Nitartha Digital Library
Tibetan
 
previousངེས་གསང་ཀུ་མུད་འབྱེད་པའི་ཟླ་ཟེར་ཞེས།next

ངེས་གསང་ཀུ་མུད་འབྱེད་པའི་ཟླ་ཟེར་ཞེས།

ངེས་གསང་ཀུ་མུད་འབྱེད་པའི་ཟླ་ཟེར་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་མུ་ནཱིནྟྲ་ཡ། དོ༵ན་ད༵མ་འོད་གསལ་ཆོས་སྐུའི་རང་བཞིན་དབྱིངས། །དོ༵ན་དམ༵་ཡེ་ཤེས་རྣམ་ཀུན་གཟིགས་པའི་དབྱིངས། །དོ༵ན་དམ༵་སྤྲོས་བྲལ་རྣམ་ཀུན་མཆོག་ལྡན་དབྱིངས། །དོ༵ན་དམ༵་བདེ་གཤེགས་སྙིང་པོ་རྒྱལ་གྱུར་ཅིག །སྔོན་ཆད་མཁས་པའི་མ་བརྗོད་འདིར་མི་ནུས། །སྡུད་དང་ཚིག་སྦྱོར་རྣམ་དབྱེ་མཁས་མི་རློམ། །མདོ་རྒྱུད་དགོངས་དོན་མཐར་ཐུག་ངེས་གསང་གནད། །ཉུང་གསལ་རབ་རིབ་མིན་འདི་བརྗོད་ལ་བྲེལ། །དེ་ལ་འདིར་གང་བརྗོད་པར་བྱ་བ་ནི་མི་མཇེད་འཇིག་རྟེན་གྱི་ཞིང་འདིར་གྲུབ་པའི་མཐའ་ཇི་སྙེད་ཅིག་མཆིས་པ་ལས་མཉམ་མེད་ཤཱཀྱ་སེངྒེའི་རིང་ལུགས་གྲུབ་མཐའ་བཞིའི་ཡ་གྱལ་མཐའ་བྲལ་དབུ་མའི་གྲུབ་མཐའ་འདི་ཉིད་ཁྱད་པར་དུ་འཕགས་པ་ཡིན་ལ། དེ་ལ་ཡང་ནང་གསེས་ཀྱི་དབྱེ་བ་དུ་མ་ཡོད་པ་ལས་ཆེས་མཆོག་ཏུ་གྱུར་བ་ནི། མདོ་སྡེ་ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་རྟེན་ནས་སུ། །ཕྱི་རོལ་དོན་ཡང་མི་བརྟག་གོ །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ལས་འདའ་བར་བྱ། །རྣལ་འབྱོར་སྣང་བ་མེད་གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་གསུངས་པ་ལྟར། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཡང་ཡང་བསྔགས་པའི་གཞན་སྟོང་དབུ་མ་ཆེན་མོ་ངེས་གསང་བླ་ན་མེད་པའི་ལྟ་གྲུབ་འདི་ཉིད་ཡིན་པས། དེ་འཆད་པ་ལ། ངེས་དོན་དབུ་མ་ཆེན་པོའི་ལྟ་གྲུབ་ཀྱི་རྣམ་བཞག་དང༌། དེ་ལ་རྩོད་སྤོང་གཉིས་ལས། དང་པོ་ནི། སྟོན་པ་ཐུགས་བརྩེ་བ་དང་ལྡན་པ་དེ་ཉིད་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་ངེས་དོན་མདོ་བཅུ་སོགས་ཀྱི་སྒོ་ནས་ལྟ་གྲུབ་འདི་ཉིད་ལེགས་པར་གསུངས་ཤིང༌། དེ་ཡང་ཆེས་མཆོག་ཏུ་གྱུར་བ་དང༌།ངེས་པའི་དོན་ཡིན་པར་ཡང་གསུངས་ཏེ། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ།རྩོད་པའི་གཞིའི་གནས་སུ་གྱུར་བ་མ་ལགས་སོ། །ཞེས་དང༌། རྔ་བོ་ཆེའི་མདོ་ལས། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ལ་ཡང་སྟོང་བ་ཉིད་ཀྱི་དོན་སྟོན་པའི་མདོ་མང་དུ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་སྟོང་བ་ཉིད་སྟོན་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་དགོངས་པ་ཅན་དུ་རིག་པར་བྱ་ལ་བླ་ན་མེད་པའི་མདོ་འདི་ལྟ་བུ་འདི་དག་ནི་དགོངས་པ་ཅན་མ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར། དེའི་རྗེས་སུ་རྗེ་བཙུན་འཇམ་དཔལ་གྱིས་རང་གི་ལྟ་བ་མདོར་བསྟན་པ་ལས།ཕུང་པོ་རྣམ་དཔྱད་སྟོང་བ་རྣམས། །ཆུ་ཤིང་ཇི་བཞིན་སྙིང་བོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་གྱུར་མ་ཡིན། །ཞེས་ཕུང་པོ་རྣམ་པར་དཔྱད་པའི་རང་སྟོང་ནི་སྙིང་བོ་མེད་པར། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བདེ་བར་གཤེགས་པ་ནི་སྙིང་པོ་དང་ལྡན་པར་གསུངས་པ་སོགས་ཀྱིས་བདེ་གཤེགས་སྙིང་པོ་འདི་མཆོག་ཏུ་བསྔགས་ཤིང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པ་ལས། ས་ཡི་ནང་ན་གནས་པའི་ཆུ། །དྲི་མ་མེད་པར་ཡང་དག་གནས། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་རང་བཞིན་གྱི་དྲི་མ་མཐའ་དག་གི་སྟོང་བའི་གཤེགས་སྙིང་རིགས་འདུས་ཀྱི་ཡེ་ཤེས་གཞི་འབྲས་དབྱེར་མེད་དུ་གསུངས་བ་སོགས། དབུ་མ་རིགས་ཚོགས་དྲུག་དང་བསྟོད་ཚོགས་སོགས་ཀྱི་ངེས་དོན་དབུ་མའི་ལུགས་འདི་རྒྱ་ཆེར་གསུངས་ལ། དེའི་རྗེས་སུ། མདོ་ལས། བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་ལ་དྲིས་ཤིག་དང༌། དེས་འདིའི་ལན་སྟོན་པར་འགྱུར་རོ། །ཞེས་གསུངས་པ་ལྟར། འཕགས་པ་ཐོགས་མེད་ཀྱིས་ཕྱིས་འབྱུང་གི་གདུལ་བྱ་རྣམས་ཀྱི་ཆེད་དུ་ཤེར་ཕྱིན་ཀྱི་མདོའི་དགོངས་དོན་དྲིས་པ་ལ་དེའི་ལན་དུ་རྗེས་བཙུན་བྱམས་མགོན་གྱིས་བྱམས་ཆོས་སྡེ་ལྔ་གསུངས་ལ། དེའི་ནང་ནས་ཁྱད་པར་དུ་རྒྱུད་བླ་མ་ལས། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང༌། །གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན། །རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་ནི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། །ཞེས་སོགས་རྣམབཞག་རྣམ་པ་བཅུ་དང༌། །ཉོན་མོངས་སྦུབས་ནང་གནས་པ་དེ། །དཔེ་དག་གིས་ནི་ཤེས་པར་བྱ། །ཞེས་སོགས་ཀྱི་དཔེ་དོན་དགུ་དགུའི་སྒོ་ནས་ཡོངས་གྲུབ་བདེ་གཤེགས་སྙིང་པོ་སྐུ་དང་ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད། ཡེ་ནས་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་བཞུགས་པར་གསལ་བར་གསུངས་ལ། ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་ཀྱིས་རྒྱུད་བླའི་འགྲེལ་བ་སོགས་མཛད་ནས་ལུགས་འདི་ཆེས་ཆེར་གསལ་བར་མཛད་པས་རྒོལ་བ་གཞན་གྱིས་གླན་ཀས་གླགས་སྙེད་པར་མི་འགྱུར་རོ། །དེ་ལྟར་ཐུབ་པ་སངས་རྒྱས་བཅོམ་ལྡན་ནས་བཟུང་ད་ལྟའི་བར་རྒྱུད་པ་གསེར་རིའི་ཕྲེང་བ་ལྟར་བར་མ་ཆད་པར་གཞན་སྟོང་དབུ་མ་ཆེན་མོ་ཞེས་ཡོངས་སུ་གྲགས་པ་འདི་བྱུང་ལ། དེ་ཡང་དོན་དམ་བདེ་གཤེགས་སྙིང་པོ་དེ་ཉིད་རང་གི་ངོ་བོས་མི་སྟོང་བར་གཞན་གཟུང་འཛིན་སོགས་ཀུན་རྫོབ་ཀྱི་སྤྲོས་པ་མཐའ་དག་གིས་སྟོང་བ་དང་ཀུན་རྫོབ་གློ་བུར་གྱི་ཆོས་རྣམས་དོན་དམ་གཞན་གྱི་ངོ་བོས་སྟོང་བ་མ་ཟད་རང་གི་ངོ་བོས་སྟོང་བར་སྨྲ་བས་ན་དབུ་མ་གཞན་སྟོང་བ་དང་ཀུན་རྫོབ་གློ་བུར་གྱི་ཆོས་རྣམས་འཁྲུལ་ངོ་ཙམ་དུ་ཐ་སྙད་དུ་ཡོད་པ་ལས་རང་གི་ངོ་བོས་གྲུབ་པས་སྟོང་བ་ཁས་བླངས་པས་རྟག་མཐའ་ལས་གྲོལ་བ་དང༌། བདེ་གཤེགས་སྙིང་པོ་གཤིས་ལ་རང་གི་ངོ་བོའི་གྲུབ་ཅིང་གནས་ལུགས་མཐར་ཐུག་ཏུ་བདེན་པར་སྨྲ་བས་ཆད་མཐའ་ལས་གྲོལ་བའི་དབུས་ལ་གནས་པར་གསུངས་ལ། སྟོང་ཚུལ་དེ་ལྟར་མ་ཤེས་ན་རྒྱལ་བའི་བཀའ་ལ་རྨོངས་པ་ཡིན་ཏེ། ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་ཞལ་སྔ་ནས། ཀུན་རྫོབ་བདེན་པ་རང་གིས་སྟོང༌། །དོན་དམ་བདེན་པ་གཞན་སྟོང་སྟེ། །སྟོང་ཚུལ་དེ་ལྟར་མ་ཤེས་ན། །རྒྱལ་བའི་བཀའ་ལ་རྨོངས་པ་ཡིན། །ཞེས་གསུངས་སོ། །དེ་ཡང་རྒྱུད་བླ་མ་ལས། ཉེས་པ་གློ་བུར་དང་ལྡན་ཞིང༌། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་ཡོད་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང༌། དེ་ཉིད་ལས། འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གངྒཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་གསུངས་པ་ལྟར། གཞི་འབྲས་དབྱེར་མེད་དུ་བཞུགས་པའི་མཐར་ཐུག་གི་སངས་རྒྱས་ཆོས་ཀྱི་སྐུ་དེ་བཞིན་གཤེགས་པའི་སྙིང་པོ་དོན་དམ་འོད་གསལ་ཆོས་ཀྱི་དབྱིངས་རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོ་དེ་ཉིད་ཆོས་ཐམས་ཅད་ཀྱི་གཞི་དང་གནས་སུ་གསུངས་ཤིང་ཡང་དག་པར་ན་ཆོས་ཐམས་ཅད་ཀྱི་སྟོང་བའི་གཞི་དང༌། དྲི་མས་དབེན་པའི་གཞི་དང༌། དྲི་མ་ཐམས་ཅད་ཀྱིས་དག་པའི་གཞིར་ཡང་ཡིན་ལ་རང་བཞིན་རྣམ་དག་གི་ཆོས་སྐུའི་ཡོན་ཏན་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་རྣམས་རང་བཞིན་དབྱེར་མེད་དུ་ལྡན་པར་ཡང་མདོ་རྒྱུད་བསྟན་བཅོས་དུ་མ་ལས་ཡང་ཡང་གསུངས་ལ། དེ་དག་ལས་གསུང་ཚུལ་རྣམས་ཞིབ་པར་རི་ཆོས་ངེས་དོན་རྒྱ་མཚོ་སོགས་ལས་ཤེས་པར་འཚལ་ལོ། །དེ་ལྟ་བུའི་རང་བཞིན་གྱི་ཡོན་ཏན་ཐམས་ཅད་དང་ལྡན་ཞིང་དྲི་མ་མཐའ་དག་གིས་རང་བཞིན་ལ་དབེན་པའི་ཕྱིར་འོད་གསལ་བའི་ཆོས་དབྱིངས་དེ་ནི་རང་བཞིན་གནས་རིགས་ཡིན་ནོ། །འདི་ནི་གཏེར་དང་མཚུངས་སོ། ། དེ་ལ་བརྟེན་པ་རྒྱས་གྱུར་གྱི་རིགས་ནི། ཐོས་སོགས་ཀྱིས་གསོས་བཏབ་པའི་ཐར་བའི་ས་བོན་ཐེབས་ཤིང་བརྟས་པ་ལས་དགེ་བ་ཁྱད་པར་ཅན་ཡང་དག་པར་བླངས་པ་སྟེ། དེ་བཞིན་གཤེགས་པ་སྐྱེད་པར་བྱེད་པའོ། །འདི་ནི་འབྲས་བུའི་ལྗོན་ཤིང་བཟང་པོ་བསྐྱེད་པ་དང་མཚུངས་སོ། །དེ་ལྟ་བུའི་བདེན་པ་གཉིས་ཀྱི་བདག་ཉིད་གཤིས་ཀྱི་གནས་ལུགས་ལ་ཡོད་པ་དང་མེད་པའི་རིགས་རྣམ་པ་གཉིས་ནི་གཞིར་གྱུར་པ་ལས་ཡེ་ཤེས་ཀྱི་ཚོགས་དང་བསོད་ནམས་ཀྱི་ཚོགས་ཉམས་སུ་བླངས་པས་འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་འཐོབ་པར་གསུངས་ཏེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་ཏེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང༌། །ཡང་དག་བླང་བ་མཆོག་ཉིད་དོ། །རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་ཡིན། །དང་པོའི་སྐུ་ནི་དང་པོ་སྟེ། ། གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་དང༌། མདོ་སྡེ་རྒྱན་ལས། རང་བཞིན་དང་ནི་རྒྱས་པ་དང༌། །དེ་ནི་རྟེན་དང་བརྟེན་པ་དང༌། །ཡོད་མེད་ཉིད་དང༌། ཞེས་གསུངས་སོ། ། དེ་ལྟར་གནས་ལུགས་མཐར་ཐུག་པའི་ཆོས་ཀྱི་དབྱིངས་དེ་ནི་ཡོད་མེད་ཀྱི་མཐའ་དང་བྲལ་ཞེས་པའི་དོན་ལ་རྣམ་པ་གཉིས་ཏེ། ཆོས་ཉིད་ཟབ་མོ་ལ་མཉམ་པར་བཞག་པའི་སྐབས་སུ་ནི་ཡོད་མེད་ལ་སོགས་པའི་སྤྲོས་པ་ཐམས་ཅད་དོར་ཞིང་སྨྲ་བསམ་བརྗོད་དུ་མེད་པ་ཡིན་ལ། རྗེས་ཐོབ་ལ་སོགས་པར་གནས་ལུགས་ཇི་ལྟར་ཡིན་པ་གཏན་ལ་འབེབ་པའི་སྐབས་སུ་ཡོད་པ་ལ་ཡོད་ཅེས་དང་མེད་པ་ལ་མེད་ཅེས་གནས་ལུགས་དང་མཐུན་པར་ཁ་ཚོན་གཅོད་ན་སྐྱོན་མེད་ཀྱི། དེ་ལས་བཟློག་ན་མཐར་ལྟུང་བའི་སྐྱོན་དུ་འགྱུར་བར་རི་ཆོས་ངེས་དོན་རྒྱ་མཚོ་ལས་གསུངས་སོ། །ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་སྟོང་པ་ཉིད་ནི་དོན་དམ་པའི་སངས་རྒྱས་ཡིན་པར་ཡང་གྲུབ་སྟེ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོར།དེ་བཞིན་ཉིད་ཀྱི་དོན་གང་ཡིན་པ་དེ་དེ་བཞིན་གཤེགས་པའི་དོན་ཏོ། །ཞེས་དང༌། རྒྱལ་བ་བྱམས་པའི་ཞལ་སྔ་ནས། དེ་བཞིན་ཉིད་ནི་སངས་རྒྱས་འདོད། །ཅེས་དང༌། ཡུམ་རྒྱས་པར་ཡང༌། རབ་འབྱོར་ཡང་དག་པའི་དོན་ནི་སངས་རྒྱས་ཤེས་བྱ་སྟེ། ཞེས་དང༌། དེའི་འགྲེལ་བར་ཡང་དག་པའི་དོན་དེ་བཞིན་ཉིད་ཆོས་ཀྱི་སྐུ་ལ་སངས་རྒྱས་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང༌། ཤེར་ཕྱིན་བདུན་བརྒྱ་པའི་འགྲེལ་བ་སློབ་དཔོན་བི་མ་ལ་མི་དྲས་མཛད་པ་ལས། ཆོས་ཀྱི་དབྱིངས་ཉིད་བཅོམ་ལྡན་འདས་ཡིན་ཏེ། ཞེས་དང༌། ཆོས་ཀྱི་དབྱིངས་དེ་ཉིད་བྱང་ཆུབ་བོ་ཞེས་མདོ་དྲངས་ཤིང༌། འཕགས་པ་བརྒྱད་སྟོང་བ་ལས། དེ་བཞིན་ཉིད་ལ་ནི་འོང་བའམ་འགྲོ་བ་མེད་དེ་དེབཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཞེས་གསུངས་པ་སོགས་དེ་བཞིན་ཉིད་སངས་རྒྱས་ཡིན་པར་སྟོན་པའི་ལུང་རྣམ་དག་ཤིན་ཏུ་མང་ཀྱང་དེ་ཙམ་ལས།འཁོར་ལོ་ཐ་མ་དང་དེའི་དགོངས་འགྲེལ་སོགས་གྲགས་ཆེ་བས་མ་སྤྲོས་སོ། །འོ་ན་ཆོས་དབྱིངས་སྟོང་པ་ཉིད་སངས་རྒྱས་ཡིན་ཞིང་སེམས་ཅད་ཐམས་ཅད་ཀྱི་གནས་ལུགས་སམ། ཆོས་ཉིད་དུ་གྲུབ་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་པར་འགྱུར་རོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། དོན་དམ་པའི་སངས་རྒྱས་རང་ཆས་སུ་ཡོད་ཀྱང༌། ཀུན་རྫོབ་གསར་བྱུང་གི་སངས་རྒྱས་ཡོད་པར་ཁས་མ་བླངས་བའི་ཕྱིར། སྤངས་པ་ཡང་གཉིས་ལས། དྲི་མ་གདོད་ནས་རང་བཞིན་གྱི་མ་གྲུབ་པའི་སྤངས་པ་སེམས་ཅན་ཐམས་ཅད་ལ་ཡོད་ཀྱང་དྲི་མ་གློ་བུར་བ་གཉེན་པོས་ཟད་པ་ནི་མེད་དོ། །རྟོགས་པ་ཡང༌། གདོད་ནས་ཆོས་ཉིད་རང་གིས་རང་རིག་པའི་རྟོགས་པ་རང་བྱུང་ཡེ་ཤེས་དང༌། ལམ་ཟབ་མོ་སྒོམ་པ་ལས་སྐྱེས་པའི་རྟོགས་པ་གཞན་བྱུང་ཡེ་ཤེས་གཉིས་ལས། སྔ་མ་སེམས་ཅན་ཐམས་ཅད་ལ་ཡོད་ཀྱང༌། ཕྱི་མ་མེད་པས་སེམས་ཅན་སངས་རྒྱས་ཡིན་མི་དགོས་ཏེ། སེམས་ཅན་གྱི་ཆོས་ཉིད་དོན་དམ་བདེན་པ་དེ་སངས་རྒྱས་ཡིན་ན། ཀུན་རྫོབ་ཆོས་ཅན་སེམས་ཅན་རྣམས་སངས་རྒྱས་ཡིན་མི་དགོས་པའི་ཕྱིར། དཔེར་ན། མཁས་མཆོག་གཞན་གྱི་ལུགས་ལ། སེམས་ཅན་གྱི་ཆོས་ཉིད་མེད་དགག་ཡིན་པས་སེམས་ཅན་མེད་དགག་ཡིན་མི་དགོས་པར་འདོད་པ་བཞིན་དང༌། སྤྱིར་ཡོད་པས་ཡིན་པར་མི་འགྲུབ་པའི་ཕྱིར་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། གལ་ཏེ་སེམས་ཅན་ཐམས་ཅད་ལ་དོན་དམ་པའི་སངས་རྒྱས་རང་ཆས་སུ་ཡོད་ན་སྤངས་བ་དང་རྟོགས་པ་རང་ཆས་སུ་ཡོད་པར་འགྱུར་རོ་ཞེ་ན། འདི་རྣམ་པར་ཕྱེ་སྟེ་བསྟན་དགོས་པས་སྤངས་པ་ལ་ཡང་གཉིས་ཏེ་ཞེས་སོགས་དང༌། རྒྱུད་བླ་མ་ལས། གདོད་ནས་ཟད་པས་ཟད་ཅེས་བྱ། །ཞེས་དང༌། ཡང་རི་ཆོས་ལས། དེས་ན་ཁ་ཅིག་སེམས་ཅན་ལ་སངས་རྒྱས་ཡོད་ན་ལས་དང་ཉོན་མོངས་དང་སྡུག་བསྔལ་ཐམས་ཅད་མེད་པར་འགྱུར་རོ། །ཞེས་པ་ནས། སེམས་ཅན་གྱི་ཤེས་བྱ་ཐམས་ཅད་མཁྱེན་པར་འགྱུར་རོ་ཞེས་སོགས་ལོག་པའི་ཀླན་ཀ་ཤིན་ཏུ་མང་པོ་རྣམས་ནི་ཡོད་པ་དང་ཡིན་པའི་ཁྱད་པར་མ་ཤེས་པའི་བབ་ཅོལ་ཡིན་ཏེ། ཡོད་པས་ཡིན་པར་མི་འགྲུབ་པའི་ཕྱིར་རོ། །ཞེས་གསུངས་བའི་ཕྱིར། བོད་ཀྱི་ཕྱག་རྫོགས་དབུ་གསུམ་གྱི་ལྟ་གྲུབ་སྨྲ་བ་རྣམས་ཀྱི་ལུགས་ལ། ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་ཟབ་མོ་སྟོང་པ་ཉིད་མཉམ་བཞག་རྣམ་པར་མི་རྟོག་པའི་ངོར་ཡོད་མེད་ཡིན་མིན་དགག་སྒྲུབ་དང་དགག་བྱ་བདེན་གྲུབ་སོགས་ཀུན་རྫོབ་ཀྱི་སྤྲོས་པ་དང་བྲལ་བས་སྤྲོས་བྲལ་ཡིན་པར་བཞག་པ་ཚིག་གི་བརྗོད་ཚུལ་ཙམ་མ་རྟོགས་དོན་ལ་ཁྱད་མེད་ཀྱང༌།སྤྱིར་ཁས་ལེན་ཡོད་མེད་དང་མེད་དགག་མ་ཡིན་དགག་སོགས་འཇོགས་ཚུལ་དུ་མ་མི་མཐུན་པར་སྣང་ངོ༌། །རང་ལུགས་ལ་རི་ཆོས་ངེས་དོན་རྒྱ་མཚོ་ལས། དེས་ཕྱིར་འཁོར་ལོ་ཕྱི་མ་གཉིས་དང༌། རྡོ་རྗེ་ཐེག་པའི་དོན་གཅིག་མོད་ཀྱི་ཉམས་སུ་ལེན་པ་ན། ལ་ཟློ་བ་ཆོས་ཉིད་ཟབ་མོ་ལ་འཁོར་ལོ་བར་བ་དང་མཐུན་པར་རྟོག་མེད་སྤྲོས་བྲལ་དུ་མཉམ་པར་བཞག་ནས། རྗེས་ཐོབ་ཏུ་ཤན་འབྱེད་པའི་ཚེ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ན་འཁོར་ལོ་ཐ་མ་དང་རྡོ་རྗེ་ཐེག་པ་ལས་གསུངས་པ་བཞིན་དུ་ལེགས་པར་རྣམ་པར་ཕྱེ་སྟེ་ངོ་སྤྲད་ན་ཐེག་པ་ཆེན་པོའི་གསུང་རབ་ཐམས་ཅད་ཀྱི་དོན་ཟབ་མོ་ཉམས་སུ་ལེན་པ་ཚང་ལ་མ་ནོར་ཞིང་ཡོངས་སུ་དག་པ་ཉིད་དུ་འགྱུར་རོ། །དེས་ན་འདིར་གནས་ལུགས་ཡོད་མེད་དང་རང་རང་གི་ངོ་བོས་སྟོང་མི་སྟོང་དང་རྣམ་གཅོད་ཡོངས་གཅོད་དང༌། མེད་དགག་མ་ཡིན་དགག་དང༌། སྤངས་པ་དང༌། རྟོགས་པ་ལ་སོགས་པ་གཤིས་ལ་ཇི་ལྟར་གནས་པ་བཞིན་དུ་ལེགས་པར་ཕྱེ་སྟེ། ཞེས་གསུངས་པ་ལྟར། མཉམ་བཞག་ཟབ་མོ་སྒོམ་པའི་སྐབས་སུ་འཁོར་ལོ་བར་བ་ལྟར་སྤྲོས་བྲལ་དུ་མཉམ་པར་བཞག་པ་ལས་ལྷག་མེད་ལ། རྗེས་ཐོབ་ཏུ་ཤན་འབྱེད་པའི་ཚེ་ཆོས་ཉིད་དེ་བཞིན་ཉིད་མ་ཡིན་དགག་དང༌། སངས་རྒྱས་དང༌། ཡེ་ཤེས་སོགས་ཡིན་པར་གསུངས་སོ། །དེང་དུས་སུ་གཞན་ཕྱོགས་ཀྱི་གྲུབ་མཐའ་ལ་ཞེན་ཆེ་བ་ཁ་ཅིག་བདེ་གཤེགས་སྙིང་པོའམ་སྟོང་ཉིད་མ་ཡིན་དགག་དང༌། སངས་རྒྱས་དང་ཡེ་ཤེས་མིན་ཟེར་བ་སོགས་ནི། རི་ཆོས་དང༌། བཀའ་བསྡུ་བཞི་བ་དང༌། ཤིན་ཏུ་རྒྱས་པའི་ཐེག་མཆོག་དབུ་མ་དང༌། ངེས་དོན་མདོ་བཅུ་དང༌། དེའི་དགོངས་འགྲེལ་རྒྱུད་བླ་སོགས་གང་དང་ཡང་མི་མཐུན་ཏེ།དེ་སངས་རྒྱས་དང་ཡེ་ཤེས་སོགས་ཡིན་པར་སྟོན་བྱེད་སྔར་དྲངས་བའི་ལུང་དེ་དག་དང༌། རྒྱུད་བླ་མ་ལས། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། ། རང་བཞིན་དྲི་མེད་དེ་ནི་གཉིས་མེད་དེ། །ཞེས་དང༌། ཟག་པ་མེད་པ་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་དང༌། རི་ཆོས་ལས། ལུང་དང་རིགས་པ་རྣམ་དག་མང་པོས་གཉིས་མེད་ཡེ་ཤེས་ཡིན་པར་རྒྱ་ཆེར་སྟོན་པར་འགྱུར་རོ། །ཞེས་དང༌། ཡང་དེ་ཉིད་ལས། དེ་ལྟར་སྦྱང་གཞི་བདེ་གཤེགས་སྙིང་པོ་ཉིད་སངས་རྒྱས་དང༌།སངས་རྒྱས་ཀྱི་ས་དང༌།དེ་བཞིན་གཤེགས་པའི་ཡེ་ཤེས་སུ་གསུངས་བ་འདི་དག་གིས་ནི་ཁ་ཅིག་བདེ་གཤེགས་སྙིང་པོ་སངས་རྒྱས་མ་ཡིན་པར་འདོད་པ་ཡང་བསལ་བ་ཡིན་ནོ། །ཞེས་དང༌། ཡང་དེ་ཉིད་ལས། ཆོས་ཉིད་ནི་སྟོང་གཞི་དང༌། མ་ཡིན་དགག་ཡིན་གྱི། སྟོང་ཙམ་དང༌། མེད་དགག་མ་ཡིན་པའི་ཕྱིར་རོ། །ཞེས་དང༌། བཀའ་བསྡུ་བཞི་བ་ལས། དོན་དམ་ནི། ཤེས་པ་རིག་པ་ཡེ་ཤེས་ཡིན་པར་སྟོན། །ཞེས་སོགས་རྒྱ་ཆེར་གསུངས་ཀྱང༌། དེ་ཙམ་ལས་མ་སྤྲོས་པ་ནི་མཁས་པ་ཁ་ཅིག་སྔོན་གོམས་ཀྱི་བག་ཆགས་སམ། དགོས་དབང་གིས་ཡིན་ལ༌། ཁ་ཅིག་ནི་གང་ལ་དད་པའི་རྗེས་སུ་འབྲང་བ་ལས། རྒྱུ་མཚན་མེད་པས་དེ་ལྟར་བརྗོད་པ་ལ་དོགས་གཅོད་བྱེད་མི་དགོས་ཏེ། ཇི་སྐད་དུ། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན།།ཞེས་གསུངས་པ་ལྟར་ཡིན་པས་བདག་ལེགས་སུ་འདོད་པ་རྣམས་ཀྱི་གནས་འདི་ལ་གཟབ་དགོས་ཏེ།དེང་དུས་སུ་ཆོས་བརྒྱུད་དུ་མ་ལ། མཁས་པ་གཞན་གྱི་ཟེར་སྒྲོས་མང་པོ་མཐོང་ངོ༌། །གངས་ཅན་གྱི་ཞིང་འདིར་ས་སྐྱའི་ཤཱཀྱ་མཆོག་ལྡན་དང༌། རྗེ་མར་བ་ལོ་ཙཱ་དང༌། རྗེ་བཙུན་མི་ལ་རས་པ་དང༌། གོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང༌། སི་ཏུ་པཎ་ཆེན་དང༌། ཀརྨ་པ་སྐུ་ཕྲེང་རིམ་བྱོན་དུ་མ་སོགས་བཀའ་བརྒྱུད་ཀྱི་མཁས་པ་ཕལ་མོ་ཆེ་དང༌། སྔ་འགྱུར་རྙིང་མའི་ཕྱོགས་ལ་ཡང༌། ལོ་ཆེན་བཻ་རོ་ཙ་ན་དང༌། པཎ་ཆེན་བི་མ་ལ་མི་དྲ་དང༌། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སོགས་ཀྱིས་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་ཉམས་བཞེས་མཛད་ལ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་མཆོག་གིས། གཞན་སྟོང་ལྟ་བ་ཁས་ལེན་སེངྒེའི་ང་རོ་དང༌། དམ་ཆོས་དོགས་སེལ་སོགས་གསུངས་ཀྱང༌། གང་གི་རང་ལུགས་ནི། མདོ་ཕྱོགས་ནས་གོ་རམ་པ་དང་མཐུན་པ་མང་དུ་མཆིས་པར་སྣང༌། དགེ་ལུགས་པའི་ཁྲོད་ནའང་འཇམ་དབྱངས་ཆོས་རྗེ་སོགས་ལྟ་བ་འདི་ཁས་ལེན་པ་མང་དུ་བྱུང་བར་གྲགས་ཀྱང༌། དེ་དག་གི་གསུང་འབུམ་ནི་དམ་ཕྲུག་བྱས་རྐྱེན་གྱིས་མཇལ་རྒྱུ་མ་བྱུང་ངོ༌། །གང་དག་མཁས་པ་དེ་དག་གི་རྗེས་འབྲང་ཡིན་ཞེས་ཁས་འཆེ་ནས་སླར་ཡང་དེ་དག་གི་ལྟ་གྲུབ་ལུང་རིགས་ཀྱིས་དབེན་པའི་ཚིག་རྩུབ་ཁོ་ནས་དགག་བཞག་བྱེད་པ་དག་ནི། ལྟ་སྒོམ་སྤྱོད་པ་གང་གི་ཆ་ནས་ཀྱང་ཆོས་བརྒྱུད་དེ་དང་དེར་མ་ཟད་ནང་བ་སངས་རྒྱས་པར་འཇོག་དཀའ་སྟེ། གོས་ཙམ་དང་ནང་བ་སངས་རྒྱས་པ་ཡིན་ཞེས་ཁས་བླངས་བ་ཙམ་གྱིས་ནང་བ་སངས་རྒྱས་པར་མི་འགྱུར་རོ། ། དོན་དམ་ཆོས་སྐུའི་ས་ལ་མ་ཕྱིན་ཀྱང༌། ། ཚངས་བའི་མགུར་ནས་ཇི་ལྟར་བཀའ་སྩལ་བཞིན། ། གཞི་འབྲས་དབྱེར་མེད་རྣམ་ཀུན་མཆོག་ལྡན་དབྱིངས། །ལེགས་པར་བཤད་འདི་གཟུར་གནས་བྱེ་བའི་མིག །ཅེས་སྨྲས་སོ། །གཉིས་པ་རྩོད་སྤོང་ལ། གནས་ལུགས་དེ་བཞིན་ཉིད་ནི། བློ་མ་འཁྲུལ་བ་འཕགས་པའི་མཉམ་བཞག་སོ་སོ་རང་རིག་པའི་ངོར་གྲུབ་པས་གཤིས་ལ་ངོ་བོས་གྲུབ་པ་དང༌།དོན་དམ་པར་གྲུབ་པ་དང༌། དོན་དམ་བདེན་པ་ཡིན་པར་དབུ་མ་སྣང་བ་དང༌། དབྱིག་གཉེན་གྱི་ཡུམ་གསུམ་གནོད་འཇོམས་སོགས་ལས་གསུངས་པ་སྒྲ་སོར་བཞག་མཛད་པ་ལ་མཁས་དབང་ཁ་ཅིག་གི་དབུ་མའི་གཞུང་ལས། སྔོན་གྱི་རིགས་སྨྲའི་དབང་པོ་ཆ་བ་དང༌། ཕྱྀས་ཀྱི་ཇོ་ཤཱག་གོ་ཀར་རྣམས་ན་རེ། ཆོས་ཉིད་དོན་དམ་པར་གྲུབ་པར་ཐལ། དོན་དམ་པར་ཡོད་པའི་ཚད་དེ་ཁོ་ན་ཉིད་མཇལ་བའི་རིག་ཤེས་ཀྱི་ངོར་ཡོད་པར་གྲུབ་པ་ལ་བྱེད་པའི་ཕྱིར།དབུ་མ་སྣང་བ་ལས། དོན་དམ་པར་སྐྱེ་བ་མེད་དོ། །ཞེས་བྱ་བ་ནི་འདི་དག་ཡང་དག་པའི་ཤེས་པས་སྐྱེ་བར་མ་གྲུབ་པོ་ཞེས་བཤད་པར་འགྱུར་རོ། །ཞེས་སོགས་ཀྱིས་མཁས་པ་དེ་དག་གི་འདོད་པ་བཀོད་ནས་དགག་པ་བྱས་པ་ནི། གཞན་སྟོང་དབུ་མ་ཆེན་མོའི་གཞུང་ལུགས་ལ་ལེགས་པར་མ་སྦྱང་བ་རྣམས་ལ་དོགས་པ་སྐྱེ་བའི་གནས་ཡིན་པས་ཅུང་ཟད་ཅིག་བརྗོད་པར་བྱ་དགོས་ཏེ།གོ་རམ་པའི་དེ་ལྟར་འདོད་མིན་དཔྱད་དགོས་ཏེ། གོ་རམ་པའི་ལྟ་བའི་ཤན་འབྱེད་ལྟར་ན་མི་འདོད་པ་ལྟ་བུར་གསུངས་ཤིང༌། རང་ལུགས་ནི།ཀུན་རྫོབ་ཀྱི་ཆོས་རྣམས་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ངོར་མེད་པས་རྫུན་པ་དང༌། དོན་དམ་པར་མ་གྲུབ་པ་དང༌། གཤིས་ལ་རང་གི་ངོ་བོས་མ་གྲུབ་པར་བཞེད་ལ།དོན་དམ་བདེན་པ་རྣམས་འཕགས་པའི་མཉམ་བཞག་ངོར་གྲུབ་པས་དོན་དམ་བདེན་པ་དང༌། གཤིས་ལ་རང་གི་ངོ་བོའི་གྲུབ་པ་དང་དོན་དམ་པར་གྲུབ་ཅེས་ཐ་སྙད་གསུངས་ཀྱང༌། དགག་བྱ་བདེན་གྲུབ་ཀྱི་ཆོས་བདག་མ་གྲུབ་པ་དང༌། བློས་བྱས་བདེན་འཛིན་གྱིས་འཛིན་པ་ལྟར་བདེན་པར་མ་གྲུབ་པའི་ཁྱད་པར། རི་ཆོས་ངེས་དོན་རྒྱ་མཚོ་དང༌། བཀའ་བསྡུ་བཞི་བ་སོགས་གཞན་སྟོང་གི་གཞུང་ལུགས་དུ་མ་ལས་གསལ་བར་གསུངས་ལ། དེ་ལྟར་དོན་དམ་བདེ་གཤེགས་སྙིང་པོ་ཡང་དགག་བྱ་བདེན་པར་མ་གྲུབ་སྟེ། དགག་བྱ་བདག་གཉིས་ཀྱི་སྟོང་བའི་ཕྱིར་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། བདག་གཉིས་ཀྱི་སྟོང་བའི་ཆོས་ཉིད་ཡོངས་གྲུབ་སངས་རྒྱས་ཀྱི་རང་བཞིན་དང་བདག་གི་དབྱིངས་སུ་གང་གསུངས་པ། ཞེས་དང༌། བདག་གཉིས་དངོས་པོ་གདོད་ནས་མེད་པའི་གཞིའི་ངོ་བོ་དོན་དམ་སྟོང་ཉིད་རང་བཞིན་འོད་གསལ་བ་རྣམ་པ་ཐམས་ཅད་པ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས། ཞེས་དང༌། གོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་རྒྱུད་བླའི་འགྲེལ་བར། ཇོ་ནང་བའི་དེ་བཞིན་གཤེགས་པའི་སྙིང་པོ་གཙང་བདེ་རྟག་བདག་དམ་པའི་ཕ་རོལ་ཏུ་སོན་པ་སྒྲ་ཇི་བཞིན་འཆད་པ་ལ། བོད་མང་པོའི་བློས་བཞག་པའི་བདེན་གྲུབ་ལ་བཟུང་ནས་དགག་པ་བྱས་ཀྱང་བློས་བཞག་པའི་བདེན་གྲུབ་དང༌། ཆོས་བདག་སོགས་མ་གྲུབ་ཀྱང༌། རྒྱུད་བླ་མ་ལས། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་གསུངས་པ་ལྟར་གྲུབ་ཀྱང་འགལ་བ་མེད་པར་གསུངས་པ་ལེགས་པར་བཤད་པ་ཡིན་ནོ། །ཡང་མཁས་པ་ཁ་ཅིག ངེས་གསང་དབུ་མ་ཆེན་མོའི་སྟོང་ཚུལ་འདི་ལ།གཙུག་ལག་ཁང་མིས་སྟོང་བ་ལྟར་མདོ་སྡེ་ལང་གཤེགས་ལས། སྟོང་ཚུལ་བདུན་གསུངས་བའི་ཐ་མ་དང་གཅིག་པར་འདོད་པ་ཆེས་མི་འཐད་དེ། རི་ཆོས་ངེས་དོན་རྒྱ་མཚོ་ལས།འདིར་གལ་ཏཻ་ལང་ཀར་གཤེགས་པའི་མདོར་སྟོང་ཉིད་བདུན་གསུངས་པ་ལས། གཅིག་གིས་གཅིག་སྟོང་པའི་སྟོང་ཉིད་བདུན་པོ་ཀུན་ཀྱི་ཐ་ཤལ་དུ་གསུངས་ཤིང་དེ་འདྲའི་སྟོང་ཉིད་དེ་སྤངས་བར་བྱའོ། །ཞེས་གསུངས་པས་ཁྱཽད་ཀྱི་དོན་དམ་གཞན་སྟོང་ཡང་དེ་ལས་ཁྱད་པར་ཅི་ཞིག་ཡོད་སྙམ་དུ་སེམས་ན། དེ་ལྟ་མ་ཡིན་ཏེ། ལང་ཀར་གཤེགས་པའི་མདོར་གཅིག་གིས་གཅིག་སྟོང་བའི་སྟོང་ཉིད་ཐ་ཤལ་དུ་གསུངས་པ་དེ་ནི། ཁང་པ་མིས་སྟོང་བའམ།བུམ་པ་ཀ་བས་སྟོང་བ་ལྟར། ཀུན་རྫོབ་ཀྱི་ཆོས་རྣམས་ཉིད་ཕན་ཚུན་གཅིག་གིས་གཅིག་སྟོང་བའི་སྟོང་ཉིད་དེ་ལྟ་བུ་དེ་ལ་དགོངས་པར་མདོ་དེ་ཉིད་ལས་གསུངས་ཤིང༌། དེ་དང་དོན་དམ་རང་བཞིན་པ་དེ་ཀུན་རྫོབ་གློ་བུར་བའི་ཆོས་རྣམས་ཀྱིས་སྟོང་པ་ནི་ཁྱད་པར་ཆེ་བ་ལས་ཀྱང་ཆེས་ཤིན་ཏུ་ཆེ་བའི་ཕྱིར་ཏེ། མདོ་དེ་ཉིད་ལས། བློ་གྲོས་ཆེན་པོ་འཕགས་པའི་ཡེ་ཤེས་སྟོང་བ་ཉིད་ཆེན་པོ་གང་ཞེ་ན། འདི་ལྟ་སྟེ། བདག་གི་སོ་སོ་རང་གིས་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པ་ནི་ལྟ་བ་དང༌། ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་སྟེ། དེས་ཕྱིར་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་བ་ཆེན་པོ་ཉིད་ཅེས་བྱའོ། །ཞེས་དོན་དམ་པ་འཕགས་པའི་ཡེ་ཤེས་ཏེ། ལྟ་བ་དང་ཉེས་པའི་བག་ཆགས་ཐམས་ཅད་ཀྱི་སྟོང་བས་གཞན་སྟོང་ལ་སྟོང་བ་ཆེན་པོ་ཞེས་སོགས་གསུངས་པ་ནི་ལེགས་བཤད་བླ་ན་མེད་པ་ཡིན་ནོ། །ཁ་ཅིག་ཆོས་ཉིད་སྒྲུབ་པ་རང་དབང་བར་ཇོ་ནང་བའི་འདོད་ཟེར་བ་མི་འཐད་དེ། དེ་དགག་པར་འདོད་པའི་ཕྱིར་ཏེ། མ་ཡིན་དགག་ཡིན་པར་འདོད་པའི་ཕྱིར། རྟགས་ལུང་རིགས་དུ་མས་གྲུབ། ཡང་མཁས་པ་ཁ་ཅིག ཇོ་ནང་བའི་དོན་དམ་བདེན་པ་ནི་དངོས་པོ་ཡིན་པར་དངོས་སུ་ཁས་བླང་ཟེར་བ་ནི་མི་འཐད་དེ། དོན་དམ་པ་ནི་དངོས་པོ་དང་དངོས་མེད་གང་ཡང་མ་ཡིན་པར་བཞེད་དེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། ཤེས་བྱ་ཐམས་ཅད་དངོས་པོ་དངོས་མེད་གཉིས་སུ་ཁ་ཚོན་ཆོད་པར་སྨྲ་བ་རྣམས་ཀྱིས་ནི་ཆོས་ཉིད་དོན་དམ་པའི་གནས་ལུགས་མ་རྟོགས་པར་ཟད་དེ། དེ་ཤེས་བྱ་ཡིན་ཡང་དངོས་པོ་དངོས་མེད་གང་ཡང་མ་ཡིན་པའི་ཕྱིར་རོ། །ཞེས་དང༌། བཀའ་བསྡུ་བཞི་བ་ལས། ཆོས་ཉིད་དབུ་མ་ཤེས་བྱའི་མཆོག་ཡིན་ཡང༌། །དངོས་དང་དངོས་མེད་གང་ཡང་མ་ཡིན་གྱི། །ཕུང་པོ་གསུམ་པར་བཞེད་པ་རྫོགས་ལྡན་ལུགས། །ཞེས་གསུངས་སོ། །ཡང་ཁ་ཅིག་གིས། སྙིང་པོ་རྟག་བརྟན་བསྟན་པའི་མདོ་དྲང་དོན་ཡིན་པར་ལང་གཤེགས་ལས་གསུངས་ཏེ། དེ་ཉིད་ལས་བློ་གྲོས་ཆེན་པོ་དེ་ལྟར་དེ་བཞིན་གཤེགས་པ་རྣམས་ནི། མུ་སྟཻགས་བྱེད་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་རྣམས་དྲང་བའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་བ་དེ་ནི་མ་ཁྱབ་པ་ཆེན་པོ་ཡིན་ཏེ། དགོས་པ་བསྟན་པ་ཙམ་གྱིས་དྲང་དོན་དུ་འགྱུར་ན། བཀའ་ཐམས་ཅད་དྲང་དོན་གྱི་མདོར་ཐལ་བ་དང༌། དེ་བཞིན་གཤེགས་པའི་སྙིང་པོ་མུ་སྟེགས་པའི་སྒྲོ་བཏགས་པའི་བདག་དང་མི་མཚུངས་བར་ལང་གཤེགས་རང་ཉིད་ལས་གསུངས་ཏེ། དེ་ཉིད་ལས། བློ་གྲོས་ཆེན་པོ་ནས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི། མུ་སྟཻགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་བ་མ་ཡིན་ཏེ། ཞེས་དང༌། ཀུན་མཁྱེན་ཇོ་ནང་བའི་ཞལ་སྔ་ནས།་དེ་ལ་བདེ་གཤེགས་སྙིང་པོ་བདག་གཉིས་ཀྱིས་སྟོང་བའི་ཕྱིར་མུ་སྟེགས་བྱེད་ཀྱི་བདག་དང་མི་མཚུངས་ཤིང༌། ཆོས་ཉིད་འདུས་མ་བྱས་སྐད་ཅིག་ལས་འདས་པའི་ཕྱིར། ཞེས་སོགས་གསུངས་པ་ལས་ཁྱད་ལེགས་པར་ཤེས་ནུས་སོ། །མདོ་སྡེ་དགོངས་འགྲེལ་ལ་བསྟེན་ནས་དྲང་ངེས་ལེགས་པར་ཕྱེ་ཚུལ་སོགས། རི་ཆོས་ངེས་དོན་རྒྱ་མཚོ་ལས་ཤེས་པར་བྱའོ། །འོན་ཀྱང་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོའི་ཚུལ་འདི་གཞན་རྟོག་གེ་བ་སོགས་ཀྱི་ཡུལ་མ་ཡིན་ཏེ། མདོ་ལང་ཀར་གཤེགས་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་དགེ །རྟོག་གེ་བ་ཡི་སྤྱོད་ཡུལ་མིན། །ཞེས་དང༌། རྒྱུད་རྡོ་རྗེ་འཕྲེང་བ་ལས། །སྟོང་བ་ཉིད་དང་རང་རིག་དང༌། །ཐམས་ཅད་བདག་ཉིད་རྟག་བཞུགས་པ། །རྣལ་འབྱོར་གཅིག་པུས་རྟོག་པ་སྟེ། །རྟོག་གེ་བ་ཡི་སྤྱོད་ཡུལ་མིན། ། ཞེས་གསུངས་པའི་ཕྱིར་རོ། །

སྨྲས་པ།དེ་ལྟར་ཕྲ་ཞིབ་རིགས་ལམ་ལས་འོངས་པའི། །ཤིང་རྟ་ཆེན་པོའི་ལུགས་བཟང་གདོང་ལྔ་པས། །རྟག་ཆད་སྨྲ་བའི་གླང་བོ་ཕམ་བྱས་ཏེ། །མཐའ་བྲལ་དབུ་མའི་གད་རྒྱང་མངོན་པར་བསྒྲགས། །རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་མཐའ་ལ། །སྐྱེས་སྦྱང་དམན་པའི་རྩལ་གྱིས་བགྲོད་མིན་ཡང༌། །རྟོན་པ་བཞི་ལྡན་གསུང་གི་འོད་དཀར་ལ། །བརྟེན་ནས་དྲང་སྲོང་བདེན་པའི་གཏམ་འདི་སྨྲས། །འདི་བྲིས་དགེ་བས་མཁའ་མཉམ་ལུས་ཅན་རྣམས། །སྤྲོས་བྲལ་ཡེ་ཤེས་ཉིན་བྱེད་དབང་པོ་ཡིས། །གཉིས་སྣང་འཁྲུལ་བའི་མུན་པ་རབ་བསལ་ནས། །རང་བྱུང་ཡེ་ཤེས་གཞི་དབྱིངས་མངོན་གྱུར་ཤོག ཅེས་པ་འདི་ནི་རྒྱ་གར་གྱི་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ནས་འབྲས་རབ་འབྱམས་པའི་མིང་ཙམ་འཛིན་པ་དངོས་གྲུབ་དཔལ་གྱིས་བྲིས་པའོ། །


previousངེས་གསང་ཀུ་མུད་འབྱེད་པའི་ཟླ་ཟེར་ཞེས།next