Nitartha Digital Library
Tibetan
གསུང་འབུམ་པོད་གཉིས་པ། དབུ་མ།

4 occurrences of ཧ་ཅང་བྱེད་པ་
[Clear Hits]


collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section
  
  
  
  
  
  
  
  
 expand section
  
  
  
  
  
  
  
  
  
  
  
  
  
 expand section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 collapse section
ཕྱག་འཚལ་ཞིང་ཉེ་བར་བསྡུ་བ་ལ་གཉིས།
  
  
 expand section
  
  
  
  


4 occurrences of ཧ་ཅང་བྱེད་པ་
[Clear Hits]

 
previousཕྱག་འཚལ་ཞིང་ཉེ་བར་བསྡུ་བ་ལ་གཉིས།next

ཕྱག་འཚལ་ཞིང་ཉེ་བར་བསྡུ་བ་ལ་གཉིས།

གསུམ་པ། ཕྱག་འཚལ་ཞིང་ཉེ་བར་བསྡུ་བ་ལ་གཉིས།

དང་པོ་ཕྱག་འཚལ་བ་ནི།

ད་ནི་དེ་དག་ཉིད་ལ་བསྟོད་ཅིང་ཕྱག་འཚལ་བའི་སྒོ་ནས་ཉེ་བར་བསྡུ་བ་བརྗོད་པ།དུས་འཁོར་རྒྱུད་ཕྱི་མར་གང་དུ་ཡང་དག་པའི་མཐའ་ཡིན་ཞེས་དོན་དམ་དུ་བདེན་པ་དཀར་པོ་དགེ་བའི་ཚོགས་རྣམས་རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྐུ། །ཆོས་ལས་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་མཐའ་དག་སྐད་ཀྱི་ཚོགས་སོ་མཚན་དང་དཔེ་བྱད་རྣམས་ཀྱི་ནི། །ཕུང་པོ་སྤྲུལ་པའི་སྐུ་སྟེ་མཆོག་ཏུ་མི་འགྱུར་བ་ཡི་བདེ་བ་ངོ་བོ་ཉིད་སྐུ་ཡིན་གྱི་ཆོས་སྐུ་མ་ཡིན་དེ་ཡི་ཕྱིར། །སྐུ་(བཞི)རྣམས་ཀྱི་ནི་མཚན་ཉིད་གང་དེ་འདིར་ནི་བདེ་བར་གཤེགས་དང་འཕགས་པ་ཀླུས་བོད་ཀྱིས་ཀྱང་(གསུངས་པ)ནི། །(ཆོས་དབྱིངས)གང་ཞིག་རྣམ་པ་གཅིག་མིན་ངོ་བོ་དུ་མ་ཡང་མིན་རང་དང་གཞན་ལ་ཕན་པ་ཕུན་ཚོགས་ཆེན་པོའི་གཞིར་གྱུར་པ། །དངོས་མེད་ཉིད་མིན་དངོས་པོ་མ་ཡིན་པའི་ཕུ་བོ་གསུམ་པ་ནམ་མཁའ་བཞིན་དུ་རོ་མཉམ་རྣམ་ཤེས་ཀྱིས་རྟོགས་པར་དཀའ་བའི་རང་བཞིན་ཅན། །དྲི་མས་གོས་པ་མེད་ཅིང་ངོ་བོ་རྣམ་པར་འགྱུར་བ་མེད་པ་ཞི་ཞིང་མི་མཉམ་(པ་སྐྱེད་པའི་ཆ་དང་མཉམ་པ་སྡུད་པའི་ཆ་སྟེ་དེ་ལྟར་དངོས་པོ་ཀུན་ལ་ཁྱབ་པ་རབ་ཏུ་སྤྲོས་མེད་པ། །སོ་སོ་རང་རིག་ཡེ་ཤེས་མཆོགགིས་རིག་བྱ་རྒྱལ་བ་རྣམས་ཀྱི་ཆོས་སྐུུ་(འགལ་འདུས་སྐྱོན་མེད་ཡིན་པས་དཔེ་མེད་དེ་ལ་བདག་ནི་ཕྱག་འཚལ་ལོ། །གང་ཞིག་འཇིག་རྟེན་ལས་འདས་བསམ་གྱིས་མི་ཁྱབ་ལེགས་བྱས་བརྒྱ་ཡི་བདག་ཉིད་འབྲས་བུ་འབྱོར་པ་ནི། །རྣམ་པ་སྣ་ཚོགས་ཆེན་པོ་འཁོར་གྱི་ནང་དུ་བློ་ལྡན་རྣམས་ཀྱི་དགའ་བའི་རྒྱུར་ནི་རྒྱས་མཛད་ཅིང༌། །འཇིག་རྟེན་ཀུན་དུ་དམ་པའི་ཆོས་སྒྲ་རྒྱ་ཆེན་རྒྱུན་མི་འཆད་པར་རབ་ཏུ་སྤྲོ་མཛད་སངས་རྒྱས་ཀྱི། །ལོངས་སྤྱོད་རྫོགས་སྐུ་འདིར་ནི་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་གནས་པ་དེ་ལ་བདག་ནི་ཕྱག་འཚལ་ལོ། །སྤྲུལ་པ་གང་ཞིག་སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་འགའ་ཞིག་དག་ཏུ་མེ་བཞིན་འབར་བར་སྣང་བྱེད་ཅིང༌། །གང་ཞིག་རྫོགས་པའི་བྱང་ཆུབ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ལ་ལར་ཡང་ནི་སླར་ཡང་རབ་ཏུ་ཞི་བ་མྱ་ངན་ལས་འདས་པར་སྟོན། ། སྲིད་པ་གསུམ་གྱི་འཇིགས་པ་འཕྲོག་པ་སྣ་ཚོགས་ཐབས་ཚུལ་རྣམས་ཀྱིས་གཞན་དོན་ལ་རྣམ་པ་དུ་མར་རབ་འཇུག་པ། །ཐུབ་པ་རྣམས་ཀྱི་སྤྲུལ་སྐུ་དོན་ཆེན་ཕྱོགས་བཅུ་རྣམས་སུ་རྗེས་སུ་སོན་པ་དེ་ལ་ཕྱག་འཚལ་ལོ་ཞེས་པ་སྐུ་གསུམ་ལ་སྟོད་པ་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པའོ། །འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་ནམ་མཁའ་དང་རྒྱ་མཉམ་པར་གནས་པ་དངོས་པོ་ཐམས་ཅད་ཀྱི་རྣམ་པའི་རང་བཞིན་ཅན། །གདོད་ནས་དག་པ་ཞི་ཞིང་རྣམ་པར་དབེན་ལ་མཆོག་ཏུ་ཞི་བའི་རང་བཞིན་རྣལ་འབྱོར་རྣམས་ཀྱི་ཡེ་ཤེས་ཀྱིས་རྟོགས་བྱ་ཉིད། །རྣམ་ཤེས་ཀྱིས་རྟོགས་པར་དཀའ་ཞིང་རྣམ་པར་དཔྱད་དཀའ་རང་དང་གཞན་ལ་ཕན་པ་བརྟན་གཡོ་ཀུན་ལ་ཁྱབ་པ་མཚན་མེད་རྣམ་རྟོག་དང༌། གདོད་ནས་བྲལ་བ་དཔེ་ཟླ་མེད་པས་གཅིག་པུའི་སྐུ་ནི་རྒྱལ་བ་རྣམས་ཀྱི་མི་མཉམ་པ་ཤེས་རབ་དང་མཉམ་པ་ཐབས་ཏེ་དེ་དག་དབྱེར་མེད་པ་བདེ་བའི་སྐུ་ལ་ཕྱག་འཚལ་ལོ་ཞེས་པ་ངོ་བོ་ཉིད་སྐུ་ལ་བསྟོད་པ་འདི་ནི་སངས་རྒྱས་ཀྱིས་གསུངས་པའོ། །སངས་རྒྱས་ཐོབ་པའི་ཚུལ་ནི་དམ་པའི་དོན་ནི་དྲི་མ་བྲལ་བས་གྲུབ་པ་ངོ་བོ་ཉིད་སྐུ་ཐོབ་པ་སྟེ། །དེ་ཡང་ས་ཀུན་ལས་ནི་ངེས་པར་འབྱུང༌། ། སེམས་ཅན་ཀུན་གྱི་མཆོག་ཏུ་གྱུར་ནས། །སེམས་ཅན་ཐམས་ཅད་རྣལ་གྲོལ་མཛད། །ཡོན་ཏན་མི་ཟད་མཉམ་མེད་རྣམས་དང་ལྡན། །འཇིག་རྟེན་གྱི་ཁམས་སྣ་ཚོགས་དག་ཏུ་སྣང་བ་སྤྲུལ་སྐུ་དང་འཁོར་གྱི་དཀྱིལ་འཁོར་ནའང༌།།སྣང་བ་ལོངས་སྐུ་ཡིན་ལ་ཆོས་ཉིད་ངོ་བོ་ཉིད་སྐུ་ནི་ཡེ་ཤེས་མ་སྐྱེས་པའི་ལྷ་དང་མི་རྣམས་ཀྱིས། །རྣམ་པ་ཀུན་དུ་མི་མཐོང་ཞིང་ཡེ་ཤེས་འབའ་ཞིག་གིས་མཐོང་བ་སྟེ། །དེ་ལྟར་བདེན་པ་གཉིས་ཀྱིས་བསྡུས་པའི་རྒྱལ་བ་ཀུན་ལ་ཕྱག་འཚལ་ཞིང༌། །མཆོད་སྤྲིན་རྒྱ་མཚོས་མཆོད་པ་དང༌། །བཀའ་བཞིན་སྒྲུབ་པ་རྩེ་གཅིག་ལ། །དུས་རྣམས་ཀུན་དུ་བརྩོན་པར་ཤོགཅེས་པ་ཚིགས་བཅད་ཕྱི་མ་འདི་ནི་ཀུན་མཁྱེན་གྱི་སྨོན་ལམ་ཡིན་པ་འདྲའོ།

གཉིས་པ་འབྲས་བུའི་སྐབས་བསྡུ་བ།

གཉིས་པ་འབྲས་བུའི་སྐབས་བསྡུ་བ་ནི།

ལམ་གྱིས་དྲི་མ་བྲལ་བ་དང་ངོ་བོ་བསྐྱེད་པའི་འབྲས་བུའི་སྐབས་རྣམ་པར་བཤད་ཟིན་པ་ཡིན་པའི་ཕྱིར་རོ། །

གསུམ་པ། གཞི་ལམ་འབྲས་ཉེ་བར་བསྡུས་ཏེ་གདམས་པ་ནི།

དེ་ལྟར་དོན་དམ་ཆོས་སྐུའི་གཞི་འབྲས་ནི་ཆོས་ཀྱི་དབྱིངས་ཉིད་དུ་གཅིག་ཅིང་གློ་བུར་དྲི་མ་འཇོམས་བྱེད་ནི་རྣམ་པར་དག་པའི་ཡེ་ཤེས་ཀྱི་ཚོགས་འཁོར་དང་བཅས་པ་སྟེ། ནམ་མཁའ་ལ་སྤྲིན་འཐོར་བའི་རླུང་བཞིན་ནོ། །དེ་ཉིད་ཡིད་བཞིན་གྱི་ནོར་བུ་སྦྱོང་བའི་དཔེས་གསུངས་པ་ཡང་སྔར་བཤད་ཅིང་སླར་ཡང་རྒྱུད་བླ་མའི་འགྲེལ་པར་མདོ་དྲངས་པ་བློ་གྲོས་རྒྱ་མཚོ་དཔེར་ན། ནོར་བུ་རིན་པོ་ཆེ་བཻ་ཌཱུརྻ་རིན་ཐང་མེད་པ་ཤིན་ཏུ་སྦྱངས་པ། ཤིན་ཏུ་ཡོངས་སུ་དག་པ། ཤིན་ཏུ་དྲི་མ་མེད་པ་འདམ་དུ་བཅུག་སྟེ་ལོ་སྟོང་ཕྲག་གནས་པར་གྱུར་ལ། དེ་ལོ་སྟོང་འདས་ནས་འདམ་དེ་ལས་ཕྱུང་སྟེ། སྦྱངས་ཤིང་བྱི་དོར་བྱས་ཏེ་ལེགས་པར་བཀྲུས། ལེགས་པར་སྦྱངས། ལེགས་པར་བྱི་དོར་བྱས་པ་ན་དྲི་མ་མེད་པ་ནོར་བུ་རིན་པོ་ཆེའི་ངོ་བོ་དེ་ཉིད་མི་འདོར་རོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ཀྱི་ཁྱབ་བྱེད་ཡིད་བཞིན་ནོར་བུ་ལྟ་བུའི་སེམས་ཀྱི་རང་བཞིན་འོད་གསལ་བར་རབ་ཏུ་ཤེས་ཏེ། འོན་ཀྱང་གང་ཟག་དེ་གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཉོན་མོངས་ཤིང་ཉམས་ཐག་པར་མཐོང་ངོ༌། །དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཉོན་མོངས་པ་འདི་དག་ནི་སེམས་ཅན་རྣམས་ཀྱི་ཁྱབ་བྱེད་ཡིད་བཞིན་ནོར་བུ་ལྟ་བུའི་སེམས་ཀྱི་རང་བཞིན་འོད་གསལ་བར་ཞུགས་པ་མ་ཡིན་ཞིང་རོ་གཅིག་ཏུ་འདྲེས་པ་མ་ཡིན་ཏེ། ཉོན་མོངས་པ་འདི་དག་ནི་བཅོས་མ་གློ་བུར་བ་སྟེ་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པས་བསྐྱེད་པ་ཡིན་པས་གཉེན་པོ་བསྟེན་ན་སྤང་དུ་རུང་བའོ། །དེ་ལྟ་བས་ན་བདག་གིས་སེམས་ཅན་འདི་དག་གི་ཉེ་བའི་ཉོན་མོངས་པ་ཞི་བར་བྱ་བའི་ཕྱིར་ཆོས་བསྟན་པར་ནུས་སོ་སྙམ་སྟེ། དེ་ལྟར་གློ་བུར་དྲི་མ་བསལ་ནས་བདེ་གཤེགས་སྙིང་པོཐོབ་པའི་ཐབས་སྟོན་པ་དེ་ལ་ཞུམ་པའི་སེམས་མི་སྐྱེ་བའོ། །དེ་ནི་ལན་མང་དུ་སེམས་ཅན་རྣམས་ཀྱི་ཐད་དུ་འགྲོ་བའི་སེམས་སྐྱེ་བའོ། །དེ་འདི་སྙམ་དུ་ཡང་སེམས་ཏེ། ཉོན་མོངས་པ་འདི་དག་ལ་སྟོབས་སམ་མཐུ་ཡང་ཡོད་པ་མ་ཡིན་ཏེ། ཉོན་མོངས་པ་འདི་དག་ནི་མཐུ་སྟོབས་ཆུང་བའོ། །འདི་དག་ལ་ཡང་དག་པའི་གནས་འགའ་ཡང་མེད་དོ། །ཉོན་མོངས་པ་འདི་དག་ནི་ཡང་དག་པ་མ་ཡིན་པར་ཀུན་དུ་བརྟགས་པ་སྟེ། དེ་དག་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཚུལ་བཞིན་དུ་ཡིད་ལ་བྱེད་པས་བརྟགས་པ་ན་ཁྲོ་བར་མི་འགྱུར་རོ། །དེ་ནི་ཁོ་བོས་ཅི་ནས་ཀྱང་ཤེས་རྒྱུད་ལ་འབྲེལ་བར་མི་འགྱུར་བ་དེ་ལྟར་སོ་སོར་བརྟག་པར་བྱའོ། །ཉོན་མོངས་པ་རྣམས་དང་ནི་མ་འབྲེལ་ན་ལེགས་ཀྱི་འབྲེལ་ན་ནི་ལེགས་པ་མ་ཡིན་ནོ།།ཞེས་སོགས་རྒྱས་པར་གསུངས་ཤིང༌། སྙིང་པོ་དང་དྲི་མའི་དཔེ་གཞན་དང་གཞན་མང་པོས་གསུངས་པ་རྣམས་ལ་ཡང་དོན་དམ་གྱི་གཞི་འབྲས་གཤིས་ལུགས་ཀྱི་འགོག་བདེན་དུ་ངོ་བོ་གཅིག་ཚུལ་དང༌། དྲི་མ་འཇོམས་བྱེད་ལམ་བདེན་གྱི་ཡེ་ཤེས་ཡིན་པའི་ཚུལ་དང༌། དེས་དྲི་མ་ཐམས་ཅད་དག་པའི་ཚེ་གནས་གྱུར་ཐོབ་ཀྱང་ཆོས་ཉིད་ངོ་བོ་མི་འགྱུར་བའི་དཔེ་འདུས་མ་བྱས་ནམ་མཁས་ཤེས་པར་བྱའོ། །ཀུན་རྫོབ་གཟུགས་སྐུའི་གཞི་ནི་དེ་སྐྱེད་བྱེད་ཀྱི་དང་པོ་ལ་སོགས་པ་སྟེ་རྒྱས་པའི་རིགས་སོ། །ལམ་ནི་དང་པོ་སེམས་བསྐྱེད་པ་ནས་བརྩམས་ཏེ། ཕལ་ཆེར་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། བསྐྱེད་པའི་རིམ་པ་འཁོར་དང་བཅས་པ་རྣམས་དང༌། དཀོན་མཆོག་གི་རྟེན་གསུམ་བཞེངས་ཤིང་མཆོད་པ་ལ་སོགས་པ་དང་ཞིག་རལ་གསོ་བ་ལ་སོགས་པ་རྒྱལ་བའི་ཞིང་ལས་དགེ་བའི་ལོ་ཐོག་སྤེལ་བ་དང༌། མགོན་མེད་ཅིང་ཉམ་ཐག་པ་རྣམས་ལ་འདི་དང་གཞན་དུ་རིམ་པ་ལྟར་བདེ་བ་དང་ཕན་པ་སྒྲུབ་པ་ལ་སོགས་པ་སེམས་ཅན་གྱི་ཞིང་ལས་ཀྱང་དགེ་བའི་ལོ་ཐོག་རྒྱ་ཆེར་སྤེལ་ནས་སྨོན་ལམ་རླབས་ཆེན་སྒྲུབ་པ་ལ་འབད་པ་སྟེ། སློབ་པའི་ལམ་དུ་གཏོགས་པའི་བསོད་ནམས་ཀྱི་ཚོགས་ཤས་ཆེ་བའོ། །འབྲས་བུ་ནི་དེ་དག་གིས་བསྐྱེད་པའི་སངས་རྒྱས་གཟུགས་སྐུ་ཡང་དགཡེ་ཤེས་དང་ཡོན་ཏན་དང་ཕྲིན་ལས་ཕུན་སུམ་ཚོགས་པའི་བདག་ཉིད་སྔར་བསྟན་པ་རྣམས་དང༌། གཞན་ཡང་མདོ་རྒྱུད་ཟབ་མོ་རྣམས་ལས་རྒྱ་ཆེར་གསུངས་པའོ། །བྱང་ཆུབ་སེམས་དཔའི་ས་ལས་དང་པོ་སེམས་བསྐྱེད་པ་དང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སྒྲུབ་པ་ལ་སོགས་པ་སློབ་ལམ་གྱི་ཆོས་རྣམས་ཀྱང་གཞིའི་ཁོངས་སུ་བསྡུས་ནས་གསུངས་པ་ནི་ཉུང་གཞི་ཞེས་པ་ལྟར་སྐྱེད་བྱེད་ལ་གཞིར་གསུངས་པ་སྟེ། དེ་ནི་རྒྱུ་འབྲས་གཉིས་སུ་བསྡུས་པའི་དབང་དུ་བྱས་པའོ། །གཞི་ལམ་འབྲས་གསུམ་དུ་ཕྱེ་བའི་ཚེ་ནི་རྒྱུ་ཉིད་ལ་གཞི་དང་ལམ་དུ་ཕྱེ་བ་ཡིན་པས་དེ་ལྟར་གསུམ་དུ་ཕྱེ་བ་དང་གཉིས་སུ་བསྡུས་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་ཅིང་དོན་གཅིག་ལ་གཟུགས་སྐུའི་ཡེ་ཤེས་ལ་སོགས་པ་ཐེག་ཆེན་མི་སློབ་པའི་ལམ་དུ་གཏོགས་པ་རྣམས་ལམ་བདེན་ཡིན་ཡང་གཞི ལམ་འབྲས་གསུམ་དུ་ཕྱེ་བའི་ཡ་གྱལ་གྱི་ལམ་ནི་མ་ཡིན་ཏེ། དེ་ནི་སློབ་ལམ་ཡིན་པར་ངེས་པའི་ཕྱིར་རོ། །དེ་ལྟར་བསྟན་པ་རྣམས་ལ་ཤེས་པར་བྱ་བ་ནི་གཞི་ལམ་འབྲས་བུ་ཐམས་ཅད་དོ། །ཤེས་ནས་ཉམས་སུ་བླང་བར་བྱ་བ་ནི་ཚོགས་གཉིས་ཀྱིས་བསྡུས་པའི་ལམ་རྣམ་དག་སྟེ། འབྲས་བུ་ནི་ཐོབ་བྱར་དམིགས་པ་དང་སྐྱབས་གནས་དང་ཕྱག་མཆོད་ལ་སོགས་པ་དད་གུས་ཀྱི་བྱ་བ་རྣམས་ཀྱི་ཡུལ་ཉིད་དུ་གསུངས་པས་དེ་ལྟར་ཤེས་ནས་གཙོ་བོར་ལམ་ཚོགས་གཉིས་སྒྲུབ་པ་ལ་ཤིན་ཏུ་བརྩོན་པར་བྱའོ། །

བཤད་པའི་དགེ་བ་བསྔོ་བ།

གསུམ་པ། བཤད་པའི་དགེ་བ་བསྔོ་བ།

དེ་ལྟར་རྒྱལ་བའི་གསུང་རབ་ཟབ་མོ་བཟང་དགུའི་ངེས་དོན་མཐར་ཐུག་ནི། །རིགས་གསུམ་མགོན་སོགས་རྒྱལ་སྲས་རྣམས་ཀྱི་ཞལ་གྱི་གདམས་པ་ཟབ་མོ་ཡིས། །གསལ་བར་མཛད་ལས་རྗེ་བཙུན་བླ་མའི་དྲིན་གྱིས་རྟོགས་པ་གང་ཡིན་འདི། །རི་ཁྲོད་དབེན་པར་ཟབ་མོའི་རྣལ་འབྱོར་སྤྱོད་པ་རྣམས་ཀྱི་རི་ཆོས་ཏེ། །རྣམ་པར་དག་པའི་མདོ་རྒྱུད་བསྟན་བཅོས་ཁྱད་པར་འཕགས་པ་ཐམས་ཅད་ཀྱི། །ངེས་དོན་ཆུ་བོ་མ་ལུས་འདུས་ཕྱིར་འདི་ནི་ངེས་དོན་རྒྱ་མཚོ་ཡང་ཡིན་ལ། །གཞི་ལམ་འབྲསབུ་ཇི་སྙེད་པ་དང་ལྟ་སྒོམ་སྤྱོད་པའང་ཇི་སྙེད་པའི། །མཐར་ཐུག་ཐུན་མོང་མིན་པ་སྟོན་ཕྱིར་འདི་མིང་དོན་དང་ལྡན་པ་ལགས། ། དགོངས་པ་ཟབ་མོ་ངེས་པར་འགྲེལ་སླད་འདི་ནི་རྒྱལ་བའི་དགོངས་འགྲེལ་ཏེ། །རྡོ་རྗེའི་ཚིག་ཀུན་ངེས་པར་འགྲེལ་སླད་རྡོ་རྗེའི་ཚིག་གི་མདུད་འགྲོལ་ཡང༌། །ཆོས་ཉིད་ཟབ་མོ་གསལ་བར་སྟོན་ཕྱིར་བདེ་གཤེགས་སྙིང་པོའི་སྒྲོན་མེ་དང༌། །ལུང་རིགས་མན་ངག་ཟབ་དགུ་འདུས་ཕྱིར་ཡིད་བཞིན་ནོར་བུའི་མཆོག་ཀྱང་ཡིན། །དེ་སླད་འདི་ན་རང་རིགས་རྒན་པོའི་ངག་ཙམ་དབང་དུ་བྱེད་པ་དང༌། དང་པོར་གང་ཐོས་དེ་ལ་ཞེན་སླད་ཕྲ་མ་སྔ་བཙན་དབང་སོང་དང༌། །རྟོན་པ་བཞི་བྲལ་འདོད་མི་མང་བས་བདེན་པར་འཇོག་པའི་མི་རྣམས་དང༌། །མཐུན་པ་དཀའ་མོད་སྲས་བཅས་རྒྱལ་བའི་དགོངས་པ་དང་མཐུན་དོན་དང་མཐུན། །འདི་ལ་གང་གིས་ཐུགས་དགོངས་བཟང་པོས་ཡང་ཡང་བསྐུལ་བར་མཛད་རྣམས་དང༌། །མཐུན་པའི་གྲོགས་དང་ལོངས་སྤྱོད་བཟང་པོ་འབུལ་བར་མཛད་པ་ལ་སོགས་པ། །འགྲོ་བ་ཀུན་གྱིས་དྲི་མ་མེད་པའི་མདོ་རྒྱུད་མན་ངག་ཟབ་མོའི་དོན། །མཐོང་ཞིང་རྟོགས་ནས་མྱུར་བར་ཐོབ་སྟེ་གཞན་དོན་རླབས་ཆེན་བྱེད་པར་ཤོག །གནས་སྐབས་ཀུན་དུ་སངས་རྒྱས་དགྱེས་པའི་དད་བརྩོན་ཤེས་རབ་སྙིང་རྗེ་དང༌། །སྙིང་སྟོབས་ཡིད་གཞུངས་ངོ་ཚ་ཁྲེལ་ཡོད་འཚོ་བ་མཆོག་དང་གཏོང་ཕོད་དང༌། །ཚུལ་ཁྲིམས་ཏིང་འཛིན་དམ་ཚིག་བཞི་དྲུག་བརྒྱད་དང་བཅུ་དང་བཅུ་དྲུག་གི །སྤྱོད་པ་བཟང་པོས་རྟག་ཏུ་གནས་གྱུར་ནམ་ཡང་ཉམས་པར་མ་གྱུར་ཅིག །འདི་ནི་སྐྱེས་བུ་དམ་པ་དུ་མས་བསྐུལ་བ་ལ་བརྟེན་ནས་རྒྱལ་ཁམས་པ་རྟོན་པ་བཞི་ལྡན་གྱིས་ངེས་དོན་ཟབ་མོ་མཐར་ཐུག་གི་ལུང་རིགས་མན་ངག་ཇི་ལྟ་བ་བཞིན་ཇོ་ནང་དཔལ་གྱི་གནས་ཆེན་དུ་བཀོད་པ་སྟེ། །བློ་ལྡན་གཟུ་བོར་གནས་ཤིང་ངེས་དོན་ཆོས་ཉིད་བསྒོམས་པའི་ཉམས་མྱོང་ཅན་མ་ཡིན་པ་རྣམས་ལ་བསྟན་དུ་མི་རུང་བའི་བཀའ་རྒྱ་དམ་པོ་ཡོད་པར་གསུངས་སོ། །

ཐ་མར་དགེ་བ་མཇུག་གི་དོན།

སྨྲས་པ། རྟོན་པ་བཞི་ལྡན་ཀུན་མཁྱེན་ཇོ་ནང་བའི། །ངེ༷ས་དོ༷ན་རྒྱ༷་མཚོ༷འི་ལུང་རིགས་རྣམ་དག་རྣམས། །སླར་ཡང་ཅུང་ཟད་བསྡུས་ཏེ་གཞུང་འདིར་བཀོད། །མཁས་པ་གཟུར་གནས་བློ་ལྡན་སྤྱོད་ཡུལ་ངེས། །དེང་སང་ལྟ་བའི་སྙིགས་མ་བདོ་གྱུར་བས། །ཡང་དག་ལྟ་སྒོམ་སྤྱོད་པ་ལོག་རྟོག་གི །དུག་ཆུས་མྱོས་པའི་ལོག་བཤད་བགྲང་ལས་འདས། །དེ་སླད་ངེས་དོན་བདུད་རྩིའི་གཞུང་འདི་བསྒྲུབས། །ཆོས་ཀུན་མཁྱེན་པའི་འདབ་གཤོག་རྒྱས་པ་རྣམས། །འཆད་རྩོད་རྩོམ་པའི་མཁའ་མཐར་བགྲོད་མཐོང་ནས། །ཚིག་ཙམ་བརྐུ་བའི་ཤ་སྦྲང་ཕྲག་དོག་གིས།སྤྱི་བརྡོལ་འདབ་གཉིས་བསྐྱོད་པ་ཨེ་མ་མཚར། །གཞན་ཕྱོགས་རྟོགས་པའི་ནམ་ལངས་མ་གྱུར་བར། །དགག་པའི་ཉི་མ་ཤར་བ་ག་ལ་སྲིད། །ཐོས་ཆུང་མངོན་རློམ་རྨོངས་བའི་མུན་སྡུག་གིས། །ཡང་དག་ལྟ་བའི་དབང་པོ་ཉམས་བྱེད་མཚར། །ཟབ་མོའི་དེ་ཉིད་ཉམས་སུ་མ་མྱོང་བའི། །རྟོག་གེའི་སྐྱེ་བོར་ས་འོག་གཏེར་དང་མཚུངས། །དེ་ཕྱིར་བསྡུས་དོན་ལེགས་པར་བཤད་པ་འདི། །གཞན་ལ་ཕན་པ་འབྱུང་བ་སྲིད་མཐའ་ཙམ། །འོན་ཀྱང་ངེས་དོན་གསུང་རབ་ལོག་སྨྲ་ལ། །སྙིང་ནས་བརྩེ་དང་རང་བློ་སྦྱང་ཕྱིར་དུ། །བསྡུས་དོན་ངེ༷ས་དོ༷ན་མཛེ༷ས་པའི་རྒྱ༷ན་གྱི་མཆོག །ཚ༷ངས་པ༷འི་སྒྲ༷་དབྱ༷ངས་ཇི་བཞིན་གཏམ་འདི་སྨྲས། །འདིར་འབད་དགེ་བའི་རྣམ་དཀར་ཆུ་ཕྲན་ཉིད། །དུས་གསུམ་བསགས་པའི་མཚོ་ཆེན་དང་འདྲེས་ཏེ། །ཐུབ་བསྟན་པད་དཀར་ཚལ་ལ་ཉེར་དྲངས་ནས། །ངེས་དོན་བསྟན་པའི་འབྲས་བཟང་སྨིན་པར་ཤོག །སྤྱན་རས་གཟིགས་མགོན་བསྟན་སྲུང་སྐུར་བཞེངས་པའི། །དཔལ་མགོན་དྲཀྴད་མགོན་པོ་འཁོར་བཅས་ཀྱིས། །ངེས་གསང་གཞན་སྟོང་དབུ་མའི་ལུང་རྟོགས་བསྟན། །ཕྱོགས་ཀུན་དར་རྒྱས་ཡུན་རིང་གནས་པར་མཛོད། །ཅེས་རི་ཆོས་ངེས་དོན་རྒྱ་མཚོའི་བསྡུས་དོན་ངེས་དོན་མཛེས་རྒྱན་ཚངས་པའི་སྒྲ་དབྱངས་ཞེས་བྱ་བ་འདི་ཉིད་བློ་ལྡན་དུ་མས་ཡང་ཡང་བསྐུལ་བའི་ངོར་བཙུན་པ་ངག་དབང་དངོས་གྲུབ་དཔལ་གྱིས་རབ་གནས་མེ་ཕག་ལོའི་དབོ་ཟླ་བའི་ལེགས་པ་བརྒྱད་འཛོམས་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཚེས་ཉེར་གཉིས་ལ་དབུ་བཟུང་ནས་ཉིན་གསུམ་གྱི་རིང་ལ་རྫོགས་པར་བསྡུས་ཏེ་སྦྱར་བའོ། །འདིས་ཀྱང་རྒྱལ་བསྟན་སྤྱི་དང་ངེས་དོན་བསྟན་པ་ཡུན་རིང་དུ་གནས་པར་གྱུར་ཅིག །མངྒ་ལཾ། བྷ་ཝཾ་ཏུ།། །།


previousཕྱག་འཚལ་ཞིང་ཉེ་བར་བསྡུ་བ་ལ་གཉིས།next