Nitartha Digital Library
Tibetan
 
previousབཀའ་བསྡུ་བཞི་བའི་ཟུར་མཆན་ཉིན་བྱེད་སྣང་བའི་རྒྱན།no next

བཀའ་བསྡུ་བཞི་བའི་ཟུར་མཆན་ཉིན་བྱེད་སྣང་བའི་རྒྱན།

བཀའ་བསྡུ་བཞི་བའི་ཟུར་མཆན་ཉིན་བྱེད་སྣང་བའི་རྒྱན་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་བྷྱཿ བརྩེ་ཆེན་འོད་ཀྱིས་ཤེས་རབ་མཆོག་སྩོལ་བའི། །མཆོད་འོས་མཚུངས་མེད་རྣམས་ལ་ཕྱག་འཚལ་ནས། །ཟབ་དོན་ནོར་བུའི་གླིང་ནས་ལེགས་བཤད་ཀྱི། །རིན་ཆེན་མཛོད་ཀྱིས་སྐལ་བཟང་དགའ་སྟོན་སྤེལ། །དེ་ལ་འདིར་བཀའ་བསྡུ་བཞི་བའི་འགྲེལ་བ་ལུང་རིགས་གཏེར་མཛོད་ཟབ་དོན་ཀུན་གསལ་ཐུབ་བསྟན་མཛེས་རྒྱན་གྱི་ཟུར་མཆན་ཞིག་འབྲི་བར་བྱ་བ་ལ། མཆོད་བརྗོད་ཀྱི་སྐབས་སུ། དོན་དམ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །གཙང་བདག་བདེ་ཆེན་རྟག་པའི་མཐར་ཐུག་པ།།ཞེས་པའི་སྐབས་ནས་བསྟན་པའི་འབྲས་བུ་གཙང་བདག་བདེ་དང་རྟག་པའི་ཕར་ཕྱིན་བཞི་ནི་གཉེན་པོ་རྣམ་པ་བཞི་བསྒོམས་ནས་སྒྲིབ་པ་བཞི་སྦྱངས་པ་ལས། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་གཙ༷ང་བའི་ཕ་རོལ་ཏུ་ཕྱིན་པ་དང༌། བད༷ག་གི་ཕ་རོལ་ཏུ་ཕྱིན་པ་དང༌། བདེ༷་བའི་ཕ་རོལ་ཏུ་ཕྱིན་པ་ད༷ང༌། རྟ༷ག་པ་ཉི༷༷ད་ཀྱི༷་ཕ་རོལ་ཏུ་ཕྱིན་པ་སྟེ་དོན་དམ་པའི་ཡོ༷ན་ཏ༷ན་གྱི་ཕ༷་རོ༷ལ་ཏུ་ཕྱི༷ན་པ༷་བཞི་དང་ལྡན་པ་ཐོབ་པ་ནི་འབྲ༷ས་བུའི་དོན་ཡིན་པ་དང༌། འཁོར་བ་སྡུ༷ག་བསྔ༷ལ་བ་ལ་ཡི༷ད་འབྱུང༷་བ་དང༌། མྱ་ངན་ལས་འདས་པའི་ཞི༷་བ་ཐོ༷བ་པ༷ར་འདུ༷ན་པ་ད༷ང་སྨོ༷ན་པ༷འི་ལ༷ས་ཅ༷ན་ཡིན་པ་ནི་ཁམས་ཡོད་པའི་བྱེད་ལས་ཡིན་ནོ༷། །དེ་ཡང་སྒྲིབ་པ་བཞི་དག་བྱེད་ཀྱི་གཉེན་པོ་བཞི་སྒོམ་ཚུལ་ནི། ཐེག་པ་ཆེན་པོའི་ཆོ༷ས་ལ༷་ཁོ༷ང་ཁྲོ༷་བ་དང༌། གང་ཟག་རྟག་གཅིག་རང་དབང་ཅན་ལ་སོགས་པའི་བད༷ག་ཏུ་ལྟ༷་བ་ད༷ང༌། འཁོ༷ར་བ༷འི་སྡུ༷ག་བསྔ༷ལ་གྱི༷ས་འཇི༷གས་ནས་རང་ཉིད་ཞི་བདེ་འདོད་པ་ད༷ང༌། སེ༷མས་ཅ༷ན་གྱི་དོ༷ན་སྒྲུབ་པ་ལ༷་ལྟོ༷ས་པ་མེ༷ད་པ་ཉི༷ད་ནི། གོ་རིམ་བཞིན་དུ་འདོ༷ད་ཆེ༷ན་པ་དང་མུ༷་སྟེ༷གས་ཅན་དང་ཉ༷ན་ཐོ༷ས་ད༷ང་ར༷ང་བྱུ༷ང་རྣ༷མས་ཀྱི༷་དེ་བཞིན་གཤེགས་པའི་སྙིང་པོ་མངོན་དུ་འགྱུར་བའི་གེགས་སྒྲིབ༷་པ་རྣ༷མ་པ་བ༷ཞི་ཡིན་ལ། དེ་རྣམས་དག༷་པར་བྱེད་པའི་རྒྱུ༷་ནི། བྱང་སེམས་ཀྱི་ཐེག་པ་ཆེན་པོའི་དམ་པའི་ཆོས་ལ་ལྷ༷ག་པ༷ར་མོ༷ས་པ་དང༌། ལ༷་སོ༷གས་པ༷འི་སྒྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བྱང་སེམས་ཀྱི་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་ཚད་མེད་པ་དང༌། བྱང་སེམས་ཀྱི་གཞན་དོན་ཁུར་ཁྱེར་གྱི་སྙིང་རྗེ་ཆེན་པོའི་ལམ་གྱི་ཆོ༷ས་ནི༷་རྣ༷མ་པ་བ༷ཞི་པོ་ཉི༷ད་རྟག་ཏུ་སྒོམ་པར་བྱེད་པའོ། །དེ་ལ་ཕྱིན་ཅི་ལོག་བཞི་སྤོང་ཚུལ་ནི། ཆོས་ཀྱི་དབྱིངས་དག་པར་བྱེད་པའི་རྒྱུ་མོས་པ་དང་ཤེས་རབ་དང༌། བསམ་གཏན་དང་སྙིང་རྗེ་འདི༷་ད༷ག་གི་འབྲ༷ས་བུ་ནི༷་མདོ༷ར་བསྡུ༷ས་ན༷། གོ་རིམ་ཇི་ལྟ་བ་བཞིན་དུ་ཆོ༷ས་ཀྱི༷་དབྱིངས་ཀྱི་སྐུ༷་ལ༷་མི་གཙང་བ་དང་དམ་པའི་བདག་མེད་པ་དང་སྡུག་བསྔལ་བ་དང་མི་རྟག་པར་འཛིན་པའི་ཕྱི༷ན་ཅི༷་ལོ༷ག་ཏུ་གྱུར་པ་རྣ༷མ་པ༷་བ༷ཞི་ལ༷ས་བཟློག༷་པའི་ཕྱིར། ཕྱིན་ཅི་མ་ལོག་པ་གཙང་བ་དང་དམ་པའི་བདག་དང་བདེ་བ་དང་རྟག་པ་སྟེ་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཞི་དང་ལྡན་པའི་གཉེ༷ན་པོ༷་ར༷བ་ཏུ༷་ཕྱེ༷་བ་ཉི༷ད་ཐོབ་པ་ཡིན་ནོ། ། འབྲས་བུ་ཆོས་ཀྱི་སྐུ་ནི། རྒྱུ་མཚན་གཉིས་གཉིས་ཀྱིས་འབྲས་བུ་གཙང་བདག་བདེ་དང་རྟག་པའི་ཕར་ཕྱིན་བཞི་ཡིན་པར་རིག་པར་བྱ་སྟེ། འབྲས་བུ་མཐར་ཕྱིན་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ༷་ནི༷། སྤྱིའི་མཚན་ཉིད་ར༷ང་བཞི༷ན་གྱིས་གདོད་མ་ནས་ད༷ག་པའི་ཕྱི༷ར་ད༷ང༌། ཁྱད་པར་གྱི་མཚན་ཉིད་གློ་བུར་གྱི་དྲི་མ་བ༷ག་ཆ༷གས་དང་བཅས་པ་མ་ལུས་པ་སྤ༷ངས་པའི་ཕྱི༷ར་གཙ༷ང་བ༷་ཡི་ཕ་རོལ་ཏུ་ཕྱིན་པ་ཡི༷ན་ལ། མུ་སྟེགས་པ་ལ་སོགས་པས་རྟག་པའི་བད༷ག་ཏུ་འཛིན་པའི་སྤྲོས་པ་ད༷ང་ཉན་ཐོས་ལ་སོགས་པས་བདག་གཉིས་ཀྱི་སྟོང་བའི་རྟག་པའི་བད༷ག་མེ༷ད་པར་འཛིན་པའི་སྤྲོས༷་པ༷་མཐའ་ད༷ག་ཉེ་༷བ༷ར་ཞི༷་བ༷ས་ན། ད༷མ་པ༷འི་བ༷དག་གི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞིང༌། སྡུག་བསྔལ་མ་ལུས་པ་འགགས་པས་ཡི༷ད་ཀྱི༷་ར༷ང་བཞི༷ན་གྱི་ཕུ༷ང་པོ༷་ད༷ང་ཀུན་འབྱུང་མཐའ་དག་སྤངས་པས་དེ༷འི་རྒྱུ༷་མ་རིག་བག་ཆགས་ཀྱི་སའི་ཉོན་མོངས་པ་དང་ཟག་པ་མེད་པའི་ལས་ཐམས་ཅད་ཀྱང་ལོ༷ག་ཅིང་ཟད་པའི་ཕྱི༷ར་བ༷དེ་བ༵་ཡི་ཕ་རོལ་ཏུ་ཕྱིན་པ་ཉི༷ད་ཡིན་ནོ། །དེ་ལྟར་སྲིད་པ་འཁོ༷ར་བ༷་ད༷ང་ནི༷་ཞི་བ་མྱ༷་ང༷ན་ལས་འད༷ས་པ་དག་མཐར་ཐུག་པའི་དོན་དུ་ན་རང་བཞིན་མཉ༷མ་པ༷་ཉི༷ད་དུ༷་རྟོ༷གས་པའི་ཕྱི༷ར་དོན་གཉིས་རྒྱུན་མི་འཆད་ཅིང་རྟ༷ག་པའི་ཕ་རོལ་ཏུ་ཕྱིན་པའོ། །དུས་བཞི་ཆེ་ཆུངུ་གི་སྐབས་སུ་གཟའི་ལོངས་སྤྱོད་ཅེས་པ་ནི། གཟའ་ཟླ་བས་ཞག་སུམ་ཅུས་རྒྱུ་སྐར་འཁོར་ལ། དེའི་ཕྱེད་ཟླ༷་བ༷འི་དཀར་ནག་གི་ཕྱོ༷གས་ཏེ༷་ཞག་བཅོ་ལྔ་དང༌། ཉི༷་མས༷་བསྒྲོད་པ་གཉིས་ཀྱིས་རྒྱུ་སྐར་འཁོར་ལོ་ལོངས་སྤྱོད་པར་གྱུར་ལ། དེའི་ཕྱེད་ཀྱི་བསྒྲོ༷ད་པ༷་གཅིག་ད༷ག་ད༷ང༌། ས༷་སྐྱེ༷ས་མིག་དམར་གྱིས་ཟླ་བ་བཅོ་བརྒྱད་ཀྱི་ཡུན་ལ་རྒྱུ་སྐར་བགྲོ༷ད་ལ། དེའི་འཁོར་ཕྱེད་ཟླ༷་བ༷་དགུ༷་རྣ༷མས་དག༷་གི༷ས་མཚ༷ན་མོ༷་ལ་རྩི་ཞིང་འཁོར་བྱེད་གཞན་ནི་ཉིན་མོའི་ཆར་ཆུ་ཚོད་སུམ་ཅུའི་ཆ་ཉིད་དུ་རྩིའོ༷། །བླ༷༷་མ༷འི་ཞེས་ཕུར་བུའི་ལོ་བཅུ་གཉིས་ཀྱིས་རྒྱུ་སྐར་འཁོར་ཡང་ཞག་བོར་སྟེ་དེའི་ལྷག་མའི་ཕྱེད་ལོ༷་དྲུ༷ག་ཏུ༷་འགྱུ༷ར་པ་ཡིན་ནོ། །པ༷་སང༷ས་ཀྱི༷་ཡ༷ང་འཁོར་ཕྱེད་བགྲོ༷ད་པ༷ར་འགྱུ༷ར་ཏེ༷་ཟླ༷་སྐྱེ༷ས་ཀྱི༷་ཡང༷་བགྲོ༷ད་པ༷འོ༷། །ཞེས་ལྷག་སངས་གཉིས་ཀ་དཀྱིལ་འཁོར་ཉི་མ་དང་མཚུངས་པའི་ཕྱིར། ཚེས༷་ཞེ༷ས་བྱ༷་བ༷འི་ལོ༷་བཅོ་ལྔ་ནི༷་ཉི༷་སྐྱེ༷ས་ཞེས་པ་སྤེན་པའི་འཁོར་ཕྱེད་ཀྱི༷་འཁོར་བ་སྟེ༷། དེས་ལོ་སུམ་ཅུ་ལ་རྒྱུ་སྐར་འཁོར་ལོ་འཁོར་རོ། །དེ༷་བཞི༷ན་དུ་མུན༷་ཅ༷ན་སྒྲ་གཅན་གྱི༷་འཁོར་ཕྱེད་ལོ་ད༷གུུ་ཡིན་ནོ། །དེ་ལྟར་གཟའ་བརྒྱད་པོའི་བགྲོད་ཞག་དེ༷་དག༷་ཐམས༷་ཅད༷་གཅིག༷་ཏུ༷་བསྡུ༷ས་པ༷་ནི། ལོ་སོ་གཉིས་དང་ཟླ་བ་གསུམ་ཟླ་བའི་ཕྱེད་ཞག་བཅོ་ལྔ་འོང་བ་ཡིན་ཏེ། ཉི་སངས་ལྷག་གསུམ་གྱི་བགྲོད་པ་གསུམ་ལ་ལོ་གཅིག་དང་ཟླ་བ་དྲུག དེ་སྟེང་མིག་དམར་གྱི་ཟླ་བ་དགུ་བསྣན་པས་ལོ་གཉིས་དང་ཟླ་བ་གསུམ། ཕུར་སྤེན་སྒྲ་གཅན་གསུམ་གྱི་ལོ་བསྡོམ་པ་སུམ་ཅུ་ཡིན་ལ། དེ་གོང་གི་ལོ་ལ་བསྣན་པས་ལོ་སོ་གཉིས་དང་ཟླ་བ་གསུམ། ཟླ་བའི་ཞག་བཅོ་ལྔ་དང་བཅས་པས་དེ་ལྟར་གྱུར་བ་ཡིན་ནོ། །དེ་དག་གཟའ་བརྒྱད་པོ་རྒྱུ་སྐར་གྱི་འཁོར་ཕྱེད་ལ་ལོངས་སྤྱོད་པའི་ཆ་ལས་བཏགས་པའི་གཟའི་ཞག་ཕྱེད་བརྩི་ཚུལ་ཡིན་ནོ། །དེ་ལྟར་གཟའྀ་ཞག་ཕྱེད༷་དང༷་བཅ༷ས་པ༷འི་ཉི༷ན་ཞ༷ག་གཅིག་གི་གྲ༷ངས་སུ་ལོངས་པ་གཟའ་བརྒྱད་ཀྱིས་ཁོར་ཕྱེད་གསུམ་སྤྱད་པའི་ལོ་དེ་དག༷་ལས༷་ཀྱ༷ང་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་གནས་སྐབས་གསུམ་དུ་བཞག་པ་ཡིན་ལ། ཚུལ་དེས་སྐྱེ་བུའི་ལོ༷་བརྒྱ༷ར་འགྱུ༷ར་ཏེ༷་དེ་ལྟར་ན་གནས་སྐབས་གསུམ་གྱི་ལོ་དགུ་བཅུ་རྩ་དྲུག་དང༌། ཟླ་བ་བཅུ། ཞག་བཅོ་ལྔ་རྣམས་ནི་དུ༷ས་ཀྱི༷་འཁོ༷ར་ལོའི༷་དམ༷ན་པ་ཡིན་ནོ༷་ཞེས་དབུགས་གཅིག་གི་སོ་ཆ་ཡེ་རླུང་གི་ཐོབ་སྐལ་ལོ་གསུམ་དང་ཕྱོགས་གསུམ་གྱིས་ཉུང་བ་ཡིན་པས་དེ་ལ་དེ་བསྣན་ན་ལོ་བརྒྱ་འགྱུར་བ་ཤེས་པར་བྱའོ། །དེ་ཡང་མི༷་རྣ༷མས་ཀྱི༷་ནི༷་ལོ༷་བརྒྱ༷་དག༷་ཀྱང༷་ཞེས་པ་བསྒྱུར་བྱའོ། །སྒྱུར་བྱེད་ནི་གཟའ༷་རྣ༷མས་དག༷་གི༷་ལོ༷་ཡི༷་ལོ༷ངས་སྤྱོ༷ད་ཡིན་ལ། དེ་གང་ཞེ་ན་གཟའ་སོ་སོའི་དཀྱིལ་འཁོར་ལན་གཅིག་འཁོར་བའམ་རྫོགས་པ་གཟའ་སོ་སོའི་ཞག་གཅིག་ཡིན་ལ། དཀྱིལ་འཁོར་གྱི་ཕྱེད་ནི་ཞག་ཕྱེད་དུ་བརྩིའོ། །སྔར་བཤད་པ་ལྟར་ཟླ་བའི་ཞག་བཅོ་ལྔ་སོགས་ནས་སྒྲ་གཅན་གྱི་ལོ་དགུའི་བར་གྱི་ཆ་རྣམས་བསྡོམས་པས་ལོ་སོ་གཉིས་དང་ཟླ་བ་གསུམ་ཞག་བཅོ་ལྔ་ནི་གཟའ་རྣམས་བསྡོམ་པའི་ཞག་ཕྱེད་ཡིན་ལ། དེ་གསུམ་གྱིས་བསྒྱུར་བས་ལོ་གོ་དྲུག་དང་ཟླ་བ་བཅུ་ཞག་བཅོ་ལྔ་ནི་གཟའ་རྣམས་ཀྱི་ཞག་གཅིག་དང་ཞག་ཕྱེད་དོ། །དེ་ལ་བུ་ལོན་དུས་ཀྱི་འཁོར་ལོའི་དབུགས་ཡེ་རླུང་གི་ཐོབ་སྐལ་ལོ་གསུམ་ཕྱོགས་གསུམ་བསྣན་པས་མི་ལོ་བརྒྱར་ལོངས་ཤིང༌། དེ་ཉིད་གཟའ་ཞག་གཅིག་དང་ཞག་ཕྱེད་དུ་བརྩིས་ནས།། དེ་གཉིས་ཀྱིས་བསྒྱུར་བས་གཟའི་ཉིན་ཞག་གསུམ་གྱི་མི་ལོ་ཉིས་བརྒྱ། དེ་བཅུས་བསྒྱུར་བས་གཟའི་ཉིན་ཞག་སུམ་ཅུུ་ལ་མིའི་ལོ་སྟོང་ཕྲག་གཉིས། དེ་བཅུ་གཉིས་ཀྱིས་བསྒྱུར་བས་གཟའི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ནི་སྐབས་འདིར་བཤད་པའི་གཟའི་ལོ་གཅིག་སྟེ། འདི་ལ་མིའི་ལོ་སྟོང་ཕྲག་ཉི་ཤུ་རྩ་བཞི་ཡོད་དོ། །དེ་ལྟ་བུའི་གཟའི་ལོ་ཡི་ལོངས་སྤྱོད་མི་ལོ་ཉི་ཁྲི་བཞི་སྟོང་དེ་ཉིད་ཀྱི༷ས་ནི༷་མི་ལོ་བརྒྱ་བོ་དེ་བསྒྱུ༷ར་བ༷ར་བྱ༷འོ། །དེ་ལྟར་བསྒྱུར་བས་མི་ལོ་ས་ཡ་གཉིས་དང་འབུམ་ཕྲག་བཞི་ནི་གཟའ་རྣམས་ཀྱྀ་བུ་ལོན་དང་བཅས་པའི་ལོ་སྟེ་བུ་ལོན་གྱི་འབྲིད་པར་བྱ་བའི་གཞིའོ། །དེ་གན༷ས་སྟེང་འོག་གཉི༷ས་བཞག་ནས་འོག་མར་ཕྱོ༷གས་ཀྱི༷་ཞེས་བཅུ་ཆ༷ས་ཐོ༷བ་པ་ཉིས་འབུམ་བཞི་ཁྲི་དེེ༷་ ནི༷་སྟེང་མ་ལ་བུ༷་ལོན༷་དུ༷་འགྱུ༷ར་བས་སྟེ༷ང་གི༷་ཕུང༷་བོ༷་ད༷ག་ལ༷་སྦྱ༷ང་བ༷ར་བྱ༷འོ། །སྦྱང་ལྷག་འབུ༷མ་ཕྲ༷ག་ཉི༷་ཤུ༷་རྩ་གཅི༷ག་དང༷་ཁྲི༷་ཕྲ༷ག་དྲུ༷ག་གི༷་མིའི་ལོ༷་གྲ༷ངས་གང༷་ད༷ག་རྣ༷མས་ནི༷་དུས་བཞི་ཆེན་པོའི་དུ༷ས་ཀྱི༷་ཕྱེ༷ད་ལ༷་རྫོགས་པའོ༷། །དེ་ཡང་དུས་ཕྱེད་འདི་ལ་རྫོགས་ལྡན་ལ་རྐང་བ་བཞི་ཀ་ཚང་བས་དེའི་བཞི་དང་སུམ་ལྡན་གྱི་རྐང་བ་གཅིག་དང་ལྔ་རྫོགས་ལ་དེ་ལྔ་མཁའ་སོགས་དཀྱིལ་འཁོར་ལྔ་སྐྱེད་རིམ་གྱིས་འབྱུང་བ་གཙོ་བོ་སྲིད་རྩེ་བའི་རྩ་གཡོན་པ་ལ་སྲོག་ཡང་དག་པར་རྒྱུ་བའོ། ། སླ༷ར་ཡང༷་སྔ་མའི་ལོའི་ཕུ༷ང་པོ༷་གཉིས༷་པ་ཉིད་ཀྱིས་ཕྱེད་རྫོགས་ཏེ་དེའི་རིང་ལ་སུམ་ལྡན་གྱི་རྐང་བ་གོང་གི་ལྷག་མ་གཉིས་དང༌། ཉིས་ལྡན་གྱི་རྐང་བ་གཉིས་དང་རྩོད་ལྡན་གྱི་རྐང་བ་གཅིག་སྟེ་ལྔ་རྫོགས་སོ། །འདི་དག་ནི་ས་སོགས་སྡུད་རིམ་གྱིས་ཤར་བའི་འབྱུང་བ་ལྔའི་དཀྱིལ་འཁོར་ནི་གཙོ་བོ་སྲིད་རྩེ་བའི་རྩ་གཡས་པ་ནས་སྲོག་ཡང་དག་པར་རྒྱུ་བའི་དཀྱིལ་འཁོར་ལྔ་འབབ་པའོ། །དེ་ལྟར་ན་གཙོ་བོ་སྲིད་རྩེ་བའི་གཡས་གཡོན་གྱི་རྒྱུ་བ་བཅུ་བོ་བསྡོམ་པས་ངེ༷ས་པར༷་དུ༷ས་བཞི༷་པོ༷་རྣ༷མས་ཀྱི༷་ལོ༷་ཡི༷་གྲ༷ངས་ཏེ་མི་རྣམས་ཀྱི་ལོ་ས་ཡ་བཞི་དང་སུམ་འབུམ་ཉི་ཁྲི་དག༷་ཏུ༷་ནི༷་རབ༷་ཏུ༷་འགྱུ༷ར་རོ། །སྲིད་རྩེའི་དབུགས་རེ་ལ་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་ཅིང་སྐབས་འདིའི་གཙོ་བོའི་དབུགས་རེ་སྔ་མའི་བཅོ་བརྒྱད་ཀྱི་ཆ་མིའི་ལོ་སྟོང་དང་ཉིས་བརྒྱ་ལས་མེད་ཀྱང་གཙོ་བོ་ཆེ་ཆུང་གཉིས་ཡོད་པས་འདི་ཆུང་བའི་དབང་དུ་བྱས་པ་ཡིན་པར་ཀུན་མཁྱེན་གྱིས་མཛད་པར་གྲགས་པའི་རྒྱུད་མཆན་ལས་གསུངས་སོ། །དུས་བཞི་ཆེན་པོའི་ཚད་དེ་ལ་ཉིས་བརྒྱས་བགོས་པས་དུས་བཞི་ཆུང་ངུའི་མིའི་ལོའི་གྲངས་འཆར་ཏེ་དུས་བཞི་ཆེན་པོའི་ཡུན་ལ་དུས་བཞི་ཆུང་ངུ་ཉིས་བརྒྱའི་ཚད་ཡོད་དོ། །དུས་བཞི་སོ་སོའི་ལོ་གྲངས་ཀྱི་ཚད་ནི། སྟོ༷ང་བ༷་སྟོ༷ང་བ༷་ན༷མ་མཁ༷འ་ཀླུ༷་ད༷ང་ལ༷ག་པ་༷ཐུ༷བ་པ༷་རི༷་བོ༷ང་ཅ༷ན་རྣ༷མས་རྫོ༷གས་ལྡ༷ན་དུ༷ས་ཀྱི༷་ཚ༷ད་དེ། ས་ཡ་གཅིག་དང་བདུན་འབུམ་ཉི་ཁྲི་བརྒྱད་སྟོང་ངོ། །གསུ༷མ་ལྡ༷ན་ལ༷་ནི༷་ན༷མ་མཁ༷འ་མཁ༷འ་སྟོ༷ང་རོ༷་དང༷་དགུ་༷ད༷ང་ཉིན༷་བྱེ༷ད་ལོ་ཡི༷་གྲ༷ངས་སུ༷་རབ༷་ཏུ༷་གྲ༷གས་ཞེས་གསུངས་པ་ལོ་ས་ཡ་གཅིག་དང་ཉིས་འབུམ་དགུ་ཁྲི་དྲུག་སྟོང་ངོ། །སྟོ༷ང་བ༷་སྟོ༷ང་བ༷་མཁ༷འ་ད༷ང་རི༷ག་བྱེ༷ད་རོ༷་ད༷ང་ལ༷ག་འགྲོ༷་ཞེ༷ས་པ༷་གཉིས་ལྡ༷ན་ལོ༷ར་ནི༷་ཡ༷ང་ད༷ག་སྟེ༷། །ཞེས་གཉིས་ལྡན་ལོ་གྲངས་བརྒྱད་འབུམ་དྲུག་ཁྲི་བཞི་སྟོང་ཡིན་ནོ། །སྟོ༷ང་བ༷་ན༷མ་མཁ༷འ་མཁའ༷་མི༷ག་ཡོ༷ན་ཏ༷ན་ཆུ༷་གཏེ༷ར་རྣ༷མས་ཀྱི༷་ལོ༷་ཡི་༷གྲ༷ངས་ནི༷་རྩོ༷ད་པའི༷་དུས༷་ལ༷་འགྱུ༷ར། །ཞེས་རྩོད་ལྡན་གྱི་ལོ་གྲངས་བཞི་འབུམ་སུམ་ཁྲི་ཉིས་སྟོང་ངོ་ ། །དེ་བཞི་ཀ་གཅིག་ཏུ་བསྡོམ་པ་དུས་བཞི་ཆེན་པོའི་ལོ༷་ནི༷་འདི༷་དག༷་རྣ༷མས་ཀྱི༷ས་དུ༷ས་ཀྱི༷་མཐ༷འ་རུ༷་གཟའ༷་ཡི་ཚོ༷གས་བརྒྱད་རྣམས་ཀྱི་རྩིས་འཕྲོ་དག་སྟེ་ལོངས་སྤྱོད་ཀྱི་རྒྱུ༷་བ༷་ཟད་བྱེད་ཀྱི་ལོའི་དབོ་ཟླ་བའི་གནམ་སྟོང་ལ་སྐར་མ་ནམ་གྲུའི་མཐར་ཁྱི༷མ་ནི༷་ལོངས་སྤྱོད་ཀྱི་སྟོ༷ང་བ༷་ད༷ག་ལ་གན༷ས་ཏེ་ཐིག་ལེ་འབའ་ཞིག་ཏུ་ཤར་བ་ལ་གཟའ་ཐམས་ཅད་སྟོང་བར་ཞུགས་པའི་ཐ་སྙད་བྱེད་དོ། །དེ་ཡང་དུས་བཞིའི་མཐར་གཟའ་བརྒྱད་ཀྱི་རྒྱུ་བ་སྐར་མ་ནམ་གྲུའི་ཤར་མཐའ་དང་དགྲ་གཅན་ཐ་སྐར་གྱི་ནུབ་མཐའ་དང་དུས་མེ་གནས་པའི་ཕྱེད་ཀྱི་མཐར་ཐ་སྐར་ལ་མ་ཟིན་པའི་འཚམས་དེ་ཁྱིམ་ནི་ལོངས་སྤྱོད་ཀྱི་སྟོང་བ་དག་ལ་གནས་སོ། །དུས་བཞི་ལོ་དེ་རྣམས་ལོ་གཅིག་གི་ཉིན་ཞག་སུམ་བརྒྱ་དྲུག་ཅུས་བསྒྱུར་ནས་གཟའ་སོ་སོའི་དཀྱིལ་འཁོར་སུམ་བརྒྱ་དྲུག་ཅུས་བསྒྱུར་ཏེ་བགོས་པས་ལྷག་མེད་འཆར་རོ། །དེ་ལ་འདི་སྐད་དུ། དུས་བཞིའི་ལོ་གྲངས་ཇི་སྙེད་པ། །སུམ་བརྒྱ་དྲུག་ཅུས་བསྒྱུར་བ་ལ། །གཟའ་རྣམས་རང་རང་དཀྱིལ་འཁོར་ལོ། །སུམ་བརྒྱ་དྲུག་ཅུས་བསྒྱུར་བ་ཡི། །ཞག་གི་བགོས་པའི་སྙེད་པ་དོར། །ལྷག་མ་མེད་ཕྱིར་སྟོང་བར་ཞུགས། ། བསིལ་ཟེར་ཅན་ནི་སུམ་ཅུ་ཞག །ཉི་ལྷག་པ་སངས་མཇུག་རིངས་ཀྱི། །ཉིན་ཞག་མཁའ་རོ་མེ་ཉིད་དེ། །མིག་དམར་ཟླ་བ་བཅོ་བརྒྱད་དོ། །ཕུར་སྤེན་སྒྲ་གཅན་རིམ་པ་བཞིན། །ཉི་མ་༡༢མཁའ་མེ་༣༠སྐྱོན་༡༨གྱི་ལོ། །གཟའ་ཡི་བྱེད་པའི་དཀྱིལ་འཁོར་ཡིན། །ཞེས་པ་ལྟར་ཤེས་པར་བྱའོ། །འོན་ཀྱང་དགྲ་གཅན་ལ་ཅུང་ཟད་དཔྱད་རྒྱུ་སྣང་ངོ། །ཟད་བྱེད་ལོའི་དཔྱིད་འབྲིང་གི་མཐའ་དེ་ལས་སླར་ཡང་སྐར་མའི་དང་བོ་ཐ༷་སྐ༷ར་དང་ནམ་གྲུ་ལ༷་སོ༷གས་པ་ནས་རིམ་བཞིན་གཟའ་རྣམས་ཀྱིས་ལོངས་སྤྱོད་པ་དག༷་དང༌། ལོ་ཡི་དང་བོ་རབ་བྱུང་ཞེ༷ས་བྱ་བ་ད༷ང༌། དེ༷་བཞི༷ན་དུ་ཟླ་བའི་ཐོག་མ་ནག༷་པའི༷་ཟླ༷་བ་ཡིན་པ་སོགས་ཤེས་པར་བྱའོ། །དེ་ཡང་ནང་དུ་ཉིན་ཞག་བརྒྱ་ཕྲག་གཉྀས་ཀྱི་དབུགས་ཀྱི་གྲངས་ཀྱིས་དུས་བཞི་ཆེན་པོའི་ལོ་གྲངས་རྣམས་སུ་འགྱུར་ཏེ། གང་ཞེ་ན་དབུགས་ས་ཡ་བཞི་དང་འབུམ་ཕྲག་གསུམ་དང་ཉི་ཁྲིའི་གྲངས་ཚང་བས་ཡིན་ནོ། །ཕྱི་རོལ་དུ་ནི་ལོ་ས་ཡ་བཞི་དང་སུམ་འབུམ་ཉི་ཁྲིའི་གྲངས་དེས་ཕྱི་རོལ་གྱི་དུས་བཞི་ཆེན་པོའི་ཚད་རྫོགས་པ་ཡིན་ནོ། །རྫོགས་ལྡན་ལ་རྐང་བ་བཞི་གསུམ་ལྡན་ལ་རྐང་བ་གསུམ་གཉིས་ལྡན་ལ་རྐང་བ་གཉིས་རྩོད་ལྡན་ལ་རྐང་བ་གཅིག་ཡོད་པས། རིམ་བཞིན་ཞག་བརྒྱད་ཅུ་དྲུག་ཅུ་བཞི་ཅུ་ཉི་ཤུའི་དབུགས་ཀྱི་གྲངས་དང་མཚུངས་པ་ཡིན་ནོ། །ཞག་ཉི་ཤུའི་དབུགས་གྲངས་ཀྱི་ལོ་དེ་བཅུས་བསྒྱུར་བས་ས་ཡ་བཞི་དང་སུམ་འབུམ་ཉི་ཁྲི་གྱུར་བ་ནི་དུས་བཞི་ཆེན་པོའི་ཚད་ཡིན་ནོ། ། ཚད་འདི་དག་གིས་གཟའ་རྣམས་ཀྱི་རྩིས་འཕྲོ་སྟོང་བར་འཇུག་པ་ཡིན་ལ། དེ་ལྟར་ཕྱི་ནང་གི་དུས་བཞིའིའཁོར་ལོ་རེ་རྫོགས་པ་དེའི་ཚེ་སྐྱེས་བུ་དེའི་སྲོག་དབུ་མར་ཞུགས་པའི་ཐ་སྙད་བྱེད་དོ། །ཀུན་མཁྱེན་གྱིས་མཛད་པར་གྲགས་པའི་རྒྱུད་མཆན་ལས། དུས་བཞི་ཆེན་པོ་འདིའི་རྩོད་ལྡན་གྱི་མཇུག་དང་བསྟན་པ་འདིའི་དུས་བཞིའི་རྩོད་ལྡན་གྱི་མཇུག་མཉམ་དུ་རྫོགས་པ་ན་ཤམྦྷ་ལ་ནས་རིགས་ལྡན་དྲག་པོ་ལྷ་ཆེན་བཅུ་གཉིས་སོགས་ཀྱིས་འཁོར་དང་བཅས་པ་བྱོན་ནས་ཀླ་ཀློ་འཇོམས་པར་མཛད་དོ། །ཞེས་གསུངས་པ་ལ་བརྟེན་ནས་དུས་བཞི་ཆེན་པོའི་མགོ་མཇུག་ཀྱང་ཤེས་པར་བྱའོ། །དུས་བཞི་ཆུང་བ་ནི་བསྡུས་རྒྱུད་ལས། ལྷུན་པོའི་རྒྱབ་ཀྱི་ཞེས་སོགས་ཀྱིས་བསྟན་ཏེ། འདིས་འཛམ་གླིང་ཆེན་པོའི་ལས་ཀྱི་ས་དུམ་བུ་བཅུ་གཉིས་སུ་དེ་བཞིན་གཤེགས་པའི་ཆོས་འཇུག་པའི་ཚུལ་བསྟན་པ་སྟེ། དེ་གང་ཞེ་ན་རི་རབ་ལྷུ༷ན་པོ༷འི་རྒྱ༷བ་སྟེ་ཕྱི་རོལ་ཉིད་ཀྱི༷་ཕྱོག༷ས་ལས་ཀྱི་ས་དུམ་བུ་བཅུ་གཉིས་པོ་རྣ༷མས་སུ༷་ནི༷་ས༷་གཞི༷་དག༷་ལ༷་ལྷ༷་མི༷ན་ཀླ་ཀློ་རྣ༷མས་ཀྱི༷ས་རྒྱ༷ལ་བར༷་དཀའ༷་བ༷་རིགས་ལྡན་དྲག་པོའི་འཁོར་ལོ་ཅན་འཁོ༷ར་བར་འགྱུར་ཏེ། སའི་དུམ་བུ་བཅུ་གཉིས་པོ་ག༷ང་དུ༷་དུས་གང་གི་ཚེ་འཁོར་ཞེ་ན། དུམ་བུ་གང་དུ་ཐོག་མར་དེ་བཞིན་གཤེགས་པའི་ཆོས་ནི་ཞུགས་ནས་རྫོགས་ལྡན་དུ་ཡོད་པ་དེ་རིམ་གྱིས་གསུམ་ལྡན་དང་གཉིས་ལྡན་དང་རྩོད་ལྡན་དུ་གྱུར། དེ་དུས་སུ་དེ་བཞིན་གཤེགས་པའི་ཆོ༷ས་ནི༷་རྣ༷མ་པར༷་ཉམ༷ས་ཤིང༷་དུས་བཞི་སྔ་མའི་རྩོ༷ད་པའི་དུ༷ས་ལ་ཆོས་མིན་རབ་ཏུ་འཇུག༷་པ༷་དེ༷་ད༷ང་དེ༷ར་ནི༷་ཆོས་ཀྱི་འཁོར་ལོ་ཅན་ར༷བ་ཏུ༷་བགྲོ༷ད་པ༷ར་བྱེ༷ད་ཅིང་རིམ་པས་འཁོར་བར་བྱེད་དེ། ཆོས་མིན་འཛིན་པ་ཀླ༷་ཀློ༷་རྣ༷མས་དང་ཀྱང༷་ཡིག་གིས་བསྡུས་པ་ལྷ་མིན་རྣམས་དང་བཅས་པ་འཁོར་ལོ་ཅན་གྱིས་གཡུ༷ལ་དུ༷་བཅོ༷མ་སྟེ༷་སངས་རྒྱས་པ་ར༷ང་གི༷་ཆོ༷ས་ལ༷་དགོ༷ད་པ་ཉིད་དུ་བྱ༷ས་ན༷ས་སླར་ཡང་མདུ༷ན་དུ༷་བདེ་བ་ཆེན་པོའི་གནས་ཉིད་དུ་རྣ༷མ་པ༷ར་རྒྱུ༷་སྟེ། རྒྱུད་མཆན་དུ། འཁོར་ལོ་ཅན་རིགས་ལྡན་རྒྱལ་པོ་རང་གི་མདུན་ནམ་སྔོན་ན་གནས་པ་བདེ་བ་ཆེན་པོའི་གནས་ཉིད་དུ་རྣམ་པར་རྒྱུ་བ་སྟེ་གཤེགས་པར་མཛད་དོ། །ཞེས་གསུངས། དེ་ལྟར་དུམ་བུ་སོ་སོར་ཆོས་དང་ཆོས་མིན་དར་བའི་ཆ་ལས་བཏགས་པའི་དུས་བཞི་ནི་རྫོ༷གས་ལྡ༷ན་དང་གསུ༷མ་ལྡ༷ན་དང་གཉི༷ས་ལྡ༷ན་དག༷་དང༷་རྩོ༷ད་པའི་དུ༷ས་ཞེས་པའི་མིང་ཅན་གྱི་བསྟན་པའི་དུས་བཞི་གཞ༷ན་ནི༷་ཞེས་བསྐལ་བ་རྫོགས་ལྡན་སོགས་ཀྱི་དུས་བཞི་ཆེན་པོ་ལས་གཞན་པ་དེ་ནི་ས་ཡི་རྩིབས་བཅུ་གཉིས་སུ་རིམ་པར་འཁོར་བ་བསྟན་པའི་འཕེལ་འགྲིབ་ཀྱི་དུ༷ས་ཀྱི༷་སྦྱོ༷ར་བ༷་སྟེ་ཞག་གཅིག་ལ་དུས་སྦྱོར་གསུམ་གྱི་བདག་ཉིད་ཀྱི་མཚམས་བཞིའི་དབྱེ་བ་དག༷་གི༷ས་སྔ་ཕྱི་རིམ་ཅན་དུ་འབྱུང་བ་ལྟར་དུས་བཞི་བོ་སྔ་ཕྱི་རིམ་ཅན་དུ་འབྱུ༷ང་བར༷་འགྱུ༷ར་ཏེ། ཇི་ལྟར་ཞེ་ན། སའི་དུ༷མ་བུ༷་གང༷་དུ༷་ཆོས་མིན་ཀླ་ཀློ་འཇོམས་པའི་སྟོ༷བས་དང་ལྡ༷ན་པ་ཆོས་ཀྱི་འཁོ༷ར་ལོ༷་ཅ༷ན་དེ༷་ར༷བ་ཏུ༷་ཞུ༷གས་པ༷་དེ༷ར་ནི༷་ཡང་དག་པའི་ཆོས་མ་ཉམས་པར་ཡོད་པའི་ཕྱིར། སངས་རྒྱས་ཀྱི་ལུང་དང་རྟོགས་པའི་བསྟན་པ་ཡོངས་སུ་རྫོགས་པའི་རྫོ༷གས་ལྡ༷ན་གྱི་དུ༷ས་བགྲོ༷ད་དེ༷་ཞེས་པ་གནས་པ་ཞེས་པའི་དོན་ཏོ། །ཆོས་ཀྱི་རྒྱ༷ལ་པོའི༷་རྒྱ༷བ་ཏུ༷་སྟེ་རྗེས་སུ་རྫོགས་ལྡན་གྱི་དུས་ཀྱི་མཐར་ཆོས་ཀྱི་རྐང་བ་བཞི་ཆ་གཅིག་མེད་པ་ནས་གསུམ་ལྡན་གྱི་མགོ་ཡིན་ལ། དེ་ནས་བརྩམས་ཏེ། གསུམ་ལྡན་གྱི་མཐར་རྐང་བ་གསུམ་པ་ལ་ཐུག་གི་བར་གསུ༷མ་ལྡ༷ན་དུ་འགྱུར་རོ། །རྒྱུད་མཆན་ལྟར་དུས་བཞི་སྔ་མའི་རྩོ༷ད་པའི༷་དུ༷ས་ཀྱ༷ང་རྒྱལ་བོའི་མདུ༷ན་ད༷ག་ཏུ༷་སྟེ༷་སྔོན་དུ་འབྱུང་སྟེ་རྩོད་པའི་མཐར་ཆོས་ཀྱི་རྐང་བ་གསུམ་ཉམས་ཟིན་ནས་རྐང་བ་བཞི་བའི་དུས་ནའོ། །རྩོད་ལྡན་དང་གསུམ་ལྡན་གཉི༷ས་ཀྱི༷་བར༷་དུ༷་ཆོས་ཀྱི་རྐང་བ་གཉིས་ཉམས་ཟིན་ནས་གསུམ་པའི་དུས་སུུ་གཉི༷ས་ལྡ༷ན་ཡིན་ནོ། །དེ་ལྟར་ལས་ཀྱི་ས་ཁྱིམ་གྱི་འཁོར་ལོ་རྩིབས་བཅུ་གཉིས་པོ་རེ་རེ་ལ་སངས་རྒྱས་ཀྱི་རྫོགས་ལྡན་གྱི་ཆོས་དང༌། གསུམ་ལྡན་སོགས་རིམ་གྱིས་འཇུག་པའི་དབང་གིས་འཁོར་བ་ཡིན་པའོ། །གོང་གི་རྒྱབ་ཏུ་ཞེས་པ་ཙ་མི་ལོ་ཙྭ་བས་ཕྱི་རུ་དང༌། རྭ་དང་རྨ་ལོ་ཙྭ་བས་རྗེས་སུ་ཞེས་བསྒྱུར་བ་དང༌། མདུན་ཞེས་པ་ཡང་རྭ་དང་རྨས་སྔོན་ཞེས་བསྒྱུར་བའོ། །དེ་ཡང་བོད་ཀྱི་དུས་འཁོར་པ་སྔ་མ་ཕལ་ཆེ་བ་དག རྒྱུད་ལས།ལྷུན་པོའི་རྒྱབ་ཀྱི་ཕྱོགས་རྣམས་སུ་ནི་ས་གཞི་དག་ལ་ལྷ་མིན་རྣམས་ཀྱིས་རྒྱལ་བར་དཀའ་བ་འཁོར། ། ཞེས་སོགས་འཇིག་རྟེན་ཁམས་ལེའུ་ཚིགས་བཅད་ཉེར་གཉིས་པ་ལ་སོགས་པ་གསུམ་གྱི་རྒྱུད་དང་དེའི་འགྲེལ་པ་དང༌། རྫོགས་ལྡན་གསུམ་ལྡན་གཉིས་ལྡན་རྩོད་པའི་དུས་ནི་ནུས་པའི་དུས་ཀྱིས་ས་གཞི་དག་ལ་ངེས་པར་རྒྱུ། །ཞེས་པའི་དོན། འཛམ་གླིང་ཆེན་པོའི་ས་དུམ་བུ་བཅུ་གཉིས་ལ་སངས་རྒྱས་ཀྱི་ཆོས་ཀྱི་དབང་དུ་བྱས་པའི་དུས་བཞི་ནུས་པ་སྟེ་འོག་མིན་པའི་ཉིན་ཞག་གཅིག་དང་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཚད་དུ་འཇུག་པ་ཡིན་ལ། དེ་ཉིད་ས་དུམ་བུ་བཅུ་གཉིས་པོ་ལ་སངས་རྒྱས་ཀྱི་བསྟན་པ་སྤྱིར་གནས་པའི་ཚད་དང༌། དེ་ལ་ཡང་རྫོགས་ལྡན་གསུམ་ལྡན་གཉིས་ལྡན་རྩོད་ལྡན་རྣམས་ལ་ལོ་གྲངས་ལྔ་སྟོང་བཞི་བརྒྱ་རེ་དང༌། གླིང་རེ་རེའི་བགོས་སྐལ་ལ་བསྟན་པ་ལོ་སྟོང་བརྒྱད་བརྒྱ་རེ་གནས་པར་འདོད། ཁ་ཅིག་དུས་བཞིའི་མགོ་དེ་བཞིན་གཤེགས་པས་ཆོས་བསྟན་པའི་དུས་དེ་ཉིད་ནས་འཛིན་པར་འདོད། མཁས་གྲུབ་རྗེས་དུས་འཁོར་འགྲེལ་ཆེན་དེ་ཉིད་སྣང་བར། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་དུས་བཞི་སྔ་ཕྱི་གཉིས་ལས། སྔ་མ་ལོ་གྲངས་སུམ་སྟོང་ཉིས་བརྒྱ་ལྔ་བཅུ་ང་ལྔ་དང༌། དུས་བཞི་ཕྱི་མའི་ལོ་གྲངས་སྟོང་བརྒྱད་བརྒྱ་བསྡོམས་པས་ལོ་ལྔ་སྟོང་ལྔ་བཅུ་རྩ་ལྔ་འབྱུང་བའི་སྟེང་ནས་སྟོན་པ་སངས་རྒྱས་ནས་མྱ་ངན་ལས་འདས་ཀྱི་བར་ལོ་བཞི་བཅུ་རྩ་དྲུག་ཕྲི་བ་ན་ལོ་ལྔ་སྟོང་དང་དགུ་འབྱུང་ཞིང༌། དཻ་ནི་མདོ་སྡེ་རྣམས་སུ་སངས་རྒྱས་འདས་ནས་བསྟན་པ་ལོ་ལྔ་སྟོང་གནས་པར་གསུངས་པ་དང་ལོ་དགུ་ཙམ་ལས་ཤིན་ཏུ་མཐུན་ཞིང༌། ལོ་དགུ་ཙམ་རགས་རྩིས་དང་ཞིབ་རྩིས་ཀྱི་ཁྱད་ཡིན་པར་གསུངས་སོ། །འཇུ་མི་ཕམ་པས་འདིས་སྐབས་སུ་དུམ་བུ་གསུམ་རེ་དུས་རེ་རེས་ཁྱབ་ཚུལ་གྱིས་བཤད་པ་མཛད་དོ། །འཁོར་ཚུལ་འདི་ནི་རིགས་ལྡན་དྲག་པོ་འཁོར་ལོ་ཅན་དངོས་དུམ་བུ་བཅུ་གཉིས་སུ་འཁོར་བ་དང༌། དེ་དང་ཆ་འདྲ་བའི་སངས་རྒྱས་ཀྱི་བསྟན་པ་གླིང་བཅུ་གཉིས་སུ་འཁོར་བའི་ཚུལ་ལའང་བཤད་དུ་ཡོད་ན་ཡང༌། རིགས་ལྡན་དྲག་པོ་འཁོར་ལོ་ཅན་དངོས་ལ་འཆད་པ་མང་ངོ༌། །རང་ལུགས་ལ་ཀུན་མཁྱེན་དོལ་པོ་པས་མཛད་པར་གྲགས་པའི་རྒྱུད་མཆན་དུ། ཐོག་མར་འཛམ་གླིང་ཆུང་ངུ་འདིར་རིགས་ལྡན་དྲག་པོས་ཀླ་ཀློ་བཅོམ་སྟེ་སངས་རྒྱས་ཀྱི་ཆོས་རྫོགས་ལྡན་དུ་མཛད་ཅིང་འཁོར་ལོ་ཅན་གྱི་དུས་བཞི་ལོ་སྟོང་བརྒྱད་བརྒྱར་གནས་པ་ནས་བཟུང་སྟེ་ས་དུམ་བུ་བཅུ་གཉིས་པོ་ཐམས་ཅད་དུ་དུས་བཞི་ལོ་སྟོང་བརྒྱད་བརྒྱ་རེ་གནས་པས་དུས་བཞི་འདིས་ས་དུམ་བུ་བཅུ་གཉིས་པོ་འཁོར་བ་ལ་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུར། ཞེས་དང༌། དེ་ཡང་སའི་དུམ་བུ་འདིར་མ་ཁའི་ཡུལ་དུ་ཀླ་ཀློ་ཞུགས་ནས་ལོ་སྟོང་བརྒྱད་བརྒྱ་ལོན་པ་ན་ཤམྦྷ་ལ་ནས་རིགས་ལྡན་དྲག་པོ་ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་སུ་བྱོན་ནས་ཀླ་ཀློ་རྣམས་རང་གི་ཆོས་ལ་བཀོད་ནས་འཁོར་ལོ་ཅན་གྱི་དུས་བཞི་ལོ་སྟོང་བརྒྱད་བརྒྱར་གནས་ཤིང་དེ་བཞིན་དུ་སའི་དུམ་བུ་གཞན་རྣམས་སུ་ཀླ་ཀློ་ལོ་སྟོང་བརྒྱད་བརྒྱ་རེ་གནས་པའི་རྗེས་སུ་འཁོར་ལོ་ཅན་གྱི་དུས་བཞི་ཡང་ལོ་སྟོང་བརྒྱད་བརྒྱ་རེ་གནས་ལ་གཡས་སྐོར་གྱི་དུམ་བུ་དང་པོའི་ཀླ་ཀློའི་གནས་ཚད་རྫོགས་པ་ན་དུམ་བུ་གཉིས་པར་ཀླ་ཀློ་འཇུག་ཅིང་དུམ་བུ་དང་བོའི་དུས་བཞི་རྫོགས་པ་ན་དུམ་བུ་གཉིས་པར་དུས་བཞི་འཇུག་པའི་ཚུལ་གྱིས། ཞེས་གསུངས་སོ། ། དེ་ལྟར་དུ༷ས་བཞི་བོ་དེ་རྣམ༷ས་དག༷་གི༷་ལོ༷་ཡི༷་ཚད༷་ནི༷་སྟོ༷ང་ཕྲག༷་ཉི༷་ཤུ༷་རྩ༷་གཅི༷ག་རོ༷་སྟེ་དྲུ༷ག་བརྒྱ༷་ད༷ག་དང༷་བཅ༷ས་པ༷་སྟེ༷། མི་ལོ་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་ཡིན་ནོ།། དུས་བཞི་བོ་རེ༷་རེ༷་དག༷་གི༷་ཚ༷ད་ནི༷་དུ༷ས་ད༷ང་མད༷འ་སྟེ་ལྔ་བཅུ་ང་བཞི་ཡིས་བསྒྱུར་བའི༷་མི༷་རྣ༷མས་དག༷་གི་ལོ༷་བརྒྱ༷་གང༷་ཡིན༷་པ༷འོ༷། །ཞེས་ལོ་ལྔ་སྟོང་བཞི་བརྒྱ་ཡིན་ནོ། །དེ༷་ལྟ༷ར་ས་དུ༷མ་བུ༷་བཅུ་གཉིས་པོ་ཐ༷མས་ཅ༷ད་དུ༷་ཡ༷ང་ཐོག་མར་སངས་རྒྱས་ཀྱི་བསྟན་པའི་དུས༷་བཞིའི་དབྱེ་བ་བྱུང་བ་དེ་ཡི་ཐ་མ་རྩོད་ལྡན་གྱི་དུ༷ས་སུ༷་ཀླ༷་ཀློ༷འི་ཆོས༷་ནི་རབ༷་ཏུ༷་འཇུ༷ག་པ༷་སྟེ༷། ཀླ་ཀློའི་ཆོས་གནས་ཚད་ཀྱི་ལོ༷་ནི༷་བརྒྱ༷ད་དང༷་བརྒྱ་ཕྲག་གཅིག་ཏུ་ཞེས་བསྒྱུར་ཡང་འགྱུར་མི་ལེགས་པས་བརྒྱ༷ད་ད༷ང་གཅི༷ག་གི༷་བརྒྱར༷་ནི༷་ཞེས་པ་ཡིན་ལ། འབྲི་བགྲང་སྣོན་པ་གཡས་ནས་བྱ་ཞེས་པ་ལྟར་བརྒྱད་དང་གཅིག་མས་ནས་ཡར་བཀོད་པ་བརྒྱས་བསྒྱུར་ན་སྟོང་དང་བརྒྱད་བརྒྱ་འབྱུང་བ་དེ་ཡི་གྲངས་སུ་ངེ༷ས་པར༷་གན༷ས་ཏེ༷་དེ༷་རྫོགས་ནས༷་ཀླ༷་ཀློ༷འི་ཆོས༷་ནི་ཉམ༷ས་པ༷་དག་ཏུ་འགྱུར་བའོ༷། །ཞེས་རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་སེང་གེའི་ཁྲི་ལ་འཁོད་པ་ནས་རིགས་ལྡན་དྲག་པོ་ཁྲིར་བཞུགས་ཀྱི་ལོ་རྫོགས་པའི་བར་ཡིན་ནོ། །འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་དང༌། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་ཀྱིས་ཀྱང་དེ་ལྟར་བཞེད་དོ། །ཀླ་ཀློའི་ཆོས་ནུབ་པ་དེ༷་ནས༷་ལོ༷་ནི༷་སྟོ༷ང་ཕྲ༷ག་གཉིས་ཏེ་བརྒྱ་འཁོར་ཕྲག་ཉི༷་ཤུ༷་ལ་ལག༷་པ༷་བརྒྱ༷་དང༷་ཞེས་པ་ལོ་ཉིས་བརྒྱ་དང་བྲ༷ལ་བ༷་སྟོང་དང་བརྒྱད་བརྒྱར་ལོ་ཅན་གྱིས་གསོས་པའི་བསྟན་པའི་དུས་བཞིར་ས༷ངས་རྒྱས༷་ཀྱི་ཆོས༷་ནི༷་ར༷བ་ཏུ༷་འཇུ༷ག་པ་སྟེ་དུམ་བུ་བཅུ་གཉིས་སུ་འཇུག་པ་བསྡོམ་ན་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུར་བ་ཡིན་ནོ། །གླིང་བཅུ་གཉིས་པོ་ཐམས་ཅད་དུ་བསྟན་པ་ཕྱི་དར་གྱི་དུས་བཞི་རྫོ༷གས་ལྡ༷ན་གསུ༷མ་ལྡན༷་གཉིས༷་ལྡ༷ན་རྩོད༷་པའི༷་དུས༷་བཞི་བོ་རྣམས་ནི༷་མི་ལོ་སྟོང་དང་བརྒྱད་བརྒྱ་རེར་འཇུག་པའི་ལོ་གྲངས་ཕྱོགས་གཅིག་བསྡོམ་པ་ནི་འོག་མིན་པ་ནུ༷ས་པ༷འི་མིང་ཅན་གྱི་ཞག་གཅིག་གི་ཚ༷ད་དེ་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཉིད་ཀྱི༷ས་ས༷་གཞི༷་ད༷ག་ལ་བསྟན་པའི་དུས་བཞྀ་བོ་དེ་ལྟར་ངེ༷ས་པར༷་རྒྱུ༷་ཞིང་འཁོར་བར་འགྱུར་རོ། །འཁོར་ལོའི་བསྒྱུར་བ་དུམ་བུ་བཅུ་གཉིས་སུ་འཁོར་ཚུལ་ནི། བསྡུས་བརྒྱུད་ལས། ཆང་དང་ལན་ཚྭའི་ཞེས་སོགས་ཀྱིས་བསྟན་ཏེ། ནང་གི་མཚོ་དྲུག་པ་ཆ༷ང་གི་རྒྱ་མཚོ་ད༷ང༌། ཕྱིའི་རྒྱ་མཚོ་བདུན་པ་ལན༷་ཚྭ༷འི་ཆུ༷་གཏེ༷ར་གྱི་བར་རམ་དབུས༷་སུུ་ཐུ༷བ་པ༷་སྟེ་གླིང་བདུན་པ་ས༷་ཡི༷་དཀྱི༷ལ་འཁོ༷ར་ལ༷་ནི༷་འཛམ་གླིང་ཆེན་པོ་ལ༷ས་ཀྱི༷་ས༷་ཡ༷ང་དག༷་པར་གན༷ས་པ་དེ་ཉིད་ཀྱི་ཕྱིའི་མཐའ་བསྐོར་དཔ༷ག་ཚད༷་འབུ༷མ་ཕྲ༷ག་གསུ༷མ་ལ༷་ཉི༷་མའི༷་དུ༷མ་བུ༷་སྟེ་གླིང་བཅུ་གཉིས་རྣ༷མས་སུ༷་མི༷་ཡི༷་བད༷ག་པོ༷་ཆོས་ཀྱི་འཁོར་ལོས་སྒྱུར་བ་རི༷མ་པས༷་འཁོ༷ར་བར༷་འགྱུ༷ར་བ་ཡིན་ནོ། །གླིང་དུམ་བུ་བཅུ་གཉིས་པོ་དེ་དག་གི་ནང་ནས་དུ༷མ་བུ༷་གཅི༷ག་འཛམ་གླིང་ཆུང་ངུ་འདི་ལ༷་དཔ༷ག་ཚ༷ད་སྟོ༷ང་ཕྲ༷ག་ཉི༷་ཤུ༷་རྩ༷་ལྔ༷་སྟེ༷་ཡིན་ཞེས་པའོ། །དེ་ཡང་གླིང་བཅུ་གཉིས་མི་གསུངས་བར་དུམ་བུ་བཅུ་གཉིས་ཞེས་གསུངས་བ་ནི་མཚན་མ་བཅུ་གཉིས་མ་ཡིན་པའི་གླིང་ཕྲན་གཞན་དུ་མ་ཡོད་པ་འདུ་དགོས་པའི་ཕྱིར་དང༌། དེ་དག་ཐམས་ཅད་བསྡོམས་པ་གླིང་བདུན་པ་འཛམ་གླིང་ཆེན་པོ་ཞེས་བྱ་བའི་གླིང་གཅིག་ཏུ་གོ་དགོས་པའི་ཆེད་ཡིན་པར་ལྷན་ཐབས་འོད་བརྒྱ་འབར་བ་ལས་གསུངས་སོ། །དུས་བཞི་ཆུང་བ་ཤེས་པ་ལ་ཆོས་རྒྱལ་རིགས་ལྡན་རྣམས་ཀྱིས་ཁྲི་ལོ་སོགས་ཤེས་དགོས་པས་འདིར་མདོར་བསྡུས་ཙམ་ཏཱ་ར་ནཱ་ཐའི་མཛད་པར་གྲགས་པའི་དུས་འཁོར་ཆོས་འབྱུང་ལྟར་དང་པོར་བརྗོད་ན། བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པའི་ཕྱི་ལོ་ནག་པ་ཟླ་བའི་ཉ་ལ། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆེན་པོའི་སྐུར་བཞེངས་ནས། འཁོར་ཕྱག་ན་རྡོ་རྗེའི་སྤྲུལ་བའི་༡ཆོས་རྒྱལ་ཟླ་བ་བཟང་བོ་ལ་སོགས་པ་ལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས་སོ།། དེ་ནས་ཆོས་རྒྱལ་ཟླ་བཟང་གིས་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་མཛད། རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞེངས། རྩ་རྒྱུད་གསུངས་བའི་ལོ་གཉིས་པ་ལ། སའི་སྙིང་བོའི་སྤྲུལ་བ་སྲས་ལྷའི་དབང་བོ་རྒྱལ་སྲིད་དུ་བསྐོས་ནས་ཆོས་ཀྱི་དབྱིངས་སུ་གཤེགས་སོ། །དེ་ནས་ས་བཅུའི་དབང་ཕྱུག་སོ་སོའི་སྤྲུལ་བའི་སྐུ། ༢ལྷ་དབང༌། ༣གཟི་བརྗིད། ༤ཟླ་བས་བྱིན། ༥ལྷའི་དབང་ཕྱུག ༦སྣ་ཚོགས་གཟུགས། ༧ལྷའི་དབང་ལྡན་ཏེ་ཆོས་རྒྱལ་བདུན་དང༌། དེ་རྗེས་༡འཇམ་དཔལ་གྱི་སྤྲུལ་བ་རིགས་ལྡན་འཇམ་དཔལ་གྲགས་པ། དེའི་སྲས་སྤྱན་རས་གཟིགས་ཀྱི་སྤྲུལ་བ་༢རིགས་ལྡན་པདྨ་དཀར་དང། ས་བཅུའི་སྤྲུལ་བའི་སྐུ་༣བཟང་བོ། ༤རྣམ་རྒྱལ། ༥བཤེས་གཉེན་བཟང་བོ། ༦ཕྱག་དམར། ༧ཁྱབ་འཇུག་སྦས་པ། ༨ཉི་མ་གྲགས། ༩ཤིན་ཏུ་བཟང་བོ། ༡༠རྒྱ་མཚོ་རྣམ་རྒྱལ། ༡༡རྒྱལ་དཀའ། ༡༢ཉི་མ། ༡༣སྣ་ཚོགས་གཟུགས། ༡༤ཟླ་འོད། ༡༥མཐའ་ཡས། ༡༦ས་སྐྱོང༌། ༡༧དཔལ་སྐྱོང༌། ༡༨སེངྒེ། ༡༩རྣམ་པར་གནོན་པ། ༢༠སྟོབས་པོ་ཆེ། ༢༡མ་འགགས་པ། ༢༢མི་ཡི་སེངྒེ། ༢༣དབང་ཕྱུག་ཆེན་པོ། ༢༤མཐའ་ཡས་རྣམ་རྒྱལ། ༢༥འཁོར་ལོ་ཅན་ཏེ་རིགས་ལྡན་ཉི་ཤུུ་རྩ་ལྔའོ། །ཆོས་རྒྱལ་ལྷ་དབང་ནས་བརྩམས་ཏེ་མཐའ་ཡས་རྣམ་རྒྱལ་གྱི་བར་དུ་ཐམས་ཅད་ཀྱང་རྒྱལ་སྲིད་ལ་ལོ་གྲངས་རྒྱ་ཕྲག་རེ་རེ་བཞུགས་པར་མཉམ་པ་ཡིན་ཞེས་གསུངས་སོ། ། རིགས་ལྡན་ཉི་མ་གྲགས་སེང་ཁྲིར་འཁོད་ཙམ་ན་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་ལྷག་པར་དར་ནས་འཁོར་ལོ་ཅན་གྱི་ཀླ་ཀློ་འདུལ་ཁའི་བར་ལོ་སྟོང་དང་བརྒྱད་བརྒྱ་ཀླ་ཀློའི་ཆོས་གནས་སོ། །རིགས་ལྡན་རྣམས་ལོ་རྒྱ་རེ་མཉམ་པ་དང༌། རིགས་ལྡན་ཉི་མ་གྲགས་ཀྱི་དུས་སུ་ཀླ་ཀློ་དར་བ་དང༌། དེ་ནས་ཀླ་ཀློ་འདུལ་ཁའི་བར་ལོ་སྟོང་དང་བརྒྱད་བརྒྱ་ཡོད་པ་སོགས་ནི་དུས་འཁོར་ཆོས་འབྱུང་ལྟར་རྣམ་གྲངས་སུ་བརྗོད་པ་ཡིན་པའོ། །དུས་འཁོར་ཆོས་འབྱུང་ནི་ཏཱ་ར་ནཱ་ཐས་མཛད་པར་གྲགས་ཀྱང་གང་གི་སློབ་མ་ཞིག་གིས་བྱས་ཞེས་བཤད་རྒྱུན་ལ་ཡོད་པ་ལྟར་ཡིན་ནམ་རགས་བཤད་ཀྱི་བཤད་པ་ཡིན་ནམ་དཔྱད་པར་བྱའོ། །རང་ལུགས་འཐད་ལྡན་ནི། རྒྱུད་ལྟར་རིགས་ལྡན་བཅུ་བ་རྒྱ་མཚོ་རྣམ་རྒྱལ་ལོ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་སུུ་ཆོས་བསྟན། འདིའི་དུས་སུ་ཀླ་ཀློ་དར་བར་ཡིན་པར་ངེས་ལ། རིགས་ལྡན་རྒྱལ་དཀའ་ལོ་ཉིས་བརྒྱ་ཉེར་གཅྀག་ཁྲི་ལ་བཞུགས་པས་རིགས་ལྡན་དེ་གཉིས་ཀྱིས་ལོ་གྲངས་སྡོམ་པས་མེ་མཁའ་རྒྱ་མཚོའི་ལོ་གྲངས་འབྱུང་བ་ཡིན་པར་གསལ་ཏེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་སྟག་ལུང་དྲིས་ལན་ལས།སྤྱིར་བོད་ཡུལ་འདིར་གྲགས་ཆེ་བ་ལ། ཤམྦྷ་ལའི་ཆོས་རྒྱལ་རིགས་ལྡན་ཐམས་ཅད་སྐུ་ཚེའི་ཚད་ལོ་རྒྱ་ཕྲག་རེ་རེ་ཡིན་ཞེས་ཟེར་ཞིང༌། ཞེས་པ་ནས། རང་ལུགས་ལ་ཆོས་རྒྱལ་རིགས་ལྡན་རྣམས་མི་ལོ་བརྒྱ་ཕྲག་རེ་རེ་བཞུགས་བྱ་བ་དེ་ཡང༌། སྐུ་ཚེ་ཧྲིལ་པོའི་ཚད་མ་ཡིན། སེང་ཁྲི་ལ་བཞུགས་ཏེ་ཆོས་སྟོན་པའི་ཚད་ཡིན། དོན་ལ་གདན་ས་མཛད་པའི་ལོ་གྲངས་སུ་གདའ། རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་དང་རྒྱལ་དཀའ་གཉིས་མ་གཏོགས་གཞན་ཐམས་ཅད་ཁྲི་ཐོག་ཏུ་ལོ་བརྒྱ་ཕྲག་བཞུགས་པ་ཁོ་ན་ཡིན་པས་རགས་པའི་སྐད་དུ་རིགས་ལྡན་རྣམས་ལོ་བརྒྱ་ཆོས་སྟོན་ཅེས་པའང་མི་འགལ་ཏེ། ཤས་ཆེ་བ་བརྗོད་པ་ཡིན་པའི་ཕྱིར་རོ། །དཔེར་ན་ཚེ་ལོ་བརྒྱ་པའི་ཚེ་སངས་རྒྱས་འབྱོན་ཞེས་པ་ཡང༌། དེ་སྐབས་ཀྱི་མི་ཚེ་ལོ་བརྒྱ་ལས་རིང་བ་ཡོད། ཐུང་བ་ཡང་ཡོད་མོད་ཀྱི། ཕལ་ཆེ་བའི་ཚེ་ཚད་ལོ་བརྒྱ་ཡིན་པ་ལ་བསམ་པ་བཞིན་དང༌། ཞེས་པ་ནས། དེ་ལ་རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་ལོ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་ཆོས་བསྟན། དེ་རྗེས་རྒྱལ་དཀས་ཉིས་བརྒྱ་ཉི་ཤུ་རྩ་གཅིག་ཆོས་བསྟན་དེ་གཉིས་སྡོམ་པ་ལ་མེ་མཁའ་རྒྱ་མཚོ་སྟེ་ལོ་བཞི་བརྒྱ་དང་གསུམ་སོང༌། དེ་ཡང་ཀུན་མཁྱེན་ཆེན་པོ་ནས་སྐུ་ཚེའི་སྟོད་ལ་རྭ་འབྲོ་རྣམས་ཀྱི་གསུང་འཕྲོས་སྐྱར་བ་ལས་རང་བཞེད་གསལ་ཁ་མ་མཛད། སྐུ་ཚེའི་སྨད་ལ་རྒྱུད་འགྲེལ་གྱི་previous hit དགོངས next hit་དཔྱད་པ་མཐར་ཕྱིན་པའི་རང་བཞེད་ལ་འདི་ལྟར་མཛད། དེའི་དབང་དུ་བྱས་ནས་རིགས་ལྡན་རྒྱལ་དཀས་ཆོས་བསྟན་པའི་འཇུག་གི་ཆ་ལ། དུས་འཁོར་ཞབས་པ་ཆེན་པོས་གསན། ལོ་གྲངས་ཅི་ཙམ་བསྟེན་གྱི་ངེས་པ་མེད་དེ། རྒྱལ་དཀའ་གདན་སའི་དུས་རྫོགས་མཚམས་ལ་ཐུག་གི་བར་ཤམྦྷ་ལར་བཞུགས། མེ་མཁའ་རྒྱ་མཚོའི་ལོ་རྫོགས་མཚམས་དེ་ནས་རབ་བྱུང་གི་ལོ་ཤར་བའི་ནང་དུ།སློབ་དཔོན་དུས་འཁོར་ཞབས་འཇམ་པའི་རྡོ་རྗེས་འཕགས་ཡུལ་དུ་དུས་འཁོར་གྱི་རྒྱུད་སྤྱན་དྲངས་པ་ཡིན་ནོ། །ཞེས་པ་འདི་ཙམ་ཡིད་བརྟན་ཐུབ་པར་འདུག་ལགས། ཞེས་གསུངས་ལ། ཀུན་མཁྱེན་ཕྱོགས་རྒྱལ་བའི་གཞི་ལམ་འབྲས་གསུམ་ངོ་སྤྲོད་ཡང་དག་དོན་གསལ་ལས། རྒྱ་མཚོ་རྣམ་རྒྱལ་གྱིས་ལོ་བརྒྱ་དང་བརྒྱད་བཅུ་རྩ་གཉིས་དང༌། རྒྱལ་དཀས་ལོ་གཉིས་བརྒྱ་ཉེར་གཅིག་དུུ་ཆོས་བསྟན་པར་བྱེད་རྩིས་ཀྱི་མེ་མཁའ་རྒྱ་མཚོའི་རྒྱུ་མཚན་ལས་གསལ་ཏེ་ལོགས་སུ་ཤེས་པར་བྱའོ། །ཞེས་པ་ནས། རིགས་ལྡན་རྣམས་ཀྱི་སྐུ་ཚེའི་ཚད་ལོ་བརྒྱ་བརྒྱར་མཚུངས་པར་ཁ་ཅིག་བཞེད་པ་ནི་མེ་མཁའ་རྒྱ་མཚོའི་རྒྱུ་མཚན་མ་རྟོགས་པ་ཡིན་ནོ། །ཞེས་གསུངས་སོ། །རིགས་ལྡན་དེ་གཉིས་ཀྱིས་ཆོས་བསྟན་པའི་ལོ་གྲངས་བྱེད་རྩིས་ཀྱི་མེ་མཁའ་རྒྱ་མཚོའི་རྒྱུ་མཚན་ལས་གསལ་གསུངས་པ་ནི། རིགས་ལྡན་པདྨ་དཀར་བོས་མཛད་པའི་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་འཇིག་རྟེན་ཁམས་ལས་སུ།འདིར་བྱེད་པ་ལ་ངེས་པ་ནི་དེ་བཞིན་གཤེགས་པའི་དུས་ནས་ལོ་དྲུག་བརྒྱ་ན་འཇམ་དཔལ་དུས་སོ། །དེ་ནས་ལོ་བརྒྱད་བརྒྱ་ན་ཀླ་ཀློའི་དུས་སོ། །ཀླ་ཀློའི་དུས་དེ་ལས་བརྒྱད་ཅུ་རྩ་གཉིས་ལྷག་པའི་བརྒྱས་དམན་པ་ནི་རྒྱལ་དཀའ་གང་གིས་ཉུང་ངུའི་བྱེད་པ་རྣམ་པར་སྦྱོང་བ་རིགས་ལྡན་རྒྱལ་དཀའི་དུས་སོ། །ཞེས་དང༌། དེ་གསུམ་ལྷག་པའི་བཞི་བརྒྱ་ལ་བསྲེས་པ་ནི་ཀླ་ཀློའི་ལོར་རབ་ཏུ་འགྱུར་རོ།། ཀླ་ཀློའི་དབང་པོའི་ལོ་ནི། ལག་པ་གདེངས་ཅན་ཟླ་བས་དམན་པ་བརྒྱད་ཅུ་རྩ་གཉིས་ལྷག་པའི་བརྒྱ་ཡིས་དམན་པ་ནི་ལག་པ་གདེངས་ཅན་ཟླ་བས་དམན་པ་སྟེ། ཤམྦྷ་ལའི་ཡུལ་དུ་རིགས་ལྡན་རྒྱལ་དཀའི་དུས་ཀྱི་ལོའོ། །ཞེས་གསུངས་པ་ལ་སོགས་པ་སྔ་ཕྱི་རྣམས་ལེགས་པར་བསྒྲིགས་ན། དེ་བཞིན་གཤེགས་པའི་རྩ་རྒྱུད་བསྟན་པའི་དུས་ནས་ལོ་དྲུག་བརྒྱ་ན་རིགས་ལྡན་འཇམ་དཔལ་གྲགས་པའི་དུས་ཡིན་ཞིང༌། དེ་ནས་ལོ་བརྒྱད་བརྒྱ་ན་ཀླ་ཀློ་འབྱུང་ལ། དེ་དང་རིགས་ལྡན་ཤིན་ཏུ་བཟང་བོ་ཁྲི་ལོ་རྫོགས་པ་དུས་མཉམ་པས་ཀླ་ཀློ་འཇུག་པ་དང་རིགས་ལྡན་བཅུ་པ་རྒྱ་མཚོ་རྣམ་རྒྱལ་བྱོན་པ་དུས་མཉམ་ལ། རིགས་ལྡན་བཅུ་གཅིག་པ་རྒྱལ་དཀའི་ལོ་གྲངས་ནི་མེ་མཁའ་རྒྱ་མཚོའི་སྟེང་ནས་ལག་པ་གདེངས་ཅན་ཟླ་བས་དམན་པའི་ལྷག་མ་ཡིན་པར་སྔར་དྲངས་མ་ཐག་པའི་ལུང་གིས་གྲུབ་པས་ལོ་ཉིས་བརྒྱ་ཉེར་གཅིག་ཏུུ་བསྙོན་མེད་ལ། དེའི་ཤུགས་ཀྱིས་ལག་པ་གདེངས་ཅན་ཟླ་བ་ནི། རིགས་ལྡན་རྒྱལ་དཀའི་ཁྲི་ལོ་ཡིན་པར་འབད་མེད་དུ་གྲུབ་པའོ། ། རིགས་ལྡན་འཇམ་དཔལ་གྲགས་པ་བྱོན་པའི་དུས་དང༌། ཀླ་ཀློའི་ཆོས་ཐོག་མར་དར་བའི་དུས་ནི་དེ་ལྟར་ཡིན་པ་སྔར་དྲངས་པའི་ལུང་དེ་དག་དང༌། དུས་འཁོར་རྩ་རྒྱུད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོར། །དྲང་སྲོང་རྣམས་ནི་སྨིན་དོན་དུ། །མི་བདག་འཇམ་དཔལ་གྲགས་པ་ནི།། ཤམྦྷ་ལ་ཞེས་བྱ་བར་འབྱུང༌། །ཞེས་དང༌། རྒྱུད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམྦྷ་ལ་ཞེས་བྱ་བར་འབྱུང༌།། དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱིས་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་དག་རབ་ཏུ་འཇུག །ཅེས་དང༌།འགྲེལ་ཆེན་དྲི་མེད་འོད་ལས། དེ་ནས་ཀླུའི་ལོ་བརྒྱ་རྣམས་ཀྱིས་ཞེས་པ་ནི། གྲགས་པ་མྱ་ངན་ལས་འདས་པ་དེ་ནས་ཀླུ་ཞེས་པ་ལོ་བརྒྱད་བརྒྱ་ནས་ངེས་པར་ཞེས་པ་ནི་གདོན་མི་ཟ་བར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་དག་རབ་ཏུ་འཇུག་པར་འགྱུར་ཏེ། ཞེས་གསུངས་པའོ། །དེས་ན་དུས་འཁོར་ཆོས་འབྱུང་དུ་རིགས་ལྡན་ཉི་མ་གྲགས་ཀྱི་དུས་སུ་ཀླ་ཀློ་འབྱུང་ཞེས་པ་ལ་དཔྱད་པར་བྱའོ། ། ཀླ་ཀློའི་གནས་ཚད་ནི་རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་ནས་རིགས་ལྡན་དྲག་པོས་ཀླ་ཀློ་འཇོམས་པ་རྫོགས་ཀྱི་བར་ལ་ལོ་སྟོང་དང་བརྒྱད་རྒྱ་ཡོད་པ་དེ་ཡིན་ཏེ། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལས། དེ་ལ་བཅོ་བརྒྱད་ལོ་ཡིས་རྒྱ་ཕྲག་བསྒྱུར་ཏེ་བརྒྱ་ཡིས་འཕགས་པའི་ཡུལ་གྱི་མ་ཁ་ལ་སོགས་པར། །ཀླ་ཀློ་རྣམས་ཀྱི་གྲགས་པ་གང་དང་གང་ཞིག་མུན་ཅན་གྱུར་པ་དེ་རྣམས་བདག་གི་དྲུང་ཕྱུང་སྟེ།། ཞེས་གསུངས་སོ། །དེ་ཡང་བཅོ་བརྒྱད་ལོ་ཡིས་བརྒྱ་ཕྲག་བསྒྱུར་ཏེ་བརྒྱ་ཡིས་ཞེས་པ་ནི་བསྒྱུར་གཞི་བརྒྱ་བཀོད་པ་བཅོ་བརྒྱད་ལོ་ཡིས་བསྒྱུར་བའམ། བརྒྱ་ཡིས་ཞེས་པ་བཅོ་བརྒྱད་བརྒྱ་ཡིས་བསྒྱུར་ཞེས་པ་སྟེ་སྟོང་བརྒྱད་བརྒྱའོ། །དེ་ནས་འཁོར་ལོ་ཅན་གྱི་སྤྲུལ་བའི་དམག་ཚོགས་ཀྱིས་ཀླ་ཀློ་ཐམས་ཅད་བཅོམ་སྟེ།ཡང་དག་པའི་ལམ་ལ་བཀོད་ནས་མཐར་སྤྲུལ་བ་བསྡུ་བར་འགྱུར་རོ། །དེ་དུས་སུ་རྫོགས་ལྡན་གྱི་དུས་སུ་གྱུར་ཞིང་འཁོར་ལོ་ཅན་གྱི་སྲས་ཚངས་པ་དང། ལྷ་དབང་གཉིས་དང༌། ལྷ་དབང་གི་རྒྱུད་ལ་འོད་སྲུངས་སོགས་བྱུང་སྟེ། ས་དུམ་བུ་བཅུ་གཉིས་རྣམས་སུ་འཁོར་ཞིང༌། དུམ་བུུ་སོ་སོའི་ལོ་གྲངས་སྡོམ་ན་ལོ་ཉི་ཁྲི་ཅིག་སྟོང་དྲུག་བརྒྱའི་བར་དུ་ཆོས་མིན་ཀླ་ཀློའི་ཆོས་ཉམས་ཤིང་ཡང་དག་པའི་ལམ་དར་བར་མཛད་དོ། ། སྐབས་འདིར་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ་ལས། སངས་རྒྱས་བསྟན་པའི་དུས་བཞི། མི་བདག་འཁོར་ལོ་ཅན་གྱི་དུས་བཞི། འཇིག་རྟེན་སྲིད་པའི་དུས་བཞི། གཟའ་རྣམས་སྟོང་བར་འཇུག་པའི་དུས་བཞི་ཞེས་པ་ནས་དང་པོ་རྒྱལ་བསྟན་ལྔ་བརྒྱ་ཕྲག་བཅུའི་དབང་དུ་བྱས་པའི་དང་པོ་འབྲས་བུའི་དུས་གསུམ་རྫོགས་ལྡན། གཉིས་པ་སྒྲུབ་པའི་དུས་གསུམ་གསུམ་ལྡན། གསུམ་པ་ལུང་གི་དུས་གསུམ་གཉིས་ལྡན། བཞི་བ་རྟགས་ཙམ་འཛིན་པའི་དུས་རྩོད་ལྡན་སོགས་ཡིན་པར་གསུངས་སོ། །༈དོན་དམ་པ་སྟོན་པའི་སྐབས་ཁུ་བ་དང་ཟླ་བ་ཞེས་པའི་དོན་ཝཾ་ཡིག་སྟེ་རྡོ་རྗེ་ཐབས་བདེ་བ་ཆེན་པོའོ། །རྡུལ་དང་ཉི་མ་ཞེས་པའི་དོན་ནི་ཨེ་ཡིག་སྟེ་པད་མ་ཤེས་རབ་སྟོང་བ་ཉིད་དོ། །རྡོ་རྗེ་དང་པད་མ་འདི་གཅིག་པ་ཉིད་ནི་རྡོ་རྗེ་སེམས་དཔའོ། །དོན་དམ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པའི་ངེས་ཚིག་ནི། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཡེ་ཤེས་ཡིན་པས་ཤེས་རབ་དང༌། ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་ཡིན་པས་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེས་སྔོན་མེད་ལེགས་བཤད་ལས་གསུངས་སོ། །

སྨྲས་previous hit ། མདོ་རྒྱུད་ཟབ་མོའི་དགོངས ་དོན་ལྷ་ལམ་ལ། །ཕ་མཐར་བགྲོད་པའི་ཟབ་གསལ་བློ་གྲོས་ཀྱི། །གཤོག་རྩལ་རབ་ཏུ་རྒྱས་པའི་མཁྱེན་མངའ་བ། །རྒྱ་བོད་མཁས་གྲུབ་པད་དཀར་ཚར་དུ་དངར། །རྫོགས་ལྡན་ལ་སོགས་དུས་བཞིའི་རྣམ་བཞག་ཚུལ། །རིགས་ལྡན་པད་དཀར་རྟོན་པ་བཞི་ལྡན་སོགས། །སེམས་དཔའ་རྣམས་ཀྱི་བཞེད་པ་ཇི་བཞིན་དུ། །ཕྱོགས་མེད་རིས་མེད་ཚངས་པའི་ཐིག་འདི་བཏབ། །འདིར་སྨྲས་དགེ་བས་མཁའ་མཉམ་ལུས་ཅན་ཀུན། །གསུམ་ལྡན་མར་བཅད་སྐྱོན་རྣམས་ལེགས་བསལ་བའི། །རྫོགས་ལྡན་ལུང་རྟོགས་བསྟན་ལ་རབ་ཞུགས་ཏེ། །བྲལ་འབྲས་ཆོས་སྐུ་རང་མདངས་མངོན་གྱུར་ཤོག །ཅེས་བཀའ་བསྡུ་བཞི་བའི་ཟུར་མཆན་ཉིན་བྱེད་སྣང་བའི་རྒྱན་འདི་ནི་ཆོས་མེད་སྤྲང་འཁྱམས་པ་ངག་དབང་དངོས་གྲུབ་དཔལ་གྱིས་ངེས་དོན་རྟག་བརྟན་བཤད་སྒྲུབ་འཕེལ་རྒྱས་དགོན་རྨད་བྱུང་ཐོས་བསམ་གླིང་དུ་སྦྱར་བའོ།། །། སརྦ་མངྒ་ལཾ།

དཔར་བྱང་སྨོན་ཚིག

རྣམ་གྲོལ་ཞི་བའི་རྒྱ་མཚོར་རོ་གཅིག་ཏུ། །གཞོལ་བའི་མཐའ་ཡས་ཆོས་ཚུལ་དལ་འབབ་ཀླུང༌། །ཚིག་གི་གཟེགས་མ་རེས་ཀྱང་དུག་གསུམ་གྱི། །དྲི་མ་ཡོངས་འཁྲུད་ལེགས་བཤད་བདུད་རྩི་འདི། །དཔར་དུ་བསྐྲུན་པའི་རྣམ་དཀར་ཕུང་བོའི་མཐུས། །ཡང་དག་ཆོས་ཀྱི་སྒོ་མོ་སྟོང་ཕྲག་བརྒྱ། །གདངས་ཏེ་རྒྱུད་ལྔའི་འགྲོ་བ་མ་ལུས་པ། །ངེས་ལེགས་ནོར་བུའི་མཛོད་ལ་དབང་འབྱོར་ཤོག། །ཅེས་འཛམ་གླིང་ཡངས་པའི་ཁྱོན་ལ་འཚེ་མེད་ཞི་བའི་ལམ་སྟོན་རྣམ་འདྲེན་ཤཱཀྱ་སེང་གེའི་རིང་ལུགས་སྒོ་ཀུན་ནས་རྒྱས་པ་སོགས་འཕྲལ་ཡུན་ལེགས་ཚོགས་དུ་མའི་ཆེད་དུ་དམིགས་ནས། ནང་བསྟན་གྲུབ་མཐའ་རིས་མེད་ཀྱི་གསུང་རབ་རྣམས་དཔར་དུ་བསྐྲུན་དང་བསྐྲུན་འགྱུར་གང་ལའང་སྦྱར་ཆོག་པའི་དགེ་བསྔོའི་སྨོན་ཚིག་ཏུ་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོས་སྦྱར་བའོ།། །


previousབཀའ་བསྡུ་བཞི་བའི་ཟུར་མཆན་ཉིན་བྱེད་སྣང་བའི་རྒྱན།no next