Nitartha Digital Library
Tibetan
གསུང་འབུམ་པོད་གཉིས་པ། དབུ་མ།


  expand section
  collapse section
ངེས་གསང་མཐའ་བྲལ་དབུ་མ་གཞན་སྟོང་གི་དོགས་གཅོད་ལུང་རིགས་རྡོ་རྗེའི་གཟེགས་མ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousངེས་གསང་མཐའ་བྲལ་དབུ་མ་གཞན་སྟོང་གི་དོགས་གཅོད་ལུང་རིགས་རྡོ་རྗེའི་གཟེགས་མ།next

ངེས་གསང་མཐའ་བྲལ་དབུ་མ་གཞན་སྟོང་གི་དོགས་གཅོད་ལུང་རིགས་རྡོ་རྗེའི་གཟེགས་མ།

ངེས་གསང་མཐའ་བྲལ་དབུ་མ་གཞན་སྟོང་གི་དོགས་གཅོད་ལུང་རིགས་རྡོ་རྗེའི་གཟེགས་མ་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭ་སྟི།དུས་གསུམ་རྒྱལ་བའི་བརྩེ་ཆེན་གཅིག་བསྡུས་པ། །ངུར་སྨྲིག་འཛིན་པའི་ཟློས་གར་རོལ་བ་ཡི། །བཀའ་དྲིན་འཁོར་མེད་མཚུངས་མེད་བླ་མ་རྣམས། །སྒོ་གསུམ་གུས་པས་བྱང་ཆུབ་བར་དུ་བསྟེན། །ཀུན་མཁྱེན་བཞེད་གཞུང་ལྷ་ལམ་ཡངས་པ་ལ། །བདག་བློའི་རྩལ་གྱིས་ཕ་མཐར་བསྒྲོད་མིན་ཡང༌། །རང་བློ་གོམས་དང་རིགས་ལམ་གསར་སྦྱང་ལ། །ཕན་སྲིད་སྙམ་དུ་རིགས་འཕྲུལ་སྤྲོ་བར་བྱ། །དེ་ལ་འདིར་གང་བཤད་པར་བྱ་བ་ནི། རིགས་ལམ་གསར་སྦྱང་བ་རྣམས་ཀྱི་ཆེད་དུ་གཞན་སྟོང་དབུ་མ་ལས་བརྩམས་ཏེ་སྒྲས་ཟིན་འགལ་བའི་ལུང་གི་གཞི་བྱས་ནས་རྟགས་གསལ་གྱི་ལམ་ནས་ཅུང་ཟད་སྤྲོ་བར་བྱའོ། །དེ་ལ་ཐོག་མར་དབུ་མའི་དབྱེ་གཞི་དང་དབུ་མ་པ་ཡིན་མིན་གྱི་ཚད་སོགས་ལ་དཔྱད་པའི་སྒོ་ནི། དབུ་མ་མིན་པ་དབུ་མའི་དབྱེ་གཞི་དང༌། །ཕྱེ་བའི་ཡ་གྱལ་གང་དུ་མི་རུང་སྟེ། །ཞེས་པའི་ལུང་གི་དོན་ཡོད་པར་ཐལ། ཡོད་པའི་ཕྱིར། འདོད་ན། དེའི་ལུང་གི་དོན་མེད་པར་ཐལ། དེའི་སྐབས་ཀྱི་གཞུང་གང་ཡིན་ངོས་འཛིན་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། དེའི་སྐབས་ཀྱི་གཞུང་གང་ཡིན་ངོས་འཛིན་རྒྱུ་ཡོད་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཞོག་ཅེས་ཟེར། བཀའ་བསྡུ་བཞི་བ་ཆོས་ཅན། དེ་མ་ཡིན་པར་ཐལ། དེའི་སྐབས་ཀྱི་ས་བཅད་ངོས་འཛིན་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། དེའི་སྐབས་ཀྱི་ས་བཅད་ངོས་འཛིན་རྒྱུ་ཡོད་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཞོག་ཅེས་ཟེར། རང་རྒྱུད་ཐལ་འགྱུར་གཉིས་དབུ་མའི་དབྱེ་བ་མི་རིགས་པར་བསྟན་པ་ཆོས་ཅན། དེ་མ་ཡིན་པར་ཐལ། དེ་དང་མཉམ་དུ་འཕྲོས་པའི་ས་བཅད་དུ་ཡོད་ངོས་འཛིན་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། དེ་དང་མཉམ་དུ་འཕྲོས་པའི་ས་བཅད་དུ་ཡོད་ངོས་འཛིན་རྒྱུ་ཡོད་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཞོག་ཅེས་ཟེར། དེ་མཉམ་དུ་འཕྲོས་པའི་ས་བཅད་གཞན་གྱི་དབུ་མའི་དབྱེ་བ་བཀག་ནས་རང་ལུགས་ཀྱི་དབུ་མའི་དབྱེ་བ་བསྟན་པ་ཆོས་ཅན། དེ་མ་ཡིན་པར་ཐལ། ས་བཅད་དེ་གཉིས་གང་ལས་འཕྲོས་པའི་ས་བཅད་ངོས་འཛིན་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། ས་བཅད་དེ་གཉིས་གང་ལས་འཕྲོས་པའི་ས་བཅད་ངོས་འཛིན་རྒྱུ་ཡོད་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཞོག་ཅེས་ཟེར། དབུ་མའི་རྣམ་དབྱེ་བསྟན་པ་ཆོས་ཅན། དེ་མ་ཡིན་པར་ཐལ། དེ་དང་མཉམ་དུ་འཕྲོས་པའི་ས་བཅད་དུ་ཡོད་ངོས་འཛིན་རྒྱུ་མེད་པའི་ཕྱིར། ཞེས་སོགས་ས་བཅད་རྒྱུགས་ལེན། དེ་མ་ཡིན་པར་ཐལ། དབུ་མ་མིན་པ་དབུ་མའི་དབྱེ་གཞི་དང༌། །ཕྱེ་བའི་ཡ་གྱལ་གང་དུ་མི་རུང་སྟེ། །ཞེས་པའི་ལུང་གི་དོན་མེད་པའི་ཕྱིར། མ་གྲུབ་ན། དེའི་ལུང་གི་དོན་ཡོད་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཞོག་ཅེས་ཟེར། དབུ་མ་མིན་པ་དབུ་མའི་དབྱེ་གཞི་དང་ཕྱེ་བའི་ཡ་གྱལ་གང་དུ་མི་རུང་བ་དེ་ཆོས་ཅན། འོ་ན་ཤེས་བྱ་ཆོས་ཅན། དབུ་མའི་དབྱེ་གཞི་མ་ཡིན་པར་ཐལ། དབུ་མ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཤེས་བྱ་ཆོས་ཅན། དོན་དམ་བདེན་པའི་དབྱེ་གཞི་ཡིན་པར་ཐལ། དེ་ལྟར་ཡིན་པ་རྒྱལ་བའི་ལུང་གིས་ཟིན་པ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན་དེར་ཐལ། བདེན་གཉིས་གསལ་བའི་ཉི་མ་ལས། དབྱེ་གཞི་ནི་ཤེས་བྱ་ཙམ་མོ། །ཞེས་གསུངས་པའི་ཕྱིར། དབུ་མའི་དབྱེ་གཞི་མེད་པར་ཐལ་བའི་སྒོས་དཔྱད། འོ་ན་དབུ་མ་པ་མ་ཡིན་པ་ཞིག་དབུ་མ་པའི་དབྱེ་བ་མི་རུང་བར་ཐལ། དབུ་མ་མིན་པ་དབུ་མའི་དབྱེ་གཞི་དང་ཕྱེ་བའི་ཡ་གྱལ་གང་དུ་མི་རུང་བའི་ཕྱིར། འདོད་ན། རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་ཆོས་ཅན། དབུ་མ་པའི་དབྱེ་བ་མ་ཡིན་པར་ཐལ། དབུ་མ་པ་མ་ཡིན་པའི་ཕྱིར། མ་གྲུབན། དེ་མ་ཡིན་པར་ཐལ། ཆད་མཐའ་ལ་གནས་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དོན་དམ་བདེན་པ་རང་གི་ངོ་བོས་སྟོང་བར་ཁས་ལེན་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ། དེ་ལྟར་ཁྱབ་པ་རྗེ་སྒྲོལ་བའི་མགོན་པོའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཟབ་དོན་ཉེར་གཅིག་ལས། དེང་སང་གྲགས་པའི་རང་སྟོང་ཐལ་རང་གཞུང་ཕྱི་གསུམ་གྱི་ལྟ་བ་དོན་དམ་བདེན་མེད་དུ་འདོད་པ་ནོར་བ་ཡིན་པས། ལྟ་བས་སྤྲོས་པ་གཅོད་པ་ལ་བཟང་བ་མིན་ཏེ། སྐུར་འདེབས་སུ་འགྱུར་བའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། ཐལ་རང་གཉིས་ཆོས་ཅན། དབུ་མ་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐལ་རང་གཉིས་ཆོས་ཅན། དབུ་མ་པ་ཡིན་པར་ཐལ། དབུ་མ་རང་སྟོང་བ་ཡིན་པའི་ཕྱིར། ཁྱབ་སྟེ།དེ་ལྟར་ཁྱབ་པ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན།དེ་ཉིད་ཀྱིས་མཛད་པའི་གཞན་སྟོང་དབུ་མའི་རྒྱན་ལས། རང་སྟོང་སེམས་ཙམ་ལས་ནི་འདས་པའི་ཕྱིར། །དབུ་མ་ཡིན་མོད་དབུ་མའི་མཐར་ཐུག་མིན། །ཞེས་གསུངས་པའི་ཕྱིར། འདོད་ན། གཞན་སྟོང་དབུ་མ་ཆོས་ཅན། དབུ་མ་མཐར་ཐུག་མ་ཡིན་པར་ཐལ། ཐལ་འགྱུར་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དབུ་མ་པ་གང་ཞིག རང་ལུགས་ལ་རང་རྒྱུད་ཀྱི་སྦྱོར་ངག་མི་འགོད་པར་ཐལ་འགྱུར་ཡང་དག་གིས་དངོས་སྨྲ་འགོག་པ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ།དེ་ལྟར་ཡིན་པ་འཇམ་པའི་དབྱངས་དངོས་ཉ་དབོན་ཀུན་དགའ་དཔལ་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཕར་ཕྱིན་ཡིད་ཀྱི་མུན་སེལ་ལས། ཐལ་འགྱུར་བའི་མཚན་ཉིད། གང་ཞིག རང་ལུགས་ལ་རང་རྒྱུད་ཀྱི་སྦྱོར་ངག་མི་འགོད་པར་ཐལ་འགྱུར་ཡང་དག་གིས་དངོས་སྨྲ་འགོག་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། གཞན་སྟོང་དབུ་མ་ཆོས་ཅན། དབུ་མ་མཐར་ཐུག་མ་ཡིན་པར་ཐལ། ཐལ་འགྱུར་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དབུ་མ་པ་གང་ཞིག རང་ལུགས་ལ་རང་རྒྱུད་ཀྱི་སྦྱོར་ངག་མི་འགོད་པར་ཐལ་འགྱུར་ཡང་དག་གིས་དངོས་སྨྲ་འགོག་པ་ཡིན་པའི་ཕྱིར།མ་གྲུབ་ན། གཞན་སྟོང་དབུ་མ་ཆོས་ཅན། རང་རྒྱུད་པ་ཡིན་པར་ཐལ། དབུ་མ་པ་གང་ཞིག རང་རྒྱུད་ཀྱི་སྦྱོར་ངག་རང་ལུགས་ལ་ཁས་བླངས་ནས་དངོས་སྨྲ་འགོག་པ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ།དེ་ལྟར་ཡིན་པ་དེ་ཡང་འཇམ་པའི་དབྱངས་དངོས་ཉ་དབོན་ཀུན་དགའ་དཔལ་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཕར་ཕྱིན་ཡིད་ཀྱི་མུན་སེལ་ལས། དབུ་མ་རང་རྒྱུད་པའི་མཚན་ཉིད། དབུ་མ་པ་གང་ཞིག རང་རྒྱུད་ཀྱི་སྦྱོར་ངག་རང་ལུགས་ལ་ཁས་བླངས་ནས་དངོས་སྨྲ་འགོག་པ། ཞེས་གསུངས་པའི་ཕྱིར། ཞེས་སོགས་དང༌། ཡང་དེ་ཉིད་ལས། དབུ་མ་པའི་མཚན་ཉིད། ཐེག་ཆེན་པ་གང་ཞིག དོན་དམ་པར་བདེན་དངོས་ཁས་མི་ལེན་པ། ཞེས་གསུངས་པ་དང༌། གཞན་སྟོང་སྙིང་པོ་ལས། དབུ་མ་པ་ལ་དབུ་མ་ཕལ་བ་དང༌། དབུ་མ་ཆེན་པོ་གཉིས་ཀྱི་ཕལ་བ་ནི་བོད་ཡུལ་འདིར་རང་སྟོང་དུ་གྲགས་ཤིང་རྒྱ་བོད་གཉིས་ཀར་དུ་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་གྲགས་པ། ཞེས་གསུངས་པ་དང༌། ཟབ་དོན་ཉེར་གཅིག་ལས། སྔ་མས་ཀུན་བརྟགས་ལ་བདེན་མེད་ཀྱིས་ཁྱབ། ཡོངས་གྲུབ་ལ་བདེན་ཡོད་ཀྱིས་ཁྱབ། གཞན་དབང་ལ་ཆ་གཉིས་མཛད། ཕྱི་མས་ནི། ཀུན་བརྟགས་གཞན་དབང་གཉིས་ཀ་ལ་མཐའ་གཅིག་ཏུ་བདེན་མེད་ཀྱིས་ཁྱབ་པར་མཛད་དོ། །བཅུ་བའོ། །ཞེས་དང༌། སྔ་མས་ལམ་བདེན་ཡང་དོན་དམ་བདེན་པར་མཛད་ལ། ཞེས་གསུངས་པ་དང༌། དབྱིངས་དེ་སྒྲ་རྟོག་ལས་འདས་པར་བཞེད་པ་དང༌། མི་རྟོག་ཡེ་ཤེས་མ་འཁྲུལ་པའི་ཡུལ་དུ་བཞེད་པར་མཚུངས་པས། མཐར་གཏུགས་པའི་གནད་ལ་མི་འདྲ་བ་མེད་དོ། །ཞེས་དང༌། གཞན་སྟོང་བརྒྱུད་འདེབས་ལས། བསྟན་པའི་མངའ་བདག་གནས་ལྔ་རིག་པའི་ཕུལ། །ཤཱཀྱ་མཆོག་ལྡན་xxཞེས་དབུ་མ་པ་ལ་བདེན་དངོས་ཁས་མི་ལེན་པ་དགོས་པ་གོང་གི་མཚན་ཉིད་ཀྱིས་གྲུབ་ལ། དེ་ལྟར་ཤཱཀྱ་མཆོག་ལྡན་དབུ་མ་པ་མ་ཡིན་པར་ཐལ་ཏེ།ཟབ་དོན་ཉེར་གཅིག་གོང་དུ་དྲངས་པ་ལས་གཞན་དབང་ལ་བདེན་གྲུབ་ཡིན་མིན་གྱི་ཆ་གཉིས་ཡོད་པར་གསུངས་པས་གྲུབ་པོ། །དེ་ཡང་འདོད་ན་མི་འཐད་དེ། དབུ་མ་གཞན་སྟོང་གི་བརྒྱུད་པའི་བླ་མ་ཡིན་པར་བརྒྱུད་འདེབས་ཀྱི་ལུང་དེའི་ཕྱིར་ཞེས་སོགས་དཔྱད་པར་བྱའོ། །

དོན་དམ་བདེན་པ་རྟེན་འབྲེལ་ཡིན་མིན་དཔྱད་སྒོ།

དོན་དམ་བདེན་པ་རྟེན་འབྲེལ་ཡིན་མིན་དཔྱད་སྒོ་ནི།

ཀུན་རྫོབ་རྟེན་འབྲེལ་ ལེགས་པར་རྟོགས་པ་ནི། །དབུ་མ་ཆེན་པོའི་གྲོང་དུ་འཇུག་པའི་ལམ། །ཞེས་པའི་དོན་ཡོད་པར་ཐལ། ཡོད་པའི་ཕྱིར། འདོད་ན། དེ་མེད་པར་ཐལ། དེའི་སྐབས་ཀྱི་གཞུང་གང་ཡིན་ངོས་འཛིན་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཞོག་ཅེས་ཟེར། བཀའ་བསྡུ་བཞི་བ་ཆོས་ཅན། དེ་མ་ཡིན་པར་ཐལ།དེའི་སྐབས་ཀྱི་ས་བཅད་ངོས་འཛིན་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། དེའི་སྐབས་ཀྱི་ས་བཅད་ངོས་འཛིན་རྒྱུ་ཡོད་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཞོག་ཅེས་ཟེར། རྟེན་འབྲེལ་རྟོགས་པ་དབུ་མ་འཇུག་པའི་ལམ་ཡིན་པར་བསྟན་པ་ཆོས་ཅན། དེ་མ་ཡིན་པར་ཐལ། དེ་དང་མཉམ་དུ་འཕྲོས་པའི་ས་བཅད་ངོས་འཛིན་རྒྱུ་མེད་པའི་ཕྱིར། མ་གྲུབ་ན།དེ་ངོས་འཛིན་རྒྱུ་ཡོད་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན་ཞོག་ཅེས་ཟེར། ཞེས་སོགས་ས་བཅད་རྒྱུགས་ལེན། དེ་མ་ཡིན་པར་ཐལ། ཀུན་རྫོབ་རྟེན་འབྲེལ་ལེགས་པར་རྟོགས་པ་ནི། །དབུ་མ་ཆེན་པོའི་གྲོང་དུ་འཇུག་པའི་ལམ། །ཞེས་པའི་ལུང་གི་དོན་མེད་པའི་ཕྱིར། མ་གྲུབ་ན། དེའི་ལུང་གི་དོན་ཡོད་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཞོག་ཅེས་ཟེར། ཀུན་རྫོབ་རྟེན་འབྲེལ་ལེགས་པར་རྟོགས་པ་དབུ་མ་ཆེན་པོའི་གྲོང་དུ་འཇུག་པའི་ལམ་ཡིན་པ་ཆོས་ཅན། དེ་མ་ཡིན་པར་ཐལ། ཀུན་རྫོབ་རྟེན་འབྲེལ་དང་རྟེན་འབྲེལ་དོན་གཅིག་པའི་ཕྱིར། མ་ཁྱབ། དོན་དམ་བདེན་པ་ཆོས་ཅན། ཀུན་རྫོབ་རྟེན་འབྲེལ་ཡིན་པར་ཐལ། རྟེན་འབྲེལ་ཡིན་པའི་ཕྱིར། མ་གྲུབ་ན། དོན་དམ་བདེན་པ་ཆོས་ཅན། རྟེན་འབྲེལ་ཡིན་པར་ཐལ། སྟོང་ཉིད་ཡིན་པའི་ཕྱིར། མ་ཁྱབ། ཁྱབ་པར་ཐལ། དེ་ལྟར་ཁྱབ་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན།དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་རྩོད་བཟློག་ལས། གང་ཞིག་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །ཞེས་གསུངས་པའི་ཕྱིར། འདོད་ན། དོན་དམ་བདེན་པ་ཆོས་ཅན། རྟེན་འབྲེལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དོན་དམ་བདེན་པ་ཆོས་ཅན། རྟེན་འབྲེལ་མ་ཡིན་པར་ཐལ། དེ་ལྟར་མ་ཡིན་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་རྩ་བ་ཤེས་རབ་ལས། རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་གསུངས་པའི་ཕྱིར། འདོད་ན། དོན་དམ་བདེན་པ་རྟེན་འབྲེལ་མ་ཡིན་པར་ཐལ།འདོད་པའི་ཕྱིར།

༈ འོ་ན་རྟེན་འབྲེལ་དང་ཀུན་རྫོབ་བདེན་པ་དོན་གཅིག་པར་ཐལ། དོན་དམ་བདེན་པ་རྟེན་འབྲེལ་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། ཀུན་བརྟགས་ཆོས་ཅན། རྟེན་འབྲེལ་ཡིན་པར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། འདོད་ན། ཀུན་བརྟགས་ཆོས་ཅན། གཞན་དབང་ཡིན་པར་ཐལ། རྟེན་འབྲེལ་ཡིན་པའི་ཕྱིར། མ་ཁྱབ། ཁྱབ་པ་ཡོད་པར་ཐལ། གཞན་དབང་དང་རྟེན་འབྲེལ་དོན་གཅིག་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་ཆོས་རྗེ་ཀུན་མཁྱེན་དོལ་བོ་བ་ཤེས་རབ་རྒྱལ་མཚན་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཆོས་ཀྱི་ཤན་འབྱེད་ལས། རྟེན་འབྲེལ་དང་གཞན་དབང་དོན་གཅིག་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། ཀ ཀུན་བརྟགས་ཆོས་ཅན། རྟེན་འབྲེལ་མ་ཡིན་པར་ཐལ། གཞན་དབང་མ་ཡིན་པའི་ཕྱིར། འདོད་ན། ཀུན་བརྟགས་ཆོས་ཅན། རྟེན་འབྲེལ་ཡིན་པར་ཐལ། དེ་ལྟར་ཡིན་པ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཐེག་མཆོག་དབུ་མ་ལས། ཀུན་བརྟགས་གཞན་དབང་རྟེན་འབྲེལ་ཉིད་དུ་བརྗོད། །ཅེས་གསུངས་པའི་ཕྱིར། འདོད་ན། ཀ རྩ་ཤེས་ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །ཞེས་གསུངས་པ་སོགས་ཀྱི་ཚིག་ཟིན་ལ་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །

ཤེས་བྱ་གཞི་ལྔ་ལ་དཔྱད་སྒོ།

ཤེས་བྱ་གཞི་ལྔ་ལ་དཔྱད་སྒོ་ནི།

ཆོས་དབྱིངས་འདུས་མ་བྱས་ཆོས་ཅན། ཁྱོད་ཤེས་བྱ་གཞི་ལྔའི་ནང་དུ་མི་འདུ་བར་ཐལ། དེ་ལྟར་ཐེག་མཆོག་དབུ་མ་ལས་གསུངས་པའི་ཕྱིར། འདོད་ན། ཆོས་དབྱིངས་ཆོས་ཅན། ཤེས་བྱ་གཞི་ལྔའི་ནང་དུ་མི་འདུ་བ་མ་ཡིན་པར་ཐལ།ཤེས་བྱ་གཞི་ལྔ་པོ་གང་རུང་ཞིག་གི་ནང་དུ་འདུ་བའི་ཕྱིར། མ་གྲུབ་ན། ཁྱོད་ཤེས་བྱ་གཞི་ལྔ་གང་རུང་ཞིག་གི་ནང་དུ་འདུ་བར་ཐལ། འདུས་མ་བྱས་ཀྱི་གཞིའི་ནང་དུ་འདུས་པའི་ཕྱིར། མ་གྲུབ་ན། འདུས་མ་བྱས་ཀྱི་གཞིའི་ནང་དུ་འདུ་བར་ཐལ། ཁྱོད་འདུས་མ་བྱས་ཀྱི་གཞི་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་ས་བཟང་མ་ཏི་པཎ་ཆེན་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེའི་དགོངས་པ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཀུན་བཏུས་འགྲེལ་བ་ལས། ཆོས་ཉིད་འདུས་མ་བྱས་ཀྱི་གཞི་སྟེ། ཞེས་གསུངས་པའི་ཕྱིར། འདོད་ན། ཆོས་དབྱིངས་ཆོས་ཅན། ཤེས་བྱ་གཞི་ལྔའི་ནང་དུ་འདུ་བ་ཡིན་པར་ཐལ།འདོད་ལན་བཏབས་པའི་ཕྱིར། འདོད་ན། ཆོས་དབྱིངས་ཆོས་ཅན། ཤེས་བྱ་གཞི་ལྔའི་ནང་དུ་འདུས་པ་མ་ཡིན་པར་ཐལ། དེ་གཞི་ལྔ་པོ་གང་ཡང་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་མ་ཡིན་པར་ཐལ། སྣང་བ་གཟུགས་ཀྱི་གཞི་དང་གཙོ་བོ་སེམས་དང་འཁོར་སེམས་བྱུང་དང་ལྡན་པ་མ་ཡིན་པ་འདུ་བྱེད་ཀྱི་གཞི་དང་འདུས་མ་བྱས་ཀྱི་གཞི་སྟེ་ལྔ་བོ་གང་གི་ནང་དུ་མི་འདུ་བའི་ཕྱིར། མ་གྲུབ་ན། རྟགས་གྲུབ་བར་ཐལ། རྟགས་ཟུར་དང་བོ་བཞི་གྲུབ་པ་གང་ཞིག ཕྱི་མ་ཡང་གྲུབ་པའི་ཕྱིར། ཕྱི་མ་མ་གྲུབ་ན། རྟགས་ཕྱི་མ་གྲུབ་པར་ཐལ། འདུས་མ་བྱས་ཀྱི་གཞིའི་ནང་དུ་མི་འདུ་བའི་ཕྱིར། མ་གྲུབ་ན། འདུས་མ་བྱས་ཀྱི་གཞིའི་ནང་དུ་མི་འདུ་བར་ཐལ། དེ་ལྟར་མི་འདུ་བ་དེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེའི་དགོངས་པ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཐེག་མཆོག་ཤིན་དུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ་ལས། དོན་དམ་འདུས་མ་བྱས་ཤེས་བྱ་གཞི་ལྔའི་ནང་དུ་མ་འདུས་སོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་སྤྲོ་བར་བྱའོ། །

ལུས་ཅན་ཀུན་སངས་རྒྱས་ཀྱི་སྙིང་བོ་ཅན་ཡིན་མིན་ལ་དཔྱད་པའི་སྒོ།

ལུས་ཅན་ཀུན་སངས་རྒྱས་ཀྱི་སྙིང་བོ་ཅན་ཡིན་མིན་ལ་དཔྱད་པའི་སྒོ་ནི།

སེམས་ཅན་ཡིན་ན་སངས་རྒྱས་ཀྱི་རིགས་ཡོད་པས་ཁྱབ་པར་ཐལ། ཁྱབ་པའི་ཕྱིར། འདོད་ན། སེམས་ཅན་ཡིན་ན་སངས་རྒྱས་ཀྱི་རིགས་ཡོད་པས་མ་ཁྱབ་པར་ཐལ། རིགས་ཆད་ཡོད་པའི་ཕྱིར།མ་གྲུབ་ན། རིགས་ཆད་ཡོད་པར་ཐལ། དེ་ཡོད་པ་མདོ་སྡེ་རྒྱན་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་རྗེ་བཙུན་བྱམས་པ་མགོན་པོའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དགོངས་པ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་མདོ་སྡེ་རྒྱན་ལས། དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །ཞེས་གསུངས་པའི་ཕྱིར། འདོད་ན།རིགས་ཆད་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། རིགས་ཆད་མེད་པར་ཐལ། གཏན་ནས་རིགས་ཆད་མེད་པ་གང་ཞིག གནས་སྐབས་ཀྱི་རིགས་ཆད་མེད་པའི་ཕྱིར། མ་གྲུབ་ན།རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག རྟགས་ཕྱི་མ་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ན། གཏན་ནས་རིགས་ཆད་ཞིག་ཡོད་པར་ཐལ། རྟགས་དང་པོ་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། གཏན་ནས་རིགས་ཆད་ཞིག་མེད་པར་ཐལ། མདོ་སྡེ་རྒྱན་གྱི་རིགས་ཆད་བསྟན་པ་དེ་གནས་སྐབས་ཀྱི་རིགས་ཆད་ལ་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། གནས་སྐབས་ཀྱི་རིགས་ཆད་ལ་དགོངས་པ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་གཞན་སྟོང་དབུ་མའི་རྒྱན་ལས། གནས་སྐབས་རིགས་ཆད་ཀྱང་ནི་མདོ་དེར་བཤད། །ཅེས་གསུངས་པའི་ཕྱིར། འདོད་ན། གཏན་ནས་རིགས་ཆད་ཅིག་མ་བསྟན་པར་ཐལ། འདོད་པའི་ཕྱིར། འདོད་ན། གཏན་ནས་རིགས་ཆད་ཅིག་བསྟན་པར་ཐལ།བསྟན་པ་དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་མདོ་སྡེ་རྒྱན་དབྱིག་འགྲེལ་ལས། གཏན་ནས་མྱ་ངན་ལས་མི་འདའ་བའི་ཆོས་ཅན་དུ་བསྟན་ཏེ། ཞེས་གསུངས་པའི་ཕྱིར། དེ་ལྟར་སྤྲོའོ། །

ས་བོན་ཤེས་པ་ཡིན་མིན་ལ་དཔྱད་སྒོ།

ས་བོན་ཤེས་པ་ཡིན་མིན་ལ་དཔྱད་སྒོ་ནི།

ཀུན་གཞི་རྣམ་ཤེས་ཆོས་ཅན། འཁོར་འདས་ཐམས་ཅད་འབྱུང་བར་འགྱུར་བའི་ནུས་པ་ས་བོན་གྱི་ཚུལ་དུ་ཡོད་པ་ཡིན་པར་ཐལ།ཁྱོད་ས་བོན་ཐམས་ཅད་པ་ཡིན་པའི་ཕྱིར། འདོད་ན། ཀུན་གཞི་ཆོས་ཅན། འཁོར་འདས་ཐམས་ཅད་འབྱུང་བར་འགྱུར་པའི་ནུས་པ་ས་བོན་གྱི་ཚུལ་དུ་ཡོད་པ་མ་ཡིན་པར་ཐལ། ནུས་པ་ས་བོན་མ་ཡིན་པའི་ཕྱིར། མ་གྲུབ་ན། ནུས་པ་ཆོས་ཅན། ས་བོན་མ་ཡིན་པར་ཐལ། ས་བོན་ཡིན་ན་བག་ཆགས་ཡིན་དགོས་པ་གང་ཞིག ཁྱོད་བག་ཆགས་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག ཕྱི་མ་ཡང་གྲུབ་པའི་ཕྱིར།ཕྱི་མ་མ་གྲུབ་ན། ནུས་པ་ཆོས་ཅན། བག་ཆགས་མ་ཡིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ས་བོན་དང་དབང་དང་མངོན་དུ་གྱུར་པ་ཅི་རིགས་སུ་སྦྱར་བ་ཡིན་པའི་ཕྱིར། མ་གྲུབ་ན། ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དགོངས་པ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའྀ་ཕུང་ལྔའི་རབ་བྱེད་ལས། དེ་ལ་ཐོབ་པ་གང་ཞེ་ན་རྙེད་པ་དང་ལྡན་པའོ། དེ་ཡང་ས་བོན་དང་དབང་དང་མངོན་དུ་གྱུར་བ་ཅི་རིགས་སུ་སྦྱར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། བག་ཆགས་ཆོས་ཅན། ཤེས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན།བག་ཆགས་ཆོས་ཅན། ཤེས་པ་མ་ཡིན་པ་མ་ཡིན་པར་ཐལ། ཤེས་པ་ཡིན་པའི་ཕྱིར། མ་གྲུབ་ན། བག་ཆགས་ཆོས་ཅན། ཤེས་པ་ཡིན་པར་ཐལ། ཤེས་པའི་རྫས་ལས་གྲུབ་པས་གཞན་དབང་མཚན་ཉིད་པ་ཡིན་པའི་ཕྱིར། མ་གྲུབ་ན། ཡིན་པར་ཐལ། དེ་ལྟར་ཡིན་པ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེའི་དགོངས་པ་ཡིན་པར་ཐལ།དེ་ཉིད་ཀྱིས་མཛད་པའི་ཐེག་མཆོག་དབུ་མའི་ཟིན་བྲིས་ལས། བག་ཆགས་ནི་ཤེས་པའི་རྫས་ཡིན་པས་གཞན་དབང་མཚན་ཉིད་པ་ཡིན་ལ་ཞེས་གསུངས་པའི་ཕྱིར། འདོད་ན། བག་ཆགས་ཆོས་ཅན། ཤེས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བག་ཆགས་ཆོས་ཅན། ཤེས་པ་མ་ཡིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ལྡན་མིན་ཡིན་ན་ངོ་བོ་གཟུགས་སོགས་ཀྱི་ལྡན་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་མ་ཡིན་པར་ཐལ། དེ་ལྟར་མ་ཡིན་པ་དེ་ཡང་ས་བཟང་མ་ཏི་པཎ་ཆེན་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དགོངས་པ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཀུན་བཏུས་འགྲེལ་བ་ལས། ངོ་བོ་གཟུགས་སོགས་ཀྱི་ལྡན་པ་དེ་ཉིད་ཀྱང་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར། འདོད་ན། བག་ཆགས་ཆོས་ཅན། ཤེས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བག་ཆགས་ཆོས་ཅན། ཤེས་པ་ཡིན་པར་ཐལ། བག་ཆགས་ཡིན་ན་ཤེས་པ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། ཁྱབ་པར་ཐལ། ཁྱབ་པ་དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དགོངས་པ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཟུང་འཇུག་རབ་གསལ་ལས། གནས་སྐབས་བཞིའི་བག་ཆགས་ནི་ཤེས་པ་ཁོ་ན་ཡིན་པའི། ཞེས་དང༌།ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། གཉིས་ཀ་དོན་གྱི་ངོ་བོ་རིག་པའི་ཆ་ནས་རྣམ་ཤེས་ཡིན་པས། ཞེས་གསུངས་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། བླང་དོར་རབ་གསལ་ལས། ས་བོན་གྱི་ཆ་ནི་དམིགས་རྣམ་མི་འཛིན་ཅིང་ཚོར་བ་དང་མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར། ཞེས་གསུངས་པ་སོགས་རིགས་པའི་སྒོ་བརྒྱ་འབྱེད་པར་བྱའོ། །

བཀའ་དང་པོ་དང་བར་བ་ནས་གཞན་སྟོང་གསལ་བར་བསྟན་མ་བསྟན་སོགས་ལ་དཔྱད་སྒོ།

བཀའ་དང་པོ་དང་བར་བ་ནས་གཞན་སྟོང་གསལ་བར་བསྟན་མ་བསྟན་སོགས་ལ་དཔྱད་སྒོ་ནི།

བཀའ་དང་པོ་དང་བར་བ་གཉིས་ཀར་གཞན་སྟོང་གསལ་བར་མ་བསྟན་པར་ཐལ། དང་བོ་དང་བར་བར་ཡང་གཞན་སྟོང་གསུངས་ཀྱང་མི་གསལ་བ་ཙམ་དུ་གསུངས་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། འདོད་ན། བཀའ་དང་པོ་དང་བར་བ་གཉིས་ཀར་གཞན་སྟོང་གསལ་བར་བསྟན་པར་ཐལ། ཚིག་ཅི་རིགས་ཀྱི་སྒོ་ནས་གསལ་བར་བསྟན་པའི་ཕྱིར། མ་གྲུབ་ན། དེ་བསྟན་པར་ཐལ། དེ་ལྟར་བསྟན་པ་དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དགོངས་པ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཤེར་འགྲེལ་རྨད་དུ་བྱུང་བ་ལས། དང་པོ་དང་བར་བ་ནས་ཀྱང་སྒྲས་ཟིན་ལ་གསལ་བར་སྟོན་པའི་ཚིགས་ཅི་རིགས་པ་ནི་ཡོད་དེ། ཞེསགསུངས་པའི་ཕྱིར། འདོད་ན། དང་བོ་དང་བར་བ་གཉིས་ཆོས་ཅན། ཁྱོད་ལས་གཞན་སྟོང་གསལ་བར་བསྟན་པར་ཐལ། འདོད་པའི་ཕྱིར། འདོད་ན། འཁོར་ལོ་དང་པོ་དང་བར་བ་གཉིས་ཀ་ཆོས་ཅན། ངེས་དོན་གྱི་མདོ་ཡིན་པར་ཐལ། གཞན་སྟོང་གསལ་བར་སྟོན་པའི་མདོ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་བ་ཡོད་པར་ཐལ། ངེས་དོན་གྱི་མདོ་ཡིན་མིན་དེའི་སྒོ་ནས་འཇོག་དགོས་པའི་ཕྱིར། མ་གྲུབ་ན།དེ་ལས་གཞན་ཞིག་གི་སྒོ་ནས་འཇོག་རྒྱུ་ཡིན་པར་ཐལ། སྔ་མའི་བློ་རྩེ་འཐད་པའི་ཕྱིར།འདོད་ན། ཞོག་ཅེས་ཟེར། ངེས་དོན་དོན་དམ་བདེན་པ་དངོས་བསྟན་གཙོ་བོར་བྱས་ནས་བསྟན་མ་བསྟན་གྱི་སྒོ་ནས་འཇོག་ཞེ་ན། མདོ་སྡེ་དགོངས་འགྲེལ་ལས། མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན། ཀུན་བཏགས་པའི་མཚན་ཉིད་གང་ཡིན་པའོ། །ཞེས་པ་དེ་ཆོས་ཅན། ངེས་དོན་གྱི་མདོ་མ་ཡིན་པར་ཐལ། ངེས་དོན་དོན་དམ་བདེན་པ་དངོས་བསྟན་གཙོ་བོར་བྱས་ནས་བསྟན་པའི་མདོ་མ་ཡིན་པའི་ཕྱིར། འདོད་ན། འོ་ན་དགོངས་པ་ངེས་འགྲེལ་ཆོས་ཅན།ངེས་དོན་གྱི་མདོ་མ་ཡིན་པར་ཐལ། ཁྱོད་ལ་ངེས་དོན་གྱི་མདོ་ཡིན་མིན་གཉིས་ཡོད་པའི་ཕྱིར།མ་ཁྱབ་ན། མདོ་ཆོས་ཅན། ངེས་དོན་གྱི་མདོ་ཡིན་པར་ཐལ། ཅིའི་ཕྱིར། མདོ་ཆོས་ཅན། ངེས་དོན་གྱི་མདོ་མ་ཡིན་ཏེ་རྟགས་ཁོད། ཁྱོད་ལ་ངེས་དོན་གྱི་མདོ་ཡིན་མིན་གཉིས་ཡོད་པའི་ཕྱིར་ཟེར་ན། འོ་ན་དགོངས་འགྲེལ་ཆོས་ཅན། ངེས་དོན་གྱི་མདོ་མ་ཡིན་པར་ཐལ། ཁྱོད་ལ་ངེས་དོན་གྱི་མདོ་ཡིན་མིན་གཉིས་ཡོད་པའི་ཕྱིར། འདོད་ན། དགོངས་པ་ངེས་འགྲེལ་ཆོས་ཅན། ངེས་དོན་གྱི་མདོ་ཡིན་པར་ཐལ། བཀའ་འཁོར་ལོ་ཐ་མ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དགོངས་པ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། འཁོར་ལོ་ཐ་མ་ཆོས་ཅན། ངེས་དོན་གྱི་མདོ་ཡིན་པར་ཐལ། འདོད་པའི་ཕྱིར། དེ་ལྟར་དཔྱད་ལ། ཡང་རྒྱལ་བའི་བཀའ་ཐམས་ཅད་ལས་གཞན་སྟོང་དབུ་མ་ཆེན་པོ་སྟོན་པ་ཡིན་པར་ཐལ། བཀའ་ཐམས་ཅད་ལས་ཀྱང་གཞན་སྟོང་དབུ་མ་ཆེན་པོ་ཉིད་སྟོན་པ་ཡིན་ཏེ་ཞེས་སོགས་གསུངས་པའི་ཕྱིར། འདོད་ན། རྒྱལ་བའི་བཀའ་ཐམས་ཅད་ལས་གཞན་སྟོང་དབུ་མ་ཆེན་པོ་མ་སྟོན་པར་ཐལ། གསལ་བའི་ཚུལ་གྱིས་མ་བསྟན་པ་གང་ཞིག མི་གསལ་བའི་ཚུལ་གྱིས་མ་བསྟན་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག ཕྱི་མ་ཡང་གྲུབ་པའི་ཕྱིར། ཕྱི་མ་མ་གྲུབ་ན། མི་གསལ་བའི་ཚུལ་གྱིས་སྟོན་པ་ཡིན་པར་ཐལ། རྟགས་ཕྱི་མ་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། མི་གསལ་བའི་ཚུལ་གྱིས་སྟོན་པ་མ་ཡིན་པར་ཐལ། གསལ་བའི་ཚུལ་གྱིས་སྟོན་པ་ཡིན་པའི་ཕྱིར། མ་གྲུབ་ན། གསལ་བའི་ཚུལ་གྱིས་སྟོན་པ་ཡིན་པར་ཐལ། བཀའ་ཐ་མས་གསལ་བར་སྟོན་པ་གང་ཞིག དང་པོ་དང་བར་བ་གཉིས་ཀྱིས་གསལ་བར་སྟོན་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག ཕྱི་མ་ཡང་གྲུབ་པའི་ཕྱིར། ཕྱི་མ་མ་གྲུབ་ན། དང་པོ་དང་བར་བ་གཉིས་ཀྱིས་གསལ་བར་མ་བསྟན་པ་ཡིན་པར་ཐལ། ཕྱི་མ་མ་གྲུབ་པའི་ཕྱིར། འདོད་ན། དེ་གཉིས་ལས་གསལ་བར་སྟོན་པར་ཐལ། ཚིག་གིས་ཟིན་པའི་སྒོ་ནས་གསལ་བར་སྟོན་པ་ཡིན་པའི་ཕྱིར། མ་གྲུབ་ན། ཚིག་གིས་ཟིན་པའི་སྒོ་ནས་གསལ་བར་སྟོན་པ་ཡིན་པར་ཐལ། སྒྲས་ཟིན་ལ་གསལ་བར་སྟོན་པའི་ཚིག་ཅི་རིགས་པ་ཡོད་པའི་ཕྱིར། མ་གྲུབ་ན། ཡོད་པར་ཐལ། ཡོད་པ་དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དགོངས་པ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཤེས་རབ་སྙིང་པོའི་ཚིག་འགྲེལ་ལས། དང་པོ་དང་བར་བ་ནས་ཀྱང་སྒྲས་ཟིན་ལ་གསལ་བར་སྟོན་པའི་ཚིག་ཅི་རིགས་པ་ནི་ཡོད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། འཁོར་ལོ་དང་པོ་དང་བར་བའི་སྐབས་སུ་གསལ་བར་བསྟན་པར་ཐལ། འདོད་པའི་ཕྱིར། འདོད་ན། དང་པོ་དང་བར་བའི་སྐབས་སུ་གསལ་བར་མ་བསྟན་པར་ཐལ། མི་གསལ་བར་བསྟན་པ་ཡིན་པའི་ཕྱིར། མ་གྲུབ་ན། མི་གསལ་བའི་ཚུལ་གྱིས་བསྟན་པ་ཡིན་པར་ཐལ། ཡིན་པ་དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཐེག་མཆོག་ཤིན་ཏུ་རྒྱས་པའི་རྣམ་བཤད་ཟིན་བྲིས་ལས། དང་པོ་དང་བར་བ་ཡང་གཞན་སྟོང་གསུངས་ཀྱང་མི་གསལ་བ་ཙམ་དུ་གསུངས་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། འདོད་ན། ཞེས་དཔྱད་སྒོ་ཙམ་མོ། །

ཚོགས་སྦྱོར་གཉིས་ལམ་བདེན་ཡིན་མིན་དཔྱད་སྒོ།

ཚོགས་སྦྱོར་གཉིས་ལམ་བདེན་ཡིན་མིན་དཔྱད་སྒོ་ནི།

ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། ལམ་བདེན་གྱི་མཚན་ཉིད། ཟག་མེད་འདུས་བྱས་གང་ཞིག འགོག་བདེན་གྱི་བྲལ་རྒྱུ་ཡིན་པའོ། །ཞེས་གསུངས་པ་ལ། ཚོགས་ལམ་ཆོས་ཅན། ལམ་བདེན་ཡིན་པར་ཐལ། ཟག་མེད་འདུས་བྱས་གང་ཞིག འགོག་བདེན་གྱི་བྲལ་རྒྱུ་ཡིན་པའི་ཕྱིར། འདོད་ན། ཚོགས་ལམ་ཆོས་ཅན། ལམ་བདེན་མ་ཡིན་པར་ཐལ། ལམ་བདེན་རྗེས་མཐུན་པ་ཡིན་པའི་ཕྱིར།མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་སྔོན་མེད་ལེགས་བཤད་ལས། རྗེས་མཐུན་པ་ནི་སོ་སོ་སྐྱེ་བོའི་ལམ་རྣམས་ཀྱང་སྟེ། ཞེས་གསུངས་པའི་ཕྱིར། འདོད་ན། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཚོགས་སྦྱོར་ཡང་ལམ་བདེན་རྗེས་མཐུན་པར་འཇོག་གོ །ཞེས་གསུངས་སོ། །ཚོགས་ལམ་ཆོས་ཅན། ལམ་བདེན་མ་ཡིན་པར་ཐལ།འདོད་པའི་ཕྱིར། འདོད་ན། ཚོགས་ལམ་ཆོས་ཅན། ལམ་བདེན་ཡིན་པར་ཐལ། དེ་ལྟར་ཡིན་པ་རྗེ་བཙུན་འཇམ་དབྱངས་མི་ཡི་རྣམ་པར་རོལ་བ་ཉ་དབོན་ཀུན་དགའ་དཔལ་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེའི་དགོངས་པ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། ཚོགས་ལམ་ཡང་ལམ་བདེན་དུ་འཐད་པར་མངོན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཚོགས་ལམ་ཆོས་ཅན། ལམ་བདེན་ཡིན་པར་ཐལ།འདོད་པའི་ཕྱིར། འདོད་ན། དེ་ལྟར་དཔྱད་པར་བྱའོ། །

ཆོས་རྣམས་བེམ་རིག་གཉིས་སུ་འདུས་མ་འདུས་དང་སྣང་བ་སེམས་ཡིན་མིན་ལ་དཔྱད་སྒོ།

ཆོས་རྣམས་བེམ་རིག་གཉིས་སུ་འདུས་མ་འདུས་དང་སྣང་བ་སེམས་ཡིན་མིན་ལ་དཔྱད་སྒོ་ནི།

ཤེས་བྱ་ཐམས་ཅད་བེམ་རིག་གཉིས་སུ་འདུས་པ་མ་ཡིན་པ་གང་ཞིག མི་འདུས་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག ཕྱི་མ་ཡང་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ན། རྫོགས་ལྡན་ཆོས་མཆོག་གྀ་ལུགས་ལ་ཤེས་བྱ་ཐམས་ཅད་བེམ་རིག་གཉིས་སུ་ཁ་ཚོན་ཆོད་པ་ཡིན་པར་ཐལ། རྟགས་དང་པོ་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཤེས་བྱ་ལ་བེམ་རིག་གཉིས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་བྱ་ལ་བེམ་པོ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཞོག་ཅེས་ཟེར། བྲག་རི་སོགས་ཆོས་ཅན་ཟེར་ན། བྲག་རི་ཆོས་ཅན། བེམ་པོ་མ་ཡིན་པར་ཐལ།སེམས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཁྱོད་སྣང་བ་གང་ཞིག སྣང་བ་རྣམས་སེམས་ཡིན་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཐེག་མཆོག་དབུ་མ་ལས། ཅི་ཙམ་སྣང་བ་གསལ་བའི་སེམས་ཡིན་ཏེ།ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཕྱི་ནང་གི་ཆོས་འདི་རྣམས་སེམས་ལས་གཞན་དུ་མེད་པའི་ཕྱིར་རོ། །ཞེས་དང༌། སྣང་བ་སེམས་སུ་སྒྲུབ་པའི་རིགས་པ་འཕགས་པ་ཐོགས་མེད་ཀྱི་ཐེག་པ་ཆེན་པོ་བསྡུས་པར་གསུངས་པ། ཞེས་སོ། །འདོད་ན། བྲག་རི་སོགས་ཆོས་ཅན། སེམས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སེམས་མ་ཡིན་པར་ཐལ།བེམ་པོ་ཡིན་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་ཆོས་རྗེ་ཐམས་ཅད་མཁྱེན་པ་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་བཀའ་བསྡུ་བཞི་བའི་འགྲེལ་བ་ལས།དེ་ལ་འདུས་བྱས་ཡིན་པའི་བེམ་པོ་ནི་བྲག་རི་ལ་སོགས་པའོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་ཐེག་མཆོག་དབུ་མའི་ཟིན་བྲིས་ལས། སེམས་ཀྱི་མཚན་ཉིད་གསལ་ཞིང་རིག་པ་ལ་སོགས་པ་བེམ་པོར་གྱུར་པའི་ཆོས་རྣམས་ལ་མེད་པའི་ཕྱིར་རོ། །ཞེས་དང༌། བཀའ་བསྡུ་བཞི་བའི་འགྲེལ་པ་ལས། ཡང་ཤེས་བྱ་ལ་ཕྱེ་ན་བེམ་རིག་གཉིས་ཏེ། རང་མི་རིག་པའི་ཤེས་བྱ་དང་རང་རིག་པའི་ཤེས་བྱའོ། །ཞེས་གསུངས་པའི་ལུང་ལ་དཔྱད། རིགས་འཕྲུལ་སྤྲོ་ན།གཟུགས་སོགས་དེ་འཛིན་པའི་ཤེས་པ་ཡིན་ན་བུམ་པ་ལ་དབང་ཤེས་ཚང་བ་ཡིན་མིན་དང༌།མི་གཅིག་ལ་དགྲ་གཉེན་གཉིས་ཀྱིས་ལྟ་ཚེ་དེའི་གཟུགས་དེ་དེ་གཉིས་ཀྱི་མིག་ཤེས་ཡིན་མིན་དང༌། ལོང་བའི་རྒྱུད་ཀྱི་གཟུགས་ཀྱི་སྐྱེ་མཆེད་དེ་མིག་ཤེས་ཡིན་མིན། དེ་ཡིན་ན་ལོང་བ་ལ་མིག་ཤེས་དང་འོན་པ་ལ་རྣ་ཤེས་སོགས་ཡོད་པ་དང༌། འགོག་སྙོམས་པ་ལ་དབང་ཤེས་ཡོད་པར་ཐལ་བ་སོགས་སུ་འགྱུར་རམ་བློ་ལྡན་རྣམས་ཀྱིས་དཔྱད་པར་བྱའོ། །

སྦྱོར་ལམ་རྣལ་འབྱོར་མངོན་སུམ་དང་རྟོག་མེད་ཡིན་མིན་ལ་དཔྱད་སྒོ།

སྦྱོར་ལམ་རྣལ་འབྱོར་མངོན་སུམ་དང་རྟོག་མེད་ཡིན་མིན་ལ་དཔྱད་སྒོ་ནི།

སྦྱོར་ལམ་ཆོས་ཅན། ཆོས་ཉིད་མངོན་སུམ་དུ་རྟོགས་པར་ཐལ། གསལ་སྣང་ཅི་རིགས་ཐོབ་པའི་ཚུལ་གྱིས་རྟོགས་པ་ཡིན་པའི་ཕྱིར། འདོད་ན། སྦྱོར་ལམ་ཆོས་ཅན། ཆོས་ཉིད་མངོན་སུམ་དུ་མ་རྟོགས་པར་ཐལ། སྦྱོར་ལམ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། དྲོད་ཐོབ་ནས་ཆོས་ཉིད་མངོན་སུམ་དུ་མ་མཐོང་བའི་བར་གྱི་ལམ་སྦྱོར་ལམ་ཡིན་པའི་ཕྱིར། མ་གྲུབ་ན། ཡིན་པར་ཐལ། ཡིན་པ་དེ་ཡང་ས་བཟང་མ་ཏི་པཎ་ཆེན་གྱི་དགོངས་པ་ཡིན་པའི་ཕྱིར།མ་གྲུབ་ན། ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཀུན་བཏུས་འགྲེལ་བ་ལས། དྲོད་ཐོབ་ནས་བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་མ་མཐོང་གི་བར་དུ་སྦྱོར་ལམ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། སྦྱོར་ལམ་ཆོས་ཅན། ཁྱོད་ཀྱིས་ཆོས་ཉིད་མངོན་སུམ་དུ་མ་མཐོང་བར་ཐལ། འདོད་པའི་ཕྱིར། འདོད་ན། སྦྱོར་ལམ་ཆོས་ཅན། ཁྱོད་ཀྱིས་ཆོས་ཉིད་མངོན་སུམ་དུ་མ་མཐོང་བ་མ་ཡིན་པར་ཐལ། དེ་མངོན་སུམ་དུ་རྟོགས་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན།ཆོས་ཉིད་མངོན་སུམ་དུ་རྟོགས་པར་ཐལ། ཆོས་ཉིད་ལ་གསལ་སྣང་ཅན་ཡིན་པས་དེ་རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་ཉ་དབོན་ཀུན་དགའ་དཔལ་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དགོངས་པ་ཡིན་པར་ཐལ།དེ་ཉིད་ཀྱིས་མཛད་པའི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། ཡེ་ཤེས་ཆོས་ཉིད་གསལ་སྣང་ཅན་ཡིན་པས་རྣལ་འབྱོར་མངོན་སུམ་དུ་ཁས་བླང་དགོས་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན།འོ་ན་སྦྱོར་ལམ་སྐབས་ཀྱི་ཆོས་ཉིད་ཆོས་ཅན། རྣལ་འབྱོར་མངོན་སུམ་གྱིས་རྟོགས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྣལ་འབྱོར་མངོན་སུམ་གྱིས་རྟོགས་པ་མ་ཡིན་པར་ཐལ། དེ་མ་ཡིན་པ་དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དགོངས་པ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་སྔོན་མེད་ལེགས་བཤད་ལས།རྣལ་འབྱོར་མངོན་སུམ་གྱིས་རྟོགས་པ་ནི་མ་ཡིན་པ་དང༌། ཞེས་གསུངས་པའི་ཕྱིར། གཞན་ཡང་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། ཆོས་ཉིད་སྔར་མ་མཐོང་བ་གསར་དུ་མཐོང་བས་མཐོང་ལམ།ཞེས་དང༌། མཛོད་ལས། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། ཞེས་དང༌། རྒྱུད་བླ་མ་ལས།སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག །བདེན་པ་མཐོང་བ་བཟློག་པ་སྟེ། །ཞེས་དང༌། ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་ཟིན་བྲིས་ལས། ཆོས་ཉིད་ལ་གསལ་སྣང་ཅི་རིགས་ཐོབ་པའི་ཚུལ་གྱིས་རྟོགས་པ་ཡིན་པ་དང་ཞེས་གསུངས་པ་སོགས་བློ་ལྡན་རྣམས་ཀྱིས་དཔྱད་སྒོར་བཀོད་པའོ། །

བདེན་གཉིས་ཀྱི་མཚན་ཉིད་དང་ཀུན་བརྟགས་ཀུན་རྫོབ་བདེན་པ་ཡིན་མིན་ལ་དཔྱད་སྒོ།

བདེན་གཉིས་ཀྱི་མཚན་ཉིད་དང་ཀུན་བརྟགས་ཀུན་རྫོབ་བདེན་པ་ཡིན་མིན་ལ་དཔྱད་སྒོ་ནི།

ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་ཀྱི་མཚན་ཉིད་ངོས་འཛིན་རྒྱུ་མེད་པར་ཐལ། མེད་པའི་ཕྱིར། མ་གྲུབ་ན། དེ་གཉིས་ཀྱི་མཚན་ཉིད་ཡོད་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། དེ་མེད་པར་ཐལ། དོན་དམ་བདེན་པའི་མཚན་ཉིད་ངོས་འཛིན་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཞོག འཕགས་པའི་ཡེ་ཤེས་དམ་པའི་ཡུལ་གང་ཞིག གཤིས་ལ་རང་གི་ངོ་བོ་བདེན་པས་མི་སྟོང་བ་ཆོས་ཅན། དེ་མ་ཡིན་པར་ཐལ། ཀུན་རྫོབ་བདེན་པའི་མཚན་ཉིད་ངོས་འཛིན་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཞོག་ཅེས་ཟེར། རྣམ་ཤེས་ཀྱི་ཡུལ་གང་ཞིགགཤིས་ལ་རང་གི་ངོ་བོ་བདེན་པས་སྟོང་བ་ཆོས་ཅན། འོ་ན་ཀུན་བརྟགས་ཆོས་ཅན། ཀུན་རྫོབ་བདེན་པ་ཡིན་པར་ཐལ། རྣམ་ཤེས་ཀྱི་ཡུལ་གང་ཞིག གཤིས་ལ་རང་གི་ངོ་བོ་བདེན་པས་སྟོང་པ་ཡིན་པའི་ཕྱིར། འདོད་ན། ཀུན་བརྟགས་ཆོས་ཅན། ཀུན་རྫོབ་བདེན་པ་མ་ཡིན་པར་ཐལ། ཀུན་རྫོབ་ཙམ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དགོངས་པ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཐེག་མཆོག་དབུ་མའི་རབ་བྱེད་བདུན་པ་ལས། རང་ལུགས་ཀུན་རྫོབ་ཙམ་དང་ཀུན་རྫོབ་བདེན། །ཀུན་བཏགས་གཞན་དབང་གཉིས་ལ་རིམ་བཞིན་སྦྱོར། །ཞེས་དང༌། རི་ཆོས་ལས། ཀུན་བཏགས་ངོ་བོ་ཉིད་མེད་པ་ནི། རང་གི་མཚན་ཉིད་ཀྱིས་མེད་པ་སྟེ། ཀུན་རྫོབ་ཙམ་མམ་ལོག་པའི་ཀུན་རྫོབ་ཏུ་གྲུབ་པ་ཙམ་ལས་ཀུན་རྫོབ་བདེན་པའམ་ཡང་དག་ཀུན་རྫོབ་ཏུ་ཡང་མ་གྲུབ་པོ། །ཞེས་དང༌། ཐེག་མཆོག་དབུ་མའི་རབ་བྱེད་དང་པོ་ལས། ཀུན་བཏགས་ནམ་ཡང་མེད་མོད་འཁྲུལ་ངོར་སྣང༌། །ཀུན་རྫོབ་ཙམ་ལ་ལྟོས་པའི་དབུ་མའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཀུན་བརྟགས་ཆོས་ཅན། ཀུན་རྫོབ་བདེན་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཀུན་བཏགས་ཆོས་ཅན།ཀུན་རྫོབ་བདེན་པ་ཡིན་པར་ཐལ། རྣམ་ཤེས་ཀྱི་ཡུལ་གང་ཞིག གཤིས་ལ་རང་གི་ངོ་བོ་བདེན་པས་སྟོང་བ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར།མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དུས་གསུམ་སངས་རྒྱས་རྟོན་པ་བཞི་ལྡན་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན།དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་བདེན་གཉིས་གསལ་བའི་ཉི་མ་ལས། རྣམ་ཤེས་ཀྱི་ཡུལ་གང་ཞིག གཤིས་ལ་རང་གི་ངོ་བོ་བདེན་པས་སྟོང་བ་ནི། ཀུན་རྫོབ་བདེན་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། གཞན་ཡང་བདེན་གཉིས་གསལ་བའི་ཉི་མ་ལས། གྲངས་ངེས་ནི་ཤེས་བྱ་ཐམས་ཅད་དོན་དམ་དཔྱོད་པའི་རིགས་པས་དཔྱད་མི་བཟོད་པ་རྣམ་ཤེས་ཀྱི་ཡུལ་དང༌། དཔྱད་བཟོད་པ་ཡང་དག་ཡེ་ཤེས་ཀྱི་ཡུལ་གཉིས་སུ་གྲངས་ངེས་པས་དོན་དམ་བདེན་པ་དང༌། ཀུན་རྫོབ་བདེན་པ་གཉིས་སུ་གྲངས་ངེས་སོ། །ཞེས་དང༌། ཤེར་ཕྱིན་སྔོན་མེད་ལེགས་བཤད་ལས། མཚན་ཉིད་གསུམ་བདེན་པ་གཉིས་སུ་འདུས་ལ། ཞེས་དང༌།ཡབ་སྲས་མཇལ་བའི་མདོ་ལས། ཤེས་པར་བྱ་བ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་པོ་འདིར་ཟད་དོ། ཞེས་དང༌། ཏིང་ངེ་འཛིན་གྱི་མདོ་ལས། གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་དང༌། དབུ་མ་རྩ་ཤེས་ལས། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་སོགས་ཀྱིས་དཔྱད་པར་བྱའོ། །༈ ཀུན་རྫོབ་རྣམས་གཞན་སྟོང་ཡིན་མིན་ལ་དཔྱད་སྒོ་ནི། ངེས་དོན་གཞན་སྟོང་དབུ་མ་ཆེན་པོའི་ལུགས་ལ་གཞི་གྲུབ་ན་གཞན་སྟོང་ཡིན་པས་ཁྱབ་པར་ཐལ། ཁྱབ་པའི་ཕྱིར། མ་གྲུབ་ན། ཁྱབ་པར་ཐལ། ཀུན་རྫོབ་ཡིན་ན་གཞན་སྟོང་ཡིན་པས་ཁྱབ་པ་གང་ཞིག དོན་དམ་ཡིན་ན་གཞན་སྟོང་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག ཕྱི་མ་ཡང་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ན། ཀུན་རྫོབ་རྣམས་ཆོས་ཅན། གཞན་སྟོང་མ་ཡིན་པར་ཐལ། རྟགས་དང་པོ་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཀུན་རྫོབ་རྣམས་ཆོས་ཅན། གཞན་སྟོང་ཡིན་པར་ཐལ། སྔ་རབས་པའི་འཆད་ཚུལ་དང་བསྟུན་ནས་རང་སྟོང་དང་དོན་ལ་གཞན་སྟོང་སྟེ་གཉིས་ཀ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་རྗེ་བཙུན་འཇམ་དབྱངས་མི་ཡི་རྣམ་པར་རོལ་བ་ཉ་དབོན་ཀུན་དགའ་དཔལ་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེའི་དགོངས་པ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། སྔ་རབས་པའི་འཆད་ཚུལ་དང་བསྟུན་ནས་རང་སྟོང་དང་དོན་ལ་གཞན་སྟོང་སྟེ་གཉིས་ཀའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཀུན་རྫོབ་རྣམས་ཆོས་ཅན། གཞན་སྟོང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཀུན་རྫོབ་རྣམས་ཆོས་ཅན། གཞན་སྟོང་མ་ཡིན་པར་ཐལ། གློ་བུར་དྲི་མ་གཞན་སྟོང་མ་ཡིན་པའི་ཕྱིར། མ་གྲུབ་ན། གློ་བུར་དྲི་མ་ཆོས་ཅན། གཞན་སྟོང་མ་ཡིན་པར་ཐལ། ཁ་ཅིག་གིས་བདེན་གཉིས་དང་འཁོར་འདས་དབྱེར་མེད་དུ་འདོད་པ་ལ། རང་ལུགས་ལ་དོན་དམ་བདེ་གཤེགས་སྙིང་པོ་གཞན་སྟོང་ཡིན་པ་ལྟར། གློ་བུར་དྲི་མ་གཞན་སྟོང་ཡིན་པར་ཐལ་བ་འཕེན་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དགོངས་པ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་བཀའ་བསྡུ་བཞི་བ་ལས། བདེ་གཤེགས་སྙིང་པོ་གཞན་སྟོང་ཡིན་པ་ལྟར། །གློ་བུར་དྲི་མ་གཞན་སྟོང་ཡིན་ནམ་ཅི། །ཞེས་གསུངས་པའི་ཕྱིར།དེ་ལྟར་དཔྱད་པར་བྱའོ། །

བདེན་གཉིས་གཅིག་ཐ་དད་ལ་དཔྱད་པའི་སྒོ།

བདེན་གཉིས་གཅིག་ཐ་དད་ལ་དཔྱད་པའི་སྒོ་ནི།

ཀུན་རྫོབ་འཁོར་བ་དང་དོན་དམ་ཆོས་ཉིད་གཉིས་ཆོས་ཅན། ཐ་དད་ལས་གྲོལ་བ་ཡིན་པར་ཐལ། དེའི་ཕྱིར། འདོད་ན།ཀུན་རྫོབ་འཁོར་བ་དང་དོན་དམ་ཆོས་ཉིད་གཉིས་ཆོས་ཅན། ཐ་དད་ལས་གྲོལ་བ་མ་ཡིན་པར་ཐལ། ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། དེ་གཉིས་ཆོས་ཅན། ཐ་དད་ཡིན་པར་ཐལ།གཅིག་པ་བཀག་པའི་ཐ་དད་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང་རྟོན་པ་བཞི་ལྡན་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེའི་དགོངས་པ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཆོས་ཤན་འབྱེད་ལས། ཐ་དད་ཀྱང་ཡིན་པའི་ཕྱིར་ཏེ། ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ།དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཐ་དད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན།འོ་ན་བདེན་པ་གཉིས་ཆོས་ཅན། ཐ་དད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བདེན་པ་གཉིས་ཆོས་ཅན། ཐ་དད་མ་ཡིན་པར་ཐལ། གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་ཅན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེའི་དགོངས་པ་ཡིན་པར་ཐལ།དེ་ཉིད་ཀྱིས་མཛད་པའི་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། བདེན་པ་གཉིས་པོ་ཆོས་ཅན། ཐ་དད་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན།བདེན་པ་གཉིས་ཆོས་ཅན། ཐ་དད་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དགོངས་པ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་བཀའ་བསྡུ་བཞི་བ་ལས། ཐ་དད་གཏན་ནས་མེད་པ་མ་ཡིན་ཏེ། །ངོ་བོ་གཅིག་པ་བཀག་པའི་ཐ་དད་དོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་དཔྱད་པར་བྱའོ། །

གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ངོས་འཛིན་ལ་དཔྱད་སྒོ།

གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ངོས་འཛིན་ལ་དཔྱད་སྒོ་ནི།

གསུང་རབ་ཡན་ལག་བཅུ་གཉིས་ལས་ཆེད་དུ་བརྗོད་པའི་སྡེ་ནི་དཔེ་ཞིག་གཟིགས་ནས་དེ་དང་དོན་སྦྱར་ཏེ་སྟོན་པའི་མདོ་ཡིན་པར་ཐལ། དེ་ལྟར་ཡིན་པའི་ཕྱིར། འདོད་ན། ཆེད་དུ་བརྗོད་པའི་སྡེ་ཆོས་ཅན། དཔེ་ཞིག་གཟིགས་ནས་དེ་དང་དོན་སྦྱར་ཏེ་སྟོན་པ་མ་ཡིན་པར་ཐལ། གང་ཡི་རང་ནས་བརྗོད་པ་དེ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ལྟར་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་ས་བཟང་མ་ཏི་པཎ་ཆེན་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེའི་དགོངས་པ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་འགྲེལ་བ་ལས། ཆེད་དུ་བརྗོད་པའི་སྡེ་གང་ཞེན་ན། གང་ཡི་རང་ནས་བརྗོད་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན།ཆེད་བརྗོད་ཆོས་ཅན། གང་ཡི་རང་ནས་བརྗོད་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གང་ཡི་རང་ནས་བརྗོད་པ་མ་ཡིན་པར་ཐལ། དཔེ་ཞིག་གཟིགས་ནས་དེ་དང་དོན་སྦྱར་ཏེ་སྟོན་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ལྟར་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ།དེ་ཉིད་ཀྱིས་མཛད་པའི་ཐེག་མཆོག་དབུ་མ་ལས། ཆེད་བརྗོད་ནི་དཔེ་ཞིག་གཟིགས་ནས་དེ་དང་དོན་སྦྱར་ཏེ་སྟོན་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཆེད་བརྗོད་ཆོས་ཅན།དཔེ་ཞིག་གཟིགས་ནས་དེ་དང་དོན་སྦྱར་ཏེ་སྟོན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དཔེ་ཞིག་གཟིགས་ནས་དེ་དང་དོན་སྦྱར་ཏེ་སྟོན་པ་ནི་ཆེད་བརྗོད་མ་ཡིན་པར་ཐལ།དེ་རྟོགས་པ་བརྗོད་པའི་སྡེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་རྟོགས་པ་བརྗོད་པའི་སྡེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་ས་བཟང་མ་ཏི་པཎ་ཆེན་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེའི་དགོངས་པ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་འགྲེལ་བ་ལས། རྟོགས་པ་བརྗོད་པའི་སྡེ་གང་ཞེ་ན། དཔེ་དང་བཅས་པར་གསུངས་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྟོགས་པ་བརྗོད་པའི་སྡེ་ཆོས་ཅན། དཔེ་དང་བཅས་པར་གསུངས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མ་ཡིན་པར་ཐལ། རྟོགས་པ་བརྗོད་པའི་སྡེ་ནི་ལོ་རྒྱུས་ཀྱི་ཚུལ་དུ་སྟོན་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ།དེ་ལྟར་ཡིན་པ་དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ལྟར་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཐེག་མཆོག་དབུ་མ་ལས། རྟོགས་བརྗོད་ནི། སྔོན་འདི་བྱས་པས་ད་ལྟ་འདི་ལྟ་བུ་བྱུང་ངོ༌། །ཞེས་ལོ་རྒྱུས་ཀྱི་ཚུལ་གྱིས་བསྟན་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྟོགས་བརྗོད་ལོ་རྒྱུས་ཀྱི་ཚུལ་གྱིས་བསྟན་པ་དེ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མ་ཡིན་པར་ཐལ། ལོ་རྒྱུས་ཀྱི་ཚུལ་གྱིས་བསྟན་པ་དེ་དེ་ལྟ་བུ་བྱུང་གི་སྡེ་ཡིན་པའི་ཕྱིར། མ་གྲུབ་ན། ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་ས་བཟང་མ་ཏི་པཎ་ཆེན་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེའི་དགོངས་པ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་འགྲེལ་བ་ལས། དེ་ལྟ་བུ་བྱུང་གི་སྡེ་གང་ཞེ་ན། གང་སྔོན་གྱི་སྦྱོར་བ་དང་ལྡན་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན།དེ་མ་ཡིན་པར་ཐལ། དེ་ལྟ་བུ་བྱུང་གི་སྡེ་ནི་ཉན་ཐོས་ཀྱི་སྐྱེས་རབས་མདོ་སྡེ་རྣམས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ལྟར་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཐེག་མཆོག་དབུ་མ་ལས། དེ་ལྟ་བུ་བྱུང་བའི་སྡེ་ནི་ཤཱ་རིའི་བུ་སོགས་ཉན་ཐོས་ཀྱི་སྐྱེས་རབས་རྣམས་སོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་དཔྱད་པར་བྱའོ། །

གཟུགས་སྐུ་གཉིས་དོན་དམ་དང་ཀུན་རྫོབ་གང་ཡིན་དང་དེ་གཉིས་སངས་རྒྱས་ཡིན་མིན་དཔྱད་པའི་སྒོ།

གཟུགས་སྐུ་གཉིས་དོན་དམ་དང་ཀུན་རྫོབ་གང་ཡིན་དང་དེ་གཉིས་སངས་རྒྱས་ཡིན་མིན་དཔྱད་པའི་སྒོ་ནི།

གཟུགས་སྐུ་གཉིས་ཀུན་རྫོབ་གཟུགས་སྐུ་ཡིན་པར་ཐལ།ཡིན་པའི་ཕྱིར། འདོད་ན། གཟུགས་སྐུ་གཉིས་ཆོས་ཅན། ཀུན་རྫོབ་གཟུགས་སྐུ་མ་ཡིན་པར་ཐལ། དོན་དམ་པ་ཆོས་ཉིད་ཀྱི་སྐུ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ལྟར་ཡིན་པར་ཐལ། དེ་ལྟར་ཡིན་པ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ལྟར་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཕར་ཕྱིན་མདོ་ལུགས་མ་ལས། གཟུགས་སྐུ་གཉིས་ནི་སངས་རྒྱས་རང་ཉིད་ཀྱི་ཆ་ནས་དོན་དམ་པ་ཆོས་ཉིད་ཀྱི་སྐུ་འབའ་ཞིག་ཡིན་ཡང༌། ཞེས་གསུངས་པའི་ཕྱིར། འདོད་ན། གཟུགས་སྐུ་གཉིས་ཆོས་ཅན། ཀུན་རྫོབ་གཟུགས་སྐུ་མ་ཡིན་པར་ཐལ། དོན་དམ་པ་ཆོས་ཉིད་ཀྱི་སྐུ་ཡིན་པར་འདོད་པའི་ཕྱིར། འདོད་ན།གཟུགས་སྐུ་གཉིས་ཆོས་ཅན། ཀུན་རྫོབ་གཟུགས་སྐུ་ཡིན་པར་ཐལ། དེ་ལྟར་ཡིན་པ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ལྟར་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་རི་ཆོས་ངེས་དོན་རྒྱ་མཚོ་ལས། གཟུགས་སྐུ་རྣམ་པ་གཉིས་ནི་ཀུན་རྫོབ་ཀྱི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་བའི་སྐུ་སྟེ་ཐུན་མོང་དུ་རབ་ཏུ་གྲགས་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། གཟུགས་སྐུ་གཉིས་ཆོས་ཅན། ཀུན་རྫོབ་གཟུགས་སྐུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་སྐུ་གཉིས་ཆོས་ཅན།ཀུན་རྫོབ་གཟུགས་སྐུ་མ་ཡིན་པར་ཐལ། སངས་རྒྱས་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན།དེ་མ་ཡིན་པར་ཐལ། གདུལ་བྱ་གཞན་སྣང་གིས་བསྡུས་ཀྱི་སངས་རྒྱས་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ལྟར་མ་ཡིན་པར་ཐལ། དེ་མ་ཡིན་པ་རྗེ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཚུལ་གཉིས་རྣམ་འབྱེད་ལས།གཟུགས་སྐུ་གདུལ་བྱ་གཞན་སྣང་གིས་བསྡུས་ཀྱི་སངས་རྒྱས་མ་ཡིན་པར་བཞེད་པ་དང༌།ཞེས་གསུངས་པའི་ཕྱིར། འདོད་ན། གཟུགས་སྐུ་གཉིས་ཆོས་ཅན། སངས་རྒྱས་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་སྐུ་གཉིས་ཆོས་ཅན། སངས་རྒྱས་ཡིན་པར་ཐལ། སངས་རྒྱས་ཀྱི་སས་བསྡུས་ཀྱི་ཡོན་ཏན་ཁོ་ན་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ལྟར་ཡིན་པར་ཐལ། དེ་ཡིན་པ་འཇམ་པའི་དབྱངས་དངོས་ཉ་དཔོན་ཀུན་དགའ་དཔལ་གྱི་དགོངས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ལྟར་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་གཞི་ལམ་འབྲས་གསུམ་གྱི་དྲིས་ལན་ཡིད་ཀྱི་མུན་སེལ་ལས། དེས་ན་རྫོགས་པའི་སངས་རྒྱས་ཀྱི་ལོངས་སྤྲུལ་གཉིས་པོ་ཡང་སངས་རྒྱས་ཀྱི་སས་བསྡུས་ཀྱི་ཡོན་ཏན་ཁོ་ནར་ངེས་སོ། །ཞེས་དང༌། ཀུན་གཞི་ཡེ་ཤེས་ལྔའི་རབ་ཏུ་དབྱེ་བ་ལས། ཀུན་གཞི་ཡིན་ལ་སངས་རྒྱས་མིན་པ་ཡོད། །སངས་རྒྱས་ཡིན་ལ་ཀུན་གཞི་མིན་པ་ཡོད། །གཉིས་ཀ་ཡིན་ལ་གཉིས་ཀ་མིན་པ་ཡོད། །ཅེས་གསུངས་སོ། །དེ་ལྟ་བུའི་སྒོ་ནས་དཔྱད་སྒོ་རེ་སྣང་ངོ༌། །

ཆོས་ཀྱི་བདག་མེད་ཉན་རང་གིས་རྟོགས་མ་རྟོག་ལ་དཔྱད་སྒོ།

ཆོས་ཀྱི་བདག་མེད་ཉན་རང་གིས་རྟོགས་མ་རྟོག་ལ་དཔྱད་སྒོ་ནི།

ཆོས་ཀྱི་བདག་མེད་དེ་ཉན་རང་གིས་རྟོགས་པ་མ་ཡིན་པ་གང་ཞིག མ་རྟོགས་པ་མ་ཡིན་པའི་ཕྱིར།རྟགས་དང་པོ་མ་གྲུབ་ན། ཆོས་ཀྱི་བདག་མེད་དེ་ཉན་རང་གིས་རྟོགས་པ་ཡིན་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཆོས་ཀྱི་བདག་མེད་དེ་ཉན་རང་གིས་རྟོགས་པ་མ་ཡིན་པར་ཐལ། དེ་ལྟར་མ་ཡིན་པ་འཇམ་མགོན་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ལྟར་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་གཞན་སྟོང་དབུ་མའི་རྒྱན་ལས། དེ་ཕྱིར་ཉན་རང་འཕགས་པའི་ཆོས་ཐམས་ཅད། །ཆོས་བདག་མེད་པར་རྟོགས་ཞེས་འདི་མི་འཐད། །ཅེས་གསུངས་པའི་ཕྱིར། འདོད་ན། ཆོས་ཀྱི་བདག་མེད་ཆོས་ཅན། ཉན་རང་གིས་མ་རྟོགས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཀྱི་བདག་མེད་ཆོས་ཅན། ཉན་རང་གིས་རྟོགས་པ་ཡིན་པར་ཐལ། བཟུང་བ་བདེན་མེད་རྟོགས་པའི་ཕྱིར། རྟགས་མ་གྲུབ་ན། དེ་རྟོགས་པར་ཐལ། དེ་ལྟར་རྟོགས་པ་ཉ་དབོན་ཀུན་དགའ་དཔལ་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། རང་རྒྱལ་ལ་བཟུང་བ་རང་བཞིན་མེད་པར་རྟོགས་པ་ཡོད་པས།ཞེས་གསུངས་པའི་ཕྱིར། འདོད་ན། རང་རྒྱལ་ལ་བཟུང་བ་རང་བཞིན་མེད་པར་རྟོགས་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་ཐལ།འདོད་པའི་ཕྱིར། འདོད་ན། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་ཐལ། དེ་ལྟར་རྟོགས་པ་མེད་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ལྟར་ཡིན་པར་ཐལ། དེ་ཉིད་ཀྱིས་གསུངས་པའི་རྒྱན་སྡུག་པོ་བཀོད་པའི་མདོ་ལས། ཕུང་པོ་གང་ཟག་བདག་མེད་པར། །རབ་ཏུ་རྣམ་ཕྱེ་མཐོང་གྱུར་ཅིང༌། །ཆོས་ཀྱི་དངོས་ཡོད་མ་བཤིག་པར། །ཉན་ཐོས་དེ་དག་མངོན་རྟོགས་གྱུར། །བདག་མེད་གཉིས་ལ་མཁས་པ་རྣམས། །རྒྱལ་བའི་སྲས་རྣམས་སྒོམ་པར་བྱེད། །ཅེས་གསུངས་པའི་ཕྱིར། འདོད་ན། ཆོས་ཀྱི་བདག་མེད་ཆོས་ཅན། ཉན་རང་གིས་མ་རྟོགས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཀྱི་བདག་མེད་ཆོས་ཅན། ཉན་རང་གིས་རྟོགས་པ་ཡིན་པར་ཐལ།མཚན་མ་མེད་པར་མ་རྟོགས་པར་ཐར་བ་ཐོབ་པ་མེད་པའི་ཕྱིར། མ་གྲུབ་ན། དེ་མ་རྟོགས་པར་ཐར་བ་ཐོབ་པ་མེད་པར་ཐལ། དེ་ལྟར་མེད་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ལྟར་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་འཇིག་རྟེན་ལས་འདས་པར་བསྟོད་པ་ལས། མཚན་མ་མེད་པར་མ་རྟོགས་པར། །ཁྱོད་ཀྱིས་ཐར་བ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་གསུངས་པའི་ཕྱིར། །གཞན་ཡང་ས་བཅུ་བའི་མདོ་ལས་ཉན་རང་གཉིས་ས་དང་པོའི་བློས་ཟིལ་གྱིས་མི་གནོན་པར་གསུངས་པ་སོགས་ལ་དཔྱད་པར་བྱའོ། །

རིགས་གནས་ཚུལ་དང་སྣང་ཚུལ་སོགས་གང་ཡིན་དཔྱད་པའི་སྒོ།

རིགས་གནས་ཚུལ་དང་སྣང་ཚུལ་སོགས་གང་ཡིན་དཔྱད་པའི་སྒོ་ནི།

རིགས་ཆོས་ཅན། གནས་ཚུལ་གྱི་དབང་དུ་བྱས་པ་ཡིན་པར་ཐལ། གནས་ཚུལ་མཐར་ཐུག་ཡིན་པའི་ཕྱིར། མ་གྲུབ་ན། རིགས་ཆོས་ཅན། གནས་ཚུལ་མཐར་ཐུག་ཡིན་པར་ཐལ། ཆོས་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། རིགས་ཆོས་ཅན། ཆོས་ཉིད་ཡིན་པར་ཐལ། ཆོས་ཉིད་ལ་རིགས་འཇོག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཡིན་པ་ཉ་དབོན་ཀུན་དགའ་དཔལ་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། དེས་ན་ཆོས་ཉིད་ལ་རིགས་ཞེས་བྱ་སྟེ། ཞེས་གསུངས་པའི་ཕྱིར། འདོད་ན། རིགས་ཆོས་ཅན། གནས་ཚུལ་གྱི་དབང་དུ་བྱས་པ་ཡིན་པར་ཐལ།འདོད་པའི་ཕྱིར། འདོད་ན། རིགས་ཆོས་ཅན། གནས་ཚུལ་གྱི་དབང་དུ་བྱས་པ་མ་ཡིན་པར་ཐལ། སྣང་ཚུལ་གྱི་དབང་དུ་བྱས་པ་ཡིན་པའི་ཕྱིར། མ་གྲུབ་ན། རིགས་ཆོས་ཅན། སྣང་ཚུལ་གྱི་དབང་དུ་བྱས་པ་ཡིན་པར་ཐལ། དེ་ལྟར་ཡིན་པ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ལྟར་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་རྣམ་པར་ངེས་པ་ལས། རྣལ་འབྱོར་ཅན་གྱི་བློ་ལ་གོ་བསྟུན་ནས། །དེ་ནི་རིགས་ཡིན་དེ་ནི་ཁམས་ཀྱང་ཡིན། །ཞེས་གསུངས་པའི་ཕྱིར། འདོད་ན།རིགས་ཆོས་ཅན། སྣང་ཚུལ་གྱི་དབང་དུ་བྱས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན།རིགས་ཆོས་ཅན། ཀུན་རྫོབ་བདེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རིགས་ཆོས་ཅན། ཀུན་རྫོབ་བདེན་པ་མ་ཡིན་པར་ཐལ། དོན་དམ་བདེན་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། རིགས་ལ་སོགས་པའི་མཚན་ཉིད་རྣམ་པ་དགུ་པོ་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ལྟར་ཡིན་པར་ཐལ། དེ་ལྟར་ཡིན་པ་རྗེ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱི་གསུང་ཟིན་བྲིས་སུ་བཏབ་པ་ཐེག་མཆོག་ཊཱིཀ་ཟིན་ལས། དེ་ལྟར་ན་དགུ་པོ་དེ་རྣམས་ནི་ཆོས་དབྱིངས་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། རིགས་ཆོས་ཅན། ཆོས་དབྱིངས་ཀྱི་མཚན་ཉིད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རིགས་ཆོས་ཅན། ཆོས་དབྱིངས་ཀྱི་མཚན་ཉིད་མ་ཡིན་པར་ཐལ། སྣང་ཚུལ་གྱི་དབང་དུ་བྱས་ནས་ཁྱད་ཆོས་གསུམ་ལྡན་དུ་བཞག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ལྟར་ཡིན་པར་ཐལ། དེ་ཡིན་པ་རྗེ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཐེག་མཆོག་དབུ་མ་ལས། ཐོག་མེད་དུས་ནས་བརྒྱུད་དེ་འོངས་པ་དང༌། །ཆོས་ཉིད་ཀྱིས་ཐོབ་སྐྱེ་མཆེད་དྲུག་གི་ཆོས། །དེ་འདྲ་བ་ཞེས་ཁྱད་ཆོས་གསུམ་ལྡན་པར། ། གསུངས་དང༌། ཞེས་གསུངས་པའི་ཕྱིར། དེ་ལྟར་དཔྱད་པར་བྱའོ། །

དྲི་བཅས་ཀྱི་ཆོས་ཉིད་ཡོད་མེད་དཔྱད་སྒོ།

དྲི་བཅས་ཀྱི་ཆོས་ཉིད་ཡོད་མེད་དཔྱད་སྒོ་ནི།

ཐེག་མཆོག་དབུ་མའི་ཟིན་བྲིས་ལས།ཆོས་ཉིད་དེ་ལ་གློ་བུར་གྱི་དྲི་མས་ནམ་ཡང་གོས་མ་མྱོང་བའི་ཕྱིར་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཏེ། ཞེས་སོགས་ཀྱི་དོན་ལ་དཔྱད་པ་ལ། འོ་ན་ཆོས་ཉིད་ཡིན་ན་དྲི་མེད་ཀྱི་ཆོས་ཉིད་ཡིན་པས་ཁྱབ་པར་ཐལ། ལུང་དེའི་ཕྱིར། འདོད་ན། དྲི་བཅས་ཀྱི་ཆོས་ཉིད་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དྲི་བཅས་ཀྱི་ཆོས་ཉིད་ཆོས་ཅན། ཡོད་པར་ཐལ། ཁྱོད་ལ་ལྟོས་ནས་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བཞག་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ལྟར་ཡིན་པར་ཐལ། དེ་ཡིན་པ་ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་ཀྱི་དགོངས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་རྒྱུད་བླ་ཐོགས་འགྲེལ་ལས། དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཀྱི་དབང་དུ་མཛད་ནས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། དྲི་བཅས་ཀྱི་དེ་བཞིན་ཉིད་ཆོས་ཅན། ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དྲི་བཅས་ཀྱི་དེ་བཞིན་ཉིད་མེད་པར་ཐལ། ཆོས་ཉིད་ཡིན་ན་དྲི་མེད་ཀྱི་དེ་བཞིན་ཉིད་ཡིན་པས་ཁྱབ་པའི་ཕྱིར། རྟགས་མ་གྲུབ་ན། དེ་ལྟར་ཁྱབ་པར་ཐལ། དེ་ཁྱབ་པ་རྗེ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་བསྟན་བཅོས་སྙིང་པོ་ལས། དེ་བཞིན་ཉིད་ལ་དྲི་བཅས་ནམ་ཡང་མེད། །ཅེས་གསུངས་པའི་ཕྱིར། འདོད་ན། འོ་ན་དྲི་བཅས་ཀྱི་དེ་བཞིན་ཉིད་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དྲི་བཅས་ཆོས་ཅན། ཁྱོད་ཀྱི་ཆོས་ཉིད་ཡོད་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། མ་ཁྱབ་ན། འོ་ན་སེམས་ཅན་ཆོས་ཅན། ཁྱོད་ཀྱི་ཆོས་ཉིད་མེད་པར་ཐལ། ཅིའི་ཕྱིར་ཞེ་ན། འོ་ན་སེམས་ཅན་ཆོས་ཅན། ཁྱོད་ཀྱི་ཆོས་ཉིད་ཡོད་དེ། རྟགས་ཁོད། གཞི་གྲུབ་པའི་ཕྱིར་ཟེར་ན། འོ་ན་དྲི་བཅས་ཆོས་ཅན། ཁྱོད་ཀྱི་ཆོས་ཉིད་ཡོད་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དྲི་བཅས་ཀྱི་ཆོས་ཉིད་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཞེས་དེ་ལྟར་རིགས་འཕྲུལ་སྤྲོ་བར་བྱའོ། །

རྒྱས་འགྱུར་གྱི་རིགས་ཆོས་ཉིད་དང་འདུས་བྱས་གང་ཡིན་ལ་དཔྱད་སྒོ།

རྒྱས་འགྱུར་གྱི་རིགས་ཆོས་ཉིད་དང་འདུས་བྱས་གང་ཡིན་ལ་དཔྱད་སྒོ་ནི།

ཆོས་ཉིད་ཆོས་ཅན། རིགས་ཡིན་པར་ཐལ། བདེ་གཤེགས་སྙིང་པོ་ཡིན་པའི་ཕྱིར། འདོད་ན། ཆོས་ཉིད་ཆོས་ཅན། རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་གཉིས་ཀ་ཡིན་པར་ཐལ། ཅིའི་ཕྱིར་ཞེ་ན། དེ་ལྟར་ཡིན་པར་ཐལ། དེ་ལྟར་ཡིན་པ་ཀུན་མཁྱེན་ཇོ་ནང་བ་ཆེན་པོ་དོལ་བོ་བ་ཤེས་རབ་རྒྱལ་མཚན་གྱི་དགོངས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན།དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཕར་ཕྱིན་མདོ་ལུགས་མ་ལས། ཆོས་ཀྱི་དབྱིངས་ཉིད་སྔོན་རྒྱུའི་གནས་སྐབས་ན་རིགས་རྣམ་པ་གཉིས་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། ཆོས་ཉིད་ཆོས་ཅན། རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་གཉིས་ཀ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཉིད་ཆོས་ཅན། རྒྱས་འགྱུར་གྱི་རིགས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཉིད་ཆོས་ཅན། འདུས་བྱས་ཡིན་པར་ཐལ། རྒྱས་འགྱུར་གྱི་རིགས་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། རྒྱས་འགྱུར་གྱི་རིགས་ཡིན་ན་བྱང་ཆུབ་ཀྱི་རྒྱུར་གྱུར་བའི་དགེ་བ་འདུས་བྱས་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན།རྒྱས་འགྱུར་གྱི་རིགས་ཡིན་ན་བྱང་ཆུབ་ཀྱི་རྒྱུར་གྱུར་བའི་དགེ་བ་འདུས་བྱས་ཡིན་པས་ཁྱབ་པར་ཐལ། དེ་རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ལྟར་ཡིན་པར་ཐལ། དེ་ལྟར་ཡིན་པ་འཇམ་པའི་དབྱངས་དངོས་ཉ་དབོན་ཀུན་དགའ་དཔལ་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། མཚན་ཉིད་ནི། བྱང་ཆུབ་ཀྱི་རྒྱུར་གྱུར་པའི་དགེ་བ་འདུས་བྱས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྒྱས་འགྱུར་གྱི་རིགས་ཆོས་ཅན། འདུས་བྱས་ཡིན་པར་ཐལ།འདོད་པའི་ཕྱིར། འདོད་ན། ཆོས་ཉིད་ཆོས་ཅན། འདུས་བྱས་ཡིན་པར་ཐལ། རྒྱས་འགྱུར་གྱི་རིགས་ཡིན་པའི་ཕྱིར། མ་གྲུབ་ན། ཆོས་ཉིད་ཆོས་ཅན། རྒྱས་འགྱུར་གྱི་རིགས་ཡིན་པར་ཐལ། རིགས་རྣམ་པ་གཉིས་ཀ་ཡིན་པའི་ཕྱིར། མ་གྲུབ་ན། རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་གཉིས་ཀ་ཡིན་པར་ཐལ། དེ་ལྟར་ཡིན་པ་ཀུན་མཁྱེན་ཇོ་ནང་བ་ཆེན་པོ་དོལ་བོ་པ་ཤེས་རབ་རྒྱལ་མཚན་གྱི་དགོངས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཕར་ཕྱིན་མདོ་ལུགས་མ་ལས། མཆོག་དེ་ཉིད་ཀྱི་ངོ་བོ་རང་བཞིན་དང་རྒྱས་པའི་རིགས་སུ་བསྟན་ཏེ། ཞེས་གསུངས་པའི་ཕྱིར། ཞེས་ལས་དང་པོ་བ་ལ་དཔྱད་སྒོ་ཙམ་ཡིན་ནོ། །

ཀུན་རྫོབ་ཀྱི་ཆོས་རྣམས་སྤྲོས་བྲལ་ཡིན་མིན་ལ་དཔྱད་སྒོ།

ཀུན་རྫོབ་ཀྱི་ཆོས་རྣམས་སྤྲོས་བྲལ་ཡིན་མིན་ལ་དཔྱད་སྒོ་ནི།

ཀུན་རྫོབ་རྣམས་སྤྲོས་བྲལ་མ་ཡིན་པར་ཐལ། གཟུང་འཛིན་གྱི་སྤྲོས་པ་དང་བཅས་པ་ཡིན་པའི་ཕྱིར། འདོད་ན། ཀུན་རྫོབ་རྣམས་སྤྲོས་བྲལ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཀུན་རྫོབ་རྣམས་སྤྲོས་བྲལ་དུ་ཤེས་པའི་ཤེས་རབ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཀུན་རྫོབ་རྣམས་སྤྲོས་བྲལ་དུ་ཤེས་པའི་ཤེས་རབ་ཡོད་པར་ཐལ། དེ་འདྲའི་ཤེས་རབ་རང་སྟོང་བའི་རྒྱུད་ལ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། དེ་ཡོད་པ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། རྗེ་དེ་ཉིད་ཀྱི་གསུང་ཟིན་བྲིས་སུ་བཏབ་པ་ཐེག་མཆོག་ཊཱིཀ་ཟིན་ལས། རང་སྟོང་བ་རྣམས་ཆོས་ཐམས་ཅད་སྤྲོས་བྲལ་དུ་ཤེས་པའི་ཤེས་རབ་དང༌། ཞེས་གསུངས་པའི་ཕྱིར། བློ་གསར་དག་ལ་དཔྱད་སྒོ་ཙམ་མོ། །

འཁོར་འདས་གཉིས་ཀའི་གཞི་གང་ཡིན་སོགས་ལ་དཔྱད་པའི་སྒོ།

འཁོར་འདས་གཉིས་ཀའི་གཞི་གང་ཡིན་སོགས་ལ་དཔྱད་པའི་སྒོ་ནི།

དབྱིངས་ཉིད་ཀུན་གཞི་ཡེ་ཤེས་སུ་སྐྱེས་བུ་དམ་པ་རྣམས་ཀྱི་དགོངས་སོ། །ཞེས་སོགས་གསུངས་པ་ལ།དབྱིངས་ཉིད་ཀུན་གཞི་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དབྱིངས་ཆོས་ཅན།འཁོར་འདས་གཉིས་ཀའི་གཞི་ཡིན་པར་ཐལ། ཀུན་གཞི་ཡིན་པའི་ཕྱིར། རྟགས་ཁས།འདོད་ན། དབྱིངས་ཆོས་ཅན། གཉེན་པོ་ཟག་མེད་དང༌། སྤང་བྱ་གཉིས་ཀའི་གཞི་ཡིན་པར་ཐལ། འཁོར་འདས་གཉིས་ཀའི་གཞི་ཡིན་པར་འདོད་པའི་ཕྱིར། འདོད་ན། དབྱིངས་ཆོས་ཅན། འགལ་བའི་ཆོས་གཉིས་ཀྱི་གཞི་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དབྱིངས་ཆོས་ཅན། འགལ་བའི་ཆོས་གཉིས་ཀའི་གཞི་མ་ཡིན་པར་ཐལ། འགལ་བའི་ཆོས་གཉིས་ཀའི་རྟེན་གཅིག་པ་མི་སྲིད་པའི་ཕྱིར། མ་གྲུབ་ན། དེ་ལྟར་མི་སྲིད་པར་ཐལ། དེ་མི་སྲིད་པ་རྟོན་པ་བཞི་ལྡན་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཕར་ཕྱིན་མདོ་ལུགས་མ་ལས། འགལ་བ་དག་རྟེན་གཅིག་པར་མི་འཐད་པའི་ཕྱིར་ཏེ། གྲང་བ་དང་དྲོ་བའི་རེག་པ་རྟེན་གཅིག་པར་མི་འཐད་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། དབྱིངས་ཆོས་ཅན། སྤང་གཉེན་གཉིས་ཀའི་རྟེན་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དབྱིངས་ཆོས་ཅན། འཁོར་འདས་གཉིས་ཀའི་རྟེན་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དབྱིངས་ཆོས་ཅན།འཁོར་འདས་གཉིས་ཀའི་རྟེན་ཡིན་པར་ཐལ། དེ་ལྟར་ཡིན་པ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། རྗེ་དེ་ཉིད་ཀྱིས་མཛད་པའི་ཐེག་མཆོག་དབུ་མ་རྣམ་པར་ངེས་པ་ལས། འཁོར་འདས་ཀུན་གྱི་གཞི་ཡིན་དོན་དམ་ཕྱིར། །ཞེས་གསུངས་པའི་ཕྱིར། འདོད་ན། དབྱིངས་ཆོས་ཅན། འཁོར་འདས་གཉིས་ཀའི་གཞི་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དབྱིངས་ཆོས་ཅན། གཉེན་པོ་ཟག་མེད་དང༌། སྤང་བྱ་གཉིས་ཀའི་གཞི་ཡིན་པར་ཐལ། འཁོར་འདས་གཉིས་ཀའི་གཞི་ཡིན་པར་འདོད་པའི་ཕྱིར། འདོད་ན། དེ་གཉིས་ཀའི་གཞི་རྟེན་གཅིག་མ་ཡིན་པར་ཐལ། སྣང་མུན་གྱི་རྟེན་གཅིག་མི་རུང་བ་བཞིན་སྤང་གཉེན་གཉིས་ཀྱི་རྟེན་སོ་སོ་ནས་བཞག་དགོས་པའི་ཕྱིར། མ་གྲུབ་ན། དེ་ལྟར་ཡིན་པར་ཐལ། དེ་ཡིན་པ་གངས་ཅན་ཤིང་རྟའི་སྲོལ་འབྱེད་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཕར་ཕྱིན་མདོ་ལུགས་མ་ལས། སྣང་བ་དང་མུན་པའི་རྟེན་གཅིག་ཏུ་མི་རུང་བ་བཞིན་དུ་སྤང་བྱ་དང་གཉེན་པོའི་ཆོས་དག་འཇུག་པའི་རྟེན་ཀུན་གཞི་གཉིས་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། ཀུན་གཞི་རྣམ་ཤེས་ཆོས་ཅན། འཁོར་བ་ལས་རྣམ་བྱང་ཟག་མེད་ཀྱི་ས་བོན་གྱི་རྟེན་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཀུན་གཞི་རྣམ་ཤེས་དེ་ཟག་མེད་ཀྱི་ས་བོན་གྱི་རྟེན་ཡིན་པར་ཐལ། དེ་ལྟར་ཡིན་པ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། རྗེ་དེ་ཉིད་ཀྱིས་མཛད་པའི་ཐེག་མཆོག་དབུ་མ་རྣམ་པར་ངེས་པ་ལས། འཁོར་དང་ལམ་གྱི་གཞི་གྱུར་ཀུན་གཞི་སྟེ། །ཞེས་དང༌། དེའི་ཟིན་བྲིས་ལས། ཟག་པ་མེད་པའི་ས་བོན་ནི། ཀུན་གཞི་རྣམ་ཤེས་ཀྱི་སྟེང་དུ་བཞག་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། འདོད་ན། ཀུན་གཞི་རྣམ་ཤེས་ཟག་མེད་ཀྱི་ས་བོན་གྱི་རྟེན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཀུན་གཞི་རྣམ་ཤེས་ཟག་མེད་ཀྱི་ས་བོན་གྱི་རྟེན་མ་ཡིན་པར་ཐལ། ཟག་མེད་ཀྱི་ས་བོན་དེ་དེའི་གཉེན་པོའི་ས་བོན་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ལ་ཁྱབ་པ་ཡོད་པར་ཐལ། དེ་ལྟར་ཁྱབ་པ་འཕགས་པ་ཐོགས་མེད་ཀྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཐེག་བསྡུས་ལས། དེ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་མ་ཡིན་ཏེ། དེའི་གཉེན་པོའི་ས་བོན་ཉིད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། རིགས་པའི་སྒོ་བརྒྱ་འབྱེད་པའི་ས་བོན་ཡིན་ནོ།།

༈ ཤེར་ཕྱིན་བྱམས་ཞུས་ལེའུ་བཀའ་བར་ཐ་གང་ཡིན་སོགས་ལ་དཔྱད་པའི་སྒོ་ནི།བཀའ་བསྡུ་བཞི་བ་ལས། སྙིང་པོའི་མདོ་ལྔ་མདོ་བཅུ་ལ་སོགས་སུ། །ཞེས་སོགས་ཀྱི་སྐབས་སུ་ཤེར་ཕྱིན་བྱམས་ཞུས་ཀྱི་ལེའུ་ཆོས་ཅན། ངེས་དོན་གྱི་མདོ་ཡིན་པར་ཐལ། ངེས་དོན་མདོ་བཅུའི་གཉིས་པ་ཡིན་པའི་ཕྱིར། འདོད་ན། ཤེར་ཕྱིན་བྱམས་ཞུས་ཀྱི་ལེའུ་ཆོས་ཅན། ངེས་དོན་གྱི་མདོ་མ་ཡིན་པར་ཐལ། དྲང་དོན་གྱི་མདོ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། འཁོར་ལོ་བར་བ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ། དེ་ལྟར་ཁྱབ་པ་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན།དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་མདོ་སྡེ་དགོངས་འགྲེལ་ལས། ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། ཞེས་གསུངས་པའི་ཕྱིར། འདོད་ན། ཤེར་ཕྱིན་བྱམས་ཞུས་ཀྱི་ལེའུ་ཆོས་ཅན། ངེས་དོན་གྱི་མདོ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤེར་ཕྱིན་བྱམས་ཞུས་ཀྱི་ལེའུ་ཆོས་ཅན།ངེས་དོན་གྱི་མདོ་ཡིན་པར་ཐལ། ངེས་དོན་མདོ་བཅུའི་གཉིས་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་ཀུན་མཁྱེན་དོལ་བོ་བ་ཤེས་རབ་རྒྱལ་མཚན་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱི་གསུང་རབ་ལས། བྱང་ཆུབ་སེམས་དཔའི་བསླབ་པ་རབ་ཏུ་དབྱེ་བའི་ལེའུ་ཆ་བཅུ་གཉིས་བྱམས་ཞུས་སུ་གྲགས་པ་གཉིས་གཅིག་ཏུ་བསྡུས་པ། ཞེས་གསུངས་པའི་ཕྱིར། འདོད་ན། གཞན་ཡང་གཞན་སྟོང་དབུ་མའི་རྒྱན་ལས། བར་བར་དོན་དམ་དབྱིངས་སོགས་འགོག་ན་ནི། །བྱམས་ཞུས་སོགས་དང་ནང་འགལ་ཡོད་པར་འགྱུར། །ཞེས་དང༌། ཤེར་སྙིང་ཚིག་འགྲེལ་ལས། དང་པོ་དང་བར་བ་ནས་ཀྱང་སྒྲས་ཟིན་ལ་གསལ་བར་སྟོན་པའི་ཚིག་ཅི་རིགས་པ་ནི་ཡོད་དོ། །ཞེས་དང༌།ཡང་ཀུན་མཁྱེན་གྱི་གསུང་ལས། ངེས་དོན་མདོ་ལྔ་ནི། ཤེར་ཕྱིན་ལྔ་བརྒྱ་བ་དང༌། ཞེས་དང༌།ཆོས་འབྱུང་རིན་པོ་ཆེའི་གཏེར་ལས། དུས་དང་པོར་གསུངས་པ་བདེན་བཞིའི་ཆོས་འཁོར།བར་དུ་གསུངས་པ་མཚན་ཉིད་མེད་པའི་ཆོས་འཁོར་ཐ་མར་གསུངས་པ་དོན་རྣམ་པར་ངེས་པའི་ཆོས་འཁོར། དེ་གསུམ་དུ་དགོངས་འགྲེལ་དུ་བཤད་དོ། །ཞེས་སོ། །ས་བཟང་གི་རྒྱུད་བླའི་འགྲེལ་བ་ལས། བཀའ་དང་པོ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་ལོ་བདུན། ཞེས་དང༌།བཀའ་བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ལོ་བཅུ། ཞེས་དང༌། བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་ལོ་སུམ་ཅུའི་བར་དུ་བསྐོར་བས། ཞེས་གསུངས་སོ། །ཚུལ་གཉིས་རྣམ་འབྱེད་ལས། འཁོར་ལོ་རིམ་པ་གསུམ་པོ་འདི་ཡང་དུས་ཐོག་མཐའ་ནི་མ་ཡིན་ཏེ། ཞེས་གསུངས་པ་སོགས་ལ་དཔྱད་པར་བྱའོ། །སྨྲས་པ། དཔྱད་གསུམ་དག་པའི་ལུང་གི་རྒྱབ་རྟེན་བཅས། །ཚུལ་གསུམ་རྟགས་ཀྱིས་དཔྱད་པའི་ཆོས་ཚུལ་ལ། །ལེགས་བཤད་སྦྱང་བའི་སྐལ་བ་ཐོབ་སླད་དུ། །བློ་གསར་སྐལ་བ་ཙམ་དུ་འདི་སྐད་སྨྲས། །འདིར་འབད་རྣམ་དཀར་དགེ་རྩ་ཅི་མཆིས་པས། །ལུང་རིགས་བྲལ་བའི་རྫུན་ལས་ངེས་གྲོལ་ནས། །ཟབ་མོའི་གནས་རྣམས་ཇི་བཞིན་རབ་རྟོགས་ཏེ། །རྣམ་པ་ཐམས་ཅད་མཁྱེན་པའི་སར་གནས་ཤོག །ཅེས་ངེས་གསང་མཐའ་བྲལ་དབུ་མ་གཞན་སྟོང་གི་དོགས་གཅོད་ལུང་རིགས་རྡོ་རྗེའི་གཟེགས་མ་ཞེས་བྱ་བ་འདི་ནི་རྒྱ་ནག་སྤོས་ངད་ལྡན་པའི་གྲོང་ཁྱེར་དུ་ཀཿ་ཐོག་དགོན་ཆེན་གྱི་མཁན་གྲྭ་དུ་མ་ལ་དཔེ་ཁྲིད་ཀྱི་ཞོར་ལ་སྤྲང་འཁྱམས་པ་ངག་དབང་དངོས་གྲུབ་དཔལ་གྱིས་སྔར་ལས་དང་བོ་བ་འགའ་ཞིག་ལ་ཕན་ཕྱིར་དུ་རྟགས་གསལ་བསྒྲིགས་པ་འགའ་ཞིག་ཕྱོགས་གཅིག་ཏུ་བསྡུས་ནས་སྦྱར་བའོ། །འདིས་ཀྱང་ལུང་རིགས་དང་ལྡན་པའི་བློ་གྲོས་ཟབ་གསལ་དང་ལྡན་པ་ཐོབ་པར་གྱུར་ཅིག ། །། སརྦ་མངྒ་ལཾ།


previousངེས་གསང་མཐའ་བྲལ་དབུ་མ་གཞན་སྟོང་གི་དོགས་གཅོད་ལུང་རིགས་རྡོ་རྗེའི་གཟེགས་མ།next