Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ། ཚད་མ།


  expand section
   
   
  expand section
  expand section
  collapse section
ཕྱོགས་སྒྲའི་རྩོད་ལན་མདོར་བསྡུས་གསལ་བའི་སྒྲོན་མེ།
   
   
   
   
   
   


 
previousཕྱོགས་སྒྲའི་རྩོད་ལན་མདོར་བསྡུས་གསལ་བའི་སྒྲོན་མེ།next

ཕྱོགས་སྒྲའི་རྩོད་ལན་མདོར་བསྡུས་གསལ་བའི་སྒྲོན་མེ།

ཕྱོགས་སྒྲའི་རྩོད་ལན་མདོར་བསྡུས་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་ཕྱོགས་སྒྲའི་རྩོད་པ་བཤད་པ་ལ་བཞི་ལས། དང་པོ་དངོས་ཀྱི་རྩོད་པ་ནི། ཚད་མ་མདོ་ལས། རེ་ཞིག་ཅི་སྟེ་ཕྱོགས་ཀྱི་ཆོས་སུ་གྱུར་ཞེ་ན། ཞེས་དང༌། ཤཱཀྱ་བློའི་འགྲེལ་བཤད་ལས། མདོ་ལས་ཕྱོགས་ཆོས་ཞེས་བཤད་པ་ཕྱོགས་ནི་ཆོས་དང་ཆོས་ཅན་གྱི་སྤྱི་ལ་བྱ་ན་གཏན་ཚིགས་ནི་སྤྱིའི་ཆོས་ཉིད་ཡིན་པར་ཕྱི་རྒོལ་ལ་མ་གྲུབ་བོ། །འོན་ཏེ་གྲུབ་ན་རྗེས་སུ་དཔག་པ་དོན་མེད་དོ་ཞེ་ན། ཞེས་སོགས་གསུངས་པ་ལྟར་རྟགས་ཚུལ་དང་པོ་ལ་ཕྱོགས་ཆོས་ཞེས་བཤད་མི་རིགས་པར་ཐལ། ཕྱོགས་ཞེས་པ་ནི་ཆོས་དང་ཆོས་ཅན་གྱི་ཚོགས་དོན་དང་བསྒྲུབ་བྱ་ལ་བྱེད་པར་རྟོག་གེའི་གཞུང་ལས་གྲགས་ཤིང་མ་གྲུབ་ན་གྲགས་པའི་གནོད་ལ། འདོད་ན་རྟགས་ཚུལ་དང་པོ་རྟོགས་ན་བསྒྲུབ་བྱ་གྲུབ་པར་ཐལ་ལོ། །ཞེས་རྩོད་པ་དང༌། དེའི་ལན་ནི། དེ་འདྲའི་སྐྱོན་མེད་པར་ཐལ། རྟགས་ཚུལ་དང་བོ་འཆད་པའི་ཕྱོགས་སྒྲ་དང་བསྒྲུབ་བྱའི་སྒྲ་ནི་ཚོགས་དོན་ལ་བྱས་ན་སྐྱོན་དེ་ལྟར་ཡོད་ཀྱང་འདིར་ཤེས་འདོད་ཆོས་ཅན་ལ་ཕྱོགས་ཞེས་བཏགས་པ་ཙམ་ཡིན་པས་སྐྱོན་མེད་པའི་ཕྱིར་ཏེ། ཚད་མ་མདོའི་རང་འགྲེལ་ལས། ཅི་ལྟར་མི་འགྱུར་ཆོས་ཅན་ནི་གྲུབ་ཟིན་པའི་ཕྱིར། སྒྲུབ་པར་མི་འདོད་པས་ན་ཉེས་པ་མེད་དོ། །ཞེས་དང༌། རང་འགྲེལ་ལས། ཕྱོགས་ནི་ཆོས་ཅན་ནོ། །ཞེས་དང༌། འཐད་ལྡན་ལས། དེའི་ཕྱིར་ཕྱོགས་ཀྱི་སྒྲ་དངོས་ཀྱི་དོན་ལ་འཇུག་པར་འདོད་པ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་དགོས་མེད་ཀྱི་རྩོད་པ།

གཉིས་པ་དགོས་མེད་ཀྱི་རྩོད་པ་ནི།

རང་འགྲེལ་གཉིས་ལས། གལ་ཏེ་དགོས་པ་མེད་པའི་ཕྱིར་ཉེ་བར་གདགས་པར་མི་བྱའོ་ཞེ་ན། ཞེས་དང༌། ཛྙ་ན་ཤྲིས་རྣམ་ངེས་འགྲེལ་བཤད་ལས། འདིར་སློབ་དཔོན་དབང་ཕྱུག་སྡེ་ན་རེ། དགོས་པ་མེད་པའི་ཕྱིར་གདགས་པར་མི་བྱའོ་ཞེ་ན། ཞེས་གསུངས་པ་ལྟར་རྟགས་ཚུལ་དང་པོ་འཆད་པའི་སྐབས་སུ་རྩོད་གཞི་ལ་ཕྱོགས་ཞེས་བཏགས་པ་མི་འཐད་པར་ཐལ། དེ་ལྟར་བཏགས་པ་ལ་དགོས་པ་མེད་པའི་ཕྱིར། ཁྱབ་སྟེ། སྒྲ་རིག་ལས། དགོས་པ་མེད་པར་གཙོ་བོ་ཡི། །སྒྲ་དོན་ལས་འདས་འདོད་མ་ཡིན། །ཞེས་གསུངས་པའི་ཕྱིར་ཞེས་རྩོད་ལ། དེའི་ལན་ནི། དེ་ལྟར་བཏགས་པ་ལ་དགོས་པ་ཡོད་པ་གང་ཞིག རྒྱུ་མཚན་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ལྟར་བཏགས་ན་མཐུན་དཔེ་ཆོས་ཅན་དང་མི་མཐུན་དཔེ་ཆོས་ཅན་དག་གི་ཆོས་རྣམས་རྟགས་ཚུལ་དང་བོ་ཡིན་སྙམ་པ་ཁེགས་པའི་ཕྱིར་ཏེ། རྣམ་ངེས་རང་འགྲེལ་ལས། མ་ཡིན་ཏེ། ཆོས་ཅན་ཐམས་ཅད་ཀྱི་ཆོས་ཡིན་པ་དགག་པའི་ཕྱིར་ཏེ། ཞེས་པ་ནས། མིག་གིས་གཟུང་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྤངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་གྲུབ་སྟེ། རྩོད་གཞི་དེ་ཕྱོགས་ཀྱི་ཡ་ཀྱལ་གཅིག་ཡིན་པའི་ཕྱིར། དཔེར་ན་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་ཟེར་བ་བཞིན། དེ་ལྟར་འཐད་དེ། ཚད་མ་མདོ་ལས། བསྡུས་པ་བསྒྲུབ་བྱ་ཡིན་པའི་ཕྱིར། །ཆོས་དང་ཆོས་ཅན་ཁ་ཡར་བ། །དངོས་སུ་མིན་ཡང་དེ་ཕྱོགས་གཅིག །ཡིན་ཕྱིར་བསྒྲུབ་བྱར་བཏགས་ནས་བརྗོད། །ཅེས་དང༌། དེའི་རང་འགྲེལ་ལས། ཡན་ལག་གི་དོན་ཆོས་ཙམ་དང་ཆོས་ཅན་ཁ་ཡར་བ་ནི་ཉེ་བར་བཏགས་ནས་ཡིན་པར་བརྗོད་དོ། །དེའི་ཆོས་ཡིན་པའི་ཕྱིར་ཉེས་པ་མེད་དོ། དཔེར་ན་རས་ཡུག་ཚིག་གོ་ཞེས་བྱ་བ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་ཉེ་བའི་རིགས་ཀྱི་རྩོད་པ།

གསུམ་པ་ཉེ་བའི་རིགས་ཀྱི་རྩོད་པ་ནི།

རང་འགྲེལ་གཉིས་ལས། གལ་ཏེ་ཆོས་ཞེས་བརྗོད་པས་ཀྱང་ཆོས་ཅན་ཡིན་པར་གཞི་ལྟ་གྲུབ་སྟེ། ཆོས་ཅན་ཞེས་སྨོས་པའི་ཤུགས་ཀྱིས་ཉེ་བ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་གྲུབ་བོ་ཞེ་ན། ཞེས་གསུངས་པ་ལྟར་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་ཀྱི་ཆོས་ཞེས་པའི་ཆོས་ཅན་གྱི་སྒྲ་དེ་རྩོད་གཞི་ལས་མཐུན་དཔེ་ཆོས་ཅན་སོགས་ལ་མི་འཇུག་པར་ཐལ། ཆོས་ཞེས་བརྗོད་ཙམ་གྱིས་ཀྱང་ཁྱད་གཞི་ཆོས་ཅན་གཅིག་འགྲུབ་ལ། འདིར་ཆོས་ཅན་གྱི་ཆོས་ཞེས་སྨོས་པ་ན་ཆོས་ཅན་ཞེས་ལྷག་པོ་སྨོས་པའི་ཤུགས་ཀྱིས་རྩོད་གཞི་ཁོ་ན་ལ་ཉེ་བའི་ཕྱིར། དེར་ཐལ། སྒྲ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱ་སྒྲུབ་པའི་གཞིར་བློ་ལ་གནས་པའི་ཕྱིར་ཞེས་རྩོད་ལ། དེའི་ལན་ནི། དེ་མི་འཐད་པར་ཐལ། དེ་སྒྲུབ་ཀྱི་ཆོས་ཅན་ཞེས་པའི་མིང་དོན་གཉིས་ཀ་དེ་སྒྲུབ་ཀྱི་མཐུན་དཔེ་ཆོས་ཅན་བུམ་པ་ལ་ཉེ་བའི་ཕྱིར། དེར་ཐལ། བུམ་པ་དེ་དེ་སྒྲུབ་ཀྱི་སྐབས་ཀྱི་ཆོས་ཅན་ཡིན་པའི་ཕྱིར་ཏེ། རང་འགྲེལ་གཉིས་ལས། མ་ཡིན་ཏེ། དཔེའི་ཆོས་ཅན་ཡང་ཉེ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །

བཞི་བ་ཟློས་པའི་རིགས་ཀྱི་རྩོད་པ།

བཞི་བ་ཟློས་པའི་རིགས་ཀྱི་རྩོད་པ་ནི།

ཚད་མ་རྣམ་འགྲེལ་རང་འགྲེལ་ལས། དེ་ཆས་ཁྱབ་པ་ཞེས་བྱ་བས་དཔེ་ཆོས་ཅན་ལ་ཡོད་པར་གྲུབ་པས་ཆོས་ཅན་གྱི་ཆོས་སྨྲས་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་ཡོངས་སུ་བཟུང་ངོ་ཞེ་ན། ཞེས་གསུངས་པ་ལྟར་དེ་དཔེ་ལ་ཉེ་བ་མི་འཐད་པར་ཐལ། རྟགས་ཚུལ་དང་བོ་འཆད་པའི་ཚེ་ཆོས་ཅན་གྱི་ཆོས་ཞེས་པས་དཔེ་ལ་ཡོད་པར་བསྟན་ན་དེ་ཆས་ཁྱབ་པ་ཞེས་རྗེས་ཁྱབ་སྟོན་པའི་ཚིག་གིས་རྟགས་དེ་དཔེ་ལ་ཡོད་པར་བསྟན་པས་དེ་དང་ཟློས་སྐྱོན་ཡོད་ལ། དེ་ལྟར་བཟློས་པར་གོ་བའི་ཤུགས་ཀྱིས་ཆོས་ཅན་གྱི་ཆོས་ཞེས་རང་མིང་གི་སྨོས་པའི་ཕྱིར་བསྒྲུབ་པའི་ཆོས་ཅན་ཡིན་པར་བཟུང་རིག་པའི་ཕྱིར་ཞེས་རྩོད་ལ། དེའི་ལན་ནི། དེ་ལྟར་འདོད་པ་མི་འཐད་པར་ཐལ། གྲུབ་བཞིན་དུ་བསྣན་པའི་ཕྱིར་ཟློས་ནས་བཤད་ན་ཟློས་སྐྱོན་ཡོད་མི་དགོས་པ་གང་ཞིག ཤུགས་ཀྱིས་གོ་དགོས་ན་རྟོགས་དཀའ་བའི་སྐྱོན་ཡོན་པའི་ཕྱིར། དང་པོ་གྲུབ་སྟེ། རྗེས་ཁྱབ་བཤད་པས་ལྡོག་ཁྱབ་གོ་ཡང་དེའི་རྗེས་སུ་ཡང་བསྣན་ནས་བཤད་པ་བཞིན་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། གྲུབ་བཞིན་དུ་བསྣན་པའི་ཕྱིར་ཡང་སྨོས་པ་ཡིན་པར་དགོས་པར་འགྱུར་ཏེ། མཐུན་པ་ཁོ་ན་ལ་ཡོད་པ་ཞེས་བྱ་བས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་གྲུབ་མོད་ཀྱི་བསྒྲུབ་པར་བྱ་བ་མེད་པ་ལ་མེད་པ་སྨོས་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། རང་འགྲེལ་ལས། ཤུགས་ཀྱིས་དོན་གོ་ན་རྟོགས་པར་དཀའ་བ་ཡོངས་སུ་སྤངས་པའི་ཕྱིར་ཕྱོགས་ཞེས་སྨོས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་ཕྱོགས་སྒྲའི་རྩོད་པ་འདི་ནི་དངོས་གྲུབ་དཔལ་གྱིས་བྲིས་པའོ། །འདི་ཀྱང་རྒྱལ་བསྟན་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒ་ལཾ། །


previousཕྱོགས་སྒྲའི་རྩོད་ལན་མདོར་བསྡུས་གསལ་བའི་སྒྲོན་མེ།next