Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ། ཚད་མ།


  expand section
   
   
  expand section
  expand section
  expand section
   
   
   
བསྟན་བཅོས་མངོན་རྟོགས་རྒྱན་གྱི་སྐབས་ནས་བསྟན་པའི་དངོས་བརྒྱད་དོན་བདུན་ཅུའི་རྣམ་བཞག་མདོར་བསྡུས་ཏེ་བསྟན་པ་རྗེ་བཙུན་དམ་པའི་ཞལ་ལུང་གཞན་ཕན་ཉི་མ།


 
previousབསྟན་བཅོས་མངོན་རྟོགས་རྒྱན་གྱི་སྐབས་ནས་བསྟན་པའི་དངོས་བརྒྱད་དོན་བདུན་ཅུའི་རྣམ་བཞག་མདོར་བསྡུས་ཏེ་བསྟན་པ་རྗེ་བཙུན་དམ་པའི་ཞལ་ལུང་གཞན་ཕན་ཉི་མ།no next

བསྟན་བཅོས་མངོན་རྟོགས་རྒྱན་གྱི་སྐབས་ནས་བསྟན་པའི་དངོས་བརྒྱད་དོན་བདུན་ཅུའི་རྣམ་བཞག་མདོར་བསྡུས་ཏེ་བསྟན་པ་རྗེ་བཙུན་དམ་པའི་ཞལ་ལུང་གཞན་ཕན་ཉི་མ།

བསྟན་བཅོས་མངོན་རྟོགས་རྒྱན་གྱི་སྐབས་ནས་བསྟན་པའི་དངོས་བརྒྱད་དོན་བདུན་ཅུའི་རྣམ་བཞག་མདོར་བསྡུས་ཏེ་བསྟན་པ་རྗེ་བཙུན་དམ་པའི་ཞལ་ལུང་གཞན་ཕན་ཉི་མ་ཞེས་བྱ་བ་བཞུགས་སོ། །

རྣམ་མང་ཚོགས་གཉིས་རིན་ཆེན་ལས་གྲུབ་མཚན་དཔེས་རབ་མཛེས་ལྟ་བས་མི་ངོམས་སྐུ། །རྣམ་མང་ཡན་ལག་དྲུག་ཅུས་ཤེར་ཕྱིན་ལེགས་གསུང་སྐྱེ་དགུ་མ་ལུས་ཚིམ་མཛད་གསུང༌། །རྣམ་མང་ཏིང་འཛིན་བྱེ་བས་རྣམ་བཀྲའི་སྒྲིབ་རྣམས་གྲོལ་བའི་རྣམ་ཀུན་མཁྱེན་པའི་ཐུགས། །རྣམ་མང་རྒྱལ་བས་པད་དཀར་ལྟར་བསྔགས་མཉམ་མེད་ཤཱཀྱ་སེང་གེར་གུས་པས་འདུད། ། ལུང་དང་རིགས་པས་ཡུམ་དོན་མ་ལུས་ཀུན། ། དངོས་བརྒྱད་དོན་གྱི་རྣམ་པ་བཅུ་ཕྲག་བདུན། ། གསལ་བར་བྱ་སྟེ་རྒྱན་གྱི་དགོངས་དོན་མཆོག ། ཤེས་འདོད་བློ་ལྡན་རྣམས་ཀྱིས་གསན་པར་རིགས། ། དེ་ལ་འདིར་བདག་ཅག་གི་སྟོན་པ་ཐུགས་བརྩེ་བ་ཆེན་པོས་རྒྱུད་ཡོངས་སུ་གཏམས་པ་གང་ཉིད་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། མཐར་སྐུ་བཞིའི་གོ་འཕང་མངོན་དུ་མཛད། དེ་ནས་སྔོན་གྱི་ཐུགས་བསྐྱེད་བླ་ན་མེད་པ་བཞིན་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་མཆོག་གི་སྤྲུལ་བའི་སྐུའི་རྣམ་པར་རོལ་བའི་སྒོ་ནས་གདུལ་བྱ་རིགས་ཅན་གསུམ་གྱི་ཁམས་དབང་མོས་པ་བཞིན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ངམ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གསུངས་ལ། དེའི་ནང་ནས་འཁོར་ལོ་བར་ཐའི་སྐབས་སུ་ཐེག་ཆེན་གྱི་ཟབ་པ་དང་རྒྱ་ཆེ་བའི་རྣམ་བཞག་རྒྱ་ཆེར་གསུངས་པ་རྣམས་རྒྱལ་ཚབ་བྱམས་མགོན་གྱིས་ཚིག་ཉུང་ངུས་དོན་ཚང་བར་བཤད་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་བསྟན་པའི་དངོས་བརྒྱད་དོན་བདུན་ཅུའི་རྣམ་བཞག་ནི་འདིར་གང་བཤད་པར་བྱ་བའི་ཆོས་སོ། །དེ་བཤད་པ་ལ། དངོས་པོ་བརྒྱད་བཤད་པ་དང༌།དོན་བདུན་ཅུ་བཤད་པ་གཉིས། དང་པོ་ནི། རྩ་བར། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང༌། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ཅེས་གསུངས་སོ། །དེའི་དོན་འཆད་པ་ལ། ཤེར་ཕྱིན་བཤད་པ་དང༌། དངོས་པོ་བརྒྱད་དངོས་བཤད་པ་དང་གཉིས། དང་པོ་ནི། སོ་སོ་རང་རིག་པའི་དབྱིངས་རིག་གཉིས་སུ་མེད་པའི་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་དེ། ཤེར་ཕྱིན་གྱི་མཚན་ཉིད་ཡིན་ཏེ། མདོ་ལུགས་མ་ལས། ཤེར་ཕྱིན་དངོས་ནི་ཆོས་ཉིད་དེ་བཞིན་ཉིད་རང་བྱུང་གི་ཡེ་ཤེས་དོན་དམ་པའི་ཤེས་རབ་ནམ་མཁའ་ལྟར་ཀུན་ལ་ཁྱབ་པའི་ཡེ་ཤེས་ཆེན་པོ་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་བཞིན་གཤེགས་པའི་སྙིང་པོ་གཉིས་སུ་མེད་པའི་གཤིས་ལུགས་ཀྱི་སངས་རྒྱས་བདེན་པ་དེ་ཁོ་ན་ཉིད་ཆོས་ཀྱི་སྐུ་བླ་ན་མེད་པའི་བྱང་ཆུབ་དེ་བཞིན་ཉིད། ཅེས་པ་ནས། མདོ་ལས། རབ་འབྱོར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ་ཞེས་དང༌། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ཞེས་སོགས་ཀྱིས་ཤེར་ཕྱིན་དང༌། བྱང་ཆུབ་དང༌། དེ་བཞིན་ཉིད་རྣམས་གཅིག་ཡིན་པར་གསུངས་པ་དང༌། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དངོས་པོ་བརྒྱད་དངོས་བཤད་པ་ལ། མདོར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ། །ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ཞེས་སོགས་སོ། །ཇི་ལྟ་ཇི་སྙེད་མ་ལུས་པ་མཁྱེན་པའི་མཐར་ཐུག་གི་ཡེ་ཤེས་དེ། རྣམ་མཁྱེན་གྱི་མཚན་ཉིད་ཡིན་ཏེ།ཉ་ཊཱིཀ་ལས།ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་མཐར་ཐུག་གམ་ཆོས་ཐམས་ཅད་བདེན་པའི་སྐྱེ་མེད་དུ་རྟོགས་ཤིང་དོན་གཉིས་མཐར་ཐུག་པ་སྟེ། ཞེས་པས་སོ། །ལམ་གསུམ་བདེན་པའི་རང་བཞིན་མེད་པའམ་ལམ་གསུམ་གྱི་ངོ་བོ་དམིགས་རྣམ་ཅི་རིགས་ཕྱིན་ཅི་མ་ལོག་པར་སྒོམ་པའི་ཐེག་ཆེན་སློབ་ལམ་དེ། ལམ་ཤེས་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། ལམ་གསུམ་བདེན་པའི་རང་བཞིན་མེད་པའམ་ལམ་གསུམ་གྱི་ངོ་བོ་དམིགས་རྣམ་སོགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཐེག་ཆེན་སློབ་ལམ་ཞེས་པའོ། །ཞེས་སོ། །ས་མཚམས་ཚོགས་ལམ་ནས་རྒྱུན་མཐའི་བར་ཏུ་ཡོད་དོ། །གཞི་གང་ཟག་གི་བདག་མེད་དང་གཞི་ཕུང་སྐྱེ་ཁམས་ཀྱི་ངོ་བོ་མཚན་ཉིད་དབྱེ་བ་སོགས་ཅི་རིགས་སྒོམ་པའི་ཐེག་དམན་གྱི་ལམ་དེ། གཞི་ཤེས་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། གཞི་གང་ཟག་གི་བདག་མེད་ཕྱིན་ཅི་མ་ལོག་པར་རྟོགས་པའི་མཚན་འཛིན་གྱི་བློའམ་གཞི་ཕུང་སྐྱེ་ཁམས་ཀྱི་ངོ་བོ་མཚན་ཉིད་དབྱེ་བ་སོཊ་ཇི་བཞིན་དུ་རྟོགས་པའི་མཚན་འཛིན་གྱི་བློ་གང་རུང༌། ཞེས་པས་སོ། །ས་མཚམས་ཐེག་དམན་ཚོགས་ལམ་ནས་དམན་པའི་དགྲ་བཅོམ་པའི་བར་ཏུ་ཡོད་དོ། །མཁྱེན་པ་གསུམ་ལ་དབང་བསྒྱུར་ཐོབ་པའི་ཕྱིར་དུ་མཁྱེན་གསུམ་བསྡུས་ནས་བསྒོམ་པའི་བྱང་ཆུབ་སེམས་དཔའི་སྦྱོར་བ་དེ། རྣམ་རྫོགས་སྦྱོར་བའི་མཚན་ཉིད། དབྱེ་ན་སློབ་ལམ་བཞིའམ་སྦྱོར་བ་ཉི་ཤུ། ས་མཚམས་ནི་ཚོགས་ལམ་ནས་རྒྱུན་མཐའི་བར་ནའོ། །དེ་ལྟར་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། དེས་ན་ཐེག་ཆེན་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད། ཅེས་དང༌། མཁྱེན་པ་གསུམ་ལ་དབང་གྱུར་ཐོབ་པའི་ཕྱིར་དུ་མཁྱེན་གསུམ་བསྡུས་ནས་བསྒོམ་པའི་བྱང་ཆུབ་སེམས་དཔའི་སྦྱོར་བ། ཞེས་གསུངས་སོ། །ཆོས་ཉིད་ལ་སྒོམ་བྱུང་ཐོབ་པའི་བྱང་སེམས་ཀྱི་རྒྱུད་ཀྱི་མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་རིགས་གནས་ཀྱི་མངོན་རྟོགས་དེ། རྩེ་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། གསུམ་བསྡུས་བསྒོམ་རབ་ཏུ་གྱུར་པའི་སྦྱོར་བ་སྟེ། དེ་རབ་ཅེས་དང༌།རྩེ་མོའི་མངོན་རྟོགས་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རབ་ཀྱི་གནས་སྐབས་སོ་ཞེས་འདིར་བཤད་དོ། །ཞེས་པས་སོ། །ས་མཚམས་ནི། ཐེག་ཆེན་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་ན་ཡོད་དེ། ཉ་ཊཱིཀ་ལས། བདུན་ཡོད་ལ་ས་མཚམས་དྲོད་ནས་རྒྱུན་མཐའི་བར་ན་ཡོད་དེ་འོག་ཏུ་འཆད་དོ། །ཞེས་གསུངས་སོ། །མཁྱེན་གསུམ་གྱི་རྣམ་པ་གོ་རིམ་དུ་བསྒོམ་པའི་རིགས་གནས་ཀྱི་སེམས་དཔའི་སྦྱོར་བ་དེ། མཐར་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། གསུམ་བསྡུས་བསྒོམ་གོ་རིམ་དུ་བསྒོམ་པའི་སྦྱོར་བའམ་སྦྱིན་སོགས་དཀར་ཆོས་བཅུ་གསུམ་གོ་རིམ་གྱིས་བསྒོམ་པའི་སྦྱོར་བ་སྟེ། ཞེས་པས་སོ། །དབྱེ་ན་བཅུ་གསུམ། ས་མཚམས་ནི། ཚོགས་ལམ་ནས་རྒྱུན་མཐའི་སྔ་ལོགས་བར་དུ་ཡོད་དེ། ཉ་ཊཱིཀ་ལས། ས་མཚམས་མ་མཐའ་ཚོགས་ལམ་ནས་དངོས་སུ་བྱུང་ཞིང༌། ཞེས་པ་ནས། ཐུག་གི་བར་ཞེས་པ་སྔ་ལོགས་ཚུན་ཆད་ཀྱི་དོན་ཡིན་པས་རྒྱུན་མཐའི་སྔ་ལོགས་ཚུན་ཆད།ཅེས་སོ། །མཁྱེན་གསུམ་བསྡུས་སྒོམ་མཐར་ཐུག་པའི་སྦྱོར་བ་དེ། སྐད་ཅིག་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། གསུམ་བསྡུས་བསྒོམ་མཐར་ཐུག་པའི་སྦྱོར་བའོ། །ཞེས་སོ། །དབྱེ་བ་དང་ས་མཚམས་ནི། ཉ་ཊཱིཀ་ལས།

ངོ་བོ་གཅིག་ཉིད་ཡུལ་དང་དེ་རྟོགས་ཚུལ་གྱི་སྒོ་ནས་ལྡོག་པའི་དབྱེ་བས་བཞི་ཡོད་ཅིང་ས་མཚམས་རྒྱུན་མཐའ་ཁོ་ནར་ཡོད་པར་སྡུད་འགྲེལ་ལ་སོགས་སུའོ། །ཞེས་གསུངས་སོ། ། སྦྱོར་བ་བསྒོམས་པའི་སྟོབས་ཀྱིས་ཐོབ་བྱ་མཐར་ཐུག་པའི་ཟག་མེད་ཀྱི་ཆོས་དེ། ཆོས་སྐུའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། ཡུམ་གྱི་སྦྱོར་བ་བསྒོམས་པའི་འབྲས་བུ་མཐར་ཐུག་གང་ཞིག་ཟག་མེད་ཀྱི་ཆོས་ཀྱི་ཡན་ལག་ཅན་ཏེ། ཞེས་སོ། །དབྱེ་ན་སྐུ་བཞི། ས་མཚམས་སངས་རྒྱས་ཀྱི་ས་ཁོ་ན་ལ་ཡོད་དོ། ། གཉིས་པ་དོན་བདུན་ཅུ་བཤད་པ་ནི། རྩ་བར། སེམས་བསྐྱེད་པ་དང་གདམས་ངག་དང༌། །ཞེས་པ་ནས། ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་སོ། །ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད། གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་ཐེག་ཆེན་གྱི་ལམ་དེ་ཡིན་ཏེ། ཉ་ཊཱིཀ་ལས། མཚན་ཉིད་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་བློའོ། །ཞེས་གསུངས་སོ། །དབྱེ་ན་སྨོན་འཇུག་གཉིས་སོགས་སོ། །ས་མཚམས་ཐེག་ཆེན་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་རོ། །གདམས་ངག་གི་མཚན་ཉིད། གདུལ་བྱ་ལ་བརྗོད་བྱའི་དོན་ཕྱིན་ཅི་མ་ལོག་པར་ཐར་བ་ཐོབ་པའི་ཐབས་སུ་འདོམས་པའི་རྗོད་བྱེད་རྣམ་དག ཐེག་ཆེན་གདམས་ངག་གི་མཚན་ཉིད། ཐེག་ཆེན་གྱི་གདུལ་བྱ་ལ་བརྗོད་བྱའི་དོན་མ་ནོར་བར་ཐེག་ཆེན་གྱི་ཐར་བ་ཐོབ་པའི་ཐབས་སུ་འདོམས་པའྀ་རྗོད་བྱེད་རྣམ་དག་དེ་ཡིན་ཏེ། མདོ་ལུགས་མ་ལས། བྱང་ཆུབ་སེམས་དཔའ་ལ་ཐེག་ཆེན་གྱི་ཆོས་ཕྱིན་ཅི་མ་ལོག་པར་འདོམས་བྱེད་ཀྱི་ངག་ནི་མཚན་ཉིད་དོ། །ཞེས་གསུངས་སོ། །ཐེག་དམན་གྱི་གདམས་ངག་གི་མཚན་ཉིད། དམན་པའི་གདུལ་བྱ་ལ་བརྗོད་བྱའི་དོན་ཕྱིན་ཅི་མ་ལོག་པར་ཐེག་དམན་གྱི་ཐར་བ་ཐོབ་པའི་ཐབས་སུ་འདོམས་པའི་རྗོད་བྱེད་རྣམ་དག་དེའོ། །དབྱེ་ན། ཐེག་ཆེན་གདམས་ངག་དང༌། ཐེག་དམན་གདམས་ངག་གཉིས། ཡང་ན་རྗེས་བསྟན་དང་གདམས་པའི་གདམས་ངག་གཉིས་སོ། །ངེས་འབྱེད་ཡན་ལག་གི་མཚན་ཉིད། ཐར་ཆའི་རྟོགས་པ་སྔོན་དུ་སོང་བའི་བདེན་པ་མངོན་རྟོགས་ལ་སྦྱོར་བའི་མོས་སྤྱོད་ཀྱི་ལམ་དེ་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། མཚན་ཉིད་ནི། མྱ་ངན་ལས་འདས་པར་བགྲོད་པའི་གཞི་གང་ཞིག་དོན་མངོན་པར་རྟོགས་པའི་གནས་སྐབས་ཀྱིས་བསྡུས་པའོ། །ཞེས་སོ། །དབྱེ་ན་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་བཞིའོ། །རིགས་ཀྱི་མཚན་ཉིད། ཐར་བའི་ཡོན་ཏན་འབྱུང་བའི་རྟེན་དུ་གྱུར་པའི་གཞིའི་དགེ་བ་དེ་ཡིན་ཏེ། རྒྱུད་བླའི་འགྲེལ་བ་བཀའ་འཁོར་ལོ་ཐ་མའི་གསལ་བྱེད་ལས། རིགས་ཀྱི་མཚན་ཉིད། ཅེས་པ་ནས། ཡོན་ཏན་སྒྲོལ་ཞིང་འབྱུང་བའི་གཞིའམ་ས་བོན་ནི་རིགས་ཀྱི་དོན་ནོ། །ཞེས་སོ། །དེ་ལ་དབྱེ་ན། རང་བཞིན་གནས་རིགས་དང༌། རྒྱས་འགྱུར་གྱི་རིགས་གཉིས། དང་པོའི་མཚན་ཉིད། གང་ལ་བརྟེན་ནས་ཐར་ལམ་ལ་འབད་ན་ཐར་བ་ཐོབ་བྱེད་ཀྱི་ཆོས་ཀྱི་དབྱིངས་དེ་ཡིན་ཏེ། ཉ་ཊཱིཀ་ལས། མཚན་ཉིད་ནི། གང་ལ་བརྟེན་ནས་ཐར་ལམ་ལ་འབད་ན་ཐར་བ་ཐོབ་བྱེད་ཀྱི་འདུས་མ་བྱས་ཀྱི་དགེ་བ་ཞེས་པའོ། །ཞེས་སོ། །རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད། ཆོས་དབྱིངས་ལ་བརྟེན་ནས་ཐོས་སོགས་ཀྱི་རྐྱེན་གྱིས་བྱང་ཆུབ་འགྱུར་རུང་གི་དགེ་བ་འདུས་བྱས་དེ་ཡིན་ཏེ། ཉ་ཊཱིཀ་ལས། དེ་ལ་བརྟེན་ནས་རྐྱེན་གྱིས་བསྐྱེད་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་དགེ་བ་འདུས་བྱས་ཐམས་ཅད་རྒྱས་པའི་རིགས་ཏེ། མཚན་ཉིད་ནི། བྱང་ཆུབ་ཀྱི་རྒྱུར་གྱུར་པའི་དགེ་བ་འདུས་བྱས་སོ། །ཐེག་གསུམ་སོ་སོར་ཡང་སྦྱར། ཞེས་སོ། །ཐེག་ཆེན་སྒྲུབ་པའི་ཤེས་པར་བྱ་བ་དེ། ཐེག་ཆེན་སྒྲུབ་པའི་དམིགས་པའི་མཚན་ཉིད་ཡིན་ཏེ། མདོ་ལུགས་མ་ལས། དམིགས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པར་བྱ་བ་གང་ཡིན་པ་དེ་སྟོན་པ་འདི་ལྟ་སྟེ། ཞེས་གསུངས་སོ། །མཚན་གཞི་ནི། དོན་དམ་བདེན་པ་དང༌། ཀུན་རྫོབ་བདེན་པ་ལྟ་བུའོ། །དབྱེ་ན་བཅུ་གཅིག་ཡོད་དོ། །བྱང་སེམས་ཀྱི་སྤྱད་པ་སྤྱོད་པའི་ཐོབ་བྱའི་འདོད་དོན་དེ། ཆེད་དུ་བྱ་བའི་མཚན་ཉིད་ཡིན་ཏེ། སྔོན་མེད་ལེགས་བཤད་ལས། ཆེད་དུ་བྱ་བ་ནི་སྒྲུབ་པ་བྱེད་པའི་སྐབས་ཀྱི་འདོད་དོན་ཏེ། ཞེས་སོ། །ཕར་ཕྱིན་ཉམས་སུ་ལེན་པར་གོ་བགོས་པའི་སེམས་དཔའི་མངོན་རྟོགས་དེ།གོ་སྒྲུབ་ཀྱི་མཚན་ཉིད། ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པར་གོ་བགོས་པའི་སེམས་པའི་མངོན་རྟོགས་དེ། འདིར་དངོས་བསྟན་གྱི་གོ་སྒྲུབ་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས།མི་མཐུན་ཕྱོགས་ཀྱིས་མི་ཚུགས་པའི་གོ་ཆའི་སྒྲུབ་པའི་མཚན་ཉིད། བྱང་སེའི་སྒྲུབ་པ་གང་ཞིག བསམ་པའི་བྱ་བ་སྟེ། ཞེས་པ་ནས། འདིར་སྨོས་གོ་སྒྲུབ་ཀྱི་མཚན་ཉིད། གང་ཞིག ཕྱིན་དྲུག་རེ་རེར་དྲུག་དྲུག་ཚང་བར་ཉམས་སུ་ལེན་པར་གོ་བགོས་པའོ། །ཞེས་གསུངས་སོ། །ཐེག་ཆེན་སྦྱོར་ལམ་ཡན་གྱི་སྒོམ་བྱུང་གི་རྟོགས་པ་ལ་གནས་པའི་སྐབས་ཀྱི་བྱང་སེམས་ཀྱི་སྒྲུབ་པ་དེ། འཇུག་སྒྲུབ་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། འཇུག་པའི་སྒྲུབ་པ་ནི། བྱང་སེའི་སྒྲུབ་པ་གང་ཞིག སྦྱོར་བའི་བྱ་བ། འདིར་སྨོས་འཇུག་སྒྲུབ་ཀྱི་མཚན་ཉིད། འཇུག་ཡུལ་ཐེག་ཆེན་དགུ་ཆར་རམ་གང་རུང་ལ་འཇུག་ཅིང་འཛེག་པའི་སྒྲུབ་པའོ། །དབྱེ་ན་དགུའོ། །ཞེས་གསུངས་སོ། །རང་འབྲས་བྱང་ཆེན་དངོས་སུ་ཐོབ་བྱེད་དང་ཐེག་ཆེན་སྦྱོར་ལམ་ཆོས་མཆོག་ཆེན་པོའི་རྟོགས་པ་ཐོབ་ཟིན་པའི་སྒྲུབ་པའི་གཞི་མཐུན་པ་དེ། ཚོགས་སྒྲུབ་ཀྱྀ་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། ཞུགས་ཏེ་དཔུང་གི་ཚོགས་གསོག་པའི་སྒྲུབ་པའི་མཚན་ཉིད། བྱང་སེའི་སྒྲུབ་པ་གང་ཞིག རང་འབྲས་སློབ་ལམ་མམ་མི་སློབ་པའི་བྱང་ཆེན་གྱི་རྒྱུའི་མཐར་ཐུག་པའི་ཚོགས་སྒྲུབ་པའམ་ཐོབ་པར་བྱེད་པ་སྟེ། ཞེས་གསུངས་པས་སོ། །རང་གི་ཉེར་འབྲས་རྣམ་མཁྱེན་དུ་ངེས་པར་འབྱིན་བྱེད་ཀྱི་རྒྱུན་མཐའི་ཡེ་ཤེས་དེ། ངེས་འབྱུང་སྒྲུབ་པའི་མཚན་ཉིད་ཡིན་ཏེ། མདོ་ལུགས་མ་ལས། རྒྱུན་མཐའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐད་ཅིག་མའི་སྦྱོར་བའི་རང་བཞིན་ནོ། །ཞེས་གསུངས་སོ། ། ལམ་ཤེས་ཀྱི་དངོས་པོ་བཅུ་གཅིག་ནི། མཚན་འཛིན་གྱི་གཉེན་པོའི་ཡན་ལག་ཏུ་གྱུར་པའི་ལམ་ཤེས་རྫོགས་བྱེད་ཀྱི་ཡོན་ཏན་དེ། འདིར་བསྟན་ལམ་ཤེས་ཀྱི་ཡན་ལག་གི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། མཚན་ཉིད་ནི། མཚན་འཛིན་གྱི་གཉེན་པོའི་ཡན་ལག་སྟེ།ཤེར་འབྱུང་གིས་གཉེན་པོའི་ཡན་ལག་ནི་ལམ་ཤེས་ཀྱི་ཡན་ལག་གོ །ཞེས་གསུངས་སོ། །ཉན་ཐོས་ཀྱི་ཡོན་ཏན་ཡར་ལྡན་ནམ་དེ་ལས་ལྷག་པའི་ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པའི་སྦྱོར་་་དངོས་རྗེས་གསུམ་ཚང་བའི་བྱང་སེམས་ཀྱི་མངོན་རྟོགས་དེ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ནི། བྱང་ཆུབ་ཐོབ་པ་ངེས་པར་སློབ་དཔོན་ལ་ལྟོས་པས་སློབ་མ་སྟེ་ཉན་ཐོས་ཀྱི་ལམ་ཡོན་ཏན་ཡར་ལྡན་དུ་བྱས་ཏེ་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་ཕྱིན་ཅི་མ་ལོག་པར་ཤེས་པའི་བློ། ཞེས་གསུངས་་་་་་པའི་ཕྱིར་རོ། །རང་རྒྱལ་གྱི་ཡོན་ཏན་ཡར་ལྡན་ནམ་དེ་ལས་ལྷག་པའི་ཐེག་དམན་རྟོགས་རིགས་སུ་གནས་པའི་སྦྱོར་དངོས་རྗེས་གསུམ་ཚང་བའི་བྱང་སེམས་ཀྱི་མངོན་རྟོགས་དེ། རང་་་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས།རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ནི།རང་རྒྱལ་གྱི་ལམ་ཡོན་ཏན་ཡར་ལྡན་དུ་བྱས་ཏེ་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་མ་ནོར་བར་ཤེས་པའི་བློ། ཞེས་གསུངས་སོ། །ཐེག་ཆེན་གྱི་བདེན་པ་མངོན་པར་རྟོགས་པའི་གནས་སྐབས་ཀྱིས་བསྡུས་པའི་མྱ་ངན་ལས་འདས་པར་བགྲོད་པའི་ཡེ་ཤེས། ཐེག་ཆེན་མཐོང་ལམ་གྱི་མཚན་ཉིད་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། མཚན་ཉིད་ནི་མྱ་ངན་ལས་འདས་པར་བགྲོད་པའི་གཞི་གང་ཞིག་དེ་ཁོ་ན་མངོན་པར་རྟོགས་པའི་གནས་སྐབས་ཀྱིས་བསྡུས་པའོ། །ཞེས་སོ། །ཐེག་ཆེན་སྒོམ་ལམ་བློའི་ངོ་བོར་བསྐྱེད་ནས་བསྒོམས་སྟོབས་ཀྱིས་ཐོབ་པའི་འབྲས་བུུ་ཁྱད་པར་བ། སྒོམ་ལམ་གྱི་བྱེད་པའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། སྒོམ་ལམ་གྱི་བྱེད་པའི་མཚན་ཉིད་ནི། སྒོམ་ལམ་གྱི་འབྲས་བུ་ཁྱད་པར་བ་སྟེ་བྱ་བ་དེ་བྱེད་པ་ལ་བྱེད་པ་ཞེས་བཞག་གོ །ཡང་ན་སེམས་དུལ་བ་ལ་སོགས་པའི་འབྲས་བུ་ཁྱད་པར་བ་བྱེད་པའོ། །ཞེས་གསུངས་པའི་ཕྱིར་རོ། །ཡུམ་ཤེར་ཕྱིན་སོགས་ཡོན་ཏན་ཅན་དུ་ངེས་ཟིན་པའི་ཆོས་ལ་དམིགས་ནས་དེ་ཁོ་ན་ལྟར་ཡིན་པར་འཛིན་པའི་ཐེག་ཆེན་སྒོམ་ལམ་དེ། ཐེག་ཆེན་མོས་པ་སྒོམ་ལམ་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། དགེ་བ་གསོག་བྱེད་ཀྱི་ཐེག་ཆེན་སྒོམ་ལམ་མོས་པའི་མཚན་ཉིད། འཕགས་པའི་སྒོམ་ལམ་ཟག་བཅས་གང་ཞིག ཡུམ་ཤེར་ཕྱིན་ཡོན་ཏན་ཅན་ལ་ཡོན་ཏན་ཅན་དུ་ངེས་ནས་འཛིན་པ་སྟེ། ཞེས་དང༌། ངོ་བོ་ནི། ཟག་བཅས་ཀྱི་སྒོམ་ལམ་གང་ཞིག ཡུམ་ཡོན་ཏན་ཅན་དུ་ངེས་པར་བྱས་པའི་དངོས་པོ་ལ་དེ་ཁོ་ན་ལྟར་ངེས་པར་འཛིན་པའོ། །ཞེས་སོ། །དོན་གསུམ་པོ་ཅི་རིགས་ལ་མོས་པའི་ཆེ་བའི་ཡོན་ཏན་ཇི་ལྟ་བ་བཞིན་རྟོགས་ནས་སངས་རྒྱས་སོགས་ཐུགས་དགྱེས་པའམ་མོས་པ་སྒོམ་ལམ་ལ་བརྟེན་ནས་དེའི་ཡོན་ཏན་བརྗོད་པ་གང་རུང་དེ། ཐེག་ཆེན་མོས་པ་སྒོམ་ལམ་གྱི་ཕན་ཡོན་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། དེའི་ཕན་ཡོན་ནམ་འབྲས་བུ་བསྟོད་པའི་མཚན་ཉིད། སྒོམ་ལམ་རང་དོན་མོས་པའི་ཆེ་བའི་ཡོན་ཏན་ཇི་ལྟ་བ་བཞིན་རྟོགས་ནས་སངས་རྒྱས་ལ་སོགས་པ་ཐུགས་དགེས་པའི་གནས་སྐབས་སམ། རྟོགས་ནས་སངས་རྒྱས་ལ་སོགས་པས་སྟོན་པའི་ངག་གི་རིག་བྱེད་གང་ཡང་རུང་བའོ། །སྒོམ་ལམ་མོས་པའི་ཕན་ཡོན་བཀུར་བའི་མཚན་ཉིད། སྒོམ་ལམ་གཉིས་དོན་མོས་པའི་ཆེ་བ་ཞེས་སོགས། སྒོམ་ལམ་མོས་པའི་ཕན་ཡོན་བསྔགས་པའི་མཚན་ཉིད། སྒོམ་ལམ་གཞན་དོན་མོས་པའི་ཞེས་སོགས་དགོད་དོ། །ཞེས་གསུངས་པས་སོ། །དགེ་རྩ་གཞན་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ཕྱིར་དུ་སྟོབ་པའི་ཐེག་ཆེན་སྒོམ་ལམ་དེ། ཐེག་ཆེན་བསྔོ་བ་སྒོམ་ལམ་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། དགེ་བ་མི་ཟད་པར་བྱེད་པའི་ཐེག་ཆེན་འཕགས་པའི་སྒོམ་ལམ་བསྔོ་བ་ཡིད་ལ་བྱེད་པའི་མཚན་ཉིད། ཟུར་དང་བོ་འདྲ། དགེ་བ་རྣམས་གཞན་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་སྟོབ་པའོ། །ཞེས་གསུངས་པས་སོ། །རང་གཞན་གྱི་དགེ་རྩ་ཅི་རིགས་ལ་རབ་ཏུ་དགའ་བ་ཡིད་ལ་བྱེད་པའི་ཐེག་ཆེན་སྒོམ་ལམ་དེ། ཐེག་ཆེན་གྱི་རྗེས་སུ་ཡི་རང་སྒོམ་ལམ་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། གསུམ་པ་དགེ་བ་འཕེལ་བྱེད་ཐེག་ཆེན་འཕགས་པའི་སྒོམ་ལམ་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་བླ་མེད་ཀྱི་མཚན་ཉིད།དང་བོ་འདྲ། རང་གཞན་གྱི་དགེ་རྩ་ལ་རབ་ཏུ་དགའ་བ་ཡིད་ལ་བྱེད་པའོ། །ཞེས་པས་སོ། །མཉམ་བཞག་ཡེ་ཤེས་སུ་གྱུར་པའི་ཐེག་ཆེན་སྒོམ་ལམ་དེ། ཐེག་ཆེན་སྒྲུབ་པ་སྒོམ་ལམ་གྱི་མཚན་ཉིད། སྒོམ་ལམ་གྱི་སྤང་བྱ་ཅི་རིགས་དག་པའི་སྤངས་པ་དེ། སྐབས་འདིའི་རྣམ་དག་གི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། འོན་ཀྱང་སྒྲུབ་པ་ནི་ས་དགུའི་མཉམ་གཞག་དང༌། རྣམ་དག་ནི་ས་བཅུ་གཅིག་གི་སྤངས་པ་འགོག་བདེན་ཡིན་གྱི་སྒོམ་ལམ་དངོས་མིན་ཞེས་པ། མདོ་དང་རྗེ་བཙུན་གྱི་དགོངས་པའོ། །ཞེས་དང༌། སྔོན་མེད་ལེགས་བཤད་ལས། འདི་ནི་་མཉམ་བཞག་སྒྲུབ་པ་སྒོམ་ལམ་ཞེས་བྱ་ཞིང༌། རྗེས་ཐོབ་ཏུ་མོས་པ་དང༌། ཞེས་སོགས་གསུངས་པའི་ཕྱིར་རོ། ། གཞི་ཤེས་ཀྱི་དངོས་པོ་དགུ་ནི། ཐབས་ཁྱད་པར་ཅན་གྱིས་ཟིན་པའི་ཤེས་རབ་ཀྱིས་ཚུ་རོལ་ཀྱི་མཐར་མི་གནས་པའི་གཞི་ཤེས་དེ། ཤེས་པས་སྲིད་ལ་མི་གནས་པའི་གཞི་ཤེས་ཀྱི་མཚན་ཉིད། ཉ་ཊཱིཀ་ལས། དུས་གསུམ་མཉམ་ཉིད་དུ་ཤེས་པས་སྲིད་པ་ལ་མི་གནས་པའི་གཞི་ཤེས་ཀྱི་མཚན་ཉིད། ཆོས་ཀུན་བདེན་པའི་རང་བཞིན་མེད་པར་རྟོགས་པས་ཚུ་རོལ་ཀྱི་མཐར་མི་གནས་པའི་གཞི་ཤེས། ཞེས་གསུངས་པའི་ཕྱིར་རོ། །ཤེས་རབ་ཁྱད་པར་ཅན་གྱིས་ཟིན་པའི་གཞན་དོན་ཁུར་ཁྱེར་གྱི་བསམ་པས་ཕ་རོལ་གྱི་མཐའ་ལ་མི་གནས་པའི་གཞི་ཤེས་དེ། སྙིང་རྗེས་ཞི་ལ་མི་གནས་པའི་གཞི་ཤེས་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། གཉིས་པ་སྙིང་རྗེ་ཆེན་པོས་ཞི་བ་ལ་མི་གནས་པའི་གཞི་ཤེས་ཀྱི་མཚན་ཉིད། མཁའ་མཉམ་སེམས་ཅན་གྱི་དོན་བྱེད་པའི་བསམ་པས་ཕ་རོལ་གྱི་མཐར་མི་གནས་པའི་གཞི་ཤེས། ཞེས་གསུངས་པའི་ཕྱིར་རོ། །མཚན་འཛིན་གྱིས་བཅིང་བའི་ཐེག་དམན་གྱི་གཞི་ཤེས་དེ། ཤེར་ཕྱིན་ལ་རིང་བའི་གཞི་ཤེས་ཀྱི་མཚན་ཉིད། ཐེག་ཆེན་གྱི་ཐབས་ཤེས་ཁྱད་པར་ཅན་གྱི་གཞི་ཤེས་དེ། ཤེར་ཕྱིན་ལ་ཉེ་བའི་གཞི་ཤེས་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། གསུམ་པ་འབྲས་ཡུམ་བསྐྱེད་པའི་ཐབས་མ་ཡིན་པས་འབྲས་ཡུམ་ལ་རིང་བའི་གཞི་ཤེས་ཀྱི་མཚན་ཉིད། མིང་དང་དངོས་པོའི་མཚན་མར་འཛིན་པའི་གཞི་ཤེས། འབྲས་ཡུམ་བསྐྱེད་པའི་ཐབས་སུ་གྱུར་པ་ཉིད་ཀྱིས་འབྲས་ཡུམ་ལ་རིང་བ་མིན་པའི་མཚན་ཉིད། ཐེག་ཆེན་གྱི་ཐབས་ཤེས་རབ་ཁྱད་པར་ཅན་གྱི་གཞི་ཤེས། ཞེས་གསུངས་པའི་ཕྱིར་རོ། །བྱང་སེམས་ཀྱིས་རང་རྒྱུད་ལ་སྐྱེད་པར་བྱེད་པ་ལ་འདའ་བྱའི་དམན་པའི་གཞི་ཤེས་དེ། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད། རང་གི་སྤང་བྱ་ཆགས་པའི་མཐའ་མ་ལུས་པ་འགོག་པའི་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་མངོན་རྟོགས་དེ། གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། ལྔ་བ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད། བྱང་སེའི་མཉམ་བཞག་གི་རྟོགས་པའི་སྤང་བྱར་གྱུར་པའི་གཞི་ཤེས། དེ་ལ་གཞི་ལམ་འབྲས་བུ་ལ་མཚན་འཛིན་གསུམ་མོ། །དྲུག་པ་གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད། རང་གི་སྤང་བྱ་ཆགས་པའི་མཐའ་མ་ལུས་པ་འགོག་པའི་གཞི་ཤེས་གང་ཞིག བྱང་སེའི་རྟོགས་པ་ཡིན་པའོ། །ཞེས་གསུངས་པས་སོ། །གཟུགས་སོགས་ལ་མངོན་ཞེན་བཀག་ནས་བསྒོམ་པའི་བྱང་སེམས་ཀྱི་སྦྱོར་བ་དེ། ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་གྱི་མཚན་ཉིད་ཡིན་ཏེ། མདོ་ལུགས་མ་ལས། ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་ལ་སྦྱར་ནས་དེ་ལྟར་བཤད་པ་ལས་སྦྱོར་ལམ་ཁོ་ན་ལ་སྦྱར་ནས་མ་བཤད་པས་སོ། །གཟུགས་སོགས་བྱེད་པའི་མཚན་ཉིད་སོགས་དངོས་པོར་རློམ་སེམས་སུ་མེད་པའི་མཉམ་ཉིད་དུ་ཡོངས་སུ་ཤེས་པ་དེ། ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་གྱི་ཕན་ཡོན་མཉམ་ཉིད་ཀྱི་མཚན་ཉིད་ཡིན་ཏེ། མདོ་ལུགས་མ་ལས། རྣ༷མ་པ་བཞི༷་པོ་དེ་ནི་སྦྱོར་བ་དེ༷འི༷་ཕན་ཡོན་ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་དང༌། སྨིག་རྒྱུ་དང༌།སྒྲ་བརྙན་དང༌། མིག་ཡོར་དང༌། ཆུ་ཟླ་དང༌། སྤྲུལ་པ་ལྟ་བུར་མཉ༷མ་པ༷་ཉི༷ད་དུ་ཡོངས་སུ་ཤེས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཀྱི་ཡེ་ཤེས་དེ། སྐབས་འདིར་དངོས་བསྟན་གྱི་མཐོང་ལམ་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། དགུ་བ་མཐོང་ལམ་སྟེ་དེ་ལ་གཉིས་ལས་གཞི་ཤེས་དངོས་བསྟན་གྱི་མཐོང་ལམ་གྱི་མཚན་ཉིད།སྔར་ལྟར་རམ་གཞིའི་ཆོས་ཉིད་མངོན་སུམ་གྱིས་གསར་དུ་མཐོང་བའི་ཡེ་ཤེས་སོ། །དབྱེ་ན་བཅུ་དྲུག་གོ །གཞི་ཤེས་ཤུགས་བསྟན་གྱི་མཐོང་ལམ་གྱི་མཚན་ཉིད། གཞི་གང་ཟག་གམ་གཟུང་བ་བདག་མེད་མངོན་སུམ་དུ་གསར་དུ་མཐོང་ཞིང་མཚན་འཛིན་གྱི་བློ། ཞེས་གསུངས་པའི་ཕྱིར་རོ། ། རྣམ་ཀུན་གྱི་དངོས་པོ་བཅུ་གཅིག་ནི།སྦྱོར་བའི་བསྒོམ་བྱར་གྱུར་པ་དེ། སྐབས་འདིའི་རྣམ་པའི་མཚན་ཉིད་ཡིན་ཏེ། ཉ་ཊཱྀཀ་ལས། རྣམ་པ་ནི། ཡུལ་གཞིའམ་ཡུལ་ཅན་ཡེ་ཤེས་ཀྱི་བྱེ་བྲག་ཐེག་ཆེན་སྦྱོར་བའི་བསྒོམ་བྱར་གྱུར་པ། ཞེས་དང༌། ཉ་ཊཱིཀ་ལས། མཚན་ཉིད་ནི། བདེན་པའི་ཆོས་ཀྱི་རང་བཞིན་དུ་གྱུར་པའི་ཆོས་ཞིག་སྟེ། མི་རྟག་པ་འདུས་བྱས་ཀྱི་མཚན་ཉིད་དུ་བཤད་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །རང་ཡུལ་གྱི་བསྒོམ་བྱའི་རྣམ་པ་སྒོམ་པའི་སེམས་དཔའི་མངོན་རྟོགས་དེ། སྐབས་འདིའི་སྦྱོར་བའི་མཚན་ཉིད།དེ་ལ་དབྱེ་ན་ཉི་ཤུ་ཡོད་དེ། ཉ་ཊཱིཀ་ལས། སྦྱོར་བ་ནི། གསུམ་ལ་དབང་གྱུར་ཐོབ་པའི་ཕྱིར་དུ་བསྒོམ་བྱའི་རྣམ་པ་རྣམས་བསྡུས་ཏེ་སྒོམ་པའི་རྣལ་འབྱོར་རོ། །དབྱེ་ན་ཉི་ཤུའོ། །ཞེས་གསུངས་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་བ་སྒོམ་སྟོབས་ཀྱིས་ཐོབ་པའི་ཐེག་ཆེན་ལམ་ཞུགས་ཀྱི་རྒྱུད་ཀྱི་ཡོན་ཏན་དེ། ཐེག་ཆེན་སྦྱོར་བའི་ཡོན་ཏན་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། སྦྱོར་བའི་ཡོན་ཏན་ནི། སྦྱོར་བ་བསྒོམ་པའི་གནས་སྐབས་སམ། མཐར་ཐུག་གི་ཐོབ་བྱའི་འབྲས་བུ། དབྱེ་ན་བཅུ་བཞིའོ། །ཞེས་གསུངས་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་བ་སྐྱེ་གནས་འཕེལ་བ་གསུམ་པོ་ཅི་རིགས་ལ་གེགས་བྱེད་པའི་བདུད་ལས་སུ་བཤད་པ་དེ། སྐབས་འདིའི་སྐྱོན་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། སྦྱོར་བའི་སྐྱོན་ནི། སྦྱོར་བ་སྒོམ་པ་པོ་འགའ་ཞིག་གིས་སྦྱོར་བ་བསྒོམ་པའི་བར་དུ་གཅོད་བྱེད་ཀྱི་ལས། ཡང་ན་ཡུམ་ལ་ཐོས་བསམ་བསྒོམ་པ་གང་རུང་གི་བར་ཆད་དུ་གྱུར་པའི་ལས། དབྱེ་ན་ཞེ་དྲུག་གོ །ཞེས་གསུངས་པའི་ཕྱིར། ཉ་ཊཱིཀ་ལྟར་ན། ལམ་ཅི་རིགས་ཀྱི་རྟོགས་པ་ཁྱད་པར་ཅན་འཕྲིན་ལས་ངོ་བོ་ཉིད་གང་རུང་མཚོན་བྱེད་དམ་གོ་བྱེད་ཀྱི་ཐེག་ཆེན་གྱི་ཡོན་ཏན་དེ། སྐབས་འདིར་བསྟན་གྱི་སྦྱོར་བའི་མཚོན་པར་བྱེད་པའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། ལྔ་བ་སྦྱོར་བའི་མཚན་ཉིད་ནི། སྦྱོར་བ་རྣམས་ཀྱི་རྟོགས་པ་ཁྱད་པར་ཅན་འཕྲིན་ལས་ངོ་བོ་ཉིད་གང་ཡང་རུང་བ་མཚོན་བྱེད་ཡིན་པ། ཡང་ན་སྦྱོར་བ་རྣམས་རྒྱུའམ་ཁྱད་པར་ཅན་ནམ་སྦྱོར་བའི་ངོ་བོ་མཚོན་བྱེད་གང་ཡང་རུང་བ། དབྱེ་ན་དགུ་བཅུ་རྩ་གཅིག་གོ །ཞེས་གསུངས་སོ། །སོ་སོའི་ངེས་འབྱེད་ཆ་མཐུན་མ་སྐྱེས་གོང་གི་མྱང་འདས་ཀྱི་རྒྱུར་གྱུར་པའི་ལམ་དེ། ཐར་བ་ཆ་མཐུན་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། ཐར་བའི་ཆ་དང་མཐུན་པའི་མཚན་ཉིད། སོ་སོའི་ངེས་འབྱེད་ཆ་མཐུན་མ་སྐྱེས་གོང་གི་མྱང་འདས་ཀྱི་རྒྱུར་གྱུར་པའི་དགེ་བ། ཐེག་ཆེན་གྱི་ནི་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་ཞེས་སྦྱར་རོ། །ཉན་རང་ལ་ཡང་ངོ༌། །ཞེས་གསུངས་པའི་ཕྱིར། སྐབས་འདིའི་གཙོ་བོའི་སྦྱོར་ལམ་ནི་ཕལ་ཆེར་བསམ་སྦྱོར་གཉིས་ལས་བསམ་པའི་ཆ་ནས་བསྟན་པ་དང་མཉམ་རྗེས་གཉིས་ལས་རྗེས་ཐོབ་ལ་བཤད་དགོས་ཏེ། ཉ་ཊཱིཀ་ལས། བསམ་པ་ཕུན་ཚོགས་ཅན་ངེས་འབྱེད་ཆ་མཐུན། ཞེས་དང༌། ཐེག་ཆེན་གྱི་རྗེས་ཐོབ་ཡིན་པའི་ངེས་འབྱེད་ཆ་མཐུན་གྱི་མཚན་ཉིད། དམིགས་ཡུལ་སེམས་ཅན་ཀུན་ལ་དམིགས་ནས་རྣམ་པ་དེ་དག་ལ་སེམས་མཉམ་པ་ལ་སོགས་པ་གང་རུང་ཅན་གྱི་སྦྱོར་ལམ་རྗེས་ཐོབ། དབྱེ་ན་བཅུ་གཉིས་སོ། །ཞེས་དང༌། དེ་ལྟར་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྗེས་ཐོབ་དམིགས་རྣམ་གྱི་སྒོ་ནས་བཤད་པ་ཡིན། ཞེས་གསུངས་པའི་ཕྱིར་རོ། །ད་ཕྱིན་ཆད་ཐེག་དམན་དུ་མི་ལྟུང་བར་ངེས་པའི་ཐེག་ཆེན་པ་དེ། རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད།ད་ཕྱིན་ཆད་ཐེག་དམན་དུ་མི་ལྟུང་བར་ངེས་པའི་བྱང་སེམས་དེ། སློབ་པ་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད། ད་ཕྱིན་ཆད་ཐེག་དམན་དུ་མི་ལྟུང་བར་ངེས་པའི་སྐབས་འདིའི་རྟགས་ཐོབ་པའི་བྱང་སེམས་དེ། འདིར་དངོས་བསྟན་གྱི་སློབ་པ་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། སློབ་པ་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་ཚོགས་ཏེ་དགེ་འདུན་གྱི་མཚན་ཉིད། ད་ཕྱིན་ཆད་ཐེག་དམན་དུ་མི་ལྟུང་ངེས་པའི་རྟགས་ཐོབ་བའི་བྱང་སེམས་ཏེ་སྦྱོར་མཐོང་སྒོམ་གསུམ་པ་གསུམ་མོ། །ཞེས་གསུངས་པའི་ཕྱིར། འཁོར་འདས་ལ་བླང་དོར་དུ་བདེན་པར་རྟོག་པའི་གཉེན་པོར་འཁོར་འདས་བདེན་པའི་རང་བཞིན་མེད་པར་མཉམ་པར་བསྒོམ་པའི་དག་སའི་སྦྱོར་བ་དེ། འདིར་བསྟན་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། ཆོས་སྐུའི་ཡན་ལག་གམ་རྒྱུ་སྲིད་དང་ཞི་བ་མཉམ་ཉིད་ཀྱི་སྦྱོར་བའི་མཚན་ཉིད། རྣམ་སྦྱོར་གང་ཞིག འཁོར་འདས་ལ་བླང་དོར་དུ་འཛིན་པའི་རྟོག་པའི་གཉེན་པོར་འཁོར་འདས་བདེན་པའི་རང་བཞིན་མེད་པར་མཉམ་པར་བསྒོམ་པ། ཡང་ན་དག་སའི་ཞེས་སམ་རྒྱུན་མཐའི་སྦྱོར་བ་གང་ཞིག་ཅེས་སྦྱར་ཏེ་འོག་ཏུ་འཆད་དོ། །ཞེས་གསུངས་སོ། །རྣམ་སྦྱོར་གང་ཞིག རང་གང་དུ་གསར་དུ་སངས་རྒྱས་པའི་ཞིང་དེར་སྣོད་བཅུད་ཀྱི་ཉེས་པ་མེད་ཅིང་ཡོན་ཏན་དང་ལྡན་པའི་ཕྱིར་དུ་བསྒོམ་པའི་དག་སའི་སྦྱོར་བ་དེ། འདིར་བསྟན་ཞིང་དག་སྦྱོར་བའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། བཅུ་བ་ཉེ་བའི་ཡན་ལག་ལོངས་སྐུའི་རྒྱུ་ཞིང་དག་པ་བླ་ན་མེད་པའམ་མཆོག་ཏུ་གྱུར་པའི་སྦྱོར་བའི་མཚན་ཉིད། རྣམ་སྦྱོར་གང་ཞིག སྣོད་བཅུད་ཀྱི་འཇིག་རྟེན་ཉེས་པ་མེད་ཅིང་ཡོན་ཏན་དང་ལྡན་པའི་ཕྱིར་དུ་བསྒོམ་པ། དེ་ལ་སྣོད་བཅུད་དག་པ་གཉིས་སོ། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིའི་ཡུལ་མངོན་སུམ་དུ་བྱ་བ་ལ་དུས་དུས་མིན་ཤེས་པས་རང་འབྲས་སངས་རྒྱས་ཀྱི་འཕྲིན་ལས་ཕུན་ཚོགས་ཐོབ་ཕྱིར་དུ་སྒོམ་པའི་དག་སའི་སྦྱོར་བ་དེ། འདིར་བསྟན་ཐབས་མཁས་སྦྱོར་བའི་མཚན་ཉིད་ཡིན་ཏེ།ཉ་ཊཱིཀ་ལས། སེམས་ཅན་ཡོངས་སུ་སྨིན་པའི་ཡན་ལག་ཐབས་མཁས་སྦྱོར་གྱི་མཚན་ཉིད། རྣམ་སྦྱོར་གང་ཞིག ཡུལ་བཅུ་མངོན་སུམ་དུ་བྱ་བ་ལ་དུས་དུས་མིན་ཤེས་པས་སངས་རྒྱས་ཀྱི་འཕྲིན་ལས་ཕུན་ཚོགས་ཀྱི་རྒྱུར་གྱུར་པ་དབྱེ་ན་བཅུའོ། །ཞེས་གསུངས་པའི་ཕྱིར་རོ། །རྩེ་སྦྱོར་གྱི་དངོས་པོ་བརྒྱད་ནི། བསྡུས་བསྒོམ་རབ་ཏུ་གྱུར་བར་མཚོན་བྱེད་དུ་གྱུར་བའི་བྱང་སེམས་ཀྱི་སྦྱོར་བ་དེ། རྟགས་ཀྱི་རྩེ་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། སྔར་རྩེ་མོར་ཕྱིན་དང་ཞེས་བཤད་པའི་རྩེ་མོ་དེ་ཡི་རྟགས་སམ་རྟགས་ཀྱི་རྩེ་མོའི་མཚན་ཉིད། བསྡུས་བསྒོམ་རབ་ཏུ་གྱུར་བར་མཚོན་བྱེད་གང་ཞིག བྱང་སེའི་སྦྱོར་ལམ་དྲོད། ཅེས་གསུངས་པའི་ཕྱིར། བསྡུས་བསྒོམ་རབ་ཏུ་གྱུར་པའི་བསོད་ནམས་ཁྱད་འཕགས་ཀྱི་རྩེ་སྦྱོར་དེ། རྣམ་འཕེལ་གྱི་རྩེ་མོའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། རྣམ་འཕེལ་གྱི་རྩེ་མོའི་མཚན་ཉིད།བསྡུས་བསྒོམ་རབ་ཏུ་གྱུར་པའི་སྦྱོར་ལམ་རྩེ་མོ་གང་ཞིག བསོད་ནམས་ཁྱད་འཕགས་བཅུ་དྲུག་ཅན་ནོ། །ཞེས་གསུངས་སོ། །ཤེས་རབ་ཀྱིས་མཁྱེན་གསུམ་གྱི་ཆོས་ཡོངས་སུ་རྫོགས་པར་བསྔོས་ཤིང་སྙིང་རྗེས་གཞན་དོན་གྱི་བསམ་པ་བརྟན་པོ་ཅན་གྱི་རྩེ་སྦྱོར་དེ། བརྟན་པའི་རྩེ་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། བརྟན་པའི་རྩེ་མོའི་མཚན་ཉིད། ཤེས་རབ་ཀྱིས་མཁྱེན་གསུམ་གྱི་ཆོས་ཡོངས་སུ་རྫོགས་པར་བསྔོས་ཤིང་སྙིང་རྗེས་གཞན་དོན་གྱི་བསམ་པ་བརྟན་པོ་ཅན་གྱི་སྦྱོར་ལམ་བཟོད་པར་གྱུར་པའོ། །ཞེས་གསུངས་པའི་ཕྱིར་རོ། །བསོད་ནམས་ཕུལ་བྱུང་མཐའ་ཡས་པ་ཅན་གྱི་དེ་ཁོ་ན་ཉིད་ལ་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་གྱི་རྩེ་སྦྱོར་དེ། སེམས་ཀུན་ཏུ་གནས་པའི་རྩེ་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། སེམས་ཀུན་ཏུ་གནས་པའི་རྩེ་མོའི་མཚན་ཉིད། དེ་ཁོ་ན་ཉིད་ལ་སེམས་རྩེ་གཅིག་པའི་སྦྱོར་ལམ་ཆོས་མཆོག་གང་ཞིག བསོད་ནམས་ཕུལ་བྱུང་མཐའ་ཡས་པ་ཅན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིར་མདོ་ལུགས་མ་ལས། རྟགས་དང་རྣམ་འཕེལ་ལ་སོགས་པ་བཞི་པོ་འདི་རྩེ་སྦྱོར་ཐོབ་ནས་མཐར་ཐུག་གི་བར་གྱི་ཆོས་སུ་གསུངས་པའི་ཕྱིར། དྲོད་སོགས་བཞིར་འཆད་པ་ནི་ཤེས་བྱེད་ཡིད་ཆེས་པ་མི་སྣང་ངོ༌། །སྦྱོར་ལམ་བཏགས་པ་བར་བཤད་པ་ལ་ཡང་དགོས་པ་མེད་ཅིང་གནོད་བྱེད་དང་བཅས་སོ། །ཞེས་གསུངས་པའི་ཕྱིར་རོ། །བསྡུས་སྒོམ་རབ་ཏུ་གྱུར་པའི་བྱང་སེམས་ཀྱི་བདེན་པ་མངོན་རྟོགས་དེ། མཐོང་ལམ་རྩེ་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། མཐོང་ལམ་རྩེ་མོའི་མཚན་ཉིད། བསྡུས་བསྒོམ་རབ་ཏུ་གྱུར་པའི་བྱང་སེའི་མཐོང་ལམ། ཞེས་གསུངས་པའི་ཕྱིར་རོ། །སྒོམ་ལམ་རྩེ་སྦྱོར་ནི། བསྡུས་སྒོམ་རབ་ཏུ་གྱུར་པའི་བྱང་སེམས་ཀྱི་རྗེས་ལ་མངོན་རྟོགས་དེ། སྒོམ་ལམ་རྩེ་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། སྒོམ་ལམ་རྩེ་མོའི་མཚན་ཉིད། བསྡུས་བསྒོམ་རབ་ཏུ་གྱུར་པའི་བྱང་འཕགས་ཀྱི་སྒོམ་ལམ་མོ། །ཞེས་གསུངས་པའི་ཕྱིར་རོ། །བསྡུས་སྒོམ་རབ་ཏུ་གྱུར་པའི་རང་འབྲས་རྣམ་མཁྱེན་གྱི་དངོས་རྒྱུར་གྱུར་པའི་བར་ཆད་མེད་ལམ་དེ། བར་ཆད་མེད་པའི་རྩེ་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། བར་ཆད་མེད་པའི་ཏིང་ངེ་འཛིན་ནི།བསྡུས་བསྒོམ་རབ་ཏུ་གྱུར་པའི་སྒོམ་ལམ་ཆེན་པོའི་ཆེན་པོ་གང་ཞིག འབྲས་བུ་རྣམ་མཁྱེན་གྱི་དངོས་རྒྱུར་གྱུར་པའོ། །ཞེས་གསུངས་པའི་ཕྱིར་རོ། །ཡོད་པ་དང་དོན་དམ་པར་མེད་པ་གཉིས་འགལ་བར་བསམ་ནས་རྩོད་པའི་རྩོད་པ། སྐབས་འདིའི་བསལ་བྱ་ལོག་སྒྲུབ་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། བསལ་བྱ་ལོག་སྒྲུབ་ཀྱི་མཚན་ཉིད། བདེན་གཉིས་འགལ་བར་བསམ་ནས་རྩོད་པའི་རྩོད་པ། ཞེས་གསུངས་པའི་ཕྱིར་རོ། ། མཐར་སྦྱོར་གྱི་དངོས་པོ་བཅུ་གསུམ་ནི། མཐར་སྦྱོར་བཅུ་གསུམ་སོ་སོའི་མཚན་ཉིད་ནི།འཁོར་གསུམ་དག་པའི་སྦྱིན་པ་གོ་རིམ་དུ་བསྒོམ་པའི་རིགས་གནས་ཀྱི་སེམས་དཔའི་སྦྱོར་བ་དེ། སྦྱིན་པའི་མཐར་སྦྱོར་གྱི་མཚན་ཉིད། དེ་བཞིན་དུ་ཕར་ཕྱིན་གཞན་ལྔའི་མཐར་སྦྱོར་གྱི་མཚན་ཉིད་རིགས་འདྲ་སྟེ། ཉ་ཊཱིཀ་ལས།མཐར་གྱིས་པའི། དངོས་པོ་བཅུ་གསུམ་ལ་སྦྱིན་པའི་མཐར་སྦྱོར་གྱི། མཐར་སྦྱོར་གང་ཞིག འཁོར་གསུམ་དག་པའི་སྦྱིན་པ་གོ་རིམ་གྱིས་བསྒོམ་པ་སྟེ་ཕར་ཕྱིན་གཞན་ལྔ་ལ་ཡང་སྦྱར་རོ། །ཞེས་གསུངས་པའི་ཕྱིར་རོ། །དོན་དམ་པར་སངས་རྒྱས་ཀྱི་ཡོན་ཏན་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པའི་ཚུལ་གྱིས་དེའི་ཡོན་ཏན་དྲན་པའི་སེམས་དཔའི་སྦྱོར་བ་དེ། སངས་རྒྱས་རྗེས་དྲན་གྱི་མཐར་སྦྱོར་གྱི་མཚན་ཉིད། དེ་བཞིན་དུ་རྗེས་དྲན་གཞན་ལྔའི་མཐར་སྦྱོར་གྱི་མཚན་ཉིད་རིགས་འདྲ་སྟེ། ཉ་ཊཱིཀ་ལས།སངས་རྒྱས་རྗེས་དྲན་གྱི་མཐར་སྦྱོར་གྱི། མཐར་སྦྱོར་གང་ཞིག དོན་དམ་པར་དེ་པའི་ཡོན་ཏན་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པའི་ཚུལ་གྱིས་ཀུན་རྫོབ་ཏུ་ཕྱིན་ཅི་མ་ལོག་པར་དྲན་པ། དེ་བཞིན་དུ་དགེ་མི་དགེ་ལུང་དུ་མ་བསྟན་པའི་ཆོས། སློབ་པ་ཕྱིར་མི་ལྡོག་གི་ཚོགས། སྡོམ་པ་གསུམ། ཆོས་དང་ཟང་ཟིང་གི་སྦྱིན་པ། ལྷར་སྐྱེས་པའི་འཕགས་པ་ཞེས་སྦྱར་ཏེ། ཆོས། དགེ་འདུན། ཚུལ་ཁྲིམས། གཏོང་བ།ལྷ་རྗེས་དྲན་གྱི་མཐར་སྦྱོར་གྱིའོ། །ཞེས་གསུངས་པས་སོ། །ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པར་རྟོགས་ནས་བསྒོམ་པའི་མཐར་སྦྱོར་དེ། དངོས་མེད་ངོ་བོ་ཉིད་ཀྱི་མཐར་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས།དངོས་མེད་ངོ་བོ་ཉིད་དུ་ཤེས་པའི་མཐར་སྦྱོར་གྱི། མཐར་སྦྱོར་གང་ཞིག ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པར་རྟོགས་ནས་བསྒོམ་པ། ཞེས་གསུངས་པའི་ཕྱིར་རོ། ། སྐད་ཅིག་སྦྱོར་གྱི་དངོས་པོ་བཞི་ནི། ཡེ་ཤེས་སྐད་ཅིག་མ་གཅིག་གིས་འོད་གསལ་ཆོས་ཉིད་ཀྱི་སྐུ་རྫོགས་པར་གཅིག་ཆར་དུ་མཁྱེན་པའི་སྦྱོར་བ་མཐར་ཐུག་པའི་སྐད་ཅིག་སྦྱོར་དེ།ཆོས་སྐུ་རྫོགས་པར་རྟོགས་པའི་སྐད་ཅིག་སྦྱོར་གྱི་མཚན་ཉིད་ཡིན་ནོ། །དེ་ཡང་ཉ་ཊཱིཀ་ལས། རྣམ་སྨིན་མིན་པའི་སྐད་ཅིག་མའི་སྦྱོར་བའི་མཚན་ཉིད། རྣམ་སྨིན་མིན་པའི་ཟག་མེད་གཅིག་མངོན་དུ་བྱེད་པ་ན་དེ་དང་རིགས་མཐུན་ཐམས་ཅད་གཅིག་ཅར་མངོན་དུ་བྱེད་པའི་སྐད་ཅིག་མའི་སྦྱོར་བ་སྟེ། ཞེས་གསུངས་པ་ནི་འགྲེལ་བ་དོན་གསལ་ལྟར་ཡིན་པ་ལས་ཡུམ་མདོ་དང་མངོན་རྟོགས་རྒྱན་དུ་རྣམ་པར་མ་སྨིན་པ་སྦྱར་བ་མི་སྣང་ངོ༌། །རྣམ་སྨིན་གྱི་དཀར་ཆོས་ཟག་མེད་གཅིག་མངོན་དུ་བྱེད་པ་ན་དེ་དང་རིགས་མཐུན་ཐམས་ཅད་ཅིག་ཅར་མངོན་དུ་བྱེད་པའི་སྐད་ཅིག་མའི་སྦྱོར་བ་དེ། རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་གྱི་མཚན་ཉིད་ཡིན་ནོ། །ཀུན་བྱང་མཚན་ཉིད་མེད་པར་གཅིག་མངོན་དུ་བྱེད་པ་ན་དེ་དང་རིགས་མཐུན་པའི་མཚན་ཉིད་མེད་པ་ཐམས་ཅད་གཅིག་ཅར་མངོན་དུ་བྱེད་པའི་སྐད་ཅིག་མའི་སྦྱོར་བ་དེ། མཚན་ཉིད་མེད་པའི་སྐད་ཅིག་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། རྩ་བ་ལ། རྒྱུན་མཐའི་ཡེ་ཤེས་ཆོས་ཅན། མཚན་ཉིད་མེད་པའི་སྐད་ཅིག་མ་ཡིན་ཏེ། ཆོས་གཅིག་བདེན་པའི་མཚན་ཉིད་མེད་པ་ཉིད་རྟོགས་པ་ན་དེའི་སྐད་ཅིག་མ་ནི་གཅིག་ཁོ་ན་ལ་ཆོས་རྣམས་ཐམས་ཅད་བདེན་པའི་མཚན་ཉིད་མེད་པ་ཉིད་དུ་རང་གིས་རྟོགས་པས་སོ། །དེ་ལྟར་རྟོགས་པའི་རྒྱུ་ཅི་ན། ཆོས་ཅན། དེ་ལྟར་མངོན་དུ་བྱེད་ནུས་པའི་རྒྱུ་མཚན་ཡོད་དེ། ཕྱིན་ཅི་མ་ལོག་པའི་རྒྱུ་ཆོས་ཀུན་རྨི་ལམ་དང་འདྲ་བར་གནས་པ་སྟེ་རྟོགས་ནས་ངོ་བོའི་རྒྱུ་སྦྱིན་ལ་སོགས་པ་དྲུག་ལ་གྲངས་མེད་གསུམ་སོགས་སུ་སྤྱོད་པ་ཡི་རྒྱུ་མཚན་གྱིས་སོ། །ཆོས་ཐམས་ཅད་མཚན་ཉིད་མེད་པར་ཤེས་པས་ཕར་ཕྱིན་དྲུག་མཚན་ཉིད་མེད་པར་ཤེས་སོགས་སོ། །ཞེས་གསུངས་པའི་ཕྱིར་རོ། །གཟུང་འཛིན་གཉིས་སུ་མེད་པར་གཅིག་མངོན་དུ་བྱེད་པ་ན་དེ་དང་རིགས་མཐུན་ཐམས་ཅད་གཅིག་ཅར་མངོན་དུ་བྱེད་པའི་སྐད་ཅིག་མའི་སྦྱོར་བ་དེ། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་གྱི་མཚན་ཉིད་དོ། །སྐད་ཅིག་སྦྱོར་དེ་དག་གི་མཚན་ཉིད་ཉ་ཊཱིཀ་ལས། རྣམ་སྨིན་མིན་པའི་སྐད་ཅིག་མའི་སྦྱོར་བའི་མཚན་ཉིད། རྣམ་སྨིན་མིན་པའི་ཟག་མེད་གཅིག་མངོན་དུ་བྱེད་པ་ན་དེ་དང་རིགས་མཐུན་ཐམས་ཅད་གཅིག་ཅར་མངོན་དུ་བྱེད་པའི་སྐད་ཅིག་མའི་སྦྱོར་བ་སྟེ། དེ་བཞིན་དུ་རྣམ་སྨིན་དང༌། མཚན་ཉིད་མེད་པ། གཉིས་སུ་མེད་པའི་སྐད་ཅིག་མའི་མཚན་ཉིད། རྣམ་སྨིན་གྱི་དཀར་ཆོས། ཀུན་བྱང་མཚན་ཉིད་མེད་པར། གཟུང་འཛིན་གཉིས་སུ་མེད་པར་རོ། །དེ་དག་ཀྱང་རྫས་ཐ་དད་ཀྱིས་ཕྱེ་བ་མིན་གྱི་སྤྱིའི་མཚན་ཉིད་ཀྱིས་ཕྱེ་བ་རྣམ་པ་བཞིས་ནི་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐབས་བསྡུས་ནས་བསྟན་ནོ། །ཞེས་གསུངས་པའི་ཕྱིར་རོ། །འབྲས་བུ་ཆོས་སྐུའི་དངོས་པོ་བཞི་ནི། དག་པ་གཉིས་ལྡན་གྱི་ཆོས་དབྱིངས་ཡེ་ཤེས་དེ། ངོ་བོ་ཉིད་སྐུའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། ངོ་བོ་ཉིད་ཀྱི་སྐུའི་མཚན་ཉིད།དག་པ་གཉིས་ལྡན་གྱི་ཆོས་དབྱིངས་ཡེ་ཤེས་ཏེ། རྒྱུད་བླར། ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བ། །ཞེས་གསུངས་པའི་ཕྱིར་རོ། །གནས་གྱུར་པའི་མཐར་ཐུག་པའི་འདུས་བྱས་ཡེ་ཤེས་ཀྱི་ཚོགས་དེ། སྐུ་བཞིར་ཕྱེ་བའི་ཡེ་ཤེས་ཆོས་སྐུའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། གནས་གྱུར་པའི་འདུས་བྱས་ཡེ་ཤེས་ཀྱི་ཚོགས་མཐར་ཐུག་པ། དབྱེ་ན་སྡེ་ཚན་ཉེར་གཅིག གསལ་བ་བརྒྱ་ཞེ་བཞིའོ། །ཞེས་གསུངས་པའི་ཕྱིར། ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་དང་པོའི་གཟུགས་སྐུ་མཐར་ཐུག་དེ། ལོངས་སྐུའི་མཚན་ཉིད་ཡིན་ཏེ། མདོ་ལུགས་མ་ལས། ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་ནི། གཉིས་མེད་ཡེ་ཤེས་ཀྱི་ངོ་བོ་གྱུར་པའི་མཚན་ནི་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུའི་བདག་ཉིད་དུ་གྱུར་པ་འདི་ཐེག་པ་ཆེན་པོའི་ཆོས་རྫོགས་པར་ཉེ་བར་ལོངས་སྤྱོད་པའི་སྐུ་ཡིན་པའི་ཕྱིར། ཐུབ་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པར་མདོ་ལས་བཞེད་དོ། །ཞེས་གསུངས་པའི་ཕྱིར་རོ། །མཐོང་སྤང་གི་མ་དག་པའི་གདུལ་བྱ་ལ་དངོས་སུ་སྣང་ནུས་པའི་གཟུགས་སྐུ་གཉིས་པ་དེ། སྤྲུལ་སྐུའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ནི། སངས་རྒྱས་ཀྱི་གཟུགས་སྐུ་གང་ཞིག མཐོང་སྤང་གིས་མ་དག་པའི་གདུལ་བྱའི་དོན་དངོས་སུ་མཛད་པ། ཞེས་གསུངས་སོ། །རང་ཐོབ་བྱེད་སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོའི་སྟོབས་ལས་ཐོབ་པའི་རྣམ་དཀར་གྱི་ཡོན་ཏན་དེ། སངས་རྒྱས་ཀྱི་འཕྲིན་ལས་ཀྱི་མཚན་ཉིད། ཡང་ན་རང་ཐོབ་བྱེད་རྟོགས་པ་ཆོས་སྐུ་ལ་བརྟེན་ནས་འདུལ་བྱའི་དོན་བསྒྲུབ་པའི་རྣམ་དཀར་གྱི་ལས་དེ། སངས་རྒྱས་ཀྱི་འཕྲིན་ལས་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས།ཆོས་སྐུའི་མཛད་པ་འཕྲིན་ལས་ནི། རྟོགས་པ་ཆོས་སྐུས་སྐལ་ལྡན་གདུལ་བྱའི་དོན་བསྒྲུབས་པའམ་སྒྲུབ་པའི་བྱ་བ། དབྱེ་ན་བྱེད་པ་པོ་ལ་དང༌། བྱ་བ་ལ་ཡོད་པའི་གཉིས་ལས། དང་པོའི་མཚན་ཉིད། སངས་རྒྱས་ཀྱི་འཕྲིན་ལས་གང་ཞིག རྒྱུན་མི་འཆད་ཅིང་ལྷུན་གྱིས་གྲུབ་པར་འཇུག་པ།གཉིས་པའི་མཚན་ཉིད། ཟུར་དང་པོ་འདྲ། སངས་རྒྱས་ཀྱི་གདུལ་བྱས་ཐོབ་པའི་དགེ་ལེགས་ཅི་རིགས་པ། ཞེས་དང༌། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཞེས་དང༌། ཐེག་མཆོག་དབུ་མ་ལས།ཐུགས་རྗེ་དེ་ལས་འཕྲིན་ལས་ཟད་མེད་འབྱུང༌། །འགྲོ་རྣམས་སྡུག་བསྔལ་ཆུང་དང་ཟད་པར་མཛད། །ཅེས་གསུངས་པའི་ཕྱིར་རོ། །སྡོམ་ནི། རྣམ་མཁྱེན་མཚོན་བྱེད་དངོས་པོ་རྣམ་བཅུ་ནི། །༡ སེམས་བསྐྱེད་༢གདམས་ངག་༣ངེས་འབྱེད་ཡན་ལག་དང༌། །༤རང་བཞིན་རིགས་༥དམིགས་༦ཆེད་དུ་བྱ་བ་ཞེས། །༧ གོ་ཆ་༨འཇུག་༩ཚོགས་༡༠ངེས་འབྱུང་སྒྲུབ་རྣམས་སོ། །ལམ་ཤེས་མཚོན་བྱེད་བཅུ་གཅིག་༡ལམ་ཡན་ལག །༢ ཉན་༣རང་གི་ནི་ལམ་ཤེས་༤མཐོང་བའི་ལམ། །༥སྒོམ་ལམ་བྱེད་པ་༦མོས་སྒོམ་༧ཕན་ཡོན་༨བསྔོ། །༩རྗེས་སུ་ཡི་རང་༡༠སྒྲུབ་དང་༡༡སྒོམ་རྣམ་དག། །གཞི་ཤེས་མཚོན་བྱེད་དངོས་པོ་རྣམ་དགུུ་ནི། །༡ཤེས་པས་སྲིད་དང་༢སྙིང་རྗེས་ཞི་མི་གནས། །༣འབྲས་ཡུམ་རིང་དང་༤ཉེ་བའི་གཞི་ཤེས་དང༌། །༥མྀ་མཐུན་༦གཉེན་པོའི་ཕྱོགས་དང་༧གཞི་ཤེས་སྦྱོར། །༨དེ་ཡི་མཉམ་ཉིད་༩མཐོང་བའི་ལམ་རྣམས་སོ། །རྣམ་རྫོགས་མཚོན་བྱེད་བཅུ་གཅིག་༡རྣམ་པ་དང༌། །༢སྦྱོར་བ་༣ཡོན་ཏན་༤སྐྱོན་དང་༥མཚན་ཉིད་ཅེས། །༦ཐར་དང་༧ངེས་འབྱེད་ཆ་མཐུན་༨ཕྱིར་མི་ལྡོག །༩སྲིད་ཞི་མཉམ་ཉིད་༡༠ཞིང་དག་༡༡ཐབས་མཁས་སྦྱོར། །༡རྩེ་མོའི་རྟགས་དང་༢རྣམ་འཕེལ་༣བརྟན་པ་དང༌། །༤སེམས་ཀུན་གནས་དང་༥མཐོང་༦སྒོམ་༧བར་ཆད་མེད། །༨བསལ་བྱ་ལོག་སྒྲུབ་མཐའ་སྦྱོར་བཅུ་གསུམ་ནི། །༡ཕྱིན་དྲུག་༧རྗེས་དྲན་དྲུག་དང་༡༣ངོ་བོ་ཉིད། །སྐད་ཅིག་སྦྱོར་བ་མཚོན་བྱེད་ཆོས་རྣམ་བཞི། །༡ཆོས་རྫོགས་རྟོགས་པ༢རྣམ་སྨིན་༣མཚན་ཉིད་མེད། །༤གཉིས་སུ་མེད་པའི་སྐད་ཅིག་སྦྱོར་རྣམས་སོ། །ཆོས་སྐུ་མཚོན་བྱེད་དངོས་པོ་རྣམ་པ་བཞི། །༡ངོ་བོ་ཉིད་༢ལོངས་༣སྤྲུལ་སྐུ་༤མཛད་པ་བཅས། །དོན་གྱི་རྣམ་པ་བདུན་ཅུའི་ཕྲེང་བའོ། ། སྨྲས་པ།ཕར་ཕྱིན་དགོངས་དོན་ཟབ་ཅིང་བརླིང་པ་ལ། །འགྲེལ་ཚུལ་དུ་མས་ཕན་ཚུན་འཛིངས་བྱས་པས། །མ་རྟོགས་ལོག་རྟོག་འཁྲུལ་པ་ཅི་མཆིས་པ། །མཁས་པ་ཆོས་ཀྱི་སྤྱན་ལྡན་ཡོངས་ལ་འཆགས། ། འདི་བཤད་པ་ལས་བྱུང་བའི་རབ་དཀར་དགེ་ཚོགས་ཅི་མཆིས་པ། ། མ་ལུས་འགྲོ་རྣམས་བདེན་འཛིན་ཞགས་པས་བཅིངས་པ་ལས་གྲོལ་ཏེ། ། མི་བཟད་འཇིགས་པ་དུ་མས་གཙེས་པའི་འཁོར་བའི་བཙོན་ར་ལས། ། མྱུར་དུ་ཐར་ནས་སྐུ་གསུམ་ཆོས་སྐུའི་རྒྱལ་སར་འཇུག་པར་ཤོག །བདག་ཀྱང་ཚེ་རབས་ཀུན་ཏུ་ཐེག་མཆོག་གི །དགེ་བའི་བཤེས་ཀྱིས་རྗེས་བཟུང་རྒྱལ་སྲས་ལམ། །མཐའ་དག་སྙིང་སྟོབས་མཆོག་གིས་སྒྲུབ་པ་ལ། །སྐད་ཅིག་ཙམ་ཡང་ལྷོད་པར་མ་གྱུར་ཅིག །ཅེས་རྗེ་བཙུན་དམ་པའི་ཞལ་ལུང་གཞན་ཕན་ཉི་མ་ཞེས་བྱ་བ་འདི་ནི་རྒྱལ་བསྟན་རིས་མེད་པ་དངོས་གྲུབ་དཔལ་གྱིས་སྨྲས་པའོ། །འདིས་ཀྱང་རྒྱལ་བསྟན་ཡུན་རིང་དུ་གནས་པར་གྱུར་ཅིག །། །སརྦ་མངྒ་ལཾ།


previousབསྟན་བཅོས་མངོན་རྟོགས་རྒྱན་གྱི་སྐབས་ནས་བསྟན་པའི་དངོས་བརྒྱད་དོན་བདུན་ཅུའི་རྣམ་བཞག་མདོར་བསྡུས་ཏེ་བསྟན་པ་རྗེ་བཙུན་དམ་པའི་ཞལ་ལུང་གཞན་ཕན་ཉི་མ།no next