Nitartha Digital Library
Tibetan
གསུང་འབུམ་པོད་གཉིས་པ། དབུ་མ།

4 occurrences of ཧ་ཅང་བྱེད་པ་
[Clear Hits]


collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
 expand section
 expand section
 expand section
 expand section
 collapse section
དང་པོ་ཐེག་ཆེན་ལམ་གྱི་རྣམ་བཞག་སྤྱིར་བསྟན་པ་ལ་བཅུ།
  
  
  
  
  
  
  
  
  
  
 expand section
 expand section
 expand section
 expand section
  
  
  
  
  
  
  
  
 expand section
  
  
  
  
  
  
  
  
  
  
  
  
  
 expand section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
 expand section
  
  
  
  


4 occurrences of ཧ་ཅང་བྱེད་པ་
[Clear Hits]

 
previousདང་པོ་ཐེག་ཆེན་ལམ་གྱི་རྣམ་བཞག་སྤྱིར་བསྟན་པ་ལ་བཅུ།next

དང་པོ་ཐེག་ཆེན་ལམ་གྱི་རྣམ་བཞག་སྤྱིར་བསྟན་པ་ལ་བཅུ།

དང་པོ་ལམ་རྣམ་དག་དགོས་པའི་རྒྱུ་མཚན་བསྟན་པ།

དང་པོ་ལམ་རྣམ་དག་དགོས་པའི་རྒྱུ་མཚན་བསྟན་པ་ནི།

གཞིའི་སྐབས་སུ་བཤད་པ་ལྟར་དོན་དམ་པའི་སངས་རྒྱས་ཆོས་ཀྱི་སྐུ་མི་འབྲལ་བའི་ཡོན་ཏན་མཐའ་ཡས་པའི་བདག་ཉིད་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་བཞུགས་ཀྱང་ལམ་ཚོགས་གཉིས་མི་དགོས་པ་མ་ཡིན་ཏེ། གློ་བུར་དྲི་མ་བསལ་དགོས་པའི་ཕྱིར་དང༌། ཀུན་རྫོབ་གཟུགས་སྐུ་བསྐྱེད་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་དགོས་པའི་ཕྱིར་རོ། །དེ་ལ་འདིར་རྣམ་དག་ལེགས་པའི་ལམ་དུ་འགྱུར་བ་ལ་ཡང་ལྟ་བ་དང་སྒོམ་པ་དང་སྤྱོད་པ་རྣམ་པར་དག་ཅིང་ཕུན་སུམ་ཚོགས་པ་ཚང་དགོས་ལ། དེ་རྣམས་ཀྱང་སོ་སོར་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་གཉིས་སུ་ལེགས་པར་གནས་སོ། །

གཉིས་པ་རང་སྟོང་རྟོགས་པའི་ལྟ་བ་རྣམ་དག་བསྟན་པ།

གཉིས་པ་རང་སྟོང་རྟོགས་པའི་ལྟ་བ་རྣམ་དག་བསྟན་པ་ནི།

ཡང་དག་པའི་ལྟ་བ་ཐུན་མོང་དུ་གྲགས་པ་ལེགས་པར་རྟོགས་པ་ལ་ནི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གནས་ལུགས་ལ་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལྟར་ཅིར་ཡང་མ་རེད་ཅིང༌།གང་དུ་ཡང་མ་གྲུབ་པས་ནམ་མཁའི་མེ་ཏོག་ལྟ་བུར་ཐག་ཆོད་པ་དགོས་ཏེ།འདིའི་ཤེས་བྱེད་རྣམས་ནི་བཀའ་འཁོར་ལོ་བར་བ་དང༌། དབུ་མ་རིགས་པའི་ཚོགས་ལ་སོགས་པ་རྣམས་སུ་རབ་ཏུ་གྲགས་པའི་ཕྱིར་དང༌། འདིར་ཡི་གེ་མང་འགྲོ་བའི་ཕྱིར་མ་བྲིས་སོ། །

གསུམ་པ་རྟོག་མེད་སྤྲོས་བྲལ་གྱི་སྒོམ་པ་རྣམ་དག་བསྟན་པ།

གསུམ་པ་རྟོག་མེད་སྤྲོས་བྲལ་གྱི་སྒོམ་པ་རྣམ་དག་བསྟན་པ་ནི།

ཡང་དག་པའི་ལྟ་བ་དེའི་ངང་ལ་མཉམ་པར་འཇོག་པ་ཡང་བླ་མ་དམ་པའི་མན་ངག་ལས་རིག་པར་བྱ་ཞིང་ཤེས་བྱེད་ཀྱི་ལུང་ཡང་རྒྱལ་བའི་ཡུམ་ལ་སོགས་པར་རབ་ཏུ་རྒྱས་པར་བཞུགས་སོ། །དེ་ཡང་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣལ་འབྱོར་དམ་པ་ཡིན་ཏེ།འདི་ལྟ་སྟེ་དངོས་པོ་མེད་པའི་ངོ་བོ་ཉིད་དང་གཞན་གྱི་དངོས་པོ་སྟོང་བ་ཉིད་ཀྱི་རྣལ་འབྱོར་རོ། །ཞེས་དང༌། ཤཱ་རིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ལ་ཡང་སློབ་པའི་རྟོག་པ་མེད་དོ། །ཞེས་དང༌། དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ལ་མཉམ་པར་འཇོག་པའི་ཏིང་ངེ་འཛིན་མཆོག་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཞེས་དང༌། མཉམ་གཞག་ཏུ་ཆོས་ཀྱི་རྣམ་རྟོག་ཀྱང་སྤང་བར་བྱ་ན་ཆོས་མ་ཡིན་པའི་རྣམ་རྟོག་སྤོང་བ་ལྟ་ཅི་སྨོས། ཞེས་སོགས་དང༌། འདུ་ཤེས་ནི་ཚུལ་རོལ་འཁོར་བ་ཡིན་ཞེས་འདྲེན་པས་ཡོངས་སུ་བསྒྲགས། །འདུ་ཤེས་རྣམ་པར་བཤིག་ནས་སྤོང་བ་ཕ་རོལ་འགྲོ། །ཞེས་སོགས་དང༌། སྐྱེ་བ་མེད་དང་སྐྱེ་བ་གཉི་གར་མི་རྟོག་པ། ། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང༌། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་པ་ཡིན་གྱི་སྐྱེ་མེད་གནས་ཆོས་ཉིད་ལ་དད་མ་ཡིན།།ཞེས་དང༌། སྣ་ཚོགས་འདུ་ཤེས་བྲལ་ཞིང་ཉེ་བར་ཞི་སྤྱོད་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། ། ཞེས་སོགས་དང༌། དེ་བཞིན་དུ་གཟུགས་ལ་སོགས་པ་ཆོས་གང་ལ་ཡང་མི་རྟོག་རྣམ་པར་མི་རྟོག་པ་དང༌། དེ་དག་གི་མཚན་མ་དང་རང་བཞིན་དུ་མི་རྟོག་རྣམ་པར་མི་རྟོགཅེས་སོགས་དང༌། ཆོས་དང་ཆོས་མ་ཡིན་པ་དང་དུས་གསུམ་དང་ཁམས་གསུམ་དང་ཕ་རོལ་ཏུ་ཕྱིན་པ་རྣམས་ནས་རྣམ་མཁྱེན་གྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ།།ཞེས་པ་ལ་སོགས་པ་རྣམ་པ་མང་པོས་རབ་ཏུ་རྒྱས་པར་བཀའ་བསྩལ་པ་རྣམས་རབ་ཏུ་གྲགས་མོད་ཀྱི། དེ་རྣམས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་རྟོགས་པ་ལ་དཔལ་ལྡན་ས་བཅུ་པ་རྣམས་ཀྱི་མན་ངག་དང་ལྡན་པར་བྱས་ཏེ་བལྟ་བར་བྱའོ། །དེས་ན་འདིར་རྒྱ་ཆེར་མ་བྲིས་སོ། །

བཞི་བ་དེ་ལ་མན་ངག་གི་གནད་ཟབ་མོ་དགོས་པར་བསྟན་པ།

བཞི་བ་དེ་ལ་མན་ངག་གི་གནད་ཟབ་མོ་དགོས་པར་བསྟན་པ་ནི།

ཡང་དག་པའི་དོན་མི་བསྒོམ་པའི་ཚུལ་གྱིས་བསྒོམས་པ་ན། རིན་ཆེན་སྒྲོན་མ་ཞེས་བྱ་བ་ལ་སོགས་པ་ཞི་གནས་དང་ལྷག་མཐོང་ཟུང་དུ་ཆུད་པའི་ཏིང་ངེ་འཛིན་གྱི་སྒོ་མང་པོ་སྐྱེ་བ་ལ་ནི་དབུགས་འགག་པ་དང་རྩ་འཆིངས་པ་ལ་སོགས་པ་ཐུན་མོང་མ་ཡིན་པའི་མན་ངག་ཟབ་མོ་དགོས་ཏེ། དེ་དག་ནི་ལོགས་ཤིག་ཏུ་བསྟན་པར་བྱ་ཞེས་རྟོན་པ་བཞི་ལྡན་གྱིས་གསུངས་སོ། །

ལྔ་བ་ཐུན་མོང་གི་སྒོམ་པ་དང་སྤྱོད་པ་རྣམ་དག་གཉིས་གཞན་དུ་བསྟན་པ།

ལྔ་བ་ཐུན་མོང་གི་སྒོམ་པ་དང་སྤྱོད་པ་རྣམ་དག་གཉིས་གཞན་དུ་བསྟན་པ་ནི།

བྱམས་སྙིང་རྗེ་དང་བདག་གཞན་མཉམ་རྗེ་དང་བསྐྱེད་རིམ་བསྒོམ་པ་ལ་སོགས་པ་རྟོག་བཅས་ཀྱི་བསྒོམ་པ་ཐུན་མོང་བ་རྣམས་ཀྱང་གཞན་དུ་གྲགས་པའི་ཕྱིར་དང༌། འདིར་ཡི་གེ་མངས་སུ་དོགས་པའི་ཕྱིར་མ་བྲིས་སོ། །ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྦྱོད་པ་ཡང་གཞན་དུ་བསྟན་པར་བྱ་ཞེས་རི་ཆོས་ངེས་དོན་རྒྱ་མཚོ་ལས་གསུངས་ལ། ཀུན་མཁྱེན་ཕྱོགས་རྒྱལ་བའི་གཞི་ལམ་འབྲས་གསུམ་ཡང་དག་དོན་གསལ་ལ་བལྟ་བར་བྱའོ། །

དྲུག་པ་འདིར་ཡོད་མེད་ལ་སོགས་པ་ལེགས་པར་བྱས་ནས་ངོ་སྤྲད་པ།

དྲུག་པ་འདིར་ཡོད་མེད་ལ་སོགས་པ་ལེགས་པར་བྱས་ནས་ངོ་སྤྲད་པ་ནི།

ལུས་སེམས་ལ་གནད་དུ་བསྣུན་པས་རྩ་འཆིངས་ཤིང་རླུང་སེམས་འགགས་པ་ན་ཞི་གནས་དང་ལྷག་མཐོང་ཟུང་དུ་ཆུད་པའི་ཏིང་ངེ་འཛིན་ལེགས་པར་སྐྱེས་པའི་ཚེ། ཡོད་པ་ལ་ཡང་ཡོད་པར་ཡང་དག་པར། ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང༌། མེད་པ་ལ་ཡང་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་ལྟ་བ་རྣམ་པར་དག་པ་དགོས་ཏེ། རང་བཞིན་དང་བཅོས་མ་དང༌། གཉུག་མ་དང་གློ་བུར་བ་དང༌། སྙིང་པོ་དང་ཤུན་པ་དང༌། ཡེ་ཤེས་དང་རྣམ་ཤེས་དང༌། སྣང་བཅས་དང་སྣང་མེད་དང༌། ཡེ་ཤེས་ལ་ཡང་རང་བྱུང་གཞན་བྱུང་དང༌། རང་རིག་ལ་ཡང་རྣམ་ཤེས་རང་རིག་དང༌། ཡེ་ཤེས་རང་རིག་དང༌། བདེན་པ་གཉིས་དང༌། ཆོས་བཞི་དང་ངོ་བོ་ཉིད་གསུམ་དང་ཆོས་ལྔ་ལ་སོགས་པ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་ཇི་ལྟ་བ་བཞིན་དུ་དང༌། ཕྱི་ནང་གཞན་གསུམ་ལ་སོགས་པ་ལེགས་པར་རྣམ་པར་ཕྱེ་བའི་གསང་སྔགས་ཟབ་མོ་ཇི་ལྟ་བ་བཞིན་དུ་ངོ་འཕྲོད་དགོས་པའི་ཕྱིར་རོ། །

བདུན་པ་དེ་ལ་འཁོར་ལོ་གསུམ་དང་སྔགས་ཀྱི་དོན་ཤེས་དགོས་པར་བསྟན་པ།

བདུན་པ་དེ་ལ་འཁོར་ལོ་གསུམ་དང་སྔགས་ཀྱི་དོན་ཤེས་དགོས་པར་བསྟན་པ་ནི།

གསང་སྔགས་ཟབ་མོ་ཇི་བཞིན་དུ་ངོ་འཕྲོད་དགོས་པའི་རྒྱུ་མཚན་ཅྀའི་ཕྱིར་ཞེ་ན།འཁོར་ལོ་གསུམ་གྱི་དོན་ཉམས་སུ་བླངས་པས་བདེ་གཤེགས་སྙིང་པོ་ཡིད་བཞིན་ནོར་བུ་ལྟ་བུའི་དྲི་མ་རགས་པ་དང་ཕྲ་བ་དང་ཤིན་ཏུ་ཕྲ་བ་རྣམས་སྦྱོང་བར་མཐུན་ཞིང༌།དེ་ཡང་འཁོར་ལོ་དང་པོ་ནི་ཐེག་ཆེན་གྱི་ངེས་དོན་ཟབ་མོ་བསྒོམ་པའི་སྔོན་འགྲོ་དང་ཡང་རྗེས་སུ་མཐུན་ལ། འཁོར་ལོ་གཉིས་པ་ནི་ཟབ་མོའི་དོན་ལ་མཉམ་པར་འཇོག་པའི་ཏིང་ངེ་འཛིན་ཁྱད་པར་ཅན་ཉམས་སུ་ལེན་པ་དང་མཐུན་ཞིང༌། འཁོར་ལོ་གསུམ་པ་ནི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས་པ་ན་ཡོད་མེད་ལ་སོགས་པར་ལེགས་པར་ཕྱེ་སྟེ་ངོ་སྤྲོད་པ་གསང་སྔགས་ཟབ་མོ་དང་ཡང་མཐུན་པའི་ཕྱིར་རོ། །

བརྒྱད་པ་འཁོར་ལོ་གསུམ་གྱིས་དྲི་མ་རིམ་གསུམ་སྦྱོང་ཚུལ་དཔེས་བསྟན་པ།

བརྒྱད་པ་འཁོར་ལོ་གསུམ་གྱིས་དྲི་མ་རིམ་གསུམ་སྦྱོང་ཚུལ་དཔེས་བསྟན་པ་ནི།

འཁོར་ལོ་གསུམ་གྱིས་བདེ་གཤེགས་སྙིང་པོའི་དྲི་མ་རྣམས་རིམ་པ་ལྟར་སྦྱོང་བ་ཡིན་ཏེ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའམ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོར་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས་ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པ་མི་གཙང་བའི་འདམ་གྱི་གཡོགས་པའི་ནོར་བུ་རིན་པོ་ཆེ་བཻ་དཱུརྻ་བླངས་ཏེ་ལན་ཚྭའི་ཆུ་རྣོན་པོས་སྦངས་ནས་སྐྲའི་རེ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྦངས་ནས་བལ་གྱི་ལ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་(བཟང་པོ)ཆེན་པོའི་ཁུ་བ་ལ་ཡང་སྦངས་ནས་རས་སྲབ་མོའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་དྲི་མ་དང་བྲལ་བ་ནི་བཻ་དཱུརྻ་དག་པའི་རིགས་ཆེན་པོ་ཞེས་བརྗོད་དོ། ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་གློ་བུར་དྲི་མས་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་དེ་དབྱིངས་བདེ་གཤེགས་སྙིང་པོ་མཁྱེན་ནས་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང༌། མི་གཙང་བ་ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་སྐྱེད་པར་མཛད་དེ། འཕགས་པའི་ཆོས་འདུལ་བ་འཁོར་ལོ་དང་པོ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ།དེའི་འོག་ཏུ་ཐེག་པ་ཆེན་པོ་པ་རྣམས་ལ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་གཏམ་གྱིས་འཁོར་ལོ་གཉིས་པ་བསྟན་ནས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་འཁོར་ལོ་གསུམ་པ་དོན་དམ་རྣམ་ངེས་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་ཐེག་པ་ཐམས་ཅད་ལ་ཞུགས་པ་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། །ཞུགས་པར་གྱུར་ཅིང་དེ་བཞིན་གཤེགས་པའི་ཆོས་ཉིད་རྟོགས་ན་ནི་བླ་ན་མེད་པའི་ཡོན་གནས་ཞེས་བརྗོད་དོ། །ཞེས་གསུངས་སོ། །

དགུ་བ་འཁོར་ལོ་གསུམ་གྱི་ཁྱད་པར་ལེགས་པར་ཕྱེ་སྟེ་གཏན་ལ་དབབ་པ།

དགུ་བ་འཁོར་ལོ་གསུམ་གྱི་ཁྱད་པར་ལེགས་པར་ཕྱེ་སྟེ་གཏན་ལ་དབབ་པ་ནི།

འཁོར་ལོ་གསུམ་ལ་དྲང་དོན་དང་ངེས་དོན་གང་ཡིན་པ་དང༌། ལེགས་པར་རྣམ་པར་ཕྱེ་སྟེ་གསལ་བར་སྟོན་པ་ཡིན་མིན་གྱི་ཁྱད་པར་ལ་སོགས་པ་ཡིན་ཏེ། དགོངས་པ་ངེས་པར་འགྲེལ་བའི་མདོར། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་ར་ཎ་སི་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས། ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་ཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་བར་སྐབས་སམ་བར་ལོག་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་སྐད་དོད་པཱ་ད་ཞེས་པ་ཚིག་ལའང་འཇུག་པས་འདིར་ཚིག་གི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་བ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་པའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་བར་སྐབས་སམ་བར་ལོགམཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་བ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་ཉིད་དང་འགག་པ་མ་མཆིས་པ་ཉིད་དང་གཟོད་མ་ནས་ཞི་བ་ཉིད་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ་བར་སྐབས་སམ་པར་ལོག་མ་མཆིས་པ་ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་རང་བཞིན་གྱིས་ཡོངས་སུ་མྱ་ངན་འདས་པ་ཉིད་ཀྱི་བར་ལས་བརྩམས་ནས། བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་བསྟན་པ་འཁོར་ལོ་གསུམ་པ་་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཐོས་ནས་མོས་པར་བགྱིད་པ་དང༌། ཡི་གེ་འབྲིར་རྩོལ་བ་དང་ཡི་གེ་བྲིས་ནས་ཀྱང་འཆང་བ་དང་ཀློག་པ་དང་མཆོད་པ་དང་གཞན་དག་ལ་ཡང་དག་པར་འགྱེད་པ་དང་ལུང་ནོད་པ་དང་ཁ་ཏོན་བགྱིད་པ་དང་སེམས་པ་དང་སྒོམ་པའི་རྣམ་པས་སྦྱོར་བར་བགྱིད་པ་དེ་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་གྱུར་པ་ལགས། དེ་སྐད་ཅེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དོན་དམ་ཡང་དག་འཕགས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་དཔག་ཏུ་མེད་གྲངས་མེད་པ་བསྐྱེད་དེ་དེའི་དཔེ་བྱ་བར་སླ་བ་མ་ཡིན་མོད་ཀྱི། འོན་ཀྱང་མདོར་བསྡུས་ཏེ་ཁྱོད་ལ་བཤད་པར་བྱའོ། །དོན་དམ་ཡང་དག་འཕགས་འདི་ལྟ་སྟེ་དཔེར་ན། སེན་མོའི་རྩེ་མོ་ལ་གནས་པའི་སའི་རྡུལ་གང་ཡིན་པ་དེ་དག་ནི་ས་ལ་གནས་པའི་སའི་རྡུལ་རྣམས་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞིང་སྟོང་གི་ཆ་དང་འབུམ་གྱི་ཆ་དང་གྲངས་དང་ཆ་དང་བགྲང་བ་དང་དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ། །བ་ལང་གི་རྗེས་ཀྱི་ཆུ་ནི་རྒྱ་མཚོ་ཆེན་པོ་བཞིའི་ཆུ་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དོན་དམ་ཡང་དག་འཕགས་དེ་བཞིན་དུ་ངས་དྲང་བའི་དོན་གྱི་མདོ་སྡེ་ལ་མོས་པ་ནས་སྒོམ་པའི་རྣམ་པས་སྦྱོར་བར་བྱེད་པའི་བར་གྱི་བསོད་ནམས་གང་བཤད་པ་དེ་ནི་ངེས་པའི་དོན་བསྟན་པ་ལ་མོས་པ་ལས་ཡང་དག་པར་གྲུབ་པ་ནས་སྒོམ་པའི་རྣམ་པས་སྦྱོར་བ་ལས་ཡང་དག་པར་གྲུབ་པའི་བར་གྱི་བསོད་ནམས་འདི་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །ཞེས་པ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པའི་ཚེ་རྟོག་པ་ཐམས་ཅད་དང་བྲལ་དགོས་པས་ཡུལ་ཅན་འཛིན་པ་འགོག་པའི་དོན་དུ་ཡུལ་ཐམས་ཅད་དགག་པའི་ཕྱིར་ཐམས་ཅད་མེད་པ་དང་མ་གྲུབ་པ་དང་དབེན་པ་ལ་སོགས་པ་རྣམ་པ་མང་པོས་ཐམས་ཅད་སྟོང་པ་ཉིད་དུ་སྟོན་པ་ལྷུར་མཛད་ཀྱི་ཡོད་མེད་ལ་སོགས་པར་རྣམ་པར་ཕྱེ་བ་ལྷུར་མཛད་པ་ནི་མ་ཡིན་པའི་ཕྱིར་འཁོར་ལོ་གཉིས་པ་ནི་སྟོང་པ་ཉིད་སྨོས་པའི་རྣམ་པས་ཞེས་སོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱས་པས་ཞི་གནས་ལྷག་མཐོང་ཟུང་འཇུག་གི་ཏིང་ངེ་འཛིན་སྐྱེས་པ་ན་ཡོད་མེད་དང་སྟོང་མི་སྟོང་ལ་སོགས་པར་ཕྱེ་ནས་བསྟན་ཅིང་ཇི་ལྟར་གནས་པ་དང་ཇི་ལྟར་ཡིན་པ་བཞིན་དུ་ངོ་སྤྲོད་པ་དགོས་ཏེ་དེའི་རྒྱུ་མཚན། ཐམས་ཅད་མེད་ཅིང་མ་གྲུབ་པ་ལ་སོགས་པར་གནས་པ་མ་ཡིན་གྱི་མེད་ཅིང་སྟོང་བ་དང་དེ་དག་གི་གཞི་གང་ཡིན་ལ་སོགས་པ་མེད་དགག་གི་གཞི་ལ་མ་ཡིན་དགག་ཡོད་པའི་ཕྱིར་དང༌། རྣམ་གཅོད་ཀྱི་གཞི་ལ་ཡོངས་གཅོད་བཞུགས་པའི་ཕྱིར་དང༌། སྐྱོན་ཐམས་ཅད་རང་བཞིན་གྱིས་སྤངས་པའི་གཞི་ལ། མཐར་ཐུག་གི་ཡོན་ཏན་ཐམས་ཅད་ཚང་བའི་རྟོགས་པ་ལྷུན་གྲུབ་ཏུ་བཞུགས་པའི་ཕྱིར་རོ།།དེ་བས་ན་འཁོར་ལོ་གསུམ་པ་ནི་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཞེས་སོ། །དེ་བཞིན་དུ་འཁོར་ལོ་གཉིས་པར་དགོས་པའི་དབང་གིས་རང་སྟོང་མ་ཡིན་པ་རྣམས་ཀྱང་རང་སྟོང་དུ་སྟོན་པ་ལ་སོགས་པ་དང་ལེགས་པར་ཕྱེ་སྟེ་ནང་འགལ་མེད་པར་མ་བྱས་པ་ལ་སོགས་པའི་རྒྱུ་མཚན་འགའ་ཞིག་གིས། བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའམ་ཚིག་གི་གནས་སུ་གྱུར་ཞེས་གསུངས་ལ། འཁོར་ལོ་གསུམ་པར་ནི་དེ་དག་ལས་བཟློག་ནས་དོན་ཇི་ལྟ་བ་བཞིན་ལེགས་པར་ཕྱེ་བ་ལ་སོགས་པའི་རྒྱུ་མཚན་གྱིས་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའམ་ཚིག་གི་གནས་སུ་གྱུར་པ་མ་ལགས་ཞེས་པའོ། །

བཅུ་བ་དགོངས་འགྲེལ་སོགས་དྲང་དོན་གྱི་མདོ་དང་སེམས་ཙམ་གྱི་གཞུང་དུ་འདོད་པ་བསལ་བ།

བཅུ་བ་དགོངས་འགྲེལ་སོགས་དྲང་དོན་གྱི་མདོ་དང་སེམས་ཙམ་གྱི་གཞུང་དུ་འདོད་པ་བསལ་བ་ནི།

འདིར་ཁ་ཅིག་དགོངས་འགྲེལ་གྱི་མདོ་འདི་དྲང་དོན་དུ་འདོད་པ་མི་རིགས་ཏེ། དེ་ལྟར་གསུངས་པ་མེད་ཅིང༌། རིགས་པ་ཡང་མེད་ལ་ངེས་དོན་ཡིན་པ་ལ་གནོད་བྱེད་ཀྱང་མེད་པའི་ཕྱིར་རོ། །གལ་ཏེ་འཁོར་ལོ་བར་བ་དབུ་མ་ཡིན་ཞིང་ཐ་མ་སེམས་ཙམ་ཡིན་པའི་ཕྱིར། བར་པ་ངེས་དོན་དང་ཐ་མ་དྲང་དོན་དུ་གནས་པ་ཉིད་ཀྱིས་གནོད་དོ་ཞེ་ན། འདི་ནི་ཧ་ཅང་ཡང་མི་རིགས་པ་ཆེན་པོ་སྟེ་འཁོར་ལོ་ཐ་མ་སེམས་ཙམ་གྱི་རང་གཞུང་ཡིན་པའི་ལུང་དང་རིགས་པ་འགའ་ཡང་མེད་པའི་ཕྱིར་དང༌། དེ་སེམས་ཙམ་ལས་འདས་པར་སྟོན་པ་དང་དབུ་མ་ཆེན་པོ་མཐར་ཐུག་པའི་དོན་སྟོན་པ་དང་རྡོ་རྗེའི་ཐེག་པ་མཐར་ཐུག་པའི་དོན་དང་མཐུན་པར་སྟོན་པའི་ཕྱིར་རོ། །ལུང་འདི་ཉིད་ནས་ཀྱང་འཁོར་ལོ་གསུམ་པར་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་དང་མ་སྐྱེས་པ་དང་མ་འགགས་པ་དང་གཟོད་མ་ནས་ཞི་བ་དང། རང་བཞིན་གྱིས་མྱ་ངན་ལས་འདས་པ་སྟོན་པར་གསུངས་པ་ལས་ཀྱང་སེམས་ཙམ་གྱི་རང་གཞུང་མ་ཡིན་པར་གྲུབ་པོ། །གལ་ཏེ་འཁོར་ལོ་གཉིས་པར་ཤེར་ཕྱིན་སྟོན་པའི་ཕྱིར་ངེས་པའི་དོན་དང་བླ་ན་མེད་པ་ཡིན་པ་ལ་འདིར་དེ་ལས་བཟློག་པར་བསྟན་པ་ཉིད་ཀྱི་ཕྱིར་ལུང་འདི་དྲང་དོན་དགོངས་པ་ཅན་ཡིན་ནོ་ཞེ་ན། འདི་ནི་ལེགས་པར་མ་རྟོགས་པའི་ཚིག་སྟེ་ཤེར་ཕྱིན་སྟོན་པའི་རྒྱུ་མཚན་གྱིས་དྲང་དོན་དང་བླ་ན་ཡོད་པ་ལ་སོགས་པར་སྟོན་པ་མ་ཡིན་གྱི། རང་སྟོང་མ་ཡིན་པ་རང་སྟོང་དུ་སྟོན་པ་ལ་སོགས་པའི་རྒྱུ་མཚན་གཞན་རྣམས་ཀྱིས་དེ་ལྟར་སྟོན་པའི་ཕྱིར་རོ།།མ་སྐྱེས་མ་འགགས་གཟོད་མ་ནས་ཞི་བ་ལ་སོགས་པ་དང༌། ཤེར་ཕྱིན་ནི་འཁོར་ལོ་གསུམ་པར་ཡང་སྟོན་ཅིང་རྡོ་རྗེ་ཐེག་པར་ཡང་སྟོན་ཏེ་འོན་ཀྱང་མི་གསལ་བ་དང་གསལ་བ་དང་རབ་ཏུ་གསལ་བར་སྟོན་པའི་རྒྱུ་མཚན་གྱིས་དེ་དག་གི་དོན་ལ་རྨོངས་པ་དང་མ་རྨོངས་པ་ལ་སོགས་པའི་ཁྱད་པར་ནི་ཆེ་བ་དང་ཤིན་ཏུ་ཆེ་བར་ཡང་ཡོད་དོ། །དེའི་ཕྱིར་བླ་ན་ཡོད་མེད་དང་སྐབས་ཡོད་མེད་ལ་སོགས་པའི་ཁྱད་པར་གསུངས་པ་ཡང་གཞུང་ལུགས་དེ་དག་ཏུ་མཐར་ཐུག་ཟབ་མོའི་དོན་མི་གསལ་ཞིང་མ་རྫོགས་པ་དང་གསལ་ཞིང་རྫོགས་པ་ལ་སོགས་པར་སྟོན་པའི་ཁྱད་པར་ལས་ཡིན་གྱི། དོན་གྱི་ངོ་བོ་ལས་ནི་མ་ཡིན་ཏེ་མཐར་ཐུག་དོན་གྱི་ངོ་བོ་གཅིག་པའི་ཕྱིར་རོ། །དེ་བཞིན་དུ་རྡོ་རྗེ་ཐེག་པ་དང་ཡང་འཁོར་ལོ་ཕྱི་མ་འདི་གཉིས་ཀྱི་མཐར་ཐུག་དོན་གྱི་ངོ་བོ་གཅིག་པ་ཡིན་ཏེ། ཇི་སྐད་དུ། ཚུལ་གསུམ་གྱི་སྒྲོན་མར་དོན་གཅིག་ན་ཡང་མ་རྨོངས་དང་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དོན་གང་དུ་ཇི་ལྟར་གཅིག་ཅེ་ན་སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པར་གཅིག་སྟེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེ་འཆང་དང༌། སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི ཕྱག་རྒྱ་ཆེན་པོ་དང༌། ༡དོན་དམ་བྱང་ཆུབ་ཀྱི་སེམས་དང༌།༡དེ་ཁོ་ན་ཉིད་དང༌།སྟོང་པ་ཉིད་དང༌།མཚན་མ་མེད་པ་དང༌།ཡང་དག་པའི་མཐའ་དང༌།དེ་བཞིན་ཉིད་དང༌།ཆོས་ཀྱི་སྐུ་དང༌། ཆོས་ཀྱི་དབྱིངས་དང༌། ངོ་བོ་ཉིད་ཀྱི་སྐུ་དང༌།རང་བཞིན་གྱིས་དག་པའི་རིགས་ལ་སོགས་པ་རྣམ་པ་མང་པོས་གསུངས་པ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་དོན་དམ་པའི་བདེན་པ་ཉིད་རང་གིས་རང་རིག་པའི་ཡེ་ཤེས་སུ་གཅིག་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དོན་དམ་ཆོས་ཀྱི་དབྱིངས་ནི་ཤེར་ཕྱིན་མཚན་ཉིད་པ་མ་ཡིན་གྱི་ཡུལ་ལ་ཡུལ་ཅན་གྱི་མིང་གིས་བཏགས་པ་ཙམ་མོ་ཞེ་ན། འདི་ཡང་དོན་དང་མི་མཐུན་པ་ཆེན་པོ་སྟེ། དོན་དམ་དེ་ཤེར་ཕྱིན་དངོས་ཡིན་པ་ལ་གནོད་བྱེད་རྣམ་དག་མེད་ཅིང་ཤེས་བྱེད་རྣམ་དག་ཡོད་པའི་ཕྱིར་དང༌། བཏགས་པ་བ་ཡིན་པར་སྟོན་པའི་ལུང་དང་རིགས་པ་འགའ་ཡང་མེད་པའི་ཕྱིར་རོ། །གལ་ཏེ་སློབ་དཔོན་ཕྱོགས་ཀྱི་གླང་པོས་བརྒྱད་སྟོང་དོན་བསྡུས་སུ་ཤེས་རབ་ཕ་རོལ་ཕྱིན་པ་ནི་གཉིས་མེད། །ཡེ་ཤེས་ཡིན་ལ་དེ་ནི་དེ་བཞིན་གཤེགས་པ་ཡང་ཡིན། །བསྒྲུབ་བྱ་དོན་དེ་དང་ལྡན་པས། ། གཞུང་ལམ་དག་ལ་དེའི་སྒྲ་ཡིན། །ཞེས་ཤེར་ཕྱིན་མཚན་ཉིད་པ་དེ་བཞིན་གཤེགས་པའི་གཉིས་མེད་ཡེ་ཤེས་ལ་གསུངས་པའི་ཕྱིར་དང༌། དོན་དམ་ཆོས་ཉིད་ནི་གཉིས་མེད་ཡེ་ཤེས་དང་ཆོས་རབ་ཏུ་རྣམ་པར་འབྱེད་པ་མ་ཡིན་པའི་ཕྱིར་རོ།།ཞེ་ན་དེ་ལྟ་མ་ཡིན་ཏེ་དོན་དམ་ཆོས་ཉིད་གང་ཡིན་པ་དེ་ནི། བེམས་པོ་མིན་ཕྱིར་རང་རིག་ཉིད། །ཅེས་པ་ལ་སོགས་པ་ལུང་དང་རིགས་པ་རྣམ་དག་མང་པོས་གཉིས་མེད་ཡེ་ཤེས་ཡིན་པར་རྒྱ་ཆེར་སྟོན་པར་འགྱུར་བའི་ཕྱིར་རོ། །འདིར་གཉིས་མེད་ཡེ་ཤེས་ཞེས་པ་ལ། གང་དང་གང་གཉིས་སུ་མེད་ན་ཆོས་ཀྱི་དབྱིངས་དང་རང་བྱུང་ཡེ་ཤེས་གཉིས་སུ་མེད་པར་གཅིག་ཏུ་གདོད་ནས་འདྲེས་ཤིང་རོ་མཉམ་པ་སྟེ་དེ་ཉིད་མཐར་ཐུག་དོན་དམ་གི་སྟོང་ཉིད་སྙིང་རྗེ་དང་ཐབས་དང་ཤེས་རབ་དང་བདེ་སྟོང་དབྱེར་མེད་ཟུང་འཇུག་རོ་གཅིག་པ་ཡང་ཡིན་ལ་མཐར་ཐུག་གཤིས་ཀྱི་གནས་ལུགས་ཀྱི་ཤེས་དང་ཤེས་བྱ་གཅིག་པ་དང༌།དབྱིངས་རིག་དབྱེར་མེད་རོ་གཅིག་པ་ཡང་ཡིན་ནོ། །དེ་ལྟ་བུའི་ཤེར་ཕྱིན་མཚན་ཉིད་པ་དེ་ནི་གཞི་ཤེར་ཕྱིན་དང་འབྲས་བུ་ཤེར་ཕྱིན་མཐར་ཐུག་པ་སྟེ་ངོ་བོ་དབྱེར་མེད་པའི་དེ་བཞིན་ཉིད་དོ། །དེ་མངོན་དུ་བྱེད་པའི་ལམ་བསྒྲུབ་བྱ་དང་ལྡན་པ་དང་དེ་དག་སྟོན་པའི་གཞུང་བརྗོད་བྱའི་དོན་དང་ལྡན་པ་ལ་ནི་བཏགས་པ་ཙམ་སྟེ་དེ་བཞིན་དུ་དབུ་མ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་སྐྱེས་སྦྱོར་དང་དུས་འཁོར་ལ་སོགས་པ་དེ་བཞིན་ཉིད་ཀྱི་རྣམ་གྲངས་སུ་གཏོགས་པ་ཇི་སྙེད་གསུངས་པ་ཐམས་ཅད་ལ་ཡང་གཞུང་དང་ལམ་གང་ཡིན་པ་བཏགས་པ་བ་དང་གཞི་དང་འབྲས་བུ་ངོ་བོ་དབྱེར་མེད་གང་ཡིན་པ་ཐམས་ཅད་མཚན་ཉིད་པ་ཉིད་དུ་དོན་ལ་གནས་ཏེ་འདི་ནི་མདོ་རྒྱུད་ཟབ་མོ་མཐར་ཐུག་པ་ཐམས་ཅད་ཀྱི་སྤྱི་འགྲེལ་ཆེན་པོ་དང༌། རྡོ་རྗེའི་ཚིག་ཏུ་གསུངས་པ་ཐམས་ཅད་ཀྱི་མདུད་གྲོལ་ཆེན་པོ་དང་དགོངས་ཏེ་གསུངས་པའམ་དགོངས་ཆེན་ཟབ་མོ་ཐམས་ཅད་ཀྱི་དོན་འགྲེལ་ཆེན་པོ་ཡིན་ནོ། །འོན་ཀྱང་དེ་དག་དེ་ལྟར་ཚུལ་བཞིན་དུ་རྟོགས་པ་ལ་སྐྱོ་མ་སྔ་བཙན་གྱི་བག་ཆགས་སྤངས་ནས་རྟོན་པ་བཞི་དང་ས་བཅུ་པ་རྣམས་ཀྱི་མན་ངག་ཟབ་མོ་ཉམས་སུ་མྱོང་བའི་སྒྲོན་མེ་བཟང་པོ་ལ་བརྟེན་དགོས་སོ།།


previousདང་པོ་ཐེག་ཆེན་ལམ་གྱི་རྣམ་བཞག་སྤྱིར་བསྟན་པ་ལ་བཅུ།next