Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ། ཚད་མ།


  expand section
   
   
  collapse section
བློ་རིག་གི་རྣམ་བཞག་ཉུང་གསལ་ལེགས་བཤད་གསེར་གྱི་ཉི་མ།
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   


 
previousབློ་རིག་གི་རྣམ་བཞག་ཉུང་གསལ་ལེགས་བཤད་གསེར་གྱི་ཉི་མ།next

བློ་རིག་གི་རྣམ་བཞག་ཉུང་གསལ་ལེགས་བཤད་གསེར་གྱི་ཉི་མ།

བློ་རིག་གི་རྣམ་བཞག་ཉུང་གསལ་ལེགས་བཤད་གསེར་གྱི་ཉི་མ་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭ་སྟི། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་གྲངས་མེད་གསུམ། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་ལེགས་བརྟེན་ནས། །ས་ལམ་མཐར་ཕྱིན་སྐུ་བཞི་མངོན་མཛད་པ། །ཐུབ་པའི་མཁྱེན་བརྩེས་འགྲོ་འདི་རྟག་ཏུ་སྐྱོངས། །རྒྱལ་ཀུན་མཁྱེན་པ་གཅིག་བསྡུས་འཇམ་པའི་དབྱངས། །ངེས་དོན་རྒྱལ་མཚན་འཛིན་པ་དོལ་པོ་པ། །མདོ་སྔགས་བསྟན་པའི་མཛོད་འཛིན་སྒྲོལ་མགོན་རྗེ། །ལེགས་བཤད་སྨྲ་བའི་མཁྱེན་རབ་སྩལ་ཏུ་གསོལ། །མཁྱེན་བརྩེའི་ཆུ་གཏེར་ཟབ་ཅིང་རྒྱ་ཆེའི་གནས། །ཡོན་ཏན་རིན་ཆེན་རྣམ་མང་འབྱུང་བའི་གཏེར། །རྨད་བྱུང་འཕྲིན་ལས་རླབས་ཕྲེང་འབུམ་གཡོ་བ། །ཡོངས་འཛིན་དམ་པ་རྣམས་ལ་གུས་པས་འདུད། །ཤེས་བྱའི་གནས་ཀུན་ཇི་བཞིན་རྟོགས་པ་ལ། །མེད་དུ་མི་རུང་བློ༷་རི༷ག་རྣ༷མ་བཞ༷ག་གང༌། །མངོན་ཚད་དགོངས་དོན་གཙོར་བྱས་ཉུ༷ང་གས༷ལ་བའི། །ལེ༷གས་བཤ༷ད་གསེ༷ར་གྱི༷་ཉི༷་མ༷འི་འོད་སྣང་སྤྲོ། །དེ་ལ་འདིར་གང་དག་བླང་དོར་གྱི་གནས་དག་ལེགས་པར་ཁོང་དུ་ཆུད་དེ་རྣམ་པར་གྲོལ་བའི་ལམ་བཟང་ལ་བརྟེན་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བླ་ན་མེད་པ་མངོན་དུ་བྱེད་པར་འདོད་པའི་ལུས་ཅན་དག་གིས་ནི། སྙིང་པོ་མེད་པའི་སྲིད་པའི་བྱ་བ་ཀུན་རིང་དུ་སྤངས་ནས། རྒྱལ་བའི་ཆོས་ཚུལ་མ་ལུས་པ་ལ་ཐོས་བསམ་གྱིས་ལེགས་པར་འཇུག་དགོས་སོ། །དེ་ཡང་ཡུལ་ཅན་བློའི་རྣམ་བཞག་རྣམས་ལེགས་པར་མ་ཤེས་ན་ཉོན་མོངས་སོགས་སྤང་བྱ་དང་གཉེན་པོ་ས་ལམ་གྱི་རྣམ་བཞག་སོགས་དཔྱིས་ཕྱིན་པར་ཤེས་པར་མི་འགྱུར་བའོ། །

གཞུང་གི་དོན། དེས་ན་འདིར་བློ་རིག་གི་རྣམ་བཞག་བཤད་པ་ལ། ཡུལ་ཅན་བློའི་རྣམ་བཞག་དང༌། ཡུལ་གྱི་རྣམ་བཞག་བཤད་པ་དང་གཉིས། དང་པོ་ལ། མཚན་ཉིད་དང༌། དབྱེ་བ་བཤད་པ་གཉིས། དང་པོ་ལ་དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། རང་རིག་ཆོས་ཅན། རང་ཡུལ་གྱི་རྣམ་པ་ཤར་བར་ཐལ། རང་ཡུལ་སྣང་བའི་བློ་ཡིན་པའི་ཕྱིར། འདོད་ན། རང་རིག་ཆོས་ཅན། རང་ཡུལ་གྱི་རྣམ་པ་མ་ཤར་བར་ཐལ། ཡུལ་ཡུལ་ཅན་གྱི་གཉིས་སྣང་ནུབ་པའི་བློ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་དེར་ཐལ། རང་རིག་ཡིན་པའི་ཕྱིར། ཁྱབ་སྟེ། དབུ་མ་རྒྱན་ལས། དེ་ཡི་རང་གི་རིག་པ་ནི། །བྱ་དང་བྱེད་པའི་དངོས་པོ་མིན། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རང་ཡུལ་སྣང་བ་བློའི་མཚན་ཉིད་ཟེར་ན། སྐྱེས་བུ་ཆོས་ཅན། བློ་ཡིན་པར་ཐལ། རང་ཡུལ་སྣང་བའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། གཉིས་པ་རང་ལུགས་བཞག་པ་ལ། རང་ཡུལ་སྣང་བའི་རིག་པ་དེ། བློའི་མཚན་ཉིད། བློ་གང་དང་གང་ཡིན་ཀྱང་རང་ཡུལ་དེ་བུམ་པ་ལྟ་བུའི་ཡོད་པའམ་རི་བོང་གི་རྭ་ལྟ་བུའི་མེད་པ་ཞིག་ཡིན་ཡང་རུང་རང་ཡུལ་དེ་བློ་གང་གི་ངོར་སྣང་ཞིང་འཆར་བའི་རིག་པ་ཞིག་ཡིན་ཞེས་པའོ། །མཚན་གཞི་ནི། མིག་ཤེས་དང༌། དད་པ་དང༌། ཞེ་སྡང་དང༌། ཚད་མ་ལྟ་བུའོ། །འཆི་བ་མི་རྟག་པ་རྟོགས་པའི་ཤེས་པ་ཆོས་ཅན། བློ་ཡིན་ཏེ། ཡུལ་འཆར་བ་དང་སྣང་བ་དེ་ཡུལ་དེ་རིག་པའི་དོན་ཡིན་པ་གང་ཞིག ཁྱོད་ཡུལ་འཆར་བ་དང་སྣང་བའི་ཤེས་པ་ཡིན་པའི་ཕྱིར། རྣམ་འགྲེལ་ལས། དེ་ལྟར་བློ་ལ་བློ་འདོད་ན། །བློ་ནི་རང་ཉིད་རིག་པར་གྲུབ། །ཅེས་སོ། །བློའི་མིང་གི་རྣམ་གྲངས་ཡོད་དེ། བློ་ཤེས་པ་གསལ་བ་རིག་པ་རྣམས་དོན་གཅིག་པའི་ཕྱིར། གསལ་བའི་བེམ་མིན་དེ། རང་ཤེས་པ་ཡིན་པའི་མཚན་ཉིད། རྣམ་འགྲེལ་ལས། དེ་ཕྱིར་ངེད་ཀྱི་བློ་རང་ཉིད། །གསལ་བའི་ངོ་བོ་རབ་གསལ་ཞིང༌། །ཞེས་དང༌། རང་ཉིད་རབ་ཏུ་གསལ་ཕྱིར་དོན། །དེ་ཡི་ངོ་བོ་རབ་གསལ་ཡིན། །ཞེས་དང༌། དབུ་མ་རྒྱན་ལས། རྣམ་ཤེས་བེམ་པོའི་རང་བཞིན་ལས། །ལྡོག་པ་རབ་ཏུ་སྐྱེ་བ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་དབྱེ་བ་བཤད་པ་ལ།

བློ་རིག་བདུན་དུ་དབྱེ་བ།།

བློ་རིག་བདུན་དུ་དབྱེ་བ།

བློ་རིག་བདུན་དུ་དབྱེ་བ། རྟོགས་པའི་བློ་དང་མ་རྟོགས་པའི་བློ་གཉིས་སུ་དབྱེ་བ། ཚད་མ་དང་ཚད་མིན་གཉིས་སུ་དབྱེ་བ། རྟོག་བཅས་དང་རྟོག་མེད་གཉིས་སུ་དབྱེ་བ། འཁྲུལ་ཤེས་དང་མ་འཁྲུལ་བའི་ཤེས་པ་གཉིས་སུ་དབྱེ་བ། སེམས་སེམས་བྱུང་བཤད་པ་དང་དྲུག དང་པོ་བློ་རིག་བདུན་དུ་དབྱེ་བ་ལ། ཡིད་དཔྱོད། སྣང་ལ་མ་ངེས་པ། བཅད་ཤེས། ལོག་ཤེས། ཐེ་ཚོམ། མངོན་སུམ། རྗེས་དཔག་དང་བདུན་ཡོད་པའི་ཕྱིར། དང་པོ་ཡིད་དཔྱོད་ཀྱི་རྣམ་བཞག་བཤད་པ་ལ། ཚད་མ་མདོའི་སྒྲ་བྱུང་དགག་པའི་ལེའུ་ལས། སྒྲ་ཡི་བརྗོད་པར་བྱ་བའི་དོན། །ཇི་བཞིན་དོན་ནི་བརྟག་པ་གང༌། །ཞེས་པའི་དོན་དེ་ཞི་འཚོའི་ཚད་ཆེན་སྒྲ་བྱུང་འགོག་པའི་ལེའུ་ལས། སྒྲ་ལས་བྱུང་བ་གང་ཡིན་པ། །ཞེས་པ་ནས། རྗེས་སུ་དཔག་པའང་མ་ཡིན་ཏེ། དེ་ཡི་མཚན་ཉིད་བྲལ་ཕྱིར་རོ། །ཞེས་པའི་གཞུང་འདི་བྱུང༌། དེའི་མཐའ་དཔྱད་པ་ལ་དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག་གིས། ཚད་མིན་གྱི་བློ་ལ་བཅད་ཤེས་ལོག་ཤེས་ཐེ་ཚོམ་སྣང་ལ་མ་ངེས་པ་བཞིར་ངེས་ཟེར་ན། འོ་ན་ཆོས་དེའི་དོན་གོ་ཡང་ཐེ་ཚོམ་མ་ཆོད་པ་ཞིག་དང་ཆོད་ཟིན་པ་གཉིས་མེད་པར་ཐལ། ཚད་མིན་གྱི་བློ་ཡིན་ན་དེ་བཞི་གང་རུང་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། མདོ་ལས། དོན་གོ་རྣམ་གཉིས་མཐའ་གཅིག་ཏུ། །ཞེས་དང༌། དེའི་རང་འགྲེལ་ལས། མཐའ་གཅིག་ཏུ་ངེས་པ་དང༌། མཐའ་གཅིག་ཏུ་མ་ངེས་པའོ། །ཞེས་དང༌། མཐའ་ཅིག་ཏུ་མ་ངེས་པ་ཅན་ཉིད་ཀྱི་དོན་གྱི་གོ་བ་ནི་ཚད་མ་མ་ཡིན་ཏེ། ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་རང་ལུགས།

གཉིས་པ་རང་ལུགས་ནི།

རང་གི་རྟེན་གཏན་ཚིགས་ལ་བརྟེན་ནས་དངོས་སུ་སྒྲོ་འདོགས་གཅོད་པའི་ངེས་པ་དང་མངོན་སུམ་གཉིས་གང་ཡང་མ་ཡིན་ཞིང༌།རང་ཡུལ་བདེན་པ་ལ་མཐའ་གཅིག་ཏུ་གསར་དུ་ཞེན་པའི་བློ་ཡིན་པ་དེ། ཡིད་དཔྱོད་ཀྱི་མཚན་ཉིད། རང་གི་རྟེན་གཏན་ཚིགས་ལ་བརྟེན་ནས་དངོས་སུ་སྒྲོ་འདོགས་ཆོད་པའི་ངེས་པ་དང་བྲལ་ཞེས་པས་རྗེས་དཔག་དང་ཡིད་དཔྱོད་ཀྱི་གཞི་མཐུན་ཡོད་པ་གཅོད། མངོན་སུམ་མ་ཡིན་ཞེས་པས་མངོན་སུམ་དང་ཡིད་དཔྱོད་ཀྱི་གཞི་མཐུན་ཡོད་པ་གཅོད། རང་ཡུལ་བདེན་པ་ཞེས་པས་ལོག་ཤེས་དང་དེའི་གཞི་མཐུན་གཅོད། མཐའ་གཅིག་ཏུ་ཞེས་པས་ཐེ་ཚོམ་དང་དེའི་གཞི་མཐུན་གཅོད། གསར་དུ་ཞེས་པས་བཅད་ཤེས་དང་དེའི་གཞི་མཐུན་གཅོད་པའོ། །དེ་ལ་དབྱེ་ན་རྒྱུ་མཚན་ཅན་གྱི་ཡིད་དཔྱོད་དང༌། རྒྱུ་མཚན་མེད་པའི་ཡིད་དཔྱོད་གཉིས་ཡོད་པའོ། །དང་པོ་ནི། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་དཔྱོད་ཚེ་སྒྲ་མི་རྟག་པ་ཚད་མས་མ་ངེས་ཀྱང་ཚིག་སྤྱི་ཙམ་གྱིས་སྒྲ་མི་རྟག་པ་ལ་གོ་བ་ལེགས་པར་ཆགས་པའི་བློ་ལྟ་བུའོ། །གཉིས་པ་ནི། བྱས་པ་སོགས་རྒྱུ་མཚན་ལ་མ་བརྟེན་པར་སྒྲ་མི་རྟག་པ་མཐའ་གཅིག་ཏུ་ཡིན་ནོ་སྙམ་པའི་བློ་ལྟ་བུའོ། །

གཉིས་པ་སྣང་ལ་མ་ངེས་པ་བཤད་པ་ལ།

གཉིས་པ་སྣང་ལ་མ་ངེས་པ་བཤད་པ་ལ།

དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། སྣང་ལ་མ་ངེས་པའི་མཚན་ཉིད་ཀྱི་ཟུར་དུ་སྣང་ལ་མ་ངེས་པ་ཞེས་སྨྲས་པ་མི་འཐད་པར་ཐལ། དེ་ལྟར་ན་མངོན་སུམ་ཐམས་ཅད་སྣང་ལ་མ་ངེས་པའི་བློར་འགྱུར་པ་ཡིན་པའི་ཕྱིར། དེར་ཐལ། མངོན་སུམ་གྱིས་རང་ཡུལ་ངེས་པ་མེད་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། མངོན་སུམ་ནི་གང་གིས་ཀྱང་ངེས་པར་བྱེད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལུང་དེའི་དོན་ནི་མངོན་སུམ་རྟོག་བྲལ་ཡིན་པས་ངེས་ཤེས་ངེས་རྟོག་གིས་ངེས་མི་ནུས་ཞེས་པ་ལུང་དེའི་དོན་ཡིན་པའི་ཕྱིར། དེར་ཐལ། མཛོད་ལས། ངེས་པར་རྟོག་དང་རྗེས་དྲན་པའི། །རྣམ་པར་རྟོག་པའི་རྣམ་མི་རྟོག །ཅེས་གསུངས་པའི་ཕྱིར། གལ་ཏེ་དེ་ལྟར་མ་ཡིན་ན་སྡུག་བདེན་མི་རྟག་པ་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཆོས་ཅན། ཁྱོད་ཀྱིས་སྡུག་བདེན་མི་རྟག་པ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཐམས་ཅད་མངོན་སུམ་དུ་མ་ངེས་པར་ཐལ། ཁྱོད་མངོན་སུམ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། རྣལ་འབྱོར་མངོན་སུམ་ལ་སོ་སྐྱེ་ལྟར་རང་ཡུལ་སྣང་ལ་མ་ངེས་པ་གཅིག་མེད་པའི་ཕྱིར། དེར་ཐལ། རྣལ་འབྱོར་མངོན་སུམ་ཡིན་ན་རང་ཡུལ་དེ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཐམས་ཅད་མངོན་སུམ་དུ་ངེས་པས་ཁྱབ་པའི་ཕྱིར། རྟགས་གྲུབ་སྟེ། རྣམ་འགྲེལ་ལས། བློ་གྲོས་ཆེན་པོས་མཐོང་ཉིད་ནས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་གསུངས་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ། རང་ཡུལ་དུ་གྱུར་བའི་འདུས་བྱས་མངོན་སུམ་དུ་མཐོང་བའི་མངོན་སུམ་ཡིན་ན་རང་ཡུལ་དེ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་མཐའ་དག་མངོན་སུམ་དུ་རྟོགས་པས་ཁྱབ་པར་ཐལ། རྣམ་འགྲེལ་ལས། བློ་གྲོས་ཆེན་པོས་མཐོང་ཉིད་ནས། །ཞེས་སོགས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། བློ་གྲོས་ཆེན་པོ་རྣལ་འབྱོར་མངོན་སུམ་གྱི་དབང་དུ་བྱས་པའོ། །ཁ་ཅིག་ན་རེ། རང་ཡུལ་དུ་གྱུར་བའི་འདུས་བྱས་མངོན་སུམ་དུ་མཐོང་བའི་མངོན་སུམ་ཡིན་ན། རང་ཡུལ་དེ་དང་གྲུབ་བདེ་དབྱེར་མེད་གྱི་རྫས་གཅིག་པ་ཐམས་ཅད་མངོན་སུམ་དུ་རྟོགས་པས་ཁྱབ་པར་ཐལ། རྣམ་འགྲེལ་ལས། ཚད་མ་གཞན་གྱིས་བརྟག་བྱ་གང༌། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་གསུངས་པའི་ཕྱིར་མ་ཁྱབ་སྟེ། ཆོས་དེ་མངོན་སུམ་དུ་མཐོང་ན་མངོན་སུམ་དུ་རྟོགས་པས་མ་ཁྱབ་པའི་ཕྱིར། དེར་ཐལ། གྲངས་ཅན་པའི་སྒྲ་འཛིན་དབང་ཤེས་ཀྱིས་སྒྲ་མི་རྟག་པ་མངོན་སུམ་དུ་མཐོང་ཀྱང་མངོན་སུམ་དུ་མ་རྟོགས་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཞག་པ་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། རང་གི་འཇུག་ཡུལ་གསལ་བར་སྣང་བ་ཡང་ཡིན། རང་ཡུལ་མ་ངེས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་མ་འཁྲུལ་བའི་རིག་པ་དེ། སྣང་ལ་མ་ངེས་པའི་བློའི་མཚན་ཉིད། སྣང་ལ་མ་ངེས་པའི་བློ་ནི། མེད་པ་གསལ་སྣང་ཅན་གྱི་རྟོག་མེད་ལོག་ཤེས་ལྟ་བུ་མ་ཡིན་པར་རང་གི་འཇུག་ཡུལ་ཏེ་བཟུང་བྱའི་ཡུལ་བུམ་པ་སོགས་གསལ་བར་སྣང་བ་ཡང་ཡིན། དེ་གསལ་བར་སྣང་ཡང་རང་ཡུལ་དེ་མ་ངེས་པའམ་མ་རྟོགས་པའི་བློ་ཡིན་པའི་གཞི་མཐུན་པའི་རིག་པ་དེ་ཡིན་ནོ། །

གཉིས་པ་དབྱེ་བ་ནི།

རང་ཡིན་པར་གྱུར་བའི་དབང་མངོན་དང༌། ཡིད་མངོན་དང༌། རང་རིག་མངོན་སུམ་གསུམ་ཡོད་ལ། སྣང་ལ་མ་ངེས་པར་གྱུར་བའི་རྣལ་འབྱོར་མངོན་སུམ་མེད་དོ། །རྣལ་འབྱོར་མངོན་སུམ་ལ་གང་སྣང་ངེས་པས་ཁྱབ་པའོ། །དང་པོ་སྣང་ལ་མ་ངེས་པར་གྱུར་བའི་དབང་པོའི་མངོན་སུམ་ནི། མིག་གིས་གཟུགས་ཡིད་འོང་མཐོང་བ་ལ་ལྷག་པར་ཆགས་པའི་གནས་སྐབས་ཀྱི་རྣ་བས་སྒྲ་ཆེན་པོ་ཐོས་པའི་སྒྲ་འཛིན་དབང་མངོན་ལྟ་བུ་ཡིན་ཏེ། རྣམ་འགྲེལ་ལེའུ་གསུམ་པ་ལས། ཡིད་གཅིག་ཡིན་ཕྱིར་གཞན་ལ་ནི། །ཆགས་པ་གཞན་ལ་མི་འགྲོའི་ཕྱིར། །ཤེས་གཞན་མི་སྐྱེ་ཞེ་ན་མིན། །ལ་ལར་ཅིག་ཅར་འབྱུང་ཕྱིར་རོ། །འཇུག་པ་མཚུངས་ལ་མཚུངས་པའི་ཕྱིར། །ཐམས་ཅད་ཚེ་གཞན་རྟོགས་མི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །སྣང་ལ་མ་ངེས་པའི་ཡིད་མངོན་ནི། སོ་སྐྱེས་ཀྱི་རྒྱུད་ཀྱི་དུས་མཐའི་སྐད་ཅིག་མ་གཅིག་གི་དབང་དུ་བྱས་པའི་ཡིད་མངོན་ལྟ་བུའོ། །སྣང་ལ་མ་ངེས་པའི་རང་རིག་ནི། སོ་སྐྱེས་ཀྱི་རྒྱུད་ཀྱི་དུས་མཐའི་སྐད་ཅིག་མ་གཅིག་གི་དབང་དུ་བྱས་པའི་རང་རིག་དང་རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་ཉམས་མྱོང་གི་རང་རིག་ལྟ་བུའོ། །

གསུམ་པ་བཅད་ཤེས་བཤད་པ་ལ།

གསུམ་པ་བཅད་ཤེས་བཤད་པ་ལ།

ཚད་མ་ཀུན་བཏུས་ལས། ཡང་ཡང་ཤེས་པ་མ་ཡིན་ཏེ། །ཐུག་པ་མེད་འགྱུར་དྲན་སོགས་བཞིན། །ཞེས་དང༌། རྣམ་འགྲེལ་ལས། བྱ་བ་གྲུབ་ཅན་ལས་ལ་ནི། །གང་ཞིག་རང་གི་ལས་མི་བྱེད། །ཅེས་དང༌། འཐད་ལྡན་ཆེ་བ་ལས། མངོན་སུམ་དང་རྗེས་སུ་དཔག་པ་དག་གི་སྐད་ཅིག་མ་དང་པོ་ནི་ཚད་མ་ཡིན་ལ། དེའི་རྒྱུན་དུ་གྱུར་བ་གྲུབ་པ་དང་བདེ་བ་ཐ་མི་དད་པ་ཕྱི་མ་རྣམས་ཚད་མ་ཡིན་པ་སྤངས་པ་ཡིན་ནོ། །ཞེས་པའི་གཞུང་འདི་དག་བྱུང༌། དེ་ལ་མཐའ་དཔྱད་པ་ལ་དགག་བཞག་གཉིས་ལས། དང་པོ་ཁ་ཅིག་ན་རེ། མངོན་སུམ་བཅད་ཤེས་མི་འཐད་པར་ཐལ། བཅད་ཤེས་ཡིན་ན་ཚད་མ་སྔ་མའི་གཞལ་བྱ་དྲན་པའི་རྟོག་པ་བཅད་ཤེས་ཡིན་དགོས་པའི་ཕྱིར། དེར་ཐལ། མདོ་ལས། དྲན་དང་མངོན་འདོད་ཅེས་བྱའོ། །ཞེས་དང༌། རྣམ་འགྲེལ་ལས། གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད། ཅེས་དང༌། ལྷ་དབང་བློས། རྣམ་པར་མི་རྟོག་པའི་ཤེས་པ་ཕྱི་མ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བཟུང་བའི་དོན་གྱི་ཡུལ་ཅན་དྲན་བཞིན་དུ་སྐྱེ་བ་དེ་ལྟར་ན། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། བཅད་ཤེས་ལ་མངོན་སུམ་གྱི་བཅད་ཤེས་དང༌། དྲན་ཤེས་རྟོག་བཅས་ཀྱི་བཅད་ཤེས་དང༌། ངེས་ཤེས་ཀྱི་བཅད་ཤེས་དང་གསུམ་ལས་དྲན་ཤེས་རྟོག་བཅས་ཀྱི་བཅད་ཤེས་གཙོ་བོ་བཤད་སྐབས་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། མངོན་སུམ་ལ་བཅད་ཤེས་ཡོད་པའི་ཕྱིར། དེར་ཐལ། ཚད་མ་མདོ་ལས། ཡང་ཡང་ཤེས་པ་མ་ཡིན་ཏེ། །ཞེས་དང༌། རང་འགྲེལ་ལས། གང་ལན་གཅིག་མ་ཡིན་པར་དོན་དེ་ཉིད་སོ་སོར་ངོ་ཤེས་པ་ཡོད་མོད། དེ་ལྟ་ན་ཡང་ཚད་མ་གཞན་ནི་མ་ཡིན་ནོ། །ཞེས་དང༌། འཐད་ལྡན་གྱི་ལུང་སྔར་བཀོད་པ་དེའི་ཕྱིར་རོ། །གཞན་ཡང་རྣམ་མཁྱེན་སྐད་ཅིག་དང་པོ་ཆོས་ཅན། ཁྱོད་སྐད་ཅིག་གཉིས་པ་བཅད་ཤེས་ཡིན་པར་ཐལ། ཁྱོད་རྒྱུན་དང་ལྡན་པའི་མངོན་སུམ་ཚད་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། རྣམ་མཁྱེན་སྐད་ཅིག་དང་པོས་ཆོས་ཐམས་ཅད་གསར་དུ་རྟོགས་ཀྱང་དེ་སྐད་ཅིག་གཉིས་པ་ཡང་སྔར་ལས་རྟོགས་ཚུལ་གཞན་ཡོད་པའི་སྤྱོད་ཡུལ་ཅན་ཡིན་ཏེ། རྟོག་གེའི་སྐད་ལས། འདིའི་སྤྱོད་ཡུལ་སྔར་མེད་པ་ཡིན་པས་སྔར་མ་གཏོགས་པའི་སྤྱོད་ཡུལ་ཅན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་སྔོ་འཛིན་མིག་ཤེས་ཚད་མ་སྐད་ཅིག་གཉིས་པ་ཆོས་ཅན། བཅད་ཤེས་མ་ཡིན་པར་ཐལ། རང་དང་དུས་མཉམ་པའི་སྔོན་པོ་ལ་ཚད་མ་ཡིན་པའི་ཕྱིར་ཞེས་སོགས་སྐབས་དུ་མར་འདི་འདྲའི་རིགས་དཔྱད་རྒྱུ་ཅུང་ཟད་སྣང་ངོ༌། །

གཉིས་པ་རང་ལུགས་བཞག་པ།

གཉིས་པ་རང་ལུགས་བཞག་པ་ལ།

མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྟོགས་ཟིན་པའི་དོན་སླར་རྟོགས་པའི་བློ་དེ་བཅད་ཤེས་ཀྱི་མཚན་ཉིད་ཡིན་ཏེ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། རང་གི་ཚད་མ་སྔ་མས་བཟུང་ཟིན་གྱི་དོན་ལ་བསྣན་ནས་འཇུག་པའི་ཤེས་པ་ཞེས་པའོ། །ཞེས་གསུངས་པའི་ཕྱིར། དཔྱད་ཤེས་སམ་བཅད་ཤེས་ནི། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྟོགས་ཟིན་པའི་དོན་དེ་ལ་ཚད་མའི་བྱེད་པ་མ་ཉམས་པའི་སྒོ་ནས་དོན་དེ་ལ་སླར་ཡང་འཛིན་པར་བྱེད་པ་སྟེ་བསྣན་ནས་འཛིན་པར་བྱེད་པ་ལས་རང་གི་ཡུལ་དེ་གསར་དུ་རྟོགས་པ་དང་སྒྲོ་འདོགས་གསར་དུ་གཅོད་པའི་ལས་མི་བྱེད་པའི་རིག་པ་དེའོ། །

སྒྲ་བཤད་ནི།

སྒྲོ་འདོགས་བཅད་ཟིན་པ་སླར་ཤེས་པས་ན་བཅད་ཤེས་ཞེས་བརྗོད་པའི་ཕྱིར།

སྒྲོ་འདོགས་བཅད་ཟིན་པ་སླར་ཤེས་པས་ན་བཅད་ཤེས་ཞེས་བརྗོད་པའི་ཕྱིར།

གཉིས་པ་དབྱེ་བ་ལ།

མངོན་སུམ་གྱི་དྲངས་པའི་བཅད་ཤེས་དང༌། རྗེས་དཔག་གི་དྲངས་པའི་བཅད་ཤེས་གཉིས་ཡོད་ལ། ཡང་ན་མངོན་སུམ་གྱི་རྒྱུན་དུ་གྱུར་བའི་བཅད་ཤེས་དང༌། རྗེས་དཔག་གི་རྒྱུན་དུ་གྱུར་བའི་བཅད་ཤེས་དང༌།དེ་གཉིས་གང་རུང་མ་ཡིན་པའི་བཅད་ཤེས་དང་གསུམ་ཡོད། དང་པོ་མངོན་སུམ་གྱི་རྒྱུན་དུ་གྱུར་བའི་བཅད་ཤེས་ལ་དབྱེ་ན། དབང་མངོན་གྱི་བཅད་ཤེས། ཡིད་མངོན་ཀྱི་བཅད་ཤེས། རང་རིག་མངོན་སུམ་གྱི་བཅད་ཤེས། རྣལ་འབྱོར་མངོན་སུམ་གྱི་བཅད་ཤེས་དང་བཞི་ཡོད། དེ་དག་གི་མཚན་གཞི་རིམ་བཞིན། དབང་མངོན་ཚད་མ་སྐད་ཅིག་གཉིས་པ་དང༌། གཞན་སེམས་ཤེས་པའི་མངོན་ཤེས་སྐད་ཅིག་གཉིས་པ་དང༌། སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་ཚད་མ་སྐད་ཅིག་གཉིས་པ་དང༌། སྡུག་བདེན་མི་རྟག་པ་རྟོགས་པའི་རྣལ་འབྱོར་མངོན་སུམ་སྐད་ཅིག་གཉིས་པ་ལྟ་བུའོ། །

བཞི་བ་ལོག་ཤེས་བཤད་པ།

བཞི་བ་ལོག་ཤེས་བཤད་པ་ལ།

ཚད་མ་མདོ་ལས། ཡོན་ཏན་སྤྱི་གནས་གཅིག་པ་ལ། །འཁྲུལ་བའི་ལོག་པས་ཤེས་པར་འགྱུར། །ཞེས་བྱུང༌། དེ་ལ་མཐའ་དཔྱད་པ་ལ་དགག་བཞག་གཉིས་ལས། རང་གི་ཞེན་ཡུལ་མེད་པའི་ཤེས་པ་དེ། ལོག་ཤེས་ཀྱི་མཚན་ཉིད་ཟེར་ན། མངོན་སུམ་རྣམས་ཆོས་ཅན། ལོག་ཤེས་ཡིན་པར་ཐལ། རང་གི་ཞེན་ཡུལ་མེད་པའི་ཤེས་པ་ཡིན་པའི་ཕྱིར། དེར་ཐལ། རྟོག་མེད་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཞེན་ཡུལ་ཡོད་པའི་ཤེས་པ་ཡིན་ན་རྟོག་པ་ཡིན་པས་ཁྱབ་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཞག་པ།

གཉིས་པ་རང་ལུགས་བཞག་པ་ལ།

མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། རང་གི་འཛིན་སྟངས་ལ་འཁྲུལ་བའི་རིག་པ་དེ། རང་ཉིད་ལོག་ཤེས་ཡིན་པའི་མཚན་ཉིད། གཉིས་པ་དབྱེ་བ་ནི། རྟོག་མེད་ལོག་ཤེས་དང༌། རྟོག་པར་གྱུར་བའི་ལོག་ཤེས་གཉིས། དང་པོའི་མཚན་ཉིད་ནི། རང་གི་འཛིན་སྟངས་ལ་འཁྲུལ་བའི་གསལ་སྣང་ཅན་གྱི་རིག་པ་དེ། རྟོག་མེད་ལོག་ཤེས་ཀྱི་མཚན་ཉིད། དེ་དབྱེ་ན། དབང་ཤེས་སུ་གྱུར་བའི་རྟོག་མེད་ལོག་ཤེས་དང༌། ཡིད་ཤེས་སུ་གྱུར་བའི་རྟོག་མེད་ལོག་ཤེས་གཉིས་ཡོད། དང་པོའི་མཚན་ཉིད་ནི། རང་གི་འཛིན་སྟངས་ལ་འཁྲུལ་བའི་གསལ་སྣང་ཅན་གྱི་དབང་ཤེས་སུ་གྱུར་བའི་རིག་པ་དེའོ། །དེ་ལ་དབྱེ་ན་ལྔ་ཡོད་དོ། ། གཉིས་པའི་མཚན་ཉིད་ནི། རང་གི་འཛིན་སྟངས་ལ་འཁྲུལ་བའི་གསལ་སྣང་ཅན་གྱྀ་ཡིད་ཤེས་སུ་གྱུར་བའི་རིག་པ་དེའོ། །མཚན་གཞི་ནི། སྒྲ་རྟག་པ་གསལ་བར་སྣང་བའི་ཡིད་ཤེས་ལྟ་བུའོ། །

གཉིས་པ་རྟོག་པ་ལོག་ཤེས།

གཉིས་པ་རྟོག་པ་ལོག་ཤེས་ནི།

རང་གི་འཛིན་སྟངས་ལ་འཁྲུལ་བའི་ཞེན་རིག་དེ། རྟོག་པར་གྱུར་བའི་ལོག་ཤེས་ཀྱི་མཚན་ཉིད། མཚན་གཞི་ནི། རི་བོང་རྭ་འཛིན་རྟོག་པ་དང་གང་ཟག་གི་བདག་འཛིན་གྱི་ཞེན་རིག་ལྟ་བུའོ། །

ལྔ་བ་ཐེ་ཚོམ་འཆད་པ་ལ།

ཚད་མ་མདོ་ལས། དེ་ཡི་ཕྱིར་དེ་དེར་སྣང་ལ། །ཐེ་ཚོམ་ཟ་བར་རིགས་ཞེ་ན། །ཞེས་པའི་གཞུང་འདི་བྱུང༌། འདིའི་སྐབས་སུ་མཐའ་དཔྱད་པ་ལ། དགག་བཞག་གཉིས་ལས། དང་པོ་ལ་ཁ་ཅིག་ན་རེ།ཐེ་ཚོམ་ཡིན་ན་རྩ་ཉོན་ཡིན་པས་ཁྱབ་ཟེར་ན། རིགས་ངེས་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་ཕྱི་རོལ་དོན་དུ་གྲུབ་བམ་མ་གྲུབ་སྙམ་པའི་ཐེ་ཚོམ་ཆོས་ཅན།ཐེ་ཚོམ་མ་ཡིན་པར་ཐལ། རྩ་ཉོན་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། ཉོན་མོངས་པ་སྤང་ཟིན་པའི་གང་ཟག་གི་རྒྱུད་ཀྱི་བློ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཐེ་ཚོམ་ཡིན་པར་ཐལ། ཡུལ་གཏན་ལ་མ་ཕེབས་པར་ཡིད་གཉིས་སུ་གྱུར་བའི་བློ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ཐེ་ཚོམ་གྱི་མཚན་ཉིད་ཡིན་པར་གཏན་ཚིགས་རིགས་པའི་དོན་བསྡུས་ལས་གསུངས་པའི་ཕྱིར་རོ། །ཁ་ཅིག་ན་རེ། ཉན་རང་དགྲ་བཅོམ་པའི་རྒྱུད་ཀྱི་ཆོས་བདག་ཏུ་གྲུབ་བམ་མ་གྲུབ་སྙམ་པའི་རྩེ་གཉིས་པའི་བློ་ཆོས་ཅན། རྩ་ཉོན་ཡིན་པར་ཐལ། ཐེ་ཚོམ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ་སྙམ། ཁྱབ་སྟེ། རྩ་ཉོན་དྲུག་གྲངས་འདྲེན་ཚེ་ཐེ་ཚོམ་དེ་གཅིག་ལ་འདྲེན་དགོས་པའི་ཕྱིར་ཟེར་ན་མ་གྲུབ་སྟེ། རྩ་ཉོན་གྱི་ཐེ་ཚོམ་དེ་རྩ་ཉོན་ཡིན་ཀྱང་ཐེ་ཚོམ་དེ་རྩ་ཉོན་མ་ཡིན་ཞེས་བྱ་དགོས་ཏེ། ས་བཟང་གི་མངོན་པ་ཀུན་བཏུས་ལས། ཐེ་ཚོམ་གང་ཞེ་ན། དེ་ནི་ཉོན་མོངས་ཅན་མ་ཡིན་པ་ཕྱོགས་འདི་ན་ལྷ་ཡོད་དམ་མེད་སྙམ་པ་ལྟ་བུ་ཤེས་བྱའི་སྒྲིབ་པས་བསྡུས་པའང་ཡོད་མོད། འདིར་ནི་ཉོན་མོངས་པ་ཅན་དམིགས་ཡུལ་ལས་འབྲས་དང་དཀོན་མཆོག་ཀྱང་བདེན་བཞིར་འདུ་བས་འཕགས་པའི་བདེན་པ་བཞི་པོ་རྣམས་ལ་ཡིད་གཉིས་ཟ་ཞིང་ཡོད་མེད་ལ་སོགས་པ་མཐའ་གཞན་དུ་དོགས་པ་དང་བཅས་པས་བློ་སྣ་ཚོགས་སུ་བྱེད་པ་སྟེ། ངེས་པ་མ་སྙེད་ན་བླང་དོར་མི་རྩོམ་པས་དག་པའི་ཕྱོགས་རྣམས་ལ་སྤྲོ་བས་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་གསུངས་པའི་ཕྱིར། འདིར་ནི་ཞེས་པས་རྩ་ཉོན་བཤད་པའི་སྐབས་འདིར་ནི་ཞེས་པའོ། །

གཉིས་པ་རང་ལུགས་བཞག་པ་ལ།

མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། རང་གི་ཡུལ་གཏན་ལ་མ་ཕེབས་པར་ཡིད་གཉིས་སུ་གྱུར་བའི་བློ་དེ། ཐེ་ཚོམ་གྱི་མཚན་ཉིད་ཡིན་ཏེ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། ཡུལ་གཏན་ལ་མ་ཕེབས་པར་ཡིད་གཉིས་སུ་གྱུར་བའི་བློ། ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་དབྱེ་བ་ནི།

དོན་འགྱུར་གྱི་ཐེ་ཚོམ། དོན་མི་འགྱུར་གྱི་ཐེ་ཚོམ། ཆ་མཉམ་པའི་ཐེ་ཚོམ་དང་གསུམ་ཡོད། དང་པོ་ཚེ་འདི་རྟག་གམ་མི་རྟག་ཕལ་ཆེར་མི་རྟག་ལས་ཆེ་སྙམ་པའི་ཐེ་ཚོམ་ལྟ་བུའོ། །གཉིས་པ་ནི་ཚེ་འདི་རྟག་གམ་མི་རྟག་ཕལ་ཆེར་རྟག་ལས་ཆེ་སྙམ་པའི་ཐེ་ཚོམ་ལྟ་བུའོ། །གསུམ་པ་ནི། ཚེ་འདི་རྟག་གམ་མི་རྟག་ཇི་འདྲ་ཞིག་ཡིན་སྙམ་པའི་ཐེ་ཚོམ་ལྟ་བུ་ཡིན་པའི་ཕྱིར་རོ། །

དྲུག་པ་མངོན་སུམ་བཤད་པ།

དྲུག་པ་མངོན་སུམ་བཤད་པ་ལ།

མངོན་སུམ་ཡང་དག་བཤད་པ་དང༌། མངོན་སུམ་ལྟར་སྣང་བཤད་པ་དང་གཉིས། དང་པོ་འཆད་པ་ལ། ཚད་མ་མདོ་ལས། མིང་དང་རིགས་སོགས་སྦྱོར་བ་ཡིས། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་དང༌། རྣམ་འགྲེལ་ལས། མངོན་སུམ་རྟོག་བྲལ་མ་འཁྲུལ་བ། །

ཞེས་པའི་གཞུང་འདི་དག་བྱུང༌། འདི་ལ་མཐའ་དཔྱད་པ་ལ། དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། རྟོག་བྲལ་མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་མ་ཡིན་པར་ཐལ། དེའི་མཚན་ཉིད་ལ་རྟོག་བྲལ་ཙམ་བཞག་ན་ཆོག་པའི་ཕྱིར་ཏེ། རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། མ་འཁྲུལ་བ་གོང་དུ་བཤད་ཟིན་པའི་དབང་དུ་བྱས་པའོ། །ཡང་ཁ་ཅིག་ན་རེ། ཚད་མ་མདོ་ལས། མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་དུང་སེར་སྣང་གི་དབང་ཤེས་མངོན་སུམ་ཡིན་པའི་ཕྱིར་ཟེར་ན། དེ་ལ་རྒྱལ་དབང་བློས་མ་ཁྱབ་སྟེ། དེ་འདྲའི་དབང་ཤེས་དེ་དུང་སེར་པོ་ལ་མངོན་སུམ་ལྟར་སྣང་དང༌། དུང་གི་དབྱིབས་ལ་མངོན་སུམ་ཡིན་པ་མི་འགལ་བ་ཡིན་པར་འདོད་དེ། དེས་མཛད་པའི་འགྲེལ་བར། དེ་ལྟ་མོད་ཀྱང་སེར་པོ་ལ་འཁྲུལ་དབྱིབས་ལ་མ་འཁྲུལ་བས་འདོད་པའི་དོན་ཐོབ་པའི་ཕྱིར། མངོན་སུམ་ཉིད་དུ་རྣམ་པར་བཞག་སྟེ། ཞེས་གསུངས་སོ། །སློབ་དཔོན་ཆོས་མཆོག་ན་རེ། དེ་མི་འཐད་པར་ཐལ། དུང་སེར་པོར་སྣང་བའི་དབང་ཤེས་དེ་ལ། སེར་པོའི་མ་བསླད་པའི་ཆ་གཅིག་མེད་པར་འདོད་པའྀ་ཕྱིར་ཏེ། འཐད་ལྡན་ཆུང་བ་ལས། ལོག་ཤེས་ཡིན་ན་ཤིང་དང་ཇི་ལྟར་ཕྲད་ཅེ་ན། ཅུང་ཟད་ཀྱང་ཕྲད་པ་མེད་དེ། གང་ཡོངས་སུ་བཅད་པའི་ཤིང་ནི་རྣམ་པ་སྣ་ཚོགས་སུ་འགྲོ་བ་དེ་ཡིན་ལ། ཤིང་ནི་འགྲོ་བ་མེད་པས་ཅུང་ཟད་ཀྱང་ཕྲད་པ་མེད་དོ། །གཉིས་པ་རང་ལུགས་བཞག་པཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཞག་པ།

གཉིས་པ་རང་ལུགས་བཞག་པ་ལ།

མཚན་ཉིད། དབྱེ་བ། རྐྱེན་གསུམ་བཤད་པ་དང་གསུམ། དང་པོ་ནི། རྟོག་བྲལ་མ་འཁྲུལ་བའི་ཤེས་པ་དེ། མངོན་སུམ་གྱི་མཚན་ཉིད་ཡིན་ཏེ། རྣམ་འགྲེལ་ལས། མངོན་སུམ་རྟོག་བྲལ་མ་འཁྲུལ་བ། །ཞེས་གསུངས་པའི་ཕྱིར། མངོན་སུམ་གྱི་ཟུར་ལ་རྟོག་བྲལ་ཞེས་པས་རྟོག་པ་རྣམས་མངོན་སུམ་ཡིན་པ་སེལ་ལ། མ་འཁྲུལ་བ་ཞེས་པས་རྟོག་མེད་འཁྲུལ་ཤེས་རྣམས་རྟོག་པ་དང་བྲལ་ཡང་རང་གི་སྣང་ཡུལ་ལ་མ་འཁྲུལ་བ་མ་ཡིན་པས་དེ་དག་མངོན་སུམ་ཡིན་པ་སེལ་བའོ། །མ་འཁྲུལ་བའི་ཤེས་པ་ཡིན་ན་མངོན་སུམ་ཡིན་པས་ཁྱབ་ཀྱང་རྟོག་བྲལ་སྨོས་པ་ནི་དཔྱོད་པ་བ་སོགས་དབང་ཤེས་རྟོག་བཅས་སུ་འདོད་པ་དང༌། ཁ་ཅིག་རྟོག་པ་དང་མངོན་སུམ་གྱི་གཞི་མཐུན་འདོད་པའི་ལོག་རྟོག་བསལ་བའི་ཆེད་དུ་ཡིན་ནོ། །ཡང་ན་རྟོག་པ་དང་བྲལ་ཞིང་བག་ཆགས་གཏན་བྱུང་གི་མི་བསླུ་བའི་ཤེས་པ་དེ། མངོན་སུམ་གྱི་མཚན་ཉིད་ཡིན་ཏེ། རྣམ་ངེས་ལས། གཞན་བག་ཆགས་བརྟན་པའི་ཕྱིར་འཁོར་བ་ཇི་སྲིད་པར་རྗེས་སུ་འབྲེལ་བ་དེ་ནི་ཐ་སྙད་དུ་མི་བསླུ་བ་ལ་ལྟོས་ཏེ་འདིར་ཚད་མ་ཡིན་ནོ། །ཞེས་དང༌། དེའི་འཐད་ལྡན་ལས། རྣམ་པར་རིག་པ་ཙམ་དུ་སྨྲ་བ་ལ་ནི། སློབ་དཔོན་གྱིས་བག་ཆགས་བརྟན་དང་མི་བརྟན་པ་དག་གི་རྣམ་པར་བཞག་པ་མཐོང་ལ། ཞེས་གསུངས་པའི་ཕྱིར། གཉིས་པ་དབྱེ་བ་ལ། དབང་མངོན། ཡིད་མངོན། རང་རིག་མངོན་སུམ། རྣལ་འབྱོར་མངོན་སུམ་དང་བཞི་ཡོད། དང་པོ་དབང་མངོན་གྱི་མཚན་ཉིད། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་བྱུང་ཞིང༌། རྟོག་བྲལ་མ་འཁྲུལ་བའི་གཞན་རིག་དེ་ཡིན་ལ། དེ་ལ་དབྱེ་ན། གཟུགས་འཛིན་དབང་མངོན་ནས་རེག་བྱ་འཛིན་པའི་དབང་མངོན་བར་ལྔ་ཡོད། དེ་རེ་རེ་ལ་རང་ཡིན་པར་གྱུར་བའི་ཚད་མ་དང༌། བཅད་ཤེས་དང༌། སྣང་ལ་མ་ངེས་ཀྱི་བློ་གསུམ་རེ་ཡོད། གཉིས་པ་ཡིད་མངོན་ཀྱི་མཚན་ཉིད། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལ་བརྟེན་ནས་དངོས་སུ་སྐྱེས་པའི་རྟོག་བྲལ་མ་འཁྲུལ་བའི་གཞན་རིག་གི་ཤེས་པ། མཚན་གཞི་ནི། གཞན་སེམས་ཤེས་པའི་མངོན་ཤེས་ལྟ་བུའོ། །འདིར་དངོས་སུ་བསྟན་པའི་ཡིད་མངོན་གྱི་མཚན་ཉིད། དབང་པོའི་མངོན་སུམ་གྱིས་དེ་མ་ཐག་རྐྱེན་ལས་བྱུང་བའི་རྟོག་བྲལ་མ་འཁྲུལ་བའི་གཞན་རིག མཚན་གཞི་ནི། དབང་ཤེས་ཀྱི་དྲངས་བའི་ཡིད་མངོན་ལྟ་བུའོ། །འདིར་བསྟན་ཡིད་མངོན་སྐྱེ་ཚུལ་ལ། ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་རིན་ཆེན་ཕྲེང་བ་ལས། འདིར་ཆོས་མཆོག་སོགས་དབང་ཤེས་ཀྱི་རྒྱུན་མཐར་ཡིད་མངོན་གཅིག་སྐྱེ་ཞིང་རྒྱུན་མེད་པར་བཞེད་དོ། །ཆུ་མིག་པ་དབང་ཤེས་སྐད་ཅིག་གཉིས་པ་མན་ཡིད་མངོན་དུ་བཞེད། བྲམ་ཟེ་ཆེན་པོ་འགྲོས་གསུམ་པ་བཞེད། ད་ལྟ་དེ་འཐད་པར་བྱེད་པ་མང་ངོ༌། །ཞེས་གསུངས་པའི་ཕྱིར། སློབ་དཔོན་ཆོས་མཆོག་གིས་འདིར་བསྟན་ཡིད་མངོན་ཤིན་ལྐོག་ཡིན་པས་མདོ་ལས། གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། མིག་དང་ཡིད་ལ་བརྟེན་པའོ། །ཞེས་དང༌། ཚད་མ་མདོ་ལས། ཡིད་ཀྱང་དོན་དང༌། ཞེས་པ་ལྟ་བུའི་ལུང་ལ་བརྟེན་ནས་རྟོགས་དགོས་པར་འདོད་དེ། འཐད་ལྡན་ཆུང་བ་ལས། ཡིད་ཀྱི་མངོན་སུམ་བཤད་པ་ནི་གྲུབ་པའི་མཐའ་ལ་གྲགས་པ་ཙམ་ཡིན་གྱི་འདི་སྒྲུབ་པར་བྱེད་པའི་ཚད་མ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སྔར་བཟུང་ཟིན་པ་འཛིན་པའི་བཅད་ཤེས་མ་ཡིན་ཏེ། རྟོག་གེའི་སྐད་ལས། སྐད་ཅིག་གཉིས་པ་འཛིན་པའི་ཕྱིར། །བཟུང་ཟིན་པ་འཛིན་པ་ཉིད་བསལ་ལོ། །ཞེས་དང༌། རྣམ་འགྲེལ་གྱི་འགྲེལ་བཤད་རིན་ཆེན་ཕྲེང་བ་ལས། ཡིད་མངོན་ཆོས་ཅན། དེ་མ་ཐག་རྐྱེན་དབང་སྔོན་གྱི་ཡུལ་ལས་ཡུལ་གཞན་ཉིད་འཛིན་བྱེད་དེ། དེ་ཡི་སྐད་ཅིག་གཉིས་པ་རང་གི་གཟུང་དོན་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་རང་རིག་མངོན་སུམ་བཤད་པ།

གསུམ་པ་རང་རིག་མངོན་སུམ་བཤད་པ་ལ།

མཚན་ཉིད། དབྱེ་བ། སྒྲུབ་བྱེད་བཤད་པ་དང་གསུམ། དང་པོ་ནི། འཛིན་རྣམ། རང་རིག་གི་མཚན་ཉིད། རྟོག་བྲལ་མ་འཁྲུལ་བའི་འཛིན་རྣམ། རང་རིག་མངོན་སུམ་གྱི་མཚན་ཉིད། གསར་དུ་མི་བསླུ་བའི་རྟོག་བྲལ་གྱི་འཛིན་རྣམ། རང་རིག་མངོན་སུམ་ཚད་མའི་མཚན་ཉིད་ཡིན་ནོ། །གཉིས་པ་དབྱེ་ན། རང་ཡིན་པར་གྱུར་བའི་ཚད་མ། བཅད་ཤེས། སྣང་ལ་མ་ངེས་པའི་རང་རིག་གསུམ་ཡོད། མཚན་གཞི་རིམ་པ་བཞིན་དུ། མིག་ཤེས་ཉམས་སུ་མྱོང་བའི་རང་རིག་སྐད་ཅིག་དང་པོ་ལྟ་བུ་ཚད་མ་དང༌། དེ་འདྲའི་སྐད་ཅིག་གཉིས་པ་ལྟ་བུ་བཅད་ཤེས་དང༌། སོ་སྐྱེས་ཀྱི་རྒྱུད་ཀྱི་ཐུང་མཐའི་སྐད་ཅིག་མའི་ངོ་བོར་གྱུར་བའི་ཡིད་མངོན་འཛིན་པའི་རང་རིག་ལྟ་བུ་སྣང་ལ་མ་ངེས་པའོ། །གསུམ་པ་སྒྲུབ་བྱེད་ནི། སྔོ་འཛིན་མིག་ཤེས་ཆོས་ཅན། རང་མྱོང་ཅན་གྱི་ཤེས་པ་ཡིན་ཏེ། རང་དྲན་པའི་དྲན་ཤེས་ཡོད་པའི་ཤེས་པ་ཡིན་པའི་ཕྱིར། འདོད་ན། རང་མྱོང་བྱེད་ཀྱི་རང་རིག་ཡོད་པར་ཐལ། རང་མྱོང་བྱེད་ལ་རང་རིག་གཞན་རིག་གང་རུང་དུ་ངེས། གཞན་རིག་གི་མྱོང་བྱེད་ཐུག་མེད་ཀྱིས་ཁེགས་པའི་ཕྱིར། རྣམ་ངེས་ལས། དུས་ཕྱིས་དྲན་པ་ལས་ཀྱང་སྟེ། །ཚུལ་གཉིས་དང་ནི་རང་རིག་གྲུབ། །མ་མྱོང་བ་ནི་མེད་ཕྱིར་ཡང༌། །ཞེས་དང༌། རྣམ་འགྲེལ་ལས། དྲན་པ་ལས་ཀྱང་བདག་རིག་གྲུབ། །ཅེས་གསུངས་པའི་ཕྱིར། རང་རིག་འདོད་པ་དང་མི་འདོད་པ་དག་གིས་རྩོད་པ་རྩོད་ལན་སོགས་ཤེས་པར་བྱའོ། །རང་རིག་ཏུ་གྱུར་བའི་བཅད་ཤེས་མེད་པར་ཐལ། བཅད་ཤེས་ཉམས་མྱོང་གི་རང་རིག་དེ་བཅད་ཤེས་ལ་ཚད་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དེ་ལ་ཚད་མ་ཡིན་ཀྱང་དེའི་ཡང་སྐད་ཅིག་གཉིས་པ་བཅད་ཤེས་ཡིན་ཞེས་བྱས་ཆོག་པའི་ཕྱིར། དཔེར་ན་མངོན་སུམ་ཚད་མ་བཞིན་ནོ་ཞེས་ཟེར་དགོས་སམ་དཔྱད་པར་བྱའོ། །

བཞི་བ་རྣལ་འབྱོར་མངོན་སུམ་འཆད་པ།

བཞི་བ་རྣལ་འབྱོར་མངོན་སུམ་འཆད་པ་ལ།

ཚད་མ་མདོ་ལས། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང༌། །ཞེས་དང༌། རྣམ་འགྲེལ་ལས། རྣལ་འབྱོར་ཤེས་པ་སྔར་བཤད་པ། །དེ་དག་གི་དེ་གོམས་བྱུང་ཡིན། །ཞེས་པ་ནས། ལྷག་མ་ཉེ་བར་བསླད་པ་ཡིན། །ཞེས་པའི་གཞུང་འདི་བྱུང༌། འདིར་རྣལ་འབྱོར་མངོན་སུམ་ལ་མཚན་ཉིད། དབྱེ་བ། སྒྲུབ་བྱེད་གསུམ། དང་པོ་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་བའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་རང་ཡུལ་ཡང་དག་པའི་དོན་ལ་རྟོག་བྲལ་མ་འཁྲུལ་བའི་མཁྱེན་པ། རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད། དེ་ལ་དབྱེ་ན། རང་ཡིན་གྱི་ཚད་མ་དང༌། བཅད་ཤེས་གཉིས་ཡོད། ཡང་ན་རང་ཡིན་ཀྱི་ཐེག་པ་གསུམ་གྱི་མཐོང་སྒོམ་མི་སློབ་ལམ་གསུམ་ཡོད། རྣལ་འབྱོར་མངོན་སུམ་ལ་སྣང་ལ་མ་ངེས་པ་མེད་དེ། དེ་ཡིན་ན་རང་ལ་སྣང་བ་ཐམས་ཅད་ངེས་པས་ཁྱབ་པའི་ཕྱིར་ཏེ། བློ་གྲོས་ཆེན་པོས་མཐོང་ཉིད་ནས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །

གསུམ་པ་སྒྲུབ་བྱེད།

གསུམ་པ་སྒྲུབ་བྱེད་ནི།

བརྩེ་བ་དང་བདག་མེད་རྟོགས་པའི་ཤེས་རབ་རེ་རེ་ནས་ཆོས་ཅན། གོམས་རྐྱེན་དང་མ་བྲལ་བར་བསྒོམ་པ་ལས་བསྒོམ་བྱའི་དོན་ལ་གསལ་སྣང་རབ་ཀྱིས་མཐར་ཕྱིན་འབྱུང་རུང་ཡིན་ཏེ། རྟེན་བརྟན་པ་གོམས་པར་བྱས་ཟིན་འབད་རྩོལ་སྐྱར་མ་ལ་མི་ལྟོས་པའི་སེམས་རྒྱུད་ཀྱི་ཆོས་ཡིན་པའི་ཕྱིར། དཔེར་ན། འདོད་ཆགས་བཞིན། ཇི་སྐད་དུ། རྣམ་འགྲེལ་ལས། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་གོམས་གྱུར་པ། །གོམས་པ་ཡོངས་སུ་རྫོགས་པ་ན། དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་གསུངས་པའི་ཕྱིར། དེས་ན་རྟེན་སེམས་གསལ་རིག་ཙམ་ཡིན་ལ། དེ་བརྟན་པར་རིག་པ་ཙམ་གྱི་ཡ་མཐའ་དང་མ་མཐའ་ཐུག་མེད་དུ་སྒྲུབ་པའི་རིགས་པས་གྲུབ་པའི་ཕྱིར་ཏེ། རྒྱན་ལས། དབང་པོ་ཡིད་ཀྱི་ཤེས་པ་ལས། །ཡིད་ཀྱི་ཤེས་པའང་དེ་ལས་ཡིན། །དེ་ལས་ཀྱང་ཡང་དེར་འགྱུར་ཕྱིར། །སྲིད་པ་ཐོག་མཐའ་མེད་པར་གནས། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་རྐྱེན་གསུམ་བཤད་པ།

གསུམ་པ་རྐྱེན་གསུམ་བཤད་པ་ལ།

མདོར་བསྡུས་ཙམ་བརྗོད་ན། རང་འབྲས་ཤེས་པ་ཡུལ་གྱི་རྣམ་ལྡན་དུ་གཙོ་བོར་བསྐྱེད་པའི་རྐྱེན་དེ། དམིགས་རྐྱེན་གྱི་མཚན་ཉིད་ཡིན་ཏེ། ས་བཟང་གི་མངོན་པ་ཀུན་བཏུས་འགྲེལ་བ་ལས། ཤེས་པ་ཡུལ་གྱི་རྣམ་ལྡན་བསྐྱེད་པ། དམིགས་པའི་རྐྱེན་དང༌། ཞེས་གསུངས་སོ། །རང་འབྲས་ཤེས་པ་ཕྱི་མ་གསལ་རིག་ཏུ་གཙོ་བོར་སྐྱེད་བྱེད་དེ། དེ་མ་ཐག་རྐྱེན་གྱི་མཚན་ཉིད་ཡིན་ཏེ། དེ་ལས། ཁྱད་པར་ཤེས་རིག་ཕྱི་མ་སྐྱེད་པ་དེ་མ་ཐག་པའི་རྐྱེན་དང༌། ཞེས་གསུངས་པའི་ཕྱིར། རང་འབྲས་རང་དབང་དུ་གཙོ་བོར་བསྐྱེད་པའི་རྐྱེན་དེ། བདག་རྐྱེན་གྱི་མཚན་ཉིད་ཡིན་ཏེ། འབྲས་བུ་འབྱུང་བ་ལ་དབང་བྱེད་པ་བདག་པོའི་རྐྱེན་གྱི་མཚན་ཉིད་ཅན་དུ་ལྟའོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་མངོན་སུམ་ལྟར་སྣང་བཤད་པ།

གཉིས་པ་མངོན་སུམ་ལྟར་སྣང་བཤད་པ་ལ།

མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། རང་གི་སྣང་ཡུལ་ལ་འཁྲུལ་བའི་བློ། མངོན་སུམ་ལྟར་སྣང་གི་མཚན་ཉིད། མཚན་གཞི་ནི། རྗེས་དཔག་ལྟ་བུའོ། །གཉིས་པ་དབྱེ་བ་ནི། རྟོག་པ་དང་རྟོག་མེད་མངོན་སུམ་ལྟར་སྣང་གཉིས། དང་པོའི་མཚན་ཉིད། རང་གི་སྣང་ཡུལ་ལ་འཁྲུལ་བའི་ཞེན་རིག གཉིས་པའི་མཚན་ཉིད། རང་གི་བདག་རྐྱེན་དབང་པོ་སླད་པ་ལས་སྐྱེས་པའི་ཞེན་བྲལ་གྱི་རིག་པ། ཡང་ན་དབྱེ་ན་ཚད་མ་མདོ་ལྟར་བདུན་ཡོད་དེ། ཚད་མ་མདོ་ལས། འཁྲུལ་དང་ཀུན་རྫོབ་ཤེས་པ་དང༌། །རྗེས་དཔག་རྗེས་སུ་དཔག་ལས་བྱུང༌། །དྲན་དང་མངོན་འདོད་ཅེས་བྱའོ། །མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་གསུངས་ལ། དང་པོ་ནི། སྨིག་རྒྱུ་ཆུར་འཛིན་གྱི་རྟོག་པ་ལྟ་བུ་རྟོག་པ་དོན་མི་མཐུན་དང༌། གཉིས་པ་ནི། བུམ་འཛིན་རྟོག་པ་ལྟ་བུ་རྟོག་པ་དོན་མཐུན་གྱི་ཀུན་རྫོབ་དོན་སྤྱི་སྣང་ཡུལ་དུ་བྱེད་པའི་རྟོག་པ་རྣམས་དང༌། གསུམ་པ་ནི། རྟགས་འཛིན་སེམས་ཀྱི་རྟོག་པ་དང༌། བཞི་བ་ནི།་རྟགས་ཅན་རྗེས་དཔག་དང༌། ལྔ་བ་ནི། འདས་པའི་དོན་མི་བརྗེད་པར་དྲན་པའི་དྲན་རྟོག་དང༌། དྲུག་པ་མ་འོངས་པའི་དོན་མངོན་པར་འདོད་པའི་རྟོག་པ་དང༌། བདུན་པ་དུང་སེར་སྣང་གི་དབང་ཤེས་ལྟ་བུ་རྟོག་མེད་ལོག་ཤེས་རྣམས་སོ། །དེ་ལས་དང་པོ་དྲུག་རྟོག་པ་མངོན་སུམ་ལྟར་སྣང་དང༌། བདུན་པ་རྟོག་མེད་མངོན་སུམ་ལྟར་སྣང་ཡིན་པའོ། །ཡང་ན་རྣམ་འགྲེལ་ལས་མངོན་སུམ་ལྟར་སྣང་བཞི་བསྟན་ཏེ། རྣམ་འགྲེལ་ལེའུ་གསུམ་པ་ལས། མངོན་སུམ་ལྟར་སྣང་རྣམ་པ་བཞི། །རྟོག་པའི་ཤེས་པ་རྣམ་གསུམ་དང༌། །རྟེན་སླད་པ་ལས་བྱུང་བ་ཅན། །རྟོག་པ་མེད་པ་གཅིག་ཡིན་ནོ། །ཞེས་དང༌། དེའི་ཐད་ཀྱི་རྣམ་འགྲེལ་གྱི་འགྲེལ་བཤད་རིན་ཆེན་ཕྲེང་བ་ལས། མངོན་སུམ་ལྟར་སྣང་ཆོས་ཅན། ཁྱོད་ལ་རྣམ་པ་བཞིར་ཡོད་དེ། ཁྱོད་ཀྱི་ནང་ཚན་ལ་བརྡ་བརྟེན་ཅན་དང་དོན་གཞན་ལ་སྒྲོ་གདོགས་པ་དང་ལྐོག་ཏུ་གྱུར་བའི་དོན་ཅན་ཏེ་རྟོག་པའི་ཤེས་པ་རྣམ་གསུམ་དང༌། བརྟེན་བསླད་པ་ལས་བྱུང་བ་རྟོག་མེད་འཁྲུལ་ཤེས་རྣམས་ཡོད་པས་སོ། །ཞེས་གསུངས་སོ། །བརྡ་བརྟེན་ཅན་ནི་གོང་གི་ཀུན་རྫོབ་ཤེས་པ་དང༌། དོན་གཞན་ལ་སྒྲོ་གདོགས་པ་ནི་རྟོག་པ་དོན་མི་མཐུན་འཁྲུལ་བའི་ཤེས་པ་དང༌། རྟོག་པ་མངོན་སུམ་ལྟར་སྣང་ཕྱི་མ་བཞི་ནི་ལྐོག་གྱུར་དོན་ཅན་གྱི་རྟོག་པ་མངོན་སུམ་ལྟར་སྣང་ཡིན་པའོ། །

བདུན་པ་རྗེས་དཔག་བཤད་པ།

བདུན་པ་རྗེས་དཔག་བཤད་པ་ལ།

ཚད་མ་མདོ་ལས། རང་དོན་ནི།ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་དང༌། རིགས་ཐིགས་ལས། དེ་ལ་རང་གི་དོན་ནི་རྗེས་སུ་དཔག་པར་བྱ་བ་ཚུལ་གསུམ་པའི་རྟགས་གསུམ་ལས་ཤེས་པ་གང་ཡིན་པའོ། །ཞེས་པའི་གཞུང་འདི་དག་བྱུང༌། དེ་ལ་རྗེས་དཔག་བཤད་པ་ལ་དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། རྗེས་དཔག་སྐད་ཅིག་གཉིས་པ་རྗེས་དཔག་ཡིན་ཟེར་ན། དེ་མི་འཐད་པར་ཐལ། རྗེས་དཔག་ནི་རྟགས་བཀོད་པ་ལས་སྐྱེས་པའི་དྲན་པ་ལས་དངོས་སུ་སྐྱེས་པ་ཞིག་དགོས་པའི་ཕྱིར། དེར་ཐལ། ཚུལ་གསུམ་པའི་རྟགས་བཀོད་པའི་དྲན་པ་ལས་རང་དོན་རྗེས་དཔག་དངོས་སུ་སྐྱེས། སྒྲུབ་ངག་བཀོད་པ་ལས་ཚུལ་གསུམ་དྲན་པ་དངོས་སུ་སྐྱེས་པའི་ཕྱིར་ཏེ། རྣམ་ངེས་ལས། མ་ཡིན་ཏེ། འཇུག་པ་ཐ་དད་པའི་ཕྱིར་རོ། །ཞེས་དང༌། དེའི་འཐད་ལྡན་ལས། བརྒྱུད་པའི་ཁྱད་པར་མེད་པ་ཡིན་ཡང་དངོས་ཀྱི་འདི་དག་གི་བྱ་བ་ནི་ཐ་དད་པ་ཡོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

མཚན་ཉིད། དབྱེ་བ་གཉིས། དང་པོ་རྗེས་དཔག་གི་མཚན་ཉིད། རང་གི་རྟེན་ཚུལ་གསུམ་པའི་རྟགས་ཡང་དག་ལ་དངོས་སུ་བརྟེན་ནས་རང་གི་གཞལ་བྱ་ལྐོག་གྱུར་ལ་མི་བསླུ་བའི་ཤེས་པ། མཚན་གཞི་ནི་བྱས་པའི་རྟགས་ལ་དངོས་སུ་བརྟེན་ནས་སྡུག་བདེན་མི་རྟག་པ་གསར་དུ་རྟོགས་པའི་བློ་ལྟ་བུའོ། །རྗེས་དཔག་དང་རྗེས་དཔག་གི་ཚད་མ་དོན་གཅིག རྗེས་དཔག་ནི་རྟགས་ལྟར་སྣང་བཀོད་པ་ལས་སྐྱེས་པ་མ་ཡིན་པར་རྟགས་ཡང་དག་ལ་བརྟེན་ཞིང༌། རང་གི་ཡུལ་དེ་རང་ལ་མངོན་དུ་མ་གྱུར་བར་ལྐོག་ཏུ་གྱུར་བ་དང༌། མི་བསླུ་བ་ནི་རང་གི་འཛིན་སྟངས་ལ་མི་བསླུ་བ་སྟེ་རང་གིས་ཡུལ་གཞལ་བ་དེ་གཞལ་བ་ལྟར་གྲུབ་པའི་ཤེས་པའོ། །

གཉིས་པ་རྗེས་དཔག་གི་དབྱེ་བ།

གཉིས་པ་རྗེས་དཔག་གི་དབྱེ་བ་ལ།

དངོས་སྟོབས་རྗེས་དཔག་དང༌། གྲགས་པའི་རྗེས་དཔག་དང༌། ཡིད་ཆེས་རྗེས་དཔག་དང་གསུམ། དང་པོ་ནི།རང་གི་རྟེན་དངོས་སྟོབས་ཀྱི་རྟགས་ཡང་དག་ལ་དངོས་སུ་བརྟེན་ནས་རང་གི་གཞལ་བྱ་ཅུང་ཟད་ལྐོག་གྱུར་ལ་མི་བསླུ་བའི་ཞེན་རིག་དེ། དངོས་སྟོབས་རྗེས་དཔག་གི་མཚན་ཉིད། མཚན་གཞི་ནི། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་ལྟ་བུའོ། །དངོས་སྟོབས་ཀྱི་རིགས་པ་ནི་རྟགས་དེ་ཡིན་ན་བསྒྲུབ་བྱ་དེ་ཡོད་དགོས་པ་དང༌། རྟགས་དེ་ཡིན་ན་བསྒྲུབ་བྱའི་ཆོས་དེ་ཡིན་དགོས་པ་ནི་གྲགས་པ་ཙམ་མ་ཡིན་པར་ཀུན་རྫོབ་གནས་ཐབས་ཀྱི་དབང་དུ་བྱས་ན་རང་བཞིན་ལ་གྲུབ་པའི་རྟགས་ཞིག་དགོས་སོ། ། གཞལ་བྱ་ཅུང་ཟད་ལྐོག་གྱུར་ནི་སྐབས་དེར་མངོན་སུམ་གྱིས་ངེས་མི་ནུས་ལ་ལུང་ལ་བརྟེན་ནས་ངེས་མི་དགོས་པར་རིགས་པ་ཙམ་གྱིས་རྟོགས་ནུས་པའི་ཆོས་དེའོ། །

གཉིས་པ་གྲགས་པའི་རྗེས་དཔག།

གཉིས་པ་གྲགས་པའི་རྗེས་དཔག་ནི།

རང་གི་རྟེན་གྲགས་རྟགས་ཡང་དག་ལ་དངོས་སུ་བརྟེན་ནས་བརྡའམ་འདོད་པ་ཙམ་གྱིས་བཞག་པའི་ཡུལ་ལ་མི་བསླུ་བའི་ཞེན་རིག གྲགས་པའི་རྗེས་དཔག་གི་མཚན་ཉིད། མཚན་གཞི་ནི། རྟོག་ཡུལ་ན་ཡོད་པའི་རྟགས་ཀྱིས་རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་ལྟ་བུའོ། །གྲགས་རྟགས་ནི་དངོས་སྟོབས་ཀྱི་རྟགས་ལྟ་བུ་མ་ཡིན་པར་གྲགས་པའི་རྟགས་ཀྱིས་བསྒྲུབ་གཞི་དེ་བསྒྲུབ་བྱའི་ཆོས་དེ་ཡིན་པར་སྒྲུབ་པར་བྱེད་པའི་གཏན་ཚིགས་ཡིན་ནོ། །གཏན་ཚིགས་དང་བསྒྲུབ་བྱའི་ཆོས་གཉིས་བརྡ་འདོད་ཙམ་གྱིས་བཞག་པ་ཞིག་དགོས་སོ། །

གསུམ་པ་ཡིད་ཆེས་རྗེས་དཔག།

གསུམ་པ་ཡིད་ཆེས་རྗེས་དཔག་ནི།

རང་གི་རྟེན་ཡིད་ཆེས་ཀྱི་རྟགས་ཡང་དག་ལ་དངོས་སུ་བརྟེན་ནས་རང་གི་གཞལ་བྱ་ཤིན་ཏུ་ལྐོག་གྱུར་ལ་མི་བསླུ་བའི་ཞེན་རིག་དེ། ཡིད་ཆེས་རྗེས་དཔག་གི་མཚན་ཉིད། མཚན་གཞི་ནི། དཔྱད་གསུམ་གྱིས་དག་པའི་ལུང་ལ་བརྟེན་ནས་སྙིང་པོའི་མདོའི་བསྟན་བྱའི་དོན་མི་བསླུ་བར་རྟོགས་པའི་རྗེས་དཔག་ལྟ་བུའོ། །ཡིད་ཆེས་ཀྱི་རྟགས་ནི་དངོས་སྟོབས་ཀྱི་རྟགས་དང་གྲགས་རྟགས་ཙམ་མ་ཡིན་པར་གཞལ་བྱ་དཔོག་པ་པོས་ཡིད་ཆེས་ལེགས་པར་རྙེད་པའི་རྟགས་ཞིག་དགོས་སོ། །ཤིན་ལྐོག་ནི་མངོན་སུམ་མ་ཟད་དངོས་སྟོབས་ཀྱི་རྟགས་ཀྱིས་ངེས་མི་ནུས་པར་ཡིད་ཆེས་ཀྱི་ལུང་སོགས་ལ་བརྟེན་ནས་ངེས་དགོས་སོ། །རྗེས་དཔག་ལ་སྒྲའི་བརྗོད་རིགས་ཀྱིས་དབྱེ་ན། གཞན་དོན་རྗེས་དཔག་དང༌། རང་དོན་རྗེས་དཔག་གཉིས་ཡོད། དང་པོ་དང་སྒྲུབ་ངག་ཡང་དག་དོན་གཅིག གཉིས་པ་དང་རྗེས་དཔག་དོན་གཅིག་གོ །

གཉིས་པ་རྟོགས་པའི་བློ་དང་མ་རྟོགས་པ།

གཉིས་པ་རྟོགས་པའི་བློ་དང་མ་རྟོགས་པའི་བློ་གཉིས་སུ་དབྱེ་བ་ལ།

རྟོགས་པའི་བློ་དང༌། མ་རྟོགས་པའི་བློ་བཤད་པ་དང་གཉིས། དང་པོ་རྟོགས་པའི་བློ་འཆད་པ་ལ། རྣམ་འགྲེལ་ལས། ངེས་པ་རྣམས་ཀྱིས་མ་ངེས་ལ། །དེ་ནི་ཇི་ལྟར་དེ་ཡུལ་ཡིན། །ཞེས་བྱུང༌། དེའི་དོན་ལ་མཚན་ཉིད་དང༌། དབྱེ་བ་བཤད་པ་དང་གཉིས། བློ་དེའི་བྱེད་པ་ལ་བརྟེན་ནས་ཆོས་དེ་ལ་སྒྲོ་འདོགས་བཅད་སྟོབས་ཀྱིས་ངེས་པ་འདྲེན་ནུས་པ། བློ་དེས་ཆོས་དེ་རྟོགས་པའི་མཚན་ཉིད་ཡིན་ཏེ། བློ་དེས་ཆོས་དེ་ངེས་པ་ན་རང་གི་འཛིན་སྟངས་འགལ་བའི་སྒྲོ་འདོགས་གཅོད་པའི་ཕྱིར་ཏེ། དཔེར་ན་སྒྲ་མི་རྟག་པར་ངེས་པའི་རྗེས་དཔག་གིས་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་གཅོད་པ་བཞིན་ཡིན་པའི་ཕྱིར་ཏེ། ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །འདི་ནི་སྒྲོ་འདོགས་དབེན་པ་ལ། །འཇུག་ཅེས་བྱ་བར་ཤེས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་དབྱེ་ན།

དངོས་རྟོགས་དང༌། ཤུགས་རྟོགས་གཉིས་ལས། བློ་དེ་ལ་ཡུལ་དེའི་རྣམ་པ་ཤར་བའི་སྒོ་ནས་རྟོགས་པ་དེ། བློ་དེས་ཡུལ་དེ་དངོས་སུ་རྟོགས་པའི་མཚན་ཉིད། མཚན་གཞི་ནི། གཟུགས་འཛིན་མིག་ཤེས་ཀྱི་གཟུགས་ཀྱི་སྐྱེ་མཆེད་རྟོགས་པ་ལྟ་བུའོ། །འཆི་བ་མི་རྟག་པ་དངོས་སུ་རྟོགས་པའི་བློས་འཆི་བ་རྟོགས་པ་ལྟ་བུའོ། །བློ་དེ་ལ་ཆོས་དེའི་རྣམ་པ་མ་ཤར་བར་ཆོས་གཞན་གྱི་རྣམ་པ་ཤར་བའི་སྒོ་ནས་ཆོས་དེ་ལ་སྒྲོ་འདོགས་བཅད་ནས་ངེས་པ་འདྲེན་ནུས་པ་དེ། ཆོས་དེ་ཤུགས་ལ་རྟོགས་པའི་མཚན་ཉིད། མཚན་གཞི་ནི། མི་རྟག་པའི་རྣམ་པ་ཤར་ནས་མི་རྟག་པ་མ་ཡིན་པ་ལས་ལོག་པ་ཤུགས་ལ་རྟོགས་པ་ལྟ་བུའོ། །

དངོས་རྟོགས་དང་ཤུགས་རྟོགས་ཀྱི་ཚུལ་ལ།

ཚད་མ་དང་ཚད་མིན་གྱི་དངོས་རྟོགས་ཤུགས་རྟོགས་གཉིས་ལས། དང་པོ་ཚད་མས་དངོས་རྟོགས་ཤུགས་རྟོགས་ལ། མངོན་སུམ་གྱིས་དངོས་རྟོགས་ཤུགས་རྟོགས་དང༌། རྗེས་དཔག་གིས་དངོས་རྟོགས་ཤུགས་རྟོགས་དང་གཉིས་ཡོད་པའི་ཕྱིར་རོ། །

གཉིས་པ་མ་རྟོགས་པའི་བློ་ལ།

མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། རང་གི་གཞལ་བྱ་ལ་སྒྲོ་འདོགས་བཅད་སྟོབས་ཀྱིས་ངེས་པ་མི་འདྲེན་པའི་རིག་པ་དེ། མ་རྟོགས་པའི་བློའི་མཚན་ཉིད། མཚན་གཞི་ནི། ཡིད་དཔྱོད་ལྟ་བུའོ། །

གཉིས་པ་དབྱེ་བ་ནི། མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ། དང་པོ་ལ་སྣང་ལ་མ་ངེས་པ་དང༌། རྟོག་མེད་ལོག་ཤེས་གཉིས་ཡོད། གཉིས་པ་ལ་རང་ཡིན་གྱི་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཡོད། གསུམ་པ་ལ་གོང་ལྟར་གསུམ་ཡོད་པའོ། །

གསུམ་པ་ཚད་མ་དང་ཚད་མིན་གཉིས་སུ་དབྱེ་བ།

གསུམ་པ་ཚད་མ་དང་ཚད་མིན་གཉིས་སུ་དབྱེ་བ་ལ།

ཚད་མ་བཤད་པ་དང༌། ཚད་མིན་བཤད་པ་གཉིས། དང་པོ་ཚད་མའི་ངོ་བོ་འཆད་པ་ལ། ཚད་མ་མདོ་ལས། ཚད་མར་གྱུར་བ་འགྲོ་ལ་ཕན་བཞེད་པ། །ཞེས་དང༌། རྣམ་འགྲེལ་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །དོན་བྱེད་ནུས་པར་གནས་པ་ན། །མི་བསླུ། ཞེས་དང༌། མ་ཤེས་དོན་ཀྱི་གསལ་བྱེད་ཀྱང༌། །ཞེས་པའི་གཞུང་འདི་དག་བྱུང༌། ཚད་མའི་གྲངས་ངེས་འཆད་པ་ལ། ཚད་མ་མདོ་ལས། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། །ཞེས་དང༌། རྣམ་འགྲེལ་ལས། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་དང༌། རྣམ་འགྲེལ་གྱི་འགྲེལ་བཤད་རིན་ཆེན་ཕྲེང་བ་ལས། ཚད་མའི་གྲངས་བྱེད་པ་ན་ཆོས་ཅན། ཚད་མའི་ཁྱད་པར་ལ་མངོན་སུམ་རྗེས་དཔག་གཉིས་སུ་གྲངས་ངེས་ཏེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་སོགས་ཀྱི་གཞུང་འདི་དག་བྱུང༌། གྲངས་ངེས་ཀྱི་དགོས་པ་དེ་ཉིད་འཆད་པར་བྱེད་པ་ལ། རྣམ་འགྲེལ་ལེའུ་གསུམ་པ་ལས། དེ་ཕྱིར་ཚད་མ་གཉིས་མཐོང་བའི། །གཅིག་དང་གསུམ་ལ་སོགས་པ་སེལ། །ཞེས་དང༌། དེའི་ཐར་འབྱུང་སྦས་པའི་རྟོག་གེའི་སྐད་ལས། གཉིས་ཞེས་སྨོས་པས་གཅིག་དང་གསུམ་དང་བཞི་དང་ལྔ་དང་དྲུག་དང་བདུན་དུ་འདོད་པ་སེལ་བ་ཡིན་པའི་ཕྱིར། ཞེས་དང༌། རྣམ་འགྲེལ་གྱི་འགྲེལ་བཤད་རིན་ཆེན་ཕྲེང་བ་ལས། གྲངས་ཅན་པ་ནི། མངོན་སུམ་རྗེས་དཔག་སྒྲ་བྱུང་དང་གསུམ་ཁོ་ནའོ་ཞེས་ཟེར། རིགས་པ་ཅན་ནི་དེ་གསུམ་དང་དཔེ་ཉེར་འཇལ་དང་བཞི་ཁོ་ནའོ་ཟེར་རོ། །རྒྱལ་དཔོག་པ་ནི། དེ་བཞི་དང་དོན་གྱི་གོ་བ་དང༌། དངོས་པོ་མེད་པའི་ཚད་མ་དང་དྲུག་ཁོ་ནའོ་ཟེར། ཙ་ར་ཀ་པ་ནི། རིགས་པ་དང་མི་དམིགས་པ་དང་སྲིད་པ་དང་ཞེས་གྲགས་པ་དང༌། སྙམ་སེམས་པ་ཞེས་པ་གཞན་དག་ཀྱང་ཡོད་དོ་ཞེས་ཟེར་རོ། །ཞེས་དང༌། རྒྱང་འཕེན་པ་ནི། མངོན་སུམ་ཁོ་ན་ཚད་མ་ཡིན་གྱི་རྗེས་དཔག་ཚད་མ་མེད་དེ། རྟགས་ཐམས་ཅད་འཁྲུལ་བའི་ཕྱིར་རོ། །ཞེས་པ་ནས། དེ་དགག་པ་ནི། ཚད་མ་མདོར། མངོན་སུམ་དང་ནི་རྗེས་སུ་དཔག །ཞེས་སོགས་ཀྱི་གཞུང་འདི་དག་བྱུང༌། དེའི་མཐའ་དཔྱད་པ་ལ། དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག མི་བསླུ་བའི་ཤེས་པ་ཚད་མའི་མཚན་ཉིད་ཡིན་ཏེ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ། འོ་ན་ཁྱོད་ལྟར་ན་བཅད་ཤེས་ཆོས་ཅན། ཚད་མ་ཡིན་པར་ཐལ། མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རང་ཡུལ་དེ་གསར་དུ་རྟོགས་པའི་བློ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཚད་མ་རྣམ་འགྲེལ་ལས། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། ཞེས་དང༌། ཚད་མ་ཀུན་བཏུས་ལས། ཡང་ཡང་ཤེས་པ་མ་ཡིན་ཏེ། །ཐུག་པ་མེད་འགྱུར་དྲན་སོགས་བཞིན། །ཞེས་གསུངས་པའི་ཕྱིར། གཞན་ཡང་ཚད་མའི་མཚན་ཉིད་ཀྱི་ཟུར་དུ་གསར་དུ་ཞེས་སྨོས་དགོས་པར་ཐལ། གསར་དུ་ཞེས་པས་དྲན་པ་སོགས་ཚད་མ་ཡིན་པ་བསལ་བ་ཡིན་པའི་ཕྱིར། དེར་ཐལ། ཛེ་ཏཱ་རིའི་བྱིས་པ་འཇུག་པའི་རྟོག་གེ་ལས། མ་བཟུང་བ་འཛིན་པ་སྨོས་པ་ནི་དྲན་པ་ལ་སོགས་པ་བསལ་ལོ། །ཞེས་གསུངས་པའི་ཕྱིར། ཚད་མའི་མཚན་ཉིད་ཀྱི་ཟུར་གྱི་ཤེས་པ་ཞེས་པའི་དོན་ཚང་ན་མི་བསླུ་བའི་དོན་ཚང་བས་མ་ཁྱབ་པར་ཐལ། སྨིག་རྒྱུ་ཆུར་འཛིན་གྱི་མིག་ཤེས་ལ་ཤེས་པ་ཞེས་པའི་དོན་ཚང་བ་གང་ཞིག མི་བསླུ་བ་ཞེས་པའི་དོན་མ་ཚང་བའི་ཕྱིར། རྟགས་དང་པོ་སླ། གཉིས་པ་གྲུབ་སྟེ། ཚད་མའི་མཚན་ཉིད་ཀྱི་ཟུར་དུ་མི་བསླུ་བ་སྨོས་པས་སྨིག་རྒྱུ་ཆུར་འཛིན་སོགས་ཚད་མ་ཡིན་པ་བསལ་བ་ཡིན་པའི་ཕྱིར། དེར་ཐལ། ཛེ་ཏཱ་རིའི་བྱིས་པ་འཇུག་པའི་རྟོག་གེ་ལས། བསླུ་བ་མེད་པ་ཅན་ཞེས་སྨོས་པས་བསླུ་བར་བྱེད་པའི་སྨིག་རྒྱུ་ལ་ཆུར་འཛིན་པ་ལ་སོགས་པ་བསལ་ལོ། །ཞེས་གསུངས་སོ། །ཚད་མའི་མཚན་ཉིད་ཀྱི་ཟུར་དུ་ཤེས་པ་སྨོས་པས་ནི་བྱེ་བྲག་སྨྲ་པས་མིག་དབང་གཟུགས་ཅན་པ་ཚད་མར་འདོད་པ་དང༌། རིགས་བྱེད་པས་རིགས་བྱེད་རྟག་པ་དང་རང་བྱུང་གི་ཚད་མར་འདོད་པ་ལ་སོགས་པ་བསལ་བའི་ཆེད་ཡིན་ཏེ། རྟོག་གེའི་སྐད་ལས། ཤེས་པ་ཞེས་སྨོས་པས་ནི་ཤེས་པ་མ་ཡིན་པའི་དབང་པོ་ལ་སོགས་པ་བསལ་ལོ། །ཞེས་གསུངས་པའི་ཕྱིར་རོ། །སྤྱིར་མི་བསླུ་བ་ལ་ཡུལ་མི་བསླུ་བ་དང༌། ཡུལ་ཅན་མི་བསླུ་བ་གཉིས་ཡོད་ཀྱང༌། ཚད་མའི་མཚན་ཉིད་ཀྱི་ཟུར་གྱི་མི་བསླུ་བ་ནི། ཡུལ་ཁོ་ན་ཡིན་ན་ཡུལ་སྟེང་དུ་ཚད་མས་གཞལ་བ་ལྟར་གྲུབ་པ། ཡུལ་ཅན་ཡིན་ན་དེའི་སྟེང་དུ་རང་གི་གཞལ་བྱ་གཞལ་བ་ལྟར་གྲུབ་པ་ཞིག་དགོས་སམ་སྙམ་སྟེ། ལྷ་དབང་བློའི་འགྲེལ་བ་ལས། དོན་གྱི་རང་གི་ནུས་པ་གྲུབ་ནས་ཇི་ལྟར་འདོད་པའི་དོན་དེ་ལྟ་བུའི་ངོ་བོ་མི་བསླུ་བ་ནི་ཡུལ་གྱི་ཆོས་དང༌། ཞེས་དང༌། ཤེས་པ་མི་བསླུ་བ་ནི་ཡུལ་ཅན་གྱི་ཆོས་ཅན་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

མཚན་ཉིད། དབྱེ་བ། གྲངས་ངེས་དང་གསུམ། དང་པོ་ནི། གསར་དུ་མི་བསླུ་བའི་ཤེས་པ། ཚད་མའི་མཚན་ཉིད་ཡིན་ཏེ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ། ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་དབྱེ་བ་ལ།

མངོན་སུམ་ཚད་མ་དང༌། རྗེས་དཔག་ཚད་མ་གཉིས། དང་པོའི་མཚན་ཉིད་ནི། རྟོག་བྲལ་མ་ཁྲུལ་བའི་གསར་དུ་མི་བསླུ་བའི་རིག་པ། མངོན་སུམ་ཚད་མའི་མཚན་ཉིད། མཚན་གཞི་ནི། ཡུལ་རྟོགས་པའི་སྔོ་འཛིན་མིག་ཤེས་སྐད་ཅིག་དང་པོ་ལྟ་བུའོ། །དབྱེ་ན། དབང་མངོན་ཚད་མ་དང༌། ཡིད་མངོན་ཚད་མ་དང༌། རང་རིག་ཚད་མ་དང༌། རྣལ་འབྱོར་མངོན་སུམ་ཚད་མ་དང་བཞི་ཡོད་ལ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་བྱུང་བའི་རྟོག་བྲལ་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་རིག་པ། དབང་མངོན་གྱི་ཚད་མའི་མཚན་ཉིད། དབྱེ་ན་ལྔ་ཡོད། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལ་བརྟེན་ནས་བྱུང་བའི་རྟོག་བྲལ་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་རིག་པ། ཡིད་མངོན་གྱི་ཚད་མའི་མཚན་ཉིད། མཐོང་ལམ་བར་ཆད་མེད་ལམ་ལྟ་བུའོ། །རྟོག་བྲལ་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་འཛིན་ནམ། རང་རིག་མངོན་སུམ་ཚད་མའི་མཚན་ཉིད། མཚན་གཞི་ནི། རྣམ་མཁྱེན་ཉམས་མྱོང་གི་འཛིན་རྣམ་ལྟ་བུའོ། །རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལས་བྱུང་ཞིང་རང་ཡུལ་ཡང་དག་པའི་དོན་ལ་རྟོག་བྲལ་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་ཤེས་པ། རྣལ་འབྱོར་མངོན་སུམ་ཚད་མའི་མཚན་ཉིད། མཚན་གཞི་ནི། རྣམ་མཁྱེན་དང༌། མཐོང་ལམ་མཉམ་བཞག་སྐད་ཅིག་དང་པོ་ལྟ་བུའོ། །

གཉིས་པ་རྗེས་དཔག་ཚད་མ་ལ།

མཚན་ཉིད། དབྱེ་བ་གཉིས། དང་པོ་ནི།

རང་གི་རྟེན་རྟགས་ཡང་དག་ལ་བརྟེན་ནས་གསར་དུ་མི་བསླུ་བའི་ཞེན་རིག རྗེས་དཔག་གི་ཚད་མའི་མཚན་ཉིད། མཚན་གཞི་ནི། དལ་འབྱོར་རྙེད་དཀའ་རྟོགས་པའི་རྗེས་དཔག་ལྟ་བུའོ། །དབྱེ་ན། དངོས་སྟོབས་རྗེས་དཔག་ཚད་མ་དང༌། གྲགས་པའི་རྗེས་དཔག་ཚད་མ་དང༌། ཡིད་ཆེས་རྗེས་དཔག་ཚད་མ་དང་གསུམ་ཡོད་པའོ། །

ཡང་ཚད་མ་རྣམ་འགྲེལ་ལས། རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན། །ཞེས་པའི་སྐབས་སུ་ཚད་མ་ལ་རང་ལས་ངེས་ཀྱི་ཚད་མ་དང༌། གཞན་ལས་ངེས་ཀྱི་ཚད་མ་གཉིས་བསྟན་པའོ། །ཁ་ཅིག་ན་རེ། ཚད་མ་ཡིན་ན་རང་ལས་ངེས་ཀྱི་ཚད་མ་ཡིན་པས་ཁྱབ་ཟེར་ན། རྒྱང་རིང་པོ་ནས་ཡལ་འདབ་ཅན་གྱི་ཤིང་རང་གི་ངོ་བོ་ངེས་ལ་ཁྱད་པར་མ་ངེས་པའི་དབང་པོའི་མངོན་སུམ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དབང་མངོན་ཚད་མ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། དེར་ཐལ། སྤྱི་རང་ལས་ངེས་ཤིང་ཁྱད་པར་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། དེར་ཐལ། འཐད་ལྡན་ལས། ཤིང་གི་ཁྱད་པར་ཉིད་མེད་ན་མི་འབྱུང་བ་ནི་གཞན་ལས་ངེས་སོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་གིས། རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད། རང་ཉིད་ཚད་མ་ཡིན་པར་ངེས་པ་ལ་བློ་གཞན་ལ་ལྟོས་མི་དགོས་པའི་རིག་པ། གཞན་ལས་ངེས་ཀྱི་ཚད་མའི་མཚན་ཉིད། དེ་ལྟར་ལྟོས་དགོས་པའི་རིག་པ་དེ་ཡིན་ཟེར་ན། དང་པོ་ལ་ཕའི་རྒྱུད་ཀྱི་བུའི་གཟུགས་འཛིན་པའི་དབང་མངོན་གོམས་པ་ཅན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཆོས་ཅན་དེའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། རང་ཉིད་ཚད་མ་ཡིན་པར་ངེས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་བཟུང་དོན་གྱི་ཡུལ་ཡིན་ན་ཤེས་པ་མ་ཡིན་དགོས་པའི་ཕྱིར། རྣམ་འགྲེལ་ལས། དབང་པོའི་སེམས་ནི་ངེས་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག་གིས་རང་ལས་ངེས་ཀྱི་ཚད་མ་ཡིན་ན་རང་ཚད་མ་ཡིན་པའི་ཆ་ལ་ཚད་མར་སོང་བས་ཁྱབ་པར་ཐལ། དེ་ལ་རང་ལས་ངེས་ཞེས་པའི་གོ་དོན་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། རང་གི་གཞལ་བྱའི་དོན་ཡུལ་སྟེང་དུ་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བའི་འབྲེལ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པ་དེ་དེའི་གོ་དོན་ཡིན་པའི་ཕྱིར་ཏེ། རྣམ་ངེས་ལས། མངོན་སུམ་ཡང་ནི་དོན་མེད་ན། །མི་འབྱུང་བ་ལ་ཚད་མ་ཡིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མངོན་སུམ་ཡང་ནི་ཞེས་པས་རང་ལས་ངེས་ཀྱི་མངོན་སུམ་གོམས་པ་ཅན་སོགས་དུ་མ་ཡོད་པ་མ་ཟད། རྗེས་དཔག་ཡིན་ན་རང་ལས་ངེས་ཀྱི་ཚད་མ་ཡིན་པས་ཁྱབ་པ་དེ་བསྟན། དོན་མེད་ན་ཞེས་པས་རང་གི་གཞལ་བྱའི་སྟེང་ན་དོན་གྲུབ་པ་མེད་ན་ཞེས་བསྟན། མི་འབྱུང་བ་ལ་ཞེས་པས་རང་གི་གཞལ་བྱའི་ཡུལ་སྟེང་དུ་གྲུབ་པ་མེད་ན་མི་འབྱུང་བའི་འབྲེལ་བ་དེ་དེའི་ཡུལ་དུ་བསྟན། ཚད་མ་ཡིན་ཞེས་པས་རང་གི་གཞལ་བྱའི་དོན་ཡུལ་སྟེང་དུ་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བའི་འབྲེལ་བ་ལ་ཚད་མར་འགྲོ་ཚུལ་བསྟན་པའི་ཕྱིར་རོ། །དེས་ན། རང་གི་གཞལ་བྱའི་ཡུལ་སྟེང་དུ་དོན་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བའི་འབྲེལ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཚད་མ་དེ། རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད། མཚན་གཞི་ནི། རྗེས་དཔག་ལྟ་བུའོ། །རྣལ་འབྱོར་མངོན་སུམ་ཐམས་ཅད་དང༌། རང་རིག་མངོན་སུམ་དུ་གྱུར་བའི་ཚད་མ་དང༌། མངོན་སུམ་གོམས་པ་ཅན་དང༌། རྗེས་དཔག་ཚད་མ་ཐམས་ཅད་རང་ལས་ངེས་ཀྱི་ཚད་མ་ཡིན་ཏེ། རྟོག་གེའི་སྐད་ལས། རྣལ་འབྱོར་བའི་ཤེས་པ་དང༌། རང་རིག་པའི་ཤེས་པ་ནི་རང་ཉིད་ཁོ་ན་ལས་ཚད་མ་ཉིད་དོ། །རྗེས་སུ་དཔག་པ་ནི་ངེས་པའི་བདག་ཉིད་ཀྱི་ཕྱིར་རང་ཉིད་ཁོ་ན་ལས་ཚད་མའོ། །ཞེས་སློབ་དཔོན་གྱིས་གསུངས་སོ། །ཞེས་གསུངས་པའི་ཕྱིར་རོ། །རང་གི་གཞལ་བྱའི་ཡུལ་སྟེང་དུ་དོན་མ་གྲུབ་ན་རང་ཉིད་མི་འབྱུང་བ་ལ་ངེས་པ་གཞན་སྟོབས་ཀྱིས་འདྲེན་པར་བྱེད་པའི་ཚད་མ། གཞན་ལས་ངེས་ཀྱི་ཚད་མའི་མཚན་ཉིད། མཚན་གཞི་ནི། དོན་ལ་མེའི་ཁ་དོག་ཡིན་ཞིང་རྒྱང་རིང་པོ་ནས་ཁ་དོག་དམར་ལམ་པ་ཙམ་རྟོགས་པའི་དབང་མངོན་ལྟ་བུའོ། །དེ་ལ་དབྱེ་ན། མངོན་སུམ་དང་པོ་བ་དང༌། མངོན་སུམ་ཡིད་མ་གཏད་པ་དང༌། འཁྲུལ་རྒྱུ་ཅན་དང་གསུམ་ཡོད་དེ། ཨུཏྤལ་ངོ་མི་ཤེས་པའི་གང་ཟག་གི་རྒྱུད་ཀྱི་ཨུཏྤལ་ལའི་སྟེང་གི་ཁ་དོག་སྔོ་ཙམ་རྟོགས་པའི་དབང་མངོན་ལྟ་བུ་དང་པོ་ཡིན། ཡིད་གཟུགས་མཛེས་པ་ལ་ཆགས་དུས་ཀྱི་སྒྲ་འཛིན་གཞན་ལས་ངེས་ཀྱི་དབང་མངོན་ལྟ་བུ་གཉིས་པ་ཡིན། རྒྱང་རིང་པོ་ནས་མེའི་ཁ་དོག་མཐོང་བ་ལ་མེའི་ཁ་དོག་ཡིན་མིན་གྱི་ཐེ་ཚོམ་འདྲེན་པའི་མངོན་སུམ་ཚད་མ་ལྟ་བུ་གསུམ་པ་ཡིན་པའི་ཕྱིར་རོ། །

གསུམ་པ་ཚད་མའི་གྲངས་ངེས།

གསུམ་པ་ཚད་མའི་གྲངས་ངེས་ལ།

དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། ཚད་མ་ལ་མངོན་སུམ་དང་རྗེས་དཔག་གི་ཚད་མ་གཉིས་སུ་གྲངས་ངེས་པའི་རྒྱུ་མཚན་ཡོད་དེ། ཚད་མ་གཉིས་ཀྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དེར་ཐལ། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ། འོ་ན་ཚད་མ་གཉིས་ཀྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་སོ་སོར་ངེས་པར་ཐལ། འདོད་པའི་ཕྱིར། འདོད་ན། རྗེས་དཔག་ཚད་མའི་གཞལ་བྱ་ལ་སྤྱི་མཚན་གྱིས་ཁྱབ་པ་དང༌། མངོན་སུམ་ཚད་མའི་གཞལ་བྱ་ལ་རང་མཚན་གྱིས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་རེ་རེའི་གཞལ་བྱ་ལ་རང་སྤྱི་གཉིས་གཉིས་ཡོད་པའི་ཕྱིར། དེར་ཐལ། རང་སྤྱི་གང་རུང་ཡིན་ན་རང་ཉིད་རྟོགས་པའི་ཚད་མ་གཉིས་པོ་རེ་རེ་ནས་ཡོད་པས་ཁྱབ་པའི་ཕྱིར། དེར་ཐལ། ཚད་མ་དེ་གཉིས་ཀྱི་གཞལ་བྱ་ལ་གཉིས་གཉིས་ཡོད་པའི་ཕྱིར་ཏེ། བྱིས་པ་འཇུག་པའི་རྟོག་གེའི་སྐད་ལས། དེ་ལྟར་ན་ནི་ཚད་མའི་ཡུལ་ནི་རྣམ་པ་གཉིས་ཏེ་བཟུང་བར་བྱ་བ་དང་ཞེན་པར་བྱ་བའོ། །ཞེས་གསུངས་པའི་ཕྱིར་རོ། །ཚད་མ་ཡིན་ན་རང་ཡིན་པར་གྱུར་བའི་མངོན་རྗེས་གང་རུང་ཡིན་པས་ཁྱབ་པར་ཐལ། དེ་ལ་དེ་གཉིས་སུ་གྲངས་ངེས་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། འོ་ན་ཁྱོད་རང་ལ་གྲངས་ངེས་ཡིན་ན་དངོས་འགལ་གཅོད་པའི་གྲངས་ངེས་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། གྲངས་ངེས་དེ་ལ་ལོག་རྟོག་སེལ་བའི་གྲངས་ངེས། དགོས་པ་ཅན་གྱི་གྲངས་ངེས། རིགས་བསྡུས་ཀྱི་གྲངས་ངེས། དངོས་འགལ་གཅོད་པའི་གྲངས་ངེས་དང་བཞི་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཚད་མ་ལ་རང་ཡིན་པར་གྱུར་བའི་མངོན་རྗེས་གཉིས་སུ་གྲངས་ངེས་པ་དེ་དངོས་འགལ་གཅོད་པའི་གྲངས་ངེས་མ་ཡིན་པ་གང་ཞིག ལོག་རྟོག་སེལ་བའི་གྲངས་ངེས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཚད་མ་ཡིན་ན་དེ་གཉིས་གང་རུང་ཡིན་པས་མ་ཁྱབ་པའི་ཕྱིར། ཁྱབ་སྟེ། དངོས་འགལ་གཅོད་པའི་གྲངས་ངེས་ལ་ནི། ཤེས་བྱ་ལ་རྟག་མི་རྟག་གཉིས་སུ་གྲངས་ངེས་པ་དེ་དངོས་འགལ་གཅོད་པའི་གྲངས་ངེས་ཡིན་པས་དེ་གཉིས་གང་རུང་མ་ཡིན་པའི་ཤེས་བྱ་མེད་པ་ལྟ་བུ་གཅིག་དགོས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་གཉིས་སུ་གྲངས་ངེས་པ་དེ་ཚད་མ་ལ་གཅིག་དང་གསུམ་དང་བཞི་དང་ལྔ་ལ་སོགས་པ་འདོད་པའི་ལོག་རྟོག་སེལ་བའི་གྲངས་ངེས་ཡིན་པའི་ཕྱིར་ཏེ། རྟོག་གེ་སྐད་ལས། རྣམ་པ་གཉིས་ཞེས་པའི་ཚིག་གིས་གཅིག་དང་གསུམ་དང་བཞི་དང་ལྔ་དང་དྲུག་ཅེས་ལོག་པར་རྟོག་པ་རྣམས་བསལ་བའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་རང་ལུགས་ལ། ཚད་མ་ལ་གཉིས་སུ་གྲངས་ངེས་ཏེ། དེ་ལ་མངོན་སུམ་ཚད་མ་དང༌། རྗེས་དཔག་ཚད་མ་གཉིས་སུ་གྲངས་ངེས་པའི་ཕྱིར། ཚད་མ་ལ་དེ་གཉིས་སུ་གྲངས་ངེས་བྱས་པའི་དགོས་པ་ཡོད་དེ། དེ་ལ་གཅིག་ཏུ་གྲངས་ངེས་པ་དང་གསུམ་དུ་གྲངས་ངེས་པ་སོགས་འདོད་པའི་ལོག་རྟོག་སེལ་བའི་ཆེད་ཡིན་པའི་ཕྱིར། ཚད་མ་ལ་དེ་གཉིས་སུ་གྲངས་ངེས་པའི་རྒྱུ་མཚན་ཡོད་དེ། དེའི་གཞལ་བྱ་ལ་སྣང་ཡུལ་གྱི་རང་སྤྱི་གཉིས་སུ་གྲངས་ངེས་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དེར་ཐལ། གཞལ་བྱ་རང་མཚན་སྣང་ཡུལ་དུ་བྱེད་པའི་སྒོ་ནས་མངོན་སུམ་ཚད་མ་དང༌། སྤྱི་མཚན་སྣང་ཡུལ་དུ་བྱེད་པའི་སྒོ་ནས་རྗེས་དཔག་གཉིས་སུ་གྲངས་ངེས་པ་ཡིན་པའི་ཕྱིར། གཞན་ཡང་གཞལ་བྱ་ཆོས་ཅན། ཁྱོད་ལ་མངོན་ལྐོག་གཉིས་སུ་གྲངས་ངེས་པར་ཐལ། གཞལ་བྱ་དེ་རང་ལ་མངོན་སུམ་དུ་སྣང་བའི་སྒོ་ནས་འཇལ་བ་དང༌། རང་ལ་ལྐོག་ཏུ་གྱུར་བའི་སྒོ་ནས་འཇལ་བ་ལས་མ་གཏོགས་པའི་གཞལ་བྱ་འཇལ་ཚུལ་གཞན་ནི་ཡོད་པ་མ་ཡིན་པའི་ཕྱིར། དེས་ན། ཚད་མ་ཆོས་ཅན། ཁྱོད་ལ་མངོན་རྗེས་གཉིས་སུ་ངེས་ཏེ། གཞལ་བྱ་མངོན་ལྐོག་གཉིས་སུ་ངེས་ཤིང་མངོན་གྱུར་དངོས་སུ་འཇལ་བའི་མངོན་སུམ་ཚད་མ་དང༌། གཞལ་བྱ་ལྐོག་གྱུར་དངོས་སུ་འཇལ་བའི་ཚད་མ་རྗེས་དཔག་ཡིན་པ་ཉིད་ཡིན་པའི་ཕྱིར། དེའི་ཕྱིར་ཚད་མ་གསུམ་ལ་སོགས་པ་དང་གཅིག་ཁོ་ན་འདོད་པའི་གྲངས་ནི་བསལ་བ་ཡིན་ཏེ། རྣམ་འགྲེལ་ལས། མངོན་སུམ་ལྐོག་ཏུ་གྱུར་བ་ལས། །གཞལ་བྱ་གཞན་ནི་ཡོད་མ་ཡིན། །དེ་ཕྱིར་གཞལ་བྱ་གཉིས་ཉིད་ཀྱིས། །ཚད་མ་གཉིས་སུ་བཞེད་པ་དང༌། །གཞལ་བྱ་གཉིས་ནི་མཐོང་བའི་ཕྱིར། །གསུམ་གཅིག་གྲངས་ནི་གསལ་བ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་ཚད་མིན་བཤད་པ།

གཉིས་པ་ཚད་མིན་བཤད་པ་ལ།

མཚན་ཉིད། དབྱེ་བ་གཉིས། གསར་དུ་མི་བསླུ་བ་མ་ཡིན་པའི་རིག་པ། ཚད་མིན་གྱི་ཤེས་པའི་མཚད་ཉིད། མཚན་གཞི་ནི། སྒྲ་མི་རྟག་པར་རྟོགས་པའི་དཔྱད་ཤེས་དང༌། སྒྲ་རྟག་འཛིན་རྟོག་པ་ལྟ་བུའོ། །ཚད་མིན་གྱི་ཤེས་པ་ནི་དཔྱད་ཤེས་ལྟ་བུ་ཡུལ་ལེགས་པར་ངེས་པས་ཡུལ་དང་འཛིན་སྟངས་མི་བསླུ་བ་ཡིན་ཡང་རང་ཡུལ་གསར་དུ་རྟོགས་པ་མ་ཡིན་པས་གསར་དུ་མི་བསླུ་བ་མ་ཡིན་པ་དང༌། ཡིད་དཔྱོད་ལྟ་བུ་རང་ཡུལ་གསར་དུ་རྟོགས་པར་བྱེད་བཞིན་པ་ཡིན་ཡང་འཛིན་སྟངས་མི་བསླུ་བ་མ་ཡིན་པ་ལྟ་བུ་གསར་དུ་མི་བསླུ་བ་མ་ཡིན་པའི་རིག་པ་སྟེ། མདོར་ན་རང་ཡུལ་གསར་དུ་རྟོགས་པ་དང་མི་བསླུ་བ་དང་ཁྱད་པར་གཉིས་ཀ་དང་མི་ལྡན་པའི་རིག་པ་དེ་ཡིན་ཞེས་པའོ། །

གཉིས་པ་དབྱེ་བ་ལ།

བཅད་ཤེས་དང༌། ཡིད་དཔྱོད་དང༌། སྣང་ལ་མ་ངེས་པའི་བློ་དང༌། ཐེ་ཚོམ་དང༌། ལོག་ཤེས་དང་ལྔ་ཡོད་ལ། དེ་དག་གི་ངོ་བོ་སོགས་གོང་དུ་བཤད་ཟིན་ཏོ། །དེ་དག་ཆོས་ཅན། ཚད་མིན་གྱི་ཤེས་པ་ཡིན་ཏེ། དཔྱད་ཤེས་མི་བསླུ་བའི་ཤེས་པ་ཡིན་ཡང་གསར་རྟོགས་ཀྱི་ཤེས་པ་མ་ཡིན། ཡིད་དཔྱོད་གསར་དུ་རང་ཡུལ་ཡོད་པ་ཞིག་འཛིན་པའི་བློ་ཡིན་ཡང་ཡུལ་ལ་སྒྲོ་འདོགས་མ་ཆོད་པས་འཛིན་སྟངས་འགྱུར་བའི་བསླུ་བའི་ཤེས་པ་ཡིན་ལ། སྣང་ལ་མ་ངེས་པ་ནི། ཡུལ་མི་བསླུ་བ་གསལ་བར་སྣང་བའི་བློ་ཡིན་ཡང་ཡུལ་མ་རྟོགས་པས་འཛིན་སྟངས་འགྱུར་བའི་བསླུ་བའི་ཤེས་པ་ཡིན་ལ། ཐེ་ཚོམ་ནི་ཡུལ་མ་རྟོགས་པས་འཛིན་སྟངས་ལ་བསླུ་བ་དང༌། ལོག་ཤེས་ནི་ཡུལ་ཕྱིན་ཅི་ལོག་ཏུ་བཟུང་ཕྱིར་དེ་དང་འཛིན་སྟངས་འགལ་བའི་གཉེན་པོས་དེའི་འཛིན་སྟངས་འདོར་བར་འགྱུར་བས་ན་བསླུ་བའི་ཤེས་པ་ཡིན་པའི་ཕྱིར་རོ། །

བཞི་བ་རྟོག་བཅས་དང་རྟོག་མེད་གཉིས་སུ་དབྱེ་བ།

བཞི་བ་རྟོག་བཅས་དང་རྟོག་མེད་གཉིས་སུ་དབྱེ་བ་ལ།

རྟོག་པ་བཤད་པ་དང༌། རྟོག་མེད་བཤད་པ་གཉིས། དང་པོ་ནི། རྣམ་འགྲེལ་ལས། མིང་དང་རིགས་སོགས་སྦྱོར་བ་ཡིས། །རྟོག་པ། ཞེས་དང༌། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་འདོད། །ཞེས་པའི་གཞུང་འདི་དག་བྱུང༌། མཐའ་དཔྱད་པ་ལ། དགག་བཞག་གཉིས་ལས། དང་པོ་ནི། རྟོག་པ་ཡིན་ན་སྒྲ་སྤྱི་ཁྱོད་ཀྱི་སྣང་ཡུལ་ཡིན་པས་ཁྱབ་ཟེར་ན། བ་ལང་གི་རྒྱུད་ཀྱི་བུ་འཛིན་རྟོག་པ་ཆོས་ཅན། སྒྲ་སྤྱི་སྣང་ཡུལ་དུ་བྱས་པའི་རྟོག་པ་ཡིན་པར་ཐལ། རྟོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། བརྡ་མི་ཤེས་པའི་གང་ཟག་གི་རྒྱུད་ཀྱི་རྟོག་པ་ཡིན་པའི་ཕྱིར། གཞན་ཡང་སྒོམ་བྱུང་དུ་གྱུར་བའི་རྟོག་པ་ཆོས་ཅན། སྒྲ་སྤྱི་ཁྱོད་ཀྱི་སྣང་ཡུལ་ཡིན་པར་ཐལ། རྟོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། སྒྲ་སྤྱི་ཟད་པའི་རྟོག་པ་ཡིན་པའི་ཕྱིར། དེར་ཐལ། སྒོམ་བྱུང་ཡིན་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

མཚན་ཉིད། དབྱེ་བ་གཉིས། སྒྲ་དོན་སྣང་ཡུལ་དུ་བྱེད་པའི་ཞེན་རིག རྟོག་པའི་མཚན་ཉིད། མཚན་གཞི་ནི། བུམ་པ་འཛིན་པའི་ཞེན་རིག་ལྟ་བུའོ། །མཚན་ཉིད་དེའི་ཟུར་གྱི་སྒྲ་དོན་ཞེས་པ་ནི་རྟོག་པའི་སྣང་ཡུལ་བྱེད་པ་ལས་སྒྲ་སྤྱི་དོན་སྤྱི་སོ་སོར་བྱེད་པ་མ་ཡིན་ལ། དེ་ཡང༌། སྒྲ་དོན་ཆོས་ནི་རྣམ་པ་གསུམ། །ཞེས་པའི་སྒྲ་དོན་དང་འདྲ་བའོ། །སྒྲ་དོན་འདྲེས་རུང་ཞེས་པ་ནི་སྒྲ་སྤྱི་དང་དོན་སྤྱི་སོ་སོར་བྱེད་པ་ཡིན་པར་ཤེས་དགོས་སོ། །ཡང་ན་རྟོག་པའི་མཚན་ཉིད་ཡོད་དེ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། བརྗོད་བྱ་རྗོད་བྱེད་འདྲེས་རུང་སྣང་བའི་བློ། ཞེས་གསུངས་ལ། དེ་ལྟར་རྣམ་ངེས་ལས་གསུངས་ཏེ། ཇི་སྐད་དུ། རྟོག་པ་ནི་རྗོད་པ་དང་འདྲེས་རུང་བར་སྣང་བའི་ཤེས་པ་སྟེ། ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་ལ་དབྱེ་ན།

རྟོག་པ་དོན་མཐུན་དང༌། དོན་མི་མཐུན་གཉིས་ཡོད། རང་གི་འཛིན་སྟངས་ལ་མ་འཁྲུལ་བའི་ཞེན་རིག རྟོག་པ་དོན་མཐུན་གྱི་མཚན་ཉིད། མཚན་གཞི་ནི། འཆི་བ་མི་རྟག་པ་རྟོགས་པའི་ཞེན་རིག་ལྟ་བུའོ། །རང་གི་འཛིན་སྟངས་ལ་འཁྲུལ་བའི་རིག་པ། རྟོག་པ་དོན་མི་མཐུན་གྱི་མཚན་ཉིད། མཚན་གཞི་ནི། ཚེ་འདི་རྟག་པར་འཛིན་པའི་ཞེན་རིག་ལྟ་བུའོ། །ཐབས་ཁྱད་པར་ཅན་གྱི་རྟོག་པ་རྣམས་ཀྱི་འཛིན་སྟངས་ཀྱི་ཡུལ་ཡོད་མེད་དཔྱད་པར་བྱའོ། །

ཡང་རྟོག་པ་ལ་དབྱེ་ན། ཐོས་བྱུང་དང༌། བསམ་བྱུང་དང༌། སྒོམ་བྱུང་དུ་གྱུར་བའི་རྟོག་པ་གསུམ་ཡོད། སྒྲ་སྤྱི་ཙམ་གྱི་སྒོ་ནས་ངེས་པ་རྙེད་པའི་ཞེན་རིག་དེ། ཐོས་བྱུང་དུ་གྱུར་བའི་རྟོག་པའི་མཚན་ཉིད། མཚན་གཞི་ནི། སྒྲ་མི་རྟག་པ་འཛིན་པའི་ཡིད་དཔྱོད་ལྟ་བུའོ། །དོན་ལ་བསམ་ནས་ཚད་མས་ངེས་པ་རྙེད་པའི་ཞེན་རིག བསམ་བྱུང་དུ་གྱུར་བའི་རྟོག་པའི་མཚན་ཉིད། མཚན་གཞི་ནི། སྡུག་བདེན་མི་རྟག་པ་རྟོགས་པའི་རྗེས་དཔག་ལྟ་བུའོ། །བསམ་བྱུང་གི་དོན་ལ་ཡང་ཡང་འདྲིས་པར་བྱས་པའི་ཤིན་སྦྱངས་ཁྱད་པར་ཅན་གྱིས་ཟིན་པའི་ཞེན་རིག་དེ། སྒོམ་བྱུང་དུ་གྱུར་བའི་རྟོག་པའི་མཚན་ཉིད། མཚན་གཞི། བསམ་གཏན་གྱི་དངོས་གཞི་གྱུར་བའི་ཞེན་རིག་ལྟ་བུའོ། །གཞན་ཡང་རྟོག་པ་ལ་དབྱེ་ན། མིང་སྦྱོར་རྟོག་པ་དང༌། དོན་སྦྱོར་རྟོག་པ་གཉིས། བརྡ་དུས་ཀྱི་དོན་དང༌། ཐ་སྙད་དུས་ཀྱི་མིང་སྦྱར་ནས་འཛིན་པའི་ཞེན་རིག་དེ། མིང་སྦྱོར་རྟོག་པའི་མཚན་ཉིད། མཚན་གཞི་ནི། ལྟོ་ལྡིར་བ་ལ་བུམ་པའོ་སྙམ་དུ་འཛིན་པའི་རྟོག་པ་ལྟ་བུའོ། །དོན་ལ་མིང་གི་ཐ་སྙད་མ་སྦྱར་བར་འཛིན་པའི་རྟོག་པ་དེ། དོན་སྦྱོར་རྟོག་པའི་མཚན་ཉིད། མཚན་གཞི་ནི་སྐྱེས་བུ་རྟ་ཞོན་པ་འདི་སུ་ཡིན་སྙམ་དུ་འཛིན་པའི་རྟོག་པ་ལྟ་བུ་དང༌། སྒོམ་བྱུང་གི་རྟོག་པ་ལྟ་བུའོ། །

གཉིས་པ་རྟོག་མེད་བཤད་པ།

གཉིས་པ་རྟོག་མེད་བཤད་པ་ལ།

རྣམ་འགྲེལ་ལས། གསལ་བར་སྣང་བ་ཅན་བློ་གང༌། །དེ་ནི་དེ་ལ་རྟོག་མེད་འདོད། །ཅེས་དང༌། མངོན་སུམ་ལེའུ་ལས། རྟོག་པའི་དྲ་བ་རྣམ་བསལ་བས། །གསལ་བ་ཉིད་དུ་སྣང་བ་ཡིན། །ཞེས་པའི་གཞུང་འདི་དག་བྱུང༌། རང་ཡུལ་གསལ་བར་སྣང་བའི་བློ་དེ་རྟོག་མེད་ཤེས་པའི་མཚན་ཉིད་ཡིན་ཏེ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། རང་ཡུལ་གྱི་རྣམ་པ་གསལ་བར་སྣང་བའི་བློའོ། །ཞེས་གསུངས་པའི་ཕྱིར། དེ་ལ་དབྱེ་ན། མངོན་སུམ་དང༌། མེད་པ་གསལ་སྣང་ཅན་གྱི་རྟོག་མེད་ལོག་ཤེས་གཉིས་ཡོད་དོ། །

ལྔ་བ་འཁྲུལ་ཤེས་དང་མ་འཁྲུལ་བའི་ཤེས་པ་གཉིས་སུ་དབྱེ་བ།

ལྔ་བ་འཁྲུལ་ཤེས་དང་མ་འཁྲུལ་བའི་ཤེས་པ་གཉིས་སུ་དབྱེ་བ་ལ།

འཁྲུལ་ཤེས་དང༌། མ་འཁྲུལ་བའི་ཤེས་པ་བཤད་པ་ལ་གཉིས། དང་པོ་ནི། རང་གི་སྣང་ཡུལ་ལ་འཁྲུལ་བའི་རིག་པ། འཁྲུལ་ཤེས་ཀྱི་མཚན་ཉིད། མཚན་གཞི་ནི། གངས་རི་སྔོ་སྣང་གི་དབང་ཤེས་དང༌། སྒྲ་རྟག་འཛིན་རྟོག་པ་དང༌། སྒྲ་མི་རྟག་པར་འཛིན་པའི་རྟོག་པ་ལྟ་བུའོ། །འཁྲུལ་ཤེས་ནི་རང་གི་འཛིན་སྟངས་ཀྱི་ཡུལ་ལ་འཁྲུལ་མ་འཁྲུལ་གང་ཡིན་ཡང་སྣང་ཡུལ་དེ་མེད་པ་ཡོད་པར་འཁྲུལ་བའམ་དེ་མ་ཡིན་ལ་ཡིན་པར་སྣང་བའི་བློ་དེ་ཡིན་ནོ། །གངས་རི་སྔོ་སྣང་གི་དབང་ཤེས་ཆོས་ཅན། འཁྲུལ་ཤེས་ཡིན་ཏེ། གངས་རི་སྔོན་པོ་མ་ཡིན་བཞིན་དུ་དེར་འཁྲུལ་བའི་ཕྱིར། སྒྲ་རྟག་པར་འཛིན་པའི་རྟོག་པ་ཆོས་ཅན། འཁྲུལ་ཤེས་ཡིན་ཏེ། ཁྱོད་སྒྲ་རྟག་པའི་དོན་སྤྱི་དེ་སྒྲ་རྟག་པ་མ་ཡིན་བཞིན་དེར་སྣང་བའི་ཕྱིར། སྒྲ་མི་རྟག་པ་འཛིན་པའི་རྟོག་པ་ཆོས་ཅན། འཁྲུལ་ཤེས་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པའི་དོན་སྤྱི་དེ་སྒྲ་མི་རྟག་པ་མ་ཡིན་བཞིན་དུ་དེར་སྣང་བའི་ཤེས་པ་ཡིན་པའི་ཕྱིར་རོ། །གཉིས་པ་དེ་ལ་དབྱེ་ན། རྟོག་མེད་འཁྲུལ་ཤེས་དང༌། རྟོག་པ་འཁྲུལ་ཤེས་གཉིས་ཡོད་དོ། །ཡང་ན་འཁྲུལ་ཤེས་ལ་བློ་དོན་མཐུན་དང༌། དོན་མི་མཐུན་གཉིས་ཡོད། དང་པོ་ནི། རྟོག་པ་དོན་མཐུན་རྣམས་འཁྲུལ་ཤེས་དང་བློ་དོན་མཐུན་གྱི་གཞི་མཐུན་ཡིན་ནོ། །གཉིས་པ་མ་འཁྲུལ་བའི་ཤེས་པ་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། རང་གི་སྣང་ཡུལ་ལ་མ་འཁྲུལ་བའི་རིག་པ། མ་འཁྲུལ་བའི་ཤེས་པའི་མཚན་ཉིད། འདི་དང་རྟོག་མེད་མ་འཁྲུལ་བའི་ཤེས་པ་གཉིས་དོན་གཅིག གཉིས་པ་དབྱེ་བ་ལ། དབང་པོའི་མངོན་སུམ་དང༌། ཡིད་ཀྱི་མངོན་སུམ་དང༌། རྣལ་འབྱོར་མངོན་སུམ་དང་གསུམ་ཡོད་དོ། །སྣང་ཡུལ་ལ་མ་འཁྲུལ་བའི་ཤེས་པ་ཡིན་ན་འཛིན་སྟངས་ལ་མ་འཁྲུལ་བའི་ཤེས་པ་ཡིན་པས་ཁྱབ་སྟེ། རྟོག་པ་ཐམས་ཅད་སྣང་ཡུལ་ལ་མ་འཁྲུལ་བ་མེད་པས་སྣང་ཡུལ་ལ་མ་འཁྲུལ་བའི་ཤེས་པ་ཡིན་ན་རྟོག་མེད་ཡིན་དགོས། རྟོག་མེད་ཤེས་པ་རྣམས་སྣང་ཡུལ་ལ་འཁྲུལ་ན་འཛིན་སྟངས་ཀྱི་ཡུལ་ལ་འཁྲུལ་བས་ཁྱབ་པའི་ཕྱིར་རོ། །

དྲུག་པ་སེམས་སེམས་བྱུང་བཤད་པ།

དྲུག་པ་སེམས་སེམས་བྱུང་བཤད་པ་ལ།

དེ་གཉིས་ཀའི་མཚན་ཉིད་བཤད་པ། མཚུངས་ལྡན་རྣམ་པ་ལྔ་མཚུངས་བཤད་པ། དེ་གཉིས་རྫས་ཐ་དད་བཤད་པ། དེ་གཉིས་ཀྱི་དབྱེ་བ་བཤད་པ་དང་བཞི། དབུས་མཐའ་རྣམ་འབྱེད་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང༌། །ཞེས་གསུང་པ་ལྟར། དོན་གྱི་ངོ་བོ་རིག་པར་བྱེད་པའི་ཤེས་པ། སེམས་ཀྱི་མཚན་ཉིད། མཚན་གཞི་ནི། མིག་གི་རྣམ་པར་ཤེས་པ་ལྟ་བུའོ། །རྣམ་པར་ཤེས་པའི་མཚན་ཉིད་དམ་རང་བཞིན་ནི། ཡུལ་གྱི་ངོ་བོ་རྣམ་པར་རིག་ཅིང་ཤེས་པར་བྱེད་པའི་མཚན་ཉིད་ཅན་ཏེ། རང་རང་གི་དམིགས་པའི་ངོ་བོ་སོ་སོར་རྟོགས་པའི་རང་བཞིན་ཅན་ནི་སེམས་སམ་རྣམ་པར་ཤེས་པ་ཞེས་བྱའོ། །དོན་གྱི་ཁྱད་པར་རིག་པར་བྱེད་པའི་ཤེས་པ། སེམས་བྱུང་གི་མཚན་ཉིད། མཚན་གཞི་ནི། དད་པ་དང༌། བརྩོན་འགྲུས་ལྟ་བུའོ། །དེའང་གཟུགས་སྒྲ་ལ་སོགས་པའི་ཆོས་ཅན་རྟེན་ལྟ་བུར་སྣང་བ་ནི་དོན་གྱི་ངོ་བོ་ཡིན་ལ། དེ་རྣམས་དམིགས་པར་བྱེད་པ་རྣམ་པར་ཤེས་པའི་ཚོགས་བརྒྱད་ནི་སེམས་ཡིན་ཞིང༌། བདེ་སྡུག་གི་གནས་ཡིད་དུ་འོང་མི་འོང་ལ་སོགས་པ་དངོས་པོ་དེའི་ཆོས་བརྟེན་པ་ལྟ་བུར་སྣང་བ་ནི་དོན་གྱི་ཁྱད་པར་ཡིན་ལ། དེ་རྣམས་དམིགས་པར་བྱེད་པ་ཚོར་བ་ལ་སོགས་པ་ལྔ་བཅུ་རྩ་གཅིག་ནི་སེམས་ལས་བྱུང་བ་ཡིན་ནོ། །

གཉིས་པ་སེམས་སེམས་བྱུང་མཚུངས་ལྡན་རྣམ་པ་ལྔ་མཚུངས་བཤད་པ།

གཉིས་པ་སེམས་སེམས་བྱུང་མཚུངས་ལྡན་རྣམ་པ་ལྔ་མཚུངས་བཤད་པ་ནི།

ཕུང་བོ་ལྔ་པར། སེམས་ལས་བྱུང་བའི་ཆོས་རྣམས་གང་ཞེ་ན། ཆོས་གང་དག་སེམས་དང་མཚུངས་པར་ལྡན་པ་རྣམས་སོ། །ཞེས་པ་ལྟར་གཙོ་བོར་གྱུར་པའི་སེམས་དང་དེའི་འཁོར་དུ་གྱུར་བའི་སེམས་ལས་བྱུང་བ་དག་ནི་དོན་རྣམ་པ་ལྔས་ཕན་ཚུན་ལྷན་ཅིག་མི་འབྲལ་བར་གནས་པས་མཚུངས་པར་ལྡན་པ་སྟེ། དེ་ཡང༌། མཛོད་ལས། སེམས་དང་སེམས་བྱུང་དང༌། །རྟེན་དང་དམིགས་དང་རྣམ་བཅས་དང༌། །མཚུངས་པར་ལྡན་པ་རྣམ་པ་ལྔ། །ཞེས་པ་ལྟར་རྟེན་དང་དམིགས་པ་དང་རྣམ་པ་དང་དུས་དང་རྫས་མཚུངས་པའོ། །དེ་ལ་རྟེན་མཚུངས་པ་ནི། གཙོ་འཁོར་གཉིས་ཀ་དབང་པོ་གཅིག་ལ་བརྟེན་པ་སྟེ། མིག་གི་རྣམ་ཤེས་མིག་གི་དབང་པོ་ལ་བརྟེན་པ་ན་དེའི་འཁོར་ཚོར་བའང་མིག་གི་དབང་པོ་ལ་བརྟེན་པ་ལྟ་བུའོ། །དམིགས་པ་མཚུངས་པ་ནི། ཡུལ་གཅིག་ལ་དམིགས་པ་སྟེ། མིག་གི་རྣམ་ཤེས་གཟུགས་ལ་དམིགས་པ་ན་དེའི་འཁོར་ཚོར་བའང་གཟུགས་ལ་དམིགས་པ་ལྟ་བུའོ། །རྣམ་པ་མཚུངས་པ་ནི།འཛིན་སྟངས་ཀྱི་གཟུང་བྱ་གཅིག་པ་སྟེ། མིག་གི་རྣམ་ཤེས་སྔོན་པོའི་རྣམ་པ་ཅན་དུ་སྐྱེས་པ་ན་དེའི་འཁོར་ཚོར་བའང་སྔོན་པོའི་རྣམ་པ་ཅན་དུ་སྐྱེས་པ་ལྟ་བུའོ། །དུས་མཚུངས་པ་ནི།དུས་ཅིག་ཅར་དུ་འབྱུང་བ་མིག་གི་རྣམ་ཤེས་ནམ་བྱུང་བ་ན་དེའི་འཁོར་ཚོར་བའང་འབྱུང་བ་ལྟ་བུའོ། །རྫས་མཚུངས་པ་ནི། རིགས་འདྲ་གྲངས་མཉམ་པ་སྟེ། མིག་གི་རྣམ་ཤེས་རྫས་གཅིག་པ་ན་དེའི་འཁོར་ཚོར་བའང་རྫས་གཅིག་ཁོ་ན་ཡིན་པ་ལྟ་བུའོ། །མཚུངས་ལྡན་ལྔ་ཀ་སྨོས་པ་ནི། དམིགས་པ་མཚུངས་པ་ཙམ་ལས་མ་སྨོས་ན་རྣམ་ཤེས་གཞན་དང་ཡིད་ཤེས་ཀྱང་མཚུངས་ལྡན་དུ་ཐལ་བར་འགྱུར་བས་རྣམ་པ་མཚུངས་པའང་སྨོས་ལ། དེ་གཉིས་ལས་གཞན་མ་སྨོས་ན།གང་ཟག་གཉིས་ཀྱིས་ཟླ་བ་གང་བ་ལ་ལྟ་བའི་མིག་ཤེས་གཉིས་ཀྱང་མཚུངས་ལྡན་དུ་ཐལ་བར་འགྱུར་བས་རྟེན་མཚུངས་པའང་སྨོས་ཤིང༌། དེ་གསུམ་ལས་གཞན་མ་སྨོས་ན་མིག་ཤེས་དོན་མཐུན་སྔ་ཕྱི་གཉིས་ཀྱང་མཚུངས་ལྡན་དུ་ཐལ་བར་འགྱུར་བས་དུས་མཚུངས་པའང་སྦྱོར་ཏེ། དེ་བཞི་ལས་གཞན་མ་སྨོས་ན་ཁྲ་བོ་འཛིན་པའི་མིག་ཤེས་རྫས་དུ་མར་འདོད་པའི་ལོག་རྟོག་འབྱུང་བས་དེ་སེལ་བ་ལ་རྫས་མཚུངས་པའང་སྨོས་སོ། །བྱེ་བཤད་ལས་ཀྱང༌། གནས་དང་དམིགས་པ་དང་རྣམ་པ་དང་རྫས་མཚུངས་པ་ཉིད་རྣམས་ལས་སེམས་ཀྱི་རྗེས་སུ་འབྲངས་པའི་ཕྱིར་མཚུངས་པར་ལྡན་པས་ན་མཚུངས་པར་ལྡན་པ་རྣམས་ཞེས་བྱའོ། །ཞེས་པ་ལྟར་རོ། །མཐུན་རྟོགས་ཀྱི་མཚུངས་ལྡན་ནི། མངོན་པ་ཀུན་བཏུས་ལས། མཐུན་པར་རྟོགས་པའི་མཚུངས་པར་ལྡན་པ་གང་ཞེ་ན། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དམིགས་པ་གཅིག་ལ་མཐུན་པར་རྟོགས་པའོ། །མཐུན་པར་རྟོགས་པའི་མཚུངས་པར་ལྡན་པ་དེ་ཡང༌། གཞན་གྱི་དངོས་པོ་དང་ཡིན་གྱི་བདག་གི་དངོས་པོས་ནི་མ་ཡིན་ནོ། །མཐུན་པ་གཉིས་ཡིན་གྱི་མི་མཐུན་པ་གཉིས་ནི་མ་ཡིན་ནོ། །དུས་འདྲ་བ་གཉིས་ཡིན་གྱི་དུས་མི་འདྲ་བ་གཉིས་ནི་མ་ཡིན་ནོ། །མཐུན་པའི་ཁམས་དང་ས་བ་གཉིས་ཡིན་གྱི་མི་མཐུན་པའི་ཁམས་དང་ས་བ་གཉིས་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །སེམས་དང་སེམས་བྱུང་གཉིས་ཀས་གཟུགས་ལ་སོགས་པའི་རྣམ་པ་མཐུན་པར་འཛིན་པས་རྣམ་པ་མཚུངས་པར་བཞག་ཅིང༌། གཟུགས་སོགས་ཀྱི་ངོ་བོའི་རྣམ་པ་དང་ཁྱད་པར་གྱི་རྣམ་པ་མི་འདྲ་བར་འཛིན་པས།མི་མཚུངས་པའི་ཁྱད་པར་ཡང་རྣམ་པར་འཇོག་སྟེ། དཔེར་ན་མིག་གི་རྣམ་ཤེས་ཀྱིས་གཟུགས་ཀྱི་ངོ་བོའི་རྣམ་པ་འཛིན་པ་ན། དེའི་འཁོར་རེག་པས་གཟུགས་ཀྱི་ཁྱད་པར་སྡུག་མི་སྡུག་ལ་སོགས་པའི་རྣམ་པ་འཛིན་ཞིང༌། ཚོར་བས་ཕན་གནོད་ལ་སོགས་པའི་རྣམ་པ་འཛིན་ལ། འདུ་ཤེས་ཀྱིས་ཐ་སྙད་སྣ་ཚོགས་སུ་གདགས་པར་བྱ་བའི་མཚན་མའི་རྣམ་པ་འཛིན་པ་ལྟ་བུའོ། ། དེ་ལྟར་ཡང་ཡིད་ཀྱི་ས་ལས།གང་སྡུག་པ་དང་མི་སྡུག་པ་དང་གཉིས་ཀ་ལས་བཟློག་པའི་མཚན་ཉིད་དེ་རེག་པས་རིག་པར་བྱེད་དོ། །དེ་ཉིད་ལས་གང་ཕན་པ་དང་གནོད་པ་གཉིས་ཀ་ལས་བཟློག་པའི་མཚན་ཉིད་དེ་ཚོར་བས་རིག་པར་བྱེད་དོ། །དེ་ཉིད་ལས་གང་སྐྱེས་པ་དང་བུད་མེད་ལ་སོགས་པའི་ཐ་སྙད་ཀྱི་མཚན་མའི་མཚན་ཉིད་དེ་འདུ་ཤེས་ཀྱིས་རིག་པར་བྱེད་དོ། །ཞེས་གསུངས་ཤིང༌། མཛོད་འགྲེལ་ལས་ཀྱང༌། རྣམ་པ་རེ་རེ་ནས་བྱེ་བྲག་ཏུ་གཅོད་པའི་ཕྱིར་རྣམ་པ་དང་བཅས་པ་རྣམས་སོ། །ཞེས་པ་དང༌། དེའི་འགྲེལ་བཤད་དུ། གང་བ་སྤེལ་གྱིས། རྣམ་པར་ཤེས་པ་སྔོན་པོ་ལ་སོགས་པའི་རྣམ་པ་བྱེ་བྲག་ཏུ་གཅོད་ལ། དམིགས་པ་དེ་ཉིད་ཚོར་བས་མྱོང་ངོ༌། །འདུ་ཤེས་ཀྱིས་ཡོངས་སུ་གཅོད་དོ། །ཞེས་པ་དང༌། རྒྱལ་པོའི་སྲས་ཀྱིས། དམིགས་པའི་དེ་ཉིད་ལ་རྣམ་པར་ཤེས་པས་སྤྱིའི་ངོ་བོར་དམིགས་པར་བྱ་བའི་ཚུལ་དུ་འཛིན་ལ། བྱེ་བྲག་གི་ངོ་བོར་ཚོར་བས་མྱང་བར་བྱ་བའི་ཚུལ་དུ་འཛིན་ཏོ། །འདུ་ཤེས་ཀྱིས་ཡོངས་སུ་གཅོད་པར་བྱ་བའི་ཚུལ་དུ་འཛིན་ཏོ་ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །

གསུམ་པ་སེམས་སེམས་བྱུང་རྫས་ཐ་དད་དུ་བཤད་པ།

གསུམ་པ་སེམས་སེམས་བྱུང་རྫས་ཐ་དད་དུ་བཤད་པ་ལ།

སློབ་དཔོན་ཟླ་བ་གྲགས་པས་ནི། སེམས་དང་སེམས་བྱུང་རྫས་ཐ་དད་དུ་བཞེད་དེ། ཇི་སྐད་དུ། དབུ་མ་ཕུང་བོ་ལྔ་བར། གཙོ་བོ་སེམས་ནི་སེམས་ལས་བྱུང་བ་མ་ཡིན་པར་ཇི་ལྟར་ཤེས། གང་སེམས་ཀྱི་བྱ་བའི་ངོ་བོ་ལོགས་ཤིག་ཏུ་རང་རྒྱུད་དུ་གྲུབ་པ། སེམས་པ་ཡིད་ཀྱི་ལས་དང༌། དད་པ་སེམས་ཀྱི་དྭངས་པ་དང༌། རྟོག་པ་སེམས་རྩིང་བ་ཞེས་བྱ་བ་ལ་སོགས་པར་བརྗོད་པས། སེམས་ལས་བྱུང་བ་སེམས་ཀྱི་གནས་སྐབས་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན༌། དོན་ཐ་དད་དུ་འགྱུར་བས་སོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །འཕགས་པ་ཐོགས་མེད་ཀྱི་བཞེད་པ་ནི། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དགེ་སྦྱོང་དང་བྲམ་ཟེ་ལ་ལ་མིང་ལས་སེམས་ཙམ་ཞིག་རྫས་སུ་འདོད་ལ། སེམས་ལས་བྱུང་བའི་ཆོས་རྣམས་ནི་མི་འདོད་པ་གང་དག་ཡོད་པ་དེའང་མི་འཐད་དོ། །ཞེས་པ་ལ་སོགས་པ་རྒྱས་པར་གསུངས་ནས། བསྡུས་པ་ནི། ལྔ་ཉིད་འཐད་པ་མེད་ཕྱིར་དང༌། །དེ་ཡི་གནས་སྐབས་སྐྱོན་ཕྱིར་དང༌། །བྱེད་རྒྱུ་བྱེ་བྲག་མེད་ཕྱིར་དང༌། །ལུང་དང་འགལ་བར་འགྱུར་ཕྱིར་རོ། །ཞེས་སེམས་ལས་བྱུང་བ་རྫས་སུ་མེད་ན་ཚོར་བ་འདུ་ཤེས་འདུ་བྱེད་གསུམ་རྣམ་ཤེས་སུ་འདུས་པས་ཕུང་བོ་ལྔའི་རྣམ་གཞག་མི་འཐད་པར་ཐལ་བའི་ཕྱིར་དང༌། ཅི་སྟེ་གནས་སྐབས་ཀྱི་བྱེ་བྲག་ལས་ལྔར་རྟོག་ན། གནས་སྐབས་དེ་དག་ཕན་ཚུན་བྱེད་ལས་ཐ་དད་ཡོད་ན་ནི་མཚན་ཉིད་མི་འདྲ་བས་རྫས་ཐ་དད་དུ་གྲུབ་ཅིང༌། མེད་ན་ཡང་གནས་སྐབས་ཐ་དད་དུ་བརྟག་པ་དོན་མེད་པའི་སྐྱོན་ཅན་དུ་འགྱུར་བའི་ཕྱིར་དང༌། སྐད་ཅིག་གཅིག་ལ་གནས་སྐབས་སྣ་ཚོགས་སུ་འགྱུར་བའི་བྱེད་རྒྱུ་ཁྱད་པར་ཅན་མེད་པའི་ཕྱིར་དང༌། ལུང་ལས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཉེ་བར་ཉོན་མོངས་ཅན་དུ་གྱུར་པའི་སེམས་ནི་རྣམ་པར་གྲོལ་ལོ་ཞེས་གསུངས་ཤིང༌། གཅིག་ལ་ནི་འཆིང་བྱ་འཆིང་བྱེད་གཉིས་མ་གྲུབ་པས་དེ་དག་འགལ་བའི་ཕྱིར་དང༌། ཡང་ལུང་ལས། ལྷན་ཅིག་སྐྱེས་པའི་ཚོར་བ་དང་འདུ་ཤེས་དང་སེམས་པ་ཞེས་གསུངས་ཤིང༌། གཅིག་ལ་ནི་ལྷན་ཅིག་དང་འདྲེས་པ་ལ་སོགས་པའི་སྒྲ་མི་རུང་བས་དེ་དག་འགལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་རྫས་གཅིག་ཡིན་ན་མཚུངས་ལྡན་གྱི་རྒྱུ་འབྲས་མ་ཡིན་པར་ཐལ་བའི་ཕྱིར་དང༌།སེམས་ཉོན་མོངས་པ་རྣམས་དང་ངོ་བོ་གཅིག་པ་ཡིན་ན། ངོ་བོ་ཉིད་ནི་སྤང་དུ་མི་རུང་བས། གཏན་རྣམ་པར་མི་འདག་པའི་ཡང་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་སེམས་དང་སེམས་ལས་བྱུང་བ་རྣམས་རྫས་ཐ་དད་དུ་གསུངས་སོ། །འདི་དག་ནི་ས་བཟང་གི་མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བའི་གསུང་ཟིན་ཇི་ལྟ་བ་བཞིན་བཤད་པ་ཡིན་ལ། རྒྱས་པར་དེར་ཤེས་པར་བྱའོ། །སྤྱིར་བཤད་པའི་རྣམ་གྲངས་མང་པས་བཤད་ཟིན་པ་དང་འཆད་པར་འགྱུར་བའི་དགག་སྒྲུབ་ཀྱི་སྐབས་མང་པོར་རང་གཞན་གྱི་བཤད་པའི་རྣམ་གྲངས་ལ་མཁས་པས་ཤེས་རབ་འཕེལ་བའི་ཆེད་དུ་ཤེས་དགོས་པ་ཡིན་གྱི། འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བར་ནི་མཐའ་གཅིག་ཏུ་མི་གཟུང་ཞིང༌། གང་ལུང་རིགས་དང་མཐུན་པ་དེ་ཉིད་འཐད་ལྡན་དུ་གཟུང་བར་བྱའོ། །

བཞི་བ་སེམས་དང་སེམས་བྱུང་གི་དབྱེ་བ་བཤད་པ།

བཞི་བ་སེམས་དང་སེམས་བྱུང་གི་དབྱེ་བ་བཤད་པ་ལ།

སེམས་ཀྱི་དབྱེ་བ་དང༌། སེམས་བྱུང་གི་དབྱེ་བ་བཤད་པ་དང་གཉིས། དང་པོ་ལ་རྒྱན་སྟུག་པོ་བཀོད་པའི་མདོ་ལས་ཀྱང༌། སེམས་ནི་ཀུན་གཞིའི་རྣམ་ཤེས་དེ། །དེ་ལ་ངར་འཛིན་ཡིད་ཡིན་ནོ། །ཡུལ་ལ་རྣམ་པར་རིག་པ་གང༌། །དེ་ནི་འཇུག་པའི་རྣམ་ཤེས་འདོད། །ཅེས་གསུངས་པ་ལྟར་ཀུན་གཞིའི་རྣམ་ཤེས་བཤད་པ། ཉོན་ཡིད་བཤད་པ། འཇུག་ཤེས་དྲུག་བཤད་པ་དང་གསུམ། དང་པོ་ཀུན་གཞི་རྣམ་པར་ཤེས་པ་ཉིད་འཆད་པ་ལ། མཚན་ཉིད་དང༌། དེའི་དོན་དང༌། ཀུན་གཞིའི་བག་ཆགས་དང༌། སྒོ་བྱེད་བཤད་པ་དང་བཞི། དང་པོ་མཚན་ཉིད་ནི། ཐེག་བསྡུས་སུ། མདོར་བསྡུ་ན་ཀུན་གཞིའི་རྣམ་པར་ཤེས་བའི་ངོ་བོ་ཉིད་ནི་སྨིན་པའི་རྣམ་པར་ཤེས་པའི་ས་བོན་ཐམས་ཅད་པ་སྟེ་དེས་ཁམས་གསུམ་པའི་ལུས་ཐམས་ཅད་དང་འགྲོ་བ་ཐམས་ཅད་བསྡུས་སོ་ཞེས་པ་ལྟར། རྣམ་སྨིན་དང་ས་བོན་ཐམས་ཅད་ཇི་ལྟར་རིགས་པར་བརྟེན་ཞིང་དོན་གྱི་ངོ་བོ་རིག་པ། ཀུན་གཞིའི་རྣམ་ཤེས་ཀྱི་མཚན་ཉིད་ཡིན་ཏེ། སུམ་བཅུ་བར་ཡང༌། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པར། །ཞེས་པ་ལྟར་རོ། །གཉིས་པ་དེའི་དོན་བཤད་པ་ལ། ས་བོན་ཐམས་ཅད་པའི་དོན་ཡང་ཆོས་ཐམས་ཅད་ཀྱི་ས་བོན་གྱི་གནས་ཡིན་པས་སྤྱི་རིགས་ནས་ཚང་བ་ལ་བྱའོ། །དེའི་དོན་གཏན་ལ་དབབ་པ་ནི། བསྡུ་བར་གསུངས་པ་ལྟར། ནང་ཉེ་བར་ལེན་པ་དང༌། ཕྱི་རོལ་གནས་སྣོད་ཀྱི་འཇིག་རྟེན་ལ་དམིགས་ནས། རྣམ་པ་མི་གསལ་ཞིང་ཆ་ཕྲ་བས་ཡུལ་སྣང་བར་ནུས་ཙམ་པ། གྲོགས་ཀུན་འགྲོ་ལྔ་ཁོ་ན་དང་མཚུངས་པར་ལྡན་ཞིང་ཁྱད་པར་ཚོར་བ་བཏང་སྙོམས་ཁོ་ན་ཅན། ངོ་བོ་ཐར་བ་ཐོབ་པ་ལ་མ་བསྒྲིབས་ཤིང༌། དགེ་མི་དགེར་ལུང་དུ་མ་བསྟན་པ། དུས་འཁོར་བ་ཇི་སྲིད་དུ་རྒྱུན་མི་ཆད་པར་འབྱུང་བ་སྟེ། སུམ་བཅུ་པར་ཡང༌། དེ་ནི་ལེན་པ་དག་དང་གནས། །རྣམ་པར་རིག་པ་མི་རིག་པ། །རྟག་ཏུ་རེག་དང་ཡིད་བྱེད་དང༌། །རིག་དང་འདུ་ཤེས་སེམས་པར་ལྡན། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དེ་ནི་མ་བསྒྲིབས་ལུང་མ་བསྟན། །རེག་ལ་སོགས་པའང་དེ་བཞིན་ནོ། །དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །ཞེས་པ་ལྟར་རོ། །གསུམ་པ་ཀུན་གཞི་བག་ཆགས་ནི། ཐེག་བསྡུས་སུ། བརྟན་ལུང་མ་བསྟན་ལྷན་ཅིག་འབྱུང༌། །སྒོ་བར་བྱེད་དང་འབྲེལ་བ་ལ། །སྒོ་བྱེད་དེ་ལས་གཞན་དུ་མིན། །འདི་ནི་བག་ཆགས་མཚན་ཉིད་དོ། །ཞེས་པ་ལྟར་རོ། །བཞི་བ་བག་ཆགས་སྒོ་བྱེད་ནི།བསྒོ་བྱ་ལ་ནུས་པ་རྗེས་སུ་འཇུག་ཏུ་རུང་བ་ཚོགས་བདུན་མཚུངས་ལྡན་དང་བཅས་པས་བསྒོ་སྟེ། ཚོགས་དྲུག་ཟག་བཅས་དགེ་མི་དགེས་རྣམ་སྨིན་དང་རྒྱུ་མཐུན་གཉིས་ཀའི་བག་ཆགས་འཇོག་ཅིང༌། ལུང་མ་བསྟན་དང་ཉོན་ཡིད་ཀྱིས་རྒྱུ་མཐུན་གྱི་བག་ཆགས་འཇོག་པར་བྱེད་དོ། །གཉིས་པ་ཉོན་ཡིད་ཀྱི་མཚན་ཉིད་སོགས་བཤད་པ་ནི། ཀུན་གཞི་རྣམ་ཤེས་ལ་དམིགས་ནས་ངར་སེམས་པའི་རྣམ་པ་ཅན་འཁོར་ཉོན་མོངས་བ་བཞི་དང་འགྲོགས་པའི་གཙོ་སེམས་དེ། ཉོན་ཡིད་ཀྱི་མཚན་ཉིད། མཚན་གཞི་ནི། ཀུན་གཞི་ལ་དམིགས་ནས་ངར་སེམས་པའི་སོ་སྐྱེས་ཀྱི་རྒྱུད་ལ་རྟག་ཏུ་འབྱུང་བའི་གཙོ་སེམས་དེའོ། །

འཇུག་ལྡོག

འཇུག་ལྡོག་ནི།

གནས་སྐབས་གསུམ་མ་གཏོགས་པར་ཀུན་གཞི་ལ་དམིགས་ནས་རྒྱུན་ལྡན་དུ་འབྱུང་ཞིང༌། ས་བརྒྱད་པ་ལ་གནས་གྱུར་པས་ལྡོག་སྟེ། རྒྱན་ལས། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང༌། །ཞེས་པ་ལྟར་རོ། །སངས་རྒྱས་ས་གནས་གྱུར་མཐར་ཐུག་པ་མཉམ་ཉིད་ཀྱི་ཡེ་ཤེས་སུ་འགྱུར་ཏེ། ཉོན་མོངས་ཅན་ཡིད་གནས་གྱུར་བ། །མཉམ་ཉིད་ཡེ་ཤེས་བརྗོད་པར་བྱ། །ཞེས་པ་ལྟར་རོ། ། བྱེད་ལས་ནི། ཡིད་ཤེས་ཀྱིས་བདག་རྐྱེན་བྱེད་ཅིང༌། ཚོགས་དྲུག་མཚན་མ་ལ་འཆིང་བའི་གནས་བྱས་ནས་ཟག་བཅས་སུ་འཆིང་བ་དང༌། ཀུན་གཞི་ལ་ས་བོན་འདེབས་པར་བྱེད་དེ། ལང་ཀར་གཤེགས་པ་ལས། སེམས་ནི་རང་བཞིན་དྭངས་བ་སྟེ། །རྙོག་པ་མེད་པ་ཡིད་ཡིན་ནོ། །རྣམ་པར་ཤེས་དང་བཅས་པའི་ཡིད། །རྟག་ཏུ་བག་ཆགས་འདེབས་པར་བྱེད། །ཅེས་གསུངས་པ་ལྟར་རོ། །གསུམ་པ་འཇུག་ཤེས་དྲུག་བཤད་པ་ལ། ཡིད་ཀྱི་སར། ངོ་བོ་ཉིད་དང་གནས་དང་ནི། །དམིགས་པ་དག་དང་གྲོགས་རྣམས་དང༌། །ལས་ཏེ་སྒོ་ནི་ལྔ་པོ་ཡིས། །སེམས་ནི་ཡུལ་ལ་འཇུག་པར་བྱེད། །ཅེས་པ་ལྟར་ལྔ་ལས། དང་པོ་ངོ་བོ་ཉིད་དམ་མཚན་ཉིད་ནི། རང་ཡུལ་གཟུགས་སོགས་ལ་སོ་སོར་འཇུག་པའི་རྒྱུན་མི་བརྟན་པར་གྱུར་པའི་གཙོ་སེམས་དེ། འཇུག་ཤེས་ཀྱི་མཚན་ཉིད། འཇུག་ཤེས་དྲུག་སོ་སོའི་མཚན་ཉིད་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མིག་དབང་ལ་དངོས་སུ་བརྟེན་ནས་རང་ཡུལ་ཀྱི་གཟུགས་ཀྱི་སྐྱེ་མཆེད་ཀྱི་ངོ་བོ་འཛིན་པའི་རྣམ་ཤེས་དེ། མིག་གི་རྣམ་པར་ཤེས་པའི་མཚན་ཉིད། བདག་རྐྱེན་མིག་གི་དབང་པོ་ལ་དངོས་སུ་བརྟེན་ཅིང་ཞེས་པས་རྣམ་ཤེས་གཞན་སེལ་ལ། དམིགས་རྐྱེན་གཟུགས་ཀྱི་ངོ་བོ་ལ་དམིགས་ནས་ཞེས་པས་མཚུངས་ལྡན་གྱི་སེམས་བྱུང་སེལ་ཞིང༌། ངོ་བོ་ཉིད་ནི་རང་གི་ཡུལ་གཞན་དང་མ་འདྲེས་པར་སོ་སོར་རྣམ་པར་རིག་པའོ། །ཞེས་པ་སྟེ་རྣམ་པར་རིག་པ་ནི་འཛིན་པ་དང་རྟོགས་པ་དང་ཁོང་དུ་ཆུད་པའི་དོན་ཏོ། །རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་རྣ་བའི་དབང་པོ་ལ་དངོས་སུ་བརྟེན་ཅིང་རང་ཡུལ་གྱི་སྒྲ་འཛིན་པའི་རྣམ་ཤེས་དེ། རྣ་བའི་རྣམ་ཤེས་ཀྱི་མཚན་ཉིད། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་སྣ་དབང་ལ་དངོས་སུ་བརྟེན་ཅིང་རང་ཡུལ་གྱི་དྲི་འཛིན་པའི་རྣམ་ཤེས་དེ། སྣའི་རྣམ་ཤེས་ཀྱི་མཚན་ཉིད། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ལྕེའི་དབང་པོ་ལ་དངོས་སུ་བརྟེན་ཅིང་རང་ཡུལ་གྱི་རོ་འཛིན་པའི་རྣམ་ཤེས་དེ། ལྕེའི་རྣམ་ཤེས་ཀྱི་མཚན་ཉིད། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ལུས་དབང་ལ་དངོས་སུ་བརྟེན་ཅིང་རང་ཡུལ་གྱི་རེག་བྱ་འཛིན་པའི་རྣམ་ཤེས་དེ། ལུས་ཀྱི་རྣམ་ཤེས་ཀྱི་མཚན་ཉིད། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལ་དངོས་སུ་བརྟེན་ཅིང་རང་ཡུལ་དེ་འཛིན་པའི་རྣམ་ཤེས་དེ། ཡིད་ཀྱི་རྣམ་ཤེས་ཀྱི་མཚན་ཉིད་དོ། །དེ་དྲུག་གི་ངོ་བོ་ལུང་མ་བསྟན་ཡིན་ཡང་གྲོགས་ཀྱི་དབང་གིས་དགེ་མི་དགེ་ལུང་མ་བསྟན་གསུམ་ཀ་སྐྱེ་རུང་ངོ༌། །གཉིས་པ་གནས་ནི། ཐམས་ཅད་ཀྱིའང་ས་བོན་གྱི་གནས་ཀུན་གཞིའི་རྣམ་པར་ཤེས་པ་དང༌། དེ་མ་ཐག་པའི་གནས་འགགས་མ་ཐག་པའི་ཡིད་དང༌། སྒོ་ལྔའི་ལྷན་ཅིག་འབྱུང་བའི་གནས་རང་རང་གི་དབང་པོ་དང༌། ཡིད་ཤེས་ཀྱི་ལྷན་ཅིག་འབྱུང་བའི་གནས་ཉོན་ཡིད་དང༌། དགེ་མི་དགེར་བྱེད་པའི་གནས་འཁོར་སེམས་ལས་བྱུང་བ་རྣམས་དང༌། མཚན་མ་ལ་འཆིང་བའི་གནས་ནི་ཉོན་ཡིད་དོ། །གསུམ་པ་དམིགས་པ་ནི། གཟུགས་ལ་སོགས་པ་ཡུལ་དྲུག་གོ ། བཞི་པ་གྲོགས་ནི། ཀུན་འགྲོ་ལྔ་ལ་སོགས་པའི་སེམས་བྱུང་རྣམས་ཏེ། གང་གི་གྲོགས་སུ་གང་འབྱུང་བ་ནི་མངོན་པ་གོང་འོག་ལས་ཤེས་པར་བྱའོ། །ལྔ་བ་བྱེད་ལས་ནི། ཐམས་ཅད་ཀྱིས་རང་རང་གི་ཡུལ་འཛིན་པར་བྱེད་ལ། སྒོ་ལྔས་དགེ་བ་དང་ཉོན་མོངས་པ་ཅན་གྱི་རྗེས་སུ་འཇུག་པ་དང༌། ལས་ཀུན་ནས་སློང་བའི་རྗེས་སུ་འཇུག་ཅིང༌། སྡུག་མི་སྡུག་གི་རྗེས་སུ་འཇུག་པར་བྱེད་དོ། །

གཉིས་པ་སེམས་བྱུང་གི་དབྱེ་བ་བཤད་པ།

གཉིས་པ་སེམས་བྱུང་གི་དབྱེ་བ་བཤད་པ་ལ།

ཀུན་འགྲོ་ལྔ་དང༌།

ཡུལ་ངེས་ལྔ་དང༌། དགེ་བ་བཅུ་གཅིག་དང༌། རྩ་ཉོན་དྲུག་དང༌། ཉེ་ཉོན་ཉི་ཤུ་དང༌། གཞན་འགྱུར་བཞི་བཤད་པ་དང་དྲུག དང་པོ་ཀུན་འགྲོ་ལྔ་བཤད་པ་ལ་ལྔ་ལས། དང་པོ་ཚོར་བ་ནི། རང་ཡུལ་གྱི་སིམ་གདུང་བར་མ་ཅི་རིགས་འཛིན་པའི་སེམས་བྱུང་དེ། ཚོར་བའི་མཚན་ཉིད། དེའི་དམིགས་པ་ནི། ཚོར་བ་ཀུན་འགྲོ་ཡིན་པའི་ཕྱིར་སྤྱི་རིགས་ནས་ཆོས་ཐམས་ཅད་དེ། རྣམ་པ་ནི། བརྒྱད་སྟོང་འགྲེལ་བར། དམིགས་པ་ལ་འཛིན་པའི་བྱེ་བྲག་ཉིད་ནི་རྣམ་པའོ། །ཞེས་གསུངས་པ་ལྟར་ཤེས་པའི་འཛིན་སྟངས་ཏེ་སིམ་པ་དང་གདུང་བ་དང་བཏང་སྙོམས་སུ་སྣང་བའོ། ། དབྱེ་ན། བསམ་གཏན་གསུམ་པ་མ་ཡིན་པའི་ཡིད་ཤེས་དང་མཚུངས་ལྡན་གྱི་སེམས་པ་ཡིད་བདེ་བ་དང༌། དབང་ཤེས་ལྔ་དང་བསམ་གཏན་གསུམ་པའི་ཡིད་ཤེས་དང་མཚུངས་ལྡན་གྱི་སིམ་པ་བདེ་བ་དང༌།རྣམ་ཤེས་ལྔ་དང་མཚུངས་ལྡན་གྱི་གདུང་བ་སྡུག་བསྔལ་དང༌། ཡིད་ཤེས་དང་མཚུངས་ལྡན་གྱི་གདུང་བ་ཡིད་མི་བདེ་བ་དང༌། སིམ་གདུང་གཉིས་ཀ་མེད་པ་བཏང་སྙོམས་དང་ལྔ་སྟེ། མཛོད་ལས། ལུས་ཚོར་སིམ་བ་མ་ཡིན་གང༌། །སྡུག་བསྔལ་དབང་པོའི་སིམ་པ་ནི། །བདེ་བའོ་བསམ་གཏན་གསུམ་པ་ན། །སེམས་ཀྱི་དེ་ནི་བདེ་དབང་པོ། །གཞན་ན་དེ་ཡིད་བདེ་བའོ། །སེམས་ཀྱི་སིམ་པ་མ་ཡིན་གང༌། །ཡིད་མི་བདེ་བའོ་བཏང་སྙོམས་ནི། །བར་མའོ་གཉིས་ཀར་མི་རྟོག་ཕྱིར། །ཞེས་པ་ལྟར་རོ། ། གཉིས་པ་འདུ་ཤེས་ནི། རང་ཡུལ་གྱི་མཚན་མ་འཛིན་པའི་སེམས་བྱུང་དེ། འདུ་ཤེས་ཀྱི་མཚན་ཉིད། དེའི་དམིགས་པ་ནི། སྤྱི་རིགས་ནས་ཆོས་ཐམས་ཅད་དེ་འདིའང་ཀུན་ཏུ་འགྲོ་བ་ཡིན་པའི་ཕྱིར་རོ། །རྣམ་པ་ནི།ཡུལ་གྱི་སྤུ་རིས་མི་འདྲ་བ་སྣ་ཚོགས་རིག་ཅིང་སྣང་བའོ། ། དབྱེ་བ་ནི་གཉིས་ཏེ།འཁོར་བ་རྟག་པ་དང་བདེ་བ་དང་བདག་དང་གཙང་བ་ལ་སོགས་པར་འདུ་ཤེས་པ་ཕྱིན་ཅི་ལོག་དང༌། དེ་ལས་ལྡོག་པ་ལ་སོགས་པར་འདུ་ཤེས་པ་ཕྱིན་ཅི་མ་ལོག་པའོ།། གསུམ་པ་སེམས་བྱུང་སེམས་པ་ནི། རང་ཡུལ་ལ་གཡོ་ཞིང་ཡུལ་དེ་ཡིད་ལ་འཇགས་པར་བྱེད་པའི་རྣམ་པ་ཅན་གྱི་སེམས་བྱུང་དེ། སེམས་བྱུང་སེམས་པའི་མཚན་ཉིད། ཁབ་ལེན་དབང་གིས་ལྕགས་གཡོ་བ་ལྟར་གང་གིས་སེམས་དམིགས་པ་ལ་མངོན་པར་འདུ་བྱེད་ཅིང་སྐུལ་བར་བྱེད་པའི་སེམས་ཀྱི་རྣམ་འགྱུར་ཡིན་ལ། བྱེད་ལས་ནི། ཇི་ལྟར་མངོན་པར་འདུས་བྱས་པ་ལྟར་དད་པ་སོགས་དགེ་བ་དང༌། ཞེ་སྡང་སོགས་མི་དགེ་བ་དང༌། སྤྱོད་ལམ་ཕལ་བ་ལ་སོགས་པ་ལུང་དུ་མ་བསྟན་པའི་ཆོས་རྣམས་ལ་སེམས་གཡོ་ཞིང་འཇུག་པར་བྱེད་པའི་ལས་ཅན་ནོ། །

བཞི་བ་རེག་པ་ནི། ཡུལ་དབང་སེམས་གསུམ་འདུས་ནས་ཡུལ་ལ་འཕྲད་ཅིང་དཔྱོད་པའི་རྣམ་པ་ཅན་གྱི་སེམས་བྱུང་དེ། རེག་པའི་མཚན་ཉིད། དེ་ཡང་ཡུལ་དབང་རྣམ་ཤེས་གསུམ་རྒྱུ་འབྲས་ཀྱི་དངོས་པོར་འདུས་ཤིང་གནས་ནས། བདེ་སོགས་འབྱུང་བ་མཐུན་པའི་དབང་པོའི་འགྱུར་བ་དང་འདྲ་བར་ཡུལ་གྱི་རྣམ་པ་ཡོངས་སུ་གཅོད་ཅིང་རྟོག་པར་བྱེད་པ་སྟེ། མདུང་ཁྱིམ་ལྟར་དེ་དང་ལྷན་ཅིག་དེ་ལས་བྱུང་བའི་ཚོར་བའི་གནས་སམ། རྟེན་བྱེད་པའི་ལས་ཅན་ནོ། །ལྔ་བ་ཡིད་བྱེད་ནི། སེམས་ཀྱི་འཇུག་པ་དམིགས་པ་ལ་སེམས་མངོན་དུ་ཕྱོགས་པར་བྱེད་ཅིང་དམིགས་པ་དེ་ཉིད་ལ་སེམས་ཡང་དང་ཡང་དུ་འཛིན་ཅིང་གཏོད་པར་བྱེད་པའི་སེམས་བྱུང་དེ། ཡིད་བྱེད་ཀྱི་མཚན་ཉིད་ཡིན་ནོ། །ཡིད་ལ་བྱེད་པ་ནི་སྐད་ཅིག་རེ་རེ་འཛིན་ལ། ཏིང་ངེ་འཛིན་ནི་ཡུན་རིང་དུ་འཛིན་པ་ཁྱད་པར་ཡིན་ལ། ཡང་སེམས་པ་ནི་ཡུལ་ལ་གཡོ་བར་བྱེད་པ་རྒྱལ་པོ་བཞེངས་སུ་འཇུག་པ་ལྟ་བུ་སྟེ། ཡིད་ལ་བྱེད་པ་ནི་དམིགས་པ་ལ་ཁྱད་པར་དུ་གཏོད་པ་རྒྱལ་པོ་སྐྱེད་མོས་ཚལ་དུ་ཁྲིད་པ་ལྟ་བུའོ། །

སྤྱིར་སེམས་ལས་བྱུང་བ་རྣམས་ཀྱི་མི་འདྲ་བའི་ཁྱད་པར་ནི་ཤིན་ཏུ་ཕྲ་བས་བརྗོད་པར་དཀའ་སྟེ། མེ་ལོང་དུ། བུར་ཤིང་འོ་མ་བུར་སོགས་ཀྱི། །མངར་བ་ཉིད་ནི་ཁྱད་པར་ཆེ། །དེ་ལྟ་མོད་ཀྱིས་དེ་བརྗོད་པར། །དབྱངས་ཅན་མས་ཀྱང་ནུས་མ་ཡིན། །ཞེས་པ་ལྟར་རོ། །

གཉིས་པ་ཡུལ་ངེས་ལྔ་བཤད་པ་ལ་ལྔ།

གཉིས་པ་ཡུལ་ངེས་ལྔ་བཤད་པ་ལ་ལྔ།

དང་པོ་འདུན་པ་ནི། མི་འདོད་པ་ལ་འདུན་པ་མེད་པས་དམིགས་ཡུལ་ངེས་པ་ཅན་གང་དང་གང་འདོད་པར་བྱ་བའི་དངོས་པོ་ལ་དམིགས་ནས། རྣམ་པ་ལྟ་བ་དང་ཉན་པ་དང་སེམས་པ་དང་སྒོམ་པ་ལ་སོགས་པ་དེ་དང་དེ་ལྡན་པར་བྱེད་འདོད་ཅིང་དོན་དུ་གཉེར་བའི་སེམས་ཀྱི་རྣམ་འགྱུར་ཉིད་དེ། འདུན་པའི་ངོ་བོ་ཡིན་ལ། གང་ལ་འདུན་པ་དེ་ལ་སྤྲོ་བས་འཇུག་པས་བརྩོན་འགྲུས་རྩོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །འདུན་པ་དང་སྲེད་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། སྲེད་པ་ནི་ཆགས་པ་ཡིན་ལ་འདུན་པ་ནི་འདོད་པ་ཙམ་སྟེ། ཆགས་པ་དང་བྲལ་བར་འདོད་པའང་ཡོད་དོ། །གཉིས་པ་མོས་པ་ནི། ཐེ་ཚོམ་ཅན་ལ་མོས་པ་མེད་པས། དམིགས་ཡུལ་ལུང་དང་རིགས་པས་དཔྱད་ན་ཐེ་ཚོམ་མེད་པར་ངེས་པའི་དངོས་པོ་ལ་དམིགས་ནས། རྣམ་པ་ཡུལ་དེ་ཇི་ལྟར་ངེས་པ་བཞིན་མཐའ་གཅིག་ཏུ་འཛིན་པའི་སེམས་བྱུང་དེ། མོས་པའི་ངོ་བོ་ཡིན་ལ། དེ་ནི་རང་གི་གྲུབ་མཐའ་ལས་མི་འཕྲོགས་ཤིང་ཕས་རྒོལ་གྱིས་གཞན་དུ་དྲང་བར་མི་ནུས་པ་ཉིད་ཀྱི་ལས་ཅན་ནོ། །གསུམ་པ་དྲན་པ་ནི། །མ་འདྲིས་པ་ལ་དྲན་པ་མེད་པས། དམིགས་ཡུལ་སྔོན་དུ་འདྲིས་ཤིང་མྱངས་པའི་དངོས་པོ་རྣམས་ལ་དམིགས་ནས། རྣམ་པ་སེམས་ཀྱི་བརྗེད་པ་མེད་པར་སྔོན་བཟུང་བ་རྣམས་ཡང་ཡང་འཆར་བས་བརྗེད་ངས་ཀྱི་གཉེན་པོར་བྱེད་ནུས་པའི་སེམས་བྱུང་དེ། དྲན་པའི་ངོ་བོ་ཡིན་ལ། ཟིན་པ་ཆུད་མི་ཟ་བས་དམིགས་རྣམ་གཞན་ལ་སེམས་རྣམ་པར་མི་གཡེང་བའི་ལས་ཅན་ནོ། །བཞི་བ་ཏིང་ངེ་འཛིན་ནི། མ་བརྟགས་པ་ལ་དེ་མེད་པས། དམིགས་ཡུལ་བདེན་བཞི་དང་སྐྱོན་ཡོན་དང་ཞི་རགས་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་བརྟག་པར་བྱ་བའི་དངོས་པོ་ལ་དམིགས་ནས། རྣམ་པ་སེམས་རྩེ་གཅིག་ཏུ་གནས་ཤིང་རྣམ་གཡེང་གི་གཉེན་པོ་བྱེད་པ་དེ། ཏིང་ངེ་འཛིན་གྱི་ངོ་བོ་ཡིན་ལ། མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་འབྱུང་བས་དེའི་རྟེན་བྱེད་བའི་ལས་ཅན་ནོ། །ལྔ་བ་ཤེས་རབ་ནི། མ་བརྟགས་པ་ལ་དེའང་མེད་པས་དམིགས་ཡུལ་བརྟག་ཅིང་དཔྱད་པར་བྱ་བ་ཉིད་ཀྱི་དངོས་པོ་ཤེས་བྱའི་ཆོས་རང་དང་སྤྱིའི་མཚན་ཉིད་འདྲེས་པ་ལྟ་བུ་རྣམས་ལ་དམིགས་ནས། རྣམ་པ་ཡང་དག་པའམ་ལོག་པའམ་དེ་གཉིས་ཀ་མ་ཡིན་པར་རབ་ཏུ་རྣམ་པར་འབྱེད་ཅིང་སོ་སོར་རྟོག་པར་བྱེད་པའི་སེམས་བྱུང་དེ། ཤེས་རབ་ཀྱི་ངོ་བོ་ཡིན་ལ། ཆོས་རྣམ་པར་ཕྱེ་བ་ལས་ངེས་པ་རྙེད་པའི་ཕྱིར་སོམ་ཉིའམ་ཐེ་ཚོམ་ཟློག་པའི་ལས་ཅན་ནོ། །

གསུམ་པ་དགེ་བ་བཅུ་གཅིག་བཤད་པ་ལ་བཅུ་གཅིག།

གསུམ་པ་དགེ་བ་བཅུ་གཅིག་བཤད་པ་ལ་བཅུ་གཅིག་ལས།

དང་པོ་དད་པ་ནི། དམིགས་ཡུལ་ཡོད་པ་ཉིད་དང༌། ཡོན་ཏན་ཅན་དང༌། ནུས་པ་རྣམས་ལ་རྣམ་པ་གོ་རིམ་བཞིན། མངོན་པར་ཡིད་ཆེས་པ་དང༌། དྭངས་པ་དང༌། འདོད་པ་གང་རུང་གི་རྣམ་པ་ཅན་གྱི་སེམས་བྱུང་དེ། དད་པའི་ངོ་བོ་ཡིན་ལ། ། དེའང་དགེ་སྡིག་ལས་བདེ་སྡུག་འབྱུང་བ་ལ་སོགས་པ་ལས་དང་འབྲས་བུ་མི་བསླུ་བར་ཡོད་པ་ལ་ཐེ་ཚོམ་དང་ལོག་ཤེས་མེད་པར་བདེན་ངེས་སྙམ་པས་བླང་དོར་ལ་འཇུག་པར་འདོད་པ་མངོན་པར་ཡིད་ཆེས་པའི་དད་པ་དང༌། སངས་རྒྱས་དོན་གཉིས་མཐར་ཕྱིན་པ་དང་ཆོས་བདེན་པ་གཉིས་ཟུང་དུ་འཇུག་པ་དང་དགེ་འདུན་ཡེ་ཤེས་གཉིས་དང་ལྡན་པ་ལ་སོགས་པའི་ཡོན་ཏན་ཅན་ལ་རབ་ཏུ་དགའ་ཞིང་ཡོན་ཏན་དང་ལྡན་པར་ཤེས་པས། ནོར་བུ་ཆུ་འདངས་དང་ཕྲད་ན་ཆུ་རྙོག་མ་མེད་པར་འགྱུར་བ་ལྟར་སེམས་ཀྱི་རྙོག་མ་ཉོན་མོངས་པ་མེད་པར་འགྱུར་བ་དང༌། རང་གི་རྒྱུད་ལ་སྤངས་པ་དང་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་བསྒྲུབ་པ་ལ་ནུས་པ་ཐོབ་པ་དང་སྒྲུབ་པར་འདོད་པའོ། །འདུན་པ་དང་སྲེད་པའང་དད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་འདུན་པ་ནི་དད་པའི་འབྲས་བུ་ཡིན་ཞིང༌། སྲེད་པ་ནི་དགེ་བའི་ཡུལ་ཅན་མ་ཡིན་པའི་ཕྱིར་རོ། །གང་ལ་དད་པ་ཡོད་པ་དེ་ལ་འདུན་པ་འབྱུང་བས་དེའི་རྟེན་བྱེད་པའི་ལས་ཅན་ནོ། །གཉིས་པ་ངོ་ཚ་ཤེས་པ་ནི། ཁོ་བོ་ནི་རིགས་དང་སྡོམ་པ་དང་ཤེས་རྒྱ་ལ་སོགས་པ་ཡོན་ཏན་འདི་ལྟ་བུ་དང་ལྡན་པའི་ཕྱིར་སྡིག་པ་བྱར་མི་རུང་ངོ་ཞེས་བདག་ཉིད་རྒྱུ་མཚན་དུ་བྱས་ནས། དམ་པ་རྣམས་ཀྱིས་སྨད་ཅིང་རྣམ་སྨིན་མི་འདོད་པ་འབྱིན་པ་ཁ་ན་མ་ཐོ་བ་རྣམས་ལ་དམིགས་ནས་རྣམ་པ་འཛེམ་ཞིང་འཇིགས་པར་ལྟ་བས་སེམས་བག་འཁུམས་པའི་སེམས་བྱུང་དེ། ངོ་ཚ་ཤེས་པའི་ངོ་བོ་ཡིན་ལ། དེ་ལྡན་ན་སྒོ་གསུམ་གྱི་ཉེས་པར་སྤྱོད་པ་མི་དགེ་བ་བཅུ་ལ་ཕྱིས་མི་འཇུག་ཅིང་སྔར་བྱས་པའང་སྤོང་བས་ལེགས་པར་སྡོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །གསུམ་པ་ཁྲེལ་ཡོད་པ་ནི། སྡིག་པ་བྱས་ན་གང་ཟག་དམ་པ་རྣམས་ཀྱིས་ཁྲེལ་ཞིང་འཇིག་རྟེན་དུ་གྲགས་པ་ངན་པ་འབྱུང་བ་ནི་མི་རུང་ངོ་ཞེས་གཞན་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་དམིགས་ནས་རྣམ་པ་འཛེམ་ཞིང་བག་འཁུམས་པའི་སེམས་བྱུང་དེ། ཁྲེལ་ཡོད་པའི་ངོ་བོ་ཡིན་ལ། སྔ་མ་བཞིན་དུ་ཉེས་པར་སྤྱོད་པ་ཡང་དག་པར་སྡོམ་པ་དེའི་ལས་ཅན་ནོ། །བཞི་བ་མ་ཆགས་པའི་དགེ་རྩ་ནི། དགག་སྒྲ་ནི་མེད་པ་དང་གཞན་པ་དང་གཉེན་པོ་གསུམ་ལ་འཇུག་པ་ལས། འདིར་ཆགས་པའི་གཉེན་པོ་སྟེ། ཞེ་སྡང་མེད་པ་དང་གཏི་མུག་མེད་པ་དེ་ལའང་དེ་བཞིན་ནོ། །དེས་ན་སྲིད་པ་ནང་ཉེར་ལེན་གྱི་ཕུང་པོ་དང༌། སྲིད་པའི་ཡོ་བྱད་ཟས་གོས་དང་ནོར་ལ་སོགས་པ་ཉེ་བར་མཁོ་བ་རྣམས་ལ་དམིགས་ནས། རྣམ་པ་ཆགས་པ་མེད་ཅིང་ཡིད་འབྱུང་ལ། ཉེས་དམིགས་ཤེས་པས་ཆགས་པ་དང་དངོས་ཀྱི་གཉེན་པོ་བྱེད་པའི་སེམས་བྱུང་དེ། མ་ཆགས་པའི་དགེ་རྩའི་ངོ་བོ་ཡིན་ལ། དེ་ཡོད་ན་ཆགས་པའི་དབང་དུ་གྱུར་བའི་ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །ལྔ་བ་ཞེ་སྡང་མེད་པའི་དགེ་རྩ་ནི། དགྲ་བོ་ལ་སོགས་པ་ཡིད་དུ་མི་འོང་བའི་སེམས་ཅན་རྣམས་དང༌། ན་ཚ་ལ་སོགས་པ་རང་རྒྱུད་ཀྱི་ཚོར་བ་སྡུག་བསྔལ་དང༌། དུག་དང་མཚོན་དང་ཚེར་མ་ལ་སོགས་པ་སྡུག་བསྔལ་གྱི་གནས་ཀྱི་ཆོས་སམ། རྒྱུ་རྣམས་ལ་དམིགས་ནས། རྣམ་པ་ཀུན་ནས་མནར་སེམས་པའམ་གནོད་པ་བྱ་བར་སེམས་པ་མེད་པ་བྱམས་པའི་བདག་ཉིད་ཅན་གྱི་སེམས་བྱུང་དེ། ཞེ་སྡང་མེད་པའི་དགེ་རྩའི་ངོ་བོ་ཡིན་ལ། འདིས་ཀྱང་ཞེ་སྡང་གིས་ཀུན་ནས་བསླངས་པའི་ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །དྲུག་པ་གཏི་མུག་མེད་པའི་དགེ་རྩ་ནི། གདགས་གཞི་ཤེས་རབ་ལ་བཏགས་པའི་རང་སྤྱིའི་མཚན་ཉིད་ལ་སོགས་ལ་དམིགས་ནས་འཛིན་སྟངས་མི་རྨོངས་ཞིང་སོ་སོར་རྟོགས་ནས་གཏི་མུག་དང་འཛིན་སྟངས་འགལ་བའི་གཉེན་པོ་བྱེད་པའི་སེམས་བྱུང་དེ། གཏི་མུག་མེད་པའི་དགེ་རྩའི་ངོ་བོ་ཡིན་ལ། ཉེས་སྤྱོད་ཀྱི་རྒྱུ་ལ་གཏི་མུག་ཡོད་པས་ཁྱབ་པ་ལ། འདིས་གཏི་མུག་སེལ་བས་ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །བདུན་པ་བརྩོན་འགྲུས་ནི། རྒྱན་ལས། དགེ་ལ་ཡང་དག་སྤྲོ་བ་དང༌། །ཞེས་པ་ལྟར་དགེ་བའི་ཆོས་ལ་དམིགས་ནས། རྣམ་པ་སེམས་མངོན་པར་སྤྲོ་བའི་སེམས་བྱུང་དེ། བརྩོན་འགྲུས་ཀྱི་ངོ་བོ་ཡིན་ལ། ཉོན་མོངས་པ་ཅན་ལ་སྤྲོ་བ་ནི་སྨད་པའི་ཕྱིར་ལེ་ལོ་ཉིད་དུ་གསུངས་སོ། །དེ་དང་ལྡན་ན་དགེ་བའི་ཕྱོགས་བསམ་གཏན་གྱི་དངོས་གཞི་ལ་འཇུག་པ་ལྟ་བུ་མ་ཐོབ་པ་ཐོབ་ཅིང་ཡོངས་སུ་རྫོགས་པར་བྱེད་པ་དང༌། དེ་ཉིད་ཡོངས་སུ་སྦྱངས་བར་བྱས་ཏེ་ཐོབ་ཟིན་གོང་ནས་གོང་དུ་གྱ་ནོམ་པར་སྒྲུབ་བའི་ལས་ཅན་ནོ། །བརྒྱད་པ་ཤིན་ཏུ་སྦྱངས་པ་ནི། ལུས་སེམས་གནས་ངན་ལེན་གྱི་གཉེན་པོ་ཡིན་ཞིང༌། ལུས་སེམས་ལས་སུ་རུང་བར་བྱེད་པའི་སེམས་བྱུང་དེ། ཤིན་སྦྱངས་ཀྱི་ངོ་བོ་ཡིན་ལ། དེས་ནི་གནས་ངན་ལེན་གནས་གྱུར་པར་བྱེད་པས་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་ཐམས་ཅད་སེལ་བའི་ལས་ཅན་ནོ། །དགུ་བ་བག་ཡོད་ནི། གདགས་གཞི་དགེ་རྩ་གསུམ་དང་བརྩོན་འགྲུས་གང་རུང་ལ་བཏགས་ཞིང་རང་ཡུལ་དགེ་བ་དང་ཉོན་མོངས་དང་དེ་དག་སྐྱེ་བའི་ཡུལ་ཅི་རིགས་ལ་དམིགས་ནས་རྣམ་པ་དགེ་བ་གཅེས་སྤྲས་བྱེད་ཅིང་ཉོན་མོངས་ལ་སེམས་བསྲུང་ཞིང་བག་ཡངས་སུ་མི་གཏོང་བར་བྱེད་པའི་སེམས་བྱུང་དེ། བག་ཡོད་ཀྱི་ངོ་བོ་ཡིན་ལ། དགེ་བའི་ཆོས་གོང་འཕེལ་དུ་བྱེད་པའི་ལས་ཅན་ནོ། །བཅུ་བ་བཏང་སྙོམས་ནི། གདགས་གཞི་དགེ་རྩ་གསུམ་དང་བརྩོན་འགྲུས་གང་རུང་ཞིག་ལ་གནས་ཤིང་རྟེན་བཅས་ནས་བྱིང་རྒོད་ལ་སོགས་པ་ཀུན་ནས་ཉོན་མོངས་པ་ཅན་དུ་གནས་པ་སོགས་ལ་དམིགས་ནས་རྣམ་པ་དེ་དང་མི་མཐུན་ཞིང་སེམས་རྣལ་དུ་གནས་པས་དེ་དག་སྤོང་བར་བྱེད་པའི་སེམས་བྱུང་དེ། བཏང་སྙོམས་ཀྱི་ངོ་བོ་ཡིན་ལ། དེ་ནི་ཀུན་ནས་ཉོན་མོངས་པ་དང་མི་མཐུན་པའི་ཕྱིར་དེ་རྒྱུད་ལ་སྐྱེ་བའི་གོ་སྐབས་མི་འབྱེད་པའི་རྟེན་བྱེད་པའི་ལས་ཅན་ནོ། །བཅུ་གཅིག་པ་རྣམ་པར་མི་འཚེ་བ་ནི། གདགས་གཞི་ཞེ་སྡང་མེད་པའི་ཆར་གཏོགས་ཤིང་རང་ཡུལ་སྡུག་བསྔལ་ཅན་གྱི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དེ་མི་བཟོད་པར་འབྲལ་བར་འདོད་པའི་སྙིང་རྗེ་བའི་རྣམ་པ་ཅན་གྱི་སེམས་བྱུང་དེ། རྣམ་པར་མི་འཚེ་བའི་ངོ་བོ་ཡིན་ལ། ངེས་ཚིག་ནི། ཀ་རུ་ཎའི་ཀཾ་བདེ་བ་དང༌། རུ་ཎད་དྷི་འགོག་པ་ཞེས་པས། གཞན་གྱི་སྡུག་བསྔལ་གྱི་ཁྱད་པར་མཐོང་ན་མི་བཟོད་ཅིང་རང་གི་བདེ་བ་འགོག་ནུས་པ་སྙིང་རྗེ་བའི་སེམས་ཉིད་དེ། རྣམ་པར་འཚེ་བའི་གཉེན་པོ་ཡིན་པས་གཞན་གྱི་ལུས་དང་ལོངས་སྤྱོད་ལ་ཐོ་མི་འཚམ་པའི་ལས་ཅན་ནོ། །

བཞི་བ་རྩ་ཉོན་བཤད་པ་ལ་དྲུག།

བཞི་བ་རྩ་ཉོན་བཤད་པ་ལ་དྲུག་ལས།

དང་པོ་འདོད་ཆགས་ནི། ཁམས་གསུམ་ན་ཡོད་པའི་ལུས་དང་ལོངས་སྤྱོད་གང་རུང་ལ་དམིགས་ནས། རྣམ་པ་དེ་སྣང་ཞིང་རིག་པས་རྗེས་སུ་ཆགས་ཤིང་ཞེན་པ་མཆེད་ནས་འབྲལ་དཀའ་བར་གྱུར་པའི་སེམས་བྱུང་དེ། འདོད་ཆགས་ཀྱི་ངོ་བོ་ཡིན་ལ། དེ་ནི་ཆགས་ཤིང་སྲེད་པའི་དབང་གིས་སྡུག་བསྔལ་གསུམ་དང་ལྡན་པའི་ཉེར་ལེན་གྱི་ཕུང་པོ་འགྲུབ་པས་དེ་སྐྱེད་པའི་ལས་ཅན་ནོ། །རྣམ་འགྲེལ་ལས་ཀྱང༌། བདག་ལ་ཆགས་པ་དང་ལྡན་པའི། །བདེ་སྡུག་དོར་ཐབས་འདོད་པ་ཡིས། །སེམས་ཅན་གཞན་གྱིས་བཀྲི་མིན་པ། །དམན་པའི་གནས་ནི་ཡོངས་སུ་ལེན། །ཞེས་པ་ལྟར་རོ། །གཉིས་པ་ཁོང་ཁྲོ་བ་ནི། མི་མཐུན་པའི་སེམས་ཅན་རྣམས་དང༌། རང་རྒྱུད་ཀྱི་སྡུག་བསྔལ་དང༌། མཚོན་ཆ་ལ་སོགས་པ་སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་དམིགས་ནས། རྣམ་པ་ཀུན་ནས་མནར་ཞིང་གནོད་པ་བྱ་བར་སེམས་པའི་སེམས་བྱུང་དེ། ཞེ་སྡང་གི་ངོ་བོ་ཡིན་ལ། ཞེ་སྡང་ཟུག་རྔུའི་སེམས་འཆད་ན། །ཡིད་ནི་ཞི་བ་ཉམས་མི་མྱོང༌། །དགའ་དང་བདེ་བ་མི་འཐོབ་ལ། །གཉིད་མི་འོང་ཞིང་བརྟན་མེད་འགྱུར། །ཞེས་པ་ལྟར་རང་ཉིད་རེག་པ་བདེ་བ་དང་ལྷན་ཅིག་མི་གནས་པའི་ལས་ཅན་དང༌། གཞན་དག་གསོད་ཅིང་འཆིང་བ་ལ་སོགས་པ་ཉེས་པར་སྤྱོད་པ་འཕེལ་བའི་རྟེན་བྱེད་པའི་ལས་ཅན་ནོ། །གསུམ་པ་ང་རྒྱལ་ནི། བདག་རྐྱེན་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་འདི་ནི་བདག་གོ །འདི་རྣམས་བདག་གིའོ་ཞེས་རིགས་དང་ལོངས་སྤྱོད་ལ་སོགས་པའི་འབྱོར་བ་ལ་དམིགས་ནས། རྣམ་པ་སེམས་ཁེངས་ཤིང་མཐོ་བས་གཞན་ལས་ལྷག་པར་རློམ་པའི་སེམས་བྱུང་དེ། ང་རྒྱལ་གྱི་ངོ་བོ་ཡིན་ལ། བླ་མ་དང་ཡོན་ཏན་ཅན་རྣམས་ལ་འགྱིང་ཞིང་སྲི་ཞུ་མི་བྱེད་པས་མི་གུས་པ་དང༌། ཁོང་ཁྲོ་ལྟར་དངོས་སུ་སྡུག་བསྔལ་མི་སྐྱེད་ཀྱང༌། ངན་འགྲོར་ང་རྒྱལ་གྱིས་འཁྲིད་ཅིང༌། །མི་ཡི་དགའ་སྟོན་བཅོམ་པ་དང༌། ། གཞན་གྱི་ཟན་ཟའི་བྲན་དང་ནི། །གླེན་དང་མི་སྡུག་ཅན་དུ་འགྱུར། །ཞེས་པ་ལྟར་ཡང་སྲིད་ཕྱི་མ་ལ་སྡུག་བསྔལ་སྣ་ཚོགས་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །བཞི་པ་མ་རིག་པ་ནི། རིག་པའི་འགལ་ཟླ་གྱུར་བའི་རྨོངས་ཙམ་གྱི་སེམས་བྱུང་དེ། མ་རིག་པའི་ངོ་བོ།རྩ་ཉོན་གྱི་མ་རིག་པ་ནི། རིག་པ་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་བའི་ཉོན་མོངས་པ་ཅན་ཀུན་ཏུ་རྨོངས་ཙམ་གྱི་སེམས་བྱུང་དེ། རྩ་ཉོན་གྱི་མ་རིག་པའི་ངོ་བོ་ཡིན་ལ། རྟེན་ཁམས་གསུམ་པ་ལ་ཡོད་ལ། ཀུན་ནས་ཉོན་མོངས་པ་ཐམས་ཅད་འབྱུང་ཞིང་འཕེལ་བའི་རྟེན་བྱེད་པའི་ལས་ཅན་ནོ། །རྣམ་འགྲེལ་ལས་ཀྱང༌། དེ་ཉིད་ཕྱིར་ནི་ཉེས་རྣམས་ཀྱི། །རྒྱུ་ནི་གཏི་མུག་ཡིན་པར་གསུངས། །ཞེས་པ་ལྟར་རོ། །ལྔ་བ་ཐེ་ཚོམ་ནི། དེ་ནི་ཉོན་མོངས་ཅན་མ་ཡིན་པ་ཕྱོགས་འདི་ན་ལྷ་ཡོད་དམ་མེད་སྙམ་པ་ལྟ་བུ་ཤེས་བྱའི་སྒྲིབ་པས་བསྡུས་པའང་ཡོད་པར་ས་བཟང་གི་ཀུན་བཏུས་འགྲེལ་བར་གསུངས་ལ། རྩ་ཉོན་གྱི་ཐེ་ཚོམ་ནི། རང་ཡུལ་ཡིད་གཉིས་སུ་འཇུག་པའི་རྩ་ཉོན་དེ། རྩ་ཉོན་གྱི་ཐེ་ཚོམ་ངོ་བོ་ཡིན་ལ། ཡང་དག་པའི་ཕྱོགས་རྣམས་ལ་སྤྲོ་བས་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །དྲུག་པ་ལྟ་བ་ནི། རྟོག་པའི་བདག་ཉིད་ཀྱི་ཤེས་རབ་ཉོན་མོངས་པ་ཅན་ཏེ། དེ་ཉིད་དམིགས་པ་དང་རྣམ་པ་ཐ་དད་པའི་དབྱེ་བས་ལྔ་ཡོད་པ་ལས། དང་པོ་འཇིག་ཚོགས་ལ་ལྟ་བ་ནི། སཏྐ་ཡ་ཞེས་པའི་སད་ཅེས་པ། ཤཌི་འཇིག་པ་ལའོ་ཞེས་པ་དང༌། ཀཱ་ཡ་ཞེས་པ་ཙི་སོགས་པ་ལའོ། །ཞེས་པའི་བྱིངས་ལས་བསྒྲུབས་པས། འཇིག་ཅིང་མི་རྟག་པ་དུ་མ་འདུས་ཤིང་ཚོགས་པའི་ཉེ་བར་ལེན་པ་དང་བཅས་པའི་ཕུང་པོ་ལྔ་བོ་དག་ལ་དམིགས་ནས་རྣམ་པ་ངོ་བོ་ཉིད་ཀྱི་བདག་གམ་ཕན་འདོགས་བྱེད་ཀྱི་བདག་གིར་རྗེས་སུ་ལྟ་ཞིང་རྣམ་པར་འབྱེད་པའི་སེམས་བྱུང་དེ། འཇིག་ལྟའི་ངོ་བོ་ཡིན་ལ། དེའང་རང་རྒྱུད་དུ་གྱུར་པ་ལ་བདག་དང༌། གཞན་རྒྱུད་དུ་གྱུར་བ་དང་མ་ཟིན་པ་ལ་བདག་གིར་ལྟ་བ་དང༌། གང་གི་ཚེ་རྣམ་ཤེས་ལ་བདག་ཏུ་ལྟ་བ་དེའི་ཚེ་ཕུང་བོ་གཞན་བཞི་ལ་བདག་གིར་ལྟ་བ་དང༌། གྲངས་ཅན་དང་གཅེར་བུ་དང་སྤྱོད་པ་བ་ལ་སོགས་པ། བདག་ཤེས་རིག་ཏུ་འདོད་པ་ན་མིང་བཞི་ལ་བདག་དང་གཟུགས་ལ་བདག་གིར་ལྟ་བ་དང༌། བྱེ་བྲག་པ་ལ་སོགས་པ་བདག་བེམ་པོར་འདོད་པ་ན་མིག་སོགས་བདག་ཏུ་རློམ་པས་གཟུགས་ལ་བདག་དང་མིང་བཞི་ལ་བདག་གིར་ལྟ་བ་ལ་སོགས་པ་དེ་ཡིན་པར་ས་བཟང་གིས་ཀུན་བཏུས་འགྲེལ་བར་གསུངས་སོ། །ལྟ་བ་ངན་པའི་བྱེ་བྲག་སྣ་ཚོགས་པ་ཐམས་ཅད་འདི་ལ་བརྟེན་ནས་འབྱུང་བས་ལྟ་བ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། །ཟག་བཅས་ལ་དམིགས་པའི་ལྟ་བ་ཐམས་ཅད་ཀྱང་འཇིག་ཚོགས་ལ་ལྟ་མོད་ཀྱི། བདག་ལ་འཇིག་ཚོགས་ལས་གཞན་པའི་ཡུལ་མེད་པས་དེ་སྐད་ཅེས་བཤད་དེ། མདོ་ལས། དགེ་སྤྱོང་ངམ་བྲམ་ཟེ་གང་ལ་ལ་དག་བདག་དང་བདག་གིར་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་ལྟ་བ་ཁོ་ནར་ཟད་དོ་ཞེས་པ་ལྟར་རོ། །གཉིས་པ་མཐར་ལྟ་ནི། ཉེར་ཕུང་དང་འཇིག་ལྟས་བཟུང་བའི་བདག་སོགས་ལ་དམིགས་ནས། རྣམ་པ་རྟག་ཆད་གང་རུང་དུ་རྗེས་སུ་ལྟ་བའི་ཤེས་རབ་ཉོན་མོངས་ཅན་གྱི་སེམས་བྱུང་དེ། མཐར་ལྟའི་ངོ་བོ་ཡིན་ལ། མཐའ་གཉིས་དང་བྲལ་བའི་རྟེན་འབྲེལ་ཤེས་པ་དབུ་མའི་ལམ་གྱིས་འཁོར་བ་ལས་ངེས་པར་འབྱུང་བའི་བར་དུ་གཅོད་པའི་ལས་ཅན་ནོ། །གསུམ་པ་ལྟ་བ་མཆོག་འཛིན་ནི། འཇིག་ཚོགས་དང་མཐར་འཛིན་དང་ལོག་ལྟ་ལ་སོགས་པ་ལྟ་བ་ངན་པ་རྣམས་དང༌། ལྟ་བ་དེ་དག་གང་ལས་བྱུང་བའི་གནས་ལྟ་བ་པོའི་ལུས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་དམིགས་ནས། རྣམ་པ་མཆོག་ཏུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན་དེ། ལྟ་བ་མཆོག་འཛིན་གྱི་ངོ་བོ་ཡིན་ལ། ལྟ་བ་ངན་པ་ལ་ཡོན་ཏན་དུ་འཛིན་པས་མངོན་པར་ཞེན་ཅིང་ཡོངས་སུ་མི་གཏོང་བའི་རྟེན་བྱེད་པའི་ལས་ཅན་ནོ། །བཞི་བ་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་ནི། ཚུལ་ཁྲིམས་བརྟུལ་ཞུགས་ངན་པ་དང༌། དེ་དག་གང་ལས་འབྱུང་བ་ཉིད་ཀྱི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་བོ་དག་ལ་དམིགས་ནས། འདག་གྲོལ་འབྱིན་གསུམ་དུ་ལྟ་བའི་ཤེས་རབ་ཉོན་མོངས་ཅན་གྱི་སེམས་བྱུང་དེ། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ངོ་བོ་ཡིན་ལ། དེས་ཐར་བའི་ཆེད་དུ་འབད་ཀྱང་ངེས་པར་མི་འབྱུང་བའི་ཕྱིར་ངལ་བ་འབྲས་བུ་མེད་པའི་རྟེན་བྱེད་པའི་ལས་ཅན་ནོ། །ལྔ་བ་ལོག་ལྟ་ནི། ཚེ་སྔ་ཕྱི་དང་ལས་འབྲས་སོགས་ཡོད་པའི་ཆོས་ལ་དམིགས་ནས་རྣམ་པ་དེ་དག་མཐའ་གཅིག་ཏུ་མེད་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་གྱི་སེམས་བྱུང་དེ། ལོག་ལྟའི་ངོ་བོ་ཡིན་ལ། རྒྱུ་འབྲས་ལ་སྐུར་འདེབས་ཀྱི་ལོག་ལྟ་ནི་དགེ་བའི་རྩ་བ་གཅོད་པའི་ལས་ཅན་དང༌། ཐམས་ཅད་ཀྱང་མི་དགེ་བའི་རྩ་བ་དུག་གསུམ་གྱི་ས་བོན་གསོ་བས་དེ་ཉིད་དམ་དུ་འཛིན་པའི་རྟེན་བྱེད་པའི་ལས་ཅན་དང༌། མི་དགེ་བ་བྱས་ཀྱང་སྐྱོན་མེད་སྙམ་པས་དེ་ལ་འཇུག་པའི་ལས་ཅན་དང༌། དགེ་བ་བྱས་ཀྱང་འབྲས་བུ་མེད་སྙམ་པས་དེ་ལ་མི་འཇུག་པའི་ལས་ཅན་ནོ། །ལྟ་བ་ལྔ་པོ་འདི་དག་ལས་ལྟ་བ་དང་པོ་བཞི་ནི། སྒྲོ་འདོགས་པའི་ལྟ་བ་ཞེས་བྱ་སྟེ་ཤེས་བྱ་ཕུང་པོ་ལྔ་ལ་འཇིག་ཚོགས་ལྟ་བས་བདག་དང་བདག་གི་བའི་ངོ་བོ་ཉིད་དུ་སྒྲོ་འདོགས་པ་དང༌། མཐར་འཛིན་ལྟ་བས་ཁྱད་པར་རྟག་པ་དང་ཆད་པ་ཉིད་དུ་སྒྲོ་འདོགས་པ་དང༌། ལྟ་བ་མཆོག་འཛིན་གྱིས་ལྟ་བ་ངན་པ་ལ་མཆོག་དང་གཙོ་བོ་ལ་སོགས་པར་སྒྲོ་འདོགས་པ་དང༌།ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱིས་དེ་དག་ལ་འདག་པ་དང་གྲོལ་བའི་རྒྱུར་སྒྲོ་འདོགས་པའི་ཕྱིར། །ལོག་ལྟ་ནི་རྒྱུ་འབྲས་ལ་སོགས་པ་ཡོད་པའི་དངོས་པོ་བསལ་ནས་སྐུར་བ་འདེབས་པའི་ལྟ་བའོ། །འཇིག་ཚོགས་ལ་ལྟ་བ་ཉི་ཤུ་ནི། མདོ་ལས། གཟུགས་བདག་དང་དབྱེར་མེད་ཡིན་པར་ལྟ་བ་དང༌། གཟུགས་བདག་དང་ཐ་དད་དུ་ལྡན་པ་དང༌། གཟུགས་བདག་གིས་དབང་བསྒྱུར་བྱ་ཡིན་པ་དང༌། གཟུགས་ལ་བདག་ཚོགས་པ་གཅིག་ཏུ་གནས་པ་དང༌། དེ་བཞིན་དུ།ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་ལའང་སྦྱར་བ་དང༌། མཐར་རྣམ་པར་ཤེས་པ་བདག་ཡིན་པར་ལྟ་བ་དང༌།རྣམ་པར་ཤེས་པ་བདག་དང་ལྡན་པ་དང༌། རྣམ་པར་ཤེས་པ་བདག་གི་ཡིན་པ་དང༌། རྣམ་པར་ཤེས་པ་ལ་བདག་གནས་སོ་ཞེས་བྱ་བ་དང༌། འགའ་ཞིག་ཏུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་ཞེས་ཀྱང་འབྱུང་བ་དེ་བསྡུ་ན་གཉིས་སུའང་འདུ་བས། བདག་ཏུ་ལྟ་བ་ནི་དུ་ཡིན། བདག་གིར་ལྟ་བ་ནི་དུ་ཡིན་ཞེ་ན། གཟུགས་བདག་ཡིན་པར་ལྟ་བ་ནས་རྣམ་པར་ཤེས་པ་བདག་ཡིན་པར་ལྟ་བའི་བར་ལྔ་ནི་བདག་ཏུ་ལྟ་བའོ། །དེའང་གཟུགས་སོགས་ཕུང་པོ་ལྔ་དང་བདག་གཞི་མཐུན་དུ་འཛིན་པའི་ཕྱིར་རོ། ། ལྷག་མ་བཅོ་ལྔ་པོ་ཐམས་ཅད་ནི་བདག་གིར་ལྟ་བ་ཞེས་པ་གཅིག་ཏུ་འདུའོ། །

ལྔ་བ་ཉེ་བའི་ཉོན་མོངས་པ་བཤད་པ་ལ་ཉི་ཤུ།

ལྔ་བ་ཉེ་བའི་ཉོན་མོངས་པ་བཤད་པ་ལ་ཉི་ཤུ་ལས།

དང་པོ་ཁྲོ་བ་ནི། གནོད་པར་བྱེད་པའི་རྒྱུ་སོགས་ལ་དམིགས་ནས་གདགས་གཞི་ཁོང་ཁྲོ་ལ་བཏགས་པ་རྣམ་པ་སེམས་ཀྱིས་ཀུན་ནས་མནར་སེམས་ཞིང་གནོད་པ་བྱ་བར་འདོད་པའི་སེམས་བྱུང་དེ། ཁྲོ་བའི་ངོ་བོ་ཡིན་ལ། བྱེད་ལས་གཞན་ལ་གནོད་པ་སྣ་ཚོགས་ཤོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །གཉིས་པ་འཁོན་འཛིན་ནི། ཁོང་ཁྲོའི་ཆར་གཏོགས་པ་ཁྲོས་པའི་འོག་ཏུ་གནོད་བྱེད་ལ་དམིགས་ནས། རྣམ་པ་ཁོང་ཁྲོའི་རྒྱུན་མི་གཏོང་བར་དམ་དུ་གནོད་པར་བྱེད་འདོད་པའི་སེམས་བྱུང་དེ། འཁོན་འཛིན་གྱི་ངོ་བོ་ཡིན་ལ། མི་བཟོད་པའི་རྟེན་བྱེད་པའི་ལས་ཅན་ནོ། །གསུམ་པ་འཆབ་པ་ནི། གཏི་མུག་གི་ཆར་གཏོགས་པས་མི་དགེ་བ་ལ་དམིགས་ནས་ཁ་ན་མ་ཐོ་བ་ཉེས་ལྟུང་མཁྱུད་ཅིང་སྦེད་པའི་རྣམ་པ་ཅན་གྱི་སེམས་བྱུང་དེ། འཆབ་པའི་ངོ་བོ་ཡིན་ལ། བྱེད་ལས་བདེ་བ་ལ་རེག་པར་མི་གནས་པའི་རྟེན་བྱེད་པའི་ལས་ཅན་ནོ། །བཞི་བ་འཚིག་པ་ནི། གདགས་གཞི་ཁོང་ཁྲོ་འཕེལ་བའི་ཆར་གཏོགས་པ། རྒྱུ་ཁྲོ་བ་དང་ཁོན་དུ་འཛིན་པ་ལས་བྱུང་བས་དེ་དག་སྔོན་དུ་འགྲོ་བའི་ངོ་བོ་སེམས་ཀྱི་ཀུན་ནས་མནར་སེམས་པ་དྲག་པོ་ཚིག་རྩུབ་ཀུན་ནས་སློང་བར་བྱེད་པའི་སེམས་བྱུང་དེ། འཚིག་པའི་ངོ་བོ་ཡིན་ལ། བསོད་ནམས་མ་ཡིན་པ་ངག་གི་ཉེས་སྤྱོད་འཕེལ་བའི་ལས་ཅན་དང༌། འགྲོགས་པར་དཀའ་བས་གྲོགས་བཟང་པོ་དང་ལྷན་ཅིག་དགའ་བ་ལ་རེག་པར་མི་གནས་པའི་ལས་ཅན་ནོ། །ལྔ་བ་ཕྲག་དོག་ནི། གདགས་གཞི་ཞེ་སྡང་གི་ཆར་གཏོགས་པ་རྒྱུ་རྙེད་བཀུར་ལ་ལྷག་པར་ཆགས་ནས། དམིགས་ཡུལ་གཞན་གྱི་རིགས་དང་ལོངས་སྤྱོད་དང་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པ་ཡོན་ཏན་ཕུན་སུམ་ཚོགས་པའི་ཁྱད་པར་ལ། རྣམ་པ་མི་བཟོད་པར་གྱུར་པ་སེམས་ཁོང་ནས་ཁྱབ་པར་འཁྲུགས་པའི་སེམས་བྱུང་དེ། ཕྲག་དོག་གི་ངོ་བོ་ཡིན་ལ། གཞན་གྱི་ལེགས་པའི་ཡོན་ཏན་ལ་ཡིད་མི་བདེ་བ་དང༌། དེའི་དབང་གིས་རང་ཉིད་བདེ་བ་ལ་རེག་པར་མི་གནས་པའི་ལས་ཅན་ནོ། །དྲུག་པ་སེར་སྣ་ནི། གདགས་གཞི་འདོད་ཆགས་ཀྱི་ཆར་གཏོགས་པ་རྒྱུ་རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་ནས། དམིགས་ཡུལ་རང་གི་ཟས་དང་ནོར་ལ་སོགས་པའི་ཡོ་བྱད་རྣམས་ལ།རྣམ་པ་སེམས་ཀྱིས་ཀུན་ཏུ་འཛིན་ཞིང་གཏོང་མི་ཕོད་པར་གྱུར་པའི་སེམས་བྱུང་དེ། སེར་སྣའི་ངོ་བོ་ཡིན་ལ། དེས་ཡོ་བྱད་མཁོ་བ་མ་ཟད་མི་མཁོ་བ་རྣམས་ཀྱང་བསགས་པས་མ་བསྙུངས་ཤིང་འཕེལ་བའི་རྟེན་བྱེད་པའི་ལས་ཅན་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ནོ། །རྣམ་སྨིན་གྱི་འབྲས་བུ་ནི། སེར་སྣ་ཅན་ནི་ཡི་དྭགས་གནས་སུ་སྐྱེ་བར་འགྱུར། ཅི་སྟེ་མིར་སྐྱེས་ན་ཡང་དེ་ཚེ་དབུལ་པོར་འགྱུར། །ཞེས་པ་ལྟར་རོ། །བདུན་པ་སྒྱུ་ནི། རྒྱུ་རྙེད་བཀུར་ལ་ལྷག་པར་ཆགས་ནས་རྩ་བ་ཡོ་བྱད་ལ་འདོད་ཆགས་དང་ལོག་འཚོའི་ཉེས་པ་མ་རིག་པའི་གཏི་མུག་གི་ཆར་གཏོགས་པ་ངོ་བོ་གཞན་བསླུ་བའི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཡོན་ཏན་ཡང་དག་པ་མ་ཡིན་ཡང་ཡིན་པ་ལྟར་ཀུན་ཏུ་སྟོན་པའི་སེམས་ཀྱི་རྣམ་འགྱུར་དེ། སྒྱུའི་ངོ་བོ་ཡིན་ལ། ཚུལ་འཆོས་ཀྱིས་བསྒྲུབས་པའི་ཡོ་བྱད་ལ་ལོངས་སྤྱོད་པས་ཚེ་འདིར་ལོག་པས་འཚོ་བའི་རྟེན་བྱེད་ཅིང་ཕྱི་མ་ལ་ངན་འགྲོར་ལྟུང་བའི་ལས་ཅན་ནོ། །བརྒྱད་པ་གཡོ་ནི། རྒྱུ་རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་ནས།རྩ་བ་འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་པ། ངོ་བོ་རང་གི་རྒྱུད་ལ་ཉེས་པ་ཡང་དག་པར་ཡོད་ངེས་པ་གཞན་དུ་བསྒྱུར་ཞིང་གཏམ་རླུང་ལ་བསྐུར་བ་ལ་སོགས་པའི་ཐབས་སྣ་ཚོགས་ཀྱིས་སྐྱོང་ཞིང་སྦེད་པའི་སེམས་ཀྱི་རྣམ་འགྱུར་དེ། གཡོའི་ངོ་བོ་ཡིན་ལ། འདི་ནི་ཟུར་གྱིས་གསང་ཞིང་འཆབ་པ་ནི་གསལ་པོར་གསང་བས་ཐ་དད་དོ། །བདག་ཉིད་ཀྱི་ཚུལ་མི་སྟོན་པ་ནི་གདམས་ངག་གི་སྣོད་མ་ཡིན་པའི་ཕྱིར་ཡང་དག་པའི་གདམས་ངག་རྙེད་པའི་བར་དུ་གཅོད་པའི་ལས་ཅན་ནོ། །དགུ་བ་རྒྱགས་པ་ནི། ཟག་པ་དང་བཅས་པའི་ཕུན་སུམ་ཚོགས་པ་གང་ཡང་རུང་བ་རང་ལ་མཐོང་བ་ལ་དམིགས་ནས། རྩ་བ་འདོད་ཆགས་ཀྱི་ཆར་གཏོགས་པའི་རྣམ་པ་འགའ་ཞིག་སྲེད་པ་དང་ཡིད་བདེ་བ་ཉོན་མོངས་པ་ཅན་གྱི་སེམས་ཡོངས་སུ་གཏུགས་ཤིང་གང་བའི་སེམས་བྱུང་དེ། རྒྱགས་པའི་ངོ་བོ་ཡིན་ལ། ཆགས་སོགས་རྩ་བའི་ཉོན་མོངས་པ་དང༌། ཁྲོ་སོགས་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། །ང་རྒྱལ་ནི།གཞན་གྱི་ཡོན་ཏན་ལ་ལྟོས་ནས་ཁེངས་པ་ཡིན་ལ། འདི་རང་གི་ཆོས་ལ་ཆགས་པས་གང་བ་ཡིན་པའི་ཕྱིར། ཁྱད་པར་ཡོད་དེ། མཛོད་ལས། ང་རྒྱལ་ཁེངས་ཉིད་རྒྱགས་པ་སྟེ། །རང་གི་ཆོས་ལ་ཆགས་པ་ཡིས། །སེམས་ནི་ཡོངས་སུ་གཏུགས་པའོ། །ཞེས་པ་ལྟར་རོ། །བཅུ་པ་རྣམ་འཚེ་ནི།ཁོང་ཁྲོ་བའི་ཆར་གཏོགས་པ་གསོད་པ་ལ་སོགས་པའི་འཚེ་བར་བྱེད་པའི་སྙིང་བརྩེ་བ་མེད་པའི་སེམས་བྱུང་དེ། རྣམ་འཚེ་ཡིན་ལ། གཞན་གྱི་རྒྱུད་ལ་སྡུག་བསྔལ་དང་ཡིད་མི་བདེ་བ་སྣ་ཚོགས་བསྐྱེད་པས་རྣམ་པར་མཐོ་འཚམ་པའི་ལས་ཅན་ནོ། །བཅུ་གཅིག་པ་ངོ་ཚ་མེད་པ་ནི། གདགས་གཞི་དུག་གསུམ་གང་རུང་གི་ཆར་གཏོགས་པ་ལས། དེ་བྱ་བའི་ཆོས་མ་ཡིན་པར་ཤེས་བཞིན་དུ་སྡིག་པ་ཁ་ན་མ་ཐོ་བས་བདག་གི་ཆོས་རྒྱུ་མཚན་དུ་བྱས་བ་ལས་མི་འཛེམ་པའི་སེམས་བྱུང་དེ། ངོ་ཚ་མེད་པའི་ངོ་བོ་ཡིན་ལ། རྩ་བའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་འཕེལ་བའི་གྲོགས་བྱེད་པའི་ལས་ཅན་ནོ། །བཅུ་གཉིས་པ་ཁྲེལ་མེད་པ་ནི། དུག་གསུམ་གང་རུང་གི་ཆར་གཏོགས། ཆོས་དང་འཇིག་རྟེན་གཉིས་ཀ་དང་མི་མཐུན་པར་ཤེས་བཞིན་དུ། སྡིག་པ་ཁ་ན་མ་ཐོ་བས་གཞན་དགེ་བའི་བཤེས་གཉེན་ལ་སོགས་པ་རྒྱུ་མཚན་དུ་བྱས་པ་ལས་ཀྱང་མི་མཛེམ་པའི་སེམས་བྱུང་དེ། ཁྲེལ་མེད་པའི་ངོ་བོ་ཡིན་ལ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་བ་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ། །བཅུ་གསུམ་པ་རྨུགས་པ་ནི། གདགས་གཞི་གཏི་མུག་གི་ཆར་གཏོགས་པ་སེམས་བླུན་པར་གྱུར་ནས་མི་གཡོ་ཞིང༌། དམིགས་པ་ལ་གཏོད་མི་ནུས་པས་ལས་སུ་མི་རུང་ཞིང་བྱིང་བར་གྱུར་པ་ཉིད་ཀྱི་སེམས་བྱུང་དེ། རྨུགས་པའི་ངོ་བོ་ཡིན་ལ། དགེ་བ་ལ་བཀོལ་དུ་མི་རུང་ཞིང་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ལ་གཏི་མུག་གིས་ཁྱབ་པས་མཚུངས་ལྡན་གྱི་གྲོགས་བྱེད་པའི་ལས་ཅན་ནོ། །བཅུ་བཞི་པ་རྒོད་པ་ནི། ཡུལ་སྡུག་ཅིང་དགའ་བར་འོས་པའི་ཁ་དོག་དང་དབྱིབས་ལ་སོགས་པའི་མཚན་མའི་རྗེས་སུ་འཇུག་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་སྔོན་རྒོད་རྒོད་པ་དང་རྩེ་རྩེ་བ་དྲན་ནས་སེམས་རྣམ་པར་མ་ཞི་ཞིང་འཕྲོ་བར་གྱུར་བའི་སེམས་བྱུང་དེ། རྒོད་པའི་ངོ་བོ་ཡིན་ལ། ཏིང་ངེ་འཛིན་ཞི་བའི་བདག་ཉིད་ཅན་གྱི་གནས་པ་དང་མི་མཐུན་པས་དེ་ཉིད་ཀྱི་བར་དུ་གཅོད་པའི་ལས་ཅན་ནོ། །བཅོ་ལྔ་པ་མ་དད་པ་ནི། གཏི་མུག་གི་ཆར་གཏོགས་པ། དམིགས་ཡུལ་དགེ་པའི་ཆོས་ལས་འབྲས་སོགས་ཡིད་མི་ཆེས་པ་སོགས་དད་པའི་མི་མཐུན་ཕྱོགས་སུ་གྱུར་བའི་སེམས་བྱུང་དེ། མ་དད་པའི་ངོ་བོ་ཡིན་ལ། མ་དད་ན་སྦྱོར་བ་ལ་འདུན་པ་མེད་པའི་ཕྱིར་ལེ་ལོའི་རྟེན་བྱེད་པའི་ལས་ཅན་ནོ། །བཅུ་དྲུག་པ་ལེ་ལོ་ནི། གཏི་མུག་གི་ཆར་གཏོགས་པ་དགེ་བ་ལ་སེམས་མངོན་པར་མི་སྤྲོ་བའི་སེམས་བྱུང་དེ། ལེ་ལོའི་ངོ་བོ་ཡིན་ལ། བྱ་བ་ངན་པ་ལ་སྦྱོར་ཞིང་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ཡིན་པས་དགེ་བའི་ཕྱོགས་ལ་སྦྱོར་བའི་བར་དུ་གཅོད་པའི་ལས་ཅན་ནོ། །བཅུ་བདུན་པ་བག་མེད་ནི། གདགས་གཞི་དུག་གསུམ་གང་རུང་གི་ཆར་གཏོགས་པ་དགེ་བའི་ཆོས་རྣམས་མི་སྒོམ་ཞིང་ཡིད་ལ་མི་བྱེད་པ་དང༌། ཟག་པ་དང་བཅས་པའི་ཆོས་ཆགས་སོགས་ཉོན་མོངས་པ་རྣམས་ལ་སེམས་མི་སྲུང་ཞིང་མི་ཟློག་པས་བག་ཡངས་སུ་གཏོང་བའི་སེམས་བྱུང་དེ། བག་མེད་ཀྱི་ངོ་བོ་ཡིན་ལ། སྤང་བྱ་མི་དགེ་བ་འཕེལ་བ་དང༌། གཉེན་པོ་དགེ་བ་འགྲིབ་པའི་རྟེན་བྱེད་པའི་ལས་ཅན་ནོ། །བཅོ་བརྒྱད་པ་བརྗེད་ངས་ནི། ཆགས་སོགས་ཉོན་མོངས་པ་དང་མཚུངས་པར་ལྡན་པས་དེའི་དམིགས་པ་དྲན་ཞིང༌། དགེ་བའི་དམིགས་པ་མི་གསལ་བས་བརྗེད་པར་གྱུར་པའི་སེམས་བྱུང་དེ། བརྗེད་ངས་ཀྱི་ངོ་བོ་ཡིན་ལ། ཉོན་མོངས་པའི་ཡུལ་ལ་སེམས་གཡེང་བའི་རྟེན་བྱེད་པའི་ལས་ཅན་ནོ། །བཅུ་དགུ་བ་ཤེས་བཞིན་མ་ཡིན་པ་ནི། ཆགས་སོགས་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་ཤེས་རབ་ཕྱིན་ཅི་ལོག་ཏུ་གྱུར་བའི་སེམས་བྱུང་དེ། ཤེས་བཞིན་མ་ཡིན་པའི་ངོ་བོ་ཡིན་ལ། ། དེས་ལུས་ཀྱི་འགྲོ་འོང་དང༌། ངག་གི་སྨྲ་བརྗོད་དང༌། སེམས་ཀྱི་རྟོག་དཔྱོད་ལ་སོགས་པའི་སྤྱོད་པ་ལ་ལེགས་པར་མ་བརྟགས་པར་མི་ཤེས་བཞིན་དུ་འཇུག་པ་སྟེ། ཐོས་ལྡན་དད་པ་ཅན་དང་ནི། །བརྩོན་པ་ལྷུར་ལེན་དུ་མ་ཡང༌། །ཤེས་བཞིན་མི་ལྡན་སྐྱོན་ཆགས་པས། །ལྟུང་བའི་རྙོག་དང་བཅས་པར་གྱུར། །ཞེས་པ་ལྟར་གནང་བཀག་གི་ཆ་མི་ཤེས་པས་ལྟུང་བ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །འདུལ་བའི་མ་མོ་བསྡུ་བར་ཡང༌། ལྟུང་དེའི་རྒྱུ་ཡང་རྣམ་བཞི་སྟེ། །མི་ཤེས་པ་དང་བག་མེད་དང༌། །ཉོན་མོངས་མང་དང་མ་གུས་པའོ། །ཞེས་གསུངས་པ་ལས་འདི་ནི་དང་པོའོ། །ཉི་ཤུ་བ་རྣམ་གཡེང་ནི། དུག་གསུམ་གང་རུང་གི་ཆར་གཏོགས་པའི་སེམས་ཏིང་ངེ་འཛིན་ལ་སོགས་པ་དགེ་བའི་དམིགས་པ་ལས་ཡུལ་སྣ་ཚོགས་ལ་རྣམ་པར་འཕྲོ་བར་འགྱུར་བའི་སེམས་བྱུང་དེ། རྣམ་པར་གཡེང་བའི་ངོ་བོ་ཡིན་ལ། དེས་ཏིང་ངེ་འཛིན་ལ་གེགས་བྱེད་པའི་ཕྱིར་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་ལམ་གྱི་ས་ལ་འདོད་ཆགས་དང་བྲལ་བའི་བར་དུ་གཅོད་པའི་ལས་ཅན་ནོ། །

དྲུག་པ་གཞན་འགྱུར་བཞི་བཤད་པ་ལ་བཞི།

དྲུག་པ་གཞན་འགྱུར་བཞི་བཤད་པ་ལ་བཞི་ལས།

དང་པོ་གཉིད་ནི། གཏི་མུག་གི་འཆར་གཏོགས་པ་འཇུག་པ་རང་དབང་མེད་པར་སེམས་ནང་དུ་བསྡུས་པར་བྱེད་པའི་སེམས་བྱུང་དེ། ཉེ་ཉོན་གྱི་གཉིད་ཀྱི་ངོ་བོ་ཡིན་ལ། བརྩམ་པའི་བྱ་བ་མ་ལུས་པ་ཤོར་བའི་རྟེན་བྱེད་པའི་ལས་ཅན་ནོ། །གཉིས་པ་འགྱོད་པ་ནི། བྱ་བ་དེ་ལྟ་བུ་མི་བྱེད་པ་ཡིན་ཏེ་སྙམ་པའི་སེམས་ཀྱི་རྣམ་འགྱུར་ཡིད་ལ་གཅགས་པ་མི་དགའ་བ་དང་མཚུངས་པར་ལྡན་པའི་སེམ་བྱུང་དེ། འགྱོད་པའི་ངོ་བོ་ཡིན་ལ། བྱེད་ལས་ནི། འདིས་ཏིང་ངེ་འཛིན་ལ་སྒྲིབ་པས་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པའི་བར་དུ་གཅོད་པའི་ལས་ཅན་ནོ། །གསུམ་པ་གཞན་འགྱུར་གྱི་རྟོག་པ་ནི། མངོན་པར་མི་རྟོག་པའི་དུས་སུ་སེམས་པའམ། མངོན་པར་རྟོག་པའི་དུས་སུ་སྐྱོན་ཡོན་འབྱེད་པའི་ཤེས་རབ་ལ་བརྟེན་ནས་བཏགས་པ་ཡུལ་དྲུག་ཅི་རིགས་ལ་དམིགས་ནས་རྣམ་པ་དོན་རགས་པ་ཙམ་ཚོལ་བའི་སེམས་བྱུང་དེ། གཞན་འགྱུར་གྱི་རྟོག་པའི་ངོ་བོ་ཡིན་ལ། བཞི་བ་དཔྱོད་པ་ནི། སེམས་པའམ་ཤེས་རབ་ལ་བརྟེན་ནས་ཡུལ་དྲུག་གང་རུང་ལ་དམིགས་ནས་དོན་ཞིབ་པར་དཔྱོད་པའི་སེམས་བྱུང་དེ། དཔྱོད་པའི་ངོ་བོ་ཡིན་ལ། དེ་གཉིས་ཀའི་བྱེད་ལས་ནི། རྟོག་དཔྱོད་དགེ་བས་བདེ་བ་ལ་རེག་པར་གནས་པ་དང༌། མི་དགེ་བས་དེ་ལ་རེག་པར་མི་གནས་པའི་རྟེན་བྱེད་པའི་ལས་ཅན་ནོ། །འདི་གཉིས་ལ་གྲུབ་མཐའི་ཁྱད་པར་དུ་མ་ཡོད་དོ། །སེམས་སེམས་བྱུང་གི་རྣམ་བཞག་འདི་དག་ནི་མངོན་པ་ཀུན་བཏུས་དང་ས་བཟང་གི་ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ཇི་ལྟ་བ་བཞིན་བཤད་ཁུལ་བྱས་པའོ། །

རྩ་བའི་ས་བཅད་གཉིས་པ་ཡུལ་གྱི་རྣམ་བཞག་བཤད་པ།

རྩ་བའི་ས་བཅད་གཉིས་པ་ཡུལ་གྱི་རྣམ་བཞག་བཤད་པ་ལ།

མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། བློའི་རིག་པར་བྱ་བ། ཡུལ་གྱི་མཚན་ཉིད་ཡིན་ཏེ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། རིག་པར་བྱ་བ། ཞེས་གསུངས་པའི་ཕྱིར། གཉིས་པ་དབྱེ་བ་ནི། གཏན་ཚིགས་རིགས་པའི་དོན་བསྡུས་ལས། །ཡུལ་ལ་དབྱེ་ན། ཡུལ་དུ་བྱས་ཚུལ་མི་འདྲ་བའི་སྒོ་ནས་དང༌། རྟོགས་དཀའ་སླའི་སྒོ་ནས་དབྱེ་ཚུལ་དང་གཉིས། དང་པོ་ལ་དབྱེ་ན། སྣང་ཡུལ། བཟུང་ཡུལ། ཞེན་ཡུལ། འཇུག་ཡུལ་དང་བཞིའོ། །མཚན་ཉིད་ནི་རིམ་པ་ལྟར། སྣང་ནས་རིག་པར་བྱ་བ་དང༌། རང་འཛིན་ཤེས་པ་མ་འཁྲུལ་བ་ལ་རང་འདྲ་བའི་རྣམ་པ་དངོས་སུ་སྐྱེད་བྱེད་ཀྱི་བེམ་པོ་དང༌། ཞེན་ནས་རིག་པར་བྱ་བ་དང༌། ཚད་མའི་གཞལ་བ་ལས་བླང་དོར་བྱར་རུང་བའོ། །སྣང་ཡུལ་ཤེས་པ་ཀུན་ལ་ཡོད། །བཟུང་ཡུལ་དོན་རིག་གཉིས་ཀྱིས་འཛིན། །ཞེན་ཡུལ་རྟོག་པ་ཁོ་ནས་ཞེན། །འཇུག་ཡུལ་ལ་ནི་ཚད་མ་དང༌། །དཔྱད་ཤེས་སྐྱེས་བུ་གསུམ་གྱིས་འཇུག །ཅེས་གསུངས་པའི་ཕྱིར། གཉིས་པ་རྟོགས་དཀའ་སླའི་སྒོ་ནས་དབྱེ་ན། མངོན་གྱུར། ཅུང་ཟད་ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་དང་གསུམ། མངོན་སུམ་ཚད་མའི་དངོས་སུ་རྟོགས་པར་བྱ་བ། མངོན་གྱུར་གྱི་མཚན་ཉིད། དངོས་སྟོབས་རྗེས་དཔག་ཚད་མའི་དངོས་སུ་རྟོགས་པར་བྱ་བ། ཅུང་ཟད་ལྐོག་གྱུར་གྱི་མཚན་ཉིད། ཡིད་ཆེས་རྗེས་དཔག་གི་རྟོགས་པར་བྱ་བ་དེ། ཤིན་ཏུ་ལྐོག་གྱུར་གྱི་མཚན་ཉིད་ཡིན་ཏེ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། གཞལ་བྱ་མངོན་གྱུར་ལྐོག་གྱུར་ཤིན་ཏུ་ལྐོག་གྱུར་གསུམ་མོ། །མཚན་ཉིད་རིམ་པ་ལྟར་རྟོགས་པ་པོའི་མངོན་སུམ་དང༌། རྗེས་དཔག་མཚན་ཉིད་པས་དང༌། ལུང་ཙམ་གྱིས་གྲུབ་པའི་དོན་ཞེས་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་མངོན་ཚད་ལས་བཤད་པའི་བློ་རིག་གི་རྣམ་བཞག་རྣམས་ལེགས་པར་ཤེས་ན་སྤང་བླང་དང༌། དོན་དང་དོན་མ་ཡིན་པ་དང༌། ས་ལམ་གྱི་མངོན་རྟོགས་རྣམས་ལེགས་པར་ཤེས་ནས་མཐར་ཐུག་མི་གནས་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་སྒྲོད་པར་འགྱུར་བའོ། །

སྨྲས་པ། མངོན་ཚད་ལས་བྱུང་བློ་རིག་རྣམ་བཞག་ཀུན། །མ་འདྲེས་གསལ་བའི་ངག་གི་བཀོད་པ་ཡི། །ལེགས་བཤད་དྲི་མ་མེད་པའི་དཔལ་འདི་ཉིད། །ཐུབ་བསྟན་པད་མའི་དཔལ་ལ་མཛེས་གྱུར་ཅིག །དགེ་འདིས་ཚེ་རབས་ཀུན་ཏུ་བློ་རིག་གི །ཆོས་ཚུལ་གསལ་བའི་བློ་གྲོས་དཔལ་ཐོབ་ཅིང༌། །བླང་དོར་ཚུལ་བཞིན་སྒྲུབ་ལ་རབ་བརྩོན་ནས། །འགྲོ་ཀུན་ཕན་བདེའི་ཉེར་འཚོ་བདག་གྱུར་ཅིག །སྐྱེ་བ་ཀུན་ཏུ་ཚེ་རབས་ཀུན་ཏུ་ཡང༌། །མཚན་ལྡན་བླ་མའི་བརྩེ་བས་རྗེས་བཟུང་ནས། །ཞི་བསིལ་ཆོས་ཀྱིས་རང་རྒྱུད་ལེགས་སྨིན་ནས། །ཐུབ་བསྟན་གསལ་བའི་སྒྲོན་མེ་བདག་གྱུར་ཅིག །ཅེས་བློ་རིག་གི་རྣམ་བཞག་ཉུང་གསལ་ལེགས་བཤད་གསེར་གྱི་ཉི་མ་ཞེས་བྱ་བ་འདི་ནི་བློ་ལྡན་དུ་མས་བསྐུལ་བ་དང༌། ཇོ་ནང་བཤད་གྲྭ་མདོ་སྔགས་སློབ་གླིང་ངེས་དོན་རིག་པའི་དགའ་ཚལ་གྱི་སློབ་མ་རྣམས་ལ་མཁོ་ཕྱིར་དུ་རྒྱ་བོད་ཀུན་ལ་ཉུལ་བའི་སྤྲང་འཁྱམས་པ་ངག་དབང་དངོས་གྲུབ་དཔལ་གྱིས་མདོ་སྔགས་སློབ་གླིང་དབུ་འཛུགས་སྐབས་ཆོས་ཁྲིད་དུ་མའི་ཞར་ལ་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་རབ་གནས་ཀུན་འཛིན་ཞེས་པ་ས་བྱིའི་གྲོ་བཞིན་ཟླ་བའི་ཚེས་དགུ་ལ་རྫོགས་པར་བྲིས་པའོ། །འདིས་ཀྱང་སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་ཁྱད་པར་དུ་མཐའ་བྲལ་གཞན་སྟོང་གི་ལྟ་གྲུབ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ། །།སརྦ་མངྒ་ལམ།


previousབློ་རིག་གི་རྣམ་བཞག་ཉུང་གསལ་ལེགས་བཤད་གསེར་གྱི་ཉི་མ།next