Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ། ཚད་མ།


  expand section
   
   
ཆ་བའི་ལུགས་ཀྱི་རྫས་ལྡོག་བརྒྱད་ཀྱི་མུ་བཞི་བརྩི་ཚུལ་བློ་གསར་ཐོག་མའི་འཇུག་སྒོ།
  expand section
  expand section
  expand section
   
   
   


 
previousཆ་བའི་ལུགས་ཀྱི་རྫས་ལྡོག་བརྒྱད་ཀྱི་མུ་བཞི་བརྩི་ཚུལ་བློ་གསར་ཐོག་མའི་འཇུག་སྒོ།next

ཆ་བའི་ལུགས་ཀྱི་རྫས་ལྡོག་བརྒྱད་ཀྱི་མུ་བཞི་བརྩི་ཚུལ་བློ་གསར་ཐོག་མའི་འཇུག་སྒོ།

ཆ་བའི་ལུགས་ཀྱི་རྫས་ལྡོག་བརྒྱད་ཀྱི་མུ་བཞི་བརྩི་ཚུལ་བློ་གསར་ཐོག་མའི་འཇུག་སྒོ་ཞེས་བྱ་བ་བཞུགས་སོ། །

དངོས་པོ་དང་རྫས་ལྡོག་བརྒྱད་པོ་རེ་རེ་དང་མུ་བཞི་ཡོད་པ་ལས། དང་པོ་དངོས་པོ་དང་རྫས་ཆོས་ལ་མུ་བཞི་ལས། དང་པོ་ལ་ལྡོག་ཆོས་སུ་གྱུར་བའི་དངོས་པོ་ཆོས་ཅན། གཉིས་པ་ལ་ཤེས་བྱ་ཆོས་ཅན། གསུམ་པ་ལ་དངོས་པོ་དང་བུམ་པ་སོགས་སོ། །དངོས་པོ་དང་རང་ཉིད་ལྡོག་ཆོས་ལ་མུ་བཞི། དང་པོ་རྟག་པར་རྟོགས་པའི་ཚད་མ་མི་རྟག་པ་ཆོས་ཅན། གཉིས་པ་ལ་ཤེས་བྱ་དང་ཐ་དད་ཆོས་ཅན། གསུམ་པ་ལ་བདག་མེད་དུ་རྟོགས་པའི་ཚད་མ་ཚད་མ་ཆོས་ཅན། དངོས་པོ་དང་རང་མ་ཡིན་པའི་ལྡོག་ཆོས་ལ་མུ་བཞི། དང་པོ་ནི་ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་ཆོས་ཅན། གཉིས་པ་རང་ཉིད་ལྡོག་ཆོས་ཆོས་ཅན། གསུམ་པ་ལ་ཀ་བུམ་གཉིས་ཆོས་ཅན། དངོས་པོ་དང་ལྡོག་ཆོས་ཕུང་སུམ་ཙམ་པོ་བ་ལ་མུ་བཞི།དང་པོ་ནི་རྫས་ཆོས་སུ་གྱུར་བའི་དངོས་པོ་ཆོས་ཅན། གཉིས་པ་ནི་བུམ་པའི་སྤྱི་དང༌། གསུམ་པ་ལ་རྟག་པར་རྟོགས་པའི་ཚད་མ་མི་རྟག་པ་ཆོས་ཅན། དངོས་པོ་དང་རྫས་ཆོས་ཀྱི་རྫས་མཐུན་ལ་མུ་བཞི། དང་པོ་ལ་བུམ་པ་དང་དངོས་པོ་ལྟ་བུའོ། །གཉིས་པ་ལ་རྫས་ཆོས་དང་འགལ་བ་ཆོས་ཅན། གསུམ་པ་ལ་ལྡོག་ཆོས་སུ་གྱུར་བའི་བུམ་པ་ཆོས་ཅན། རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་དང་དངོས་པོ་ལ་མུ་བཞི། དང་པོ་ལ་རང་ཉིད་ལྡོག་ཆོས་མ་ཡིན་པ་ཆོས་ཅན། གཉིས་ཀ་ཡིན་པ་རང་ཉིད་ལྡོག་ཆོས་མ་ཡིན་པར་རྟོགས་པའི་ཚད་མ་མི་རྟག་པ་ཆོས་ཅན། རང་མིན་ལྡོག་ཆོས་ཀྱི་རྫས་མཐུན་དང་དངོས་པོ་ལ་མུ་བཞི། དང་པོ་ནི་རང་མིན་ལྡོག་ཆོས་ཆོས་ཅན། གཉིས་ཀ། རང་མ་ཡིན་པའི་ལྡོག་ཆོས་སུ་རྟོགས་པའི་ཚད་མ་ཚད་མ་ཆོས་ཅན། ལྡོག་ཆོས་ཕུང་སུམ་ཙམ་པོ་བའི་རྫས་མཐུན་དང་དངོས་པོ་ལ་མུ་བཞི། དང་པོ་ནི། ལྡོག་ཆོས་ཕུང་སུམ་ཙམ་པོ་བ་དང་བུམ་པའི་སྤྱི་གང་རུང་ཆོས་ཅན། གཉིས་ཀ་ལ་ལྡོག་ཆོས་ཕུང་སུམ་ཙམ་པོ་བ་དང་བུམ་པའི་སྤྱི་གང་རུང་རྟོགས་པའི་ཚད་མ་ཚད་མ་ཆོས་ཅན། ༈ རྫས་ལྡོག་བརྒྱད་པོ་རེ་རེ་དང་ཁྱོད་ལ་མུ་བཞི་ཡོད་པའི་རྫས་ལྡོག་བརྒྱད་ལ། རྫས་ཆོས་ལ་དངོས་པོ་ཆོས་ཅན། རང་ཉིད་ལྡོག་ཆོས་ལ། རྟག་པ། གཅིག རང་མིན་ལྡོག་ཆོས་ལ། མཚན་ཉིད། ཐ་དད། ལྡོག་ཆོས་ཕུང་སུམ་ཙམ་པོ་ལ། རྟག་པར་རྟོགས་པའི་ཚད་མ་མི་རྟག་པ་ཆོས་ཅན། ༈ རྫས་ལྡོག་བརྒྱད་པོ་རེ་རེ་དང་མུ་བཞི་ཡོད་པའི་རང་ཉིད་ལྡོག་ཆོས་ལ། རྟག་པ། རྫས་ཆོས་དང་རྟག་པ་ལ་མུ་བཞི་ནི། དང་པོ་ལ། དངོས་པོ་ཆོས་ཅན། མཚོན་བྱ་ཆོས་ཅན། གསུམ་པ་ལ་ཤེས་བྱ་ཆོས་ཅན། རང་ཉིད་ལྡོག་ཆོས་དང་རྟག་པ་ལ་མུ་བཞི་ནི། བདག་མེད་དུ་རྟོགས་པའི་ཚད་མ་ཚད་མ་ཆོས་ཅན། གཉིས་པ་ལ་རང་ཉིད་ལྡོག་ཆོས་ཆོས་ཅན། གསུམ་པ་ལ་བདག་མེད་ཆོས་ཅན། རང་མ་ཡིན་པའི་ལྡོག་ཆོས་དང་རྟག་པ་ལ་མུ་བཞི།དང་པོ་ནི་ཀ་བུམ་གཉིས། གཉིས་པ་སྤྱི། གསུམ་པ་ལ་བུམ་པའི་བྱེ་བྲག་ཆོས་ཅན། ལྡོག་ཆོས་ཕུང་སུམ་ཙམ་པོ་དང་རྟག་པ་ལ་མུ་བཞི། དང་པོ་ནི་རྟག་པར་རྟོགས་པའི་ཚད་ཚད་མ་ཆོས་ཅན། གཉིས་པ་ལ་བུམ་པའི་ལྡོག་པ་ཆོས་ཅན། གསུམ་པ་ལ་བུམ་པའི་སྤྱི་ཆོས་ཅན། རྫས་ཆོས་ཀྱི་རྫས་མཐུན་དང་རྟག་པ་ལ་མུ་བཞི། ལྡོག་ཆོས་སུ་གྱུར་བའི་དངོས་པོ་ཆོས་ཅན། གཉིས་པ་ལ་བྱེ་བྲག་མ་ཡིན་པ་ཆོས་ཅན། གསུམ་པ་ལ་རྫས་ཆོས་དང་འགལ་བ་ཆོས་ཅན། རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་དང་རྟག་པ་ལ་མུ་བཞི།༼དང་པོ་ནི་རང་ཉིད་ལྡོག་ཆོས་ཞེས་བརྗོད་པའི་སྒྲ་དོན་མཐུན་ཆོས་ཅན། འདི་ལ་དཔྱད།༽ གཉིས་པ་ལ་ལྡོག་ཆོས་སུ་གྱུར་བའི་རྟག་པ་ཆོས་ཅན། གསུམ་པ་ལ་རང་ཉིད་ལྡོག་ཆོས་མ་ཡིན་པ་ཆོས་ཅན། བུམ་པ་དང་ཐ་དད་ཀྱང་ཡིན་རང་མིན་ལྡོག་ཆོས་མིན་པ་དང་རང་ཡིན་ལྡོག་ཆོས་མིན་པ་གང་རུང་ཡིན་པའི་གཞི་མཐུན་པ་ཆོས་ཅན། རང་མ་ཡིན་གྱི་ལྡོག་ཆོས་ཀྱི་རྫས་མཐུན་དང་རྟག་པ་ལ་མུ་བཞི། དང་པོ་ནི་རང་མ་ཡིན་གྱི་ལྡོག་ཆོས་རྟོགས་པའི་ཚད་མ་ཚད་མ་ཆོས་ཅན། གཉིས་པ་ལ་གཅིག་ཆོས་ཅན། གསུམ་པ་ལ་རང་མིན་ལྡོག་ཆོས་ཡིན་པ་ཆོས་ཅན། ལྡོག་ཆོས་ཕུང་སུམ་ཙམ་པོ་བའི་རྫས་མཐུན་དང་རྟག་པ་ལ་མུ་བཞི། དང་པོ་ནི་ལྡོག་ཆོས་ཕུང་སུམ་ཙམ་པོ་བ་དང་བུམ་པའི་བྱེ་བྲག་གང་རུང་རྟོགས་པའི་ཚད་མ་ཚད་མ་ཆོས་ཅན། གཉིས་པ་ལ་འགོག་བདེན་ཆོས་ཅན། གསུམ་པ་ལ་ལྡོག་ཆོས་ཕུང་སུམ་ཙམ་པོ་བ་དང་བུམ་པའི་སྤྱི་གང་རུང་ཆོས་ཅན། ༈ རྫས་ཆོས་དང་མཚན་ཉིད་ལ་མུ་བཞི་ནི། ཤེས་བྱ་ཆོས་ཅན། གཉིས་པ་བུམ་པ་དང་སོ་སོ་བ་མ་ཡིན་པའི་ཆོས་ཆོས་ཅན། གསུམ་པ་བློའི་ཡུལ་དུ་བྱ་རུང་ཆོས་ཅན། རང་ཉིད་ལྡོག་ཆོས་དང་མཚན་ཉིད་ལ་མུ་བཞི་ནི། དང་པོ་ནི་མཚོན་བྱ་ཆོས་ཅན། གཉིས་པ་ནི་ལྟོ་ལྡིར་བ་ཆོས་ཅན། གསུམ་པ་ནི་དོན་བྱེད་ནུས་སྟོང་ཆོས་ཅན། རང་མ་ཡིན་གྱི་ལྡོག་ཆོས་དང་མཚན་ཉིད་གཉིས་ལ་མུ་བཞི། དང་པོ་ནི་མཚན་ཉིད་ཆོས་ཅན། གཉིས་པ་ལྟོ་ལྡིར་བ་ཆོས་ཅན། གསུམ་པ་ཡིན་པ་མི་སྲིད་པའི་བློའི་ཡུལ་དུ་བྱ་རུང་ཆོས་ཅན། རྫས་ཆོས་ཀྱི་རྫས་མཐུན་དང་མཚན་ཉིད་ལ་མུ་བཞི། ལྡོག་ཆོས་སུ་གྱུར་བའི་དངོས་པོ་ཆོས་ཅན། གཉིས་པ་གཟུགས་སུ་རུང་བ་ཆོས་ཅན། གསུམ་པ་ལ་ལྡོག་ཆོས་སུ་གྱུར་བའི་དོན་བྱེད་ནུས་པ་ཆོས་ཅན། རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་དང་མཚན་ཉིད་ལ་མུ་བཞི། དང་པོ་ལ་རང་ཉིད་ལྡོག་ཆོས་མ་ཡིན་པ་ཆོས་ཅན། གསུམ་པ་ལ། ཁྱོད་གཞི་གྲུབ་ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་ཡིན་ཁྱོད་ཀྱི་ལྡོག་པ་རང་ཉིད་ལྡོག་ཆོས་དང་མི་འགལ་བ་མ་ཡིན་པ་ཆོས་ཅན། རང་མིན་ལྡོག་ཆོས་དང་མཚན་ཉིད་ལ་མུ་བཞི། དང་པོ་ལ་རང་མ་ཡིན་གྱི་ལྡོག་ཆོས་ཆོས་ཅན། གསུམ་པ་རང་མིན་ལྡོག་ཆོས་ཀྱི་མཚན་ཉིད་གང་ཡིན་དེ་ཆོས་ཅན། ལྡོག་ཆོས་ཕུང་སུམ་ཙམ་པོ་བ་དང་མཚན་ཉིད་གཉིས་ལ་མུ་བཞི། དང་པོ་ལྡོག་ཆོས་ཕུང་སུམ་ཙམ་པོ་བ་དང་བུམ་པའི་སྤྱི་གང་རུང་ཆོས་ཅན། གཉིས་པ་ཤེས་བྱ་ཆོས་ཅན། གསུམ་པ་དངོས་པོའི་སྤྱི་ཆོས་ཅན། ༈རྫས་ཆོས་དང་རྟག་པར་རྟོགས་པའི་ཚད་མ་མི་རྟག་པ་གཉིས་ལ་མུ་བཞི། དང་པོ་བུམ་པ་ཆོས་ཅན། གཉིས་པ་རྟག་པ་ཆོས་ཅན། གསུམ་པ་ཤེས་བྱ་ཆོས་ཅན། དེ་ལྟར་རིག་པའི་གནས་ལ་བློ་སྦྱང་ན་ཀུན་མཁྱེན་ཐོབ་པའི་ཉེར་ལེན་དུ་འགྱུར་རོ། །སི་དྡྷི་ཤྲཱིས་བསྒྲིགས་པའོ། །ཞུ་དག་བྱེད་པར་ཞུ། སརྦ་མངྒ་ལཾ།


previousཆ་བའི་ལུགས་ཀྱི་རྫས་ལྡོག་བརྒྱད་ཀྱི་མུ་བཞི་བརྩི་ཚུལ་བློ་གསར་ཐོག་མའི་འཇུག་སྒོ།next