Nitartha Digital Library
Tibetan
 
previousགཞི་ལམ་འབྲས་བུའི་རྣམ་བཞག་ཉུང་གསལ་རིན་ཆེན་ཕྲེང་བ།next

གཞི་ལམ་འབྲས་བུའི་རྣམ་བཞག་ཉུང་གསལ་རིན་ཆེན་ཕྲེང་བ།

གཞི་ལམ་འབྲས་བུའི་རྣམ་བཞག་ཉུང་གསལ་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་མུ་ནཱིནྟྲ་ཡ། ཚོགས་གཉིས་རྒྱ་མཚོ་རྒྱ་ཆེན་ལས་འཁྲུངས་རྣམ་དག་སྐུ་བཞིའི་བང་རིམ་ཅན། །མཁྱེན་བརྩེའི་ཕུན་ཚོགས་ཉི་ཟླས་རབ་མཛེས་ཕྲིན་ལས་འོད་ཕྲེང་དྲ་བ་ཅན། །བགྲང་ཡས་འགྲོ་རྣམས་ཞི་བསིལ་ཕན་བདེའི་འབྲས་བུའི་ས་ལ་འགོད་མཛད་པ། ། ཐུབ་དབང་རི་རྒྱལ་ལྷུན་པོ་མཆོག་ལ་སྒོ་གསུམ་དང་བས་གུས་ཕྱག་འཚལ། །གཞི་འབྲས་དབྱེར་མེད་ངེས་གསང་ཡང་དག་ལྟ། །ཞི་ལྷག་སྒོམ་པའི་རིམ་གཉིས་རྣལ་འབྱོར་ལམ། །རྒྱལ་བའི་བཀའ་བཞིན་སྒྲུབ་པའི་སྤྱོད་པ་ཀུན། །མ་འདྲེས་མདོར་བསྡུས་ཙམ་ཞིག་བརྗོད་པར་བྱ། །དེ་ལ་འདིར་ངེས་དོན་གྱི་མདོ་བཅུ་དང་སྙིང་པོའི་མདོ་བཅུ་སོགས་དང༌།ས་བཅུའི་དབང་ཕྱུག་རྒྱལ་ཚབ་བྱམས་པ་དང༌། དྲང་ངེས་འབྱེད་པར་རྒྱལ་བ་གང་ཉིད་ཀྱིས་ལུང་བསྟན་པའི་འཕགས་པ་ཐོགས་མེད་ཞབས་དང༌། སློབ་དཔོན་དབྱིག་གཉེན་དང༌། སྤྲོས་བྲལ་རིག་པར་ལུང་བསྟན་པའི་འཕགས་པ་ཀླུ་སྒྲུབ་དང༌། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་ཡབ་སྲས་རྣམས་དང༌། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་སོགས་འཁྲུལ་བྲལ་གྱི་མཁས་གྲུབ་དམ་པ་རྣམས་ཀྱི་གསུངས་ལ་བརྟེན་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཉུང་གསལ་ཙམ་བཤད་པ་ལ། གཞི་དང༌། ལམ་དང༌། འབྲས་བུ་བཤད་པ་དང་གསུམ། དང་པོ་ལ་གཞི་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི་གཞི་ཕུང་པོ་ལྔ་སྐྱེ་མཆེད་བཅུ་གཉིས་ཁམས་བཅོ་བརྒྱད་བདེན་པ་བཞི་སོགས་སྣང་གྲགས་ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་རྣམས་ཐུན་མོང་གི་གཞི་ཞེས་བྱ་སྟེ། བདག་དང་རྟག་པ་སོགས་སྒྲོ་འདོགས་པའི་གཞི་དང༌། བདག་མེད་དང་མི་རྟག་སོགས་ཤེས་པར་བྱ་བའི་གཞི་ཡིན་པ་དང༌། མི་རྟག་པ་དང་བདག་མེད་སོགས་ཁྱད་ཆོས་རྣམས་ཀྱི་རྟེན་ནམ་ཆོས་ཅན་ཡིན་པས་ན་གཞི་ཞེས་བྱ་བའི་ཕྱིར་ཏེ། ཆོས་མངོན་པའི་མདོ་ལས། དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་པ་དག་ལ་གནས། ། ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །ཞེས་དང༌། བསྟན་བཅོས་མངོན་རྟོགས་རྒྱན་ལས།གཞི་ཤེས་པ་ཡི་བྱེ་བྲག་རྣམས།།ཞེས་གསུངས་པའི་ཕྱིར་རོ། །དེ་དག་གི་རྣམ་བཞག་རྒྱས་པར་ས་སྡེ་དང་སྡོམ་རྣམ་གཉིས་དང༌།ས་བཟང་གི་མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་སོགས་ལས་གསལ་བར་གསུངས་ཡོད་པས་དེར་ཤེས་པར་བྱའོ། །གཉིས་པ་གཞི་ཐུན་མོང་མ་ཡིན་པ་ནི། ཆོས་ཉིད་དོན་དམ་འོད་གསལ་ཆོས་སྐུའི་གཏེར་ཆེན་པོ་གཤེགས་སྙིང་རིགས་འདུས་ཆོས་ཅན་བརྟན་དང་གཡོ་བ་ཀུན་ལ་ནམ་མཁའ་ལྟར་ཁྱབ་ཀྱང༌། སྒྲིབ་བྱེད་གློ་བུར་གྱི་དྲི་མས་བསྒྲིབས་ནས་མ་མཐོང་བའི་ཆོས་དབྱིངས་དེ་ཉིད་ནི་གཞི་ཐུན་མོང་མ་ཡིན་པ་ཡིན་ལ། དེ་ཡང་ཆོས་ཀྱི་དབྱིངས་དེ་འཁོར་འདས་གཉིས་ཀྱི་ཆོས་ཀུན་གྱི་གཞི་དང་གནས་དང་རྟེན་བྱེད་པས་ན་གཞི་ཞེས་བྱ་སྟེ། རྒྱུད་བླ་མའི་འགྲེལ་བར་མདོ་དྲངས་ནས་བཤད་པ། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པ་ཐོབ་པ་ཡིན། །ཞེས་དང༌། མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་ནི་ཞེས་པ་ནས་གཞི་དང་གནས་དང་རྟེན་ལེགས་སོ། །ཞེས་དང༌། ཀུན་མཁྱེན་ཕྱོགས་རྒྱལ་བའི་གཞི་ལམ་འབྲས་གསུམ་གྱི་ངོ་སྤྲོད་ཡང་དག་དོན་གསལ་ལས། འཁོར་འདས་ཀྱི་ཆོས་ཀུན་གྱི་གཞི་ཡིན་པས་སམ་གློ་བུར་གྱི་དྲི་མ་སྦྱང་བར་བྱ་བའི་གཞི་ཡིན་པས་གཞི་ཞེས་བྱ་སྟེ། དེ་ནི་གཞིའི་དོན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་འཁོར་འདས་གཉིས་ཀྱི་གཞི་བྱེད་ཚུལ་ནི། ཇི་སྐད་དུ། རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། ། ཞེས་གསུངས་པ་ལྟར་དོན་དམ་ཆོས་དབྱིངས་རང་གི་ངོ་བོ་ལ་དྲི་མས་གདོད་ནས་གོས་མ་མྱོང་བས་དོན་དམ་པའི་མྱང་འདས་ཡིན་ཞིང༌། དེ་ལ་དམིགས་ཏེ་ལམ་ཉམས་སུ་བླངས་ན་མཐར་མྱང་འདས་ཐོབ་པར་འགྱུར་པས་ཞི་བ་མྱང་འདས་ཀྱི་གཞིར་འཇོག་པ་ཡིན་ཏེ། ཐེག་མཆོག་དབུ་མ་ལས། རང་གི་ངོ་བོ་དོན་དམ་མྱ་ངན་འདས། །འདི་ལ་དམིགས་པས་ཞི་བ་ཐམས་ཅད་ཐོབ། །ཅེས་གསུངས་པའི་ཕྱིར་རཽ། །དོན་དམ་ཆོས་དབྱིངས་ཀྱིས་འཁོར་བའི་གཞི་བྱེད་ཚུལ་ནི། དཔེར་ན་གསེར་ཡོད་ན་གཡའ་འབྱུང་ལ་མེད་ན་མི་འབྱུང་བ་ལྟར་དོན་དམ་ཆོས་དབྱིངས་ཡོད་པའི་མཐུ་ལས་ཟག་བཅས་འཁོར་བ་འབྱུང་བ་ཡིན་ལ་དེ་མེད་ན་འཁོར་བ་མི་འབྱུང་ངོ། །དོན་དམ་ཆོས་དབྱིངས་རྟེན་གཞིའི་ཚུལ་དུ་ཡོད་པས་འཁོར་བ་དེ་ཡང་འབྱུང་བ་ཆོས་ཉིད་ཀྱི་རིགས་པ་ཡིན་ཏེ། དཔེར་ན་ནམ་མཁའ་ལ་སྤྲིན་འབྱུང་ཞེས་པའང་དེས་དེ་དངོས་སུ་བསྐྱེད་པ་མ་ཡིན་ཡང་ནམ་མཁའ་དེ་སྤྲིན་སོགས་གློ་བུར་བ་འབྱུང་བའི་གཞིར་འཇོག་པ་བཞིན་དུ། དོན་དམ་ཆོས་དབྱིངས་འོད་གསལ་བའི་ཀུན་གཞིའི་ཡེ་ཤེས་ལ་བརྟེན་ནས་རྣམ་ཤེས་ཚོགས་བརྒྱད་སོགས་ཀུན་རྫོབ་འཁོར་བའི་བསྡུས་པའི་ཆོས་རྣམས་འབྱུང་བ་ཡིན་པའི་ཕྱིར་ཏེ། ཐེག་མཆོག་དབུ་མ་ལས། གསེར་ཡོད་ན་ནི་དེ་ཡི་གཡའ་བཞིན་དུ། །འཁོར་བ་ཐོག་ཐ་མེད་དེའང་དེ་ལས་ཤར། ། དབྱིངས་དེ་འཁོར་བའི་རྒྱུ་ནི་མིན་མོད་ཀྱང༌། །དེ་མེད་ན་ནི་དེ་ཡང་མི་སྲིད་པས། །མཁའ་ལ་རླུང་གི་དཀྱིལ་འཁོར་རྟེན་ཞེས་ལྟར། །འཁོར་བའི་གཞི་གྱུར་ཞེས་པའི་རྣམ་བཞག་བྱས། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་རང་བཞིན་རྣམ་དག་འོད་གསལ་ཆོས་ཀྱི་དབྱིངས་དོན་དམ་རང་བྱུང་གི་དེ་བཞིན་ཉིད་དེ་ཆོས་ཅན་བརྟན་དང་གཡོ་བ་ཀུན་ལ་ཉེ་རིང་མེད་པར་གདོད་ནས་གཞིའི་ཚུལ་དུ་བཞུགས་པ་ཡིན་ཏེ། ས་བཟང་མ་ཏི་པཎ་ཆེན་གྱི་ཞལ་སྔ་ནས། གཞི་ལ་དོན་དམ་ཆོས་ཉིད་དེ་བཞིན་ཉིད། །རང་བཞིན་རྣམ་དག་འོད་གསལ་ཆོས་ཀྱི་དབྱིངས། །རང་བྱུང་ལྷན་གཅིག་སྐྱེས་པའི་ཡེ་ཤེས་སྐུ། །བརྟན་གཡོ་ཀུན་ལ་གདོད་ནས་ཁྱབ་པར་བཞུགས། །ཞེས་གསུངས་པའི་ཕྱིར། དེ་འདྲའི་གཞི་ཆོས་དབྱིངས་དེ་ལུས་ཅན་སེམས་ཅན་ཐམས་ཅད་ལ་ཁྱད་མེད་དུ་བཞུགས་པར་སྒྲུབ་བྱེད་ཀྱི་ལུང་རིགས་གཉིས་ལས། དང་པོ་ནི། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། དེ་བཞིན་གཤེགས་པ་བྱུང་ཡང་རུང་མ་བྱུང་རུང༌། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་དང༌། ཡུམ་ཚུལ་བརྒྱ་ལྔ་བཅུ་པ་ལས། ཐམས་ཅད་ཀྱི་རང་བཞིན་ནི་ཡིན་པས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་དང༌། ཡུམ་མཆོག་དང་པོ་ལས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའྀ་སྙིང་པོ་ཅན་ནོ། །ཞེས་སོགས་ངེས་དོན་གྱི་མདོ་རྒྱུད་མཐའ་ཡས་པ་ཡོད་ལ། རྒྱས་པར་རི་ཆོས་ངེས་དོན་རྒྱ་མཚོ་སོགས་ལས་ཤེས་པར་བྱའོ། །གཉིས་པ་རིགས་པ་ནི། ལུས་ཅན་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པར་བསྟན་བཅོས་རྒྱུད་བླ་སོགས་ལས་རིགས་པ་གསུམ་གསུངས་པ་འདི་ལྟ་སྟེ། ལུས་ཅན་སེམས་ཅན་རྣམས་ཆོས་ཅན། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཏེ། ཁྱོད་ལ་སངས་རྒྱས་ཆོས་ཀྱི་སྐུ་འཕྲོ་བ་སྟེ་ཁྱབ་པར་ཡོད་པའི་ཕྱིར་ཏེ།སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ལ་ཞུགས་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །ཞེས་དང༌། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །ཞེས་གསུངས་སོ། །ལུས་ཅན་སེམས་ཅན་རྣམས་ཆོས་ཅན། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཏེ། སངས་རྒྱས་དང་སེམས་ཅན་གྱི་དེ་བཞིན་ཉིད་ལ་དབྱེ་བ་མེད་པའི་ཕྱིར་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དྲི་མ་མེད་པ་དེ་ནི་འཁོར་བ་དང་མྱང་འདས་ཀྱི་ཆོས་ཉིད་གཉིས་སུ་དབྱེར་མེད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །ཞེས་དང༌། རང་བཞིན་དྲི་མེད་དེ་ནི་གཉིས་མེད་དེ། ། ཞེས་གསུངས་སོ། །ལུས་ཅན་སེམས་ཅན་རྣམས་ཆོས་ཅན། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཏེ། སངས་རྒྱས་ཀྱི་སྟོབས་བཅུ་ལ་སོགས་པ་རང་བཞིན་གྱི་རིགས་སེམས་ཅན་ཐམས་ཅད་ལ་ཡོད་པའི་ཕྱིར་ཏེ། སེམས་ཅན་གྱི་རིགས་དེ་དྲི་མ་དང་བྲལ་བའི་དང་སངས་རྒྱས་ཀྱི་རིགས་དང་ཐ་དད་མེད་པར་ཤིན་ཏུ་འདྲ་ཞིང་ཉེ་བར་སྤྱོད་ཅིང་ཡོད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང༌། སངས་རྒྱས་རིགས་ལ་དེ་འབྲས་ཉེར་སྤྱོད་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་ཆོས་དབྱིངས་དེ་ནི་རང་བཞིན་གནས་རིགས་ཀྱང་ཡིན་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། ཆོས་ཉིད་རྣམ་པར་མི་རྟོག་ཅིང་འོད་གསལ་བའི་དབྱིངས་གང་ཡིན་པ་དེ་ནི་རང་བཞིན་གྱི་རིགས་སོ། །ཞེས་གསུངས་སོ། །དེ་འདྲའི་དོན་དམ་ཟག་པ་མེད་པའི་ཡེ་ཤེས་དེ་ནི་དྲི་མས་མ་དག་པའི་གནས་སྐབས་སུ་དྲི་མ་གནས་པའི་གཞི་དང༌། ཅུང་ཟད་དག་པའི་གནས་སྐབས་སུ་དྲི་མ་སྦྱོང་བའི་གཞི་དང༌། ཤིན་ཏུ་རྣམ་དག་གི་གནས་སྐབས་སུ་དྲི་མ་དག་པའི་གཞིར་བཞུགས་པ་ཡིན་པས་ནམ་མཁའ་ལྟར་ཀུན་འགྲོ་ཀུན་ཁྱབ་ཏུ་བཞུགས་པ་ཡིན་ནོ། །དེ་ལྟ་བུའི་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ནི། སངས་རྒྱས་ཀྱི་རང་བཞིན་ཉིད་ཡིན་ལ་དེ་ལ་སྟོབས་དང་མི་འཇིགས་པ་དང༌། ཏིང་ངེ་འཛིན་ཚད་མེད་པ་ལ་སོགས་པ་ཆོས་སྐུའི་ཡོན་ཏན་མཐའ་ཡས་པའི་བདག་ཉིད་དུ་གྲུབ་པ་ཡིན་ཏེ། མྱང་འདས་ཆེན་པོའི་མདོ་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། ཐུགས་རྗེ་ཆེན་པོ་དང༌། དྲན་པ་ཉེ་བར་བཞག་པ་གསུམ་དང༌། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་རྣམ་གྲངས་བྱེ་བ་ཕྲག་བརྒྱད་ཁྲི་རྣམས་དང༌། མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་བོ་བརྒྱད་ཅུ། ཞེས་པ་ནས། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རང་བཞིན་ཡིན་ནོ། ། ཞེས་དང༌། བསྟན་བཅོས་རྒྱུད་བླ་མ་ལས། འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གངྒའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི།། ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་གསུངས་པའི་ཕྱིར། གཞན་ཡང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པ་ངེས་དོན་གྱི་མདོ་སྡེ་རྣམས་ཀྱི་དོན་གྱི་སྙིང་པོ་བསྡུས་ནས་རྗེ་བཙུན་བྱམས་མགོན་གྱི་གསུངས་པ་འདི་ལྟ་སྟེ། བསྟན་བཅོས་རྒྱུད་བླ་མ་ལས། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང༌།། གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན། །རྟག་ཏུ་མི་འགྱུར་ཡོན་ཏན་རང་བཞིན་ནི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། །ཞེས་རྣམ་བཞག་རྣམ་པ་བཅུ་དང༌། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང༌། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང༌། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་སྒྲིབ་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། ། ཞེས་ཡོངས་གྲུབ་དེ་བཞིན་ཉིད་སེམས་ཅན་ལ་ལྟོས་ནས་སྒྲིབ་བྱེད་དྲི་མ་དགུས་བསྒྲིབས་ནས་བཞུགས་ཚུལ་དཔེ་དོན་དང་བཅས་ཏེ་གསལ་བར་གསུངས་སོ།། དེ་ལྟར་རྗེ་རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པ་དང༌།འཇམ་མགོན་བླ་མ་སྒྲོལ་མགོན་ཡབ་སྲས་ཀྱི་གསུང་རབ་ཀྱི་གསུང་ཟིན་དང་མཐུན་པར་གཞིའི་རྣམ་བཞག་མདོར་བསྡུས་ཏེ་བཤད་པའོ། ། ༈གཉིས་པ་ལམ་གྱི་རྣམ་བཞག་བཤད་པ་ལ། དེ་ལྟར་གཞི་དོན་དམ་ཆོས་ཀྱི་དབྱིངས་ལ་དོན་དམ་གྱི་ཡོན་ཏན་ཐམས་ཅད་རང་བྱུང་དུ་མི་འབྲལ་བར་བཞུགས་ཀྱང་ལམ་ཚོགས་གཉིས་སྒྲུབ་མི་དགོས་པ་མ་ཡིན་ཏེ། སྤྲོས་བྲལ་མི་རྟོག་པའི་ལམ་གཙོ་བོར་གྱུར་བའི་རྒྱ་ཆེ་བའི་ལམ་མཐའ་དག་བསྒོམས་ཏེ་རྣམ་རྟོག་བདག་འཛིན་གཉིས་སོགས་གློ་བུར་གྱི་དྲི་མ་མཐའ་དག་བསལ་ནས་དོན་དམ་པའི་ཡེ་ཤེས་མངོན་དུ་བྱེད་དགོས་པ་གང་ཞིག ཀུན་རྫོབ་གཟུགས་སྐུ་གསར་དུ་བསྐྱེད་ནས་སེམས་ཅན་གྱི་དོན་འཁོར་བ་ཇི་སྲིད་དུ་བྱ་དགོས་པའི་ཕྱིར་ཏེ། རྒྱུ་འབྲས་དབུ་མའི་ཐིགས་ལེ་ལས། གཉེན་པོ་རྣམ་པར་མི་རྟོག་ལམ་བསྒོམ་བྱ། །ཞེས་དང༌། ཀུན་མཁྱེན་ཕྱོགས་རྒྱལ་བའི་གཞི་ལམ་འབྲས་གསུམ་ངོ་སྤྲོད་ཡང་དག་དོན་གསལ་ལས། དེ་ལྟར་སངས་རྒྱས་དེ་གཞི་ལ་ཡེ་ནས་བཞུགས་ཀྱང༌།སེམས་ཅན་རྣམས་འཁོར་བར་སྡུག་བསྔལ་བ་ནི། སངས་རྒྱས་དེ་ཉིད་ཉོན་མོངས་པ་གློ་བུར་གྱི་དྲི་མས་སྒྲིབས་པའི་སྐྱོན་ལས་གྱུར་པ་ཡིན་པས་གློ་བུར་གྱི་དྲི་མ་དང་བྲལ་བར་བྱ་དགོས་ཤིང༌། གློ་བུར་གྱི་དྲི་མ་ནི་རྣམ་པར་རྟོག་པའི་ངོ་བོ་ཡིན་པས། དེའི་གཉེན་པོར་ལམ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་འཁོར་དང་བཅས་པ་བསྒོམ་པར་བྱ་སྟེ། དཔལ་སཾ་བུ་ཌ་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་གསུངས་ཏེ། དེ་ནི་ལམ་གྱི་དོན་ནོ། །ཞེས་གསུངས་ལ། འདིར་རྣམ་དག་ལེགས་པའི་ལམ་ལ། ཀུན་མཁྱཻན་ཇོ་ནང་བ་ཆེན་པོའི་ལྟ་བ་ཤན་འབྱེད་ཡིད་ཀྱི་མུན་སེལ་ལས། ལྟ་སྒོམ་སྤྱོད་པ་ཆོས་ཀྱི་གཞུང༌། །ཞེས་གསུངས་པ་ལྟར་རྣམ་དག་ལེགས་པའི་ལམ་སྒྲུབ་པ་ལ་ལྟ་སྒོམ་སྤྱོད་གསུམ་ཚང་དགོས་པ་ཡིན་པས་དེ་གསུམ་ལས། དང་པོ་ལྟ་བ་ལ་ཐུན་མོང་ཡིན་མིན་གཉིས་ལས། དང་པོ་ནི། རི་ཆོས་ངེས་དོན་རྒྱ་མཚོ་ལས། ཡང་དག་པའི་ལྟ་བ་ཐུན་མོང་དུ་གྲགས་པ་ལེགས་པར་རྟོགས་པ་ལ་ནི། ཆོས་ཐམས་ཅད་གནས་ལུགས་ལ་རི་བོང་གི་རྭ་དང༌། མོ་གཤམ་གྱི་བུ་ལྟར་ཅི་ཡང་མ་རེད་ཅིང་གང་དུ་ཡང་མ་གྲུབ་པས་ནམ་མཁའི་མེ་ཏོག་ལྟ་བུར་ཐག་ཆོད་པ་དགོས་ཏེ་དེའི་ཤེས་བྱེད་རྣམས་ནི་བཀའ་འཁོར་ལོ་བར་བ་དང༌། རིགས་ཚོགས་ལ་སོགས་པ་རྣམས་སུ་གྲགས་པའི་ཕྱིར། ཞེས་དང༌། རྒྱལ་བའི་ཡུམ་ལས། ཤཱ་རིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ལ་ཡང་སློབ་པ་མེད་དོ། །ཞེས་དང༌། སྣ་ཚོགས་འདུ་ཤེས་བྲལ་ཞིང་ཉེ་བར་ཞི་སྤྱོད་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང༌། བཞི་བརྒྱ་བ་ལས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །ཞེས་དང༌། རྩོད་ཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་ཏེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་སྣང་གྲགས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱི་སྤྲོས་པ་ཉེ་བར་ཞི་བའི་སྤྲོས་བྲལ་དུ་གཏན་ལ་ཕབ་དགོས་སོ། །༈ ཐུན་མོང་མིན་པའི་ལྟ་བ་ཡང༌། རྒྱུད་བླ་མ་ལས། རྣམ་དབྱེ་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། ། ཞེས་གསུངས་པ་ལྟར་དོན་དམ་རང་བྱུང་འོད་གསལ་བའི་ཡེ་ཤེས་ཉིད་གཞན་གཟུང་འཛིན་སོགས་སྤྲོས་པ་མཐའ་དག་གིས་གདོད་ནས་སྟོང་ཞིང་དོན་དམ་རང་བྱུང་འདུས་མ་བྱས་པའི་ཡོན་ཏན་སྟོབས་སོགས་ཟག་མེད་ཀྱི་ཡོན་ཏན་རྣམས་ཐོག་མེད་ནས་རང་བཞིན་འགྱུར་བ་མེད་པར་གནས་པའི་ཆོས་དབྱིངས་དེ་བཞིན་ཉིད་ཀྱི་གནས་ལུགས་ཚུལ་བཞིན་དུ་རྟོགས་པའི་མངོན་རྟོགས་ནི། ཡང་དག་པའི་ལྟ་བ་ཡིན་ནོ། །དེ་ཡང་གཞི་བདེན་པ་གཉིས་ཀ་ཟུང་འཇུག་ཏུ་ལེགས་པར་རྟོགས་ནས་ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པ་ལ་བླང་དོར་ཕྱིན་ཅི་མ་ལོག་པར་བྱས་ཏེ། ཡང་དག་པའི་ལྟ་བ་རྒྱུད་ལ་སྐྱེས་ན་དངོས་པོར་ཞེན་པའི་བདག་འཛིན་སོགས་དྲི་མ་གློ་བུར་བ་རྣམས་སྤོང་བར་བྱེད་པ་ཡིན་ཏེ། ས་བཟང་མ་ཏི་པཎ་ཆེན་གྱི་ཞལ་ནས། ལྟ་བ་བདེན་གཉིས་ཟུང་འཇུག་རྟོགས་པ་ཡིས། །ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པ་ལ། །བླང་དོར་ཚུལ་བཞིན་བགྱིས་ཏེ་དམ་པའི་དོན། །སྟོང་ཉིད་རྟོགས་ལས་དངོས་འཛིན་མཐའ་དག་སྤངས། ། ཞེས་གསུངས་པའི་ཕྱིར་རོ། །ཡང་གནས་ལུགས་སུ་ཡོད་པ་ལ་ཡོད་ཅེས་དང་མེད་པ་ལ་མེད་ཅེས་སོགས་བཀའ་འཁོར་ལོ་ཐ་མ་ལྟ་བ་ཤན་འབྱེད་དོན་དུ་གསུངས་ཏེ། རྗེ་ཇོ་ནང་བའི་ལྟ་བ་ཤན་འབྱེད་ལས། ཡོད་དོ་མེད་དོ་རྟག་ཆད་སོགས། །ལྟ་བ་ཤན་འབྱེད་དོན་དུ་གསུངས། །ཞེས་གསུངས་སོ། །དེ་ལྟར་ཡང་དག་པའི་ལྟ་བ་ཚུལ་བཞིན་དུ་ཤེས་དགོས་ལ། མ་ཤེས་ན་སྤྱོད་པ་དང་སྒོམ་པ་ལས་ཀྱང་ཉམས་པར་འགྱུར་ཏེ། ལྟ་བ་ཤན་འབྱེད་ཡིད་ཀྱི་མུན་སེལ་ལས། ལྟ་བ་འཁྲུལ་ན་སྤྱོད་པ་ནོར། །དེ་ནས་སྒོམ་པ་ཉམས་པར་འགྱུར། །དེ་ཕྱིར་ཐོག་མར་ལྟ་བ་གཅེས། །ཞེས་གསུངས་པའི་ཕྱིར་རོ། །༈ གཉིས་པ་སྒོམ་བཤད་པ་ལ། རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ་དང་སྔགས་ཀྱི་དགོངས་དོན་མཐའ་དག་འགལ་བ་མེད་པར་ཚུལ་བཞིན་དུ་ཉམས་སུ་ལེན་པ་ནི་སྒོམ་པ་ཡིན་ལ། དེ་ལྟར་བཀའ་འཁོར་ལོ་གསུམ་གྱི་དགོངས་དོན་མཐར་ཐུག་ཉམས་སུ་བླངས་པས་བདེ་གཤེགས་སྙིང་པོ་ཡིད་བཞིན་གྱི་ནོར་བུའི་དྲི་མ་རགས་པ་དང་ཕྲ་བ་དང་ཤིན་ཏུ་ཕྲ་བ་རྣམས་སྦྱོང་བའི་ཚུལ་དང་མཐུན་པར་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོ་ལས་གསུངས་ཤིང༌། དེ་ཡང་འཁོར་ལོ་དང་པོ་ནི། ཐེག་ཆེན་གྱི་ངེས་དོན་ཟབ་མོ་སྒོམ་པའི་སྔོན་འགྲོ་དང་ཡང་རྗེས་སུ་མཐུན་ཞིང༌། འཁོར་ལོ་གཉིས་པ་ནི་ཟབ་མོའི་དོན་ལ་མཉམ་པར་བཞག་པའི་ཏིང་ངེ་འཛིན་ཁྱད་པར་ཅན་ཉམས་སུ་ལེན་པ་དང་ཡང་མཐུན་ལ། འཁོར་ལོ་གསུམ་པ་ནི། ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས་པ་ན་ཡོད་མེད་ལ་སོགས་པ་ལེགས་པར་ཕྱེ་སྟེ་ངོ་སྤྲོད་པ་གསང་སྔགས་ཟབ་མོ་དང་ཡང་མཐུན་པར་རི་ཆོས་ངེས་དོན་རྒྱ་མཚོ་ལས་གསུངས་སོ། །དེ་ལ་སྒོམ་ཐུན་མོང་བ་བྱམས་སྙིང་རྗེ་དང༌། བདག་གཞན་མཉམ་རྗེ་དང༌།བསྐྱེད་རིམ་སྒོམ་པ་ལ་སོགས་པ་སྒོམ་ཐུན་མོང་བ་རྣམས་ཐུན་མོང་གི་གཞུང་ལུགས་སུ་གྲགས་པ་ལྟར་རོ། །ཐུན་མིན་གྱི་སྒོམ་ནི་འཁོར་ལོ་ཕྱི་མ་གཉིས་དང་གསང་སྔགས་རྡོ་རྗེ་ཐེག་པ་དོན་གཅིག་མོད་ཀྱི་ཉམས་སུ་ལེན་པ་ན་ལ་ཟློ་བ་ཆོས་ཉིད་ཟབ་མོ་ལ་འཁོར་ལོ་བར་བ་དང་མཐུན་པར་རྟོག་མེད་སྤྲོས་བྲལ་དུ་མཉམ་པར་བཞག་ནས་རྗེས་ཐོབ་ཏུ་ཤན་འབྱེད་པའི་ཚེ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ན་འཁོར་ལོ་ཐ་མ་དང་རྡོ་རྗེ་ཐེག་པ་ལས་གསུངས་པ་བཞིན་དུ་ལེགས་པར་རྣམ་པར་ཕྱེ་སྟེ་ངོ་སྤྲད་ན་ཐེག་པ་ཆེན་པོའི་གསུང་རབ་ཐམས་ཅད་ཀྱི་དོན་ཟབ་མོ་ཉམས་སུ་ལེན་པའི་དོན་ཚང་ལ་མ་ནོར་ཞིང་ཡོངས་སུ་དག་པ་ཉིད་དུ་འགྱུར་བས་གནས་ལུགས་ལ་ཡོད་མེད་དང་རང་རང་གི་ངོ་བོས་སྟོང་མི་སྟོང་དང་རྣམ་བཅད་ཡོངས་གཅོད་དང་མེད་དགག་མ་ཡིན་དགག་དང༌། སྤངས་པ་དང་རྟོགས་པ་ལ་སོགས་པ་མདོར་ན་གཤིས་ལ་ཇི་ལྟར་གནས་པ་བཞིན་དུ་ལེགས་པར་ཕྱེ་སྟེ་ཡང་དག་པའི་གནས་ལུགས་ཕྱིན་ཅི་མ་ལོག་པ་དེ་ཐོས་བསམ་གྱིས་ལེགས་པར་རྟོགས་པར་བྱས་ནས་ཀུན་རྫོབ་གློ་བུར་བའི་ཉེས་ཚོགས་ཀྱིས་དབེན་པའི་དོན་དམ་རང་བྱུང་འདུས་མ་བྱས་པའི་ཡོན་ཏན་རང་ཆས་སུ་དབྱེར་མེད་པའི་ཆོས་སྐུ་དེ་བཞིན་ཉིད་དེ་ཞི་ལྷག་ཟུང་འབྲེལ་དུ་ཡང་དག་པར་སྒོམ་པ་ཡིན་པའི་ཕྱིར་ཏེ། ཐེག་མཆོག་དབུ་མ་ལས། སྒོམ་པས་ཞི་ལྷག་ཟུང་འཇུག་དབུ་མ་ཡིན། །ཞེས་གསུངས་པའི་ཕྱིར། གོང་དུ་བཤད་པ་བཞིན་མཉམ་བཞག་གི་སྐབས་སུ་འཁོར་གསུམ་རྣམ་པར་རྟོག་པ་བཅོམ་པའི་ཕྱིར་དུ་རང་སེམས་རང་བྱུང་གཉུག་མ་དོན་གྱི་འོད་གསལ་གྱི་ཡེ་ཤེས་ལ་སྤྲོས་བྲལ་དུ་མཉམ་པར་བཞག་དགོས་ཏེ། རྒྱུད་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན།། མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་གསུངས་པའི་ཕྱིར། དེ་ལྟར་ཚུལ་བཞིན་བསྒོམ་ན་བླང་དོར་མ་ནོར་བ་དང༌། ཟབ་མོའི་དོན་རྟོགས་པ་དང༌། དངོས་འཛིན་སོགས་སྤངས་པ་དང༌། མ་སྒོམ་ན་ལྟ་སྤྱོད་བཟང་ཡང་ཕན་པར་མི་འགྱུར་ཏེ། སྤྱོད་འཇུག་ལས། ལུས་ཀྱི་འདི་དག་སྤྱད་པར་བྱ། །ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ། །སྨན་དཔྱད་བཀློགས་པ་ཙམ་གྱིས་ནི།།ནད་པ་དག་ལ་ཕན་གྱུར་རམ།།ཞེས་དང༌། རྗེ་སྒྲོལ་མགོན་གྱི་ཞལ་སྔ་ནས། སྒོམ་པ་མེད་ན་ལྟ་སྤྱོད་ཀྱང༌། །ས་འོག་གཏེར་བཞིན་ཕན་མི་ཐོགས། །ཞེས་དང༌། ལྟ་སྤྱོད་བཟང་པོ་མང་བཤད་ཀྱང༌། ། སྒོམ་དང་སྒྲུབ་དང་བྲལ་བ་ལ། །སེམས་དང་ཆོས་སུ་མ་འདྲེས་པའི། །དགོས་དུས་ཕན་ཐོགས་འབྱུང་བ་དཀའ། །ཞེས་སོགས་གསུངས་སོ། །༈ གསུམ་པ་སྤྱོད་པ་བཤད་པ་ལ། ཇོ་ནང་ས་བཟང་མ་ཏི་པཎ་ཆེན་གྱི་ཞལ་སྔ་ནས། འདུལ་བ་མདོ་སྡེ་མངོན་པའི་སྡེ་སྣོད་ལས། །གསུང་བཞིན་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཀྱི། །བསླབ་པ་གསུམ་ལ་རྟག་ཏུ་སློབ་པ་དང༌། ། སྡེ་སྣོད་གསུམ་ཡང་མཁྱེན་པར་བགྱིད། །ཅེས་དང༌། ཐེག་མཆོག་དབུ་མ་ལས། སྤྱོད་པ་བླང་དོར་མ་ནོར་དབུ་མ་སྟེ། །ཞེས་གསུངས་པ་ལྟར་ཆོས་འདུལ་བའི་སྡེ་སྣོད་ལས་གསུངས་པའི་སོ་སོར་ཐར་བའི་དགག་སྒྲུབ་ཀྱི་བསླབ་བྱ་སོགས་ཚུལ་ཁྲིམས་ཀྱི་བསླབ་ཁྲིམས་ཚུལ་བཞིན་དུ་སྤྱོད་པ་དང༌། མདོ་སྡེའི་སྡེ་སྣོད་ལས་བཤད་པའི་ཏིང་ངེ་འཛིན་གྱི་བསླབ་པ་ལ་སློབ་པ་དང༌། མངོན་པའི་སྡེ་སྣོད་ལས་བཤད་པའི་ཤེས་རབ་ཀྱི་བསླབ་པ་ལ་རྟག་ཏུ་བརྩོན་པ་སོགས་བླང་དོར་མ་ནོར་བ་རྒྱལ་བའི་བཀའ་བཞིན་དུ་སྒྲུབ་པའི་སྤྱོད་པ་དམ་པའོ། །དེ་ལྟ་བུ་ལ་སྤྱོད་དགོས་པའི་གནད་ཡང་རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པའི་ཕྱིར་ཏེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཞལ་ནས། རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པའི་ཕྱིར། །ལག་ལེན་སྤྱོད་པ་རྣམ་པར་དག་པ་གཅེས། །ཞེས་གསུངས་སོ། །དེ་འདྲའི་ལྟ་སྒོམ་སྤྱོད་པ་ཡ་མ་བྲལ་བར་ཐམས་ཅད་མ་ཚང་བར་མེད་པར་སློབ་དགོས་ཏེ། རྗེ་བཙུན་སྒྲོལ་མགོན་གྱི་ཞལ་ནས། དེ་གསུམ་གཅིག་ལ་གཅིག་རྟེན་ལགས། །ལྟ་མེད་ཀྱི་སྤྱོད་པ་བཟང་ན་ཡང༌། ། མཚན་འཛིན་འཁོར་བའི་རྒྱུ་ཞིག་ལགས། །སྤྱོད་པ་ཉམས་པའི་ལྟ་བ་ནི། ། བསོད་ནམས་ཚོགས་ཀྱང་མ་རྫོགས་ལ། །ཆད་ལྟའི་གཡང་ལ་ལྷུང་ཉེན་ཡོད། །སྒོམ་པ་མེད་ན་ལྟ་སྤྱོད་ཀྱང༌། །ས་འོག་གཏེར་བཞིན་ཕན་མི་ཐོགས། །ཞེས་གསུངས་པའི་ཕྱིར། ལྟ་སྒོམ་སྤྱོད་གསུམ་ཐམས་ཅད་བསླབ་པ་གསུམ་གྱི་ནང་དུ་འདུ་སྟེ། ཇི་སྐད་དུ། སངས་རྒྱས་སེམས་ཅན་སྤྱི་མེས་དེས། །སེམས་ཅན་རྣམས་ལ་ཕན་དོན་དུ། །ཚུལ་ཁྲིམས་ཤེས་རབ་སེམས་ཞེས་པའི། །བསླབ་པ་རྣམ་གསུམ་གསུངས་པ་ཡིན། །ཚུལ་ཁྲིམས་བསླབ་པ་སྤྱོད་པ་སྟེ། །ཤེས་རབ་བསླབ་པ་ལྟ་བ་ཡིན། །སྒོམ་པ་སེམས་ཀྱི་བསླབ་པ་སྟེ། །བསླབ་གསུམ་འདི་ལ་ནན་ཏན་འཚལ། །ཞེས་གསུངས་པའི་ཕྱིར་རོ། །འདིར་ལྟ་སྒོམ་སྤྱོད་གསུམ་དང་སྦྱར་ནས་ལམ་གྱི་རྣམ་བཞག་ཙམ་བཀོད་པ་ནི་རི་ཆོས་ངེས་དོན་རྒྱ་མཚོ་ལྟར་བཤད་ཁུལ་བྱས་པ་ཡིན་ལ། ལམ་གྱི་སྤང་བྱ་དང༌། ལམ་གྱི་ངོ་བོ་དང༌། ལམ་གྱི་དབྱེ་བ་ལ་ཐེག་པ་གསུམ་གྱི་ལམ་གསུམ་དང༌། ལམ་ལྔ་དང༌། ས་བཅུའི་རྣམ་བཞག་རྣམས་ཕར་ཕྱིན་མདོ་ལུགས་མ་དང༌། སྔོན་མེད་ལེགས་བཤད་དང༌། ཉ་ཊིཀ་ཡིད་ཀྱི་མུན་སེལ་སོགས་ལས་ཤེས་པར་བྱའོ། །༈ གསུམ་པ་འབྲས་བུ་བཤད་པ་ལ། དེ་ལྟར་ཕྱིན་ཅི་མ་ལོག་པའི་ལྟ་སྒོམ་སྤྱོད་གསུམ་གྱི་ལམ་ཚོགས་གཉིས་ཡོངས་སུ་རྫོགས་པ་ལས་འབྲས་བུུ་སྤང་བྱ་སྒྲིབ་གཉིས་མ་ལུས་པ་ཟད་པའི་སངས་རྒྱས་ཀྱི་གོ་འཕང་ལེགས་པར་ཐོབ་ནུས་ཏེ། བསྟན་བཅོས་རྒྱུད་བླ་མ་ལས། རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉི་དང་མཁའ་བཞིན་གློ་བུར་གྱི། །ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ཡིས་ནི་བསྒྲིབས་གྱུར་བ། །དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་ནས་འཐོབ། །ཅེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ས་བོན་གྱུར་བའི་དབྱིངས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །རིམ་གྱིས་སྦྱང་བར་གྱུར་པ་ལས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། དེ་ལྟར་ཐོབ་པའི་འབྲས་བུ་ལ་རྣམ་པ་གཉིས་ལས། དང་པོ་བྲལ་འབྲས་ནི། ཆོས་སྐུ་གང་ཡིན་པ་འགྱུར་མེད་ཡོངས་གྲུབ་དང༌། དེ་བཞིན་ཉིད་ཀྱི་སྐུ་ལ་བྲལ་བའི་ཡོན་ཏན་སྟོབས་དང་མི་འཇིགས་པ་དང༌། མ་འདྲེས་པའི་ཆོས་བཅོ་བརྒྱད་ལ་སོགས་པའི་དོན་དམ་སངས་རྒྱས་ཀྱི་ཡོན་ཏན་ཀུན་དང་ལྡན་པ་དེ་ཉིད་ཡིན་པ་དང༌། གཉིས་པ་སྨིན་འབྲས་ནི་གཟུགས་སྐུ་གང་ཡིན་པ་ལ་ཀུན་རྫོབ་གཟུགས་སྐུའི་མཚན་དཔེ་སོགས་སྨིན་པའི་ཡོན་ཏན་རྣམས་དང་ལྡན་པའི་གཟུགས་སྐུ་དེ་ཡིན་པར་གསུངས་ཏེ། རྒྱུད་བླ་མ་ལས། དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་དག་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན། །ཞེས་དང༌། གཞི་ལམ་འབྲས་གསུམ་ངོ་སྤྲོད་ཡང་དག་དོན་གསལ་ལས། གཞིའི་སངས་རྒྱས་དེ་གློ་བུར་གྱི་དྲི་མ་དང་བྲལ་བར་གནས་གྱུར་པ་ལ་འབྲས་བུ་སངས་རྒྱས་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ། ཞེས་པ་ནས། ཆོས་སྐུ་ཐོབ་པའི་བྱིན་བརླབས་ལས་གདུལ་བྱ་རྒྱུད་དག་པ་རྣམས་ལ་མཚན་དང་དཔེ་བྱད་ཀྱི་བདག་ཉིད་ཀྱི་སྐུའི་སྣང་བ་ཤར་བས་དོན་མཛད་པ་ནི་གཟུགས་ཀྱི་སྐུ་ཡིན་ཏེ། དེ་དག་ནི་འབྲས་བུའི་དོན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་ཐོབ་པའི་འབྲས་བུ་ལ་སྐུ་གསུམ་དང་སྐུ་བཞི་རྣམས་དབྱེར་ཡོད་དེ། ཇི་སྐད་དུ། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང༌། །གཞན་ནི་སྤྲུལ་བའི་སྐུ་ཡིན་ཏེ། །དང་པོ་གཉིས་པོའི་རྟེན་ཡིན་ནོ། །ཞེས་དང༌། མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་བ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །ཡང་སྟོང་གཞི་དོན་དམ་ཆོས་ཀྱི་སྐུ་བཞི་ནི། གཞི་འབྲས་དབྱེར་མེད་དུ་བཞུགས་པའི་རྡོ་རྗེ་བཞི་ཡིན་ཏེ། ཡེ་ཤེས་ལེའུ་ལས། རྒྱལ་བའི་སྐུ་ཡི་རྡོ་རྗེ་ཡུལ་དང་ཡུལ་ཅན་རྣམས་ཀྱི་བགྲོད་བྱ་མིན་པ་རྣམ་པ་ཐམས་ཅད་པ། །གསུང་གི་རྡོ་རྗེ་སེམས་ཅན་ཐམས་ཅད་རང་སྙིང་སྐད་རྣམས་དག་གི་ཆོས་ནི་གོ་བར་བྱེད་པའོ། །རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་མཐའ་དག་ས་ལ་གནས། །དྲི་མེད་ནོར་བུ་ལྟ་བུ་དངོས་པོ་རྣམས་ཀྱི་འཛིན་བྱེད་གང་ཡིན་དེ་ཉིད་ཡེ་ཤེས་རྡོ་རྗེའོ། །ཞེས་གསུངས་པའི་ཕྱིར་རོ། ། རང་ལུགས་ཀྱི་གཞུང་ལུགས་འཆད་པའི་སྐབས་རྣམས་སུ་དོན་དམ་དབྱིངས་ཀྱི་གནས་ཚུལ་གྱི་དབང་དུ་བྱས་པ་དང༌། རྣལ་འབྱོར་ཅན་གྱི་སྣང་ཚུལ་གྱི་དབང་དུ་བྱས་པ་གཉིས་རེ་ཡོད་པ་ངེས་པར་ཤེས་པར་བྱ་སྟེ། ཐེག་མཆོག་དབུ་མ་ལས། འདི་ལ་དོན་དམ་དབྱིངས་ཀྱི་གནས་ཚུལ་དང༌། །རྣལ་འབྱོར་ཅན་ལ་ཇི་ལྟར་སྣང་ཚུལ་ལོ། །ཞེས་གསུངས་པའི་ཕྱིར་རོ།། །།འདིར་སྨྲས་པ།གཞི་ལམ་འབྲས་དང་ལྟ་སྒོམ་སྤྱོད་པ་ཡི། །ཐུན་མིན་ལུགས་འདི་མདོ་རྒྱུད་ཀུན་གྱི་གནད། །འཕགས་མཆོག་ཀུན་གྱི་དགོངས་པའང་འདི་ངེས་པས། །ཀུན་མཁྱེན་དགོངས་བཞེད་དྲང་སྲོང་གཏམ་འདི་སྨྲས། །འདིར་བཤད་དགེ་བས་བགྲང་ཡས་འགྲོ་བ་ཀུན། ། རྫོགས་ལྡན་དམ་པའི་ཆོས་འདིར་ལེགས་ཞུགས་ཏེ། ། གློ་བུར་དྲི་མའི་རྒྱལ་ཁམས་ལས་འདས་ནས། ། དོན་དམ་སྐུ་བཞིའི་རྒྱལ་ཁམས་ལ་གནས་ཤོག །ཅེས་གཞི་ལམ་འབྲས་བུའི་རྣམ་བཞག་ཉུང་གསལ་རིན་ཆེན་ཕྲེང་བ་འདི་ནི་ལྕམ་མདའ་དགོན་ཐུབ་བསྟན་ངེས་དོན་ཆོས་འཁོར་གླིང་ནས་རིགས་སྨྲ་དུ་མ་ལ་ཐེག་མཆོག་དབུ་མའི་ཟིན་བྲིས་དང༌། རྟགས་རིགས་གཉིས་ཀྱི་དཔེ་ཁྲིད་ཀྱི་ཞར་ལ་འབྲས་རབ་འབྱམས་པའི་མིང་ཙམ་འཛིན་པ་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པའོ།།།། སརྦ་མངྒ་ལམ། །


previousགཞི་ལམ་འབྲས་བུའི་རྣམ་བཞག་ཉུང་གསལ་རིན་ཆེན་ཕྲེང་བ།next