Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ། ཚད་མ།


  expand section
   
   
  expand section
  expand section
  expand section
   
   
ལུང་འགལ་གྱི་རྣམ་བཞག་ཉུང་གསལ་བློ་གསལ་ཡིད་ཀྱི་རྒྱན།
   


 
previousལུང་འགལ་གྱི་རྣམ་བཞག་ཉུང་གསལ་བློ་གསལ་ཡིད་ཀྱི་རྒྱན།next

ལུང་འགལ་གྱི་རྣམ་བཞག་ཉུང་གསལ་བློ་གསལ་ཡིད་ཀྱི་རྒྱན།

ལུང་འགལ་གྱི་རྣམ་བཞག་ཉུང་གསལ་བློ་གསལ་ཡིད་ཀྱི་རྒྱན་ཞེས་བྱ་བ་བཞུགས་སོ། །

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །

དེ་ལ་འདིར་ལུང་འགལ་གྱི་རྣམ་བཞག་ཅུང་ཟད་བཤད་པ་ལ། དང་པོ་སློབ་དཔོན་དབང་ཕྱུག་སྡེ་ན་རེ། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱི་ལྡོག་ཁྱབ་གྲུབ་དགོས། གཞན་དུ་ན་མི་མཐུན་ཕྱོགས་མཐའ་དག་ལ་མེད་པར་ངེས་དགོས་ན་ཚུར་མཐོང་གི་ལྡོག་ཁྱབ་གྲུབ་པ་དཀའ་བར་འདོད་དོ། །དེ་ལ་ལུང་འགལ་བརྗོད་པ་ལ་དྲུག་ལས། དང་པོ་ནི། རྣམ་འགྲེལ་ལས། འཁྲུལ་བ་ཅན་གྱི་གཉེན་པོ་ནི། །མི་མཐུན་ཆོས་བརྗོད་གང་ཡིན་པ། །གལ་ཏེ་མ་མཐོང་འབྲས་ཅན་དེ། །དེ་མ་སྨོས་ཀྱང་རྟོགས་པར་འགྱུར། །མེད་ཅེས་བྱ་བའི་ཚིག་གིས་ཀྱང༌། །དེ་མེད་ཁོ་ན་མིན་གལ་ཏེ། །ཇི་ལྟར་མེད་རིགས་དེ་བརྗོད་ན། །དེ་ཚེ་མེད་ཅེས་བྱ་བར་རྟོགས། །ཞེས་བྱུང༌། དེའི་དོན་འཆད་པ་ལ། མི་མཐུན་སྦྱོར་སྨོས་པ་དོན་མེད་དུ་ཐལ་བ་ནི། གལ་ཏེ་མ་འཐོང་བས་ལྡོག་འགྱུར། །ཞེས་དྲུག་ཀའི་མགོར་སྦྱར་རོ། །སློབ་དཔོན་ཆོས་ཅན། སྦྱོར་སྐོར་གཅིག་གི་འཁྲུལ་པ་ཅན་མ་ངེས་པའི་རྟགས་དེ་རྟགས་ཡང་དག་ཡིན་པའི་གཉེན་པོར་ཆོས་མི་མཐུན་སྦྱོར་བརྗོད་པ་གང་ཡིན་པ་དོན་མེད་པར་ཐལ། རྟགས་ཆོས་འབྲེལ་པ་མེད་པར་དེ་ཡི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་དེ་ཡི་ལྡོག་ཁྱབ་ཀྱི་ཚུལ་གྲུབ་པའི་ཕྱིར། རྟགས་ཁས། འདོད་ན། རིགས་སྒོ་ལས། རེ་ཞིག་འགལ་བ་དང༌། མ་ངེས་པའི་གཉེན་པོར་གཉིས་ཀ་བརྗོད་པ་གང་ཡིན་པ་འདི་ནི་རིགས་སོ། ཞེས་པ་དང་འགལ་ལ། གལ་ཏེ་ཆོས་མི་མཐུན་སྦྱོར་དེ་རྟགས་ཡང་དག་གི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་སྟོན་པའི་འབྲས་བུ་ཅན་ཡིན་ནོ་ཞེ་ན། རྟགས་ཡང་དག་རང་གི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་ཆོས་ཅན། ཁྱོད་རྟོཊ་པའི་ཆེད་ཁོ་ནར་མི་མཐུན་སྦྱོར་སྨོས་མི་དགོས་པར་ཐལ། དེ་མ་སྨོས་ཀྱང༌། རྟགས་ཡང་དག་རང་གི་མི་མཐུན་ཕྱོགས་ལ་མཐོང་བ་ཁེགས་པའི་སྒོ་ནས་ཀྱང་ཁྱོད་རྟོགས་པར་འགྱུར་བས་སོ། །དེ་སྔར་ནས་རྟོགས་ཀྱང་མ་ངེས་པས་བློས་ངེས་པའི་ཆེད་ཁོ་ནར་མི་མཐུན་སྦྱོར་སྨོས་ཞེ་ན། མེད་ཅེས་བྱ་བའི་ཚིག་གིས་ཀྱང་སྟེ། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཆོས་ཅན། རྟགས་ཡང་དག་རང་གི་མི་འཐུན་ཕྱོགས་ལ་མེད་པ་ཁོ་ནར་ཚད་མའི་སྟོབས་ཀྱིས་ངེས་པར་བྱེད་ནུས་པ་མ་ཡིན་པར་ཐལ། དེ་དེ་ལ་མ་འཐོང་ཙམ་ཁོ་ན་སྟོན་པས་སོ། །རྟགས་ཁས། །མ་ཁྱབ་ན། དེ་སྔར་ནས་རྟོགས་ཀྱང༌། དེ་ངེས་མི་ནུས་པ་བུད། གལ་ཏེ་འོ་ན་ཇི་ལྟར་མེད་པར་རྟོགས་པར་འགྱུར་ཞེ་ན། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་འདུས་མ་བྱས་ནམ་མཁའ་བཞིན། སྒྲ་ནི་བྱས་ཞེས་པའི་སྒྲུབ་ངག་ཆོས་ཅན། བྱས་པ་དེ་དེ་ཡི་མི་མཐུན་ཕྱོགས་ལ་མེད་པར་རྟོགས་པར་བྱེད་ནུས་ཏེ། བྱས་པས་དེ་སྒྲུབ་ཀྱི་རྟགས་ཆོས་རང་བཞིན་འབྲེལ་པ་དེ་བརྗོད་པའི་སྒྲུབ་ངག་ཡིན་པས་སོ། །ལུང་འགལ་གཉིས་པ་ནི། རྣམ་འགྲེལ་ལས། གལ་ཏེ་མ་མཐོང་བས་ལྡོག་འགྱུར། །ཅི་སྟེ་ལྷག་ལྡན་འཁྲུལ་ཅན་ཡིན། །ཞེས་བྱུང༌། ལྷག་ལྡན་འཁྲུལ་པ་ཅན་མ་ཡིན་པར་ཐལ་བ་ནི། གལ་ཏེ་མ་འཐོང་བས་ལྡོག་ཁྱབ་ཀྱི་ཚུལ་གྲུབ་པར་འགྱུར་ན། ཟོས་པའི་ཤིང་ཐོག་རོ་མངར་ཅན་དང་ཤིང་ཕུང་གཅིག་ལས་སྐྱེས་པ་ཆོས་ཅན། དེ་ཡིན་པའི་མ་ཟོས་པའི་ཤིང་ཐོག་རྣམས་རོ་མངར་ཅན་དུ་བསྒྲུབ་པའི་ལྡོག་ཁྱབ་འཁྲུལ་བ་མ་ཡིན་པར་ཐལ། དེ་ཡི་མི་མཐུན་ཕྱོགས་འགའ་ལ་མ་འཐོང་བས་སོ། འདོད་ན། ཀུན་བཏུས་སུ། གཟུགས་ལ་སོགས་པ་མཚུངས་པས་རོ་ལ་སོགས་པ་གདོན་མི་ཟ་བར་མཚུངས་པར་འགྱུར་བ་ནི་མ་ཡིན་ནོ། །ཞེས་པ་དང་འགལ་བའོ། ། གསུམ་པ་ནི། རྣམ་འགྲེལ་ལས། ལྡོག་པ་ཅན་ཡང་གཏན་ཚིགས་འགྱུར། །ཞེས་བྱུང༌། དེའི་དོན་ནི། སྲོག་སོགས་ཡང་དག་ཏུ་ཐལ་བ་ནི། སྲོག་སོགས་ཆོས་ཅན། གསོན་ལུས་བདག་བཅས་སུ་སྒྲུབ་པའི་མི་འཁྲུལ་བའི་ལྡོག་ཁྱབ་ཅན་ཏུ་ཐལ། དེ་ཡི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྲུབ་པས་སོ། །ཁྱབ་པ་ཁས། འདོད་ན། གཏན་ཚིགས་ཡང་དག་དུ་ཐལ། ཕྱོགས་ཆོས་དང་ལྡོག་ཁྱབ་གྲུབ་པའི་ཕྱིར། འདོད་ན། ཚད་མ་མདོའི་རང་འགྲེལ་ལས། ལྷག་མ་ལྔ་བོ་དག་ནི་གཏན་ཚིགས་སམ་འགལ་བ་ཉིད་དུ་མ་ངེས་ཏེ་ཐེ་ཚོམ་གྱི་རྒྱུའོ། །ཞེས་པ་དང་འགལ་བའོ། །བཞི་པ་ནི། རྣམ་འགྲེལ་ལས། མ་གྲུབ་སྦྱོར་བ་བརྗོད་བྱ་མིན། །ཞེས་བྱུང༌། དེའི་འཆད་པ་ལ། མ་གྲུབ་སྦྱོར་བ་མི་རིགས་པར་ཐལ་བ་ནི། ཚིག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཆགས་ལྡན་དུ་བསྒྲུབ་པ་སོགས་སྦྱོར་སྐོར་གཅིག་གི་ལྡོག་ཁྱབ་ལ་ཐེ་ཚོམ་ཟ་ནས་ལྡོག་ཁྱབ་འཁྲུལ་བའི་རྟགས་ཀུན་ཆོས་ཅན། ཕྱོགས་ཆོས་ལ་ཐེ་ཚོམ་ཟ་ནས་ཕྱོགས་ཆོས་མ་གྲུབ་པ་དང་དཔེ་དོན་དུ་སྦྱར་ནས་དེ་སྒྲུབ་ཀྱི་ལྡོག་ཁྱབ་སྐྱོན་ཅན་དུ་སློབ་དཔོན་གྱིས་བརྗོད་པར་བྱ་བར་རིགས་པ་མིན་པར་ཐལ། དེ་ཡི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྲུབ་པའི་ཕྱིར། ཡང་ན་གཞན་དོན་སྐབས་ཀྱི་སྒྲུབ་རྟགས་ཕལ་ཆེར་གྱི་ཕྱོགས་ཆོས་རྒོལ་ཕྱི་རྒོལ་གཉིས་ཀ་དང༌། གང་རུང་གིས་མ་གྲུབ་པ་དང༌། ཐེ་ཚོམ་ཟ་བ་དང༌། ཆོས་ཅན་གཞི་མ་གྲུབ་ན་ཕྱོགས་ཆོས་མ་གྲུབ་པའི་དཔེ་བཞི་དང༌། ཕྱོགས་ཆོས་ཅན་དགུའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་རྒོལ་ཕྱི་རྒོལ་གཉིས་ཀ་དང་གང་རུང་གིས་མ་གྲུབ་པ་དང༌། ཐེ་ཚོམ་ཟ་བ་དང་མི་མཐུན་དཔེ་གཞི་མ་གྲུབ་པ་བཞིའི་སྔ་མ་གསུམ་དཔེ་དོན་སྦྱོར་ལ། ཐ་མ་མི་སྦྱོར་གསུངས་པ་མི་འཐད་པར་ཐལ། ཁྱབ་པ་ལ་ཐེ་ཚོམ་ཟ་ཡང་མི་ མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པའི་ཕྱིར། འདོད་ན། སློབ་དཔོན་གྱི་མདོའི་རང་འགྲེལ་ལས། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་བཟུང་ངོ༌། ། དེ་བཞིན་དུ། མཐུན་པའི་ཕྱོགས་ལ་ཡོད་པ་དང༌། མེད་པ་ཞེས་བྱ་བ་ལ་སོགས་པ་དག་ལ་ཡང༌། ཅི་རིགས་པར་བརྗོད་པར་བྱའོ། །ཞེས་པ་དང་འགལ་བའོ། ། ལྔ་པ་ནི། རྣམ་འགྲེལ་ལས། ཁྱད་པར་རྣམ་པར་གཅོད་པ་ཡི། །གཏན་ཚིགས་སུ་འགྱུར་མ་མཐོང་ཕྱིར། །ཚད་མ་གཞན་གྱིས་གནོད་ཅེ་ན། །ད་ནི་མ་མཐོང་ལས་མེད་མིན། །དེ་བཞིན་དུ་ནི་གཞན་ལ་ཡང༌། །ཚད་མ་གཞན་གྱིས་གནོད་པ་སྲིད། །ཅེས་བྱུང༌། ཁྱད་པར་མཉན་བྱ་གཉིས་ཀ་རྣམ་པར་གཅོད་པར་ཐལ་བ་ནི། ཁྱད་པར་མཉན་བྱ་ཆོས་ཅན། རྟག་པ་ལས་ཀྱང་ལྡོག་ཚུལ་རྣལ་མར་གྲུབ། མི་རྟག་པ་ལས་ཀྱང་ལྡོག་ཚུལ་རྣལ་མར་གྲུབ་པར་ཐལ། དེ་དག་ལ་མ་འཐོང་ཙམ་གྲུབ་པའི་ཕྱིར། འདོད་ན་སྒྲ་ལ་མི་རྟག་པ་རྣམ་པར་གཅོད་པ་དང་རྟག་པ་རྣམ་པར་གཅོད་པའི་གཏན་ཚིགས་ཡང་དག་དུ་ཐལ། ཕྱོགས་ཆོས་དང་འདོད་པ་དེ་ཡི་ཕྱིར། འདོད་ན། སློབ་དཔོན་གྱིས།མཉན་པར་བྱ་བ་ཉིད་ནི་ཇི་ལྟར་ཡང་རྣམ་པར་གཅོད་པའི་གཏན་ཚིགས་མ་ཡིན་ནོ། །ཞེས་པ་དང་འགལ། གཉིས་ཀ་གཅོད་མི་ནུས་ཏེ། དེ་ལ་ཚད་མ་གཞན་གྱིས་གནོད་པས་ཕྱིར། ཞེ་ན། རྟགས་ཆོས་ཅན། རང་གི་མི་འཐུན་ཕྱོགས་འགའ་ལ་མ་འཐོང་བ་ཙམ་ཁོ་ན་ལས་རང་གི་མི་མཐུན་ཕྱོགས་ཐམས་ཅད་ལ་མེད་པར་གྲུབ་པ་མ་ཡིན་པར་ཐལ། དེ་གྲུབ་པ་ལ་ཚད་མས་གནོད་པས་སོ། །ཁྱབ་བསལ་ཁས་སོ། །མཉན་བྱ་ཁོ་ན་ལ་དེར་ཟད་ཀྱི། རྟགས་གཞན་ལ་དེ་ལྟ་མིན་ནོ། །ཞེ་ན། མཉན་བྱ་ལས་གཞན་པའི་རྟགས་ལའང་ཆོས་ཅན། ཆོས་འདྲ། དེ་བཞིན་དུ་དེས་དེར་གྲུབ་པ་ལ་ཚད་མས་གནོད་པ་སྲིད་པས་སོ། །འཁོར་གསུམ་མོ། །

དྲུག་པ་ནི། རྣམ་འགྲེལ་ལས། མ་མཐོང་ཕྱིར་རེག་མཐོང་བ་ལ། །མི་ལྡན་འཁྲུལ་བ་མེད་པ་ཅན། །ཞེས་བྱུང༌། དེའི་དོན་འཆད་པ་ལ། མ་མཐོང་བས་རེག་བྱ་འགོག་པ་རིགས་པར་ཐལ་བ་ནི། བྱེ་བྲག་པས་མཐོང་མ་མཐོང་གི་ས་ཆུ་མེ་གསུམ་ལ་ཆོས་ཅན། དྲང་མིན་དྲོ་མིན་གྱི་རེག་བྱ་མི་ལྡན་ཏེ། མ་མཐོང་བའི་ཕྱིར། ཟེར་བ་ལ། ཁྱོད་ལྟར་ན། ཤེས་བྱ་ཆོས་ཅན། དེ་འདྲའི་རེག་པ་མ་མཐོང་བ་དེ་མཐོང་མ་མཐོང་གི་ས་ཆུ་མེ་གསུམ་ལ་དེ་མེད་པར་བསྒྲུབ་པའི་ཁྱབ་པ་འཁྲུལ་པ་མེད་པ་ཅན་དུ་ཐལ། ཆོས་དེ་མ་མཐོང་ཙམ་གྱིས་ཆོས་དེ་མེད་པར་གྲུབ་པས་སོ། །འདོད་ན། རླུང་གིས་རབ་ཏུ་བྱེད་པ་ལས། གང་ཡང་གལ་ཏེ་མ་འཐོང་བ་ཙམ་གྱིས་མཐོང་བ་དག་ལ་འགོག་པར་བྱེད་ན་དེ་ཡང་རིགས་པ་མ་ཡིན་ནོ། །ཞེས་པ་དང་འགལ་བའོ། །ཞེས་པ་འདི་ནི་དཔལ་ལྡན་ཆོས་འཕེལ་ལམ་ངག་དབང་དངོས་གྲུབ་དཔལ་གྱིས་རྣམ་འགྲེལ་གྱི་འགྲེལ་བ་རིན་ཆེན་ཕྲེང་བ་ལྟར་སྨྲས་པའོ། །


previousལུང་འགལ་གྱི་རྣམ་བཞག་ཉུང་གསལ་བློ་གསལ་ཡིད་ཀྱི་རྒྱན།next