Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ། ཚད་མ།


  collapse section
ཚད་མའི་དགོངས་དོན་ཕྱོགས་གཅིག་ཏུ་དྲིལ་བ་བསྟན་བཅོས་བསྡུས་གྲྭའི་རྣམ་བཞག་གཞུང་བརྒྱ་གསལ་བའི་རིགས་ལམ་བློ་གསལ་ཡིད་ཀྱི་མུན་སེལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
  expand section
   
   
   


 
no previousཚད་མའི་དགོངས་དོན་ཕྱོགས་གཅིག་ཏུ་དྲིལ་བ་བསྟན་བཅོས་བསྡུས་གྲྭའི་རྣམ་བཞག་གཞུང་བརྒྱ་གསལ་བའི་རིགས་ལམ་བློ་གསལ་ཡིད་ཀྱི་མུན་སེལ།next

ཚད་མའི་དགོངས་དོན་ཕྱོགས་གཅིག་ཏུ་དྲིལ་བ་བསྟན་བཅོས་བསྡུས་གྲྭའི་རྣམ་བཞག་གཞུང་བརྒྱ་གསལ་བའི་རིགས་ལམ་བློ་གསལ་ཡིད་ཀྱི་མུན་སེལ།

དཀར་ཆག ཚད་མའི་དགོངས་དོན་ཕྱོགས་གཅིག་ཏུ་དྲིལ་བ་བསྟན་བཅོས་བསྡུས་གྲྭའི་རྣམ་བཞག་གཞུང་བརྒྱ་གསལ་བའི་རིགས་ལམ་བློ་གསལ་ཡིད་ཀྱི་མུན་སེལ།

བསྡུས་ཚན་དང་པོ་གཟུགས་ཀྱི་རྣམ་བཞག་བཤད་པ། གཉིས་པ་ཡོད་རྟོགས་མེད་རྟོགས་ཀྱི་རྣམ་བཞག་བཤད་པ། གསུམ་པ་ཡིན་ལོག་མིན་ལོག་གི་རྣམ་བཞག་བཤད་པ། བཞི་བ་ལྡོག་པ་ངོས་འཛིན་གྱི་རྣམ་བཞག་བཤད་པ། ལྔ་བ་གཅིག་དང་ཐ་དད་ཀྱི་རྣམ་བཞག་བཤད་པ། དྲུག་པ་རྒྱུ་འབྲས་ཆུང་ངུའི་རྣམ་བཞག་བཤད་པ། བདུན་པ་ཡུལ་དང་ཡུལ་ཅན་གྱི་རྣམ་བཞག་བཤད་པ། བརྒྱད་པ་སྤྱི་དང་བྱེ་བྲག་གི་རྣམ་བཞག་བཤད་པ། དགུ་པ་འགལ་འབྲེལ་ཆུང་ངུའི་རྣམ་བཞག་བཤད་པ། བཅུ་བ་མཚན་མཚོན་གྱི་རྣམ་བཞག་བཤད་པ། བཅུ་གཅིག་པ་ཆ་བའི་ལུགས་ཀྱི་རྫས་ལྡོག་གི་རྣམ་བཞག་བཤད་པ། བཅུ་གཉིས་པ་རང་ལུགས་ཀྱི་རྫས་ལྡོག་གི་རྣམ་བཞག་བཤད་པ། བཅུ་གསུམ་པ་ཁྱབ་པ་སྒོ་བརྒྱད་ཀྱི་རྣམ་བཞག་བཤད་པ། བཅུ་བཞི་པ་ཁས་ལེན་སོང་ཚུལ་གྱི་རྣམ་བཞག་བཤད་པ། བཅོ་ལྔ་བ་དྲུག་སྒྲའི་རྣམ་བཞག་མདོར་བསྡུས་ཙམ་བཤད་པ། བཅུ་དྲུག་པ་ཐལ་འགྱུར་ཆུང་ངུའི་རྣམ་བཞག་མདོར་བསྡུས་ཙམ་བཤད་པ། བཅུ་བདུན་པ་དུས་གསུམ་གྱི་རྣམ་བཞག་བཤད་པ། བཅོ་བརྒྱད་པ་རང་མཚན་སྤྱི་མཚན་གྱི་རྣམ་བཞག་བཤད་པ། བཅུ་དགུ་བ་སེལ་འཇུག་དང་སྒྲུབ་འཇུག་གི་རྣམ་བཞག་བཤད་པ། ཉི་ཤུ་པ་བརྗོད་བྱ་རྗོད་བྱེད་ཀྱི་རྣམ་བཞག་བཤད་པ། ཉེར་གཅིག་པ་དགག་སྒྲུབ་ཀྱི་རྣམ་བཞག་བཤད་པ། ཉེར་གཉིས་པ་འགལ་འབྲེལ་ཆེ་བའི་རྣམ་བཞག་བཤད་པ། ཉེར་གསུམ་པ་ཐལ་འགྱུར་ཆེ་བའི་རྣམ་བཞག་བཤད་པ། ཉེར་བཞི་པ་རྒྱུ་འབྲས་ཆེ་བའི་རྣམ་བཞག་བཤད་པ། ཐལ་འགྱུར་གྱི་ཁྱབ་སྒོ་རེ་གཉིས་ཀྱི་རེ་མིག ཆ་བའི་ལུགས་ཀྱི་རྫས་ལྡོག་བརྒྱད་ཀྱི་མུ་བཞི་བརྩི་ཚུལ། བློ་རིག་གི་རྣམ་བཞག་ཉུང་གསལ་ལེགས་བཤད་གསེར་གྱི་ཉི་མ། བློ་རིག་གི་རྣམ་བཞག་བཤད་པ་ལ་གཉིས། དང་པོ་ཡུལ་ཅན་བློའི་རྣམ་བཞག་བཤད་པ་ལ་གཉིས། དང་པོ་མ་གྲུབ་པའི་གཏན་ཚིགས་བཤད་པ། གཉིས་པ་འགལ་བའི་གཏན་ཚིགས་བཤད་པ། གསུམ་པ་མ་ངེས་པའི་གཏན་ཚིགས་བཤད་པ། རྩ་བའི་ས་བཅད་གཉིས་པ་གཞན་དོན་རྗེས་དཔག་བཤད་པ་ལ་གཉིས། གཞན་དོན་རྗེས་དཔག་དངོས་བཤད་པ། དེའི་ཤུགས་བསྟན་བསྒྲུབ་བྱ་བཤད་པ༌། ཕྱོགས་སྒྲའི་རྩོད་ལན་མདོར་བསྡུས་གསལ་བའི་སྒྲོན་མེ། ཕྱོགས་ཆོས་འཁོར་ལོའི་གཏན་ཚིགས་དགུའི་རེའུ་མིག ལུང་འགལ་གྱི་རྣམ་བཞག་བློ་གསལ་ཡིད་ཀྱི་རྒྱན། དོན་བདུན་ཅུའི་རྣམ་བཞག ཚད་མའི་དགོངས་དོན་ཕྱོགས་གཅིག་ཏུ་དྲིལ་བ་བསྟན་བཅོས་བསྡུས་གྲྭའི་རྣམ་བཞག་གཞུང་བརྒྱ་གསལ་བའི་རིགས་ལམ་བློ་གསལ་ཡིད་ཀྱི་མུན་སེལ་ཞེས་བྱ་བ་བཞུགས་སོ། ། མཛད་པ་པོ་འབྲས་རབ་འབྱམས་པ་དངོས་གྲུབ་དཔལ།

ན་མོ་གུ་རུ་བྷྱཿ རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གྲུབ་མཐའ་རྒྱ་མཚོའི་དེ་ཉིད་རིག་པ་ཡི། །གཞུང་ལུགས་རྒྱ་མཚོའི་རིགས་ལམ་ཉིན་བྱེད་ཀྱིས། །ལྟ་ངན་མུན་པའི་དྲ་བ་རྣམ་བསལ་བའི། །ཕྱོགས་གླང་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །ཐོས་བསམ་སྒོམ་པས་གཞུང་ལུགས་འཇུག་པ་ལ། །མེད་དུ་མི་རུང་རིགས་ལམ་ཕྲ་ཞིབ་ཀྱི། །གན་མཛོད་ཚད་མའི་རིགས་པའི་སྒོ་བརྒྱ་དབྱེ། །བློ་གསལ་དོན་གཉེར་ཡིད་ཀྱི་རྒྱན་འདི་ལོངས།

དེ་ལ་འདིར་བདག་ཅག་གི་རྙེད་པར་དཀའ་ཞིང་དོན་ཆེ་བའི་དལ་བའི་རྟེན་བཟང་རྙེད། འཕྲད་པར་དཀའ་བའི་རྒྱལ་བསྟན་རིན་པོ་ཆེ་དང་མཇལ། དམ་ཆོས་ལེགས་བཤད་ཚུལ་བཞིན་དུ་སྟོན་པའི་དགེ་བའི་བཤེས་གཉེན་གྱི་ཐུགས་བརྩེ་བས་རྗེས་སུ་བཟུང་བའི་སྐལ་བཟང་གི་དུས་འདིར་ཚེ་འདི་ཙམ་ལ་ཞེན་པ་མ་ཡིན་པར་རྣམ་གྲོལ་གྱི་ལམ་བཟང་ལ་ཞུགས་དགོས། དེ་ཡང་རྒྱལ་བསྟན་ལ་ཚུལ་བཞིན་དུ་ཞུགས་པར་རག་ལས་ཤིང༌། དེར་ཞུགས་པ་ནི། རྗེ་ཏཱ་ར་ནཱ་ཐའི་ཞལ་སྔ་ནས། ཇི་ལྟར་འཇུག་ཚུལ་ཇི་ཞེ་ན། །ཚད་མའི་ལུང་གི་རྗེས་འབྲང་ཞིང༌། །རིགས་པའི་ཡན་ལག་ཚང་བའི་འཇུག །ཅེས་གསུངས་པ་ལྟར་ཚད་མ་སྡེ་བདུན་མདོ་དང་བཅས་པ་ལ་སོགས་པའི་རིགས་པའི་བསྟན་བཅོས་དྲི་མ་མེད་པ་ལ་བརྟེན་ནས་བསྟན་པ་དང་སྟོན་པ་སྐྱོན་མེད་དུ་རྟོགས་ནས་འཇུག་དགོས་སོ། །དེ་ལྟར་འཇུག་པ་ལ་གཞུང་ལུགས་ཆེན་པོ་རྣམས་ཀྱི་ཚིག་དོན་ཐོས་བསམ་གྱིས་ལེགས་པར་གཏན་ལ་ཕབ་ནས་ཚད་མའི་ངེས་པ་རྙེད་པ་ཞིག་དགོས་ལ། དེ་ཡང་རིགས་པ་ཡང་དག་ལ་བརྟེན་དགོས། དེས་ན་ཐོག་མར་དྲི་མ་མེད་པའི་རིགས་ལམ་ཕྲ་ཞིབ་བདེ་བླག་ཏུ་འབྱེད་པ་ལ་ཚད་མའམ་བསྡུས་གྲྭའི་རིགས་པ་འདི་ཉིད་ལ་མཁས་གྲུབ་བྱེ་བས་བསྔགས་བརྗོད་ཀྱི་སྒྲ་དབྱངས་སྲིད་འདིར་འབར། འོན་ཀྱང་རིགས་ལམ་ཕྲ་ཞིབ་མི་ཤེས་པ་རྣམས་ཀྱིས་རང་གི་མི་ཤེས་པ་རྒྱུ་མཚན་བྱས་ནས་སྣ་ཚོགས་སྨྲ་མོད། དེ་ནི་རིགས་པའི་དབང་ཕྱུག་གིས། ཇི་སྐད་དུ། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་པ་ལྟར་ཡིན་པས་མ་སྤྲོས་སོ། །

བསྡུས་གྲྭའི་རིགས་ལམ་འདི་ཉིད་བོད་གངས་ཅན་གྱི་ལྗོངས་འདིར་རིགས་པ་སྨྲ་བའི་དབང་ཕྱུག་ཆ་བ་ཆོས་ཀྱི་སེང་གེས་དབུ་མ་དང༌། བྱམས་ཆོས། མཛོད་སོགས་གཞུང་ཆེན་རྣམས་ཀྱི་ལེགས་བཤད་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་བསྡུས་གཞུང་མཛད་པར་གྲགས། དེ་ནས་མཁས་གྲུབ་རིམ་བྱོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་བསྡུས་གྲྭའི་རིགས་ལམ་ཕྲ་ཞིང་འཛངས་པའི་གྲུ་གཟིངས་འདི་ཉིད་ལ་བརྟེན་ནས་གཞུང་ལུགས་ཀྱི་རྒྱ་མཚོར་ཞུགས་ཏེ་ཡིད་བཞིན་གྱི་ནོར་བུའི་གཞུང་དོན་རྙེད་པའི་ཐབས་མཆོག གསུང་རབ་དགོངས་འགྲེལ་དང་བཅས་པའི་དགོངས་དོན་རིགས་པ་དྲི་མ་མེད་པས་འབྱེད་པར་བྱེད་པའི་ལྡེ་མིག་ལྟ་བུ་ཡིན་ནོ། །སྔོན་བྱོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་བསྡུས་ཚན་མཛད་ཚུལ་མི་འདྲ་བ་དུ་མ་བྱུང་མོད། འདིར་བསྡུས་ཚན་ཉེར་བཞིར་བྱས་ནས་བཤད་པར་བྱ་ལ།

བསྡུས་ཚན་དང་པོ་གཟུགས་ཀྱི་རྣམ་བཞག་བཤད་པ་ལ།

དེ་ཡང་ཚད་མ་རྣམ་འགྲེལ་ལས། དཀར་པོ་ལ་སོགས་ས་སོགས་པ། །ཞེས་དང༌། ལ་ལ་ཆད་འགྱུར་དཀར་སོགས་བཞིན། །གཟུགས་སོགས་བཞིན་དུ་ངེས་མིན་ཏེ། །དེ་དག་འབྱུང་དང་འབྱེར་མེད་ཕྱིར། །ཞེས་ཁ་དོག་དང་གཟུགས་དང་འབྱུང་བ་སོགས་འཆད་པ་དང༌། མཛོད་ལས། གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། །སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། །རོ་ནི་རྣམ་དྲུག་དྲི་རྣམ་བཞི། །རེག་བྱ་བཅུ་གཅིག་བདག་ཉིད་དོ། །ཞེས་པའི་གཞུང་འདི་བྱུང༌། དེ་ཡང་ཐོག་མར་ཆོས་ཀྱི་དུང་འབུད་པ་དང༌། ཆོས་དུང་དེ་བཀྲ་ཤིས་པའི་རྫས་ཡིན་པས་བཀྲ་ཤིས་པའི་རྟེན་འབྲེལ་བསྒྲིགས་པ་དང༌། བློ་གསར་བ་དག་ཀློག་སློབ་པའི་ཐོག་མར་ཀ་ཁ་སོགས་སློབ་པ་བཞིན་ཁ་དོག་གི་དབྱེ་བ་ནས་བཟུང་རིམ་གྱི་འཆད་ན་འཆད་པ་པོས་བརྡ་སྤྲོད་སླ་ཞིང། ཉན་པ་པོ་རྣམས་ཀྱི་བློ་ལ་འཆར་སླ་ཞིང༌། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ཐོག་མར་བློ་གསལ་བ་རྣམས་ལ་བདེན་བཞིའི་ཆོས་འཁོར་སྐོར། དེ་ཡང་དང་པོ་ཕུང་པོ་ལྔའི་ནང་ནས་གཟུགས་ཕུང་བརྩམས་གཞིར་བཟུང་ནས་གསུངས་པ་དེའི་དབང་དུ་བྱས་ཏེ་འཆད་པར་བྱའོ། །

དེ་ལ་དགག་བཞག་སྤོང་གསུམ་ལས། དང་པོ་ནི། ཁ་ཅིག་ན་རེ། ཁ་དོག་ཡིན་ན་དམར་པོ་ཡིན་པས་ཁྱབ་ཟེར་ན། ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན། དམར་པོ་ཡིན་པར་ཐལ། ཁ་དོག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན། ཁ་དོག་ཡིན་པར་ཐལ། དཀར་པོ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དཀར་པོ་ཡིན་པར་ཐལ། ཆོས་དུང་དཀར་པོའི་ཁ་དོག་ཡིན་པའི་ཕྱིར། མ་གྲུབ་ན། ཆོས་དུང་དཀར་པོའི་ཁ་དོག་ཆོས་དུང་དཀར་པོའི་ཁ་དོག་ཡིན་པར་ཐལ། ཆོས་དུང་དཀར་པོའི་ཁ་དོག་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། ཆོས་དུང་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། འཕགས་པ་རྔ་བོ་ཆེའི་མདོ་ལས། ཆོས་ཆེན་པོའི་དུང་འབུད་པར་འགྱུར། ཆོས་ཀྱི་རྒྱལ་མཚན་འཛུག་པར་འགྱུར་རོ། །ཞེས་གསུངས་སོ། །རྩ་བར་འདོད་ན། ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན། དམར་པོ་མ་ཡིན་པར་ཐལ། དཀར་པོ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དཀར་པོ་དང་དམར་པོ་གཉིས་འགལ་བ་ཡིན་པའི་ཕྱིར། མ་གྲུབ་ན། དཀར་པོ་དང་དམར་པོ་གཉིས་འགལ་བ་ཡིན་པར་ཐལ། དེ་གཉིས་ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཡིན་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། ཁ་དོག་ཡིན་ན་དཀར་པོ་ཡིན་པས་ཁྱབ་ཟེར་ན། སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་ཆོས་ཅན། དཀར་པོ་ཡིན་པར་ཐལ། ཁ་དོག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་ཆོས་ཅན། ཁ་དོག་ཡིན་པར་ཐལ། དམར་པོ་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་ཆོས་ཅན། དམར་པོ་ཡིན་པར་ཐལ། སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་དང་གཅིག་ཡིན་པའི་ཕྱིར། རྩ་བར་འདོད་ན།སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་ཆོས་ཅན། དཀར་པོ་མ་ཡིན་པར་ཐལ། དམར་པོ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དཀར་དམར་གཉིས་ཀྱི་གཞི་མཐུན་མེད་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྩ་བའི་ཁ་དོག་ཡིན་ན་ རྩ་བའི་ཁ་དོག་བཞི་བོ་གང་རུང་ཡིན་པས་ཁྱབ་ཟེར་ན། སངས་རྒྱས་ཀྱི་དབུ་སྐྲ་བུང་བ་ལྟར་གནག་གི་ཁ་དོག་ཆོས་ཅན། རྩ་བའི་ཁ་དོག་བཞི་བོ་གང་རུང་ཡིན་པར་ཐལ། རྩ་བའི་ཁ་དོག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། རྩ་བའི་ཁ་དོག་ཡིན་པར་ཐལ། སངས་རྒྱས་ཀྱི་དབུ་སྐྲ་བུང་བ་ལྟར་གནག་གི་ཁ་དོག་དང་གཅིག་ཡིན་པའི་ཕྱིར། རྩ་བར་འདོད་ན། སངས་རྒྱས་ཀྱི་དབུ་སྐྲ་བུང་བ་ལྟར་གནག་གི་ཁ་དོག་ཆོས་ཅན། རྩ་བའི་ཁ་དོག་བཞི་བོ་གང་རུང་མ་ཡིན་པར་ཐལ། སྔོན་པོ་མ་ཡིན་པ་གང་ཞིག སེར་པོ་ཡང་མ་ཡིན། དཀར་པོ་ཡང་མ་ཡིན། དམར་པོ་ཡང་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། སངས་རྒྱས་ཀྱི་དབུ་སྐྲ་བུང་བ་ལྟར་གནག་གི་ཁ་དོག་ཆོས་ཅན། སྔོན་པོ་མ་ཡིན་པར་ཐལ། ནག་པོ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། སྔོན་པོ་དང་ནག་པོ་གཉིས་ཀྱི་གཞི་མཐུན་མེད་པའི་ཕྱིར། རྟགས་ཕྱི་མ་གསུམ་ལ་རིགས་འདྲ། ཡན་ལག་གི་ཁ་དོག་ཡིན་ན་ཡན་ལག་གི་ཁ་དོག་བརྒྱད་པོ་གང་རུང་ཡིན་པས་ཁྱབ་ཟེར་ན། འཇམ་དབྱངས་དམར་སེར་གྱི་ཁ་དོག་ཆོས་ཅན། ཡན་ལག་གི་ཁ་དོག་བརྒྱད་པོ་གང་རུང་ཡིན་པར་ཐལ། ཡན་ལག་གི་ཁ་དོག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། དམར་སེར་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཡན་ལག་གི་ཁ་དོག་བརྒྱད་པོ་གང་རུང་མ་ཡིན་པར་ཐལ། སྤྲིན་དང་དུ་བ་རྡུལ་དང་ཁུག་སྣ་བཞི་བོ་གང་རུང་མ་ཡིན་པ་གང་ཞིག སྣང་བ་དང་མུན་པ་གྲིབ་མ་དང་ཉི་མའི་འོད་ཟེར་བཞི་བོ་གང་རུང་མ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་གྲུབ་སྟེ། འཇམ་དབྱངས་དམར་སེར་གྱི་ཁ་དོག་དང་གཅིག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་ཡིན་ན་གཟུགས་ཀྱི་སྐྱེ་མཆེད་ཡིན་པས་ཁྱབ་ཟེར་ན། དབང་པོ་གཟུགས་ཅན་པ་རྣམས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། གཟུགས་ཡིན་པར་ཐལ། ཐོགས་བཅས་ཀྱི་གཟུགས་ཡིན་པའི་ཕྱིར། མ་གྲུབ་ན། དབང་པོ་གཟུགས་ཅན་པ་རྣམས་ཐོགས་བཅས་ཀྱི་གཟུགས་ཡིན་པར་ཐལ། མཛོད་རྩ་བར། ཐོགས་དང་བཅས་པ་གཟུགས་ཅན་བཅུ། །ཞེས་གསུངས་སོ། །གཞན་ཡང་སྒྲ་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། གཟུགས་ཡིན་པར་ཐལ། གཟུགས་རུང་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། གཟུགས་རུང་གཟུགས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། རྩ་བར་འདོད་ན། སྒྲ་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་མ་ཡིན་པར་ཐལ། མིག་ཤེས་ཀྱི་གཟུང་བྱ་མ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། མིག་ཤེས་ཀྱི་གཟུང་བྱ་མ་ཡིན་པར་ཐལ། རྣ་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། རྣ་ཤེས་ཀྱི་གཟུང་བྱ་ཡིན་པར་ཐལ། སྒྲའི་སྐྱེ་མཆེད་ཡིན་པའི་ཕྱིར་རོ། །

ཡང་ཁ་ཅིག་ན་རེ། དོན་དམ་པའི་གཟུགས་ཡིན་ན་གཟུགས་ཡིན་པས་ཁྱབ་ཟེར་ན། རྣམ་ཀུན་མཆོག་ལྡན་གྱི་གཟུགས་ཕུང་ཆོས་ཅན། གཟུགས་ཡིན་པར་ཐལ།དོན་དམ་པའི་གཟུགས་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། དོན་དམ་པའི་གཟུགས་ཡིན་པར་ཐལ། གཟུགས་ཀྱི་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། རྩ་བར་འདོད་ན། རྣམ་ཀུན་མཆོག་ལྡན་གྱི་གཟུགས་ཕུང་ཆོས་ཅན། གཟུགས་ཕུང་མ་ཡིན་པར་ཐལ། སྔོན་མེད་ལེགས་བཤད་ལས། འདི་ནི་དངོས་གནས་ལ་ཕུང་ཁམས་སྐྱེ་མཆེད་གང་ཡང་མ་ཡིན་ལ། རྟེན་འབྲེལ་ལས་གྲོལ་བའོ། །ཞེས་གསུངས་སོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

གཟུགས་ཀྱི་མཚན་ཉིད་ཡོད་དེ། གཟུགས་རུང་དེ་ཡིན་པའི་ཕྱིར། གཟུགས་དང་རྡུལ་གྲུབ་ཀྱི་བེམ་པོ་གཉིས་དོན་གཅིགསྤྱིར་གཞི་གྲུབ་ན་བེམ་ཤེས་གང་རུང་ཡིན་པས་ཁྱབ་པོ། །འཆད་འགྱུར་གྱི་སྐབས་དུ་མར་མངོན་ཚད་ཀྱི་ཆོས་སྐད་ཀྱི་དབང་དུ་བྱས་ནས་བཤད་ཡོད་པ་ཤེས་པར་བྱའོ། །གཟུགས་ལ་དབྱེ་ན་གཉིས་ཡོད་དེ། ཕྱིའི་གཟུགས་དང་ནང་གི་གཟུགས་གཉིས་ཡོད་པའི་ཕྱིར། ཕྱིའི་གཟུགས་ཀྱི་མཚན་ཉིད་ཡོད་དེ། སྐྱེས་བུའི་ཤེས་རྒྱུད་ཀྱིས་མ་བསྡུས་པའི་གཟུགས་དེ་ཡིན་པའི་ཕྱིར། ཕྱིའི་གཟུགས་ལ་དབྱེ་ན་ལྔ་ཡོད་དེ། གཟུགས་ཀྱི་སྐྱེ་མཆེད་དང༌། སྒྲའི་སྐྱེ་མཆེད་དང༌། དྲིའི་སྐྱེ་མཆེད་དང༌། རོའི་སྐྱེ་མཆེད་དང༌། རེག་བྱའི་སྐྱེ་མཆེད་དང་ལྔ་ཡོད་པའི་ཕྱིར། གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་ཡོད་དེ། མིག་ཤེས་ཀྱི་གཟུང་བྱ་དེ་ཡིན་པའི་ཕྱིར། གཟུགས་ཀྱི་སྐྱེ་མཆེད་ལ་དབྱེ་ན་གཉིས་ཡོད་དེ། དབྱིབས་དང་ཁ་དོག་གཉིས་ཡོད་པའི་ཕྱིར། དབྱིབས་ཀྱི་མཚན་ཉིད་ཡོད་དེ། དབྱིབས་སུ་རུང་བ་དེ་ཡིན་པའི་ཕྱིར། དབྱེ་ན་བརྒྱད་ཡོད་དེ། རིང་བོ་དང་ཐུང་ངུ༌། མཐོ་བ་དང་དམའ་བ། ལྷམ་པ་དང་ཟླུམ་པོ། ཕྱ་ལེ་བ་དང་ཕྱ་ལེ་བ་མ་ཡིན་པ་དང་བརྒྱད་ཡོད་པའི་ཕྱིར། མཐོ་བ་ནི་རི་རབ་ཀྱི་དབྱིབས་ལྟ་བུའོ། །དམའ་བ་ནི་ས་གཞིའི་དབྱིབས་ལྟ་བུའོ། །ལྷམ་པ་བཞག་དུ་ཡོད་དེ། གྲུ་བཞི་ལྟ་བུའི་དབྱིབས་དེ་ཡིན་པའི་ཕྱིར། ཟླུམ་པོ་བཞག་དུ་ཡོད་དེ། གོར་གོར་རམ་སྒོ་ང་ལྟ་བུའི་དབྱིབས་དེ་ཡིན་པའི་ཕྱིར། ཕྱ་ལེ་བ་བཞག་དུ་ཡོད་དེ། ངོས་མཉམ་པའི་དབྱིབས་དེ་ཡིན་པའི་ཕྱིར། ཕྱ་ལེ་བ་མ་ཡིན་པ་བཞག་དུ་ཡོད་དེ། ངོས་མི་མཉམ་པའི་དབྱིབས་དེ་ཡིན་པའི་ཕྱིར།དབྱིབས་བརྒྱད་དུ་མ་འདུས་པའི་དབྱིབས་མེད་དོ། །ཁ་དོག་གི་མཚན་ཉིད་ཡོད་དེ། མདོག་དུ་རུང་བ་དེ་ཡིན་པའི་ཕྱིར། དབྱེ་ན་གཉིས་ཡོད་དེ། རྩ་བའི་ཁ་དོག་དང་ཡན་ལག་གི་ཁ་དོག་གཉིས་ཡོད་པའི་ཕྱིར། རྩ་བའི་ཁ་དོག་ལ་དབྱེ་ན་བཞི་ཡོད་དེ། སྔོན་པོ་དང་སེར་པོ། དཀར་པོ་དང་དམར་པོ་བཞི་ཡོད་པའི་ཕྱིར། ཡན་ལག་གི་ཁ་དོག་ལ་དབྱེ་ན་བརྒྱད་ཡོད་དེ། སྤྲིན་དང་དུ་བ། རྡུལ་དང་ཁུག་སྣ། སྣང་བ་དང་མུན་པ། གྲིབ་མ་དང་ཉི་མའི་འོད་ཟེར་བརྒྱད་ཡོད་པའི་ཕྱིར། རྡུལ་ནི་རྡུལ་སྤྱི་མ་ཡིན་པར་རླུང་ཚུབ་ཀྱི་རྡུལ་ལྟ་བུའོ། །ཁུག་སྣ་ནི། ལྷོ་འུར་མའམ་ཐལ་ཆར་ལྟ་བུའོ། །གྲིབ་མ་ནི། རང་འགྲེལ་ལས། གྲིབ་མ་ནི་གང་ན་གཟུགས་རྣམས་སྣང་བའོ། །ཞེས་སོ། །ཉི་མ་ནི། ཉི་འོད་དོ། །སྣང་བ་ནི། ཟླ་བ་དང་སྐར་མ་དང་ནོར་བུའི་འོད་ལྟ་བུའོ། །མུན་པ་ནི་གཟུགས་མི་སྣང་བར་བྱེད་པ་ཁ་དོག་ནག་པོ་དཔེར་ན་མཚན་མོའི་མུན་པ་ལྟ་བུའོ། །དེ་བཅུ་གཉིས་སུ་མ་འདུས་པའི་ཁ་དོག་དུ་མ་ཡོད་དེ། ནག་པོ་དང༌། ལྗང་ཁུ་དང༌། དུར་ཁ་དང༌། སྐྱ་བོ་སོགས་དུ་མ་ཡོད་དོ། །

གཟུགས་ཀྱི་སྐྱེ་མཆེད་ལ་དབྱེ་བ་འཇོག་ཚུལ་དེ་ལྟར་འཐད་དེ། མཛོད་ལས། གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། །ཞེས་དང༌། རྣམ་གྲངས་མདོ་སློབ་ལས། སྔོ་སེར་དཀར་དམར་རིང་ཐུང་དང༌། །ལྷམ་པ་ཟླུམ་པོ་མཐོ་དམའ་དང༌། །ཕྱ་ལེ་ཕྱ་ལེ་མ་ཡིན་དང༌། །སྤྲིན་དང་དུ་བ་རྡུལ་སྣ་དང༌། །གྲིབ་མ་ཉི་མ་སྣང་མུན་ནོ། །ཞེས་གསུངས་སོ། །མངོན་པ་ཀུན་བཏུས་ལྟར་ན། གཟུགས་ཀྱི་སྐྱེ་མཆེད་ལ་དབྱེ་བ་ཉི་ཤུ་རྩ་ལྔ་ཡོད་དེ། དེ་ཉིད་ལས། འདི་ལྟ་སྟེ། སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་རིང་པོ་དང་ཐུང་ངུ་དང་ལྷམ་པ་དང་ཟླུམ་པོ་དང་རྡུལ་ཕྲ་མོ་དང་རགས་པ་དང་ཕྱ་ལེ་བ་དང་ཕྱེ་ལེ་བ་མ་ཡིན་པ་དང་མཐོན་པོ་དང་དམའ་བ་དང་གྲིབ་མ་དང་ཉི་མ་དང་སྣང་བ་དང་མུན་པ་དང༌། སྤྲིན་དང་དུ་བ་དང་རྡུལ་དང་ཁུག་སྣ་དང་མངོན་པར་སྐབས་ཡོད་པ་དང༌། རྣམ་པར་རིག་བྱེད་དང་ནམ་མཁའ་ཁ་དོག་གཅིག་པའོ། །ཞེས་གསུངས་སོ། །ཁ་དོག་དང་དབྱིབས་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་དེ། མུ་དང་པོ་ནི། མཛོད་རང་འགྲེལ་ལས། གཟུགས་ཀྱི་སྐྱེ་མཆེད་དང་ཁ་དོག་ཏུ་ཡོད་ལ། དབྱིབས་སུ་མེད་པ་ཡང་ཡོད་དེ། སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་གྲིབ་མ་དང་ཉི་མ་དང་སྣང་བ་དང་མུན་པ་ཞེས་བྱའོ། །ཞེས་གསུངས་སོ། །མུ་གཉིས་པ་ནི། རང་འགྲེལ་ལས། དབྱིབས་སུ་ཡོད་ལ་ཁ་དོག་མེད་པ་ཡང་ཡོད་དེ། རིང་པོ་ལ་སོགས་པའི་ཕྱོགས་ལུས་ཀྱི་རྣམ་པ་རིག་བྱེད་ཀྱི་ངོ་བོ་ཉིད་དོ། །ཞེས་གསུངས་སོ། མུ་གསུམ་པ་ཡོད་དེ། རང་འགྲེལ་ལས། གཉིས་ཀར་ཡོད་པ་ཡང་ཡོད་དེ། གཟུགས་ཀྱི་སྐྱེ་མཆེད་ལྷག་མའོ། །ཞེས་དང༌། རྒྱལ་སྲས་མ་ལས། གཟུགས་ཀྱི་སྐྱེ་མཆེད་ལྷག་མའོ་ཞེས་བྱ་བ་ནི་རིང་པོ་ལ་སོགས་པ་བསལ་བ་གང་ཡིན་པ་དང་སྤྲིན་དང་དུ་བ་དང་རྡུལ་དང་ཁུག་སྣ་དག་གོ །ཞེས་གསུངས་པའི་ཕྱིར་རོ། །མུ་བཞི་བ་ནི། འབྱུང་བཞི་ལྟ་བུའོ། །གཟུགས་ཀྱི་སྐྱེ་མཆེད་དང༌། གཟུགས་ཀྱི་ཁམས་དང༌། བསྟན་ཡོད་ཀྱི་གཟུགས་གསུམ་དོན་གཅིག དབྱིབས་དང་ཁ་དོག་གཉིས་ལ་བསྟན་ཡོད་ཀྱི་གཟུགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མིག་གི་ཡུལ་དུ་བསྟན་དུ་ཡོད་པས་ན་དེ་ལྟར་བརྗོད་པའི་ཕྱིར། མཛོད་རྩ་ལས། བསྟན་ཡོད་འདིར་ནི་གཟུགས་གཅིག་པུ། །ཞེས་སོ། །སྒྲའི་སྐྱེ་མཆེད་ཀྱི་མཚན་ཉིད་ཡོད་དེ། རྣ་ཤེས་ཀྱི་གཟུང་བྱ་དེ་ཡིན་པའི་ཕྱིར། དེ་ལ་རྩ་བའི་སྒོ་ནས་དབྱེ་ན་གཉིས་ཡོད་དེ། ཟིན་པའི་འབྱུང་བ་ལས་གྱུར་བའི་སྒྲ་དང་མ་ཟིན་པའི་འབྱུང་བ་ལས་གྱུར་བའི་སྒྲ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྐྱེས་བུས་ཐལ་མོ་བརྡབ་པའི་སྒྲ་ལྟ་བུའོ། །གཉིས་པ་ཡོད་དེ། ཆུ་སྒྲ་ལྟ་བུའོ། །ཡན་ལག་གི་སྒོས་དབྱེ་ན་བཞི་ཡོད་དེ། དེ་རེ་རེ་ལ་སེམས་ཅན་དུ་སྟོན་མི་སྟོན་གཉིས་ཏེ་བཞི་ཡོད་པའི་ཕྱིར། སེམས་ཅན་དུ་སྟོན་པའི་སྒྲ་དང་རྗོད་བྱེད་ཀྱི་སྒྲ་གཉིས་དོན་གཅིག མཚན་གཞི་ནི་ཡོད་དེ། བདེ་གཤེགས་སྙིང་པོ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །སེམས་ཅན་དུ་མི་སྟོན་པའི་སྒྲ་དང་རྗོད་བྱེད་ཀྱི་སྒྲ་མ་ཡིན་པའི་སྒྲ་གཉིས་དོན་གཅིག མཚན་གཞི་ནི། རྔ་སྒྲ་དང་དུང་སྒྲ་ལྟ་བུའོ། །ཉིང་ལག་གི་སྒོ་ནས་བརྒྱད་ཡོད་དེ། སྔ་མ་བཞི་པོ་རེ་རེ་ལ་སྙན་མི་སྙན་གཉིས་རེ་ཡོད་པའི་ཕྱིར་རོ། །སྙན་པའི་སྒྲ་ནི། སྐྱེས་བུས་ཆོས་འཆད་པའི་སྒྲ་ལྟ་བུའོ། །མི་སྙན་པའི་སྒྲ་ནི་སྐྱེས་བུའི་ཚིག་རྩུབ་སྨྲ་བའི་སྒྲ་ལྟ་བུའོ། །སྒྲའི་སྐྱེ་མཆེད་ལ་དབྱེ་བ་འཇོག་ཚུལ་དེ་ལྟར་འཐད་དེ། མཛོད་རྩ་ལས། སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། །ཞེས་དང༌། རྣམ་གྲངས་མདོ་སློབ་ལས། ཟིན་དང་མ་ཟིན་དེ་གཉིས་ལ། །སྟོན་དང་མི་སྟོན་གཉིས་གཉིས་བཞི། །དེ་ཡང་སྙན་དང་མི་སྙན་བརྒྱད། །ཅེས་གསུངས་སོ། ། རྗོད་བྱེད་ཀྱི་སྒྲའི་དབྱེ་བ་མིང་ཚིག་སོགས་འཆད་པར་འགྱུར་རོ། །དྲིའི་སྐྱེ་མཆེད་ཀྱི་མཚན་ཉིད་ཡོད་དེ། སྣ་ཤེས་ཀྱི་མྱོང་བྱ་དེ་ཡིན་པའི་ཕྱིར། དེ་ལ་རྩ་བའི་དབྱེ་བ་གཉིས་ཡོད་དེ། དྲི་ཞིམ་པ་དང་མི་ཞིམ་པ་གཉིས་ཡོད་པའི་ཕྱིར། ཡན་ལག་གི་དབྱེ་ན་དེ་རེ་རེ་ལ་མཉམ་མི་མཉམ་གཉིས་ཏེ་བཞི་ཡོད་པའི་ཕྱིར། ཡང་ན་དྲི་ཞིམ་མི་ཞིམ་རེ་རེ་ལ་ལྷན་སྐྱེས་དང་སྦྱར་བྱུང་གི་དྲི་གཉིས་རེ་སྟེ་བཞི་ཡོད་པའི་ཕྱིར། །ཞིམ་པའི་ལྷན་སྐྱེས་ཀྱི་དྲི་བཞག་ཏུ་ཡོད་དེ། ཙནྡན་གྱི་དྲི་ལྟ་བུའོ། །མི་ཞིམ་པའི་ལྷན་སྐྱེས་ཀྱི་དྲི་བཞག་དུ་ཡོད་དེ། མུ་ཟིའི་དྲི་ལྟ་བུའོ། །ཞིམ་པའི་སྦྱར་བྱུང་གི་དྲི་བཞག་དུ་ཡོད་དེ། སྦྱར་སྤོས་ཀྱི་དྲི་ལྟ་བུའོ། །མཛོད་ལས། དྲི་རྣམ་བཞི། །ཞེས་དང༌། རྣམ་གྲངས་མདོ་སློབ་ལས། དྲི་ཞིམ་མི་ཞིམ་མཉམ་མི་མཉམ། །ཡང་ན་ལྷན་སྐྱེས་སྦྱར་བྱུང་བཞི། །ཞེས་གསུངས་སོ། །རོའི་སྐྱེ་མཆེད་ཀྱི་མཚན་ཉིད་ཡོད་དེ། ལྕེ་ཤེས་ཀྱི་མྱོང་བྱ་དེ་ཡིན་པའི་ཕྱིར། རོ་ལ་དབྱེ་ན་དྲུག་ཡོད་དེ། མངར་བ་དང་སྐྱུར་བ། ཁ་བ་དང་བསྐ་བ། ཚྭ་བ་དང་ལན་ཚྭ་བ་དང་དྲུག་ཡོད་པའི་ཕྱིར། བུ་རམ་གྱི་རོ་དང༌། འོ་མའི་རོ་ལྟ་བུ་མངར་བ་དང༌། སྟར་བུ་ལྟ་བུུ་སྐྱུར་བ་དང༌། ཏིག་ཏ་ལྟ་བུ་ཁ་བ་དང༌། ཨ་རུ་རའི་རོ་ལྟ་བུ་བསྐ་བ་དང༌། པི་པི་ལང་ལྟ་བུ་ཚ་བ་དང༌། ཚྭ་ལྟ་བུ་ལན་ཚྭ་བའོ། །རོ་ལ་དབྱེ་བ་འཇོག་ཚུལ་དེ་ལྟར་འཐད་དེ། མཛོད་ལས། རོ་ནི་རྣམ་དྲུག །ཅེས་དང༌། རྣམ་གྲངས་མདོ་སློབ་ལས། མངར་སྐྱུར་ལན་ཚྭ་ཁ་ཚ་བསྐ །རོ་དྲུག ཅེས་གསུངས་སོ། །རེག་བྱའི་སྐྱེ་མཆེད་ཀྱི་མཚན་ཉིད་ཡོད་དེ། ལུས་ཤེས་ཀྱི་མྱོང་བྱ་དེ་ཡིན་པའི་ཕྱིར། རེག་བྱ་ལ་དབྱེ་ན་གཉིས་ཡོད་དེ། འབྱུང་བར་གྱུར་བའི་རེག་བྱ་དང༌། །འབྱུང་འགྱུར་དུ་གྱུར་བའི་རེག་བྱ་གཉིས་ཡོད་པའི་ཕྱིར། འབྱུང་བར་གྱུར་བའི་རེག་བྱ་ལ་དབྱེ་ན་བཞི་ཡོད་དེ། ས་ཆུ་མེ་རླུང་བཞི་ཡོད་པའི་ཕྱིར། སའི་མཚན་ཉིད་ཡོད་དེ། སྲ་ཞིང་འཐས་པའི་འབྱུང་བ་དེ་ཡིན་པའི་ཕྱིར། ཆུའི་མཚན་ཉིད་ཡོད་དེ། རླན་ཞིང་གཤེར་བའི་འབྱུང་བ་དེ་ཡིན་པའི་ཕྱིར། མེའི་མཚན་ཉིད་ཡོད་དེ། ཚ་ཞིང་སྲེག་པའི་འབྱུང་བ་དེ་ཡིན་པའི་ཕྱིར། རླུང་གི་མཚན་ཉིད་ཡོད་དེ། ཡང་ཞིང་གཡོ་བའི་འབྱུང་བ་དེ་ཡིན་པའི་ཕྱིར། འབྱུང་བཞིའི་མཚན་ཉིད་འཇོག་ཚུལ་དེ་ལྟར་འཐད་དེ། རྒྱུད་བླའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་ལས། སའི་མཚན་ཉིད་སྲ་བ་དང༌། ཆུའི་མཚན་ཉིད་གཤེར་བ་དང༌། མེའི་མཚན་ཉིད་དྲོ་བ་དང༌། རླུང་གི་མཚན་ཉིད་གཡོ་བ་གང་ཡིན་པ། ཞེས་གསུངས་སོ། །འབྱུང་འགྱུར་གྱི་རེག་བྱ་ལ་དབྱེ་ན་བདུན་ཡོད་དེ། འཇམ་པ་དང་རྩུབ་པ། ལྕི་བ་དང་ཡང་བ། གྲང་བ་དང་བཀྲེས་པ། སྐོམ་པ་དང་བདུན་པོ་དེ་ཡིན་པའི་ཕྱིར། དེ་ལྟར་རེག་བྱ་ལ་དབྱེ་ན་བཅུ་གཅིག་ཡོད་དེ། མཛོད་ལས། རེག་བྱ་བཅུ་གཅིག་བདག་ཉིད་དོ། །ཞེས་དང༌། རྣམ་གྲངས་མདོ་སློབ་ལས། འབྱུང་བཞི་འཇམ་རྩུབ་དང༌། ལྕི་ཡང་གྲང་བཀྲེས་སྐོམ་རེག་བྱ། །བཅུ་གཅིག་ཏུ་ནི་བརྗོད་པ་ཡིན། །ཞེས་གསུངས་སོ། །གཉིས་པ་ནང་གི་གཟུགས་ཀྱི་མཚན་ཉིད་ཡོད་དེ། སྐྱེས་བུའི་ཤེས་རྒྱུད་ཀྱིས་བསྡུས་པའི་གཟུགས་དེ་ཡིན་པའི་ཕྱིར། ནང་གི་གཟུགས་ལ་དབྱེ་ན་ལྔ་ཡོད་དེ། མིག་གི་དབང་པོ་དང༌། རྣ་བའི་དབང་པོ་དང༌། སྣའི་དབང་པོ་དང༌། ལྕེའི་དབང་པོ་དང༌། ལུས་ཀྱི་དབང་པོ་དང་ལྔ་ཡོད་པའི་ཕྱིར་རོ། །མིག་གི་དབང་པོའི་མཚན་ཉིད་ཡོད་དེ། རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་བ་དེ་ཡིན་པའི་ཕྱིར། མིག་གི་དབང་པོ་དང་མིག་གི་ཁམས་གཉིས་དོན་གཅིག དབྱེ་ན་རྟེན་བཅས་དེ་མཚུངས་གཉིས་རེ་ཡོད། རྟེན་བཅས་ཀྱི་མིག་དབང་བཞག་དུ་ཡོད་དེ། དཀར་པོ་འཛིན་བཞིན་པའི་མིག་དབང་ལྟ་བུའོ། །དེ་མཚུངས་ཀྱི་མིག་དབང་བཞག་དུ་ཡོད་དེ། གཉིད་ལོག་པའི་རྒྱུད་ཀྱི་མིག་དབང་ལྟ་བུའོ། །རྣ་བའི་དབང་པོའི་མཚན་ཉིད་ཡོད་དེ། རང་འབྲས་རྣ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་བ་དེ་ཡིན་པའི་ཕྱིར། དབྱེ་ན་རྟེན་བཅས་དེ་མཚུངས་གཉིས། སྣའི་དབང་པོའི་མཚན་ཉིད་ཡོད་དེ། རང་འབྲས་སྣ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་བ་དེ་ཡིན་པའི་ཕྱིར། དབྱེ་ན་རྟེན་བཅས་དེ་མཚུངས་གཉིས། ལྕེའི་དབང་པོའི་མཚན་ཉིད་ཡོད་དེ། རང་འབྲས་ལྕེ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་བ་དེ་ཡིན་པའི་ཕྱིར། དབྱེ་ན་རྟེན་བཅས་དེ་མཚུངས་གཉིས། ལུས་ཀྱི་དབང་པོའི་མཚན་ཉིད་ཡོད་དེ། རང་འབྲས་ལུས་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་སྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་བ་དེ་ཡིན་པའི་ཕྱིར། དབྱེ་ན་རྟེན་བཅས་དེ་མཚུངས་གཉིས་ཡོད་པའི་ཕྱིར་རོ། །གཏན་ཚིགས་རིགས་པའི་བསྡུས་དོན་དུ་དབང་པོ་དེ་དག་གི་མཚན་ཉིད་ལ་རིགས་གནས་མ་སྦྱར་བས་དཔྱད་པར་བྱའོ། །དབང་པོ་ལྔའི་མཚན་ཉིད་འཇོག་ཚུལ་དེ་ལྟར་འཐད་དེ། མཛོད་ལས། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །མིག་ལ་སོགས་གཟུགས་དང་བ་རྣམས། །ཞེས་གསུངས་སོ། །

གསུམ་པ་དེ་ལ་རྩོད་པ་སྤོང་བ།

གསུམ་པ་དེ་ལ་རྩོད་པ་སྤོང་བ་ལ།

ཁ་ཅིག་ན་རེ། དབྱིབས་དང་ཁ་དོག་གང་རུང་ཡིན་ན་མིག་ཤེས་ཀྱི་བཟུང་བྱ་ཡིན་པས་ཁྱབ་པར་ཐལ། དབྱིབས་དང་ཁ་དོག་གཉིས་མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། རྡུལ་ཕྲ་རབ་ཀྱི་དབྱིབས་ཆོས་ཅན། མིག་ཤེས་ཀྱི་བཟུང་བྱ་ཡིན་པར་ཐལ། དབྱིབས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། རྡུལ་ཕྲ་རབ་ཀྱི་དབྱིབས་དབང་པོའི་སྤྱོད་ཡུལ་དུ་གྱུར་མི་ནུས་པའི་ཕྱིར། རྣམ་འགྲེལ་ལས། དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། སྒྲ་ཆོས་ཅན། མིག་ཤེས་ཀྱི་བཟུང་བྱ་ཡིན་པར་ཐལ། འཛམ་བུ་གླིང་བའི་སྦྲུལ་ཉིད་དང་བ་ལང་སྤྱོད་ཀྱི་མི་རྣམས་ཀྱི་མིག་གིས་སྒྲ་འཛིན་ཅིང་ཐོས་པ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། མདོ་དྲན་པ་ཉེར་བཞག་ལས། འཛམ་བུ་གླིང་ན་སྦྲུལ་ཉིད་ཀྱིས་མིག་གིས་སྒྲ་ཐོས་པ་དེ་བཞིན་དུ་བ་ལང་སྤྱོད་ན་མིག་ཉིད་ཀྱིས་ཐོས་པའོ། །ཞེས་གསུངས་སོ། །ཁ་ཅིག་ན་རེ། རླུང་ཆོས་ཅན། འབྱུང་འགྱུར་ཡིན་པར་ཐལ།འབྱུང་འགྱུར་གྱི་རེག་བྱ་བདུན་པོ་གང་རུང་ཡིན་པའི་ཕྱིར། མ་གྲུབ་ན། འབྱུང་འགྱུར་གྱི་རེག་བྱ་བདུན་པོ་གང་རུང་ཡིན་པར་ཐལ། ཡང་བ་ཡིན་པའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། ཡང་བ་དེ་འབྱུང་འགྱུར་གྱི་རེག་བྱ་བདུན་པོ་གང་རུང་ཡིན་པའི་ཕྱིར་ན་མ་ཁྱབ། རྩ་བར་འདོད་ན། རླུང་ཆོས་ཅན། འབྱུང་འགྱུར་མ་ཡིན་པར་ཐལ། འབྱུང་བ་ཡིན་པའི་ཕྱིར། མ་གྲུབ་ན། རླུང་ཆོས་ཅན། འབྱུང་བ་ཡིན་པར་ཐལ། འབྱུང་བ་བཞི་བོ་གང་རུང་ཡིན་པའི་ཕྱིར། མ་གྲུབ་ན། རླུང་ཆོས་ཅན། འབྱུང་བ་བཞི་བོ་གང་རུང་ཡིན་པར་ཐལ། རླུང་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྟ་དཀར་པོ་ཆོས་ཅན། ཁ་དོག་ཡིན་པར་ཐལ། རྩ་བའི་ཁ་དོག་བཞི་བོ་གང་རུང་ཡིན་པའི་ཕྱིར། མ་གྲུབ་ན། རྟ་དཀར་པོ་ཆོས་ཅན། རྩ་བའི་ཁ་དོག་བཞི་བོ་གང་རུང་ཡིན་པར་ཐལ། དཀར་པོ་ཡིན་པའི་ཕྱིར། མ་གྲུབ་ན། རྟ་དཀར་པོ་ཆོས་ཅན། དཀར་པོ་ཡིན་པར་ཐལ། ཁྱོད་རྟ་དཀར་པོ་ཡིན་པའི་ཕྱིར་ན་མ་ཁྱབ། རྩ་བར་འདོད་ན། རྟ་དཀར་པོ་ཆོས་ཅན། ཁ་དོག་མ་ཡིན་པར་ཐལ། གཟུགས་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟ་དཀར་པོ་ཆོས་ཅན། གཟུགས་མ་ཡིན་པར་ཐལ། གང་ཟག་ཡིན་པའི་ཕྱིར། མ་གྲུབ་ན། རྟ་དཀར་པོ་ཆོས་ཅན། གང་ཟག་ཡིན་པར་ཐལ། ཕུང་པོ་ལྔའི་ཚོགས་པ་ལ་བཏགས་པའི་སྐྱེས་བུ་ཡིན་པའི་ཕྱིར། ཁྱབ་སྟེ། བཀའ་བཞི་བ་བསོད་ནམས་བཟང་པོའི་གཏན་ཚིགས་རིགས་པའི་དོན་བསྡུས་ལས། གང་ཟག་གི་མཚན་ཉིད། ཕུང་པོ་བཞིའམ་ལྔའི་རྒྱུན་དུ་གྱུར་བའོ། །ཀུན་གཞི་ཁས་ལེན་ན་ཀུན་གཞི་རྣམ་ཤེས་སམ་ཡེ་ཤེས་ཀྱི་རྒྱུན་དུ་གྱུར་བའོ། །ཞེས་གསུངས་སོ།། །།

གཉིས་པ་ཡོད་རྟོགས་མེད་རྟོགས་ཀྱི་རྣམ་བཞག་བཤད་པ།

གཉིས་པ་ཡོད་རྟོགས་མེད་རྟོགས་ཀྱི་རྣམ་བཞག་བཤད་པ་ལ།

ཚད་མ་རྣམ་འགྲེལ་ལས། དེ་ལ་དམིགས་རུང་རྣམས་ཀྱི་ནི། །ཡོད་པ་དམིགས་པ་ལས་གཞན་མིན། །དེ་ཕྱིར་མ་ཤེས་ཤེས་བྱའི་ཕྱིར། །མི་དམིགས་དཔེ་གཅིག་བཞེད་པ་ཡིན། །ཞེས་པས་ཡོད་པའི་དོན་དང་ཐ་སྙད་གཉིས་བཤད། དམིགས་སུ་རུང་བའི་མེད་པ་ནི། །མི་དམིགས་པ་ལས་གཞན་མ་ཡིན། །དེ་ཕྱིར་དེ་ཡོད་པ་ལས་དེའི། །རྒྱུ་མཚན་ཅན་གྱི་སྒྲ་ཞེས་སྒྲུབ། །ཅེས་མེད་པ་དང་མེད་པའི་ཐ་སྙད་གཉིས་བཤད་པའི་གཞུང་འདི་བྱུང༌། །དེ་ལ་མཐའ་དཔྱད་པ་ལ། དགག་བཞག་སྤོང་གསུམ་ལས། དང་པོ་ནི། ཁ་ཅིག་ན་རེ། ཡོད་པ་མིན་ན་མེད་པ་ཡིན་མི་དགོས་པར་དེ་གཉིས་གང་ཡང་མ་ཡིན་པའི་ཕུང་སུམ་པ་ཡོད་ཟེར་ན། དེ་ལ་ཀུན་མཁྱེན་རིན་པོ་ཆེས་འདི་ལྟར་གསུངས་ཏེ། ལྟ་བ་ཤན་འབྱེད་ལས། ཡོད་པ་མིན་ཞེས་བརྗོད་པ་ཡིས། །དོན་དེ་མེད་པར་མི་སྟོན་ན། །དབུལ་བའི་ཕུང་བོ་གསེར་རྣམས་དག །ཡོད་མེད་དྲིས་པས་ཡོད་མིན་ཞེས། །སྨྲ་ན་གསེར་མེད་མི་ཤེས་སམ། །མེད་པ་མིན་ཞེས་བརྗོད་པ་ཡིས། །ཆོས་དེ་ཡོད་པར་མི་སྟོན་ན། །ཕྱུག་པོ་དག་ལ་ལོངས་སྤྱོད་དག །ཡོད་མེད་དྲིས་པས་མེད་མིན་ཞེས། སྨྲ་ན་ནོར་ཡོད་མི་ཤེས་སམ། །ཞེས་དང༌། ཡོད་མེད་བར་ན་ཕུང་སུམ་མེད། །དེ་ཕྱིར་ཡོད་མེད་མེད་མིན་གྱི། །རྒོལ་འདི་སྤོང་ལ་གང་རུང་སྨྲོས། །ཞེས་སོགས་གསུངས་སོ། །གཞུང་དེར་ཡོད་མེད་གང་ཡང་མ་ཡིན་པའི་ཕུང་སུམ་འདོད་པ་རྒྱས་པར་བཀག་ཡོད་པས་དེར་ཤེས་པར་བྱའོ། །ཁ་ཅིག་ན་རེ། ཡོད་པར་རྟོགས་པའི་ཚད་མ་ཡོད་ན། དངོས་པོར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་ཟེར་ན། ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཅན། དངོས་པོར་རྟོགས་པའི་ཚད་མ་ཡོད་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། ཡོད་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཡོད་པ་ཡིན་པར་ཐལ། ཤེས་བྱ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བཀའ་བསྡུ་བཞི་བ་ལས། ཆོས་ཉིད་དབུ་མ་ཤེས་བྱའི་མཆོག་ཡིན་ཀྱང༌། །ཞེས་གསུངས་སོ། །རྩ་བར་འདོད་ན། ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཅན། དངོས་པོར་རྟོགས་པའི་ཚད་མ་མེད་པར་ཐལ། དངོས་པོ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དངོས་པོ་མ་ཡིན་པར་ཐལ། དངོས་དང་དངོས་མེད་ལས་འདས་པ་ཡིན་པའི་ཕྱིར། རྒྱུད་ལས། དངོས་དང་དངོས་མེད་ཟད་པའི་གཙོ། །ཞེས་གསུངས་སོ། །ཁ་ཅིག་ན་རེ། དངོས་མེད་དུ་རྟོགས་པའི་ཚད་མ་ཡོད་ན། རྟག་པར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་ཟེར་ན། རི་བོང་རྭ་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། དངོས་མེད་དུ་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། དངོས་མེད་དུ་རྟོགས་པའི་ཚད་མ་ཡོད་པར་ཐལ། དངོས་མེད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དངོས་མེད་ཡིན་པར་ཐལ། མེད་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། རི་བོང་རྭ་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་མེད་པར་ཐལ། རྟག་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པར་ཐལ། ཆོས་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཆོས་མ་ཡིན་པར་ཐལ། གཏན་མེད་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཆོས་དང་ཡོད་པ་གཉིས་དོན་གཅིག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། མ་བྱས་པར་རྟོགས་པའི་ཚད་མ་མ་བྱས་པར་རྟོགས་པའི་ཚད་མ་ཡོད་ན། མ་བྱས་པར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་ཟེར་ན། རྙེད་དཀའི་དལ་འབྱོར་ཆོས་ཅན། མ་བྱས་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། མ་བྱས་པར་རྟོགས་པའི་ཚད་མ་མ་བྱས་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། མ་བྱས་པར་རྟོགས་པའི་ཚད་མ་མ་བྱས་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། མ་བྱས་པར་རྟོགས་པའི་ཚད་མ་བྱས་པར་རྟོགས་པའི་ཚད་མ་མེད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། མ་བྱས་པར་རྟོགས་པའི་ཚད་མ་བྱས་པར་རྟོགས་པའི་ཚད་མ་མེད་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྩ་བར་འདོད་ན། རྙེད་དཀའི་དལ་འབྱོར་ཆོས་ཅན། མ་བྱས་པར་རྟོགས་པའི་ཚད་མ་མེད་པར་ཐལ། མ་བྱས་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། མ་བྱས་པ་མ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། བྱས་པ་ཡིན་པར་ཐལ། ལྡན་མིན་་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། གཟུགས་དང་ཀུན་རྫོབ་ཀྱི་ཤེས་པ་དང་ལྡན་མིན་གང་རུང་ཡིན་ན་བྱས་པ་ཡིན་པས་ཁྱབ་པའི་ཕྱིར་རོ། །ཁ་ཅིག་ན་རེ། མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་ན་མེད་པར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་ཟེར་ན། སངས་རྒྱས་ཀྱི་གསུང་ཆོས་ཅན། མེད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། སངས་རྒྱས་ཀྱི་གསུང་ཆོས་ཅན། མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། གཞི་གྲུབ་པའི་ཕྱིར། རྩ་བར་འདོད་ན། སངས་རྒྱས་ཀྱི་གསུང་ཆོས་ཅན། མེད་པར་རྟོགས་པའི་ཚད་མ་མེད་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། ཡོད་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཡོད་པ་ཡིན་པར་ཐལ། རྟག་མི་རྟག་གང་རུང་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་ཀྱི་གསུང་ཆོས་ཅན། རྟག་མི་རྟག་གང་རུང་ཡིན་པར་ཐལ། འདུས་བྱས་ཡིན་པའི་ཕྱིར། ཁྱབ་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པའི་ཕྱིར་རོ། །ཁ་ཅིག་ན་རེ། རྟག་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་ན། རྟག་པར་རྟོགས་པའི་ཚད་མ་དང་མེད་པར་རྟོགས་པའི་ཚད་མ་གང་རུང་ཡོད་པས་ཁྱབ་ཟེར་ན། སྡུག་བདེན་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་དང་མེད་པར་རྟོགས་པའི་ཚད་མ་གང་རུང་ཡོད་པར་ཐལ། རྟག་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། སྡུག་བདེན་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། རྟག་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། སྡུག་བདེན་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། འདུས་བྱས་ཡིན་པའི་ཕྱིར། རྟགས་ཁྱབ་ནང་བ་སངས་རྒྱས་པ་ཐམས་ཅད་ཀྱི་ཐུན་མོང་དུ་ཁས་བླངསཀྱིས་གྲུབ། རྩ་བར་འདོད་ན། སྡུག་བདེན་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་དང་མེད་པར་རྟོགས་པའི་ཚད་མ་གང་རུང་མེད་པར་ཐལ། རྟག་པར་རྟོགས་པའི་ཚད་མ་མེད་པ་གང་ཞིག མེད་པར་རྟོགས་པའི་ཚད་མ་མེད་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། སྡུག་བདེན་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་མེད་པར་ཐལ། རྟག་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པར་ཐལ། ཆོས་དང་སྐད་ཅིག་མའི་གཞི་མཐུན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཆོས་ཡིན་པ་གང་ཞིག སྐད་ཅིག་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དེ་ཆོས་ཅན། ཆོས་ཡིན་པར་ཐལ། རང་གི་ངོ་བོ་འཛིན་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པ་ཡིན་པར་ཐལ། རང་གི་ངོ་བོ་འཛིན་པ་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དེ་ཆོས་ཅན། སྐད་ཅིག་མ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར། ཁྱབ་སྟེ། སྐད་ཅིག་མ་མི་རྟག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གོང་གི་རྟགས་གཉིས་པ་མ་གྲུབ་ན། སྡུག་བདེན་ཆོས་ཅན། མེད་པར་རྟོགས་པའི་ཚད་མ་མེད་པར་ཐལ། མེད་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། མེད་པ་མ་ཡིན་པར་ཐལ། ཚད་མས་དམིགས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཚད་མས་དམིགས་པ་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མས་དམིགས་པ་ཡོད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

ཡོད་པའི་མཚན་ཉིད་ཡོད་དེ། ཚད་མས་དམིགས་པ་དེ་ཡིན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། ཡོད་པ་དམིགས་པ་ལས་གཞན་མིན། །ཞེས་གསུངས་པའི་ཕྱིར། བདག་མེད་དུ་རྟོགས་པའི་ཚད་མ་ཡོད་པ་དང་བདག་མེད་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། བདག་མེད་དུ་རྟོགས་པའི་ཚད་མ་ཡོད་པ་ཡིན་ན་བདག་མེད་ཡིན་པས་ཁྱབ། བདག་མེད་ཡིན་ན་བདག་མེད་དུ་རྟོགས་པའི་ཚད་མ་ཡོད་པ་ཡིན་པས་ཁྱབ་པའི་ཕྱིར། ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང་ཡོད་པ་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། ཡོད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་ན་ཡོད་པ་ཡིན་པས་ཁྱབ། ཡོད་པ་ཡིན་ན་ཡོད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་པས་ཁྱབ་པའི་ཕྱིར། མེད་པར་རྟོགས་པའི་ཚད་མ་ཡོད་པ་དང༌། མེད་པ་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། མེད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་ན་མེད་པ་ཡིན་པས་ཁྱབ། མེད་པ་ཡིན་ན་མེད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་པས་ཁྱབ་པའི་ཕྱིར་རོ། །མི་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་མི་རྟག་པ་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། མི་རྟག་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ། མི་རྟག་པ་ཡིན་ན་མི་རྟག་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་པས་ཁྱབ་པའི་ཕྱིར་རོ། །མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པ་དང་ཡོད་པ་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། ཡོད་པ་ཡིན་ན་མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་པས་ཁྱབ། མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་ན་ཡོད་པ་ཡིན་པས་ཁྱབ་པའི་ཕྱིར་རོ། །མ་གྲུབ་ན། མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་ན། ཡོད་པ་ཡིན་པས་ཁྱབ་པར་ཐལ། མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་གཉིས་དང་བཞི་དང་དྲུག་དང་བརྒྱད་སོགས་ཆ་བྱུང་ན་ཡོད་པ་ཡིན་པས་ཁྱབ་པའི་ཕྱིར་རོ། །རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། རྟག་པ་ཡིན་ན་རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པས་ཁྱབ། རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པ་ཡིན་ན་རྟག་པ་ཡིན་པས་ཁྱབ་པའི་ཕྱིར་རོ། །ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང་ཡོད་པར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་ཡོད་པ་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། ཡོད་པར་རྟོགས་པའི་ཚད་མ་ཡོད་ན་ཡོད་པར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་ཅི་ཙམ་བརྩེགས་ཀྱང་ཡོད་པ་ཡིན་པས་ཁྱབ་པའི་ཕྱིར་རོ། །ཡོད་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་དངོས་པོ་ཡིན་པའི་ཕྱིར། ཤེས་བྱའི་མཚན་ཉིད་ཡོད་དེ། བློའི་ཡུལ་དུ་བྱ་རུང་དེ་ཡིན་པའི་ཕྱིར། རྣམ་མཁྱེན་བློའི་ཡུལ་དུ་བྱ་རུང༌། རྣམ་མཁྱེན་ཤེས་བྱ་ཡིན་པའི་མཚན་ཉིད། དེ་བཞིན་དུ་གཞན་ལ་རིགས་འགྲེ་སྦྱར་བར་བྱའོ། །ཤེས་བྱ་དང༌། ཡོད་པ་དང༌། གཞི་གྲུབ་དང༌། གཞལ་བྱ་དང༌། ཆོས་དང༌། ཡུལ་རྣམས་དོན་གཅིག གཞི་གྲུབ་ཀྱི་མཚན་ཉིད་ཡོད་དེ། ཚད་མས་གྲུབ་པ་དེ་ཡིན་པའི་ཕྱིར། ཆོས་ཀྱི་མཚན་ཉིད་ཡོད་དེ། རང་གི་ངོ་བོ་འཛིན་པ་དེ་ཡིན་པའི་ཕྱིར། ཡོད་པ་ལ་དབྱེ་ན། ཐུན་མོང་དུ་རྟག་དངོས་གཉིས། དངོས་པོའི་མཚན་ཉིད་ཡོད་དེ། དོན་བྱེད་ནུས་པ་དེ་ཡིན་པའི་ཕྱིར། དངོས་པོ་དང་མི་རྟག་པ་དང་བྱས་པ་རྣམས་དོན་གཅིག ཐུན་མོང་མ་ཡིན་པའི་ལུགས་ལ་ཡོད་པ་ལ་དབྱེ་ན། དངོས་དངོས་མེད་རྟག་པ་དང་གསུམ། དངོས་མེད་ཀྱི་མཚན་ཉིད་ཡོད་དེ། དོན་བྱེད་མི་ནུས་པའི་རྟོག་བརྟགས་དེ་ཡིན་པའི་ཕྱིར། རྟག་པའི་མཚན་ཉིད་ཡོད་དེ། མི་འཇིག་པའི་ཆོས་དེ་ཡིན་པའི་ཕྱིར། དངོས་པོ་ལ་དབྱེ་ན་གསུམ་ཡོད་དེ། གཟུགས་དང་ཀུན་རྫོབ་ཤེས་པ་དང་ལྡན་མིན་འདུ་བྱེད་དང་གསུམ་ཡོད་པའི་ཕྱིར། བེམ་པོའི་མཚན་ཉིད་ཡོད་དེ། རྡུལ་དུ་གྲུབ་པ་དེ་ཡིན་པའི་ཕྱིར། རྫོགས་ལྡན་ཆོས་མཆོག་གི་ལུགས་ལ། རིག་པ་མ་ཡིན་པའི་ཆོས་དེ་བེམ་པོའི་མཚན་ཉིད་ཡིན་ནོ། །གཟུགས་ཀྱི་དབྱེ་བ་སྔར་བཤད་ཟིན་པ་ལྟར་རོ། །ཤེས་པའི་མཚན་ཉིད་ཡོད་དེ། གསལ་ཞིང་རིག་པའམ་མྱོང་བར་སྐྱེས་པ་དེ་ཡིན་པའི་ཕྱིར། ཤེས་པ་དང་རིག་པ་བློ་གསུམ་དོན་གཅིག མཚན་གཞི་ནི་ཡོད་དེ། ཀུན་གཞི་རྣམ་ཤེས་དང་ཡེ་ཤེས་དེ་ཡིན་པའི་ཕྱིར། རྟག་པ་ལ་དབྱེ་ན། མངོན་པ་མཛོད་ལྟར་ན་འདུས་མ་བྱས་གསུམ་ཡོད་དེ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། འདུས་མ་བྱས་ལ་དབྱེ་ན། འདུས་མ་བྱས་ཀྱི་ནམ་མཁའ་དང༌། སོ་སོར་བརྟགས་འགོག་དང༌། སོ་སོར་བརྟགས་མིན་གྱི་འགོག་པ་སྟེ་གསུམ་མོ། །ཞེས་གསུངས་སོ། །རྫོགས་ལྡན་ལུགས་ལ་རྟག་པའམ་འདུས་མ་བྱས་ལ་དངོས་བཏགས་གཉིས་ཡོད་དེ། ཟབ་དོན་ཉེར་གཅིག་ལས། དོན་དམ་འདུས་མ་བྱས་དངོས་ཡིན། ནམ་མཁའ་སོགས་འདུས་མ་བྱས་བཏགས་པ་བ་ཡིན་གསུངས། །ཞེས་གསུངས་སོ། །

གསུམ་པ་དེ་ལ་རྩོད་པ་སྤོང་བ།

གསུམ་པ་དེ་ལ་རྩོད་པ་སྤོང་བ་ལ།

ཁ་ཅིག་ན་རེ། དོན་དམ་བདེན་པ་ཡོད་པ་མ་ཡིན་པར་ཐལ། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། རྣམ་ཤེས་ཀྱི་སྤྱོད་ཡུལ་མ་ཡིན་པའི་དོན་ནོ། །རྩ་བར་འདོད་ན། དོན་དམ་དབྱིངས་ཆོས་ཅན། ཡོད་པ་ཡིན་པར་ཐལ། ཤེས་བྱ་ཡིན་པའི་ཕྱིར། ཡབ་སྲས་མཇལ་བའི་མདོ་ལས། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་པོ་འདིར་ཟད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཁ་ཅིག་ན་རེ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། རྟག་པ་ཡིན་པར་ཐལ། རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པར་ཐལ། རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར་ན་འགལ་ཁྱབ་ལ་འཕུད། ཁ་ཅིག་ན་རེ། ཤེས་བྱ་ཆོས་ཅན། དངོས་པོ་ཡིན་པར་ཐལ། དངོས་པོར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར་ན་འགལ་ཁྱབ་ལ་འཕུད་དོ། །མ་གྲུབ་ན། ཤེས་བྱ་ཆོས་ཅན། དངོས་པོར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་ཡོད་བར་ཐལ། དངོས་པོ་མ་ཡིན་པའི་ཕྱིར་རོ།། །།

གསུམ་པ་ཡིན་ལོག་མིན་ལོག་གི་རྣམ་བཞག་བཤད་པ།

གསུམ་པ་ཡིན་ལོག་མིན་ལོག་གི་རྣམ་བཞག་བཤད་པ་ལ།

ཚད་མ་རྣམ་འགྲེལ་ལས། དེ་ཕྱིར་གང་དང་གང་ལས་དོན། །ལྡོག་པ་དེ་ཡི་རྒྱུ་ཅན་གྱི། །རིགས་དབྱེ་དེ་ཡི་ཁྱད་པར་གྱིས། །རྟོགས་གྱུར་བ་དག་རབ་ཏུ་བྱེད། །ཅེས་སོགས་ཀྱི་གཞུང་འདི་བྱུང༌། དེའི་མཐའ་དཔྱད་པ་ལ། དགག་བཞག་སྤོང་གསུམ་ལས།དང་པོ་ནི། ཁ་ཅིག་ན་རེ། དངོས་པོ་མ་ཡིན་པ་ལས་ལོག་པ་ཡིན་ན་ཤེས་པ་མ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་ཟེར་ན། སྐྱབས་གནས་ཀུན་འདུས་རྗེ་བཙུན་བླ་མའི་གཟུགས་སྐུ་ཆོས་ཅན། ཤེས་པ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ།དངོས་པོ་མ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། དངོས་པོ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དངོས་པོ་ཡི་ན་པརཐལ། གཟུགས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། གཟུགས་ཡིན་པར་ཐལ། ཆོས་ཅན་དེའི་ཕྱིར། རྩ་བར་འདོད་ན། སྐྱབས་གནས་ཀུན་འདུས་རྗེ་བཙུན་བླ་མའི་གཟུགས་སྐུ་ཆོས་ཅན། ཤེས་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པར་ཐལ། ཤེས་པ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཤེས་པ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། ཤེས་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཤེས་པ་མ་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། གཟུགས་ཤེས་གཉིས་ཀྱི་གཞི་མཐུན་མེད་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་མ་ཡིན་པ་ལས་ལོག་པ་ཡིན་ན། བུམ་པ་མ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་ཟེར་ན། སྒྲ་རང་མཚན་པའི་ངེས་དོན་གྱི་མདོ་ཆོས་ཅན། བུམ་པ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། གཟུགས་མ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། གཟུགས་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ།གཟུགས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། གཟུགས་ཡིན་པར་ཐལ། སྒྲ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་བ་ཡོད་པར་ཐལ། སྒྲ་དེ་གཟུགས་ཀྱི་དབྱེ་བ་ཡིན་པའི་ཕྱིར། རྩ་བར་འདོད་ན། སྒྲ་རང་མཚན་པའི་ངེས་དོན་གྱི་མདོ་ཆོས་ཅན། བུམ་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པར་ཐལ། བུམ་པ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། བུམ་པ་ཡིན་པ་ལས་ལོག་པར་ཐལ། བུམ་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། བུམ་པ་མ་ཡིན་པར་ཐལ། སྒྲ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་བ་ཡོད་པར་ཐལ། སྒྲ་དང་བུམ་པ་གཉིས་ཀྱི་གཞི་མཐུན་མེད་པའི་ཕྱིར། ཁ་ཅིག་ན་རེ། དངོས་པོ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་ན། དངོས་པོ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་ཟེར་ན། རྣམ་མཁྱེན་ཆོས་ཅན། དངོས་པོ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། དངོས་པོ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས།མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། དངོས་པོ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་བ་ཡོད་པར་ཐལ། དངོས་པོ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་དང་དངོས་པོ་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། རྩ་བར་འདོད་ན། རྣམ་མཁྱེན་ཆོས་ཅན། དངོས་པོ་ཡིན་པ་ལས་ལོག་པ་མ་ཡིན་པར་ཐལ། དངོས་པོ་མ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། དངོས་པོ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། དངོས་པོ་ཡིན་པར་ཐལ། ཀུན་རྫོབ་ཀྱི་ཤེས་པ་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། ཀུན་རྫོབ་ཀྱི་ཤེས་པ་ཡིན་པར་ཐལ། ཀུན་རྫོབ་ཀྱི་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། ཀུན་རྫོབ་ཀྱི་ཚད་མ་ཡིན་པར་ཐལ། ཀུན་རྫོབ་གང་ཞིག ཚད་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། ཀུན་རྫོབ་ཡིན་པར་ཐལ། ཁྱོད་དང་ཀུན་རྫོབ་ཀྱི་གཞི་མཐུན་ཡོད་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། ཚད་མ་ཡིན་པར་ཐལ། རྣམ་མཁྱེན་ཡིན་པའི་ཕྱིར། མདོ་སྡེ་བའི་ལུགས་ལ་རྣམ་མཁྱེན་སོགས་དངོས་པོ་དུ་མ་ཞིག་དོན་དམ་བདེན་པར་འདོད་པས་སྐབས་འདི་དང་མི་འདྲའོ། །གཞན་ཡང་སྡུག་བདེན་མི་རྟག་པ་ཆོས་ཅན། དངོས་པོ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། དངོས་པོ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། སྡུག་བདེན་མི་རྟག་པ་ཆོས་ཅན། དངོས་པོ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། དངོས་པོ་ཡིན་པ་ལས་ལོག་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། སྡུག་བདེན་མི་རྟག་པ་ཆོས་ཅན། དངོས་པོ་ཡིན་པ་ལས་ལོག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། སྡུག་བདེན་ཆོས་ཅན། ཁྱོད་མི་རྟག་པ་དངོས་པོ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། རྩ་བར་འདོད་ན། སྡུག་བདེན་མི་རྟག་པ་ཆོས་ཅན། དངོས་པོ་ཡིན་པ་ལས་ལོག་པ་མ་ཡིན་པར་ཐལ། དངོས་པོ་མ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། མ་གྲུབ་ན། སྡུག་བདེན་མི་རྟག་པ་ཆོས་ཅན། དངོས་པོ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། སྡུག་བདེན་མི་རྟག་པ་ཆོས་ཅན། དངོས་པོ་ཡིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། སྡུག་བདེན་ཆོས་ཅན། ཁྱོད་མི་རྟག་པ་ལྡན་མིན་འདུ་བྱེད་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དངོས་མེད་མ་ཡིན་པ་ལས་ལོག་པ་ཡིན་ན། མེད་པ་མ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་ཟེར་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། མེད་པ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། དངོས་མེད་མ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། དངོས་མེད་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། དངོས་མེད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དངོས་མེད་ཡིན་པར་ཐལ། དོན་བྱེད་ནུས་སྟོང་དུ་གྱུར་བའི་རྟོག་བཏགས་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། དངོས་མེད་དང་དངོས་པོ་ལ་མཚན་ཉིད་རིམ་པ་བཞིན། དོན་བྱེད་ནུས་སྟོང་དང་དོན་བྱེད་ནུས་པའོ། །ཞེས་གསུངས་སོ། །གོང་གི་མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ཟེར་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། དོན་བྱེད་ནུས་སྟོང་དུ་གྱུར་བའི་རྟོག་བཏགས་ཡིན་པར་ཐལ། དོན་བྱེད་ནུས་པ་མ་ཡིན་པ་གང་ཞིག རྟོག་བཏགས་ཡིན་པའི་ཕྱིར། ཕྱི་མ་སླ། དང་པོ་མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རང་གི་འབྲས་བུ་བསྐྱེད་ནུས་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་གི་འབྲས་བུ་བསྐྱེད་ནུས་པ་མ་ཡིན་པར་ཐལ། ཁྱོད་ཀྱི་འབྲས་བུ་མེད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་འབྲས་བུ་མེད་པར་ཐལ། དངོས་མེད་ཡིན་པའི་ཕྱིར། རྩ་བར་འདོད་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། མེད་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པར་ཐལ། མེད་པ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། མེད་པ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། མེད་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། མེད་པ་མ་ཡིན་པར་ཐལ། ཚད་མས་མི་དམིགས་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཚད་མས་མི་དམིགས་པ་མ་ཡིན་པར་ཐལ། ཚད་མས་དམིགས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཚད་མས་དམིགས་པ་ཡིན་པར་ཐལ། ཚད་མའི་གཞལ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། ཚད་མའི་གཞལ་བྱ་ཡིན་པར་ཐལ། རྣམ་མཁྱེན་གྱི་གཞལ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རྣམ་འཁྱེན་གྱི་གཞལ་བྱ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁ་ཅིག་ན་རེ། མ་བྱས་པ་མ་ཡིན་པ་ལས་ལོག་པ་ཡིན་ན་མེད་པ་མ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་ཟེར་ན། རྟག་པ་ཆོས་ཅན། མེད་པ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། མ་བྱས་པ་མ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། ཁྱབ་བ་ཁས། མ་གྲུབ་ན། རྟག་པ་ཆོས་ཅན། མ་བྱས་པ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། མ་བྱས་པ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། བྱས་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་ཆོས་ཅན།བྱས་པ་མ་ཡིན་པར་ཐལ། མི་རྟག་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་ཆོས་ཅན། མི་རྟག་པ་མ་ཡིན་པར་ཐལ། སྐད་ཅིག་མ་མ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། སྐད་ཅིག་མ་མི་རྟག་པའི་མཚན་ཉིད་ཡིན་པའི་ཕྱིར། རྩ་བར་འདོད་ན། རྟག་པ་ཆོས་ཅན། མེད་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པར་ཐལ། མེད་པ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་ཆོས་ཅན། མེད་པ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། མེད་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་ཆོས་ཅན། མེད་པ་མ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁ་ཅིག་ན་རེ། རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་ན། རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་ཟེར་ན། འདུས་མ་བྱས་པའི་ཡེ་ཤེས་ཆོས་ཅན། རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། འདུས་མ་བྱས་པའི་ཡེ་ཤེས་ཆོས་ཅན། རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། མ་གྲུབ་ན། འདུས་མ་བྱས་པའི་ཡེ་ཤེས་ཆོས་ཅན། རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། རྟག་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་བ་ཡོད་པར་ཐལ། རྟག་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་དང༌། རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་གཉིས་པོ་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། རྩ་བར་འདོད་ན། འདུས་མ་བྱས་པའི་ཡེ་ཤེས་ཆོས་ཅན། རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པར་ཐལ། རྟག་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རྟག་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། འདུས་མ་བྱས་པའི་ཡེ་ཤེས་ཆོས་ཅན། རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། འདུས་མ་བྱས་པའི་ཡེ་ཤེས་རྟག་པ་ཡིན་པར་ཐལ། འདུས་མ་བྱས་པའི་ཡེ་ཤེས་ཡོད་པའི་ཕྱིར། འགྲེལ་ཆེན་དྲི་མེད་འོད་ལས། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད། ཅེས་གསུངས་པའི་ཕྱིར། ཁ་ཅིག་ཡོད་པ་ཡིན་ན་རྟག་པ་ཡིན་པས་ཁྱབ་ཟེར་ན། མི་སློབ་ལམ་ཆོས་ཅན། རྟག་པ་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། མི་སློབ་ལམ་ཆོས་ཅན། ཡོད་པ་ཡིན་པར་ཐལ། ཆོས་ཐམས་ཅད་ཅིག་ཆར་དུ་མངོན་སུམ་གྱིས་རྟོགས་པའི་མཐར་ཐུག་གི་མཁྱེན་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། མི་སློབ་ལམ་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། ཟག་མེད་འདུས་བྱས་གང་ཞིག འགོག་བདེན་གྱི་བྲལ་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། མི་སློབ་ལམ་ཆོས་ཅན། ཟག་མེད་འདུས་བྱས་སུ་གྱུར་བའི་འགོག་བདེན་གྱི་བྲལ་རྒྱུ་ཡིན་པར་ཐལ། ལམ་བདེན་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། ཟག་མེད་འདུས་བྱས་གང་ཞིག འགོག་བདེན་གྱི་བྲལ་རྒྱུ་དེ། ལམ་བདེན་གྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར་རོ། །ཁ་ཅིག་ན་རེ། དངོས་པོ་མ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་ན། དངོས་པོ་མ་ཡིན་པ་ལས་ལོག་པ་དངོས་པོ་མ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་ཟེར་ན། འཁོར་བ་ཆོས་ཅན། དངོས་པོ་མ་ཡིན་པ་ལས་ལོག་པ་དངོས་པོ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། དངོས་པོ་མ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན།འཁོར་བ་ཆོས་ཅན། དངོས་པོ་མ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྩ་བར་འདོད་ན། འཁོར་བ་ཆོས་ཅན། དངོས་པོ་མ་ཡིན་པ་ལས་ལོག་པ་དངོས་པོ་མ་ཡིན་པ་ལས་ལོག་པ་མ་ཡིན་པར་ཐལ། དངོས་པོ་མ་ཡིན་པ་ལས་ལོག་པ་དངོས་པོ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། མ་གྲུབ་ན། འཁོར་བ་ཆོས་ཅན། དངོས་པོ་མ་ཡིན་པ་ལས་ལོག་པ་དངོས་པོ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། དངོས་པོ་མ་ཡིན་པ་ལས་ལོག་པ་དངོས་པོ་མ་ཡིན་པའི་ཕྱིར། མ་གྲུབ་ན། འཁོར་བ་ཆོས་ཅན། དངོས་པོ་མ་ཡིན་པ་ལས་ལོག་པ་དངོས་པོ་མ་ཡིན་པར་ཐལ། དངོས་པོ་མ་ཡིན་པ་ལས་ལོག་པ་དངོས་མེད་ཡིན་པའི་ཕྱིར། མ་གྲུབ་ན། འཁོར་བ་ཆོས་ཅན། ཁྱོད་མ་ཡིན་པ་ལས་ལོག་པ་དངོས་མེད་ཡིན་པར་ཐལ། ཁྱོད་མ་ཡིན་པ་ལས་ལོག་པ་ཡོད་པའི་ཕྱིར། ཡང་མངོན་ཚད་ཀྱི་ཐ་སྙད་ལྟར། འཁོར་བ་ཆོས་ཅན། ཁྱོད་མ་ཡིན་པ་ལས་ལོག་པ་རྟག་པ་ཡིན་པར་ཐལ། ཁྱོད་མ་ཡིན་པ་ལས་ལོག་པ་ཡོད་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

བདག་མེད་མ་ཡིན་པ་ལས་ལོག་པ་དང་བདག་མེད་གཉིས་དོན་གཅིག་ཡིན་ཁྱབ་མཉམ་ཡིན་ཏེ། བདག་མེད་མ་ཡིན་པ་ལས་ལོག་པ་ཡིན་ན། བདག་མེད་ཡིན་པས་ཁྱབ། བདག་མེད་ཡིན་ན་བདག་མེད་མ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་པའི་ཕྱིར། བདག་མེད་ཡིན་པ་ལས་ལོག་པ་དང་བདག་མེད་མ་ཡིན་པ་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། བདག་མེད་ཡིན་པ་ལས་ལོག་པ་ཡིན་ན་བདག་མེད་མ་ཡིན་པས་ཁྱབ། བདག་མེད་མ་ཡིན་ན་བདག་མེད་ཡིན་པ་ལས་ལོག་པས་ཁྱབ་པའི་ཕྱིར། ཡོད་པ་མ་ཡིན་པ་ལས་ལོག་པ་དང་ཡོད་པ་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། ཡོད་པ་མ་ཡིན་པ་ལས་ལོག་པ་ཡིན་ན་ཡོད་པ་ཡིན་པས་ཁྱབ། ཡོད་པ་ཡིན་ན་ཡོད་པ་མ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་པའི་ཕྱིར་རོ། །བདག་མེད་ཐམས་ཅད་ལ་རིགས་འགྲེའོ། །ཤེས་བྱ་ཡིན་པ་ལས་ལོག་པ་གཅིག་དང་གསུམ་སོགས་ཡ་རྣམས་མེད། གཉིས་དང་བཞི་སོགས་ཆ་རྣམས་ཡོད་པར་སྦྱོར་ཚུལ་ཤེས་པར་བྱའོ། །

གསུམ་པ་དེ་ལ་རྩོད་པ་སྤོང་བ་ལ། ཁ་ཅིག་ན་རེ། དོན་དམ་བདེན་པ་ཆོས་ཅན། ཡིན་མིན་གང་ཡང་མ་ཡིན་པར་ཐལ། ཡིན་མིན་སོགས་སྤྲོས་པ་མཐའ་དག་དང་བྲལ་བ་ཡིན་པའི་ཕྱིར་ན་མ་ཁྱབ། རྒྱས་པར་དབུ་མ་གཞན་སྟོང་གི་གཞུང་དུ་ཤེས་པར་བྱའོ།། །།

བཞི་བ་ལྡོག་པ་ངོས་འཛིན་གྱི་རྣམ་བཞག་བཤད་པ།

བཞི་བ་ལྡོག་པ་ངོས་འཛིན་གྱི་རྣམ་བཞག་བཤད་པ་ལ།

ཚད་མ་རྣམ་འགྲེལ་ལས། གང་ཕྱིར་དངོས་ཀུན་རང་བཞིན་གྱི། །རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་དངོས་གཞན་གྱི་དངོས་དག་ལས། །ལྡོག་པ་ལ་ནི་རྟེན་པ་ཅན། །ཞེས་པའི་གཞུང་འདི་བྱུང༌། དེའི་མཐའ་དཔྱད་པ་ལ། དགག་བཞག་སྤོང་གསུམ་ལས། དང་པོ་ལ། ཁ་ཅིག་ན་རེ། མི་རྟག་པའི་གཞི་ལྡོག་ཡིན་ན། མི་རྟག་པའི་ལྡོག་པ་ཡིན་པས་ཁྱབ་ཟེར་ན། གཟུགས་ཆོས་ཅན། མི་རྟག་པའི་ལྡོག་པ་ཡིན་པར་ཐལ། མི་རྟག་པའི་གཞི་ལྡོག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། གཟུགས་ཆོས་ཅན། མི་རྟག་པའི་གཞི་ལྡོག་ཡིན་པར་ཐལ། མི་རྟག་པའི་མཚན་གཞི་ཡིན་པའི་ཕྱིར། རྩ་བར་འདོད་ན། གཟུགས་ཆོས་ཅན། མི་རྟག་པའི་ལྡོག་པ་མ་ཡིན་པར་ཐལ། མི་རྟག་པ་དང་ཐ་དད་ཡིན་པའི་ཕྱིར། ཁྱབ་སྟེ། མི་རྟག་པའི་ལྡོག་པ་ལ་ནི་མི་རྟག་པ་ལས་གཞན་མེད་པ་གང་ཞིག མི་རྟག་པ་མི་རྟག་པ་དང་ཐ་དད་མ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཤེས་བྱའི་དོན་ལྡོག་ཡིན་ན་ཤེས་བྱའི་ལྡོག་པ་ཡིན་པས་ཁྱབ་ཟེར་ན། བློའི་ཡུལ་དུ་བྱ་རུང་ཆོས་ཅན། ཤེས་བྱའི་ལྡོག་པ་ཡིན་པར་ཐལ། ཤེས་བྱའི་དོན་ལྡོག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བློའི་ཡུལ་དུ་བྱ་རུང་ཆོས་ཅན། ཤེས་བྱའི་དོན་ལྡོག་ཡིན་པར་ཐལ། ཤེས་བྱའི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། བློའི་ཡུལ་དུ་བྱ་རུང་ཆོས་ཅན། ཤེས་བྱའི་མཚན་ཉིད་ཡིན་པར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། མཚན་ཉིད་ནི་བློའི་ཡུལ་དུ་བྱ་རུང༌། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། བློའི་ཡུལ་དུ་བྱ་རུང་ཆོས་ཅན། ཤེས་བྱའི་ལྡོག་པ་མ་ཡིན་པར་ཐལ། ཤེས་བྱ་དང་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ན། བློའི་ཡུལ་དུ་བྱ་རུང་ཆོས་ཅན། ཤེས་བྱ་དང་གཅིག་མ་ཡིན་ཐལ། ཤེས་བྱ་དང་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། བློའི་ཡུལ་དུ་བྱ་རུང་ཆོས་ཅན། ཤེས་བྱ་དང་ཐ་དད་ཡིན་པར་ཐལ། མཚན་ཉིད་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཤེས་བྱ་དང་གཅིག་ཡིན་ན་མཚོན་བྱ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། ཁྱོད་དང་གཅིག་ཡིན་ན་མཚོན་བྱ་ཡིན་དགོས་པར་ཐལ། ཁྱོད་མཚོན་བྱ་ཡིན་པའི་ཕྱིར།ཁ་ཅིག་ན་རེ། རྣམ་མཁྱེན་དང་གཅིག་ཏུ་གྱུར་བའི་རྣམ་མཁྱེན་དེ་རྣམ་མཁྱེན་གྱི་ལྡོག་པ་ཡིན་ཟེར་ན། རྣམ་མཁྱེན་དང་གཅིག་ཏུ་གྱུར་བའི་རྣམ་མཁྱེན་ཆོས་ཅན། རྣམ་མཁྱེན་གྱི་ལྡོག་པ་མ་ཡིན་པར་ཐལ། རྣམ་མཁྱེན་དང་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་དང་གཅིག་ཏུ་གྱུར་བའི་རྣམ་མཁྱེན་ཆོས་ཅན། རྣམ་མཁྱེན་དང་གཅིག་མ་ཡིན་པར་ཐལ། རྣམ་མཁྱེན་དང་ཡིན་ཁྱབ་མཉམ་མ་ཡིན་པའི་ཕྱིར། མ་ཁྱབ་ན། རྣམ་མཁྱེན་ཆོས་ཅན། ཁྱོད་དང་གཅིག་ཡིན་ན་ཁྱོད་དང་ཡིན་ཁྱབ་མཉམ་ཡིན་པས་ཁྱབ་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ཟེར་ན། རྣམ་མཁྱེན་དང་གཅིག་ཏུ་གྱུར་བའི་རྣམ་མཁྱེན་ཆོས་ཅན། རྣམ་མཁྱེན་དང་ཡིན་ཁྱབ་མཉམ་མ་ཡིན་པར་ཐལ། རྣམ་མཁྱེན་ཡིན་ན་ཁྱོད་ཡིན་པས་ཁྱབ་པ་མེད་པའི་ཕྱིར། མ་གྲུབ་ན། སྟོན་པ་ཤཱཀ་ཐུབ་ཀྱི་རྣམ་མཁྱེན་ཆོས་ཅན། རྣམ་མཁྱེན་དང་གཅིག་ཏུ་གྱུར་བའི་རྣམ་མཁྱེན་ཡིན་པར་ཐལ། རྣམ་མཁྱེན་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། སྟོན་པ་ཤཱཀ་ཐུབ་ཀྱི་རྣམ་མཁྱེན་ཆོས་ཅན། རྣམ་མཁྱེན་ཡིན་པར་ཐལ། ཆོས་ཐམས་ཅད་ཅིག་ཆར་དུ་མངོན་སུམ་གྱིས་རྟོགས་པའི་མཐར་ཐུག་གི་མཁྱེན་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་བ་ཡོད་པར་ཐལ། ཆོས་ཐམས་ཅད་ཅིག་ཆར་དུ་མངོན་སུམ་གྱིས་རྟོགས་པའི་མཐར་ཐུག་གི་མཁྱེན་པ་དེ་རྣམ་མཁྱེན་གྱི་མཚན་ཉིད་ཡིན་པའི་ཕྱིར། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང༌། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། སྟོན་པ་ཤཱཀ་ཐུབ་ཀྱི་རྣམ་མཁྱེན་ཆོས་ཅན། རྣམ་མཁྱེན་དང་གཅིག་ཏུ་གྱུར་བའི་རྣམ་མཁྱེན་མ་ཡིན་ཐལ། རྣམ་མཁྱེན་དང་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ན། སྟོན་པ་ཤཱཀ་ཐུབ་ཀྱི་རྣམ་མཁྱེན་ཆོས་ཅན། རྣམ་མཁྱེན་དང་གཅིག་མ་ཡིན་པར་ཐལ། རྣམ་མཁྱེན་དང་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རྣམ་མཁྱེན་དང་ཐ་དད་ཡིན་པར་ཐལ། སྟོན་པ་ཤཱཀ་ཐུབ་ཀྱི་རྣམ་མཁྱེན་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། མི་རྟག་པ་དང་གཅིག་དེ་མི་རྟག་པའི་ལྡོག་པ་ཡིན་ཟེར་ན། མི་རྟག་པ་དང་གཅིག་ཆོས་ཅན། མི་རྟག་པའི་ལྡོག་པ་མ་ཡིན་པར་ཐལ། མི་རྟག་པ་དང་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པ་དང་གཅིག་ཆོས་ཅན། མི་རྟག་པ་དང་གཅིག་མ་ཡིན་པར་ཐལ། མི་རྟག་པ་དང་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པ་དང་གཅིག་ཆོས་ཅན། མི་རྟག་པ་དང་ཐ་དད་ཡིན་པར་ཐལ། དངོས་མེད་ཀྱི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པ་ཆོས་ཅན། ཁྱོད་དང་གཅིག་དངོས་མེད་ཀྱི་ཆོས་ཡིན་པར་ཐལ། ཁྱོད་འདུས་བྱས་ཕྱིར། ཁ་ཅིག་ན་རེ། བདག་མེད་ཀྱི་ལྡོག་པ་དེ་བདག་མེད་ཀྱི་ལྡོག་པ་ཡིན་ཟེར་ན། བདག་མེད་ཀྱི་ལྡོག་པ་ཆོས་ཅན། བདག་མེད་པའི་ལྡོག་པ་མ་ཡིན་པར་ཐལ། བདག་མེད་དང་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ན། བདག་མེད་པའི་ལྡོག་པ་ཆོས་ཅན། བདག་མེད་དང་གཅིག་མ་ཡིན་པར་ཐལ། ཁྱོད་བདག་མེད་དང་ཡིན་ཁྱབ་མཉམ་མ་ཡིན་པའི་ཕྱིར། མ་གྲུབ་ན། བདག་མེད་པའི་ལྡོག་པ་ཆོས་ཅན། ཁྱོད་དང་བདག་མེད་གཉིས་ཡིན་ཁྱབ་མཉམ་མ་ཡིན་པར་ཐལ། བདག་མེད་ཡིན་ན་ཁྱོད་ཡིན་པས་ཁྱབ་པ་མེད་པའི་ཕྱིར། མ་གྲུབ་ན། སྡུག་བདེན་ཆོས་ཅན། བདག་མེད་ཀྱི་ལྡོག་པ་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། བདག་མེད་དང་ཐ་དད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། འཆི་བ་མི་རྟག་པ་མ་ཡིན་པ་ལས་ལྡོག་ན་འཆི་བ་མི་རྟག་པའི་ལྡོག་པ་ཡིན་པས་ཁྱབ་ཟེར་ན། དམ་བཅའ་བའི་འཆི་བ་མི་རྟག་པ་ཆོས་ཅན། འཆི་བ་མི་རྟག་པའི་ལྡོག་པ་ཡིན་པར་ཐལ། འཆི་བ་མི་རྟག་པ་མ་ཡིན་པ་ལས་ལྡོག་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དམ་བཅའ་བའི་འཆི་བ་མི་རྟག་པ་ཆོས་ཅན། འཆི་བ་མི་རྟག་པ་མ་ཡིན་པ་ལས་ལྡོག་པར་ཐལ། འཆི་བ་མི་རྟག་པ་མ་ཡིན་པ་ལས་ལོག་པའི་ཕྱིར། མ་གྲུབ་ན། དམ་བཅའ་བའི་འཆི་བ་མི་རྟག་པ་ཆོས་ཅན། ཁྱོད་འཆི་བ་མི་རྟག་པ་མ་ཡིན་པ་ལས་ལོག་པར་ཐལ། ཁྱོད་འཆི་བ་མི་རྟག་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། དམ་བཅའ་བའི་འཆི་བ་མི་རྟག་པ་ཆོས་ཅན། འཆི་བ་མི་རྟག་པའི་ལྡོག་པ་མ་ཡིན་པར་ཐལ། འཆི་བ་མི་རྟག་པ་དང་ཐ་དད་ལས་མི་ལྡོག་པའི་ཕྱིར། མ་ཁྱབ་ཟེར་ན། འཆི་བ་མི་རྟག་པ་ཆོས་ཅན། ཁྱོད་དང་ཐ་དད་ལས་མི་ལྡོག་ན་ཁྱོད་ཀྱི་ལྡོག་པ་མ་ཡིན་པས་ཁྱབ་པར་ཐལ། ཁྱོད་ཁྱོད་དང་ཐ་དད་ལས་ལྡོག་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཁྱོད་དང་ཐ་དད་ལས་ལྡོག་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ཟེར་ན། དམ་བཅའ་བའི་འཆི་བ་མི་རྟག་པ་ཆོས་ཅན། འཆི་བ་མི་རྟག་པ་དང་ཐ་དད་ལས་མི་ལྡོག་པར་ཐལ། འཆི་བ་མི་རྟག་པ་དང་ཐ་དད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སྐྱབས་འགྲོ་དང་ཐ་དད་ལས་ལྡོག་ན་སྐྱབས་འགྲོའི་ལྡོག་པ་ཡིན་པས་ཁྱབ་ཟེར་ན། རྟག་གཅིག་རང་དབང་གི་བདག་ཆོས་ཅན། སྐྱབས་འགྲོའི་ལྡོག་པ་ཡིན་པར་ཐལ། སྐྱབས་འགྲོ་དང་ཐ་དད་ལས་ལྡོག་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། རྟག་གཅིག་རང་དབང་ཅན་གྱི་བདག་ཆོས་ཅན། སྐྱབས་འགྲོ་དང་ཐ་དད་ལས་ལྡོག་པར་ཐལ། སྐྱབས་འགྲོ་དང་ཐ་དད་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་གཅིག་རང་དབང་གི་བདག་ཆོས་ཅན། སྐྱབས་འགྲོ་དང་ཐ་དད་མ་ཡིན་པར་ཐལ། སྐྱབས་འགྲོ་དང་ཐ་མི་དད་ཡིན་པའི་ཕྱིར། མ་གྲུབ་ན། རྟག་གཅིག་རང་དབང་གི་བདག་ཆོས་ཅན། སྐྱབས་འགྲོ་དང་ཐ་མི་དད་ཡིན་པར་ཐལ། མེད་པ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་གཅིག་རང་དབང་གི་བདག་ཆོས་ཅན། མེད་ངེས་ཡིན་པར་ཐལ། གཞི་གྲུབ་ན་ཁྱོད་མེད་པ་ཡིན་པས་ཁྱབ་པའི་ཕྱིར་རོ། རྩ་བར་འདོད་ན། རྟག་གཅིག་རང་དབང་གི་བདག་ཆོས་ཅན། སྐྱབས་འགྲོའི་ལྡོག་པ་མ་ཡིན་པར་ཐལ། སྐྱབས་འགྲོ་དང་གཅིག་མ་ཡིན་པ་ལས་མི་ལྡོག་པའི་ཕྱིར། མ་ཁྱབ་ཟེར་ན། སྐྱབས་འགྲོ་ཆོས་ཅན། ཁྱོད་ཀྱི་ལྡོག་པ་ཡིན་ན་ཁྱོད་དང་གཅིག་མ་ཡིན་པ་ལས་ལྡོག་པས་ཁྱབ་བར་ཐལ། ཁྱོད་ཁྱོད་དང་གཅིག་མ་ཡིན་པ་ལས་ལྡོག་པའི་ཕྱིར། མ་གྲུབ་ན། སྐྱབས་འགྲོ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་མ་ཡིན་པ་ལས་ལྡོག་པར་ཐལ། ཁྱོད་ཁྱོད་དང་གཅིག་མ་ཡིན་པ་ལས་ལོག་པའི་ཕྱིར། མ་གྲུབ་ན། སྐྱབས་འགྲོ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། ཁྱོད་ཁྱོད་དང་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། སྐྱབས་འགྲོ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

ཆོས་དེ་དང་ཐ་དད་ལས་ལོག་པའི་ཆོས་དེ། ཆོས་དེའི་ལྡོག་པའི་མཚན་ཉིད། གཟུགས་དང་ཐ་དད་ལས་ལོག་པའི་ཆོས་དེ། གཟུགས་ཀྱི་ལྡོག་པའི་མཚན་ཉིད། མཚན་གཞི་ནི་གཟུགས་དེ་ཡིན་པའི་ཕྱིར། རྣམ་མཁྱེན་གྱི་ལྡོག་པ་བཞག་ཏུ་ཡོད་དེ། རྣམ་མཁྱེན་དེ་ཡིན་པའི་ཕྱིར། བདག་མེད་ཀྱི་ལྡོག་པ་བཞག་ཏུ་ཡོད་དེ། བདག་མེད་དེ་ཡིན་པའི་ཕྱིར། གཞན་ལ་རིགས་འགྲེ། བུམ་པའི་ལྡོག་པ་དང༌། བུམ་པ་དང་གཅིག་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། གཞི་གྲུབ་ན་ཁྱོད་ཁྱོད་ཀྱི་ལྡོག་པ་ཡིན་པས་ཁྱབ་པ་དང༌། གཞི་གྲུབ་ན། ཁྱོད་ཁྱོད་དང་གཅིག་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། གཞི་གྲུབ་ན་ཁྱོད་ཁྱོད་དང་གཅིག་ཡིན་པས་ཁྱབ་པར་ཐལ། གཞི་གྲུབ་ན་ཁྱོད་ཁྱོད་དང་ཐ་དད་མ་ཡིན་པས་ཁྱབ་པའི་ཕྱིར་རོ། །

གསུམ་པ་རྩོད་པ་སྤོང་བ།

གསུམ་པ་རྩོད་པ་སྤོང་བ་ལ།

ཁ་ཅིག་ན་རེ། སྒྲ་ལྟ་བུའི་ཆོས་གཅིག་ལ་སྒྲ་མ་ཡིན་པའི་ཤེས་བྱ་ཇི་སྙེད་ཡོད་པ་དེ་སྙད་ཀྱི་གྲངས་དང་མཉམ་པའི་དེ་དག་ལས་ལོག་པའི་ལྡོག་པ་ཡོད་པར་ཐལ། རྣམ་འགྲེལ་ལས། གང་ཕྱིར་དངོས་ཀུན་རང་བཞིན་གྱི། །རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་དངོས་གཞན་གྱི་དངོས་དག་ལ། །ལྡོག་པ་ལ་ནི་རྟེན་པ་ཅན། །ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་ལ་ལྡོག་པ་དུ་མ་ཡོད་པར་ཐལ། སྒྲ་ལྟ་བུའི་ཆོས་གཅིག་ལ་སྒྲ་མ་ཡིན་པའི་ཤེས་བྱ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་དེ་དག་ལས་ལོག་པའི་ལྡོག་པ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། སྒྲ་ལ་རྟག་པ་ལས་ལྡོག་པ་དང༌། མ་བྱས་པ་ལས་ལྡོག་པ་སོགས་སྒྲ་མ་ཡིན་པའི་ཤེས་བྱ་ཇི་སྙེད་ཡོད་པ་དེ་དག་ལས་ལོག་པའི་ལྡོག་པ་མཐའ་ཡས་པ་ཡོད་ཀྱང་དེ་དག་སྒྲའི་ལྡོག་པ་ཡིན་པར་མ་གསུངས་པའི་ཕྱིར་རོ།། །།

ལྔ་བ་གཅིག་དང་ཐ་དད་ཀྱི་རྣམ་བཞག་བཤད་པ།

ལྔ་བ་གཅིག་དང་ཐ་དད་ཀྱི་རྣམ་བཞག་བཤད་པ་ལ།

རྣམ་འགྲེལ་ལས། དེ་ཕྱིར་ཁྱད་པར་གང་གི་ཆོས། །གང་གི་གོ་བར་གྱུར་བ་དེ། །དེ་ལས་གཞན་གྱིས་ནུས་མ་ཡིན། །དེས་ན་ཐ་དད་རྣམ་པར་གནས། །ཞེས་ཐ་དད་ཀྱི་དོན་དང། གང་ཕྱིར་དངོས་ཀུན་རང་བཞིན་གྱི། །རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་དངོས་གཞན་གྱི་དངོས་དག་ལ། །ལྡོག་པ་ལ་ནི་རྟེན་པ་ཅན། །ཞེས་པའི་རིགས་གཅིག་དང་ཐ་དད་ཀྱི་དོན་བཤད། དངོས་པོའི་ངོ་བོ་ཉིད་གཅིག་ཕྱིར། །ངོ་བོ་ཐ་དད་བློ་གང་བློས། །ཞེས་པས་ངོ་བོ་གཅིག་དང་ཐ་དད་ཀྱི་དོན་བཤད་པ་སོགས་སོ། །དེའི་མཐའ་དཔྱད་པ་ལ། དགག་བཞག་སྤོང་གསུམ་ལས།དང་པོ་ནི། ཁ་ཅིག་ན་རེ། གཞི་གྲུབ་ན་ངོ་བོ་གཅིག་དང་ཐ་དད་གང་རུང་ཡིན་པས་ཁྱབ་ཟེར་ན། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཆོས་ཅན། ངོ་བོ་གཅིག་དང་ཐ་དད་གང་རུང་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཆོས་ཅན། གཞི་གྲུབ་པར་ཐལ། ཤེས་བྱའི་དབྱེ་བ་ཡིན་པའི་ཕྱིར། མ་གྲུབ་ན། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཆོས་ཅན། ཤེས་བྱའི་དབྱེ་བ་ཡིན་པར་ཐལ། ཤེས་བྱ་ཁྱོད་ཀྱི་དབྱེ་གཞི་ཡིན་པའི་ཕྱིར། བདེན་གཉིས་གསལ་བའི་ཉི་མ་ལས། དབྱེ་གཞི་ནི་ཤེས་བྱ་ཙམ་མོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཆོས་ཅན། ངོ་བོ་གཅིག་དང་ཐ་དད་གང་རུང་མ་ཡིན་པར་ཐལ། ངོ་བོ་གཅིག་མ་ཡིན་པ་གང་ཞིགངོ་བོ་ཐ་དད་ཀྱང་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཆོས་ཅན། ངོ་བོ་གཅིག་མ་ཡིན་པར་ཐལ། ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཆོས་ཅན། ངོ་བོ་ཐ་དད་མ་ཡིན་པར་ཐལ། གཅིག་ཤོས་ཆོས་ཅན་དང་གཅིག་ཤོས་ཆོས་ཉིད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བདག་ཉིད་གཅིག་ཡིན་ན་གཅིག་ཡིན་པས་ཁྱབ་ཟེར་ན། བྱས་མི་རྟག་གཉིས་ཆོས་ཅན། གཅིག་ཡིན་པར་ཐལ། བདག་ཉིད་གཅིག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བྱས་མི་རྟག་གཉིས་ཆོས་ཅན། བདག་ཉིད་གཅིག་ཡིན་པར་ཐལ། ངོ་བོ་གཅིག་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། བདག་ཉིད་གཅིག་པ་ངོ་བོ་གཅིག་པ་རང་བཞིན་གཅིག་པ་རྣམས་དོན་གཅིག་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། རྩ་བར་འདོད་ན། བྱས་མི་རྟག་གཉིས་ཆོས་ཅན། གཅིག་མ་ཡིན་པར་ཐལ། ཕན་ཚུན་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། བྱས་མི་རྟག་གཉིས་ཕན་ཚུན་ཐ་དད་ཡིན་པར་ཐལ། བྱས་པ་མི་རྟག་པ་དང་ཐ་དད། མི་རྟག་པ་བྱས་པ་དང་ཐ་དད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ངོ་བོ་གཅིག་ཡིན་ན་རྫས་གཅིག་ཡིན་པས་ཁྱབ་ཟེར་ན། ཡོད་པ་དང་ཤེས་བྱ་གཉིས་ཆོས་ཅན། རྫས་གཅིག་ཡིན་པར་ཐལ། ངོ་བོ་གཅིག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ཡོད་པ་དང་ཤེས་བྱ་གཉིས་ཆོས་ཅན། ངོ་བོ་གཅིག་ཡིན་པར་ཐལ། རང་བཞིན་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། ཡོད་པ་དང་ཤེས་བྱ་གཉིས་རང་བཞིན་གཅིག་ཡིན་པར་ཐལ། ཡོད་པ་ཤེས་བྱ་དང་རང་བཞིན་གཅིག་ཡིན་པ་གང་ཞིག ཤེས་བྱ་ཡོད་པ་དང་བདག་ཉིད་གཅིག་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ཡོད་པ་ཆོས་ཅན། ཤེས་བྱ་དང་རང་བཞིན་གཅིག་ཡིན་པར་ཐལ། དོན་དམ་མ་ཡིན་པའི་ཤེས་བྱ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། ཤེས་བྱ་ཆོས་ཅན། ཡོད་པ་དང་རང་བཞིན་གཅིག་ཡིན་པར་ཐལ། དོན་དམ་མ་ཡིན་པའི་ཡོད་པ་ཡིན་པའི་ཕྱིར། །རྩ་བར་འདོད་ན། ཡོད་པ་དང་ཤེས་བྱ་གཉིས་ཆོས་ཅན། རྫས་གཅིག་མ་ཡིན་པར་ཐལ། རྫས་མ་ཡིན་པའི་ཕྱིར། མ་གྲུབ་ན། ཡོད་པ་དང་ཤེས་བྱ་གཉིས་ཆོས་ཅན། རྫས་མ་ཡིན་པར་ཐལ། བཏགས་ཡོད་འབའ་ཞིག་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། བཏགས་ཡོད་འབའ་ཞིག་པ་དང་རྫས་གཉིས་འགལ་བའི་ཕྱིར། ཁ་ཅིག་ན་རེ། གཟུགས་དང་རྫས་གཅིག་ཡིན་ན་རྫས་གཅིག་ཡིན་པས་ཁྱབ་ཟེར་ན། ཀ་བ་དང་བུམ་པ་གཉིས་ཆོས་ཅན། རྫས་གཅིག་ཡིན་པར་ཐལ། གཟུགས་དང་རྫས་གཅིག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ཀ་བ་དང་བུམ་པ་གཉིས་ཆོས་ཅན། གཟུགས་དང་རྫས་གཅིག་ཡིན་པར་ཐལ། གཟུགས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། རྩ་བར་འདོད་ན། ཀ་བ་དང་བུམ་པ་གཉིས་ཆོས་ཅན། རྫས་གཅིག་མ་ཡིན་པར་ཐལ། རྫས་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། ཀ་བ་དང་བུམ་པ་གཉིས་ཆོས་ཅན། རྫས་ཐ་དད་ཡིན་པར་ཐལ། རྫས་ཡོད་གང་ཞིག རྫས་ཕན་ཚུན་འབྲེལ་མེད་དོན་གཞན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཤེས་བྱ་དང་བདག་ཉིད་གཅིག་ཡིན་ན་བདག་ཉིད་གཅིག་ཡིན་པས་ཁྱབ་ཟེར་ན། ཀ་བ་དང་བུམ་པ་གཉིས་ཆོས་ཅན། བདག་ཉིད་གཅིག་ཡིན་པར་ཐལ། ཤེས་བྱ་དང་བདག་ཉིད་གཅིག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ཀ་བ་དང་བུམ་པ་གཉིས་ཆོས་ཅན། ཤེས་བྱ་དང་བདག་ཉིད་གཅིག་ཡིན་པར་ཐལ། ཤེས་བྱ་དང་བདག་ཉིད་སོ་སོ་མ་ཡིན་པའི་གཟུགས་ཡིན་པའི་ཕྱིར། ཁྱབ་སྟེ། ཤེས་བྱ་དང་བདག་ཉིད་སོ་སོ་མ་ཡིན་པའི་ཆོས་དེ་ཤེས་བྱ་དང་བདག་ཉིད་གཅིག་གི་མཚན་ཉིད་ཡིན་པའི་ཕྱིར། རྩ་བར་འདོད་ན། ཀ་བ་དང་བུམ་པ་གཉིས་ཆོས་ཅན། བདག་ཉིད་གཅིག་མ་ཡིན་པར་ཐལ། འབྲེལ་མེད་དོན་གཞན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རིགས་གཅིག་ཡིན་ན་བདག་ཉིད་གཅིག་ཡིན་པས་ཁྱབ་ཟེར་ན། བ་ལང་དཀར་ཟལ་དང་ནག་རྒུར་གཉིས་ཆོས་ཅན། བདག་ཉིད་གཅིག་ཡིན་པར་ཐལ། རིགས་གཅིག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བ་ལང་དཀར་ཟལ་དང་ནག་རྒུར་གཉིས་ཆོས་ཅན། རིགས་གཅིག་ཡིན་པར་ཐལ། ལྡོག་པ་རིགས་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། བ་ལང་དཀར་ཟལ་དང་ནག་རྒུར་གཉིས་ཆོས་ཅན། ལྡོག་པ་རིགས་གཅིག་ཡིན་པར་ཐལ། གང་ཟག་གང་དང་གང་གིས་ཡིད་གཏད་པས་མཐོང་ཙམ་ཉིད་ནས་འདི་དང་འདི་འདྲའོ་སྙམ་པའི་བློ་ངང་གིས་སྐྱེད་ནུས་པའི་ཆོས་ཡིན་པའི་ཕྱིར། རྩ་བར་འདོད་ན། བ་ལང་དཀར་ཟལ་དང་ནག་རྒུར་གཉིས་ཆོས་ཅན། བདག་ཉིད་གཅིག་མ་ཡིན་པར་ཐལ། བདག་ཉིད་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། བ་ལང་དཀར་ཟལ་དང་ནག་རྒུར་གཉིས་ཆོས་ཅན། བདག་ཉིད་ཐ་དད་ཡིན་པར་ཐལ། ཕན་ཚུན་འབྲེལ་མེད་དོན་གཞན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཤེས་བྱར་རིགས་གཅིག་ཡིན་ན་རིགས་གཅིག་ཡིན་པས་ཁྱབ་ཟེར་ན། རྟ་དང་བ་ལང་གཉིས་ཆོས་ཅན། རིགས་གཅིག་ཡིན་པར་ཐལ། ཤེས་བྱར་རིགས་གཅིག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། རྟ་དང་བ་ལང་གཉིས་ཆོས་ཅན། ཤེས་བྱར་རིགས་གཅིག་པར་ཐལ། ཁྱོད་ཤེས་བྱ་ཡིན་པར་རིགས་འདྲ་བའི་ཕྱིར། རྩ་བར་འདོད་ན། རྟ་དང་བ་ལང་གཉིས་ཆོས་ཅན། རིགས་གཅིག་མ་ཡིན་པར་ཐལ། རིགས་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། རྟ་དང་བ་ལང་གཉིས་ཆོས་ཅན། རིགས་ཐ་དད་ཡིན་པར་ཐལ། རིགས་མི་མཐུན་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རིགས་མི་མཐུན་པ་ཡིན་པར་ཐལ། རིགས་མི་འདྲ་བ་ཡིན་པའི་ཕྱིར། མ་གྲུབ་ན།སྤྱིར་རྟ་དང་བ་ལང་གཉིས་རིགས་མི་འདྲ་བར་ཡིན་པར་ཐལ། དེ་གཉིས་རིགས་མི་འདྲ་བར་མི་འཇོག་ན་གཞན་རིགས་མི་འདྲ་བ་འཇོག་རྒྱུ་མི་རྙེད་པའི་ཕྱིར། ཁ་ཅིག་ན་རེ། རིགས་གཅིག་ཡིན་ན་སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པས་ཁྱབ་ཟེར་ན། བུམ་པའི་བདག་མེད་དང་ཀ་བའི་བདག་མེད་གཉིས་ཆོས་ཅན། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པར་ཐལ། རིགས་གཅིག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བུམ་པའི་བདག་མེད་དང་ཀ་བའི་བདག་མེད་གཉིས་ཆོས་ཅན། རིགས་གཅིག་ཡིན་པར་ཐལ། དགག་བྱ་རིགས་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པའི་བདག་མེད་དང་ཀ་བའི་བདག་མེད་གཉིས་ཆོས་ཅན། དགག་བྱ་རིགས་གཅིག་ཡིན་པར་ཐལ། ཐ་དད་གང་ཞིག དགག་བྱ་རིགས་གཅིག་བཀག་ཙམ་གྱི་མེད་དགག་ཡིན་པའི་ཕྱིར། རྟགས་དང་པོ་སླ། གཉིས་པ་མ་གྲུབ་ན། བུམ་པའི་བདག་མེད་དང་ཀ་བའི་བདག་མེད་གཉིས་ཆོས་ཅན། དགག་བྱ་རིགས་གཅིག་བཀག་ཙམ་གྱི་མེད་དགག་ཡིན་པར་ཐལ། དགག་བྱ་བདག་བཀག་ཙམ་གྱི་མེད་དགག་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པའི་བདག་མེད་དང་ཀ་བའི་བདག་མེད་གཉིས་ཆོས་ཅན།དགག་བྱ་བདག་བཀག་ཙམ་གྱི་མེད་དགག་ཡིན་པར་ཐལ། ཁྱོད་ཀྱི་དགག་བྱ་བདག་མི་འཇོག་ན་གཞན་འཇོག་རྒྱུ་མེད་པ་གང་ཞིག ཁྱོད་མེད་དགག་ཡིན་པའི་ཕྱིར། རྩ་བར་འདོད་ན། བུམ་པའི་བདག་མེད་དང་ཀ་བའི་བདག་མེད་གཉིས་ཆོས་ཅན། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་མ་ཡིན་པར་ཐལ། སྒྲུབ་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པའི་བདག་མེད་དང་ཀ་བའི་བདག་མེད་གཉིས་ཆོས་ཅན། སྒྲུབ་པ་མ་ཡིན་པར་ཐལ། དགག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དགག་པ་ཡིན་པར་ཐལ། མེད་དགག་ཡིན་པའི་ཕྱིར། གཞན་ཡང་བུམ་པའི་ནམ་མཁའ་དང་ཁང་བའི་ནམ་མཁའ་ལ་རིགས་བསྒྲེ་བར་བྱའོ། །ཁ་ཅིག་གྲུབ་བདེ་གཅིག་ཡིན་ན། གྲུབ་བདེ་རྫས་གཅིག་ཡིན་པས་ཁྱབ་ཟེར་ན། བུ་རམ་གྱི་དྲི་རོ་གཉིས་ཆོས་ཅན། གྲུབ་བདེ་རྫས་གཅིག་ཡིན་པར་ཐལ། གྲུབ་བདེ་གཅིག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བུ་རམ་གྱི་དྲི་རོ་གཉིས་ཆོས་ཅན། གྲུབ་བདེ་གཅིག་ཡིན་པར་ཐལ། གྲུབ་པ་དུས་མཉམ་གནས་པ་དུས་མཉམ་ལྡོག་པ་དུས་མཉམ་ཡིན་པའི་ཕྱིར། མ་གྲུབ་ན། བུ་རམ་ཆོས་ཅན། ཁྱོད་ཀྱི་དྲི་རོ་གཉིས་གྲུབ་པ་དུས་མཉམ་གནས་པ་དུས་མཉམ་ལྡོག་པ་དུས་མཉམ་ཡིན་པར་ཐལ། ཁྱོད་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པའི་ཕྱིར། རྩ་བར་འདོད་ན། བུ་རམ་གྱི་དྲི་རོ་གཉིས་ཆོས་ཅན། གྲུབ་བདེ་རྫས་གཅིག་མ་ཡིན་པར་ཐལ། རྫས་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ན། བུ་རམ་གྱི་དྲི་རོ་གཉིས་ཆོས་ཅན། རྫས་གཅིག་མ་ཡིན་པར་ཐལ། རྫས་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། བུ་རམ་ཆོས་ཅན། ཁྱོད་ཀྱི་དྲི་རོ་གཉིས་རྫས་ཐ་དད་ཡིན་པར་ཐལ། ཁྱོད་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྫས་རིགས་གཅིག་ཡིན་ན་རྫས་གཅིག་ཡིན་པས་ཁྱབ་ཟེར་ན། ཉེར་ལེན་ནས་ལྡོག་གཅིག་ལས་སྐྱེས་པའི་ནས་འབྲུ་ཆེ་ཆུང་གཉིས་ཆོས་ཅན། རྫས་གཅིག་ཡིན་པར་ཐལ། རྫས་རིགས་གཅིག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ཉེར་ལེན་ནས་ལྡོག་གཅིག་ལས་སྐྱེས་པའི་ནས་འབྲུ་ཆེ་ཆུང་གཉིས་ཆོས་ཅན། རྫས་རིགས་གཅིག་ཡིན་པར་ཐལ། ཐ་དད་གང་ཞིག རང་གི་ཉེར་ལེན་གཅིག་ལས་སྐྱེས་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཆོས་དེ་གཉིས་རྫས་རིགས་གཅིག་མི་གཅིག་ཉེར་ལེན་གཅིག་མི་གཅིག་ལ་བྱེད་དགོས་པའི་ཕྱིར། རྩ་བར་འདོད་ན། ཉེར་ལེན་ནས་ལྡོག་གཅིག་ལས་སྐྱེས་པའི་ནས་འབྲུ་ཆེ་ཆུང་གཉིས་ཆོས་ཅན། རྫས་གཅིག་མ་ཡིན་པར་ཐལ། བདག་ཉིད་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་གཉིས་ཆོས་ཅན། བདག་ཉིད་གཅིག་མ་ཡིན་པར་ཐལ། ངོ་བོ་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། དེ་གཉིས་ཆོས་ཅན། ངོ་བོ་ཐ་དད་ཡིན་པར་ཐལ། ཕན་ཚུན་འབྲེལ་མེད་དོན་གཞན་ཡིན་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

གཅིག་གི་མཚན་ཉིད་ཡོད་དེ། སོ་སོ་བ་མ་ཡིན་པའི་ཆོས་དེ་ཡིན་པའི་ཕྱིར། ཡང་ན། གཏན་ཚིགས་རིགས་པའི་དོན་བསྡུས་ལས། གཅིག་དང་ཐ་དད་ལ། མཚན་ཉིད་ནི་རིམ་པ་ལྟར། ཆོས་གང་མིང་གཅིག་ལ་བརྟེན་ནས་དོན་སྤྱི་གཅིག་ཏུ་འཆར་དུ་རུང་བ་དང༌། མིང་སོ་སོ་ལ་བརྟེན་ནས་དོན་སྤྱི་སོ་སོར་འཆར་དུ་རུང་བའོ། །ཞེས་གསུངས་པའི་ཕྱིར། གཅིག་ལ་མིང་རིགས་ཀྱི་དབྱེ་ན། རང་ལྡོག་གཅིག་པ་དང༌། ངོ་བོ་གཅིག་པ་དང༌། རིགས་གཅིག་པ་དང་གསུམ། རང་ལྡོག་གཅིག་གི་མཚན་ཉིད་ཡོད་དེ། རང་ལྡོག་སོ་སོ་བ་མ་ཡིན་པའི་ཆོས་དེ་ཡིན་པའི་ཕྱིར། མཚན་གཞི་ནི། ལམ་དང་ལམ་ལྟ་བུའོ། ། མི་རྟག་པ་དང་རང་ལྡོག་གཅིག་གི་མཚན་ཉིད་ཡོད་དེ། མི་རྟག་པ་དང་རང་ལྡོག་སོ་སོ་བ་མ་ཡིན་པའི་ཆོས་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། མི་རྟག་པ་དེ་ཡིན་པའི་ཕྱིར། དེས་གཞན་ལ་ཡང་རིགས་བསྒྲེ། ངོ་བོ་གཅིག་གི་མཚན་ཉིད་ཡོད་དེ། ངོ་བོ་སོ་སོ་བ་མ་ཡིན་པའི་ཆོས་ཅན་དེ་ཡིན་པའི་ཕྱིར། ངོ་བོ་གཅིག་པ་དང༌། རང་བཞིན་གཅིག་པ་དང༌། བདག་ཉིད་གཅིག་པ་རྣམས་དོན་གཅིག་གོ །ཤེས་བྱ་དང་ངོ་བོ་གཅིག་གི་མཚན་ཉིད་ཡོད་དེ། ཤེས་བྱ་དང་ངོ་བོ་སོ་སོ་བ་མ་ཡིན་པའི་ཆོས་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ།ཡོད་པ་དེ་ཡིན་པའི་ཕྱིར། གཞན་ལ་རིགས་བསྒྲེ་བར་བྱ། རྫས་གཅིག་གི་མཚན་ཉིད་ཡོད་དེ། རྫས་ཀྱི་སྒོ་ནས་སོ་སོ་བ་མ་ཡིན་པར་སྐྱེས་པའི་རྫས་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། བུམ་པ་དང་བུམ་པའི་མཆུ་གཉིས་དེ་ཡིན་པའི་ཕྱིར། རིགས་གཅིག་གི་མཚན་ཉིད་ཡོད་དེ། རིགས་སོ་སོ་བ་མ་ཡིན་པའི་ཆོས་དེ་ཡིན་པའི་ཕྱིར། རིགས་གཅིག་ལ་དབྱེ་ན། ལྡོག་པ་རིགས་གཅིག་པ་དང༌། རྫས་རིགས་གཅིག་པ་གཉིས་ཡོད་པའི་ཕྱིར། ལྡོག་པ་རིགས་གཅིག་པ་ལ་དབྱེ་ན་གཉིས་ཡོད་དེ། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་པ་དང༌། དགག་པར་གྱུར་བའི་ལྡོག་པ་རིགས་གཅིག་པ་གཉིས་ཡོད་པའི་ཕྱིར། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་གི་མཚན་ཉིད་ཡོད་དེ། གང་ཟག་གང་དང་གང་གིས་ཡིད་གཏད་པས་མཐོང་ཙམ་ཉིད་ནས་འདི་དང་འདི་འདྲའོ་སྙམ་པའི་བློ་ངང་གིས་བསྐྱེད་ནུས་པའི་ཆོས་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། གསེར་བུམ་ཟངས་བུམ་གཉིས་དེ་ཡིན་པའི་ཕྱིར། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་ལ་དབྱེ་ན་གསུམ་ཡོད་དེ། ཤེས་པར་གྱུར་བའི་ལྡོག་པ་རིགས་གཅིག་པ་དང༌། གཟུགས་སུ་གྱུར་བའི་ལྡོག་པ་རིགས་གཅིག་པ་དང༌། ལྡན་མིན་འདུ་བྱེད་དུ་གྱུར་བའི་ལྡོག་པ་རིགས་གཅིག་པ་དང་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ལྷས་སྦྱིན་གྱི་མིག་ཤེས་དང༌། མཆོད་སྦྱིན་གྱི་མིག་ཤེས་གཉིས་དེ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། ཙནྡན་གྱི་ཀ་བ་དང༌། ཤུག་པའི་ཀ་བ་གཉིས་དེ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། དམ་བཅའ་བའི་འཆི་བ་དང༌། རིགས་ལུང་བའི་འཆི་བ་གཉིས་དེ་ཡིན་པའི་ཕྱིར། དགག་པར་གྱུར་བའི་ལྡོག་པ་རིགས་གཅིག་གི་མཚན་ཉིད་ཡོད་དེ། དགག་བྱ་རིགས་གཅིག་བཀག་པའི་ཐ་དད་པའི་དགག་པ་དེ་ཡིན་པའི་ཕྱིར། རྫས་རིགས་གཅིག་གི་མཚན་ཉིད་ཡོད་དེ། རང་གི་ཉེར་ལེན་གཅིག་ལས་སྐྱེས་པའི་ཐ་དད་པའི་འདུས་བྱས་དེ་ཡིན་པའི་ཕྱིར། རྫས་རིགས་གཅིག་ལ་དབྱེ་ན་གསུམ་ཡོད་དེ། ཤེས་པར་གྱུར་བའི་རྫས་རིགས་གཅིག་པ་དང༌། གཟུགས་སུ་གྱུར་བའི་རྫས་རིགས་གཅིག་པ་དང༌། ལྡན་མིན་འདུ་བྱེད་དུ་གྱུར་བའི་རྫས་རིགས་གཅིག་པ་དང་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཉེར་ལེན་གཅིག་ལས་སྐྱེས་པའི་རྣམ་ཤེས་ཐ་དད་པ་གཉིས་དེ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། རང་གི་ཉེར་ལེན་འཇིམ་གོང་གཅིག་ལས་སྐྱེས་པའི་རྫ་བུམ་དཀར་དམར་གཉིས་དེ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། སྡུག་བདེན་གྱི་མི་རྟག་པ་དང་སྡུག་བདེན་གྱི་བྱས་པ་ལྟ་བུའོ། །ཐ་དད་ཀྱི་མཚན་ཉིད་ཡོད་དེ། སོ་སོ་བའི་ཆོས་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། བདེན་པ་གཉིས་དེ་ཡིན་པའི་ཕྱིར། ཆོས་ཀྱི་ཤན་འབྱེད་ལས། ཐ་དད་ཀྱང་ཡིན་པའི་ཕྱིར་ཏེ། ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཐ་དད་དོ། །ཞེས་གསུངས་སོ། །ཐ་དད་ལ་དབྱེ་ན་གསུམ་མམ་བཞི་ཡོད་དེ། ཆོས་ཀྱི་ཤན་འབྱེད་ལས། གཞུང་ལུགས་རྣམས་ཀྱི་སྐབས་སུ་ཐ་དད་ཀྱི་རྣམ་བཞག་གསུམ་མམ་བཞི་གསུངས་པའི། ཞེས་པ་ནས། ངོ་བོ་ཐ་དད་པ་དང༌། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་དང༌། མིང་གི་རྣམ་གྲངས་ཙམ་གྱི་ཐ་དད། ཞེས་པ་ནས། ངོ་བོ་གཅིག་པ་བཀག་པའི་ཐ་དད། ཅེས་གསུངས་པའི་ཕྱིར། ཡང་ན་རང་ལྡོག་ཐ་དད་པ་དང༌། ངོ་བོ་ཐ་དད་པ་དང༌། རིགས་ཐ་དད་པ་དང་གསུམ་ཡོད་པའི་ཕྱིར། རང་ལྡོག་ཐ་དད་ཀྱི་མཚན་ཉིད་ཡོད་དེ། རང་ལྡོག་སོ་སོ་བའི་ཆོས་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། བྱས་མི་རྟག་ལྟ་བུ་དེ་ཡིན་པའི་ཕྱིར། ཤེས་བྱ་དང་རང་ལྡོག་ཐ་དད་ཀྱི་མཚན་ཉིད་ཡོད་དེ། ཤེས་བྱ་དང་རང་ལྡོག་སོ་སོ་བའི་ཆོས་དེ་ཡིན་ཕྱིར། མཚན་གཞི་ནི་ཡོད་དེ། སྙིང་རྗེ་དེ་ཡིན་པའི་ཕྱིར། ཆོས་གཞན་ལ་རིགས་འགྲེ། ངོ་བོ་ཐ་དད་ཀྱི་མཚན་ཉིད་ཡོད་དེ། ངོ་བོ་སོ་སོ་བའི་ཆོས་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། བདག་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་ལྟ་བུའོ། །ངོ་བོ་ཐ་དད་པ་དང༌། རང་བཞིན་ཐ་དད་པ་དང༌། བདག་ཉིད་ཐ་དད་པ་རྣམས་དོན་གཅིག རིགས་ཐ་དད་ཀྱི་མཚན་ཉིད་ཡོད་དེ། རིགས་སོ་སོ་བའི་ཆོས་དེ་ཡིན་པའི་ཕྱིར། རིགས་ཐ་དད་པ་དང༌། རིགས་མི་མཐུན་པའི་ཆོས་དང༌། རིགས་མི་འདྲ་བའི་ཆོས་དང༌། རིགས་མི་གཅིག་པའི་ཆོས་རྣམས་དོན་གཅིག རིགས་མི་འདྲ་བ་ལ་དབྱེ་ན་གཉིས་ཡོད་དེ། ལྡོག་པ་རིགས་མི་འདྲ་བ་དང༌། རྫས་རིགས་མི་འདྲ་བ་གཉིས་ཡོད་པའི་ཕྱིར། ལྡོག་པ་རིགས་མི་འདྲ་བ་བཞག་ཏུ་ཡོད་དེ། རྟ་དང་བ་ལང་གཉིས་དེ་ཡིན་པའི་ཕྱིར། རྫས་རིགས་མི་འདྲ་བ་བཞག་ཏུ་ཡོད་དེ། གཟུགས་ཤེས་གཉིས་དེ་ཡིན་པའི་ཕྱིར།

གསུམ་པ་དེ་ལ་རྩོད་པ་སྤོང་བ།

གསུམ་པ་དེ་ལ་རྩོད་པ་སྤོང་བ་ལ།

ཁ་ཅིག་ན་རེ། ཙནྡན་གྱི་ཀ་བ་དང་ཤུག་པའི་ཀ་བ་གཉིས་ཆོས་ཅན། རིགས་གཅིག་ཡིན་པར་ཐལ། ལྡོག་པ་རིགས་གཅིག་ཡིན་པའི་ཕྱིར། འདོད་ན། ཙནྡན་གྱི་ཀ་བ་དང་ཤུག་པའི་ཀ་བ་གཉིས་ཆོས་ཅན། རིགས་གཅིག་མ་ཡིན་པར་ཐལ། རིགས་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། ཙནྡན་གྱི་ཀ་བ་དང་ཤུག་པའི་ཀ་བ་གཉིས་ཆོས་ཅན། རིགས་ཐ་དད་ཡིན་པར་ཐལ། རྫས་རིགས་ཐ་དད་ཡིན་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། ཙནྡན་གྱི་ཀ་བ་དང་ཤུག་པའི་ཀ་བ་གཉིས་ཆོས་ཅན། རྫས་རིགས་ཐ་དད་ཡིན་པར་ཐལ། རང་གི་ཉེར་ལེན་ཐ་དད་ལས་སྐྱེས་པའི་འདུས་བྱས་ཡིན་པའི་ཕྱིར། མ་གྲུབ་ན། དེ་གཉིས་ཆོས་ཅན། རང་གི་ཉེར་ལེན་ཐ་དད་ལས་སྐྱེས་པའི་འདུས་བྱས་ཡིན་པར་ཐལ། རང་གི་ཉེར་ལེན་སོ་སོ་ལས་སྐྱེས་པ་གང་ཞིག ཐ་དད་པའི་འདུས་བྱས་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ཙནྡན་གྱི་ཀ་བ་དང་ཤུག་པའི་ཀ་བ་གཉིས་ཉེར་ལེན་སོ་སོ་ལས་སྐྱེས་པ་ཡིན་པར་ཐལ། ཙནྡན་གྱི་ཀ་བ་དེ་རང་རྒྱུ་ཙནྡན་ལས་སྐྱེས་པ་ཡིན་ཀྱང༌། ཤུག་པ་ལས་སྐྱེས་པ་མིན། ཤུག་པའི་ཀ་བ་དེ་རང་རྒྱུ་ཤུག་པ་ལས་སྐྱེས་པ་ཡིན་ཀྱང་ཙནྡན་ལས་སྐྱེས་པ་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཤེས་བྱ་དང་རྟག་པ་གཉིས་ཆོས་ཅན། རྫས་གཅིག་ཡིན་པར་ཐལ། རྫས་སོ་སོ་བ་མ་ཡིན་པའི་ཆོས་ཡིན་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། ཤེས་བྱ་དང་རྟག་པ་གཉིས་ཆོས་ཅན། རྫས་སོ་སོ་བ་མ་ཡིན་པའི་ཆོས་ཡིན་པར་ཐལ། རྫས་སོ་སོ་བ་མ་ཡིན་པ་གང་ཞིག ཆོས་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ཤེས་བྱ་དང་རྟག་པ་གཉིས་ཆོས་ཅན། རྫས་སོ་སོ་བ་མ་ཡིན་པར་ཐལ། རྫས་ཐ་དད་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་གཉིས་ཆོས་ཅན། རྫས་ཐ་དད་མ་ཡིན་པར་ཐལ། རྫས་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་གཉིས་ཆོས་ཅན། རྫས་མ་ཡིན་པར་ཐལ། དངོས་མེད་ཀྱི་ཆོས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བདག་མེད་དང་བདག་གཉིས་ཆོས་ཅན། རང་ལྡོག་ཐ་དད་ཡིན་པར་ཐལ། རང་ལྡོག་སོ་སོ་བའི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། བདག་མེད་དང་བདག་གཉིས་ཆོས་ཅན། རང་ལྡོག་སོ་སོ་བའི་ཆོས་ཡིན་པར་ཐལ། རང་ལྡོག་སོ་སོ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་གཉིས་ཆོས་ཅན། རང་ལྡོག་སོ་སོ་བ་ཡིན་པར་ཐལ། རང་ལྡོག་གཅིག་མ་ཡིན་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། དེ་གཉིས་ཆོས་ཅན། རང་ལྡོག་གཅིག་མ་ཡིན་པར་ཐལ། ཁྱོད་ཀྱི་རང་ལྡོག་མེད་པའི་ཕྱིར། མ་གྲུབ་ན། བདག་མེད་དང་བདག་གཉིས་ཆོས་ཅན། ཁྱོད་ཀྱི་རང་ལྡོག་མེད་པར་ཐལ། ཁྱོད་མེད་པའི་ཕྱིར། ཁ་ཅིག་ན་རེ། དངོས་པོ་ཁོ་ན་དང་དངོས་པོ་གཉིས་ཆོས་ཅན། རྫས་ཐ་དད་ཡིན་པར་ཐལ། རྫས་གཅིག་མ་ཡིན་པའི་ཕྱིར་ན་སྤྱིར་མ་ཁྱབ། མ་གྲུབ་ན། དངོས་པོ་ཁོ་ན་དང་དངོས་པོ་གཉིས་ཆོས་ཅན། རྫས་གཅིག་མ་ཡིན་པར་ཐལ། རྫས་མ་ཡིན་པའི་ཕྱིར་རོ།། །།

དྲུག་པ་རྒྱུ་འབྲས་ཆུང་ངུའི་རྣམ་བཞག་བཤད་པ།

དྲུག་པ་རྒྱུ་འབྲས་ཆུང་ངུའི་རྣམ་བཞག་བཤད་པ་ལ།

རྣམ་འགྲེལ་ལས། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུ་ནི། །གཏན་ཚིགས། ཞེས་དང༌། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །ཞེས་དང༌། མེ་ཡི་འབྲས་བུ་དུ་བ་སྟེ། །ཞེས་པ་ནས། རྟག་ཏུ་ཡོད་པ་མེད་པར་འགྱུར། །ཞེས་གསུངས་པ་སོགས་གཞུང་དུ་མ་བྱུང༌། དེའི་མཐའ་དཔྱད་པ་ལ། དགག་བཞག་སྤོང་གསུམ་ལས། དང་པོ་ནི། ཁ་ཅིག་ན་རེ། གཞི་གྲུབ་ན་རྒྱུ་འབྲས་གང་རུང་ཡིན་པས་ཁྱབ་ཟེར་ན། དོན་དམ་བདེན་པ་ཆོས་ཅན། རྒྱུ་འབྲས་གང་རུང་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དོན་དམ་བདེན་པ་ཆོས་ཅན། རྒྱུ་འབྲས་གང་རུང་མ་ཡིན་པར་ཐལ། རྒྱུ་མ་ཡིན་པ་གང་ཞིག འབྲས་བུ་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དེ་ཆོས་ཅན། རྒྱུ་མ་ཡིན་པར་ཐལ། ཁྱོད་ཀྱི་འབྲས་བུ་མེད་པའི་ཕྱིར། མ་གྲུབ་ན། ཁྱོད་ཀྱི་འབྲས་བུ་མེད་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དོན་དམ་བདེན་པ་ཆོས་ཅན། འབྲས་བུ་མ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། དོན་དམ་བདེན་པ་ཆོས་ཅན། ཁྱོད་ཀྱི་རྒྱུ་མེད་པར་ཐལ། ཁྱོད་མ་སྐྱེས་པའི་ཕྱིར། མ་གྲུབ་ན། དོན་དམ་བདེན་པ་ཆོས་ཅན། ཁྱོད་མ་སྐྱེས་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྒྱུ་ཡིན་ན་འབྲས་བུ་མ་ཡིན་པས་ཁྱབ་ཟེར་ན། ངེས་འབྱུང་གི་བསམ་པ་ཆོས་ཅན། འབྲས་བུ་མ་ཡིན་པར་ཐལ། རྒྱུ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ངེས་འབྱུང་གི་བསམ་པ་ཆོས་ཅན། རྒྱུ་ཡིན་པར་ཐལ། ཁྱོད་ཁྱོད་ཀྱི་ཕྱི་ལོགས་སུ་བྱུང་བའི་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། ངེས་འབྱུང་གི་བསམ་པ་ཆོས་ཅན། ཁྱོད་ཁྱོད་ཀྱི་ཕྱི་ལོགས་སུ་བྱུང་བའི་རྒྱུ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། རྩ་བར་འདོད་ན། ངེས་འབྱུང་གི་བསམ་པ་ཆོས་ཅན། འབྲས་བུ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་པར་ཐལ། རང་རྒྱུ་ལས་སྐྱེས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་རྒྱུ་ལས་སྐྱེས་པ་ཡིན་པར་ཐལ།འདུས་བྱས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྒྱུ་ཡིན་ན་ཉེར་ལེན་གྱི་རྒྱུ་ཡིན་པས་ཁྱབ་ཟེར་ན། རྒྱུན་འཆད་ཁ་མའི་ཉོན་མོངས་པ་ཆོས་ཅན། ཉེར་ལེན་གྱི་རྒྱུ་ཡིན་པར་ཐལ། རྒྱུ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། རྒྱུན་འཆད་ཁ་མའི་ཉོན་མོངས་པ་ཆོས་ཅན། རྒྱུ་ཡིན་པར་ཐལ། ཁྱོད་ཀྱི་འབྲས་བུ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་འབྲས་བུ་ཡོད་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་དངོས་པོ་ཡིན་པར་ཐལ། ཁྱོད་ཉོན་མོངས་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། རྒྱུན་འཆད་ཁ་མའི་ཉོན་མོངས་པ་ཆོས་ཅན། ཉེར་ལེན་གྱི་རྒྱུ་མ་ཡིན་པར་ཐལ། རང་གི་རྫས་རྒྱུན་ཕྱི་མ་གཙོ་བོར་སྐྱེད་བྱེད་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་གི་རྫས་རྒྱུན་ཕྱི་མ་གཙོ་བོར་སྐྱེད་བྱེད་མ་ཡིན་པར་ཐལ། རང་གི་རྫས་རྒྱུན་ཕྱི་མ་མེད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་གི་རྫས་རྒྱུན་ཕྱི་མ་མེད་པར་ཐལ། ཁྱོད་རྫས་རྒྱུན་འཆད་ཁ་མ་ཡིན་པའི་ཕྱིར། གཞན་ཡང་རྒྱུན་འཆད་ཁ་མའི་གློག་དང༌། ཁོང་ཁྲོས་བཅོམ་ཁ་མའི་དགེ་རྩ་སོགས་ཀྱིས་མ་ངེས་སོ། །ཁ་ཅིག་ན་རེ། བུམ་པའི་རྒྱུ་ཡིན་ན་བུམ་པའི་ཉེར་ལེན་ཡིན་པས་ཁྱབ་ཟེར་ན། བུམ་པའི་རྒྱུར་གྱུར་བའི་སྐྱེས་བུ་ཆོས་ཅན། བུམ་པའི་ཉེར་ལེན་ཡིན་པར་ཐལ། བུམ་པའི་རྒྱུ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བུམ་པའི་རྒྱུར་གྱུར་བའི་སྐྱེས་བུ་བུམ་པའི་རྒྱུ་ཡིན་པར་ཐལ། བུམ་པའི་རྒྱུར་གྱུར་བའི་སྐྱེས་བུ་ཡོད་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུར་གྱུར་བའི་སྐྱེས་བུ་ཡོད་པར་ཐལ། ཁྱོད་སྐྱེས་བུའི་རྩོལ་བ་ལས་བྱུང་བ་ཡིན་པའི་ཕྱིར། རྩ་བར་འདོད་ན། བུམ་པའི་རྒྱུར་གྱུར་བའི་སྐྱེས་བུ་ཆོས་ཅན། བུམ་པའི་ཉེར་ལེན་མ་ཡིན་པར་ཐལ། རང་གི་རྫས་རྒྱུན་དུ་བུམ་པ་རྫས་སུ་གཙོ་བོར་སྐྱེད་བྱེད་མ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པའི་རྒྱུར་གྱུར་བའི་སྐྱེས་བུ་ཆོས་ཅན། རང་གི་རྫས་རྒྱུན་དུ་བུམ་པ་རྫས་སུ་གཙོ་བོར་སྐྱེད་བྱེད་མ་ཡིན་པར་ཐལ། བུམ་པ་ཁྱོད་ཀྱི་རྫས་རྒྱུན་ཕྱི་མ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། བུམ་པ་ཁྱོད་ཀྱི་རྫས་རྒྱུན་ཕྱི་མ་མ་ཡིན་པར་ཐལ། བུམ་པ་ཁྱོད་ཀྱི་རྒྱུན་ཕྱི་མ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། བུམ་པ་ཁྱོད་ཀྱི་རྒྱུན་ཕྱི་མ་མ་ཡིན་པར་ཐལ། ཁྱོད་གང་ཟག་ཡིན་པ་གང་ཞིག བུམ་པ་རྡུལ་གྲུབ་ཀྱི་བེམ་ཆོས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། མི་རྟག་པའི་རྒྱུར་གྱུར་བའི་བུམ་པ་ཡོད་ཟེར་ན། མི་རྟག་པའི་རྒྱུར་གྱུར་བའི་བུམ་པ་ཆོས་ཅན། མི་རྟག་པའི་རྒྱུ་ཡིན་པར་ཐལ། ཆོས་ཅན་དེའི་ཕྱིར། འདོད་ན། མི་རྟག་པའི་རྒྱུར་གྱུར་བའི་བུམ་པ་ཆོས་ཅན། མི་རྟག་པ་ཁྱོད་ཀྱི་འབྲས་བུ་ཡིན་པར་ཐལ། ཁྱོད་མི་རྟག་པའི་རྒྱུ་ཡིན་པའི་ཕྱིར། འདོད་ན། མི་རྟག་པའི་རྒྱུར་གྱུར་བའི་བུམ་པ་ཆོས་ཅན། ཁྱོད་མེད་ན་མི་རྟག་པ་མེད་དགོས་པར་ཐལ། མི་རྟག་པ་ཁྱོད་དང་རྟེན་བྱུང་འབྲེལ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བུམ་པའི་དགག་གཞི་ཆོས་ཅན། མི་རྟག་པ་མེད་པར་ཐལ། མི་རྟག་པའི་རྒྱུར་གྱུར་བའི་བུམ་པ་མེད་པའི་ཕྱིར། མ་གྲུབ་ན། བུམ་པའི་དགག་གཞི་ཆོས་ཅན། མི་རྟག་པའི་རྒྱུར་གྱུར་བའི་བུམ་པ་མེད་པར་ཐལ། བུམ་པ་མེད་པའི་ཕྱིར། མ་གྲུབ་ན། བུམ་པའི་དགག་གཞི་ཆོས་ཅན། བུམ་པ་མེད་པར་ཐལ། བུམ་པའི་དགག་གཞི་ཡིན་པའི་ཕྱིར། གོང་དུ་འདོད་ན། བུམ་པའི་དགག་གཞི་ཆོས་ཅན། མི་རྟག་པ་ཡོད་པར་ཐལ། མི་རྟག་པའི་དགག་གཞི་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཤུག་པའི་མེ་དེ་དུ་བའི་རྒྱུ་ཡིན་ཟེར་ན། ཤུག་པའི་མེ་ཆོས་ཅན། དུ་བའི་རྒྱུ་མ་ཡིན་པར་ཐལ། དུ་བ་ཁྱོད་ཀྱི་འབྲས་བུ་མ་ཡིན་པའི་ཕྱིར། མ་གྲུབ་ན། ཤུག་པའི་མེ་ཆོས་ཅན། དུ་བ་ཁྱོད་ཀྱི་འབྲས་བུ་མ་ཡིན་པར་ཐལ། དུ་བ་ཁྱོད་དང་རྟེན་བྱུང་འབྲེལ་མ་ཡིན་པའི་ཕྱིར། མ་གྲུབ་ན། ཤུག་པའི་མེ་ཆོས་ཅན། དུ་བ་ཁྱོད་དང་རྟེན་བྱུང་འབྲེལ་མ་ཡིན་པར་ཐལ། ཁྱོད་མེད་ན་དུ་བ་མེད་མི་དགོས་པའི་ཕྱིར། མ་གྲུབ་ན། ཤུག་པ་མེད་པའི་ས་ཕྱོགས་ཆོས་ཅན། དུ་བ་མེད་པར་ཐལ། ཤུག་པའི་མེ་མེད་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ཤུག་པ་མེད་པའི་ས་ཕྱོགས་ཆོས་ཅན། ཤུག་པའི་མེ་མེད་པར་ཐལ། ཤུག་པ་མེད་པའི་ཕྱིར། མ་གྲུབ་ན། ཤུག་པ་མེད་པའི་ས་ཕྱོགས་ཆོས་ཅན། ཤུག་པ་མེད་པར་ཐལ། ཤུག་པའི་དགག་གཞི་ཡིན་པའི་ཕྱིར། གོང་དུ་འདོད་ན། ཤུག་པ་མེད་པའི་ས་ཕྱོགས་ཆོས་ཅན། དུ་བ་ཡོད་པར་ཐལ། ཙནྡན་གྱི་མེའི་དུ་བ་ཡོད་པའི་ཕྱིར། མ་གྲུབ་ན། ཤུག་པ་མེད་པའི་ས་ཕྱོགས་དེར་ཙནྡན་གྱི་མེའི་དུ་བ་ཡོད་པར་ཐལ། ཤུག་པ་མེད་པའི་ས་ཕྱོགས་དེར་ཙནྡན་གྱི་མེ་ཡོད་པའི་ཕྱིར། ཁ་ཅིག་ན་རེ། བུམ་པར་འགྱུར་ངེས་ཡིན་ན། བུམ་པའི་རྒྱུ་ཡིན་པས་ཁྱབ་ཟེར་ན། རྫ་བུམ་གྱི་ཉེར་ལེན་དུ་གྱུར་བའི་འཇིམ་པ་ཆོས་ཅན། བུམ་པའི་རྒྱུ་ཡིན་པར་ཐལ། བུམ་པར་འགྱུར་ངེས་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། རྫ་བུམ་གྱི་ཉེར་ལེན་དུ་གྱུར་བའི་འཇིམ་པ་ཆོས་ཅན། བུམ་པར་འགྱུར་ངེས་ཡིན་པར་ཐལ། རྫ་བུམ་དུ་འགྱུར་ངེས་ཡིན་པའི་ཕྱིར། མ་གྲུབ་ན། རྫ་བུམ་ཆོས་ཅན། ཁྱོད་ཀྱི་ཉེར་ལེན་དུ་གྱུར་བའི་འཇིམ་པ་ཁྱོད་དུ་འགྱུར་ངེས་ཡིན་པར་ཐལ། ཁྱོད་ཀྱི་ཉེར་ལེན་དུ་གྱུར་བའི་འཇིམ་པ་ཡོད་པའི་ཕྱིར། མ་གྲུབ་ན། རྫ་བུམ་ཆོས་ཅན། ཁྱོད་ཀྱི་ཉེར་ལེན་དུ་གྱུར་བའི་འཇིམ་པ་ཡོད་པར་ཐལ། ཁྱོད་རྫ་བུམ་ཡིན་པའི་ཕྱིར། རྩ་བར་འདོད་ན། རྫ་བུམ་གྱི་ཉེར་ལེན་དུ་གྱུར་བའི་འཇིམ་པ་ཆོས་ཅན། བུམ་པའི་རྒྱུ་མ་ཡིན་པར་ཐལ། བུམ་པ་ཁྱོད་ཀྱི་འབྲས་བུ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། བུམ་པ་ཁྱོད་ཀྱི་འབྲས་བུ་མ་ཡིན་པར་ཐལ། ཁྱོད་མེད་ན་བུམ་པ་མེད་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། རྫ་བུམ་མེད་པའི་ས་ཕྱོགས་ཆོས་ཅན། བུམ་པ་མེད་པར་ཐལ། རྫ་བུམ་གྱི་ཉེར་ལེན་དུ་གྱུར་བའི་འཇིམ་པ་མེད་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། རྫ་བུམ་མེད་པའི་ས་ཕྱོགས་ཆོས་ཅན། རྫ་བུམ་གྱི་ཉེར་ལེན་དུ་གྱུར་བའི་འཇིམ་པ་མེད་པར་ཐལ། རྫ་བུམ་གྱི་དགག་གཞི་ཡིན་པའི་ཕྱིར། གོང་དུ་འདོད་ན། རྫ་བུམ་མེད་པའི་ས་ཕྱོགས་ཆོས་ཅན། བུམ་པ་ཡོད་པར་ཐལ། གསེར་བུམ་ཡོད་པའི་ཕྱིར། མ་གྲུབ་ན། རྫ་བུམ་མེད་པའི་ས་ཕྱོགས་ཆོས་ཅན། གསེར་བུམ་ཡོད་པར་ཐལ། གསེར་བུམ་གྱི་དགག་གཞི་མ་ཡིན་པའི་ཕྱིར་རོ། ། རྫ་བུམ་མེད་ན་རྫ་བུམ་གྱི་ཉེར་ལེན་དུ་གྱུར་བའི་འཇིམ་པ་མེད་དགོས་མིན་ཅུང་ཟད་དཔྱད་རྒྱུ་སྣང་མོད་བསྡུས་གཞུང་དུ་མར་ཁྱབ་པ་ཡོད་པར་གསུངས་པས་རེ་ཞིག་དེ་ཙམ་མོ། །ཁ་ཅིག་ན་རེ། རྣམ་འགྲེལ་ལས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཅེས་པའི་ལུང་གི་དོན་དུ་བསམ་ནས། རྣམ་ཤེས་ཀྱི་ཉེར་ལེན་ཡིན་ན་རྣམ་ཤེས་ཡིན་པས་ཁྱབ་ཟེར་ན། རྣམ་ཤེས་ཀྱི་ས་བོན་ཆོས་ཅན། རྣམ་ཤེས་ཡིན་པར་ཐལ། རྣམ་ཤེས་ཀྱི་ཉེར་ལེན་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། རྣམ་ཤེས་ཀྱི་ས་བོན་ཆོས་ཅན། རྣམ་ཤེས་ཀྱི་ཉེར་ལེན་ཡིན་པར་ཐལ། རང་གི་རྫས་རྒྱུན་དུ་རྫས་སུ་གཙོ་བོར་རྣམ་ཤེས་སྐྱེད་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་ཤེས་ཆོས་ཅན། ཁྱོད་ཀྱི་ས་བོན་རང་གི་རྫས་རྒྱུན་དུ་རྫས་སུ་གཙོ་བོར་ཁྱོད་སྐྱེད་བྱེད་ཡིན་པར་ཐལ། ཁྱོད་རྣམ་ཤེས་ཡིན་པའི་ཕྱིར། རྩ་བར་འདོད་ན། རྣམ་ཤེས་ཀྱི་ས་བོན་ཆོས་ཅན། རྣམ་ཤེས་མ་ཡིན་པར་ཐལ། ཤེས་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་ཤེས་ཀྱི་ས་བོན་ཆོས་ཅན། ཤེས་པ་མ་ཡིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་ཤེས་ཆོས་ཅན། ཁྱོད་ཀྱི་ས་བོན་ལྡན་མིན་འདུ་བྱེད་ཡིན་པར་ཐལ། ཁྱོད་ཀྱི་ས་བོན་ཡོད་པའི་ཕྱིར། མ་གྲུབ་ན། རྣམ་ཤེས་ཆོས་ཅན། ཁྱོད་ཀྱི་ས་བོན་ཡོད་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཁྱོད་དངོས་པོའི་དངོས་འབྲས་ཡིན་ན་ཁྱོད་ཡིན་ན་དངོས་པོའི་དངོས་འབྲས་ཡིན་པས་ཁྱབ་ཟེར་ན། དངོས་པོའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། ཁྱོད་ཡིན་ན་དངོས་པོའི་དངོས་འབྲས་ཡིན་པས་ཁྱབ་པར་ཐལ། ཁྱོད་དངོས་པོའི་དངོས་འབྲས་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དངོས་པོའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། ཁྱོད་དངོས་པོའི་དངོས་འབྲས་ཡིན་པར་ཐལ། དངོས་པོ་ཁྱོད་ཀྱི་དངོས་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་ཁྱོད་ཀྱི་ཕྱི་ལོགས་སུ་བྱུང་བའི་དངོས་རྒྱུ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། རྩ་བར་འདོད་ན། དངོས་པོའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། ཁྱོད་ཡིན་ན་དངོས་པའི་དངོས་འབྲས་ཡིན་པས་མ་ཁྱབ་པར་ཐལ། ཁྱོད་ཡང་ཡིན་དངོས་པོའི་དངོས་འབྲས་མ་ཡིན་པ་ཡོད་པའི་ཕྱིར། མ་གྲུབ་ན། དངོས་པོའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། ཁྱོད་ཡང་ཡིན་དངོས་པོའི་དངོས་འབྲས་མ་ཡིན་པ་ཡོད་པར་ཐལ། དངོས་པོའི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོའི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། དངོས་པོའི་ཕྱི་ལོགས་སུ་བྱུང་བ་དང་དངོས་པོའི་དངོས་འབྲས་མ་ཡིན་པ་གཉིས་ཀ་ཡིན་པར་ཐལ། དངོས་པའི་ཕྱི་ལོགས་སུ་བྱུང་བ་གང་ཞིག དངོས་པོའི་དངོས་འབྲས་མ་ཡིན་པའི་ཕྱིར། དང་པོ་སླ། གཉིས་པ་མ་གྲུབ་ན། དངོས་པོའི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། དངོས་པོའི་དངོས་འབྲས་མ་ཡིན་པར་ཐལ། དངོས་པོའི་བརྒྱུད་འབྲས་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་ཀྱི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་ཁྱོད་ཀྱི་བརྒྱུད་འབྲས་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

རྒྱུའི་མཚན་ཉིད་ཡོད་དེ། ཕན་འདོགས་བྱེད་དམ་སྐྱེད་བྱེད་དེ་ཡིན་པའི་ཕྱིར། རྣམ་འགྲེལ་ལས། ཕན་འདོགས་གང་ཡིན་སྐྱེད་པ་ཡིན། །ཞེས་གསུངས་པའི་ཕྱིར། མངོན་ཚད་ཀྱི་ཐ་སྙད་ལྟར་ན་རྒྱུ་དང་འབྲས་བུ་དངོས་པོ་གསུམ་དོན་གཅིག གཟུགས་ཀྱི་རྒྱུའི་མཚན་ཉིད་ཡོད་དེ། གཟུགས་ཀྱི་ཕན་འདོགས་བྱེད་དེ་ཡིན་པའི་ཕྱིར། དེར་ཐལ། དངོས་པོ་ཡིན་ན་ཁྱོད་ཀྱི་སྐྱེད་བྱེད་ཁྱོད་ཀྱི་རྒྱུའི་མཚན་ཉིད་ཡིན་པས་ཁྱབ་པའི་ཕྱིར། རྒྱུ་ལ་དབྱེ་ན་གཉིས་ཡོད་དེ། དངོས་རྒྱུ་དང་བརྒྱུད་རྒྱུ་གཉིས་ཡོད་པའི་ཕྱིར། དངོས་རྒྱུའི་མཚན་ཉིད་ཡོད་དེ། དངོས་སུ་ཕན་འདོགས་བྱེད་དེ་ཡིན་པའི་ཕྱིར། བརྒྱུད་རྒྱུའི་མཚན་ཉིད་ཡོད་དེ། བརྒྱུད་ནས་ཕན་འདོགས་བྱེད་དེ་ཡིན་པའི་ཕྱིར། འཆི་བ་མི་རྟག་པའི་དངོས་རྒྱུའི་མཚན་ཉིད་ཡོད་དེ། འཆི་བ་མི་རྟག་པའི་དངོས་སུ་སྐྱེད་བྱེད་དེ་ཡིན་པའི་ཕྱིར། འཆི་བ་མི་རྟག་པའི་བརྒྱུད་རྒྱུའི་མཚན་ཉིད་ཡོད་དེ། འཆི་བ་མི་རྟག་པའི་བརྒྱུད་ནས་སྐྱེད་བྱེད་དེ་ཡིན་པའི་ཕྱིར། དེས་གཞན་ལ་རིགས་བསྒྲེ་སྦྱར། ཉེར་ལེན་གྱི་རྒྱུའི་མཚན་ཉིད་ཡོད་དེ། རང་གི་རྫས་རྒྱུན་དུ་རྫས་སུ་གཙོ་བོར་སྐྱེད་བྱེད་དེ་ཡིན་པའི་ཕྱིར། ལྷན་ཅིག་བྱེད་རྐྱེན་གྱི་མཚན་ཉིད་ཡོད་དེ། རང་གི་རྫས་རྒྱུན་མ་ཡིན་པར་གཙོ་བོར་སྐྱེད་བྱེད་དེ་ཡིན་པའི་ཕྱིར། རྫ་བུམ་གྱི་ཉེར་ལེན་གྱི་མཚན་ཉིད་ཡོད་དེ། རང་གི་རྫས་རྒྱུན་དུ་རྫ་བུམ་གཙོ་བོར་སྐྱེད་བྱེད་དེ་ཡིན་པའི་ཕྱིར། མཚན་གཞི་ནི་རྫ་བུམ་གྱི་རྒྱུར་གྱུར་བའི་འཇིམ་པ་དེ་ཡིན་པའི་ཕྱིར། རྫ་བུམ་གྱི་ལྷན་ཅིག་བྱེད་རྐྱེན་གྱི་མཚན་ཉིད་ཡོད་དེ། རང་གི་རྫས་རྒྱུན་མ་ཡིན་པར་རྫ་བུམ་སྐྱེད་བྱེད་དེ་ཡིན་པའི་ཕྱིར། མཚན་གཞི་ནི། རྫ་བུམ་གྱི་རྒྱུར་གྱུར་བའི་གང་ཟག་དེ་ཡིན་པའི་ཕྱིར། འབྲས་བུའི་མཚན་ཉིད་ཡོད་དེ། བསྐྱེད་བྱའམ་ཕན་འདོགས་བྱ་དེ་ཡིན་པའི་ཕྱིར། དབྱེ་ན་དངོས་འབྲས་བརྒྱུད་འབྲས་གཉིས། དང་པོ་དངོས་འབྲས་ཀྱི་མཚན་ཉིད་ཡོད་དེ། དངོས་སུ་བསྐྱེད་བྱ་དེ་ཡིན་པའི་ཕྱིར། གཉིས་པ་བརྒྱུད་འབྲས་ཀྱི་མཚན་ཉིད་ཡོད་དེ། བརྒྱུད་ནས་བསྐྱེད་བྱ་དེ་ཡིན་པའི་ཕྱིར། གཞི་ལ་སྦྱར་ན། བྱམས་པའི་དངོས་འབྲས་ཀྱི་མཚན་ཉིད་ཡོད་དེ། བྱམས་པས་དངོས་སུ་བསྐྱེད་བྱ་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། བྱམས་པའི་ཕྱི་ལོགས་སུ་བྱུང་བ་དེ་ཡིན་པའི་ཕྱིར། བྱམས་པའི་བརྒྱུད་འབྲས་ཀྱྀ་མཚན་ཉིད་ཡོད་དེ། བྱམས་པས་བརྒྱུད་ནས་བསྐྱེད་བྱ་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། བྱམས་པའི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་དེ་ཡིན་པའི་ཕྱིར། དེས་ཆོས་གཞན་དང་གཞན་གྱི་དངོས་འབྲས་དང་བརྒྱུད་འབྲས་ལ་རིགས་བསྒྲེ་བར་བྱའོ། །

གསུམ་པ་དེ་ལ་རྩོད་པ་སྤོང་བ།

གསུམ་པ་དེ་ལ་རྩོད་པ་སྤོང་བ་ལ།

ཁ་ཅིག་ན་རེ། སྤྱིར་ཆོས་ཅན། རྒྱུ་ཡིན་པར་ཐལ། སྐྱེད་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སྐྱེད་བྱེད་ཡིན་པར་ཐལ། འབྲས་བུ་སྐྱེད་བྱེད་ཡིན་པའི་ཕྱིར་ན་མ་ཁྱབ་སྙམ། ཁ་ཅིག་ན་རེ། སྤྱིར་ཆོས་ཅན། དངོས་པོའི་རྒྱུ་ཡིན་པར་ཐལ། དངོས་པོའི་སྐྱེད་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། སྤྱིར་ཆོས་ཅན། དངོས་པོའི་སྐྱེད་བྱེད་ཡིན་པར་ཐལ།དངོས་པོ་སྐྱེད་བྱེད་ཡིན་པའི་ཕྱིར་ན། མ་ཁྱབ། མ་གྲུབ་ན། སྤྱིར་ཆོས་ཅན། དངོས་པོ་སྐྱེད་བྱེད་ཡིན་པར་ཐལ། དངོས་པོ་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། རྒྱུ་ཡིན་པར་ཐལ། དངོས་པོའི་ཕྱི་ལོགས་སུ་བྱུང་བའི་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། སྤྱིར་ཆོས་ཅན། དངོས་པོ་དངོས་པོའི་ཕྱི་ལོགས་སུ་བྱུང་བའི་རྒྱུ་ཡིན་པར་ཐལ། དངོས་པོ་ཡོད་པའི་ཕྱིར། ཁ་ཅིག་ན་རེ། དངོས་པོ་ཆོས་ཅན། དངོས་པོའི་ཕྱི་ལོགས་སུ་བྱུང་བའི་རྒྱུ་མ་ཡིན་པར་ཐལ། དངོས་པོ་དང་དུས་མཉམ་དུ་བྱུང་བའི་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། དངོས་པོ་དང་དུས་མཉམ་དུ་བྱུང་བའི་རྒྱུ་ཡིན་པར་ཐལ། དངོས་པོ་དང་དུས་མཉམ་དུ་བྱུང་བའི་དངོས་པོ་ཡིན་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་ཁྱོད་དང་དུས་མཉམ་དུ་བྱུང་བའི་དངོས་པོ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དངོས་པོའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། དངོས་པོའི་ཕྱི་ལོགས་སུ་བྱུང་བའི་འབྲས་བུ་ཡིན་པར་ཐལ། དངོས་པོའི་ཕྱི་ལོགས་སུ་བྱུང་བ་གང་ཞིག འབྲས་བུ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་དང་པོ་མ་གྲུབ་ན། དངོས་པོའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། དངོས་པོའི་ཕྱི་ལོགས་སུ་བྱུང་བ་ཡིན་པར་ཐལ། དངོས་པོའི་འབྲས་བུ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དངོས་པོའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། འབྲས་བུ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྩ་བར་འདོད་ན། དངོས་པོའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། ཁྱོད་ཁྱོད་ཀྱི་འབྲས་བུ་མ་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཀྭ་བུམ་གཉིས་ཆོས་ཅན། ཁྱོད་ཀྱི་སྔ་ལོགས་སུ་བྱུང་བ་ཁྱོད་ཀྱི་རྒྱུ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར་ཟེར་ན་འདོད་བྱས་པ་ལ། ཀྭ་བུམ་གཉིས་ཀའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། བུམ་པའི་རྒྱུ་ཡིན་པར་ཐལ། ཀྭ་བུམ་གཉིས་ཀའི་རྒྱུ་ཡིན་པའི་ཕྱིར་ན་འགལ་ཁྱབ་ལ་འཕུད། འདོད་ན། ཀྭ་བུམ་གཉིས་ཀའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། བུམ་པའི་རྒྱུ་མ་ཡིན་པར་ཐལ། བུམ་པ་ཁྱོད་ཀྱི་འབྲས་བུ་མ་ཡིན་པའི་ཕྱིར། མ་གྲུབ་ན། ཀྭ་བུམ་གཉིས་ཀའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། བུམ་པ་ཁྱོད་ཀྱི་འབྲས་བུ་མ་ཡིན་པར་ཐལ། ཁྱོད་མེད་ན་བུམ་པ་མེད་པས་ཁྱབ་པ་མེད་པའི་ཕྱིར། མ་གྲུབ་ན། ཀ་བའི་དགག་གཞི་ཆོས་ཅན། བུམ་པ་མེད་པར་ཐལ། ཀྭ་བུམ་གཉིས་ཀའི་སྔ་ལོགས་སུ་བྱུང་བ་མེད་པའི་ཕྱིར། མ་གྲུབ་ན། ཀ་བའི་དགག་གཞི་ཆོས་ཅན། ཀྭ་བུམ་གཉིས་ཀའི་སྔ་ལོགས་སུ་བྱུང་བ་མེད་པར་ཐལ། ཀྭ་བུམ་གཉིས་མེད་པའི་ཕྱིར། མ་གྲུབ་ན། ཀ་བའི་དགག་གཞི་ཆོས་ཅན། ཀྭ་བུམ་གཉིས་མེད་པར་ཐལ། ཀ་བ་མེད་པའི་ཕྱིར། མ་གྲུབ་ན། ཀ་བའི་དགག་གཞི་ཆོས་ཅན། ཀ་བ་མེད་པར་ཐལ། ཀ་བའི་དགག་གཞི་ཡིན་པའི་ཕྱིར། གོང་དུ་འདོད་ན། ཀ་བའི་དགག་གཞི་ཆོས་ཅན། བུམ་པ་ཡོད་པར་ཐལ། བུམ་པའི་དགག་གཞི་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་ལུགས་ལ་གཞི་གཅིག་གི་རྒྱུ་འབྲས་དུས་མཉམ་པ་ཡོད་པར་ཐལ། ཐེག་མཆོག་དབུ་མ་ལས། དུས་མཉམ་བག་ཆགས་བགོ །ཞེས་དང༌། ངོ་བོ་སྐྱེད་པའི་རྒྱུ་འབྲས་སྔ་ཕྱི་སྟེ། ། ཁྱད་པར་བསྐྱེད་དང་རྟེན་ལ་ངེས་པ་མེད། །ཅེས་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། རང་ལུགས་ལ་དཔེར་ན་ཚོགས་པ་ཚར་གཅིག་ལས་སྐྱེས་པའི་རོ་གཟུགས་རྒྱུ་འབྲས་ཀྱང་ཡིན་ལ་དུས་མཉམ་པའང་མི་འགལ་བ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྙམ་སྟེ། རྒྱུ་འབྲས་དུས་མཉམ་པ་གསུངས་ཟིན་ལ་གསུངས་པ་ནི། ས་བཟང་གི་ཀུན་བཏུས་འགྲེལ་བར་ལུང་དེའི་གོང་དུ། དེ་ཉིད་༼༨༠༽ལས། ཁ་ཅིག་རྒྱུ་འབྲས་མཚན་ཉིད་པ་ཡིན་ཡང་དུས་མཉམ་པ་མི་འགལ་ཏེ། འདི་ཉིད་དུ་སེམས་བྱུང་ཕན་ཚུན་ལྷན་གཅིག་འབྱུང་བ་དང༌། མཚུངས་ལྡན་གྱི་རྒྱུར་གསུངས་པ་དང༌། ཐེག་བསྡུས་སུ་ཡང༌། ཀུན་གཞིའི་རྣམ་པར་ཤེས་པ་དང༌། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དུས་མཉམ་དུ་གཅིག་གི་རྒྱུར་གཅིག་འགྱུར་བ། མར་མེའི་མེ་ལྕེ་འབྱུང་བ་དང་སྙིང་པོ་འཚིག་པ་དུས་མཉམ་པ་དང༌། མདུང་ཁྱིམ་དུས་མཉམ་པ་ཕན་ཚུན་བརྟེན་ནས་མི་འགྱེལ་བའི་དཔེར་གསུངས་པའི་ཕྱིར། ཞེས་པ་ནས། དུས་མཉམ་པའི་རྒྱུ་འབྲས་དུ་མ་དམིགས་པའི་ཕྱིར་ཞེས་གསུངས་མོད། དེའང་བརྟགས་ན་མི་འཐད་དེ། རྒྱུ་འབྲས་གཉིས་ཀ་མ་སྐྱེས་ན་རྒྱུས་འབྲས་བུ་ལ་ཕན་འདོགས་མི་ནུས་པའི་ཕྱིར་དུས་མི་མཉམ་ལ། གཉིས་ཀ་སྐྱེས་པ་ན་རྒྱུས་འབྲས་བུ་ལ་ཕན་འདོགས་མི་དགོས་པའི་ཕྱིར་དུས་མི་མཉམ་ཞིང༌། རྒྱུ་གང་ཡིན་པ་དེ་འབྲས་བུའི་སྔར་ཡོད་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་རྣམ་འགྲེལ་ལས། མེད་པ་སྔར་ནུས་མེད་ཕྱིར་དང༌། །ཕྱིས་ཀྱང་ཉེར་སྦྱོར་མེད་པའི་ཕྱིར། །རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །ཞེས་གསུངས་པ་བཞིན་ནོ། །ཐེག་བསྡུས་སུ་གསུངས་པ་ནི། བར་མ་ཆད་དུ་བྱུང་བ་ལ་དུས་མཉམ་དུ་དགོངས་ཏེ་འཇིག་རྟེན་པའི་བློ་དང་མཐུན་པར་མཛད་པའམ། ཡང་ན་རྒྱུ་འབྲས་བཏགས་པ་བ་སྟེ། དེ་ཉིད་ཀྱི་བཤད་སྦྱར་ལས། ལྷན་ཅིག་འབྱུང་བའི་རྒྱུ་ཉིད་ནི་བཏགས་པ་བ་སྟེ། དུས་གཅིག་ཏུ་འབྱུང་བ་རྣམས་ལ་རྒྱུ་དང་འབྲས་བུའི་དངོས་པོ་མི་རུང་བའི་ཕྱིར། ཞེས་པ་ནས། དུས་མཉམ་པའི་རྒྱུ་འབྲས་ནི་མ་ཡིན་ནོ། །རང་ལུགས་ལ་དཔེར་ན་ཚོགས་པ་ཚར་གཅིག་ལས་སྐྱེས་པའི་རོ་གཟུགས་རྒྱུ་འབྲས་ཀྱང་ཡིན་ལ་དུས་མཉམ་པའང་མི་འགལ་བ། ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་ས་བཟང་གི་ཀུན་བཏུས་འགྲེལ་བ་༼༢༤༣༽ལས། བསྡུ་བར་ཡང་དུས་མི་མཉམ་པ་ཁོ་ན་རྐྱེན་དུ་གསུངས་པས་འདིར་སྔར་ཡང་བཤད་པ་ལྟར་རྒྱུ་འབྲས་མཚན་ཉིད་པ་ནི་དུས་མི་མཉམ་པ་ཁོ་ནའོ། །ཞེས་གསུངས་སོ། །ཡང་འཕགས་པ་ཐོགས་མེད་ཀྱི་རྟོག་དཔྱོད་ཀྱི་ས་ལས། སྐྱེས་ལ་འགོགས་པས་རྒྱུ་བྱེད་ཀྱི་མ་སྐྱེས་ལ་མ་འགགས་པས་ནི་མ་ཡིན་ནོ། །ཞེས་གསུངས་པ་དང༌། ཐེག་མཆོག་དབུ་མ་ལས། དེ་ཡང་ས་རྡུལ་སྐད་ཅིག་དང་པོ་དེ། །ཆུ་མེ་རླུང་གསུམ་གཉིས་པའི་ལྷན་ཅིག་རྒྱུ། །དེ་བཞིན་ཕན་ཚུན་རེ་རེར་སྦྱར་བར་བྱ། །འོན་ཀྱང་དངོས་འབྲས་དངོས་རྒྱུ་ཐོགས་མེད་ནུས། །དུས་མཉམ་བྱུང་བར་སྣང་བའང་དེ་ཡིན་ནོ། །ཞེས་གསུངས་པ་ལ་སོགས་པ་དེ་དག་གིས་རྒྱུ་འབྲས་དུས་མཉམ་པ་གསུངས་ཟིན་གསུངས་པའི་དགོངས་པ་གསལ་བར་བྱས་པ་འདྲ། རེ་ཞིག་ནི་དེ་ཙམ་མོ། །ཁ་ཅིག་ན་རེ། དངོས་པོའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། ཁྱོད་ཀྱི་དུས་སུ་དངོས་པོ་མེད་པར་ཐལ། དངོས་པོ་ཁྱོད་ཀྱི་འབྲས་བུ་ཡིན་པའི་ཕྱིར། །འདོད་ན། དངོས་པོའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། ཁྱོད་ཀྱི་དུས་སུ་དངོས་པོ་ཡོད་པར་ཐལ། དངོས་པོའི་སྔ་ལོགས་སུ་བྱུང་བ་དེ་དངོས་པོ་ཡིན་པ་གང་ཞིག དེ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་དང་པོ་མ་གྲུབ་ན། དངོས་པོའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། དངོས་པོ་ཡིན་པར་ཐལ། དངོས་པོའི་རྒྱུ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན།དངོས་པོའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། ཁྱོད་ཀྱི་དུས་སུ་ཁྱོད་ཡོད་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དངོས་པོའི་ཉེར་ལེན་མེད་པར་ཐལ།དངོས་པོའི་སྔ་ལོགས་སུ་བྱུང་བ་དེ་མ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། དངོས་པོའི་ཉེར་ལེན་མ་ཡིན་པར་ཐལ། དངོས་པོར་འགྱུར་ངེས་མ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། དངོས་པོར་འགྱུར་ངེས་མ་ཡིན་པར་ཐལ། དངོས་པོར་གྱུར་ཟིན་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། དངོས་པོའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། དངོས་པོར་གྱུར་ཟིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་རོ།། །

བདུན་པ་ཡུལ་དང་ཡུལ་ཅན་གྱི་རྣམ་བཞག་བཤད་པ།

བདུན་པ་ཡུལ་དང་ཡུལ་ཅན་གྱི་རྣམ་བཞག་བཤད་པ་ལ།

རྣམ་འགྲེལ་མངོན་སུམ་ལེའུ་ལས། དེ་ཕྱིར་མིག་དང་གཟུགས་དག་ལ། །བརྟེན་ནས་མིག་བློ་སྐྱེ་བར་འགྱུར། །ཞེས་སོགས་གཞུང་དུ་མ་བྱུང༌། དེའི་མཐའ་དཔྱད་པ་ལ། དགག་བཞག་སྤོང་གསུམ་ལས། དང་པོ་ནི། ཁ་ཅིག་ན་རེ། ཡོད་པ་ཡིན་ན་ཡུལ་དང་ཡུལ་ཅན་གཉིས་ཀ་ཡིན་པས་ཁྱབ་ཟེར་ན། བུམ་པ་ཆོས་ཅན། ཡུལ་དང་ཡུལ་ཅན་གཉིས་ཀ་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བུམ་པ་ཆོས་ཅན། ཡོད་པ་ཡིན་པར་ཐལ། ཚད་མས་དམིགས་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་བ་ཡོད་པར་ཐལ། ཚད་མས་དམིགས་པ་ཡོད་པའི་མཚན་ཉིད་ཡིན་པའི་ཕྱིར། རྩ་བར་འདོད་ན། བུམ་པ་ཆོས་ཅན། ཡུལ་དང་ཡུལ་ཅན་གཉིས་ཀ་མ་ཡིན་པར་ཐལ། ཡུལ་ཅན་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཡུལ་ཅན་མ་ཡིན་པར་ཐལ། གཟུགས་སུ་གྱུར་བའི་ཡུལ་ཅན་དང༌། ཤེས་པར་གྱུར་བའི་ཡུལ་ཅན་དང༌། ལྡན་མིན་འདུ་བྱེད་དུ་གྱུར་བའི་ཡུལ་ཅན་གང་ཡང་མ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཡོད་པ་ཡིན་ན་ཡུལ་དང་ཡུལ་ཅན་གཉིས་ཀ་མ་ཡིན་པས་ཁྱབ་ཟེར་ན། ནམ་འཆི་ཆ་མེད་ཅེས་བརྗོད་པའི་སྒྲ་ཆོས་ཅན། ཡུལ་དང་ཡུལ་ཅན་གཉིས་ཀ་མ་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་སླ། འདོད་ན། ནམ་འཆི་ཆ་མེད་ཅེས་བརྗོད་པའི་སྒྲ་ཆོས་ཅན། ཡུལ་དང་ཡུལ་ཅན་གཉིས་ཀ་ཡིན་པར་ཐལ། ཡུལ་ཡིན་པ་གང་ཞིག ཡུལ་ཅན་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ནམ་འཆི་ཆ་མེད་ཅེས་བརྗོད་པའི་སྒྲ་ཆོས་ཅན། ཡུལ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་སྟེ།ཡུལ་དང་གཞི་གྲུབ་སོགས་དོན་གཅིག་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། ནམ་འཆི་ཆ་མེད་ཅེས་བརྗོད་པའི་སྒྲ་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། གཟུགས་སུ་གྱུར་བའི་ཡུལ་ཅན་ཡིན་པའི་ཕྱིར། མ་གྲུབ་ན། ནམ་འཆི་ཆ་མེད་ཆོས་ཅན། ཁྱོད་ཅེས་བརྗོད་པའི་སྒྲ་གཟུགས་སུ་གྱུར་བའི་ཡུལ་ཅན་ཡིན་པར་ཐལ། རྟག་གཅིག་རང་དབང་བས་སྟོང་བ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བློ་གང་ཡང་རུང་བ་ཞིག་གི་ཡུལ་ན། ཡུལ་ཡིན་པས་ཁྱབ་ཟེར་ན། རི་བོང་རྭ་ཆོས་ཅན། ཡུལ་ཡིན་པར་ཐལ། བློ་གང་ཡང་རུང་བ་ཞིག་གི་ཡུལ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། རི་བོང་རྭ་ཆོས་ཅན། བློ་གང་ཡང་རུང་བ་ཞིག་གི་ཡུལ་ཡིན་པར་ཐལ། རང་འཛིན་རྟོག་པའི་ཡུལ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། རང་འཛིན་རྟོག་པའི་ཡུལ་ཡིན་པར་ཐལ། ཡོད་མེད་གང་རུང་ཡིན་པའི་ཕྱིར། རྩ་བར་འདོད་ན། རི་བོང་རྭ་ཆོས་ཅན། ཡུལ་མ་ཡིན་པར་ཐལ། གཞལ་བྱ་མ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཡུལ་དང་གཞལ་བྱ་གཉིས་དོན་གཅིག་ཡིན་པའི་ཕྱིར། གཏན་ཚིགས་རིགས་པའི་དོན་བསྡུས་ལས། དེ་དང་ཁྱབ་མཉམ་དོན་གཅིག་པ་ནི། ཡུལ་དང་གཞལ་བྱ་དང་བདག་མེད་དང་གཞི་གྲུབ་གཞན་སེལ་ཡོད་པ་སོགས་སོ། །ཞེས་གསུངས་པའི་ཕྱིར་རོ། །ཁ་ཅིག་ན་རེ། ཡུལ་ཅན་ཡིན་ན་ཤེས་པ་ཡིན་པས་ཁྱབ་ཟེར་ན། འཆི་ཚེ་ཆོས་མ་གཏོགས་གང་གིས་ཕན་པ་མེད་ཅེས་པའི་སྒྲ་ཆོས་ཅན། ཤེས་པ་ཡིན་པར་ཐལ། ཡུལ་ཅན་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། ཁྱོད་ཀྱི་ཡུལ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་ཡུལ་ཡོད་པར་ཐལ། ཁྱོད་ཀྱི་བརྗོད་བྱ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་བརྗོད་བྱ་ཡོད་པར་ཐལ། འཆི་ཚེ་ཆོས་མ་གཏོགས་གང་གིས་ཕན་པ་མེད་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། འཆི་ཚེ་ཆོས་མ་གཏོགས་གང་གིས་ཕན་པ་མེད་པ་ཆོས་ཅན། ཁྱོད་ཁྱོད་ཅེས་བརྗོད་པའི་སྒྲའི་བརྗོད་བྱ་ཡིན་པར་ཐལ། གང་ཟག་གི་བདག་མེད་ཡིན་པའི་ཕྱིར། རྩ་བར་འདོད་ན། འཆི་ཚེ་ཆོས་མ་གཏོགས་གང་གིས་ཕན་པ་མེད་ཅེས་པའི་སྒྲ་ཆོས་ཅན། ཤེས་པ་མ་ཡིན་པར་ཐལ། གསལ་ཞིང་རིག་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། གསལ་ཞིང་རིག་པ་མ་ཡིན་པར་ཐལ། བེམ་པོ་ཡིན་པའི་ཕྱིར། ཁྱབ་སྟེ། ཐེག་མཆོག་ཟིན་བྲིས་ལས། སེམས་ཀྱི་མཚན་ཉིད་གསལ་ཞིང་རིག་པ་ལ་སོགས་པ་བེམ་པོར་གྱུར་བའི་ཆོས་རྣམས་ལ་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་སངས་རྒྱས་འཕགས་པ་ཆོས་ཅན། ཤེས་པ་ཡིན་པར་ཐལ། ཡུལ་ཅན་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། སངས་རྒྱས་འཕགས་པ་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། ཁྱོད་ཀྱི་ཡུལ་ཡོད་པའི་ཕྱིར། མ་གྲུབ་ན། སངས་རྒྱས་འཕགས་པ་ཆོས་ཅན། ཁྱོད་ཀྱི་ཡུལ་ཡོད་པར་ཐལ། ཁྱོད་ཀྱི་གཞལ་བྱ་ཡོད་པའི་ཕྱིར། མ་གྲུབ་ན། སངས་རྒྱས་འཕགས་པ་ཆོས་ཅན། ཁྱོད་ཀྱི་གཞལ་བྱ་ཡོད་པར་ཐལ། གཞི་གྲུབ་ན་ཁྱོད་ཀྱི་གཞལ་བྱ་ཡིན་པས་ཁྱབ་པའི་ཕྱིར། རྩ་བར་འདོད་ན། སངས་རྒྱས་འཕགས་པ་ཆོས་ཅན། ཤེས་པ་མ་ཡིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་འཕགས་པ་ཆོས་ཅན། ལྡན་མིན་འདུ་བྱེད་ཡིན་པར་ཐལ། གང་ཟག་བཏགས་ཡོད་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། མདོ་སྡེ་བའི་ལུགས་ལ་གཞི་གྲུབ་ན། མངོན་སུམ་ཚད་མའི་དངོས་གཞལ་ཡིན་པས་ཁྱབ་ཟེར་ན། ནམ་མཁའ་ཆོས་ཅན། མངོན་སུམ་ཚད་མའི་དངོས་གཞལ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། རྟགས་སླ། རྩ་བར་འདོད་ན། ནམ་མཁའ་ཆོས་ཅན། མངོན་སུམ་ཚད་མའི་དངོས་གཞལ་མ་ཡིན་པར་ཐལ།དངོས་མེད་ཡིན་པའི་ཕྱིར། ཁྱབ་སྟེ། མངོན་སུམ་ཚད་མའི་དངོས་གཞལ་ཡིན་ན། རང་མཚན་ཡིན་དགོས་པའི་ཕྱིར། རྣམ་འགྲེལ་ལས། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་སོགས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། རང་ལུགས་ལ་གཞི་གྲུབ་ན་རྣམ་མཁྱེན་གྱི་དངོས་གཞལ་ཡིན་པས་ཁྱབ་ཟེར་ན།ཀུན་རྫོབ་རྣམས་ཆོས་ཅན། རྣམ་མཁྱེན་གྱི་དངོས་གཞལ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། རྟགས་སླ། འདོད་ན། ཀུན་རྫོབ་རྣམས་ཆོས་ཅན། རྣམ་མཁྱེན་གྱི་དངོས་གཞལ་མ་ཡིན་པར་ཐལ། རྣམ་མཁྱེན་གྱི་ཤུགས་གཞལ་ཡིན་པའི་ཕྱིར། བདེན་གཉིས་གསལ་བའི་ཉི་མ་ལས། སངས་རྒྱས་ལ་ཆོས་རྣམས་དངོས་སུ་མི་སྣང་ཡང་ཆོས་ཉིད་དངོས་སུ་སྣང་ནས་མཁྱེན་སྟོབས་ཀྱིས་ཆོས་རྣམས་ཤུགས་ལ་མཁྱེན་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །ཁ་ཅིག་ན་རེ། བུམ་འཛིན་རྟོག་པའི་སྣང་ཡུལ་ཡིན་ན་བུམ་འཛིན་རྟོག་པའི་ཞེན་ཡུལ་ཡིན་པས་ཁྱབ་ཟེར་ན། བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་ཆོས་ཅན། བུམ་འཛིན་རྟོག་པའི་ཞེན་ཡུལ་ཡིན་པར་ཐལ། བུམ་འཛིན་རྟོག་པའི་སྣང་ཡུལ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་ཆོས་ཅན། བུམ་འཛིན་རྟོག་པའི་སྣང་ཡུལ་ཡིན་པར་ཐལ། བུམ་འཛིན་རྟོག་པ་ལ་སྣང་ནས་རིག་པར་བྱ་བ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། བུམ་འཛིན་རྟོག་པའི་སྣང་བའི་སྒོ་ནས་རིག་པར་བྱ་བ་དེ་བུམ་འཛིན་རྟོག་པའི་སྣང་ཡུལ་གྱི་མཚན་ཉིད་ཡིན་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ཟེར་ན། བུམ་པ་ཆོས་ཅན། ཁྱོད་ཁྱོད་འཛིན་རྟོག་པ་ལ་ཁྱོད་མ་ཡིན་པར་ལོག་པར་སྣང་བ་ཁྱོད་འཛིན་རྟོག་པའི་སྣང་ཡུལ་ཡིན་པར་ཐལ། ཁྱོད་བདག་ཏུ་མ་གྲུབ་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་ཆོས་ཅན། བུམ་འཛིན་རྟོག་པའི་ཞེན་ཡུལ་མ་ཡིན་པར་ཐལ། བུམ་འཛིན་རྟོག་པའི་འཛིན་སྟངས་ཀྱི་ཡུལ་མ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་ཆོས་ཅན། བུམ་འཛིན་རྟོག་པའི་འཛིན་སྟངས་ཀྱི་ཡུལ་མ་ཡིན་པར་ཐལ། བུམ་འཛིན་རྟོག་པའི་སྣང་ཡུལ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། བུམ་འཛིན་རྟོག་པའི་འཛིན་སྟངས་ཀྱི་ཡུལ་དང་བུམ་འཛིན་རྟོག་པའི་སྣང་ཡུལ་གཉིས་འགལ་བ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་འཛིན་རྟོག་པའི་འཛིན་སྟངས་ཀྱི་ཡུལ་དང་ཁྱོད་འཛིན་རྟོག་པའི་སྣང་ཡུལ་གཉིས་འགལ་བ་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་ཏུ་མ་གྲུབ་པའི་ཕྱིར། ཁ་ཅིག་ན་རེ། བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་བུམ་འཛིན་རྟོག་པའི་བཟུང་ཡུལ་ཡིན་ཟེར་ན། བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་ཆོས་ཅན། བུམ་འཛིན་རྟོག་པའི་བཟུང་ཡུལ་མ་ཡིན་པར་ཐལ། བུམ་འཛིན་རྟོག་པའི་མ་བཟུང་པའི་ཕྱིར། མ་གྲུབ་ན། བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་ཆོས་ཅན། བུམ་འཛིན་རྟོག་པའི་མ་བཟུང་བར་ཐལ། བུམ་འཛིན་རྟོག་པའི་སྣང་ཡུལ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྟོག་པ་ཡིན་ན་ཁྱོད་ཀྱི་ཞེན་ཡུལ་ཡོད་པས་ཁྱབ་ཟེར་ན། ཚེ་འདི་རྟག་པར་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་ཀྱི་ཞེན་ཡུལ་ཡོད་པར་ཐལ། རྟོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ཚེ་འདི་ཆོས་ཅན། ཁྱོད་རྟག་པར་འཛིན་པའི་རྟོག་པ་རྟོག་པ་ཡིན་པར་ཐལ། ཁྱོད་རྟག་པར་འཛིན་པའི་རྟོག་པ་ཡོད་པའི་ཕྱིར། མ་གྲུབ་ན། ཚེ་འདི་ཆོས་ཅན། ཁྱོད་རྟག་པར་འཛིན་པའི་རྟོག་པ་ཡོད་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། རྩ་བར་འདོད་ན། ཚེ་འདི་རྟག་པར་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་ཀྱི་ཞེན་ཡུལ་མེད་པར་ཐལ། ཁྱོད་ཀྱི་འཛིན་སྟངས་ཀྱི་ཡུལ་མེད་པའི་ཕྱིར། མ་གྲུབ་ན། ཚེ་འདི་རྟག་པར་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་ཀྱི་འཛིན་སྟངས་ཀྱི་ཡུལ་མེད་པར་ཐལ། ཁྱོད་ལོག་ཤེས་ཡིན་པའི་ཕྱིར། མ་གྲུབ་ན། ཚེ་འདི་ཆོས་ཅན། ཁྱོད་རྟག་པར་འཛིན་པའི་རྟོག་པ་ལོག་ཤེས་ཡིན་པར་ཐལ། ཁྱོད་རྟག་པ་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སྒྲ་རྟག་པར་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་ཀྱི་འཛིན་སྟངས་ཀྱི་ཡུལ་ཡོད་པར་ཐལ། ཁྱོད་ཀྱི་དམིགས་ཡུལ་ཡོད་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། སྒྲ་རྟག་འཛིན་རྟོག་པ་ཆོས་ཅན། ཁྱོད་ཀྱི་དམིགས་ཡུལ་ཡོད་པར་ཐལ། སྒྲ་དེ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། ཁྱོད་སྒྲ་རྟག་པར་འཛིན་པའི་དམིགས་ཡུལ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གི་དམིགས་ཡུལ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། སྒྲ་རྟག་པར་འཛིན་པའི་རྟོག་པ་དང༌། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གཉིས་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་བློ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བུམ་འཛིན་རྟོག་པ་ཡིན་ན་བུམ་པ་ཁྱོད་ཀྱི་ཞེན་ཡུལ་ཡིན་པས་ཁྱབ་ཟེར་ན། བུམ་པ་ཤུགས་ལ་རྟོགས་པའི་རྟོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཤུགས་ལ་རྟོགས་པའི་རྟོག་པ་ཁྱོད་འཛིན་རྟོག་པ་ཡིན་པར་ཐལ། ཁྱོད་ཤུགས་ལ་རྟོགས་པའི་རྟོག་པ་ཡོད་པའི་ཕྱིར། རྩ་བར་འདོད་ན། བུམ་པ་ཤུགས་ལ་རྟོགས་པའི་རྟོག་པ་ཆོས་ཅན། བུམ་པ་ཁྱོད་ཀྱི་ཞེན་ཡུལ་མ་ཡིན་པར་ཐལ། བུམ་པ་ཁྱོད་ཀྱི་ཤུགས་ཡུལ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཤེས་པ་ཡིན་ན་སེམས་སེམས་བྱུང་གང་རུང་ཡིན་པས་ཁྱབ་ཟེར་ན། སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་ཆོས་ཅན། སེམས་སེམས་བྱུང་གང་རུང་ཡིན་པར་ཐལ། ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་ཆོས་ཅན། སེམས་སེམས་བྱུང་གང་རུང་མ་ཡིན་པར་ཐལ། རང་རིག་ཡིན་པའི་ཕྱིར། མ་གྲུབ་ན། སྔོ་འཛིན་མིག་ཤེས་ཆོས་ཅན། ཁྱོད་ཉམས་མྱོང་གི་རང་རིག་དེ་རང་རིག་ཡིན་པར་ཐལ། ཁྱོད་ཉམས་མྱོང་གི་རང་རིག་ཡོད་པའི་ཕྱིར། མ་གྲུབ་ན། སྔོ་འཛིན་མིག་ཤེས་ཆོས་ཅན། ཁྱོད་ཉམས་མྱོང་གི་རང་རིག་ཡོད་པར་ཐལ། ཁྱོད་གཞན་རིག་གི་ཤེས་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་ཆོས་ཅན། སེམས་སེམས་བྱུང་གང་རུང་མ་ཡིན་པར་ཐལ། སེམས་མ་ཡིན་པ་གང་ཞིག སེམས་བྱུང་མ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་གྲུབ་སྟེ། འཛིན་རྣམ་ཡིན་པའི་ཕྱིར། གཞན་ཡང་རང་བྱུང་ཡེ་ཤེས་ཀྱིས་ཁྱབ་པ་མ་ངེས། ཁ་ཅིག་ཡིད་ཤེས་དང་ཡིད་གཉིས་དོན་གཅིག་ཟེར་ན། ཡིད་དང་ཡིད་ཤེས་གཉིས་དོན་མི་གཅིག་པར་ཐལ། དེ་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཡིད་ཡིན་ལ་ཡིད་ཤེས་མ་ཡིན་པའི་མུ། ཡིད་ཤེས་ཡིན་ལ་ཡིད་མ་ཡིན་པའི་མུ། གཉིས་ཡིན་གྱི་མུ། གཉིས་ཀ་མ་ཡིན་པའི་མུ་དང་བཞི་ཡོད་པའི་ཕྱིར། མུ་དང་པོ་ཡོད་དེ། མིག་གི་རྣམ་པར་ཤེས་པ་དེ་ཡིན་པའི་ཕྱིར། མུ་གཉིས་པ་ཡོད་དེ། ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་ཚོར་སོགས་དེ་ཡིན་པའི་ཕྱིར། མུ་གསུམ་པ་ཡོད་དེ། ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡིན་པའི་ཕྱིར། མུ་བཞི་བ་ཡོད་དེ། མིག་གི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་སེམས་བྱུང་དེ་ཡིན་པའི་ཕྱིར། གཙོ་སེམས་དང༌། སེམས་དང༌། ཡིད་རྣམས་དོན་གཅིག ཁ་ཅིག་ན་རེ། ཤེས་པ་ཡིན་ན་ཚད་མ་ཡིན་པས་ཁྱབ་ཟེར་ན། དུང་སེར་སྣང་གི་དབང་ཤེས་ཆོས་ཅན། ཚད་མ་ཡིན་པར་ཐལ། ཤེས་པ་ཡིན་པའི་ཕྱིར། ཁྱབ་ཁས། མ་གྲུབ་ན། དུང་སེར་སྣང་གི་དབང་ཤེས་ཆོས་ཅན། ཤེས་པ་ཡིན་པར་ཐལ། དབང་ཤེས་ཡིན་པའི་ཕྱིར། རྩ་བར་འདོད་ན། དུང་སེར་སྣང་གི་དབང་ཤེས་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། ལོག་ཤེས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཚད་མ་ཡིན་ན་མངོན་སུམ་ཚད་མ་ཡིན་པས་ཁྱབ་ཟེར་ན། འཆི་བ་རྟོགས་པའི་རྗེས་དཔག་ཚད་མ་ཆོས་ཅན། མངོན་སུམ་ཚད་མ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། འཆི་བ་རྟོགས་པའི་རྗེས་དཔག་ཚད་མ་ཆོས་ཅན། ཚད་མ་ཡིན་པར་ཐལ། གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རྣམ་འགྲེལ་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་དང༌། མ་ཤེས་དོན་གྱི་གསལ་བྱེད་གང༌། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། འཆི་བ་རྟོགས་པའི་རྗེས་དཔག་ཚད་མ་ཆོས་ཅན། མངོན་སུམ་ཚད་མ་མ་ཡིན་པར་ཐལ། མངོན་སུམ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། མངོན་སུམ་མ་ཡིན་པར་ཐལ། རྟོག་བྲལ་གྱི་ཤེས་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རྟོག་བྲལ་གྱི་ཤེས་པ་མ་ཡིན་པར་ཐལ། རྟོག་པ་ཡིན་པའི་ཕྱིར། མ་གྲུབ་ན། འཆི་བ་རྟོགས་པའི་རྗེས་དཔག་ཚད་མ་ཆོས་ཅན། རྟོག་པ་ཡིན་པར་ཐལ། རྗེས་དཔག་ཡིན་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

ཡུལ་དང་ཡུལ་ཅན་གྱི་མཚན་ཉིད་ཡོད་དེ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། ཡུལ་དང་ཡུལ་ཅན་དུ་དབྱེ་བ་ལ། མཚན་ཉིད་རིམ་པ་ལྟར་རིག་པར་བྱ་བ་དང༌། རིག་བྱེད་དམ་སྟོན་བྱེད་ཡིན་པའོ། །ཞེས་གསུངས་པའི་ཕྱིར། དེ་ལས། ཡུལ་ལ་དབྱེ་ན། ཡུལ་དུ་བྱས་ཚུལ་མི་འདྲ་བའི་སྒོ་ནས་དང༌། རྟོགས་དཀའ་སླའི་སྒོ་ནས་དབྱེ་ཚུལ་དང་གཉིས། དང་པོ་ལ་དབྱེ་ན། སྣང་ཡུལ། བཟུང་ཡུལ། ཞེན་ཡུལ། འཇུག་ཡུལ་དང་བཞིའོ། །མཚན་ཉིད་ནི་རིམ་པ་ལྟར། སྣང་ནས་རིག་པར་བྱ་བ་དང༌། རང་འཛིན་ཤེས་པ་མ་འཁྲུལ་བ་ལ་རང་འདྲ་བའི་རྣམ་པ་དངོས་སུ་སྐྱེད་བྱེད་ཀྱི་བེམ་པོ་དང༌། ཞེན་ནས་རིག་པར་བྱ་བ་དང༌། ཚད་མའི་གཞལ་བ་ལས་བླང་དོར་བྱར་རུང་བའོ། །སྣང་ཡུལ་ཤེས་པ་ཀུན་ལ་ཡོད། །བཟུང་ཡུལ་དོན་རིག་གཉིས་ཀྱིས་འཛིན། །ཞེན་ཡུལ་རྟོག་པ་ཁོ་ནས་ཞེན། །འཇུག་ཡུལ་ལ་ནི་ཚད་མ་དང༌། །དཔྱད་ཤེས་སྐྱེས་བུ་གསུམ་གྱིས་འཇུག །ཅེས་གསུངས་པའི་ཕྱིར། གཞན་ལུགས་ལ་རྟོག་པའི་སྣང་ཡུལ་དེ་བཟུང་ཡུལ་དུ་བཞེད་ཀྱང་གོང་གི་མཚན་ཉིད་བཞག་ཚུལ་དང་བསྟུན་ན་བཟུང་ཡུལ་ལ་རྟོག་མེད་ཤེས་པའི་གཟུང་དོན་དགོས་པའོ། །དེ་ལས། རྟོགས་དཀའ་སླའི་སྒོ་ནས་དབྱེ་ན། གཞལ་བྱ་མངོན་གྱུར་ལྐོག་གྱུར་ཤིན་ཏུ་ལྐོག་གྱུར་གསུམ་མོ། །མཚན་ཉིད་རིམ་པ་ལྟར། རྟོགས་པ་པོའི་མངོན་སུམ་དང༌། རྗེས་དཔག་མཚན་ཉིད་པས་དང༌། ལུང་ཙམ་གྱིས་གྲུབ་པའི་དོན་ཞེས་པའོ། །ཞེས་གསུངས་སོ། །ཡང་ཡུལ་ལ་དབྱེ་ན། ཕུང་པོ་ཁམས་སྐྱེ་མཆེད་དང་གསུམ། དེ་དག་གི་མཚན་ཉིད་སོགས་ནི། གཏན་ཚིགས་རིགས་པའི་དོན་བསྡུས་ལས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་མཚན་ཉིད་རིམ་པ་ལྟར་དུ་མ་སྤུངས་པའི་དངོས་པོ་དང༌། རིགས་ཀྱི་དོན་བྱེད་པ་དང༌། རྣམ་ཤེས་སྐྱེ་བའི་སྒོར་གྱུར་པ་ཞེས་པའོ། ། དང་པོ་ཕུང་པོ་ནི་ལྔ་སྟེ། གཟུགས་ཀྱི་ཕུང་པོ་དང༌། ཚོར་བའི་དང༌། འདུ་ཤེས་ཀྱི་དང༌། འདུ་བྱེད་ཀྱི་དང༌། རྣམ་པར་ཤེས་པའི་ཕུང་པོ་དང་ལྔའོ། ། མཚན་ཉིད་རིམ་པ་ལྟར། དུ་མ་སྤུངས་པ་གང་ཞིག འབྱུང་བ་བཞིའམ་འབྱུང་བཞི་རྒྱུར་བྱས་པའི་བེམ་དངོས་དང༌། གང་ཞིག རང་ཡུལ་ཉམས་སུ་མྱོང་བའི་སེམས་བྱུང་དང༌། གང་ཞིག ཡུལ་ལ་ཚད་མར་འཛིན་པའི་སེམས་བྱུང་དང༌། གང་ཞིག གཟུགས་སེམས་ཚོར་འདུ་བཞི་ལས་གཞན་དུ་གྱུར་བའི་འདུས་བྱས་དང༌། གང་ཞིག དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་པ་ཞེས་པའོ། །དབྱེ་ན། དང་པོ་ལ། དབང་པོ་ལྔ་དང༌། དོན་ལྔ་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་བཅུ་གཅིག་གོ །གཉིས་པ་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་མོ། །གསུམ་པ་ཆུང་ངུ་དང་རྒྱ་ཆེན་པོར་གྱུར་བ་དང་ཚད་མེད་པ་གསུམ་མོ། །བཞི་བ་ལ་ལྡན་པའི་འདུ་བྱེད་རྣམས་དང༌། ལྡན་པ་མ་ཡིན་པའི་འདུ་བྱེད་གཉིས་སོ། ། ལྔ་བ་རྣམ་ཤེས་ཚོགས་དྲུག་གམ་བརྒྱད་དེ་སྔ་མ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། མཚན་ཉིད་དེ་དག་དང་དབྱེ་བ་ལ་ཅུང་ཟད་ཞིབ་ཆ་དགོས་སོ། །རང་རིག་འདུ་བྱེད་ཀྱི་ཕུང་པོའི་ནང་དུ་འདུས་ཀྱང་མཚུངས་ལྡན་འདུ་བྱེད་དང་མཚུངས་ལྡན་མ་ཡིན་པའི་འདུ་བྱེད་གང་ཡིན་མཁས་པ་རྣམས་བཞེད་པ་མི་འཐུན་མོད། བདག་གི་རྣམ་པར་རྟོག་པ་ལ་ཕུང་པོ་ལྔའི་རྣམ་བཞག་གཙོ་ཆེར་འཁོར་ལོ་དང་པོའི་སྐབས་སུ་གསུངས་ལ། འཁོར་ལོ་དང་པོའི་སྐབས་སུ་རང་རིག་གསལ་བར་མ་བསྟན་ལ། དེའི་དབང་དུ་བྱས་ན་རང་རིག་ཕུང་པོ་གང་ཡིན་དཔྱད་མི་དགོས་ལ། བཀའ་འཁོར་ལོ་ཐ་མའི་དགོངས་འགྲེལ་རྣམས་ལས་རང་རིག་གསུངས་པས་དེ་ལྟར་ན་རང་རིག་མཚུངས་པར་ལྡན་པ་མ་ཡིན་པའི་འདུ་བྱེད་ཡིན་ཀྱང་གཟུགས་ཤེས་གང་རུང་མ་ཡིན་པའི་ལྡན་མིན་མ་ཡིན་ནམ་སྙམ། རང་རིག་ཡིན་ན་འདུ་བྱེད་ཀྱི་ཕུང་པོ་ཡིན་པས་མ་ཁྱབ་སྟེ། དོན་དམ་སོ་སོར་རང་རིག་པའི་ཡེ་ཤེས་གཞི་གྲུབ་པའི་ཕྱིར། ལྡན་མིན་འདུ་བྱེད་ཀྱི་མཚན་ཉིད་ཡོད་དེ། གཟུགས་དང་སེམས་དང་སེམས་ལས་བྱུང་བ་གང་རུང་གི་གནས་སྐབས་ལ་བཏགས་པའི་དེ་ཉིད་གཞན་བརྗོད་མེད་པའི་དངོས་པོ་དེ་ཡིན་པའི་ཕྱིར། གཉིས་པ་ཁམས་ལ་དབྱེ་ན། གཟུགས་ཀྱི་ཁམས་དང༌། སྒྲའི་ཁམས་དང། དྲིའི་ཁམས་དང༌། རོའི་ཁམས་དང༌། རེག་བྱའི་ཁམས་དང༌། ཆོས་ཁམས་དང་བཟུང་བ་ཡུལ་གྱི་ཁམས་དྲུག མིག་གི་ཁམས་དང༌། རྣ་བའི་ཁམས་དང༌། སྣའི་ཁམས་དང༌། ལྕེའི་ཁམས་དང༌། ལུས་ཀྱི་ཁམས་དང༌། ཡིད་ཀྱི་ཁམས་ཏེ་རྟེན་དབང་པོའི་ཁམས་དྲུག མིག་གི་རྣམ་པར་ཤེས་པའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཏེ་བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག་དང་བཅོ་བརྒྱད་དོ། །གསུམ་པ་སྐྱེ་མཆེད་ལ་དབྱེ་ན། གཟུགས་ཀྱི་སྐྱེ་མཆེད་ནས་ཆོས་ཀྱི་སྐྱེ་མཆེད་བར་ཕྱིའི་སྐྱེ་མཆེད་དྲུག་དང༌། མིག་གི་སྐྱེ་མཆེད་ནས། ཡིད་ཀྱི་སྐྱེ་མཆེད་བར་ནང་གི་སྐྱེ་མཆེད་དྲུག་སྟེ་བཅུ་གཉིས་སོ། །རྒྱས་པར་ཆོས་མངོན་པ་སོགས་ལས་ཤེས་པར་བྱའོ། །ཡུལ་ཅན་ལ་དབྱེ་ན། གཏན་ཚིགས་རིགས་པའི་དོན་བསྡུས་ལས། ཡུལ་ཅན་ལ་བློ་མིན་པ་དང་ཡིན་པའི་ཡུལ་ཅན་གཉིས་སོ། །དང་པོ་ལ་གང་ཟག་དང་རྗོད་བྱེད་གཉིས་སོ། །ཞེས་གསུངསལ། ལྡན་མིན་འདུ་བྱེད་དུ་གྱུར་བའི་ཡུལ་ཅན་ཡོད་དེ། གང་ཟག་དེ་ཡིན་པའི་ཕྱིར། གཟུགས་སུ་གྱུར་བའི་ཡུལ་ཅན་ཡོད་དེ། དབང་པོ་གཟུགས་ཅན་པ་དང༌། རྗོད་བྱེད་ཀྱི་སྒྲ་དེ་ཡིན་པའི་ཕྱིར། བློ་ཡིན་པའི་ཡུལ་ཅན་ལ། རྟོག་པ་དང་རྟོག་མེད་གཉིས་དང༌། ཚད་མ་དང་ཚད་མིན་གྱི་བློ་གཉིས་དང༌། སེམས་སེམས་བྱུང་གཉིས་དང་གསུམ། དང་པོ་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གཉིས་ཀྱི་མཚན་ཉིད་ནི་རིམ་པ་ལྟར། བརྗོད་བྱ་རྗོད་བྱེད་འདྲེས་རུང་དུ་སྣང་བའི་ཞེན་རིག་དང༌། རང་ཡུལ་གྱི་རྣམ་པ་གསལ་བར་སྣང་བའི་བློའོ། །གཉིས་པ་ཚད་མ་དང་ཚད་མིན་གྱི་ཤེས་པའི་མཚན་ཉིད་རིམ་པ་ལྟར། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ་དང༌། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བ་མིན་པའི་ཤེས་པའོ། །དང་པོ་ལ་དབྱེ་ན། མངོན་སུམ་ཚད་མ་དང༌། རྗེས་དཔག་ཚད་མ་གཉིས། དེ་གཉིས་ཀའི་མཚན་ཉིད་ནི་རིམ་པ་ལྟར། རྟོག་པ་དང་བྲལ་ཞིང་འཕྲལ་རྐྱེན་གྱིས་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་ཤེས་པ་དང༌། ཚུལ་གསུམ་པའི་རྟགས་ལས་རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་བསླུ་བའི་ཤེས་པའོ། །དང་པོ་ལ་མངོན་སུམ་ཡང་དག་དང་མངོན་སུམ་ལྟར་སྣང་གཉིས། དང་པོ་ལ། དབང་པོའི་མངོན་སུམ་ཚད་མ་དང༌། ཡིད་ཀྱི་དང༌། རང་རིག་དང༌། རྣལ་འབྱོར་མངོན་སུམ་ཚད་མ་དང་བཞི། མཚན་ཉིད་ནི་རིམ་པ་ལྟར། རྟོག་པ་དང་བྲལ་ཞིང་འཕྲལ་རྐྱེན་གྱིས་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་དབང་པོའི་ཤེས་པ་དང༌། རྟོག་པ་དང་བྲལ་ཞིང་འཕྲལ་རྐྱེན་གྱིས་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་ཡིད་ཀྱི་ཤེས་པ་དང༌། རྟོག་པ་དང་བྲལ་ཞིང་འཕྲལ་རྐྱེན་གྱིས་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་ཁ་ནང་ལྟས་ཀྱི་ཤེས་པ་དང༌། རང་གི་བདག་རྐྱེན་ཞི་ལྷག་ཟུང་འབྲེལ་ལ་བརྟེན་ནས་རང་ཡུལ་ཡང་དག་པའི་དོན་ལ་རྟོག་པ་དང་བྲལ་ཞིང་འཕྲལ་རྐྱེན་གྱིས་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་ཤེས་པའོ། །དང་པོ་ལ་མིག་གི་མངོན་སུམ་ཚད་མ་སོགས་ལྔའོ། །མཚན་ཉིད་ནི་རིམ་པ་ལྟར། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མིག་དབང་ལ་བརྟེན་ནས་རྟོག་པ་དང་བྲལ་ཞིང་འཕྲལ་རྐྱེན་གྱིས་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་ཤེས་པ་ཞེས་སོགས་འདོན་པ་བསྒྱུར་རོ། །གཉིས་པ་མངོན་སུམ་ལྟར་སྣང་གི་མཚན་ཉིད་ནི། གཏན་ཚིགས་རིགས་པའི་དོན་བསྡུས་ལས། མངོན་སུམ་ལྟར་སྣང་ལ་མཚན་ཉིད། རང་གི་སྣང་ཡུལ་ལ་འཁྲུལ་བའི་བློ། དབྱེ་ན་རྟོག་པ་དང་རྟོག་མེད་མངོན་སུམ་ལྟར་སྣང་གཉིས་སོ། །མཚན་ཉིད་ནི་རིམ་པ་ལྟར། རང་གི་སྣང་ཡུལ་ལ་འཁྲུལ་བའི་ཞེན་བློ་དང༌། རང་གི་བདག་རྐྱེན་དབང་པོ་སླད་པ་ལས་སྐྱེས་པའི་ཞེན་བྲལ་གྱི་བློའོ། །དབྱེ་ན། དང་པོ་ལ། འཁྲུལ་དང་ཀུན་རྫོབ་ཤེས་པ་དང༌། །རྗེས་དཔག་རྗེས་སུ་དཔག་ལས་བྱུང༌། །དྲན་དང་མངོན་འདོད་ཅེས་བྱའོ། །ཞེས་པ་ལྟར་དྲུག་གོ །གཉིས་པ་ལ་ཡིད་ཤེས་དང༌། དབང་ཤེས་ཀྱི་དབང་གིས་གཉིས་སོ། །ཞེས་གསུངས་སོ། །གཉིས་པ་རྗེས་དཔག་ཚད་མ་ལ་དབྱེ་ན་གསུམ་ཡོད་དེ། དངོས་སྟོབས་རྗེས་དཔག་ཚད་མ་དང༌། གྲགས་པའི་རྗེས་དཔག་ཚད་མ་དང༌། ཡིད་ཆེས་ཀྱི་རྗེས་དཔག་དང་གསུམ་ཡོད་པའི་ཕྱིར། དངོས་སྟོབས་རྗེས་དཔག་ཚད་མ་བཞག་ཏུ་ཡོད་དེ། སྡུག་བདེན་མི་རྟག་པ་རྟོགས་པའི་རྗེས་དཔག་ལྟ་བུའོ། །གཉིས་པ་གྲགས་པའི་རྗེས་དཔག་བཞག་ཏུ་ཡོད་དེ། རི་བོང་ཅན་ལ་ཟླ་བ་ཞེས་བརྗོད་པའི་སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་ཚད་མ་ལྟ་བུའོ། །ཡིད་ཆེས་རྗེས་དཔག་ཚད་མ་བཞག་ཏུ་ཡོད་དེ། ལུང་གི་ཚད་མ་དེ་ཡིན་པའི་ཕྱིར། གཉིས་པ་ཚད་མིན་ལ་དབྱེ་ན། མ་རྟོགས་ལོག་རྟོག་ཐེ་ཚོམ་དཔྱད་ཤེས་དང་བཞི། མ་རྟོགས་པའི་བློའི་མཚན་ཉིད། རང་ཡུལ་ལ་ངེས་པ་འདྲེན་མི་ནུས་པའི་བློ། ལོག་རྟོག་གི་མཚན་ཉིད་ཡོད་དེ། དེ་མ་ཡིན་ལ་དེར་ཞེན་པའི་བློ། ཐེ་ཚོམ་གྱི་བློའི་མཚན་ཉིད། རང་ཡུལ་གཏན་ལ་མ་ཕབ་པར་ཡིད་གཉིས་གྱུར་བའི་བློ། དཔྱད་ཤེས་ཀྱི་མཚན་ཉིད། རང་གི་ཚད་མ་སྔ་མའི་བཟུང་ཟིན་གྱི་དོན་ལ་བསྣན་ནས་འཇུག་པའི་ཤེས་པ་དེའོ། །གསུམ་པ་སེམས་སེམས་བྱུང་གཉིསཀྱི་མཚན་ཉིད་ནི། ། གཏན་ཚིགས་དོན་བསྡུས་ལས། སེམས་སེམས་བྱུང་གི་མཚན་ཉིད་ནི་རིམ་པ་ལྟར། དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་ཅིང་དོན་གྱི་ཁྱད་པར་གཞན་སྟོབས་ཀྱིས་རིག་པའི་བློ་དང༌། དོན་གྱི་ཁྱད་པར་རང་སྟོབས་ཀྱིས་རིག་ཅིང་དོན་གྱི་ངོ་བོ་གཞན་སྟོབས་ཀྱིས་རིག་པའི་བློ་ཞེས་པའོ། །ཞེས་གསུངས་པའི་ཕྱིར། ས་བཟང་གི་ཀུན་བཏུས་འགྲེལ་བ་ལྟར་ན་མཚན་ཉིད་དེ་གཉིས་ལ་ཞིབ་ཆ་དགོས་སོ། །དང་པོ་སེམས་ལ་དབྱེ་ན། མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་བར་རྣམ་ཤེས་ཚོགས་དྲུག་དང༌། ཀུན་གཞིའི་རྣམ་ཤེས་དང་ཉོན་ཡིད་དང་བརྒྱད་དོ། །མིག་གི་རྣམ་པར་ཤེས་པའི་མཚན་ཉིད་ཡོད་དེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མིག་དབང་ལ་བརྟེན་ནས་གཟུགས་ཀྱི་སྐྱེ་མཆེད་ཀྱི་ངོ་བོ་མཐོང་བའི་གཙོ་སེམས་དེ་ཡིན་པའི་ཕྱིར། རྣ་བའི་རྣམ་པར་ཤེས་པ་སོགས་གཞན་ལྔ་ལ་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་རྣ་བའི་དབང་པོ་དང༌། སྣ་དབང་དང༌། ལྕེ་དབང་དང༌། ལུས་དབང་དང༌། ཡིད་དབང་ཞེས་སོགས་རིགས་འགྲེས་སྦྱར། ཀུན་གཞི་རྣམ་པར་ཤེས་པའི་མཚན་ཉིད་ཡོད་དེ། རང་གི་ངོ་བོ་མ་བསྒྲིབས་ལུང་མ་བསྟན་གྱི་བག་ཆགས་བགོ་བའི་གཞིར་གྱུར་བའི་འཁོར་ཀུན་འགྲོ་ལྔ་ཁོ་ན་དང་མཚུངས་པར་ལྡན་པའི་རྣམ་སྨིན་རྣམ་ཤེས་དེ་ཡིན་པའི་ཕྱིར། ཉོན་ཡིད་ཀྱི་མཚན་ཉིད་ཡོད་དེ། རང་གི་ངོ་བོ་བསྒྲིབས་ལུང་མ་བསྟན་དམིགས་པ་ཀུན་གཞི་ལ་དམིགས་ནས་བདག་ཏུ་རློམ་སེམས་ཀྱི་འཁོར་ཉོན་མོངས་པ་བཞི་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་དེ་ཡིན་པའི་ཕྱིར། གཉིས་པ་སེམས་བྱུང་ལ་དབྱེ་ན་ལྔ་བཅུ་རྩ་གཅིག་སྟེ། སྡོམ་ནི། གཏན་ཚིགས་རིགས་པའི་དོན་བསྡུས་ལས། ཚོར་བ་འདུ་ཤེས་སེམས་པ་དང༌། །རེག་པ་ཡིད་བྱེད་ཀུན་འགྲོ་ལྔའོ། །འདུན་མོས་དྲན་དང་ཏིང་འཛིན་དང༌། །ཤེས་རབ་ཅེས་བྱ་ཡུལ་ངེས་ལྔའོ། །དད་དང་ཁྲེལ་ཡོད་ངོ་ཚ་ཤེས། །བརྩོན་འགྲུས་ཤིན་ཏུ་སྦྱངས་བ་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་མེད། །བག་ཡོད་བཏང་སྙོམས་རྣམ་མི་འཚེ། །དེ་རྣམས་བཅུ་གཅིག་དགེ་བའོ། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང༌། །མ་རིག་ཐེ་ཚོམ་ལྟ་བ་སྟེ། །དེ་དྲུག་རྩ་བའི་ཉོན་མོངས་སོ། །ཁྲོ་བ་འཁོན་འཛིན་འཆབ་པ་དང༌། །འཚིག་པ་ཕྲག་དོག་སེར་སྣ་དང༌། །གཡོ་སྒྱུ་རྒྱགས་པ་རྣམ་འཚེ་དང༌། །ངོ་ཚ་མེད་དང་ཁྲེལ་མེད་དང༌། །རྨུགས་དང་རྒོད་དང་མ་དད་དང༌། །ལེ་ལོ་བག་མེད་བརྗེད་ངས་དང༌། ཤེས་བཞིན་མ་ཡིན་རྣམ་གཡེང་སྟེ། །ཉི་ཤུ་ཉེ་བའི་ཉོན་མོངས་སོ། །གཉིད་དང་འགྱོད་དང་རྟོག་དཔྱོད་དེ། །བཞི་ནི་གཞན་དུ་འགྱུར་བའོ། །དེ་ལྟར་སེམས་བྱུང་ལྔ་བཅུ་གཅིག །དམིགས་རྣམ་རྫས་དུས་རྟེན་དང་ལྔས། །སེམས་དང་སེམས་བྱུང་མཚུངས་ལྡན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ལྟ་བ་ལ་དབྱེ་ན་ལྔ་སྟེ། འཇིག་ལྟ་དང༌། མཐར་ལྟ་དང༌། ལོག་ལྟ་དང༌། ལྟ་བ་མཆོག་འཛིན་དང༌། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་དང་ལྔ་ཡོད་པའི་ཕྱིར་རོ། །

གསུམ་པ་དེ་ལ་རྩོད་པ་སྤོང་བ།

གསུམ་པ་དེ་ལ་རྩོད་པ་སྤོང་བ་ལ།

གཟུགས་ཀྱི་སྐྱེ་མཆེད་ཆོས་ཅན། རྣམ་མཁྱེན་གྱིས་དངོས་སུ་རྟོགས་པར་བྱ་བ་ཡིན་པར་ཐལ། མངོན་སུམ་ཚད་མའི་དངོས་སུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། གཟུགས་ཀྱི་སྐྱེ་མཆེད་ཆོས་ཅན། མངོན་སུམ་ཚད་མའི་དངོས་སུ་རྟོགས་པར་བྱ་བ་ཡིན་པར་ཐལ། དབང་མངོན་གྱི་དངོས་སུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར། མ་གྲུབ་ན། གཟུགས་ཀྱི་སྐྱེ་མཆེད་ཆོས་ཅན། དབང་མངོན་གྱི་དངོས་སུ་རྟོགས་པར་བྱ་བ་ཡིན་པར་ཐལ། མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར། མ་གྲུབ་ན། གཟུགས་ཀྱི་སྐྱེ་མཆེད་ཆོས་ཅན། མིག་ཤེས་ཀྱི་བཟུང་བྱ་ཡིན་པར་ཐལ། གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། ཁྱབ་སྟེ། མིག་ཤེས་ཀྱི་བཟུང་བྱ་དེ་གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། གདམས་ངག་གི་མཆོག་རྟག་ཏུ་རང་སེམས་ལ་ལྟ་བ་ཡིན། ཞེས་པའི་ལུང་ཆོས་ཅན། ཚད་མ་ཡིན་པར་ཐལ། ལུང་གི་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ལུང་གི་ཚད་མ་ཡིན་པར་ཐལ། ལུང་ཚད་མ་ཡིན་པའི་ཕྱིར་ན་མ་ཁྱབ། གདམས་ངག་གི་མཆོག་རྟག་ཏུ་རང་སེམས་ལ་ལྟ་བ་ཡིན། ཞེས་པའི་ལུང་ཆོས་ཅན། ལུང་ཚད་མ་ཡིན་པར་ཐལ། བསྟན་བཅོས་རྣམ་དག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཉན་རང་དགྲ་བཅོམ་པའི་རྒྱུད་ཀྱི་ཆོས་བདག་ཏུ་གྲུབ་བམ་མ་གྲུབ་སྙམ་པའི་རྩེ་གཉིས་པའི་བློ་ཆོས་ཅན། ཐེ་ཚོམ་ཡིན་པར་ཐལ། རང་ཡུལ་གཏན་ལ་མ་ཕབ་པར་ཡིད་གཉིས་གྱུར་བའི་བློ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྩ་ཉོན་ཡིན་པར་ཐལ། ཐེ་ཚོམ་ཡིན་པའི་ཕྱིར་ན་གཏན་ཚིགས་རིགས་པའི་དོན་བསྡུས་དང་ས་བཟང་གི་ཀུན་བཏུས་འགྲེལ་བ་ལྟར་ན་མ་ཁྱབ་སྙམ། ཁྱབ་སྟེ། རྩ་ཉོན་དྲུག་གྲངས་འདྲེན་ཚེ་ཐེ་ཚོམ་དེ་འདྲེན་དགོས་པའི་ཕྱིར་ཟེར་ན། མ་གྲུབ་སྟེ། རྩ་ཉོན་ཀྱི་ཐེ་ཚོམ་དེ་རྩ་ཉོན་ཡིན་ཀྱང་ཐེ་ཚོམ་དེ་རྩ་ཉོན་མ་ཡིན་ཞེས་བྱ་དགོས་ཏེ། དཔེར་ན་མ་རིག་པ་དེ་རྩ་ཉོན་མ་ཡིན་པར་ཉོན་མོངས་ཅན་གྱི་མ་རིག་པ་རྩ་ཉོན་ཡིན་པ་བཞིན་ཡིན་སྙམ་མོ། །འོན་ཀྱང་གཟུར་གནས་བློ་ལྡན་རྣམས་ཀྱིས་སླར་དཔྱད་པར་བྱའོ།། །།

བརྒྱད་པ་སྤྱི་དང་བྱེ་བྲག་གི་རྣམ་བཞག་བཤད་པ།

བརྒྱད་པ་སྤྱི་དང་བྱེ་བྲག་གི་རྣམ་བཞག་བཤད་པ་ལ།

རྣམ་འགྲེལ་རང་དོན་ལེའུ་ལས། དེ་སྤྱི་ཁྱད་པར་ཞེས་བྱ་བའི། །བྱེ་བྲག་འདི་ནི་བློ་དོན་ལ། །དེ་ཉིད་ལས་གཞན་ལས་ལྡོག་པས། །ཆོས་ཀྱི་བྱེ་བྲག་རབ་ཏུ་བརྟག །ཅེས་དང༌། དེ་ནི་སྤྱི་དང་ཁྱད་པར་གྱི། །རྣམ་སོགས་ཅིར་ཡང་བཟུང་བྱ་མིན། །བྱེ་བྲག་ཁྱད་པར་མང་པོ་རྣམས། །ཞེས་དང༌། མངོན་སུམ་ལེའུ་ལས། གོ་བྱེད་རྗེས་འགྲོ་བ། །སྤྱི་ཡི་ངོ་བོ་ཉིད་དུ་རྟོགས། །ཞེས་པའི་གཞུང་འདི་བྱུང༌། དེའི་མཐའ་དཔྱད་པ་ལ། དགག་བཞག་སྤོང་གསུམ་ལས། དང་པོ་ནི། ཁ་ཅིག་ན་རེ། བདག་ཏུ་མ་གྲུབ་པ་ཡིན་ན་སྤྱི་དང་བྱེ་བྲག་གང་རུང་ཡིན་པས་ཁྱབ་ཟེར་ན། གང་ཟག་གི་བདག་ཆོས་ཅན། སྤྱི་དང་བྱེ་བྲག་གང་རུང་ཡིན་པར་ཐལ། བདག་ཏུ་མ་གྲུབ་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། གང་ཟག་གི་བདག་ཆོས་ཅན། ཡོད་པར་ཐལ། སྤྱི་དང་བྱེ་བྲག་གང་རུང་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།སྤྱི་ཡིན་ན་ཡོད་པ་ཡིན་པས་ཁྱབ་པ་གང་ཞིག བྱེ་བྲག་ཡིན་ན་ཡོད་པ་ཡིན་པས་ཁྱབ་པའི་ཕྱིར། རྟགས་རེ་རེ་ནས་སླ། ཁ་ཅིག་ན་རེ། སྤྱི་ཡིན་ན་བྱེ་བྲག་མ་ཡིན་པས་ཁྱབ་ཟེར་ན། བུམ་པ་ཆོས་ཅན། བྱེ་བྲག་མ་ཡིན་པར་ཐལ། སྤྱི་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བུམ་པ་ཆོས་ཅན། སྤྱི་ཡིན་པར་ཐལ། རང་གི་གསལ་བ་ལ་ཐུན་མོང་དུ་རྗེས་འགྲོ་བྱེད་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། སྤྱི་དང་བྱེ་བྲག་ལ་མཚན་ཉིད་རིམ་པར་ལྟར། རང་གི་གསལ་བ་ལ་ཐུན་མོང་དུ་རྗེས་འགྲོ་བྱེད་པ་དང༌། རིགས་ལྡན་གང་ཞིག ལྡོག་པ་གཉིས་ཀྱི་ཟིན་པའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། བུམ་པ་ཆོས་ཅན། བྱེ་བྲག་ཡིན་པར་ཐལ། ཤེས་བྱའི་བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཤེས་བྱའི་བྱེ་བྲག་ཡིན་པར་ཐལ། ཁྱོད་ཤེས་བྱ་ཡིན། ཁྱོད་ཤེས་བྱ་དང་བདག་གཅིག་འབྲེལ་ཡིན། ཁྱོད་མ་ཡིན་ཞིང་ཤེས་བྱ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། བུམ་པ་ཆོས་ཅན། ཤེས་བྱ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། བུམ་པ་ཆོས་ཅན། ཤེས་བྱ་དང་བདག་གཅིག་འབྲེལ་ཡིན་པར་ཐལ། ཤེས་བྱ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད། ཤེས་བྱ་མེད་ན་ཁྱོད་མེད་དགོས་པའི་ཕྱིར། རྟགས་ཟུར་དང་པོ་མ་གྲུབ་ན། བུམ་པ་ཆོས་ཅན། ཤེས་བྱ་དང་བདག་ཉིད་གཅིག་ཡིན་པར་ཐལ། ཤེས་བྱར་གྱུར་བའི་གཟུགས་ཡིན་པའི་ཕྱིར། རྟགས་ཟུར་གཉིས་པ་མ་གྲུབ་ན། བུམ་པ་ཆོས་ཅན། ཤེས་བྱ་དང་ཐ་དད་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར། རྟགས་ཟུར་གསུམ་པ་མ་གྲུབ་ན། བུམ་པ་ཆོས་ཅན། ཤེས་བྱ་མེད་ན་ཁྱོད་མེད་དགོས་པར་ཐལ། ཤེས་བྱ་མེད་ལ་ཁྱོད་ཡོད་པ་མི་སྲིད་པའི་ཕྱིར། གོང་གི་རྟགས་གསུམ་པ་མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་མ་ཡིན་ཞིང་ཤེས་བྱ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། རྟག་པ་དེ་ཡང་དེ་ཡིན། ཚེ་མི་རྟག་པ་དེ་ཡང་དེ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་ཀྱི་སྤྱི་ཡིན་ན་གཟུགས་རུང་གི་སྤྱི་ཡིན་པས་ཁྱབ་ཟེར་ན། མཚོན་བྱ་ཆོས་ཅན། གཟུགས་རུང་གི་སྤྱི་ཡིན་པར་ཐལ། གཟུགས་ཀྱི་སྤྱི་ཡིན་པའི་ཕྱིར། །ཁྱབ་པ་ཁས། མ་གྲུབ་ན། མཚོན་བྱ་ཆོས་ཅན། གཟུགས་ཀྱི་སྤྱི་ཡིན་པར་ཐལ། གཟུགས་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། གཟུགས་ཆོས་ཅན། ཁྱོད་མཚོན་བྱའི་བྱེ་བྲག་ཡིན་པར་ཐལ། ཁྱོད་མཚོན་བྱ་ཡིན། ཁྱོད་མཚོན་བྱ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་མཚོན་བྱ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། གཟུགས་ཆོས་ཅན། མཚོན་བྱ་ཡིན་པར་ཐལ། ཁྱོད་ཀྱི་མཚན་ཉིད་ཡོད་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། གཟུགས་ཆོས་ཅན། མཚོན་བྱ་དང་བདག་གཅིག་འབྲེལ་ཡིན་པར་ཐལ། མཚོན་བྱ་དང་བདག་ཉིད་ཅིག་པའི་སྒོ་ནས་ཐ་དད། མཚོན་བྱ་མེད་ན་ཁྱོད་མེད་དགོས་པའི་ཕྱིར། རྟགས་ཟུར་དང་པོ་མ་གྲུབ་ན། གཟུགས་ཆོས་ཅན། མཚོན་བྱ་དང་བདག་ཉིད་གཅིག་ཡིན་པར་ཐལ། མཚོན་བྱར་གྱུར་བའི་ཆོས་ཅན་ཡིན་པའི་ཕྱིར། རྟགས་ཟུར་གཉིས་པ་སླ། རྟགས་ཟུར་གསུམ་པ་མ་གྲུབ་ན། གཟུགས་ཆོས་ཅན། མཚོན་བྱ་མེད་ན་ཁྱོད་མེད་དགོས་པར་ཐལ། མཚོན་བྱ་མེད་ལ་ཁྱོད་ཡོད་པ་མི་སྲིད་པའི་ཕྱིར། གོང་གི་རྟགས་གསུམ་པ་མ་གྲུབ་ན། གཟུགས་ཆོས་ཅན། ཁྱོད་མ་ཡིན་ཞིང་མཚོན་བྱ་ཡིན་པའི་གཞི་མཐུན་པ་དུ་མ་ཡོད་པར་ཐལ། ཡོད་པ་དེ་ཡང་དེ་ཡིན། ཤེས་བྱ་དེ་ཡང་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། མཚོན་བྱ་ཆོས་ཅན། གཟུགས་རུང་ཁྱོད་ཀྱི་བྱེ་བྲག་ཡིན་པར་ཐལ། ཁྱོད་གཟུགས་རུང་གི་སྤྱི་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། གཟུགས་རུང་ཆོས་ཅན། ཁྱོད་མཚོན་བྱ་ཡིན། ཁྱོད་མཚོན་བྱ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་མཚོན་བྱ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། ཁྱོད་མཚོན་བྱའི་བྱེ་བྲག་ཡིན་པའི་ཕྱིར། རྟགས་ཁས། གཟུགས་རུང་ཆོས་ཅན། ཁྱོད་མཚོན་བྱ་ཡིན་པར་ཐལ། ཁྱོད་མཚོན་བྱ་ཡིན། ཁྱོད་མཚོན་བྱ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་མཚོན་བྱ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་ཁས། འདོད་ན། གཟུགས་རུང་ཆོས་ཅན། མཚན་ཉིད་མ་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཟུགས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དངོས་པོའི་སྤྱི་ཡིན་ན་མི་རྟག་པའི་སྤྱི་ཡིན་པས་ཁྱབ་ཟེར་ན། མི་རྟག་པ་དང་ཐ་དད་ཆོས་ཅན། མི་རྟག་པའི་སྤྱི་ཡིན་པར་ཐལ། དངོས་པོའི་སྤྱི་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། མི་རྟག་པ་དང་ཐ་དད་ཆོས་ཅན། དངོས་པོའི་སྤྱི་ཡིན་པར་ཐལ། དངོས་པོ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། རྩ་བར་འདོད་ན། མི་རྟག་པ་དང་ཐ་དད་ཆོས་ཅན། མི་རྟག་པའི་སྤྱི་མ་ཡིན་པར་ཐལ། མི་རྟག་པ་ཁྱོད་ཀྱི་བྱེ་བྲག་མ་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པ་ཆོས་ཅན། མི་རྟག་པ་དང་ཐ་དད་ཀྱི་བྱེ་བྲག་མ་ཡིན་པར་ཐལ། མི་རྟག་པ་དང་ཐ་དད་མ་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པ་ཆོས་ཅན། ཁྱོད་ཁྱོད་དང་ཐ་དད་མ་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སྤྱིའི་སྤྱི་ཡང་ཡིན། བྱེ་བྲག་གི་བྱེ་བྲག་ཡང་ཡིན་པའི་གཞི་མཐུན་པ་མེད་ཟེར་ན། དེ་ཡོད་པར་ཐལ། མཚོན་བྱ་དེ་ཡིན་པའི་ཕྱིར། མ་གྲུབ་ན། མཚོན་བྱ་ཆོས་ཅན། ཁྱོད་སྤྱིའི་སྤྱི་ཡང་ཡིན། བྱེ་བྲག་གི་བྱེ་བྲག་ཀྱང་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ། ཁྱོད་སྤྱིའི་སྤྱི་ཡིན་པ་གང་ཞིག བྱེ་བྲག་གི་བྱེ་བྲག་ཀྱང་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། མཚོན་བྱ་ཆོས་ཅན། ཁྱོད་སྤྱིའི་སྤྱི་ཡིན་པར་ཐལ། སྤྱི་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། སྤྱི་ཆོས་ཅན། ཁྱོད་མཚོན་བྱའི་བྱེ་བྲག་ཡིན་པར་ཐལ། ཁྱོད་མཚོན་བྱ་ཡིན། ཁྱོད་མཚོན་བྱ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་མཚོན་བྱ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་གཉིས་སྔ་མ་རྣམས་དང་རིགས་འགྲེ་སྦྱར་ན་སླ། རྟགས་གསུམ་པ་མ་གྲུབ་ན། སྤྱི་ཆོས་ཅན། ཁྱོད་མ་ཡིན་ཞིང་མཚོན་བྱ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། བུམ་པ་དང་གཅིག་དེ་ཡང་དེ་ཡིན། མི་རྟག་པ་དང་གཅིག་དེ་ཡང་དེ་ཡིན་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། མཚོན་བྱ་ཆོས་ཅན། བྱེ་བྲག་གི་བྱེ་བྲག་ཡིན་པར་ཐལ། ཁྱོད་བྱེ་བྲག་ཡིན། ཁྱོད་བྱེ་བྲག་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་བྱེ་བྲག་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། མཚོན་བྱ་ཆོས་ཅན། བྱེ་བྲག་ཡིན་པར་ཐལ། ཤེས་བྱའི་བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། མཚོན་བྱ་ཆོས་ཅན། ཤེས་བྱའི་བྱེ་བྲག་ཡིན་པར་ཐལ། ཁྱོད་ཤེས་བྱ་ཡིན། ཁྱོད་ཤེས་བྱ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་ཤེས་བྱ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་རེ་རེ་ནས་སླ། རྟགས་གཉིས་པ་མ་གྲུབ་ན། མཚོན་བྱ་ཆོས་ཅན། བྱེ་བྲག་དང་བདག་གཅིག་འབྲེལ་ཡིན་པར་ཐལ། བྱེ་བྲག་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་བྱེ་བྲག་མེད་ན་ཁྱོད་མེད་དགོས་པའི་ཕྱིར། རྟགས་གསུམ་པ་མ་གྲུབ་ན། མཚོན་བྱ་ཆོས་ཅན། ཁྱོད་མ་ཡིན་ཞིང་བྱེ་བྲག་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། དོན་བྱེད་ནུས་པ་དེ་ཡང་དེ་ཡིན། སྐད་ཅིག་མ་དེ་ཡང་དེ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་པ་ཡོད་ཟེར་ན། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་པ་མེད་པར་ཐལ། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་མེད་པའི་ཕྱིར། མ་གྲུབ་ན། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་མེད་པར་ཐལ། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་བྱེ་བྲག་མ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་བྱེ་བྲག་མ་ཡིན་པར་ཐལ། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཤེས་བྱའི་བྱེ་བྲག་མ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཆོས་ཅན། ཤེས་བྱའི་བྱེ་བྲག་མ་ཡིན་པར་ཐལ། ཁྱོད་མ་ཡིན་ཞིང་ཤེས་བྱ་ཡིན་པའི་གཞི་མཐུན་པ་དུ་མ་མ་གྲུབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་མ་ཡིན་ཞིང༌། ཤེས་བྱ་ཡིན་པའི་གཞི་མཐུན་པ་དུ་མ་མ་གྲུབ་པའི་ཕྱིར། ཁ་ཅིག་ན་རེ། སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་མེད་ཟེར་ན། དེ་ཡོད་པར་ཐལ། དངོས་པོ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་ཡིན་པར་ཐལ། ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཡིན། ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། རྟགས་གཉིས་པ་སླ། རྟགས་གསུམ་པ་མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་མ་ཡིན་ཞིང༌། སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། གང་ཟག་གི་བདག་མེད་དེ་ཡང་དེ་ཡིན། ཤེས་བྱ་དེ་ཡང་དེ་ཡིན་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

སྤྱིའི་མཚན་ཉིད་ཡོད་དེ། རང་གི་གསལ་བ་ལ་རྗེས་སུ་འགྲོ་བའི་ཆོས་དེ་ཡིན་པའི་ཕྱིར། སྤྱི་དེ་ལ་དབྱེ་ན། དངོས་དང་དངོས་མེད་གཉིས། སྒྲས་བརྗོད་རིགས་ཀྱི་དབྱེ་ན་གསུམ་ཡོད་དེ། ཚོགས་སྤྱི་རིགས་སྤྱི་དོན་སྤྱི་གསུམ་ཡོད་པའི་ཕྱིར། ཚོགས་སྤྱིའི་མཚན་ཉིད་ཡོད་དེ། རང་གི་ཆ་ཤས་དུ་མ་འདུས་པའི་གཟུགས་རགས་པ་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། ཁང་བ་དེ་ཡིན་པའི་ཕྱིར། རིགས་སྤྱིའི་མཚན་ཉིད་ཡོད་དེ། རང་གི་རིགས་ཅན་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་དེ་ཡིན་པའི་ཕྱིར། རིགས་སྤྱི་དང་སྤྱི་དོན་གཅིག་པའོ། །མཚན་གཞི་ནི་ཡོད་དེ། ཤེས་བྱ་དེ་ཡིན་པའི་ཕྱིར། མི་རྟག་པའི་དོན་སྤྱིའི་མཚན་ཉིད་ཡོད་དེ། མི་རྟག་པ་འཛིན་པའི་རྟོག་པ་ལ་མི་རྟག་པ་དང་གཅིག་མ་ཡིན་བཞིན་དུ་གཅིག་ལྟ་བུར་སྣང་བའི་སྒྲོ་བཏགས་ཀྱི་ཆ་དེ་ཡིན་པའི་ཕྱིར། ཡོད་མེད་ཐམས་ཅད་ཀྱི་དོན་སྤྱིའི་མཚན་ཉིད་རིགས་འདྲ།རིགས་སྤྱི་དང་ཚོགས་སྤྱི་གཉིས་ལ་མུ་བཞི་ལས། མུ་དང་པོ་རིགས་སྤྱི་ཡིན་ལ་ཚོགས་སྤྱི་མ་ཡིན་པའི་མུ་ཡོད་དེ། ཡོད་པ་དེ་ཡིན་པའི་ཕྱིར། མུ་གཉིས་པ་ཚོགས་སྤྱི་ཡིན་ལ་རིགས་སྤྱི་མ་ཡིན་པའི་མུ་ཡོད་དེ། ཀྭ་བུམ་གཉིས་སམ། བུམ་པ་དང་གཅིག་ཏུ་གྱུར་བའི་བུམ་པ་དེ་ཡིན་ནོ། །གཉིས་ཀ་ཡིན་པའི་མུ་ཡོད་དེ། བུམ་པ་དེ་ཡིན་པའི་ཕྱིར། གཉིས་ཀ་མ་ཡིན་པའི་མུ་ཡོད་དེ། འཆི་ཚེ་ཕན་ངེས་ཀྱི་ཆོས་ཀྱི་ལྡོག་པ་དེ་ཡིན་པའི་ཕྱིར། བྱེ་བྲག་གི་མཚན་ཉིད་ཡོད་དེ། རིགས་དང་ལྡན་ཞིང་ལྡོག་པ་གཉིས་ཀྱིས་ཟིན་པ་དེ་ཡིན་པའི་ཕྱིར། ཤེས་བྱའི་བྱེ་བྲག་གི་མཚན་ཉིད་ཡོད་དེ། རང་གི་རིགས་ཤེས་བྱ་དང་ལྡན་ཞིང་ལྡོག་པ་གཉིས་ཀྱིས་ཟིན་པ་དེ་ཡིན་པའི་ཕྱིར། གཞན་ལ་རིགས་འགྲེའོ། །

གསུམ་པ་དེ་ལ་རྩོད་སྤོང་ལ།།

གསུམ་པ་དེ་ལ་རྩོད་སྤོང་ལ།

ཁ་ཅིག་ན་རེ། ཁྱོད་ཤིང་གི་སྤྱི་ཡིན་ན་ཤིང་ཁྱོད་ཡིན་པས་མ་ཁྱབ་པར་ཐལ། ཤིང་གི་དོན་སྤྱི་ཤིང་གི་སྤྱི་ཡིན་པ་གང་ཞིག་ཤིང་ཤིང་གི་དོན་སྤྱི་མ་ཡིན་པའི་ཕྱིར་ཟེར་ན། རྟགས་དང་པོ་མ་གྲུབ་སྙམ། ཁ་ཅིག་རྟགས་དང་པོ་དེར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། ཤིང་གི་དོན་སྤྱི་ལྟ་བུ་ཤིང་གི་སྤྱི་ཡིན་ཡང་ཤིང་གི་སྤྱི་མཚན་མིན་པ་དང༌། ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། དེའི་དོན་ནི། ཤིང་གི་སྤྱི་གཞན་སེལ་ལ་དགོངས་པ་འདྲའོ། །ཁོ་ན་རེ། ཤེས་བྱ་དང་གཅིག་དང་བདག་མེད་དང་གཅིག་གང་རུང་ཆོས་ཅན། རིགས་སྤྱི་ཡིན་པར་ཐལ། རང་གི་རིགས་ཅན་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རང་ཉིད་ཡིན་པ་དུ་མ་ལ་རྗེས་སུ་འགྲོ་བའི་ཕྱིར་ན་མ་ཁྱབ་སྙམ། མ་གྲུབ་ན། དེར་ཐལ། རང་ཉིད་ཡིན་པ་དུ་མ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། ཤེས་བྱ་དེ་ཡང་དེ་ཡིན། བདག་མེད་དེ་ཡང་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། ཤེས་བྱ་དང་གཅིག་དང་བདག་མེད་དང་གཅིག་གང་རུང་ཆོས་ཅན། རིགས་སྤྱི་མ་ཡིན་པར་ཐལ། སྤྱི་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རང་གསལ་བ་ལ་རྗེས་སུ་འགྲོ་བའི་ཆོས་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རང་གི་གསལ་བ་མེད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རང་གི་བྱེ་བྲག་མེད་པའི་ཕྱིར་རོ། ། སྤྱི་ཡིན་ན་རང་གི་གསལ་བ་དུ་མ་གྲུབ་པས་ཁྱབ་མ་ཁྱབ་དང༌། རྡུལ་ཕྲ་རབ་བརྒྱ་ཚོགས་སྤྱི་ཡིན་མིན་དཔྱད་པར་བྱའོ།། །།

དགུ་པ་འགལ་འབྲེལ་ཆུང་ངུའི་རྣམ་བཞག་བཤད་པ།

དགུ་པ་འགལ་འབྲེལ་ཆུང་ངུའི་རྣམ་བཞག་བཤད་པ་ལ།

དང་པོ་འགལ་བ་ནི། རྣམ་འགྲེལ་ལས། འགལ་དང་འབྲས་བུ་དག་སྒྲུབ་དང༌། །ཞེས་པའི་འགལ་ཞེས་པ་དང༌། དེ་ཉིད་ལས། གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །འདི་ནི་སྒྲོ་འདོགས་དབེན་པ་ལ། །འཇུག་ཅེས་བྱ་བར་ཤེས་པ་ཡིན། །ཞེས་དང༌། ཚད་མ་གྲུབ་པ་ལས། འགལ་བ་གང་ཡིན་འདིར་བཤད་བྱ། །སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །ཞེས་སོགས་གཞུང་དུ་མ་བྱུང༌། གཉིས་པ་འབྲེལ་བ་ནི། རྣམ་འགྲེལ་ལས། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་དང༌། རང་བཞིན་ལ་ཡང་མེད་མི་འབྱུང༌། །ཡོད་པ་ཙམ་དང་འབྲེལ་བ་ཡིན། །དེ་མེད་ན་ནི་ཡོད་པའི་བདག །མེད་འགྱུར་ཐ་དད་མེད་བཞིན་ནོ། །ཞེས་སོགས་ཀྱི་གཞུང་འདི་བྱུང༌། དེའི་མཐའ་དཔྱད་པ་ལ། དགག་བཞག་སྤོང་གསུམ་ལས། དང་པོ་ནི། ཁ་ཅིག་ན་རེ། འཆི་བ་དང་འགལ་བ་དང་འགལ་བ་ཡིན་ན་འཆི་བ་དང་འགལ་བ་ཡིན་པས་ཁྱབ་ཟེར་ན། འཆི་བ་དང་གཅིག་ཆོས་ཅན། འཆི་བ་དང་འགལ་བར་ཐལ། འཆི་བ་དང་འགལ་བ་དང་འགལ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། འཆི་བ་དང་གཅིག་ཆོས་ཅན། འཆི་བ་དང་འགལ་བ་དང་འགལ་བ་ཡིན་པར་ཐལ། ཁྱོད་འཆི་བ་དང་འགལ་བ་དང་ཐ་དད། ཁྱོད་ཡང་ཡིན་འཆི་བ་དང་འགལ་བ་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར། རྟགས་དང་པོ་སླ། རྟགས་གཉིས་པ་མ་གྲུབ་ན། འཆི་བ་ཆོས་ཅན། ཁྱོད་དང་གཅིག་ཀྱང་ཡིན་ཁྱོད་དང་འགལ་བ་ཡིན་པའི་གཞི་མཐུན་པ་མེད་པར་ཐལ། ཁྱོད་ཡོད་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། འཆི་བ་དང་གཅིག་ཆོས་ཅན། འཆི་བ་དང་འགལ་བ་མ་ཡིན་པར་ཐལ། འཆི་བ་དང་མི་འགལ་བ་ཡིན་པའི་ཕྱིར། མ་གྲུབ་ན། འཆི་བ་དང་གཅིག་ཆོས་ཅན། འཆི་བ་དང་མི་འགལ་བར་ཐལ། ཁྱོད་ཀྱང་ཡིན་འཆི་བ་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། འཆི་བ་དེ་ཡིན་པའི་ཕྱིར། འཆི་བ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་ཀྱང་ཡིན། ཁྱོད་ཁྱོད་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། ཁ་ཅིག་ན་རེ། འདོད་ཆུང་ཆོག་ཤེས་དང་འགལ་བ་ཡིན་ན་འདོད་ཆུང་ཆོག་ཤེས་དང་འགལ་བ་དང་འགལ་བ་ཡིན་པས་ཁྱབ་ཟེར་ན། ཆོག་མི་ཤེས་པ་དང་གཅིག་ཆོས་ཅན། འདོད་ཆུང་ཆོག་ཤེས་དང་འགལ་བ་དང་འགལ་བ་ཡིན་པར་ཐལ། འདོད་ཆུང་ཆོག་ཤེས་དང་འགལ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ཆོག་མི་ཤེས་པ་དང་གཅིག་ཆོས་ཅན། འདོད་ཆུང་ཆོག་ཤེས་དང་འགལ་བ་ཡིན་པར་ཐལ། ཁྱོད་འདོད་ཆུང་ཆོག་ཤེས་དང་ཐ་དད་ཁྱོད་ཀྱང་ཡིན་འདོད་ཆུང་ཆོག་ཤེས་ཀྱང་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར། ཆོག་མི་ཤེས་པ་ཆོས་ཅན། ཁྱོད་དང་གཅིག་ཀྱང་ཡིན། འདོད་ཆུང་ཆོག་ཤེས་ཀྱང་ཡིན་པའི་གཞི་མཐུན་པ་མེད་པར་ཐལ། ཡོད་ན་ཆོག་མི་ཤེས་པ་དེ་ཡིན་དགོས་ལ་མ་ཡིན་པའི་ཕྱིར། རྩ་བར་འདོད་ན། ཆོག་མི་ཤེས་པ་དང་གཅིག་ཆོས་ཅན། འདོད་ཆུང་ཆོག་ཤེས་དང་འགལ་བ་དང་འགལ་བ་མ་ཡིན་པར་ཐལ། འདོད་ཆུང་ཆོག་ཤེས་དང་འགལ་བ་དང་མི་འགལ་བ་ཡིན་པའི་ཕྱིར། མ་གྲུབ་ན། ཆོག་མི་ཤེས་པ་དང་གཅིག་ཆོས་ཅན། འདོད་ཆུང་ཆོག་ཤེས་དང་འགལ་བ་དང་མི་འགལ་བ་ཡིན་པར་ཐལ། ཁྱོད་ཀྱང་ཡིན་འདོད་ཆུང་ཆོག་ཤེས་དང་འགལ་བ་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར། མ་གྲུབ་ན། ཆོག་མི་ཤེས་པ་དང་གཅིག་ཆོས་ཅན། ཁྱོད་ཀྱང་ཡིན་འདོད་ཆུང་ཆོག་ཤེས་དང་འགལ་བ་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ། ཆོག་མི་ཤེས་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། ཆོག་མི་ཤེས་པ་ཆོས་ཅན། ཁྱོད་ཆོག་མི་ཤེས་པ་དང་གཅིག་ཀྱང་ཡིན་འདོད་ཆུང་ཆོག་ཤེས་དང་འགལ་བ་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ། ཁྱོད་ཆོག་མི་ཤེས་པ་དང་གཅིག་ཡིན་པ་གང་ཞིག འདོད་ཆུང་ཆོག་ཤེས་དང་འགལ་བ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ཆོག་མི་ཤེས་པ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། ཆོག་མི་ཤེས་པ་ཆོས་ཅན། འདོད་ཆུང་ཆོག་ཤེས་དང་འགལ་བ་ཡིན་པར་ཐལ། ཁྱོད་འདོད་ཆུང་ཆོག་ཤེས་དང་ཐ་དད། ཁྱོད་ཡང་ཡིན་འདོད་ཆུང་ཆོག་ཤེས་ཀྱང་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར། ཁ་ཅིག་ན་རེ། ཤེས་བྱ་དང་འགལ་བ་དང་འགལ་བ་ཡང་ཡིན། ཤེས་བྱ་དང་མི་འགལ་བ་དང་མི་འགལ་བ་ཡང་ཡིན། ཤེས་བྱ་དང་འབྲེལ་བ་དང་འབྲེལ་བ་ཡང་ཡིན། ཤེས་བྱ་དང་མ་འབྲེལ་བ་དང་མ་འབྲེལ་བ་ཡང་ཡིན་པའི་གཞི་མཐུན་པ་མེད་ཟེར་ན། དེ་ཡོད་པར་ཐལ། ཤེས་བྱ་དང་མ་འབྲེལ་བ་དེ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་དང་མ་འབྲེལ་བ་ཆོས་ཅན། ཁྱོད་ཤེས་བྱ་དང་འགལ་བ་དང་འགལ་བ་ཡང་ཡིན། ཤེས་བྱ་དང་མི་འགལ་བ་དང་མི་འགལ་བ་ཡང་ཡིན། ཤེས་བྱ་དང་འབྲེལ་བ་དང་འབྲེལ་བ་ཡང་ཡིན། ཤེས་བྱ་དང་མ་འབྲེལ་བ་དང་མ་འབྲེལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ། ཁྱོད་ཤེས་བྱ་དང་འགལ་བ་དང་འགལ་བ་ཡིན་པ་གང་ཞིག ཤེས་བྱ་དང་མི་འགལ་བ་དང་མི་འགལ་བ་ཡང་ཡིན། ཤེས་བྱ་དང་འབྲེལ་བ་དང་འབྲེལ་བ་ཡང་ཡིན། ཤེས་བྱ་དང་མ་འབྲེལ་བ་དང་མ་འབྲེལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་དང་མ་འབྲེལ་བ་ཆོས་ཅན། ཤེས་བྱ་དང་འགལ་བ་དང་འགལ་བ་ཡིན་པར་ཐལ། ཁྱོད་ཤེས་བྱ་དང་འགལ་བ་དང་ཐ་དད། ཁྱོད་ཀྱང་ཡིན་ཤེས་བྱ་དང་འགལ་བ་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར། རྟགས་དང་པོ་སླ། རྟགས་གཉིས་པ་མ་གྲུབ་ན། ཤེས་བྱ་དང་མ་འབྲེལ་བ་ཡང་ཡིན། ཤེས་བྱ་དང་འགལ་བ་ཡིན་པའི་གཞི་མཐུན་པ་མེད་པར་ཐལ། ཤེས་བྱ་དང་འགལ་བ་ཡིན་ན་ཤེས་བྱ་དང་འབྲེལ་བ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཤེས་བྱ་དང་ཐ་དད་ཡིན་ན་ཤེས་བྱ་དང་འབྲེལ་བ་ཡིན་པས་ཁྱབ་པའི་ཕྱིར། རྩ་རྟགས་གཉིས་པ་མ་གྲུབ་ན། ཤེས་བྱ་དང་མ་འབྲེལ་བ་ཆོས་ཅན། ཤེས་བྱ་དང་མི་འགལ་བ་དང་མི་འགལ་བ་ཡིན་པར་ཐལ། ཁྱོད་ཡང་ཡིན། ཤེས་བྱ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཤེས་བྱ་དེ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཁྱོད་ཁྱོད་དང་མ་འབྲེལ་བ་ཡང་ཡིན། ཁྱོད་ཁྱོད་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ། ཤེས་བྱ་ཡིན་པའི་ཕྱིར། རྩ་རྟགས་གསུམ་པ་མ་གྲུབ་ན། ཤེས་བྱ་དང་མ་འབྲེལ་བ་ཆོས་ཅན། ཤེས་བྱ་དང་འབྲེལ་བ་དང་འབྲེལ་བ་ཡིན་པར་ཐལ། ཤེས་བྱ་དང་འབྲེལ་བ་དང་བདག་གཅིག་འབྲེལ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་དང་མ་འབྲེལ་བ་ཆོས་ཅན། ཤེས་བྱ་དང་འབྲེལ་བ་དང་བདག་གཅིག་འབྲེལ་ཡིན་པར་ཐལ། ཤེས་བྱའི་བྱེ་བྲག་ཡིན་པའི་ཕྱིར། རྩ་རྟགས་བཞི་བ་མ་གྲུབ་ན། ཤེས་བྱ་དང་མ་འབྲེལ་བ་ཆོས་ཅན། ཁྱོད་ཁྱོད་དང་མ་འབྲེལ་བར་ཐལ། གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བྱམས་པ་དང་ཞེ་སྡང་གཉིས་དང་འགལ་བ་དང་མི་འགལ་བ་ཡང་ཡིན། བྱམས་པ་དང་ཞེ་སྡང་གཉིས་དང་མི་འགལ་བ་དང་འགལ་བ་ཡང་ཡིན། བྱམས་པ་དང་ཞེ་སྡང་གཉིས་དང་འབྲེལ་བ་དང་མ་འབྲེལ་བ་ཡང་ཡིན། བྱམས་པ་དང་ཞེ་སྡང་གཉིས་དང་མ་འབྲེལ་བ་དང་འབྲེལ་བ་ཡང་ཡིན་པའི་གཞི་མཐུན་པ་མེད་ཟེར་ན། དེ་ཡོད་པར་ཐལ། རྟག་པ་དང་གཅིག་དེ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་དང་གཅིག་ཆོས་ཅན། བྱམས་པ་དང་ཞེ་སྡང་གཉིས་དང་འགལ་བ་དང་མི་འགལ་བ་ཡང་ཡིན། བྱམས་པ་དང་ཞེ་སྡང་གཉིས་དང་མི་འགལ་བ་དང་འགལ་བ་ཡང་ཡིན། བྱམས་པ་དང་ཞེ་སྡང་གཉིས་དང་འབྲེལ་བ་དང་མ་འབྲེལ་བ་ཡང་ཡིན། བྱམས་པ་དང་ཞེ་སྡང་གཉིས་དང་མ་འབྲེལ་བ་དང་འབྲེལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ། བྱམས་པ་དང་ཞེ་སྡང་གཉིས་དང་འགལ་བ་དང་མི་འགལ་བ་ཡིན་པ་གང་ཞིག བྱམས་པ་དང་ཞེ་སྡང་གཉིས་དང་མི་འགལ་བ་དང་འགལ་བ་ཡང་ཡིན། བྱམས་པ་དང་ཞེ་སྡང་གཉིས་དང་འབྲེལ་བ་དང་མ་འབྲེལ་བ་ཡང་ཡིན། བྱམས་པ་དང་ཞེ་སྡང་གཉིས་དང་མ་འབྲེལ་བ་འབྲེལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། རྟག་པ་དང་གཅིག་ཆོས་ཅན། བྱམས་པ་དང་ཞེ་སྡང་གཉིས་དང་འགལ་བ་དང་མི་འགལ་བ་ཡིན་པར་ཐལ། ཁྱོད་ཀྱང་ཡིན། བྱམས་པ་དང་ཞེ་སྡང་གཉིས་དང་འགལ་བ་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར། དེར་ཐལ། རྟག་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་ཀྱང་ཡིན། བྱམས་པ་དང་ཞེ་སྡང་གཉིས་དང་འགལ་བ་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ། ཁྱོད་བྱམས་པ་དང་ཞེ་སྡང་གཉིས་དང་འགལ་བ་ཡིན་པའི་ཕྱིར། རྩ་རྟགས་གཉིས་པ་མ་གྲུབ་ན། རྟག་པ་དང་གཅིག་ཆོས་ཅན། བྱམས་པ་དང་ཞེ་སྡང་གཉིས་དང་མི་འགལ་བ་དང་འགལ་བ་ཡིན་པར་ཐལ། ཁྱོད་བྱམས་པ་དང་ཞེ་སྡང་གཉིས་དང་མི་འགལ་བ་དང་ཐ་དད། ཁྱོད་ཀྱང་ཡིན་བྱམས་པ་དང་ཞེ་སྡང་གཉིས་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར། མ་གྲུབ་ན། རྟག་པ་དང་གཅིག་ཆོས་ཅན། ཁྱོད་ཀྱང་ཡིན། བྱམས་པ་དང་ཞེ་སྡང་གཉིས་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་མེད་པར་ཐལ། གལ་ཏེ་ཡོད་ན་རྟག་པ་དེ་ཡིན་དགོས་ལ་མ་ཡིན། དེ་ལས་གཞན་གཅིག་མེད་པའི་ཕྱིར། རྟགས་གཉིས་པ་སླ། རྟགས་དང་པོ་མ་གྲུབ་ན། རྟག་པ་ཆོས་ཅན། ཁྱོད་རྟག་པ་དང་གཅིག་ཀྱང་ཡིན། བྱམས་པ་དང་ཞེ་སྡང་གཉིས་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་མ་ཡིན་པར་ཐལ། ཁྱོད་བྱམས་པ་དང་ཞེ་སྡང་གཉིས་དང་མི་འགལ་བ་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་ཆོས་ཅན། ཁྱོད་བྱམས་པ་དང་ཞེ་སྡང་གཉིས་དང་མི་འགལ་བ་མ་ཡིན་པར་ཐལ། ཁྱོད་བྱམས་པ་དང་ཞེ་སྡང་གཉིས་དང་འགལ་བ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་ཆོས་ཅན། ཁྱོད་བྱམས་པ་དང་ཞེ་སྡང་གཉིས་དང་འགལ་བ་ཡིན་པར་ཐལ། ཁྱོད་བྱམས་པ་དང་ཞེ་སྡང་གཉིས་དང་ཐ་དད། ཁྱོད་ཀྱང་ཡིན་བྱམས་པ་དང་ཞེ་སྡང་གཉིས་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར། རྩ་རྟགས་གསུམ་པ་མ་གྲུབ་ན། རྟག་པ་དང་གཅིག་ཆོས་ཅན། བྱམས་པ་དང་ཞེ་སྡང་གཉིས་དང་འབྲེལ་བ་དང་མ་འབྲེལ་བ་ཡིན་པར་ཐལ། བྱམས་པ་དང་ཞེ་སྡང་གཉིས་དང་འབྲེལ་བ་དང་འབྲེལ་བ་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་དང་གཅིག་ཆོས་ཅན། བྱམས་པ་དང་ཞེ་སྡང་གཉིས་དང་འབྲེལ་བ་དང་འབྲེལ་བ་མ་ཡིན་པར་ཐལ། བྱམས་པ་དང་ཞེ་སྡང་གཉིས་དང་འབྲེལ་བ་མེད་ན་ཁྱོད་མེད་མི་དགོས་པའི་ཕྱིར། མ་གྲུབ་ན། ཞེ་སྡང་གི་དགག་གཞི་ཆོས་ཅན། རྟག་པ་དང་གཅིག་མེད་པར་ཐལ། བྱམས་པ་དང་ཞེ་སྡང་གཉིས་དང་འབྲེལ་བ་མེད་པའི་ཕྱིར། ཁྱབ་པ་ཁས། རྩ་རྟགས་བཞི་བ་མ་གྲུབ་ན། རྟག་པ་དང་གཅིག་ཆོས་ཅན། བྱམས་པ་དང་ཞེ་སྡང་གཉིས་དང་མ་འབྲེལ་བ་དང་འབྲེལ་བ་ཡིན་པར་ཐལ། ཁྱོད་བྱམས་པ་དང་ཞེ་སྡང་གཉིས་དང་མ་འབྲེལ་བ་དང་བདག་གཅིག་འབྲེལ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་དང་གཅིག་ཆོས་ཅན། བྱམས་པ་དང་ཞེ་སྡང་གཉིས་དང་མ་འབྲེལ་བ་དང་བདག་གཅིག་འབྲེལ་ཡིན་པར་ཐལ། བྱམས་པ་དང་ཞེ་སྡང་གཉིས་དང་མ་འབྲེལ་བ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད། བྱམས་པ་དང་ཞེ་སྡང་གཉིས་དང་མ་འབྲེལ་བ་མེད་ན་ཁྱོད་མེད་དགོས་པའི་ཕྱིར། རྟགས་རེ་རེ་ན་སླའོ། །གཉིས་པ་རང་ལུགས་བཤད་པ་ལ། འགལ་བའི་མཚན་ཉིད་ཡོད་དེ། ཐ་དད་ཅིང་གཞི་མཐུན་མི་སྲིད་པ་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། རྟག་མི་རྟག་དང༌། སྣང་མུན་ལྟ་བུའོ། །མི་རྟག་པ་དང་འགལ་བའི་མཚན་ཉིད་ཡོད་དེ། མི་རྟག་པ་དང་ཐ་དད་ཅིང་གཞི་མཐུན་མི་སྲིད་པ་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། ཀྭ་བུམ་གཉིས་དེ་ཡིན་པའི་ཕྱིར། དེས་གཞན་ལ་རིགས་འདྲ་སྦྱར། ཞེ་སྡང་དང་འགལ་བ་དང་འགལ་བའི་མཚན་ཉིད་ཡོད་དེ། ཁྱོད་ཞེ་སྡང་དང་འགལ་བ་དང་ཐ་དད། ཁྱོད་ཀྱང་ཡིན་ཞེ་སྡང་དང་འགལ་བ་ཡིན་པའི་གཞི་མཐུན་པ་མི་སྲིད་པ་དེ་ཡིན་པའི་ཕྱིར། བྱམས་པ་དང་མི་འགལ་དང་འགལ་བའི་མཚན་ཉིད་ཡོད་དེ། ཁྱོད་བྱམས་པ་དང་མི་འགལ་བ་དང་ཐ་དད། ཁྱོད་ཀྱང་ཡིན་བྱམས་པ་དང་མི་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་མི་སྲིད་པ་དེ་ཡིན་པའི་ཕྱིར། མི་འགལ་བའི་མཚན་ཉིད་ཡོད་དེ། ཁྱོད་ཀྱི་ཡིན་པ་ཡོད་པ་དེ་ཡིན་པའི་ཕྱིར། བུམ་པ་དང་མི་འགལ་བའི་མཚན་ཉིད་ཡོད་དེ། ཁྱོད་བུམ་པ་དང་ཐ་མི་དད་དང༌། ཁྱོད་ཡང་ཡིན་བུམ་པ་ཡིན་པའི་གཞི་མཐུན་པ་ཡོད་པ་གང་རུང་དེ་ཡིན་པའི་ཕྱིར། ཀྭ་བུམ་གཉིས་དང་མི་འགལ་བའི་མཚན་ཉིད་ཡོད་དེ། ཀྭ་བུམ་གཉིས་དང་ཐ་མི་དད་དང༌། ཁྱོད་ཀྱང་ཡིན་ཀྭ་བུམ་གཉིས་ཡིན་པའི་གཞི་མཐུན་པ་ཡོད་པ་གང་རུང་དེ་ཡིན་པའི་ཕྱིར། བུམ་པ་དང་འགལ་བ་དང་མི་འགལ་བའི་མཚན་ཉིད་ཡོད་དེ། ཁྱོད་བུམ་པ་དང་འགལ་བ་དང་ཐ་མི་དད་དང༌། ཁྱོད་ཀྱང་ཡིན་བུམ་པ་དང་འགལ་བ་ཡིན་པའི་གཞི་མཐུན་པ་ཡོད་པ་གང་རུང་དེ་ཡིན་པའི་ཕྱིར། བུམ་པ་དང་མི་འགལ་བ་དང་མི་འགལ་བའི་མཚན་ཉིད་ཡོད་དེ། ཁྱོད་བུམ་པ་དང་མི་འགལ་བ་དང་ཐ་མི་དད་དང༌། ཁྱོད་ཀྱང་ཡིན་བུམ་པ་དང་མི་འགལ་བའི་གཞི་མཐུན་པ་ཡོད་པ་གང་རུང་དེ་ཡིན་པའི་ཕྱིར། འབྲེལ་བའི་མཚན་ཉིད་ཡོད་དེ། ཕན་ཚུན་ཐ་དད་ཅིང་དེ་བཀག་སྟོབས་ཀྱིས་དེ་ཁེགས་པ་དེ་ཡིན་པའི་ཕྱིར། གཏན་ཚིགས་དོན་བསྡུས་ལས། འགལ་བ་དང་འབྲེལ་བ་ལ་མཚན་ཉིད་རིམ་པ་ལྟར། མི་མཐུན་པར་གནས་པ་དང༌། ཕན་ཚུན་ཐ་དད་ཅིང་དེ་བཀག་ནས་དེ་ཁེགས་པའོ། །ཞེས་གསུངས་སོ། །དངོས་པོ་དང་འབྲེལ་བའི་མཚན་ཉིད་ཡོད་དེ། ཁྱོད་དངོས་པོ་དང་ཐ་དད། དངོས་པོ་བཀག་སྟོབས་ཀྱིས་ཁྱོད་ལྡོག་པར་ངེས་པ་དེ་ཡིན་པའི་ཕྱིར། དངོས་པོ་དང་འབྲེལ་བ་ལ་དབྱེ་ན་གཉིས་ཡོད་དེ། དངོས་པོ་དང་བདག་གཅིག་འབྲེལ་དང༌། དངོས་པོ་དང་དེ་བྱུང་འབྲེལ་གཉིས་ཡོད་པའི་ཕྱིར། དངོས་པོ་དང་བདག་གཅིག་འབྲེལ་གྱི་མཚན་ཉིད་ཡོད་དེ། དངོས་པོ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད། དངོས་པོ་མེད་ན་ཁྱོད་མེད་དགོས་པ་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། བུམ་པ་དེ་ཡིན་པའི་ཕྱིར། དངོས་པོ་དང་རྟེན་བྱུང་འབྲེལ་གྱི་མཚན་ཉིད་ཡོད་དེ། ཁྱོད་དངོས་པོ་ལ་བརྟེན་ནས་བྱུང་བ་གང་ཞིག དངོས་པོ་མེད་ན་ཁྱོད་མེད་དགོས་པ་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། དངོས་པོའི་ཕྱི་ལོགས་སུ་བྱུང་བ་དེ་ཡིན་པའི་ཕྱིར། དངོས་པོ་གཞན་རྣམས་ལ་རིགས་འགྲེའོ། །

གསུམ་པ་དེ་ལ་རྩོད་པ་སྤོང་བ།

གསུམ་པ་དེ་ལ་རྩོད་པ་སྤོང་བ་ལ།

ཡོད་པ་དང་མེད་པ་གཉིས་ཆོས་ཅན། འགལ་བ་ཡིན་པར་ཐལ། ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ཡོད་པ་དང་མེད་པ་གཉིས་ཆོས་ཅན། ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཡིན་པར་ཐལ། ཐ་དད་གང་ཞིག གཞི་མཐུན་མི་སྲིད་པའི་ཕྱིར་ཟེར་ན། རྟགས་དང་པོ་མ་གྲུབ་སྟེ། དེ་གཉིས་སོ་སོ་བའི་ཆོས་མ་ཡིན་པའི་ཕྱིར། མ་གྲུབ་ན། ཡོད་པ་དང་མེད་པ་གཉིས་ཆོས་ཅན། སོ་སོ་བའི་ཆོས་མ་ཡིན་པར་ཐལ། ཆོས་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དུ་བ་ཆོས་ཅན། རྟེན་བྱུང་འབྲེལ་ཡིན་པར་ཐལ། མེ་དང་རྟེན་བྱུང་འབྲེལ་ཡིན་པའི་ཕྱིར། མ་ཁྱབ་ན། འོ་ན་དུ་བ་ཆོས་ཅན། རྟེན་འབྲེལ་མ་ཡིན་པར་ཐལ། རྟེན་བྱུང་འབྲེལ་མ་ཡིན་པའི་ཕྱིར། རྟགས་ཁས་ཟེར་ན། ཅུང་ཟད་དཔྱད་རྒྱུ་སྣང༌། ཁ་ཅིག་ན་རེ། མི་རྟག་པ་ཆོས་ཅན། བུམ་པ་དང་བདག་གཅིག་འབྲེལ་ཡིན་པར་ཐལ། བུམ་པ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་ཡིན་པའི་ཕྱིར་ན་ཁ་ཅིག་མ་ཁྱབ་ཟེར། མ་གྲུབ་ན། མི་རྟག་པ་ཆོས་ཅན། བུམ་པ་དང་བདག་ཉིད་གཅིག་གི་སྒོ་ནས་ཐ་དད་ཡིན་པར་ཐལ། བུམ་པ་དང་བདག་ཉིད་གཅིག་ཡིན་པ་གང་ཞིག ཐ་དད་ཡིན་པའི་ཕྱིར། རྟགས་རེ་རེ་ནས་གྲུབ་སྟེ། བུམ་པའི་སྤྱི་ཡིན་པའི་ཕྱིར་ན་མ་ཁྱབ་སྙམ། ། རྩ་བར་འདོད་ན། མི་རྟག་པ་ཆོས་ཅན། བུམ་པ་དང་བདག་གཅིག་འབྲེལ་མ་ཡིན་པར་ཐལ། བུམ་པ་མེད་ན་ཁྱོད་མེད་པས་མ་ཁྱབ་པའི་ཕྱིར། ཁ་ཅིག་ན་རེ། བུམ་པ་ཆོས་ཅན། ཁྱོད་ཡང་ཡིན་བུམ་པ་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ། ཁྱོད་བུམ་པ་དང་མི་འགལ་བ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། བུམ་པ་དང་བུམ་པ་གཉིས་ཆོས་ཅན། ཁྱོད་ཀྱི་གཞི་མཐུན་མེད་པར་ཐལ། ཁྱོད་གཅིག་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་བ་ཡོད་པར་ཐལ། ཆོས་དེ་གཉིས་ཀྱི་གཞི་མཐུན་འཇོག་པ་ལ་ཆོས་དེ་གཉིས་ཐ་དད་ཡིན་དགོས་པའི་ཕྱིར་རོ།། །།

བཅུ་བ་མཚན་མཚོན་གྱི་རྣམ་བཞག་བཤད་པ།

བཅུ་བ་མཚན་མཚོན་གྱི་རྣམ་བཞག་བཤད་པ་ལ།

རྣམ་འགྲེལ་མངོན་སུམ་ལེའུ་ལས། བྱ་བ་སྒྲུབ་པར་བྱེད་ཅེས་ཏེ། །ཞེས་པ་ནས། གང་ཡིན་དེ་ནི་དེ་སྒྲུབ་བྱེད། །ཞེས་པའི་བར་དང༌། དེ་ཕྱིར་གཞལ་བྱ་རྟོགས་པ་ཡིས། །སྒྲུབ་བྱེད་གཞལ་བྱའི་རང་བཞིན་ཉིད། །ཅེས་སོགས་ཀྱི་གཞུང་འདི་བྱུང༌། དེའི་མཐའ་དཔྱད་པ་ལ། དགག་བཞག་སྤོང་གསུམ་ལས། དང་པོ་ནི། ཁ་ཅིག་ན་རེ། གཞི་གྲུབ་ན་མཚན་མཚོན་གང་རུང་ཡིན་པས་ཁྱབ་ཟེར་ན། བདག་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་གཉིས་ཆོས་ཅན། མཚན་མཚོན་གང་རུང་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བདག་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་གཉིས་ཆོས་ཅན། གཞི་གྲུབ་པར་ཐལ། ཤེས་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། བདག་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་གཉིས་ཆོས་ཅན། མཚན་མཚོན་གང་རུང་མ་ཡིན་པར་ཐལ། མཚན་ཉིད་མ་ཡིན་པ་གང་ཞིག མཚོན་བྱ་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཆོས་ཅན། མཚན་ཉིད་མ་ཡིན་པར་ཐལ། ཁྱོད་ཀྱི་མཚོན་བྱ་མེད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་མཚོན་བྱ་མེད་པར་ཐལ། ཁྱོད་ཀྱི་བཏགས་ཡོད་ཆོས་གསུམ་མམ་རྣམ་བཞག་ཆོས་གསུམ་ཚང་བ་མེད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་རྣམ་བཞག་ཆོས་གསུམ་མེད་པར་ཐལ། ཁྱོད་ཀྱི་མཚན་གཞི་མེད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་མཚན་གཞི་མེད་པར་ཐལ། ཁྱོད་ཀྱི་ཡིན་པ་མེད་པའི་ཕྱིར། རྩ་རྟགས་གཉིས་པ་མ་གྲུབ་ན། བདག་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་གཉིས་ཆོས་ཅན། མཚོན་བྱ་མ་ཡིན་པར་ཐལ། ཁྱོད་ཀྱི་མཚན་ཉིད་མེད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་མེད་པར་ཐལ། ཁྱོད་ཀྱི་རྫས་ཡོད་ཆོས་གསུམ་མམ་རྣམ་འཇོག་ཆོས་གསུམ་མེད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་རྣམ་འཇོག་ཆོས་གསུམ་མེད་པར་ཐལ། ཁྱོད་ཀྱི་མཚན་གཞི་མེད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར། ཁ་ཅིག་ཁྱོད་ཀྱི་ཡིན་པ་ཡོད་ན། ཁྱོད་མཚན་མཚོན་གང་རུང་ཡིན་པས་ཁྱབ་ཟེར་ན། མི་རྟག་པ་དང་སྐད་ཅིག་མ་གཉིས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། མཚན་ཉིད་མ་ཡིན་པ་གང་ཞིག མཚོན་བྱ་མ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་གྲུབ་སྟེ། ཁྱོད་མཚན་མཚོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ན་བཏགས་ཡོད་ཡིན་པས་ཁྱབ་ཟེར་ན། ཤེས་པ་ཆོས་ཅན། བཏགས་ཡོད་ཡིན་པར་ཐལ། བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། མཚོན་བྱ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྱོད་ཀྱི་མཚན་ཉིད་ཡོད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། བཏགས་ཡོད་མ་ཡིན་པར་ཐལ། རྫས་ཡོད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རང་རྒྱུ་ལས་སྐྱེས་པའི་རིག་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། གསལ་ཞིང་རིག་པའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་ན་མཚན་ཉིད་ཡིན་པས་ཁྱབ་ཟེར་ན། ཤེས་པའི་མཚན་ཉིད་ཆོས་ཅན། མཚན་ཉིད་ཡིན་པར་ཐལ། གསལ་ཞིང་རིག་པའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ཤེས་པའི་མཚན་ཉིད་ཆོས་ཅན། དེར་ཐལ། ཁྱོད་ཡིན་ན་གསལ་ཞིང་རིག་པའི་ལྡོག་པ་ཡིན་པས་ཁྱབ། གསལ་ཞིང་རིག་པའི་ལྡོག་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར། རྩ་བར་འདོད་ན། ཤེས་པའི་མཚན་ཉིད་ཆོས་ཅན། མཚན་ཉིད་མ་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། མཚོན་བྱ་ཡིན་པར་ཐལ། ཁྱོད་ཀྱི་མཚན་ཉིད་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་ཡོད་པར་ཐལ། ཤེས་པའི་རྣམ་འཇོག་ཆོས་གསུམ་ཚང་བ་དེ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་པ་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་ཁྱོད་ཀྱི་རྣམ་འཇོག་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་པར་ཐལ། ཁྱོད་མཚོན་བྱ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དོན་བྱེད་ནུས་པའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་ན་མཚོན་བྱ་ཡིན་པས་ཁྱབ་ཟེར་ན། དངོས་པོའི་རྣམ་འཇོག་ཆོས་གསུམ་ཚང་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྱོད་ཡིན་ན་དོན་བྱེད་ནུས་པའི་ལྡོག་པ་ཡིན་པས་ཁྱབ། དོན་བྱེད་ནུས་པའི་ལྡོག་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར། རྩ་བར་འདོད་ན། དངོས་པོའི་རྣམ་འཇོག་ཆོས་གསུམ་ཚང་བ་ཆོས་ཅན། མཚོན་བྱ་མ་ཡིན་པར་ཐལ། མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། དངོས་པོའི་མཚན་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་ཀྱི་རྣམ་འཇོག་ཆོས་གསུམ་ཚང་བ་ཁྱོད་ཀྱི་མཚན་ཉིད་ཀྱི་མཚན་ཉིད་ཡིན་པར་ཐལ། ཁྱོད་མཚོན་བྱ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་དོན་བྱེད་ནུས་པའི་མཚོན་བྱའི་མཚན་ཉིད་ཡིན་ལ། དོན་བྱེད་ནུས་པའི་རྣམ་བཞག་ཆོས་གསུམ་ཚང་བ་འདྲེན་པའི་ཚེ་ན་སྤྱིར་མཚོན་བྱ་ཡིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། དོན་བྱེད་ནུས་པ་མ་ཡིན་པར་གྱུར་བའི་གཞན་གྱི་མཚོན་བྱ་མ་ཡིན་དང་གསུམ་པོ་དེ་འདྲེན་པ་ཡིན་ཟེར་ན། གཟུགས་ཆོས་ཅན། དོན་བྱེད་ནུས་པའི་མཚོན་བྱ་ཡིན་པར་ཐལ། དོན་བྱེད་ནུས་པའི་རྣམ་བཞག་གི་ཆོས་གསུམ་ཚང་བ་ཡིན་པའི་ཕྱིར། མ་གྲུབ་ན། གཟུགས་ཆོས་ཅན། དོན་བྱེད་ནུས་པའི་རྣམ་བཞག་གི་ཆོས་གསུམ་ཚང་བ་ཡིན་པར་ཐལ། སྤྱིར་མཚོན་བྱ་ཡིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། དོན་བྱེད་ནུས་པ་མ་ཡིན་པར་གྱུར་བའི་གཞན་གྱི་མཚོན་བྱ་མ་ཡིན་པ་དང་གསུམ་པོ་དེ་ཡིན་པ་གང་ཞིག ཁྱོད་ཀྱིས་དེའི་རྣམ་བཞག་ཆོས་གསུམ་འདྲེན་པའི་ཚེ་ན་དེ་ལྟར་དྲངས་པའི་ཕྱིར། རྟགས་ཕྱི་མ་ཁས། རྟགས་དང་པོ་མ་གྲུབ་ན། གཟུགས་ཆོས་ཅན། སྤྱིར་མཚོན་བྱ་ཡིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། དོན་བྱེད་ནུས་པ་མ་ཡིན་པར་གྱུར་བའི་གཞན་གྱི་མཚོན་བྱ་མ་ཡིན་དང་གསུམ་པོ་དེ་ཡིན་པར་ཐལ། སྤྱིར་མཚོན་བྱ་ཡིན་པ་གང་ཞིག རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། དོན་བྱེད་ནུས་པ་མ་ཡིན་པར་གྱུར་བའི་གཞན་གྱི་མཚོན་བྱ་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། གཟུགས་ཆོས་ཅན། མཚོན་བྱ་ཡིན་པར་ཐལ། ཁྱོད་ཀྱི་མཚན་ཉིད་ཡོད་པའི་ཕྱིར། དེར་ཐལ། གཟུགས་རུང་དེ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། གཟུགས་ཆོས་ཅན། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ་ཡིན་པར་ཐལ། རང་གི་མཚན་གཞི་ཡོད་པའི་ཕྱིར། མ་གྲུབ་ན། གཟུགས་ཆོས་ཅན། ཁྱོད་ཀྱི་མཚན་གཞི་ཡོད་པར་ཐལ། ཁ་དོག་དེ་ཡིན་པའི་ཕྱིར། རྟགས་གསུམ་པ་མ་གྲུབ་ན། གཟུགས་ཆོས་ཅན། དོན་བྱེད་ནུས་པ་མ་ཡིན་པར་གྱུར་བའི་གཞན་གྱི་མཚོན་བྱ་མ་ཡིན་པར་ཐལ། དོན་བྱེད་ནུས་པ་མ་ཡིན་པར་གྱུར་བའི་ཁྱོད་ཀྱི་མཚན་ཉིད་འཇོག་རྒྱུ་མེད་པའི་ཕྱིར། རྩ་བར་འདོད་ན། དོན་བྱེད་ནུས་པ་ཆོས་ཅན། ཁྱོད་ཀྱི་མཚོན་བྱ་དོན་མི་གཅིག་པ་དུ་མ་གྲུབ་པར་ཐལ། དངོས་པོ་དེ་ཁྱོད་ཀྱི་མཚོན་བྱ་ཡིན་པ་གང་ཞིག གཟུགས་དེ་ཁྱོད་ཀྱི་མཚོན་བྱ་ཡིན་པའི་ཕྱིར། རྟགས་ཕྱི་མ་ཁས། རྟགས་དང་པོ་མ་གྲུབ་ན། དོན་བྱེད་ནུས་པ་ཆོས་ཅན། དངོས་པོ་ཁྱོད་ཀྱི་མཚོན་བྱ་ཡིན་པར་ཐལ། ཁྱོད་དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར། གོང་དུ་འདོད་ན། དོན་བྱེད་ནུས་པ་ཆོས་ཅན། ཁྱོད་གྱི་མཚོན་བྱ་དོན་མི་གཅིག་པ་དུ་མ་མ་གྲུབ་བར་ཐལ། ཁྱོད་མཚན་ཉིད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དོན་བྱེད་ནུས་པའི་རྣམ་བཞག་ཆོས་གསུམ་གང་རུང་ཡིན་ན་བློས་ཡུལ་དུ་བྱ་རུང་གི་རྣམ་བཞག་ཆོས་གསུམ་གང་རུང་མ་ཡིན་པས་ཁྱབ་ཟེར་ན། སྤྱིར་མཚོན་བྱ་ཡིན་པ་ཆོས་ཅན། བློས་ཡུལ་དུ་བྱ་རུང་གིརྣམ་བཞག་ཆོས་གསུམ་གང་རུང་མ་ཡིན་པར་ཐལ། དོན་བྱེད་ནུས་པའི་རྣམ་བཞག་ཆོས་གསུམ་གང་རུང་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། སྤྱིར་མཚོན་བྱ་ཡིན་པ་ཆོས་ཅན། དོན་བྱེད་ནུས་པའི་རྣམ་བཞག་ཆོས་གསུམ་གང་རུང་ཡིན་པར་ཐལ། དོན་བྱེད་ནུས་པའི་རྣམ་བཞག་ཆོས་གསུམ་པོ་འདྲེན་པའི་ཚེ་ན་ཁྱོད་གཅིག་ལ་འདྲེན་དགོས་པའི་ཕྱིར། ཁ་ཅིག་ན་རེ། རི་བོང་རྭའི་རྣམ་འཇོག་ཆོས་གསུམ་མ་ཚང་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡང་ཡིན། མཚན་ཉིད་ཡིན་པའི་གཞི་མཐུན་པ་མེད་ཟེར་ན། དེ་ཡོད་པར་ཐལ། རི་བོང་རྭའི་མཚན་ཉིད་མ་ཡིན་པའི་རྣམ་འཇོག་ཆོས་གསུམ་ཚང་བ་དེ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭའི་མཚན་ཉིད་མ་ཡིན་པའི་རྣམ་འཇོག་ཆོས་གསུམ་ཚང་བ་ཆོས་ཅན། ཁྱོད་རི་བོང་རྭའི་རྣམ་འཇོག་ཆོས་གསུམ་མ་ཚང་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡང་ཡིན། མཚན་ཉིད་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ། ཁྱོད་རི་བོང་རྭའི་རྫས་ཡོད་ཆོས་གསུམ་མ་ཚང་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པ་གང་ཞིག མཚན་ཉིད་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། རི་བོང་རྭའི་མཚན་ཉིད་མ་ཡིན་པའི་རྣམ་འཇོག་ཆོས་གསུམ་ཚང་བ་ཆོས་ཅན། ཁྱོད་རི་བོང་རྭའི་རྣམ་འཇོག་ཆོས་གསུམ་མ་ཚང་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ། ཁྱོད་ཡིན་ན་རི་བོང་རྭའི་རྣམ་འཇོག་ཆོས་གསུམ་མ་ཚང་བའི་ལྡོག་པ་ཡིན་པས་ཁྱབ། རི་བོང་རྭའི་རྣམ་འཇོག་ཆོས་གསུམ་མ་ཚང་བའི་ལྡོག་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། རི་བོང་རྭའི་མཚན་ཉིད་མ་ཡིན་པ་ཆོས་ཅན། ཁྱོད་ཀྱི་རྣམ་འཇོག་ཆོས་གསུམ་ཚང་བ་ཡིན་ན། རི་བོང་རྭའི་རྣམ་འཇོག་ཆོས་གསུམ་མ་ཚང་བའི་ལྡོག་པ་ཡིན་པས་ཁྱབ་པར་ཐལ། ཁྱོད་ཀྱི་མཚན་ཉིད་ཡིན་ན། རི་བོང་རྭའི་རྣམ་འཇོག་ཆོས་གསུམ་མ་ཚང་བའི་ལྡོག་པ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། རི་བོང་རྭའི་མཚན་ཉིད་མ་ཡིན་པ་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་ཡིན་ན། རི་བོང་རྭའི་རྣམ་འཇོག་ཆོས་གསུམ་མ་ཚང་བའི་ལྡོག་པ་ཡིན་པས་ཁྱབ་པར་ཐལ། ཁྱོད་རི་བོང་རྭའི་རྣམ་འཇོག་ཆོས་གསུམ་མ་ཚང་བའི་མཚོན་བྱ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་མ་ཡིན་པ། ཁྱོད་ཀྱི་རྣམ་འཇོག་ཆོས་གསུམ་མ་ཚང་བའི་མཚོན་བྱ་ཡིན་པར་ཐལ། ཁྱོད་ཡོད་མེད་གང་རུང་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། རི་བོང་རྭའི་རྣམ་འཇོག་ཆོས་གསུམ་མ་ཚང་བ་ཆོས་ཅན། ཁྱོད་ཀྱི་ལྡོག་པ་ཡིན་ན་རི་བོང་རྭའི་མཚན་ཉིད་མ་ཡིན་པའི་རྣམ་འཇོག་ཆོས་གསུམ་ཚང་བ་ཡིན་པས་ཁྱབ་པར་ཐལ། ཁྱོད་རི་བོང་རྭའི་མཚན་ཉིད་མ་ཡིན་པའི་རྣམ་འཇོག་ཆོས་གསུམ་ཚང་བ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭའི་རྣམ་འཇོག་ཆོས་གསུམ་མ་ཚང་བ་ཆོས་ཅན། ཁྱོད་རི་བོང་རྭའི་མཚན་ཉིད་མ་ཡིན་པའི་རྣམ་འཇོག་ཆོས་གསུམ་ཚང་བ་ཡིན་པར་ཐལ། ཁྱོད་རི་བོང་རྭའི་མཚན་ཉིད་མ་ཡིན་པའི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། ཁྱོད་ཀྱི་རྣམ་འཇོག་ཆོས་གསུམ་མ་ཚང་བ་ཁྱོད་ཀྱི་མཚན་ཉིད་མ་ཡིན་པའི་མཚན་ཉིད་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་ཏུ་མ་གྲུབ་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། རི་བོང་རྭའི་མཚན་ཉིད་མ་ཡིན་པའི་རྣམ་འཇོག་ཆོས་གསུམ་ཚང་བ་ཆོས་ཅན། མཚན་ཉིད་ཡིན་པར་ཐལ། རི་བོང་རྭའི་མཚན་ཉིད་མ་ཡིན་པའི་མཚན་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭའི་མཚན་ཉིད་མ་ཡིན་པ་ཆོས་ཅན། ཁྱོད་ཀྱི་རྣམ་འཇོག་ཆོས་གསུམ་ཚང་བ་ཁྱོད་ཀྱི་མཚན་ཉིད་ཀྱི་མཚན་ཉིད་ཡིན་པར་ཐལ། ཁྱོད་མཚོན་བྱ་ཡིན་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

མཚོན་བྱའི་མཚན་ཉིད་ཡོད་དེ། རྣམ་བཞག་ཆོས་གསུམ་ཚང་བ་དེ་ཡིན་པའི་ཕྱིར། རྣམ་བཞག་ཆོས་གསུམ་ཚང་བ་དང༌། བཏགས་ཡོད་ཆོས་གསུམ་ཚང་བ་དང༌། རྣམ་པར་བཞག་བྱའི་འབྲས་བུ་དང༌། མཚོན་བྱ་རྣམས་དོན་གཅིག མཚན་གཞི་ནི་ཡོད་དེ། མི་རྟག་པ་ལྟ་བུའོ། །དོན་བྱེད་ནུས་པའི་རྣམ་བཞག་ཆོས་གསུམ་ཚང་བ་དེ། དོན་བྱེད་ནུས་པའི་མཚོན་བྱའི་མཚན་ཉིད། མཚན་གཞི་ནི་ཡོད་དེ། དངོས་པོ་དེ་ཡིན་པའི་ཕྱིར། དོན་བྱེད་ནུས་པའི་རྣམ་བཞག་ཆོས་གསུམ་འདྲེན་པའི་ཚེ། སྤྱིར་མཚོན་བྱ་ཡིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། དོན་བྱེད་ནུས་པ་ལས་གཞན་པ་ཞིག་གི་མཚོན་བྱ་མ་ཡིན་པ་དང་གསུམ་པོ་དེ་འདྲེན་དགོས་པའི་ཕྱིར། ཆོས་གཞན་གྱི་རྣམ་བཞག་ཆོས་གསུམ་འདྲེན་ཚུལ་རིགས་འདྲ། དོན་བྱེད་ནུས་པའི་རྣམ་བཞག་ཆོས་གསུམ་གང་རུང་དང༌། བློ་ཡུལ་དུ་བྱ་རུང་གི་རྣམ་བཞག་ཆོས་གསུམ་གང་རུང་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་པ་ཤེས་པར་བྱའོ། །མཚན་ཉིད་ཡིན་ན། ཁྱོད་ཀྱི་རྣམ་བཞག་ཆོས་གསུམ་ཚང་བ་དེ། ཁྱོད་ཀྱི་མཚོན་བྱའི་མཚན་ཉིད་ཡིན་པས་ཁྱབ། ཁྱོད་ཀྱི་རྣམ་བཞག་ཆོས་གསུམ་ཚང་བའི་རྣམ་བཞག་ཆོས་གསུམ་ཚང་བ་དེ། ཁྱོད་ཀྱི་རྣམ་བཞག་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཡིན་པས་ཁྱབ། ཁྱོད་ཀྱི་རྣམ་བཞག་ཆོས་གསུམ་ཚང་བའི་རྣམ་བཞག་ཆོས་གསུམ་ཚང་བའི་རྣམ་བཞག་ཆོས་གསུམ་ཚང་བ་དེ། ཁྱོད་ཀྱི་རྣམ་བཞག་ཆོས་གསུམ་ཚང་བའི་རྣམ་བཞག་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཡིན་པས་ཁྱབ་པ་སོགས་ལྷག་མ་རྣམས་ལ་རིགས་འགྲེ་སྦྱོར་ཚུལ་ཤེས་པར་བྱའོ། །རྣམ་བཞག་ཆོས་གསུམ་མ་ཚང་བ་དེ། མཚོན་བྱ་མ་ཡིན་པའི་མཚན་ཉིད། མཚན་གཞི་ནི་ཡོད་དེ། སྔོ་སེར་ལྟ་བུའོ། །བདག་ཏུ་མ་གྲུབ་པ་ཡིན་ན་ཁྱོད་ཀྱི་རྣམ་བཞག་ཆོས་གསུམ་མ་ཚང་བ་དེ། ཁྱོད་ཀྱི་མཚོན་བྱ་མ་ཡིན་པའི་མཚན་ཉིད་ཡིན་པས་ཁྱབ། རྣམ་འཇོག་ཆོས་གསུམ་ཚང་བ། མཚན་ཉིད་ཀྱི་མཚན་ཉིད། རྣམ་པར་འཇོག་བྱེད་ཆོས་གསུམ་ཚང་བ་དང༌། རྫས་ཡོད་ཆོས་གསུམ་ཚང་བ་དང༌། རྣམ་པར་འཇོག་བྱེད་ཀྱི་རྒྱུ་དང༌། མཚན་ཉིད་རྣམས་དོན་གཅིག། མཚན་གཞི་ནི་ཡོད་དེ། བློའི་ཡུལ་དུ་བྱ་རུང་དེ་ཡིན་པའི་ཕྱིར། འདི་དག་གི་སྐབས་སུ་མཚན་ཉིད་ཅེས་པ་ནི་མ་ཁྱབ་ཁྱབ་ཆེས་དོན་ལྡོག་ཏུ་མི་སྲིད་པའི་སྐྱོན་གསུམ་དང་བྲལ་བའི་མཚན་ཉིད་ཀྱི་དབང་དུ་བྱས་པའོ། །རྣམ་འཇོག་ཆོས་གསུམ་འདྲེན་ཚུལ་ཡོད་དེ། སྤྱིར་མཚན་ཉིད་ཡིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། རང་གི་མཚོན་བྱ་གང་ཡིན་པ་དེ་ལས་གཞན་པ་ཞིག་གི་མཚན་ཉིད་མ་ཡིན་པ་དང་གསུམ་པོ་དེ་ཡིན་པའི་ཕྱིར། དངོས་པོའི་མཚན་ཉིད་ཀྱི་མཚན་ཉིད་ཡོད་དེ། དངོས་པོའི་རྣམ་འཇོག་ཆོས་གསུམ་ཚང་བ་དེ་ཡིན་པའི་ཕྱིར། དངོས་པོའི་མཚན་ཉིད་ཀྱི་མཚན་ཉིད་ཀྱི་མཚན་ཉིད་ཡོད་དེ། དངོས་པོའི་མཚན་ཉིད་ཀྱི་རྣམ་འཇོག་ཆོས་གསུམ་ཚང་བ་དེ་ཡིན་པའི་ཕྱིར། དེའི་མཚན་གཞི་ཡོད་དེ། དངོས་པོའི་རྣམ་བཞག་ཆོས་གསུམ་ཚང་བ་དེ་ཡིན་པའི་ཕྱིར། མཚན་ཉིད་མ་ཡིན་པའི་མཚན་ཉིད་ཡོད་དེ། རྣམ་འཇོག་ཆོས་གསུམ་མ་ཚང་བ་དེ་ཡིན་པའི་ཕྱིར། བདག་མེད་ཡིན་ན་ཁྱོད་ཀྱི་རྣམ་འཇོག་ཆོས་གསུམ་མ་ཚང་བ་དེ། ཁྱོད་ཀྱི་མཚན་ཉིད་མ་ཡིན་པའི་མཚན་ཉིད་ཡིན་པས་ཁྱབ་པའི་ཕྱིར་རོ། །མཚན་མཚོན་བརྩེགས་ཚུལ་ཞིབ་པར་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས་ཤེས་པར་བྱའོ། །

གསུམ་པ་དེ་ལ་རྩོད་པ་སྤོང་བ།

གསུམ་པ་དེ་ལ་རྩོད་པ་སྤོང་བ་ལ།

དངོས་པོ་ཆོས་ཅན། རང་གི་མཚན་གཞིའི་སྟེང་དུ་གྲུབ་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར། འདོད་ན། དངོས་པོ་ཆོས་ཅན། རང་གི་མཚན་གཞི་ཁྱོད་ཡིན་པར་ཐལ། ཁྱོད་རང་གི་མཚན་གཞིའི་སྟེང་དུ་གྲུབ་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་རང་གི་མཚན་གཞིའི་སྟེང་དུ་གྲུབ་པར་ཐལ། ཁྱོད་རང་གི་མཚན་གཞིའི་སྟེང་དུ་ཡོད་པའི་ཕྱིར། ཁ་ཅིག་ན་རེ། ཤེས་བྱ་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་མཚན་ཉིད་ཡིན་པར་ཐལ། ཁྱོད་ཀྱི་མཚན་ཉིད་ཡིན་ན་མཚན་ཉིད་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། ཤེས་བྱ་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་ཡིན་ན་མཚན་ཉིད་ཡིན་དགོས་པར་ཐལ། ཁྱོད་མཚོན་བྱ་ཡིན་པའི་ཕྱིར། རྩ་བར་འདོད་ན། ཤེས་བྱའི་མཚན་ཉིད་ཆོས་ཅན། མཚན་ཉིད་མ་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱའི་མཚན་ཉིད་ཆོས་ཅན། དེར་ཐལ། ཁྱོད་ཀྱི་མཚན་ཉིད་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཤེས་བྱའི་རྣམ་འཇོག་ཆོས་གསུམ་ཚང་བ་དེ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དོན་བྱེད་ནུས་པའི་མཚོན་བྱ་དོན་བྱེད་ནུས་པའི་མཚོན་བྱ་ཡིན་པར་ཐལ། དོན་བྱེད་ནུས་པའི་མཚོན་བྱ་མཚོན་བྱ་ཡིན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་མཚན་ཉིད་མཚན་ཉིད་ཡིན་པར་ཐལ། མཚོན་བྱ་མཚོན་བྱ་ཡིན་པའི་ཕྱིར་ན་མ་ཁྱབ་པ་སྔར་བཤད་པ་དག་གིས་ཤེས་ནུས་སོ།། །།

བཅུ་གཅིག་པ་ཆ་བའི་ལུགས་ཀྱི་རྫས་ལྡོག་གི་རྣམ་བཞག་བཤད་པ།

བཅུ་གཅིག་པ་ཆ་བའི་ལུགས་ཀྱི་རྫས་ལྡོག་གི་རྣམ་བཞག་བཤད་པ་ལ།

དགག་བཞག་གཉིས་ལས། དང་པོ་ལ། ཁ་ཅིག་ན་རེ། ཡོད་པ་གང་ཞིག ཁྱོད་ཁྱོད་རང་ཡིན་ན་ཁྱོད་རྫས་ཆོས་ཡིན་པས་ཁྱབ་ཟེར་ན། དངོས་མེད་ཆོས་ཅན། རྫས་ཆོས་ཡིན་པར་ཐལ། ཡོད་པ་གང་ཞིག ཁྱོད་ཁྱོད་རང་ཡིན་པའི་ཕྱིར། རྟགས་སླ། རྩ་བར་འདོད་ན། དངོས་མེད་ཆོས་ཅན། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་དང་མི་འགལ་བར་ཐལ། ཁྱོད་རྫས་ཆོས་ཡིན་པའི་ཕྱིར། འདོད་ན། དངོས་མེད་ཆོས་ཅན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པར་ཐལ། ཁྱོད་རྫས་ཆོས་ཡིན་པའི་ཕྱིར། འདོད་ན། དངོས་མེད་མ་ཡིན་པ་དངོས་མེད་ཡིན་པར་ཐལ། དངོས་མེད་མ་ཡིན་པ་ཡོད་པའི་ཕྱིར། མ་ཁྱབ་ན། དངོས་མེད་ཆོས་ཅན། ཁྱོད་མ་ཡིན་པ་དངོས་མེད་ཡིན་པར་ཐལ། ཁྱོད་མ་ཡིན་པ་ཡོད་པའི་ཕྱིར། ཁ་ཅིག་ན་རེ། ལྡོག་ཆོས་ཡིན་ན་ལྡོག་ཆོས་དང་པོ་གསུམ་པོ་གང་རུང་ཡིན་པས་ཁྱབ་ཟེར་ན། རྫས་ཆོས་དང་འགལ་བ་ཆོས་ཅན། ལྡོག་ཆོས་དང་པོ་གསུམ་པོ་གང་རུང་ཡིན་པར་ཐལ། ལྡོག་ཆོས་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། རྫས་ཆོས་དང་འགལ་བ་ཆོས་ཅན། ལྡོག་ཆོས་ཡིན་པར་ཐལ། རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། མ་གྲུབ་ན། རྫས་ཆོས་དང་འགལ་བ་ཆོས་ཅན། རྫས་ཆོས་ཀྱི་རྫས་མཐུན་ཡིན་པར་ཐལ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་ཀྱི་རྫས་མཐུན་དང་མི་འགལ་བ་ཡིན་པའི་ཕྱིར། རྟགས་དང་པོ་སླ། རྟགས་གཉིས་པ་མ་གྲུབ་ན། རྫས་ཆོས་དང་འགལ་བ་ཆོས་ཅན། རྫས་ཆོས་དང་འགལ་བ་ཡིན་པར་ཐལ། ཁྱོད་རྫས་ཆོས་དང་ཐ་དད། ཁྱོད་ཀྱང་ཡིན་རྫས་ཆོས་དང་འགལ་བ་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར། རྟགས་དང་པོ་སླ། གཉིས་པ་མ་གྲུབ་ན། རྫས་ཆོས་ཀྱང་ཡིན། རྫས་ཆོས་དང་འགལ་བ་ཡིན་པའི་གཞི་མཐུན་པ་མེད་པར་ཐལ། རྫས་ཆོས་ཡིན་ན་རྫས་ཆོས་དང་མི་འགལ་བ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། རྫས་ཆོས་ཡིན་ན། ཁྱོད་ཁྱོད་རང་ཡིན་ཁྱོད་ཀྱི་ལྡོག་པ་རྫས་ཆོས་དང་མི་འགལ་བ་ཡིན་དགོས་པའི་ཕྱིར། གོང་གི་རྟགས་གསུམ་པ་མ་གྲུབ་ན། རྫས་ཆོས་དང་འགལ་བ་མ་ཡིན་པ་ཆོས་ཅན། རྫས་ཆོས་དང་འགལ་བ་མ་ཡིན་པར་ཐལ། རྫས་ཆོས་དང་མི་འགལ་བ་ཡིན་པའི་ཕྱིར། མ་གྲུབ་ན། རྫས་ཆོས་དང་འགལ་བ་མ་ཡིན་པ་ཆོས་ཅན། རྫས་ཆོས་དང་མི་འགལ་བ་ཡིན་པར་ཐལ། ཁྱོད་ཀྱང་ཡིན་རྫས་ཆོས་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར། མ་གྲུབ་ན། རྫས་ཆོས་དང་འགལ་བ་མ་ཡིན་པ་ཆོས་ཅན། ཁྱོད་ཀྱང་ཡིན་རྫས་ཆོས་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ། དངོས་པོ་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། རྫས་ཆོས་དང་འགལ་བ་ཆོས་ཅན། ལྡོག་ཆོས་དང་པོ་གསུམ་པོ་གང་རུང་མ་ཡིན་པར་ཐལ། རང་ཉིད་ལྡོག་ཆོས་མ་ཡིན་པ་གང་ཞིག རང་མ་ཡིན་པའི་ལྡོག་ཆོས་མ་ཡིན། ལྡོག་ཆོས་ཕུང་སུམ་ཙམ་པོ་བ་ཡང་མ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་གྲུབ་སྟེ། འཆད་འགྱུར་གྱི་དེ་གསུམ་གྱི་དོན་དེ་དག་མ་ཚང་བའོ། །ཁ་ཅིག་ན་རེ། ལྡོག་ཆོས་སུ་གྱུར་པའི་དངོས་པོ་དེ། རྫས་ཆོས་ཡིན་ཟེར་ན། དེ་ཆོས་ཅན། ཁྱོད་ཁྱོད་རང་ཡིན་པར་ཐལ། ཁྱོད་རྫས་ཆོས་ཡིན་པའི་ཕྱིར། རྟགས་དངོས། འདོད་ན། ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཆོས་ཅན། ལྡོག་ཆོས་སུ་གྱུར་པའི་དངོས་པོ་མ་ཡིན་པར་ཐལ། རྫས་ཆོས་སུ་གྱུར་བའི་དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རྫས་ཆོས་གང་ཞིག དངོས་པོ་ཡིན་པའི་ཕྱིར། དང་པོ་ཁས། གཉིས་པ་སླ། ཁ་ཅིག་དེ་རང་ཡིན་ལྡོག་ཆོས་ཡིན་ཟེར་ན། ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཆོས་ཅན། ཁྱོད་མ་ཡིན་པ་ཁྱོད་ཡིན་པར་ཐལ། ཁྱོད་རང་ཡིན་ལྡོག་ཆོས་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ལྡོག་ཆོས་སུ་གྱུར་པའི་དངོས་པོ་མ་ཡིན་པ་ཆོས་ཅན། ཁྱོད་ལྡོག་ཆོས་སུ་གྱུར་བའི་དངོས་པོ་མ་ཡིན་པར་ཐལ། ཁྱོད་དངོས་མེད་ཡིན་པའི་ཕྱིར། མ་གྲུབ་ན། ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཆོས་ཅན། ཁྱོད་མ་ཡིན་པ་དངོས་མེད་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། ཁ་ཅིག་དེ་ལྡོག་ཆོས་ཕུང་སུམ་ཙམ་པོ་བ་ཡིན་ཟེར་ན། ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཆོས་ཅན། ཁྱོད་མ་ཡིན་པ་ཁྱོད་ཡིན་པར་ཐལ། ཁྱོད་ལྡོག་ཆོས་ཕུང་སུམ་ཙམ་པོ་བ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྔར་བཀག་ཟིན། ཁ་ཅིག་དེ་རང་མ་ཡིན་པའི་ལྡོག་ཆོས་ཡིན་ཟེར་ན། ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཆོས་ཅན། ཁྱོད་ཁྱོད་རང་མ་ཡིན་པར་ཐལ། ཁྱོད་རང་མ་ཡིན་པའི་ལྡོག་ཆོས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ལྡོག་ཆོས་སུ་གྱུར་བའི་དངོས་པོ་མ་ཡིན་པ་དེ་མི་འཐད་པར་ཐལ། ཁྱོད་ལྡོག་ཆོས་སུ་གྱུར་བའི་དངོས་པོ་ཡིན་པའི་ཕྱིར་ཏེ། ལྡོག་ཆོས་གང་ཞིག དངོས་པོ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཆོས་ཅན། ལྡོག་ཆོས་ཡིན་པར་ཐལ། རང་མ་ཡིན་པའི་ལྡོག་ཆོས་ཡིན་པའི་ཕྱིར། རྟགས་ཁས། གཞན་ཡང་ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཆོས་ཅན། ལྡོག་ཆོས་དང་པོ་གསུམ་པོ་གང་རུང་མ་ཡིན་པར་ཐལ། རྫས་མཐུན་ནམ་རྗེས་མཐུན་བཞི་པོ་གང་རུང་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་ཀྱི་རྫས་མཐུན་དང་མི་འགལ་བ་ཡིན་པའི་ཕྱིར། དང་པོ་སླ། གཉིས་པ་མ་གྲུབ་ན། ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཆོས་ཅན། ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཡིན་པར་ཐལ། ལྡོག་ཆོས་གང་ཞིག དངོས་པོ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་སྔར་བཤད་པ་རྣམས་ཀྱིས་གྲུབ་པ་ཡིན་ནོ། །

གཉིས་པ་རང་ལུགས་བཞག་པ།

གཉིས་པ་རང་ལུགས་བཞག་པ་ལ།

རྫས་ཆོས་ཀྱི་དོན་ཡོད་དེ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་དེ་ཡིན་པའི་ཕྱིར། །རྫས་ཆོས་བཞག་ཏུ་ཡོད་དེ། ཤེས་བྱ། དངོས་པོ། བུམ་པ། ཀ་བ་རྣམས་ཡིན་ནོ། །རང་ཡིན་ལྡོག་ཆོས་ཀྱི་དོན་ཡོད་དེ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་ཡིན། ཁྱོད་ཀྱི་ལྡོག་པ་རང་ཉིད་ལྡོག་ཆོས་ཀྱི་ལྡོག་པ་དང་མི་འགལ་བ་དེ་ཡིན་པའི་ཕྱིར། རང་ཡིན་ལྡོག་ཆོས་བཞག་ཏུ་ཡོད་དེ། དངོས་མེད། བདག་ཏུ་མ་གྲུབ་པ་སོགས་སོ། །རང་མ་ཡིན་གྱི་ལྡོག་ཆོས་ཀྱི་དོན་ཡོད་དེ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་མ་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རང་མ་ཡིན་གྱི་ལྡོག་པ་དང་མི་འགལ་བ་དེ་ཡིན་པའི་ཕྱིར། རང་མ་ཡིན་གྱི་ལྡོག་ཆོས་བཞག་ཏུ་ཡོད་དེ། ཀ་བུམ་གཉིས། ཡིན་པ་མི་སྲིད་པའི་ཤེས་བྱ། བུམ་པའི་ལྡོག་པ་སོགས་ཡིན་ནོ། །ལྡོག་ཆོས་ཕུང་སུམ་ཙམ་པོ་བའི་དོན་ཡོད་དེ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་མ་ཡིན། ཁྱོད་མ་ཡིན་པ་ཁྱོད་ཡིན། ཁྱོད་ཀྱི་ལྡོག་པ་ལྡོག་ཆོས་ཕུང་སུམ་ཙམ་པོ་བ་དང་མི་འགལ་བ་དེ་ཡིན་པའི་ཕྱིར། ལྡོག་ཆོས་ཕུང་སུམ་ཙམ་པོ་བ་བཞག་ཏུ་ཡོད་དེ། དངོས་པོའི་སྤྱི། ཀ་བའི་སྤྱི་སོགས་སོ། །དེ་བཞིན་དུ་སོ་སོའི་རྗེས་མཐུན་རྣམས་ཀྱི་དོན་དང་གཞི་ལྡོག་ཤེས་པར་བྱའོ།། མཚན་ཉིད་དང་རྫས་ཆོས་ལ་མུ་བཞི། དེ་བཞིན་དུ་གཞན་བདུན་ལ་མུ་བཞི་ཡོད་མེད་དང། དེ་ལྟར་མཚོན་བྱ་དང་དངོས་པོ་སོགས་དང་རྫས་ལྡོག་བརྒྱད་པོ་རེ་རེ་ལ་མུ་བཞི་ཡོད་མེད་དཔྱད་པར་བྱའོ། ། གཞན་ཡང་གཏན་ཚིགས་རིགས་པའི་དོན་བསྡུས་ལས། རྫས་ཆོས་དང་ལྡོག་ཆོས་ལ་མཚན་ཉིད་རིམ་པ་བཞིན། གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མིན་ཁྱོད་མ་ཡིན་པ་དང༌། གཞི་གྲུབ། ཁྱོད་ཁྱོད་མ་ཡིན་པའམ་ཁྱོད་མ་ཡིན་ཁྱོད་ཡིན་དུ་གྲུབ་པ་གང་རུང་ཡིན་པའོ། །དབྱེ་ན་དང་པོ་ལ་དངོས་ཀྱི་འགལ་ཟླ་སྲིད་པ་དང་མི་སྲིད་པའི་རྫས་ཆོས་གཉིས་སོ། །གཉིས་པ་ལ། རང་ཉིད་ཡིན་པ་དང་མིན་པའི་ལྡོག་ཆོས་གཉིས་སོ། །ཞེས་གསུངས་སོ། །

བཅུ་གཉིས་པ་རང་ལུགས་ཀྱི་རྫས་ལྡོག་གི་རྣམ་བཞག་བཤད།

བཅུ་གཉིས་པ་རང་ལུགས་ཀྱི་རྫས་ལྡོག་གི་རྣམ་བཞག་བཤད་པ་ལ།

དགག་བཞག་སྤོང་གསུམ་ལས། དང་པོ་ནི། ཁ་ཅིག་ན་རེ། རྫས་ཆོས་ཡིན་ན་ཁྱོད་ཁྱོད་རང་ཡིན་པས་ཁྱབ་ཟེར་ན། སྔོ་སེར་གཉིས་ཆོས་ཅན། ཁྱོད་ཁྱོད་རང་ཡིན་པར་ཐལ། རྫས་ཆོས་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། སྔོ་སེར་གཉིས་ཆོས་ཅན། རྫས་ཆོས་ཡིན་པར་ཐལ། རྫས་ཡོད་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རྫས་ཆོས་དང༌། གཞན་དབང༌། རྫས་ཡོད། རང་རྐྱ་འཛིན་ཐུབ་པའི་རྫས་ཡོད་རྣམས་དོན་གཅིག་ཡིན་པའི་ཕྱིར། མདོ་སྡེ་བའི་ལུགས་ལ་རྫས་ཡོད་དང་དངོས་པོ་དོན་གཅིག འདི་བས་རྫས་ཡོད་དང༌། རང་རྐྱ་འཛིན་ཐུབ་པའི་རྫས་ཡོད་གཉིས་མི་འདྲའོ། །ཁ་ཅིག་སྔོ་སེར་གཉིས་ཆོས་ཅན། རྫས་ཆོས་མ་ཡིན་པར་ཐལ། ལྡོག་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ལྡོག་ཆོས་ཡིན་པར་ཐལ། ཁྱོད་ཁྱོད་རང་མ་ཡིན་པ་ཡིན་པའི་ཕྱིར་ན་མ་ཁྱབ། རྩ་བར་འདོད་ན། སྔོ་སེར་གཉིས་ཆོས་ཅན། ལྡོག་ཆོས་མ་ཡིན་པར་ཐལ། བཏགས་ཡོད་མ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ལྡོག་ཆོས་དང་བཏགས་ཡོད་དང་ཀུན་བརྟགས་ཀྱི་ཆོས་རྣམས་དོན་གཅིག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྫས་ཡོད་བཞི་པོ་གང་རུང་ཡིན་ན་རྫས་ཡོད་ཡིན་པས་ཁྱབ་ཟེར་ན། ཀུན་བརྟགས་ཆོས་ཅན། རྫས་ཡོད་ཡིན་པར་ཐལ། རྫས་ཡོད་བཞི་བོ་གང་རུང་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ཀུན་བརྟགས་ཆོས་ཅན། རྫས་ཡོད་བཞི་བོ་གང་རུང་ཡིན་པར་ཐལ། རིགས་པས་གྲུབ་པའི་རྫས་ཡོད་ཡྀན་པའི་ཕྱིར། མ་གྲུབ་ན། ཀུན་བརྟགས་ཆོས་ཅན། རིགས་པས་གྲུབ་པའི་རྫས་ཡོད་ཡྀན་པར་ཐལ། རིགས་པས་གྲུབ་པའི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རིགས་པའི་གྲུབ་པའི་ཆོས་ཡིན་པར་ཐལ། ཚད་མས་གྲུབ་པའི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། གཞི་གྲུབ་པའི་ཕྱིར། རྩ་བར་འདོད་ན། ཀུན་བརྟགས་ཆོས་ཅན། རྫས་ཡོད་མ་ཡིན་པར་ཐལ། བཏགས་ཡོད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། བཏགས་ཡོད་ཡིན་པར་ཐལ། རྟོག་པས་བཏགས་ཙམ་གྱི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། དངོས་མེད་ཀྱི་ཆོས་ཡིན་པའི་ཕྱིར། གཞན་ཡང་རྟག་པ་ཆོས་ཅན། རྫས་ཡོད་ཡིན་པར་ཐལ། རྫས་ཡོད་བཞི་བོ་གང་རུང་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། རྟག་པ་ཆོས་ཅན། རྫས་ཡོད་བཞི་བོ་གང་རུང་ཡིན་པར་ཐལ། བརྟན་པའི་རྫས་ཡོད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། བརྟན་པ་མི་འགྱུར་བའི་རྫས་ཡོད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རྟག་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། བརྟན་པ་མི་འགྱུར་བའི་རྫས་ཡོད་དང་རྟག་པ་གཉིས་དོན་གཅིག་ཡིན་པའི་ཕྱིར། རྩ་བར་འདོད་ན། རྟག་པ་ཆོས་ཅན། རྫས་ཡོད་མ་ཡིན་པར་ཐལ། རྫས་དང་ཆོས་གཉིས་ཀ་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་ཆོས་ཅན། དེར་ཐལ། རྫས་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དོན་བྱེད་ནུས་པའི་རྫས་ཡོད་ཡིན་ན། རྫས་ཡོད་ཡིན་པས་ཁྱབ་ཟེར་ན། ལྡན་མིན་འདུ་བྱེད་རྣམས་ཆོས་ཅན། རྫས་ཡོད་ཡིན་པར་ཐལ། དོན་བྱེད་ནུས་པའི་རྫས་ཡོད་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། དོན་བྱེད་ནུས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དངོས་པོ་ཡིན་པར་ཐལ། དངོས་པོ་ལ་རྫས་ཡོད་དང་བཏགས་ཡོད་གཉིས་ཡོད་པ་ལས་བཏགས་ཡོད་ཡིན་པའི་ཕྱིར། རྩ་བར་འདོད་ན། ལྡན་མིན་འདུ་བྱེད་རྣམས་ཆོས་ཅན། རྫས་ཡོད་མ་ཡིན་པར་ཐལ། བཏགས་ཡོད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། བཏགས་ཡོད་ཡིན་པར་ཐལ། སྔོན་མེད་ལེགས་བཤད་ལས། ལྡན་མིན་འདུ་བྱེད་ཞེས་གྲགས་ཏེ། འདུས་བྱས་ཀྱི་ཕུང་པོའི་ཕྱོགས་གཅིག་གམ་ཕྱེད་ཕྱི་མ་སྟེ། བཏགས་པའི་འདུ་བྱེད་དང༌། ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། དངོས་པོ་ཡིན་ན་རང་རྐྱ་འཛིན་མི་ཐུབ་པའི་བཏགས་ཡོད་ཡིན་པས་ཁྱབ་ཟེར་ན། སྒྲ་ཆོས་ཅན། རང་རྐྱ་འཛིན་མི་ཐུབ་པའི་བཏགས་ཡོད་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སྒྲ་ཆོས་ཅན། རང་རྐྱ་འཛིན་མི་ཐུབ་པའི་བཏགས་ཡོད་མ་ཡིན་པར་ཐལ། རང་རྐྱ་འཛིན་ཐུབ་པའི་རྫས་ཡོད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་རྐྱ་འཛིན་ཐུབ་པའི་རྫས་ཡོད་ཡིན་པར་ཐལ། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་ཡིན་པར་ཐལ། གཟུགས་ཀྱི་སྐྱེ་མཆེད་ནས་རེག་བྱའི་སྐྱེ་མཆེད་བར་གང་རུང་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དེ་ལྔ་བོ་གང་རུང་དང་འདུས་བྱས་ཀྱི་ཤེས་པ་དང༌། དབང་པོ་གཟུགས་ཅན་གང་ཡིན་ན་རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་ཡིན་པས་ཁྱབ་པ་ཡིན་ནོ། །ཁ་ཅིག་ན་རེ། བཏགས་ཡོད་གསུམ་པོ་གང་རུང་ཡིན་ན་བཏགས་ཡོད་ཡིན་པས་ཁྱབ་ཟེར་ན། གང་ཟག་གི་བདག་ཆོས་ཅན། བཏགས་ཡོད་ཡིན་པར་ཐལ། བཏགས་ཡོད་གསུམ་པོ་གང་རུང་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། གང་ཟག་གི་བདག་ཆོས་ཅན། བཏགས་ཡོད་གསུམ་པོ་གང་རུང་ཡིན་པར་ཐལ། ཀུན་བརྟགས་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། བཏགས་ཡོད་གསུམ་པོ་འདྲེན་པའི་ཚེ་ན། ཀུན་བརྟགས་དང༌། ལྡན་མིན་འདུ་བྱེད་དང༌། ཡོངས་གྲུབ་གསུམ་པོ་དེ་འདྲེན་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ན། གང་ཟག་གི་བདག་ཆོས་ཅན། ཀུན་བརྟགས་ཡིན་པར་ཐལ། མཚན་ཉིད་ཡོངས་ཆད་ཀྱི་ཀུན་བརྟགས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། མཚན་ཉིད་ཡོངས་ཆད་ཀྱི་ཀུན་བརྟགས་ཡིན་པར་ཐལ། མེད་རྒྱུའི་ཀུན་བརྟགས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། མེད་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། གང་ཟག་གི་བདག་ཆོས་ཅན། བཏགས་ཡོད་མ་ཡིན་པར་ཐལ། རྟོག་པས་བཏགས་ཙམ་ཀྱི་ཆོས་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཆོས་མ་ཡིན་པའི་ཕྱིར།

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

རྫས་ཆོས་སམ་རྫས་ཡོད་ཀྱི་མཚན་ཉིད་ཡོད་དེ། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་དེ་ཡིན་པའི་ཕྱིར་ཏེ། ས་བཟང་ཀུན་བཏུས་འགྲེལ་བ་ལས། མཚན་ཉིད་ནི། ཆོས་གང་ཞིག རང་གི་ངོ་བོ་ཡིད་ཀྱི་དབང་པོའམ་བློའི་སྤྱོད་ཡུལ་དུ་གྱུར་བ་དེ་བརྗོད་པ་སྒྲ་དང་མིང་ལ་སོགས་པའི་ཐ་སྙད་ལའང་མི་ལྟོས་ཤིང༌། དེ་ལས་གཞན་རྟགས་དང་དཔེ་དང་མཚན་ཉིད་ལ་སོགས་པ་རྣམ་པར་འཇོག་བྱེད་དོན་གཞན་ལ་མི་ལྟོས་པ་ནི་རྫས་སུ་ཡོད་པའོ། །ཞེས་གསུངས་སོ། །མཚན་གཞི་ནི་ཡོད་དེ། གཟུགས་དང་སེམས་དང་སེམས་བྱུང་ལྟ་བུའོ། །གཟུགས་ཆོས་ཅན། ཁྱོད་ལ་རྫས་ཆོས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྫས་ཡང་ཡིན་ཆོས་ཡང་ཡིན་པས་ན་དེ་ལྟར་བརྗོད་པའི་ཕྱིར། དེ་ལ་རྫས་ཡོད་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྫས་སུ་ཡོད་པས་ན་དེ་ལྟར་བརྗོད་པའི་ཕྱིར། རྫས་ཡོད་ལ་སྒྲའི་བརྗོད་རིགས་ཀྱི་དབྱེ་ན་བཞི་ཡོད་དེ། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། རྫས་ཡོད་དང་བཏགས་ཡོད་དུ་འཇོག་ཚུལ་ནི། དོན་བྱེད་ནུས་པ་དང༌། རིགས་པས་གྲུབ་པ་དང༌། བརྟན་པ་དང༌། རང་རྐྱ་ཐུབ་པའི་རྫས་ཡོད་བཞི་ལས། འདིར་ཕྱི་མ་ཁོ་ནས་རྫས་ཡོད་དུ་འཇོག་སྟེ། ཞེས་གསུངས་པའི་ཕྱིར། ལྡོག་ཆོས་སམ་བཏགས་ཡོད་ཀྱི་མཚན་ཉིད་ཡོད་དེ། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་དགོས་པའི་རྟོག་བཏགས་ཙམ་དུ་གྲུབ་པའི་ཆོས་དེ་ཡིན་པའི་ཕྱིར་ཏེ། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། ཆོས་གང་ཞིག ཡིད་ཀྱི་དབང་པོའམབློའི་སྤྱོད་ཡུལ་དུ་གྱུར་བ་དེ་བརྗོད་པ་སྒྲ་དང་མིང་ལ་སོགས་པ་ལ་ལྟོས་ཤིང༌། དེ་ལས་གཞན་གདགས་གཞི་ལ་སོགས་པ་རྣམ་པར་འཇོག་བྱེད་རྒྱུ་མཚན་ལ་ལྟོས་པ་དང་བཅས་པ་ནི། བཏགས་པའི་ཡོད་པའི་མཚན་ཉིད་ཅན་ཏེ། ཞེས་གསུངས་སོ། །མཚན་གཞི་ནི། མི་རྟག་པ་དང༌། ནམ་མཁའ་ལྟ་བུའོ། །ཡོངས་གྲུབ་སྐབས་འགར་རྫས་ཡོད་དང༌། སྐབས་འགར་བཏགས་ཡོད་དུ་གསུངས་པ་ཡོད་ཀྱང་རང་ལུགས་ལ་རྫས་བཏགས་གང་ཡང་མ་ཡིན་ནམ་སྙམ་མོ། །

གསུམ་པ་དེ་ལ་རྩོད་པ་སྤོང་བ།

གསུམ་པ་དེ་ལ་རྩོད་པ་སྤོང་བ་ལ།

ཁ་ཅིག་ན་རེ། ལྡོག་པ་ཡང་ཡིན་ཆོས་ཡང་ཡིན་པའི་གཞི་མཐུན་པ་ཡིན་ན་ལྡོག་ཆོས་ཡིན་དགོས་པར་ཐལ། རྫས་ཡང་ཡིན་ཆོས་ཡང་ཡིན་པའི་གཞི་མཐུན་པ་ཡིན་ན་རྫས་ཆོས་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། དེ་གཉིས་མི་འདྲ་བའི་ཕྱིར། ཁ་ཅིག་ན་རེ། འདུས་མ་བྱས་པའི་ནམ་མཁའ་ཆོས་ཅན། རིགས་པས་གྲུབ་པའི་རྫས་ཡོད་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། འདུས་མ་བྱས་པའི་ནམ་མཁའ་ཆོས་ཅན། རིགས་པས་གྲུབ་པའི་རྫས་ཡོད་མ་ཡིན་པར་ཐལ། རིགས་པས་གྲུབ་པའི་བཏགས་ཡོད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རིགས་པས་གྲུབ་པའི་བཏགས་ཡོད་ཡིན་པར་ཐལ། ཚད་མས་གྲུབ་པའི་བཏགས་ཡོད་ཡིན་པའི་ཕྱིར་ན་མ་ཁྱབ། དེ་ཆོས་ཅན། ཚད་མས་གྲུབ་པའི་བཏགས་ཡོད་ཡིན་པར་ཐལ། བཏགས་ཡོད་ཡིན་པའི་ཕྱིར་རོ། །སྔོན་བྱོན་དམ་པའི་གསུང་རབ་ན་རྫས་ཡོད་བཏགས་ཡོད་འཇོག་ཚུལ་མི་འདྲ་བ་དུ་མ་གསུང་མོད་བདག་གིས་རེ་ཞིག་ས་སྡེ་སོགས་དང་རང་ལུགས་ཀྱི་གཞུང་ཆེན་རྣམས་ཀྱི་བཞེད་ཕྱོགས་གཅིག་ཏུ་དྲིལ་ནས་འབྲི་ཁུལ་བྱས་པའོ། །འོན་ཀྱང་གཟུར་གནས་བློ་ལྡན་རྣམས་ཀྱིས་སླར་དཔྱད་པར་བྱའོ། ། གཞན་ཡང་གཏན་ཚིགས་རིགས་པའི་དོན་བསྡུས་ལས། རྫས་དང་ལྡོག་པའི་མཚན་ཉིད་ནི་རིམ་པ་ལྟར། ངོ་བོར་སྐྱེས་པ་དང༌། རང་མ་ཡིན་པ་ལས་ལོག་པར་གནས་པའོ། །ཞེས་གསུངས་སོ།། །།

བཅུ་གསུམ་པ་ཁྱབ་པ་སྒོ་བརྒྱད་ཀྱི་རྣམ་བཞག་བཤད་པ།

བཅུ་གསུམ་པ་ཁྱབ་པ་སྒོ་བརྒྱད་ཀྱི་རྣམ་བཞག་བཤད་པ་ལ།

དགག་བཞག་གཉིས་ལས། དང་པོ་ཁ་ཅིག་ན་རེ། རྟགས་གསལ་དང་བཅས་པའི་ཐལ་འགྱུར་ཡིན་ན། ཁྱོད་ཀྱི་ཁྱབ་པ་སྒོ་བརྒྱད་པོ་གང་རུང་ངེས་པས་ཁྱབ་ཟེར་ན། དངོས་མེད་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ཁྱབ་པ་སྒོ་བརྒྱད་པོ་གང་རུང་ངེས་པར་ཐལ། རྟགས་གསལ་དང་བཅས་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དངོས་མེད་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། རྟགས་གསལ་དང་བཅས་པའི་ཐལ་འགྱུར་ཡིན་པར་ཐལ། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ། དངོས་མེད་ཀྱིས་གསལ་བ་དང༌། མཚོན་བྱས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། རྩ་བར་འདོད་ན། དངོས་མེད་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ཁྱབ་པ་སྒོ་བརྒྱད་པོ་གང་རུང་མ་ངེས་པར་ཐལ། ཁྱོད་ཀྱི་ཁྱབ་པ་རྣལ་མ་བཞི་བོ་གང་རུང་མ་ངེས་པ་གང་ཞིག ཁྱོད་ཀྱི་ཁྱབ་པ་ཕྱིན་ཅི་ལོག་བཞི་བོ་གང་རུང་མ་ངེས་པའི་ཕྱིར། དང་པོ་མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ཁྱབ་པ་རྣལ་མ་བཞི་བོ་གང་རུང་མ་ངེས་པར་ཐལ། ཁྱོད་ཀྱི་རྗེས་ཁྱབ་རྣལ་མ་མ་ངེས་པ་གང་ཞིག ལྡོག་ཁྱབ་རྣལ་མ་ཡང་མ་ངེས། ཐུར་ཁྱབ་རྣལ་མ་ཡང་མ་ངེས། འགལ་ཁྱབ་རྣལ་མ་ཡང་མ་ངེས་པའི་ཕྱིར། དང་པོ་མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྗེས་ཁྱབ་རྣལ་མ་མ་ངེས་པར་ཐལ། ཁྱོད་ཀྱི་རྗེས་ཁྱབ་ཀློང་བའི་ཚེ་ན་མཚོན་བྱ་ཡིན་ན་དངོས་མེད་ཡིན་པས་ཁྱབ་བ་ཀློང་རིགས་པ་གང་ཞིག མཚོན་བྱ་ཡིན་ན་དངོས་མེད་ཡིན་པས་མ་ཁྱབ་པའི་ཕྱིར། དང་པོ་མ་གྲུབ་ན། མཚོན་བྱ་ཡིན་ན་དངོས་མེད་ཡིན་པས་ཁྱབ་བ་དེ་འདྲའི་ཐལ་འགྱུར་གྱི་རྗེས་ཁྱབ་རྣལ་མ་ཀློང་ཚུལ་ཡིན་པར་ཐལ། མཚོན་བྱ་ཡིན་ན་དངོས་མེད་ཡིན་པས་ཁྱབ་བ་དེ་འདྲའི་ཐལ་འགྱུར་གྱི་རྗེས་ཁྱབ་ཀློང་ཚུལ་དངོས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྟགས་གསལ་དང་ལྡན་པའི་ཐལ་འགྱུར་གང་དང་གང་གི་རྗེས་ཁྱབ་ཀློང་བའི་ཚེ་ན་རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག དངོས་མེད་གསལ་བར་བཀོད་པ་དང་མཚོན་བྱ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། བུམ་པ་ཆོས་ཅན། དངོས་མེད་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས། གོང་གི་རྟགས་གཉིས་པ་མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ལྡོག་ཁྱབ་རྣལ་མ་མ་ངེས་པར་ཐལ། ཁྱོད་ཀྱི་ལྡོག་ཁྱབ་ཀློང་བའི་ཚེ་ན་དངོས་མེད་མ་ཡིན་ན་མཚོན་བྱ་མ་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག དངོས་མེད་མ་ཡིན་ན་མཚོན་བྱ་མ་ཡིན་པས་ཁྱབ་པ་མེད་པའི་ཕྱིར། ཕྱི་མ་སླ། དང་པོ་མ་གྲུབ་ན། དེར་ཐལ། རྟགས་གསལ་དང་བཅས་པའི་ཐལ་འགྱུར་གང་དང་གང་གི་ལྡོག་ཁྱབ་ཀློང་བའི་ཚེ་ན་གསལ་བ་དེ་མ་ཡིན་ན་རྟགས་དེ་མ་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག དངོས་མེད་གསལ་བར་བཀོད་པ་དང་མཚོན་བྱ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར། གོང་གི་རྟགས་གསུམ་པ་མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ཐུར་ཁྱབ་རྣལ་མ་མ་ངེས་པར་ཐལ། དངོས་མེད་ཡིན་ན་མཚོན་བྱ་ཡིན་པས་ཁྱབ་པ་དེ་ཁྱོད་ཀྱི་ཐུར་ཁྱབ་དུ་ཀློང་རིགས་པ་གང་ཞིག དངོས་མེད་ཡིན་ན་མཚོན་བྱ་ཡིན་པས་ཁྱབ་པ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། རྟགས་གསལ་དང་བཅས་པའི་ཐལ་འགྱུར་གང་དང་གང་གི་ཐུར་ཁྱབ་ཀློང་བའི་ཚེ་གསལ་བ་དེ་ཡིན་ན་རྟགས་དེ་ཡིན་པས་ཁྱབ་བ་དེ་ཀློང་རིགས་པ་གང་ཞིག དངོས་མེད་གསལ་བར་བཀོད་པ་དང་མཚོན་བྱ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར། གོང་གི་རྟགས་བཞི་བ་མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་འགལ་ཁྱབ་རྣལ་མ་མ་ངེས་པར་ཐལ། མཚོན་བྱ་ཡིན་ན་དངོས་མེད་མ་ཡིན་པས་ཁྱབ་པ་དེ་ཁྱོད་ཀྱི་འགལ་ཁྱབ་དུ་ཀློང་རིགས་པ་གང་ཞིག མཚོན་བྱ་ཡིན་ན་དངོས་མེད་མ་ཡིན་པས་ཁྱབ་པ་མེད་པའི་ཕྱིར། རྟགས་དང་པོ་སྔར་ལྟར་བསྒྲུབ། རྩ་རྟགས་གཉིས་པ་མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ཁྱབ་པ་ཕྱིན་ཅི་ལོག་བཞི་པོ་གང་རུང་མ་ངེས་པར་ཐལ། ཁྱོད་ཀྱི་རྗེས་ཁྱབ་ཕྱིན་ཅི་ལོག་མ་ངེས་པ་གང་ཞིག ལྡོག་ཁྱབ་ཕྱིན་ཅི་ལོག་ཡང་མ་ངེས། ཐུར་ཁྱབ་ཕྱིན་ཅི་ལོག་ཡང་མ་ངེས། འགལ་ཁྱབ་ཕྱིན་ཅི་ལོག་ཡང་མ་ངེས་པའི་ཕྱིར། དང་པོ་མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྗེས་ཁྱབ་ཕྱིན་ཅི་ལོག་མ་ངེས་པར་ཐལ། ཁྱོད་ཀྱི་རྗེས་ཁྱབ་ཕྱིན་ཅི་ལོག་ཀློང་བའི་ཚེ་མཚོན་བྱ་ཡིན་ན་དངོས་མེད་མ་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག མཚོན་བྱ་ཡིན་ན་དངོས་མེད་མ་ཡིན་པས་ཁྱབ་པ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། ཐལ་འགྱུར་དེ་དང་དེའི་རྗེས་ཁྱབ་ཕྱིན་ཅི་ལོག་དང་འགལ་ཁྱབ་དོན་གཅིག་ཡིན་པ་སོགས་ཡིན་པའི་ཕྱིར། ཕྱི་མ་སླ། གོང་གི་རྟགས་གཉིས་པ་མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ལྡོག་ཁྱབ་ཕྱིན་ཅི་ལོག་ཡང་མ་ངེས་པར་ཐལ། ཁྱོད་ཀྱི་ལྡོག་ཁྱབ་ཕྱིན་ཅི་ལོག་ཀློང་བའི་ཚེ་ན་དངོས་མེད་མ་ཡིན་ན་མཚོན་བྱ་མ་ཡིན་པ་མ་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག དངོས་མེད་མ་ཡིན་ན་མཚོན་བྱ་མ་ཡིན་པ་མ་ཡིན་པས་ཁྱབ་པ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། རྟགས་གསལ་དང་བཅས་པའི་ཐལ་འགྱུར་གང་དང་གང་གི་ལྡོག་ཁྱབ་ཕྱིན་ཅི་ལོག་ཀློང་ཚེ་གསལ་བ་དེ་མ་ཡིན་ན་རྟགས་དེ་མ་ཡིན་པ་མ་ཡིན་པས་ཁྱབ་པ་དེ་ཀློང་རིགས་པ་སོགས་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། དོན་བྱེད་ནུས་པ་ཆོས་ཅན། མཚོན་བྱ་མ་ཡིན་པ་མ་ཡིན་པར་ཐལ། དངོས་མེད་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མཚོན་བྱ་མ་ཡིན་པའི་ཕྱིར། གོང་གི་རྟགས་གསུམ་པ་མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ཐུར་ཁྱབ་ཕྱིན་ཅི་ལོག་མ་ངེས་པར་ཐལ། ཁྱོད་ཀྱི་ཐུར་ཁྱབ་ཕྱིན་ཅི་ལོག་ཀློང་བའི་ཚེ་དངོས་མེད་ཡིན་ན་མཚོན་བྱ་མ་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག དངོས་མེད་ཡིན་ན་མཚོན་བྱ་མ་ཡིན་པས་ཁྱབ་པ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། རྟགས་གསལ་དང་བཅས་པའི་ཐལ་འགྱུར་གང་དང་གང་གི་ཐུར་ཁྱབ་ཕྱིན་ཅི་ལོག་ཀློང་ཚེ་གསལ་བ་དེ་ཡིན་ན་རྟགས་དེ་མ་ཡིན་པས་ཁྱབ་པ་དེ་ཀློང་རིགས་པ་ཡིན་པ་སོགས་ཡིན་པའི་ཕྱིར། གོང་གི་རྟགས་བཞི་བ་མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་འགལ་ཁྱབ་ཕྱིན་ཅི་ལོག་མ་ངེས་པར་ཐལ། ཁྱོད་ཀྱི་འགལ་ཁྱབ་ཕྱིན་ཅི་ལོག་ཀློང་བའི་ཚེ་མཚོན་བྱ་ཡིན་ན་དངོས་མེད་མ་ཡིན་པ་མ་ཡིན་པས་ཁྱབ་པ་དེ་ཀློང་རིགས་པ་གང་ཞིག མཚོན་བྱ་ཡིན་ན་དངོས་མེད་མ་ཡིན་པ་མ་ཡིན་པས་ཁྱབ་པ་མེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྟགས་གསལ་དང་བཅས་པའི་ཐལ་འགྱུར་གང་དང་གང་གི་འགལ་ཁྱབ་ཕྱིན་ཅི་ལོག་ཀློང་ཚེ་རྟགས་དེ་ཡིན་ན་གསལ་བ་དེ་མ་ཡིན་པ་མ་ཡིན་པས་ཁྱབ་པ་དེ་ཀློང་རིགས་པ་སོགས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྗེས་ཁྱབ་གྲུབ་པའི་ཐལ་འགྱུར་ཡིན་ན། ཐུར་ཁྱབ་གྲུབ་པའི་ཐལ་འགྱུར་ཡིན་པས་ཁྱབ་ཟེར་ན། དངོས་པོ་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཐུར་ཁྱབ་གྲུབ་པའི་ཐལ་འགྱུར་ཡིན་པར་ཐལ། རྗེས་ཁྱབ་གྲུབ་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། དེར་ཐལ། གཟུགས་ཡིན་ན་དངོས་པོ་ཡིན་པས་ཁྱབ་པ་ཁྱོད་ཀྱི་རྗེས་ཁྱབ་གང་ཞིག དེ་གྲུབ་པའི་ཕྱིར།དང་པོ་མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། གཟུགས་ཡིན་ན་དངོས་པོ་ཡིན་པས་ཁྱབ་པ་ཁྱོད་ཀྱི་རྗེས་ཁྱབ་ཡིན་པར་ཐལ། ཁྱོད་དངོས་པོའི་གསལ་བ་དང༌། གཟུགས་ཀྱི་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། རྩ་བར་འདོད་ན། དངོས་པོ་ཡིན་ན་གཟུགས་ཡིན་པས་ཁྱབ་པ་ཡོད་པར་ཐལ། དེ་འདྲའི་ཐལ་འགྱུར་དེའི་ཐུར་ཁྱབ་རྣལ་མ་ངེས་པའི་ཕྱིར། རྟགས་ཁས། ཁ་ཅིག་ན་རེ། ཐལ་འགྱུར་དེའི་རྗེས་ཁྱབ་རྣལ་མ་ངེས་ན་ཐལ་འགྱུར་དེའི་འགལ་ཁྱབ་རྣལ་མ་མ་ངེས་པས་ཁྱབ་ཟེར་ན། ཤེས་བྱ་ཆོས་ཅན། ཀྭ་བུམ་གཉིས་ཡིན་པར་ཐལ། རྟགས་དངོས་གཉིས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་འགལ་ཁྱབ་རྣལ་མ་མ་ངེས་པར་ཐལ། ཁྱོད་ཀྱི་རྗེས་ཁྱབ་རྣལ་མ་ངེས་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ཤེས་བྱ་ཆོས་ཅན། ཀྭ་བུམ་གཉིས་ཡིན་པར་ཐལ། རྟགས་དངོས་གཉིས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྗེས་ཁྱབ་རྣལ་མ་ངེས་པར་ཐལ། ཁྱོད་ཀྱི་རྗེས་ཁྱབ་ཀློང་བའི་ཚེ་ན། རྟག་དངོས་གཉིས་ཡིན་ན་ཀྭ་བུམ་གཉིས་ཡིན་པས་ཁྱབ་བ་ཀློང་རིགས་པ་གང་ཞིག རྟག་དངོས་གཉིས་ཡིན་ན་ཀྭ་བུམ་གཉིས་ཡིན་པས་ཁྱབ་བ་ཡོད་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྗེས་ཁྱབ་ཀློང་བའི་ཚེ་ན། རྟག་དངོས་གཉིས་ཡིན་ན་ཀྭ་བུམ་གཉིས་ཡིན་པས་ཁྱབ་བ་ཀློང་རིགས་པ་ཡིན་པར་ཐལ། ཁྱོད་ཀྭ་བུམ་གཉིས་གསལ་བ་དང༌། རྟག་དངོས་གཉིས་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཐལ་འགྱུར་གང་དང་གང་གི་རྗེས་ཁྱབ་ཀློང་བའི་ཚེ་ན་རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པའི་ཁྱབ་པ་ཀློང་རིགས་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། ཤེས་བྱ་ཆོས་ཅན། ཀྭ་བུམ་གཉིས་ཡིན་པར་ཐལ། རྟགས་དངོས་གཉིས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་འགལ་ཁྱབ་རྣལ་མ་ངེས་པར་ཐལ། ཁྱོད་ཀྱི་འགལ་ཁྱབ་རྣལ་མ་ཀློང་བའི་ཚེ་ན། རྟག་དངོས་གཉིས་ཡིན་ན་ཀྭ་བུམ་གཉིས་མ་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག རྟག་དངོས་གཉིས་ཡིན་ན་ཀྭ་བུམ་གཉིས་མ་ཡིན་པས་ཁྱབ་པའི་ཕྱིར། ཁ་ཅིག་ན་རེ། ཐལ་འགྱུར་དེའི་ཐུར་ཁྱབ་རྣལ་མ་ངེས་པའི་ཐུར་ཁྱབ་རྣལ་མ་ངེས་ན། ཐལ་འགྱུར་དེའི་ཐུར་ཁྱབ་རྣལ་མ་ངེས་པས་ཁྱབ་ཟེར་ན། ཆོས་དུང་ཆོས་ཅན། དངོས་པོ་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ཐུར་ཁྱབ་རྣལ་མ་ངེས་པར་ཐལ། ཁྱོད་ཀྱི་ཐུར་ཁྱབ་རྣལ་མ་ངེས་པའི་ཐུར་ཁྱབ་རྣལ་མ་ངེས་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ཆོས་དུང་ཆོས་ཅན། དངོས་པོ་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ཐུར་ཁྱབ་རྣལ་མ་ངེས་པའི་ཐུར་ཁྱབ་རྣལ་མ་ངེས་པར་ཐལ། ཁྱོད་ཀྱི་ཐུར་ཁྱབ་ཀློང་བའི་ཚེ་ན་དངོས་པོ་ཡིན་ན་གཟུགས་ཡིན་པས་ཁྱབ་པ་ཡིན་ལ། གཟུགས་ཡིན་པར་ཐལ།དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་ཐུར་ཁྱབ་ཀློང་བའི་ཚེ་ན་གཟུགས་ཡིན་ན་དངོས་པོ་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག གཟུགས་ཡིན་ན་དངོས་པོ་ཡིན་པས་ཁྱབ་པའི་ཕྱིར། རྩ་བར་འདོད་ན། ཆོས་དུང་ཆོས་ཅན། དངོས་པོ་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ཐུར་ཁྱབ་རྣལ་མ་མ་ངེས་པར་ཐལ། ཁྱོད་ཀྱི་ཐུར་ཁྱབ་ཀློང་བའི་ཚེ་ན། དངོས་པོ་ཡིན་ན་གཟུགས་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག དངོས་པོ་ཡིན་ན་གཟུགས་ཡིན་པས་ཁྱབ་པ་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ཆོས་དུང་ཆོས་ཅན། དངོས་པོ་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ཐུར་ཁྱབ་ཀློང་བའི་ཚེ་ན་དངོས་པོ་ཡིན་ན་གཟུགས་ཡིན་པས་ཁྱབ་པ་ཀློང་རིགས་པ་ཡིན་པར་ཐལ། ཁྱོད་དངོས་པོའི་གསལ་བ་དང༌། གཟུགས་ཀྱི་རྟགས་བྱས་པའི་རྟགས་གསལ་གཉིས་ཀ་དང་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་བ་ཡོད་པར་ཐལ། རྟགས་གསལ་གཉིས་ཀ་དང་ལྡན་པའི་ཐལ་འགྱུར་གང་དང་གང་གི་ཐུར་ཁྱབ་ཀློང་བའི་ཚེ་ན་གསལ་བ་དེ་ཡིན་ན་རྟགས་དེ་ཡིན་པས་ཁྱབ་པ་ཀློང་དགོས་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཐལ་འགྱུར་དེའི་འགལ་ཁྱབ་རྣལ་མ་ངེས་པའི་ཐུར་ཁྱབ་རྣལ་མ་ངེས་ན་ཐལ་འགྱུར་དེའི་ཐུར་ཁྱབ་རྣལ་མ་ངེས་པས་ཁྱབ་ཟེར་ན། མེད་པ་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ཐུར་ཁྱབ་རྣལ་མ་ངེས་པར་ཐལ། ཁྱོད་ཀྱི་འགལ་ཁྱབ་རྣལ་མ་ངེས་པའི་ཐུར་ཁྱབ་རྣལ་མ་ངེས་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། མེད་པ་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་འགལ་ཁྱབ་རྣལ་མ་ངེས་པའི་ཐུར་ཁྱབ་རྣལ་མ་ངེས་པར་ཐལ། ཁྱོད་ཀྱི་འགལ་ཁྱབ་ཀློང་བའི་ཚེ་ན་ཡོད་པ་ཡིན་ན་མེད་པ་མ་ཡིན་པས་ཁྱབ་པ། མེད་པ་མ་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་ཐུར་ཁྱབ་ཀློང་བའི་ཚེ་ན་མེད་པ་མ་ཡིན་ན་ཡོད་པ་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག མེད་པ་མ་ཡིན་ན་ཡོད་པ་ཡིན་པས་ཁྱབ་པའི་ཕྱིར་རོ། །རྩ་བར་འདོད་ན། མེད་པ་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ཐུར་ཁྱབ་རྣལ་མ་མ་ངེས་པར་ཐལ། ཁྱོད་ཀྱི་ཐུར་ཁྱབ་ཀློང་བའི་ཚེ་ན། མེད་པ་ཡིན་ན་ཡོད་པ་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག མེད་པ་ཡིན་ན་ཡོད་པ་ཡིན་པས་ཁྱབ་པ་མེད་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

རྟགས་གསལ་དང་བཅས་པའི་ཐལ་འགྱུར་རྣམས་ཀྱི་ཁྱབ་པ་སྒོ་བརྒྱད་ཀློང་ཚུལ་ནི་འདི་ལྟ་སྟེ། རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་བ་ཀློང་ཚུལ་ནི། རྗེས་ཁྱབ་ཀློང་ཚུལ་དང༌། རྟགས་དེ་ཡིན་ན་གསལ་བ་དེ་མ་ཡིན་པས་ཁྱབ་པ་ཀློང་ཚུལ་འདི་འགལ་ཁྱབ་རྣལ་མ་ཀློང་ཚུལ་དང༌། གསལ་བ་དེ་ཡིན་ན་རྟགས་དེ་ཡིན་པས་ཁྱབ་པ་ཀློང་ཚུལ་འདི་ཐུར་ཁྱབ་རྣལ་མ་ཀློང་ཚུལ་དང༌། གསལ་བ་དེ་མ་ཡིན་ན་རྟགས་དེ་མ་ཡིན་པས་ཁྱབ་པ་ཀློང་ཚུལ་འདི་ལྡོག་ཁྱབ་རྣལ་མའི་ཀློང་ཚུལ་དང༌། རྟགས་དེ་ཡིན་ན་གསལ་བ་དེ་མ་ཡིན་པས་ཁྱབ་པ་ཀློང་ཚུལ་འདི་རྗེས་ཁྱབ་ཕྱིན་ཅི་ལོག་གི་ཀློང་ཚུལ་དང༌། རྟགས་དེ་ཡིན་ན་གསལ་བ་དེ་མ་ཡིན་པ་མ་ཡིན་པས་ཁྱབ་པ་ཀློང་ཚུལ་འདི་འགལ་ཁྱབ་ཕྱིན་ཅི་ལོག་གི་ཀློང་ཚུལ་དང༌། གསལ་བ་དེ་ཡིན་ན་རྟགས་དེ་མ་ཡིན་པས་ཁྱབ་པ་ཀློང་ཚུལ་འདི་ཐུར་ཁྱབ་ཕྱིན་ཅི་ལོག་གི་ཀློང་ཚུལ་དང༌། གསལ་བ་དེ་མ་ཡིན་ན་རྟགས་དེ་མ་ཡིན་པ་མ་ཡིན་པས་ཁྱབ་བ་དེ་ལྡོག་ཁྱབ་ཕྱིན་ཅི་ལོག་གི་ཀློང་ཚུལ་ཡིན་ནོ། །ཁྱབ་སྒོ་རེ་གཉིས་ཀྱི་རྩི་ཚུལ་རེ་མིག་བློ་གསལ་མིག་འབྱེད་ལས་ཤེས་པར་བྱའོ། །དེ་ལྟར་ལེགས་པར་དཔྱད་ན་རིང་པོར་མི་ཐོགས་པར་ཤེས་བྱའི་གནས་ལ་བློ་གྲོས་པད་མོ་རྒྱས་པར་འགྱུར་རོ།། །།

བཅུ་བཞི་པ་ཁས་ལེན་སོང་ཚུལ་གྱི་རྣམ་བཞག་བཤད་པ།

བཅུ་བཞི་པ་ཁས་ལེན་སོང་ཚུལ་གྱི་རྣམ་བཞག་བཤད་པ་ལ།

དགག་བཞག་སྤོང་གསུམ་ལས། དང་པོ་ནི། མདོ་སྡེ་བ་ལྟར་ན་ཁ་ཅིག་ན་རེ། དངོས་དངོས་མེད་གཉིས་ལས་དངོས་པོ་ཡིན་པར་ཁས་ལེན་ཟེར་ན། འོ་ན་ཁྱོད་དངོས་པོ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཁྱོད་ཀྱི་རྒྱུ་ཁྱོད་ཀྱི་རྒྱུ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། འདོད་ན། ཁྱོད་ཀྱི་རྒྱུ་མེད་ན་ཁྱོད་མེད་དགོས་པར་ཐལ། ཁྱོད་ཀྱི་རྒྱུ་ཁྱོད་ཀྱི་རྒྱུ་ཡིན་པའི་ཕྱིར། འདོད་ན། རྟག་པ་ཆོས་ཅན། ཁྱོད་མེད་པར་ཐལ། ཁྱོད་ཀྱི་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། རྟག་པ་ཆོས་ཅན། ཁྱོད་ཀྱི་རྒྱུ་མེད་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། གཞི་གྲུབ་པའི་ཕྱིར། ཁ་ཅིག་ཁྱོད་དངོས་མེད་ཡིན་ལ། རང་དངོས་པོ་ཡིན་ཟེར་ན། རང་གི་རྒྱུ་ཡོད་པར་ཐལ། རང་དངོས་པོ་ཡིན་པའི་ཕྱིར། འདོད་ན། རང་གི་རྒྱུ་མེད་ན་རང་མེད་དགོས་པར་ཐལ། རང་གི་རྒྱུ་ཡོད་པའི་ཕྱིར། འདོད་ན། རྟག་པ་ཆོས་ཅན། རང་མེད་པར་ཐལ། རང་གི་རྒྱུ་མེད་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། རྟག་པ་ཆོས་ཅན། རང་གི་རྒྱུ་མེད་པར་ཐལ། རང་རྟག་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཡོད་པ་ཆོས་ཅན། རང་གི་རྒྱུ་ཡོད་པར་ཐལ། རང་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རང་གི་རྒྱུ་ཡོད་པར་འདོད་ཅེས་རྩི་རིགས་ཟེར་ན། དེ་མི་རིགས་པར་ཐལ། དེ་ལ་འདོད་ལན་བཏབ་པས་ཡོད་པའི་རྒྱུ་ཡོད་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར། དེར་ཐལ། མྱུ་གུ་ཆོས་ཅན། རང་གི་རྒྱུ་ཡོད་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་མྱུ་གུའི་རྒྱུ་ཡོད་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར། དེར་ཐལ། མྱུ་གུ་ཆོས་ཅན། རང་གི་རྒྱུ་ལས་སྐྱེས་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་མྱུ་གུ་མྱུ་གུའི་རྒྱུ་ལས་སྐྱེས་པ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར། དེར་ཐལ། འདུས་བྱས་ཡིན་ན་རང་གི་རྒྱུ་ལས་སྐྱེས་པ་ཡིན་པའི་ཁྱབ་པའི་ཕྱིར། ཁ་ཅིག་ན་རེ། འདུས་བྱས་ཡིན་ན་རང་གི་རྒྱུ་ལས་སྐྱེས་པ་ཡིན་པས་མ་ཁྱབ་པར་ཐལ། གདམས་ངག་ཆོས་ཅན། རང་གི་རྒྱུ་ལས་སྐྱེས་པ་ཡིན་པར་ཐལ། འདུས་བྱས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་མི་ཐེབས་པའི་ཕྱིར། དེར་ཐལ། དེ་ལ་འདོད་ལན་བཏབ་པས་གདམས་ངག་གི་རྒྱུ་ལས་སྐྱེས་པ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག གདམས་ངག་གི་རྒྱུ་ལས་སྐྱེས་པ་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དེ་ལ་འདོད་ལན་བཏབ་པས་དེ་ལྟར་རྩི་རིགས་པར་ཐལ། གདམས་ངག་ཆོས་ཅན། རང་གི་ལྡོག་པ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་གདམས་ངག་གི་ལྡོག་པ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར། དེར་ཐལ། གདམས་ངག་ཆོས་ཅན། རང་དང་གཅིག་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་གདམས་ངག་དང་གཅིག་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར། དེར་ཐལ། གདམས་ངག་ཆོས་ཅན། རང་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་གདམས་ངག་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར། དེར་ཐལ། གདམས་ངག་ཆོས་ཅན། ཁྱོད་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་གདམས་ངག་ཡིན་པར་འདོད་ཅེས་རྩི་རིགས་ཤིང་འདོད་ལན་མི་ཐེབས་པ་དེ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། ཁྱོད་སྒྲ་རྣམས་ལ་ཡོད་སྒྲུབ་དང་ཡིན་སྒྲུབ་སོགས་ལ་རེ་རེ་ལས་ལྷག་བཤིག་མི་དགོས་ལ། རང་སྒྲ་ཡིན་སྒྲུབ་ཕལ་ཆེར་ལ་རྩོད་གཞི་གཉིས་རེ་བཤིག་དགོས་པའི་ཕྱིར། ཁ་ཅིག་ན་རེ། སྒྲ་ཆོས་ཅན། ཁྱོད་དང་གཅིག་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་སྒྲ་དང་གཅིག་ཡིན་པར་འདོད་ཅེས་རྩི་མི་རིགས་པ་ཡིན་པར་ཐལ། དེ་ལ་འདོད་ལན་བཏབ་པས་སྒྲ་སྒྲ་དང་གཅིག་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར། དེར་ཐལ། སྒྲ་ཆོས་ཅན། ཁྱོད་ཀྱི་རྒྱུ་ལས་སྐྱེས་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་སྒྲ་སྒྲའི་རྒྱུ་ལས་སྐྱེས་པ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར། དེར་ཐལ། སྒྲ་ཆོས་ཅན། རང་གི་རྒྱུ་ལས་སྐྱེས་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་སྒྲ་སྒྲའི་རྒྱུ་ལས་སྐྱེས་པ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར་ན་མ་ཁྱབ་པའོ། །ཁ་ཅིག་ན་རེ། སྒྲ་ཆོས་ཅན། བདག་སྐྱེས་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་སྒྲ་སྒྲ་ལས་སྐྱེས་པ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པར་ཐལ། སྒྲ་ཆོས་ཅན། རང་གི་རྒྱུ་ལས་སྐྱེས་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་སྒྲ་སྒྲའི་རྒྱུ་ལས་སྐྱེས་པ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། མྱུ་གུ་ཆོས་ཅན། བདག་ཉིད་ཀྱི་རྒྱུ་ལས་སྐྱེས་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་མྱུ་གུ་མྱུ་གུའི་རྒྱུ་ལས་སྐྱེས་པ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཕྱི་རོལ་གྲངས་ཅན་པ་ལ་མྱུ་གུ་ཆོས་ཅན། བདག་ལས་སྐྱེས་པ་ཡིན་པར་ཐལ་ཞེས་འཕང་བའི་ཚེ་ན་མྱུ་གུ་མྱུ་གུ་ལས་སྐྱེས་པ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པར་ཐལ། འདོད་པའི་ཕྱིར། རྟགས་ཁས། འདོད་ན། དེ་ལ་མྱུ་གུ་ཆོས་ཅན། བདག་ལས་སྐྱེས་པ་ཡིན་པར་ཐལ་ཞེས་འཕང་བའི་ཚེ་ན་འདོད་མི་རིགས་པར་ཐལ། མྱུ་གུ་མྱུ་གུ་ལས་སྐྱེས་པར་གྲངས་ཅན་པས་མི་འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདྲའི་ཐལ་འགྱུར་ལ་འདོད་ལན་བཏབ་པས་གང་བཀོད་པ་ལྟར་མྱུ་གུ་བདག་སྐྱེས་ཡིན་པར་འདོད་ཅེས་རྩི་རིགས་ཤིང་འདོད་ལན་མི་ཐེབས་པ་ཡིན་པའི་ཕྱིར་རོ། །འོན་ཀྱང་སྒྲ་ནི་བརྗོད་འདོད་རྗེས་འབྲང་ཡིན་པས་སྐབས་ཐོབ་ཀྱི་ཤེས་པར་བྱའོ། །བསྡུས་གྲྭ་འགའ་ཞིག་ཏུ་བདག་སྒྲ་གཉིས་རེ་བཤིག་པར་གསུངས་སོ། །ཁ་ཅིག་ན་རེ། ཀྭ་བུམ་གཉིས་ཡིན་ན་ཀྭ་བུམ་གཉིས་ཡིན་པས་ཁྱབ་ན། ཀྭ་བུམ་གཉིས་ཡིན་པས་ཁྱབ་ཟེར་ན། རི་བོང་རྭ་ཆོས་ཅན། ཀྭ་བུ་གཉིས་ཡིན་པར་ཐལ། ཀྭ་བུམ་གཉིས་ཡིན་ན་ཀྭ་བུམ་གཉིས་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། རི་བོང་རྭ་ཆོས་ཅན། ཀྭ་བུམ་གཉིས་ཡིན་ན་ཀྭ་བུམ་གཉིས་ཡིན་པས་ཁྱབ་པར་ཐལ། ཀྭ་བུམ་གཉིས་ཡིན་ན་གང་དྲན་དྲན་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། ཀྭ་བུམ་གཉིས་ཡིན་ན་གང་དྲན་དྲན་ཡིན་པས་ཁྱབ་པར་ཐལ། གང་ཟག་གི་བདག་ཏུ་མ་གྲུབ་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། རི་བོང་རྭ་ཆོས་ཅན། ཀྭ་བུམ་གཉིས་མ་ཡིན་པར་ཐལ། བདག་ཏུ་མ་གྲུབ་པའི་ཕྱིར། ཁ་ཅིག་ན་རེ། དུས་དང་རྣམ་པ་ཐམས་ཅད་དུ་ཡོད་མེད་གང་རུང་ཡིན་ན་དུས་དང་རྣམ་པ་ཐམས་ཅད་དུ་ཡོད་པ་ཡིན་པས་ཁྱབ་ཟེར་ན། བུམ་པ་ཆོས་ཅན། དུས་དང་རྣམ་པ་ཐམས་ཅད་དུ་ཡོད་པ་ཡིན་པར་ཐལ། དུས་དང་རྣམ་པ་ཐམས་ཅད་དུ་ཡོད་མེད་གང་རུང་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བུམ་པ་ཆོས་ཅན། དུས་དང་རྣམ་པ་ཐམས་ཅད་དུ་ཡོད་མེད་གང་རུང་ཡིན་པར་ཐལ ཁྱོད་ཡོད་མེད་གང་རུང་མ་ཡིན་པའི་དུས་དང་རྣམ་པ་ཐམས་ཅད་མི་སྲིད་པའི་ཕྱིར། རྩ་བར་འདོད་ན། བུམ་པ་ཆོས་ཅན། དུས་དང་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་པར་ཐལ། རང་གི་རྒྱུ་དུས་དང༌། རང་གི་འབྲས་བུའི་དུས་སུ་ཡོད་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། རང་གི་རྒྱུ་དུས་དང༌། རང་གི་འབྲས་བུའི་དུས་རེ་རེའི་ཚེ་ཡོད་པ་མ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དངོས་པོ་ཡིན་པར་ཐལ། ཀ་བ་དང་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། ཀ་བ་ཆོས་ཅན། ཁྱོད་དང་གཅིག་ཡིན་པར་ཐལ། ཀ་བ་དང་གཅིག་ཡིན་པ་གང་ཞིག ཀ་བ་དང་གཅིག་ཡིན་ན་ཁྱོད་དང་གཅིག་ཡིན་དགོས་པའི་ཕྱིར་ཟེར་ན་མ་ཁྱབ། དེ་ལ་རྟགས་མ་གྲུབ་ཀྱི་ལན་མི་ཐེབས་པ་ཡིན་ཏེ། དེ་ལ་རྟགས་དང་པོ་མ་གྲུབ་ཀྱི་ལན་ཡང་མི་ཐེབས། གཉིས་པ་མ་གྲུབ་ཀྱི་ལན་མི་ཐེབས། བསྡོམས་རྟགས་མ་གྲུབ་ཀྱི་ལན་ཡང་མི་ཐེབས་པ་ཡིན་པའི་ཕྱིར། མ་གྲུབ་ན། ཀ་བ་ཆོས་ཅན། ཁྱོད་དང་གཅིག་ཡིན་པར་ཐལ། ཀ་བ་དང་གཅིག་ཡིན་པ་གང་ཞིག ཀ་བ་དང་གཅིག་ཡིན་ན་ཁྱོད་དང་གཅིག་ཡིན་དགོས་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་དང་པོ་མ་གྲུབ་ཀྱི་ལན་མི་ཐེབས་ཏེ། དེ་ལ་རྟགས་དང་པོ་མ་གྲུབ་ཀྱི་ལན་བཏབ་པས་ཀ་བ་ཀ་བ་དང་གཅིག་ཡིན་པར་རྟགས་མ་གྲུབ་ཅེས་རྩི་དགོས་ཤིང༌། ཀ་བ་ཀ་བ་དང་གཅིག་ཡིན་པའི་ཕྱིར། དེ་འདྲའི་ཐལ་འགྱུར་གྱི་རྟགས་གཉིས་པ་མ་གྲུབ་ཀྱི་ལན་མི་ཐེབས་ཏེ། དེ་ལ་རྟགས་གཉིས་པ་མ་གྲུབ་ཀྱི་ལན་བཏབ་པས་ཀ་བ་དང་གཅིག་ཡིན་ན་ཀ་བ་དང་གཅིག་ཡིན་པར་རྟགས་མ་གྲུབ་ཅེས་རྩི་དགོས་ཤིང༌། ཀ་བ་དང་གཅིག་ཡིན་ན་ཀ་བ་དང་གཅིག་ཡིན་དགོས་པའི་ཕྱིར། དེ་འདྲའི་ཐལ་འགྱུར་ལ་བསྡོམས་རྟགས་མ་གྲུབ་ཀྱི་ལན་མི་ཐེབས་ཏེ།ཀ་བ་ཀ་བ་དང་གཅིག་ཡིན་པ་གང་ཞིག ཀ་བ་དང་གཅིག་ཡིན་ན་ཀ་བ་དང་གཅིག་ཡིན་དགོས་པའི་ཕྱིར། ཁ་ཅིག་ན་རེ། དངོས་པོ་ཡིན་པར་ཐལ།སྔོ་སེར་གཉིས་མ་ཡིན་པ་དང་དངོས་པོ་གཉིས་ཀ་ཡིན་པའི་ཕྱིར། མ་གྲུབ་ན།སྔོ་སེར་གཉིས་མ་ཡིན་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཐལ། སྔོ་སེར་གཉིས་མ་ཡིན་པར་གྱུར་བའི་དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། སྔོ་སེར་གཉིས་ཆོས་ཅན།མ་ཡིན་པར་གྱུར་བའི་དངོས་པོ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། བྱས་པ་ལ་ཁོ་ན་རེ། སྔོ་སེར་གཉིས་མ་ཡིན་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཐལ། སྔོ་སེར་གཉིས་མ་ཡིན་པ་དང་དངོས་པོ་གཉིས་ཀའི་གཞི་མཐུན་ཡིན་པའི་ཕྱིར། དེར་ཐལ། མ་ཡིན་པ་དང་དངོས་པོ་གཉིས་ཀའི་གཞི་མཐུན་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ས་སེར་པོ་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། སྔོ་སེར་གཉིས་མ་ཡིན་པ་དང་དངོས་པོ་གཉིས་ཀ་མ་ཡིན་པར་ཐལ། སྔོ་སེར་གཉིས་མ་ཡིན་པ་དང་དངོས་མེད་གཉིས་ཀ་ཡིན་པའི་ཕྱིར། མ་གྲུབ་ན། སྔོ་སེར་གཉིས་མ་ཡིན་པ་དང་དངོས་མེད་གཉིས་ཀ་ཡིན་པར་ཐལ། དངོས་མེད་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དངོས་མེད་ཡིན་ན་སྔོ་སེར་གཉིས་མ་ཡིན་པ་དང་དངོས་མེད་གཉིས་ཀ་ཡིན་པས་ཁྱབ་པར་ཐལ། དངོས་མེད་ཡིན་ན་དངོས་པོ་མ་ཡིན་པ་དང་དངོས་མེད་གཉིས་ཀ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དངོས་མེད་ཡིན་ན་དངོས་པོ་མ་ཡིན་པ་དང་དངོས་མེད་གཉིས་ཀ་ཡིན་པས་ཁྱབ་པར་ཐལ། དངོས་མེད་ཡིན་ན་དངོས་པོ་མ་ཡིན་པ་དང་དངོས་མེད་གཉིས་ཀའི་གཞི་མཐུན་པ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དངོས་པོ་མ་ཡིན་པ་དང་དངོས་མེད་གཉིས་ཆོས་ཅན། འགལ་བ་ཡིན་པར་ཐལ། ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་ཁས།འདོད་ན། དངོས་པོ་མ་ཡིན་པ་དང་དངོས་མེད་གཉིས་ཆོས་ཅན། བདག་ཏུ་མ་གྲུབ་པ་ཡིན་ན་ཁྱོད་ཀྱི་གཞི་མཐུན་མ་ཡིན་པས་ཁྱབ་པར་ཐལ། ཁྱོད་ཕན་ཚུན་ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དངོས་མེད་ཡིན་ན་ཁྱོད་གཉིས་ཀ་ཡིན་པས་ཁྱབ་པའི་ཕྱིར། ཁ་ཅིག་ན་རེ། རྟག་པ་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཟེར་ན། འགལ་ཁྱབ་ལ་འཕུད་རིགས་པ་ཡིན་པར་ཐལ། རྟག་པ་ཡིན་ན་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། རྟག་པ་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོར་རྟོགས་པའི་ཚད་མ་ཡོད་པ་གཉིས་ཀ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྟག་པ་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་རྟག་པར་རྟོགས་པའི་ཚད་མ་ཆོས་ཅན། ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཐལ། རྟག་དངོས་གང་རུང་དང་དངོས་པོ་གཉིས་ཀ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཀ་མ་ཡིན་པར་ཐལ། རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པར་རྟོགས་པའི་ཚད་མ་མེད་པ་གཉིས་ཀ་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པར་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་ཡོད་པ་དང་ཁྱོད་མེད་པ་གཉིས་ཀ་མ་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར་ན་མ་ཁྱབ། བདག་མེད་ཡིན་ན་ཁྱོད་ཡོད་པ་དང་ཁྱོད་མེད་པ་གཉིས་ཀ་མ་ཡིན་པས་མ་ཁྱབ་ཀྱང༌། བདག་མེད་ཡིན་ན་ཡོད་པ་དང་མེད་པ་གཉིས་ཀ་མ་ཡིན་པས་ཁྱབ་ཅེས་ཁས་ལེན་དགོས་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། མ་ཡིན་པར་གྱུར་བའི་དངོས་མེད་ཡིན་ན་དངོས་མེད་ཡིན་པས་ཁྱབ་པར་ཐལ། མ་ཡིན་པར་གྱུར་བའི་དངོས་མེད་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན། དངོས་པོ་ཆོས་ཅན། དངོས་མེད་ཡིན་པར་ཐལ། མ་ཡིན་པར་གྱུར་བའི་དངོས་མེད་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དངོས་པོ་མ་ཡིན་པར་གྱུར་བའི་དངོས་མེད་ཡིན་པར་ཐལ། དངོས་པོ་མ་ཡིན་པ་དང༌། དངོས་མེད་གཉིས་ཀ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་མ་ཡིན་པ་དང༌། དངོས་མེད་གཉིས་ཀ་ཡིན་པར་ཐལ། དངོས་མེད་ཡིན་པའི་ཕྱིར། ཡང་ཁ་ཅིག ཡིན་པར་གྱུར་བའི་དངོས་མེད་ཡིན་པར་ཐལ། ཡིན་པ་ཡིན་པའི་ཕྱིར་ཟེར་ན། དེ་ལ་ཁ་ཅིག་གིས་འོ་ན་མ་ཡིན་པ་མ་ཡིན་པར་ཐལ། ཡིན་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། མ་ཡིན་པ་མ་ཡིན་པ་དང་ཡིན་པ་གཉིས་ཀ་ཡིན་པར་ཐལ། མ་ཡིན་པ་མ་ཡིན་པ་གང་ཞིག ཡིན་པ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་ཁས། འདོད་ན། མ་ཡིན་པ་ཆོས་ཅན། མ་ཡིན་པ་དང་ཡིན་པ་གཉིས་ཀ་མ་ཡིན་པར་ཐལ། གང་ཟག་གི་བདག་མེད་ཡིན་པའི་ཕྱིར་ཟེར། དེ་ལ་རིགས་པ་མགོ་མཚུངས་བརྗོད་ན། ཡིན་མིན་གཉིས་ཀྱི་ནང་ནས་མ་ཡིན་པར་ཐལ། ཁྱོད་ཀྱི་རིགས་པ་དེའི་ཕྱིར། འདོད་ན། མ་ཡིན་པ་ཡིན་པ་དང་མ་ཡིན་པ་གཉིས་ཀ་ཡིན་པར་ཐལ། མ་ཡིན་པ་ཡིན་པ་གང་ཞིག མ་ཡིན་པ་ཡིན་པའི་ཕྱིར། རྟགས་རེ་རེ་ཁས། འདོད་ན། མ་ཡིན་པ་ཆོས་ཅན། ཡིན་པ་དང་མ་ཡིན་པ་གཉིས་ཀ་མ་ཡིན་པར་ཐལ། གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཁྱབ་པ་འགྲིགས། ཁ་ཅིག་ན་རེ། མ་ཡིན་པ་ཡིན་པར་ཐལ། ཡིན་མིན་གང་རུང་གང་ཞིག ཡིན་པ་མ་ཡིན་པའི་ཕྱིར་ཟེར་ན། རྟགས་ཕྱི་མ་མ་གྲུབ་པོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

ཁས་ལེན་སོང་ཚུལ་ཡོད་དེ། ཡོད་མེད་གཉིས་ཀྱི་ནང་ནས་ཡོད་པ་དང༌། སྤྱི་དང་བྱེ་བྲག་གཉིས་ཀྱི་ནང་ནས་བྱེ་བྲག་དང༌། དངོས་དང་དངོས་མེད་གཉིས་ཀྱི་ནང་ནས་དངོས་མེད་དང༌། ཡིན་མིན་གཉིས་ཀྱི་ནང་ནས་ཡིན་པ་ཡིན་པར་ཁས་ལེན་དགོས་པ་ཡིན་པའི་ཕྱིར། ཀྭ་བུམ་གཉིས་མ་ཡིན་པ་དང་དངོས་མེད་གཉིས་ཀ་ཡིན་པར་ཁས་བླངས་བས་ཀྭ་བུམ་གཉིས་དེ་མ་སོང་བར་སྤྱིར་ཁས་ལེན་སོང་བ་ཡིན་པའི་ཕྱིར། ཀྭ་བུམ་གཉིས་ཡོད་པ་དང་དངོས་པོ་གཉིས་ཀ་ཁས་བླང་བས་སྤྱིར་མ་སོང་བར་ཀྭ་བུམ་གཉིས་དེ་ཁས་ལེན་སོང་བ་ཡིན་པའི་ཕྱིར། དངོས་མེད་དུ་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཁས་བླང་བས་སྤྱིར་མ་སོང་བར་དངོས་མེད་དུ་རྟོགས་པའི་ཚད་མ་དེ་སོང་བ་ཡིན་ཏེ། དངོས་མེད་དུ་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཀའི་གཞི་མཐུན་དུ་འཇོག་པར་ཁས་བླང་བས་སྤྱིར་མ་སོང་བར་དངོས་མེད་དུ་རྟོགས་པའི་ཚད་མ་དེ་སོང་བ་ཡིན་པའི་ཕྱིར། དེར་ཐལ། གཞི་གྲུབ་ན། ཡོད་པ་དང་དངོས་པོ་གཉིས་ཀ་མ་ཡིན་པས་མ་ཁྱབ་པ་ལ་དངོས་མེད་དུ་རྟོགས་པའི་ཚད་མ་དེ་བཞག་ཆོག་པ་ཡིན་པའི་ཕྱིར་རོ། །ཡོད་པ་ཡིན་ན་འདུས་བྱས་དང་འདུས་མ་བྱས་གང་རུང་ཡིན་པས་ཁྱབ་ཅེས་པ་དང༌། ཡོད་པ་ཡིན་ན་འདུས་བྱས་དང་འདུས་མ་བྱས་གང་རུང་ཡིན་དགོས་ཞེས་པ་དང༌། ཡོད་པ་ཡིན་ན་འདུས་བྱས་དང་འདུས་མ་བྱས་གང་རུང་ཡིན་ཞེས་པ་རྣམས་ལ་ཁས་ལེན་སོང་ཚུལ་ཁྱད་པར་མེད་དེ། དེ་རྣམས་ཁྱབ་མཐའི་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་རོ། །

གསུམ་པ་དེ་ལ་རྩོད་པ་སྤོང་བ།

གསུམ་པ་དེ་ལ་རྩོད་པ་སྤོང་བ་ལ།

ཁོ་ན་རེ། རྣམ་མཁྱེན་ཆོས་ཅན། མ་ཡིན་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཐལ། མ་ཡིན་པ་ཡིན་པ་གང་ཞིག དངོས་པོ་ཡིན་པའི་ཕྱིར་ཟེར་ན། བསྡོམས་རྟགས་མ་གྲུབ་ཀྱི་ལན་ཐེབས་པ་ཡིན་ཏེ། རྣམ་མཁྱེན་མ་ཡིན་པ་དང་དངོས་མེད་གཉིས་ཀ་ཡིན་པའི་ཕྱིར། དེར་ཐལ། རྣམ་མཁྱེན་མ་ཡིན་པ་དང་དངོས་མེད་གཉིས་ཀའི་གཞི་མཐུན་པ་ཡིན་པའི་ཕྱིར། དེར་ཐལ། དངོས་མེད་ཡིན་པའི་ཕྱིར། ཡང་ཁོ་ན་རེ། རྣམ་མཁྱེན་མི་རྟག་པ་དང་རྟག་པ་གཉིས་ཀ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། རྣམ་མཁྱེན་མི་རྟག་པ་དང་རྟག་པ་གཉིས་ཀ་ཡིན་པར་ཁས་བླངས་བས་རྣམ་མཁྱེན་དེ་མི་རྟག་པ་དང་རྟག་པ་གཉིས་ཀ་རེ་རེ་ནས་ཡིན་པར་ཁས་ལེན་སོང་བའི་ཕྱིར། མདུན་གྱི་གཞི་འདིར་ཤེས་བྱ་ཤེས་བྱ་དང་གཅིག་ཡིན་མིན་དང༌། མདུན་གྱི་གཞི་འདིར་ཆོས་ཐམས་ཅད་རྟོགས་པའི་ཚད་མ་ཡོད་མེད་གང་ཁས་ལེན་པ་དང༌། ཆོས་ཐམས་ཅད་ཡོད་པར་རྟོགས་པའི་ཚད་མ་མདུན་གྱི་གཞི་འདིར་ཡོད་ཅེས་པ་དང༌། མདུན་གྱི་གཞི་འདིར་ཆོས་ཐམས་ཅད་ཡོད་པར་རྟོགས་པའི་ཚད་མ་ཡོད་ཅེས་པ་གཉིས་འདྲ་མི་འདྲ་རྣམས་དཔྱད་པར་བྱའོ།། །།

བཅོ་ལྔ་བ་དྲུག་སྒྲའི་རྣམ་བཞག་མདོར་བསྡུས་ཙམ་བཤད་པ།

བཅོ་ལྔ་བ་དྲུག་སྒྲའི་རྣམ་བཞག་མདོར་བསྡུས་ཙམ་བཤད་པ་ལ།

ཁ་ཅིག་ན་རེ། རྣམ་མཁྱེན་ཆོས་ཅན། དངོས་པོར་རྟོགས་པའི་ཚད་མ་ཡིན་པར་ཐལ། ཚད་མ་གང་ཞིག དངོས་པོ་ཁྱོད་ཀྱི་གཞལ་བྱ་ཡིན་པའི་ཕྱིར། འདོད་ན། འདོད་ལན་རྩིས་པས། རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡིན་པར་འདོད་ཟེར་ན། འོ་ན་ཚད་མ་ཡིན་པར་ཐལ། རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། སྒྲ་དངོས་པོར་རྟོགས་པའི་ཚད་མ་ཡིན་ན་ཚད་མ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། སྒྲ་ཡོད་པར་རྟོགས་པའི་ཚད་མ་ཡིན་ན་ཚད་མ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། ཁྱོད་ཡོད་པར་རྟོགས་པའི་ཚད་མ་ཡིན་ན་ཚད་མ་ཡིན་པས་ཁྱབ་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། རྩ་བར་འདོད་ན། དངོས་མེད་མ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། གཞན་ཡང་བདག་ཏུ་མ་གྲུབ་པ་ཡིན་ན་དངོས་པོར་རྟོགས་པའི་ཚད་མ་མ་ཡིན་པས་ཁྱབ་པར་ཐལ། རྣམ་མཁྱེན་ཆོས་ཅན། དངོས་པོར་རྟོགས་པའི་ཚད་མ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་འདོད་ལན་མི་ཐེབས་པའི་ཕྱིར། དེར་ཐལ། དེ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག རྣམ་མཁྱེན་དངོས་པོ་རྟོགས་པའི་ཚད་མ་མ་ཡིན་པའི་ཕྱིར། གོང་གི་འདོད་ལན་བཏབ་ཚུལ་དེ་ལྟར་མི་འཐད་པར་ཐལ། རྣམ་མཁྱེན་ཆོས་ཅན། དངོས་པོར་རྟོགས་པའི་ཚད་མ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་འདོད་ལན་རྩིས་པས། རྣམ་མཁྱེན་རྣམ་མཁྱེན་དངོས་པོ་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྣམ་མཁྱེན་ཆོས་ཅན།ཡོད་པར་རྟོགས་པའི་ཚད་མ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་ཡོད་པར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར། དེར་ཐལ། རྣམ་མཁྱེན་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་ཡོད་པར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག ཡིན་འགོད་དང་ཡོད་འགོད་གཉིས་ཀྱི་རྩི་ཚུལ་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པའི་ཕྱིར། ཡང་རྣམ་མཁྱེན་ཆོས་ཅན། དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་འདོད་ཟེར་ན། དེ་མི་འཐད་པར་ཐལ། དེ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར། དེར་ཐལ། དངོས་པོ་ཡིན་ན་དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར། དེར་ཐལ།དངོས་པོ་ཡིན་ན་ཡོད་པར་རྟོགས་པའི་ཚད་མའི་རྒྱུ་ཡིན་པས་ཁྱབ་པའི་ཕྱིར་རོ། །

དགག་གཞི་རྩི་ཚུལ་ལ། ཁ་ཅིག་ན་རེ། བུམ་པའི་དགག་གཞི་ཆོས་ཅན། ཤེས་བྱ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཤེས་བྱ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར་ཟེར་ན། དེ་ལྟར་རྩི་མི་རིགས་པ་ཡིན་པར་ཐལ། དེ་འདྲའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཤེས་བྱ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར། དེར་ཐལ། བུམ་པའི་དགག་གཞི་ཆོས་ཅན། བུམ་པའི་དགག་གཞི་ཡིན་པར་ཐལ། ཁྱོད་ཡོད་པ་གང་ཞིག བུམ་པ་མེད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་འདོད་ལན་བཏབ་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར་རོ། །ཀྭ་བུམ་གཉིས་ཀའི་དགག་གཞི་ཆོས་ཅན། བུམ་པའི་དགག་གཞི་ཡིན་པར་ཐལ། ཀྭ་བུམ་གཉིས་ཀའི་དགག་གཞི་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན། ཀྭ་བུམ་གཉིས་ཀའི་དགག་གཞི་ཆོས་ཅན། བུམ་པའི་དགག་གཞི་མ་ཡིན་པར་ཐལ། བུམ་པ་ཡོད་པའི་ཕྱིར། དེར་ཐལ། ཀྭ་བུམ་གཉིས་ཀའི་དགག་གཞི་ཡིན་ན་བུམ་པ་མེད་པས་མ་ཁྱབ་པའི་ཕྱིར་ཟེར་ན་ཁ་ཅིག་མ་ཁྱབ་ཟེར། ཁྱབ་སྟེ། ཁྱོད་ཀྱི་སྟེང་དུ་བུམ་པ་ཡོད་པ་ལ་ཁྱོད་ཐམས་ཅད་ཀྱི་སྟེང་དུ་བུམ་པ་ཡོད་མི་དགོས་པའི་ཕྱིར། འོ་ན་ཀྭ་བུམ་གཉིས་ཀའི་དགག་གཞི་ཆོས་ཅན། ཀྭ་བུམ་གཉིས་ཡོད་པར་ཐལ། ཀ་བ་ཡོད་པ་གང་ཞིག བུམ་པ་ཡོད་པའི་ཕྱིར་ཟེར་ན། བསྡོམས་རྟགས་མ་གྲུབ་ཅེས་ལན་བཏབ་དགོས་པ་ཡིན་ནམ་དཔྱད་པར་བྱའོ།། །།

བཅུ་དྲུག་པ་ཐལ་འགྱུར་ཆུང་ངུའི་རྣམ་བཞག་མདོར་བསྡུས་ཙམ་བཤད་པ།

བཅུ་དྲུག་པ་ཐལ་འགྱུར་ཆུང་ངུའི་རྣམ་བཞག་མདོར་བསྡུས་ཙམ་བཤད་པ་ལ།

སྤྱིར་ཐལ་འགྱུར་ལ། རྟགས་ཆོས་རེ་རེ་ཙམ་འགོད་པའི་ཐལ་འགྱུར་དང༌། རྩོད་གཞི་རྟགས་གསལ་དང་བཅས་པའི་ཐལ་འགྱུར་དང༌། ཆོས་ཅན་དུ་མ་བརྩེགས་པའི་ཐལ་འགྱུར་འགོད་ཚུལ་དང༌། གསལ་སྤུངས་ཀྱི་ཐལ་འགྱུར་འགོད་ཚུལ་དང༌། རྟགས་སྤུངས་ཀྱི་ཐལ་འགྱུར་འགོད་ཚུལ་དང༌། སྦུབས་ཚང་གི་ཐལ་འགྱུར་འགོད་ཚུལ་དང་དྲུག་ལས། དང་པོ་ཡོད་དེ། ཐལ་འགྱུར་དུ་བཀོད་འདོད་ནས། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང༌། རྟག་པ་ཡིན་པར་ཐལ། ཞེས་པའི་ཐལ་འགྱུར་རེ་རེ་ནས་དེ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། རྣམ་མཁྱེན་ཆོས་ཅན། སྒྲ་ཆོས་ཅན། ཤེས་བྱ་ཆོས་ཅན། དངོས་པོ་ཡིན་པར་ཐལ། དོན་བྱེད་ནུས་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་དེ་ཡིན་པའི་ཕྱིར། བཞི་བ་ཡོད་དེ། སྒྲ་ཆོས་ཅན། ཡོད་པ་ཡིན་པར་ཐལ། ཤེས་བྱ་ཡིན་པར་ཐལ། བྱས་པ་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཡིན་པའི་ཕྱིར། ལྔ་བ་ཡོད་དེ། རྣམ་མཁྱེན་ཆོས་ཅན། གཞལ་བྱ་ཡིན་པར་ཐལ། བློའི་རྟོགས་པར་བྱ་བ་ཡིན་པའི་ཕྱིར། ཚད་མའི་རྟོགས་པར་བྱ་བ་ཡིན་པའི་ཕྱིར། ཡོད་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུའོ། །དྲུག་པ་སྦུབས་འཚངས་ཀྱི་ཐལ་འགྱུར་འགོད་ཚུལ་ལ་གཉིས་ཡོད་དེ། རྩོད་གཞི་སྦུབས་འཚངས་དང༌། གསལ་བ་སྦུབས་འཚངས་དང་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། རྣམ་མཁྱེན་ཆོས་ཅན། ཤེས་བྱ་ཆོས་ཅན། ཡོད་པ་ཆོས་ཅན། དངོས་པོ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ། བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྗེས་ཁྱབ་རྣལ་མ་ངེས་པར་ཐལ། བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཡིན་པའི་ཕྱིར། དེ་འདྲའི་ཐལ་འགྱུར་དེ་རྩོད་གཞི་སྦུབས་འཚངས་ཀྱི་ཐལ་འགྱུར་ཡིན་ཚུལ་ཡོད་དེ། དེ་འདྲའི་ཐལ་འགྱུར་གྱི་ཕྱིར་སྒྲ་དང་པོ་གཉིས་ཀྱིས་ཆོས་ཅན་ཕྱི་མ་གཉིས་སྦུབས་སུ་དྲངས་པའི་ཕྱིར། དེར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པ་དེས་ཡོད་པ་ཆོས་ཅན་ཞེས་པ་སྦུབས་སུ་དྲངས། བདག་མེད་ཡིན་པའི་ཕྱིར་ཞེས་པ་དེས་ཤེས་བྱ་ཆོས་ཅན་ཞེས་པ་དེ་སྦུབས་སུ་དྲངས་ནས་རྣམ་མཁྱེན་རྩོད་གཞི་ལུས་པ་ཡིན་པའི་ཕྱིར། དེར་ཐལ། དེའི་རྟགས་གསལ་རྩོད་གཞི་གསུམ་ངོས་འཛིན་པའི་ཚེ་ན། རྣམ་མཁྱེན་གྱིས་རྩོད་གཞི། ཤེས་བྱ་ཆོས་ཅན། ནས་རྗེས་ཁྱབ་རྣལ་མ་ངེས་ཀྱིས་བར་གསལ་བ། བདག་མེད་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། གཉིས་པ་གསལ་བ་སྦུབས་འཚངས་ཀྱི་ཐལ་འགྱུར་ཡོད་དེ། རྣམ་མཁྱེན་ཆོས་ཅན། དངོས་པོ་ཡིན་པར་ཐལ། བྱས་པ་ཡིན་པར་ཐལ། སྐད་ཅིག་མ་ཡིན་པར་ཐལ། མི་རྟག་པ་ཡིན་པར་ཐལ། དོན་བྱེད་ནུས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྗེས་ཁྱབ་རྣལ་མ་ངེས་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་དེ་ཡིན་པའི་ཕྱིར། དེར་ཐལ།དེ་འདྲའི་ཐལ་འགྱུར་གྱི་རྟགས་ཀྱི་ཕྱིར་སྒྲ་སྔ་མ་སྔ་མས་ཐལ་བ་ཕྱི་མ་ཕྱི་མ་སྦུབས་སུ་དྲངས་པ་ཡིན་པའི་ཕྱིར། དེར་ཐལ། དོན་བྱེད་ནུས་པ་ཡིན་པའི་ཕྱིར་ཞེས་པ་དེས་མི་རྟག་པ་ཡིན་པར་ཐལ་ཞེས་པ་དེ་སྦུབས་སུ་དྲངས། རྟགས་གྲུབ་པའི་ཕྱིར་ཞེས་པ་དེས་སྐད་ཅིག་མ་ཡིན་པར་ཐལ་ཞེས་པ་དེ་སྦུབས་སུ་དྲངས། རྗེས་ཁྱབ་རྣལ་མ་ངེས་པའི་ཕྱིར་ཞེས་པ་དེས་བྱས་པ་ཡིན་པར་ཐལ་ཞེས་པ་དེ་སྦུབས་སུ་དྲངས་པ་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་ཐལ་འགྱུར་གྱི་རྟགས་གསལ་རྩོད་གཞི་གསུམ་ངོས་འཛིན་པའི་ཚེ་ན།རྣམ་མཁྱེན་རྩོད་གཞི། དངོས་པོས་གསལ་བ། བྱས་པ་ཡིན་པར་ཐལ་ཞེས་པ་ནས། ཁྱབ་པ་ཡོད་པའི་བར་གྱིས་རྟགས་བྱས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་ན་ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཐ་མི་དད་ཡིན་པས་ཁྱབ། ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཐ་མི་དད་ཡིན་ན་ཁྱོད་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པས་ཁྱབ་ཟེར་ན། དང་པོ་ལ། རྟག་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཐ་མི་དད་ཡིན་པར་ཐལ། ཁྱོད་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། རྟག་པ་ཆོས་ཅན། ཁྱོད་ཡིན་པར་ཐལ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། རྩ་བར་འདོད་ན། རྟག་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཐ་མི་དད་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཕན་ཚུན་ཐ་དད་ཡིན་པའི་ཕྱིར། གཉིས་པ་ལ། མེད་པ་ཡིན་པར་ཐལ། རི་བོང་རྭ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ། ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཐ་མི་དད་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྱོད་ཀྱི་རྟགས་གསལ་གཉིས་ཀ་རེ་རེ་ནས་མེད་ངེས་ཡིན་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། ཁྱོད་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པའི་ཕྱིར། དེར་ཐལ། ཁྱོད་མེད་པས་གསལ་བ། རི་བོང་རྭས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཐལ་འགྱུར་དེའི་བཀོད་ཚོད་ཀྱི་རྟགས་གྲུབ་ན་ཐལ་འགྱུར་དེའི་རྟགས་གྲུབ་པས་ཁྱབ་ཟེར་ན། གཟུགས་ཆོས་ཅན། ཤེས་བྱ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་བཀོད་ཚོད་ཀྱི་རྟགས་གྲུབ་པར་ཐལ། རྟག་པ་དེ་ཁྱོད་ཀྱི་བཀོད་ཚོད་ཀྱི་རྟགས་ཡིན་པ་གང་ཞིག དེ་གྲུབ་པའི་ཕྱིར། རྩ་བར་འདོད་ན། གཟུགས་ཆོས་ཅན། ཤེས་བྱ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྟགས་མ་གྲུབ་པར་ཐལ། ཁྱོད་ཀྱི་རྟགས་ལ་རྟགས་མ་གྲུབ་ཀྱི་ལན་ཐེབས་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྱོད་ཀྱི་རྟགས་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པའི་ཚེ་སྒྲ་རྟག་པ་ཡིན་པ་རྟགས་མ་གྲུབ་ཅེས་རྩི་རིགས་པ་གང་ཞིག སྒྲ་རྟག་པ་མ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྒྲ་རྟག་པ་དེ་དེ་འདྲའི་ཐལ་འགྱུར་གྱི་རྟགས་ཡིན་པར་ཐལ། དེའི་རྟགས་མ་གྲུབ་པའི་རྒྱུ་མཚན་སྒྲ་རྟག་པ་ཡིན་པར་མ་གྲུབ་པའི་རྒྱུ་མཚན་གྱི་འཇོག་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་གིས་ཐལ་འགྱུར་དེའི་རྟགས་གྲུབ་ན་བཀོད་ཚོད་ཀྱི་རྟགས་གྲུབ་པས་ཁྱབ་ཟེར་ན། རི་བོང་རྭ་ཆོས་ཅན། མེད་དེ། ཚད་མས་མ་དམིགས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། ཐལ་འགྱུར་དེའི་བཀོད་ཚོད་ཀྱི་རྟགས་མ་གྲུབ་པར་ཐལ། ཚད་མས་མ་དམིགས་པ་དེ་དེའི་བཀོད་ཚོད་ཀྱི་རྟགས་གང་ཞིག དེ་མེད་པའི་ཕྱིར། ཚིག་འཁྲིའི་དབང་དུ་བྱས་ན། དངོས་པོས་གསལ་བ་དངོས་པོས་རྟགས་བྱས་པའི་ཐལ་འགྱུར་ཡིན་ན་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པས་ཁྱབ་ཟེར་ན། གཟུགས་ཆོས་ཅན། ཡོད་པ་ཡིན་པར་ཐལ། དངོས་པོསགསལ་བ་དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། སྒྲས་རྩོད་གཞི། ཡོད་པས་གསལ་བ། དངོས་པོསགསལ་བ་དངོས་པོས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། དེར་ཐལ། སྒྲས་རྩོད་གཞི། ཡོད་པས་གསལ་བ། དངོས་པོས་གསལ་བ་དངོས་པོས་རྟགས་བྱས་པའི་ཐལ་འགྱུར་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པའི་ཕྱིར།དེར་ཐལ། སྒྲས་རྩོད་གཞི། ཡོད་པས་གསལ་བ། དངོས་པོས་གསལ་བ་དངོས་པོས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སྒྲས་རྩོད་གཞི། ཡོད་པས་གསལ་བ། དངོས་པོས་གསལ་བ་དངོས་པོས་རྟགས་བྱས་པའི་ཐལ་འགྱུར་ཡིན་ན་རྟགས་གསལ་རྩོད་གཞི་གསུམ་ག་དང་ལྡན་པའི་ཐལ་འགྱུར་ཡིན་པས་ཁྱབ་ཟེར་ན། སྒྲས་རྩོད་གཞི། ཡོད་པས་གསལ་བ། དངོས་པོས་གསལ་བ་དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། རྟགས་ཙམ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར།ཁ་ཅིག་ན་རེ། དངོས་པོ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་མིན་ཟེར་ན། དངོས་པོ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་པར་ཐལ། དངོས་པོ་ཡོད་པ་ཡིན་པར་ཐལ། དངོས་པོ་ཡོད་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་པའི་ཕྱིར། མ་གྲུབ་ན། ཡོད་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་འཇོག་པའི་ཚེ་ན། དངོས་པོ་དེ་འཇོག་དགོས་པའི་ཕྱིར། དེར་ཐལ།ཡོད་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ངོས་འཛིན་རྒྱུ་ཡོད་པའི་ཕྱིར་རོ།། །།

བཅུ་བདུན་པ་དུས་གསུམ་གྱི་རྣམ་བཞག་བཤད་པ།

བཅུ་བདུན་པ་དུས་གསུམ་གྱི་རྣམ་བཞག་བཤད་པ་ལ།

དགག་བཞག་སྤོང་གསུམ་ལས། དང་པོ་ནི། ཁ་ཅིག་ན་རེ། གཞི་གྲུབ་ན། འདས་མ་འོངས་ད་ལྟ་བ་གསུམ་པོ་གང་རུང་ཡིན་པས་ཁྱབ་ཟེར་ན། ཤེས་བྱ་ཆོས་ཅན། འདས་མ་འོངས་ད་ལྟ་བ་གསུམ་པོ་གང་རུང་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཚད་མས་གྲུབ་པའི་ཕྱིར། རྩ་བར་འདོད་ན། ཤེས་བྱ་ཆོས་ཅན། འདས་མ་འོངས་ད་ལྟ་བ་གསུམ་པོ་གང་རུང་མ་ཡིན་པར་ཐལ།ད་ལྟ་བ་མ་ཡིན་པ་གང་ཞིག འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ཤེས་བྱ་ཆོས་ཅན། ད་ལྟ་བ་མ་ཡིན་པར་ཐལ། དངོས་པོ་མ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་བ་ཡོད་པར་ཐལ། དངོས་པོ་དང་ད་ལྟ་བ་དོན་གཅིག་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། ཤེས་བྱ་ཆོས་ཅན། འདས་པ་མ་ཡིན་པར་ཐལ། དངོས་པོ་གཞན་ཞིག་པའི་ཆ་མ་ཡིན་པའི་ཕྱིར། ཁྱབ་སྟེ། འདས་པ་དང༌།ཞིག་ཆ་དང༌། ཞིག་པ་དང༌། གཞན་ཞིག་པའི་ཆ་རྣམས་དོན་གཅིག་ཡིན་པའི་ཕྱིར།གསུམ་པ་མ་གྲུབ་ན། ཤེས་བྱ་ཆོས་ཅན། མ་འོངས་པ་མ་ཡིན་པར་ཐལ། ཆོས་གཞན་མ་སྐྱེས་པའི་ཆ་མ་ཡིན་པའི་ཕྱིར། ཁྱབ་སྟེ། མ་འོངས་པ་དང༌། ཆོས་གཞན་མ་སྐྱེས་པའི་ཆ་དང༌། དངོས་པོ་གཞན་མ་སྐྱེས་པའི་ཆར་གྱུར་བའི་མེད་དགག་རྣམས་དོན་གཅིག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བུམ་པའི་དུས་སུ་འདས་པའམ་བུམ་པ་ལ་ལྟོས་ཏེ་འདས་པ་ཡིན་ན་བུམ་པའི་འདས་པ་ཡིན་པས་ཁྱབ། བུམ་པ་ལ་ལྟོས་ཏེ་མ་འོངས་པ་ཡིན་ན་མ་འོངས་པ་ཡིན་པས་ཁྱབ་ཟེར་ན། དང་པོ་ལ། བུམ་པའི་རྒྱུ་ཆོས་ཅན། བུམ་པའི་འདས་པ་ཡིན་པར་ཐལ། བུམ་པ་ལ་ལྟོས་ཏེ་འདས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བུམ་པའི་རྒྱུ་ཆོས་ཅན། བུམ་པ་ལ་ལྟོས་ཏེ་འདས་པ་ཡིན་པར་ཐལ། བུམ་པ་ལ་ལྟོས་ཏེ་ཐལ་ཟིན་པ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཁྱོད་ལ་ལྟོས་ཏེ་འགག་ཟིན་པ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། རྩ་བར་འདོད་ན། བུམ་པའི་རྒྱུ་ཆོས་ཅན། བུམ་པའི་འདས་པ་མ་ཡིན་པར་ཐལ། འདས་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། འདས་པ་མ་ཡིན་པར་ཐལ། ཞིག་ཟིན་པ་མ་ཡིན་པའི་ཕྱིར། དེར་ཐལ། དངོས་པོ་ཡིན་པའི་ཕྱིར། གཉིས་པ་ལ། བུམ་པའི་འབྲས་བུ་ཆོས་ཅན། བུམ་པའི་མ་འོངས་པ་ཡིན་པར་ཐལ། བུམ་པ་ལ་ལྟོས་ཏེ་མ་འོངས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། བུམ་པ་ལ་ལྟོས་ཏེ་མ་འོངས་པ་ཡིན་པར་ཐལ། བུམ་པའི་དུས་སུ་མ་འོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་འབྲས་བུ་ཁྱོད་ཀྱི་དུས་སུ་མ་འོངས་པ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། རྩ་བར་འདོད་ན། བུམ་པའི་འབྲས་བུ་ཆོས་ཅན། བུམ་པའི་མ་འོངས་པ་མ་ཡིན་པར་ཐལ། མ་འོངས་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། མ་འོངས་པ་མ་ཡིན་པར་ཐལ། ད་ལྟ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ད་ལྟ་བ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། མ་འོངས་པ་མེད་པར་ཐལ། སྐྱེ་བ་ལ་མངོན་དུ་ཕྱོགས་པ་མེད་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། སྐྱེ་བ་ལ་མངོན་དུ་ཕྱོགས་པ་མེད་པར་ཐལ། འདུས་བྱས་ཡིན་ན་སྐྱེས་ཟིན་པ་ཡིན་པས་ཁྱབ། དེ་ལས་གཞན་ལ་སྐྱེ་བ་མེད་པའི་ཕྱིར། ཁ་ཅིག་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡོད་པར་ཐལ། མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡོད་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། དེར་ཐལ། མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། མྱུ་གུའི་དངོས་རྒྱུའི་དུས་དེ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། མྱུ་གུ་སྐད་གཅིག་གཉིས་པའི་དུས་དེ་མྱུ་གུ་འཇིག་དུས་ཡིན་ཟེར་ན། མྱུ་གུ་སྐད་ཅིག་གཉིས་པའི་དུས་ཆོས་ཅན། མྱུ་གུ་འཇིག་དུས་མ་ཡིན་པར་ཐལ། མྱུ་གུ་གནས་དུས་ཡིན་པའི་ཕྱིར། མ་གྲུབ་ན། མྱུ་གུ་ཆོས་ཅན། ཁྱོད་སྐད་ཅིག་སྔ་ཕྱི་བར་གསུམ་གྱི་དུས་དེ་ཁྱོད་ཀྱི་གནས་དུས་ཡིན་པར་ཐལ། ཁྱོད་སྐད་ཅིག་སྔ་ཕྱི་བར་གསུམ་ཀའི་བདག་ཉིད་ཅན་གྱི་དངོས་པོ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། མྱུ་གུ་འཇིག་དུས་མེད་པར་ཐལ། མྱུ་གུ་སྐད་ཅིག་གཉིས་པའི་དུས་དེ་མ་ཡིན་པའི་ཕྱིར་ན་མ་ཁྱབ། མྱུ་གུའི་རང་དུས་དེ་ལས་སྐད་ཅིག་གཉིས་པའི་དུས་དེ་མྱུ་གུ་འཇིག་དུས་ལ་འཇོག་དགོས་པའི་ཕྱིར། དེར་ཐལ། མྱུ་གུ་དེ་ནམ་འཇིག་ཅེ་ན། རང་དུས་དེ་ལས་སྐད་ཅིག་གཉིས་པར་འཇིག་ཅེས་བཤད་དགོས་པའི་ཕྱིར། ཁ་ཅིག་ན་རེ། ཞིག་པའི་དངོས་པོ་ཡོད་པར་ཐལ། འགག་པའི་དངོས་པོ་ཡོད་པའི་ཕྱིར། མ་གྲུབ་ན། འགག་པའི་དངོས་པོ་ཡོད་པར་ཐལ། ཤི་བའི་མི་ཡོད་པའི་ཕྱིར། མ་གྲུབ་ན། ཤི་བའི་མི་ཡོད་པར་ཐལ། མི་ཤི་བ་ཡོད་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། ཤི་བའི་མི་ཡོད་པར་ཐལ། བསད་པའི་མི་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ལྷ་ལུང་དཔལ་གྱི་རྡོ་རྗེས་གླང་དར་མ་བསད་པའི་ཕྱིར་ན་མ་ཁྱབ། བྱས་པ་ལ་ཁོ་ན་རེ། གླང་དར་མའི་སྲོག་དབང་འགག་པར་ཐལ། ལྷ་ལུང་དཔལ་རྡོར་གྱིས་གླང་དར་མའི་སྲོག་དབང་འགག་པར་བྱས་པའི་ཕྱིར་ན་མ་ཁྱབ། ཁྱོད་རང་ལ་སྣང་བས་བསལ་བྱའི་མུན་པ་འགག་པར་ཐལ། སྣང་བ་རང་གི་བསལ་བྱའི་མུན་པ་འགག་པར་བྱས་པའི་ཕྱིར། ཁྱབ་པ་འགྲིག གཞན་ཡང་སྒྲིབ་པ་འགག་པ་ཐལ། རྒྱུན་མཐའི་བར་ཆད་མེད་ལམ་གྱིས་སྒྲིབ་པ་འགག་པར་བྱས་པའི་ཕྱིར། ཁྱབ་པ་འགྲིག ཁ་ཅིག་ན་རེ། ཞིག་པའི་དངོས་པོ་ཡོད་པར་ཐལ། འདས་པའི་དངོས་པོ་ཡོད་པའི་ཕྱིར། མ་གྲུབ་ན། འདས་པའི་དངོས་པོ་ཡོད་པར་ཐལ། འདས་པའི་མི་ཡོད་པའི་ཕྱིར། མ་གྲུབ་ན། འདས་པའི་མི་ཡོད་པར་ཐལ། འདས་པའི་སངས་རྒྱས་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། འདས་པའི་སངས་རྒྱས་ཡོད་པར་ཐལ། དུས་གསུམ་གྱི་སངས་རྒྱས་ཡོད་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

ད་ལྟ་བའི་མཚན་ཉིད་ཡོད་དེ། རང་གི་ངོ་བོ་སྐྱེས་ལ་མ་འགག་པ་དེ་ཡིན་པའི་ཕྱིར། ད་ལྟ་བ་དང་དངོས་པོ་དོན་གཅིག། མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་ཡོད་དེ། མྱུ་གུའི་དངོས་རྒྱུའི་དུས་དེ་ཡིན་པའི་ཕྱིར། མྱུ་གུ་སྐྱེ་བའི་དུས་ཡོད་དེ། མྱུ་གུ་སྐད་ཅིག་དང་པོའི་དུས་དེ་ཡིན་པའི་ཕྱིར། མྱུ་གུ་གནས་དུས་བཞག་དུ་ཡོད་དེ། མྱུ་གུའི་སྐད་ཅིག་སྔ་ཕྱི་བར་གསུམ་གའི་དུས་དེ་ཡིན་པའི་ཕྱིར། མྱུ་གུའི་འཇིག་དུས་བཞག་དུ་ཡོད་དེ། མྱུ་གུའི་རང་དུས་དེ་ལས་སྐད་ཅིག་གཉིས་པའི་དུས་དེ་ཡིན་པའི་ཕྱིར། མ་འོངས་པའི་མཚན་ཉིད་ཡོད་དེ། དངོས་པོ་དེ་སྐྱེ་བའི་རྒྱུ་ཡོད་ལ་རྐྱེན་མ་ཚང་བའི་དབང་གིས་རེ་ཞིག་མ་སྐྱེས་པའི་ཆར་གྱུར་བའི་མེད་དགག་དེ་ཡིན་པའི་ཕྱིར། མྱུ་གུའི་མ་འོངས་པའི་མཚན་ཉིད་ཡོད་དེ། མྱུ་གུ་སྐྱེ་བའི་རྒྱུ་ཡོད་ལ། རྐྱེན་མ་ཚང་བའི་དབང་གིས་རེ་ཞིག་མྱུ་གུ་མ་སྐྱེས་པའི་ཆར་གྱུར་བའི་མེད་དགག་དེ་ཡིན་པའི་ཕྱིར། མྱུ་གུའི་མ་འོངས་པ་དང་མྱུ་གུའི་མ་འོངས་པའི་དུས་གཉིས་མི་འདྲ་སྟེ། དེ་གཉིས་འགལ་བ་ཡིན་པའི་ཕྱིར། དེར་ཐལ། མྱུ་གུའི་རྒྱུ་དུས་དེ་མྱུ་གུ་མ་འོངས་པའི་དུས་ཡིན་ལ། མྱུ་གུའི་མ་འོངས་པ་མ་ཡིན་པའི་ཕྱིར། མྱུ་གུའི་རྒྱུའི་དུས་སུ་མྱུ་གུ་མ་སྐྱེས་པའི་ཆ་དེ་མྱུ་གུའི་མ་འོངས་པ་ཡིན་ལ། མྱུ་གུའི་མ་འོངས་པའི་དུས་མ་ཡིན་པའི་ཕྱིར། འདས་པའི་མཚན་ཉིད་ཡོད་དེ། རང་གི་དགག་བྱའི་དངོས་པོ་དེ་སྐྱེས་ཟིན་འགག་པའི་ཆ་དེ་ཡིན་པའི་ཕྱིར། མྱུ་གུའི་འདས་པའི་མཚན་ཉིད་ཡོད་དེ། མྱུ་གུ་འགག་པའི་ཆ་དེ་ཡིན་པའི་ཕྱིར། མྱུ་གུའི་ཞིག་པ་དང་མྱུ་གུའི་འདས་པ་གཉིས་དོན་གཅིག མྱུ་གུའི་འདས་པ་དང་མྱུ་གུའི་འདས་པའི་དུས་གཉིས་མི་གཅིག་སྟེ། མྱུ་གུའི་འབྲས་དུས་དེ་མྱུ་གུའི་འདས་པའི་དུས་ཡིན་ལ། མྱུ་གུའི་འདས་པ་མ་ཡིན་པའི་ཕྱིར། མྱུ་གུའི་ཞིག་པ་དེ་མྱུ་གུའི་འདས་པ་ཡིན་ལ། མྱུ་གུའི་འདས་པའི་དུས་མ་ཡིན་པའི་ཕྱིར། གཏན་ཚིགས་རིགས་པའི་དོན་བསྡུས་ལས་དུས་གསུམ་གྱི་མཚན་ཉིད་འདི་ལྟར་གསུངས་ཏེ། དེ་ལས། སྔ་ཕྱིའི་སྒོ་ནས་དབྱེ་ན། འདས་མ་འོངས་ད་ལྟར་བྱུང་བ་སྟེ་གསུམ་མོ། །མཚན་ཉིད་ནི་རིམ་པ་ལྟར། སྔོན་བྱུང་བའི་སྟོབས་ཀྱིས་འགགས་པ་དང༌། ས་བོན་ཡོད་སྟོབས་ཀྱིས་ཕྱིས་འབྱུང་འགྱུར་ཡིན་པ་དང༌། སྐྱེས་ལ་མ་འགགས་པའོ། །ཞེས་གསུངས་སོ། །དུས་གསུམ་འདོད་ཚུལ། བྱེ་བྲག་སྨྲ་བས་དུས་གསུམ་དངོས་པོ་དང། དཔལ་ལྡན་ཐལ་འགྱུར་བས་དུས་གསུམ་དང་ཞིག་པ་དངོས་པོ་འདོད་པའོ།།

གསུམ་པ་དེ་ལ་རྩོད་སྤོང་ལ།

གསུམ་པ་དེ་ལ་རྩོད་སྤོང་ལ།

ཁ་ཅིག་ན་རེ། འདས་པའི་དངོས་པོ་ཡོད་པར་ཐལ། འདས་པའི་དུས་ཡོད་པའི་ཕྱིར་ན་མ་ཁྱབ། ཁོ་ན་རེ་ཁྱབ་པ་ཡོད་པར་ཐལ། དུས་ཡིན་ན་དངོས་པོ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། འདས་པའི་དུས་ཆོས་ཅན། འདས་པའི་དུས་མ་ཡིན་པར་ཐལ། ད་ལྟ་བའི་དུས་ཡིན་པའི་ཕྱིར། མ་གྲུབ་ན། འདས་པའི་དུས་ཆོས་ཅན། ད་ལྟ་བའི་དུས་ཡིན་པར་ཐལ། ད་ལྟ་བ་དང་དུས་གཉིས་ཀ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དུས་ཡིན་པའི་ཕྱིར།ཁ་ཅིག་ན་རེ། འདས་པའི་སངས་རྒྱས་མེད་པར་ཐལ། སངས་རྒྱས་མར་མེ་མཛད་དེ་མ་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་མར་མེ་མཛད་ཆོས་ཅན། འདས་པའི་སངས་རྒྱས་མ་ཡིན་པར་ཐལ། ད་ལྟ་བའི་སངས་རྒྱས་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་མར་མེ་མཛད་ཆོས་ཅན། ད་ལྟ་བའི་སངས་རྒྱས་ཡིན་པར་ཐལ། ད་ལྟ་བ་དང་སངས་རྒྱས་གཉིས་ཀ་ཡིན་པའི་ཕྱིར་ན་མ་ཁྱབ། ད་ལྟར་གྱི་དུས་ལ་འདས་པའི་སངས་རྒྱས་ཡིན་པས་འདས་པའི་སངས་རྒྱས་ལ་བཞག་པའི་ཕྱིར། འོ་ན་འདས་པའི་དངོས་པོ་ཡོད་པར་ཐལ། ད་ལྟར་གྱི་དུས་ལ་འདས་པའི་དངོས་པོ་ཡོད་པའི་ཕྱིར་ན་མ་ཁྱབ་པ་ཡིན་ནོ།། །།

བཅོ་བརྒྱད་པ་རང་མཚན་སྤྱི་མཚན་གྱི་རྣམ་བཞག་བཤད་པ།

བཅོ་བརྒྱད་པ་རང་མཚན་སྤྱི་མཚན་གྱི་རྣམ་བཞག་བཤད་པ་ལ།

རྣམ་འགྲེལ་ལས། དོམ་དམ་དོན་བྱེད་ནུས་པ་གང༌། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་པའི་གཞུང་འདི་བྱུང༌། དེའི་མཐའ་དཔྱད་པ་ལ། དགག་བཞག་སྤོང་གསུམ་ལས། དང་པོ་ནི། ཁ་ཅིག་ན་རེ། མངོན་སུམ་གྱི་ཚད་མའི་གཞལ་བྱ་ཡིན་ན་རང་མཚན་ཡིན་པས་ཁྱབ། རྗེས་དཔག་གི་ཚད་མའི་གཞལ་བྱ་ཡིན་ན་སྤྱི་མཚན་ཡིན་པས་ཁྱབ་ཟེར་ན། དང་པོ་ལ། ཤེས་བྱ་ཆོས་ཅན། རང་མཚན་ཡིན་པར་ཐལ། མངོན་སུམ་གྱི་ཚད་མའི་གཞལ་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་སྟེ། ནང་བའི་གྲུབ་མཐའ་བཞི་གའི་གཞི་གྲུབ་ན་མངོན་སུམ་གྱི་ཚད་མའི་གཞལ་བྱ་ཡིན་པས་ཁྱབ་པར་བཞེད་པ་ལ་མི་འདྲ་བ་མེད་ལ། གཞི་གྲུབ་ན་མངོན་སུམ་གྱི་ཚད་མའི་དངོས་གཞལ་ཡིན་པས་ཁྱབ་པ་དབུ་མ་བས་འདོད་ལ། མདོ་སྡེ་བས་མངོན་སུམ་ཚད་མའི་དངོས་གཞལ་དང་དངོས་པོ་དང་དོན་དམ་བདེན་པ་དང་རང་མཚན་དང་གཞན་དབང་དང་རྟེན་འབྲེལ་རྣམས་དོན་གཅིག་ཡིན་པར་བཞེད་དོ། །རྩ་བར་འདོད་ན། ཤེས་བྱ་ཆོས་ཅན། རང་གི་མཚན་ཉིད་ཀྱིས་གྲུབ་པར་ཐལ། རང་མཚན་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། སྤྱི་མཚན་ཡིན་པའི་ཕྱིར། དེར་ཐལ། རྟོག་བཏགས་ཙམ་དུ་གྲུབ་པའི་ཆོས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། གཞི་གྲུབ་ན་རང་མཚན་ཡིན་པས་ཁྱབ་ཟེར་ན། ནམ་མཁའ་ཆོས་ཅན། རང་མཚན་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ནམ་མཁའ་ཆོས་ཅན། རང་གི་མཚན་ཉིད་ཀྱིས་གྲུབ་པར་ཐལ། རང་མཚན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ནམ་མཁའ་ཆོས་ཅན། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ཐལ། རྟོག་པས་བཏགས་པ་ཙམ་ཡིན་པའི་ཕྱིར། མ་གྲུབ་ན། ནམ་མཁའ་ཆོས་ཅན། རྟོག་པས་བཏགས་པ་ཙམ་ཡིན་པར་ཐལ། དངོས་མེད་ཀྱི་ཆོས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྟོག་པས་བཏགས་ཙམ་ཡིན་ན་སྤྱི་མཚན་ཡིན་པས་ཁྱབ་ཟེར་ན། གང་ཟག་གི་བདག་ཆོས་ཅན། སྤྱི་མཚན་ཡིན་པར་ཐལ། རྟོག་པས་བཏགས་ཙམ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཡོད་པར་ཐལ། སྤྱི་མཚན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མེད་པ་ཡིན་པའི་ཕྱིར། མདོ་སྡེ་བའི་ལུགས་ལ་ཁ་ཅིག་ན་རེ། ཤེས་བྱ་འཛིན་པའི་རྟོག་པ་ཆོས་ཅན། སྤྱི་མཚན་ཡིན་པར་ཐལ།ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཀུན་རྫོབ་བདེན་པ་ཡིན་པར་ཐལ། ཀུན་རྫོབ་བདེན་པ་ཞེས་པའི་ཚིག་ཟུར་གྱི་ཀུན་རྫོབ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཀུན་རྫོབ་བདེན་པ་ཞེས་པའི་ཚིག་ཟུར་གྱི་ཀུན་རྫོབ་རྟོག་པ་ལ་བྱས་ནས་ཤེས་བྱ་དེའི་ཡུལ་དུ་ཡོད་པས་ན་ཀུན་རྫོབ་བདེན་པ་ཞེས་སྒྲ་བཤད་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། ཤེས་བྱ་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་སྣང་ཡུལ་དུ་བྱེད་པའི་མངོན་སུམ་མེད་པར་ཐལ། སྤྱི་མཚན་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ཁྱོད་སྣང་ཡུལ་དུ་བྱེད་པའི་མངོན་སུམ་ཡོད་པར་ཐལ། ཁྱོད་ཉམས་མྱོང་གི་རང་རིག་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་སྣང་ཡུལ་བྱེད་པའི་ཉམས་མྱོང་གི་རང་རིག་ཡོད་པར་ཐལ། ཁྱོད་ཤེས་པ་ཡིན་པའི་ཕྱིར།

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

སྒྲ་རྟོག་གིས་བཏགས་པ་ཙམ་མ་ཡིན་པར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་དེ་རང་མཚན་གྱི་མཚན་ཉིད། རང་མཚན་དང་གཞན་དབང་དང༌། རྫས་ཡོད། རྫས་ཡོད་ཀྱི་དངོས་པོ་རྣམས་དོན་གཅིག མཚན་གཞི་ནི། སེམས་སེམས་བྱུང་དང༌། གཟུགས་སོགས་དེ་ཡིན་ནོ། །མདོ་སྡེ་བའི་ལུགས་ལ་རང་མཚན་གྱི་མཚན་ཉིད་ཡོད་དེ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། རང་མཚན་དང་སྤྱི་མཚན་ལ། མཚན་ཉིད་རིམ་པ་ལྟར། དོན་དམ་པར་དོན་བྱེད་ནུས་པ་དང༌། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས་ཞེས་པའོ། །དབྱེ་ན། དང་པོ་ལ་བེམ་པོ་དང་ཤེས་པ་རང་མཚན་གཉིས་སོ། །གཉིས་པ་ལ་དངོས་པོ་ཡིན་མིན་གྱི་དབང་གི་གཉིས་སམ། སྤྱི་ཡིན་མིན་གྱི་དབང་གིས་གཉིས་སོ། །ཞེས་གསུངས་སོ། །འདི་བས་ལུགས་ལ་དོན་དམ་བདེན་པ་དང༌། དངོས་པོ་དང༌། གཞན་དབང༌། རང་མཚན་རྣམས་དོན་གཅིག སྤྱི་མཚན་དང༌། ཀུན་རྫོབ་བདེན་པ་དང༌། དངོས་མེད་ཀྱི་ཆོས་རྣམས་དོན་གཅིག སྤྱི་མཚན་ལ། ཀུན་བཏགས་དང༌། ཡོངས་གྲུབ་གཉིས་སོ། །གོང་གི་ལུང་གི་ཚིག་ཟིན་དང་བསྟུན་ན་ཅུང་ཟད་དཔྱད་རྒྱུ་སྣང༌། རང་ལུགས་ལ། བཏགས་ཡོད་ཀྱི་དངོས་པོ་རྣམས་ཀུན་བཏགས་ཡིན་པས་རང་མཚན་མ་ཡིན་ལ། དེས་ན་རང་མཚན་ལ་རྫས་ཡོད་ཀྱི་དངོས་པོ་ཡིན་དགོས། དོན་དམ་དེ་བཞིན་ཉིད་དེ་རང་སྤྱི་གང་ཡང་མ་ཡིན་ནམ་སྙམ། སྤྱི་མཚན་གྱི་མཚན་ཉིད་ཡོད་དེ། སྒྲ་རྟོག་གིས་བཏགས་པ་ཙམ་གྱི་ཆོས་དེ་ཡིན་པའི་ཕྱིར། སྤྱི་མཚན་དང་བཏགས་ཡོད་ཀྱི་ཆོས་དོན་གཅིག བཏགས་ཡོད་ལ། བཏགས་ཡོད་ལྡན་མིན་དང༌། བཏགས་ཡོད་འབའ་ཞིག་པ་དང་གཉིས་ཡོད་པར་ཐེག་མཆོག་ཊཱིཀ་ཟིན་ལྟར་ཤེས་པར་བྱའོ། །མཚན་ཉིད་གསུམ་གྱི་མཚན་ཉིད་ནི། གཏན་ཚིགས་རིགས་པའི་དོན་བསྡུས་ལས། མཚན་ཉིད་གསུམ་ནི། ཀུན་བཏགས། གཞན་དབང༌། ཡོངས་གྲུབ་སྟེ། མཚན་ཉིད་རིམ་པ་ལྟར། དོན་ལ་མེད་བཞིན་དུ་རྟོག་པས་སྒྲོ་བཏགས་པའི་བརྟགས་ཆ་དང༌། རྒྱུ་རྐྱེན་ལ་བརྟེན་ནས་བཟུང་འཛིན་དུ་སྣང་བའི་རྟེན་འབྲེལ་དང༌། མི་རྟོག་ཡེ་ཤེས་ཀྱི་ཡུལ་དུ་གྲུབ་པའི་དོན་དམ་ཞེས་པའོ། །དབྱེ་ན། ཀུན་བརྟགས་ལ་མཚན་ཉིད་ཡོངས་སུ་ཆད་པའི་དང༌། རྣམ་གྲངས་པའི་ཀུན་བརྟགས་གཉིས་སོ། །གཞན་དབང་ལ་དག་པ་དང་མ་དག་པའི་གཞན་དབང་གཉིས་སོ། །དག་པ་གཞན་དབང་ནི་བཟུང་འཛིན་དུ་སྣང་བའི་འཕགས་པའི་ལམ་རྣམས་སོ། །ཡོངས་གྲུབ་ལ་འགྱུར་མེད་ཡོངས་གྲུབ་དང་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཉིས་སོ། །ཞེས་གསུངས་པའི་ཕྱིར་རོ། །བྱེ་བྲག་སྨྲ་བའི་ལུགས་ལ། ཀུན་རྫོབ་བདེན་པའི་མཚན་ཉིད། བཅོམ་པའམ་བློས་བསལ་བའི་སྒོ་ནས་རང་འཛིན་གྱི་བློ་འདོར་དུ་རུང་བའི་ཆོས་དེ་ཡིན་པའི་ཕྱིར། དོན་དམ་བདེན་པའི་མཚན་ཉིད་ཡོད་དེ། བཅོམ་པའམ་བློས་བསལ་བའི་སྒོ་ནས་རང་འཛིན་གྱི་བློ་འདོར་དུ་མི་རུང་བའི་ཆོས་དེ་ཡིན་པའི་ཕྱིར། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་གསུངས་སོ། །མདོ་སྡེ་བའི་ལུགས་ལ། རྟོག་པས་སྒྲོ་མ་བཏགས་པར་དོན་བྱེད་ནུས་པ། དོན་དམ་བདེན་པའི་མཚན་ཉིད། རྟོག་པས་སྒྲོ་བཏགས་པའི་ཆོས། ཀུན་རྫོབ་བདེན་པའི་མཚན་ཉིད་དོ། །འདི་བས་རང་མཚན་སྒྲའི་དངོས་ཡུལ་མ་ཡིན་ཏེ། རྣམ་འགྲེལ་འགྲེལ་བ་རིན་ཆེན་ཕྲེང་བ་ལས། བརྗོད་བྱེད་སྒྲ་ཡི་དངོས་ཡུལ་ཡིན་པ་དང་མིན་པ་གཉིས་སུ་ངེས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། བདེན་གཉིས་ཀྱི་མཚན་ཉིད་བདེན་གཉིས་གསལ་བའི་ཉི་མ་ལྟར་ན། རྣམ་ཤེས་ཀྱི་ཡུལ་གང་ཞིག གཤིས་ལ་རང་གི་ངོ་བོ་བདེན་པས་སྟོང་བ་ནི། ཀུན་རྫོབ་བདེན་པའི་མཚན་ཉིད་དང༌། འཕགས་པའི་ཡེ་ཤེས་དམ་པའི་ཡུལ་གང་ཞིག གཤིས་ལ་རང་གི་ངོ་བོ་བདེན་པས་མི་སྟོང་བ་ནི། དོན་དམ་བདེན་པའི་མཚན་ཉིད། ཅེས་གསུངས་སོ། །མཚན་ཉིད་གསུམ་དང་བདེན་གཉིས་ཞིབ་པར་གཞན་ལས་ཤེས་པར་བྱའོ། །ཡུལ་དུས་རང་བཞིན་མ་འདྲེས་པའི་དོན་ལ་དཔྱད་པར་བྱའོ། །གསུམ་པ་དེ་ལ་རྩོད་པ་སྤོང་བ་ལ། ཁོ་ན་རེ། གཟུགས་ཆོས་ཅན། རང་མཚན་ཡིན་པར་ཐལ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་དངོས་པོ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། གཟུགས་ཆོས་ཅན། རང་གི་མཚན་ཉིད་ཡིན་པར་ཐལ། རང་མཚན་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ཐལ་འགྱུར་དེ་ལ་འདོད་ལན་བཏབ་པས་གཟུགས་གཟུགས་ཀྱི་མཚན་ཉིད་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག དེ་ལྟར་དུ་འདོད་ལན་མི་ཐེབས་པའི་ཕྱིར། ཡང་གཟུགས་ཆོས་ཅན། རང་གི་མཚན་ཉིད་ཀྱིས་གྲུབ་པར་ཐལ། རང་མཚན་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་འདོད་ལན་རྩི་བའི་ཚེ་རང་སྒྲ་བཤིག་མི་དགོས་སམ་དཔྱད། གྲུབ་མཐའ་གོང་འོག་ཀུན་གྱི་ལུགས་ལ་ཁ་ཅིག་ན་རེ། ཤེས་བྱ་ཆོས་ཅན། ཀུན་རྫོབ་བདེན་པ་ཡིན་པར་ཐལ། རྟོག་བཏགས་ཀྱི་ཆོས་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། ཀུན་རྫོབ་བདེན་པ་མ་ཡིན་པར་ཐལ། ཀུན་རྫོབ་བརྫུན་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། ཤེས་བྱ་ཆོས་ཅན། ཀུན་རྫོབ་རྫུན་པ་ཡིན་པར་ཐལ། ཀུན་རྫོབ་ཀུན་རྫོབ་ཡིན་པའི་ཕྱིར་རོ།། །།

བཅུ་དགུ་བ་སེལ་འཇུག་དང་སྒྲུབ་འཇུག་གི་རྣམ་བཞག་བཤད་པ།

བཅུ་དགུ་བ་སེལ་འཇུག་དང་སྒྲུབ་འཇུག་གི་རྣམ་བཞག་བཤད་པ་ལ།

རྣམ་འགྲེལ་ལེའུ་དང་པོ་ལས། རྗེས་སུ་དཔག་པ་ལས་ཀྱང་དངོས། །ཞེས་པ་ནས།དེ་ཙམ་སེལ་བའི་སྤྱོད་ཡུལ་ཅན། །ཞེས་སེལ་འཇུག་དང༌། དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་སྒྲུབ་འཇུག་གི་དོན་སྟོན་པའི་གཞུང་འདི་བྱུང༌། དེའི་མཐའ་དཔྱད་པ་ལ། དགག་བཞག་སྤོང་གསུམ་ལས། ཁ་ཅིག་ན་རེ། སྒྲ་རྟོག་ཐམས་ཅད་སེལ་འཇུག་ཡིན་ཟེར་ན། འོ་ན་སྒྲ་ཐམས་ཅད་སེལ་འཇུག་ཡིན་པར་ཐལ། སྒྲ་རྟོག་ཐམས་ཅད་སེལ་འཇུག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྒྲ་ཐམས་ཅད་རང་ཡུལ་ལ་འཇུག་པར་ཐལ། དེ་རང་ཡུལ་ལ་སེལ་འཇུག་ཡིན་པའི་ཕྱིར། འདོད་ན། སྒྲ་ཐམས་ཅད་ཡུལ་ཅན་ཡིན་པར་ཐལ། སྒྲ་ཐམས་ཅད་རང་ཡུལ་ལ་སེལ་འཇུག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་ལ་ཡུལ་ཅན་ཡིན་མིན་གཉིས་ཡོད་པའི་ཕྱིར། བསེ་བསྡུས་སོགས་སུ་གང་ཟག་དང་དབང་པོ་གཉིས་སེལ་འཇུག་མ་ཡིན་པར་གསུངས་ལ། ར་སྟོད་བསྡུས་གྲྭར་གང་ཟག་ལ་སེལ་འཇུག་དང་སྒྲུབ་འཇུག་གཉིས་ཡོད་པར་བཤད། རང་ལུགས་གཏན་ཚིགས་རིགས་པའི་དོན་བསྡུས་སུ། གང་ཟག་སེལ་འཇུག་དང་སྒྲུབ་འཇུག་གི་མཚན་གཞི་དངོས་སུ་མ་གསུངས་མོད། དེར་དེ་གཉིས་ཀའི་མཚན་ཉིད་བཞག་པ་ལྟར་ན་གང་ཟག་ལ་སེལ་འཇུག་དང་སྒྲུབ་འཇུག་གཉིས་ཡོད་དམ་དཔྱད། ཁ་ཅིག་སྒྲུབ་འཇུག་གི་བློ་ཡིན་ན་མངོན་སུམ་གྱི་ཚད་མ་ཡིན་པས་ཁྱབ་ཟེར་ན། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཆོས་ཅན། མངོན་སུམ་གྱི་ཚད་མ་ཡིན་པར་ཐལ། སྒྲུབ་འཇུག་གི་བློ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཆོས་ཅན། སྒྲུབ་འཇུག་གི་བློ་ཡིན་པར་ཐལ། རང་ཡུལ་ལ་སྒྲུབ་འཇུག་གི་བློ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་ཡུལ་ལ་སྒྲུབ་འཇུག་གི་བློ་ཡིན་པར་ཐལ། རྟོག་མེད་ཀྱི་འཁྲུལ་ཤེས་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རྟོག་མེད་འཁྲུལ་ཤེས་ཡིན་ན་རང་ཡུལ་ལ་འཇུག་པ་གང་ཞིག རང་ཡུལ་ལ་སེལ་འཇུག་མ་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། རྗོད་བྱེད་ཀྱི་སྒྲ་དང་བློ་གཉིས་ཀ་རང་ཡུལ་ལ་འཇུག་པ་ལ་སེལ་འཇུག་དང་སྒྲུབ་འཇུག་གང་རུང་མ་ཡིན་པར་རང་ཡུལ་ལ་འཇུག་ཚུལ་མེད་པའི་ཕྱིར། ཁ་ཅིག་ན་རེ། རང་ཡུལ་དུ་གྱུར་བའི་སེལ་བ་ལ་འཇུག་ན་སེལ་འཇུག་ཡིན་པས་ཁྱབ། རང་ཡུལ་དུ་གྱུར་བའི་སྒྲུབ་པ་ལ་འཇུག་ན་སྒྲུབ་འཇུག་ཡིན་པས་ཁྱབ་ཟེར་ན། དང་པོ་ལ། རྟག་དངོས་གཉིས་ཀྱིས་སྟོང་བའི་སྒྲ་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མ་ཆོས་ཅན། སེལ་འཇུག་ཡིན་པར་ཐལ། རང་ཡུལ་དུ་གྱུར་བའི་སེལ་བ་ལ་འཇུག་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན།རང་ཡུལ་དུ་གྱུར་བའི་སེལ་བ་ལ་འཇུག་པར་ཐལ། རྟག་དངོས་གཉིས་ཀྱིས་སྟོང་བའི་སྒྲ་ལ་འཇུག་པ་གང་ཞིག དེ་སེལ་བ་ཡིན་པའི་ཕྱིར། གཉིས་པ་ལ། གཟུགས་འཛིན་རྟོག་པ་ཆོས་ཅན། སྒྲུབ་འཇུག་ཡིན་པར་ཐལ། རང་ཡུལ་དུ་གྱུར་བའི་སྒྲུབ་པ་ལ་འཇུག་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། གཟུགས་འཛིན་རྟོག་པ་ཆོས་ཅན། རང་ཡུལ་དུ་གྱུར་བའི་སྒྲུབ་པ་ལ་འཇུག་པར་ཐལ། ཁྱོད་གཟུགས་ལ་འཇུག་པ་གང་ཞིག གཟུགས་ཁྱོད་ཀྱི་ཡུལ་དུ་གྱུར་བའི་སྒྲུབ་པ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། གཟུགས་ཆོས་ཅན། ཁྱོད་འཛིན་རྟོག་པ་ཁྱོད་ལ་འཇུག་པར་ཐལ། ཁྱོད་གང་ཟག་གི་བདག་ཏུ་མ་གྲུབ་པ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། གཟུགས་ཆོས་ཅན། གཟུགས་འཛིན་རྟོག་པའི་ཡུལ་དུ་གྱུར་བའི་སྒྲུབ་པ་ཡིན་པར་ཐལ། གཟུགས་འཛིན་རྟོག་པའི་ཡུལ་གང་ཞིག སྒྲུབ་པ་ཡིན་པའི་ཕྱིར། གོང་དུ་འདོད་ན། གཟུགས་འཛིན་རྟོག་པ་ཆོས་ཅན། སྒྲུབ་འཇུག་མ་ཡིན་པར་ཐལ། སེལ་འཇུག་ཡིན་པའི་ཕྱིར། མ་གྲུབ་ན། གཟུགས་འཛིན་རྟོག་པ་ཆོས་ཅན། སེལ་འཇུག་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་གང་རུང་ཡིན་པའི་ཕྱིར། འོན་ཀྱང་སངས་རྒྱས་ཀྱི་གསུང་དུ་གྱུར་བའི་རྗོད་བྱེད་ལ་དཔྱད་པར་བྱའོ། །ཁ་ཅིག་ན་རེ། རང་ཡུལ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པ་སེལ་འཇུག་གི་མཚན་ཉིད། དེའི་དོན་རང་ཡུལ་དུ་གྱུར་བའི་ཆ་འགའ་ཞིག་ཡུལ་དུ་བྱེད་ལ་འགའ་ཞིག་ཡུལ་དུ་མི་བྱེད་པ་དེ་དེའི་དོན་ཡིན་ལ། དཔེར་ན་བུམ་པ་ལ་མཚོན་ན་བུམ་པ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་འགའ་ཞིག་ཡུལ་དུ་བྱེད་ལ། འགའ་ཞིག་ཡུལ་དུ་མི་བྱེད་པ་ནི་བུམ་པ་ལ་སེལ་འཇུག་གི་དོན་ཡིན་ཟེར་ན། འོ་ན་རྟོག་པ་ཆོས་ཅན། རང་ཡུལ་གྱི་ཆ་འགའ་ཞིག་ཡུལ་དུ་བྱེད་ལ་འགའ་ཞིག་ཡུལ་དུ་མི་བྱེད་པ་དེ་ཡིན་པར་ཐལ། སེལ་འཇུག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། རྟོག་པ་ཆོས་ཅན། སེལ་འཇུག་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་གང་རུང་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་པར་ཐལ། གཞི་གྲུབ་ན་རྟོག་པས་ཡུལ་དུ་བྱེད་པ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། གཞི་གྲུབ་ན་རྟོག་པའི་ཡུལ་ཡིན་པས་ཁྱབ་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

སེལ་འཇུག་གི་མཚན་ཉིད་ཡོད་དེ། རང་ཡུལ་ལ་འདོད་པའི་དབང་གིས་འཇུག་པ་དེ་ཡིན་པའི་ཕྱིར། སེལ་འཇུག་ལ་དབྱེ་ན་གཉིས་ཡོད་དེ། རྗོད་བྱེད་དང༌། རྟོག་པ་གཉིས་ཡོད་པའི་ཕྱིར། བུམ་འཛིན་རྟོག་པ་བུམ་པ་ལ་སེལ་འཇུག་བྱེད་ཚུལ་ཡོད་དེ། དེས་བུམ་པ་མ་ཡིན་པ་རྣམ་པར་བཅད་ནས་བུམ་པ་ལ་འཇུག་པ་དེ་ཡིན་པའི་ཕྱིར། སྒྲུབ་འཇུག་གི་མཚན་ཉིད་ཡོད་དེ། རང་ཡུལ་ལ་དངོས་དབང་གིས་འཇུག་པ་དེ་ཡིན་པའི་ཕྱིར། རང་ཡུལ་ལ་སྒྲུབ་འཇུག་གི་བློའི་མཚན་ཉིད་ཡོད་དེ། རང་ཡུལ་ལ་དངོས་དབང་གིས་འཇུག་པའི་བློ་དེ་ཡིན་པའི་ཕྱིར། རང་ཡུལ་ལ་དངོས་དབང་གིས་འཇུག་པ་དང༌། རང་ཡུལ་ལ་སྒྲུབ་འཇུག་གི་བློ་གཉིས་དོན་གཅིག ཡང་ན་དེ་གཉིས་ཀྱི་མཚན་ཉིད་ནི།གཏན་ཚིགས་རིགས་པའི་དོན་བསྡུས་ལས། སྣང་འཇུག་དང་སེལ་འཇུག་ཏུ་དབྱེ་བ་ལ་མཚན་ཉིད་ནི་རིམ་པ་ལྟར། ཆ་ཤས་སུ་མ་ཕྱེ་བར་ཡུལ་གསལ་བའི་རིག་པ་དང༌། ཡུལ་ཡུལ་ཅན་འཇུག་པའི་ཚུལ་གང་ཞིག ཆ་ཤས་སུ་ཕྱེ་ནས་སྒྲ་དོན་ལ་འཇུག་པའོ། །དབྱེ་ན་གཉིས་ཀ་ལ་ཕྱིན་ཅི་ལོག་མ་ལོག་གཉིས་སོ། །རྟོག་མེད་ཤེས་པ་སྣང་བས་འཇུག སྒྲ་རྟགས་རྟོག་པ་སེལ་བས་འཇུག །ཅེས་བྱའོ། །ཞེས་གསུངས་པའི་ཕྱིར། རྟགས་སེལ་འཇུག་ཡིན་པར་གསུངས་པ་དང༌། རང་ལུགས་ལ་མིང་ཚིག་སྐབས་དུ་མར། ལྡན་མིན་ཡིན་པར་གསུངས་ཕྱིར། སེལ་འཇུག་ཡིན་མིན་དཔྱད་པར་བྱའོ། །སྒྲུབ་འཇུག་གི་བློ་ཡིན་ན་རང་ཡུལ་རྟོགས་པས་མ་ཁྱབ་སྟེ། རྟོག་མེད་ལོག་ཤེས་རྣམས་སྒྲུབ་འཇུག་གི་བློ་ཡིན་པའི་ཕྱིར། བུམ་པ་མངོན་སུམ་དུ་རྟོགས་པའི་བློ་ཡིན་ན་བུམ་པ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཐམས་ཅད་མཐོང་བས་ཁྱབ་སྟེ། རྣམ་འགྲེལ་ལས། དོན་གྱི་རང་གི་ངོ་བོ་ལ། །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་གཞན་གྱིས་བརྟག་བྱ་གང༌། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་གསུངས་པའི་ཕྱིར། བུམ་འཛིན་མངོན་སུམ་ཡིན་ན་བུམ་པ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཐམས་ཅད་རྟོགས་པས་མ་ཁྱབ་ལ། བུམ་པ་མི་རྟག་པ་བུམ་པ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཡིན་ཀྱང་བུམ་འཛིན་མངོན་སུམ་ཡིན་ན་དེ་རྟོགས་པས་མ་ཁྱབ་པའི་ཕྱིར་རོ། །

གསུམ་པ་དེ་ལ་རྩོད་པ་སྤོང་བ།

གསུམ་པ་དེ་ལ་རྩོད་པ་སྤོང་བ་ལ།

ཁ་ཅིག་ན་རེ། སྒྲ་འཛིན་རྣ་ཤེས་ཆོས་ཅན། ཁྱོད་ཡིན་ན། སྒྲ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཐམས་ཅད་ཡུལ་དུ་བྱས་ནས་སྒྲ་ལ་འཇུག་པའི་བློ་ཡིན་པས་ཁྱབ་པར་ཐལ། ཁྱོད་ཡིན་ན་སྒྲ་ལ་སྒྲུབ་འཇུག་གི་བློ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། སྒྲ་འཛིན་རྣ་ཤེས་ཆོས་ཅན། ཁྱོད་ཡིན་ན་སྒྲ་ལ་སྒྲུབ་འཇུག་གི་བློ་ཡིན་པས་ཁྱབ་པར་ཐལ། ཁྱོད་ཡིན་ན་སྒྲ་མངོན་སུམ་དུ་སྣང་ཡུལ་དུ་བྱས་ནས་སྒྲ་ལ་འཇུག་པའི་བློ་ཡིན་པས་ཁྱབ་པའི་ཕྱིར། རྩ་བར་འདོད་ན། གྲངས་ཅན་པའི་རྒྱུད་ཀྱི་སྒྲ་འཛིན་རྣ་ཤེས་ཆོས་ཅན། ཁྱོད་སྒྲ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཐམས་ཅད་སྣང་ཡུལ་དུ་བྱས་ནས་སྒྲ་ལ་འཇུག་པར་ཐལ། ཁྱོད་སྒྲ་འཛིན་རྣ་ཤེས་ཡིན་པའི་ཕྱིར།འདོད་ན། གྲངས་ཅན་པའི་རྒྱུད་ཀྱི་སྒྲ་འཛིན་རྣ་ཤེས་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྣང་བའི་བློ་ཡིན་པར་ཐལ། ཁྱོད་སྒྲ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཐམས་ཅད་སྣང་བའི་བློ་ཡིན་པ་གང་ཞིག སྒྲ་མི་རྟག་པ་སྒྲ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་སྒྲ་མི་རྟག་པ་རྟོགས་པའི་བློ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པ་སྣང་བའི་བློ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན་ཁྱོད་རང་ལ་ཟླ་གཅིག་ཟླ་གཉིས་སྣང་བའི་དབང་ཤེས་ཆོས་ཅན། ཁྱོད་ཟླ་གཅིག་ཟླ་བ་གཉིས་ཡིན་པར་རྟོགས་པའི་བློ་ཡིན་པར་ཐལ། ཟླ་གཅིག་ཟླ་གཉིས་ཡིན་པར་སྣང་བའི་བློ་ཡིན་པའི་ཕྱིར། ཁྱབ་པ་འགྲིག ཟླ་གཅིག་ཟླ་གཉིས་སྣང་བའི་དབང་ཤེས་ཆོས་ཅན། ཟླ་གཅིག་ཟླ་གཉིས་ཡིན་པར་སྣང་བའི་བློ་ཡིན་པར་ཐལ། ཟླ་གཅིག་ཟླ་གཉིས་ཡིན་པར་མཐོང་བའི་བློ་ཡིན་པའི་ཕྱིར་རོ།། །།

ཉི་ཤུ་པ་བརྗོད་བྱ་རྗོད་བྱེད་ཀྱི་རྣམ་བཞག་བཤད་པ།

ཉི་ཤུ་པ་བརྗོད་བྱ་རྗོད་བྱེད་ཀྱི་རྣམ་བཞག་བཤད་པ་ལ།

དགག་བཞག་སྤོང་གསུམ་ལས། དང་པོ་ནི། ཁ་ཅིག་ན་རེ། མིང་ཡིན་ན་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ཡིན་པས་ཁྱབ་ཟེར་ན། སྒྲ་མི་རྟག་ཅེས་བརྗོད་པའི་སྒྲ་ཆོས་ཅན། དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ཡིན་པར་ཐལ། མིང་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། སྒྲ་མི་རྟག་ཅེས་བརྗོད་པའི་སྒྲ་ཆོས་ཅན། མིང་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པའི་མིང་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་མི་རྟག་པ་ཆོས་ཅན། ཁྱོད་ཅེས་བརྗོད་པའི་སྒྲ་ཁྱོད་ཀྱི་མིང་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། རྩ་བར་འདོད་ན། སྒྲ་མི་རྟག་ཅེས་བརྗོད་པའི་སྒྲ་ཆོས་ཅན། དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་མ་ཡིན་པར་ཐལ། དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་ནས་སྟོན་པའི་སྒྲ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། སྒྲ་དང་སྒྲའི་ཁྱད་པར་མི་རྟག་པ་གཉིས་སྦྱར་ནས་སྟོན་པའི་སྒྲ་ཡིན་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པ་སྟོན་པའི་སྒྲ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྣམ་འགྲེལ་ལས།ཡི་གེ་དོན་མེད་ཅན་འགྱུར་ཞིང༌། །ཞེས་པའི་དོན་དུ་བསམ་ནས། ཡི་གེ་ཡིན་ན་རྗོད་བྱེད་ཀྱི་སྒྲ་མ་ཡིན་པས་ཁྱབ་ཟེར་ན། བ་ལང་ཞེས་པའི་སྒྲ་ཆོས་ཅན། རྗོད་བྱེད་ཀྱི་སྒྲ་མ་ཡིན་པར་ཐལ། ཡི་གེ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། མཛོད་འགྲེལ་ལས། མིང་གི་མཐའ་ནི་ཡི་གེ་སྟེ། །དཔེར་ན་བ་ལང་ཞེས་པའི་སྒྲ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་རོ། །གོང་དུ་འདོད་མི་ནུས་ཏེ། མིང་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། མིང་ཡིན་པར་ཐལ། བ་ལང་གི་མིང་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཡི་གེ་ཡིན་ན་མིང་ཡིན་པས་ཁྱབ་ཟེར་ན། མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་ཡི་གེ་ཆོས་ཅན། མིང་ཡིན་པར་ཐལ། ཡི་གེ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དོན་གྱི་ངོ་བོ་མི་སྟོན་པའི་ཕྱིར། དེར་ཐལ།དེས་དོན་མི་སྟོན་པའི་ཕྱིར། རྣམ་འགྲེལ་ལས། ཡི་གེ་དོན་མེད་ཅན་འགྱུར་ཞིང༌། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། ཆོས་དེའི་མིང་ཡིན་ན་ཆོས་དེའི་དངོས་མིང་ཡིན་པས་ཁྱབ་ཟེར་ན། ཉི་མའི་དཀྱིལ་འཁོར་ལ་ཉི་མ་ཞེས་བརྗོད་པའི་སྒྲ་ཆོས་ཅན། དེའི་དངོས་མིང་ཡིན་པར་ཐལ། མིང་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། བཏགས་མིང་ཡིན་པའི་ཕྱིར། དེ་ཆོས་ཅན།དེར་ཐལ། ཉི་མའི་དཀྱིལ་འཁོར་ལ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའི་མིང་ཡིན་པའི་ཕྱིར། རྩ་བར་འདོད་ན། ཉི་མའི་དཀྱིལ་འཁོར་ཆོས་ཅན། ཉི་མ་ཡིན་པར་ཐལ། ཉི་མ་ཞེས་བརྗོད་པའི་སྒྲ་དངོས་མིང་དུ་འཇུག་པའི་གཞི་ཡིན་པའི་ཕྱིར། ཉི་མའི་དཀྱིལ་འཁོར་ཆོས་ཅན། གང་ཟག་ཡིན་པར་ཐལ། ཉི་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཆོས་དེ་ཞེས་པའི་སྒྲ་དངོས་མིང་དུ་འཇུག་པའི་གཞི་ཡིན་ན། ཆོས་དེ་ཡིན་པས་ཁྱབ་ཟེར་ན། ཀ་བའི་ལྡོག་པ་ཆོས་ཅན། ཀ་བའི་ལྡོག་པ་ཡིན་པར་ཐལ། ཀ་བའི་ལྡོག་པ་དངོས་མིང་དུ་འཇུག་པའི་གཞི་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཁྱོད་ཅེས་པའི་སྒྲའི་དངོས་མིང་དུ་འཇུག་པའི་གཞི་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཆོས་དེའི་མིང་ཡིན་ན་ཆོས་དེའི་དངོས་མིང་དང་བཏགས་མིང་གང་རུང་ཡིན་པས་ཁྱབ་ཟེར་ན། ཤེས་བྱ་ཞེས་བརྗོད་པའི་སྒྲ་ཆོས་ཅན། དངོས་པོའི་དངོས་མིང་དང་བཏགས་མིང་གང་རུང་ཡིན་པར་ཐལ། ཁྱོད་དངོས་པོའི་མིང་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དངོས་པོའི་སྤྱི་མིང་ཡིན་པའི་ཕྱིར། རྩ་བར་འདོད་ན། ཤེས་བྱ་ཞེས་བརྗོད་པའི་སྒྲ་ཆོས་ཅན། དངོས་པོའི་དངོས་མིང་དང་བཏགས་མིང་གང་རུང་མ་ཡིན་པར་ཐལ། དངོས་པོའི་དངོས་མིང་མ་ཡིན་པ་གང་ཞིག བཏགས་མིང་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཆོས་ཅན། དངོས་པོའི་དངོས་མིང་མ་ཡིན་པར་ཐལ། དངོས་པོའི་སྤྱི་མིང་ངམ་ཐུན་མོང་གི་མིང་ཡིན་པའི་ཕྱིར། དེར་ཐལ། ཤེས་བྱ་ཞེས་བརྗོད་པའི་སྒྲ་དེ་ཤེས་བྱའི་གསལ་བའི་དབྱེ་བ་མཐའ་དག་གི་ཐུན་མོང་གི་མིང་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དངོས་པོ་ཆོས་ཅན། ཤེས་བྱ་མ་ཡིན་པར་ཐལ། ཁྱོད་ལ་ཤེས་བྱ་ཞེས་བརྗོད་པའི་སྒྲ་བཏགས་མིང་དུ་འཇུག་པའི་ཕྱིར། རྟགས་ཁས། ཁ་ཅིག་ན་རེ། ཆོས་དེའི་མིང་ཡིན་ན་ཆོས་དེ་ལ་འཇུག་པས་ཁྱབ་ཟེར་ན། མི་སྟོབས་ལྡན་ལ་སེངྒེ་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཁྱོད་མི་སྟོབས་ལྡན་ལ་འཇུག་པར་ཐལ། ཁྱོད་མི་སྟོབས་ལྡན་གྱི་མིང་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། མི་སྟོབས་ལྡན་གྱི་བཏགས་མིང་ཡིན་པའི་ཕྱིར། དེར་ཐལ། མི་དེ་ལ་སྟོབས་ཆེ་བ་རྒྱུ་མཚན་དུ་བྱས་ནས་སེངྒེ་ཞེས་བཏགས་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། མི་སྟོབས་ལྡན་ཆོས་ཅན། ཁྱོད་ལ་སེངྒེ་ཞེས་པའི་མིང་ཁྱོད་ལ་མི་འཇུག་པར་ཐལ། ཁྱོད་སེངྒེ་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྗོད་བྱེད་ཀྱི་སྒྲ་ཡིན་ན་རིགས་བརྗོད་ཀྱི་སྒྲ་ཡིན་པས་ཁྱབ་ཟེར་ན། བུམ་པའི་ལྡོག་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། འདོད་ན། བུམ་པའི་ལྡོག་པ་ཆོས་ཅན། ཁྱོད་ཅེས་པའི་སྒྲ་རིགས་བརྗོད་ཀྱི་སྒྲ་མ་ཡིན་པར་ཐལ། ཁྱོད་རིགས་སྤྱི་མ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་བྱེ་བྲག་མེད་པའི་ཕྱིར། ཁ་ཅིག་ན་རེ། རིགས་བརྗོད་ཀྱི་སྒྲ་དང༌། ཚོགས་བརྗོད་ཀྱི་སྒྲ་གཉིས་འགལ་བ་ཡིན་ཟེར་ན། དེ་མི་འཐད་པར་ཐལ། རི་བོ་ཞེས་བརྗོད་པའི་སྒྲ་དེ་དེ་གཉིས་ཀའི་གཞི་མཐུན་པ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོ་ཞེས་བརྗོད་པའི་སྒྲ་ཆོས་ཅན། རིགས་བརྗོད་དང་ཚོགས་བརྗོད་ཀྱི་སྒྲ་གཉིས་ཀ་ཡིན་པར་ཐལ། རིགས་བརྗོད་ཀྱི་སྒྲ་ཡིན་པ་གང་ཞིག ཚོགས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། རི་བོ་ཆོས་ཅན། ཁྱོད་ཅེས་པའི་སྒྲ་རིགས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། ཁྱོད་རིགས་སྤྱི་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། རི་བོ་ཆོས་ཅན། ཁྱོད་ཅེས་པའི་སྒྲ་ཚོགས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། ཁྱོད་ཚོགས་སྤྱི་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཆོས་བརྗོད་ཀྱི་སྒྲ་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་འགལ་ཟེར་ན། དེ་མི་འཐད་པར་ཐལ། སྒྲ་མི་རྟག་ཅེས་བརྗོད་པའི་སྒྲ་དེ་དེ་གཉིས་ཀའི་གཞི་མཐུན་པ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་མི་རྟག་ཅེས་བརྗོད་པའི་སྒྲ་ཆོས་ཅན། དེ་གཉིས་ཀ་ཡིན་པར་ཐལ། ཆོས་བརྗོད་ཀྱི་སྒྲ་ཡིན་པ་གང་ཞིག ཆོས་ཅན་བརྗོད་པའི་སྒྲ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། སྒྲ་མི་རྟག་ཅེས་བརྗོད་པའི་སྒྲ་ཆོས་ཅན། ཆོས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། མི་རྟག་པ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། སྒྲ་ཁྱད་གཞི་དང་མི་རྟག་པ་དེའི་ཁྱད་ཆོས་ལྟ་བུར་བརྗོད་པའི་སྒྲ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། སྒྲ་མི་རྟག་ཅེས་བརྗོད་པའི་སྒྲ་ཆོས་ཅན། ཆོས་ཅན་བརྗོད་པའི་སྒྲ་ཡིན་པར་ཐལ། སྒྲ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་ཡིན་པའི་ཕྱིར། དེར་ཐལ། སྒྲ་ཁྱད་གཞི་དང་མི་རྟག་པ་དེའི་ཁྱད་ཆོས་ལྟ་བུར་བརྗོད་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སྤྱིར་ཆོས་བརྗོད་ཀྱི་སྒྲ་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་མི་འགལ་ཀྱང་གཞི་གཅིག་ལ་ལྟོས་ཏེ་དེ་གཉིས་འགལ་བ་ཡིན་ཟེར་ན། དེ་མི་འཐད་པར་ཐལ། གཞི་གཅིག་ལ་ལྟོས་ཏེ་དེ་གཉིས་ཀྱི་གཞི་མཐུན་ཡོད་པའི་ཕྱིར། དེར་ཐལ། བྱས་པ་གཅིག་པོ་ལ་ལྟོས་ནས་དེ་གཉིས་ཀྱི་གཞི་མཐུན་ཡོད་པའི་ཕྱིར། དེར་ཐལ། བྱས་པ་བྱས་པ་ཡིན་ནོ། །ཞེས་བརྗོད་པའི་སྒྲ་དེ་ཡིན་པའི་ཕྱིར།

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

བརྗོད་བྱའི་མཚན་ཉིད་ཡོད་དེ། བརྡའི་དབང་གིས་གོ་བར་བྱ་བ་དེ་ཡིན་པའི་ཕྱིར། བརྗོད་བྱ་དང༌། ཡུལ་དང༌། གཞལ་བྱ་རྣམས་དོན་གཅིག རྗོད་བྱེད་ཀྱི་སྒྲའི་མཚན་ཉིད་ཡོད་དེ། བརྡའི་དབང་གིས་རང་ཡུལ་གོ་བྱེད་ཀྱི་མཉན་བྱ་དེ་ཡིན་པའི་ཕྱིར། དེ་ལྟར་གཏན་ཚིགས་རིགས་པའི་དོན་བསྡུས་ལས། བརྗོད་བྱ་དང་རྗོད་བྱེད་ལ་མཚན་ཉིད་རིམ་པ་ལྟར། བརྡ་ལས་རང་མིང་གི་གོ་བྱ་དང༌། བརྗོད་བྱ་བློ་ཡུལ་དུ་སྟོན་བྱེད། ཅེས་པའོ། །དབྱེ་ན། དང་པོ་ལ་དངོས་དང་ཞེན་པའི་བརྗོད་བྱ་གཉིས་སོ། །གཉིས་པ་རྗོད་བྱེད་ལ་དངོས་ཤུགས་ཀྱི་རྗོད་བྱེད་དམ། མིང་གི་ཚོགས། ཚིག་གི་ཚོགས། ངག་གི་ཚོགས་དང་གསུམ་མོ། །ཕྱི་མ་གསུམ་ཀྱི་མཚན་ཉིད་རིམ་པ་ལྟར། ཡི་གེ་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་རྗོད་བྱེད་དང༌། དོན་འགའ་ཞིག་ཁྱད་པར་དུ་མ་དང་བཅས་ཏེ་རྗོད་བྱེད་དུ་གྲུབ་པ་དང༌། ཁྱད་པར་དུ་མའང་གཞི་དུ་མ་སྦྱར་ཏེ་རྗོད་བྱེད་དུ་གྲུབ་པའོ། །ཞེས་གསུངས་སོ། །མིང་གི་མཚན་ཉིད་འདི་དེ་གསུམ་དུ་ཕྱེ་བའི་མིང་གི་མཚན་ཉིད་དེ་ཡིན་ནམ་སྙམ། མིང་ཚིག་སོགས་རྩོམ་བྱེད་ཀྱི་གཞིར་གྱུར་བའི་སྐད་ཀྱི་གདངས་དེ། མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་ཡི་གེའི་མཚན་ཉིད། མཚན་གཞི་ནི། མིང་ཚིག་སོགས་རྩོམ་བྱེད་ཀྱི་གཞིར་གྱུར་བའི་ཀ་སོགས་གསལ་བྱེད་ཡི་གེ་དེ་ཡིན་ནོ། །མིང་ལ་དབྱེ་ན། དངོས་མིང་བཏགས་མིང་གཉིས།དངོས་མིང་གི་མཚན་ཉིད་ཡོད་དེ། རང་ཉིད་ལ་བརྟེན་ནས་ཆོས་དེ་ཐུན་མོང་མ་ཡིན་པར་གོ་བར་བྱེད་ནུས་ཞིང༌། ཆོས་དེ་ལ་ཐོག་མར་བརྡ་སྦྱར་བའི་མིང་དེ་ཡིན་པའི་ཕྱིར། བཏགས་མིང་གི་མཚན་ཉིད་ཡོད་དེ། རང་ཉིད་ཆོས་དེ་ལ་མི་འཇུག་པར་ཆོས་དེ་ལ་ཐོག་མར་བརྡ་སྦྱར་བའི་མིང་དེ་ཡིན་པའི་ཕྱིར། ཡང་རྗོད་བྱེད་ཀྱི་སྒྲ་ལ་བརྗོད་བྱའི་སྒོ་ནས་དབྱེ་ན་རིགས་བརྗོད་ཀྱི་སྒྲ་དང་ཚོགས་བརྗོད་ཀྱི་སྒྲ་གཉིས་ཡོད་པའི་ཕྱིར། དེ་གཉིས་ཀའི་མཚན་ཉིད་ནི། གཏན་ཚིགས་རིགས་པའི་དོན་བསྡུས་ལས། རིགས་བརྗོད་དང་ཚོགས་བརྗོད་ལ་མཚན་ཉིད་རིམ་པ་ལྟར། རང་གི་ཞེན་པའི་བརྗོད་བྱ་བྱེ་བྲག་ཏུ་གྲུབ་པ་བརྗོད་པའི་ཚིག་དང༌། རང་གི་ཞེན་པའི་བརྗོད་བྱ་རྡུལ་རྫས་བརྒྱད་ཚོགས་བརྗོད་པའི་ཚིག་ཅེས་པའོ། །དེ་གཉིས་ལ་མུ་བཞི་ཡོད་དོ། །ཞེས་གསུངས་པའི་ཕྱིར། རིགས་བརྗོད་ཀྱི་སྒྲ་ཡིན་ལ་ཚོགས་བརྗོད་ཀྱི་སྒྲ་མ་ཡིན་པ་ནི། ཤེས་བྱ་ཞེས་བརྗོད་པའི་སྒྲ་དེ་ཡིན་པའི་ཕྱིར། ཚོགས་བརྗོད་ཀྱི་སྒྲ་ཡིན་ལ་རིགས་བརྗོད་ཀྱི་སྒྲ་མ་ཡིན་པའི་མུ་ཡོད་དེ། ཀྭ་བུམ་གཉིས་ཞེས་བརྗོད་པའི་སྒྲ་དེ་ཡིན་པའི་ཕྱིར། གཉིས་ཀ་ཡིན་པའི་མུ་ཡོད་དེ། བུམ་པ་ཞེས་བརྗོད་པའི་སྒྲ་དེ་ཡིན་པའི་ཕྱིར། གཉིས་ཀ་མ་ཡིན་པའི་མུ་ཡོད་དེ། བུམ་པ་དང་གཅིག་ཅེས་བརྗོད་པའི་སྒྲ་དེ་ཡིན་པའི་ཕྱིར། ཡང་རྗོད་བྱེད་ཀྱི་སྒྲ་དེ་ལ་དབྱེ་ན། སྨྲ་བ་པོ་དང༌། ཉན་པ་པོའི་བརྗོད་འདོད་ཀྱི་དབང་གིས་ཆོས་བརྗོད་ཀྱི་སྒྲ་དང༌། ཆོས་ཅན་བརྗོད་པའི་སྒྲ་གཉིས་ཡོད། གཞི་དེ་ཁྱད་གཞི་ལྟ་བུར་བརྗོད་པའི་སྒྲ་དེ། གཞི་དེ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲའི་མཚན་ཉིད། འདི་དང་ཁྱད་པར་གཞན་མི་སྤོང་གི་སྒྲ་གཉིས་དོན་གཅིག སྒྲ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་བཞག་ཏུ་ཡོད་དེ། སྒྲའི་མི་རྟག་ཅེས་བརྗོད་པའི་སྒྲ་དེ་ཡིན་པའི་ཕྱིར། དེར་ཐལ། སྒྲའི་མི་རྟག་ཅེས་བརྗོད་པའི་སྒྲས། མི་རྟག་པ་ཁྱད་གཞི་དང༌། སྒྲ་དེའི་ཁྱད་ཆོས་ལྟ་བུར་བརྗོད་པ་ཡིན་པའི་ཕྱིར། གཞི་དེ་ཁྱད་ཆོས་སུ་སྟོན་པའི་སྒྲ་དེ། གཞི་དེ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲའི་མཚན་ཉིད། འདི་དང་ཁྱད་པར་གཞན་སྤོང་གི་སྒྲ་གཉིས་དོན་གཅིག སྒྲ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་བཞག་ཏུ་ཡོད་དེ། སྒྲ་མི་རྟག་ཅེས་བརྗོད་པའི་སྒྲ་དེ་ཡིན་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་ཅེས་བརྗོད་པའི་སྒྲ་འདིས། སྒྲ་ཁྱད་གཞི་དང་མི་རྟག་པ་དེའི་ཁྱད་ཆོས་ལྟ་བུར་བརྗོད་པ་ཡིན་པའི་ཕྱིར། ཡང་བརྗོད་བྱེད་ཀྱི་སྒྲ་ལ་ཚིག་ཕྲད་ཀྱི་སྒོ་ནས་དབྱེ་ན། མི་ལྡན་རྣམ་གཅོད་ཀྱི་སྒྲ་དང༌། གཞན་ལྡན་རྣམ་གཅོད་ཀྱི་སྒྲ་དང༌། མི་སྲིད་རྣམ་གཅོད་ཀྱི་སྒྲ་གསུམ་ཡོད་ལ། མི་ལྡན་རྣམ་གཅོད་ཀྱི་སྒྲའི་མཚན་ཉིད་ཡོད་དེ། གཞི་དེ་ལ་ཁྱད་ཆོས་དེ་མི་ལྡན་པ་རྣམ་པར་བཅད་ནས་ལྡན་པ་ཁོ་ནར་སྟོན་པའི་སྒྲ་ དེ་ཡིན་པའི་ཕྱིར། མཚན་གཞི་ནི། སྒྲ་མི་རྟག་པ་ཁོ་ན་ཡིན་ཞེས་པའི་སྒྲ་ལྟ་བུའོ། །སྒྲ་མི་རྟག་པ་ཁོ་ན་ཡིན་ཞེས་པའི་སྒྲ་འདིས་སྒྲ་ལས་གཞན་མི་རྟག་པ་ཡོད་པ་མི་གཅོད་ཀྱི་སྒྲ་མི་རྟག་པ་མ་ཡིན་པ་རྣམ་པར་བཅད་ནས། སྒྲ་མི་རྟག་པར་སྟོན་པར་བྱེད་པ་དེ་ཡིན་པའི་ཕྱིར། དཔེར་ན་ནག་པ་འཕུང་སྐྱེན་པ་ཡིན་ཞེས་པ་འདིས་ནག་པ་ལས་གཞན་པ་འཕུང་སྐྱེན་པ་ཡོད་པ་མི་གཅོད་ཀྱི། ནག་པ་འཕུང་མི་སྐྱེན་པ་རྣམ་པར་བཅད་ནས་ནག་པ་འཕུང་སྐྱེན་པ་ཁོ་ནར་སྟོན་པ་ཡིན་པའི་ཕྱིར། གཞན་ལྡན་རྣམ་གཅོད་ཀྱི་སྒྲའི་མཚན་ཉིད་ཡོད་དེ། གཞི་དེ་མ་ཡིན་པའི་གཞན་ལ་ཆོས་དེ་ལྡན་པ་རྣམ་པར་བཅད་ནས་གཞི་དེ་ཁོ་ན་ལ་ལྡན་པར་སྟོན་པའི་སྒྲ་དེ་ཡིན་པའི་ཕྱིར། མཚན་གཞི་ནི། སྒྲ་ཁོ་ན་ཉན་བྱ་ཡིན་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །སྒྲ་ཁོ་ན་ཉན་བྱ་ཡིན་ཞེས་བརྗོད་པའི་སྒྲ་འདིས་སྒྲ་ལས་གཞན་ལ་ཉན་བྱ་ཡོད་པ་བཅད་ནས་སྒྲ་ཉན་བྱ་ཡིན་པར་སྟོན་པ་ཡིན་པའི་ཕྱིར། སྲིད་སྒྲུབ་འཕུང་སྐྱེན་ནོ་ཞེས་བརྗོད་པའི་སྒྲ་འདིས་སྲིད་སྒྲུབ་ལས་གཞན་པའི་སྲིད་སྒྲུབ་ལྟ་བུའི་འཕུང་སྐྱེན་པ་ཡོད་པ་བཅད་ནས་སྲིད་སྒྲུབ་འཕུང་སྐྱེན་པ་ཁོ་ནར་སྟོན་པ་ཡིན་པའི་ཕྱིར། མི་སྲིད་རྣམ་གཅོད་ཀྱི་སྒྲའི་མཚན་ཉིད་ཡོད་དེ། གཞི་དེ་ལ་ཆོས་དེ་མི་སྲིད་པ་རྣམ་པར་བཅད་ནས་སྲིད་པ་ཁོ་ནར་སྟོན་པའི་སྒྲ་དེ་ཡིན་པའི་ཕྱིར། མཚན་གཞི་ནི། ཨུཏྤལ་སྔོན་པོ་སྲིད་པ་ཁོ་ན་ཡིན་ཞེས་པའི་སྒྲ་ལྟ་བུའོ། །སྒྲ་འདིས་ཨུཏྤལ་ལས་གཞན་པའི་སྔོན་པོ་མི་གཅོད་ཀྱི་ཨུཏྤལ་སྔོན་པོ་མི་སྲིད་པ་རྣམ་པར་བཅད་ནས་ཨུཏྤལ་སྔོན་པོ་སྲིད་པ་ཁོ་ནར་སྟོན་པ་ཡིན་པའི་ཕྱིར། དེ་གསུམ་ཀའི་མཚན་ཉིད་དང་མཚན་གཞི་དེ་ལྟར་འཐད་དེ། རྣམ་འགྲེལ་ལས། ཆོས་ཀྱི་ཚིག་ཕྲད་ཐ་དད་པར། །བྱེད་པས་མི་ལྡན་གཞན་ལྡན་པ། །ཤིན་ཏུ་མི་སྲིད་རྣམ་གཅོད་བྱེད། །ཁྱད་པར་ཁྱད་པར་ཅན་དག་དང༌། །བྱ་བ་དག་ནི་ལྷན་ཅིག་སྦྱོར། །དེ་སྦྱར་མེད་ཀྱང་བརྗོད་འདོད་ལས། །དེ་དོན་ཉིད་ནི་རྟོགས་པར་འགྱུར། །ཞེས་དང༌། དེ་ལྟར་གྲགས་དང་ནུས་པ་དང༌། །སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་དེ་ལ་རྩོད་པ་སྤོང་བ།

གསུམ་པ་དེ་ལ་རྩོད་པ་སྤོང་བ་ལ།

ཁ་ཅིག་དངོས་མིང་དང་བཏགས་མིང་འགལ་བར་ཐལ། གཞི་མི་སྟོབས་ལྡན་ལྟ་བུའི་དངོས་མིང་བཏགས་མིང་འགལ་བའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། སེངྒཻ་ཞེས་པའི་སྒྲ་དེ་དངོས་མིང་བཏགས་མིང་གཉིས་ཀ་ཡིན་པའི་ཕྱིར། མ་གྲུབ་ན། སེངྒེ་ཞེས་བརྗོད་པའི་སྒྲ་ཆོས་ཅན།དངོས་མིང་བཏགས་མིང་གཉིས་ཀ་ཡིན་པར་ཐལ། ཁྱོད་སེངྒེའི་དངོས་མིང་གང་ཞིག མི་སྟོབས་ལྡན་གྱི་བཏགས་མིང་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སྒྲ་ཁོ་ན་ཉན་བྱ་ཡིན་པར་ཐལ། སྒྲ་ཁོ་ན་ཉན་བྱ་ཡིན་ཞེས་བརྗོད་པའི་སྒྲ་འདིས་སྒྲ་ལས་གཞན་ལ་མཉན་བྱ་ཡོད་པ་བཅད་ནས་སྒྲ་ཁོ་ནར་མཉན་བྱར་སྟོན་པ་གང་ཞིག སྒྲ་ལས་གཞན་མཉན་བྱ་མེད་སྒྲ་ཉན་བྱ་ཡིན་པའི་ཕྱིར། འདོད་ན། སྒྲ་ཁོ་ན་ཉན་བྱ་ཡིན་པར་ཐལ། སྒྲ་ཁོ་ན་མཉན་བྱ་ཡིན་ཞེས་བརྗོད་པའི་སྒྲ་འདི་རྗོད་བྱེད་ཀྱི་སྒྲ་དོན་མཐུན་ཡིན་པའི་ཕྱིར། འདོད་ན། སྒྲ་ཁོ་ན་ཡོད་པར་ཐལ། སྒྲ་ཁོ་ན་མཉན་བྱ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། སྒྲ་ཁོ་ན་ཆོས་ཅན། ཡོད་པ་ཡིན་པར་ཐལ། མཉན་བྱ་ཡིན་པའི་ཕྱིར་ཟེར་ན་སྒྲ་ཁོ་ན་དེ་ཡོད་པ་ཡིན་པར་འདོད་ཅེས་དེ་སྒྲ་སྦྱར་ནས་འདོད་ཅེས་བྱའོ། ། དེས་རྟག་པ་ཁོ་ན་ཡོད་པར་ཐལ། རྟག་པ་ཁོ་ན་རྟག་པ་ཡིན་པའི་ཕྱིར་ཞེས་པ་སོགས་ལ་ལན་འདེབས་ཚུལ་ཤེས་པར་བྱའོ།། །།

ཉེར་གཅིག་པ་དགག་སྒྲུབ་ཀྱི་རྣམ་བཞག་བཤད་པ།

ཉེར་གཅིག་པ་དགག་སྒྲུབ་ཀྱི་རྣམ་བཞག་བཤད་པ་ལ།

དགག་བཞག་གཉིས་ལས། དང་པོ་དངོས་པོ་ཡིན་ན་སྒྲུབ་པ་ཡིན་པས་ཁྱབ་ཟེར་ན། བུམ་པ་མ་ཡིན་པ་ལས་ལོག་པའི་བུམ་པ་ཆོས་ཅན། སྒྲུབ་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། དངོས་པོ་ཡིན་པར་ཐལ།གཟུགས་ཡིན་པའི་ཕྱིར། དེར་ཐལ། བུམ་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། བུམ་པ་མ་ཡིན་པ་ལས་ལོག་པའི་བུམ་པ་ཆོས་ཅན། སྒྲུབ་པ་མ་ཡིན་པར་ཐལ། དགག་པ་ཡིན་པའི་ཕྱིར། དེར་ཐལ། རང་དངོས་དུ་རྟོགས་པའི་བློས་དགག་བྱ་དངོས་སུ་བཅད་ནས་རྟོགས་པར་བྱ་བའི་ཆོས་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རང་དངོས་སུ་རྟོགས་པའི་བློས་དགག་བྱ་དངོས་སུ་བཅད་ནས་རྟོགས་པར་བྱ་བའི་ཆོས་དེ་དགག་པའི་མཚན་ཉིད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་གི་དངོས་མིང་གི་མཐར་མེད་ཚིག་སྦྱར་བའི་ཆོས་ཡིན་ན་མེད་དགག་ཡིན་པས་ཁྱབ་ཟེར་ན། སངས་རྒྱས་ཚེ་དཔག་མེད་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། སངས་རྒྱས་ཚེ་དཔག་མེད་ཅེས་བརྗོད་པའི་སྒྲ་ཁྱོད་ཀྱི་དངོས་མིང་ཡིན་པ་གང་ཞིག དེའི་མཐར་མེད་ཚིག་སྦྱར་བ་མངོན་སུམ་གྱིས་གྲུབ་པའི་ཕྱིར། རྩ་བར་འདོད་ན། སངས་རྒྱས་ཚེ་དཔག་མེད་ཆོས་ཅན། མེད་དགག་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། དེར་ཐལ། གང་ཟག་ཡིན་པའི་ཕྱིར། སྔ་མ་ལ་ཁྱབ་པ་ཡོད་པར་ཐལ། མེད་དགག་ཡིན་ན་དངོས་མེད་ཡིན་པས་ཁྱབ་པའི་ཕྱིར། ཁ་ཅིག་ན་རེ། དགག་པ་ཡིན་ན་རང་གི་དངོས་མིང་ལ་དགག་ཚིག་སྦྱར་བའི་ཆོས་ཡིན་པས་ཁྱབ་ཟེར་ན། ནམ་མཁའ་ཆོས་ཅན། རང་གི་དངོས་མིང་ལ་དགག་ཚིག་སྦྱར་བའི་ཆོས་ཡིན་པར་ཐལ། དགག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ནམ་མཁའ་ཆོས་ཅན། དགག་པ་ཡིན་པར་ཐལ། མེད་དགག་ཡིན་པའི་ཕྱིར། དེར་ཐལ། འདུས་མ་བྱས་པའི་ནམ་མཁའ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་ཆོས་ཅན། དགག་པ་ཡིན་པར་ཐལ། རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་དགོས་པའི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། གཟུགས་ཆོས་ཅན། དེར་ཐལ། རང་དངོས་སུ་རྟོགས་པའི་རྟོག་པ་དེས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་དགོས་པའི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། གཟུགས་ཆོས་ཅན། དེར་ཐལ། རང་འཛིན་པའི་རྟོག་པས་རང་མ་ཡིན་པ་རྣམ་པར་བཅད་ནས་རྟོགས་དགོས་པའི་ཆོས་ཡིན་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། གཟུགས་ཆོས་ཅན། ཁྱོད་འཛིན་རྟོག་པས་ཁྱོད་མ་ཡིན་པ་རྣམ་པར་བཅད་ནས་རྟོགས་དགོས་པའི་ཆོས་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁ་ཅིག་ན་རེ། མ་ཡིན་དགག་ཡིན་ན་རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པའི་ཆོས་ཡིན་པས་ཁྱབ་ཟེར་ན། ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ཆོས་ཅན། མ་ཡིན་དགག་ཡིན་པར་ཐལ། རང་ཞེས་བརྗོད་པའི་སྒྲས་དགག་བྱ་ཚིག་ཟིན་ལ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་འཕེན་པར་བྱེད་པ་ཡིན་པའི་ཕྱིར། དེར་ཐལ། རང་ཞེས་བརྗོད་པའི་སྒྲས་ཉིན་པར་ཟས་ཟ་བ་དངོས་སུ་བཀག་ནས་མཚན་མོ་ཟ་བ་ཤུགས་ལ་འཕངས་པ་གང་ཞིག མཚན་མོ་ཟ་བ་སྒྲུབ་པ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ཞེས་པའི་སྒྲ་འདིས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་མི་འཕེན་ཀྱང་ཤུགས་ལ་འཕེན་པར་བྱེད་པ་དེ་ཡིན་པའི་ཕྱིར། དེར་ཐལ། ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ཞེས་པའི་སྒྲ་འདིས་ཉིན་པར་ཟས་ཟ་བ་བཀག་ནས་མཚན་མོ་ཟ་བ་ཤུགས་ལ་འཕེན་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ཞེས་པའི་སྒྲ་འདིས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཤུགས་ལ་འཕེན་པར་བྱེད་པ་དེ་མ་ཡིན་པར་ཐལ། བྲམ་ཟེ་ཆང་མི་འཐུང་བ་ཞེས་པའི་སྒྲ་འདིས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཤུགས་ལ་འཕེན་པར་བྱེད་པ་མ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། བྲམ་ཟེ་ཆང་མི་འཐུང་བ་ཞེས་པའི་སྒྲ་འདིསབྲམ་ཟེ་ཆང་འཐུང་བ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་འཕེན་པར་བྱེད་པ་མ་ཡིན་པའི་ཕྱིར། དེར་ཐལ། བྲམ་ཟེ་ཆང་མི་འཐུང་བ་མེད་དགག་ཏུ་འཇོག་དགོས་པ་ཡིན་པའི་ཕྱིར། རྟོག་གེ་འབར་བ་ལས། མེད་པར་དགག་པ་ནི་དངོས་པོའི་ངོ་བོ་ཉིད་ཙམ་ཞིག་འགོག་པར་ཟད་ཀྱི་དེ་དང་འདྲ་བ་དེ་མ་ཡིན་པ་གཞན་གྱི་དངོས་པོ་བསྒྲུབ་པར་མི་བྱེད་པ་སྟེ། དཔེར་ན་བྲམ་ཟེ་ཆང་བཏུང་བར་མི་བྱའོ་ཞེས་བྱ་བ་དེ་ཙམ་ཞིག་འགོག་པར་ཟད་ཀྱི་དེ་ལས་གཞན་པའི་བཏུང་བ་བཏུང་ངོ་ཞེའམ་མི་བཏུང་ངོ་ཞེས་མ་བརྗོད་པ་ལྟ་བུའོ། །ཞེས་གསུངས་སོ། །ཁ་ཅིག་ན་རེ། རང་བརྗོད་པའི་སྒྲས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་འཕེན་པར་བྱེད་པ་ཡིན་ན་རང་ཉིད་དགག་པ་ཡིན་པས་ཁྱབ་ཟེར་ན། བྱས་པ་ཆོས་ཅན། རང་ཉིད་དགག་པ་ཡིན་པར་ཐལ། རང་བརྗོད་པའི་སྒྲས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་འཕེན་པར་བྱེད་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་ཅེས་བརྗོད་པའི་སྒྲས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་འཕེན་པར་བྱེད་པ་ཡིན་པར་ཐལ། ཁྱོད་ཅེས་བརྗོད་པའི་སྒྲས་ཁྱོད་ཀྱི་རྒྱུ་རྐྱེན་འཕེན་པར་བྱེད་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། བྱས་པ་ཆོས་ཅན། དགག་པ་མ་ཡིན་པར་ཐལ། སྒྲུབ་པ་ཡིན་པའི་ཕྱིར། མ་གྲུབ་ན། བྱས་པ་སྒྲུབ་པ་ཡིན་པར་ཐལ། དངོས་པོ་སྒྲུབ་པ་ཡིན་པ་གང་ཞིག དེ་གཉིས་འདྲ་བའི་ཕྱིར། ཁ་ཅིག་ན་རེ། བྱས་པ་ཆོས་ཅན། སྒྲུབ་པ་མ་ཡིན་པར་ཐལ། དགག་པ་ཡིན་པའི་ཕྱིར། མ་གྲུབ་ན། བྱས་པ་དགག་པ་ཡིན་པར་ཐལ། སྒྲ་བྱས་པ་དགག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྒྲ་བྱས་པ་ཡིན་ནོ། །ཞེས་པའི་སྒྲ་འདིས་སྒྲ་བྱས་པ་མ་ཡིན་པ་རྣམ་པར་བཅད་ནས་བརྗོད་དགོས་པའི་ཆོས་ཡིན་དགོས་པའི་ཕྱིར་ཟེར་ན་མ་ཁྱབ། འོ་ན་ཁྱོད་རང་ལ་གཟུགས་དགག་པ་ཡིན་པར་ཐལ། གཟུགས་ཞེས་བརྗོད་པའི་སྒྲས་གཟུགས་མ་ཡིན་པ་རྣམ་པར་བཅད་ནས་བརྗོད་དགོས་པའི་ཆོས་ཡིན་པའི་ཕྱིར། འདོད་ན། སྒྲུབ་པ་མེད་པར་ཐལ། གཟུགས་སྒྲུབ་པ་མ་ཡིན་པའི་ཕྱིར། འདོད་མི་ནུས། ཁ་ཅིག་གཟུགས་དེ་གཟུགས་ཞེས་བརྗོད་པའི་སྒྲས་གཟུགས་མ་ཡིན་པ་རྣམ་པར་བཅད་ནས་བརྗོད་དགོས་པའི་ཆོས་མིན་ཟེར་ན། དེ་ཡིན་པར་ཐལ། གཟུགས་དེ་གཟུགས་ཞེས་བརྗོད་པའི་སྒྲ་འདིས་གཟུགས་མ་ཡིན་པ་རྣམ་པར་བསལ་ནས་བརྗོད་དགོས་པའི་ཆོས་ཡིན་པའི་ཕྱིར། དེར་ཐལ། གཟུགས་ཞེས་བརྗོད་པའི་སྒྲ་གཟུགས་ལ་སེལ་འཇུག་ཡིན་པའི་ཕྱིར། ཁྱབ་སྟེ། སེལ་འཇུག་ཅེས་པའི་སེལ་བའི་དོན་ནི་ཆོས་དེ་མ་ཡིན་པ་རྣམ་པར་སེལ་བ་ལ་ལྟོས་དགོས་པ་ཡིན་པའི་ཕྱིར། ཁ་ཅིག་ཤེས་རབ་སྒྲོན་མེ་ལས། མ་ཡིན་དགག་དེར་སྒྲུབ་པར་མི་བྱ་སྟེ། དེ་ནི་དངོས་པོ་སྒྲུབ་པ་ཤས་ཆེ་བའི་ཕྱིར། ཞེས་པའི་དོན་དུ་བསམས་ནས་མ་ཡིན་དགག་དགག་པ་མིན་ཟེར་ན། དེ་མི་འཐད་པར་ཐལ། མ་ཡིན་དགག་དགག་པ་ཡིན་པའི་ཕྱིར། མ་གྲུབ་ན། མ་ཡིན་དགག་ཆོས་ཅན། དགག་པ་ཡིན་པར་ཐལ། དགག་པའི་དབྱེ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཞི་མཚོའི་ཚད་ཆེན་ལས། འདི་ནི་སེལ་བ་རྣམ་གཉིས་ཏེ། །མ་ཡིན་དགག་དང་མེད་པའོ། །ཞེས་དང༌། ལྡོག་པ་བསྡུས་པ་ལས། དགག་པའི་རྣམ་གྲངས་ཇི་སྙེད་པ། །མེད་དང་མ་ཡིན་གཉིས་སུ་འདུས། །ཞེས་གསུངས་པའི་ཕྱིར།

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

དགག་པའི་མཚན་ཉིད་ཡོད་དེ། རང་དངོས་སུ་རྟོགས་པའི་རྟོག་པ་དེས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་དགོས་པའི་ཆོས་དེ་ཡིན་པའི་ཕྱིར། མཚན་གཞི་ནི། དེ་བཞིན་ཉིད་དང༌། བདག་མེད་ལྟ་བུའོ། །དགག་པ་ལ་དབྱེ་ན་གཉིས་ཡོད་དེ། མ་ཡིན་དགག་དང་མེད་དགག་གཉིས་ཡོད་པའི་ཕྱིར། མ་ཡིན་དགག་གི་མཚན་ཉིད་ཡོད་དེ། རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་འཕེན་པའི་དགག་པ་དེ་ཡིན་པའི་ཕྱིར། མཚན་གཞི་ནི། བུམ་པ་མེད་པའི་ས་ཕྱོགས་ལྟ་བུའོ། །མེད་དགག་གི་མཚན་ཉིད་ཡོད་དེ། རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་མི་འཕེན་པའི་དགག་པ་དེ་ཡིན་པའི་ཕྱིར། མཚན་གཞི་ནི། བུམ་པ་མེད་པ་ལྟ་བུའོ། །དགག་པ་ལ་དབྱེ་ན་ལྔ་ཡོད་དེ། རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པ་དང༌། ཤུགས་ལ་འཕེན་པ་དང༌། དངོས་ཤུགས་གཉིས་ཀར་འཕེན་པ་དང༌། སྐབས་ཐོབ་ཀྱིས་འཕེན་པ་དང༌། རང་ཞེས་བརྗོད་པའི་སྒྲས་དགག་བྱ་ཚིག་ཟིན་ལ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་མི་འཕེན་པ་དང་ལྔ་ཡོད་པའི་ཕྱིར། དང་པོ་རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པ་ཡོད་དེ། བུམ་པ་གང་ཟག་གི་བདག་མེད་ཡོད་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པའི་དགག་པ་ཡིན་པར་ཐལ། རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་པ་གང་ཞིག ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། བུམ་པ་གང་ཟག་གི་བདག་མེད་ཡོད་པ་ཞེས་བརྗོད་པའི་སྒྲ་འདིས་བུམ་པ་གང་ཟག་གི་བདག་ཚིག་ཟིན་ལ་འགོག་པར་བྱེད་པ་ཡིན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། བུམ་པ་གང་ཟག་གི་བདག་མེད་ཡོད་པ་ཞེས་བརྗོད་པའི་སྒྲ་འདིས་ཡོད་པ་དངོས་སུ་འཕངས་པ་ཡིན་པའི་ཕྱིར། གཉིས་པ་རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཤུགས་ལ་འཕེན་པའི་དགག་པ་བཞག་ཏུ་ཡོད་དེ། ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་དེ་ཡིན་པའི་ཕྱིར། དེར་ཐལ། ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ཞེས་པའི་ཚིག་འདིས་རང་གི་དགག་བྱ་ཉིན་པར་ཟས་ཟ་བ་དངོས་སུ་བཀག་ནས་མཚན་མོ་ཟ་བ་ཤུགས་ལ་འཕེན་པ་གང་ཞིག མཚན་མོར་ཟ་བ་སྒྲུབ་པ་ཡིན་པའི་ཕྱིར། རྟགས་ཕྱི་མ་དེར་ཐལ། ཟས་ཟ་བ་སྒྲུབ་པ་ཡིན་པའི་ཕྱིར། གསུམ་པ་རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་ཤུགས་གཉིས་ཀར་འཕེན་པའི་དགག་པ་བཞག་ཏུ་ཡོད་དེ། ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ལུས་རིད་པ་མ་ཡིན་པ་ཡོད་པ་དེ་ཡིན་པའི་ཕྱིར། དེར་ཐལ། ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ལུས་རིད་པ་མ་ཡིན་པ་ཡོད་པ་ཞེས་པའི་སྒྲ་འདིས་ཉིན་པར་ཟས་ཟ་བ་དངོས་སུ་བཀག་ནས་མཚན་མོར་ཟ་བ་ཤུགས་ལ་འཕངས། ལུས་རིད་པ་མ་ཡིན་པ་ཡོད་པ་དངོས་སུ་འཕངས་པ་གང་ཞིག མཚན་མོ་ཟ་བ་སྒྲུབ་པ་དང་ལུས་རིད་པ་མ་ཡིན་པ་ཡོད་པ་མ་ཡིན་དགག་ཡིན་པའི་ཕྱིར། བཞི་བ་རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་སྐབས་ཐོབ་ཀྱི་འཕེན་པའི་དགག་པ་བཞག་ཏུ་ཡོད་དེ། གང་ཟག་གཅིག་བྲམ་ཟེའི་རིགས་དང་རྒྱལ་རིགས་གང་རུང་དུ་ངེས་ནས་ཁྱད་པར་མ་ངེས་པའི་ཚེ་འདི་ནི་བྲམ་ཟེ་མ་ཡིན་ཞེས་པའི་སྒྲ་འདིས་བྲམ་ཟེ་ཡིན་པ་ཚིག་ཟིན་ལ་དངོས་སུ་བཀག་ནས་རྒྱལ་རིགས་ཡིན་པ་སྐབས་ཐོབ་ཀྱིས་འཕངས་པ་ཡིན་པའི་ཕྱིར། ལྔ་བ་རང་ཞེས་བརྗོད་པའི་སྒྲས་དགག་བྱ་ཚིག་ཟིན་ལ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་མི་འཕེན་པ་བཞག་ཏུ་ཡོད་དེ། བདག་མེད་དེ་ཡིན་པའི་ཕྱིར། དེར་ཐལ། བདག་མེད་ཅེས་བརྗོད་པའི་སྒྲ་འདིས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་མི་འཕེན་ཤུགས་ལ་ཡང་མི་འཕེན་སྐབས་ཐོབ་ཀྱིས་མི་འཕེན་པ་ཡིན་པའི་ཕྱིར། དེ་དག་ལས་དང་པོ་བཞི་མ་ཡིན་དགག་དང༌། ཕྱི་མ་མེད་དགག་ཏུ་འཇོག་དགོས་པ་ཡིན་པའི་ཕྱིར། དབུ་མ་ཆེན་པོ་སློབ་དཔོན་དབྱིག་གཉེན་གྱིས། ཡོད་པ་དང་ནི་འགོག་པ་དང༌། །གཞན་པ་ཉིད་དང་འདྲ་བ་དང༌། །སྨད་དང་ཉུང་དང་བྲལ་དོན་དང༌། །གཉེན་པོ་དག་ལ་འདི་ཡོད་དོ། །ཞེས་གསུངས་པ་ལྟར་དགག་སྒྲ་རྣམ་པ་བདུན་ཡོད་དེ། དང་པོ་དགག་བྱ་བཀག་ཙམ་གྱི་མེད་དགག་སྟོན་པའི་དགག་སྒྲ་ནི། བདག་མེད་དང་བུམ་མེད་ཅེས་པའི་སྒྲ་ལྟ་བུའོ། །གཉིས་པ་གཞན་པར་སྟོན་པའི་དགག་སྒྲ་ནི། སྐམ་ས་ན་ཆུ་མེད་ཅེས་བརྗོད་པའི་སྒྲ་ལྟ་བུའོ། །གསུམ་པ་མི་འདྲ་བར་སྟོན་པའི་དགག་སྒྲ་ནི། མི་དང་མི་འདྲ་བའི་གང་ཟག་ལ་མི་དང་འདྲ་བ་མ་ཡིན་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །བཞི་བ་སྨད་པར་སྟོན་པའི་དགག་སྒྲ་ནི། ཡོན་ཏན་ཅན་གྱི་བླ་མ་མེད་པ་ལ་བླ་མ་མེད་ཅེས་པ་བརྗོད་པའི་སྒྲ་ལྟ་བུའོ། །ལྔ་བ་ཉུང་བར་སྟོན་པའི་དགག་སྒྲ་ནི། སྐྱེས་བུ་གཟུགས་ཆུང་བ་ལ་གཟུགས་མེད་ཅེས་བརྗོད་པའི་སྒྲ་ལྟ་བུའོ། །དྲུག་པ་བྲལ་བར་སྟོན་པའི་དགག་སྒྲ་ནི། ཆུ་མེད་པའི་དགོན་པ་དང༌། དགྲ་བཅོམ་པ་ལ་ཉོན་མོངས་པ་དང་བྲལ་ཞེས་བརྗོད་པ་ལྟའོ། ། བདུན་པ་གཉེན་པོར་སྟོན་པའི་དགག་སྒྲ་ནི། མ་རིག་པ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །ཡང་དགག་པ་ལ་དབྱེ་ན་བཅོ་ལྔ་ཡོད་དེ། ལྡོག་པ་བསྡུས་པ་ལས། མེད་དང་གཞན་དང་འདྲ་བ་དང༌། །དམན་དང་ཞུམ་དང་ཞན་པ་དང༌། །ཕྲ་དང་ཉུང་དང་མྱུར་བ་དང༌། །ཆུང་དང་ལྷག་མ་མེད་པ་དང༌། །འགའ་ལས་མཐའ་དག་མ་ཡིན་དང༌། །མི་མཐུན་གཉེན་པོ་བྲལ་བ་ཡི། །རྣམ་གྲངས་བཅོ་ལྔ་བཤད་པ་ཡིན། །ཞེས་གསུངས་སོ། །འདི་རྣམས་ཀྱི་མཚན་གཞི་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས་ཤེས་པར་བྱའོ། །མཁས་པ་དུ་མས་དགག་པ་དང་སེལ་བ་དང་གཞན་སེལ་དང་ལྡོག་པ་བཞི་དོན་གཅིག་ཡིན་པར་བཞེད་ལ། འདིར་བཀའ་བཞི་བ་བསོད་ནམས་བཟང་པོའི་གསུང་སྒྲོས་ལྟར་རེ་ཞིག་བཤད་ན། གཏན་ཚིག་རིགས་པའི་དོན་བསྡུས་ལས། རྫས་དང་ལྡོག་པའི་མཚན་ཉིད་ནི་རིམ་པ་ལྟར་ངོ་བོ་སྐྱེས་པ་དང༌། རང་མ་ཡིན་པ་ལས་ལོག་པར་གནས་པའོ། །དེ་དང་གཞན་སེལ་དོན་གཅིག་གོ །དབྱེ་ན་དང་པོ་རྫས་ལ་རྫས་གཅིག་ཐ་དད་གཉིས་སོ། །གཉིས་པ་ལྡོག་པའམ་གཞན་སེལ་ལ་ཤིང་རང་མཚན་ལྟ་བུ་དོན་གྱི་གཞན་སེལ། ཤིང་འཛིན་རྟོག་པ་ལ་སྣང་བའི་ཤིང་གི་རྣམ་པ་ཕྱི་རོལ་ཤིང་དུ་སྒྲོ་བཏགས་ཆ་ལྟ་བུ་བློ་ལ་སྣང་བའི་གཞན་སེལ། ཤིང་མིན་ལས་ལོག་པ་ལྟ་བུ་ལྡོག་པ་མེད་དགག་གི་གཞན་སེལ་དང་གསུམ་མོ། །ཞེས་དང༌། དེ་ལས། ཁྱབ་མཉམ་དོན་གཅིག་པ་ནི། ཡུལ་དང་གཞལ་བྱ་བདག་མེད་དང་གཞི་གྲུབ་གཞན་སེལ་ཡོད་པ་སོགས་སོ། །ཞེས་གསུངས་སོ། །སྒྲུབ་པའི་མཚན་ཉིད་ཡོད་དེ། རང་དངོས་སུ་རྟོགས་པའི་རྟོག་པ་དེས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་པར་བྱ་བ་མིན་པའི་ཆོས་དེ་ཡིན་པའི་ཕྱིར། དབྱེ་ན། དངོས་པོར་གྱུར་བའི་སྒྲུབ་པ་དང༌། དངོས་མེད་དུ་གྱུར་བའི་སྒྲུབ་པ་གཉིས་སོ། །དེ་ལྟར་གཏན་ཚིགས་རིགས་པའི་དོན་བསྡུསལས། དགག་པ་དང་སྒྲུབ་པ་ལ་མཚན་ཉིད་ནི་རིམ་པ་ལྟར། བློས་རྣམ་བཅད་དུ་གྲུབ་པ་དང༌། ཡོངས་གཅོད་དུ་གྲུབ་པ་ཞེས་པའོ། །དབྱེ་ན། དང་པོ་ལ་མེད་དགག་དང་མ་ཡིན་དགག་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར་དགག་བྱ་བཀག་ཤུལ་དུ་སྒྲུབ་ཆོས་མ་བསྒྲུབས་པར་རྣམ་བཅད་ཙམ་དུ་གྲུབ་པ་དང༌། དགག་བྱ་བཀག་ཤུལ་དུ་སྒྲུབ་ཆོས་སུ་བསྟན་བྱ་ཡིན་པའོ། །གཉིས་པ་སྒྲུབ་པ་ལ་དངོས་པོར་ཡོད་པའི་སྒྲུབ་པ་དང༌། དངོས་པོར་མེད་པའི་སྒྲུབ་པ་གཉིས་སོ། །ཞེས་གསུངས་སོ།། །།

ཉེར་གཉིས་པ་འགལ་འབྲེལ་ཆེ་བའི་རྣམ་བཞག་བཤད་པ།

ཉེར་གཉིས་པ་འགལ་འབྲེལ་ཆེ་བའི་རྣམ་བཞག་བཤད་པ་ལ།

དགག་བཞག་སྤོང་གསུམ་ལས། ཁ་ཅིག་ན་རེ། འགལ་བ་ཡིན་ན་དངོས་འགལ་གཉིས་པོ་གང་རུང་ཡིན་པས་ཁྱབ་ཟེར་ན། གསེར་བུམ་ཟངས་བུམ་གཉིས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། འགལ་བ་ཡིན་པར་ཐལ། ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། གསེར་བུམ་ཟངས་བུམ་གཉིས་ཆོས་ཅན། དངོས་འགལ་གཉིས་པོ་གང་རུང་མ་ཡིན་པར་ཐལ། ཕན་ཚུན་སྤངས་འགལ་གྱི་དངོས་འགལ་མ་ཡིན་པ་གང་ཞིག ལྷན་གཅིག་མི་གནས་འགལ་གྱི་དངོས་འགལ་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་གཉིས་ཆོས་ཅན། ཕན་ཚུན་གཅིག་ཡིན་པ་རྣམ་པར་བཅད་པས་གཅིག་ཤོས་ཡིན་པ་ཡོངས་གཅོད་ལ་གྲུབ་པར་ཐལ། ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། འདོད་ན། གཞི་དེ་གསེར་བུམ་ཡིན་པ་རྣམ་པར་བཅད་པས་གཞི་ཟངས་བུམ་ཡིན་པ་ཡོངས་གཅོད་ལ་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཀ་བ་དེ་གསེར་བུམ་ཡིན་པ་རྣམ་པར་བཅད་པས་ཟངས་བུམ་ཡིན་པར་གོ་མི་ནུས་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། གསེར་བུམ་ཟངས་བུམ་གཉིས་ཆོས་ཅན། དངོས་སུ་གནོད་བྱ་གནོད་བྱེད་ཡིན་པར་ཐལ། ལྷན་གཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་ཕན་ཚུན་གང་གི་ཕྱོགས་ནས་གནོད་བྱ་གནོད་བྱེད་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། འགལ་བ་ཡིན་ན་ཕན་ཚུན་སྤངས་འགལ་ཡིན་པས་ཁྱབ་ཟེར་ན། འོ་ན་ལྷན་ཅིག་མི་གནས་འགལ་ཡིན་ན་ཕན་ཚུན་སྤངས་འགལ་ཡིན་པས་ཁྱབ་པར་ཐལ། འགལ་བ་ཡིན་ན་ཕན་ཚུན་སྤངས་འགལ་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་གཏན་ཚིགས་ཡིན་ན་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡིན་པས་ཁྱབ་པར་ཐལ། ལྷན་ཅིག་མི་གནས་འགལ་ཡིན་ན་ཕན་ཚུན་སྤངས་འགལ་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། གཞུང་ཚད་ཐུབ་གང་ན་ཡང་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་གཏན་ཚིགས་དང༌། ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་གཉིས་ཀྱི་ཡིན་པ་མ་གསུངས་པའི་ཕྱིར། ཁ་ཅིག་ན་རེ། ལྷན་ཅིག་མི་གནས་འགལ་ཡིན་ན་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པས་ཁྱབ་ཟེར་ན། དུ་བ་དྲག་འཕྱུར་བ་དང༌། གྲང་རེག་གཉིས་ཆོས་ཅན། དེར་ཐལ།དེའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་གཉིས་ཆོས་ཅན། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་མ་ཡིན་པར་ཐལ། ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་ན་ཤེས་པ་ཡིན་པས་ཁྱབ་ཟེར་ན། སྣང་བ་དང་མུན་པ་གཉིས་ཆོས་ཅན། ཤེས་པ་ཡིན་པར་ཐལ། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། དེ་འཆད་པ་ལ། མདོ་ལས། ཉི་མའི་དཀྱིལ་འཁོར་མངོན་པར་ཤར་བའི་ཚེ་མུན་པའི་གནས་མེད་ཅིང་མི་དམིགས་སོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། སྣང་མུན་གཉིས་ལྷན་ཅིག་མི་གནས་འགལ་མ་ཡིན་པར་ཐལ། ཚ་རེག་དང་གྲང་རེག་ལྟར་སྐད་ཅིག་དང་པོར་འཕྲད། གཉིས་པར་ནུས་ཆུང་བྱས། གསུམ་པར་ནུས་མེད་དུ་བསྐྱེད་དགོས་པ་མ་ཡིན་པའི་ཕྱིར་ན་མ་ཁྱབ། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ལ་གནོད་བྱེད་དེས་གནོད་བྱ་དེའི་རྒྱུན་གཅོད་ཚུལ་མི་འདྲ་བ་གཉིས་ཡོད་པས། སྣང་མུན་གཉིས་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་ཀྱང༌། ཚ་རེག་དང་གྲང་རེག་ལྟར་མ་ཡིན་པར་གཞི་དེར་སྣང་བ་སྐྱེ་བ་དང་དེའི་བསལ་བྱའི་མུན་པ་འགག་པ་དུས་མཉམ། གཞི་དེར་སྣང་བ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང༌། དེའི་བསལ་བྱའི་མུན་པ་འགག་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ། གཞི་དེར་སྣང་བ་སྐྱེས་ཟིན་པ་དང༌། དེའི་བསལ་བྱའི་མུན་པ་འགག་ཟིན་པ་དུས་མཉམ་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ལྷན་ཅིག་ཏུ་གནས་མི་སྲིད་པ་ཡིན་ན་ལྷན་ཅིག་མི་གནས་འགལ་ཡིན་པས་ཁྱབ་ཟེར་ན། ཚེ་སྔ་ཕྱི་གཉིས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ལྷན་ཅིག་ཏུ་གནས་པ་ཅུང་ཟད་ཀྱང་མི་སྲིད་པའི་ཕྱིར། རྩ་བར་འདོད་ན། དེ་གཉིས་ཆོས་ཅན། གནོད་བྱ་གནོད་བྱེད་ཡིན་པར་ཐལ། ལྷན་ཅིག་མི་གནས་འགལ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ཕན་འདོགས་བྱ་འདོགས་བྱེད་ཡིན་པའི་ཕྱིར། དེར་ཐལ། རྒྱུ་འབྲས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བདག་མེད་རྟོགས་པའི་ཤེས་རབ་ཡིན་ན་རང་གི་དངོས་སྐལ་གྱི་གང་ཟག་གི་བདག་འཛིན་དང་ལྷན་ཅིག་མི་གནས་འགལ་ཡིན་པས་ཁྱབ་ཟེར་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཤེས་རབ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཤེས་རབ་ཡིན་པའི་ཕྱིར། གོང་དུ་འདོད་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཤེས་རབ་ཆོས་ཅན། ཁྱོད་དང་རང་གི་དངོས་སྐལ་གྱི་གང་ཟག་གི་བདག་འཛིན་གཉིས་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་སུ་འགལ་བའི་སྒོ་ནས་ཁྱོད་དེ་ལ་དངོས་སུ་གནོད་བྱེད་ཡིན་པར་ཐལ། ཁྱོད་དེ་ལ་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་དུ་གྱུར་བའི་ཤེས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེའི་གནོད་བྱ་སངས་རྒྱས་འཕགས་པའི་རྒྱུད་ཀྱི་བདག་འཛིན་མེད་པའི་ཕྱིར། གཞན་ཡང་འཛམ་བུ་གླིང་གི་སྣང་བ་དང༌། སྒྲ་མི་སྙན་གྱི་མུན་པ་གཉིས་དང༌། འཛམ་བུ་གླིང་གི་མཚན་མོའི་ཟླ་འོད་དང་འཛམ་བུ་གླིང་གི་མུན་པ་གཉིས་སོགས་ལྷན་ཅིག་མི་གནས་འགལ་མ་ཡིན་པ་ཤེས་པར་བྱའོ། །ཚ་རེག་སྐད་ཅིག་དང་པོ་དེ་གྲང་རེག་སྐད་ཅིག་གཉིས་པའི་ནུས་ཆུང་གི་གྲང་རེག་ལ་གནོད་བྱེད་ཡིན་པར་ཤེས་པར་བྱའོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

གཏན་ཚིགས་རིགས་པའི་དོན་བསྡུས་ལས། འགལ་བ་དང་འབྲེལ་བ་ལ། མཚན་ཉིད་རིམ་པ་ལྟར། མི་མཐུན་པར་གནས་པ་དང༌། ཕན་ཚུན་ཐ་དད་ཅིང་དེ་བཀག་ནས་དེ་ཁེགས་པའོ། །དབྱེ་ན། དང་པོ་ལ་ཕན་ཚུན་སྤངས་འགལ་དང༌། ལྷན་ཅིག་མི་གནས་འགལ་གཉིས་སོ། །མཚན་ཉིད་ནི་རིམ་པ་ལྟར། རྒྱུན་གཅད་བྱ་གཅོད་བྱེད་མིན་བཞིན་དུ་མཚན་ཉིད་མི་མཐུན་ཙམ་གྱི་འགལ་བར་གྲུབ་པ་དང༌། རྒྱུན་གཅད་བྱ་གཅོད་བྱེད་དུ་གྱུར་བའི་སྒོ་ནས་མི་མཐུན་པར་གནས་པའོ། །དབྱེ་ན་དང་པོ་ལ། བྱས་མ་བྱས་ལྟ་བུ་དངོས་འགལ་དང༌། བུམ་པ་དང་མ་བྱས་པ་ལྟ་བུ་བརྒྱུད་འགལ་གཉིས་སོ། །གཉིས་པ་ལ་ཡང་ཚ་གྲང་ལྟ་བུ་དངོས་འགལ་དང༌། དུ་བ་དྲག་འཕྱུར་བ་དང་གྲང་རེག་ལྟ་བུ་བརྒྱུད་འགལ་དུ་དབྱེར་རུང་ཞིང༌། སྣང་མུན་ལྟ་བུ་བེམ་པོར་གྱུར་བ་དང༌། ངེས་ཤེས་དང་སྒྲོ་འདོགས་ལྟ་བུ་ཤེས་པར་གྱུར་བའི་དང༌། བྱ་རོག་དང་འུག་པ་ལྟ་བུ་སྲོག་ཆགས་གྱུར་བའི་ལྷན་ཅིག་མི་གནས་འགལ་དང་གསུམ་མམ། ཞེས་པ་ནས། རྟག་མི་རྟག་ལྟ་བུ་ཚད་མས་གནོད་པ་དངོས་དང༌། བྱས་པ་དང་རྟག་པ་ལྟ་བུ་ཚད་མས་གནོད་པའི་སྟོབས་ཀྱིས་འགལ་བ་སྟེ་བརྒྱུད་འགལ་ལོ་ཞེས་བྱ་བ་ནི་མཁས་པ་ཉ་ཡི་བཞེད་པ་སྟེ། གཞུང་ལུགས་ཀྱི་གནད་ཀྱི་དོན་ནོ། །གཉིས་པ་འབྲེལ་བ་ལ། བདག་གཅིག་འབྲེལ་བ་དང༌། དེ་བྱུང་འབྲེལ་བ་སྟེ་དེ་དང་རྫས་ཐ་དད་མ་ཡིན་ཞིང༌། དེ་ཡི་ཁྱབ་བྱ་ཡིན་པའོ། །དེ་དང་རྫས་ཐ་དད་ཅིང་དེ་ཡི་ཁྱབ་བྱ་ཡིན་པའོ། །དབྱེ་ན་དང་པོ་ལ་དངོས་པོའི་དབང་གིས་དང༌། བརྡའི་དབང་གིས་བདག་གཅིག་འབྲེལ་གཉིས་ཏེ། བྱས་མི་རྟག་དང་གྲགས་རྟགས་ཀྱི་རྟགས་ཆོས་ཀྱི་འབྲེལ་པ་ལྟ་བུའོ། །གཉིས་པ་དེ་བྱུང་འབྲེལ་ལ། དངོས་པོའི་དབང་གིས་དང༌། ཁས་བླངས་ཀྱི་དབང་གིས་དེ་བྱུང་འབྲེལ་གཉིས་ཏེ། མེ་དུ་དང༌། ཡིད་ཆེས་འབྲས་རྟགས་ཀྱི་རྟགས་ཆོས་ཀྱི་འབྲེལ་བ་ལྟ་བུའོ། །དང་པོ་རྒྱུ་འབྲས་མཚན་ཉིད་པ་དང་རྒྱུ་ཚོགས་གཅིག་པའི་དེ་བྱུང་འབྲེལ་བ་གཉིས་སོ། །ཞེས་པ་གསུངས་པའི་ཕྱིར། ཞིབ་ཆ་ཅུང་ཟད་རེ་དགོས་སོ། །ཕན་ཚུན་སྤངས་འགལ་གྱི་དངོས་འགལ་གྱི་མཚན་ཉིད་ཡོད་དེ། རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་མི་མཐུན་པར་གནས་པ་ཙམ་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། བུམ་པ་དང་བུམ་པ་མ་ཡིན་པ་དེ་གཉིས་ཡིན་པའི་ཕྱིར། བུམ་པ་དང་བུམ་པ་མ་ཡིན་པ་གཉིས་ཆོས་ཅན། ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་ཏེ། རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་མི་མཐུན་པར་གནས་པ་དེ་ཡིན་པའི་ཕྱིར། དེར་ཐལ། གཞི་གང་ཞིག་བློ་གཅིག་གིས་བུམ་པ་ཡིན་པར་ཡོངས་གཅོད་ལ་གྲུབ་ན་བུམ་པ་མ་ཡིན་པ་ཡིན་པར་རྣམ་བཅད་ལ་ཁེགས་དགོས་ལ། བུམ་པ་མ་ཡིན་པ་ཡིན་པར་རྣམ་བཅད་ལ་ཁེགས་ན་བུམ་པ་ཡིན་པར་ཡོངས་གཅོད་ལ་གྲུབ་དགོས་པ་ཡིན་པའི་ཕྱིར། ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་གྱི་མཚན་ཉིད་ཡོད་དེ། རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་འགལ་བ་མ་ཡིན་ཞིང་མི་འཐུན་པར་གནས་པ་ཙམ་དེ་ཡིན་པའི་ཕྱིར། མཚན་གཞི་ནི། བྱས་རྟག་གཉིས་ལྟ་བུའོ། །དེ་གཉིས་ཆོས་ཅན། ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་ཡིན་ཏེ། གཞི་གཅིག་བྱས་པ་ཡིན་པར་རྟོགས་པའི་བློ་དེས་རྟག་པ་མ་ཡིན་པར་རྟོགས་མི་དགོས་ལ། གང་བྱས་པ་ཡིན་པ་དེ་མི་རྟག་པ་ཡིན་ལ། མི་རྟག་པ་དང་རྟག་པ་གཉིས་དངོས་སུ་འགལ་བའི་སྒོ་ནས་རྟག་པ་དང་བྱས་པ་གཉིས་བརྒྱུད་པའི་འགལ་བ་ཡིན་པའི་ཕྱིར། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་གྱི་མཚན་ཉིད་ཡོད་དེ། དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བའི་དངོས་པོ་དེ་ཡིན་པའི་ཕྱིར། མཚན་གཞི་ནི། སྣང་མུན་གཉིས་དང༌། ཚ་གྲང་གཉིས་ལྟ་བུའོ། །ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་བཤད་པའི་དགོས་པ་ཡོད་དེ། སྤང་གཉེན་གྱི་རྣམ་བཞག་ལེགས་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་གྱི་མཚན་ཉིད་ཡོད་དེ། དངོས་སུ་གནོད་བྱ་གནོད་བྱེད་མ་ཡིན་པར་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བའི་དངོས་པོ་དེ་ཡིན་པའི་ཕྱིར། མཚན་གཞི་ནི། དུ་བ་དྲག་ཕྱུར་བ་དང་གྲང་རེག་ལྟ་བུའོ། །

གསུམ་པ་རྩོད་པ་སྤོང་བ།

གསུམ་པ་རྩོད་པ་སྤོང་བ་ལ།

བྱམས་པ་དང་ཞེ་སྡང་གཉིས་ཆོས་ཅན། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པར་ཐལ། དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བའི་དངོས་པོ་དེ་ཡིན་པའི་ཕྱིར། དེར་ཐལ། བྱམས་པ་ཞེ་སྡང་གི་དངོས་སུ་གནོད་བྱེད་དང༌། ཞེ་སྡང་བྱམས་པའི་དངོས་སུ་གནོད་བྱ་ཡིན་ལ་དེ་གཉིས་འཕྲད་པའི་སྐད་ཅིག་གཉིས་པར་བྱམས་པས་ཞེ་སྡང་གི་རྒྱུན་ནུས་ཆུང་དུ་བྱེད་པ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྣམ་འགྲེལ་ལས། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལུང་དེའི་དོན་ནི་བྱམས་པས་ཞེ་སྡང་གི་དངོས་གཉེན་བྱེད་མི་ཐུབ་ཅེས་པའི་དོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྟག་མི་རྟག་གཉིས་ཆོས་ཅན། ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པར་ཐལ། རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་མི་མཐུན་པར་གནས་པ་དེ་ཡིན་པའི་ཕྱིར། འདོད་ན། དེ་གཉིས་ཆོས་ཅན། ཁྱོད་གཉིས་པོ་གང་རུང་མ་ཡིན་པའི་ཕུང་སུམ་པ་མེད་པར་ཐལ། ཁྱོད་་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། འདོད་ན། དེ་གཉིས་ཆོས་ཅན། ཁྱོད་གང་རུང་མ་ཡིན་པའི་ཕུང་སུམ་པ་ཡོད་པར་ཐལ། རི་བོང་རྭ་དེ་དེ་གཉིས་གང་ཡང་མ་ཡིན་པའི་ཕྱིར་ན་མ་ཁྱབ། རི་བོང་རྭ་དེ་གཉིས་གང་ཡང་མ་ཡིན་པ་ཡིན་ཀྱང་དེ་གཉིས་གང་རུང་མ་ཡིན་པའི་ཕུང་སུམ་པ་མ་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་གང་རུང་མ་ཡིན་པའི་ཆོས་མི་སྲིད་པའི་ཕྱིར་རོ།། །།

ཉེར་གསུམ་པ་ཐལ་འགྱུར་ཆེ་བའི་རྣམ་བཞག་བཤད་པ།

ཉེར་གསུམ་པ་ཐལ་འགྱུར་ཆེ་བའི་རྣམ་བཞག་བཤད་པ་ལ།

དགག་བཞག་སྤོང་གསུམ་ལས་དང་པོ་ནི། ཁ་ཅིག་ན་རེ། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་ན། ཐལ་འགྱུར་ཡང་དག་ཡིན་པས་ཁྱབ་ཟེར་ན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཐལ་འགྱུར་ཡང་དག་ཡིན་པར་ཐལ། རྟག་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། རྩོད་གཞི་དང་མི་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཐལ་འགྱུར་ཡང་དག་ཡིན་ན་རྟགས་གསལ་རྩོད་གཞི་གསུམ་ག་དང་ལྡན་པའི་ཐལ་འགྱུར་ཡིན་པས་ཁྱབ་པའི་ཕྱིར། ཁ་ཅིག་ན་རེ། ཐལ་འགྱུར་དང་སུན་འབྱིན་དང་ཀླན་ཀ་གསུམ་དོན་གཅིག་ཟེར་ན། འོ་ན་སུན་འབྱིན་ཡིན་ན་ཐལ་འགྱུར་ཡིན་པས་ཁྱབ་པར་ཐལ། དེ་གཉིས་དོན་གཅིག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྔ་རྒོལ་གྱིས་སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་བཀོད་པ་ལ། ཕྱི་རྒོལ་གྱིས་རྟགས་མ་གྲུབ་ཅེས་ལན་བཏབ་པ་དེ་ཆོས་ཅན། ཐལ་འགྱུར་ཡིན་པར་ཐལ། སུན་འབྱིན་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། སྔ་རྒོལ་གྱིས་དེ་འདྲའི་ཐལ་འགྱུར་བཀོད་པ་ལ་ཕྱི་རྒོལ་གྱིས་རྟགས་མ་གྲུབ་པ་དང༌། ཁྱབ་པ་འགལ་བ་དང༌། ཁྱབ་མེད་ཀྱི་ལན་བཏབ་པ་རེ་རེ་ནས་སུན་འབྱིན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཕ་རོལ་བོ་ལ་མི་འདོད་པའི་ཐལ་བ་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པས་ཁྱབ་ཟེར་ན། སྒྲ་རྟག་པ་དང་བྱས་པར་འདོད་པའི་གང་ཟག་གི་ངོར་སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཕ་རོལ་བོ་ལ་མི་འདོད་པའི་ཐལ་བ་འཕེན་པའི་ཐལ་འགྱུར་གང་ཞིག ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཆོས་ཅན། གང་ཟག་དེའི་ངོར་མི་འདོད་པའི་ཐལ་བ་འཕེན་པའི་ཐལ་འགྱུར་ཡིན་པར་ཐལ། དེའི་ངོར་སྒྲ་མི་རྟག་པར་མི་འདོད་བཞིན་དུ་ཐལ་བ་འཕེན་པའི་ཐལ་འགྱུར་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཐལ་འགྱུར་ཡང་དག་ཡིན་པར་ཐལ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པ་ཐལ་ངག་གི་སྒོ་ནས་སྒྲུབ་པར་བྱེད་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྟགས་ཚད་མས་བསལ་ཞིང༌། ཁྱབ་པ་ཚད་མས་གྲུབ་པར་ཐལ། ཁྱོད་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདྲའི་ཐལ་འགྱུར་གྱི་རྟགས་ཚད་མས་གྲུབ་པའི་ཕྱིར། དེར་ཐལ། སྒྲ་བྱས་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡིན་ན་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པས་ཁྱབ་ཟེར་ན། གྲངས་ཅན་པས་བདག་རྟག་པར་སྒྲུབ་འདོད་ནས། བདག་ཆོས་ཅན། སྐད་ཅིག་མ་ཡིན་པར་ཐལ། འཇིག་པའི་ཕྱིར་ཞེས་འཕངས་པའི་ཐལ་འགྱུར་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། སྐད་ཅིག་མ་མ་ཡིན་པའི་རྟགས་ཀྱིས་བདག་མི་འཇིག་པར་སྒྲུབ་པར་བྱེད་པའི་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡིན་པའི་ཕྱིར། རྩ་བར་འདོད་ན། བདག་རྟག་པར་སྒྲུབ་པར་བྱེད་པའི་རྟགས་སྦྱོར་ཡང་དག་ཡོད་པར་ཐལ། དེ་འདྲའི་ཐལ་འགྱུར་དེ་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བདག་རྟག་པ་མ་ཡིན་པར་སྒྲུབ་པར་བྱེད་པའི་རྟགས་སྦྱོར་ཡང་དག་ཡོད་པའི་ཕྱིར། ཁ་ཅིག་ན་རེ། སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པའི་ཕྱིར་ཞེས་པའི་སྦྱོར་བ་འདི་ཐལ་འགྱུར་ཡིན་པར་ཐལ། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་ཐལ་འགྱུར་ཡིན་པའི་ཕྱིར་ན་མ་ཁྱབ། རྩ་བར་འདོད་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པའི་ཕྱིར་ཞེས་པའི་སྦྱོར་བ་འདི་ཆོས་ཅན། ཐལ་འགྱུར་མ་ཡིན་པར་ཐལ། སྦྱོར་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སྦྱོར་བ་ཡིན་པར་ཐལ། སྦྱོར་བ་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སྦྱོར་བ་ཡང་དག་ཡིན་པར་ཐལ། སྒྲ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་བཟློག་དོན་གྱི་སྦྱོར་བ་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། སྒྲ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གང་ཞིག རང་གི་ཆོས་ལོག་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རྟགས་ལོག་སྒྲུབ་པ་ལ་ཚུལ་གསུམ་འཕེན་པའི་ཐལ་འགྱུར་རྣམ་དག་ཡིན་པའི་ཕྱིར། རྟགས་རེ་རེ་ནས་གྲུབ་སྟེ། འདི་འདྲའི་ཐལ་འགྱུར་གྱི་ཤུགས་ལ་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པའི་རྟགས་སྦྱོར་ཡང་དག་འདི་འཕངས་པ་གང་ཞིག སྒྲ་དེའི་ཤེས་འདོད་ཆོས་ཅན་དང༌། བྱས་པ་དེའི་ཆོས་ལོག་དང༌། མི་རྟག་པ་དེའི་རྟགས་ལོག་ཏུ་ངོས་འཛིན་དགོས་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

ཐལ་འགྱུར་གྱི་མཚན་ཉིད་ཡོད་དེ། རྒོལ་བ་སྐབས་བབས་ལ་མི་འདོད་པའི་ཐལ་བར་འཕེན་པའི་རིགས་གནས་དེ་ཡིན་པའི་ཕྱིར། དབྱེ་ན་ཐལ་འགྱུར་ཡང་དག་དང་ལྟར་སྣང་གཉིས། ཐལ་འགྱུར་ཡང་དག་གི་མཚན་ཉིད་ཡོད་དེ། ཕྱི་རྒོལ་གྱི་བློ་ངོར་གྲུབ་ཅེས་པའི་བློ་ལ་ཚད་མ་དང༌། ཡིད་དཔྱོད་དང༌། ལོག་ཤེས་འཇོག དེ་ལ་རང་ཉིད་འགོད་ཡུལ་གྱི་ཕྱི་རྒོལ་ཡང་དག་གི་བློ་ངོར་རྟགས་དང་ཁྱབ་པ་གྲུབ་ཅིང་དེའི་ངོར་དམ་བཅའ་ལ་ཚད་མས་བསལ་བ་འབབ་པའི་རྟགས་སྟོན་པའི་ཐལ་ངག་རྣམ་དག་དེ་ཡིན་པའི་ཕྱིར། དབྱེ་ན་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་དང༌། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་དང་གཉིས། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད་ཡོད་དེ། རང་གི་ཆོས་ལོག་དེ་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རང་གི་རྟགས་ལོག་བསྒྲུབ་པ་ལ་ཚུལ་གསུམ་འཕེན་པའི་ཐལ་འགྱུར་རྣམ་དག་དེ་ཡིན་པའི་ཕྱིར། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན། རང་ཉིད་ཀྱི་སོང་ཚོད་ཀྱི་རྟགས་གང་འགོད་པ་སྐབས་སུ་བབ་པའི་ཕྱི་རྒོལ་ཡང་དག་གིས་ཁས་བླངས་ཤིང༌། ཚད་མས་མ་གྲུབ་པ་དང༌། ཁྱབ་པ་ཚད་མས་གྲུབ་ཅིང་དམ་བཅའ་ཚད་མས་བསལ་བ་ཞུགས་པ་གཅིག་དགོས་ཏེ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གང་དང་གང་གིས་སོང་ཚོད་ཀྱི་རྟགས་ཚད་མས་གྲུབ་ན། དེས་འཕངས་པའི་སྦྱོར་བ་ཡང་དག་གི་དམ་བཅའ་ལ་ཚད་མས་བསལ་བ་འབབ་ཅིང༌། ཁྱབ་པ་ཚད་མས་མ་གྲུབ་ན་དེས་འཕངས་པའི་སྦྱོར་བ་ཡང་དག་གི་ལྡོག་ཁྱབ་མི་འགྲུབ་ལ། དམ་བཅའ་ལ་ཚད་མས་བསལ་བ་མ་ཞུགས་ན་དེས་འཕངས་པའི་སྦྱོར་བའི་ཕྱོགས་ཆོས་མི་འགྲུབ་པའི་ཕྱིར། གཏན་ཚིགས་རིགས་པའི་དོན་བསྡུས་ལས། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ལ། །ཆོས་ཅན་ལྡོག་ཁྱབ་ཚད་མས་གྲུབ།།བསལ་བ་ཚད་བསལ་རྟགས་ཁས་བླངས། །དགོས་ཀྱི་གཞན་ལ་མ་ཡིན་ནོ། །ཞེས་གསུངས་སོ། །སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ལ་དབྱེ་ན། ལྡོག་པ་རང་རིགས་འཕེན་པའི་ཐལ་འགྱུར་ཡང་དག་དང༌། ལྡོག་པ་གཞན་རིགས་འཕེན་པའི་ཐལ་འགྱུར་ཡང་དག་གཉིས། དེ་གཉིས་ཀའི་མཚན་ཉིད་སོགས་ནི། གཏན་ཚིགས་རིགས་པའི་དོན་བསྡུས་ལས། དང་པོ་ལ་རང་རིགས་འཕེན་པ་དང༌། གཞན་རིགས་འཕེན་པ་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གང་ཞིག རང་གིས་འཕངས་པའི་རང་རྒྱུད་ཀྱི་རྟགས་དང༌། རང་གི་རྟགས་རང་གི་སྒྲུབ་བྱའི་ཆོས་དང་འབྲེལ་ཚུལ་དང༌། དགག་བྱ་དང་འགལ་ཚུལ་གྱི་ཆ་ནས་བཏགས་པའི་དགོས་མིང་མཐུན་པར་འགྱུར་བ་དང་མི་མཐུན་པར་འགྱུར་བའོ། །དབྱེ་ན་དང་པོ་ལ། མེ་དང་ཙནྡན་མེ་དང་ནི། །དུ་བ་ལྟོས་བཅས་རྣམ་བཞི་ཡིས། །གྲང་རེག་བ་མོ་སྤུ་ལོང་དང༌། །ངེས་པ་འགོག་ན་རིམ་པ་བཞིན། །རང་བཞིན་འགལ་བ་དམིགས་པ་དང༌། །ཁྱབ་བྱེད་འགལ་བའི་ཁྱབ་བྱ་དམིགས། །རྒྱུ་དང་འགལ་བའི་འབྲས་དམིགས་དང༌། །རང་བཞིན་འགལ་བའི་ཁྱབ་བྱ་བཞི། །ཞེས་པ་ལྟར་བཞིའོ། །ཞེས་གསུངས་ལ། དེའི་དབྱེ་བ་ལ་བཞི་ལས་དང་པོ་རང་བཞིན་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་ཡོད་དེ། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པའི་གཞིར་ཆོས་ཅན། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པ་མ་ཡིན་པར་ཐལ། གྲངས་རེག་རྒྱུན་ཆགས་སུ་གནས་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཡིན་པའི་ཕྱིར། དེ་འདྲའི་ཐལ་འགྱུར་ཆོས་ཅན། རང་བཞིན་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེའི་ཐལ་འགྱུར་གྱི་དགག་བྱའི་ཆོས་ཀྱི་རང་བཞིན་མེ་སྟོབས་ཆེན་པོ་དང་འགལ་བ་གྲང་རེག་དམིགས་པ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར། འདི་གཞན་ལ་རིགས་འགྲེ་སྦྱར། གཉིས་པ་ཁྱབ་བྱེད་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་ཡོད་དེ། ཙནྡན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པའི་གཞིར་ཆོས་ཅན། ཙནྡན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པ་མ་ཡིན་པར་ཐལ། བ་མོའི་རེག་པ་རྒྱུན་ཆགས་སུ་གནས་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཡིན་པའི་ཕྱིར། གསུམ་པ་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་ཡོད་དེ། དུ་བ་དྲག་འཕྱུར་བས་ཁྱབ་པར་གནོན་པའི་གཞིར་ཆོས་ཅན། དུ་བ་དྲག་འཕྱུར་བས་ཁྱབ་པར་གནོན་པ་མ་ཡིན་པར་ཐལ། གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་སུ་གནས་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཡིན་པའི་ཕྱིར། གོང་གི་ལུང་གི་དངོས་ཟིན་ལྟར་ན་འདི་གསུམ་གྱི་རྟགས་ཀྱི་ལོག་ཕྱོགས་ཆོས་དང་ཆོས་ཀྱི་ལོག་ཕྱོགས་རྟགས་སུ་བཀོད་དགོས་སོ། །བཞི་བ་རང་བཞིན་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་ཡོད་དེ། བུམ་པ་ཆོས་ཅན། འཇིག་ངེས་མ་ཡིན་པར་ཐལ། རང་འཇིག་པ་རྒྱུ་དོན་གཞན་ལ་ལྟོས་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཡིན་པའི་ཕྱིར། གཉིས་པ་གཞན་རིགས་འཕེན་པའི་ཐལ་འགྱུར་ཡོད་དེ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། གཉིས་པ་ལ། མེ་དང་དུ་བ་དེ་བཞིན་མེ། །ཤིང་མེད་པ་དང་མེ་མེད་པས། །བ་མོ་བ་མོའི་རེག་པ་གཉིས། །སྤུ་ལོང་ཤ་བ་དུ་བ་འགོག །ཁྱབ་བྱེད་འགལ་བ་དམིགས་པ་དང༌། །ཁྱབ་བྱེད་འགལ་བའི་འབྲས་བུ་དང༌། །རྒྱུ་དང་འགལ་བའི་རང་བཞིན་དང༌། །ཁྱབ་བྱེད་མ་དམིགས་རྒྱུ་མ་དམིགས། །རྣམས་ཀྱིས་འགལ་ཁྱབ་དམིགས་པ་དང༌། །རྒྱུ་དང་འགལ་བའི་ཁྱབ་བྱ་དང༌། །འགལ་འབྲས་དམིགས་དང་རང་བཞིན་རྟགས། །འབྲས་རྟགས་རང་རྒྱུད་འཕེན་པ་ཡིན། །ཞེས་པ་ལྟར་ལྔའོ། །སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད་ཡོད་དེ། ཁྱོད་ཀྱི་ཆོས་ལོག་ཁྱོད་ཀྱི་ཤེས་འདོད་ཆོས་ཅན་སྟེང་དུ་ཁྱོད་ཀྱི་རྟགས་ལོག་སྒྲུབ་པ་ལ་ཚུལ་གསུམ་སྒྲུབ་བྱེད་བཀོད་པ་མ་ཚང་བའི་ཐལ་འགྱུར་ཡང་དག་དེ་ཡིན་པའི་ཕྱིར། མཚན་གཞི་ནི། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱྀར་ཞེས་པའི་ཐལ་འགྱུར་དེ་ཡིན་དགོས་པའི་ཕྱིར། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱྀར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ཆོས་ལོག་ཁྱོད་ཀྱི་ཤེས་འདོད་ཆོས་ཅན་སྟེང་དུ་ཁྱོད་ཀྱི་རྟགས་ལོག་སྒྲུབ་པ་ལ་ཚུལ་གསུམ་སྒྲུབ་བྱེད་བཀོད་པ་མ་ཚང་བ་དེ་ཡིན་ཏེ། ཁྱོད་ཀྱི་ཆོས་ལོག་ངོས་འཛིན་པའི་ཚེ་རྟག་པ་དེ་ངོས་འཛིན་དགོས། ཁྱོད་ཀྱི་རྟགས་ལོག་ངོས་འཛིན་པའི་ཚེ་ན་མ་བྱས་པ་དེ་ངོས་འཛིན་དགོས། ཤེས་འདོད་ཆོས་ཅན་ངོས་འཛིན་པའི་ཚེ་ན་སྒྲ་དེ་ངོས་འཛིན་དགོས་ལ། དེ་ལྟར་ན་སྒྲ་ཆོས་ཅན། མ་བྱས་པ་ཡིན་ཏེ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་འདིའི་རྟགས་ཀྱི་ཚུལ་གསུམ་ཚང་ཟེར་དགོས་ཀྱང༌། དེ་མི་ཚང་བ་ཡིན་པའི་ཕྱིར་རོ། །

གསུམ་པ་རྩོད་པ་སྤོང་བ།

གསུམ་པ་རྩོད་པ་སྤོང་བ་ལ།

ཁ་ཅིག་ན་རེ། ཐལ་འགྱུར་ཡང་དག་ཆོས་ཅན། ཐལ་འགྱུར་ཡང་དག་ཡིན་པར་ཐལ། རང་ཉིད་འགོད་ཡུལ་གྱི་ཕྱི་རྒོལ་ཡང་དག་གི་བློ་ངོར་རྟགས་དང་ཁྱབ་པ་གྲུབ་ཅིང་དེའི་ངོར་དམ་བཅའ་ལ་ཚད་མས་བསལ་བ་འབབ་པའི་རྟགས་སྟོན་པའི་ཐལ་ངག་རྣམ་དག་དེ་ཡིན་པའི་ཕྱིར། འདོད་ན། ཐལ་འགྱུར་ཡང་དག་ཆོས་ཅན། ཁྱོད་ཀྱི་རྟགས་གསལ་རྩོད་གཞི་ངོས་འཛིན་པའི་ཚེ་ན། སྒྲ་རྩོད་གཞི། མི་རྟག་པ་གསལ་བ། བྱས་པ་རྟགས་སུ་བཀོད་པ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་གསལ་རྩོད་གཞི་ངོས་འཛིན་རྒྱུ་ཡོད་པ་གང་ཞིག དེ་ལྟར་ངོས་མ་བཟུང་ན་གཞན་བཟུང་རྒྱུ་མེད་པའི་ཕྱིར། འདོད་ན། ཐལ་འགྱུར་ཡང་དག་ཆོས་ཅན། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པར་ཐལ། སྒྲ་རྩོད་གཞི། མི་རྟག་པ་གསལ་བ། བྱས་པ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཟེར་ན་རྟགས་མ་གྲུབ་སྟེ། སྒྲ་རྩོད་གཞི། མི་རྟག་པ་གསལ་བ། བྱས་པ་རྟགས་སུ་བཀོད་ཀྱང་དེ་ལྟར་བཀོད་པའི་ཐལ་འགྱུར་མ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ལ་དེ་ཡིན་མིན་དུ་མ་ཞིག་ཡོད་པའི་ཕྱིར།དཔེར་ན། རྗེས་དཔག་གིས་བུམ་པ་རྟོགས་ཀྱང་རྗེས་དཔག་བུམ་པ་རྟོགས་པའི་རྗེས་དཔག་མ་ཡིན་པ་བཞིན་ནོ།། །།

ཉེར་བཞི་པ་རྒྱུ་འབྲས་ཆེ་བའི་རྣམ་བཞག་བཤད་པ།

ཉེར་བཞི་པ་རྒྱུ་འབྲས་ཆེ་བའི་རྣམ་བཞག་བཤད་པ་ལ།

དགག་བཞག་སྤོང་གསུམ་ལས། དང་པོ་ལ། ཁ་ཅིག་ན་རེ། འདུས་བྱས་ཡིན་ན་ཁྱོད་ཀྱི་རྒྱུ་དྲུག་ཀ་ཡོད་པས་ཁྱབ་ཟེར་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུ་དྲུག་ཀ་ཡོད་པར་ཐལ། འདུས་བྱས་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་སླ། འདོད་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུ་དྲུག་ཀ་མེད་པར་ཐལ། ཁྱོད་ཀྱི་བྱེད་རྒྱུ་དང་ལྡན་ཅིག་འབྱུང་རྒྱུ་དང༌། སྐལ་མཉམ་གྱི་རྒྱུ་གསུམ་ཡོད་པ་གང་ཞིག གཞན་གསུམ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། བུམ་པའི་རྒྱུ་དེ་བུམ་པའི་བྱེད་རྒྱུ་དང༌། བུམ་པའི་དངོས་རྒྱུའི་འབྱུང་བཞིའི་རྡུལ་དེ་བུམ་པའི་ལྷན་ཅིག་འབྱུང་རྒྱུ་དང༌། བུམ་པའི་རྒྱུར་གྱུར་བའི་ལྟོ་ལྡིར་བ་དེ་བུམ་པའི་སྐལ་མཉམ་གྱི་རྒྱུ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། བུམ་པའི་རྣམ་སྨིན་གྱི་རྒྱུ་མེད་པ་གང་ཞིག བུམ་པའི་ཀུན་འགྲོའི་རྒྱུ་ཡང་མེད། བུམ་པའི་མཚུངས་ལྡན་གྱི་རྒྱུ་ཡང་མེད་པའི་ཕྱིར། དང་པོ་མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་རྣམ་སྨིན་གྱི་རྒྱུ་མེད་པར་ཐལ། ཁྱོད་རྣམ་སྨིན་གྱི་འབྲས་བུ་མ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་སྐྱེས་བུའི་རྒྱུད་ཀྱི་བསྡུས་པའི་ཆོས་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་སྨིན་ཡིན་ན། ངོ་བོ་མ་བསྒྲིབས་ལུང་མ་བསྟན་དང༌། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ། རང་གི་རྒྱུར་གྱུར་བའི་དགེ་མི་དགེ་གང་རུང་ལས་ཕྱིས་འབྱུང་བ་སྟེ་ ཁྱད་པར་གསུམ་དང་ལྡན་པས་ཁྱབ་པའི་ཕྱིར་ཏེ། མཛོད་ལས། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང༌། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་ཀུན་འགྲོའི་རྒྱུ་མེད་པར་ཐལ། ཁྱོད་ཉོན་མོངས་ཅན་མ་ཡིན་པའི་ཕྱིར། གསུམ་པ་མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་མཚུངས་ལྡན་གྱི་རྒྱུ་མེད་པར་ཐལ། ཁྱོད་བེམ་པོ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྒྱུ་ཡིན་ན་རྒྱུ་དྲུག་ཀ་ཡིན་པས་ཁྱབ་ཟེར་ན། བུམ་པ་ཆོས་ཅན། རྒྱུ་དྲུག་ཀ་ཡིན་པར་ཐལ། རྒྱུ་ཡིན་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། རྣམ་སྨིན་གྱི་རྒྱུ་ཡིན་པར་ཐལ། རྒྱུ་དྲུག་ཀ་ཡིན་པའི་ཕྱིར།འདོད་ན། བུམ་པ་ཆོས་ཅན། དགེ་མི་དགེ་གང་རུང་ཡིན་པར་ཐལ། རྫས་སྤྱི་གཉིས་འགོད་ཆོད་རྣམ་སྨིན་གྱི་རྒྱུ་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་ལས། རྣམ་སྨིན་རྒྱུ་ནི་མི་དགེ་དང༌། དགེ་བ་ཟག་བཅས་རྣམ་ཁོ་ན། །ཞེས་གསུངས་པའི་ཕྱིར། གཞན་ཡང་སྒྲ་ཆོས་ཅན། རྒྱུ་དྲུག་ཀ་ཡིན་པར་ཐལ། རྒྱུ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སྒྲ་ཆོས་ཅན། མཚུངས་ལྡན་གྱི་རྒྱུ་ཡིན་པར་ཐལ། རྒྱུ་དྲུག་ཀ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཤེས་པ་ཡིན་པར་ཐལ། མཚུངས་ལྡན་གྱི་རྒྱུ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། མཚུངས་ལྡན་གྱི་རྒྱུ་ཡིན་ན་སེམས་སེམས་བྱུང་གང་རུང་གིས་བསྡུས་པའི་ཤེས་པ་ཡིན་པས་ཁྱབ་པའི་ཕྱིར་ཏེ། མཛོད་ལས། མཚུངས་ལྡན་རྒྱུ་ནི་སེམས་དག་དང༌། །སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་སྒྲ་ཆོས་ཅན། ཀུན་འགྲོའི་རྒྱུ་ཡིན་པར་ཐལ། རྒྱུ་དྲུག་ཀ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཉོན་མོངས་ཅན་ཡིན་པར་ཐལ། ཀུན་འགྲོའི་རྒྱུ་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་ལས། ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། སྒྲ་དང་གཅིག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྐྱེན་བཞི་དང་འབྲས་བུ་དང་པོ་བཞི་འགལ་བ་ཡིན་ཟེར་ན། འོ་ན་རྐྱེན་བཞི་ཀ་ཡིན་ན་འབྲས་བུ་དང་པོ་བཞི་མ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། འཕེན་བྱེད་དགེ་བའི་ལས་ཀྱི་རྣམ་སྨིན་དུ་གྱུར་བའི་ཡིད་ཀྱི་རྣམ་ཤེས་ཆོས་ཅན། འབྲས་བུ་དང་པོ་བཞི་མ་ཡིན་པར་ཐལ། རྐྱེན་བཞི་ཀ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། རྐྱེན་བཞི་ཀ་ཡིན་པར་ཐལ། རྒྱུ་རྐྱེན་ཡིན་པ་གང་ཞིག དེ་མ་དག་རྐྱེན་ཡང་ཡིན། དམིགས་རྐྱེན་ཡང་ཡིན། བདག་རྐྱེན་ཡང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རང་འབྲས་སྐྱེད་བྱེད་ཡིན་པའི་ཕྱིར་ཏེ། དངོས་པོ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། རང་འབྲས་ཤེས་པ་ཕྱི་མ་བསྐྱེད་པའི་ཤེས་པ་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། རང་འཛིན་མངོན་སུམ་ཚད་མ་ཡུལ་གྱི་རྣམ་ལྡན་དུ་གཙོ་བོར་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་ཏེ། དངོས་པོ་ཡིན་པའི་ཕྱིར། བཞི་བ་གྲུབ་སྟེ། རང་གི་འབྲས་བུའི་ཡིད་ཤེས་ཀྱི་བདག་རྐྱེན་དུ་གྱུར་བའི་ཡིད་དབང་ཡིན་པའི་ཕྱིར། རྩ་བར་འདོད་ན། འཕེན་བྱེད་དགེ་བའི་ལས་ཀྱི་རྣམ་སྨིན་དུ་གྱུར་བའི་ཡིད་ཀྱི་རྣམ་ཤེས་ཆོས་ཅན། འབྲས་བུ་དང་པོ་བཞི་ཡིན་པར་ཐལ། རྣམ་སྨིན་གྱི་འབྲས་བུ་ཡིན་པ་གང་ཞིག རྒྱུ་མཐུན་གྱི་འབྲས་བུ་ཡང་ཡིན། བདག་པོའི་འབྲས་བུ་ཡང་ཡིན། སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཆོས་ཅན། རྣམ་སྨིན་གྱི་འབྲས་བུ་ཡིན་པར་ཐལ། རང་གི་རྒྱུར་གྱུར་བའི་དགེ་བའི་ལས་ཀྱི་རྣམ་སྨིན་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། དེ་ཆོས་ཅན། རྒྱུ་མཐུན་གྱི་འབྲས་བུ་ཡིན་པར་ཐལ། རང་གི་རྒྱུ་རང་དང་ས་གཅིག་པའམ་རྣམ་པ་མཐུན་པའི་འབྲས་བུ་ཡིན་པའི་ཕྱིར། གསུམ་པ་དང་བཞི་བ་གྲུབ་སྟེ། དངོས་པོ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་གི་འབྲས་བུར་གྱུར་བའི་རྣམ་སྨིན་གྱི་རྒྱུ་ཡིན་ན་རྣམ་སྨིན་གྱི་རྒྱུ་ཡིན་པས་ཁྱབ་ཟེར་ན། ངན་འགྲོའི་སྲོག་དབང་སྐད་ཅིག་དང་པོ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ངན་འགྲོའི་སྲོག་དབང་སྐད་ཅིག་དང་པོ་དེ་ཆོས་ཅན། དེར་ཐལ། ཁྱོད་ཀྱི་འབྲས་བུར་གྱུར་བའི་རྣམ་སྨིན་ཡོད་པའི་ཕྱིར། དེར་ཐལ། ངན་འགྲོའི་སྲོག་དབང་སྐད་ཅིག་གཉིས་པ་དེ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ལུང་མ་བསྟན་ཡིན་པའི་ཕྱིར། དེར་ཐལ། རྣམ་སྨིན་ཡིན་པའི་ཕྱིར། ཁྱབ་པ་གོང་དུ་བསྒྲུབས་ཟིན་ཏོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

རྒྱུ་བཤད་པ་དང༌། འབྲས་བུ་བཤད་པ་དང༌། རྐྱེན་བཤད་པ་དང་གསུམ། དང་པོ་ནི། ཆོས་དེའི་ཕན་འདོགས་བྱེད་ཆོས་དེའི་རྒྱུའི་མཚན་ཉིད། དབྱེ་ན། བྱེད་རྒྱུ་དང༌། ལྷན་ཅིག་འབྱུང་རྒྱུ་དང༌། སྐལ་མཉམ་གྱི་རྒྱུ་དང༌། མཚུངས་ལྡན་གྱི་རྒྱུ་དང༌། ཀུན་འགྲོའི་རྒྱུ་དང༌། རྣམ་སྨིན་གྱི་རྒྱུ་དང་དྲུག་ཡོད་པའི་ཕྱིར་ཏེ། མཛོད་ལས། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང༌། །སྐལ་མཉམ་མཚུངས་པར་ལྡན་པ་དང༌། །ཀུན་ཏུ་འགྲོ་དང་རྣམ་སྨིན་དང༌། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །ཅེས་གསུངས་པའི་ཕྱིར་རོ། །རང་འབྲས་སྐྱེད་བྱེད་ཀྱི་རྒྱུའི་ངོ་བོ་ཉིད་དུ་གནས་པ་དེ། བྱེད་རྒྱུའི་མཚན་ཉིད། བུམ་པ་སྐྱེད་བྱེད་ཀྱི་ངོ་བོ་ཉིད་དུ་གནས་པ། བུམ་པའི་བྱེད་རྒྱུའི་མཚན་ཉིད། མཚན་གཞི་ནི། བུམ་པའི་ཉེར་ལེན་ལྟ་བུའོ། །ཆོས་དེ་དང་ཚོགས་པ་གཅིག་པའི་སྒོ་ནས་ཕན་འདོགས་པའི་ཆོས་དེ། ཆོས་དེའི་ལྷན་ཅིག་འབྱུང་རྒྱུའི་མཚན་ཉིད། རོ་སྐད་ཅིག་དང་པོ་ལྟ་བུའོ། །འདི་ལ་ས་བཟང་ཀུན་བཏུས་འགྲེལ་བ་ལས། མཚན་ཉིད་ནི། འབྲས་བུའི་ཆོས་གང་དག་གྲོགས་སུ་ངེས་པའི་ཆོས་དེ་ཡོད་ན་དེ་དང་ལྷན་ཅིག་འབྱུང་གི་གྲོགས་སུ་ངེས་པའི་ཆོས་གང་ཡང་རུང་བ་མ་ཚང་ན་ཆོས་དེའང་འབྱུང་བ་མ་ཡིན་པ་ནི་གྲོགས་ཀྱི་སྒོ་ནས་ཕན་ཚུན་རྒྱུའི་རྐྱེན་དུ་བལྟ་སྟེ་ཞེས་པའོ། །དཔེ་བརྗོད་ནི། འདི་ལྟ་སྟེ། གྲོགས་སུ་ངེས་པའི་འབྱུང་བ་རྣམས་ཕན་ཚུན་རླུང་མེད་ན་མེ་འབར་བ་མི་འབྱུང་བ་དང༌། འབྱུང་བ་ལས་གྱུར་བ་རྣམས་ཕན་ཚུན་གཟུགས་མེད་ན་རོ་མི་འབྱུང་བ་ལྟ་བུའོ། །དེའང་རྒྱུ་འབྲས་དུས་མཉམ་སྟོན་པ་མ་ཡིན་གྱི་རྒྱུའི་ཚོགས་པ་ཚར་གཅིག་པའི་ཆ་ནས་བཞག་པ་སྟེ། ནུས་པ་འཇུག་པ་མེད་པར་ནི། །རོ་མེད་དེ་ཉིད་གཞན་གྱི་རྒྱུ། །ཞེས་གསུངས་པའི་ཕྱིར། རང་འབྲས་རང་དང་རིགས་འདྲ་སྐྱེད་བྱེད་དེ། སྐལ་མཉམ་གྱི་རྒྱུའི་མཚན་ཉིད། དད་པ་སྐད་ཅིག་དང་པོ་ལྟ་བུའོ། །མཚུངས་ལྡན་དུ་གྱུར་བའི་སྒོ་ནས་ཕན་འདོགས་བྱེད་ཀྱི་རིགས་སུ་གནས་པའི་ཤེས་པ་དེ། མཚུངས་ལྡན་གྱི་རྒྱུའི་མཚན་ཉིད། མཚན་གཞི་ནི་གཞན་རིག་གི་ཤེས་པ་རྣམས་སོ། །འདི་ལ་ས་བཟང་ཀུན་བཏུས་འགྲེལ་བ་ལས། མཐུན་པར་རྟོགས་པས་ཇི་ལྟ་བུ་ཞེ་ན། མཚུངས་ལྡན་རྒྱུ་ནི་སེམས་རྣམས་དང༌། སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ། །ཞེས་གསུངས་ཤིང༌། འདིར་ཡང་དེ་དང་མཐུན་པར་མཚན་ཉིད་ནི། རིག་པའི་ཆོས་གང་དག་གཙོ་འཁོར་དུ་གྱུར་བ་ལྷན་ཅིག་འབྱུང་པས་དམིགས་པ་དང་མཐུན་ཞིང་མཚུངས་པར་རྟོགས་ཀྱི། མཚུངས་ལྡན་དུ་ངེས་པའི་ཆོས་གང་ཡང་རུང་བ་མ་ཚང་ན་དམིགས་པ་མཐུན་པར་རྟོགས་པ་མ་ཡིན་པ་དེ་དག་ཕན་ཚུན་རྒྱུའི་རྐྱེན་དུ་བལྟ་སྟེ་ཞེས་པའོ། །མཚན་གཞི་ནི། འདི་ལྟ་སྟེ། རྟེན་མཚུངས་པའི་སེམས་དང་སེམས་ལས་བྱུང་བ་ཕན་ཚུན་གྲོགས་བྱས་ནས་དམིགས་པ་མཐུན་པར་རྟོགས་པ་རྣམས་སོ། །དུས་མཚུངས་པ་རྣམས་ནི་མ་ཡིན་ཏེ་ རྒྱུ་འབྲས་ཡིན་པའི་ཕྱིར་རོ། །འདིས་ནི་སེམས་བྱུང་རྫས་ཐ་དད་དུའང་བསྟན་ཅིང༌། ཞེས་གསུངས་སོ། །རང་གི་འབྲས་བུར་གྱུར་བའི་ཉོན་མོངས་ཅན་ཕྱི་མ་སྐྱེད་བྱེད་ཀྱི་ཉོན་མོངས་ཅན་དེ། ཀུན་འགྲོའི་རྒྱུའི་མཚན་ཉིད། ཉོན་མོངས་པ་དང་དེ་དང་མཚུངས་ལྡན་རྣམས་སོ། །འདི་ལ་ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཀུན་འགྲོའི་རྒྱུ་འདི་ཡང་སྐལ་མཉམ་གྱི་རྒྱུའི་ཁོངས་སུ་ཕལ་ཆེར་འདུ་བ་ཡིན་ལ། མི་འདུ་བ་དག་ཀྱང་ཡོད་པ་ནི་ཡིན་ཏེ། རྒྱུ་ཉོན་མོངས་པ་ལས་འབྲས་བུ་ཉོན་མོངས་སྐྱེད་པར་བྱེད་པ་ཡང་རིགས་དང་ས་མ་ངེས་པ་རྣམས་ནི་དེར་མི་འདུའོ། །ཞེས་སོགས་གསུངས་སོ། །མཛོད་ལས་ས་མཚུངས་དགོས་པར་གསུངས་པས་སྐབས་འདི་དང་མི་འདྲ་བའོ། །རང་འབྲས་རྣམ་སྨིན་འབྱིན་བྱེད་དུ་ལུང་དུ་བསྟན་པའི་ཆོས་དེ། རྣམ་སྨིན་གྱི་རྒྱུའི་མཚན་ཉིད། མཚན་གཞི་ནི། མི་དགེ་བ་དང༌། དགེ་བ་ཟག་བཅས་རྣམས་སོ། །དགེ་མི་དགེ་ལུང་མ་བསྟན་གྱི་མཚན་ཉིད་ནི། གཏན་ཚིགས་རིགས་པའི་དོན་བསྡུས་ལས། དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་མཚན་ཉིད་ནི་རིམ་པ་ལྟར། ལུང་དུ་བསྟན་པའི་ཆོས་གང་ཞིག དམ་པ་རྣམས་ཀྱིས་བསྔགས་པར་འོས་པ་དང༌། གང་ཞིག་དམ་པ་རྣམས་ཀྱིས་སྨད་པར་འོས་པ་དང༌། དགེ་མི་དགེ་གང་ཡང་མིན་པའི་ཆོས་ཞེས་པའོ། །ཞེས་གསུངས་པའི་ཕྱིར། དེ་གསུམ་གྱི་མཚན་གཞི་ནི་རིམ་པ་ལྟར། དད་པ་དང༌། ཁོང་ཁྲོ་དང༌། བུམ་པ་ལྟ་བུའོ། །གཉིས་པ་འབྲས་བུ་བཤད་པ་ལ། ཕན་འདོགས་བྱ། འབྲས་བུའི་མཚན་ཉིད། འབྲས་བུ་ལ་སྒྲས་བརྗོད་ཀྱི་དབྱེ་ན། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། སྐྱེས་བུའི་བྱེད་འབྲས། བདག་འབྲས། བྲལ་འབྲས་དང་ལྔ་ཡོད་པའི་ཕྱིར། རང་རྒྱུ་དགེ་བ་ཟག་བཅས་དང་མི་དགེ་བ་གང་རུང་གི་ནུས་པ་རིམ་གྱིས་སྨིན་པ་ལས་བྱུང་ཞིང་མ་སྒྲིབ་ལུང་མ་བསྟན་གྱི་ཉེར་ཕུང་དེ། རྣམ་སྨིན་གྱི་འབྲས་བུའི་མཚན་ཉིད། རྣམ་སྨིན་དང༌། རྣམ་སྨིན་གྱི་འབྲས་བུ་དོན་གཅིག མཚན་གཞི་ནི། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་དེ་ཡིན་ནོ། །རང་གི་རྒྱུ་དང་འདྲ་བའི་འདུས་བྱས་དེ། རྒྱུ་འཐུན་གྱི་འབྲས་བུའི་མཚན་ཉིད། མཚན་གཞི་ནི། བུམ་པའི་འབྲས་བུར་གྱུར་པའི་བུམ་པ་ལྟ་བུའོ། །རང་གི་རྒྱུའི་སྟོབས་ལས་སྐྱེས་པ་དེ། སྐྱེས་བུ་བྱེད་འབྲས་ཀྱི་མཚན་ཉིད། མཚན་གཞི་ཡོད་དེ། གཟུགས་དེ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་སྐྱེས་བུའི་བྱེད་འབྲས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྐྱེས་བུས་ལས་བྱེད་པ་ལྟར་རྒྱུ་རྐྱེན་ཚོགས་པས་བསྐྱེད་པས་ན་དེ་ལྟར་བརྗོད་པའི་ཕྱིར། རང་རྒྱུའི་རང་དབང་དུ་བསྐྱེད་པར་བྱ་བ། བདག་འབྲས་ཀྱི་མཚན་ཉིད། འདུས་བྱས་ཡིན་ན་སྐྱེས་བུའི་བྱེད་འབྲས་དང་བདག་འབྲས་གཉིས་ཀ་ཡིན་པས་ཁྱབ། གཉེན་པོ་ཤེས་རབ་ཀྱི་སྟོབས་ཀྱིས་རང་གི་སྤང་བྱ་ཟད་པའི་བྲལ་བ་དེ། བྲལ་བའི་འབྲས་བུའི་མཚན་ཉིད། བྲལ་བ་བློ་ཡིས་ཟད་པའོ། །ཞེས་པ་ལྟར་རོ། །སོ་སོར་བརྟག་འགོག་དང་བྲལ་འབྲས་གཉིས་དོན་གཅིག། ཆོས་དབྱིངས་བྲལ་བའམ་ཟད་པ་ཡིན་ཀྱང་བྲལ་འབྲས་མཚན་ཉིད་པ་མ་ཡིན་ནམ་སྙམ། མཚན་གཞི་ནི། སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་པ་དང་བྲལ་བ་དེའོ། །གསུམ་པ་རྐྱེན་གྱི་མཚན་ཉིད། རང་གི་འབྲས་བུ་འགྲུབ་བྱེད་དེ་ཡིན་པའི་ཕྱིར། རྐྱེན་དེ་ལ་དབྱེ་ན་བཞི་ཡོད་དེ། རྒྱུའི་རྐྱེན་དང༌། དེ་མ་ཐག་རྐྱེན་དང༌། དམིགས་རྐྱེན་དང༌། བདག་རྐྱེན་དང་བཞི་ཡོད་པའི་ཕྱིར། རྒྱུའི་རྐྱེན་གྱི་མཚན་ཉིད་ཡོད་དེ། རང་འབྲས་སྐྱེད་བྱེད་དེ་ཡིན་པའི་ཕྱིར། རྒྱུ་དང་རྐྱེན་དང་རྒྱུ་རྐྱེན་རྣམས་དོན་གཅིག དེ་མ་ཐག་རྐྱེན་གྱི་མཚན་ཉིད་ཡོད་དེ། རང་འབྲས་ཤེས་པ་མྱོང་བ་གསལ་རིག་ཏུ་གཙོ་བོར་དངོས་སུ་སྐྱེད་བྱེད་དེ་ཡིན་པའི་ཕྱིར། དམིགས་རྐྱེན་གྱི་མཚན་ཉིད་ཡོད་དེ། རང་འབྲས་ཤེས་པ་ཡུལ་གྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་དེ་ཡིན་པའི་ཕྱིར། བདག་རྐྱེན་གྱི་མཚན་ཉིད་ཡོད་དེ། རང་འབྲས་འབྱུང་བ་ལ་དབང་བྱེད་པའི་ཚུལ་གྱིས་སྐྱེད་བྱེད་དེ་ཡིན་པའི་ཕྱིར། རྐྱེན་བཞིའི་མཚན་ཉིད་འཇོག་ཚུལ་དེ་ལྟར་འཐད་དེ། ས་བཟང་གི་ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། འབྲས་བུའི་ངོ་བོར་སྐྱེད་པ་རྒྱུའི་རྐྱེན་དང༌། ཁྱད་པར་ཤེས་རིག་ཕྱི་མ་སྐྱེད་པ་དེ་མ་ཐག་པའི་རྐྱེན་དང༌། ཤེས་པ་ཡུལ་གྱི་རྣམ་ལྡན་དུ་སྐྱེད་པ་དམིགས་པའི་རྐྱེན་དང༌།འབྲས་བུ་འབྱུང་བ་ལ་དབང་བྱེད་པ་བདག་པོའི་ཀྱང་རྐྱེན་གྱི་མཚན་ཉིད་ཅན་དུ་བལྟའོ། །ཞེས་གསུངས་པའི་ཕྱིར་རོ། །ཤེས་པ་ཡིན་ན་རྐྱེན་བཞི་ལས་སྐྱེ་བས་ཁྱབ་མ་ཁྱབ་ལ་གསུངས་ཟིན་གཉིས་ཡོད་དེ། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། སེམས་སེམས་བྱུང་རྐྱེན་བཞི་ལས་སྐྱེ་བ་ཡང་སྲིད་པའི་དབང་དུ་བྱས་ཀྱི་ཁྱབ་པའི་དོན་ནི་མ་ཡིན་ནོ་ཞེས་ཟེར་རོ། །ཞེས་པ་ནས། རྐྱེན་བཞི་སྲིད་པའི་དོན་ཙམ་དུ་འདོད་པའང་མི་རིགས་ཏེ། སྡེ་བ་ཐམས་ཅད་ཀྱིས་ཀྱང་སེམས་སེམས་བྱུང་ཐམས་ཅད་རྐྱེན་བཞི་ལས་སྐྱེ་བར་བཤད་པའི་ཕྱིར། ཞེས་གསུངས་པ་དང༌། དེ་ལས། རིག་པ་གང་ཡིན་རྐྱེན་བཞི་ལས་སྐྱེ་བའི་ངེས་པ་ནི་མེད་དེ། དོན་དུ་ན་ཤེས་པ་འཁྲུལ་བ་ལ་དམིགས་རྐྱེན་མེད་པའི་ཕྱིར་རོ། །ཞེས་གསུངས་པ་དང་གཉིས་སོ། །

གསུམ་པ་རྩོད་པ་སྤོང་བ།

གསུམ་པ་རྩོད་པ་སྤོང་བ་ལ།

ནམ་མཁའ་ཆོས་ཅན། བུམ་པའི་བྱེད་རྒྱུ་ཡིན་པར་ཐལ། བུམ་པ་ལས་གཞན་པའི་ཆོས་ཡིན་པའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། མཛོད་ལས། རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ནི་བྱེ་བྲག་སྨྲ་བས་ལུགས་ལ་གསུངས་པའོ། །རྣམ་སྨིན་གྱི་སྔ་ལོགས་སུ་བྱུང་བ་ཆོས་ཅན། ལུང་དུ་བསྟན་པའི་ཆོས་ཡིན་པར་ཐལ། རྣམ་སྨིན་གྱི་རྒྱུ་ཡིན་པའི་ཕྱིར། རྟགས་མ་གྲུབ་པོ། །དེ་ལྟར་བྱས་པ་ལ་ཁོ་ན་རེ། རྣམ་སྨིན་ཆོས་ཅན། ཁྱོད་ཀྱི་སྔ་ལོགས་སུ་བྱུང་བ་ཁྱོད་གྱི་རྒྱུ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར་ཟེར་ན། རྣམ་སྨིན་དེའི་སྔ་ལོགས་སུ་བྱུང་བ་རྣམ་སྨིན་དེའི་རྒྱུ་ཡིན་པར་འདོད་ཅེས་བྱའོ། །དགེ་བ་ཟག་བཅས་དང་མི་དགེ་བ་གཉིས་ཆོས་ཅན། དགེ་བ་དང་མི་དགེ་བ་གང་རུང་ཡིན་པར་ཐལ། རྣམ་སྨིན་གྱི་རྒྱུ་ཡིན་པའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། མཛོད་ལས། རྣམ་སྨིན་རྒྱུ་ནི་མི་དགེ་དང༌། དགེ་བ་ཟག་བཅས་རྣམས་ཁོ་ན། །ཞེས་གསུངས་པའི་ཕྱིར་ན་ཡང་མ་ཁྱབ་སྟེ། རྫས་སྤྱི་གཉིས་འགོད་ཆོད་ན་དེ་ལ་དེ་གཉིས་གང་རུང་གིས་ཁྱབ་ཅེས་པའོ། །ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་མཐར་ཐུག་ཡིན་པར་ཐལ། རྒྱུ་བསམ་སྦྱོར་ཕུན་སུམ་ཚོགས་པ་གོམས་པ་མཐར་ཕྱིན་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཚད་མ་མདོ་ལས། ཚད་མར་གྱུར་བ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེར་གཤེགས་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར། ཡང་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། དོན་གཉིས་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་ཏེ། རང་དོན་སྤངས་རྟོགས་ཕུན་སུམ་ཚོགས་པ་དང་ལྡན་པ་གང་ཞིག གཞན་དོན་གཟུགས་སྐུ་རྣམ་གཉིས་དང་ཐབས་འཕྲིན་ལས་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་པའི་ཕྱིར། ཞེས་སྟོན་པར་བྱེད་པ་ལ། ཚད་མ་རྣམ་འགྲེལ་ལས། རྟོག་པའི་དྲ་བ་རྣམ་བསལ་ཞིང༌། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ། ཞེས་གསུངས་པའི་ཕྱིར་རོ།། །།

སྨྲས་པ།དུས་གསུམ་རྒྱལ་བ་རྣམས་ཀྱི་ངོ་བོ་ཉིད། །རྗེ་བཙུན་དམ་པ་རྣམས་ཀྱི་བཀའ་དྲིན་ལས། །མངོན་ཚད་གཙོ་བྱས་ལེགས་བཤད་ནོར་བུའི་ཚོགས། །ཕྱོགས་གཅིག་བསྡུས་པའི་རིགས་འཕྲུལ་འདི་ཉིད་གྲུབ། །གསུང་རབ་རིགས་པའི་རྗེས་འབྲང་ཡིན་པའི་ཕྱིར། །དོན་དེ་སེམས་ལ་བཟུང་ནས་ཐོག་མ་རུ། །སྤུན་གྲོགས་རིགས་སྨྲ་ཡོངས་དང་ཆབས་ཅིག་ཏུ། །རིགས་ལམ་འདི་ལ་སྦྱངས་བ་ནན་ཏན་མཛོད། །ཐོས་བསམ་སྒོམ་པའི་གྲུ་གཟིངས་ལ་བརྟེན་ནས། །གཞུང་ལུགས་རྒྱ་ཆེའི་རྒྱ་མཚོ་ཤེས་འདོད་རྣམས། །འགྲན་བསམ་ཕྲག་དོག་བསམ་པ་རིང་དོར་ལ། །རིགས་ལམ་བདུད་རྩིའི་དགའ་སྟོན་མྱང་བར་མཛོད། །འདིར་འབད་དགེ་བས་ཚེ་རབས་ཀུན་ཏུ་ཡང༌། །མཚན་ལྡན་བླ་མས་འགྲོ་ཀུན་རྗེས་བཟུང་ཞིང༌། །རིགས་ལམ་དྲི་མ་མེད་པ་ལ་བརྟེན་ནས། །རྒྱལ་བསྟན་མ་ལུས་འཛིན་པའི་སྣོད་གྱུར་ཅིག །ཅེས་ཚད་མའི་དགོངས་དོན་ཕྱོགས་གཅིག་ཏུ་དྲིལ་བ་བསྟན་བཅོས་བསྡུས་གྲྭའི་རྣམ་བཞག་གཞུང་བརྒྱ་གསལ་བའི་རིགས་ལམ་བློ་གསལ་ཡིད་ཀྱི་མུན་སེལ་ཞེས་བྱ་བ་འདི་ནི་རང་ལུགས་ཀྱི་དམ་པ་གོང་མ་རྣམས་ཀྱི་བཞེད་སྲོལ་གཞིར་བཟུང་ནས་དགག་བཞག་སྤོང་གསུམ་སོགས་ས་བཅད་རྣམས་བསྡུས་གྲྭའི་སྤྱིའི་སྒྲོས་ཀྱིས་བརྒྱན་ཏེ། སྔ་ཕྱི་དུ་མར་བློ་གསལ་དམ་པ་དུ་མས་བསྐུལ་ངོར་༧ ངག་དབང་དངོས་གྲུབ་དཔལ་གྱིས་མགོ་ལོག་གི་ཐོག་མའི་ཆོས་སྡེ་ཨ་སྐྱོང་དགོན་དུ་རབ་བྱུང་བཅུ་བདུན་པའི་ས་བྱིའི་སྣྲོན་ཟླའི་ཚེས་དགུ་ལ་དབུ་བཟུང་ནས་ཉིན་བཅུ་གསུམ་ཙམ་གྱིས་རྫོགས་པར་སྦྱར་བའོ། །འདིས་ཀྱང་ངེས་དོན་གྱི་བསྟན་པ་འདི་ཉིད་རིགས་ལམ་དྲི་མ་མེད་པའི་སྒོ་ནས་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒ་ལམ།། །།


no previousཚད་མའི་དགོངས་དོན་ཕྱོགས་གཅིག་ཏུ་དྲིལ་བ་བསྟན་བཅོས་བསྡུས་གྲྭའི་རྣམ་བཞག་གཞུང་བརྒྱ་གསལ་བའི་རིགས་ལམ་བློ་གསལ་ཡིད་ཀྱི་མུན་སེལ།next