Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ། ཚད་མ།


  expand section
   
   
  expand section
  collapse section
རྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད།
   
   
   
   
   
   
   
   
   
  expand section
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   


 
previousརྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད།next

རྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད།

རྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད་ཅེས་བྱ་བ་བཞུགས་སོ། །

ཨོཾ་སྭ་སྟི། ཚོགས་གཉིས་རྒྱ་ཆེན་རོལ་མཚོ་ལས་འཁྲུངས་སྐུ་བཞིའི་བང་རིམ་ཅན། །མཁྱེན་བརྩེའི་ཉི་ཟླས་རབ་མཛེས་འཕྲིན་ལས་དཔག་བསམ་ཤིང་གིས་མཛེས། །སྐལ་བཟང་གདུལ་བྱའི་འགྲོ་རྣམས་སྲིད་མཚོ་ལས་སྒྲོལ་བདེ་སྟེར་བའི། །ཐུབ་དབང་རི་རྒྱལ་མཆོག་ལ་ཀུན་ནས་དད་པས་ཕྱག་འཚལ་ལོ། །གང་གི་ལེགས་བཤད་རབ་གསལ་འོད་སྟོང་གིས། །མ་རིག་མུན་སེལ་ཤེས་རབ་སྣང་བའི་དཔལ། །སྨྲ་བའི་ཟླ་བ་ཕྱོགས་གླང་ཆོས་གྲགས་སོགས། །ཚད་མའི་སྲོལ་འབྱེད་རྣམས་ལ་གུས་པས་འདུད། །སྲིད་ཞིའི་གདུང་བ་སེལ་བའི་སྨན། །རྣམ་གྲོལ་ལམ་བཟང་སྟེར་བའི་གཉེན། །རྒྱལ་བསྟན་རིན་ཆེན་འབྱུང་བའི་གནས། །ཚད་མའི་བརྒྱུད་འཛིན་ཀུན་ལ་གུས། །རྣམ་མང་ལུང་ལ་བློ་གྲོས་ཆེས་གསལ་བའི། །གནས་ལུགས་རྟོགས་པའི་མཁྱེན་རབ་འོད་འབར་བ། །མཐའ་ཡས་འགྲོ་བའི་འདྲེན་མཆོག་ཆོས་ཀྱི་རྗེ། །རྗེ་བཙུན་དམ་པ་རྣམས་ལ་སྐྱབས་ཕྱག་འཚལ། །ཆོས་ཀུན་མ་ལུས་གསལ་བར་སྟོན་པ་ཡི། །རྒྱལ་བའི་གསུང་རབ་ཀུན་ལ་ལྟ་བའི་མིག །ལྟ་ངན་མུན་སེལ་ཚ་ཟེར་འོད་བརྒྱ་བ། །རྟགས་རིགས་རྣམ་བཞག་ཉུང་གསལ་འདིར་བཤད་བྱ། །ཕྱོགས་ཞེན་ཆགས་སྡང་མུན་པས་མ་བསྒྲིབས་ཤིང༌། །བློ་གྲོས་རྣམ་པར་གསལ་བའི་སྣང་བ་ཅན། །གཟུར་གནས་ལེགས་བཤད་དོན་གཉེར་ལྡན་པ་ཡི། །སྐལ་ལྡན་གདུལ་བྱའི་ཚོགས་རྣམས་གུས་པས་ཉོན། །དེ་ལ་འདིར་གང་དག་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བླ་ན་མེད་པ་མངོན་དུ་བྱེད་པར་འདོད་པའི་སྐལ་བ་དང་ལྡན་པ་དེ་དག་གིས་ནི། སྙིང་པོ་མེད་པའི་སྲིད་པའི་བྱ་བ་མ་ལུས་པ་རྒྱང་རིང་དུ་སྤངས་ནས། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་རྣམ་པར་དག་པ་ལ། དད་པ་དང་བརྩོན་འགྲུས་ཀྱིས་འཇུག་པར་བྱ་དགོས་པ་ཡིན་ལ། དེ་ཡང་ཚད་མ་སྡེ་བདུན་མདོ་དང་བཅས་པའི་དགོས་དོན་གྱི་གཙོ་བོ་ནི། རང་རེའི་བསྟན་པ་དང་སྟོན་པ་སྐྱོན་མེད་དུ་བསྒྲུབས་ནས་རྣམ་གྲོལ་དོན་གཉེར་རྣམས་ཡང་དག་པའི་ལམ་བཟང་ལ་འགོད་པའི་ཆེད་ཡིན་ལ། བརྗོད་བྱ་ཡང་རིགས་སྒོ་ལས། མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་ཕྱིར། །སྒྲུབ་པ་དང་ནི་སུན་འབྱིན་དག །ལྟར་སྣང་བཅས་པ་གཞན་རིག་ཕྱིར། །ཞེས་གསུངས་པ་ལྟར་སྟོན་པ་དང་བསྟན་པ་སྐྱོན་མེད་དུ་རང་གིས་ངེས་པའི་ཐབས་མངོན་རྗེས་ཡང་དག་གཉིས་དང༌། གོལ་ས་གཅོད་ཕྱིར་དུ་ལྟར་སྣང་གཉིས་དང༌། རང་གིས་ངེས་ནས་གཞན་རྗེས་སུ་འཛིན་པའི་ཕྱིར་དུ་ཐོག་མར་ལོག་རྟོག་གི་རྩེ་གཞོམ་བྱེད་སུན་འབྱིན་དང༌། ཐེ་ཚོམ་གཅོད་བྱེད་སྒྲུབ་ངག་ཡང་དག་དང༌། དེའི་གོལ་ས་ལྟར་སྣང་གཉིས་ཏེ་རྟོག་གེའི་ཚིག་དོན་བརྒྱད་བརྗོད་བྱའི་གཙོ་བོ་ཡིན་པའོ། །དེ་ཡང་ཚད་མ་རྣམ་འགྲེལ་རང་འགྲེལ་ལས། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པ་ཡིན་པའི་ཕྱིར་ལ། ཞེས་གསུངས་པ་ལྟར་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་དཔག་ལ་རག་ལས་པ་ཡིན་ལ། དེ་ཡང་ཚད་མ་མདོ་ལས། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་དང༌། རིགས་ཐིགས་ལས། རྗེས་སུ་དཔག་པ་ནི་རྣམ་པ་གཉིས་ཏེ། རང་གི་དོན་དང་གཞན་གྱི་དོན་ནོ། །དེ་ལ་རང་གི་དོན་གྱི་རྗེས་སུ་དཔག་པར་བྱ་བ་ལ་ཚུལ་གསུམ་པའི་རྟགས་ལས་ཤེས་པ་གང་ཡིན་པའོ། །ཞེས་པ་ལྟར་རྗེས་དཔག་དེས་ཀྱང་རང་གི་རྟེན་གཏན་ཚིགས་ཡང་དག་ལ་བརྟེན་ནས་ངེས་དགོས་པས་སོ། །དེས་ན་འདིར་རྗེས་དཔག་གི་རྟེན་གཏན་ཚིགས་ཀྱི་རྣམ་བཞག་བཤད་པ་ལ། །གཏན་ཚིགས་ཀྱི་རྣམ་བཞག་བཤད་པ་ལ་གཉིས། གཏན་ཚིགས་ཀྱི་རྣམ་བཞག་དངོས་དང༌། དེ་སྟོན་བྱེད་ཀྱི་གཞན་དོན་རྗེས་དཔག་བཤད་པ་དང་གཉིས། དང་པོ་ནི། རྟགས་ཀྱི་མཚན་ཉིད་བཤད་པ། དབྱེ་བ་བཤད་པ་དང་གཉིས།

རྟགས་ཀྱི་མཚན་ཉིད་བཤད་པ།

རྟགས་ཀྱི་མཚན་ཉིད་བཤད་པ།

དང་པོ་ནི། གཏན་ཚིགས་སུ་བཀོད་པ། རྟགས་ཀྱི་མཚན་ཉིད་ཡིན་ཏེ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། རྟགས་དང་དཔེ་གཉིས་ལས། དང་པོའི་མཚན་ཉིད། གཏན་ཚིགས་སུ་བཀོད་པ། ཞེས་གསུངས་སོ། །མཚན་གཞི་ནི། རི་བོང་རྭ་དང་བྱས་པ་ལྟ་བུའོ། །ཡོད་མེད་གང་རུང་ཡིན་ན་རྟགས་ཡིན་པས་ཁྱབ་སྟེ། དེ་གང་རུང་ཡིན་ན་གཏན་ཚིགས་སུ་བཀོད་པ་ཡིན་པས་ཁྱབ་པའི་ཕྱིར། བྱས་པ་ཆོས་ཅན། ཁྱོད་རྟགས་ཡིན་པར་ཐལ། ཁྱོད་གཏན་ཚིགས་སུ་བཀོད་པ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་གཏན་ཚིགས་སུ་བཀོད་པ་ཡིན་པའི་ཕྱིར། དེར་ཐལ། སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་ཡོད་པའི་ཕྱིར། དེར་ཐལ། ཡོད་མེད་གང་རུང་ཡིན་པའི་ཕྱིར། དེ་སྒྲུབ་ཀྱི་གཏན་ཚིགས་སུ་བཀོད་པ། དེ་སྒྲུབ་ཀྱི་རྟགས་ཀྱི་མཚན་ཉིད། སྡུག་བདེན་མི་རྟག་པར་སྒྲུབ་པའི་གཏན་ཚིགས་སུ་བཀོད་པ། སྡུག་བདེན་མི་རྟག་པར་སྒྲུབ་པའི་རྟགས་ཀྱི་མཚན་ཉིད། མཚན་གཞི་ནི་སྐད་ཅིག་མ་ལྟ་བུའོ། །བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་སུ་བཀོད་པ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཀྱི་མཚན་ཉིད། མཚན་གཞི་ནི། བྱས་པ་དེ་ཡིན་ནོ། །བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པ་ཡིན་ནོ། །

དབྱེ་བ་བཤད་པ་ལ་གཉིས།

དབྱེ་བ་བཤད་པ་ལ་གཉིས།

གཉིས་པ་དབྱེ་བ་བཤད་པ་ལ། རྟགས་ཡང་དག་བཤད་པ་དང༌། རྟགས་ལྟར་སྣང་བཤད་པའོ། །

རྟགས་ཡང་དག་བཤད་པ་ལ་གསུམ།

དང་པོ་ནི། རྣམ་འགྲེལ་ལས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་གསུངས་པ་ལྟར་རྟགས་ཡང་དག་གི་མཚན་ཉིད་དང༌། དབྱེ་བ་དང༌། གྲངས་ངེས་བཤད་པ་དང་གསུམ།

དང་པོ་རྟགས་ཡང་དག་གི་མཚན་ཉིད་བཤད་པ་གཉིས།

དང་པོ་ལ་དངོས་དང༌། ཚུལ་སོ་སོའི་མཚན་ཉིད་སོགས་བཤད་པའོ། །

༡ དངོས་བཤད་པ།

དང་པོ་ལ་དགག་བཞག་གཉིས་ལས། དང་པོ་ནི། རིག་པ་ཅན་གྱིས་ནི། ཤཱཀྱ་བློའི་འགྲེལ་བཤད་ལས། རིག་པ་ཅན་པའི་མཚན་ཉིད་ནི། སྔ་མ་དང་ལྡན་པ་དང༌། ལྷག་མ་དང་ལྡན་པ་དང༌། སྤྱིར་མཐོང་བ་ཞེས་སྨྲ་བ་ལ། རྒྱུས་འབྲས་བུ་རྗེས་སུ་དཔོག་པ་ནི་སྔ་མ་དང་ལྡན་པ་སྟེ། ཞེས་གསུངས་པ་ལྟར་གྱི་སྔ་མ་དང་ལྡན་པ་དང༌། ལྷག་མ་དང་ལྡན་པ་ནི། ཤིང་ཕུང་གཅིག་ལས་སྐྱེས་པ་དང་གཟུགས་མཚུངས་པས་ཤིང་ཏོག་ལྷག་མ་རྣམས་རོ་མངར་བ་སྒྲུབ་པའི་རྟགས་ལྷག་མ་ཅན་དང༌། ཟླ་བ་ནུབ་རིར་ནུབ་པ་མཐོང་བ་ལས་ཉི་མ་དེ་ལྟར་དུ་དཔོག་པ་སྤྱི་མཐོང་ཅན་གྱི་རྟགས་དང་རྟགས་ཐ་དད་པ་གསུམ་ཡོད་ལ། རིགས་གཏེར་རང་འགྲེལ་དུ་གྲགས་པ་ལས་དེ་དང་མི་མཐུན་པ་ཞིག་གསུངས་སོ། །

ཡང་ཕྱི་སྡེ་དུ་མ་དང་རང་སྡེ་དབང་ཕྱུག་སྡེ་སོགས་རྟགས་ཡང་དག་གི་མཚན་ཉིད།

ཚུལ་དྲུག་པ་ཅན་གྱི་རྟགས་དེ་ཡིན་ལ། ཚུལ་དྲུག་ནི། ཕྱོགས་ཆོས་དང༌། མཐུན་ཕྱོགས་ལ་མཐོང་ཙམ་གྱི་རྗེས་འགྲོ་དང༌། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱི་ལྡོག་པ་དང༌། དམ་བཅའ་ལ་ཚད་མས་གནོད་པ་མེད་པའི་ཡུལ་ཅན་དང༌། ལོག་ཕྱོགས་སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་བརྗོད་པར་འདོད་པའི་གྲངས་གཅིག་པ་དང༌། ལྔ་བོ་དེ་བློ་ཡུལ་དུ་ངེས་པའི་ཤེས་པ་ཉིད་དང་དྲུག་གོ ། ཚུལ་རེ་རེ་བ་དང་གཉིས་གཉིས་དང་བཞི་དང་དྲུག་ཅན་གྱི་རྟགས་ཡང་དག་འདོད་པ་རྣམས་མི་འཐད་དེ། ཚད་མ་མདོ་ལས། ཚུལ་གཉིས་པ་དང་རེ་རེ་བ། །རྟགས་དོན་མིན་པར་དོན་གྱིས་བྱས། །ཞེས་དང༌། ཛེ་ཏཱ་རེའི་རྟོག་གེའི་སྐད་ལས། ཚུལ་གསུམ་པའི་རྟགས་སྨོས་པས་ནི། ཚུལ་གཅིག་དང༌། གཉིས་དང༌། བཞི་དང༌། ལྔ་དང༌། དྲུག་ལས་སྐྱེས་པའི་ཤེས་པའི་རྗེས་སུ་དཔག་པ་ཉིད་ཕྱིར་བཟློག་གོ །ཞེས་གསུངས་སོ། །གཞན་ཡང་རྟགས་ལྟར་སྣང་དུ་མ་ཡང་དག་ཏུ་ཐལ་བ་དང༌། རང་སྡེ་དེ་དག་ལ་སློབ་དཔོན་གྱི་ལུང་དང་འགལ་བའི་ལུང་འགལ་དྲུག་སོགས་ལུང་རིགས་ཀྱིས་དགག་ཚུལ་རྒྱས་པར་གཞན་ལས་ཤེས་པར་བྱ། འདིར་ཡི་གེ་མང་དོགས་ནས་མ་སྤྲོས་སོ། །

གཉིས་པ་རང་ལུགས་བཞག་པ།

གཉིས་པ་རང་ལུགས་བཞག་པ་ནི།

ཚུལ་གསུམ་ཡིན་པ། རྟགས་ཡང་དག་གི་མཚན་ཉིད་ཡིན་ཏེ། ཚད་མ་རིགས་སྒོ་ལས། གཏན་ཚིགས་ཀྱི་མཚན་ཉིད་ནི་ཚུལ་གསུམ་ཚང་པའོ། །ཚུལ་གསུམ་གང་ཞེ་ན། ཕྱོགས་ཀྱི་ཆོས་ཀྱི་ལྟོས་གཞི་ལ་ཡོད་པ་དང༌། མཐུན་པའི་ཕྱོགས་ལ་ཡོད་པ་དང༌། མི་མཐུན་ཕྱོགས་ལ་མེད་པའོ། །ཞེས་དང༌། རྣམ་འགྲེལ་ལས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས། ཞེས་དང༌། རྣམ་ངེས་ལས། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ལ་མེད་པར་ནི། །ངེས་པ། ཞེས་དང༌། རིགས་ཐིགས་ལས། ཚུལ་གསུམ་པ་ཉིད་ཀྱི་རྟགས་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང༌། མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང༌། མི་མཐུན་པའི་ཕྱོགས་ཉིད་ལ་མེད་པ་ཉིད་དུ་ངེས་པའོ། །ཞེས་དང༌། གཏན་ཚིགས་རིགས་པའི་དོན་བསྡུས་ལས། དབྱེ་ན། རྟགས་ཡང་དག་དང་ལྟར་སྣང་གཉིས་སོ། །མཚན་ཉིད་ནི་རིམ་པ་ལྟར། ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གཏན་ཚིགས་དང༌། རྟགས་སུ་བཀོད་ཅིང་ཚུལ་གསུམ་མ་ཚང་བའོ། །ཞེས་གསུངས་སོ། །ལུང་ཕྱི་མ་འདིའི་ཚིག་ལ་ཅུང་ཟད་དཔྱད་རྒྱུ་སྣང༌། མིང་གི་རྣམ་གྲངས་ནི། པཎ་ཆེན་ཐར་འབྱུང་སྦས་པའི་རྟོག་གེའི་སྐད་ལས། སྒྲུབ་པར་བྱེད་པ་དང༌། ཤེས་པར་བྱེད་པ་དང༌། གཏན་ཚིགས་དང༌། ཁྱབ་པར་བྱ་བ་ཞེས་པ་རྟགས་ཀྱི་མིང་གཞན་རྣམས་སོ། །ཞེས་དང༌། བྲམ་ཟེས་ཀྱང༌། གཏན་ཚིགས་གོ་བར་བྱེད་པ་ཡིན། ཞེས་དང༌། ཤཱཀྱས། ཁྱབ་པར་བྱ་བ་གཏན་ཚིགས་དེ་ལ། ཞེས་གསུངས་པའི་ཕྱིར། སྒྲ་བཤད་ནི། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་ཅིང་མཚོན་པར་བྱེད་པས་དེ་ལྟར་བརྗོད་པའི་ཕྱིར་ཏེ། འཐད་ལྡན་ཆུང་བ་ལས། མཚོན་པར་བྱེད་ཅིང་འདིས་དོན་སྟོན་པར་བྱེད་པས་རྟགས་སོ། །ཞེས་དང༌། དུལ་བ་ལྷས། འདིས་མཚོན་པར་བྱེད་པས་ན་རྟགས་སོ། །ཞེས་གསུངས་པའི་ཕྱིར་རོ། །

ཚུལ་སོ་སོའི་མཚན་ཉིད་སོགས་བཤད་པ་ལ་གཉིས།

ཚུལ་སོ་སོའི་མཚན་ཉིད་སོགས་བཤད་པ་ལ་གཉིས།

གཉིས་པ་ཚུལ་སོ་སོའི་མཚན་ཉིད་སོགས་བཤད་པ་ལ། ཚུལ་སོ་སོའི་ལྟོས་གཞི་བཤད་པ་དང༌། ཚུལ་གསུམ་དངོས་བཤད་པ་དང་གཉིས།

ཚུལ་སོ་སོའི་ལྟོས་གཞི་བཤད་པ་གཉིས།

དང་པོ་ནི། གཏན་ཚིགས་རིགས་པའི་དོན་བསྡུས་ལས། ལྟོས་གཞི་ཕྱོགས་གསུམ་ནི། ཚུལ་དང་པོའི་ལྟོས་གཞི་ཕྱོགས་ཤེས་འདོད་ཆོས་ཅན། གཉིས་པའི་ལྟོས་གཞི་མཐུན་ཕྱོགས། གསུམ་པའི་ལྟོས་གཞི་མི་མཐུན་ཕྱོགས་སོ། །ཞེས་གསུངས་པ་ལྟར་ཕྱོགས་ཆོས་ཀྱི་ལྟོས་གཞི་ཤེས་འདོད་ཆོས་ཅན་བཤད་པ། རྗེས་ཁྱབ་དང་ལྡོག་ཁྱབ་ཀྱི་ལྟོས་གཞི་མཐུན་ཕྱོགས་མི་མཐུན་ཕྱོགས་བཤད་པ་དང་གཉིས།

ཕྱོགས་ཆོས་ཀྱི་ལྟོས་གཞི་ཤེས་འདོད་ཆོས་ཅན་བཤད་པ།

ཕྱོགས་ཆོས་ཀྱི་ལྟོས་གཞི་ཤེས་འདོད་ཆོས་ཅན་བཤད་པ།

དང་པོ་ལ་ཤེས་འདོད་ཆོས་ཅན་གྱི་མཚན་ཉིད་བཤད་པ། དབྱེ་བ་བཤད་པ། ཤེས་འདོད་ཆོས་ཅན་གྱི་སྒྲུབ་བྱེད་ཀྱི་རིགས་པ་བཤད་པ་དང་གསུམ། དང་པོ་ནི། དེ་སྒྲུབ་ཀྱི་རྩོད་གཞིར་བཟུང་བ། ཤེས་འདོད་ཆོས་ཅན་གྱི་མཚན་ཉིད། ཡང་ན་གཏན་ཚིགས་རིགས་པའི་དོན་བསྡུས་ལས། མཚན་ཉིད་རིམ་པ་ལྟར། བསྒྲུབ་བྱ་སྤྱི་ཡི་ཕྱོགས་གཅིག་གང་ཞིག བསྒྲུབ་བྱའི་ཆོས་ཀྱི་དཔག་གཞིར་བཟུང་བ། ཞེས་གསུངས་སོ། །སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྩོད་གཞིར་བཟུང་བ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་གྱི་མཚན་ཉིད། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་དང། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྩོད་གཞི་དང༌། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དཔག་གཞི་གསུམ་དོན་གཅིག དེ་སྒྲུབ་ཀྱི་རྩོད་གཞིར་བཟུང་བ་ཡང་ཡིན། ཁྱོད་སྦྱོར་བ་དེ་སྒྲུབ་ཀྱི་རྟགས་སུ་འགྲོ་རྒྱུ་དེ་ཡིན་པར་ངེས་ནས་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེ་ཡིན་མིན་ལ་ཤེས་འདོད་ཞུགས་པའི་གང་ཟག་ཡོད་པའི་གཞི་མཐུན་པ་དེ། ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་མཚན་ཉིད། ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྩོད་གཞིར་བཟུང་བ་ཡང་ཡིན། ཁྱོད་བྱས་པར་ཚད་མས་ངེས་ནས་ཁྱོད་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་སྲིད་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་མཚན་ཉིད། མཚན་གཞི་ནི་སྒྲ་དེ་ཡིན་ལ། སྒྲ་མ་ཡིན་པ་ལས་ལོག་པ་དང་ཉན་བྱ་གཉིས་རེ་རེ་ནས་དེ་མ་ཡིན་ནོ། །

གཉིས་པ་དབྱེ་བ་ནི། གཏན་ཚིགས་རིགས་པའི་དོན་བསྡུས་ལས། དབྱེ་ན་རྟགས་ཡང་དག་དང༌། འགལ་མ་ངེས་མ་གྲུབ་པའི་ཆོས་ཅན་བཞིའོ། །ཞེས་གསུངས་སོ། །

གསུམ་པ་ཤེས་འདོད་ཆོས་ཅན་གྱི་སྒྲུབ་བྱེད་ནི། སྒྲ་མ་ཡིན་པ་ལས་ལོག་པ་དང་མཉན་བྱ་གཉིས་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྩོད་གཞིར་བཟུང་བ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྒྲ་མ་ཡིན་པ་ལས་ལོག་པ་དེ་དེ་མ་ཡིན་པ་གང་ཞིག མཉན་བྱ་དེ་དེ་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། སྒྲ་མ་ཡིན་པ་ལས་ལོག་པ་ཆོས་ཅན། སྒྲ་སྒྲུབ་པ་ཡིན་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྒྲ་མ་ཡིན་པ་ལས་ལོག་པ་ཆོས་ཅན། སྒྲུབ་པ་ཡིན་པར་ཐལ། སྒྲ་སྒྲུབ་པ་ཡིན་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དགག་པ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། ཁྱོད་མ་ཡིན་པ་ལས་ལོག་པ་དགག་པ་ཡིན་པར་ཐལ། ཁྱོད་མ་ཡིན་པ་ལས་ལོག་པ་ཡོད་པའི་ཕྱིར། གཞན་ཡང་སྒྲ་མ་ཡིན་པ་ལས་ལོག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་རྩོད་གཞི་དང་རྟགས་གཉིས་ཀ་ཆོས་གཅིག་བཀོད་པ་ཡིན་ན་ཕྱོགས་ཆོས་མ་གྲུབ་དགོས་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། ཆོས་ཅན་གཏན་ཚིགས་དངོས་གྱུར་ནི། །ཤེས་བྱེད་ཉིད་དུ་མ་གྲུབ་ཕྱིར། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཆོས་ཅན་ཞེས་པས་རྩོད་གཞི་དེ་བསྟན། གཏན་ཚིགས་དངོས་གྱུར་ནི་ཞེས་པས་རྩོད་གཞི་དེ་རྟགས་ཀྱི་ངོ་བོར་གྱུར་བའམ་བཀོད་པའི་ཚེ་ཞེས་བཤད། ཤེས་བྱེད་ཅེས་པས་དེ་ལྟར་བཀོད་པའི་གཏན་ཚིགས་དེ་བཤད། མ་གྲུབ་ཕྱིར་ཞེས་པས་དེ་ལྟར་བཀོད་པའི་རྟགས་དེ་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་ཞེས་བཤད་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། མཉན་བྱ་ཆོས་ཅན། སྒྲ་མཚོན་བྱར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ཡིན་པ་གང་ཞིག སྒྲ་མཚོན་བྱར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་གཞན་མི་འདྲ་བའི་རྒྱུ་མཚན་མེད་པའི་ཕྱིར། རྟགས་དང་པོ་ཁས། གཉིས་པའི་ཟུར་དང་པོ་དེར་ཐལ། སྒྲ་མཚོན་བྱར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པར་ཐལ། སྒྲ་མཚོན་བྱར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། བཏགས་ཡོད་ཆོས་གསུམ་ཚང་བ་དེ་དེ་ཡིན་པའི་ཕྱིར། དེར་ཐལ། དེ་དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། རྩ་བར་འདོད་ན། མཉན་བྱ་ཆོས་ཅན། མཚོན་བྱ་ཡིན་པར་ཐལ། སྒྲ་མཚོན་བྱར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། སྒྲའི་སྐྱེ་མཆེད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། གཞན་ཡང་མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དབང་རྣོན་ལ་རྟགས་ཡང་དག་དང་དབང་རྟུལ་ལ་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར་ཏེ། ནང་གི་ཁྱབ་པ་ལས། རྒོལ་བ་རྨོངས་ལ་ལྟོས་པ་ཡིན། །ཞེས་དང༌། ནང་གི་ཁྱབ་པ་བློ་ལྡན་ལའོ། །ཞེས་དང༌། ཉ་དབོན་གྱི་ཚད་ཊཱིཀ་ལས། མཁས་གྲུབ་ཤནྟི་བ་ཡང་རྨོངས་པ་ལ་དཔེ་དགོས་པས། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཕྱིར། མཁས་པ་རྣམས་ལ་ནི། གཏན་ཚིགས་འབའ་ཞིག་བརྗོད་པར་ཟད། །ཅེས་པས་བསྟན་ཞེས་ནང་གི་ཁྱབ་པར་བཤད་དེ་ལེགས་སམ་སྙམ་མོ། །ཞེས་དང༌། རྣམ་འགྲེལ་ལས། ཁྱད་པར་རྣམ་པར་གཅོད་པ་ཡི། །གཏན་ཚིགས་སུ་འགྱུར་མ་མཐོང་ཕྱིར། །ཞེས་གསུངས་པའི་ཕྱིར། ཁ་ཅིག་དེ་སྒྲུབ་ཀྱི་རྩོད་གཞི་ཡོད་ན་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པས་ཁྱབ་ཟེར་ན། འོ་ན་སྒྲ་སྒྲར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པར་ཐལ། སྒྲ་སྒྲར་སྒྲུབ་པར་བྱེད་པའི་རྩོད་གཞི་ཡོད་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། སྒྲ་ཆོས་ཅན། ཁྱོད་སྒྲར་སྒྲུབ་པར་བྱེད་པའི་རྩོད་གཞི་ཡོད་པར་ཐལ། ཁྱོད་ཡོད་པའི་ཕྱིར། རྩ་བར་འདོད་ན། སྒྲ་ཚད་མས་ངེས་ནས་སྒྲ་སྒྲ་ཡིན་མིན་ལ་ཤེས་འདོད་ཞུགས་པའི་གང་ཟག་ཡོད་པར་ཐལ། སྒྲ་དེ་སྒྲ་སྒྲར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། སྒྲ་ཚད་མས་ངེས་པའི་གང་ཟག་ཡིན་ན་སྒྲ་སྒྲར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར་རོ། ། ཡང་སྒྲ་ཆོས་ཅན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པར་ཐལ། ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྩོད་གཞིར་བཟུང་བ་གང་ཞིག ཁྱོད་བྱས་པར་ཚད་མས་ངེས་ནས་ཁྱོད་མི་རྟག་པ་ཡིན་མིན་ལ་ཤེས་འདོད་ཞུགས་པའི་གང་ཟག་ཡོད་པའི་ཕྱིར། རྟགས་དང་པོ་སླ། རྟགས་ཕྱི་མ་དེར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱི་རྒོལ་ཡང་དག་དེ་དེ་ཡིན་པའི་ཕྱིར་རོ། །

རྗེས་ཁྱབ་དང་ལྡོག་ཁྱབ་ཀྱི་ལྟོས་གཞི་མཐུན་ཕྱོགས་མི་མཐུན་ཕྱོགས་བཤད་པ།

རྗེས་ཁྱབ་དང་ལྡོག་ཁྱབ་ཀྱི་ལྟོས་གཞི་མཐུན་ཕྱོགས་མི་མཐུན་ཕྱོགས་བཤད་པ།

གཉིས་པ་རྗེས་ཁྱབ་དང་ལྡོག་ཁྱབ་ཀྱི་ལྟོས་གཞི་མཐུན་ཕྱོགས་མི་མཐུན་ཕྱོགས་བཤད་པ་ལ། བསྒྲུབ་བྱའི་ཆོས་བཤད་པ་དང། མཐུན་ཕྱོགས་མི་མཐུན་ཕྱོགས་བཤད་པ་དང་གཉིས། དང་པོ་ལ་དགག་བཞག་གཉིས། ཁ་ཅིག་གིས་སྐད་ཅིག་མ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་མི་ནུས་ཏེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། སྐད་ཅིག་མ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། ཁྱོད་མི་རྟག་པའི་མཚན་ཉིད་ཡིན་པའི་ཕྱིར། ཡང་ཁ་ཅིག་གིས་སྐད་ཅིག་མ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་སྒྲུབ་བྱའི་ཆོས་མིན་ཟེར་ན། སྐད་ཅིག་མ་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཀྱི་བཟུང་བྱ་ཡིན་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱར་གྱུར་བའི་མཚན་མཚོན་གཉིས་ཡོད་པའི་ཕྱིར། དེར་ཐལ། བྱས་པ་དེ་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁ་ཅིག་གིས་རྟག་པ་མ་ཡིན་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤུགས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ཟེར་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཤུགས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། འདོད་ན། སྒྲ་རྟག་པ་མ་ཡིན་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་ཡིན་ན་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པ་ཆོས་ཅན། ཁྱོད་ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། ཁྱོད་ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་རྟགས་ཀྱིས་སྒྲ་རྟག་པ་མ་ཡིན་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། འདོད་ན། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་མ་གྲུབ་པའི་ཕྱིར། དེར་ཐལ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཁྱབ་མ་གྲུབ་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མེད་ངེས་ཡིན་པའི་ཕྱིར། ཡང་ཁ་ཅིག་གིས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱར་གྱུར་བ་ཡང་ཡིན་དགག་པ་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ། མི་རྟག་པ་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པ་གང་ཞིགདགག་པ་ཡིན་པའི་ཕྱིར་ཟེར་ན། གཏན་ཚིགས་རིགས་པའི་དོན་བསྡུས་ལྟར་ན་སྒྲུབ་རྟགས་ཡང་དག་གི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་སྒྲུབ་པ་བཟུང་དགོས་པ་དང་དགག་རྟགས་ཡང་དག་གི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་དགོས་པར་གསུངས་པ་སོགས་དང་བསྟུན་ནས་རེ་ཞིག་རྟགས་ཕྱི་མ་མ་གྲུབ། འོན་ཀྱང་རྣམ་འགྲེལ་ལེའུ་དང་པོའི་འགྲེལ་བ་ལས། འབྲས་བུའི་སྒོ་ནས་དགག་པ་ནི། སྒྲ་མིག་ཤེས་ཀྱི་བཟུང་བྱ་མ་ཡིན་པ་དང༌། མ་རིག་པ་དང༌། མ་སྐྱེས་པ་དང༌། བདག་མེད་པ་དང༌། མི་རྟག་པ་རྣམས་སོ། །ཞེས་དང༌། དེའི་ཐད་ཀྱི་ཤཱཀྱ་བློའི་འགྲེལ་བ་ལས། མི་རྟག་པ་ནི་རྟག་པ་ཡིན་པ་རྣམ་པར་བཅད་པའི་དགག་པའོ། །ཞེས་སོགས་རྒྱ་གཞུང་དུ་མར་མི་རྟག་པ་དགག་པ་ཡིན་པ་ལྟ་བུར་བཤད་པའི་གསུངས་ཟིན་མང་བས་དཔྱད་པར་བྱའོ། །གོང་དུ་འདོད་ན། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དགག་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱར་གྱུར་བ་ཡང་ཡིན་དགག་པ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར། རྟགས་ཕྱི་མ་ཁས། ཁྱབ་སྟེ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། སྒྲུབ་རྟགས་དང་དགག་རྟགས་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། ཚུལ་གསུམ་གང་ཞིགབསྒྲུབ་བྱའི་ཆོས་སྒྲུབ་པ་ཡིན་པ་དང༌། གང་ཞིག བསྒྲུབ་བྱའི་ཆོས་དགག་པ་ཡིན་པའོ། །ཞེས་གསུངས་སོ། །བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དགག་རྟགས་ཡང་དག་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་འབྲས་རང་གི་རྟགས་གཉིས་པོ་གང་རུང་ཡིན་ན་སྒྲུབ་རྟགས་ཡང་དག་ཡིན་དགོས་པའི་ཕྱིར་ཏེ། རང་འགྲེལ་གཉིས་ལས། དེ་ལ་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ། གཅིག་ནི་དགག་པའི་གཏན་ཚིགས་སོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། རྣམ་འགྲེལ་ལས། རང་བཞིན་ཡོད་ཙམ་དང༌། འབྲེལ་བ་ཅན་གྱི་ངོ་བོ་ཡང༌། །ཞེས་གསུངས་སོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

མཚན་ཉིད། དབྱེ་བ། སྒྲུབ་བྱེད་བཤད་པ་དང་གསུམ། དང་པོ་ནི། རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དཔག་བྱར་བཟུང་བའི་དཔག་པར་བྱ་བའི་ཆོས་དེ། བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད་ཡིན་ཏེ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད། རང་གི་ཆོས་ཅན་གྱི་སྟེང་དུ་དཔག་བྱར་བཟུང་བའི་དཔག་བྱའི་ཆོས་སོ། །ཞེས་གསུངས་པའི་ཕྱིར། འདི་ཅུང་ཟད་ཞིབ་པའི་དབང་དུ་བྱས་ན། དཔག་པར་བྱ་བའི་ཆོས་སུ་བཟུང་བར་བྱ་བ་དེ། བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད། མཚན་གཞི་ནི། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པ་ལ་མི་རྟག་པ་ལྟ་བུའོ། །སྒྲ་མི་རྟག་པར་བསྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྒྲའི་སྟེང་དུ་དཔག་བྱར་བཟུང་བའི་དཔག་བྱའི་ཆོས་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད། མཚན་གཞི་ནི་མི་རྟག་པ་ལྟ་བུའོ། །གཉིས་པ་དབྱེ་བ་ནི། རྟགས་ཡང་དག་དང༌། འགལ་མ་ངེས་མ་གྲུབ་པའི་བསྒྲུབ་བྱའི་ཆོས་བཞིའོ། །ཡང་ན་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་དང༌། དེ་སྒྲུབ་ཀྱི་ཤུགས་ཀྱི་བསྒྲུབ་བྱའི་ཆོས་གཉིས་ཡོད། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དངོས་སུ་དཔག་བྱར་བཟུང་བའི་དཔག་བྱའི་ཆོས་དེ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད། སྒྲ་མི་རྟག་སྒྲུབ་ལ་མཚོན་ན་མི་རྟག་པ་ལྟ་བུའོ། །དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཤུགས་ཀྱི་དཔག་བྱར་བཟུང་བའི་དཔག་བྱའི་ཆོས་དེ། དེ་སྒྲུབ་ཀྱི་ཤུགས་ཀྱི་བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད། སྒྲ་མི་རྟག་པར་སྒྲུབ་པ་ལ་མཚོན་ན་མི་རྟག་པ་མ་ཡིན་པ་ལས་ལོག་པ་ལྟ་བུའོ། །བྱས་རྟགས་ཀྱིས་སྒྲ་མི་རྟག་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དཔག་བྱར་བཟུང་བའི་དཔག་བྱའི་ཆོས་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད། དབྱེ་ན་དངོས་ཀྱི་བསྒྲུབ་བྱའི་ཆོས་དང། ཤུགས་ཀྱི་བསྒྲུབ་བྱའི་ཆོས་གཉིས།

དང་པོ་ནི་མི་རྟག་པ་དང་སྐད་ཅིག་མ་ལྟ་བུའོ། །གཉིས་པ་ནི་དེ་གཉིས་མ་ཡིན་པ་ལས་ལོག་པ་ལྟ་བུའོ། །

གསུམ་པ་སྒྲུབ་བྱེད་ནི། བདག་ཏུ་མ་གྲུབ་པ་ཡིན་ན་བསྒྲུབ་བྱའི་ཆོས་ཡིན་པས་ཁྱབ་སྟེ། རི་བོང་རྭ་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། དེར་ཐལ། དེ་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་བསྒྲུབ་པར་བྱ་བའི་ཆོས་སུ་བཟུང་བར་བྱ་བ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། ཁྱོད་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་བསྒྲུབ་པར་བྱ་བའི་ཆོས་སུ་བཟུང་བར་བྱ་བ་ཡིན་པར་ཐལ། ཁྱོད་སྒྲ་རི་བོང་རྭར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། ཁྱོད་སྒྲ་ཁྱོད་དུ་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། ཁྱོད་བདག་ཏུ་མ་གྲུབ་པ་ཡིན་པའི་ཕྱིར་རོ། །གཞན་ཡང་མི་རྟག་པ་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པ་སྒྲ་མི་རྟག་པར་བསྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། སྒྲ་མི་རྟག་པར་བསྒྲུབ་པར་བྱེད་པའི་རྟགས་ཆོས་དོན་གསུམ་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། དེར་ཐལ། སྒྲ་དེ་རྩོད་གཞི་དང༌། མི་རྟག་པ་བསྒྲུབ་བྱའི་ཆོས་དང༌། བྱས་པ་དེ་སྒྲུབ་ཀྱི་རྟགས་ཡིན་པའི་ཕྱིར་རོ། །

གཉིས་པ་རྗེས་ཁྱབ་དང་ལྡོག་ཁྱབ་ཀྱི་ལྟོས་གཞི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་བཤད་པ་ལ།

དགག་བཞག་གཉིས་ལས། དང་པོ་ལ། ཁ་ཅིག་ན་རེ། ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིའི་དོན་མཐུན་པ་དེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་མཚན་ཉིད། དེ་ལྟར་དོན་མི་མཐུན་པ་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་མཚན་ཉིད་ཟེར་ན། འོ་ན་གཞལ་བྱའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མེད་པར་ཐལ། སྒྲ་དང་རྟག་པར་ཆོས་མཐུན་པ་མེད་པའི་ཕྱིར། འདོད་ན། གཞལ་བྱ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། རིགས་སྒོ་ལས། སྒྲ་རྟག་པ་ལ་སོགས་པའི་ཆོས་སྒྲུབ་པར་བྱ་བ་ལ་གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི་མཐུན་ཕྱོགས་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལ་འཇུག་པའི་ཐུན་མོང་གི་མ་ངེས་པ་ཞེས་བྱའོ། །ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །ཡང་ཁ་ཅིག་རྣམ་ངེས་རང་འགྲེལ་ལས། མཐུན་པའི་ཕྱོགས་ནི་སྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིའི་དོན་མཐུན་པའོ། །ཞེས་པའི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དེ་དེ་སྒྲུབ་ཀྱི་ཆོས་དང་ཆོས་ཅན་གྱི་ཚོགས་དོན་ལ་བྱེད་ཟེར་ན། དེ་མི་འཐད་པར་ཐལ། འདིའི་དངོས་བསྟན་གྱི་སྤྱི་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་སྤྱི་ཙམ་ལ་བྱེད་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེའི་བྱེ་བྲག་ཀུན་ལ་མི་བྱེད་པ་ཡིན་པའི་ཕྱིར། དེར་ཐལ། རིགས་ཐིགས་ལས། མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་དོན་མཐུན་པའོ། །ཞེས་དང༌། དེའི་ཐད་ཀྱི་སློབ་དཔོན་ཆོས་མཆོག་གི་རིགས་ཐིགས་ཀྱི་འགྲེལ་བ་ལས། བྱེ་བྲག་བསྒྲུབ་པར་བྱ་བ་མ་ཡིན་གྱི་འོན་ཀྱང་སྤྱི་ཡིན་པ་དེ་བས་ན་འདིར་སྤྱི་བསྒྲུབ་བྱར་བསྟན་ཏེ། དེ་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱང་ཡིན་ལ་སྤྱི་ཡང་ཡིན་ཏེ། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིའི་ཕྱོགས་དང་མཚུངས་པ་ནི་མཐུན་པའི་ཕྱོགས་ཡིན་ནོ། །ཞེས་བྱ་བའི་དོན་ནོ། །ཞེས་གསུངས་པའི་ཕྱིར། དེ་སྒྲུབ་ཀྱི་སྒྲུབ་བྱའི་ཆོས་གང་ཡིན་པ་དེ་ སྐབས་འདིའི་སྤྱི་ལ་འཇོག་དགོས་པར་ཐལ། འཐད་ལྡན་ཆེ་བ་ལས། དེས་ན་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་ཞེས་ནི་ཚིག་མི་སྦྱོར་གྱི། འོན་ཀྱང་བསྒྲུབ་པར་བྱ་བའི་ཆོས་ཉིད་སྤྱི་ཡིན་ཏེ། ཞེས་དང༌། མདོའི་རང་འགྲེལ་ལས། དེ་ལ་ཡོད་པར་གྲུབ་པར་བྱ་བའི་ཆོས་ཀྱི་སྤྱིའི་ཕྱོགས་དང་མཐུན་པའི་ཕྱོགས་མཚུངས་པའི་དོན་ཐམས་ཅད་ཕྱོགས་ཞེས་བྱ་སྟེ། དེ་ཡང་བསྒྲུབ་བྱའི་ཆོས་སོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་བ་དེ་མཐུན་ཕྱོགས་ཀྱི་མཚན་ཉིད་དང༌། དེ་ལྟར་སྟོང་བ་དེ་མི་མཐུན་ཕྱོགས་ཀྱི་མཚན་ཉིད་ཟེར་ན། འོ་ན་བུམ་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མ་ཡིན་པར་ཐལ། སྒྲ་མི་རྟག་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་བ་དེ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། སྒྲ་མི་རྟག་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་མ་ཡིན་པའི་ཕྱིར། དེར་ཐལ། མི་རྟག་པའི་བྱེ་བྲག་ཡིན་པའི་ཕྱིར། མ་ཁྱབ་ན། མི་རྟག་པ་ཆོས་ཅན། ཆོས་དེ་ཁྱོད་ཀྱི་བྱེ་བྲག་ཡིན་ན་ཆོས་དེ་སྒྲ་ཁྱོད་དུ་སྒྲུབ་པའི་བསྒྲུབ་བྱའི་ཆོས་མ་ཡིན་དགོས་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། ཡང་ཁ་ཅིག་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་ན་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཞེས་པའི་ཕྱོགས་ཡིན་པས་ཁྱབ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་དེ་ལྟར་ཡིན་ཟེར་ན། འོ་ན་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་ན་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཞེས་པའི་ཚིག་ཟུར་གྱི་བསྒྲུབ་བྱ་ཡིན་པས་ཁྱབ་པར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་ན་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཞེས་པའི་ཕྱོགས་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་གཉིས་པོ་བསྒྲུབ་བྱའི་ཆོས་ལ་བྱེད་དགོས་པའི་ཕྱིར། དེར་ཐལ། དེའི་ཕྱོགས་གཉིས་ཀ་བསྒྲུབ་བྱའི་ཆོས་ལ་བྱས་ནས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་གང་ཡིན་རྒྱུ་དེ་དང་མཚུངས་པས་ན་མཐུན་ཕྱོགས་ཞེས་བཤད་དགོས་པའི་ཕྱིར། དེར་ཐལ། འཐད་ལྡན་ཆེ་བ་ལས། མཐུན་པའི་ཕྱོགས་ནི་འགའ་ཞིག་ཕྱོགས་དང་མཐུན་པ་དེ་ཡིན་ནོ། །འདི་ལྟར་ཕྱོགས་དང་འདྲ་བའི་ཕྱིར་ན་དོན་དེ་ཉིད་ཕྱོགས་ཞེས་བརྗོད་པ་ཡིན་ནོ། །འདྲ་བའི་དོན་ཡང་མཐུན་པའི་སྒྲ་ཡིན་ཏེ། ཕྱོགས་དང་མཚུངས་པ་ནི་མཐུན་པའི་ཕྱོགས་སོ། །ཞེས་དང༌། མདོའི་རང་འགྲེལ་ལས། ཕྱོགས་ཞེས་བྱ་བ་སྟེ། དེ་ཡང་བསྒྲུབ་བྱའི་ཆོས་སོ། །ཞེས་དང༌། ཚད་ཆེན་དཀའ་འགྲེལ་ལས། མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིའི་དོན་མཐུན་པའོ། །ཞེས་དང༌། ཐར་འབྱུང་སྦས་པའི་རྟོག་གེའི་སྐད་ལས། ཕྱོགས་དང་མཚུངས་པ་ནི་ཕྱོགས་དང་མཐུན་པ་སྟེ། ཕྱོགས་དང་ལྷན་ཅིག་འདྲ་བའི་དཔེ་ཆོས་ཅན་ནོ། །ཞེས་གསུངས་པའི་ཕྱིར།

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

མཚན་ཉིད། དབྱེ་བ། སྒྲ་བཤད་འཇུག་དང་གསུམ། དང་པོ་ནི། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་སྒྲུབ་ཚུལ་དང་མཐུན་པར་མི་སྟོང་བ་དེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་མཚན་ཉིད། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱི་འགོད་ཚུལ་དང་མཐུན་པར་མི་སྟོང་བ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཀྱི་མཚན་ཉིད། དེ་དང་མི་རྟག་པ་གཉིས་དོན་གཅིག མཚན་གཞི་ནི་བུམ་པ་ལྟ་བུའོ། །དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱི་འགོད་ཚུལ་དང་མཐུན་པར་མི་སྟོང་བ་དེ། དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཀྱི་མཚན་ཉིད། དེ་དང་མེ་ཡོད་པ་དོན་གཅིག མཚན་གཞི་ནི། ཚང་མང་སོགས་སོ། །དེ་ལྟར་འཐད་དེ། རིགས་སྒོ་ལས། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིའི་དོན་མཚུངས་པ་ཉིད་མཐུན་པའི་ཕྱོགས་ཡིན་ཏེ། འདི་ལྟར་སྒྲ་མི་རྟག་པར་སྒྲུབ་པ་ལ་བུམ་པ་ལ་སོགས་པ་ཡང་མི་རྟག་པ་ཡིན་པས་མཐུན་པའི་ཕྱོགས་སོ། །ཞེས་ཕྱོགས་ཏེ་ཞེས་པ་ཡན་ཆད་ཀྱིས་མཐུན་ཕྱོགས་སྤྱི་བཤད་ནས། འདི་ལྟར་ཞེས་སོགས་ཀྱིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་མཚན་གཞི་བསྟན་ཅིང༌། བུམ་པ་ལ་སོགས་པས་གང་དང་མཐུན་པའི་དཔེ་བསྟན། ཡང་སྒྲས་མཐུན་དཔེ་སོགས་སྡུད་ཅིང༌། མི་རྟག་པ་ཡིན་པས་མཐུན་པའི་ཕྱོགས་སོ། །ཞེས་པས་མི་རྟག་པ་གང་ཡིན་པ་དེ་དག་མི་རྟག་པ་ཡིན་པའི་རྒྱུ་མཚན་གྱིས་མཐུན་ཕྱོགས་སུ་འཇོག་ཅེས་བསྟན་ཏོ། །

གཉིས་པ་དབྱེ་བ་ནི།

མཐུན་ཕྱོགས་དེ་ལ་ཡང་ཡིན་འགོད་ཀྱི་དབང་དུ་བྱས་པ་དང༌། ཡོད་འགོད་ཀྱི་དབང་དུ་བྱས་པ་གཉིས། དང་པོ་ནི། བསྒྲུབ་བྱའི་ཆོས་གང་ཡིན་རྒྱུ་དེ་དང་ཡིན་པར་དོན་མཐུན་པ་རྣམས་མཐུན་ཕྱོགས་དང༌། གཉིས་པ་ཡོད་འགོད་རྣམས་ལ་བསྒྲུབ་བྱའི་ཆོས་གང་ཡིན་རྒྱུ་དེ་དང་ཡོད་པར་དོན་མཐུན་པ་རྣམས་མཐུན་ཕྱོགས་ཞེས་བྱའོ། །དེས་ན་མཚོན་བྱ་མ་ཡིན་པ་བུམ་པ་མཚོན་བྱར་སྒྲུབ་པའི་མཐུན་ཕྱོགས་ཡིན་ལ། དེ་དང་རིགས་འདྲ་བ་གཞན་ལ་ཡང་ཤེས་པར་བྱའོ། །ཡང་ན་གཏན་ཚིགས་རིགས་པའི་དོན་བསྡུས་ལྟར་མཐུན་ཕྱོགས་ལ་དབྱེ་ན། འགལ་རྟགས་ཀྱི་མཐུན་ཕྱོགས་ལྟར་རྟགས་ལ་གཏན་ནས་མེད་པའི་མཐུན་ཕྱོགས་དང༌། འབྲས་རྟགས་ཕར་ཆེར་གྱི་མཐུན་ཕྱོགས་ལྟར་རྟགས་དེ་རྣམ་གཉིས་སུ་འཇུག་པའི་མཐུན་ཕྱོགས་དང༌། སྒྲ་མི་རྟག་སྒྲུབ་ལ་བྱས་པ་བཀོད་པའི་མཐུན་ཕྱོགས་ལྟར་རྟགས་ལ་ཁྱབ་བྱེད་དུ་ཡོད་པའི་མཐུན་ཕྱོགས་དང་གསུམ་ཡོད་ལ། མི་མཐུན་ཕྱོགས་ལ་དབྱེ་ན། སྒྲ་མི་རྟག་སྒྲུབ་ལ་མཚོན་ན་མེད་པ་མི་མཐུན་ཕྱོགས། གཞན་པ་མི་མཐུན་ཕྱོགས། འགལ་བ་མི་མཐུན་ཕྱོགས་དང་གསུམ། རི་བོང་རྭ་དང་པོ་དང༌། དོན་དམ་བདེན་པ་གཉིས་པ་དང༌། རྟག་པ་གསུམ་པ་ཡིན། དང་པོ་རི་བོང་རྭ་ཆོས་ཅན། སྒྲ་མི་རྟག་སྒྲུབ་ཀྱི་མེད་པ་མི་མཐུན་ཕྱོགས་ཡིན་པར་ཐལ། སྒྲ་མི་རྟག་སྒྲུབ་ཀྱི་མི་མཐུན་ཕྱོགས་གང་ཞིག མེད་པ་ཡིན་པའི་ཕྱིར། རྟགས་གཉིས་ཀ་གྲུབ་སྟེ། མེད་ངེས་ཡིན་པའི་ཕྱིར། གཉིས་པ་ནི། དོན་དམ་བདེན་པ་ཆོས་ཅན། སྒྲ་མི་རྟག་སྒྲུབ་ཀྱི་གཞན་པ་མི་མཐུན་ཕྱོགས་ཡིན་པར་ཐལ། སྒྲ་མི་རྟག་སྒྲུབ་ཀྱི་མི་མཐུན་ཕྱོགས་གང་ཞིག མི་རྟག་པ་ལས་གཞན་ཡིན་པའི་ཕྱིར། རྟགས་གཉིས་ཀ་གྲུབ་སྟེ། རྟག་པ་ཡིན་པའི་ཕྱིར། གསུམ་པ་ནི། རྟག་པ་ཆོས་ཅན། སྒྲ་མི་རྟག་སྒྲུབ་ཀྱི་འགལ་བ་མི་མཐུན་ཕྱོགས་ཡིན་པར་ཐལ། སྒྲ་མི་རྟག་སྒྲུབ་ཀྱི་མི་མཐུན་ཕྱོགས་གང་ཞིག མི་རྟག་པ་དང་འགལ་བ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་གྲུབ་སྟེ། རྟག་པ་དང་གཅིག་ཡིན་པའི་ཕྱིར། དེ་དང་ཕལ་ཆེར་འདྲ་བར་གཏན་ཚིགས་རིགས་པའི་དོན་བསྡུས་ལས། དབྱེ་ན། མེས་གཞི་འགར་གྲང་རེག་འགོག་པ་ན་ཆུ་ཀླུང་ལྟ་བུ་མེད་པའི་མི་མཐུན་ཕྱོགས། རེག་བྱ་བཏང་སྙོམས་ལྟ་བུ་གཞན་པའི་མི་མཐུན་ཕྱོགས། གྲང་རེག་ལྟ་བུ་འགལ་བ་མི་མཐུན་ཕྱོགས་ཏེ་གསུམ་མོ། །ཞེས་གསུངས་སོ། །

གསུམ་པ་སྒྲ་བཤད།

གསུམ་པ་སྒྲ་བཤད་འཇུག་ནི།

སྒྲ་མི་རྟག་སྒྲུབ་ལྟ་བུ་ལ་མཚོན་ན་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་སྒྲ་བཤད་གཉིས་ཀ་ཡོད་པའི་མུ་ཡོད་དེ། བུམ་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། དེར་ཐལ། སྒྲ་མི་རྟག་སྒྲུབ་ཀྱི་མཐུན་ཕྱོགས་གང་ཞིག སྒྲ་མི་རྟག་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་སྒྲ་བཤད་དུ་ཡོད་པའི་ཕྱིར།དང་པོ་མ་གྲུབ་ན། བུམ་པ་ཆོས་ཅན། སྒྲ་མི་རྟག་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ཁྱོད་དང་སྒྲ་གཉིས་མི་རྟག་པར་ཆོས་མཐུན་པའི་ཕྱིར། དེར་ཐལ། ཁྱོད་དང་སྒྲ་གཉིས་མི་རྟག་པ་ཡིན་པའི་ཕྱིར། སྒྲ་རྟག་པར་སྒྲུབ་པ་ལ་མཐུན་ཕྱོགས་ཡིན་ལ་མཐུན་ཕྱོགས་ཀྱི་སྒྲ་བཤད་དུ་མེད་པ་ནི། དོན་དམ་བདེན་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དོན་དམ་བདེན་པ་ཆོས་ཅན། དེར་ཐལ། སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཡིན་པ་གང་ཞིག མཐུན་ཕྱོགས་ཀྱི་སྒྲ་བཤད་དུ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། རྟག་པ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ཁྱོད་དང་སྒྲ་གཉིས་རྟག་པར་ཆོས་མི་མཐུན་པའི་ཕྱིར་ཏེ། ཁྱོད་རྟག་པ་གང་ཞིག སྒྲ་མི་རྟག་པ་ཡིན་པའི་ཕྱིར། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པ་ལ་མཐུན་ཕྱོགས་དང་མཐུན་ཕྱོགས་ཀྱི་སྒྲ་བཤད་གཉིས་ཀ་མེད་པའི་མུ་ནི། ཡོངས་གྲུབ་དེ་ཡིན་པའི་ཕྱིར། རྟགས་སླ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་སྒྲ་བཤད་འཇུག་ལ། སྒྲ་རྟག་སྒྲུབ་ཀྱི་མི་མཐུན་ཕྱོགས་དང་སྒྲ་བཤད་གཉིས་ཀ་ཡོད་པའི་མུ་ཡོད་དེ། འཆི་བ་དེ་ཡིན་པའི་ཕྱིར། མ་གྲུབ་ན། འཆི་བ་ཆོས་ཅན།དེར་ཐལ། སྒྲ་རྟག་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་པ་གང་ཞིག སྒྲ་རྟག་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་སྒྲ་བཤད་ཡོད་པའི་ཕྱིར། དང་པོ་མ་གྲུབ་ན། འཆི་བ་ཆོས་ཅན། སྒྲ་རྟག་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར།

རྟགས་གཉིས་པ་གྲུབ་སྟེ། ཁྱོད་དང་སྒྲ་གཉིས་རྟག་པར་ཆོས་མི་མཐུན་པའི་ཕྱིར། དེར་ཐལ། ཁྱོད་དང་སྒྲ་གཉིས་མི་རྟག་པ་ཡིན་པའི་ཕྱིར། སྒྲ་རྟག་སྒྲུབ་ཀྱི་མི་མཐུན་ཕྱོགས་མ་ཡིན་ལ་སྒྲ་རྟག་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་སྒྲ་བཤད་ཡོད་པའི་མུ་ཡོད་དེ། ཡོངས་གྲུབ་དེ་ཡིན་པའི་ཕྱིར། ཡོངས་གྲུབ་ཆོས་ཅན། དེར་ཐལ། སྒྲ་རྟག་སྒྲུབ་ཀྱི་མི་མཐུན་ཕྱོགས་མ་ཡིན་པ་གང་ཞིག སྒྲ་རྟག་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་སྒྲ་བཤད་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། སྒྲ་རྟག་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་པའི་ཕྱིར། དེར་ཐལ། རྟག་པ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ཁྱོད་དང་སྒྲ་གཉིས་རྟག་པར་ཆོས་མི་མཐུན་པའི་ཕྱིར། སྒྲ་མི་རྟག་སྒྲུབ་ཀྱི་མི་མཐུན་ཕྱོགས་དང་སྒྲ་བཤད་གཉིས་ཀ་མེད་པའི་མུ་ཡོད་དེ། སྡུག་བདེན་དེ་ཡིན་པའི་ཕྱིར་རོ། ། མཐུན་ཕྱོགས་མི་མཐུན་ཕྱོགས་དངོས་འགལ་ཡིན་མིན་དཔྱད་པ་ལ། མཐུན་ཕྱོགས་མི་མཐུན་ཕྱོགས་དང་དངོས་འགལ་ཡིན་ཀྱང་མི་མཐུན་ཕྱོགས་མཐུན་ཕྱོགས་དང་དངོས་འགལ་མ་ཡིན་ཏེ། མི་མཐུན་ཕྱོགས་མེད་པའི་ཕྱིར། དེས་ན་གཞུང་རྣམས་སུ་མི་མཐུན་ཕྱོགས་ཀྱི་མཚན་ཉིད་སོགས་གསུངས་པ་སྒྲ་མི་རྟག་སྒྲུབ་ལྟ་བུའི་གཞི་ལ་སྦྱར་དགོས་སོ། །སྒྲ་མི་རྟག་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ཕན་ཚུན་ནས་དངོས་འགལ་ཡིན་ནོ། །དེ་ལྟར་བྱས་པ་ལ་བདག་མེད་ཡིན་ན་མཐུན་ཕྱོགས་ཡིན་པས་མ་ཁྱབ་པར་ཐལ། མི་མཐུན་ཕྱོགས་ཡོད་པའི་ཕྱིར། དེར་ཐལ། བུམ་པ་མི་མཐུན་ཕྱོགས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྒྲ་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། མི་རྟག་པ་ཡིན་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། ཡོད་ན་མཐུན་ཕྱོགས་ཡིན་པས་ཁྱབ་པ་གང་ཞིག མེད་ན་ཡང་མཐུན་ཕྱོགས་ཡིན་པས་ཁྱབ་པའི་ཕྱིར། དང་པོ་གྲུབ་སྟེ། བུམ་པ་མཐུན་ཕྱོགས་ཡིན་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཡིན་པའི་ཕྱིར། དེར་ཐལ། མི་རྟག་པ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། མི་མཐུན་ཕྱོགས་མཐུན་ཕྱོགས་ཡིན་པའི་ཕྱིར། མ་གྲུབ་ན། མི་མཐུན་ཕྱོགས་ཆོས་ཅན། མཐུན་ཕྱོགས་ཡིན་པར་ཐལ། སྒྲ་གང་ཟག་གི་བདག་ཏུ་མ་གྲུབ་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཡིན་པའི་ཕྱིར། དེར་ཐལ། བདག་ཏུ་མ་གྲུབ་པ་ཡིན་པའི་ཕྱིར། ཁོ་ན་རེ། མི་མཐུན་ཕྱོགས་ཡོད་པར་ཐལ། མི་མཐུན་དཔེ་ཡོད་པའི་ཕྱིར། དེར་ཐལ། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། ཡོད་མེད་གང་རུང་ཡིན་ན་སྒྲ་བདག་ཏུ་མ་གྲུབ་པར་སྒྲུབ་པའི་མཐུན་དཔེ་ཡིན་པས་ཁྱབ་པའི་ཕྱིར་རོ། །གཞན་ཡང་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྐབས་ཀྱི་ཕྱོགས་སྒྲ་འཇུག་ཚུལ་དངོས་བཏགས་ཅི་རིགས་ཀྱི་སྒོ་ནས་གསུམ་ཡོད་དེ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དང་ཆོས་གཉིས་ཀྱི་ཚོགས་དོན་ལ་ཕྱོགས་སྒྲ་དངོས་སུ་འཇུག ཁྱབ་པ་གཉིས་ཀྱི་འབྲེལ་ཡུལ་གྱི་བསྒྲུབ་བྱའི་ཆོས་དང༌། ཕྱོགས་ཆོས་ཀྱི་ལྟོས་ཡུལ་ཤེས་འདོད་ཆོས་ཅན་གཉིས་ལ་ཕྱོགས་སྒྲ་བཏགས་མིང་དུ་འཇུག་པ་ཡིན་པའི་ཕྱིར་ཏེ། ཚད་མ་མདོ་ལས། བསྡུས་པ་བསྒྲུབ་བྱ་ཡིན་པའི་ཕྱིར། །ཆོས་དང་ཆོས་ཅན་ཁ་ཡར་བ། །དངོས་སུ་མིན་ཡང་དེའི་ཕྱོགས་གཅིག །ཡིན་ཕྱིར་བསྒྲུབ་བྱར་བཏགས་ནས་བརྗོད། །ཅེས་དང༌། འཐད་ལྡན་ཆེ་བ་ལས། རྗེས་སུ་དཔག་པའི་ཐ་སྙད་ནི་གསུམ་སྟེ། སྒྲུབ་བྱེད་ཀྱི་བསྒྲུབ་པར་བྱ་བའི་ཆོས་དང་ཆོས་ཅན་གྱི་སྤྱི་ལ་དངོས་དང༌། ཁྱབ་པའི་ཡུལ་གྱི་བསྒྲུབ་པར་བྱ་བའི་ཆོས་དང་གཏན་ཚིགས་ཀྱི་ཡུལ་ཆོས་ཅན་ལ་བཏགས་ནས་སོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྒྲུབ་བྱེད་ཀྱི་བསྒྲུབ་པར་བྱ་བའི་ཆོས་དང་ཆོས་ཅན་གྱི་སྤྱི་ལ་དངོས་དང་ཞེས་པས། ཆོས་དང་ཆོས་ཅན་གྱི་ཚོགས་དོན་ལ་ཕྱོགས་ཀྱི་སྒྲ་དངོས་སུ་འཇུག་པ་དེ་བཤད། ཁྱབ་པའི་ཡུལ་གྱི་ཞེས་སོགས་ཀྱིས་ཤེས་འདོད་ཆོས་ཅན་དང༌། བསྒྲུབ་བྱའི་ཆོས་གཉིས་ལ་ཕྱོགས་སྒྲ་བཏགས་མིང་དུ་འཇུག་པ་དེ་བཤད་པའི་ཕྱིར། དེ་ལྟར་ཕྱོགས་ཆོས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་དེ་ཤེས་འདོད་ཆོས་ཅན་ལ་བྱེད་དེ། རྣམ་འགྲེལ་རང་འགྲེལ་ལས། ཕྱོགས་ནི་ཆོས་ཅན་ནོ། །ཞེས་དང༌། རིགས་ཐིགས་ལས། རྗེས་སུ་དཔག་པར་བྱ་བ་ནི་འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ནོ། །ཞེས་དང༌། དེའི་ཐད་ཀྱི་འཐད་ལྡན་ལས། རྗེས་སུ་དཔག་པར་བྱ་བ་ནི་འདིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཏན་ཚིགས་ཀྱི་མཚན་ཉིད་གཏན་ལ་འབེབས་པའི་ཚེ་ན་ཆོས་ཅན་ཉིད་རྗེས་སུ་དཔག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་སྐབས་ཀྱི་རྗེས་སུ་དཔག་བྱ་དང༌། བསྒྲུབ་བྱ་དང༌། ཕྱོགས་གསུམ་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་རོ། །

ཚུལ་གསུམ་དངོས་བཤད་པ་ལ་གཉིས།

གཉིས་པ་ཚུལ་གསུམ་དངོས་བཤད་པ་ལ། ཕྱོགས་ཆོས་དང༌། ཁྱབ་པ་གཉིས་བཤད་པ་དང་གཉིས།

ཕྱོགས་ཆོས་བཤད་པ།

ཕྱོགས་ཆོས་བཤད་པ།

དང་པོ་ནི། དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད། འགོད་ཚུལ་དང་མཐུན་པར་ཡོད་པའི་དོན་ཡིན་འགོད་ལ་རྩོད་གཞི་དེ་རྟགས་དེ་ཡིན་པ་དང༌། ཡོད་འགོད་ལ་རྟགས་ཆོས་ཅན་དེ་ལ་ཡོད་པ་དེ་དེའི་དོན་ཡིན་ཟེར་ན། སྒྲ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་འགོད་ཚུལ་ཡིན་འགོད་ཡིན་པ་གང་ཞིག སྒྲ་ཁྱོད་ཡིན་སྒྲ་ཆོས་ཅན་གྱི་སྟེང་དུ་ཁྱོད་ཡིན་པའི་ཕྱིར། རྟགས་དང་པོ་དེར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་འགོད་ཚུལ་ཡིན་འགོད་ཡིན་པའི་ཕྱིར། མ་གྲུབ་ན། བྱས་པ་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། བྱས་པ་ཡོད་ན་མི་རྟག་པ་ཡིན་པས་མ་ཁྱབ་པའི་ཕྱིར། འཁོར་གསུམ། རྟགས་ཕྱི་མ་གཉིས་གྲུབ་པར་ཐལ། སྒྲ་དང་གཅིག་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། ཁྱོད་ཁྱོད་ཀྱི་རྟགས་ཀྱིས་ཁྱོད་མི་རྟག་པར་སྒྲུབ་པར་བྱེད་པའི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། ཡང་ཁ་ཅིག དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དེ་དང་ཐ་དད་པའི་ཚུལ་གྱིས་འགོད་པ་དེ་དེའི་མཚན་ཉིད། འགོད་ཚུལ་དང་མཐུན་པའི་དོན་སྔར་ལྟར་ཡིན་ཟེར་ན། མི་རྟག་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དེ་དང་ཐ་དད་པའི་ཚུལ་གྱིས་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། ཁྱོད་སྒྲ་དང་ཐ་དད་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའི་ཕྱིར། དང་པོ་སླ། གཉིས་པ་སྔ་མ་ལྟར་བསྒྲུབ་པར་བྱ། རྩ་བར་འདོད་མི་ནུས་ཏེ། རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པ་ཆོས་ཅན། ཁྱོད་ཁྱོད་ཀྱི་རྟགས་ཀྱིས་སྒྲ་ཁྱོད་དུ་སྒྲུབ་པ་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། འདི་སོགས་སྐབས་དུ་མར་ཆོས་ཅན་ཁ་ཡར་བ་གཞིར་བཞག་པའོ། །གཞན་ཡང་མི་རྟག་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་མེད་པའི་ཕྱིར། དེར་ཐལ། སྒྲ་ཁྱོད་དུ་ངེས་ནས་སྒྲ་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་མེད་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་དོན་གསུམ་ཕན་ཚུན་ཐ་དད་པའི་ཚུལ་གྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ་དེ་དེའི་མཚན་ཉིད། འགོད་ཚུལ་དང་མཐུན་པར་ཡོད་པའི་དོན་སྔར་ལྟར་ཡིན་ཟེར་ན། བྱས་པ་ཆོས་ཅན། ཁྱོད་སྒྲའི་སྟེང་དུ་སྒྲ་རྟག་དངོས་སུ་སྒྲུབ་པའི་རྟགས་ཆོས་དོན་གསུམ་ཕན་ཚུན་ཐ་དད་པའི་ཚུལ་གྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཀྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ་ཡིན་པར་ཐལ། ཁྱོད་སྒྲ་རྟག་དངོས་སུ་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་ཕྱིར། རྟགས་དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་འགལ་རྟགས་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་དོན་གསུམ་མེད་པའི་ཕྱིར། དེར་ཐལ། རྟག་དངོས་ཀྱི་དངོས་པོ་མེད་པའི་ཕྱིར་རོ། །

ཕྱོགས་ཆོས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ། ཕྱོགས་ཆོས་ཀྱི་མཚན་ཉིད། དབྱེ་བ། སྒྲུབ་བྱེད་བཤད་པ་དང་གསུམ། དང་པོ་ནི། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཀྱི་མཚན་ཉིད། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཀྱི་མཚན་ཉིད། མཚན་གཞི་ནི། བྱས་པ་དེའོ། །མཚན་ཉིད་འཇོག་ཚུལ་དེ་ལྟར་འཐད་དེ། ཚད་མ་མདོ་ལས། རྗེས་དཔག་བྱ་དང་དོན་མཐུན་ལ། །ཡོད་མེད་ཉིད་ལ་མེད་པའོ། །ཞེས་པའི་རྗེས་དཔག་བྱ་དང༌། ཡོད་ཅེས་པའི་དོན་ཡོད་པའི་ཕྱིར། རྣམ་ངེས་ལས། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང༌། ཞེས་དང༌། ཛེ་ཏཱ་རིས་ཀྱང༌། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དུ་ངེས་པ་སྟེ། ཞེས་དང༌། དུལ་བ་ལྷའི་རིགས་ཐིགས་འགྲེལ་བ་ལས། རྗེས་སུ་དཔག་པར་བྱ་བའི་མཚན་ཉིད་ལ་ཡོད་པ་ཉིད་ནི་ཚུལ་གཅིག་ཡིན་ཏེ། ཞེས་དང༌། འཐད་ལྡན་ཆེ་བ་ལས། རྗེས་སུ་དཔག་པར་བྱ་བ་ནི་ཆོས་ཅན་ནོ། །ཞེས་དང༌། མདོའི་རང་འགྲེལ་ལས། རྗེས་སུ་དཔག་པར་བྱ་བ་ནི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

ཕྱོགས་ཆོས་ཀྱི་དབྱེ་བ།

གཉིས་པ་ཕྱོགས་ཆོས་ཀྱི་དབྱེ་བ་ནི།

གཏན་ཚིགས་རིགས་པའི་དོན་བསྡུས་ལས། ཡང་དག་གི་ཕྱོགས་ཆོས། མ་ངེས་པའི་ཕྱོགས་ཆོས། འགལ་བའི་ཕྱོགས་ཆོས་ཏེ་གསུམ་མོ། །ཡང་ན། ཕྱོགས་ཆོས་ཅན་དགུ་སྟེ། དགུ་པོ་རིམ་པ་བཞིན་དཔེར་བརྗོད་ན། སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར། དུང་སྒྲ་ཆོས་ཅན། རྩོལ་བ་ལས་བྱུང་སྟེ། མི་རྟག་པའི་ཕྱིར། རྟག་སྟེ། བྱས་པའི་ཕྱིར། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། དུང་སྒྲ་ཆོས་ཅན། རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར། རྩོལ་བ་ལས་མ་བྱུང་སྟེ། མི་རྟག་པ་ཡིན་པའི་ཕྱིར། དུང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར། རྟག་སྟེ། རེག་བྱ་ཅན་མིན་པའི་ཕྱིར་ཞེས་པ་རྣམས་ཏེ། དང་པོ་གསུམ་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པར་མཚུངས་པ་ལ། མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ། གཏན་ནས་མེད་པ། ཆ་གཉིས་པ་གསུམ་མོ། །བར་བ་གསུམ་མཐུན་ཕྱོགས་ལ་གཏན་ནས་མེད་པར་མཚུངས་པ་ལ། མི་མཐུན་ཕྱོགས་ལ་ཡོད་མེད་ཆ་གཉིས་པ་གསུམ་མོ། །ཕྱི་མ་གསུམ་མཐུན་ཕྱོགས་ལ་ཆ་གཉིས་པར་མཚུངས་ལ། མི་མཐུན་ཕྱོགས་ལའང་ཡོད་མེད་ཆ་གཉིས་པ་གསུམ་སྟེ་དགུའོ། །ཞེས་གསུངས་ལ། དེ་ལྟར་འཐད་དེ། ཕྱོགས་གླང་གི་གཏན་ཚིགས་འཁོར་ལོ་ལས། གསུམ་ལ་རྣམ་པ་གསུམ་གསུམ་སྟེ། །སྟེང་འོག་གཉིས་ལ་ཡང་དག་གཉིས། །ལོགས་གཉིས་འགལ་བ་གཉིས་ཡིན་ཏེ། །ཟུར་བཞི་དངོས་ཀྱི་མ་ངེས་བཞི། །དབུས་ན་ཐུན་མོང་མིན་མ་ངེས། །གཞལ་བྱ་བྱས་དང་མི་རྟག་དང༌། །བྱས་དང་མཉན་བྱ་རྩོལ་བྱུང་དང༌། །མི་རྟག་རྩོལ་བྱུང་ལུས་ཅན་མིན། །རྟག་དང་མི་རྟག་རྩོལ་བྱུང་དང༌། །རྟག་དང་རྟག་དང་རྟག་པ་དང༌། །རྩོལ་བྱུང་མིན་དང་མི་རྟག་དང༌། །རྟག་པ་ལ་ནི་སྒྲུབ་པ་བཀོད། །ཅེས་དང༌། ཚད་མ་མདོ་ལས། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང༌། །རྣམ་གཉིས་རེ་རེ་དག་ལ་ཡང༌། །རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང༌། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་གསུངས་སོ། །རེག་བྱ་ཅན་མིན་པ་འདི་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ལ་ཆ་གཉིས་སུ་གསུངས་པ་གང་ཡིན་ཞེ་ན། དོན་ལ་རྟག་པ་ལ་རེག་བྱ་ཅན་ཡིན་པ་མེད་ཀྱང་བྱེ་བྲག་པས་འབྱུང་བཞིའི་རྡུལ་ཕྲན་རྟག་པར་འདོད་པས་དེའི་བློ་ངོ་ལ་ལྟོས་ཏེ་ཆ་གཉིས་སུ་འཇུག་པར་བཤད་པ་ཡིན་ནོ། །མཉན་བྱ་དེ་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་གཏན་མེད་དུ་གསུངས་པ་སྐབས་ཀྱི་རྒོལ་བའི་བློ་ངོར་ལྟོས་པ་ཡིན་པར་སྣང་ངོ། །

གསུམ་པ་སྒྲུབ་བྱེད་འགོད་པ།

གསུམ་པ་སྒྲུབ་བྱེད་འགོད་པ་ལ།

བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་པའི་ཤེས་བྱེད་ནི། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པ་གང་ཞིག ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སྒྲ་དེ་དེ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དུ་བཟུང་བ་གང་ཞིག ཁྱོད་བྱས་པར་ཚད་མས་ངེས་ནས་ཁྱོད་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་ཡོད་པའི་ཕྱིར། དང་པོ་མ་གྲུབ་ན། སྒྲ་ཆོས་ཅན། ཁྱོད་ཁྱོད་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་དུ་བཟུང་བར་ཐལ། ཁྱོད་ཁྱོད་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་ཆོས་ཅན་དུ་བཟུང་བའི་ཕྱིར། དེར་ཐལ། བདག་ཏུ་མ་གྲུབ་པ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱི་རྒོལ་ཡང་དག་དེ་དེ་ཡིན་པའི་ཕྱིར། རྩ་རྟགས་གཉིས་པ་མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པ་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པ་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པའི་དོན་ཚང་བ་གང་ཞིག དེའི་ཚིག་ཟུར་གྱི་ཡོད་པ་ཞེས་པའི་དོན་ཁྱོད་ལ་ཚང༌། དེའི་ཚིག་ཟུར་གྱི་ཉིད་ཅེས་པའི་དོན་ཁྱོད་ལ་ཚང༌། ཚད་མས་ངེས་པ་ཞེས་པའི་དོན་ཁྱོད་ལ་ཚང་བའི་ཕྱིར། དང་པོ་གྲུབ་སྟེ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱིས་འགོད་ཚུལ་ཡིན་འགོད། སྒྲུབ་ཚུལ་ཡིན་སྒྲུབ་ཡིན། སྒྲ་ཁྱོད་ཡིན། སྒྲ་ཆོས་ཅན་གྱི་སྟེང་དུ་ཁྱོད་ཡིན་པའི་ཕྱིར། ཁྱབ་སྟེ། འགོད་ཚུལ་དང་མཐུན་པའི་དོན་ཡང་ཡིན་འགོད་ཀྱི་དབང་དུ་བྱས་ན། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དུ་འགྲོ་རྒྱུ་དེ་རྟགས་དེ་ཡིན་པ་དང༌། དེའི་སྟེང་དུ་རྟགས་དེ་ཡིན་པ་ལ་བྱེད།ཡོད་འགོད་ཀྱི་དབང་དུ་བྱས་ན། ཆོས་ཅན་དུ་འགྲོ་རྒྱུ་དེའི་སྟེང་དུ་རྟགས་དེ་ཡོད་པ་དང༌། ཆོས་ཅན་དེ་ལ་རྟགས་དེ་ཡོད་པ་ལ་བྱེད་པའི་ཕྱིར། དེར་ཐལ། དེའི་དོན་ཡོད་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་ལ་དེའི་ཚིག་ཟུར་གྱི་ཡོད་པ་ཞེས་པའི་དོན་ཚང་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་གང་ཡང་མ་ཡིན་པའི་ཕྱིར། ཁྱབ་སྟེ། དེའི་ཚིག་ཟུར་གྱི་ཡོད་པ་ཞེས་པས་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་རྣམས་སེལ་བའི་ཕྱིར་ཏེ། འཐད་ལྡན་ཆུང་བ་ལས། ཡོད་པ་ཞེས་པའི་ཚིག་གིས་མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་མ་གྲུབ་པ་བསལ་ཏེ། ཞེས་དང༌། བྱིས་པ་འཇུག་པའི་རྟོག་གེའི་སྐད་ལས། ཡོད་པ་ཞེས་སྨོས་པས་མ་གྲུབ་པ་བསལ་ཏེ། ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། བྱས་པ་སྒྲ་མི་རྟག་སྒྲུབ་ཀྱི་གཞི་མ་གྲུབ་ནས་མ་གྲུབ་པ་དང༌། གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པ་དང༌། ཕྱོགས་གཅིག་ལ་ལྟོས་ནས་མ་གྲུབ་པ་དང༌།ཐ་དད་མེད་ནས་མ་གྲུབ་པ་གང་ཡང་མ་ཡིན་པའི་ཕྱིར་རོ། །གོང་གི་རྟགས་གསུམ་པ་མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་ལ་སྒྲ་མི་རྟག་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཚིག་ཟུར་གྱི་ཉིད་ཅེས་པའི་དོན་ཁྱོད་ལ་ཚང་བར་ཐལ། ཁྱོད་ལ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པའི་དོན་ཚང་བ་གང་ཞིགཁྱོད་དེ་སྒྲུབ་ཀྱི་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་མ་ཡིན་པའི་ཕྱིར། ཁྱབ་སྟེ། ཁོ་ནའམ་ཉིད་ཅེས་སྨོས་པ་ནི་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པ་སེལ་བའི་ཆེད་ཡིན་པའི་ཕྱིར་ཏེ། དུལ་བ་ལྷའི་རིགས་ཐིགས་འགྲེལ་བ་སློབ་ཕན་ལས། ཁོ་ན་ཞེས་པས་ནི་ཕྱོགས་གཅིག་ལ་མ་གྲུབ་པ་སེལ་ཏེ། ཞེས་དང༌། འཐད་ལྡན་ཆུང་ངུ་ལས། ཉིད་ཀྱི་ཚིག་གིས་ཕྱོགས་གཅིག་ལ་མ་གྲུབ་པ་བསལ་བ་ཡིན་ཏེ། ཇི་ལྟར་ལྗོན་ཤིང་ནི་སྲོག་དང་བཅས་པ་ཡིན་ཏེ། ཉལ་བའི་ཕྱིར་རོ་ཞེས་ཕྱོགས་སུ་བྱས་པ་ལ་ལོ་མ་འཁུམས་པའི་མཚན་ཉིད་ཀྱི་ཉལ་བ་ནི་ཕྱོགས་གཅིག་ལ་མ་གྲུབ་པ་ཡིན་ཏེ། འདི་ལྟར་ཤིང་ཐམས་ཅད་ནི་མཚན་མོ་ལོ་མ་འཁུམས་པ་ལ་བརྟེན་པ་མ་ཡིན་ཏེ། འགའ་འགའ་ཙམ་ཁོ་ནར་ཟད་པ་ལྟ་བུའོ། །ཞེས་དང༌། རྟོག་གེའི་སྐད་ལས། ལོ་མ་ཟུམ་པའི་མཚན་ཉིད་ཉལ་བ་སྟེ། དེ་ཡང་ཤིང་ཐམས་ཅད་ལ་མ་གྲུབ་པོ། །ཞེས་གསུངས་པའི་ཕྱིར། ཉིད་ཡོད་པའི་ཚིག་གི་སྔར་མ་སྨོས་པར་རྗེས་སུ་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ཉིད་ཡོད་པའི་སྔར་སྨོས་ན་རྗེས་སུ་དཔག་བྱ་ཁོ་ན་ལ་ཡོད་པ་ཕྱོགས་ཆོས་ཀྱི་མཚན་ཉིད་དུ་འགྱུར་དགོས་ལ། དེ་ལྟ་ན་སྒྲ་མི་རྟག་སྒྲུབ་ཀྱི་ཕྱོགས་ཆོས་ལ་སྒྲའི་ཐུན་མོང་མ་ཡིན་པའི་ཆོས་ཁོ་ན་དགོས་པར་འགྱུར་བ་དེ་བཅད་པའི་ཆེད་དུ་ཉིད་ཡོད་པའི་རྗེས་ལ་སྨོས་པའི་ཕྱིར་ཏེ། འཐད་ལྡན་ཆུང་ངུ་ལས། ཡོད་པའི་ཚིག་གི་རྗེས་ལ་ཉིད་སྨོས་པས་ནི་ཐུན་མོང་མ་ཡིན་པའི་ཆོས་བསལ་བ་ཡིན་ནོ། །ཇི་སྟེ་རྗེས་སུ་དཔག་པར་བྱ་བ་ཉིད་ལ་ཡོད་པ་ཞེས་སྨྲ་ན་ནི། མཉན་པར་བྱ་བ་ཁོ་ན་གཏན་ཚིགས་ཡིན་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །གོང་གི་རྟགས་བཞི་བ་མ་གྲུབ་ན། བྱས་པ་ཆོས་ཅན། ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཚིག་ཟུར་གྱི་ཚད་མས་ངེས་པ་ཞེས་པའི་དོན་ཁྱོད་ལ་ཚང་བར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་སྐབས་བབ་ཀྱི་རྒོལ་བས་ཁྱོད་སྒྲ་མི་རྟག་པར་སྒྲུབ་པ་ལ་འགོད་ཚུལ་དང་མཐུན་པར་ཚད་མས་ཡོད་པ་ཉིད་དུ་ངེས་ནས་སྒྲ་མི་རྟག་པར་ཤེས་འདོད་ཞུགས་པ་སྲིད་པའི་ཕྱིར། ཁྱབ་སྟེ། དེའི་ཚིག་ཟུར་གྱི་ཚད་མས་ངེས་པའི་དོན་དེ། དེ་སྒྲུབ་ཀྱི་སྐབས་བབ་ཀྱི་རྒོལ་བས་ཚད་མས་ངེས་མ་ངེས་ལ་བྱེད་ཀྱི། ཚད་མ་སྤྱི་ལྡོག་དང་གང་ཟག་སྤྱི་ལྡོག་གིས་ཚད་མས་ངེས་མ་ངེས་ལ་བྱེད་པ་མ་ཡིན་པའི་ཕྱིར། དེར་ཐལ། དེའི་ཚིག་ཟུར་ལ་ཚད་མས་ངེས་པ་སྨོས་པའི་དགོས་པ་བློ་ལ་ལྟོས་ནས་མ་གྲུབ་པ་དང་རྒོལ་བ་ལ་ལྟོས་ནས་མ་གྲུབ་པ་སེལ་བའི་ཆེད་ཡིན་པའི་ཕྱིར། རྟོག་གེའི་སྐད་ལས། ངེས་པ་ཞེས་སྨོས་པས་ནི་ཐེ་ཚོམ་ཟ་ནས་མ་གྲུབ་པ་དག་བསལ་ཏེ། ཞེས་དང༌། ཛེ་ཏཱ་རིས་ཀྱང༌། ངེས་པ་ཞེས་སྨོས་པས་ནི་ཐེ་ཚོམ་ཟ་ནས་མ་གྲུབ་པ་སོགས་བསལ་ཏེ། ཞེས་དང༌། འཐད་ལྡན་ཆུང་བ་ལས། ངེས་པ་སྨོས་པས་ནི་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཐམས་ཅད་བསལ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཁྱོད་སྦྱོར་བ་དེའི་མ་གྲུབ་པའི་གཏན་ཚིགས་ཡིན་ན་ཁྱོད་ཀྱི་རྟགས་ཀྱིས་སྦྱོར་བ་དེའི་རྟགས་མ་གྲུབ་པའི་མ་ཁྱབ་སྟེ། སྒྲ་དེ་སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མ་གྲུབ་པའི་གཏན་ཚིགས་ཡིན་པ་གང་ཞིག སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྦྱོར་བ་དེའི་རྟགས་གྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། དེ་དེ་སྒྲུབ་ཀྱི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། སྒྲ་དེ་སྒྲ་ཡིན་པར་གྲུབ་པའི་ཕྱིར་རོ། །

ཁྱབ་པ་གཉིས་བཤད།

ཁྱབ་པ་གཉིས་བཤད་པ།

གཉིས་པ་ཁྱབ་པ་གཉིས་བཤད་པ་ལ། དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ཚད་མས་ངེས་པ་དེ། དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་ཡོད་པའི་དོན་ཡང༌། ཁྱོད་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱར་འགྲོ་རྒྱུ་དེ་ཡིན། ཁྱོད་ཡིན་ན་དེ་ཡིན་པས་ཁྱབ་པ་ཙམ་ཞིག་དེའི་དོན་ཟེར་ན། འོ་ན་མི་རྟག་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ཚད་མས་ངེས་པ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་མི་རྟག་པ་ཡིན། ཁྱོད་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེ་དང་འབྲེལ་བ་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དང་འབྲེལ་བ་མ་ཡིན་ན་དེ་སྒྲུབ་ཀྱི་རྗེས་ཁྱབ་དང་ལྡོག་ཁྱབ་གང་ཡང་མ་ཡིན་དགོས་པའི་ཕྱིར། ཚད་མ་རྣམ་འགྲེལ་རང་འགྲེལ་ལས། འབྲེལ་བ་མེད་པར་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གང་ཡང་ངེས་མི་ནུས་སོ། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། མི་རྟག་པ་ཆོས་ཅན། མི་རྟག་པ་དང་ཐ་དད་ཡིན་པར་ཐལ། དེ་དང་འབྲེལ་བ་ཡིན་པའི་ཕྱིར། བྱས་པའི་བྱེ་བྲག་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ན་མངོན་ཚད་ཀྱི་ཐ་སྙད་ལྟར་ན་མ་ཁྱབ་པ་ཡིན་ནོ། །ཡང་ཁ་ཅིག་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ཚད་མས་ངེས་པ་དེ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད་ཟེར་ན། ཡོད་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ཚད་མས་ངེས་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པའི་ཕྱིར། དེར་ཐལ།དེ་སྒྲུབ་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཡོད་པའི་ཕྱིར། གོང་དུ་འདོད་ན། ཡོད་པ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར། ཡང་ཁ་ཅིག་བྱས་ན་མི་རྟག་པས་ཁྱབ་པ་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་ཟེར་ན། འོ་ན་སྦྱོར་བ་དེའི་དངོས་ཁྱབ་གྲུབ་ན་སྦྱོར་བ་དེའི་རྗེས་ཁྱབ་གྲུབ་པའི་ཁྱབ་པར་ཐལ། དེ་གཉིས་ལ་ཁྱད་པར་མེད་པའི་ཕྱིར། རྟགས་ཁས། འདོད་ན། བྱས་པའི་རྒྱུའི་རྟགས་ཀྱིས་བྱས་པའི་རྒྱུར་གྱུར་བའི་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་གྲུབ་པར་ཐལ། དེ་སྒྲུབ་ཀྱི་སྦྱོར་བའི་དངོས་ཁྱབ་གྲུབ་པའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། བྱས་པའི་རྒྱུ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་དེ་སྒྲུབ་ཀྱི་དངོས་ཁྱབ་གང་ཞིག དེ་གྲུབ་པའི་ཕྱིར།གོང་དུ་འདོད་ན། བྱས་པའི་རྒྱུ་ཆོས་ཅན། ཁྱོད་བྱས་པའི་རྒྱུར་གྱུར་པའི་སྒྲ་མི་རྟག་པ་ཡིན་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེ་དང་འབྲེལ་བ་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པའི་ཕྱིར། ཁྱབ་པ་སྔར་བསྒྲུབས་ཟིན། དེས་ན་དངོས་ཁྱབ་དང་རྗེས་ཁྱབ་དོན་མི་གཅིག་ཅིང༌།དངོས་ཁྱབ་གྲུབ་ན་ལྡོག་ཁྱབ་གྲུབ་པའི་ངེས་པ་མེད་ལ། རྗེས་ཁྱབ་དང་ལྡོག་ཁྱབ་གྲུབ་ན་ཚུལ་གསུམ་གྲུབ་པའི་ངེས་པ་མེད་དོ། །ཡང་ཁ་ཅིག སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་དང་འབྲེལ་སྟོབས་ཀྱིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད་ཟེར་ན། རང་ལྡོག་ལ་འཁྲིས་ན། མི་རྟག་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པར་ཐལ། དེ་སྒྲུབ་ཀྱི་མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་འབྲེལ་བ་གང་ཞིག སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཁྱོད་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་ཐ་དད་ཁྱོད་དེ་ཡིན་ཞིང་དེ་མེད་ན་ཁྱོད་མེད་དགོས་པའི་ཕྱིར། གཞན་ཡང་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའི་རྟགས་ཡང་དག་མེད་པར་ཐལ། སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་སྒྲ་མི་རྟག་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་རྗེས་ཁྱབ་ལ་གཞན་ལྡན་རྣམ་གཅོད་དགོས་པ་གང་ཞིག མི་ལྡན་རྣམ་གཅོད་སྦྱར་མི་རུང་བའི་ཕྱིར། དང་པོ་གྲུབ་སྟེ། ཁོ་ནའི་སྒྲ་ཡོད་པའི་སྔར་སྨོས་པ་ནི། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་ཀྱང་མ་ཁྱབ་པའི་རྩོལ་བྱུང་གི་རྟགས་ཀྱིས་དུང་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་བསྟན་པའི་ཆེད་ཡིན་པའི་ཕྱིར་ཏེ། རིགས་སྒོ་ལས། མཐུན་པའི་ཕྱོགས་ཉིད་ལ་ཡོད་པར་ངེས་པ་དང༌། ཞེས་དང༌། རྟོག་གེའི་སྐད་ལས། ཡོད་པའི་སྒྲའི་སྔོན་དུ་ཁོ་ནའི་ཡི་གེས་ནི་ཕྱོགས་དང་མཐུན་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་མ་ཡིན་ཡང་རྩོལ་བ་ལས་བྱུང་བ་གཏན་ཚིགས་ཉིད་དུ་བཤད་དེ། ཞེས་གསུངས་པའི་ཕྱིར་རོ། ། གཉིས་པ་གྲུབ་སྟེ། མདོའི་རང་འགྲེལ་ལས། དེ་དང་མཐུན་པ་ཁོ་ན་ལ་ཡོད་ཅེས་ངེས་པར་བཟུང་བའི་ཕྱིར་རོ། དེ་དང་མཐུན་པ་ལ་ཡོད་པ་ཁོ་ནའོ་ཞེས་ནི་བརྗོད་པར་མི་བྱ་བའི་ཕྱིར་རོ། །ཞེས་གསུངས་སོ། །མི་ལྡན་རྣམ་གཅོད་ནི་ཁྱད་པར་རམ་ཁྱད་ཆོས་ཀྱི་འོག་ཏུ་ཚིག་ཕྲད་སྦྱར་བ་དང༌། གཞན་ལྡན་རྣམ་གཅོད་ནི་ཁྱད་པར་ཅན་ནམ་ཁྱད་གཞིའི་འོག་ཏུ་ཚིག་ཕྲད་སྦྱར་བའམ་དོན་གྱིས་དེ་ལྟར་སྦྱར་བ་དགོས་ཏེ། རྣམ་འགྲེལ་ལེའུ་བཞི་བ་ལས། ཆོས་ཀྱི་ཚིག་ཕྲད་ཐ་དད་པར། །བྱེད་པས་མི་ལྡན་གཞན་ལྡན་པ། །ཤིན་ཏུ་མི་སྲིད་རྣམ་གཅོད་བྱེད། །ཁྱད་པར་ཁྱད་པར་ཅན་དག་དང༌། །བྱ་བ་དག་ནི་ལྷན་ཅིག་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

ཁྱབ་པ་གཉིས་ཀྱི་མཚན་ཉིད། དབྱེ་བ། སྒྲ་བཤད། སྒྲུབ་བྱེད་བཤད་པ་དང་བཞི། དང་པོ་ནི། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་གང་ཡིན་རྒྱུ་དེ་དང་འབྲེལ་ཞིང་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ངེས་པའི་གཏན་ཚིགས་དེ། དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད། བྱེ་བྲག་ལ་སྦྱར་ན། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་མི་རྟག་པ་དང་འབྲེལ་ཞིང་སྒྲ་མི་རྟག་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ངེས་པའི་གཏན་ཚིགས་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཀྱི་མཚན་ཉིད་ཡིན་ཏེ། ཚད་མ་ཀུན་བཏུས་ལས། དེ་མཐུན་ལ་ཡོད་དང༌། ཞེས་དང༌། དེའི་རང་འགྲེལ་ལས། དེ་དང་མཐུན་པ་ཁོ་ན་ལ་ཡོད་ཅེས་ངེས་པར་བཟུང་བའི་ཕྱིར་རོ། །ཞེས་དང༌། རྣམ་ངེས་ལས། དེ་མཚུངས་ལ་ཡོད་དང༌། ཞེས་དང༌། དེའི་རང་འགྲེལ་ལས། དེ་བཞིན་དུ་དེ་དང་མཐུན་པ་ཉིད་ལ་ཡང་ངོ། །ཞེས་དང༌། རིགས་ཐིགས་ལས། མཐུན་པའི་ཕྱོགས་ཉིད་ལ་ཡོད་པ། ཞེས་དང༌། རིགས་སྒོ་ལས། མཐུན་པའི་ཕྱོགས་ཉིད་ལ་ཡོད་པར་ངེས་པ་དང༌། ཞེས་དང༌། ཛེ་ཏཱ་རིས། མཐུན་པའི་ཕྱོགས་ཉིད་ལ་ཡང་ཡོད་པར་ངེས་པ་ཞེས་གཞུག་གོ །ཞེས་དང༌། རྟོག་གེའི་སྐད་ལས། ཕྱོགས་དང་མཐུན་པ་ཁོ་ན་ལ་ཡོད་པར་ངེས་པ་ཞེས་པ་རྗེས་སུ་འགྲོ་བའི་མིང་ཅན་ཚུལ་གཉིས་པའོ། །ཞེས་གསུངས་པའི་ཕྱིར་རོ། །མཚན་གཞི་ནི། བྱས་པ་ལྟ་བུའོ། །རྗེས་ཁྱབ་དང༌། རྗེས་འགྲོའི་ཁྱབ་པ་དང༌། རྗེས་འགྲོའི་ཚུལ་དང༌། ཚུལ་གཉིས་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནོ། །དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུབཟུང་རྒྱུ་དང་འབྲེལ་སྟོབས་ཀྱིས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པའི་གཏན་ཚིགས། དེ་སྒྲུབ་ཀྱི་ལྡོག་ཁྱབ་ཀྱི་མཚན་ཉིད། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུའི་མི་རྟག་པ་དང་འབྲེལ་སྟོབས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པའི་གཏན་ཚིགས་དེ། སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཀྱི་མཚན་ཉིད་ཡིན་ཏེ། རྣམ་ངེས་ལས། མེད་ལ་མེད་པ་ནི། ངེས་པ། ཞེས་དང༌། དེའི་རང་འགྲེལ་ལས། བསྒྲུབ་པར་བྱ་དང་རིགས་མཐུན་པ་ལ་ཡོད་པའི་གཏན་ཚིགས་དེའི་མེད་པ་ལ་མེད་ཉིད་ནི་ཚུལ་གསུམ་པ་སྟེ་དེ་ཡང་ངེས་པ་ཡིན་ནོ། །ཞེས་དང༌། ཚད་མ་མདོ་ལས། མེད་ཉིད་ལ་མེད་པ། ཞེས་དང༌། དེའི་རང་འགྲེལ་ལས། མེད་ཉིད་ལ་མེད་པ་ཞེས་པས་ནི་སླར་ཡང་དེ་ཉིད་ངེས་པར་བྱ་བའི་དོན་དུ་སྟེ་མེད་པ་ཉིད་ལ་མེད་པ་ཡིན་གྱི་གཞན་ལ་ཡང་མ་ཡིན་ལ་འགལ་བ་ཡང་མ་ཡིན་ནོ། །ཞེས་པའི་དོན་ནོ། །ཞེས་དང༌། འཐད་ལྡན་ལས། དེའི་མེད་པ་མཐུན་པའི་ཕྱོགས་ཀྱི་དངོས་པོ་མེད་པ་ལ་མེད་པ་ཉིད་ཀྱི་ངོ་བོ་ནི་ཚུལ་གསུམ་པ་སྟེ། ཞེས་དང༌། ཛེ་ཏཱ་རིས། མི་མཐུན་པའི་ཕྱོགས་ལ་ཡང་མེད་པ་ཉིད་དུ་ངེས་པ་ཞིག་གཞུག་གོ །ཞེས་དང༌། དུལ་བ་ལྷའི་རིགས་ཐིགས་འགྲེལ་བར། རིགས་མི་མཐུན་ལ་གཅིག་ཏུ་མེད་པ་ཉིད་ནི་ཚུལ་གསུམ་པ་སྟེ། ཞེས་གསུངས་པའི་ཕྱིར་རོ། མཚན་གཞི་ནི་བྱས་པ་ལྟ་བུའོ། ། ལྡོག་ཁྱབ་དང༌། ལྡོག་འགྲོའི་ཁྱབ་པ་དང༌། ལྡོག་འགྲོའི་ཚུལ་དང༌། ཚུལ་གསུམ་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནོ། །

གཉིས་པ་དབྱེ་བ་ནི།

རང་དོན་སྐབས་དང་གཞན་དོན་སྐབས་ཀྱི་རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་གཉིས་སོ། ། ཡང་ན་རྟགས་ཡང་དག་གི་ཁྱབ་པ་གཉིས་དང༌། རྟགས་ལྟར་སྣང་གི་ཁྱབ་པ་གཉིས། རྟགས་ཡང་དག་གི་ཁྱབ་པ་གཉིས་ལ། འབྲས་རང་མ་དམིགས་པའི་རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་གཉིས་སོ། །

གསུམ་པ་སྒྲ་བཤད་པ་ནི།

བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཀྱི་ཚུལ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་མི་རྟག་པ་དང་འབྲེལ་བས་ཁྱོད་དེ་ཡོད་པའི་རྗེས་སུ་འགྲོ་ཞིང་དེས་ཁྱབ་པར་བྱ་བ་ཡིན་པས་ན་རྗེས་ཁྱབ་དང༌། ཁྱབ་བྱ་དེའི་རང་བཞིན་ཡིན་པས་ན་ཚུལ་ཞེས་བརྗོད་པའི་ཕྱིར། ཡང་བྱས་པ་ཆོས་ཅན། ཁྱོད་ལ་དེ་སྒྲུབ་ཀྱི་ལྡོག་ཁྱབ་ཀྱི་ཚུལ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་སྒྲ་མི་རྟག་སྒྲུབ་ཀྱི་ཆོས་མི་རྟག་པ་མེད་ན་ཁྱོད་ཀྱང་ལྡོག་དགོས་ཤིང༌། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལས་ལྡོག་པའི་ཆོས་མི་རྟག་པའི་ཁྱབ་བྱ་ཡིན་པས་ན་ལྡོག་ཁྱབ་དང༌། ཁྱབ་བྱ་དེའི་རང་བཞིན་ཡིན་པས་སམ་ཁྱབ་བྱ་དེའི་བསྒྲུབ་བྱའི་སྒྲོ་འདོགས་ལ་གནོད་པས་ན་ཚུལ་ཞེས་བརྗོད་པའི་ཕྱིར། ཚུལ་གྱི་སྐད་དོད་དུ་མ་ཡོད་ལ། ཚུལ་གསུམ་པའི་རྟགས་ཞེས་པའི་ཚུལ་གྱི་སྐད་དོད་རཱུའུ་བ་ཞེས་པ་ཡིན་ཏེ། བྱེ་བྲག་རྟོགས་བྱེད་ལས། ཏྲི་རཱུ་བ་ལིངྒ་ཚུལ་གསུམ་པའི་རྟགས། ཞེས་བཤད་པའི་ཕྱིར། རྟེན་འབྲེལ་མདོ་འགྲེལ་ལས། གཟུགས་ཞེས་བྱ་བ་ནི་གནོད་པར་གྱུར་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །

བཞི་པ་སྒྲུབ་བྱེད་ནི།

བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་མི་རྟག་པ་དང་འབྲེལ་ཞིང་སྒྲ་མི་རྟག་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་སྟེ།དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་མི་རྟག་པ་དང་འབྲེལ་བ་ཡིན་པ་གང་ཞིག སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། བྱས་པ་ཆོས་ཅན། དེར་ཐལ། ཁྱོད་མི་རྟག་པ་དང་འབྲེལ་བ་ཡིན་པའི་ཕྱིར། མ་གྲུབ་ན། བྱས་པ་ཆོས་ཅན། དེར་ཐལ། ཁྱོད་མི་རྟག་པ་དང་བདག་གཅིག་འབྲེལ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་མི་རྟག་པ་དང་བདག་ཉིད་གཅིག་པའི་སྒོས་ནས་ཐ་དད། མི་རྟག་པ་མེད་ན་ཁྱོད་མེད་དགོས་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ངེས་པའི་གཏན་ཚིགས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་ཡོད་པའི་དོན་ཚང་བ་གང་ཞིག དེའི་ཚིག་ཟུར་གྱི་ཁོ་ན་ཞེས་པའི་དོན་ཚང༌། དེའི་ཚིག་ཟུར་གྱི་ངེས་པའི་དོན་ཚང་བའི་ཕྱིར། རྟགས་དང་པོ་མ་གྲུབ་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་སྒྲུབ་ཀྱི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཡིན་པར་ཐལ། སྒྲ་མི་རྟག་སྒྲུབ་ཀྱི་མཐུན་ཕྱོགས་མི་རྟག་པ་ལ་ཡོད་པ་ཡིན་པའི་ཕྱིར། རྟགས་སླ། ཁྱབ་སྟེ། སྒྲ་མི་རྟག་སྒྲུབ་ཀྱི་མཐུན་ཕྱོགས་ལ་འགོད་ཚུལ་མཐུན་པར་ཡོད་པ་ཞེས་སྨོས་པའི་དགོས་པ་བྱས་པ་ལྟ་བུ་སྒྲ་མི་རྟག་པར་སྒྲུབ་པའི་འགལ་རྟགས་དང༌། ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པ་སེལ་བའི་ཆེད་ཡིན་པའི་ཕྱིར་ཏེ། འཐད་ལྡན་ལས། འདིར་ཡང་ཡོད་པ་སྨོས་པས་འགལ་བ་ཡིན་པ་དེ་ནི་མཐུན་པའི་ཕྱོགས་ལ་ཡོད་པ་མ་ཡིན་ནོ། །ཞེས་དང༌། ཛེ་ཏཱ་རིས། ཡོད་པ་སྨོས་པས་འགལ་བ་རྣམ་པར་གཅོད་དོ། །ཞེས་དང༌། དུལ་བ་ལྷས། འདིར་ཡོད་པ་སྨོས་པས་ནི་ཐུན་མོང་མ་ཡིན་པའི་མ་ངེས་པ་བསལ་ཏེ། ཞེས་གསུངས་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། བྱས་པ་ཆོས་ཅན། དེའི་ཚིག་ཟུར་གྱི་ཁོ་ན་ཞེས་པའི་དོན་ཚང་བར་ཐལ། ཁྱོད་སྒྲ་མི་རྟག་སྒྲུབ་ཀྱི་མཐུན་ཕྱོགས་མི་རྟག་པ་ལ་ཡོད་པ་ལས་མི་རྟག་པ་མ་ཡིན་པ་ལ་གཏན་ནས་མེད་པའི་ཕྱིར། ཁྱབ་སྟེ། དེའི་ཚིག་ཟུར་གྱི་ཁོ་ན་སྨོས་པས་བྱས་པ་ཐུན་མོང་གི་དངོས་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་པ་སེལ་བ་ཡིན་པའི་ཕྱིར་ཏེ། འཐད་ལྡན་ལས། ཉིད་སྨོས་པས་ཐུན་མོང་གི་མ་ངེས་པ་ཉིད་བསལ་ཏེ། དེ་ནི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། གཉིས་ཀ་ལ་ཡོད་པ་ཡིན་ནོ། །ཞེས་དང༌། ཛེ་ཏཱ་རིས། ཉིད་སྨོས་པས་ཐུན་མོང་བ་གཅོད། ཅེས་དང༌། རྟོག་གེའི་སྐད་ལས། ཁོ་ནའི་ཡི་གེས་ཐུན་མོང་གི་རྟགས་བསལ་ཏེ། སྒྲ་རྟག་སྟེ། གཞལ་བྱ་ཉིད་ཀྱི་ཕྱིར་རོ། །ཞེས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། གོང་གི་རྟགས་གསུམ་པ་མ་གྲུབ་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད་ཀྱི་ཚིག་ཟུར་གྱི་ངེས་པའི་དོན་ཚང་བར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་སྐབས་ཀྱི་རྒོལ་བས་བློ་སྐྱོན་སོགས་ཀྱིས་ཐེ་ཚོམ་ཟ་བའི་རྟགས་མ་ཡིན་པའི་ཕྱིར། ཁྱབ་སྟེ། འཐད་ལྡན་ལས། ངེས་པའི་ཚིག་གིས་ནི་རྗེས་སུ་འགྲོ་བ་ལ་ཐེ་ཚོམ་ཟ་བ་ལ་མ་ངེས་པ་ཉིད་བསལ་བ་ཡིན་ཏེ། ཇི་ལྟར་སྨྲ་བའི་ཕྱིར་འགའ་ཞིག་ནི་ཐམས་ཅད་མཁྱེན་པ་ཡིན་ནོ། །ཞེས་བྱ་བ་ཡིན་ཏེ། མཐུན་པའི་ཕྱོགས་ཐམས་ཅད་མཁྱེན་པ་ལ་སྨྲ་བ་ཉིད་ཐེ་ཚོམ་ཟ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་ཏེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུའི་མི་རྟག་པ་དང་འབྲེལ་སྟོབས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། མ་གྲུབ་ན། བྱས་པ་ཆོས་ཅན། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུའི་མི་རྟག་པ་དང་འབྲེལ་བ་གང་ཞིག སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། རྟགས་དང་པོ་སྔར་བསྒྲུབས་ཟིན། རྟགས་གཉིས་པ་མ་གྲུབ་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པའི་གཏན་ཚིགས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཞེས་པའི་དོན་ཚང༌། དེའི་ཚིག་ཟུར་གྱི་ཁོ་ན་ཞེས་པའི་དོན་ཚང༌། དེའི་ཚིག་ཟུར་གྱི་ངེས་པ་ཞེས་པའི་དོན་ཚང་བའི་ཕྱིར། དང་པོ་གྲུབ་སྟེ། དེ་སྒྲུབ་ཀྱི་རྟགས་གང་ཞིག འགལ་རྟགས་དང་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་གང་ཡང་མ་ཡིན་པའི་ཕྱིར། ཁྱབ་སྟེ། འཐད་ལྡན་ཆུང་ངུ་ལས། དེ་ལ་མེད་པ་སྨོས་པས་ནི་འགལ་བ་བསལ་བ་ཡིན་ཏེ། འགལ་བ་ནི་མི་མཐུན་པའི་ཕྱོགས་ལ་ཡོད་པ་ཡིན་ནོ། །ཞེས་དང༌། འདིར་ཡང་མེད་པ་ཉིད་བཟུང་བས་འགལ་བ་བསལ་ལོ། །ཞེས་དང༌། འགྲེལ་བ་སློབ་ཕན་ལས། འདིར་མེད་པ་ཞེས་པས་ནི་ཐུན་མོང་མ་ཡིན་པའི་མ་ངེས་པ་དང༌། འགལ་བ་བསལ་ལོ། །ཞེས་གསུངས་སོ། །གོང་གི་རྟགས་གཉིས་པ་མ་གྲུབ་ན། བྱས་པ་ཆོས་ཅན། དེའི་ཚིག་ཟུར་གྱི་ཁོ་ན་ཞེས་པའི་དོན་ཚང་བར་ཐལ། ཐུན་མོང་བའི་དངོས་ཀྱི་མ་ངེས་པའི་གཏན་ཚིགས་སོགས་མ་ཡིན་པའི་ཕྱིར། ཁྱབ་སྟེ། འཐད་ལྡན་ཆུང་ངུ་ལས། ཉིད་སྨོས་པས་ནི་མི་མཐུན་པའི་ཕྱོགས་གཅིག་ཐུན་མོང་དུ་ཡོད་པ་བསལ་བ་ཡིན་ཏེ། རྩོལ་བ་ལས་བྱུང་བ་ཉིད་དུ་སྒྲུབ་པར་བྱ་བ་ལ། མི་རྟག་པ་ཉིད་ནི་མི་མཐུན་པའི་ཕྱོགས་གཅིག་གློག་ལ་སོགས་པ་ལ་ཡོད་པ་ཡིན་ལ། ནམ་མཁའ་ལ་སོགས་པ་མེད་པ་ཡིན་ནོ། །དེ་བས་ན་ངེས་པར་བྱེད་པས་འདི་བསལ་ཏོ། །ཞེས་གསུངས་པའི་ཕྱིར། ལྡོག་ཁྱབ་ལ་གཞན་ལྡན་རྣམ་གཅོད་ཀྱི་ཚིག་ཕྲད་མི་སྦྱོར་ཏེ། མཐུན་ཕྱོགས་ལ་ཆ་གཉིས་པ་ལ་ལྡོག་ཁྱབ་མ་གྲུབ་པར་འགྱུར་པ་ཡིན་ཏེ། འཐད་ལྡན་ཆུང་ངུ་ལས། མེད་པའི་སྒྲའི་སྔ་རོལ་ཏུ་ངེས་པར་བཟུང་བར་བྱས་ན་ནི་དོན་འདིར་འགྱུར་ཏེ། མི་མཐུན་ཕྱོགས་ཉིད་ལ་མེད་པ་གང་ཡིན་པ་དེ་གཏན་ཚིགས་ཡིན་ལ། དེ་ལྟ་ན་ཡང་རྩོལ་བ་ལས་བྱུང་བ་ཉིད་མཐུན་ཕྱོགས་ལ་མེད་དོ། །དེའི་ཕྱིར་དེ་དག་གཏན་ཚིགས་མ་ཡིན་པར་འགྱུར་བས་དེ་ལྟར་ན་སྔར་མ་བྱས་པའོ། །ཞེས་གསུངས་པའི་ཕྱིར་རོ། །གོང་གི་རྟགས་གསུམ་པ་མ་གྲུབ་ན། བྱས་པ་ཆོས་ཅན། དེའི་ཚིག་ཟུར་གྱི་ངེས་པ་ཞེས་པའི་དོན་ཚང་བར་ཐལ། ཐེ་ཚོམ་གྱི་ལྷག་མ་དང་ལྡན་པའི་གཏན་ཚིགས་མ་ཡིན་པའི་ཕྱིར། ཁྱབ་སྟེ། འཐད་ལྡན་ལས། ངེས་པ་སྨོས་པས་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་བསལ་བ་ཡིན་ནོ། །ཞེས་དང༌། རྟོག་གེའི་སྐད་ལས། ངེས་པ་སྨོས་པས་མི་མཐུན་ཕྱོགས་ལ་ལྡོག་པར་ཐེ་ཚོམ་ཟ་བ་སྟེ། དཔེར་ན་སྐྱེས་བུ་འདི་འདོད་ཆགས་དང་བྲལ་བ་མ་ཡིན་ཏེ། སྨྲ་བ་པོ་ཉིད་ཀྱི་ཕྱིར། ཞེས་སོགས་གསུངས་པའི་ཕྱིར། གཞན་ཡང་རྗེས་ཁྱབ་ཀྱི་མཚན་ཉིད་ལ་ཟུར་བཞི་ཕྱེ་ནས་སེལ་བྱ་སོ་སོར་སྦྱར་ཚུལ་ཡོད་དེ། མཐུན་ཕྱོགས་ལ་ཡོད་པ་དང༌། མཐུན་ཕྱོགས་ཁོ་ན་ལ་ཡོད་པ་དང༌། མཐུན་ཕྱོགས་ལ་ཡོད་པར་ངེས་པ་དང༌། མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་དང་བཞི་ཕྱེ་ནས། ཟུར་དང་པོས་འགལ་རྟགས་དང༌། ཟུར་གཉིས་པས་དངོས་ཀྱི་མ་ངེས་པ་དང༌། ཟུར་གསུམ་པས་འགལ་བ་ལྷག་ལྡན་དང༌། ཐུན་མོང་མ་ཡིན་པའི་མ་ངེས་པ་དང༌། ཟུར་བཞི་པས་ཡང་དག་ལྷག་ལྡན་གྱི་མ་ངེས་པ་སེལ་པ་ཡིན་པའི་ཕྱིར། རྟགས་རིམ་བཞིན་དུ་གྲུབ་སྟེ། སྦྱོར་བ་དེ་སྒྲུབ་ཀྱི་འགལ་རྟགས་ཡིན་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་གཏན་མེད་དང༌། དེ་སྒྲུབ་ཀྱི་དངོས་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་སམ་མི་མཐུན་ཕྱོགས་ཁོ་ན་ལ་མེད་པར་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཡོད་པ་དང༌། དེ་སྒྲུབ་ཀྱི་འགལ་བ་ལྷག་ལྡན་གྱི་གཏན་ཚིགས་ཡིན་ན་སྐབས་ཀྱི་རྒོལ་བས་མཐུན་ཕྱོགས་ལ་ཡོད་པར་མ་ངེས་པས་ཁྱབ་པ་དང༌། ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ལ་སྐབས་ཀྱི་རྒོལ་བས་མཐུན་ཕྱོགས་མི་མཐུན་ཕྱོགས་གང་ལ་མ་ངེས་པ་གཅིག་དགོས་པ་དང༌། དེ་སྒྲུབ་ཀྱི་ཡང་དག་ལྷག་ལྡན་གྱི་གཏན་ཚིགས་ཡིན་ན། རང་ཉིད་རང་ཕྱོགས་ཆོས་སུ་སོང་བའི་རྒོལ་བས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ངེས་ཀྱང་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་མ་ངེས་པ་གཅིག་དགོས་པའི་ཕྱིར། ལྡོག་ཁྱབ་ཀྱི་མཚན་ཉིད་ལ་ཟུར་བཞི་ཕྱེ་ནས་སེལ་བྱ་སོ་སོར་སྦྱར་ཚུལ་ཡོད་དེ། མི་མཐུན་ཕྱོགས་ལ་མེད་པ་དང༌། མི་མཐུན་ཕྱོགས་ལ་མེད་པ་ཉིད་དང༌། མི་མཐུན་ཕྱོགས་ལ་མེད་པར་ངེས་པ་དང༌། མེད་པ་ཉིད་དུ་ངེས་པ་དང་བཞི་ཕྱེ་ནས། ཟུར་དང་པོས་འགལ་རྟགས་དང༌། ཟུར་གཉིས་པས་དངོས་ཀྱི་མ་ངེས་པ་དང༌། ཟུར་གསུམ་པས་ཡང་དག་ལྷག་ལྡན་དང༌། ཐུན་མོང་མ་ཡིན་པའི་མ་ངེས་པ་དང༌། ཟུར་བཞི་པས་འགལ་བ་ལྷག་ལྡན་གྱི་མ་ངེས་པ་སེལ་པ་ཡིན་པའི་ཕྱིར། རྒྱུ་མཚན་རྗེས་ཁྱབ་ཀྱི་སྐབས་དང་རིགས་འདྲ་སྦྱར་བར་བྱའོ། །

གཉིས་པ་རྟགས་ཡང་དག་གི་དབྱེ་བ་བཤད་པ།

གཉིས་པ་རྟགས་ཡང་དག་གི་དབྱེ་བ་བཤད་པ་ལ་དྲུག

གཉིས་པ་རྟགས་ཡང་དག་གི་དབྱེ་བ་བཤད་པ་ལ། རྟགས་ཡང་དག་ལ་གྲངས་ངེས་ཀྱི་སྒོ་ནས་དབྱེ་བ། བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་བ། བསྒྲུབ་བྱའི་སྒོ་ནས་དབྱེ་བ། སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་བ། མཐུན་ཕྱོགས་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་བ། རྒོལ་བའི་སྒོ་ནས་དབྱེ་བ་དང་དྲུག དང་པོ་ལ་འབྲས་རྟགས་ཡང་དག་དང༌། རང་བཞིན་གྱི་རྟགས་ཡང་དག་དང༌། མ་དམིགས་པའི་རྟགས་ཡང་དག་བཤད་པ་དང་གསུམ། དང་པོ་ནི། རྣམ་འགྲེལ་ལས། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུ་ནི། །གཏན་ཚིགས། ཞེས་པའི་གཞུང་འདི་བྱུང༌། མཐའ་དཔྱད་པ་ལ་དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག་སྒྲུབ་རྟགས་ཡང་དག་གང་ཞིག བསྒྲུབ་བྱའི་ཆོས་ལ་དེ་བྱུང་དུ་འབྲེལ་བ། འབྲས་རྟགས་ཡང་དག་གི་མཚན་ཉིད་ཡིན་ཟེར་ན། དུ་བ་ཆོས་ཅན། དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་དེ་བྱུང་དུ་འབྲེལ་བ་མ་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དངོས་མེད་ཡིན་པའི་ཕྱིར། ཁ་ཅིག དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་རྒྱུ་དེའི་འབྲས་བུ་ཡིན་པ་དེ། འབྲས་རྟགས་ཡང་དག་གི་མཚན་ཉིད་ཡིན་ཟེར་ན། དུ་བ་ཆོས་ཅན། དུ་ལྡན་གྱི་ལ་ལ་མེ་མ་ཡིན་པ་ལས་ལོག་པའི་མེ་སྒྲུབ་པར་བྱེད་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་རྒྱུ་མེ་མ་ཡིན་པ་ལས་ལོག་པའི་མེའི་འབྲས་བུ་ཡིན་པའི་ཕྱིར་ཏེ། མེའི་འབྲས་བུ་ཡིན་པའི་ཕྱིར། རྩ་བར་འདོད་ན། དུ་བ་ཆོས་ཅན། དུ་ལྡན་གྱི་ལ་ལ་མེ་མ་ཡིན་པ་ལས་ལོག་པའི་མེ་སྒྲུབ་པར་བྱེད་པའི་སྒྲུབ་རྟགས་ཡང་དག་ཡིན་པར་ཐལ། དུ་ལྡན་གྱི་ལ་ལ་མེ་མ་ཡིན་པ་ལས་ལོག་པའི་མེ་སྒྲུབ་པར་བྱེད་པའི་འབྲས་རྟགས་ཡང་དག་ཡིན་པར་འདོད་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་རང་འགྲེལ་ལས། གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ། གཅིག་ནི་དགག་པའི་གཏན་ཚིགས་སོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དུ་ལྡན་གྱི་ལ་ལ་མེ་མ་ཡིན་པ་ལས་ལོག་པའི་མེ་ཡོད་པར་སྒྲུབ་པར་བྱེད་པའི་དགག་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་ཆོས་ཡིན་ན་དགག་པ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་མེ་མ་ཡིན་པ་ལས་ལོག་པའི་མེ་དང་གཅིག་ཡིན་པས་ཁྱབ་པའི་ཕྱིར། གཞན་ཡང་དུ་བ་ཆོས་ཅན། དུ་ལྡན་གྱི་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་བའི་མེ་ཡོད་པར་སྒྲུབ་པར་བྱེད་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་རྒྱུ་རྟག་དངོས་གཉིས་ཀྱིས་སྟོང་བའི་མེའི་འབྲས་བུ་ཡིན་པའི་ཕྱིར། ཁྱབ་པ་ཁས། ཞེས་སོགས་སྔར་ལྟར་དཔྱད། དེ་ལྟར་བྱས་པ་ལ་ཁ་ཅིག་གིས་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་དགག་པ་ཡིན་པས་ཁྱབ་ན་དགག་རྟགས་ཡང་དག་ཡིན་པས་མ་ཁྱབ་པར་ཐལ། དགག་རྟགས་ཡང་དག་ཡིན་ན་བསྒྲུབ་བྱའི་ཆོས་ཡིན་ན་མེད་དགག་ཡིན་པས་ཁྱབ་དགོས་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལེའུ་བཞི་བ་ལས། འདིས་ནི་དངོས་ལའང་དངོས་པོའི་ཆ། །ཁས་བླངས་མེད་པར་དགག་པ་ཉིད། །སྒྲུབ་བྱེད་སྔ་མ་དག་གིས་ནི། །མ་ཡིན་སྒྲུབ་པར་བྱེད་ཕྱིར་རོ། །ཞེས་དང༌། ཤཱཀྱ་བློའི་འགྲེལ་བ་རྨ་འགྱུར་ལས། གཏན་ཚིགས་གསུམ་པོ་དེ་ལས་རང་བཞིན་དང་འབྲས་བུའི་གཏན་ཚིགས་ནི་དངོས་པོ་སྒྲུབ་པ་སྟེ། དངོས་པོ་སྒྲུབ་པ་ནི་ཡོད་པར་སྒྲུབ་པ་ཡིན་ནོ། །གཉིས་ཁོ་ན་ཞེས་ངེས་པར་བཟུང་བར་བྱ་ཡི་དངོས་པོ་སྒྲུབ་པ་ཁོ་ན་ཞེས་བྱ་བ་ནི་མ་ཡིན་ཏེ། འདི་གཉིས་ཀྱི་དགག་པ་ཡང་སྒྲུབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལུང་དེ་གཉིས་ཀྱི་དོན་ནི། རྒྱུ་ཁྱབ་བྱེད་མ་དམིགས་པ་འདིས་ནི་དགག་གཞིའི་དངོས་པོ་ལའང་འབྲས་བུ་དང་ཁྱབ་བྱའི་དངོས་པོའི་ཆ་ཁས་བླང་བ་མེད་ཅིང་དེ་གཉིས་རྣམ་པར་བཅད་ཙམ་གྱི་མེད་པར་དགག་པ་ཉིད་དངོས་སུ་སྒྲུབ་པར་བྱེད་ལ། སྔ་མ་འབྲས་རང་གི་རྟགས་ཡང་དག་གིས་དངོས་སུ་སྒྲུབ་པ་སྒྲུབ་པ་དང༌། ཤུགས་ལ་མ་ཡིན་དགག་སྒྲུབ་པར་བྱེད་པ་ཡིན་ལ། ལུང་འདིས་སྒྲ་མི་རྟག་པ་མ་ཡིན་དགག་ཏུ་སྟོན་པ་ཡང་མ་ཡིན་གྱི་སྒྲ་མི་རྟག་པ་མ་ཡིན་པ་ལས་ལོག་པ་མ་ཡིན་དགག་དང༌། དེ་རྗེས་དཔག་གི་ཤུགས་རྟོགས་སུ་བསྟན་པ་ཡིན་པའི་ཕྱིར། གཞན་ཡང༌། ཁ་ཅིག་གིས། རང་བཞིན་གྱི་གཏན་ཚིགས་ཡང་དག་གི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་བ་ཡོད་པར་ཐལ། ཛེ་ཏཱ་རིས། སྦྱོར་བ་ནི་འཇིག་པའི་ངང་ཅན་ཡིན་པ་དེ་ནི། རང་གྲུབ་པའི་སྐད་ཅིག་གཉིས་པར་མི་གནས་པ་ཡིན་ཏེ། དཔེར་ན་གློག་ལ་སོགས་པ་ལྟ་བུའོ། །གཟུགས་ལ་སོགས་པའི་ཕུང་པོ་དེ་དག་ཀྱང་རང་གྲུབ་པའི་ཚེ་འཇིག་པའི་ངང་ཅན་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཞེས་དང༌། ཤཱཀྱ་བློའི་འགྲེལ་བ་ལས། སྦྱོར་བ་ཡང་གང་དང་གང་གྲུབ་པའི་ཚེ་འགྲིབ་པའི་ཆོས་ཅན་ཡིན་པ་དེ། ཉེས་པའི་ཚོགས་གང་དང་ཉེ་བ་ན། དེ་དག་ཤིན་ཏུ་འཕེལ་བ་མེད་པར་འཇིག་པའི་ཆོས་ཅན་ཡིན་ཏེ། དཔེར་ན་མེ་ནི་ཆུ་ལ་སོགས་པས་ཟིལ་གྱིས་གནོན་པས་འཕེལ་བ་མེད་པ་ལྟ་བུའོ། །ཉེས་པའི་ཚོགས་དང་ཉེ་བ་ན་འགྲིབ་པའི་ཆོས་ཅན་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཞེས་དང༌། སློབ་དཔོན་ལྷ་དབང་བློའི་ལེའུ་གཉིས་པའི་འགྲེལ་བ་ལས། སྦྱོར་བ་ནི་གང་གི་བཟུང་བ་རྟོག་པ་དང་བྲལ་པ་ཡིན་པ་དེ་ནི་རང་གི་བཟུང་བ་ལས་ཕྱིན་ཅི་ལོག་ཏུ་གྱུར་བ་ཡིན་ཏེ། དཔེར་ན་སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་ལས། སྡུག་བསྔལ་བར་རྟོག་པ་དང་བྲལ་བ་ལྟ་བུའོ། །མ་རིག་པ་ཡང་རང་གི་བཟུང་བ་རྟོག་པ་དང་བྲལ་བ་ཡིན་ནོ། །ཞེས་བྱ་བ་ནི། རང་བཞིན་གྱི་གཏན་ཚིགས་སོ། །ཞེས་པ་དེ་དག་གི་སྐབས་ནས་བསྟན་པའི་གཏན་ཚིགས་དེ་དག་རང་བཞིན་གྱི་གཏན་ཚིགས་ཡིན་པ་གང་ཞིག དེ་དག་གིས་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་བའི་ཕྱིར་ཟེར་ན། རྟགས་ཕྱི་མ་མ་གྲུབ་སྟེ། དེ་དག་གི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་རྒྱུ་དེ་དག་སྒྲུབ་པ་ཡིན་པའི་ཕྱིར་རོ། །ཁ་ཅིག་གིས་དུ་བ་དེ་དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་འབྲས་རྟགས་ཡང་དག་མ་ཡིན་ལ། དུ་བ་ཡོད་པ་དེ་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་ཟེར་ན། འོ་ན་དུ་བའི་རྟགས་ཀྱིས་དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་འབྲས་རྟགས་ཡང་དག་མེད་པར་ཐལ། དུ་བ་དེ་དེ་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་འགྲེལ་རང་འགྲེལ་ལས། འབྲས་བུ་ནི་འདི་ན་དུ་བ་ཡོད་པའི་ཕྱིར་མེ་ཡོད་དོ་ཞེས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། དུ་བ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་གི་འགོད་ཚུལ་ཡིན་ན་ཡིན་འགོད་ཡིན་པས་ཁྱབ་པ་དང༌། སྒྲུབ་ཚུལ་ཡིན་ན་ཡིན་སྒྲུབ་ཡིན་པས་ཁྱབ་པ་གཉིས་ཀ་ཡོད་པར་ཐལ། ཁྱོད་དེ་སྒྲུབ་གྱི་རྟགས་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་འགོད་ཚུལ་ཡོད་འགོད་དང་སྒྲུབ་ཚུལ་ཡོད་སྒྲུབ་མ་ཡིན་པའི་གཏན་ཚིགས་ཡིན་པའི་ཕྱིར། རྟགས་ཕྱི་མ་དོན་གྱིས་ཁས། དང་པོ་གྲུབ་སྟེ། ཁྱོད་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པའི་ཕྱིར་ཏེ། བདག་མེད་ཡིན་པའི་ཕྱིར། གོང་དུ་འདོད་ན། དུ་བ་ཆོས་ཅན། དུ་ལྡན་ལ་ལ་ཁྱོད་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་འགོད་ཚུལ་ཡིན་འགོད། སྒྲུབ་ཚུལ་ཡིན་སྒྲུབ་གང་ཞིག ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དུ་ལྡན་ལ་ལ་ཆོས་ཅན། དུ་བ་མ་ཡིན་པར་ཐལ། མེ་ཡིན་པའི་ཕྱིར། རྟགས་དོན་གྱི་ཁས། འཁོར་གསུམ། གཞན་ཡང་དུ་ལྡན་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པའི་སྦྱོར་བ་དེ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་རྟགས་སྦྱོར་ཡང་དག་མ་ཡིན་པར་ཐལ། དུ་བ་དེ་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་མ་ཡིན་པའི་ཕྱིར། དེར་ཐལ། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཙམ་ཡང་མ་ཡིན་པའི་ཕྱིར། འདོད་ན། གང་ན་དུ་བ་ཡོད་ན་མེ་ཡོད་པས་ཁྱབ། དཔེར་ན་ཚང་མང་བཞིན། ལ་འདི་ལ་ཡང་དུ་བ་ཡོད་དོ། །ཞེས་པའི་སྒྲུབ་ངག་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་སྒྲུབ་ངག་ཡང་དག་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རིགས་ཐིགས་ལས། འབྲས་བུའི་སྦྱོར་བ་ནི། གང་ན་དུ་བ་ཡོད་ན་མེ་ཡོད་པས་ཁྱབ། ཚང་མང་བཞིན། ལ་འདི་ལ་ཡང་དུ་བ་ཡོད་དེ། ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། འདོད་པའི་ཕྱིར། ཡང་ཁ་ཅིག་གིས། མེའི་རང་བཞིན་ཚ་བ་གསལ་བ་དམར་འབར་བ་སོགས་ཇི་སྙེད་ཅིག་ཡོད་པ་རྣམས་དུ་བའི་རྟགས་ཀྱིས་རྒྱུ་འབྲས་ཀྱི་འབྲེལ་བ་གྲུབ་པའི་གོ་བྱའི་ཆོས་ཡིན་པར་ཐལ། དུ་བ་མེའི་རང་བཞིན་དེ་དག་དང་འབྲེལ་སྟོབས་ཀྱིས་དེ་དག་གོ་བྱེད་ཀྱི་འབྲས་བུའི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུ་ནི། །གཏན་ཚིགས། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལུང་དེའི་དོན་ནི་མེའི་རང་བཞིན་ཇི་སྙེད་ཅིག་ཡོད་པའི་ནང་ནས་རང་བཞིན་དེ་ཡོད་ན་དུ་བ་འབྱུང་ལ་དེ་མེད་ན་དུ་བ་མི་འབྱུང་བའི་རྒྱུ་དེ་དུ་བའི་རྟགས་ཀྱིས་རྒྱུ་འབྲས་ཀྱི་འབྲེལ་བ་གྲུབ་པའི་གོ་བྱའི་ཆོས་སུ་འཇོག་ལ། དེ་ལས་གཞན་པ་རྣམས་མི་འཇོག་ཅེས་བསྟན་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། གཞི་དེར་དུ་བ་ཡོད་ན་གཞི་དེར་མེའི་རང་བཞིན་གསལ་བ་དང་དམར་འབར་བ་དང་ཚ་བ་རྣམས་ཡོད་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། གཙུབ་ཤིང་གཙུབ་པ་ལས་དུ་བ་བྱུང་ལ། མེ་དམར་འབར་བ་མ་བྱུང་གོང་གི་དུ་བ་དང་ལྡན་པའི་གཞིར་ཆོས་ཅན། མེའི་རང་བཞིན་གསལ་བ་དང༌། དམར་འབར་བ་དང་ཚ་བ་གསུམ་ཡོད་པར་ཐལ། དུ་བ་ཡོད་པའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། གཞི་དེར་མེའི་རང་བཞིན་གསལ་བ་དང༌། མེ་དམར་འབར་བ་མེད་ཀྱང༌། ཚ་ཞིང་སྲེག་པ་ཡོད་པས་མེ་མེད་པའི་སྐྱོན་མེད་ཅེས་སློབ་དཔོན་གྱིས་ལན་བཏབ་པ་ཡིན་པའི་ཕྱིར། རྣམ་ངེས་རྩ་བའི་རང་འགྲེལ་ལས། དུ་བ་མེ་ལས་མི་འཁྲུལ་བ་ཡིན་ན། གཙུབས་ཤིང་ལས་དུ་བ་བྱུང་བ་ཅི་ཡིན་ཞེ་ན། བུད་ཤིང་གི་འགྱུར་བའི་ཁྱད་པར་དང་ཚ་བ་ཉིད་མེ་ཡིན་པས་སྐྱོན་མེད་དོ། །ཞེས་དང༌། རང་འགྲེལ་ལས། མ་ཡིན་ཏེ། དེ་མེད་པར་འབྱུང་བ་ནི། དེ་ལས་སྐྱེ་བ་ངེས་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུ་ནི། །དེ་དག་གི་གཏན་ཚིགས་ཡིན་ཏེ། དེ་དག་གི་འབྲས་བུ་ཉིད་དུ་ངེས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

འབྲས་རྟགས་ཡང་དག་གི་མཚན་ཉིད་དང༌། དབྱེ་བ། རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་བཤད་པ་དང་གསུམ། དང་པོ་ནི། འབྲས་རྟགས་ཡང་དག་གི་མཚན་ཉིད་ཡོད་དེ། འབྲས་བུའི་ཚུལ་གསུམ་ཡིན་པ་དེ་ཡིན་པའི་ཕྱིར། ཡང་ན་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དང་དེ་བྱུང་འབྲེལ་དུ་གྲུབ་པ་དེ།འབྲས་རྟགས་ཡང་དག་གི་མཚན་ཉིད་ཡིན་ཏེ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། འབྲས་རང་མ་དམིགས་པའི་རྟགས་གསུམ་སྟེ། མཚན་ཉིད་རིམ་པ་ལྟར། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག བསྒྲུབ་བྱའི་ཆོས་ལ་དེ་བྱུང་དུ་འབྲེལ་བའི་དང༌། གང་ཞིག བསྒྲུབ་བྱའི་ཆོས་ལ་བདག་གཅིག་ཏུ་འབྲེལ་བའི་དང༌། དེ་སྒྲུབ་ཀྱི་རང་གི་ཤེས་འདོད་ཆོས་ཅན་ལ་དགག་བྱའི་ཆོས་མེད་པའམ་མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའམ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་པའི་ཚུལ་གསུམ་རྣམས་སོ། །ཞེས་གསུངས་པའི་ཕྱིར་རོ། །འབྲས་རྟགས་ཡང་དག་དང་འདུས་བྱས་གཉིས་དོན་གཅིག་གོ །

གཉིས་པ་དབྱེ་བ་ནི།

མདོ་ལས་འབྲས་རྟགས་ཀྱི་དབྱེ་བ་གསུངས་པ་དང༌། བསྟན་བཅོས་ལས་འབྲས་རྟགས་ཀྱི་དབྱེ་བ་གསུངས་པ་དང་གཉིས། དང་པོ་ནི། ཆོས་བཅུ་བའི་མདོ་ལས། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་པས་དུ་བའི་རྟགས་ཀྱིས་དུ་ལྡན་ལར་མེ་ཡོད་པར་སྒྲུབ་པ་དང༌། ཆུ་སྐྱར་ལྡིང་བའི་རྟགས་ཀྱིས་དེ་ལྡན་གྱི་ཐང་ལ་ཆུ་ཡོད་པར་སྒྲུབ་པ་དང༌། སེམས་སྲན་ཆུང་ལ་ཉན་ཐོས་ཀྱི་ཆོས་བཤད་པས་མིག་ནས་མཆི་མ་དང་ལུས་ཀྱི་བ་སྤུ་ལྡང་བའི་རྟགས་ཀྱིས་ཉན་ཐོས་ཀྱི་རིགས་ཅན་དང༌། ང་རྒྱལ་དང་གཅིག་པུར་དགའ་ལ་རང་རྒྱལ་གྱི་ཆོས་བཤད་པས་མིག་ནས་མཆི་མ་དང་ལུས་ཀྱི་བ་སྤུ་ལྡང་བའི་རྟགས་ཀྱིས་རང་རྒྱལ་རིགས་ཅན་དང༌། རྒྱ་ཆེན་པོ་ལ་དགའ་ལ་བྱང་སེམས་ཀྱི་ཆོས་བཤད་པས་སྙིང་རྗེ་ཆེ་བས་མིག་ནས་མཆི་མ་དང་ལུས་ཀྱི་བ་སྤུ་ལྡང་བའི་རྟགས་ཀྱིས་ཐེག་ཆེན་གྱི་རིགས་ཅན་དུ་སྒྲུབ་པའི་འབྲས་རྟགས་རྣམས་བཤད་པའི་ཕྱིར་རོ། །

གཉིས་པ་བསྟན་བཅོས་ལས་བཤད་པའི་འབྲས་རྟགས་ཡང་དག་གི་དབྱེ་བ།

གཉིས་པ་བསྟན་བཅོས་ལས་བཤད་པའི་འབྲས་རྟགས་ཡང་དག་གི་དབྱེ་བ་ནི།

ལུང་མ་བསྟན་བརྟགས་ཚུལ་གྱི་འབྲས་རྟགས་དང༌། དད་ཅན་དུ་སྒྲུབ་པའི་འབྲས་རྟགས་དང༌། བྱང་སེམས་སུ་སྒྲུབ་པའི་འབྲས་རྟགས་དང༌། ཆགས་ཅན་དུ་སྒྲུབ་པའི་འབྲས་རྟགས་དང༌། དེ་བཞིན་གཤེགས་པར་སྒྲུབ་པའི་འབྲས་རྟགས་དང་ལྔ་ཡོད་ལ། དང་པོ་ཡོད་དེ། རྣལ་འབྱོར་སྤྱོད་པའི་ས་ལས། རྟགས་ལས་རྗེས་སུ་དཔག་པ་གང་ཞེ་ན། ད་ལྟར་རམ་སྔོན་མཐོང་བའི་མངོན་ཚན་དང་མཚན་མ་འགའ་ཞིག་གིས་འབྲེལ་བ་ལས། ཡུལ་མངོན་པར་བརྟགས་པ་གང་ཡིན་པ་སྟེ། དཔེར་ན། རུ་མཚོན་ལས་ཤིང་རྟ་རྗེས་སུ་དཔག་པ་དང༌། དུ་བ་ལས་མེ་དང༌། ནོག་དང་རྭ་ལས་བ་ལང་དང༌། ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འཕགས་པ་རྣམས་ལ་ལྟ་འདོད་ཆེ་བའི་རྟགས་ཀྱིས་དེ་ལྡན་གྱི་སྐྱེ་བོ་དད་ཅན་དང༌། དམ་པའི་ཆོས་ཉན་འདོད་ཆེ་བ་དང་སེར་སྣ་དང་བྲལ་བ་རྣམས་རེ་རེ་ནས་དེ་ལྡན་གྱི་གང་ཟག་དེ་དད་ཅན་དུ་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། ས་སྡེ་ལས། འཕགས་པ་རྣམས་ལ་ལྟ་འདོད་པ་དང༌། དམ་པའི་ཆོས་ཉན་པ་དང༌། སེར་སྣ་དང་བྲལ་བ་ལས་དད་པ་ཅན་དང༌། ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་གྲུབ་སྟེ། མི་བཟོད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པ་དང༌། དེས་དྲངས་པའི་སྙན་པར་སྨྲ་བ་དང༌། གཞན་དོན་ལ་སྤྲོ་བ་དང༌། དེའི་དབང་གིས་སྤར་བ་མ་འཆུམ་པ་དང༌། ངེས་དོན་གྱི་མདོ་སྡེའི་ཟབ་དོན་གྱི་དགོངས་པ་བློ་གྲོས་མི་ཟད་པ་ལྟར་འགྲེལ་བའི་རྟགས་ལྔས། དེ་ལྡན་གྱི་སྐྱེ་བོ་བྱང་སེམས་སུ་སྒྲུབ་པའི་འབྲས་རྟགས་ལྔ་བཤད་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། བརྩེ་དང་སྙན་པར་སྨྲ་བ་དང༌། །བསྟན་པ་ཉིད་དང་ལག་བསྐྱང་དང༌། །དགོངས་པ་ཟབ་མོ་ངེས་འགྲེལ་བ། །འདི་དག་བློ་ལྡན་རྣམས་ཀྱིས་རྟགས། །ཞེས་དང༌། ས་སྡེ་ལས། སྙིང་བརྩེ་བ་དང༌། སྙན་པར་སྨྲ་བ་དང༌། སྤར་བ་མ་འཆུབ་པ་དང༌། ཟབ་མོའི་དོན་གྱི་དགོངས་པ་ངེས་པར་འགྲེལ་བ་ལས། བྱང་ཆུབ་སེམས་དཔའ་དང༌། ཞེས་གསུངས་པའི་ཕྱིར་རོ། ། བཞི་བ་གྲུབ་སྟེ། ས་སྡེ་ལས། རྒོད་པ་དང༌། འཕྱར་བ་དང༌། ཅོ་འདྲི་བ་དང༌། རྩེ་བ་དང༌། ཅ་ཅོ་ཆེ་བ་ལས། འདོད་ཆགས་དང་བྲལ་བ་མ་ཡིན་པ་དང༌། ཞེས་གསུངས་པའི་ཕྱིར། ཆེ་བ་ཞེས་པ་ལྔ་ཀའི་མཐར་སྦྱར་བར་བྱའོ། །ལྔ་བ་གྲུབ་སྟེ། མཚན་དཔེ་གསལ་རྫོགས་ཀྱི་སྐྱེས་བུའི་རྟགས་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་དང༌། ཉེ་བར་ཞི་བ་དང༌། སྒྲུབ་པ་དང༌། མཐུ་བསམ་གྱི་མི་ཁྱབ་པའི་སྐྱེས་བུའི་རྟགས་ཀྱིས་དེ་བཞིན་གཤེགས་པར་སྒྲུབ་པའི་རྟགས་ལྔ་བཤད་པའི་ཕྱིར་ཏེ། ས་སྡེ་ལས། དེ་བཞིན་གཤེགས་པའི་མཚན་དང་དཔེ་བྱད་བཟང་པོ་རྣམས་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་དང༌། ཉེ་བར་ཞི་བ་དང༌། སྒྲུབ་པ་དང༌། མཐུ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ་དང༌། ཞེས་གསུངས་པའི་ཕྱིར་རོ། །

དོན་དེ་དག་བསྟན་བཅོས་ཚད་མ་རྣམ་འགྲེལ་དུ་འབྲས་རྟགས་ལྔ་སོགས་ཀྱིས་བཤད་དེ། རྒྱུ་དངོས་སྒྲུབ་གྱི་འབྲས་རྟགས་ཡང་དག་ནི། རྣམ་འགྲེལ་ལས། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུ་ནི། །གཏན་ཚིགས། ཞེས་པས་བསྟན་ལ། མཚན་གཞི་ཡོད་དེ། དུ་བ་དེ་དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པའི་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡིན་ནོ། །རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ནི། རྣམ་འགྲེལ་ལེའུ་གཉིས་པ་ལས། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོའི་བློ་དག་དང༌། །ཞེས་པས་བསྟན་ལ། མཚན་གཞི་ནི་ཡོད་དེ། ཟག་བཅས་ཀྱི་ཤེས་པ་དེ་ལྷས་བྱིན་གྱི་ཆགས་བཅས་ཀྱི་ཤེས་པ་རང་རྒྱུ་སྔོན་སོང་དུ་སྒྲུབ་པའི་འབྲས་རྟགས་ཡིན་པའི་ཕྱིར། རྒྱུ་སྤྱིའམ་རང་ལྡོག་སྒྲུབ་ཀྱི་འབྲས་རྟགས་ནི། རྣམ་འགྲེལ་ལེའུ་གཉིས་པ་ལས། རེས་འགའ་བ་ཉིད་ཡིན་པས་ན། །སྡུག་བསྔལ་འདི་རྒྱུ་བཅས་ཉིད་གྲུབ། །ཅེས་པས་བསྟན་ལ། མཚན་གཞི་ནི་ཡོད་དེ། རེ་འགའ་བའི་འདུས་བྱས་དེ། ཉེར་ལེན་གྱི་ཕུང་པོ་རང་རྒྱུ་དང་བཅས་པར་སྒྲུབ་པའི་རྒྱུ་སྤྱི་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ནི། རྣམ་འགྲེལ་ལས། རྒྱུ་གཞན་དག་ནི་ཡོད་ན་ཡང༌། །དབང་པོའི་བློ་དང་ལྡན་པའི་ཕྱིར། །ཞེས་པས་བསྟན་ལ། རང་གི་དམིགས་རྐྱེན་མེད་པར་མི་སྐྱེ་བའི་དངོས་པོ་དེ། སྔོར་སྣང་དབང་ཤེས་རང་གི་དེ་མ་ཐག་རྐྱེན་ལས་གཞན་པའི་རྒྱུ་ཡོད་པར་སྒྲུབ་པའི་རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ཡང་དག་ནི། རྣམ་འགྲེལ་ལས། ཚོགས་པ་གཅིག་ལ་རག་ལས་པའི། །གཟུགས་ལ་སོགས་པ་རོས་རྟོགས་པ། །རྒྱུ་ཆོས་རྗེས་སུ་དཔག་པ་སྟེ། །དུ་བས་བུད་ཤིང་འགྱུར་བ་བཞིན། །ཞེས་པས་བསྟན་ལ། མཚན་གཞི་ཡོད་དེ། བུ་རོ་ད་ལྟ་བ་དེ། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རོ་སྔ་མ་ལ་བུར་གཟུགས་ཕྱི་མའི་ཐོགས་པ་མེད་པའི་ལྷན་ཅིག་བྱེད་རྐྱེན་བྱེད་པའི་ནུས་པ་ཡོད་པར་སྒྲུབ་པར་བྱེད་པའི་རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། རྒྱུ་ཚོགས་གྲངས་ཚང་གི་འབྲས་རྟགས་ཡང་དག་ནི། མདོ་ལས། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར། ལས་ཀྱི་འབྲས་བུ་མངོན་པ་ཡང་ཡོད་དོ། །ཞེས་དང༌། རྣམ་འགྲེལ་ལས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ལྡོག་པར་བྱེད། །ཅེས་པས་བསྟན་ལ། མཚན་གཞི་ཡོད་དེ། རང་གི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་ཚོགས་པ་གྲངས་མ་ཚང་པར་མི་སྐྱེ་བའི་དངོས་པོ་དེ། མྱུ་གུ་རང་གི་རྒྱུ་རྐྱེན་དུ་མ་ཚོགས་པ་ལས་སྐྱེ་དགོས་པར་སྒྲུབ་པར་བྱེད་པའི་རྒྱུ་ཚོགས་གྲངས་ཚང་གི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། དབྱེ་བ་དེ་ཡང་གཏན་ཚིགས་རིགས་པའི་དོན་བསྡུས་ལས། དུ་ལྡན་གྱི་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུ་རྒྱུ་དངོས་སྒྲུབ་པ་དང༌། ནམ་མཁའི་དུ་བ་ཆོས་ཅན། མེ་སྔོན་དུ་སོང་སྟེ། དུ་བ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་རྒྱུ་སྔོན་སོང་སྒྲུབ་པ་དང༌། ཁ་ནང་བུར་རྡོག་ཆོས་ཅན། གཟུགས་ད་ལྟ་བ་ཡོད་དེ། རོ་ད་ལྟ་བ་ཡོད་པའི་ཕྱིར། ཞེས་པ་ལྟ་བུ་རྒྱུ་ཆོས་དཔོག་པ་དང༌། སྡུག་བསྔལ་ཆོས་ཅན། རྒྱུ་དང་བཅས་པ་ཡིན་ཏེ། རེས་འགའ་བ་ཡིན་པས་སོ། །ཞེས་པ་ལྟ་བུ་རྒྱུའི་རང་ལྡོག་སྒྲུབ་པ་དང༌། མིག་ཤེས་ཆོས་ཅན། དབང་ཡིད་ལས་གཞན་པའི་རྒྱུ་གཅིག་ཡོད་དེ། རྒྱུ་གཞན་དབང་ཡིད་ཡོད་ཀྱང་དབང་ཡིད་ལས་གཞན་པའི་རྒྱུ་གཅིག་མེད་ན་མི་སྐྱེ་བའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་རྒྱུ་ཁ་ཡར་བ་སྒྲུབ་པའི་འབྲས་རྟགས་དང་ལྔའོ། །ཞེས་གསུངས་པའི་ཕྱིར། དེ་ལས་བཤད་པའི་རྒྱུ་ཆོས་འབྲས་རྟགས་ལ་ཞིབ་ཆ་ཅུང་ཟད་དགོས་དེ། ཤཱཀྱ་བློས། རོ་ལས་དངོས་སུ་གཟུགས་རྗེས་སུ་དཔོག་པ་ནི་མིན་ནོ། །འོན་ཀྱང་རོའི་རྒྱུ་ཁོ་ནའི་གཟུགས་ཀྱི་ལྷན་ཅིག་བྱེད་པའི་རྒྱུའི་ནུས་པ་ཐོགས་པ་མེད་པ་ཉིད་རྗེས་སུ་དཔག་པར་བྱེད་ཅེས་དང༌། དངོས་སུ་རྟགས་ཉིད་ཡིན་པས་ནི་མིན་ཏེ། འབྲེལ་བ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པའི་རྟགས་ཆོས་དོན་གསུམ་ངོས་འཛིན་ཚུལ་ཡོད་དེ། དུ་ལྡན་གྱི་ལ་དེ་རྩོད་གཞི། མེ་དེ་བསྒྲུབ་བྱའི་ཆོས་དང༌། དུ་བ་དེ་རྟགས་ཡིན་ལ། མེ་ཡོད་པ་འབྲས་རྟགས་ཡང་དག་གི་སྦྱོར་བའི་བསྒྲུབ་བྱའི་ཆོས་དང་དུ་བ་ཡོད་པ་དེའི་རྟགས་མ་ཡིན་པར་ཤེས་པར་བྱའོ། །

གསུམ་པ་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་བཤད་པ།

གསུམ་པ་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་བཤད་པ་ནི།

ཐོག་མར་མེ་དུ་གཉིས་ཀ་མ་དམིགས་པའི་དག་འཛིན་མངོན་སུམ་གཅིག དེའི་རྗེས་སུ་མེ་རྫས་ཁོ་ན་གསར་དུ་དམིགས་པའི་མངོན་སུམ་གཅིག དེའི་རྗེས་སུ་དུ་བ་ཡུལ་གཞན་ནས་འོང་པ་ལྟ་བུ་མ་ཡིན་པར་གཞི་དེར་གསར་དུ་དམིགས་པའི་མངོན་སུམ་གཅིག དེའི་རྗེས་སུ་མེ་དུ་གཉིས་ཀ་དམིགས་པའི་མངོན་སུམ་གཅིག དེའི་རྗེས་སུ་མེ་མ་དམིགས་པའི་མངོན་སུམ་གཅིག དེའི་རྗེས་སུ་དུ་བ་ཡུལ་གཞན་དུ་སོང་བ་ལྟ་བུ་མ་ཡིན་པར་གཞི་དེ་ཉིད་དུ་གསར་དུ་མ་དམིགས་པའི་མངོན་སུམ་གཅིག་སྟེ་མངོན་སུམ་ཕྲུགས་གསུམ་ལ་བརྟེན་ནས་དུ་བ་རྒྱུ་མེད་དུ་འཛིན་པ་དང་མི་མཐུན་པའི་རྒྱུ་ལས་སྐྱེས་པར་འཛིན་པའི་ལོག་རྟོག་ཁེགས་པ་ཡིན་ཏེ། སྔར་གྱི་དུ་བ་མ་དམིགས་པའི་མངོན་སུམ་གཅིག་དང༌། དེ་རྗེས་སུ་དུ་བ་དམིགས་པའི་མངོན་སུམ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་དུ་བ་རྒྱུ་མེད་ལས་སྐྱེ་བ་ཁེགས་པའི་ཕྱིར་ཏེ། དེ་གཉིས་ཀས་བྱེད་པ་ལ་བརྟེན་ནས། དུ་བ་རེ་དགའ་བའི་དངོས་པོ་ཡིན་པར་གྲུབ་པའི་ཕྱིར། ཚད་མ་ཟུང་ཕྱི་མ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་དུ་བ་མི་མཐུན་པའི་རྒྱུ་ལས་སྐྱེ་བ་ཁེགས་པ་ཡིན་ཏེ། ཚད་མ་ཟུང་དེ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་དུ་བ་དེ་མེས་ཕན་བཏགས་སྟོབས་ཀྱིས་མེ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པར་གྲུབ་པའི་ཕྱིར། དེ་ཡང་མེ་དུའི་རྒྱུ་འབྲས་ཀྱི་འབྲེལ་བ་དབང་པོའི་མངོན་སུམ་ཚད་མས་སྟོབས་ཀྱིས་གྲུབ་པ་ཡིན་གྱི། དེའི་སྐབས་སུ་དབང་མངོན་ཚད་མས་དངོས་སུ་རྟོགས་པ་ནི་མ་ཡིན་ཏེ། རྒྱུ་འབྲས་ཀྱི་འབྲེལ་བ་ནི་དངོས་མེད་ཀྱི་ཆོས་ཡིན་པའི་ཕྱིར། ཁ་ཅིག་མེ་དུ་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་ཕྲུགས་དྲུག་ཟེར་བ་ནི་མི་འཐད་དེ། ཕྲུགས་ནི་ཟུང་ངམ་གཉིས་ཡིན་ལ། དེ་ལྟར་ན་ཡ་བཅུ་གཉིས་སུ་འགྱུར་རོ། །

རྣམ་འགྲེལ་དུ་རྒྱུ་འབྲས་ཀྱི་འབྲེལ་བ་དང༌། དེ་ངེས་བྱེད་ཀྱི་ཚད་མ་གཏན་ལ་ཕབ་པའི་དགོས་པ་ཡོད་དེ། སྤྱིར་རྒྱུ་འབྲས་ལ་མཁས་པ་དང༌། ཁྱད་པར་ཀུན་ཉོན་གྱི་རྒྱུ་འབྲས་དང༌། དེ་ཟློག་བྱེད་རྣམ་བྱང་རྒྱུ་འབྲས་ལ་མཁས་པ་དང༌། རྒྱང་འཕེན་གྱིས་རྒྱུ་མེད་ལས་འབྱུང་བར་འདོད་པའི་ལོག་རྟོག་དང༌། གྲངས་ཅན་པ་སོགས་ཀྱིས་རྒྱུ་ཡོད་པར་འདོད་ཀྱང་རྒྱུ་རྟག་པ་དང༌། རྒྱུ་ཁ་ཡར་བས་འབྲས་བུ་སྐྱེ་བར་འདོད་པ་དང༌། བརྡ་སྤྲོད་པའམ་ལུང་སྟོན་པ་ཁ་ཅིག་མེ་མེད་པར་རྒྱ་བྱིན་གྱི་སྤྱི་བོར་ཡང་དུ་བ་ཡོད་པར་འདོད་པའི་མི་མཐུན་པ་རྒྱུར་འཛིན་པའི་ལོག་རྟོག་དུ་མ་བཟློག་པའི་ཆེད་ཡིན་པའི་ཕྱིར། ཚད་ཆེན་དཀའ་འགྲེལ་ལས། འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར། དེའི་དོན་ཕྱིན་ཅི་མ་ལོག་པར་བཟུང་བ་ལས་བདེ་འགྲོའི་རྒྱུ་ལས་དང་འབྲས་བུ་ཕྱིན་ཅི་མ་ལོག་པ་ལ་ཡིད་ཆེས་སྐྱེ་ཞིང༌། ངེས་པར་ལེགས་པའི་རྒྱུ་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པ་ཡང་ཐོས་པ་དང་བསམ་པ་དང་སྒོམ་པའི་རིམ་གྱི་སྐྱེའོ། །ཞེས་པ་ནས། གཞན་དག་གིས་མི་མཐུན་པའི་རྒྱུ་དང༌། ཚད་མ་འགལ་བའི་དངོས་པོ་ལ་བརྟེན་པར་འདོད་དེ། དེ་བས་ན་དེ་བསལ་བའི་སྒོ་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟ་བ་བཞིན་དུ་གསུངས་པ་ཡིན་ནོ། །ཞེས་བསྟན་པའི་དོན་དང༌། ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་རང་བཞིན་གྱི་རྟགས་ཡང་དག་བཤད་པ།

གཉིས་པ་རང་བཞིན་གྱི་རྟགས་ཡང་དག་བཤད་པ་ལ།

རྣམ་འགྲེལ་ལས། རང་བཞིན་ཡོད་ཙམ་དང༌། འབྲེལ་བ་ཅན་གྱི་ངོ་བོ་ཡང༌། །ཞེས་པའི་གཞུང་འདི་བྱུང༌། དེའི་མཐའ་དཔྱད་ལ། དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་བདག་གཅིག་ཏུ་འབྲེལ་བ་ཞེས་ཟེར་ན། དུ་བ་ཆོས་ཅན། དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་བདག་གཅིག་ཏུ་འབྲེལ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་དང་པོ་སླ། རྟགས་གཉིས་པ་གྲུབ་སྟེ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་འབྲེལ་བ་གྲུབ་པ་གང་ཞིག དེ་དང་དེ་བྱུང་འབྲེལ་གྱི་འབྲེལ་བ་མ་གྲུབ་པའི་ཕྱིར། རྟགས་ཕྱི་མ་དེར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་རྟོག་བཏགས་འབའ་ཞིག་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུའི་ཆོས་དང་རང་བཞིན་གཅིག་ཡིན་ན། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པས་ཁྱབ་ཟེར་ན། མེ་ཚད་མས་མ་དམིགས་པ་ཆོས་ཅན། མཚན་མོའི་རྒྱ་མཚོར་མེ་མེད་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུའི་ཆོས་དང་རང་བཞིན་གཅིག་ཡིན་པའི་ཕྱིར། རྟགས་དང་པོ་སླ། རྟགས་གཉིས་པ་མ་གྲུབ་ན། མེ་ཚད་མས་མ་དམིགས་པ་ཆོས་ཅན། མཚན་མོའི་རྒྱ་མཚོར་མེ་མེད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུའི་ཆོས་དང་རང་བཞིན་གཅིག་ཡིན་པར་ཐལ། མེ་མེད་པ་དང་རང་བཞིན་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྱོད་མེ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། མེ་ཆོས་ཅན། ཁྱོད་ཚད་མས་མ་དམིགས་པ་ཁྱོད་མེད་པའི་མཚན་ཉིད་ཡིན་པར་ཐལ། ཁྱོད་མེད་པ་ཡོད་པའི་ཕྱིར། རྩ་བར་འདོད་ན། མེ་ཚད་མས་མ་དམིགས་པ་ཆོས་ཅན། མཚན་མོའི་རྒྱ་མཚོར་མེ་མེད་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་མ་ཡིན་པར་ཐལ། མཚན་མོའི་རྒྱ་མཚོར་མེ་མེད་པར་སྒྲུབ་པའི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། མེ་ཚད་མས་མ་དམིགས་པ་ཆོས་ཅན། མཚན་མོའི་རྒྱ་མཚོར་མེ་མེད་པར་སྒྲུབ་པའི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཏུ་གྱུར་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཡང་ཁ་ཅིག་ཡོད་པ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཁྱད་པར་དག་པ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ། རྣམ་འགྲེལ་ལས། འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་སྐབས་ཀྱི་ཡོད་པའི་སྐད་དོད་ལ་བྷ་བ་ཞེས་པ་ཡོད་པ། དངོས་པོ། རྫས་སོགས་དོན་བཅུ་ལ་འཇུག་ཀྱང་འདིར་དངོས་པོ་ཞེས་པའི་དོན་ལ་གོ་དགོས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཡོད་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རང་བཞིན་གྱི་རྟགས་ཡང་དག་མ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་ཀྱི་འབྲེལ་བ་མ་གྲུབ་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་ལས། འབྲེལ་བ་མེད་པར་རྗེས་སུ་འགྲོ་བར་ངེས་པ་དང༌། ལྡོག་པ་དག་ངེས་པ་མེད་དོ། །ཞེས་དང༌། རྣམ་ངེས་རང་འགྲེལ་ལས། རང་བཞིན་གྱི་རྟགས་ཡང་དག་གཞན་དག་གི་བདག་ཉིད་ཇི་ལྟ་བུའི་ཚད་མ་དག་གིས་རང་བཞིན་དེ་ཙམ་དང་འབྲེལ་བ་ཁོ་ན་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་དག་གོ །ཞེས་གསུངས་པའི་ཕྱིར། གཞན་སྡེ་སྔ་ཕྱི་མཐའ་དག་དང༌། ཕྱོགས་གླང་མ་བྱུང་གོང་གི་ཉན་ཐོས་སྡེ་བ་མང་པོ་ཞིག་དང་བྱུང་ཕྱིན་ཆད་ཀྱི་རང་སྡེ་སློབ་དཔོན་དབང་ཕྱུག་སྡེ་སོགས་ན་རེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ངེས་པའི་ཚད་མ་དེས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་འཛིན་ཀྱི་སྒྲོ་འདོགས་མ་ཆོད་པར་འདོད་ལ། དེ་འགོག་པ་ལ་དཔལ་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་ལས། འཁྲུལ་བ་ཅན་གྱི་གཉེན་པོར་ནི། །ངེས་པ་བརྗོད་པར་མཛད་པ་ཡིན། །ཞེས་པའི་གཞུང་འདི་བྱུང༌། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་མཇལ་བའི་ཚད་མ་ཆོས་ཅན། ཁྱོད་ཀྱིས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པར་ཐལ། འདོད་པའི་ཕྱིར།འདོད་ན། སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པར་ཐལ། སྒྲ་དེ་བྱས་པའི་གསལ་བའི་དབྱེ་བ་ཡིན་པ་གང་ཞིག ཁྱོད་ཀྱིས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པའི་ཕྱིར་ན་མ་ཁྱབ། དེ་འདྲའི་ཚད་མ་དེས། གཞི་བྱས་པའི་སྟེང་དུ་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་སྤྱི་འགྲོའི་ཚུལ་གྱིས་སྒྲོ་འདོགས་ཆོད་ཀྱང། སྒྲ་ཁྱད་གཞིར་བཟུང་ནས་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་མ་ཆོད་པའི་ཕྱིར་རོ། །དེ་ལྟར་སྤྱིས་སྟོང་བ་ངེས་ཀྱང་བྱེ་བྲག་གིས་སྟོང་བ་མ་ངེས་པ་ཡོད་དེ། ཤན་ཏི་བའི་ནང་གི་ཁྱབ་པ་ལས། ཁྱབ་པ་རྟོགས་པ་ཉིད་ཀྱིས་ཀྱང་བསྒྲུབ་པར་བྱ་བ་གྲུབ་པ་ཉིད་ཡིན་ཏེ། སྤྱི་ལ་དམིགས་པ་ཉིད་ཀྱིས་ཆོས་ཅན་གྱི་ཁྱད་པར་གྱི་ཆོས་དག་ཡོངས་སུ་མི་གཅོད་དོ། །ཞེས་དང༌། རྩ་ཤེས་ལས། བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པ་ག་ལ་འགྱུར། །ཞེས་དང༌། དེའི་ཐད་ཀྱི་སངས་རྒྱས་བསྐྱངས་ཀྱི་འགྲེལ་བ་ལས། དཔེར་ན་མོ་གཤམ་གྱི་བུ་མེད་པར་དམིགས་པ་ཉིད་ལས། དེའི་མིག་སོགས་དམིགས་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །གོང་གི་དེ་འདྲའི་རྗེས་ཁྱབ་མཇལ་བའི་ཚད་མས་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པ་མི་འཐད་པར་ཐལ། དེས་སྒྲོ་འདོགས་བཅད་ཟིན་ན་དེའི་རྗེས་སུ་སྒྲ་དང་རྟགས་དག་ཞན་སེལ་གྱི་ཚད་མ་དག་འཇུག་པར་མི་འགྱུར་བའི་ཕྱིར། དེར་ཐལ། རང་འགྲེལ་ལས། སྒྲ་དང་རྟགས་དག་འཇུག་པ་ནི། ཞེས་པ་ནས། སྒྲོ་འདོགས་པའི་ལོག་པར་རྟོག་པ་དང་ཐེ་ཚོམ་མེད་ན་སྒྲ་དང་རྟགས་དག་འཇུག་པར་མི་འགྱུར་ཞིང༌། གུས་པས་འཚོལ་བ་དང༌། དོན་དུ་གཉེར་བར་མི་བྱེད་དོ། །ཞེས་དང༌། ཤཱཀྱ་བློའི་འགྲེལ་བ་ལས། སྒྲོ་འདོགས་པའི་ལོག་པར་རྟོག་པ་དང་ཐེ་ཚོམ་རྣམས་བསལ་ན་སྒྲ་དང་རྟགས་དག་འཇུག་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་གསར་དུ་གཅོད་རྒྱུའི་སྒྲོ་འདོགས་མེད་པར་ཐལ། ཐེ་ཚོམ་དང་སྒྲོ་འདོགས་ཀྱི་གཞི་མཐུན་མེད་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། ཚད་མས་བསལ་བར་བྱ་བ་དང༌། ལོག་པར་རྟོག་པ་དང༌། ཐེ་ཚོམ་རྣམས་བསལ་ཏེ། ཞེས་སོགས་ཐེ་ཚོམ་དང་སྒྲོ་འདོགས་སོ་སོར་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། ཐེ་ཚོམ་དང་མཐའ་གཅིག་ཏུ་འཛིན་པའི་སྒྲོ་འདོགས་ཀྱི་གཞི་མཐུན་མེད་པ་དེའི་དོན་ཡིན་པའི་ཕྱིར། ཐེ་ཚོམ་དང་སྒྲོ་འདོགས་ཀྱི་གཞི་མཐུན་ཡོད་དེ། དོན་མི་འགྱུར་གྱི་ཐེ་ཚོམ་དེ་དེ་ཡིན་པའི་ཕྱིར། དེར་ཐལ། ཐེ་ཚོམ་དང་སྒྲོ་འདོགས་བྱ་བ་གཅིག་པས་རྟོག་པ་བྱེ་བྲག་པ་ཡོད་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། ཉ་ཕྱིས་ལ་དངུལ་རྣམ་པ་ལྟར། །གལ་ཏེ་འཁྲུལ་བའི་རྒྱུ་མཚན་གྱིས། །ཡོན་ཏན་གཞན་སྦྱོར་མི་བྱེད་ན། །ཞེས་དང༌། འཐད་ལྡན་ལས། ཐེ་ཚོམ་དང་ལོག་པར་རྟོག་པ་མི་འགལ་ཏེ། དེ་གཉིས་བྱ་བ་གཅིག་པའི་ཕྱིར་རོ། །ཞེས་གསུངས་སོ། །

གཉིས་པ་རང་ལུགས་བཤད་པ་ལ།

མཚན་ཉིད་དང༌། དབྱེ་བ། ཚུལ་ངེས་བྱེད་ཀྱི་ཚད་མ་བཤད་པ་དང་གསུམ། དང་པོ་ནི། རང་བཞིན་གྱི་ཚུལ་གསུམ་ཡིན་པ། རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། ཡང་ན་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་རྒྱུ་ཡིན་ན་ཁྱོད་དང་བདག་གཅིག་འབྲེལ་གྱི་འབྲེལ་བ་གྲུབ་པས་ཁྱབ་པའི་གཏན་ཚིགས་དེ། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རང་བཞིན་གྱི་ཚུལ་གསུམ་ཡིན་པ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། མཚན་གཞི་ནི་བྱས་པ་དེའོ། །

གཉིས་པ་དབྱེ་བ་ནི།

གཏན་ཚིགས་རིགས་པའི་དོན་བསྡུས་ལས། གཉིས་པ་ལ་དབྱེ་ན། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་དང༌། ཆ་གཉིས་སུ་འཇུག་པའི་རང་བཞིན་གྱི་རྟགས་གཉིས་སམ། རང་བཞིན་དག་པ་བ་དང༌། ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་གཉིས་ཏེ། ཕྱི་མ་གཉིས་ཀྱི་མཚན་ཉིད་རིམ་པ་ལྟར། རང་བཞིན་གྱི་རྟགས་གང་ཞིག ཁྱོད་ཅེས་པའི་སྒྲས་རང་གི་ལྟོས་པ་བྱེད་ཆོས་མ་འཕངས་བ་དང་འཕངས་པའོ། །དང་པོ་ནི་སྒྲ་མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །ཞེས་གསུངས་སོ། །གཉིས་པ་ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ལ་དབྱེ་ན། བྱེད་ཆོས་ཐ་མི་དད་ལ་ལྟོས་པ་དང༌། ཐ་དད་ལ་ལྟོས་པ་གཉིས། དང་པོ་ནི། དཔེར་ན་སྒྲ་མི་རྟག་པར་སྒྲུབ་པ་ལ་སྐྱེ་ལྡན་རྟགས་སུ་བཀོད་པ་ལྟ་བུའོ། །གཉིས་པ་ལ་བྱེད་ཆོས་དངོས་སུ་འཕངས་བ་དང༌། ཤུགས་ལ་འཕངས་པ་གཉིས། དང་པོ་ནི། སྒྲ་མི་རྟག་པར་སྒྲུབ་པ་ལ་རྒྱུ་རྐྱེན་ལས་སྐྱེས་པ་རྟགས་སུ་བཀོད་པ་ལྟ་བུའོ། །གཉིས་པ་ནི། སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པའོ། །མཚན་ཉིད་དང་དབྱེ་བ་དེ་ལྟར་འཐད་དེ། རྣམ་འགྲེལ་ལེའུ་དང་པོ་ལས། རང་བཞིན་ཁྱད་པར་བྱེ་བྲག་ལ། །ལྟོས་པའམ་འོན་ཏེ་འབའ་ཞིག་པ། །བསྒྲུབ་བྱ་སྒྲུབ་པའི་ཕྱིར་བརྗོད་དེ། །འཇིག་ལ་འབྲས་དང་དངོས་ཉིད་བཞིན། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་ཚུལ་ངེས་བྱེད་ཀྱི་ཚད་མ་བཤད་པ།

གསུམ་པ་ཚུལ་ངེས་བྱེད་ཀྱི་ཚད་མ་བཤད་པ་ལ།

ཐོག་མར་རྩ་སྦྱོར་འགོད་པ་ལ། སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའོ། །དེའི་ཚུལ་སྒྲུབ་པ་ལ། ཕྱོགས་ཆོས་སྒྲུབ་པ་དང༌། ཁྱབ་པ་སྒྲུབ་པའོ། །དང་པོ་ནི་འདིའི་ཕྱོགས་ཆོས་རྒོལ་བ་ཕལ་ཆེར་གྱིས་མངོན་སུམ་གྱིས་གྲུབ་ལ། མངོན་སུམ་གྱིས་མ་གྲུབ་པའི་རྒོལ་བ་ལ། སྒྲ་ཆོས་ཅན། བྱས་པ་ཡིན་ཏེ། རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་ཞེས་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ལ་བརྟེན་ནས་གྲུབ་ལ། འདིས་ཚུལ་གསུམ་ནི་མངོན་སུམ་ཀྱིས་གྲུབ་པའོ། །

གཉིས་པ་ལ་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གྲུབ་པ་ལ་ཚད་མ་དུ་དགོས་དང༌། ཁྱབ་པ་ངེས་པའི་སྔ་རོལ་དུ་འབྲེལ་བ་ངེས་དགོས་པ་དང༌། འབྲེལ་བ་ངེས་བྱེད་ཀྱི་ཚད་མ་བཤད་པ་དང་གསུམ། །དང་པོ་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གྲུབ་པ་ལ་ཚད་མ་གསུམ་དགོས་ཏེ། རྟགས་ཀྱི་མཚན་གཞི་ངེས་པའི་ཚད་མ་དང༌། སྒྲུབ་ཆོས་དང་དགག་ཆོས་དངོས་འགལ་དུ་ངེས་པའི་ཚད་མ་དང༌། རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་འགོག་པའི་ཚད་མ་དང་གསུམ་དགོས་པའི་ཕྱིར། གལ་ཏེ་ཚད་མ་ཕྱི་མ་གཉིས་དགོས་ཀྱི་ཚད་མ་དང་པོ་མི་དགོས་ཟེར་ན། རི་བོང་རྭའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་གྲུབ་པར་ཐལ། རྟག་མི་རྟག་དངོས་འགལ་དུ་ཚད་མས་ངེས། རི་བོང་རྭ་ལ་རྟག་པ་ཁེགས་པའི་ཕྱིར། ཁྱབ་པ་ཁས། ཡང་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་གྲུབ་པ་ལ་ཚད་མ་སྔ་ཕྱི་གཉིས་དགོས་ཀྱང་དགག་ཆོས་སྒྲུབ་ཆོས་དངོས་འགལ་ངེས་པའི་ཚད་མ་མི་དགོས་ཟེར་ན། དུང་མདོག་གི་རྟགས་ཀྱིས་ཤར་ཕྱོགས་ཀྱི་དུང་མདོག་སྔོན་པོར་སྒྲུབ་པའི་རྗེས་ཁྱབ་གྲུབ་པར་ཐལ། དུང་མདོག་ཚད་མས་ངེས། དེ་སེར་པོ་ལ་ཁེགས་པའི་ཕྱིར། མ་ཁྱབ་ན། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་གྲུབ་པ་ལ་དགག་ཆོས་སྒྲུབ་ཆོས་དངོས་འགལ་དུ་ངེས་པའི་ཚད་མ་དགོས་པར་ཐལ། མ་ཁྱབ་པ་དེའི་ཕྱིར། འདི་ནི་རྒོལ་བ་ལ་སྦྱོར་དགོས་པའོ། །ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་གྲུབ་པ་ལ་ཚད་མ་དང་པོ་གཉིས་དགོས་ཀྱང་དགག་བྱའི་ཆོས་ལ་རྟགས་འགོག་པའི་ཚད་མ་མི་དགོས་ཟེར་ན། གཞལ་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཚད་མས་ངེས་པར་ཐལ། རྟགས་ཀྱི་མཚན་གཞི་གཞལ་བྱ་ཚད་མས་ངེས། རྟག་མི་རྟག་དངོས་འགལ་དུ་ཚད་མས་ངེས་པའི་ཕྱིར། མ་ཁྱབ་ན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་གྲུབ་པ་ལ་རྟགས་དེ་ལ་རྟག་པ་འགོག་པའི་ཚད་མ་དགོས་པར་ཐལ། མ་ཁྱབ་པ་དེའི་ཕྱིར། དེས་ན་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་གྲུབ་པ་ལ་རྗེས་ཁྱབ་སྒྲུབ་བྱེད་ཀྱི་ཚད་མ་གསུམ་ངེས་པར་ཚང་དགོས་ལ། དེ་ཚང་ན་ཁྱོད་ཀྱི་རྟགས་ཀྱིས་རྗེས་ཁྱབ་གྲུབ་པས་མ་ཁྱབ་པོ། །

གཉིས་པ་ཁྱབ་པ་ངེས་པའི་སྔ་རོལ་དུ་འབྲེལ་བ་ངེས་དགོས་ཏེ། རང་འགྲེལ་ལས། འབྲེལ་བ་མེད་པར་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ངེས་པ་མེད་དེ། ཞེས་དང༌། རྣམ་འགྲེལ་ལས། དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། །ཞེས་སོགས་གསུངས་པའི་ཕྱིར་རོ། །

གསུམ་པ་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་བཤད་པ།

གསུམ་པ་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་བཤད་པ་ལ།

བྱས་པ་མི་རྟག་པ་དང་འབྲེལ་བའི་དོན་ནི། བྱས་པ་མི་རྟག་པ་ལས་ཐ་དད། མི་རྟག་པ་ལོག་སྟོབས་ཀྱིས་བྱས་པ་ལྡོག་པར་ངེས་པ་དེ་ཡིན་ལ། བྱས་མི་རྟག་གི་འབྲེལ་བའི་དོན་ལྡོག་གི་ཕྱོགས་གཅིག་བྱས་པ་མི་རྟག་པ་ལས་ཐ་དད་ནི་མངོན་སུམ་གྱི་སྟོབས་ཀྱིས་གྲུབ་ལ། མི་རྟག་པ་ལོག་སྟོབས་ཀྱིས་བྱས་པ་ལྡོག་པ་ནི། གནོད་པ་ཅན་གྱི་རྟགས་ལ་བརྟེན་ནས་གྲུབ་པ་ཡིན་ནོ། །མི་རྟག་པ་ལོག་སྟོབས་ཀྱིས་བྱས་པ་ལྡོག་པ་དང༌། རྟག་ན་མ་བྱས་པས་ཁྱབ་པ་གཉིས་བྱས་པ་མི་རྟག་པ་ལ་འབྲེལ་བའི་དོན་ལྡོག་གི་ཕྱོགས་གཅིག་ཡིན་གྱི། རྟག་ན་མ་བྱས་པས་ཁྱབ་པ་དེ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་མ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པའི་ཕྱིར། གལ་ཏེ་རྟག་ན་མ་བྱས་པས་ཁྱབ་པ་དེ། དེ་སྒྲུབ་ཀྱི་ལྡོག་ཁྱབ་མ་ཡིན་ན་གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན། སྒྲ་ཡང་བྱས་སོ་ཞེས་པའི་སྒྲུབ་ངག་གིས་ལྡོག་ཁྱབ་དངོས་སུ་མ་བརྗོད་པར་ཐལ། རྟག་ན་མ་བྱས་པས་ཁྱབ་པ་ལྡོག་ཁྱབ་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སྒྲུབ་ངག་དེས་སྒྲ་བྱས་པ་དང༌། རྟག་ན་མ་བྱས་པས་ཁྱབ་པ་གཉིས་ཀ་བརྗོད་པ་ལ་བརྟེན་ནས་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་གོ་བར་བྱེད་ལ། དེའི་ཤུགས་ལ་བྱས་པ་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་རྟོགས་ནུས་པས་སྒྲུབ་ངག་དེས་ལྡོག་ཁྱབ་དངོས་སུ་བརྗོད་ནས་རྗེས་ཁྱབ་ཤུགས་ལ་བརྗོད་པ་ཡིན་པའི་ཕྱིར་རོ། །

སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་སྒྲུབ་བྱེད་ཀྱི་ལྟོས་མེད་ཀྱི་རྟགས་དང༌། ལྡོག་ཁྱབ་སྒྲུབ་བྱེད་གནོད་པ་ཅན་གྱི་རྟགས་གཉིས་ལས། དང་པོ་ལ་རྟགས་འགོད་པ་དང་ཚུལ་སྒྲུབ་པ་གཉིས་ལས། དང་པོ་ནི་བྱས་པ་ཆོས་ཅན། རང་གྲུབ་ཙམ་ནས་འཇིག་ངེས་ཡིན་ཏེ། ཁྱོད་འཇིག་པར་གྱུར་བ་རང་ལས་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་ལྟོས་པ་མེད་པར་རང་རྒྱུ་ལས་འཇིག་པར་སྐྱེས་པའི་ཕྱིར། དཔེར་ན་གློག་བཞིན་ནོ། །གཉིས་པ་ནི། ཁྱབ་པ་དཔེའི་སྟེང་དུ་མངོན་སུམ་ཀྱི་སྟོབས་ཀྱིས་གྲུབ་ཅིང༌། ཕྱོགས་ཆོས་ནི་ཕྱིས་འབྱུང་གི་རྒྱུས་བྱས་པའི་ངོ་བོ་དངོས་མེད་ཀྱང་མི་སྐྱེད། བྱས་པའི་ངོ་བོ་དངོས་པོ་ཡང་མི་བསྐྱེད་པའི་ཕྱིར།

གཉིས་པ་ལྡོག་ཁྱབ་སྒྲུབ་བྱེད་གནོད་པ་ཅན་གྱི་རྟགས་ལ། རྟགས་འགོད་པ་དང༌། ཚུལ་སྒྲུབ་པ་གཉིས། དང་པོ་ནི། རྟག་པ་ཆོས་ཅན། བྱས་པས་སྟོང་སྟེ། རིམ་དང་ཅིག་ཅར་གྱི་དོན་བྱེད་པས་སྟོང་པའི་ཕྱིར། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན། ཞེས་པའོ། །གཉིས་པ་ཚུལ་སྒྲུབ་པ་ནི། ཁྱབ་པ་ཡོད་དེ། རིམ་དང་ཅིག་ཅར་གང་རུང་མ་ཡིན་པའི་དོན་བྱེད་ཚུལ་མེད་པའི་ཕྱིར། ཕྱོགས་ཆོས་ནི། ཅིག་ཆར་འབྲས་བུ་ཐམས་ཅད་མི་བསྐྱེད་པར་ཐལ། འབྲས་བུ་རྣམས་རིམ་གྱིས་སྐྱེ་བར་མངོན་སུམ་གྱིས་གྲུབ་པའི་ཕྱིར། རིམ་གྱི་འབྲས་བུ་སྐྱེ་ན། འོ་ན་རྒྱུ་ཡང་སྔ་ཕྱི་རིམ་པ་དུ་མ་ཡོད་པར་ཐལ། འབྲས་བུ་རྣམས་རིམ་གྱིས་བསྐྱེད་པ་དེའི་ཕྱིར། འདོད་ན། རྟག་པ་གཅིག་པུ་འདོད་པ་ཉམས་སོ། །

བསྟན་བཅོས་འདིར་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞིའི་ནང་ནས་འདུས་བྱས་ཐམས་ཅད་མི་རྟག་པར་གཙོ་བོར་གཏན་ལ་འབེབས་ལ། དེ་ལ་བརྟེན་ནས་གང་ཟག་གི་བདག་ཡོད་པར་དམ་བཅའ་བ་ཁེགས་པ་ཡིན་ཏེ། དེ་ལ་བརྟེན་ནས་གང་ཟག་གི་བདག་རྟག་པ་ཁེགས་པའི་ཕྱིར། དེས་ན་འདིར་གཞན་སྡེ་དུ་མས་སྒྲ་ནམ་མཁའི་ཡོན་ཏན་དུ་ཁས་བླངས་ནས་རྟག་པར་སྒྲོ་འདོགས་པ་བསལ་བའི་ཕྱིར་དང༌། འདུས་བྱས་ཐམས་ཅད་མི་རྟག་པར་སྒྲུབ་པའི་ཆེད་དུ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའོ། །

གསུམ་པ་མ་དམིགས་པའི་རྟགས་ཡང་དག་བཤད་པ།

གསུམ་པ་མ་དམིགས་པའི་རྟགས་ཡང་དག་བཤད་པ་ལ།

མཚན་ཉིད། འཇུག་ཚུལ། དབྱེ་བ་བཤད་པ་གསུམ། དང་པོ་ལ་དགག་བཞག་གཉིས། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་སྣང་དུ་མི་རུང་གི་ཆོས་མ་དམིགས་པ་རྟགས་སུ་བཀོད་ནས་རང་གི་དགག་བྱ་འགོག་པ་ལ་ཚུལ་གསུམ་ཚད་མས་ངེས་པའི་གཏན་ཚིགས། མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། དེ་ལྟར་ན་འགལ་ཟླ་དམིགས་པའི་རྟགས་ཡང་དག་ཐམས་ཅད་མ་དམིགས་པའི་རྟགས་ཡང་དག་མ་ཡིན་པར་ཐལ་ལོ། །ཁ་ཅིག་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་གཏན་ཚིགས་གང་ཞིག དེ་སྒྲུབ་ཀྱི་ཆོས་ཡིན་ན་མེད་དགག་ཡིན་དགོས་པ་ཞེས་ཟེར་ན། དེ་སྒྲུབ་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་བའི་རྟགས་ཡང་དག་ཐམས་ཅད་མ་དམིགས་པའི་རྟགས་ཡང་དག་མ་ཡིན་པར་ཐལ། མ་དམིགས་པའི་རྟགས་ཡང་དག་གི་དེ་སྒྲུབ་ཀྱི་ཆོས་ཡིན་ན་མེད་དགག་ཡིན་དགོས་པའི་ཕྱིར། རྟགས་ཁས། འདོད་ན། དེ་སྒྲུབ་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་བའི་རྟགས་ཡང་དག་ཐམས་ཅད་དགག་རྟགས་ཡང་དག་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དགག་པ་དངོས་སུ་རྟོགས་པའི་རྟོག་པ་རྣམས་དགག་རྟོག་མ་ཡིན་པར་ཐལ། འདོད་པའི་ཕྱིར། དེ་ཡང་འདོད་ན། མ་ཡིན་དགག་དངོས་སུ་རྟོགས་པའི་རྟོག་པ་རྣམས་ཆོས་ཅན། སྒྲུབ་རྟོག་ཡིན་པར་ཐལ། སྒྲུབ་རྟོག་དགག་རྟོག་གང་རུང་གང་ཞིག དགག་རྟོག་མ་ཡིན་པའི་ཕྱིར། རྟགས་ཕྱི་མ་ཁས། དེའི་རྟོགས་བྱ་ལ་སྒྲུབ་པ་ཡོད་པར་ཐལ། སྒྲུབ་རྟོག་ཡིན་པའི་ཕྱིར། མ་ཁྱབ་ན། བློ་དེའི་བཟུང་བྱ་ལ་བུམ་པ་མེད་ཀྱང་བུམ་འཛིན་རྟོག་པ་ཡིན་པ་ཞིག་ཡོད་པར་ཐལ། འདོད་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ནི།

མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡོད་དེ། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་དགག་པ་ཡིན་དགོས་པ་དེ་ཡིན་པའི་ཕྱིར། བདག་ཏུ་ཚད་མས་མ་དམིགས་པའི་རྟགས་ཀྱིས། སྡུག་བདེན་བདག་མེད་དུ་སྒྲུབ་པར་བྱེད་པའི་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡོད་དེ། བདག་ཏུ་ཚད་མས་མ་དམིགས་པའི་རྟགས་ཀྱིས་སྡུག་བདེན་བདག་མེད་དུ་སྒྲུབ་པར་བྱེད་པའི་ཚུལ་གསུམ་གང་ཞིག དེ་སྒྲབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་དགག་པ་ཡིན་དགོས་པ་དེ་ཡིན་པའི་ཕྱིར། མཚན་གཞི་ནི། བདག་ཏུ་ཚད་མས་མ་དམིགས་པ་དེའོ། །

གཉིས་པ་མ་དམིགས་པའི་རྟགས་ཡང་དག་འཇུག་ཚུལ་ནི།

ཚད་མས་དམིགས་པའི་སྒོ་ནས་ཡོད་པར་འཇོག་དགོས་པ་བཞིན་དུ་གཞི་གང་གི་སྟེང་དུ་དགག་བྱ་འགོག་པ་ལ་འགག་བྱ་དམིགས་པའི་ཚད་མ་བཀག་པའི་སྒོ་ནས་དགག་བྱ་འགོག་དགོས་པ་ལས་དགག་བྱ་འགོག་པའི་ཐབས་གཞན་མེད་པའི་ཕྱིར།

དེ་སྐད་དུ། རྣམ་འགྲེལ་ལེའུ་གསུམ་པ་ལས། དགག་པ་ཉིད་ནི་ཐམས་ཅད་དུ། །མི་དམིགས་པ་ལས་འགྲུབ་པ་ཡིན། །ཚད་མས་གྲུབ་པར་སྨྲ་རྣམས་ཀྱི། །དོན་གྱི་བཟློག་པ་ཉིད་ལས་ཡིན། །ཞེས་དང༌། དགག་པ་གང་ཇི་སྙེད་པ་དེ་ཐམས་ཅད་མི་དམིགས་པ་ལས་ཡིན་ནོ། །ཞེས་གསུངས་སོ། །དགག་བྱ་དམིགས་པའི་ཚད་མ་བཀག་པའི་སྒོ་ནས་དགག་བྱ་འགོག་ཚུལ་ཡང་དོན་གྱི་དགག་བྱ་དམིགས་བྱེད་ཀྱི་ཚད་མ་ཁེགས་དགོས་ཀྱི་དགག་བྱ་དམིགས་བྱེད་ཀྱི་ཚད་མ་བཀག་པ་རྟགས་སུ་བཀོད་ནས་འགོག་དགོས་པ་ནི་མ་ཡིན་ནོ། །

གསུམ་པ་དབྱེ་བ་ལ།

མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་དང༌། སྣང་རུང་མ་དམིགས་པའི་རྟགས་ཡང་དག་གཉིས། དང་པོ་འཆད་པར་བྱེད་པ་ལ། རྣམ་འགྲེལ་ལས། ཚད་མ་རྣམས་ནི་མི་འཇུག་པ། །མེད་ལ་མི་འཇུག་འབྲས་བུ་ཅན། །ཞེས་བྱུང༌། འདི་ཡང་མདོ་ལས། གང་ཟག་གིས་གང་ཟག་ཚོད་བཟུང་བར་མི་བྱ་སྟེ། ཉམས་པར་འགྱུར་ཏ་རེ། ཞེས་པ་དེ་ལས་འཕྲོས་ལ། དེའི་དོན་ཡང་རང་ལ་མི་སྣང་བ་ཙམ་རྒྱུ་མཚན་དུ་བྱས་ནས་གཞན་རྒྱུད་ལ་ཡོན་ཏན་དེ་དང་དེ་མེད་ཅེས་བཤད་མི་རུང་ཞེས་གསུངས་པ་ཡིན་ནོ། །མཐའ་དཔྱད་པ་ལ། དགག་བཞག་གཉིས་ལས། དེ་ལ་ཁ་ཅིག་ན་རེ། གང་ཟག་དེ་ལ་ཆོས་དེ་བསྐལ་དོན་ཡིན་ན་གང་ཟག་དེའི་རྒྱུད་ཀྱི་ཚད་མ་གསུམ་གང་རུང་འཇུག་རུང་བར་ཐལ། ཆོས་དེ་གང་ཟག་དེའི་ངོ་བོར་གཞལ་བྱའི་གནས་གསུམ་གང་རུང་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། གང་ཟག་དེའི་ངོར་དོན་དེ་ལ་ཐེ་ཚོམ་ཙམ་ལས་ཚད་མ་གསུམ་གང་ཡང་མི་འཇུག་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། ཚད་མ་རྣམས་ནི་མི་འཇུག་པ། །ཞེས་དང༌། རྣམ་ངེས་རང་འགྲེལ་ལས། དེར་ཡང་ཡོད་ན་ནི་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་རྣམས་ལས་གཅིག་འཇུག་པའི་ཕྱིར་ཞེ་ན། མིན་ཏེ་འགའ་ཞིག་ལ་བསྟན་བཅོས་ཀྱི་དབང་དུ་བྱས་པ་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁ་ཅིག་གིས་ཤ་ཟ་ཚད་མས་མི་དམིགས་པ་དེ། མདུན་གྱི་གཞི་འདིར་ཤ་ཟ་ཡོད་པ་མ་ཡིན་པར་སྒྲུབ་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་ཟེར་ན། མདུན་གྱི་གཞི་འདིར་ཤ་ཟ་མེད་པ་ཡིན་པར་ཐལ། དེར་ཤ་ཟ་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཤ་ཟ་ཚད་མས་མི་དམིགས་པ་དེ་ཡིན་པའི་ཕྱིར། རྟགས་ཁས། རྩ་བར་འདོད་མི་ནུས་ཏེ། རྣམ་ངེས་ལས། བསྐལ་བ་རྣམས་ལ་ནི། མེད་པར་ངེས་པ་ཡོད་པ་མ་ཡིན། །ཞེས་གསུངས་པའི་ཕྱིར། འདིར་མེད་པར་ངེས་པ་དང་མེད་པར་ངེས་ནུས་པ་གཉིས་ལ་ཁྱད་པར་ཡོད་དོ། །ཡང་ཁ་ཅིག་གིས། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་མེད་པར་ཐལ། ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར་ཟེར་ན། རྟགས་ལ་ཐེ་ཚོམ་ཟ་ཞེས་ལན་འདེབས་དགོས་ཏེ། བསྐལ་དོན་དུ་སོང་བའི་རྒོལ་བས་ཡོད་མེད་གང་དུ་དམ་བཅའ་མི་རུང་བ་དེ་ཡིན་པའི་ཕྱིར། ཁ་ཅིག་མི་སྣང་བ་མ་དམིགས་པའི་རྟགས་ཡིན་ན་སྣང་རུང་མ་དམིགས་པའི་རྟགས་ཡིན་པས་ཁྱབ་ཟེར་ན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཚད་མས་མ་དམིགས་པ་དེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཡོད་ཅེས་དམ་བཅའ་མི་རིགས་པར་སྒྲུབ་པའི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས། དེ་དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཚད་མས་མ་དམིགས་པ་དེ་དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག མདུན་གྱི་གཞི་འདིར་ཤ་ཟ་ཡོད་ཀྱང་དེ་བསྐལ་དོན་དུ་སོང་བའི་གང་ཟག་གིས་བལྟར་མི་རུང་བ་དེ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། གང་ཟག་དེའི་དེ་ཡོད་ཅེས་དམ་བཅའ་མི་རིགས་པ་དགག་པ་གང་ཞིག དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། དེ་འདྲའི་གང་ཟག་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་ཡོད་ཀྱང་ཁྱོད་ལ་ལྟར་མི་རུང་བ་ཡིན་པར་ཐལ། ཁྱོད་དེ་ལ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་པའི་ཕྱིར། རྩ་བར་འདོད་ན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཚད་མས་མ་དམིགས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཡོད་ཅེས་དམ་བཅའ་མི་རིགས་པར་སྒྲུབ་པའི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་བཏགས་པའི་དོན་ཤ་ཟ་མེད་པ་ལྟར་རུང་བ་དང༌། དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གིས་དེ་སྒྲུབ་ཀྱི་དགག་བྱའི་ཆོས་མེད་པར་ངེས་པ་འདྲེན་རུང་གཉིས་ཀར་ཐལ། ཁྱོད་དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་ཅིང༌། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་གིས་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཡོད་ན་དེ་སྒྲུབ་ཀྱི་སྐབས་ཀྱི་ཕྱི་རྒོལ་ལ་སྣང་དུ་རུང་བ་དང༌། དེ་ལ་བརྟེན་ནས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གིས་གཞི་དེར་དགག་བྱའི་ཆོས་ཚད་མས་མེད་པར་ངེས་ནུས་པ་ཞིག་དགོས་པ་གང་ཞིག དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་ན། དེ་སྒྲུབ་ཀྱི་དགག་བྱའི་བཏགས་པའི་དོན་དེ་ཡོད་ཀྱང་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་ཚད་མ་ལ་མི་སྣང་བ་དང༌། དེ་སྒྲུབ་ཀྱི་དགག་བྱའི་བཏགས་པའི་དོན་དེ་ཡོད་མེད་གང་དུ་མ་ངེས་པར་ཐེ་ཚོམ་ཅན་ཞིག་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་འགྲེལ་རང་འགྲེལ་ལས། གཉིས་པ་ནི་དེ་ལ་ཚད་མ་ཡིན་ཏེ། ངེས་པའི་འབྲས་བུ་ཅན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རང་འགྲེལ་ལས། དེ་ལ་དང་པོ་ཡོད་པའི་ཐ་སྙད་དགག་པའི་ཕྱིར་ཚད་མར་བཤད་ཀྱི་ལྡོག་པ་མཐོང་བ་ལ་སོགས་པ་ལ་ཉེ་བར་སྦྱོར་བ་ནི་མ་ཡིན་ཏེ། ཐེ་ཚོམ་ཡོད་པའི་ཕྱིར། ཞེས་དང༌། རྒྱས་བཤད་སྐབས་སུ། ཡོད་མེད་ངེས་པའི་འབྲས་ཅན་མིན། །ཕྱིར་ན་ཚད་མ་ཉིད་མི་འགྱུར། །ཞེས་གསུངས་པའི་ཕྱིར། གཞན་ཡང་སྦྱོར་བ་སྐོར་གཅིག་གི་དབང་དུ་བྱས་ན་དེ་གཉིས་ཀྱི་གཞི་མཐུན་མེད་པར་ཐལ། དེ་གཉིས་ཀྱི་གོ་དོན་འགལ་བ་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་ཀས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དགག་བྱའི་ཆོས་ཀྱི་བཏགས་པའི་དོན་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་པ་ཙམ་འདྲ་ཡང་དགག་བྱའི་ཆོས་ཀྱི་བཏགས་པའི་དོན་དེ་རྩོད་གཞིའི་སྟེང་དུ་སྔ་མ་མི་སྣང་བ་མ་དམིགས་པས་ཡོད་མེད་གང་ལ་ཡང་དེ་སྒྲུབ་ཀྱི་ཕྱི་རྒོལ་ལ་ཐེ་ཚོམ་ཙམ་ལས་ངེས་པ་སྐྱེ་མི་ཐུབ་ཅིང༌། སྣང་རུང་མ་དམིགས་པས་དེ་སྒྲུབ་ཀྱི་ཕྱི་རྒོལ་ལ་དགག་བྱའི་ཆོས་དངོས་དེ་རྩོད་གཞིའི་སྟེང་དུ་མེད་པའི་ངེས་པ་བསྐྱེད་ཐུབ་པའི་ཁྱད་པར་སོ་སོར་བཤད་པའི་ཕྱིར་ཏེ། རང་འགྲེལ་ལས། དེ་ལྟར་མི་དམིགས་པ་འདི་གཉིས་ནི་རང་དང་བཟློག་པའི་རྒྱུ་མེད་པ་དང༌། ཡོད་པ་དག་གི་ཕྱིར། ཡོད་པའི་ཐ་སྙད་དགག་པའི་འབྲས་བུ་ཅན་ཉིད་དུ་འདྲ་སྟེ། གཅིག་ལ་ནི་ཐེ་ཚོམ་ཡོད་པའི་ཕྱིར་ལ་གཞན་ལ་ནི་བཟློག་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །རང་མི་སྣང་བ་མ་དམིགས་རྟགས་སུ་སོང་བའི་དེ་སྒྲུབ་ཀྱི་དགག་བྱའིཆོས་ཀྱི་བཏགས་པའི་དོན་དེ་ཡོད་ཀྱང་སྣང་མི་རུང་བ་ཞེས་སོགས་སྣང་རུང་གི་རྟགས་དང༌། འབྲས་རྟགས་དང༌། རང་བཞིན་གྱི་རྟགས་སོགས་གོ་ཐོབ་ཀྱི་བཤད་པ་དུ་མ་ཞིབ་ཆ་ཤེས་པར་བྱའོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་དང༌། འཇུག་དུས་དང༌། སྒྲ་བཤད་དང༌། དབྱེ་བ་དང༌། དགོས་པ་བཤད་པ་དང་ལྔ། དང་པོ་ནི། མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡོད་དེ། མི་སྣང་བའི་ཚུལ་གསུམ་ཡིན་པ་དེ་ཡིན་པའི་ཕྱིར། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་མི་སྣང་བའི་ཚུལ་གསུམ་ཡིན་པའོ། །གོ་བའི་དབང་དུ་བྱས་ན། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་གྱི་གཙོ་བོ་བསྐལ་དོན་ཡང་ཡིན། དེ་སྒྲུབ་ཀྱི་ཚུལ་གསུམ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན་ནོ། །

གཉིས་པ་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་འཇུག་དུས་ཡོད་དེ། ཚད་མས་དགག་པ་བྱེད་དུས་ཀྱི་དགག་གཞི་སྣང་རུང་ཡིན་ཞིང་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་བཏགས་པའི་དོན་ཕྱི་རྒོལ་དེ་ལ་བསྐལ་དོན་དུ་སོང་ནས་སྣང་དུ་མི་རུང་བའི་དུས་དེ་མི་སྣང་བ་མ་དམིགས་པའི་རྟགས་འཇུག་པའི་དུས་ཡིན་ནོ། ། བསྐལ་དོན་རྣམ་པ་གསུམ་ཡོད་དེ། ཡུལ་གྱི་དང༌། དུས་ཀྱི་དང༌། ངོ་བོའི་བསྐལ་དོན་དང་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། འདིར་གནས་པའི་ཕལ་བ་ལ་འོད་ཟེར་ཅན་གྱི་ཞིང་ཁམས་ཀྱི་འགྲོ་བའི་ཁྱད་པར་དང༌། དབྱིབས་བཀོད་ཀྱི་ཁྱད་པར་ལྟ་བུའོ། །གཉིས་པ་ཡོད་དེ། ད་ལྟའི་ཕལ་བ་ལ་མ་འོངས་པའི་དུས་ཤིན་ཏུ་རིང་པོའི་གང་ཟག་གི་ཁྱད་པར་འདི་ལྟ་བུ་འབྱུང་བ་ལྟ་བུའོ། །གསུམ་པ་ཡོད་དེ། བར་སྲིད་བསྐལ་དོན་དུ་སོང་བའི་གང་ཟག་ལ་བར་སྲིད་ལྟ་བུའོ། །དེ་གསུམ་རྣམ་ངེས་རང་འགྲེལ་ལས། ཡུལ་དང་དུས་དང་རང་བཞིན་གྱི་བསྐལ་བས་ན་བསྐལ་བ་ནི་རྣམ་པ་གསུམ་སྟེ། ཞེས་གསུངས་སོ། །བསྐལ་དོན་གྱི་དོན་ནི་གང་ཟག་དེ་ལ་དོན་དེ་བསྐལ་དོན་ཡིན་ན་དེ་ལ་དེའི་ངོར་ཚད་མ་གསུམ་གང་ཡང་མི་འཇུག་པ་ཞིག་དགོས་ཏེ། རྣམ་འགྲེལ་ལས། ཚད་མ་རྣམས་ནི་མི་འཇུག་པ། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་སྒྲ་བཤད་པ་ནི།

ལྷའི་བར་སྲིད་ལ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ལྷའི་བར་སྲིད་ཚད་མས་མ་དམིགས་པ་ཆོས་ཅན། ཁྱོད་ལ་དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་མདུན་གྱི་གཞི་འདིར་ལྷའི་བར་སྲིད་བསྐལ་དོན་སོང་བའི་གང་ཟག་གི་རྒྱུད་ཀྱི་ལྷའི་བར་སྲིད་ཡོད་ཅེས་དམ་བཅའ་ངེས་པའི་དཔྱད་ཤེས་དོན་མཐུན་མེད་པར་སྒྲུབ་པའི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་སྣང་དུ་མི་རུང་བ་དང༌། རང་མིང་ལ་མ་དམིགས་པ་ལྟ་བུའི་ཚིག་ཡོད་པའི་གཏན་ཚིགས་སམ་མི་དམིགས་པའི་རྟགས་ཡིན་པས་ན་དེ་ལྟར་བརྗོད་པའི་ཕྱིར་རོ། །

བཞི་བ་དབྱེ་བ་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག

བཞི་བ་དབྱེ་བ་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ལ།

མི་སྣང་བའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་དང༌། མི་སྣང་བའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གཉིས། དང་པོ་ལ་མཚན་ཉིད། དབྱེ་བ་གཉིས། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གང་ཞིག རང་གི་དངོས་མིང་གི་མཐར་མེད་པ་ལྟ་བུའི་དགག་ཚིག་སྦྱར་བའི་ཆོས་དེ། དེ་སྒྲུབ་ཀྱི་མི་སྣང་བའི་འབྲེལ་ཟླ་མི་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན་ནོ། །གཉིས་པ་དབྱེ་ན། མི་སྣང་བའི་རྒྱུ་ཁྱབ་བྱེད་རང་བཞིན་མ་དམིགས་པའི་རྟགས་གསུམ། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་དམིགས་བྱེད་ཀྱི་ཚད་མ་མེད་པ་དེ། མདུན་གྱི་གཞིར་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་མེད་པར་སྒྲུབ་པའི་མི་སྣང་བའི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ཡིན་ལ། བཅད་ཤེས་སྨྲས་ཚེ་དོན་མཐུན་ཟེར་མི་དགོས་ལ།ཐ་སྙད་ལ་དགོས་སོ། །ལྷ་ཡོད་པ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ལྷ་ཡོད་པ་ཚད་མས་མ་ངེས་པ་དེ། མདུན་གྱི་གཞི་འདིར་ལྷ་ཡོད་པ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ལྷ་ཡོད་ཅེས་དམ་བཅའ་མི་རིགས་པར་སྒྲུབ་པའི་མི་སྣང་བའི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་དང༌། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་དམིགས་བྱེད་ཀྱི་བཅད་ཤེས་ཚད་མས་མ་དམིགས་པ་དེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་མེད་པར་སྒྲུབ་པའི་མི་སྣང་བའི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་ལ། སྒྲུབ་བྱེད་རྣམས་གཞན་ལས་ཤེས་པར་བྱའོ། །

དགག་བྱའི་ཆོས་ཀྱི་བཏགས་པའི་དོན་ཡིན་ན་དགག་བྱའི་ཆོས་ཡིན་པས་མ་ཁྱབ་མ་ཡིན་པས་མ་ཁྱབ་ཅེས་ཟེར་དགོས་སམ་བློ་གྲོས་དང་ལྡན་པ་དག་གིས་སླར་དཔྱད་པར་བྱའོ། །

གཉིས་པ་དེ་སྒྲུབ་ཀྱི་འགལ་ཟླ་དམིགས་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་མི་སྣང་བའི་འགལ་ཟླ་དམིགས་པའི་ཚུལ་གསུམ་ཡིན་པ། གོ་ཐོབ་ཀྱི་དབང་དུ་བྱས་ན། མི་སྣང་བའི་མ་དམིགས་པའི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་འགལ་ཟླར་གྱུར་བའི་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཡིན་པ་དེ། དེ་སྒྲུབ་ཀྱི་འགལ་ཟླ་དམིགས་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། མཚན་གཞི་ནི། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་མེད་པར་སྒྲུབ་པ་ལ་ཡོད་པ་ལྟ་བུའོ། །

ལྔ་བ་མི་སྣང་བ་མ་དམིགས་པའི་རྟགས་བཤད་པ།

ལྔ་བ་མི་སྣང་བ་མ་དམིགས་པའི་རྟགས་བཤད་པའི་དགོས་པ་ནི།

རང་རྒྱུད་ཀྱི་ཚད་མས་མ་རྟོགས་པ་རྒྱུ་མཚན་དུ་བྱས་ནས་སྡིག་པ་བསགས་པ་དང༌། སྐུར་བ་འདེབས་པ་སོགས་སྤོང་པའི་ཆེད་དུ་ཡིན་པའི་ཕྱིར་ཏེ། དཔའ་བར་འགྲོ་བའི་མདོ་ལས། བཅོམ་ལྡན་འདས་བདག་འདི་དང་སླན་ཆད་ངས་སེམས་ཅན་ཐམས་ཅད་ལ་སྟོན་པའི་འདུ་ཤེས་བྱེད་དོ། །དགེ་སློང་དག་ང་དང་ང་འདྲའི་གང་ཟག་གིས་གང་ཟག་གི་ཚོད་བཟུང་གི གཞན་གྱིས་བཟུང་ན་དམན་པར་འགྱུར་བར་ཤེས་པར་གྱིས་ཤིག ཅེས་སོགས་གསུངས་པའི་ཕྱིར་རོ། །

གཉིས་པ་སྣང་རུང་མ་དམིགས་པའི་རྟགས་བཤད་པ་ལ།

གཞུང་གི་ཚིག་དོན་བཤད་པ་དང༌། མཐའ་དཔྱད་པ་དང་གཉིས། དང་པོ་ལ་གོ་དོན་དང༌། མཚན་གཞིའི་དབྱེ་བ་དང༌། དེ་ལ་རྩོད་པ་སྤོང་བའོ། །དང་པོ་སྣང་རུང་མ་དམིགས་པའི་གོ་དོན་ནི། དཀོན་བརྩེགས་ལས། འོད་སྲུང་ཡོངས་སུ་བཙལ་ན་མི་དམིགས་སོ། །ཞེས་དང༌། རྣམ་འགྲེལ་ལས། གཏན་ཚིགས་བྱེ་བྲག་ལ་ལྟོས་ནས། །འགའ་ཞིག་མེད་ཤེས་འབྲས་བུ་ཅན། །ཞེས་མ་དམིགས་པའི་གཏན་ཚིགས་འགའ་ཞིག་སྣང་རུང་གི་བྱེ་བྲག་ལ་བལྟོས་ནས་རང་གི་དགག་བྱའི་ཆོས་མེད་པ་ཤེས་པར་བྱེད་པའི་འབྲས་བུ་ཅན་ཡིན་ནོ་ཞེས་པའོ། །

གཉིས་པ་མཚན་གཞིའི་དབྱེ་བ་ནི།

རྣམ་འགྲེལ་ལས། འགལ་དང་འབྲས་བུ་དག་སྒྲུབ་དང༌། །རྒྱུ་དང་ངོ་བོ་བལྟར་རུང་བའི། །བདག་ཉིད་དང་ནི་མ་གྲུབ་པ། །མེད་དོན་ཅན་མི་དམིགས་རྣམ་བཞི། །ཞེས་བྱུང༌། དེའི་དོན་ནི། རྟགས་ཀྱི་དགག་བྱའི་ཆོས་མེད་པ་གོ་བར་བྱེད་པའི་དོན་ཅན་སྣང་རུང་མ་དམིགས་པའི་རྟགས་ཆོས་ཅན། རྣམ་པ་བཞིར་ཡོད་དེ། རང་བཞིན་འགལ་དམིགས་དང༌།འགལ་བའི་འབྲས་བུ་གྲུབ་པའི་རྟགས་དག་དང༌། རྒྱུ་མ་དམིགས་པ་དང༌། ངོ་བོ་ལྟར་རུང་གི་བདག་ཉིད་དག་ནི་མ་གྲུབ་པ་དང་བཞི་ཡོད་པའི་ཕྱིར། དང་པོའི་ཞལ་ལ་ཁྱབ་བྱེད་འགལ་དམིགས་དང༌། བཞི་བའི་ཞར་ལ་ཁྱབ་བྱེད་མ་དམིགས་པ་བསྟན་ཏོ། །

གསུམ་པ་དེ་ལ་རྩོད་པ་སྤོང་བ་ནི།

དེ་དང་འགལ་བ་ཡི་ནི་རྒྱུ། །དམིགས་པའི་སྦྱོར་བ་གང་ཡིན་དེ། །རྒྱུ་མཚན་དག་ནི་འགལ་བ་ཉིད། །མེད་ན་འཁྲུལ་བ་ཅན་ཡིན་ནོ། །འགལ་འབྲས་ལ་ཡང་ཡུལ་དང་ནི། །དུས་ལ་སོགས་པར་བལྟོས་པར་བཤད། །གཞན་དུ་འཁྲུལ་འགྱུར་མི་གྲང་བ། །སྒྲུབ་པ་ལ་ནི་ཐལ་བ་བཞིན། །ཞེས་བྱུང༌། དེའི་ཚིག་དོན་ནི། འགལ་འབྲས་དམིགས་པས་འགལ་ཟླ་ཁེགས་ན་འགལ་རྒྱུ་དམིགས་པས་ཀྱང་ཅེས་མི་ཁེགས་ཅེ་ན། གྲང་རེག་དེ་༷ད༷ང་འག༷ལ་བ༷་ཡི༷་ནི༷་རྒྱུ༷་དམི༷གས་པ༷འི་སྦྱོ༷ར་བ༷་ག༷ང་ཡི༷ན་པའི་རྟགས་བུད་ཤིང་དེ༷་ཆོས་ཅན། གྲང་རེག་མེད་པར་སྒྲུབ་པའི་ཁྱབ་པ་འཁྲུ༷ལ་བ༷་ཅ༷ན་ཡི༷ན་ཏེ། གྲང་རེག་གི་རྒྱུ༷་མཚ༷ན་ཏེ་རྒྱུ་ད༷ག་ནི༷་འག༷ལ་བ༷་ཉི༷ད་མེ༷ད་པའི་ཕྱིར། འོ་ན་དུ་བས་གྲང་རེག་འགོག་པ་འཁྲུལ་ལོ་ཞེ་ན། དུ་བ་ཆོས་ཅན། དེ་སྒྲུབ་ཀྱི་འག༷ལ་འབྲ༷ས་དམིགས་པའི་རྟགས་ཡང་དག་ཏུ་འགྱུར་བ་ལ༷་ཡུ༷ལ་ད༷ང་དུ༷ས་སོག༷ས་ཁྱད་པར་ཅན་ལ་ལྟོ༷ས་དགོས་པ༷ར་འདོད་དེ། དེ་ལ་ལྟོས་པ་ལས་གཞ༷ན་དུ༷་ན་ཁྱབ་པ་འཁྲུ༷ལ་བར་འགྱུ༷ར་བའི་ཕྱིར། དཔེར་ན་མི༷་གྲ༷ང་བར་སྒྲུ༷བ་པ༷་ལ༷་ནི༷་ཐ༷ལ་བ༷་བཀོད་པ་བཞི༷ན་ནོ། །ཞེས་པའོ། །ཡུལ་སོགས་ལ་ལྟོས་ཚུལ་ནི། མེའི་དྲོད་ཀྱི་ཁྱབ་པའི་ཡུལ། མེ་ད་ལྟ་བའི་འབྲས་བུར་གྱུར་བའི་དུས་དང༌། ལ་སོགས་པས་གྲང་རེག་འགོག་ནུས་ཀྱི་མེ་ལ་མི་འཁྲུལ་བའི་གནས་སྐབས་ཁྱད་པར་ཅན་ལ་བལྟོས་དགོས་པར་བསྟན་པ་ཡིན་ནོ། །ཡང་ན་མེ་དང་གྲང་རེག་གཞི་དེར་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་མི་རུང་བའི་ཡུལ། དུ་བ་སྣང་དུ་རུང་བའི་དུས་དང༌། སོགས་པས་དེ་དྲག་ཏུ་འཕྱུར་བཞིན་པའི་རྣམ་པའི་ཁྱད་པར་ལ་ལྟོས་པའོ།།

གཉིས་པ་མཐའ་དཔྱད་པ།

གཉིས་པ་མཐའ་དཔྱད་པ་ལ།

དགག་བཞག་གཉིས། དང་པོ་ནི། ཁ་ཅིག་གིས་སྣང་རུང་མ་དམིགས་པའི་རྟགས་ཀྱི་དབྱེ་བ་བཅུ་དྲུག་གི་སྟེང་དུ་རྒྱུ་རྟགས་བཞི་བསྣན་ནས་ཉི་ཤུ་བཤད་པ་མི་འཐད་པར་ཐལ། རྒྱུ་རྟགས་བཞི་མི་འཐད་པའི་ཕྱིར། དེར་ཐལ། རྣམ་ངེས་ལས། འབྲས་བུའི་གྲུབ་ན་རྒྱུས་ཅིའི་ཕྱིར་མི་འགྲུབ་ཅེ་ན། རྒྱུའི་སྒོ་ནས་མིན་ཏེ། འཁྲུལ་བའི་ཕྱིར། དཔེར་ན་འདི་ལ་གྲང་རེག་མེད་དེ། བུད་ཤིང་ཡོད་པའི་ཕྱིར། ཞེས་དང༌། འཐད་ལྡན་ལས། རྒྱུས་མིན་ཏེ་འཁྲུལ་བའི་ཕྱིར། ཞེས་གསུངས་པའི་ཕྱིར། གཞན་ཡང་དུས་མཐའི་སྐད་ཅིག་མའི་ཡུན་ཚད་ཀྱི་མེའི་དངོས་རྒྱུའི་ནུས་པ་ཐོགས་མེད་རྟགས་སུ་བཀོད་ཟེར་ན། དེ་ཆོས་ཅན། གྲང་རེག་མེད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱི་ཡུན་ཚད་དུས་མཐའི་སྐད་ཅིག་མ་གཅིག་གི་ཡུན་ཚད་ལས་མེད་པ་གང་ཞིག དེའི་ཡུན་ལ་ཕྱོགས་ཁྱབ་ངེས་མི་ནུས་པའི་ཕྱིར། དེར་ཐལ། རྣམ་ངེས་ལས། རྟགས་མཐོང་བ་ལས་འབྲེལ་བ་ལ་བལྟོས་ཏེ་རྗེས་སུ་དཔག་པར་བྱ་བ་རྟོགས་པས་ན་སྐད་ཅིག་མ་གཅིག་ལ་བར་ཆད་མེད་པའི་དེའི་སྔ་རོལ་མེ་མངོན་སུམ་དུ་རྟོགས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྟགས་མཐོང་ཞེས་པས་ཕྱོགས་ཆོས་ངེས་ཚུལ་བསྟན། ལས་ཞེས་འབྱུང་ཁུངས་ཡིན་པས་ཕྱོགས་ཆོས་དང་རྟགས་ཆོས་ཀྱི་འབྲེལ་བ་གཉིས་ཅིག་ཅར་དུ་ངེས་མི་ནུས་པའི་ཚུལ་བསྟན། འབྲེལ་བ་ལ་བལྟོས་ཏེ་རྗེས་སུ་དཔག་པར་བྱ་བ་རྟོགས་པས་ན་ཞེས་པས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་ཚུལ་བསྟན། སྐད་ཅིག་མ་གཅིག་ལ་སོགས་ཀྱིས་དངོས་རྒྱུ་དང་དངོས་འབྲས་མེ་གཉིས་ཀྱི་བར་སྐད་ཅིག་མ་གཞན་གྱིས་མ་ཆོད་པས་བསྒྲུབ་བྱ་རྟོགས་ཁོམ་མེད་པས་སྒྲུབ་བྱེད་རྟོགས་པའི་སྔ་རོལ་ཏུ་མེ་མངོན་སུམ་དུ་རྟོགས་པར་བསྟན་པའི་ཕྱིར། འདི་ལ་ཅུང་ཟད་དཔྱད་རྒྱུ་སྣང༌། ཁོ་ན་རེ། རྒྱུ་ཙམ་རྟགས་སུ་བཀོད་པའི་གྲང་རེག་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ། རྒྱུ་འགལ་དམིགས་ཀྱི་རྟགས་ཡང་དག་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། འགལ་ཟླའི་རྒྱུ་ཙམ་རྟགས་སུ་བཀོད་ན་འཁྲུལ་བར་འགྱུར་ལ། དེ་ལྟར་མ་ཡིན་པར་རང་བཞིན་འགལ་དམིགས་ཀྱི་རྒྱུ་ཁྱད་པར་ཅན་ཞིག་བཀོད་དགོས་པའི་ཕྱིར། དེར་ཐལ། རྣམ་ངེས་ལས། གལ་ཏེ་རྒྱུ་མཚན་འགལ་ན་གོ་བར་བྱེད་པ་ཁོ་ན་སྟེ། འདི་ན་གྲང་འབྲས་སྤུ་ལོང་བྱེད་པ་ལ་སོགས་པའི་བྱེ་བྲག་དག་མེད་དེ། གདུང་བར་བྱེད་པའི་བྱེ་བྲག་དང་ཉེ་བའི་ཕྱིར། ཞེས་གསུངས་པའི་ཕྱིར། བྱེ་བྲག་ཅེས་པ་ཁྱད་པར་ཅན་ཡིན་ནོ། །

གཉིས་པ་རང་ལུགས་བཤད་པ།

གཉིས་པ་རང་ལུགས་བཤད་པ་ལ།

སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་དང༌། འཇུག་དུས་དང༌། སྒྲ་བཤད་དང༌། དབྱེ་བ་དང༌། དགོས་པ་བཤད་པ་དང་ལྔ། དང་པོ་ནི། སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡོད་དེ། སྣང་རུང་མ་དམིགས་པའི་ཚུལ་གསུམ་ཡིན་པ་དེ་ཡིན་པའི་ཕྱིར། གོ་ཐོབ་བྱས་ན། ཁྱོད་དེ་སྒྲུབ་ཀྱི་མ་དམིགས་པའི་ཚུལ་གསུམ་ཡང་ཡིན། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་སྣང་རུང་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ། དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། མཚན་གཞི་ནི། མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པ་ལ་མེ་མེད་པ་ལྟ་བུའོ། །

གཉིས་པ་འཇུག་དུས།

གཉིས་པ་འཇུག་དུས་ནི།

དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་བཏགས་པའི་དོན་ཕྱི་རྒོལ་དེ་ལ་སྣང་དུ་རུང་བའི་དུས་དེ་སྣང་རུང་མ་དམིགས་པའི་རྟགས་འཇུག་པའི་དུས་ཡིན་ནོ། །དེ་ཡང་དགག་བྱ་འགོག་པ་ལ། དགག་གཞི་སྣང་དུ་རུང་བ་དང་མི་རུང་བ་གཉིས་སུ་ངེས་ལ། མི་རུང་ན་མངོན་སུམ་གྱི་སྟོབས་ཀྱིས་དགག་པ་བྱེད་པ་མི་སྲིད་དེ། མེད་དགག་ཡན་གར་པ་མངོན་སུམ་ལ་སྣང་དུ་མི་རུང་བའི་ཕྱིར། དེས་ན་དགག་གཞི་མངོན་སུམ་ལ་སྣང་དུ་མི་རུང་ན་རྗེས་དཔག་གིས་དགག་པ་བྱེད་དགོས་སོ། །དགག་གཞི་སྐབས་བབ་ཀྱི་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་རུང་བ་ལ། དགག་གཞི་ལ་དགག་བྱའི་ཆོས་སུ་འགྲོ་རྒྱུ་དེ་སྐབས་བབ་ཀྱི་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་རུང་བ་དང་མི་རུང་བ་གཉིས་སུ་ངེས་ལ།

དང་པོ་ལྟར་ན། ཕལ་ཆེར་མངོན་སུམ་གྱིས་དགག་པ་བྱེད་ལ། མངོན་སུམ་གྱིས་མ་གྲུབ་ན། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ལ་བརྟེན་ནས་སྒྲུབ་དགོས་པས་རང་བཞིན་མ་དམིགས་པའི་རྟགས་འཇུག་པའི་དུས་ཡིན་ནོ། །དགག་གཞི་དེར་དགག་བྱའི་ཆོས་སུ་འགྲོ་རྒྱུ་དེ་སྐབས་ཀྱི་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་མི་རུང་བ་ལ་དགག་པ་བྱེད་ན། དགག་གཞིའི་སྟེང་དུ་དགག་བྱའི་ཆོས་སུ་འགྲོ་རྒྱུའི་འབྲེལ་ཟླ་མངོན་སུམ་ལ་སྣང་དུ་རུང་བ་དང༌། འགལ་ཟླ་མངོན་སུམ་ལ་སྣང་དུ་རུང་བ་གཉིས་ཡོད་ལ། དང་པོ་ལྟར་ན། དགག་བྱའི་ཆོས་སུ་འགྲོ་རྒྱུའི་འབྲེལ་ཟླ་ལ་ངོ་བོ་རྒྱུ་འབྲས་གསུམ་དུ་ངེས་ལ། ངོ་བོ་ལ་ཁྱབ་ཆུང་བ་དང༌། ཁྱབ་མཉམ་དང༌། ཁྱབ་ཆེ་བ་གསུམ་དུ་ངེས་ཤིང༌། ཁྱབ་ཆུང་བ་དགག་པས་གཞི་དེར་དགག་བྱའི་ཆོས་འགོག་མི་ནུས་ལ། དགག་གཞིའི་སྟེང་དུ་ཁྱབ་མཉམ་པ་མངོན་སུམ་ལ་སྣང་དུ་རུང་ན་རང་བཞིན་མ་དམིགས་པའི་རྟགས་འཇུག་པའི་དུས་ཡིན་ལ། དགག་གཞིའི་སྟེང་དུ་ཁྱབ་ཆེ་བ་མངོན་སུམ་ལ་སྣང་དུ་རུང་ན་ཁྱབ་བྱེད་མ་དམིགས་པའི་རྟགས་འཇུག་པའི་དུས་ཡིན་ནོ། །དགག་གཞིའི་སྟེང་དུ་དགག་བྱའི་ཆོས་སུ་འགྲོ་རྒྱུའི་རྒྱུ་དེ་སྐབས་ཀྱི་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་རུང་ན་རྒྱུ་མ་དམིགས་པའི་རྟགས་འཇུག་པའི་དུས་ཡིན་ནོ། །དགག་གཞིའི་སྟེང་དུ་དགག་བྱའི་ཆོས་སུ་འགྲོ་རྒྱུའི་དངོས་འབྲས་སྣང་དུ་རུང་བ་ཡིན་ན། དངོས་འབྲས་མ་དམིགས་པའི་རྟགས་འཇུག་པའི་དུས་ཡིན་ནོ། །དེ་ལྟར་འབྲེལ་ཟླ་མ་དམིགས་པའི་རྟགས་ལ་རྒྱུ་ཁྱབ་བྱེད་རང་བཞིན་དངོས་འབྲས་མ་དམིགས་པའི་རྟགས་བཞི་ཡོད་དོ། །དགག་གཞིའི་སྟེང་དུ་དགག་བྱའི་ཆོས་ཀྱི་འགལ་ཟླ་སྣང་དུ་རུང་བ་ཡིན་ན་འགལ་ཟླ་དམིགས་པའི་རྟགས་འཇུག་པའི་དུས་ཡིན་ནོ། །དེའི་འགལ་ཟླ་ལ་ངོ་བོ་རྒྱུ་འབྲས་བུ་གསུམ་ཡོད་ལ། དགག་གཞི་དེར་དགག་བྱའི་ཆོས་ཀྱི་འགལ་ཟླའི་ངོ་བོ་དང༌། དེའི་འབྲས་བུ་སྣང་དུ་རུང་ན་རང་བཞིན་འགལ་དམིགས་དང་འགལ་འབྲས་དམིགས་པའི་རྟགས་འཇུག་པའི་དུས་ཡིན་ནོ། །དགག་གཞི་དེར་དགག་བྱའི་ཆོས་ཀྱི་རྒྱུའི་འགལ་ཟླ་དངོས་དང་དེའི་རྒྱུ་དང་འགལ་བའི་འབྲས་བུ་སྣང་དུ་རུང་ན། རྒྱུ་འགལ་དམིགས་དང༌།རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་རྟགས་འཇུག་པའི་དུས་ཡིན་ནོ། །དེའི་བདག་ཉིད་གཅིག་པའི་ཁྱབ་བྱེད་ཀྱི་འགལ་ཟླ་དངོས་སྣང་དུ་རུང་ན། ཁྱབ་བྱེད་འགལ་དམིགས་ཀྱི་རྟགས་འཇུག་པའི་དུས་ཡིན་ནོ། །དེའི་འབྲས་བུ་དངོས་ཀྱི་འགལ་ཟླ་སྣང་དུ་རུང་ན་འབྲས་བུ་འགལ་དམིགས་ཀྱི་རྟགས་འཇུག་པའི་དུས་ཡིན་ན་ནོ། །དེ་ལྟར་འབྲེལ་ཟླ་མ་དམིགས་པའི་རྟགས་བཞི། འགལ་ཟླ་དམིགས་པའི་རྟགས་དྲུག་སྟེ་དགག་རྟགས་བཅུར་འགྱུར་རོ། །

གསུམ་པ་སྒྲ་བཤད་ནི།

མེ་ཚད་མས་མ་དམིགས་པ་ཆོས་ཅན། ཁྱོད་ལ་མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པར་བྱེད་པའི་སྣང་རུང་མ་དམིགས་པའི་གཏན་ཚིགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པར་བྱེད་པའི་དགག་བྱའི་ཆོས་དེ་ཡོད་ན་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བ་ལ་སྣང་དུ་རུང་བ་ཡིན་པའི་མ་དམིགས་པའི་རྟགས་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཡོད་ན་དེ་སྒྲུབ་ཀྱི་སྐབས་ཀྱི་ཕྱི་རྒོལ་ལ་སྣང་དུ་རུང་བ་དང༌། དེ་ལ་བརྟེན་ནས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གིས་དགག་བྱའི་ཆོས་ཚད་མས་མེད་པར་ངེས་ནུས་པ་ཞིག་དགོས་པ་ཡིན་ནོ། །

བཞི་བ་དབྱེ་བ་ནི།

འབྲེལ་ཟླ་མ་དམིགས་པའི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་དང༌། འགལ་ཟླ་དམིགས་པའི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་དང་གཉིས། དང་པོ་ལ། མཚན་ཉིད་དབྱེ་བ་གཉིས། དང་པོ་ནི། སྣང་རུང་མ་དམིགས་པའི་ཚུལ་གསུམ་ཡང་ཡིན། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་གྱི་འབྲེལ་ཡུལ་མ་གྲུབ་པ་རྟགས་སུ་བཀོད་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ། དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། གཉིས་པ་དབྱེ་ན། རྒྱུ་ཁྱབ་བྱེད་རང་བཞིན་དངོས་འབྲས་མ་དམིགས་པའི་སྣང་རུང་གི་རྟགས་ཡང་དག་བཞི། དང་པོའི་མཚན་ཉིད། མ་དམིགས་པའི་སྣང་རུང་གི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་འགྲོ་རྒྱུའི་རྒྱུ་བཀག་པ་རྟགས་སུ་སྦྱར་བ། དཔེར་ན། མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པ་ལ་མེ་མེད་པ་ལྟ་བུའོ། །དེ་ལ་རྒྱུ་མ་དམིགས་པའི་གཏན་ཚིགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མེ་ནི་དུ་བའི་རྒྱུ་ཡིན་ལ། དེ་མ་དམིགས་པ་རྟགས་སུ་བཀོད་པས་ན་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་དེ་སྒྲུབ་ཀྱི་ཁྱབ་བྱེད་མ་དམིགས་པའི་སྣང་རུང་གི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་འགྲོ་རྒྱུའི་བདག་གཅིག་པའི་ཁྱབ་བྱེད་བཀག་པ་རྟགས་སུ་སྦྱར་བ། དཔེར་ན། ཤིང་གིས་དབེན་པའི་བྲག་རྫོང་ན་ཤ་བ་མེད་པར་སྒྲུབ་པ་ལ་ཤིང་མེད་པ་ལྟ་བུའོ། །དེ་ལ་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཤིང་དེ་ཤ་བའི་ཁྱབ་བྱེད་ཡིན་ལ། དེ་མ་དམིགས་པ་རྟགས་སུ་བཀོད་པས་དེ་ལྟར་བརྗོད་པའི་ཕྱིར། གསུམ་པ་རང་བཞིན་མི་དམིགས་པའི་སྣང་རུང་གི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་རང་བཞིན་བཀག་པ་རྟགས་སུ་སྦྱར་བ། དཔེར་ན། བུམ་པ་སྣང་རུང་མ་དམིགས་པའི་ས་ཕྱོགས་བུམ་པ་མེད་པར་སྒྲུབ་པ་ལ་བུམ་པ་སྣང་རུང་ཚད་མས་མ་དམིགས་པ་ལྟ་བུའོ། །དེ་ལ་རང་བཞིན་མ་དམིགས་པའི་གཏན་ཚིགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བུམ་པ་ཚད་མས་དམིགས་པ་དེ་བུམ་པ་ཡོད་པའི་རང་བཞིན་ཡིན་ལ། དེ་མ་དམིགས་པ་རྟགས་སུ་བཀོད་པས་དེ་ལྟར་བརྗོད་པའི་ཕྱིར། བཞི་བ་དེ་སྒྲུབ་ཀྱི་དངོས་འབྲས་མ་དམིགས་པའི་སྣང་རུང་གི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་དངོས་འབྲས་བཀག་པ་རྟགས་སུ་སྦྱར་བ། དཔེར་ན། དུ་བས་དབེན་པའི་ར་བ་ན་དུ་བའི་དངོས་རྒྱུ་ནུས་པ་ཐོགས་མེད་མེད་པར་སྒྲུབ་པ་ལ་དུ་བ་མེད་པ་ལྟ་བུའོ། །ཁྱོད་ལ་དངོས་འབྲས་མ་དམིགས་པའི་གཏན་ཚིགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དུ་བའི་དངོས་རྒྱུ་ནུས་པ་ཐོགས་མེད་ཀྱི་དངོས་འབྲས་དུ་བ་ཡིན་ལ། དེ་མ་དམིགས་པ་རྟགས་སུ་བཀོད་པས་དེ་ལྟར་བརྗོད་པའི་ཕྱིར་རོ། །

གཉིས་པ་ལ་མཚན་ཉིད།

གཉིས་པ་ལ་མཚན་ཉིད།

དབྱེ་བ་གཉིས། དང་པོ་འགལ་ཟླ་དམིགས་པའི་སྣང་རུང་གི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་འགལ་ཟླ་རྟགས་སུ་སྦྱར་བའི་སྣང་རུང་མ་དམིགས་པའི་ཚུལ་གསུམ་ཡིན་པ། གཉིས་པ་དབྱེ་བ་ནི། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་སྣང་རུང་གི་རྟགས་ཡང་དག་དང༌། ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་སྣང་རུང་གི་རྟགས་ཡང་དག་གཉིས། དང་པོ་ལ་མཚན་ཉིད། དབྱེ་བ་གཉིས། དང་པོ་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་སྣང་རུང་གི་རྟགས་ཡང་དག་གི་མཚན་ཉིད། དགག་བྱའི་ཆོས་དང་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་སྒོ་ནས་མི་མཐུན་པར་གནས་པའི་འགལ་ཟླ་དམིགས་པའི་སྣང་རུང་གི་ཚུལ་གསུམ་ཡིན་པ། གཉིས་པ་དབྱེ་བ་ནི། རྣམ་འགྲེལ་ལས། རྒྱུ་འགལ་དམིགས་དང༌། ཁྱབ་བྱེད་འགལ་དམིགས་དང༌། རང་བཞིན་འགལ་དམིགས་དང༌། འགལ་འབྲས་དམིགས་པ་དང༌། འབྲས་བུ་འགལ་དམིགས་དང༌། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་སྟེ་དྲུག་གསུངས། དཔེར་ན། རྒྱུ་འགལ་དམིགས་ནི། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པའི་ཤར་ཕྱོགས་ཀྱི་གཞིར་གྲང་འབྲས་སྤུ་ལོང་བྱེད་མེད་པར་སྒྲུབ་པ་ལ་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་ལྟ་བུའོ། །དེ་ལ་རྒྱུ་འགལ་དམིགས་ཀྱི་གཏན་ཚིགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གྲང་འབྲས་སྤུ་ལོང་བྱེད་ཀྱི་རྒྱུ་གྲང་རེག་དེ་དང་འགལ་བའི་མེ་དམིགས་པ་རྟགས་སུ་བཀོད་པས་ན་དེ་ལྟར་བརྗོད་པའི་ཕྱིར། ཁྱབ་བྱེད་འགལ་དམིགས་ནི། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་གཞིར་བ་མོའི་རེག་པ་རྒྱུན་ཆགས་མེད་པར་སྒྲུབ་པ་ལ་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་ལྟ་བུའོ། །དེ་ལ་ཁྱབ་བྱེད་འགལ་དམིགས་ཀྱི་གཏན་ཚིགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བ་མོའི་རེག་པའི་ཁྱབ་བྱེད་གྲང་རེག་དེ་དང་འགལ་བའི་མེ་དམིགས་པ་རྟགས་སུ་བཀོད་པས་ན་དེ་ལྟར་བརྗོད་པའི་ཕྱིར། རང་བཞིན་འགལ་དམིགས་ནི། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་གཞིར་གྲང་རེག་རྒྱུན་ཆགས་པ་མེད་པར་སྒྲུབ་པ་ལ་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་ལྟ་བུའོ། །དེ་ལ་རང་བཞིན་འགལ་དམིགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གྲང་རེག་གི་རང་བཞིན་དེ་དང་འགལ་བ་མེ་ཡིན་ལ། མེ་དེ་དམིགས་པ་རྟགས་སུ་བཀོད་པས་ན་དེ་ལྟར་བརྗོད་པའི་ཕྱིར། འགལ་འབྲས་དམིགས་པ་ནི། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་གཞིར་གྲང་རེག་སྟོབས་ཆེན་རྒྱུན་ཆགས་པ་མེད་པར་སྒྲུབ་པ་ལ་དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པ་ལྟ་བུའོ། ། དེ་ལ་འགལ་འབྲས་དམིགས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གྲང་རེག་དང་འགལ་བ་མེ་ཡིན་ལ། དེའི་འབྲས་བུ་དུ་བ་དམིགས་པ་རྟགས་སུ་བཀོད་པས་ན་དེ་ལྟར་བརྗོད་པའི་ཕྱིར། འབྲས་བུ་འགལ་དམིགས་ནི། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་གཞིར་གྲང་རྒྱུའི་ནུས་པ་ཐོགས་མེད་མེད་པར་སྒྲུབ་པ་ལ་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་ལྟ་བུའོ། །དེ་ལ་འབྲས་བུ་འགལ་དམིགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གྲང་རྒྱུའི་ནུས་པ་ཐོགས་མེད་ཀྱི་འབྲས་བུ་གྲང་རེག་དང་འགལ་བ་མེ་ཡིན་ལ། དེ་དམིགས་པ་རྟགས་སུ་བཀོད་པས་ན་དེ་ལྟར་བརྗོད་པའི་ཕྱིར། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་ནི། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་གཞིར་གྲང་འབྲས་སྤུ་ལོང་བྱེད་སྟོབས་ཆེན་རྒྱུན་ཆགས་པ་མེད་པར་སྒྲུབ་པ་ལ་དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པ་ལྟ་བུའོ། །དེ་ལ་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གྲང་འབྲས་སྤུ་ལོང་བྱེད་ཀྱི་རྒྱུ་གྲང་རེག་དེ་དང་འགལ་བ་མེའི་འབྲས་བུ་དུ་བ་དམིགས་པ་རྟགས་སུ་སྦྱར་བས་ན་དེ་ལྟར་བརྗོད་པའི་ཕྱིར་རོ། །ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་དེ་ལ་རྒྱས་པར་དབྱེ་ན་བཅུ་གཉིས་ཡོད་དེ། འགལ་བའི་རང་བཞིན་དམིགས་པ་བཞི་དང༌།འགལ་བའི་འབྲས་བུ་དམིགས་པ་བཞི་དང༌། འགལ་བའི་ཁྱབ་བྱེད་དམིགས་པ་བཞི་དང་བཅུ་གཉིས་ཡོད་པའི་ཕྱིར། དང་པོ་འགལ་བའི་རང་བཞིན་དམིགས་པ་བཞི་བཞག་ཏུ་ཡོད་དེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར་གྲང་རེག་དང་གྲང་འབྲས་སྤུ་ལོང་བྱེད་དང༌། གྲང་རྒྱུའི་ནུས་པ་ཐོགས་མེད་དང༌། བ་མོའི་རེག་པ་རྣམས་རེ་རེ་ནས་མེད་པར་སྒྲུབ་པ་ལ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་ལྟ་བུའོ། །གཉིས་པ་འགལ་བའི་འབྲས་བུ་དམིགས་པ་བཞི་བཞག་ཏུ་ཡོད་དེ། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་ཤར་གཞིར་དེ་བཞི་རེ་རེ་ནས་མེད་པར་སྒྲུབ་པ་ལ་དུ་བ་དྲག་འཕྱུར་བ་ལྟ་བུའོ། །གསུམ་པ་འགལ་བའི་ཁྱབ་བྱ་དམིགས་པ་བཞི་བཞག་ཏུ་ཡོད་དེ། ཙནྡན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་གཞིར་དེ་བཞི་རེ་རེ་ནས་མེད་པར་སྒྲུབ་པ་ལ་ཙནྡན་གྱི་མེ་སྟོབས་ཆེན་པོ་ལྟ་བུའོ། །

གཉིས་པ་ལ་མཚན་ཉིད། དབྱེ་བ་གཉིས། དང་པོ་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་སྣང་རུང་གི་རྟགས་ཡང་དག་གི་མཚན་ཉིད། དགག་བྱའི་ཆོས་དང་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་སྒོ་ནས་མི་མཐུན་པར་གནས་པའི་འགལ་ཟླ་དམིགས་པའི་སྣང་རུང་གི་ཚུལ་གསུམ་ཡིན་པ།

གཉིས་པ་དབྱེ་བ་ནི།

ངེས་པས་ལྟོས་པ་འགོག་པ་དང༌། ལྟོས་པས་ངེས་པ་འགོག་པའི་འགལ་ཟླ་དམིགས་པའི་སྣང་རུང་གི་རྟགས་ཡང་དག་གཉིས། མཚན་གཞི་ནི་རིམ་པ་བཞིན། བུམ་པ་འཇིག་པ་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་ལྟོས་པ་མེད་པར་སྒྲུབ་པ་ལ་རང་གྲུབ་ཙམ་ནས་འཇིག་ངེས་ལྟ་བུ་དང༌། གོས་དཀར་པོ་རང་གྲུབ་ཙམ་ནས་ཚོན་ཅན་དུ་མེད་པར་སྒྲུབ་པ་ལ་ཚོན་ཅན་དུ་འགྱུར་བ་ལ་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་པ་ལྟ་བུའོ། །ཡང་དགག་རྟགས་ཉེར་གཅིག་བཞག་ཚུལ་ཡོད་དེ། འབྲེལ་ཟླ་མི་དམིགས་པ་བཞི་དང༌། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་བཅུ་གཉིས་དང༌། ཕན་ཚུན་སྤངས་འགལ་ལ་བརྟེན་པ་གཉིས་དང༌། མི་སྣང་བ་མ་དམིགས་པ་གསུམ་དང༌། ཉེར་གཅིག་འདྲེན་ཚུལ་ཡོད་པའི་ཕྱིར། ཛེ་ཏཱ་རིས་འགལ་བའི་གཏན་ཚིགས་ཉེར་ལྔ་འདྲེན་ཚུལ་ཡོད་དེ། སྔ་མ་ཉེར་གཅིག་གི་སྟེང་དུ་འགལ་བའི་ཁྱབ་བྱ་དམིགས་པ་བཞི་དང་ཉེར་ལྔ་ཡོད་པའི་ཕྱིར། དེ་བཞི་འཇོག་ཚུལ་ཡོད་དེ། ཙནྡན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་གཞིར་དེ་བཞི་རེ་རེ་ནས་མེད་པར་སྒྲུབ་པ་ལ་ཤར་གྱི་རིའི་ཙནྡན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་ལྟ་བུའོ། །

ལྔ་བ་དགོས་པ་བཤད་པ།

ལྔ་བ་དགོས་པ་བཤད་པ་ནི།

སྣང་རུང་མ་དམིགས་པའི་གཏན་ཚིགས་བཤད་པ་ནི་སྤང་གཉེན་གྱི་རྣམ་བཞག་ལེགས་པར་ཤེས་པའི་ཆེད་ཡིན་པའི་ཕྱིར་རོ། །

གཉིས་པ་རྟགས་ཡང་དག་ལ་བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་བ་གཉིས། སྒྲུབ་རྟགས་ཡང་དག་དང༌། དགག་རྟགས་ཡང་དག་གཉིས། མཚན་ཉིད་ནི་རིམ་པ་ལྟར། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་སྒྲུབ་པ་ཡིན་དགོས་པའི་ཚུལ་གསུམ་ཡིན་པའི་གཏན་ཚིགས་དང༌། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་དགག་པ་ཡིན་དགོས་པའི་ཚུལ་གསུམ་ཡིན་པའི་གཏན་ཚིགས།

དང་པོ་ལ་དབྱེ་ན། འབྲས་རང་གཉིས། གཉིས་པ་ལ་དབྱེ་ན། མི་སྣང་བ་དང་སྣང་རུང་གི་རྟགས་ཡང་དག་གཉིས་སོ། །

གསུམ་པ་རྟགས་ཡང་དག་ལ་བསྒྲུབ་བྱའི་སྒོ་ནས་དབྱེ་བ་གསུམ་ཡོད་དེ། དངོས་སྟོབས་ཀྱི་རྟགས་ཡང་དག་དང༌། གྲགས་པའི་རྟགས་ཡང་དག་དང༌། ཡིད་ཆེས་ཀྱི་རྟགས་ཡང་དག་དང་གསུམ། དང་པོ་དངོས་སྟོབས་ཀྱི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་བསྒྲུབ་བྱ་དངོས་པོ་སྟོབས་ཞུགས་ཀྱི་གྲུབ་པའི་ཚུལ་གསུམ་ཡིན་པའི་གཏན་ཚིགས། མཚན་གཞི་ནི། སྒྲ་མི་རྟག་སྒྲུབ་པ་ལ་བྱས་པ་ལྟ་བུའོ། །དེ་ལ་དབྱེ་ན་རང་ཡིན་གྱི་འབྲས་རང་མ་དམིགས་པའི་རྟགས་གསུམ་ཡོད་དོ། །དངོས་སྟོབས་ཀྱི་རིགས་པ་ནི་རྟགས་དེ་ཡིན་ན་བསྒྲུབ་བྱའི་ཆོས་དེ་ཡོད་དགོས་པ་དང༌། རྟགས་དེ་ཡིན་ན་བསྒྲུབ་བྱའི་ཆོས་དེ་ཡིན་དགོས་པ་ནི་གྲགས་པ་ཙམ་མམ་འདོད་པ་ཙམ་མ་ཡིན་པར་ཀུན་རྫོབ་གནས་ཐབས་ཀྱི་དབང་དུ་བྱས་ན་རྩོད་གཞི་དེའི་རང་བཞིན་དུ་གྲུབ་པའི་རྟགས་ཞིག་དགོས་ལ། རིགས་པ་དེའི་བསྒྲུབ་བྱ་དེ་གཞལ་བྱ་ཅུང་ཟད་ལྐོག་གྱུར་ཡིན་དགོས་ལ། དེ་ནི་སྐབས་དེར་མངོན་སུམ་གྱིས་ངེས་མི་ནུས་ལ་ལུང་ལ་བརྟེན་ནས་ངེས་མི་དགོས་པར་རིགས་པ་ཙམ་གྱིས་རྟོགས་ནུས་པའི་ཆོས་དེའོ། །གཉིས་པ་གྲགས་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་བསྒྲུབ་བྱ་བརྡའི་དབང་གིས་བཞག་པའི་ཚུལ་གསུམ་ཡིན་པའི་གཏན་ཚིགས།མཚན་གཞི་ནི། རི་བོང་ཅན་ཟླ་སྒྲས་བརྗོད་རུང་ཡིན་པར་སྒྲུབ་པ་ལ་རྟོག་ཡུལ་ན་ཡོད་པ་ལྟ་བུའོ། །གྲགས་རྟགས་ནི། དངོས་སྟོབས་ཀྱི་རྟགས་ལྟ་བུ་མ་ཡིན་པར་བསྒྲུབ་གཞི་དེ་བསྒྲུབ་བྱའི་ཆོས་དེ་ཡིན་པར་བརྡ་འདོད་ཙམ་གྱིས་བཞག་པ་ཞིག་དགོས་སོ། །གསུམ་པ་ཡིད་ཆེས་ཀྱི་རྟགས་ཡང་དག་གི་མཚན་ཉིད། དབྱེ་བ་གཉིས། དང་པོ་ཡིད་ཆེས་ཀྱི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་བསྒྲུབ་བྱ་སྐབས་བབ་ཀྱི་ཕྱི་རྒོལ་གྱིས་ཡིད་ཆེས་ཀྱིས་གྲུབ་དགོས་པའི་ཚུལ་གསུམ་པའི་གཏན་ཚིགས། མཚན་གཞི་ནི། སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱི་བདེ་ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་སླུ་བར་སྒྲུབ་པ་ལ་དཔྱད་པ་གསུམ་གྱིས་དག་པའི་ལུང་ལྟ་བུའོ། །ཡིད་ཆེས་ཀྱི་རྟགས་ནི་དངོས་སྟོབས་ཀྱི་རྟགས་དང་གྲགས་རྟགས་ཙམ་མ་ཡིན་པར་གཞལ་བྱ་དཔོག་པ་པོས་ཡིད་ཆེས་ལེགས་པར་རྙེད་པའི་རྟགས་ཞིག་དགོས་སོ། །དེའི་བསྒྲུབ་བྱ་ཡང་ཤིན་ལྐོག་ཡིན་དགོས་ལ། དེ་ནི་སྐབས་དེར་མངོན་སུམ་མ་ཟད་དངོས་སྟོབས་ཀྱི་རྟགས་ལ་བརྟེན་ནས་ངེས་མི་ནུས་པར་ཡིད་ཆེས་ཀྱི་ལུང་སོགས་ལ་བརྟེན་ནས་ངེས་དགོས་སོ། །དཔྱད་པ་གསུམ་གྱིས་དག་ཚུལ་ཡོད་དེ། མཐོང་བ་མངོན་གྱུར་སྟོན་པའི་ཆ་ལ་མངོན་སུམ་ཚད་མས་གནོད་པ་མེད་པ་དང༌། མ་མཐོང་བ་ཅུང་ཟད་ལྐོག་གྱུར་སྟོན་པའི་ཆ་ལ་དངོས་སྟོབས་ཀྱིས་གནོད་པ་མེད་པ་དང༌། མ་མཐོང་བ་ཤིན་ལྐོག་སྟོན་པའི་ཆ་རྣམས་ལ་རང་ཚིག་འགལ་བ་སོགས་ཀྱིས་གནོད་པ་མེད་པ་དང་གསུམ་པོ་དེ་ཡིན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། མཐོང་དང་མ་མཐོང་དངོས་པོ་ཡི། །དོན་དེ་དག་ལ་མངོན་སུམ་དང༌། །རྗེས་སུ་དཔག་རྣམ་གཉིས་ཀྱིས་ཀྱང༌། །གནོད་མེད་འདི་ནི་མི་སླུ་བའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ཡིད་ཆེས་ཀྱི་རྟགས་ཡང་དག་ལ་དབྱེ་ན། རང་ཡིན་གྱི་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་ཡོད་དེ། ཡིད་ཆེས་ཀྱི་འབྲས་རྟགས་ནི། སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱི་བདེ་ཞེས་པའི་ལུང་རང་གི་བསྟན་བྱ་རྟོགས་པའི་བློ་སྔོན་དུ་སོང་བར་སྒྲུབ་པ་ལ་དཔྱད་པ་གསུམ་གྱིས་དག་པའི་ལུང་ལྟ་བུའོ། །ཡིད་ཆེས་ཀྱི་རང་བཞིན་གྱི་རྟགས་ནི། སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱི་བདེ་ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་སླུ་བར་སྒྲུབ་པ་ལ་དཔྱད་པ་གསུམ་གྱིས་དག་པའི་ལུང་ལྟ་བུའོ། །ཡིད་ཆེས་ཀྱི་མ་དམིགས་པའི་རྟགས་ནི། སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱི་བདེ་ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་སླུ་བ་མེད་པར་སྒྲུབ་པ་ལ་དཔྱད་པ་གསུམ་གྱིས་དག་པའི་ལུང་ལྟ་བུ་དང་གསུམ་ཡོད་པའི་ཕྱིར་རོ། །

བཞི་བ་རྟགས་ཡང་དག་ལ་སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་བ།

བཞི་བ་རྟགས་ཡང་དག་ལ་སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་བ་ལ།

དོན་སྒྲུབ་ཀྱི་རྟགས་ཡང་དག་དང༌། ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་དང་གཉིས། དང་པོ་དོན་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན་མཚན་ཉིད་ཡིན་པའི་གཞི་མཐུན་པ་ཡོད་པའི་དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་གཏན་ཚིགས། མཚན་གཞི་ནི། སྒྲ་སྐད་ཅིག་མར་སྒྲུབ་པ་ལ་བྱས་པ་ལྟ་བུའོ། །ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན་ཁྱོད་ཀྱི་མཚོན་བྱ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་གཏན་ཚིགས། སྒྲ་མི་རྟག་སྒྲུབ་པ་ལ་བྱས་པ་ལྟ་བུའོ། །དེ་གཉིས་ཀའི་མཚན་གཞི་ནི། མེ་མེད་མཚན་མོའི་རྒྱ་མཚོར་དུ་མེད་དུ་སྒྲུབ་པ་ལ་མེ་མེད་པ་ལྟ་བུའོ། །ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན་མཚོན་བྱ་ཡིན་པའི་གཞི་མཐུན་པ་ཡོད་ལ་མཚན་ཉིད་ཡིན་པའི་གཞི་མཐུན་པ་མེད་པའི་དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་གཏན་ཚིགས། དཔེར་ན། བུམ་པ་སྣང་རུང་མ་དམིགས་པའི་ས་ཕྱོགས་བུམ་པ་མེད་པར་སྒྲུབ་པ་ལ་བུམ་པ་ཡོད་ན་སྣང་དུ་རུང་བ་ལས་མ་དམིགས་པ་ལྟ་བུའོ། །དོན་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད་ཡོད་དེ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན་མཚན་ཉིད་ཡིན་པའི་གཞི་མཐུན་པ་ཡོད་ལ་མཚོན་བྱ་ཡིན་པའི་གཞི་མཐུན་པ་མེད་པའི་དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་གཏན་ཚིགས། དཔེར་ན། སྒྲ་སྐད་ཅིག་མར་སྒྲུབ་པ་ལ་བྱས་པ་ལྟ་བུའོ། །དེ་ལྟར་རྒྱུ་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གཉིས་ནི་ཐ་སྙད་དང་དོན་སྒྲུབ་གཉིས་ཀ་ཡིན་ལ། རང་བཞིན་མ་དམིགས་པའི་གཏན་ཚིགས་ནི། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་ཡིན་ཏེ། རང་འགྲེལ་ལས། རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པ་ནི་གཉིས་ཀའི་ཡང་གཏན་ཚིགས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །འདིར་དོན་སྒྲུབ་དང་ཐ་སྙད་སྒྲུབ་ཀྱི་རྟགས་ཞེས་པའི་དོན་དང་ཐ་སྙད་ནི། མཚན་ཉིད་ལ་དོན་དང་མཚོན་བྱ་ལ་ཐ་སྙད་དུ་བྱས་པ་དང༌། སྒྲ་བློ་ལུས་གསུམ་གྱི་ཐ་སྙད་ལ་ཐ་སྙད་དང༌། དེའི་ཡུལ་ལ་དོན་དུ་བྱས་པའི་བཤད་ཚུལ་གཉིས་རེ་ཡོད་དོ། །

ལྔ་བ་རྟགས་ཡང་དག་ལ་མཐུན་ཕྱོགས།

ལྔ་བ་རྟགས་ཡང་དག་ལ་མཐུན་ཕྱོགས་ལ་འཇུག་ཚུལ་གྱི་དབྱེ་ན།

མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་དང༌། མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་གཉིས། དང་པོའི་མཚན་ཉིད། དེ་སྒྲུབ་ཀྱི་མཐུན་ཕྱོགས་མཐའ་དག་ལ་འཇུག་པའི་ཚུལ་གསུམ་པའི་གཏན་ཚིགས། དཔེར་ན་སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པ་ལྟ་བུའོ། །གཉིས་པའི་མཚན་ཉིད། དེ་སྒྲུབ་ཀྱི་མཐུན་ཕྱོགས་འགའ་ཞིག་ལ་མི་འཇུག་པའི་དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་གཏན་ཚིགས། དཔེར་ན། དུང་སྒྲ་མི་རྟག་པར་སྒྲུབ་པ་ལ་རྩོལ་བྱུང་ལྟ་བུའོ། །

དྲུག་པ་རྒོལ་བའི་སྒོ་ནས་རྟགས་ཡང་དག།

དྲུག་པ་རྒོལ་བའི་སྒོ་ནས་རྟགས་ཡང་དག་ལ་དབྱེ་ན།

རང་དོན་གྱི་རྟགས་ཡང་དག་དང༌། གཞན་དོན་གྱི་རྟགས་ཡང་དག་གཉིས། དེ་གཉིས་ཀའི་མཚན་ཉིད་ཡོད་དེ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། རང་དོན་དང་གཞན་དོན་གྱི་རྟགས་ཡང་དག་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། སྔ་རྒོལ་གྱིས་ཕྱི་རྒོལ་ལ་བསྒྲུབ་བྱ་རྟོགས་པའི་ཐབས་སུ་བསྟན་པ་ལ་མ་ལྟོས་པར་ཚུལ་གསུམ་པའི་རྟགས་སུ་གྲུབ་པ་དང༌། ལྟོས་ནས་ཚུལ་གསུམ་པའི་རྟགས་སུ་གྲུབ་པའོ། །

དབྱེ་ན་རེ་རེ་ལའང་འབྲས་རང་མ་དམིགས་པ་གསུམ་གསུམ་མོ། །ཞེས་གསུངས་པའི་ཕྱིར་རོ། །སྐབས་དུ་མར་སྤྱིར་བཏང་དང་བྱེ་བྲག་སྒྲ་མི་རྟག་སྒྲུབ་ལྟ་བུའི་དབང་དུ་བྱས་པ་དང༌། སྐབས་ཀྱི་རྒོལ་བ་སོགས་ལ་སྦྱར་ཚུལ་ཤེས་དགོས་ཏེ། དེ་ལྟ་མ་ཡིན་ན་དངོས་འགལ་དུ་འགྱུར་བ་དུ་མ་ཡོད་དོ། །

གསུམ་པ་རྟགས་ཡང་དག་གི་གྲངས་ངེས།

གསུམ་པ་རྟགས་ཡང་དག་གི་གྲངས་ངེས་ལ།

དངོས་དང༌། དེ་ལ་རྩོད་པ་སྤོང་བ་དང་གཉིས། དང་པོ་རྟགས་ཡང་དག་དེ་ལ་དབྱེ་ན་སྦྱོར་བ་སོ་སོའི་དབང་དུ་བྱས་ན་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་ཏེ། རྟགས་ཆོས་ཀྱི་འབྲེལ་བ་གྲུབ་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ལ་དེ་གསུམ་ཁོ་ནར་ངེས་པའི་ཕྱིར། རྣམ་འགྲེལ་ལས། དེ་ནི་རྣམ་གསུམ་ཉིད། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་དང༌། དེའི་ཐད་ཀྱི་འགྲེལ་བཤད་རིན་ཆེན་ཕྲེང་བ་ལས། ཤེས་བྱ་ཆོས་ཅན། རྟགས་ཡང་དག་ལ་འབྲས་རང་མ་དམིགས་པ་རྣམ་པ་གསུམ་ཉིད་དུ་ངེས་ཏེ། བསྒྲུབ་བྱའི་ཆོས་དང་མེད་ན་མི་འབྱུང་བའི་རང་བཞིན་འབྲེལ་བ་གྲུབ་པའི་ཕྱོགས་ཆོས་ཅན་དེ་གསུམ་ཁོ་ན་ལ་ངེས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དེ་ལ་རྩོད་པ་སྤོང་བ་ལ། སྔ་ཕྱི་ལ་ལྟོས་པའི་རྩོད་པ་དང༌། དུས་མཉམ་ལ་རྩོད་པ་གཉིས། དང་པོ་འཆད་པར། རྣམ་འགྲེལ་ལས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཚོགས་པའི་འབྲས་བུ་ནུས་པ་རྣམས། །འགྱུར་བ་དང་འབྲེལ་འབྲས་བུ་ལ། །མ་ངེས་པ་ནི་ཉིད་ཡིན་ཏེ། །གེགས་བྱེད་པ་དག་སྲིད་ཕྱིར་རོ། །ཞེས་གསུངས་ལ། དེའི་དོན་ནི། གཞན་སྡེ་རིག་པ་ཅན་དང་བྱེ་བྲག་སོགས་ཀྱི་སྟོན་པ་ཁ་ཅིག་ན་རེ། རྣམ་འགྲེལ་ལས། གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །ཅེས་རྟགས་ཡང་དག་ལ་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་པར་བསྟན་པ་མི་འཐད་པར་ཐལ། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པའི་ཞིང་དེ། དེ་འདྲའི་ཤར་ཕྱོགས་ཀྱི་ཞིང་དེར་རང་འབྲས་མྱུ་གུ་སྐྱེ་བར་སྒྲུབ་པའི་རྟགས་ཡང་དག་གང་ཞིག དེ་གསུམ་པོ་གང་ཡང་མ་ཡིན་པའི་ཕྱིར་ཞེ་ན། ལན་ནི། རྟགས་ཡང་དག་ལ་དེ་གསུམ་དུ་མ་འདུས་པའི་སྐྱོན་མེད་པར་ཐལ། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པའི་ཞིང་དེ། དེ་འདྲའི་ཤར་ཕྱོགས་ཀྱི་ཞིང་དེར་རང་འབྲས་མྱུ་གུ་སྐྱེ་རུང་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་ཀྱང་དེ་གསུམ་དུ་མ་འདུས་པའི་སྐྱོན་མེད་པ་གང་ཞིག སྐྱེ་ངེས་སུ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཞེས་འཆད་པར། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། ཞེས་པ་ནས། དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་དང༌། རང་འགྲེལ་ལས། དེ་ལ་ནི་རྒྱུ་ཚོགས་པ་ལས་འབྲས་བུ་སྐྱེ་བར་སྲིད་པ་རྗེས་སུ་དཔོག་པ་འབའ་ཞིག་ཏུ་ཟད་དེ། ཚོགས་པ་རྣམས་ཀྱིས་འབྲས་བུ་བསྐྱེད་པར་རུང་བ་ཉིད་རྗེས་སུ་དཔོག་པའི་ཕྱིར་རོ། །རུང་བ་ཉིད་ཀྱང་ཚོགས་ཙམ་དང་འབྲེལ་བས་རང་བཞིན་དུ་འགྱུར་བ་ཁོ་ན་རྗེས་སུ་དཔོག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། དེའི་རྟགས་ཀྱིས་དེར་སྐྱེ་ངེས་སུ་སྒྲུབ་པར་བྱེད་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་མ་ངེས་པའི་ཕྱིར། ཞེས་འཆད་པར། ཚོགས་པའི་འབྲས་བུ་ནུས་པ་རྣམས། །ཞེས་པ་ནས། སྲིད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །མཐའ་དཔྱད་ཚུལ་གཞན་ལས་ཤེས་པར་བྱའོ། འདིར་མང་དོགས་ནས་མ་སྤྲོས་སོ། །

གཉིས་པ་དུས་མཉམ་ལ་བརྟེན་པའི་རྩོད་པ།

གཉིས་པ་དུས་མཉམ་ལ་བརྟེན་པའི་རྩོད་པ་འཆད་པར།

ཚོགས་པ་གཅིག་ལ་རག་ལས་པའི། །ཞེས་པ་ནས། དེ་ནི་འབྲས་བུའི་རྟགས་ལས་སྐྱེས། །ཞེས་བྱུང༌། བྱེ་རིག་གྲངས་ཅན་པ་གསུམ་ན་རེ། དེ་ནི་རྣམ་གསུམ་ཉིད། །ཅེས་རྟགས་ཡང་དག་ལ་གསུམ་དུ་གྲངས་ངེས་པར་འདོད་པ་མི་འཐད་པར་ཐལ། བུ་རོ་ད་ལྟ་བ་དེ། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་སྒྲུབ་པའི་འབྲས་རང་མ་དམིགས་པའི་རྟགས་གསུམ་པོ་གང་ཡང་མ་ཡིན་པ་གང་ཞིག དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སྒྲུབ་ཀྱི་རྟགས་ཆོས་ཀྱི་འབྲེལ་བ་མ་གྲུབ་པའི་ཕྱིར། དེར་ཐལ། བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་གང་ཡང་མ་གྲུབ་པའི་ཕྱིར། ཟུར་དང་པོ་གྲུབ་སྟེ། རོ་གཟུགས་གཉིས་རྫས་ཐ་དད་ཡིན་པའི་ཕྱིར། ཟུར་གཉིས་པ་གྲུབ་སྟེ། དུས་མཉམ་པ་ཡིན་པའི་ཕྱིར། ཐེག་མཆོག་དབུ་མའི་ཟིན་བྲིས་ཀྱི་གསུང་ཟིན་ལ་རྒྱུ་འབྲས་དུས་མཉམ་པ་ལྟ་བུར་གསུངས་པ་ལ་ཅུང་ཟད་དཔྱད་རྒྱུ་སྣང༌། རྩ་རྟགས་གཉིས་པ་མ་གྲུབ་ན། བུ་རོ་ད་ལྟ་བ་ཆོས་ཅན། ཁྱོད་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ལ་བརྟེན་ནས་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་རྟོགས་པའི་རྗེས་དཔག་སྐྱེ་བ་ཡོད་པའི་ཕྱིར་ན་མ་ཁྱབ། དེ་ལ་བརྟེན་ནས་རྒྱུ་ཆོས་རྗེས་དཔག་གི་རྗེས་དཔག་སྐྱེས་པ་ཡིན་པའི་ཕྱིར། དེར་ཐལ། ཚོགས་པ་གཅིག་ལ་རག་ལས་པའི། །གཟུགས་ལ་སོགས་པ་རོས་རྟོགས་པ། །རྒྱུ་ཆོས་རྗེས་སུ་དཔག་པ་སྟེ། །དུ་བས་བུད་ཤིང་འགྱུར་བ་བཞིན། །ནུས་པ་འཇུག་པ་མེད་པར་ནི། །རོ་མེད་དེ་ཉིད་གཞན་གྱི་རྒྱུ། །དེ་ལྟར་འདས་དུས་གཅིག་རྣམས་རྟོགས། །དེ་ནི་འབྲས་བུའི་རྟགས་ལས་སྐྱེས། །ཞེས་གསུངས་པའི་ཕྱིར་རོ། །རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ནི་སྔར་འབྲས་རྟགས་ཀྱི་སྐབས་སུ་བཤད་ཟིན་པ་ལྟར་རོ། །

གཉིས་པ་རྟགས་ལྟར་སྣང་བཤད་པ།

གཉིས་པ་རྟགས་ལྟར་སྣང་བཤད་པ་ལ།

རྣམ་འགྲེལ་ལས། གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་གསུངས་ལ། དེ་ལ་མཚན་ཉིད། དབྱེ་བ་གཉིས།

དང་པོ་སྦྱོར་བ་གང་ཡང་རུང་བའི་རྟགས་ལྟར་སྣང་གི་མཚན་ཉིད་ཡོད་དེ། སྦྱོར་བ་གང་ཡང་རུང་བའི་རྟགས་སུ་བཀོད་ཅིང་དེ་སྒྲུབ་ཀྱི་ཚུལ་གསུམ་མ་ཡིན་པའི་གཏན་ཚིགས་དེ་ཡིན་པའི་ཕྱིར། མཚན་གཞི་ནི། སྒྲ་རྟག་པར་སྒྲུབ་པ་ལ་བྱས་པ་ལྟ་བུའོ། །

གཉིས་པ་དབྱེ་ན། མ་གྲུབ་པའི་གཏན་ཚིགས་དང༌། འགལ་བའི་གཏན་ཚིགས་དང༌། མ་ངེས་པའི་གཏན་ཚིགས་དང་གསུམ། དང་པོ་མ་གྲུབ་པའི་གཏན་ཚིགས་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ་མ་གྲུབ་པའི་གཏན་ཚིགས་ཀྱི་མཚན་ཉིད། སྦྱོར་སྐོར་གང་རུང་གི་རྟགས་སུ་བཀོད་ཅིང་ཕྱོགས་ཆོས་མ་གྲུབ་པའི་གཏན་ཚིགས། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མ་གྲུབ་པའི་རྟགས་ཀྱི་མཚན་ཉིད། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་ཅིང་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པའི་གཏན་ཚིགས། མཚན་གཞི་ནི་སྒྲ་ལྟ་བུའོ། །

གཉིས་པ་དབྱེ་བ་ནི།

སྦྱོར་བ་གང་རུང་གི་དོན་ལ་ལྟོས་ནས་མ་གྲུབ་པ་དང༌། བློ་ལ་ལྟོས་ནས་མ་གྲུབ་པ་དང༌། རྒོལ་བ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་དང་གསུམ། དང་པོ་ལ། གཞི་མ་གྲུབ་པའི་དབང་གིས་མ་གྲུབ་པ་དང༌། གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པ་དང༌། ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པ་དང༌། ཐ་དད་མེད་ནས་མ་གྲུབ་པ་དང་བཞི། དང་པོ་ལ་ཆོས་ཅན་ཀྱི་ངོ་བོ་མེད་ནས་མ་གྲུབ་པ་དང༌། རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པ་གཉིས།

དང་པོ་ནི། དཔེར་ན། བྱས་པ་དེ། གང་ཟག་གི་བདག་མི་རྟག་པར་སྒྲུབ་པ་ལ་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའོ། །སྦྱོར་བ་བཀོད་ན། གང་ཟག་གི་བདག་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཏན་ཚིགས་འདི་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པ་ཡིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དུ་འགྲོ་རྒྱུ་དེ་གཞི་མ་གྲུབ་པ་དང་ཁྱོད་མ་ཡིན་པ་དང་གཉིས་ཀ་ཡིན་པའི་ཕྱིར། གཞན་ལ་རིགས་འགྲེས། དེ་ཡང་རང་ཉིད་ཡིན་ན་ཡོད་དགོས་པ་ཅན་གྱི་དངོས་པོར་གྱུར་བའི་སྒྲུབ་རྟགས་ཡང་དག་གི་ཆོས་ཅན་གཞི་མ་གྲུབ་པ་བཟུང་ན་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་གྱི། དགག་རྟགས་ལ་ཆོས་ཅན་གཞི་མ་གྲུབ་པ་བཟུང་བ་ཡོད་དེ། རྣམ་འགྲེལ་ལེའུ་བཞི་བ་ལས། དེ་ལྟར་འདོད་པའི་བསྒྲུབ་བྱ་ལ། །གནོད་པ་འགའ་ཡང་མེད་པ་ཉིད། །གཉིས་ཀ་བསྒྲུབ་བྱ་ཉིད་ཡིན་ན། །ཆོས་ཅན་ལ་ནི་གནོད་པ་གང༌། །བསྒྲུབ་པར་བྱ་བས་ཆོས་འགོག་པས། །དེས་ནི་དེ་ལ་གནོད་ཅེས་བརྗོད། །ཅེས་དང༌། དབུ་མ་སྣང་བ་ལས། གང་ལ་མི་རྟག་པ་ལ་སོགས་པ་དངོས་པོའི་ཆོས་ཡོད་པའི་ངོ་བོར་སྒྲུབ་པར་འདོད་པ་དེ་ལ་ནི་གདོན་མི་ཟ་བར་ཐ་སྙད་ཀྱི་སྒོ་ནས་དངོས་པོར་གྱུར་བའི་ཆོས་ཅན་ལ་སོགས་པ་དགོས་ཏེ། ཞེས་པ་ནས། དེ་ཉིད་ལ་དེ་ལྟ་བུའི་གཞི་མེད་ན་བསྒྲུབ་པར་བྱ་བ་བཀག་པའི་ཕྱིར་གཞི་མ་གྲུབ་པ་ཉིད་ཀྱི་ཉེས་པ་བརྗོད་པར་བྱ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་མེད་དེ། སྒྲ་ཡོད་པ་ཡིན་པའི་ཕྱིར། གཉིས་པ་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པ་ནི། དཔེར་ན། མོ་གཤམ་གྱི་བུ་དེ། སྐྱེས་བུ་འདི་ཆགས་བྲལ་དུ་སྒྲུབ་པར་བྱེད་པའི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའོ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡོད་དེ། གང་ཟག་གི་བདག་དེ་ཡིན་པའི་ཕྱིར། གཉིས་པ་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པ་ནི། དཔེར་ན། མིག་ཤེས་ཀྱི་བཟུང་བྱ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའོ། །

གསུམ་པ་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས།

གསུམ་པ་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་ལ་གཉིས།

དང་པོ་ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་ནས་མ་གྲུབ་པ་ནི། དཔེར་ན། མཚན་མོ་ལོ་མ་ཁུམས་ཏེ་ཉལ་བ་དེ། ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པར་བྱེད་པའི་ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་ནོ། །སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡོད་དེ། རྩོལ་བྱུང་དེ་ཡིན་པའི་ཕྱིར། གཉིས་པ་ནི། རྟགས་ཀྱི་ཕྱོགས་གཅིག་ལ་ཆོས་ཅན་མེད་ནས་མ་གྲུབ་པ་ནི། དཔེར་ན། རྟོག་བྲལ་མ་འཁྲུལ་བའི་རིག་པ་དེ། ཟླ་བ་གཉིས་སྣང་གི་དབང་ཤེས་མངོན་སུམ་ཡིན་པར་སྒྲུབ་པར་བྱེད་པའི་རྟགས་ཀྱི་ཕྱོགས་གཅིག་ལ་ཆོས་ཅན་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་ནོ། ། དེ་དེ་སྒྲུབ་ཀྱི་རྟགས་ཀྱི་ཕྱོགས་གཅིག་ལ་ཆོས་ཅན་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་ཏེ། ཟླ་བ་གཉིས་སྣང་གི་དབང་ཤེས་རྟོག་བྲལ་ཡིན་ཡང་མ་འཁྲུལ་བའི་རིག་པ་མ་ཡིན་པའི་ཕྱིར། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཀྱི་ཕྱོགས་གཅིག་ལ་ཆོས་ཅན་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡོད་དེ། ཆོས་ཡིན་ཡང་སྐད་ཅིག་མ་མ་ཡིན་པ་དེ་ཡིན་པའི་ཕྱིར་རོ། །

བཞི་པ་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས།

བཞི་པ་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ལ་གསུམ།

དང་པོ་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པ་ནི། དཔེར་ན། མི་རྟག་པ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའོ། ། གཉིས་པ་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ནི། དཔེར་ན། སྒྲ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་ནོ། ། གསུམ་པ་གཞི་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ནི། དཔེར་ན། བྱས་པ་དེ། སྒྲ་སྒྲ་ཡིན་པར་སྒྲུབ་པར་བྱེད་པའི་གཞི་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར་རོ། །

གཉིས་པ་བློ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས།

གཉིས་པ་བློ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ལ།

ཤེས་འདོད་མེད་ནས་མ་གྲུབ་པ་དང༌། ཐེ་ཚོམ་ཟ་ནས་མ་གྲུབ་པའི་གཏན་ཚིགས་དང་གཉིས།

དང་པོ་ནི། ནང་བ་སངས་རྒྱས་པ་ལ། འདུས་བསགས་དེ། མིག་སོགས་གཞན་དོན་ཙམ་ཞིག་བྱེད་པར་སྒྲུབ་པའི་ཤེས་འདོད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། སྒྲ་མི་རྟག་པ་རྟོགས་ཟིན་པའི་གང་ཟག་ལ་བྱས་པ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་ནོ། །

གཉིས་པ་ཐེ་ཚོམ་ཟ་ནས་མ་གྲུབ་པའི་གཏན་ཚིགས་ལ་གསུམ།

དང་པོ་ཆོས་ཅན་ཀྱི་ངོ་བོ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའི་གཏན་ཚིགས་ནི། དཔེར་ན། ཤ་ཟའི་བུམ་པ་བསྐལ་དོན་དུ་སོང་བའི་རྒོལ་བ་ལ། བྱས་པ་དེ། བསྐལ་དོན་ཤ་ཟའི་བུམ་པ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་གྱི་ངོ་བོ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། གཉིས་པ་རྟགས་ཀྱི་ངོ་བོ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའི་གཏན་ཚིགས་ནི། དཔེར་ན། མཚན་མོའི་རྒྱ་མཚོར་སྐྱ་རྫས་མཐོང་ནས་དེ་དུ་བ་ཡིན་མིན་ཐེ་ཚོམ་ཟ་བའི་རྒོལ་བ་ལ། དུ་བ་དེ། མཚན་མོའི་རྒྱ་མཚོར་མེ་ཡོད་པར་སྒྲུབ་པར་བྱེད་པའི་རྟགས་ཀྱི་ངོ་བོ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། གསུམ་པ་གཞི་རྟགས་ཀྱི་འབྲེལ་བ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའི་གཏན་ཚིགས་ནི། དཔེར་ན། རྨ་བྱའི་སྒྲ་གང་ན་གྲགས་པར་མ་ངེས་པའི་རྒོལ་བ་ལ། རྨ་བྱའི་སྐད་གྲགས་པ་དེ། རི་སུལ་གསུམ་གྱི་དབུས་མ་ན་རྨ་བྱ་ཡོད་པར་སྒྲུབ་པར་བྱེད་པའི་གཞི་རྟགས་ཀྱི་འབྲེལ་བ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའི་གཏན་ཚིགས་ཡིན་ནོ། །

གསུམ་པ་རྒོལ་བ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས།

གསུམ་པ་རྒོལ་བ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ལ་གསུམ།

དང་པོ་སྔ་རྒོལ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ནི། དཔེར་ན། སྐྱེ་འཇིག་བྱེད་པ་དེ། སྔ་རྒོལ་གྲངས་ཅན་པས་ཕྱི་རྒོལ་ནང་བ་སངས་རྒྱས་པ་ལ་བློ་བདེ་སེམས་མེད་དུ་སྒྲུབ་པར་བྱེད་པའི་སྔ་རྒོལ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའོ། །དེ་ཡིན་པའི་རྒྱུ་མཚན་ནི། སྔར་མེད་གསར་དུ་སྐྱེ་བ་དང༌། སྐད་ཅིག་གིས་འཇིག་པ་བློ་བདེའི་སྟེང་དུ་ཚད་མས་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ཕྱི་རྒོལ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ནི། དཔེར་ན། ཤུན་པ་བཤུས་ན་འཆི་བ་དེ། སྔ་རྒོལ་གཅེར་བུ་པས་སངས་རྒྱས་པ་ལ་ཤིང་སེམས་ལྡན་དུ་སྒྲུབ་པར་བྱེད་པའི་ཕྱི་རྒོལ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ཡིན་ནོ། །འདི་ཕྱི་རྒོལ་ལ་ལྟོས་ནས་མ་གྲུབ་པ་ཡིན་ཏེ། སྲོག་འགག་པ་འཆི་བའི་དོན་གང་ཞིག སངས་རྒྱས་པས་ཤིང་ལ་སྲོག་དང་རྣམ་ཤེས་འགག་པ་མ་གྲུབ་པའི་ཕྱིར། གསུམ་པ་སྔ་རྒོལ་ཕྱི་རྒོལ་གཉིས་ཀ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ནི། དཔེར་ན། བྱས་པ་དེ། སྔ་རྒོལ་ཕྱི་རྒོལ་གཉིས་ཀས་སྒྲ་བྱས་མ་བྱས་གང་དུ་མ་ངེས་པ་ལ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྒོལ་ཕྱི་རྒོལ་གཉིས་ཀ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའོ། །འདི་ལ་གཏན་ཚིགས་རིགས་པའི་དོན་བསྡུས་སུ། སྒྲ་ཆོས་ཅན། རྟག་སྟེ། མིག་ཤེས་ཀྱི་བཟུང་བྱ་ཡིན་པས་སོ། །ཞེས་གསུངས་སོ། །

དེ་ལྟར་ན་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་བརྒྱད་དང༌། བློ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་བཞི་དང༌། རྒོལ་བ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་གསུམ་དང་མ་གྲུབ་པའི་གཏན་ཚིགས་བཅོ་ལྔ་ཡིན་ནོ། །གཏན་ཚིགས་རིགས་པའི་བསྡུས་དོན་དུ་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་མ་བགྲང་བར་མ་གྲུབ་པའི་གཏན་ཚིགས་བཅུ་བཞི་གསུངས་ཏེ། དེ་ལས། གསུམ་པ་མ་གྲུབ་པའི་རྟགས་ལ། །རྒོལ་དང་ཕྱི་རྒོལ་གཉིས་ཀ་ལ། །མ་གྲུབ་པ་དང་རྣམ་པ་གསུམ། །རྟགས་དང་ཆོས་ཅན་གཞི་མ་གྲུབ། །རྟགས་དང་ཆོས་ཅན་འབྲེལ་བ་ལ། །ཐེ་ཚོམ་ཟ་བ་རྣམ་པ་གསུམ། །གཞི་ཆོས་རྟགས་ཐ་དད་མེད་གསུམ། །རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ། །མ་གྲུབ་པ་དང་ཆོས་ཅན་གྱི། །ཕྱོགས་གཅིག་ལ་ནི་རྟགས་མ་གྲུབ། །ཤེས་འདོད་མེད་དང་བཅུ་བཞིའོ། །ཞེས་གསུངས་སོ། །རི་བོང་རྭ་ཡོད་མེད་གང་དུ་མི་ཤེས་པའི་རྒོལ་ཕྱི་རྒོལ་ལ་རི་བོང་རྭ་དེ། རི་བོང་རྭ་རི་བོང་རྭར་སྒྲུབ་པར་བྱེད་པའི་མ་གྲུབ་པའི་གཏན་ཚིགས་གང་དང་གང་ཡིན་མིན་དང༌། མ་གྲུབ་པའི་གཏན་ཚིགས་བཅོ་ལྔའི་ནང་ལ་བྱས་པ་རྟགས་སུ་བཀོད་པའི་སྦྱོར་སྐོར་གང་རུང་གི་རྟགས་གང་དང་གང་ཡོད་སོགས་དཔྱད་པར་བྱའོ། །

གཉིས་པ་འགལ་རྟགས་བཤད།

གཉིས་པ་འགལ་རྟགས་བཤད་པ་ལ།

སྦྱོར་བ་གང་རུང་གི་འགལ་རྟགས་ཀྱི་མཚན་ཉིད། དབྱེ་བ་གཉིས། དང་པོ་སྦྱོར་བ་གང་རུང་གི་འགལ་རྟགས་ཀྱི་མཚན་ཉིད། སྦྱོར་བ་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང་རང་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བས་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ། སྒྲ་རྟག་པར་སྒྲུབ་པར་བྱེད་པའི་འགལ་རྟགས་ཀྱི་མཚན་ཉིད། སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་ཞིང༌།

རང་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བས་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ། མཚན་གཞི་ནི། བྱས་པ་ལྟ་བུའོ། །སྤྱིར་རྟགས་སུ་བཀོད་པ་ཐམས་ཅད་རྟགས་ཡང་དག་དང་ལྟར་སྣང་གཉིས་སུ་ངེས་ལ། མཚན་ཉིད་དེའི་ཟུར་ལ་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་ཞེས་པས་རྟགས་ཡང་དག་ཡིན་པ་བཅད་དེ། རྟགས་ཡང་དག་ཡིན་ན་ཁྱབ་པ་རྣལ་མར་ངེས་དགོས་པའི་ཕྱིར། རྟགས་ལྟར་སྣང་ལ་འགལ་མ་ངེས་མ་གྲུབ་གསུམ་དུ་ངེས་ལ། ཕྱོགས་ཆོས་ཞེས་པས་མ་གྲུབ་པའི་གཏན་ཚིགས་ཡིན་པ་བཅད་དེ། མ་གྲུབ་པའི་གཏན་ཚིགས་ཡིན་ན་ཕྱོགས་ཆོས་མ་གྲུབ་དགོས་པའི་ཕྱིར། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་ཞེས་པས་མ་ངེས་པའི་རྟགས་ཡིན་པ་སེལ་ཏེ། མ་ངེས་པའི་རྟགས་ཡིན་ན་རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱབ་པ་རྣལ་མ་དང་ཁྱབ་པ་ཕྱིན་ཅི་ལོག་གང་དུ་ཡང་མ་ངེས་པ་དགོས་པའི་ཕྱིར་རོ། །

གཉིས་པ་དབྱེ་བ་ནི།

འགལ་རྟགས་ལ་སྦྱོར་བའི་སྒོ་ནས་དབྱེ་ན། འབྲས་རང་མ་དམིགས་པའི་འགལ་རྟགས་གསུམ། མཚན་ཉིད་རིམ་བཞིན། སྦྱོར་བ་གང་རུང་གི་འགལ་རྟགས་གང་ཞིག ཁྱོད་སྦྱོར་བ་དེའི་དགག་བྱའི་ཆོས་སུ་འགྲོ་རྒྱུ་དང་དེ་བྱུང་དུ་འབྲེལ་བ། སྦྱོར་བ་གང་རུང་གི་འགལ་རྟགས་གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཡིན་ན་བདག་ཉིད་གཅིག་པས་ཁྱབ་བྱེད་ཡིན་པ།སྦྱོར་བ་གང་རུང་གི་འགལ་རྟགས་གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཡིན་ན་དགག་པ་ཡིན་པ། དཔེ་བརྗོད་ནི་རིམ་བཞིན། དུ་ལྡན་གྱི་ལ་ལ་མེ་མེད་པར་སྒྲུབ་པ་ལ་དུ་བ་ལྟ་བུ་དང༌། སྒྲ་རྟག་པར་སྒྲུབ་པ་ལ་བྱས་པ་ལྟ་བུ་དང༌། ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་ཡོད་པར་སྒྲུབ་པ་ལ་ཤིང་མེད་པ་ལྟ་བུའོ། །

འགལ་རྟགས་ལ་བརྗོད་ཚུལ་གྱི་སྒོ།

འགལ་རྟགས་ལ་བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན་བཞི་ལས།

དང་པོ་ཆོས་ཀྱི་ངོ་བོ་སྒྲུབ་པའི་འགལ་རྟགས་ཀྱི་མཚན་ཉིད། སྦྱོར་སྐོར་དེའི་ཕྱོགས་ཆོས་གྲུབ་ཅིང་རང་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་ངོ་བོ་དང་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ། དཔེར་ན་སྒྲ་རྟག་པར་སྒྲུབ་པ་ལ་བྱས་པ་ལྟ་བུའོ། །སྦྱོར་བ་གང་ཡང་རུང་བའི་འགལ་རྟགས་ཡིན་ན་ཆོས་ཀྱི་ངོ་བོ་སྒྲུབ་པའི་འགལ་རྟགས་ཡིན་པས་ཁྱབ་པ་ཡིན་ནོ། །གཉིས་པ་ཆོས་ཀྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་ཀྱི་མཚན་ཉིད། སྦྱོར་བ་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང་ཞེ་འདོད་ལ་བསྒྲུབ་བྱའི་ཆོས་ཀྱི་ངོ་བོར་བཟུང་ཞིང༌། བརྗོད་ཚུལ་ལ་བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་བཟུང་བའི་ཆོས་དང་ཁྱབ་པ་ཕྱིན་ཅི་ལོག་ཏུ་རང་ཕྱོགས་ཆོས་ཅན་དུ་སོང་བས་ངེས་པ། དཔེར་ན། མིག་སོགས་དེ་འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་དོན་བྱེད་པར་སྒྲུབ་པ་ལ་འདུས་བསགས་ལྟ་བུའོ། །གསུམ་པ་ཆོས་ཅན་གྱི་ངོ་བོ་སྒྲུབ་པའི་འགལ་རྟགས་ཀྱི་མཚན་ཉིད། སྦྱོར་བ་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང་ཞེ་འདོད་ལ་བསྒྲུབ་བྱའི་ཆོས་ཀྱི་ངོ་བོར་བཟུང་ཞིང༌། བརྗོད་ཚུལ་ལ་བསྒྲུབ་བྱའི་ཆོས་ཅན་གྱི་ངོ་བོར་བཟུང་བའི་ཆོས་དང་ཁྱབ་པ་ཕྱིན་ཅི་ལོག་ཏུ་རང་ཕྱོགས་ཆོས་ཅན་དུ་སོང་བས་ངེས་པ། དཔེར་ན་བྱེ་བྲག་པས་སངས་རྒྱས་པ་ལ་དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པ་ལ་འདུས་མ་བྱས་བཀོད་པ་ལྟ་བུའོ། །འདིའི་ཆོས་ཅན་ནམ་མཁའ་དང་ངོ་བོ་དངོས་པོ་ལ་བྱས་ནས་འདུས་མ་བྱས་དེ། ནམ་མཁའ་དངོས་པོ་སྒྲུབ་པར་བྱེད་པའི་སྤྱིར་འགལ་རྟགས་ཡིན་ལ། འོན་ཀྱང་བྱེ་བྲག་པས་ནམ་མཁའ་མ་རྟོགས་པས་བྱེ་བྲག་པ་ལ་ཕྱོགས་ཆོས་མ་ཡིན་ནམ་དཔྱད་པར་བྱའོ། །བཞི་བ་ཆོས་ཅན་གྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་ཀྱི་མཚན་ཉིད། སྦྱོར་བ་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང་ཞེ་འདོད་ལ་བསྒྲུབ་བྱའི་ཆོས་ཀྱི་ངོ་བོར་བཟུང་ཞིང༌། བརྗོད་ཚུལ་ལ་བསྒྲུབ་བྱའི་ཆོས་ཅན་གྱི་ཁྱད་པར་བཟུང་བའི་ཆོས་དང་ཁྱབ་པ་ཕྱིན་ཅི་ལོག་ཏུ་རང་ཕྱོགས་ཆོས་ཅན་དུ་སོང་བས་ངེས་པ། དཔེར་ན་མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་དེ་གཞན་དོན་བྱེད་པར་སྒྲུབ་པ་ལ་འདུས་བསགས་ལྟ་བུའོ། །དེའི་ཞེ་འདོད་ཀྱི་སྦྱོར་བ་ནི། མིག་སོགས་ཆོས་ཅན། འདུས་པ་མ་ཡིན་པའི་ཡུལ་ཅན་གྱི་དོན་བྱེད་པའམ་བདག་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །དེ་ཡང་གྲངས་ཅན་པས་ཤེས་བྱ་ཐམས་ཅད་ཉེར་ལྔར་གྲངས་ངེས་པར་འདོད་ལ། དེ་ལས་ཤེས་རིག་གི་སྐྱེས་བུ་ནི་བདག་དང༌། གཞན་རྣམས་བདག་གི་ལོངས་སྤྱད་བྱ་དང་དབང་བསྒྱུར་བྱ་ཡིན་ཞིང༌། མིག་སོགས་ཉེར་བཞི་པོ་བདག་གི་དགོས་པ་སྒྲུབ་པར་བྱེད་པས་བདག་གི་བར་འདོད་དོ། །དེ་དག་སྒྲུབ་བྱེད་ཡང་ཤེས་རིག་གི་སྐྱེས་བུ་བདག་ཏུ་སྒྲུབ་པའི་རིགས་པ་དང༌། གཞན་རྣམས་བདག་གི་བར་སྒྲུབ་པའི་རིགས་པ་གཉིས་ལས། དང་པོ་ནི། ཤེས་རིག་གི་སྐྱེས་བུ་ཆོས་ཅན། བདག་ཡིན་ཏེ། བཅིང་ཐར་གྱི་རྟེན་ཡིན་པའི་ཕྱིར་ཞེས་སོགས་རིགས་པ་ལྟར་སྣང་དུ་མས་སྒྲུབ་པར་བྱེད་དོ། །གཉིས་པ་མིག་སོགས་བདག་གི་བར་སྒྲུབ་པའི་སྦྱོར་བ་ནི། གྲངས་ཅན་པའི་སྨྲས་ཆོས་དང་ཞེ་འདོད་གཉིས་ལས། དང་པོ་ནི། མིག་སོགས་ཆོས་ཅན། གཞན་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར། དཔེར་ན་མལ་ཆ་དང་སྟན་བཞིན། ཞེས་སྨྲ་བར་བྱེད་ལ། གཉིས་པ་ཞེ་འདོད་ནི། མིག་སོགས་ཆོས་ཅན། བདག་དོན་བྱེད་དེ། འདུས་ཤིང་བསགས་པའི་ཕྱིར། ཞེས་པའོ། །རྣམ་འགྲེལ་གྱི་འགྲེལ་བཤད་རིན་ཆེན་ཕྲེང་བ་ལས། འཕངས་བའི་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་ན་བསྒྲུབ་བྱར་འདོད་དགོས་ཞེས་སྟོན་པས་སོ། །དཔེར་ན་གྲངས་ཅན་པས་མིག་སོགས་གཞན་དོན་བྱེད་དེ། འདུས་བསགས་ཡིན་པས་སོ། །ཞེས་བཀོད་པ་ན། མིག་སོགས་བདག་གི་དོན་བྱེད་པ་དེ། དངོས་སུ་མ་བརྗོད་ན་ཡང་བསྒྲུབ་པར་འདོད་པ་བཞིན། ཞེས་གསུངས་སོ། དེ་ལྟར་སྨྲས་ཆོས་ཀྱི་སྦྱོར་བ་དེ་ལ་འགོད་ཚུལ་གྱི་སྒོ་ནས་གཉིས་ཡོད་པ་སྔར་ལྟར་རོ། །འདུས་བསགས་ཀྱི་དོན་སྐད་ཅིག་གམ་རྡུལ་དུ་མ་འདུས་པ་ལ་བྱས་ན་བཏགས་གཞི་དང་ཅི་རིགས་ཀྱི་དབང་དུ་བྱས་ན་མིག་སོགས་ཞེས་པའི་སོགས་ཁོངས་ནས་ཤེས་བྱ་ཉེར་གསུམ་བཏོན་ནས་ཉེར་བཞི་ཆོས་ཅན་འཛིན་པ་ཡིན་ནོ། །དེ་ལྟར་ན་གྲངས་ཅན་པས་འདུས་བསགས་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་ལ་ཁས་བླངས་ཙམ་གྱིས་གྲུབ་པ་ཡིན་ལ། སྤྱིར་འདུས་བསགས་དེ། མིག་སོགས་བདག་དོན་བྱེད་པར་སྒྲུབ་པའི་འགལ་རྟགས་ཡིན་པའོ། །ཁ་ཅིག་ཆོས་ཀྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་ཞེས་བཤད་པ་མི་འཐད་པར་ཐལ། ཆོས་ཀྱི་ཁྱད་པར་འགོག་པའི་འགལ་རྟགས་ཞེས་བཤད་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཕྱོགས་གླང་གིས། འདི་ནི་ཆོས་ཀྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་འགལ་བ་ཡིན་ནོ། །ཞེས་དང༌། གཏན་ཚིགས་རིགས་པའི་བསྡུས་དོན་ལས། ཆོས་ཀྱི་ངོ་བོ་དང༌། ཁྱད་པར་དང༌། ཆོས་ཅན་གྱི་ངོ་བོ་དང༌། ཁྱད་པར་འགོག་པའི་འགལ་རྟགས་བཞི་སྟེ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལུང་དེ་གཉིས་ཀྱི་ཆོས་ཀྱི་ཁྱད་པར་འགོག་པ་དང་ཕྱིན་ཅི་ལོག་སྒྲུབ་པའི་རྟགས་ཡང་དག་དང༌། ཆོས་ཀྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་ཡིན་ཞེས་པའོ། །གཞན་ལ་རིགས་འགྲེས། རྟགས་འདི་དག་ཆོས་ཅན་གྱི་སྟེང་དུ་འགལ་རྟགས་སུ་སོང་བའི་རྟགས་དེའི་ཆོས་ཀྱི་ངོ་བོ་འགོག་པར་བྱེད་པ་ལ་ཁྱད་པར་མེད་མོད་ངག་གི་འགོད་ཚུལ་གྱི་དབྱེ་བ་ཐ་དད་པ་ཙམ་ཡིན་ཏེ། རྣམ་འགྲེལ་ལེའུ་བཞི་བ་ལས། དེ་ནི་ལྟོས་ནས་ཆོས་དག་དང༌། །ཆོས་ཅན་ཁྱད་པར་ཡིན་པར་བརྗོད། །མ་བརྗོད་ན་ཡང་འདོད་པ་ནི། །སྐབས་ལས་རྟོགས་པར་འགྱུར་བ་ཡིན། །དེ་དཔེར་རྗེས་འགྲོ་མེད་པ་ཡི། །སྐྱོན་ཡང་ཇི་སྐད་བདག་གཞན་ན། །དེ་མ་གྲུབ་ཅེས་བཤད་བཞིན་ཏེ། །དེར་ནི་འདོད་ལ་གནོད་བྱེད་ཡིན། །ཞེས་དང༌། རྣམ་ངེས་ལས། རྣམ་པར་བཞག་པ་ཙམ་ཐ་དད་ཙམ་ཡིན་གྱི། དོན་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ཡང་བཀའ་བཞི་བ་བསོད་ནམས་བཟང་པོས་ཚུལ་འདི་ལྟར་གསུངས་ཏེ། རྣམ་འགྲེལ་གྱི་འགྲེལ་བཤད་རིན་ཆེན་ཕྲེང་བ་ལས། བདག་དོན་བྱེད་པ་ལྟ་བུ་དེ་ནི་ངག་གི་འགོད་ཚུལ་ལ་ལྟོས་ནས་ཆོས་ཀྱི་ཁྱད་པར་དང༌། ཆོས་ཅན་གྱི་ཁྱད་པར་དུ་སློབ་དཔོན་གྱིས་བརྗོད་པ་ཡིན་ལ། དོན་ལ་འགལ་རྟགས་ཀུན་འདོད་ཡུལ་བཀག་པ་གཅིག་པུར་འདུའོ། །མིག་སོགས་ཆོས་ཅན། བདག་རྟག་པ་གཞན་དོན་བྱེད་དེ། འདུས་བསགས་ཡིན་པས་སོ། །ཞེས་གྲངས་ཅན་གྱིས་བཀོད་པ་ན་ཆོས་ཅན། བདག་དོན་བྱེད་པ་དེ་ཆོས་ཀྱི་ཁྱད་པར་བརྗོད་དེ། དེར་རློམས་ནས་ཆོས་དང་གཞི་མཐུན་དུ་བརྗོད་པས་སོ། །མིག་སོགས་ཆོས་ཅན། དེ་ཡི་ཆོས་ཀྱི་ཁྱད་པར་དང་འགལ་བར་བཞག་སྟེ། བདག་དོན་བྱེད་པ་དེ་དེ་ཡི་ཆོས་ཀྱི་ཁྱད་པར་དུ་བརྗོད་ཅིང་བཟུང་སྟེ་བདག་དོན་བྱེད་པ་སྟེ། བཀག་པའི་སྒོ་ནས་དེ་ཡི་ཚོགས་དོན་བཀག་པས་སོ། །མིག་སོགས་འདུས་པ་མ་ཡིན་པའི་དོན་ནམ་ཆེད་ཆོས་ཅན། གཞན་དོན་བྱེད་དེ། འདུས་བསགས་ཡིན་པས་སོ། །ཞེས་གྲངས་ཅན་གྱིས་བཀོད་པ་ན་ཆོས་ཅན། བདག་དོན་བྱེད་པ་དེ་ཆོས་ཅན་གྱི་ཁྱད་པར་དུ་བརྗོད་དེ། དེར་རློམས་ནས་ཆོས་ཅན་དང་གཞི་མཐུན་དུ་བརྗོད་པས་སོ། །དེས་ན་འདུས་བསགས་ཆོས་ཅན། མིག་སོགས་བདག་རྟག་པའི་དོན་གཞན་དོན་བྱེད་པར་སྒྲུབ་པའི་ཆོས་ཅན་གྱི་ཁྱད་པར་དང་འགལ་བར་བཞག་སྟེ། དེ་དེ་ཡི་ཆོས་ཅན་གྱི་ཁྱད་པར་དུ་བརྗོད་ཅིང་བཟུང་སྟེ་བཀག་པའི་སྒོ་ནས་དེ་ཡི་ཚོགས་དོན་བཀག་པས་སོ། །དངོས་སུ་མ་སྨྲས་ན་བསྒྲུབ་བྱར་ཇི་ལྟར་ཤེས་ཅེ་ན། གྲངས་ཅན་ཆོས་ཅན། མིག་སོགས་བདག་དོན་བྱེད་པ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱར་དངོས་སུ་མ་བརྗོད་ཀྱང་དེ་ཡི་བསྒྲུབ་བྱར་འདོད་པར་ཐལ། ཁྱོད་སངས་རྒྱས་པ་དང་བདག་ཡོད་མེད་རྩོད་པའི་སྐབས་སུ་དེ་ཁོ་ན་དེ་ཡི་འདོད་ཡུལ་གྱི་བསྒྲུབ་བྱར་བྱས་ནས་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་རང་རྒྱུད་ཀྱི་སྦྱོར་ངག་མ་འཆོལ་བར་སྨྲས་པས་སོ། །བདག་དོན་བྱེད་པ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་སྐྱོན་ཅིར་འགྱུར་ཞེ་ན། འདུས་བསགས་ཆོས་ཅན། མིག་སོགས་བདག་དོན་བྱེད་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། བདག་དོན་བྱེད་པ་དེ་དེ་སྒྲུབ་གྱི་མཐུན་ཡུལ་གྱི་བསྒྲུབ་བྱ་དངོས་ཡིན་ཞིང༌། དཔེར་བཟུང་བའི་མལ་ཆ་དང་སྟན་ལ་སོགས་པ་ལ་རྗེས་འགྲོ་མི་བྱེད་པའི་ཕྱིར། ཞེས་སོགས་གསུངས་སོ། །

གསུམ་པ་མ་ངེས་པའི་གཏན་ཚིགས།

གསུམ་པ་མ་ངེས་པའི་གཏན་ཚིགས་བཤད་པ་ལ།

མཚན་ཉིད་དང༌།དབྱེ་བ་གཉིས། དང་པོ་སྦྱོར་བ་གང་རུང་གི་མ་ངེས་པའི་རྟགས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང༌། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་ཁྱབ་པ་རྣལ་མ་ཡང་མ་ངེས་ཕྱིན་ཅི་ལོག་ཏུ་མ་ངེས་པ། མཚན་གཞི་ནི་སྒྲ་རྟག་པར་སྒྲུབ་པར་བྱེད་པ་ལ་གཞལ་བྱ་ལྟ་བུའོ། །མཚན་ཉིད་དེའི་ཟུར་ལ་ཕྱོགས་ཆོས་ཞེས་པས་མ་གྲུབ་པའི་གཏན་ཚིགས་སེལ་ལ། ཁྱབ་པ་རྣལ་མ་ཡང་མ་ངེས་ཞེས་པས་རྟགས་ཡང་དག་ཡིན་པ་སེལ། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་ཁྱབ་པ་ཕྱིན་ཅི་ལོག་ཏུ་མ་ངེས་པ་ཞེས་པས་འགལ་རྟགས་སེལ་ཏེ། འགལ་རྟགས་ཡིན་ན་རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་དགོས་པའི་ཕྱིར་རོ། །

གཉིས་པ་དབྱེ་བ་ལ།

ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་དང༌། ཐུན་མོང་གི་མ་ངེས་པའི་གཏན་ཚིགས་གཉིས་སོ། །དང་པོ་ལ་མཚན་ཉིད། དབྱེ་བ། ཐུན་མོང་མ་ཡིན་པའི་དོན་བཤད་པ་དང་གསུམ། དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་ཀྱི་མཚན་ཉིད། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་མ་ངེས་མི་མཐུན་ཕྱོགས་ལ་ཡོད་པར་མ་ངེས་པའི་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་མཐུན་ཕྱོགས་ལ་ཡོད་པར་མ་ངེས་མི་མཐུན་ཕྱོགས་ལ་ཡོད་པར་མ་ངེས་ཞེས་པས་ཐུན་མོང་གི་མ་ངེས་པའི་གཏན་ཚིགས་སེལ་ཏེ། ཐུན་མོང་གི་མ་ངེས་པའི་གཏན་ཚིགས་ཡིན་ན་མཐུན་ཕྱོགས་མི་མཐུན་ཕྱོགས་གང་རུང་ལ་ཡོད་པར་ངེས་པ་ཞིག་དགོས་པའི་ཕྱིར། མ་ངེས་པ་ཞེས་པས་རྟགས་ཡང་དག་དང་མ་གྲུབ་པ་དང་འགལ་རྟགས་རྣམས་སེལ་ཏེ། དེ་རྣམས་གང་རུང་ཡིན་ན་མ་ངེས་པའི་གཏན་ཚིགས་མ་ཡིན་དགོས་པའི་ཕྱིར། གཉིས་པ་དབྱེ་ན། གཏན་ཚིགས་རིགས་པའི་དོན་བསྡུས་ལས། དབྱེ་ན། དང་པོ་ལ་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང༌། མེད་ནས་མ་མཐོང༌། མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང༌། མེད་ནས་མ་མཐོང་བ་བཞི་སྟེ། རིམ་པ་བཞིན་དཔེར་ན་སྒྲ་མི་རྟག་སྟེ་མཉན་བྱ་ཡིན་པས་སོ། །རྟག་སྟེ། མཉན་བྱ་ཡིན་པས་སོ། །གསོན་ལུས་ཆོས་ཅན། བདག་ཡོད་དེ། སྲོག་ཡོད་པས་སོ། །བདག་མེད་དེ། སྲོག་ཡོད་པས་སོ། །ཞེས་པ་ལྟ་བུའོ། །ཞེས་གསུངས་སོ། །ཕྱི་མ་འདི་གཉིས་རྒོལ་བ་ཕྱི་རོལ་བ་འགའ་ཞིག་གི་དབང་དུ་བྱས་པའོ། །སྐབས་འདིའི་མཐོང་མ་མཐོང་ཞེས་པ་སྣང་མ་སྣང་གི་དོན་མ་ཡིན་པར་ངེས་མ་ངེས་ལ་གོ་དགོས་སོ། །དེ་ལྟ་མ་ཡིན་ན། དེ་ཕྱིར་དངོས་པོ་མཐོང་བ་ཡི། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་གསུངས་པ་སོགས་ཀྱིས་གནོད་དོ། །མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པར་གསུངས་པ་རྒོལ་བ་དབང་རྟུལ་གྱི་ངོར་ཡིན་ཏེ། རིན་ཆེན་འབྱུང་གནས་ཞི་བའི་ནང་གི་ཁྱབ་པ་ལས། ཐུན་མོང་མ་ཡིན་གཏན་ཚིགས་ཀྱི། །ཉེས་པ་རྨོངས་ལ་ལྟོས་པ་ཡིན། །ཞེས་དང༌། དེའི་ཕྱིར་དཔེ་ལ་ཆགས་རྣམས་ལ། །བུམ་པའི་དཔེ་ནི་བསྟན་པ་མཛད། །དེ་མི་དགོས་ལ་དོན་མེད་ཡིན། །ནང་གི་ཁྱབ་པ་བློ་ལྡན་ལའོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ཐུན་མོང་མ་ཡིན་པའི་དོན་ནི། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་རྩོད་གཞི་དང༌། མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀྱི་ནང་ནས་རྩོད་གཞི་ལ་ཡོད་པར་ངེས་ཀྱི། མཐུན་ཕྱོགས་ལ་ཡོད་པར་མ་ངེས་མི་མཐུན་ཕྱོགས་ལ་ཡོད་པར་མ་ངེས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་རྟགས་ཡིན་པའི་དོན་ཡིན་ནོ། །

གཉིས་པ་ཐུན་མོང་གི་མ་ངེས་པའི་གཏན་ཚིགས།

གཉིས་པ་ཐུན་མོང་གི་མ་ངེས་པའི་གཏན་ཚིགས་བཤད་པ་ལ།

མཚན་ཉིད། དབྱེ་བ་གཉིས། དང་པོ་ཐུན་མོང་གི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ངེས་པ་དང་མི་མཐུན་ཕྱོགས་ལ་ཡོད་པར་ངེས་པ་གང་རུང་ཡིན་པའི་མ་ངེས་པའི་གཏན་ཚིགས། སེལ་བྱ་སྦྱར་ཚུལ་སྔ་མ་དག་གིས་ཤེས་པར་བྱའོ། །

གཉིས་པ་དབྱེ་བ་ནི།

དེ་སྒྲུབ་ཀྱི་ཐུན་མོང་གི་དངོས་ཀྱི་མ་ངེས་པ་དང༌། དེ་སྒྲུབ་ཀྱི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་གཉིས། དང་པོ་ལ་མཚན་ཉིད། དབྱེ་བ་གཉིས། དང་པོ་དེ་སྒྲུབ་ཀྱི་ཐུན་མོང་གི་དངོས་ཀྱི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད། མ་ངེས་པའི་གཏན་ཚིགས་གང་ཞིག རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་མཐུན་ཕྱོགས་ལ་ཡོད་པར་ངེས་མི་མཐུན་ཕྱོགས་ལ་ཡོད་པར་ངེས་པ། གཉིས་པ་དབྱེ་བ་ལ་བཞི། དང་པོ་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པ་ནི། དཔེར་ན། སྒྲ་རྟག་པར་སྒྲུབ་པར་བྱེད་པ་ལ་རི་བོང་རྭ་མ་ཡིན་པ་ལྟ་བུའོ། །གཉིས་པ་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཆ་གཉིས་སུ་འཇུག་པ་ནི། དཔེར་ན། སྒྲ་རྟག་པར་སྒྲུབ་པར་བྱེད་པ་ལ་མཚོན་བྱ་ལྟ་བུའོ། །གསུམ་པ་མཐུན་ཕྱོགས་ལ་ཁྱབ་བྱེད་མི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པ་ནི། དཔེར་ན། དུང་སྒྲ་རྩོལ་བ་ལས་བྱུང་བར་སྒྲུབ་པར་བྱེད་པ་ལ་མི་རྟག་པ་ལྟ་བུའོ། །བཞི་བ་མི་མཐུན་ཕྱོགས་ལ་ཁྱབ་བྱེད་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པ་ནི། དཔེར་ན། དུང་སྒྲ་རྩོལ་བ་ལས་མ་བྱུང་པར་སྒྲུབ་པར་བྱེད་པ་ལ་མི་རྟག་པ་ལྟ་བུའོ། །

གཉིས་པ་ལྷག་ལྡན་གྱི་མ་ངེས་པ།

གཉིས་པ་ལྷག་ལྡན་གྱི་མ་ངེས་པ་ལ།

མཚན་ཉིད། དབྱེ་བ་གཉིས། དང་པོ་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་རུང་ལ་འཇུག་པར་ངེས་ནས་གང་རུང་ལས་ལྡོག་མི་ལྡོག་ཐེ་ཚོམ་ཟ་བའི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས། མཚན་ཉིད་དེ་ལྟར་འཐད་དེ། རྣམ་འགྲེལ་ལས། གང་ཞིག་མ་མཐོང་བ་ཙམ་གྱི། །ལྡོག་པ་རབ་ཏུ་སྟོན་བྱེད་པ། །དེ་ནི་ཐེ་ཚོམ་རྒྱུ་ཡིན་ཕྱིར། །དེ་ལ་ལྷག་མ་ལྡན་ཞེས་བརྗོད། །ཅེས་དང༌། དེའི་ཐད་ཀྱི་འགྲེལ་བཤད་རིན་ཆེན་ཕྲེང་བ་ལས། ལྷག་ལྡན་གྱི་དོན་ཅི་ཞེ་ན། །སྨྲ་སོགས་ཀྱི་རྟགས་ག༵ང་ཞི༵ག་ཆོས་ཅན། སྨྲ་བ་པོ་ཕ་རོལ་པོ་ཆགས་ཅན་དུ་སྒྲུབ་པ་དེ༵་ལ༵་ལྷ༵ག་མ༵་དང་ལྡ༵ན་པ་ཞེ༵ས་བརྗོ༵ད་དེ། དེ་ཡི་ཕྱོགས་ཆོས་གང་ཞིགདེ་ཡི་མཐུན་ཕྱོགས་འགའ་ལ་ཡོད་ཀྱང་དེ༵་ཡི་མི་མཐུན་ཕྱོགས་ལ་ཐེ༵་ཚོ༵མ་གྱི་རྒྱུ༵་སྟེ་འཇུག་སྲིད་པའི་རྟགས་ཡི༵ན་པའི་ཕྱི༵ར། དེ་ཡི་མི་མཐུན་ཕྱོགས་ལ་འཇུག་སྲིད་པར་ཐལ། ཆོས་ལ་འབྲེལ་བ་མེད་པར་དེ་ཡི་མི་མཐུན་ཕྱོགས་འགའ་ལ་མ༵་མཐོ༵ང་བ༵་ཙ༵མ་གྱི༵ས་དེ་ཡི་མི་མཐུན་ཕྱོགས་ལས་ལྡོ༵ག་པ༵ར་མུ་སྟེགས་སོགས་ཀྱིས་ར༵བ་ཏུ༵་སྟོ༵ན་པར་བྱེ༵ད་པ༵་ཙམ་དེ་ཡིན་པས་སོ། །ཞེས་གསུངས་སོ། །གཉིས་པ་དབྱེ་བ་ལ། དེ་སྒྲུབ་ཀྱི་ཡང་དག་ལྷག་ལྡན་དང༌། དེ་སྒྲུབ་ཀྱི་འགལ་བ་ལྷག་ལྡན་གྱི་གཏན་ཚིགས་གཉིས། དང་པོ་དེ་སྒྲུབ་ཀྱི་ཡང་དག་ལྷག་ལྡན་གྱི་མཚན་ཉིད། རང་ཕྱོགས་ཆོས་སུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འཇུག་པར་ངེས་ཤིང་མི་མཐུན་ཕྱོགས་ལས་ལྡོག་མི་ལྡོག་ལ་ཐེ་ཚོམ་ཟ་བའི་ལྷག་ལྡན་གྱི་གཏན་ཚིགས། མཚན་གཞི་ནི། འདོད་ཆགས་དང་བྲལ་བ་བསྐལ་དོན་སོང་བའི་རྒོལ་བའི་ངོར། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་བོ་འདི་འདོད་ཆགས་དང་བཅས་པར་སྒྲུབ་པ་ལ་ངག་སྨྲ་བ་ལྟ་བུའོ། །གཉིས་པ་འགལ་བ་ལྷག་ལྡན་གྱི་གཏན་ཚིགས་ཀྱི་མཚན་ཉིད། རང་ཕྱོགས་ཆོས་སུ་སོང་བའི་རྒོལ་བས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ངེས་ཤིང་མཐུན་ཕྱོགས་ལས་ལྡོག་མི་ལྡོག་ཐེ་ཚོམ་ཟ་བའི་ལྷག་ལྡན་གྱི་གཏན་ཚིགས། མཚན་གཞི་ནི། འདོད་ཆགས་དང་བྲལ་བ་བསྐལ་དོན་སོང་བའི་རྒོལ་བའི་ངོར། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་བོ་འདི་འདོད་ཆགས་དང་བྲལ་བར་སྒྲུབ་པ་ལ་ངག་སྨྲ་བ་ལྟ་བུའོ། །ཡང་ཁ་ཅིག་གིས་དེ་ལྟར་བཤད་པ་མི་འཐད་པར་ཐལ། ལྷག་ལྡན་གྱི་གཏན་ཚིགས་དང་མ་ངེས་པའི་གཏན་ཚིགས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཤཱཀྱ་བློའི་འགྲེལ་བཤད་ལས། མཚན་ཉིད་བསྟན་པའི་ཕྱིར་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷག་མ་དང་ལྡན་པ་ཞེས་བྱ་བའི་སྒྲ་འདི་ནི་མ་ངེས་པའི་རྣམ་གྲངས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། འོ་ན་གཞལ་བྱ་ཆོས་ཅན། རང་ཕྱོགས་ཆོས་སུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་ཁྱབ་འབྲེལ་ལ་ཐེ་ཚོམ་སྐྱེད་བྱེད་ཀྱི་རྒྱུ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། དེ་ནི་ཐེ་ཚོམ་རྒྱུ་ཡིན་ཕྱིར། །དེ་ལ་ལྷག་མ་ལྡན་ཞེས་བརྗོད། །ཅེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་པ་ཁས། ཡང་ཁ་ཅིག་གིས། གཞལ་བྱ་ཆོས་ཅན། རྟགས་ལྟར་སྣང་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་རྟགས་ལྟར་སྣང་ཡིན་པའི་ཕྱིར་ན་མ་ཁྱབ། སྦྱོར་བ་གང་ཡང་རུང་བའི་རྟགས་ལྟར་སྣང་ཡིན་ན་རྟགས་ལྟར་སྣང་ཡིན་མི་དགོས་ལ། སྦྱོར་བ་གང་ཡང་རུང་བའི་རྟགས་ཡང་དག་ཡིན་ན་རྟགས་ཡང་དག་ཡིན་དགོས་པ་ནི། གཙོ་ཆེ་ཆུང་དང་གསུང་རབ་ཀྱི་བརྡ་ཆད་ཀྱི་དབང་གིས་ཡིན་ནོ། །དེས་ན་གོང་གི་འགལ་མ་ངེས་མ་གྲུབ་ཀྱི་གཏན་ཚིགས་ཀྱི་མཚན་ཉིད་བཤད་པ་སོགས་དོན་ལ་སྒྲ་རྟག་སྒྲུབ་དང་སྒྲ་མི་རྟག་སྒྲུབ་ལྟ་བུའི་གཞི་ལ་སྦྱར་དགོས་སོ། །གོང་དུ་དེ་དག་གི་མཚན་ཉིད་སོགས་བཤད་པ་ལྟར་མ་བཤད་ན་རྟོག་གེའི་ཐ་སྙད་དམ་རྟོག་གེའི་སྐད་ཀྱིས་གནོད་པས་ན་དེ་ལྟར་བཤད་པ་ཡིན་ནོ། །དེ་ལྟར་རྟགས་སུ་བཀོད་པ་ཐམས་ཅད་རྟགས་ཡང་དག་དང་འགལ་མ་ངེས་མ་གྲུབ་པའི་གཏན་ཚིགས་སུ་ཐམས་ཅད་འདུས་པ་ཡིན་ཏེ། སྤྱྀར་གཏན་ཚིགས་སུ་བཀོད་པ་ལ་ཕྱོགས་ཆོས་གྲུབ་པ་དང་མ་གྲུབ་པ་གཉིས་སུ་ངེས་ལ། གྲུབ་པ་ལ་ཁྱབ་པ་རྣལ་མ་ངེས་པ་དང་མ་ངེས་པ་གཉིས་སུ་ངེས་ལ། མ་ངེས་པ་ལ་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་དང་མ་ངེས་པ་གཉིས་སུ་ངེས་པ་ཡིན་པའོ། །

རྩ་བའི་ས་བཅད་གཉིས་པ་གཞན་དོན་རྗེས་དཔག་བཤད་པ།

རྩ་བའི་ས་བཅད་གཉིས་པ་གཞན་དོན་རྗེས་དཔག་བཤད་པ་ལ།

གཞན་དོན་རྗེས་དཔག་དངོས་དང༌། དེའི་ཤུགས་བསྟན་བསྒྲུབ་བྱ་བཤད་པ་དང་གཉིས།

དང་པོ་ལ་མཚན་ཉིད། དབྱེ་བ། སྒྲ་བཤད་པ་དང་གསུམ། དང་པོ་ནི། ཚད་མ་མདོ་ལས། རང་གི་མཐོང་དོན་རབ་གསལ་བྱེད། །ཅེས་པས་གཞན་དོན་རྗེས་དཔག་གི་མཚན་ཉིད་བསྟན་ལ། དེ་ཡང་རང་གི་མཐོང་དོན་རབ་གསལ་བྱེད་ཅེས་པས་ཚིག་གསུམ་གྱིས་རིམ་བཞིན་བློ་སྐྱོན་དང་དོན་སྐྱོན་དང༌། སྒྲ་སྐྱོན་གསུམ་སེལ་བར་བྱེད་ལ། །དོན་ལ་ཚུལ་གསུམ་གྲུབ་ཀྱང་སྐབས་ཀྱི་གང་ཟག་གིས་མ་གྲུབ་ན་སྒྲུབ་ངག་ཡང་དག་ཏུ་མི་འགྱུར་བས་ན། རང་གིས་ཞེས་གསུངས་ལ། དོན་ལ་ཚུལ་གསུམ་མ་གྲུབ་ན་འདོད་པ་ཙམ་གྱིས་རྟགས་ཡང་དག་ཏུ་མི་འགྱུར་བས་དེ་བརྗོད་པའི་སྒྲུབ་ངག་ཀྱང་ཡང་དག་ཡིན་པ་བསལ་བའི་ཕྱིར། དོན་ཞེས་གསུངས་ལ། ཚུལ་གསུམ་དོན་ལ་གྲུབ་ཅིང༌། གྲུབ་པ་ལྟར་རང་གིས་ངེས་ཀྱང༌། གཞན་ལ་སྟོན་པ་ན། སྒྲ་ནི་མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན། བུམ་པ་བྱས་པ་བཞིན་དུ་སྒྲ་ཡང་བྱས། དེའི་ཕྱིར་སྒྲ་མི་རྟག་ཅེས་པ་ལྟ་བུ། སྒྲུབ་ངག་ལྷག་ཆད་ཅན་དུ་སྨྲ་བ་བསལ་བའི་ཕྱིར། གསལ་བྱེད་ཅེས་གསུངས་སོ། །ཅིའི་ཕྱིར་སྒྲུབ་ངག་ཡན་ལག་ལྔ་ལྡན་འདི་ལྷག་ཆད་ཀྱི་སྐྱོན་དང་བཅས་ཞེ་ན། ཁྱབ་པ་བརྗོད་པ་ཆད་པ་དང་དམ་བཅའ་ཉེར་གཏོད་དང་འཇུག་སྡུད་གསུམ་བརྗོད་པ་ལྷག་པ་ཡིན་ཏེ། དཔེ་སྨོས་ཀྱང་དེ་ལ་རྟགས་ཆོས་ཀྱི་འབྲེལ་བ་མ་བསྟན་པས་ཁྱབ་པ་བརྗོད་པ་མ་ཚང་ལ། བསྒྲུབ་བྱ་སྐབས་ཀྱི་རྒོལ་བས་མ་གྲུབ་པས་དེ་བརྗོད་པས་དེས་དེ་རྟོགས་མི་ནུས་པའི་ཕྱིར་ཏེ། རྣམ་འགྲེལ་ལས། བསྒྲུབ་པར་བྱ་བ་བརྗོད་པ་ཡི། །བརྒྱུད་པ་ཡིས་ཀྱང་ནུས་པ་མེད། །ཅེས་གསུངས་སོ། །ཉེར་སྦྱོར་ཕྱོགས་ཆོས་བརྗོད་པ་དང་ཟློས་ཤིང༌། འཇུག་སྡུད་དམ་བཅའ་བརྗོད་པ་དང་ཟློས་པའོ། །དེའི་ཕྱིར་སྒྲུབ་ངག་ཡན་ལག་ལྔ་ལྡན་ལ་སྐྱོན་དང་བཅས་པའོ། །གཞན་དོན་རྗེས་དཔག་ནི་ཚིག་གི་སྐྱོན་དང་བྲལ་དགོས་ཏེ། རྣམ་ངེས་ལས། གཞན་གྱི་དོན་གྱི་རྗེས་སུ་དཔག་པར་ཚིག་གི་སྐྱོན་ཡོན་གཙོ་བོར་བྱེད་པ་ཡིན་གྱི་དོན་གྱི་ནི་མ་ཡིན་ཏེ། དོན་ཅི་ལྟ་བ་མ་ཡིན་པར་བརྗོད་པའི་སྨྲ་བ་པོ་ལ་ཀླན་ཀར་འགྱུར་བའི་ཕྱིར། ཞེས་གསུངས་སོ། །སྒྲུབ་ངག་འཆད་པའི་སྐབས་ཡན་ལག་ལྔ་ལྡན་བཤད་ཀྱང་འགོད་པའི་ཚེ་གཉིས་ལྡན་འགོད་དགོས་སོ། །ཐེག་མཆོག་དབུ་མ་ལྟར་ན་དཔྱད་རྒྱུ་ཅུང་ཟད་ཡོད་དོ། །དེས་ན། གཞན་དོན་རྗེས་དཔག་སམ་སྒྲུབ་ངག་ཡང་དག་གི་མཚན་ཉིད། རང་གིས་ངེས་པའི་ཚུལ་གསུམ་ལྷག་ཆད་དང་བྲལ་བར་གསལ་བར་སྟོན་པའི་ངག་ཡན་ལག་གཉིས་ལྡན་དེའོ། །

གཉིས་པ་དབྱེ་བ་ནི།

ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་དང༌། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གཉིས། དང་པོའི་མཚན་ཉིད། རྟགས་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་དངོས་སུ་སྟོན་པའི་ཡན་ལག་གཉིས་ལྡན་གྱི་སྒྲུབ་ངག་ཡང་དག དཔེར་ན། གང་བྱས་ན་མི་རྟག་པ་ཡིན་པས་ཁྱབ།

དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་པའི་ངག་ལྟ་བུའོ། །དེ་སྐད་དུ། རིགས་སྒོ་ལས། དེ་ལ་ཆོས་མཐུན་པ་ནི་གང་ལ་རྟགས་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་སྟོན་པར་བྱེད་པ་སྟེ། གང་བྱས་པ་དེ་མི་རྟག་པར་མཐོང་སྟེ། དཔེར་ན་བུམ་པ་ལ་སོགས་པ་བཞིན་ཞེས་པའོ། །ཞེས་གསུངས་སོ། །གཉིས་པ་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གི་མཚན་ཉིད། རྟགས་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ན་ལ་དངོས་སུ་སྟོན་པའི་ཡན་ལག་གཉིས་ལྡན་གྱི་སྒྲུབ་ངག་ཡང་དག དཔེར་ན། གང་རྟག་ན་མ་བྱས་པ་ཡིན་པས་ཁྱབ། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན། སྒྲ་ནི་བྱས་སོ། །ཞེས་པའི་ངག་ལྟ་བུའོ། །དེ་སྐད་དུ། རིགས་སྒོ་ལས། ཆོས་མི་མཐུན་པ་ཡང་གང་ལ་བསྒྲུབ་པར་བྱ་བ་མེད་པ་རྟགས་མེད་པ་ཉིད་དུ་སྟོན་པ་སྟེ། གང་རྟག་པ་དེ་བྱས་པ་མིན་པར་མཐོང་སྟེ། དཔེར་ན་ནམ་མཁའ་བཞིན་ཞེས་པའོ། །ཞེས་གསུངས་སོ། །དེ་གཉིས་གང་རུང་བསྟན་ན་རྗེས་སུ་འགྲོ་ལྡོག་གང་རུང་དངོས་སུ་རྟོགས་ནས་གང་རུང་ཤུགས་ལ་རྟོགས་པ་ཡིན་ཏེ། རྣམ་འགྲེལ་ལས། དེ་ཉིད་ཀྱིས་ཕྱིར་འབྲེལ་ཤེས་ན། །གཉིས་ལས་གང་ཡང་རུང་སྨྲས་པས། །དོན་གྱི་གོ་བས་གཅིག་ཤོས་ལ། །དྲན་པ་ཡང་དག་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་སྒྲ་བཤད་པ་ནི།

སྔ་རྒོལ་ལས་གཞན་ཕྱི་རྒོལ་གྱི་དོན་ཡིན་པས་ན་གཞན་དོན་དང༌། རྗེས་དཔག་གི་རྒྱུ་ཡིན་པས་ན་རྗེས་དཔག་ཏུ་བཏགས་པའོ། །དེ་ནི་རྗེས་དཔག་དངོས་ནི་མ་ཡིན་ཏེ། ཚིག་གི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་རྗེས་དཔག་ཅེས་བཏགས་པ་ལ་དགོས་པ་ཡོད་དེ། ངག་དེ་ལ་བརྟེན་ནས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བ་ཤེས་པའི་ཆེད་ཡིན་པའི་ཕྱིར། སྒྲུབ་ངག་འགོད་པའི་དུས་དང༌། སྒྲུབ་ངག་ཡང་དག་ཏུ་སོང་བའི་དུས་དང༌། སྒྲུབ་ངག་གཉིས་ལས་གང་རུང་ལས་གཉིས་ཀ་འགོད་དགོས་པའི་རྒོལ་བ་ཡོད་མེད་དང༌། སྒྲུབ་ངག་ཡང་དག་ལ་ཡན་ལག་གཅིག་ལྡན་མེད་པ་དང༌། སྒྲུབ་ངག་གི་ཚིག་ཟུར་སོ་སོས་ཚུལ་གསུམ་སོ་སོར་བསྟན་ཚུལ་སོགས་གཞན་ལས་ཤེས་པར་བྱའོ། །འདིར་མང་དོགས་ནས་མ་སྤྲོས་སོ། །ཞར་བྱུང་དུ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། རྒོལ་བ་སྟེ་དེ་ཡི་མཚན་ཉིད། གྲུབ་མཐའ་ལ་རྩོད་པར་བྱེད་པའི་གང་ཟག དེ་ལ་དབྱེ་ན། སྔ་རྒོལ་ཕྱི་རྒོལ་དཔང་པོ་དང་གསུམ་མོ། །མཚན་ཉིད་རིམ་པ་ལྟར། ཕྱོགས་སྔ་མ་ཁས་ལེན་པའི་གང་ཟག་དང༌། ཕྱོགས་ཕྱི་མ་ཁས་ལེན་པའི་གང་ཟག་དང༌། རྒོལ་ཕྱི་རྒོལ་གྱི་རྒྱལ་འཕམ་ཤན་འབྱེད་པར་ཁས་ལེན་པའི་གང་ཟག་གོ །དང་པོ་ལ་སྔ་རྒོལ་ཡང་དག་དང༌། ལྟར་སྣང་གཉིས་ཏེ། མཚན་ཉིད་རིམ་པ་ལྟར། ཕྱོགས་སྔ་མ་བཞག་པས་རྩོད་ཟླ་ཕྱི་རྒོལ་གྱི་སྤོབས་པ་འཇོམས་ནུས་ཀྱི་གང་ཟག་དང༌། དེ་མི་ནུས་པའི་གང་ཟག་གོ །གཉིས་པ་ཕྱི་རྒོལ་ཡང་དག་དང་ལྟར་སྣང་གཉིས་ཏེ། མཚན་ཉིད་རིམ་པ་ལྟར། ཕྱོགས་ཕྱི་མ་ཁས་བླངས་ཏེ་སུན་འབྱིན་ཡང་དག་བརྗོད་པས་སྔ་རྒོལ་གྱི་སྤོབས་པ་འཇོམས་ནུས་ཀྱི་གང་ཟག་དང༌། ཕྱོགས་ཕྱི་མ་ཁས་ལེན་ཞིང་སྔ་རྒོལ་གྱི་སྤོབས་པ་འཇོམས་མི་ནུས་པའི་གང་ཟག་གོ །གསུམ་པ་དཔང་པོ་ཡང་དག་དང་ལྟར་སྣང་གཉིས་ཏེ། མཚན་ཉིད་རིམ་པ་ལྟར། རྒོལ་ཕྱི་རྒོལ་གྱི་རྩོད་པའི་རྒྱལ་འཕམ་རིག་ནས་དེ་བརྡ་སྤྲོད་ནུས་ཀྱི་གང་ཟག་དང༌། དཔང་པོར་རློམ་ཞིང་རྒོལ་ཕྱི་རྒོལ་གྱི་རྒྱལ་འཕམ་ཤན་འབྱེད་མི་ནུས་པའོ། །དཔང་པོ་ལ་ཡང་རྗེས་སུ་བརྗོད་པའི་དཔང་པོ། ཤན་འབྱེད་པའི་དཔང་པོ། ཚར་གཅོད་པའི་དཔང་པོ་གསུམ་མོ། །ཞེས་གསུངས་སོ། །རྒྱས་པར་གཞན་ལས་ཤེས་པར་བྱའོ། ། ཇི་ལྟར་རྩོད་ཚུལ་ནི། སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་བ་དང༌། སྒྲ་ཚད་ལ་བློ་སྦྱངས་པ་དང༌། རང་གཞན་གྱི་གྲུབ་མཐའ་ལ་ལེགས་པར་སྦྱངས་བ་ནི་རྩོད་པ་ལ་མཁས་པའི་རྒྱུ་ཡིན་ལ། བཞིན་གྱི་དཀྱིལ་འཁོར་འཛུམ་པ་དང༌། དོན་དང་ལྡན་ཞིང་གསལ་ལ་འཇམ་པའི་ངག་དང་ལྡན་པ་དང༌། སྒྱིད་ལུག་པ་དང་ང་རྒྱལ་མེད་པ་ནི། རྩོད་པ་མཛེས་པའི་རྒྱན་ཡིན་པའོ། །རྩོད་པའི་བསམ་པ་ནི། ཕ་རོལ་བོ་དམའ་བར་འདོད་པའི་ཞེ་སྡང་དང༌། རང་ཉིད་མཐོ་བར་འདོད་པའི་འདོད་ཆགས་དང༌། རིགས་ལམ་འདོར་བར་འདོད་པའི་གཡོ་སྒྱུ་རྣམས་ནི་རྩོད་པའི་བསམ་པ་ཐ་ཤལ་ཡིན་ལ། རང་གིས་ཤེས་པར་འདོད་པའི་གུས་པ་དང༌། གཞན་གྱི་ལོག་རྟོག་བསལ་བར་འདོད་པའི་སྙིང་རྗེ་དང༌། ཕ་རོལ་པོ་ལ་ཟབ་མོའི་ཆོས་བསྟན་པར་འདོད་པའི་བྱམས་པ་རྣམས་ནི་རྩོད་པའི་བསམ་པ་ཕུལ་དུ་བྱུང་བ་ཡིན་ནོ། །རྣམ་དག་རྩོད་པའི་དཔེ་ནི། རང་དང་གཞན་གྱི་གཏི་མུག་གཅོད་པ་འཁོར་ལོ་ལྟ་བུ་དང༌། སུན་འབྱིན་པའི་རླུང་གིས་མི་གཡོ་བ་ལྷུན་པོ་ལྟ་བུའོ། །ཚིག་དང་དོན་ལ་མ་རྨོངས་པ་ཐུབ་པའི་དབང་པོའི་སྲས་ལྟ་བུའོ། །རྩོད་པའི་འབྲས་བུ་ཡང་དག་ནི། རྟོགས་པ་འཕེལ་བས་རང་རྒྱུད་ཚིམ་པ་དང༌། སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པ་དང༌། བསྟན་པ་བསྲུངས་པའི་ཆོས་ཀྱི་རྒྱལ་པོ་ཐོབ་པར་འགྱུར་བའོ། །དེས་ན་རྩོད་པའི་སྐྱོན་རྣམས་སྤངས་ནས་རྣམ་པར་དག་པའི་རྩོད་པ་ལ་བདག་ལེགས་སུ་འདོད་པ་རྣམས་ཀྱི་འབད་པར་བྱའོ། །

གཉིས་པ་དེའི་ཤུགས་བསྟན་བསྒྲུབ་བྱ་བཤད་པ།

གཉིས་པ་དེའི་ཤུགས་བསྟན་བསྒྲུབ་བྱ་བཤད་པ་ལ།

མཚན་ཉིད། དབྱེ་བ། སྒྲ་བཤད་པ་དང་གསུམ། དང་པོ་ནི། བསྒྲུབ་བྱའི་མཚན་ཉིད། ཆོས་དང་ཤེས་འདོད་ཆོས་ཅན་གྱི་ཚོགས་དོན་དེ་ཡིན་ཏེ། ཚད་མ་མདོ་ལས། བསྒྲུབ་བྱ་བསྡུས་པ་ཡིན་པའི་ཕྱིར། །ཆོས་དང་ཆོས་ཅན་ཁ་ཡར་བ། །དངོས་སུ་མིན་ཡང་དེ་ཕྱོགས་གཅིག །ཡིན་ཕྱིར་བསྒྲུབ་བྱར་བཏགས་ནས་བརྗོད། །ཅེས་གསུངས་སོ། །རྟགས་ཡང་དག་གི་བསྒྲུབ་བྱའི་མཚན་ཉིད། ཚུལ་གསུམ་ཚང་བའི་རྟགས་ལ་བརྟེན་ནས་རྟོགས་པར་བྱ་བའི་ཆོས་དང་ཆོས་ཅན་གྱི་ཚོགས་དོན་དེའོ། །

གཉིས་པ་དབྱེ་བ་ལ་གཉིས།

དང་པོ་རང་དོན་གྱི་བསྒྲུབ་བྱའི་མཚན་ཉིད། རང་དོན་གྱི་རྟགས་ལས་དཔག་པར་བྱ་བའི་ཆོས་དང་ཆོས་ཅན་གྱི་ཚོགས་དོན། །གཉིས་པ་གཞན་དོན་གྱི་བསྒྲུབ་བྱ་བཤད་ཚུལ་ལ་གཉིས། དང་པོ་ཚད་མ་ཀུན་བཏུས་ལས་བཤད་ཚུལ་ནི། ཚད་མ་མདོ་ལས། ངོ་བོ་ཁོ་ན་བསྟན་བྱ་བ། །རང་ཉིད་འདོད་དང་མ་བསལ་བ། །ཞེས་ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་དེ། གཞན་དོན་བསྒྲུབ་བྱའི་མཚན་ཉིད་དུ་བསྟན་ལ། འདིའི་ཟུར་ལྔ་སོ་སོའི་སེལ་བྱ་སེལ་ཚུལ་ནི། ངོ་བོ་ཞེས་པས་གཞན་དོན་བསྒྲུབ་བྱ་ཡིན་ན་ཕྱི་རྒོལ་གྱིས་ གྲུབ་ཟིན་པ་བསལ་ནས་མ་གྲུབ་པ་ཞིག་དགོས་པ་བསྟན་ལ། འདོད་པ་ཞེས་པས་གཞན་དོན་བསྒྲུབ་བྱ་ཡིན་ན་རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་མ་བྱས་པ་བསལ་ནས་དཔག་འདོད་ཀྱི་ཡུལ་དུ་བྱས་པ་དགོས་པར་བསྟན་པའོ། །ཁོ་ན་ཞེས་པས་མ་འོངས་པ་ན་བསྒྲུབ་བྱར་འགྱུར་རུང་གི་དཔེ་རྟགས་མ་གྲུབ་པ་ད་ལྟ་གཞན་དོན་བསྒྲུབ་བྱ་ཡིན་ནམ་སྙམ་པའི་ལོག་རྟོག་བསལ་ནས་ད་ལྟ་སྒྲུབ་བྱེད་དུ་བཀོད་བཞིན་པ་མ་ཡིན་དགོས་ལ། ། དཔེ་རྟགས་མ་གྲུབ་པ་ནི། དཔྱོད་པ་བ་དང་གྲངས་ཅན་པའི་ངོར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། དཔེར་ན་བུམ་པ་བཞིན་ཞེས་བཀོད་པའི་ཚེ་ན། སྒྲ་བྱས་པ་དཔྱོད་པ་བ་ལ་མ་གྲུབ། བུམ་པ་མི་རྟག་པ་གྲངས་ཅན་པ་ལ་མ་གྲུབ་པ་ལྟ་བུའོ། །རང་ཉིད་ཅེས་པས་བསྟན་བཅོས་མཁན་པོས་འདོད་པ་ཐམས་ཅད་གཞན་དོན་བསྒྲུབ་བྱར་ཡིན་ནམ་སྙམ་པའི་ལོག་རྟོག་སེལ་བ་ཡིན་ཏེ། དེ་ཐམས་ཅད་སྔ་#div2 རྒོལ་རང་ཉིད་ཀྱིས་ཁས་བླངས་པ་མ་ཡིན་པའི་ཕྱིར་རོ།

རྒོལ་རང་ཉིད་ཀྱིས་ཁས་བླངས་པ་མ་ཡིན་པའི་ཕྱིར་རོ། །

གཉིས་པ་རིགས་སྒོ་ལས་བཤད་ཚུལ་ནི།

འདིར་བསྒྲུབ་བྱའི་མཚན་ཉིད་ནི་སྒྲུབ་པའི་ཆོས་ཅན་ལ་ཆོས་ཀྱི་ཁྱད་པར་སྒྲུབ་པར་བྱེད་པ་སྟེ་རང་གིས་བསྒྲུབ་པར་བྱ་བར་འདོད་པ་འདི་ནི་སྒྲུབ་བྱ་ཡིན་ནོ། །དཔེར་ན་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུའོ། །ཞེས་གསུངས་ལ། དེ་ལས་བཤད་པའི་གཞན་དོན་བསྒྲུབ་བྱའི་མཚན་ཉིད་ནི། སྐབས་སུ་བབ་པའི་ཕྱི་རྒོལ་གྱི་ངོར་ཆོས་ཅན་ལ་ཆོས་ཀྱི་ཁྱད་པར་སྒྲུབ་པར་བྱ་བ་སྔ་རྒོལ་ཡང་དག་གིས་ཁས་བླངས་ཤིང་འདོད་པར་གྱུར་བའི་དོན་དེ་ཡིན་པའོ། །

གསུམ་པ་སྒྲ་བཤད་ནི།

དེ་ནི་རྟགས་ཀྱིས་བསྒྲུབ་པར་བྱ་བས་ན་བསྒྲུབ་བྱ།ཚུལ་གསུམ་ངེས་པའི་རྗེས་སུ་དཔག་པར་བྱ་བས་ན་རྗེས་སུ་དཔག་བྱ། རྒོལ་བས་ཕྱོགས་སུ་བྱས་པས་ན་ཕྱོགས་དང༌། རྒོལ་བས་དམ་བཅས་པས་ན་དམ་བཅའ་ཞེས་བྱའོ། །

དེ་ལྟར་གཏན་ཚིགས་རྣམ་བཞག་དྲི་མ་མེད་པ་ལ་བརྟེན་ནས་རྒྱལ་བའི་ཆོས་ཚུལ་རྣམས་ལེགས་པར་ཤེས་ན་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་རིང་མིན་མྱུར་ཏུ་བསྒྲོད་ནས་གཞན་དོན་དུ་འཁོར་བ་མ་སྟོང་གི་བར་དུ་འཕྲིན་ལས་ལྷུན་གྱིས་གྲུབ་སྟེ་འགྲོ་བ་རྣམས་སྨིན་གྲོལ་གྱི་ལམ་བཟང་ལ་འགོད་པར་མཛད་པ་ཡིན་པའོ།། །།

སྨྲས་པ། ཕྱོགས་གླང་གྲགས་པའི་ལེགས་བཤད་ལས་བྱུང་བའི། །གཏན་ཚིགས་རིགས་པའི་རྣམ་བཞག་འོད་དཀར་གྱིས། །ས་གསུམ་འགྲོ་བའི་རྨོངས་པ་རབ་བསལ་ནས། །སྨིན་གྲོལ་ལམ་བཟང་གསལ་བའི་སྒྲོན་མེ་མཆོག །གསུང་རབ་རྣམ་པར་འབྱེད་པའི་ཚུལ་གསུམ་རྟ༵༷གས། །ལེགས་པར་བཤད་པའི་རྣམ་དག་ལུང་རི༵༷གས་ཀྱི༵། །རྣ༵མ་བཞ༵ག་ལེ༵གས་བཤ༵ད་དྲི༵་མ༵་མེ༵ད་པ༵འི་འོ༵ད། །ས་གསུམ་མུན་པ་སེལ་བའི་མཛེས་རྒྱན་མཆོག །བློ་གསལ་སྦྲང་འཐུང་འབོད་པའི་ལེགས་བཤད་དྲི་བསུང་ཀུན་ནས་རྒྱས། །བློ་གྲོས་གཟུགས་མཛེས་ལུང་རིགས་རྣམ་མང་གོས་བཟང་རིན་ཆེན་བཀྲ །སྔོན་བསགས་ལྷ་ཡི་བསོད་ནམས་ལས་བྱུང་བསྟན་བཅོས་ཡོངས་འདུའི་ཤིང༌། །བླ་མ་ལྷར་བཅས་དགྱེས་པའི་ཀུན་བཟང་མཆོད་སྤྲིན་དེང་འདིར་གྲུབ། །ལེགས་བཤད་ཇི་སྙེད་བཤེས་གཉེན་དམ་པ་དང༌། །སྔོན་བྱོན་དམ་པའི་ལེགས་གསུང་ཆོས་ཀྱི་དྲིན། །ལྷག་ཆད་འཁྲུལ་བའི་ཉེས་པ་ཅི་མཆིས་ཀུན། །ཆོས་སྤྱན་ལྡན་པའི་འཕགས་ཚོགས་མདུན་སར་བཤགས། །ལེགས་པར་བཤད་པའི་དགེ་འདིས་ཚེ་རབས་ཀུན། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཇོ་ནང་བའི། །བསྟན་པ་རིན་ཆེན་སྤྱི་བོའི་རྒྱན་བྱས་ཏེ། །འགྲོ་ཀུན་ཕན་བདེའི་གནས་སུ་བདག་གྱུར་ཅིག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །བློ་ལྡན་རིགས་བཟང་ང་རྒྱལ་མེད་པ་དང༌། །མཚན་ལྡན་བླ་མས་བརྩེ་བས་རྗེས་བཟུང་ནས། །ཚུལ་གནས་ཐོས་བསམ་སྒོམ་ལ་བརྩོན་པར་ཤོག །ཅེས་རྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད་ཅེས་བྱ་བ་འདི་ནི་རང་ལུགས་ཀྱི་རྟགས་རིགས་ཀྱི་རྣམ་བཞག་ཞིག་རང་ལ་འབྲི་འདུན་སྔར་ནས་ཡོད་པ་དང་བློ་ལྡན་དུ་མས་སྔ་ཕྱི་དུ་མར་བསྐུལ་བ་ལ་བརྟེན་ནས། ལེགས་པར་བཤད་པའི་གསུང་རབ་དུ་མ་ལས་ཕྱོགས་གཅིག་ཏུ་དཔལ་ལྡན་ཆོས་འཕེལ་ལམ། ཀུན་བཤད་ཀྱི་མིང་ལ་དབྱངས་ཅན་ངག་གི་རོལ་མཚོ་དང༌། ཡོངས་གྲགས་སུ་དངོས་གྲུབ་དཔལ་ཞེས་འབོད་པས་རང་ལོ་སོ་དགུ་པ། རབ་བྱུང་བཅུ་བདུན་པའི་ཀུན་འཛིན་ས་བྱིའི་ལོའི་ཆུ་སྟོད་ཟླ་བའི་ཚེས་བཅུ་གཉིས་པ་བདུད་རྩི་སྦྱོར་བའི་ཉིན་ལ་རྫོགས་པར་བྲིས་པའོ།། །།འདིས་ཀྱང་གཞོན་ནུ་བློ་གསལ་རྣམས་རིགས་པའི་སྒོ་བརྒྱ་རྣམ་པར་ཕྱེས་ནས་རྣམ་གྲོལ་གྱི་ལམ་བཟང་ལ་འཇུག་པར་གྱུར་ཅིག །སརྦ་མངྒ་ལམ། །ཛ་ཡནྟུ།


previousརྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད།next