Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ། ཕར་ཕྱིན་སྟོད་ཆ།


  expand section
  collapse section
ཕར་ཕྱིན་གྱི་སྤྱི་དོན་དང་མཐའ་དཔྱོད་རིན་ཆེན་ཕྲེང་བ་ལུང་རིགས་གཏེར་མཛོད་སྐལ་བཟང་ཡིད་ཀྱི་མཛེས་རྒྱན་ལས་སྐབས་དང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
previousཕར་ཕྱིན་གྱི་སྤྱི་དོན་དང་མཐའ་དཔྱོད་རིན་ཆེན་ཕྲེང་བ་ལུང་རིགས་གཏེར་མཛོད་སྐལ་བཟང་ཡིད་ཀྱི་མཛེས་རྒྱན་ལས་སྐབས་དང་པོ།next

ཕར་ཕྱིན་གྱི་སྤྱི་དོན་དང་མཐའ་དཔྱོད་རིན་ཆེན་ཕྲེང་བ་ལུང་རིགས་གཏེར་མཛོད་སྐལ་བཟང་ཡིད་ཀྱི་མཛེས་རྒྱན་ལས་སྐབས་དང་པོ།

ཕར་ཕྱིན་གྱི་སྤྱི་དོན་དང་མཐའ་དཔྱོད་རིན་ཆེན་ཕྲེང་བ་ལུང་རིགས་གཏེར་མཛོད་སྐལ་བཟང་ཡིད་ཀྱི་མཛེས་རྒྱན་ལས་སྐབས་དང་པོ་ཞེས་བྱ་བ་བཞུགས་སོ། །

སྟོན་པ་ཐུབ་པའི་དབང་པོ་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་རྟཽན་པ་བཞི་ལྡན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ལ་ཕྱག་འཚལ་ལོ། །གཉིས་པ་རྒྱས་པར་བཤད་པ་ལ། མཁྱེན་པ་གསུམ་རྒྱས་པར་བཤད་པ་དང༌། སྦྱོར་བཞི་རྒྱས་པར་བཤད་པ་དང༌། འབྲས་བུ་ཆོས་སྐུ་རྒྱས་པར་བཤད་པ་དང་གསུམ། དང་པོ་ལ། རྣམ་མཁྱེན་རྒྱས་པར་བཤད་པ་དང༌། ལམ་ཤེས་རྒྱས་པར་བཤད་པ་དང༌། གཞི་ཤེས་རྒྱས་པར་བཤད་པ་དང་གསུམ། དང་པོ་ལ་གསུམ་སྟེ། སྐབས་ཀྱི་མཚམས་སྦྱར། བརྗོད་བྱ་ཆོས་བཅུ་བཤད། སྐབས་བསྡུ་བའོ། །དང་པོ་ནི། ཐོག་མར་རྣམ་པ་ཐམས་ཅད་མཁྱེན་པ་བསྟན་པ་ནི། ཐོབ་བྱ་མཐར་ཐུག་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་པས་སོ། །དེ་ཡང་དེ་ལ་ཐོག་མར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཤད་པ་ནི། སེམས་བསྐྱེད་པ་ལ་སོགས་པ་དོན་བཅུའི་སྒོ་ནས་རྒྱས་པར་བསྟན་པ་ཡིན་ནོ། །ཡང་སྐབས་འདིར་མདོ་ལུགས་མ་ལས། དེ་ཡང་རྣམ་མཁྱེན་ཉིད་བསྒོམས་པས་ལམ་ཐམས་ཅད་བསྒོམ་པར་འགྱུར་ཞེས་མདོ་ལས་གསུངས་པའི་ཚུལ་གྱིས་སློབ་ཡུལ་དེ་བཞིན་ཉིད་ཀྱིས་རྣམ་མཁྱེན་དུ་གཅིག་མོད་ཀྱང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་བརྩམས་ཏེ་རྣམ་པར་མི་རྟོག་པའི་ཤེར་ཕྱིན་ཉིད་བཟུང་ནས་སེམས་བསྐྱེད་པ་ལ་སོགས་པ་བཅུ་དོན་དམ་བདེན་པའི་ཚུལ་དུ་བཤད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་ཡིན་ཏེ། གནོད་འཇོམས་ལས། འབྲིང་དུ་བསྟན་པ་འདི་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་བརྩམས་ཏེ། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བཟུང་ནས་དོན་དམ་པའི་བདེན་པའི་ཚུལ་དུ་བཤད་དོ་ཞེས་སོ། །ལམ་ཤེས་ཉིད་ལས་བརྩམས་ཏེ་རྟོག་བཅས་དང་རྟོག་མེད་ཀྱི་ཤེར་ཕྱིན་ཉིད་བཟུང་ནས་དྲང་དགོས་པ་རྣམས་ཀྱིས་དོན་དུ་བདེན་པ་གཉིས་ཀའི་ཚུལ་དུ་བསྟན་པ་ནི། སྐབས་ལྷག་མ་བདུན་པོ་ཡིན་ཏེ། གནོད་འཇོམས་ལས་དེའི་འོག་ཏུ་རྒྱས་པར་བསྟན་པ་འདི་ནི་བྱང་ཆུབ་སེམས་དཔའི་ལམ་གྱི་རྣམ་པར་ཤེས་པ་ཉིད་ལས་བརྩམས་ཏེ་རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་ནས་དྲང་དགོས་པ་རྣམས་ཀྱི་དོན་དུ་ཀུན་རྫོབ་དང་དོན་དམ་པའི་དབང་གིས་རྣམ་པ་གཉིས་སུ་རྒྱས་པར་བཤད་དེ། ཞེས་སྤྱིར་དོན་དམ་བདེན་པའི་ཚུལ་དང་བདེན་པ་གཉིས་ཀའི་ཚུལ་དུ་བསྟན་ཚུལ་དང་སྐབས་དང་པོར་སེམས་བསྐྱེད་སོགས་དོན་དམ་པའི་ཚུལ་དུ་བསྟན་ཚུལ་ལ་བརྟག་པར་བྱའོ། །

བརྗོད་བྱ་ཆོས་བཅུ་བཤད་པ།

བརྗོད་བྱ་ཆོས་བཅུ་བཤད་པ།

གཉིས་པ་བརྗོད་བྱ་ཆོས་བཅུ་བཤད་པ་ལ། རྣམ་མཁྱེན་གྱི་རྟེན་སེམས་བསྐྱེད།བྱང་ཆུབ་ཀྱི་སེམས་བསྒྲུབ་པ་རྣམ་པར་དག་བྱེད་གདམས་ངག སྒྲུབ་པའི་སྦྱོར་བ་ངེས་འབྱེད་ཡན་ལགསྒྲུབ་པའི་རྟེན་རིགས། སྒྲུབ་པའི་དམིགས་པ། སྒྲུབ་པའི་ཆེད་དུ་བྱ་བ། སྒྲུབ་པ་རང་གི་ངོ་བོ་བཤད་པ་དང་བདུན། དང་པོ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ལ་སེམས་བསྐྱེད་བཤད་པ་དང་སྡོམ་པ་བཤད་པ་དང་གཉིས། ༡ སྤྱི་དོན། དང་པོ་ལ། རྒྱུ། ངོ་བོ། ཐོབ་པ་དང་ཉམས་པའི་འབྲས་བུ་བཤད་པ་དང་གསུམ་མོ། །

སེམས་བསྐྱེད་བཤད་པ།

སེམས་བསྐྱེད་བཤད་པ།

དང་པོ་ལ་གཉིས། སྐྱེ་རྒྱུ་མཐུན་རྐྱེན། ལྡོག་རྒྱུ་འགལ་རྐྱེན་ནོ། །དང་པོ་ནི། བྱང་ས་ལས། དེ་བཞིན་གཤེགས་པའམ་བྱང་སེམས་སྤྱིར་མངོན་ཤེས་ཀུན་མཐུ་ཡིན་ཅིང་འདིར་མངོན་ཤེས་གསུམ་ཀྱི་ཆོ་འཕྲུལ་དང་གསུམ་མཐུ་སྟེ་རྒྱ་ཆེ་བས་རྨད་བྱུང་ཟབ་པས་བསམ་མི་ཁྱབ་པོ་ཞེས་རྒྱ་མཚོ་སྤྲིན་མཐོང་ངམ་ཡིད་བརྟན་པ་ལས་ཐོས་པ།དེ་གཉིས་མེད་ཀྱང་རྫོགས་བྱང་ལས་བརྩམས་ཏེ་བསྟན་པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་མཉན་ནས་དད་ཅིང་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་མོས་པ། དེ་མ་ཐོས་ཀྱང་བྱང་སེམས་ཀྱི་ཆོས་ནུབ་ཏུ་ཆ་བར་ཉེ་བར་མཐོང་ནས་དེ་ཡུན་རིང་དུ་གནས་པར་བྱ་བའི་དོན་དུ་སེམས་བསྐྱེད་དོ་སྙམ་པ། དུས་ངན་སྙིགས་མའི་སེམས་ཅན་ཉོན་མོངས་མང་ཞིང་ཤས་ཆེ་བས།སེམས་བསྐྱེད་པ་རྙེད་དཀའ་བར་མཐོང་བ་སྟེ་རྐྱེན་བཞི། རིགས་ཕུན་སུམ་ཚོགས་པ། དགེ་བའི་བཤེས་གཉེན་ཁྱད་པར་བཞི་མི་བླུན་ཡིད་མི་རྨུས། མཁས་ཤིང་མཛངས། ལྟ་ངན་ལ་མ་ཞུགས་པ་གཅིག་གོ ། བག་མེད་པ་ལ་མི་འཇུག་ཅིང༌། དེའི་གནས་མི་སྒྲུབ་པ་གཉིས་པའོ། །ཉེས་སྤྱོད་ལ་མི་འཇུག་ཅིང་དེའི་གནས་ཀྱང་མི་སྒྲུབ་པ་གསུམ་པའོ། །ཡོན་ཏན་ཁྱད་འཕགས་ལ་འདུན་པ་བཟློག་ནས་དམན་པ་འཛིན་དུ་མི་འཇུག་པ་སྟེ་བཞི་བའོ། །ལྡན་གྱིས་ཟིན་པ་སྙིང་རྗེ་ཆེ་བ་འཁོར་བའི་དང་དཀའ་སྤྱད་ཀྱི་སྡུག་བསྔལ་གྱིས་མི་འཇིགས་པ་སྟེ་རྒྱུ་བཞི། རྒྱུད་གཏོགས་པའི་ནུས་པ་རང་དང༌།དགེ་བཤེས་གཞན་ལ་བརྟེན་ནས་དང༌། སྔོན་ཐེག་ཆེན་དང་ལྡན་པའི་དགེ་ཆོས་གོམས་པས་རྒྱུ་དང༌། ཚེ་འདིར་ཆོས་ཉན་སེམས་སོགས་སྦྱོར་བའི་སྟོབས་ཏེ་སྟོབས་བཞི་སྟེ། རྐྱེན་བཞི་དང་རྒྱུ་བཞི་བོ་ཚོགས་པའམ་སོ་སོ་ལ་བརྟེན་ནས་རང་དང་རྒྱུའི་སྟོབས་གཉིས་ཚོགས་པའམ་སོ་སོ་ལས་སྐྱེས་ན་བརྟན། གཞན་དང་སྦྱོར་བའི་སྟོབས་ལས་སྐྱེས་པ་མི་བརྟན་ནོ། །ཞེས་གསུངས་སོ། །དེ་དང་ཅུང་ཟད་སྦྱར་ཚུལ་མི་འདྲ་བ་མདོ་སྡེ་རྒྱན་ལས་བཤད་དེ། མདོ་ལུགས་མ་ལས། ཡང་དག་པར་བླངས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་པར་ཚིགས་སུ་བཅད་པ། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །གཞན་གྱིས་བསྟན་ཅིང་གཞན་གྱིས་རྣམ་པར་རིག་བྱེད་ལས་སེམས་བསྐྱེད་པ་གང་ཡིན་པ་དེ་ནི་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་ཞེས་བྱའོ། །དེ་ཡང་གྲོགས་ཀྱིས་སྟོབས་ལས་ཏེ། དགེ་བའི་བཤེས་གཉེན་གྱི་ངོར་སྐྱེ་བ་ཡང་ཡོད་དོ། །རྒྱུའི་སྟོབས་ལས་ཏེ། རིགས་མཐུས་སྐྱེ་བ་ཡང་ཡོད་དོ། །དགེ་བའི་རྩ་བ་སྟོབས་ལས་དེ་དེའི་རིགས་རྒྱས་པའི་སྒོ་ནས་སྐྱེ་བ་ཡང་ཡོད་དོ། །ཐོས་པའི་སྟོབས་ལས་སྐྱེ་བ་ཡང་ཡོད་དོ།ཆོས་ཀྱི་རྣམ་གྲངས་དེ་དང་དེ་བཤད་པ་ན་མང་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར། དགེ་བ་གོམས་ལས་ཏེ། ཚེ་འདི་ཉིད་ལ་རྟག་ཏུ་ཉན་པ་དང་འཛིན་པ་དང་འཆད་པ་ལ་སོགས་པ་ལས་སྐྱེ་བ་ཡང་ཡོད་དོ། །དེ་ཡང་གྲོགས་ཀྱི་སྟོབས་ལས་ནི་མི་བརྟན་པ་འབྱུང་བ་རིགས་པར་བྱའོ། །རྒྱུ་ལ་སོགས་པའི་སྟོབས་ལས་ནི་བརྟན་པ་བྱུང་ངོ༌། །ཞེས་གསུངས་སོ། །སྐབས་འདིར་ཉ་ཊཱིཀ་ལས། འདིར་སེམས་བསྐྱེད་སྐྱེ་བའི་རྟེན། ཉེར་ལེན། ལྷན་ཅིག་བྱེད་རྐྱེན་ནོ། །དང་པོ་ལ་གཉིས་ལས། ལུས་རྟེན་ནི། སྤྱིར་ཐེག་ཆེན་སེམས་བསྐྱེད་ཙམ་ཞིག་ཐེག་ཆེན་ཆོས་ཀྱི་སྐལ་བ་ཡོད་པའི་སེམས་ཅན་ལྷ་མི་དུད་འགྲོ་སོགས་དྲུག་ཅར་ལ་སྐྱེ་ཞིང་གནས་སུ་རུང་ངོ༌། །ངག་ལས་ཤེས་སོ། །གཉིས་པ། བསམ་པའི་རྟེན་ནི། སྐྱབས་འགྲོ་ཁྱད་པར་ཅན་ཏེ། ཡིད་དམ་བླང་བར་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ་ཞེས་སོ། །གཉིས་པ་ལ། སྙིང་རྗེ་དད་པ་འདོད་པ་གསུམ་ལས་དང་པོ། ཆེད་དུ་བྱ་བའི་ཡུལ་སེམས་ཅན་སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་བ་ལ་དམིགས་པའི་སྙིང་རྗེ་ཆེན་པོ་སྟེ། བྱང་སར། སེམས་ཅན་རྣམས་ལ་ཆེར་སྙིང་རྗེ་བ་དང་ལྡན་པ་ཡིན་ཏེ་འདི་ནི་རྒྱུ་བཞི་བའོ་ཞེས་སྔར་བཤད་རྒྱུ་བཞིའི་རྣམ་གྲངས་གཞན་སྟོན་པར་རོ། །ཆོས་ཡང་དག་སྡུད་པའི་མདོར། ཆོས་གཅིག་ལག་མཐིལ་དུ་མཆིས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་མཆིས་པ་ལགས་སོ། །འདི་ལྟ་སྟེ་སྙིང་རྗེ་ཆེན་པོའོ། །ཞེས་སོ། །གཉིས་པ་ནི། ཆེད་དུ་བྱ་བ་རྒྱལ་བ་སྲས་བཅས་ལ་ཡོན་ཏན་ཅན་དུ་ཤེས་པའི་དད་པ་སྟེ། དཀོན་མཆོག་སྒྲོན་མར། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང༌། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་ལ། །བྱང་ཆུབ་བླ་ན་མེད་པ་དད་གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་སོ། །གསུམ་པ། ཆེད་དུ་བྱེད་པ་པོ་རང་གི་ངང་ཚུལ་ཤེས་པས་ལེན་པར་འདོད་པའི་སྨོན་པ་སྟེ། བསླབ་བཏུས་སུ། བྱང་ཆུབ་ཏུ་སྨོན་པའི་སེམས་ནི་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་སེམས་སྨོན་པ་ལས་སྐྱེས་པ་ཡིན་ནོ། །ཞེས་སོ། །འཇུག་པ་ལ་དེའི་སྟེང་དུ་བྱང་ཆུབ་ཀྱི་རྒྱུ་ལ་བསླབ་པར་འདོད་པའི་འདུན་པ་དགོས་ཏེ། ཞེས་པ་ནས། གསུམ་པ་ནི། བདག་རྐྱེན་བཤེས་གཉེན་གྱིས་ཟིན་པ་དགོས་ཏེ། སྡུད་པར། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུང༌། །ཞེས་སོ། །གཙོ་ཆེ་བའི་དབང་དུ་བྱས་སོ། །རིགས་རྒྱུར་མི་དགོས་སམ་ཞེ་ན། སྙིང་རྗེ་སོགས་ཀྱིའང་རྟེན་དུ་ཡོད་པས་རྒྱུར་གྲུབ་པོ། །ཆོ་ག་ཡང་རྒྱུར་མི་དགོས་སམ་ཞེ་ན། དེ་མེད་ཀྱང་སྐྱེ་བ་ཡོད་པས་རྒྱུར་བྱང་ས་སོགས་སུ་དངོས་སུ་མ་གསུངས་སོ། །ཞེས་གསུངས་སོ། །

གཉིས་པ་ལྡོག་རྒྱུ་འགལ་རྐྱེན།

གཉིས་པ་ལྡོག་རྒྱུ་འགལ་རྐྱེན་ནི།

སྔར་གྱི་རྒྱུ་དེ་དག་མ་ཚང་ན་སྐྱེ་བ་ལྡོག་ཅིང༌། འགལ་རྐྱེན་ཐེག་ཆེན་མི་དགོས་པ་དང༌། གཞན་དོན་མི་ནུས་པ་དང༌། བདག་གིས་རང་གི་ཚེ་འདིའི་དོན་ཡང་མི་ནུས་ན་གཞན་དོན་ལྟ་ཅི་སྨོས་ཞེས་སྐྲག་ཅིང་ཡིད་གསོད་པ་དང༌། ཐེག་ཆེན་གྱི་དཀའ་སྤྱད་ཀྱིས་སྒྱིད་ལུག་པ་སྟེ་སྨོན་པའི་མི་མཐུན་ཕྱོགས་འཛིན་པ་དང༌། འོད་བསྲུང་ལེའུར་བཤད་པའི། བླ་མ་དང་མཆོད་འོས་བསླུ་བ། གཞན་འགྱོད་པ་བསྐྱེད་པའི་གནས་མིན་པ་ལ་འགྱོད་པ་བསྐྱེད་པ། ཐེག་ཆེན་ལ་ཞུགས་པ་ལ་མི་བསྔགས་པ་དང་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ། གཡོ་སྒྱུས་གཞན་ལ་ཉེ་བར་སྤྱོད་ཀྱི་ལྷག་བསམ་གྱིས་མིན་པ་སྟེ་ནག་པོའི་ཆོས་བཞི་དང་ལོག་ལྟ་སྐྱེས་པས་ལྡོག་གོ །དེ་ཡང་རགས་པ་མངོན་གྱུར་ཙམ་རེ་ཞིག་ལྡོག་པ་ཡིན་གྱི་རྩ་བ་ནས་ལྡོག་པར་མི་གཟུང་སྟེ་ལན་གཅིག་ཙམ་ཡང་བསམ་པ་བཟང་པོ་དེ་རྒྱུད་ལ་སྐྱེས་ན་ཕྱིས་སླར་ཡང་སོར་ཆུད་པར་འགྱུར་རོ། །བྱང་སར། རིགས་དང་མི་ལྡན་པ། སྡིག་གྲོགས་ཀྱིས་ཟིན་པ། སེམས་ཅན་ལ་སྙིང་རྗེ་ཆུང་བ། འཁོར་བའི་སྡུག་བསྔལ་གྱིས་འཇིགས་ཤིང་སྐྲག་པ་བཞི་ལྡོག་རྒྱུར་བཤད་དོ། །འདི་བཞི་སྔར་གྱི་རྒྱུ་བཞི་ལས་བཟློག་ནས་ཤེས་པར་བྱའོ། །གཉིས་པ་ངོ་བོ་ལ་སེམས་བསྐྱེད་ཀྱི་མཚན་ཉིད། དབྱེ་བ། ས་མཚམས་དང་གསུམ།དང་པོ་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད། གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་ཐེག་ཆེན་གྱི་ལམ་དེ་ཡིན་ཏེ། ཉ་ཊཱིཀ་ལས། མཚན་ཉིད་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་བློའོ། །ཞེས་དང༌། མདོ་ལུགས་མ་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་པས་མཚན་ཉིད་སྟོན་ཏེ་ཡོན་ཏན་གསུམ་དང་སེམས་ཅན་དང་བྱང་ཆུབ་ཆེན་པོ་ལ་དམིགས་པ་དང་ལྡན་པའི་འདོད་པ་ནི་མཚན་ཉིད་དོ། །ཐེག་པ་ཆེན་པོའི་སེམས་བསྐྱེད་ནི་མཚོན་བྱའོ། །ཞེས་གསུངས་སོ། །

གཉིས་པ་དབྱེ་བ་ནི།

སྨོན་འཇུག་གཉིས། སྨོན་སེམས་ཀྱི་མཚན་ཉིད། གཞན་དོན་དུ་བྱང་ཆུབ་སྨོན་པའི་སེམས་བསྐྱེད། འཇུག་སེམས་ཀྱི་མཚན་ཉིད། འགྲོ་བཞིན་པ་ལྟར་ཐེག་ཆེན་སྒྲུབ་པ་ཉམས་ལེན་གྱི་སྦྱོར་བས་ཞུགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་སེམས་བསྐྱེད།དེ་གཉིས་ཀྱི་མཚན་ཉིད་འཇོག་ཚུལ་དེ་ལྟར་འཐད་དེ། འཇིག་རྟེན་མགོན་པོ་སྦྱན་རས་གཟིགས་ཀྱི་ཞལ་སྔ་ནས། འཇུག་པའི་སེམས་དང་སྨོན་པ་ཡི་ནི་སེམས་ཉིད་དེ། །དེ་གཉིས་དག་ལ་དབྱེ་བ་དེ་ནི་ཅུང་ཟད་ཡོད། །འགྲོ་བར་འདོད་པ་དང་ནི་འགྲོ་བ་ཉིད་ཡིན་ཏེ། །གང་ཡང་བྱེ་བྲག་དེ་ནི་སེམས་ཀྱི་དབང་ཉིད་དོ། །འཁོར་བའི་བདེ་བ་སྨོན་པ་ཡི་ནི་སེམས་ཡིན་ཏེ། །དཔག་མེད་སྐལ་པ་རུ་ནི་གཞན་གྱི་དོན་ཕྱིར་རོ། །མ་ཉམས་བདེ་བ་འཇུག་པ་ཡི་ནི་སེམས་ཡིན་ལ། །མྱ་ངན་འདས་པའི་མཐར་ཐུག་དེ་བཞིན་བདག་གི་དོན། །ཞེས་དང༌།སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་པར་བྱ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་རིམ་བཞིན་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་དང༌། མདོ་ལུགས་མ་ལས། སྨོན་པ་དང་འཇུག་པའི་ཁྱད་པར་ཡང་རང་གཞན་གྱི་དབྱེ་བ་ལས་གཞན་དོན་འདོད་པ་སྨོན་པའི་སེམས་དང༌།བྱང་ཆུབ་འདོད་པ་འཇུག་པའི་སེམས་ཡིན། ཞེས་དང༌། ཉ་ཊཱིཀ་ལས། འདིར་འཕགས་པ་ཞི་བ་ལྷའི་དགོངས་པ་ནི། ལམ་དུ་འགྲོ་བའམ་ཞུགས་པ་མིན་པར་འགྲོ་འདོད་པ་ལྟར་བྱང་ཆུབ་ཆེན་པོའི་ལམ་ཉམས་ལེན་ལ་སྦྱོར་བས་མ་ཞུགས་པར་དེ་ཐོབ་པར་སྨོན་པའི་སེམས་བསྐྱེད་དེ་ཐོག་མའི་སྨོན་པ་སེམས་བསྐྱེད། ལམ་དུ་འགྲོ་བཞིན་པ་ལྟར་བྱང་ཆེན་གྱི་ལམ་ལ་སྦྱོར་བས་ཞུགས་པའི་སེམས་བསྐྱེད་དེ་ལམ་གྱི་འཇུག་པ་སེམས་བསྐྱེད་དེ། ཞེས་དང༌། ལྷན་ཐབས་འོད་བརྒྱ་འབར་བ་ལས། སྨོན་པ་བྱང་སེམས་ནི་གཞན་དོན་དུ་སངས་རྒྱས་ཐོབ་འདོད་ཙམ་ཡིན་ལ། འཇུག་པ་བྱང་སེམས་ནི་སངས་རྒྱས་ཐོབ་པའི་ཕྱིར་དུ་ཕྱིན་དྲུག་དང་བསྡུ་དངོས་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཕྲལ་དུ་སྦྱོར་བར་འདོད་པའོ། །ཞེས་གསུངས་སོ། །ཐུགས་བསྐྱེད་ཚུལ་གྱིས་དབྱེ་ན། ཞང་སྟོན་གྱི་རྒྱུད་བླའི་འགྲེལ་བ་ལས། སེམས་ཅན་ཐམས་ཅད་སངས་རྒྱས་ལ་བཀོད་དེ་དེ་ནས་འཚང་རྒྱ་བར་འདོད་པ་རྫི་བོ་ལྟ་བུ་དང༌། རང་གཞན་མཉམ་པར་སངས་རྒྱས་འདོད་པ་མཉན་པ་ལྟ་བུ་དང༌། ཐོག་མར་རང་ཉིད་སངས་རྒྱས་ནས་དེ་ནས་གཞན་དོན་བྱེད་པར་འདོད་པ་རྒྱལ་བུ་ལྟ་བུ་སྟེ་གསུམ་མོ། །ཞེས་གསུངས་སོ། །

ས་མཚམས་ཀྱིས་དབྱེ་ན།།

ས་མཚམས་ཀྱིས་དབྱེ་ན།

མདོ་ལུགས་མ་ལས། སེམས་བསྐྱེད་པ་རབ་ཏུ་དབྱེ་བར་ཚིགས་སུ་བཅད་པ། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང༌། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་ནི་རྣམ་པ་བཞི་སྟེ། མོས་པས་སྦྱོད་པའི་ས་ལ་ནི་མོས་པ་ལས་བྱུང་བའོ། །ས་བདུན་པ་ལ་ནི་ལྷག་པའི་བསམ་པ་རྣམ་པར་དག་པའོ། །ས་བརྒྱད་པ་ལ་སོགས་པ་ལ་ནི་རྣམ་པར་སྨིན་པའོ། །སངས་རྒྱས་ཀྱི་ས་ལ་ནི་སྒྲིབ་པ་མེད་པའོ། །ཞེས་སོ། །རྒྱས་པར་དབྱེ་ན། རྩ་བར། དེ་ཡང་ས་གསེར་ཟླ་བ་མེ། །ཞེས་སོགས་གསུངས་པ་ལྟར་དཔེ་ཉེར་གཉིས་དང་གྲོགས་ཉེར་གཉིས་ཀྱི་སྒོ་ནས་སེམས་བསྐྱེད་པ་ཉེར་གཉིས་ཡོད། དེ་ཡང་བློ་གྲོས་མི་ཟད་པའི་མདོ་ལྟར་མི་ཟད་པ་བརྒྱད་ཅུ་དང་སྦྱར་དེ་ཤེས་པར་བྱ་སྟེ། མདོ་ལུགས་མ་ལས། ད་ནི་དཔེའི་ཆེ་བ་ཉིད་བསྟན་པའི་ཕྱིར། དཔེ་ཉི་ཤུ་རྩ་གཉིས་དང་ལྡན་པའི་སེམས་བསྐྱེད་ཀྱི་དབྱེ་བ་མདོ་གཞན་དང་སྦྱར་ནས་བསྟན་པ་ནི་འདི་ལྟ་སྟེ། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་པ་སློབ་དཔོན་དབྱིག་གཉེན་གྱི་ཞལ་ནས། དཔེ་ཉི་ཤུ་རྩ་གཉིས་དང་ལྡན་པའི་སེམས་བསྐྱེད་པ་འདི་ནི་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་མི་ཟད་པ་ཉིད་འབྱུང་བར་སྦྱར་བར་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་སོ། །དེས་ན་དེ་ཉིད་དང་སྦྱོར་བ་ནི་མདོ་དེ་ལས། དང་པོ་བྱང་ཆུབ་ཀྱི་སེམས་མི་ཟད་དང༌། གཉིས་པ་བསམ་པ་དང༌། གསུམ་པ་སྦྱོར་བ་དང༌། བཞི་པ་ལྷག་པའི་བསམ་པ་དང༌། ལྔ་པ་ནས་བཅུ་པའི་བར་དུ་སྦྱིན་སོགས་ཕར་ཕྱིན་དྲུག་མི་ཟད་པ་དང༌། བཅུ་གཅིག་པ་ཚད་མེད་པ་བཞི་དང༌། བཅུ་གཉིས་པ་མངོན་ཤེས་ལྔ་དང༌། བཅུ་གསུམ་པ་བསྡུ་བའི་དངོས་པོ་བཞི་དང༌། བཅུ་བཞི་པ་སོ་སོ་ཡང་དག་པར་རིག་པ་བཞི་དང༌། བཅོ་ལྔ་པ་རྟོན་པ་བཞི་དང༌། བཅུ་དྲུག་པ་ཚོགས་གཉིས་དང༌། བཅུ་བདུན་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་དང༌། བཅོ་བརྒྱད་པ་ཞི་གནས་དང་ལྷག་མཐོང་དང༌།བཅུ་དགུ་པ་གཟུངས་དང་སྤོབ་པ་དང༌། ཉི་ཤུ་པ་ཆོས་ཀྱི་མདོ་བཞི་དང༌། ཉེར་གཅིག་པ་བགྲོད་པ་གཅིག་པའི་ལམ་དང༌། ཉེར་གཉིས་པ་ཐབས་མི་ཟད་པ་ཞེས་རེ་རེ་ལ་ཡང་མི་ཟད་པ་རེ་རེ་སྟེ་མི་ཟད་པ་བརྒྱད་ཅུ་འབྱུང་ངོ༌། །མི་ཟད་པ་བརྒྱད་ཅུ་པོ་དེ་ཉེར་གཉིས་སུ་བསྡུས་ནས་དཔེ་ཉེར་གཉིས་དང་ལྡན་པའི་སེམས་བསྐྱེད་དང་སྦྱར་བ་འདི་ལྟ་སྟེ། གཞན་དོན་གྱི་ཕྱིར་བྱང་ཆུབ་འདོད་པ་དེ་ཡང་གི་སྒྲས་ཡུམ་ལས། གཞན་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་བྱུང་བ་ཡང༌། དང་བོ་བྱང་ཆུབ་ཀྱི་སེམས་ནི་ས་དང་འདྲ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་དེའི་ཚོགས་འཕེལ་བའི་རྟེན་དུ་གྱུར་པའི་ཕྱིར་རོ། །གཉིས་པ་བསམ་པ་དང་ལྡན་པ་ནི་གསེར་བཟང་པོ་དང་འདྲ་སྟེ། ཕན་དང་བདེ་བའི་བསམ་པ་གཞན་དུ་མི་འགྱུར་བའི་ཕྱིར་རོ། །གསུམ་པ་སྦྱོར་བ་ལྡན་པ་ནི། ཡར་ངོ་ཚེས་པའི་ཟླ་བ་དང་འདྲ་སྟེ། དགེ་བའི་ཆོས་འཕེལ་བར་འགྱུར་བའི་ཕྱིར་རོ། །བཞི་བ་ལྷག་པའི་བསམ་པ་དང་ལྡན་པ་ནི་མེ་དང་འདྲ་སྟེ། ཤིང་བསྣན་པའི་མེ་བཞིན་དུ་རྟོགས་པ་གོང་ནས་གོང་དུ་ཁྱད་པར་དུ་རྟོགས་ཤིང་འགྲོ་བས་ལྷག་པའི་བསམ་པ་ཡིན་པའི་ཕྱིར་རོ། །ལྔ་པ་སྦྱིན་པའི་ཕར་ཕྱྀན་དང་ལྡན་པ་ནི། གཏེར་ཆེན་པོ་དང་འདྲ་སྟེ། ཟང་ཟིང་ལོངས་སྤྱོད་ཀྱིས་སེམས་ཅན་དཔག་ཏུ་མེད་པ་ཚིམ་པར་བྱེད་པ་དང༌། མི་ཟད་པའི་ཕྱིར་རོ། །དྲུག་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་དང་ལྡན་པ་ནི། རིན་ཆེན་གྱི་འབྱུང་གནས་དང་འདྲ་སྟེ། དེ་ལས་ཡོན་ཏན་རིན་པོ་ཆེ་ཐམས་ཅད་འབྱུང་བའི་ཕྱིར་རོ། །བདུན་པ་བཟོད་པའི་ཕར་ཕྱིན་དང་ལྡན་པ་ནི་རྒྱ་མཚོ་དང་འདྲ་སྟེ། ཉམ་ང་བ་འབྱུང་བ་ཐམས་ཅད་ཀྱིས་མི་འཁྲུགས་པའི་ཕྱིར་རོ། །བརྒྱད་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་དང་ལྡན་པ་ནི། རྡོ་རྗེ་དང་འདྲ་སྟེ། མི་ཤིག་པ་ཉིད་ཀྱིས་སྲ་བའི་ཕྱིར་རོ། །དགུ་པ་བསམ་གཏན་གྱི་ཕར་ཕྱིན་དང་ལྡན་པ་ནི་རིའི་རྒྱལ་པོ་དང་འདྲ་སྟེ། གཡེང་བས་མི་གཡོ་བའི་ཕྱིར་རོ། །བཅུ་པ་ཤེས་རབ་ཀྱི་ཕར་ཕྱིན་དང་ལྡན་པ་ནི་སྨན་གྱི་རྒྱལ་པོ་དང་འདྲ་སྟེ། སྒྲིབ་པ་གཉིས་ཀྱི་ནད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །བཅུ་གཅིག་པ་ཚད་མེད་བཞི་དང་ལྡན་པ་ནི་དགེ་བའི་བཤེས་གཉེན་དང་འདྲ་སྟེ་གནས་སྐབས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཡལ་བར་མི་འདོར་བའི་ཕྱིར་རོ། །བཅུ་གཉིས་པ་མངོན་ཤེས་ལྔ་དང་ལྡན་པ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ། ཇི་ལྟར་མོས་པ་བཞིན་དེའི་ཕྱིར་འབྲས་བུ་འབྱོར་བའི་ཕྱིར་རོ། །བཅུ་གསུམ་པ་བསྡུ་བའི་དངོས་པོ་བཞི་དང་ལྡན་པ་ནི་ཉི་མ་དང་འདྲ་སྟེ། གདུལ་བྱའི་ལོ་ཏོག་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །བཅུ་བཞི་པ་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པ་ནི་དྲི་ཟའི་གླུ་དབྱངས་སྙན་པ་དང་འདྲ་སྟེ། གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པའི་ཕྱིར་རོ། །བཅོ་ལྔ་པ་རྟོན་པ་བཞི་དང་ལྡན་པ་ནི་རྒྱལ་པོ་དང་འདྲ་སྟེ་ཆུད་མི་ཟ་བའི་རྒྱུ་ཡིན་པའི་ཕྱིར་རོ། །བཅུ་དྲུག་པ་ཚོགས་གཉིས་དང་ལྡན་པ་ནི་མཛོད་དང་འདྲ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་མཛོད་ཀྱི་གནས་ཡིན་པའི་ཕྱིར་རོ། །བཅུ་བདུན་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་ལྡན་པ་ནི་ལམ་པོ་ཆེ་དང་འདྲ་སྟེ། འཕགས་པའི་གང་ཟག་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པའི་ཕྱིར་རོ། །བཅོ་བརྒྱད་པ་ཞི་གནས་དང་ལྷག་མཐོང་དང་ལྡན་པ་ནི་བཞོན་པ་དང་འདྲ་སྟེ། བདེ་བླག་ཏུ་ཁྱེར་བའི་ཕྱིར་རོ། །བཅུ་དགུ་པ་གཟུངས་དང་སྦོབས་པ་དང་ལྡན་པ་ནི་བཀོད་མའི་ཆུ་དང་འདྲ་སྟེ། ཆུ་འཛིན་ཅིང་མི་ཟད་པར་འབྱིན་པ་དང་འདྲ་བར་ཐོས་པ་དང་མ་ཐོས་པའི་ཆོས་ཀྱི་ཚིག་དང་དོན་འཛིན་ཅིང་མི་ཟད་པར་འབྱིན་པའི་ཕྱིར་རོ། །ཉི་ཤུ་པ་ཆོས་ཀྱི་སྡོམ་བཞི་དང་ལྡན་པ་ནི་ཀུན་དགའི་སྒྲ་སྙན་དང་འདྲ་སྟེ། ཐར་པ་འདོད་པའི་གདུལ་བྱ་རྣམས་ལ་སྙམ་པ་ཐོབ་པར་བྱེད་པའི་ཕྱིར་རོ། །ཉེར་གཅིག་པ་བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ནི་ཆུ་བོའི་རྒྱུན་དང་འདྲ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ན་རང་གི་ངང་གིས་འབྱུང་བའི་ཕྱིར་རོ། །བགྲོད་པ་གཅིག་པ་ཉིད་ནི་ས་དེར་གཏོགས་པའི་བྱང་ཆུབ་སེམས་དཔའི་རྣམས་ཀྱི་བྱ་བ་བྱེད་པ་ཐ་མི་དད་པའི་ཕྱིར་རོ། །ཉེར་གཉིས་པ་ཐབས་མཁས་པ་མི་ཟད་པ་དང་ལྡན་པ་ནི་སྤྲིན་དང་འདྲ་སྟེ། ཇི་ལྟར་སྣོད་ཀྱི་འཇིག་རྟེན་གྱི་འབྱོར་བ་ཐམས་ཅད་སྤྲིན་ལས་བྱུང་བ་ལྟར་དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་སྟོན་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་བྱ་བ་རྣམས་དེ་ལ་རག་ལས་པའི་ཕྱིར་རོ། །རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་པ། །སྤྲིན་དང་འདྲ་བར་བསྟན་པ་སྟེ། །དེ་ཕྱིར་དེ་ལྟར་ཡོན་ཏན་ཕྱུག །སེམས་ནི་དགའ་བས་ཡང་དག་བསྐྱེད། །ཅེས་གསུངས་པ་ལྟར། ས་གསེར་ལ་སོགས་པ་ནས་སྒྲ་སྙན་ཆུ་བོ་སྤྲིན་གྱི་དཔེ་རྣམས་ཀྱིས་སེམས་བསྐྱེད་པ་རྣམས་པ་ཉི་ཤུ་རྩ་གཉིས་བསྟན་པས་སོ། །ཞེས་གསུངས་པའི་ཕྱིར་རོ། །མི་ཟད་པ་བརྒྱད་ཅུའི་སྡོམ་ནི། སེམས་བསྐྱེད་བསམ་སྦྱོར་ལྷག་བསམ་དང༌། །ཕ་རོལ་ཕྱིན་དྲུག་ཚད་མེད་དག །མངོན་པར་ཤེས་དང་བསྡུ་དངོས་དང༌། །སོ་སོར་རིག་རྟོན་ཚོགས་དག་དང༌། །བྱང་ཆུབ་ཕྱོགས་མཐུན་ཞི་གནས་སོགས། །གཟུངས་སོགས་ཆོས་ཀྱི་མདོ་བཤད་དང༌། །བགྲོད་གཅིག་ལམ་དང་ཐབས་མཁས་པའོ། །ཞེས་སོ། །དེ་དག་བགྲང་ཚུལ་ཡང༌།དང་པོ་བཞི་ནི་རེ་རེ་དང༌། །ཕར་ཕྱིན་དྲུག་ནི་དྲུག་ཏུ་བགྲང༌། །དུས་༤མདའ་༥དུས་༤མཚོ་༤དུས་༤ལག་༢པ། །སུམ་ཅུ་རྩ་བདུན་ལག་༢རྐང་༢མཚོ༤། །བཅུ་ཚན་གཉིས་པའི་ཐ་དད་ཀྱིས། །མི་ཟད་བརྒྱད་ཅུ་དེ་དག་ཡིན། །ཞེས་སོ། །

གསུམ་པ་ས་མཚམས་ནི།

ཐེག་ཆེན་ལམ་དུ་ཞུགས་མ་ཐག་ནས་སངས་རྒྱས་ཀྱི་བར་ཡོད་དེ། མདོ་སྡེ་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང༌། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་གསུངས་སོ། །སེམས་བསྐྱེད་ཉེར་གཉིས་ཀྱི་ས་མཚམས་ལ་ཐེག་པ་ཆེན་པོ་དེ་དག་གི་རྒྱུད་ལ་གྲོགས་འདུན་སོགས་ཐོབ་པ་ནས་གྲོགས་དེ་དག་དང་ལྡན་པའི་སེམས་བསྐྱེད་ལྡན་པར་སྣང་སྟེ། ཉ་ཊཱིཀ་མཆན་ལས། སྤྱིར་སྦྱིན་ལྡན་ལྟ་བུ་གོང་འོག་ཀུན་ན་ཡོད་པར་བཞེད་དགོས་སོ། །ཞེས་གསུངས་སོ། ། སེང་བཟང་གི་ལུགས་ལ་གཞུང་གི་དངོས་བསྟན་གྱི་དབང་དུ་བྱས་ན་ནི་ཚུལ་འདི་ལྟ་སྟེ། ཉ་ཊཱིཀ་ལས། སེམས་བསྐྱེད་ཉེར་གཉིས་ཡོད་པ་དེ་ལ་སྟེ་དེའི་ནང་ནས་དང་པོ་གསུམ་ནི་ལས་དང་པོ་པའི་ས་ཚོགས་ལམ་གྱིས་བསྡུས་སོ། །དེ་ཡང་དང་པོ་གསུམ་ནི་གཞན་དོན་མངོན་པར་འདོད་པ་ཆུང་ངུ་དང་འབྲིང་དང་ཆེན་པོའམ། འདུན་པ་ཆུང་འབྲིང་ཆེན་པོ་སྟེ། རིམ་བཞིན་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་གྱིས་སོ། །གསུམ་པོ་དེའི་འོག་ཏུ་གཅིག སྦྱོར་ལྡན་ནི་ས་དང་པོ་ལ་འཇུག་པ་སྦྱོར་བའི་ལམ་གྱིས་བསྡུས་སོ། །བཞི་བོ་དེའི་འོག་ཏུ་ཡེ་ཤེས་ལྡན་གྱི་བར་བཅུ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུས་བསྡུས་ཏེ། དང་པོ་མཐོང་བའི་ལམ་དང༌། གཉིས་པ་སོགས་དགུ་སྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ཏེ་དེའི་གནས་སྐབས་སམ་ཆོས་ཡིན་ནོ། །བཅུ་བཞི་བོ་དེའི་འོག་ཏུ་མངོན་ཤེས་ལྡན་སོགས་ལྔ་ནི་ས་བཅུ་བའི་ཁྱད་པར་གྱི་ལམ་གྱིས་སོ་ཞེས་ཨ་བྷ་སྟེ། ཆོས་བཤེས་ནི་བར་ཆད་མེད་རྩེས་སམ་སྐད་ཅིག་མས་བསྡུས་པར་རོ། །བཅུ་དགུ་བོ་དེའི་འོག་ཏུ་སེམས་བསྐྱེད་པ་ཐ་མ་གསུམ་ནི་རིམ་བཞིན་དུ་བྱང་སེའི་ས་དང་འབྲེལ་བ་སངས་རྒྱས་ཀྱི་ས་ལ་འཇུག་པའི་སྦྱོར་བའི་ལམ་དང་སངས་རྒྱས་ཀྱི་སའི་དངོས་གཞི་མཉམ་བཞག་དང༌། མཇུག་སངས་རྒྱས་སའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་བསྡུས་པ་སྟེ་དེས་ན་དེ་གསུམ་སངས་རྒྱས་ཀྱི་སས་བསྡུས་ཏེ། དེས་ན་འདིར་བཤད་ཐེག་ཆེན་གྱི་སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ཉེར་གཉིས་ཆོས་ཅན། ལས་དང་པོ་པའི་ས་ནས་གཟུང་སྟེ་སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་པ་ཡིན་ནོ། །ཚོགས་ལམ་ཆུང་ངུ་ནས་སངས་རྒྱས་ཀྱི་རྗེས་ཐོབ་ཡེ་ཤེས་ཀྱི་བར་གྱིས་བསྡུས་པ་དེ་ལྟར་ནའི་ཕྱིར་རོ། །ཞེས་དང༌། ཉ་ཊཱིཀ་མཆན་ལས། ས་མཚམས་དེ་དག་གཙོ་ཆེ་བའི་དབང་དུ་བྱས་གསུང་ཡང༌། དགོངས་པ་ནི་ཉེར་གཉིས་སུ་ཕྱེ་བའི་ནང་གི་དེ་དང་དེ་དག་ས་མཚམས་དེ་དང་དེ་དག་ཉིད་ན་ཡོད་ཀྱི་གཞན་ན་མེད་ཅིང་སྤྱིར་སྦྱིན་ལྡན་ལྟ་བུ་གོང་འོག་ཀུན་ན་ཡོད་པར་བཞེད་དགོས་སོ། །མདོར་ན་ས་མཚམས་དེ་དང་དེའི་སེམས་བསྐྱེད་རྣམས་འདུན་པ་སོགས་དེ་དང་དེ་གཙོ་ཆེ་ཞེས་དགོངས་པའོ། །ཞེས་གསུངས་སོ། །སེམས་བསྐྱེད་ཉེར་གཉིས་འགལ་བ་མ་ཡིན་པར་སྣང་སྟེ། སྤྲིན་ལྟ་བུའི་སེམས་བསྐྱེད་ལ་སེམས་བསྐྱེད་ཉེར་གཉིས་ཡིན་པ་ཞིག་ཡོད་པར་སྣང་ངོ༌། །སེང་བཟང་གི་ལུགས་ལ་གཞུང་གི་དངོས་བསྟན་གྱི་དབང་དུ་བྱས་ན་འདུན་ལྡན་སེམས་བསྐྱེད་ཕྱི་མ་རྣམས་ཀྱི་རྒྱུ་སོགས་ཡིན་ཏེ། ཉ་ཊཱིཀ་ལས། དང་པོ་ནི་ཕྱི་མ་རྣམས་ཀྱི་རྒྱུ་ཁོ་ནའོ། །བར་བ་རྣམས་ཕྱི་མའི་རྒྱུ་དང་སྔ་མའི་འབྲས་བུ་གཉིས་ཀའོ། །ཕྱི་མ་གཉིས་སྔ་མ་རྣམས་ཀྱི་འབྲས་བུ་ཁོ་ནའོ་ཐུབ་དགོངས་སོ། །ཞེས་དང༌། གྲངས་ངེས། སེམས་བསྐྱེད་དེ་རྣམས་སུ་ཕྱེ་བ་ཉིད་ཀྱིས་རྣམ་པ་ཉི་ཤུ་རྩ་གཉིས་ཡིན་ལ་དེས་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་གྱི་སེམས་བསྐྱེད་སོ་སྐྱེ་བྱང་སེམས་དེ་པའི་བར་གྱི་བསྡུས་པས་མ་ཚང་བའང་མིན་ལྷག་པའང་མིན་པར་འདི་ཙམ་ཁོ་ནར་ངེས་སོ་གསེར་རོ། །ཞེས་གསུངས་སོ། །རང་ལུགས་ལ་རྒྱན་ལྟར་ན་སེམས་བསྐྱེད་ཉེར་གཉིས་སློབ་ལམ་ནས་ཡོད་ལ། ཉེར་གཉིས་ཀྱི་ས་མཚམས་མི་ཟད་པ་བརྒྱད་ཅུ་རང་རང་ཐོབ་པའི་སེམས་བསྐྱེད་ནས་འཇོག་དགོས་པར་སྣང་ངོ༌། །

གསུམ་པ་འབྲས་བུ་བཤད་པ།

གསུམ་པ་འབྲས་བུ་བཤད་པ་ལ།

ཉམས་པ་ཉེས་དམིགས་ཀྱི་འབྲས་བུ། ཐོབ་པ་ཕན་ཡོན་གྱི་འབྲས་བུའོ། །དང་པོ་ནི། བློ་གྲོས་རྒྱ་མཚོའི་མདོར། བློ་གྲོས་རྒྱ་མཚོ། བྱང་སེམས་པས་སེམས་ཅན་མ་རྒལ་བ་བསྒྲལ་བ་དང༌། མ་གྲོལ་བ་དགྲོལ་བ་དང༌། དབུགས་མ་ཕྱིན་པ་དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་བཟླ་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་དབུགས་ཕྱུང་ལ་མང་དུ་ཐོས་པ་དང་དེ་ལས་གཞན་པའི་དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་བརྩོན་པར་མི་བྱེད་ན་བྱང་སེམས་དེ་ནི་ཇི་སྐད་སྨས་པ་དེ་བཞིན་དུ་བྱེད་པ་མ་ཡིན་ཏེ་ལྷ་དང་བཅས་པའི་འཇིག་རྟེན་ལ་བསླུ་བ་ཡིན་ནོ། །དེ་ལྟ་བུ་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་ཀྱིས་མཐོང་ན་འཕྱ་ཞིང་གཞོག་འཕྱས་བྱེད་ལ་རྣམ་པར་སྨོད་དོ། །ཞེས་དང༌། སྡུད་པར། སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། ཞེས་དང༌། དྲན་པ་ཉེར་བཞག་ཏུ། ཅུང་ཟད་གཅིག་བསམས་པ་ལས་མ་བྱིན་ན་ཡི་དྭགས་སུ་སྐྱེའོ། །དམ་བཅས་པ་ལས་མ་བྱིན་ན་དམྱལ་བར་འགྲོའོ་ཞེས་སོ། །

གཉིས་པ་ཐོབ་པ་ཕན་ཡོན་གྱི་འབྲས་བུ།

གཉིས་པ་ཐོབ་པ་ཕན་ཡོན་གྱི་འབྲས་བུ་ནི།

སྤྱོད་འཇུག་ཏུ། སྡིག་པ་སྟོབས་ཆེན་མི་བཟད་བྱས་ན་ཡང༌། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །ཞེས་སོ། །བསོད་ནམས་བརླབས་ཅན་ཐོབ་སྟེ། དཔའ་བྱིན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོགས་བཤད་པ་དང༌། སྤྱོད་འཇུག་ཏུ། བྱང་ཆུབ་སེམས་བསྐྱེད་གྱུར་བའི་སྐད་ཅིག་ལ། །འཁོར་བའི་བཙོན་རར་བསྡམས་པའི་ཉམས་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་རབ་རྗོད་ཅིང༌། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་དང༌། ཤཱར་རིའི་སྡེ་བའི་ལུང་ལས། ཤཱ་རིའི་བུས་གསོལ་བ། བཅོམ་ལྡན་འདས་བདག་བྱང་པ་སེམས་དང་པོ་བསྐྱེད་པ་ལ་ཡང་ཕྱག་འཚལ་ལོ། །ཐ་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་དུད་འགྲོར་གྱུར་པ་ལ་ཡང་ཕྱག་འཚལ་ལོ་ཞེས་བསླབ་བཏུས་སུ་དྲངས་སོ། །དགྲ་བཅོམ་པ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱིས་གསོལ་བ། བཅོམ་ལྡན་འདས་རྒྱལ་ཚབ་ཏུ་དབང་བསྐུར་བ་དང་བྱང་ཆུབ་པ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་དགེ་འདུན་ཕལ་ཆེན་པའི་རིག་པ་འཛིན་པའི་སྡེ་སྣོད་དུ་གསུངས་ཞེས་རྟོག་གེ་འབར་བ་དང་ཐུབ་དགོངས་སུ་སྟེ་མང་དུ་སྣང་བ་ཤེས་པར་བྱོས་ཤིག ཅེས་དང༌། ངེས་པ་དང་མ་ངེས་པ་ལ་འཇུག་པ་ཕྱག་རྒྱའི་མདོར། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཕྱོགས་བཅུའི་སེམས་ཅན་བཙོན་རར་བཅུག་པ་ཐམས་ཅད་བཙོན་ར་ནས་བཏོན་ཏེ། འཁོར་ལོས་བསྒྱུར་བའི་བདེ་བའམ་ཚངས་པ་ཉིད་ཀྱི་བདེ་བ་ལ་བཀོད་པ་བས་འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་གིས་ཐེག་ཆེན་ལ་མོས་པ་ལ་དང་བའི་སེམས་ཀྱིས་ལྟ་བ་ཐོབ་ཅིང་དེའི་བསྔགས་པ་ཡང་བརྗོད་ན་འདི་ནི་དེ་བས་བསོད་ནམས་གྲངས་མེད་པ་བསྐྱེད་དོ། །ཞེས་དང༌། སྤྱོད་འཇུག་ཏུ། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་གཟུང༌། །ཞེས་སོ། །དེ་ལ་སོགས་པ་རྒྱ་ཆེར་ཤེས་པར་བྱ་དགོས་སོ། །

སྡོམ་པ་བཤད་པ།

གཉིས་པ་བྱང་སྡོམ་བཤད་པ་ལ། མཚན་ཉིད། དབྱེ་བ། སྤང་བྱ་མི་མཐུན་ཕྱོགས་རྩ་ལྟུང་བཤད་པ་དང་གསུམ། དང་པོ་མཚན་ཉིད་ནི། ཞང་སྟོན་གྱི་རྒྱུད་བླའི་འགྲེལ་བ་ལས།སྤང་བྱ་སྤོང་སེམས་གང་ཞིག་ཕ་རོལ་ལས་བླངས་པ་བསམ་པ་རྣམ་པར་དག་ཅིང་ཉམས་ན་འཆོས་ལ་མི་ཉམས་པར་བྱ་བའི་ཕྱིར་སྦྱོར་བ་སྟེ། སྤྱོད་འཇུག་ཏུ། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་འདོད། །ཅེས་དང༌། །བྱང་སར། མདོར་བསྡུ་ན་ཡོན་ཏན་རྣམ་པ་བཞི་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ཡིན་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཕ་རོལ་ལས་ལེགས་པར་ཡང་དག་པར་བླངས་པ་དང༌། བསམ་པ་ཤིན་ཏུ་རྣམ་པར་དག་པ་དང༌། ཉམས་པར་གྱུར་ན་སོར་ཆུད་པར་བྱེད་པ་དང༌། མི་ཉམས་པར་བྱ་བའི་ཕྱིར་གུས་པ་སྐྱེས་ནས་དྲན་པ་ཉེ་བར་གནས་པའོ། །ཞེས་དང༌། ཉ་ཊཱིཀ་ལས། མཚན། མཚོན། གཞི་གསུམ་ལས། དང་པོ་ནི། བྱང་སེམས་ཀྱིས་སྤང་བྱ་གཞི་དང་བཅས་པ་སྤོང་བའམ་དགེ་བ་མཐའ་དག་སྒྲུབ་པའམ་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་འདོད་པའི་སེམས་པ་དབང་རྒྱུན་ཆགས་རང་ངམ་སྐྱེ་བོ་གཞན་གྱི་རྣམ་པར་རིག་བྱེད་ལས་ཐོབ་པ་སྟེ། སྤྱོད་འཇུག་ཏུ། སྤོང་པའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་གསུངས་ཏེ། །ཞེས་སོ། །

གཉིས་པ་དབྱེ་བ་ནི། ཞང་སྟོན་གྱི་རྒྱུད་བླའི་འགྲེལ་བར། སོ་སོ་ཐར་པ་རིས་བདུན་གྱི་སྡོམ་པ་བླངས་ནས་བསྲུང་བ་སྡོམ་པའི་ཚུལ་ཁྲིམས་དང༌། སྒོ་གསུམ་གྱིས་དགེ་བ་བྱེད་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་བསམ་པ་ལྟར་ཕན་པ་དང་བདེ་བའི་དོན་སྒྲུབ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ་གསུམ་དུ་བྱང་སར་གསུངས་སོ། །ཞེས་དང༌། དེ་དག་གི་མཚན་ཉིད་ནི་རིམ་བཞིན་ཉ་ཊཱིཀ་ལས། བྱང་སེའི་བླངས་པ་བརྡ་བྱུང་གི་ཚུལ་ཁྲིམས་གང་ཞིག སྡིག་པ་མཐའ་དག་སྤོང་སེམས་པ་དབང་རྒྱུན་ཆགས། གང་ཞིག་དགེ་བ་མཐའ་དག་བསྒྲུབ་སེམས་པ་དབང་རྒྱུན་ཆགས། གང་ཞིག་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་འདོད་ཀྱི་སེམས་པ་དབང་རྒྱུན་ཆགས་རྣམས། བྱང་སེའི་བླངས་པ་བརྡ་བྱུང་གི་སྡོམ་པའི། དགེ་བ་ཆོས་སྡུད་ཀྱི། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱི་མཚན་ཉིད་དུ་རུང་ངོ༌། །སྤྱིར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་མཚན་ཉིད། ཚུལ་ཁྲིམས་གང་ཞིག་ཐེག་ཆེན་སློབ་པའི་རྒྱུད་ཀྱིས་བསྡུས་པའོ། །དབང་ནི། སྤྱིར་ས་བོན་དབང་དང་མངོན་གྱུར་གསུམ་མངོན་པར་བཤད་པ་ལས་ད་ལྟ་མངོན་དུ་མ་གྱུར་ཀྱང་དེ་བདེ་བླག་ཏུ་འབྱུང་བའི་ནུས་པ་ཁྱད་པར་ཅན་ཞིག་སྟེ། དེ་འབྱུང་བའི་མཐུ་ཁྱད་པར་བ་ཐོབ་པ་ཞིག་གོ །ཞེས་གསུངས་སོ། །

གསུམ་པ་སྤང་བྱ་མི་མཐུན་ཕྱོགས་རྩ་ལྟུང་།

གསུམ་པ་སྤང་བྱ་མི་མཐུན་ཕྱོགས་རྩ་ལྟུང་ནི།

ཞང་སྟོན་གྱི་རྒྱུད་བླའི་འགྲེལ་བ་ལས།རྩ་ལྟུང་ནི་བསླབ་བཏུས་སུ། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པ་ཡིན་པར་ཐུབ་པས་གསུངས། །ཚུལ་ཁྲིམས་འཆལ་པའི་དགེ་སློང་ལའང༌། །ངུར་སྨྲིག་འཕྲོག་དང་བརྡེག་པ་དང༌། །བཙོན་རར་འཇུག་པར་བྱེད་པ་དང༌། །རབ་ཏུ་བྱུང་ལས་འབེབས་པ་དང༌། །མཚམས་མེད་ལྔ་པོ་བྱེད་པ་དང༌། །ལོག་པར་ལྟ་བ་འཛིན་པ་དང༌། །གྲོང་ལ་སོགས་པ་འཇིག་པ་ཡང༌། །རྩ་བའི་ལྟུང་བར་རྒྱལ་བས་གསུངས། །བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང༌། །སངས་རྒྱས་ཉིད་ལ་བཞུགས་པ་དག །རྫོགས་པའི་བྱང་ཆུབ་བཟློག་པ་དང༌། །སོ་སོ་ཐར་པ་ཡོངས་སྤངས་ཏེ། །ཐེག་པ་ཆེ་ལ་སྦྱོར་བ་དང༌། །སློབ་པའི་ཐེག་པས་མཆོག་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་འཇུག་དང༌། །རང་གི་ཡོན་ཏན་བརྗོད་པ་དང༌། །རྙེད་པ་དང་ནི་བཀུར་བསྟི་དང༌། །ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང༌། །བདག་ནི་ཟབ་མོ་བཟོད་པའོ། །ཞེས་དང༌། ལོག་པ་ཉིད་ནི་སྨྲ་བ་དང༌། །དགེ་སྦྱོང་ཆད་པས་སྤྱོད་འཇུག་དང༌། །དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང༌། །སྦྱིན་པ་ལེན་པར་བྱེད་པ་དང༌། །ཞི་གནས་འདོར་བར་བྱེད་པ་དང༌། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། །ཁ་ཏོན་བྱེད་ལ་སྦྱིན་པ་རྣམས། །དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །རྨི་ལམ་འཕགས་པ་མཁའ་སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །བྱང་ཆུབ་སེམས་ནི་ཡོངས་འདོར་དང༌། །ཆགས་དང་སེར་སྣ་མི་བཟད་པས། །སློང་ལ་སྦྱིན་པར་མི་བྱེད་དང༌། །བསྒྲིམས་ཏེ་དགའ་བར་བྱེད་པ་ན། །སེམས་ཅན་ལ་ནི་མི་བཟོད་པར། །ཁྲོས་པས་སེམས་ཅན་བརྡེག་པ་དང༌། །ཉོན་མོངས་པ་དང་གཞན་མཐུན་པས། །ཆོས་ལྟར་བཅོས་པ་བརྗོད་པའོ། ། ཞེས་ཏེ། དེ་དག་གི་དང་པོ་ནི་རྒྱལ་བློན་གཉིས་ཀའི་དང་པོའོ། །དེ་ནས་ལོག་ལྟ་འཛིན་པའི་བར་རྒྱལ་པོའི་གཉིས་པ་ནས་ལྔ་པའི་བར་རོ། །གྲོང་སོགས་འཇོམས་པ་བློན་པོའི་གཉིས་པའོ། །རྒྱལ་པོའི་གཉིས་གསུམ་བཞི་པ་ནི་བློན་པོའི་གསུམ་བཞི་ལྔ་པའོ། །དེ་ལྟར་རྒྱལ་བློན་ལ་མིང་དུ་བཅུ་སྟེ་རྫས་སུ་དྲུག་གོ། །བློ་སྦྱངས་མ་བྱས་སེམས་ཅན་ལ་ཞེས་སོགས་ཀྱིས་བསྟན་པ་བརྒྱད་ནི་བྱང་སེམས་ལས་དང་པོ་པའི་ཡིན་ཏེ། །རྫས་སུ་བརྒྱད་པོ་འདི་ནམ་མཁའི་སྙིང་པོའི་མདོར་གསུངས་པའོ། ། སྨོན་པའི་སེམས་འདོར་བ་ནི་གསང་ཆེན་ཐབས་མཁས་སུ་གསུངས་སོ། །འོག་མ་གསུམ་ནི་བྱང་སར་བྱུང་སྟེ། གསུམ་པོ་འདི་ལ་བདག་བསྟོད་གཞན་སྨོད་བསྣན་པས་བཞི་ནི་བྱང་ས་དང་སྡོམ་པ་ཉི་ཤུ་པར་བཤད་པའི་རྩ་ལྟུང་བཞི་ཡིན་ལ་འདིར་ནི་རང་གི་ཡོན་ཏན་བརྗོད་པ་དང་ཞེས་སོགས་ཀྱིས་བཤད་ཟིན་པས་དེའི་དོད་སྨོན་སེམས་སྤངས་པ་བསྣན་པས་བཞི་སྟེ། དེ་ལྟར་བཅྭ་བརྒྱད་ཀྱིས་རྩ་ལྟུང་ཐམས་ཅད་བསྡུས་སོ། །ཞེས་གསུངས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

སེམས་བསྐྱེད་ཀྱི་མཚན་ཉིད་ཀྱི་སྐབས་སུ་ཉ་ཊཱིཀ་ལས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་མཚན་ཉིད། གཙོ་བོ་སེམས་གང་ཞིག གཞན་དོན་ཕྱིར་དུ་རྫོགས་པའི་བྱང་ཆུབ་འདོད་པ་དང་མཚུངས་ལྡན་ཞེས་པ་འཕགས་སེང་ངོ༌། །ཞེས་འཕགས་སེང་ལུགས་ལ་སེམས་བསྐྱེད་གཙོ་སེམས་དགོས་པར་གསུངས་ལ། འཕགས་སེང་རང་གིས་མདོ་རྒྱུད་ཀྱི་ལུང་གང་ལ་བརྟེན་པ་ཡིན་དཔྱད་པར་བྱའོ། །གཞན་ཡང་ཐེག་ཆེན་སེམས་བསྐྱེད་ཡིན་ན་ཡོན་ཏན་གསུམ་ལྡན་ཡིན་པས་ཁྱབ་པར་ཐལ། མདོ་ལུགས་མ་ལས། ཡོན་ཏན་གསུམ་དང་སེམས་ཅན་དང་བྱང་ཆུབ་ཆེན་པོ་ལ་དམིགས་པ་དང་ལྡན་པའི་འདོད་པ་ནི་མཚན་ཉིད་དོ། །ཐེག་པ་ཆེན་པོའི་སེམས་བསྐྱེད་ནི་མཚོན་བྱའོ། །ཞེས་དང༌། མདོ་སྡེ་རྒྱན་ལས། སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའི་སེམས་པ་སྟེ། །དོན་གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་གསུངས་པའི་ཕྱིར། འདོད་ན། ཐེག་ཆེན་སེམས་བསྐྱེད་ཡིན་ན་སྤྲོ་བ་ཆེན་པོ་དང་ལྡན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ལམ་ཐེག་ཆེན་དུ་ཞུགས་ལ་གྲུབ་མཐའ་ཐེག་དམན་དུ་ཞུགས་པའི་སྟོང་ཉིད་མ་རྟོགས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་སེམས་བསྐྱེད་ཆོས་ཅན། སྐབས་འདིའི་སྤྲོ་བ་ཆེན་པོ་དང་ལྡན་པར་ཐལ། ཐེག་ཆེན་སེམས་བསྐྱེད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་འདྲའི་གང་ཟག་གི་རྒྱུད་ཀྱི་སེམས་བསྐྱེད་ཡོད་པའི་ཕྱིར། དེར་ཐལ། ལམ་ཐེག་ཆེན་དུ་ཞུགས་ལ་གྲུབ་མཐའ་ཐེག་དམན་དུ་ཞུགས་པའི་ཉན་ཐོས་ཀྱི་ལྟ་བ་ཁས་ལེན་པའི་བྱང་སེམས་ཡོད་པའི་ཕྱིར་ཏེ། མདོ་ལུགས་མ་ལས། ལྟ་བ་ཁས་ལེན་པའི་དང༌། སྤྲུལ་བའི་དང༌། རིགས་མ་ངེས་པའི་དང༌། ངེས་པའི་ཉན་ཐོས་སོ། །དང་པོ་ནི་སེམས་བསྐྱེད་དང་ལྡན་ལ་ཉན་ཐོས་དང་ལྟ་བ་མཐུན་པ་ཕྱི་རོལ་གྱི་གཟུང་འཛིན་བདེན་པར་འདོད་པའོ། །ཞེས་དང༌། གཞན་སྟོང་སྙིང་པོ་ལས། གྲུབ་མཐའ་ཐེག་དམན་འཛིན་ལ་ལམ་ཐེག་ཆེན་དུ་ཞུགས་པ་ཡོད། ཅེས་གསུངས་པའི་ཕྱིར། གོང་དུ་འདོད་ན། ཟབ་མོ་སྟོང་ཉིད་ལ་སྤྲོ་བ་དང་ལྡན་པར་ཐལ། སྐབས་འདིའི་སྤྲོ་བ་ཆེན་པོ་དང་ལྡན་པའི་ཕྱིར། ཁྱབ་སྟེ། སྐབས་འདིའི་སྤྲོ་བ་ཆེན་པོ་ནི་ཟབ་མོ་སྟོང་ཉིད་ལ་སྤྲོ་བ་ཞིག་དགོས་པའི་ཕྱིར། མདོ་ལུགས་མ་ལས། སྤྲོ་བ་ཆེན་པོ་ནི་གོ་ཆའི་བརྩོན་འགྲུས་ཀྱིས་དེ་ཟབ་མོ་དང༌། ཞེས་དང༌། མདོ་སྡེ་རྒྱན་གྱི་རྣམ་བཤད་ལས། གོ་ཆའི་བརྩོན་འགྲུས་ཀྱིས་ཟབ་མོ་སྟོང་བ་ཉིད་སྒོམ་པ་དང་ཡུན་རིང་པོའི་དཀའ་སྤྱད་ལ་སྤྲོ་བ་ཆེན་པོ་དང༌། ཞེས་གསུངས་པའི་ཕྱིར་ཞེ་ན་ལན་ཇི་ལྟར་འདེབ་དགོས་ཚུལ་དཔྱད། ཡང་ཐེག་ཆེན་སེམས་བསྐྱེད་ཡིན་ན་དངོས་སུ་ཚོགས་གཉིས་ལ་བརྩོན་པ་ཆེན་པོ་དང་ལྡན་པས་ཁྱབ་བར་ཐལ། དེ་ཡིན་ན་ཡོན་ཏན་གསུམ་དང་ལྡན་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། མདོ་ལུགས་མ་ལས། རྩོམ་པ་ཆེན་པོ་ནི་གོ་ཆ་ཇི་ལྟ་བ་བཞིན་དུ་སྦྱོར་བའི་བརྩོན་འགྲུས་ཀྱིས་སོ། །ཞེས་དང༌། མདོ་སྡེ་རྒྱན་གྱི་རྣམ་བཤད་ལས། སྦྱོར་བའི་བརྩོན་འགྲུས་ཀྱིས་དངོས་སུ་ཚོགས་གཉིས་སྒྲུབ་པ་ལ་རྩོམ་པ་ཆེན་པོ་དང་ལྡན་པའོ། །ཞེས་སོ། །གོང་དུ་འདོད་ན། སྒྲུབ་པ་ལ་དངོས་སུ་བརྩོན་པ་དང་བྲལ་བའི་བྱང་སེམས་ཀྱི་རྒྱུད་ཀྱི་སེམས་བསྐྱེད་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་པ་འདྲ། མ་གྲུབ་ན།དེར་ཐལ། དེ་འདྲ་ཡོད་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ས་འགྲེལ་ལས། ཆོ་གས་མ་བསྐྱེད་ཅིང་སྤྱོད་པ་དང་མ་འབྲེལ་བའི་སྨོན་པ་ཙམ་སྐྱེས་པ་ལྟ་བུའོ། །ཞེས་དང༌། ས་བཟང་གི་སྤྱོད་འཇུག་གི་འགྲེལ་བ་ལས། སྒྲུབ་པ་དང་བྲལ་ཡང་བྱང་ཆུབ་ཏུ་སྨོན་པ་ཙམ་གྱི་སེམས་སྐྱེས་པ་ལས། ཞེས་དང༌། ཉ་ཊཱིཀ་ལས། ལམ་དུ་འགྲོ་བའམ་ཞུགས་པ་མིན་པར་འགྲོ་འདོད་པ་ལྟར་བྱང་ཆུབ་ཆེན་པོའི་ལམ་ཉམས་ལེན་ལ་སྦྱོར་བས་མ་ཞུགས་པར་དེ་ཐོབ་པར་སྨོན་པའི་སེམས་བསྐྱེད་དེ། ཞེས་སོ། །ཡང་ཐེག་ཆེན་སེམས་བསྐྱེད་ཡིན་ན་འབྱུང་བ་ཆེན་པོ་དང་ལྡན་པས་ཁྱབ་པར་ཐལ། ཡོན་ཏན་གསུམ་ལྡན་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། དམན་ལམ་དུ་ལྟུང་ངེས་ཀྱི་བྱང་སེམས་ཀྱི་སེམས་བསྐྱེད་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། བྱང་ཆུབ་ཆེན་པོ་ཡང་དག་པར་འགྲུབ་པ་ཡིན་པར་ཐལ། འབྱུང་བ་ཆེན་པོ་ཡིན་པའི་ཕྱིར། ཁྱབ་སྟེ། མདོ་ལུགས་མ་ལས། འབྱུང་བ་ཆེན་པོ་ནི་བྱང་ཆུབ་ཆེན་པོ་ཡང་དག་པར་འགྲུབ་པའི་ཕྱིར་རོ། །ཞེས་དང༌། མདོ་སྡེ་རྒྱན་གྱི་རྣམ་བཤད་ལས། འབྲས་བུ་ཡོངས་སུ་འཛིན་པའི་ཡོན་ཏན་ནི། བྱང་ཆུབ་ཆེན་པོ་ཡང་དག་པར་འགྲུབ་པས་འབྱུང་བ་ཆེན་པོ་དང་ལྡན་པ་ཡིན་ཞིང༌། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་སེམས་བསྐྱེད་ཡིན་ན་འདོད་པ་ཡིན་དགོས་སམ་ཅི། དགོས་ན་འདོད་པ་ལ་སེམས་བྱུང་དགོས་སམ་ཅི། མི་དགོས་ན། མདོ་ལུགས་མ་ལས། ཁྲི་བརྒྱད་སྟོང་པར་འདོད་པ་ཞེས་པའི་ཚིག་འདི་དགུ་བཅུ་རྩ་དྲུག་འགྱུར་ཞིང༌། བར་མ་དང་རྒྱས་པ་གཉིས་སུ་ཡང་སྐབས་དེ་དང་དེར་འདོད་པ་ཞེས་པའི་ཚིག་འདི་ཉིད་ཡང་དང་ཡང་དུ་བྱུང་བའི་ཕྱིར་རོ། །དེས་ན་རྒྱལ་བས་སེམས་བསྐྱེད་འདོད་པ་ཡིན་པར་གསུངས་ཤིང༌། གསུངས་པ་དེ་ཉིད་ཡིན་ལུགས་ལྟར་སྡུད་པར་མཛད་པ་པོ་རྒྱལ་ཚབ་ཀྱིས། ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པའི་ཕྱིར། རྒྱལ་བའི་དགོངས་པ་སྟོན་པ་ལ་རྒྱལ་ཚབ་ལས་མཁས་པ་ནི་སུ་ཡང་མེད་དོ། །ཞེས་སོགས་ཀྱིས་འཕགས་སེང་གིས་སེམས་བསྐྱེད་གཙོ་སེམས་འདོད་པ་དགག་པ་འགྲོ་ཚུལ་གང་ཡིན་དཔྱད། འདོད་པ་ལ་སེམས་བྱུང་དགོས་ན། ཉ་ཊཱིཀ་ལས། ཐེག་ཆེན་སེམས་བསྐྱེད་དེས་དེ་ལྟར་མི་འདོད་ནའང་དེ་ལྟར་འདོད་པ་དང་དམིགས་རྣམ་མི་མཚུངས་པར་འགྱུར་ཞིང་འདོད་ན་དེ་ཡང་འདོད་པ་ཡིན་མོད་ཅི་ཞིག་འགལ། ཞེས་གསུངས་པ་དང་འགལ་བ་མ་ཡིན་ནམ་དཔྱད། གཞན་ཡང་སེམས་བསྐྱེད་ལ་སེམས་བྱུང་དགོས་པར་ཐལ། སེམས་པ་དགོས་པའི་ཕྱིར་ཏེ།མདོ་སྡེ་རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །ཞེས་དང༌། ལྷན་ཐབས་འོད་བརྒྱ་འབར་བ་ལས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འདི་ནི་བྱང་ཆུབ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་ནས་རང་གཞན་རྣམས་དེ་ཐོབ་འདོད་ཀྱི་འདུན་པ་དང་བཅས་པའི་སེམས་པ་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ།ཀུན་རྫོབ་བྱང་སེམས་སུ་འཇོག ཅེས་གསུངས་པའི་ཕྱིར་ཟེར་ན་བརྟགས་པའི་གནས་སོ། །ཡང་སེམས་བསྐྱེད་ལ་སེམས་དགོས་པར་ཐལ། མདོ་སྡེ་རྒྱན་ལས། དོན་གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་དང༌། དེའི་ཐད་ཀྱི་ས་བཟང་གི་རྣམ་བཤད་ལས། བྱང་ཆུབ་སེམས་དཔའི་སེམས་ཡུལ་ལ་གཡོ་བར་བྱེད་པའི་འདུ་བྱེད་སེམས་པ་དང་མཚུངས་པར་ལྡན་པ་སྟེ།བྱང་ཆུབ་ཆེན་པོའི་དོན་དང་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ལ་དམིགས་པ་དོན་གཉིས་དང་ལྡན་པའི་སེམས་ཁྱད་པར་ཅན་འབྱུང་བ་དེ་ནི་སེམས་བསྐྱེད་ཀྱི་ངོ་བོ་ཉིད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་རྒྱུ་ཅུང་ཟད་སྣང་ངོ༌། །ཐེག་ཆེན་སེམས་བསྐྱེད་ལ་སེམས་སེམས་བྱུང་གཉིས་ཀ་ཡོད་པར་ཐལ། ཉ་ཊཱིཀ་ལས། དེས་ན་སེམས་སེམས་བྱུང་གང་ཡིན་ཡང་རུང་བཤད་ཟིན་འཆད་འགྱུར་གྱི་མཚན་ཉིད་ཚང་བའི་བློ་ཞིག་མཚན་གཞིར་གཟུང་ངོ༌། །ཞེས་དང༌། དག་ལྡན་ལས། སེམས་བསྐྱེད་པའི་དངོས་པོ་ཞེས་བྱ་བ་ལ་སེམས་ནི་ཡིད་དང་འདོད་པ་སྟེ། ཞེས་གསུངས་པའི་ཕྱིར་རོ། །ཡང་སེམས་བསྐྱེད་ཀྱི་མཚན་ཉིད་ཉ་ཊཱིཀ་ལས། མཚན་ཉིད་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་བློའོ། །ཞེས་གསུངས་པ་ལ་ཐེག་ཆེན་སེམས་བསྐྱེད་ཡིན་ན་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་བློ་ཡིན་པས་ཁྱབ་བར་ཐལ། མཚན་ཉིད་བཞག་ཚུལ་དེའི་ཕྱིར། འདོད་ན་སངས་རྒྱས་ཀྱི་རྒྱུད་ཀྱི་སེམས་བསྐྱེད་ཆོས་ཅན། གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་བློ་ཡིན་པར་ཐལ། ཐེག་ཆེན་སེམས་བསྐྱེད་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། སངས་རྒྱས་ཀྱི་རྒྱུད་ལ་སེམས་བསྐྱེད་ཡོད་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང༌། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་དང༌། ཞིང་སྟོན་གྱི་རྒྱུད་བླའི་འགྲེལ་བ་བཀའ་འཁོར་ལོ་ཐ་མའི་གསལ་བྱེད་ལས། མཚན་ཉིད། ཅེས་པ་ནས། དང་པོ་ནི། མངོན་རྟོགས་རྒྱན་དུ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པས། གཞན་དོན་དུ་རྫོགས་པའི་བྱང་ཆུབ་འདོད་པའོ། །འོ་ན་སངས་རྒྱས་ཆོས་ཅན། སེམས་བསྐྱེད་མེད་པར་ཐལ། རྫོགས་པའི་བྱང་ཆུབ་འདོད་པ་མེད་པའི་ཕྱིར་ཞེ་ན། འདོད་ཅེས་པ་མ་འོངས་པ་ན་འདོད་པ་དང་སྔོན་འདོད་པར་བྱས་ཟིན་པ་ལ་འཇུག་པས་སྐྱོན་མེད་དེ། ཐུབ་པ་དགོངས་རྒྱན་དུ། དོན་དུ་གཉེར་བར་བྱས་ཟིན་པའི་སེམས་རྣམ་པར་རྟོག་པ་མེད་པ་ཁོ་ན་ནི་བཅོམ་ལྡན་འདས་ཀྱི་སྟེ་དེ་ལྟར་མངོན་པར་འདོད་པའོ། །ཞེས་པ་ལྟར་རོ། །ཞེས་གསུངས་སོ། །འདོད་ན། སངས་རྒྱས་ལ་བླ་མེད་བྱང་ཆུབ་ཐོབ་ཟིན་ཀྱང་དེ་དོན་དུ་གཉེར་བ་ལ་དགོས་པ་ཞིག་ཡོད་པར་ཐལ། འདོད་པའི་ཕྱིར་ཟེར་ན་དོགས་པའི་གནས་སོ། །ཡང་སངས་རྒྱས་ལ་སེམས་བསྐྱེད་ཡོད་པར་འདོད་ན།སྔོན་མེད་ལེགས་བཤད་ལས། ལས་དང་པོ་བ་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་སེམས་བསྐྱེད་ཀྱི་མཚན་ཉིད་དང་ལྡན་པ་ཡིན་ལ། སངས་རྒྱས་ཀྱི་སར་ནི་དེའི་རིགས་རྒྱུན་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ནི་ཡོད་ཀྱང་སེམས་བསྐྱེད་ཀྱི་མཚན་ཉིད་ནི་ལོག་པ་ཡིན་ཞིང༌། ཞེས་གསུངས་པའི་ཚིག་ཟིན་ལ་དཔྱད་པར་བྱའོ། །ཡང་ཉ་ཊཱིཀ་ལས། མཚན་ཉིད་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་བློའོ། །ཞེས་གསུངས་པ་ལ་དྲུག་པ་ལྷག་བསམ་པའི་རྒྱུད་ན་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་བློ་ཡོད་མེད་དཔྱད་དགོས་ཏེ། དེ་འདྲའི་བློ་བཅོས་མ་མ་ཡིན་པ་མེད་ཀྱང་བཅོས་མ་ཞིག་ཡོད།དེ་འདྲའི་བཅོས་མའི་བློ་ཡོད་ན་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་བློ་མ་ཡིན་པའི་རྒྱུ་མཚན་མེད་པའི་ཕྱིར་དང༌། ལམ་རིམ་བདུད་རྩི་ཉིང་ཁུ་ལས། རྫོགས་བྱང་དོན་གཉེར་ཙམ་བསྒོམ་པ་ཡིན་ལ། དེ་ཙམ་གྱིས་བྱང་ཆུབ་སེམས་ཀྱི་མཚན་ཉིད་རྫོགས་པར་མི་འགྱུར་ཞིང༌། འདིར་གཞན་དོན་ཁོ་ནར་རྫོགས་བྱང་དོན་གཉེར་གྱི་བསམ་པ་སྒོམ་པས་སྨོན་པ་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཚང་བར་འགྱུར་རོ། །གོང་དུ་གཞན་དོན་བསམ་པ་ཙམ་ཡོད་མོད། ཅེས་གསུངས་སོ། །ཡང་སེམས་བསྐྱེད་ཡིན་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱིས་སེམས་བསྐྱེད་ཡིན་པས་ཁྱབ་པར་ཐལ། ཉ་ཊཱིཀ་ལས། རྩ་བ་ནི། སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་གྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་མཚོན་བྱ། མཚན་ཉིད། གཞན་ནི་རང་ལས་གཞན་པའི་སེམས་ཅན་ཐམས་ཅད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། སེམས་བསྐྱེད་ཡིན་ན་སྟོང་ཉིད་རྟོགས་པའི་རྒྱུད་ཀྱི་སེམས་བསྐྱེད་ཡིན་པས་ཁྱབ་པར་ཐལ།འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྔར་བཤད་ལྟར་ལམ་ཐེག་ཆེན་དུ་ཞུགས་ལ་གྲུབ་མཐའ་ཐེག་དམན་དུ་ཞུགས་པ་སོགས་ཡོད་པ་དང༌། དབུ་མ་རྒྱན་གྱི་རང་འགྲེལ་ལས། ཡང་དག་དད་པའི་རྗེས་འབྲང་བ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ནས། །ཐུབ་པའི་བརྟུལ་ཞུགས་བླངས་བྱས་ཏེ། །དེ་ནི་ཡང་དག་ཤེས་ཚོལ་བརྩོན། །ཞེས་གསུངས་པས་སོ། །གོང་དུ་ཁྱབ་བ་ཡོད་དེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ནི་རང་གི་སྟོང་ཉིད་རྟོགས་ནས་དེ་མ་རྟོགས་པའི་སེམས་ཅན་རྣམས་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་བློ་དང་ལྡན་པ་ཞིག་དགོས་པའི་ཕྱིར་ཏེ། ལམ་རིམ་བདུད་རྩི་ཉིང་ཁུ་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ནི། དེ་ལ་སྟོང་རྐྱང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པར་མི་འགྲོ་བས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཅིག་དགོས་པ་ཡིན། ཞེས་པ་ནས། བདེན་མེད་ཀྱི་སྡུག་བསྔལ་མྱོང་བ་འདི་ལས་ལྷག་པའི་སྡུག་བསྔལ་མྱོང་རྒྱུ་མེད། འདི་མེད་པར་རྟོགས་ན་རང་གྲོལ་དུ་འདུག་པ་ལ་དེ་ལྟར་མ་རྟོགས་པ་སྙིང་རེ་རྗེ། ཞེས་ཡང་ཡང་བསམ་ཞིང་བསྒོམ། ཞེས་གསུངས་སོ། ། ཡང་སྨོན་འཇུག་ལ་དཔྱད་པར་བྱ་བ་འདི་ལྟ་སྟེ། ས་བཟང་སྤྱོད་འཇུག་འགྲེལ་བ་༤༢ལས། དེས་ན་སེམས་བསྐྱེད་ཡིན་ལ་སྡོམ་པ་མ་ཡིན་པ་ཡོད་དེ། ཆོ་གས་མ་བསྐྱེད་ཅིང་སྤྱོད་པ་དང་མ་འབྲེལ་བའི་སྨོན་པ་ཙམ་སྐྱེས་པ་ལྟ་བུའོ། །སྡོམ་པ་ཡིན་ལ་སེམས་བསྐྱེད་མ་ཡིན་པ་ནི་མེད་དེ། ཐེག་ཆེན་གྱི་སྡོམ་པ་གང་ཡིན་ལ་སེམས་བསྐྱེད་ཀྱིས་ཁྱབ་པའི་ཕྱིར་རོ། །ཞེས་ཐེག་ཆེན་སྡོམ་པ་དང༌། ལྷན་ཐབས་འོད་བརྒྱ་འབར་བ་ལས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་ཞེས་བསྒོམ་པ་ནི། དཔེ་འགྲོ་བར་འདོད་པ་དང་མཚུངས་པའི་དོན་སྨོན་པ་བྱང་སེམས་ཡིན་ལ། དེའི་ཕྱིར་དུ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྒོམ་པར་བགྱིའོ་སྙམ་པ་ནི། དཔེ་ལམ་དུ་འགྲོ་བ་དང་མཚུངས་པའི་དོན་འཇུག་པ་བྱང་སེམས་ཡིན་ནོ། །ཞེས་པ་ནས། འདིའི་ངོ་བོ་ནི་ད་ལྟ་ཉིད་སློབ་འདོད་ཡིན་ཞིང༌། ཞེས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྒོམ་པར་བགྱིའོ་སྙམ་པ་དང༌། ཡུམ་མདོ་ལས།ལམ་གྱི་རྣམ་པར་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱ་བར་འདོད་པ་དང༌། ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱ་བར་འདོད་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པའི་རྣམ་པར་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་ལམ་གྱི་རྣམ་པར་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱ་བར་འདོད་པ་དང༌། མདོ་ལུགས་མ་ལས། གཞན་དོན་འདོད་པ་སྨོན་པའི་སེམས། ཞེས་གཞན་དོན་འདོད་པ་དེ་རྣམས་ནི་གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཡིན་མིན་དང༌། མིན་ན་སེམས་བསྐྱེད་མ་ཡིན་པར་འགྱུར་བ་ཡིན་ནམ་དཔྱད། ཡང་སྨོན་འཇུག་གི་ཁྱད་པར་ལ། སྨོན་སེམས་དང་འཇུག་སེམས་གཉིས་ཀས་གཞན་དོན་དང་བྱང་ཆུབ་གཉིས་ཀར་འདོད་པ་ཡིན་ན་མདོ་ལུགས་མ་ལས། སྨོན་པ་དང་འཇུག་པའི་ཁྱད་པར་ཡང་རང་གཞན་གྱི་དབྱེ་བ་ལས་གཞན་དོན་འདོད་པ་སྨོན་པའི་སེམས་དང༌། བྱང་ཆུབ་འདོད་པ་འཇུག་པའི་སེམས་ཡིན་ཏེ། ཞེས་གཞན་དོན་འདོད་པ་དང་བྱང་ཆུབ་འདོད་པའི་སྒོ་ནས་དེ་གཉིས་ཀྱི་ཁྱད་པར་འགྲོ་ཚུལ་ལ་དཔྱད། སྔོན་མེད་ལེགས་བཤད་ལས། གང་ལ་འཇུག་པ་ཡོད་པ་དེ་ལ་སྨོན་སེམས་ཀྱང་ཡོད་དོ། །ཞེས་གསུངས་པ་ལྟར་འཇུག་སེམས་ཡོད་ན་སྨོན་སེམས་ཡོད་དགོས་ཀྱང་དེ་གཉིས་རྣམ་པ་མི་འགལ་ན་མདོ་ལུགས་མ་ལས་དེ་གཉིས་ཀྱི་ཁྱད་པར་གསུངས་ཚུལ་གང་ཡིན་སོགས་ཀྱི་སྒོ་ནས་འཇུག་སེམས་ཡིན་ན་སྨོན་སེམས་ཡིན་དགོས་མིན་དང་སངས་རྒྱས་ཀྱི་ས་ན་དེ་གཉིས་ཡོད་མེད་དཔྱད། ཡང་བྱམས་པའི་རྣམ་ཐར་གྱི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ། དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ་འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ །ཞེས་དང༌། བསླབ་བཏུས་ལས། ཅི་སར་མ་ཆུད་པ་རྣམས་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་དབང་དུ་བྱས་ནས་ཡོད་པར་རིག་པར་བྱ་སྟེ། ནམ་མཁའི་སྙིང་པོའི་མདོ་ལས། རྙེད་པ་དང་བཀུར་སྟིའི་རྒྱུ་ལས་རྩ་བའི་ལྟུང་བ་བྱུང་བར་གསུངས་པའི་ཕྱིར་ལ། ཞེས་པ་ལྟར་རྩ་ལྟུང་བྱུང་བའི་བྱང་སེམས་ཡོད་ན་དེའི་རྒྱུད་ལ་སྒྲུབ་པའི་སྦྱོར་བས་ཟིན་པའི་སེམས་བསྐྱེད་ཡོད་མེད་བརྟག་གོ ། ལོ་ཙྪ་བ་སོགས་ཀྱིས་སོ་སྐྱེ་ལ་འཇུག་སེམས་མེད་པར་འདོད་པ་ལ་ཉ་ཊཱིཀ་ལས། འོ་ན་སོ་སྐྱེ་ལ་བྱང་སེའི་ཚུལ་ཁྲིམས་ཀྱི་སྡོམ་པ་མེད་པར་འགྱུར་ཏེ། དེའི་རྟེན་ནམ་ངོ་བོ་འཇུག་པ་སེམས་བསྐྱེད་མེད་པས་སོ། །ཞེས་གསུངས་པ་དང་འགལ་བར་འགྱུར་རོ། །ཞེས་འཇུག་སྡོམ་གྱི་རྟེན་ནམ་ངོ་བོ་འཇུག་སེམས་དགོས་པར་གསུངས་པ་དང༌། ས་བཟང་སྤྱོད་འཇུག་འགྲེལ་བ་ལས། རྒྱལ་སྲས་འདིའི་དགོངས་པ་ནི་ཆོ་ག་མེད་ཀྱང་སངས་རྒྱས་ཀྱི་སྐུ་མཐོང་བ་དང་སེམས་ཅན་ལ་སྙིང་རྗེ་སྐྱེས་པ་ལ་སོགས་པའི་དབང་གིས་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་འདོད་ཅིང་དོན་དུ་གཉེར་བ་སྨོན་པ་སེམས་བསྐྱེད་དང༌། ཆོ་གས་སྡོམ་པ་ཡང་དག་པར་བླངས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་བྱང་ཆུབ་ཆེན་པོའི་ལམ་དུ་ཞུགས་ནས་འགྲོ་བཞིན་པ་ནི་འཇུག་པ་སེམས་བསྐྱེད་ཅེས་བྱ་སྟེ། ཞེས་འཇུག་སེམས་ལ་ཆོ་གས་སྡོམ་པ་ཡང་དག་པར་བླངས་དགོས་པར་གསུངས་པ་གཉིས་ལ་བརྟག་པར་བྱ་བ་ཡོད་དོ། །ས་བཟང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་ལས། སྡོམ་པ་ཡིན་ལ་སེམས་བསྐྱེད་མ་ཡིན་པ་ནི་མེད་དེ། ཐེག་ཆེན་གྱི་སྡོམ་པ་གང་ཡིན་ལ་སེམས་བསྐྱེད་ཀྱིས་ཁྱབ་པའི་ཕྱིར། ཞེས་གསུངས་ཟིན་ལྟར་ཐེག་ཆེན་སྡོམ་པ་ལ་སེམས་བསྐྱེད་ཀྱིས་ཁྱབ་ན་བྱང་སེམས་ཀྱི་རྒྱུད་ཀྱི་སོ་ཐར་གྱི་སྡོམ་པ་དང་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དག་སེམས་བསྐྱེད་ཡིན་པར་འགྱུར་ལ། དེ་ཡང་འདོད་པར་མི་རིགས་ཏེ། དེ་དག་དང་སེམས་བསྐྱེད་འཛིན་སྟངས་འགལ་བའི་ཕྱིར། ཁྱབ་སྟེ། ཉ་ཊཱིཀ་ལས། དེ་ཐོབ་འདོད་དང་དེ་དཔུང་གཉེན་དུ་འཛིན་པའི་བློ་གཉིས་སྔ་ཕྱིར་འབྱུང་ཞིང་འཛིན་སྟངས་མི་འདྲ་བས་ངོ་བོ་གཅིག་ཏུ་ག་ལ་རུང༌། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པའི་གནས་སུ་སྣང་ངོ༌། །ཡང་སེམས་བསྐྱེད་ཀྱི་སྔོན་དུ་སྡོམ་པ་འགྲོ་དགོས་པར་ཐལ། བྱང་སྡོམ་དེ་སེམས་བསྐྱེད་ཀྱི་རྟེན་ཡིན་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། སྡོམ་པ་རྒྱ་ཆེན་དེ་ཡི་རྟེན། །ཞེས་དང༌། དེའི་ས་འགྲེལ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་རྒྱ་ཆེན་པོ་བསྲུང་བ་ནི་དེའི་རྟེན་ཡིན་ལ། ཞེས་དང༌། མདོ་ལུགས་མ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ནི་རྟེན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་སེམས་བསྐྱེད་སྐྱེ་བ་ལ་དེའི་རྟེན་དུ་ངེས་པར་དགོས་པའི་སྡོམ་པ་ཞིག་བཤད་པ་ཡིན་མིན་བརྟག་དགོས་སོ། །ཡང་བྱང་སྡོམ་གྱི་སྔོན་དུ་སེམས་བསྐྱེད་འགྲོ་དགོས་པར་ཐལ། ཉ་ཊཱིཀ་ལས། འདིའི་རྟེན་ནམ་སྔོན་དུ་སེམས་བསྐྱེད་འགྲོ་དགོས་ཤིང་དེའི་རྟེན་ནམ་སྔོན་དུ་འདི་འགྲོ་མི་དགོས་པ་སོགས་ཁྱད་པར་དུ་མ་ཤེས་པར་བྱའོ། །ཞེས་བྱང་སྡོམ་གྱི་རྟེན་ལ་སྔོན་དུ་སེམས་བསྐྱེད་འགྲོ་དགོས་པ་ཡིན་ན་ལམ་མ་ཞུགས་ན་བྱང་སྡོམ་སྐྱེས་པ་མེད་དགོས་ལ། དེ་ལྟར་ན་ལམ་མ་ཞུགས་ན་དབང་སོགས་ཀྱི་སྐབས་བྱང་སྡོམ་ལེན་ཀྱང་མི་སྐྱེ་ན་དོན་མེད་པར་འགྱུར་རམ་ཅི་ཡིན་དཔྱད། ཡང་བྱང་ས་ལས། རྒྱུ་གཉིས་ཁོ་ནས་བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བཏང་བར་འགྱུར་ཏེ་བླ་མེད་ཡང་དག་རྫོགས་བྱང་དུ་སྨོན་པ་ཡོངས་སུ་བཏང་བ་དང༌། ཕམ་པའི་གནས་ལྟ་བུའི་ཆོས་ཀྱིས་ཀུན་ནས་དཀྲིས་པ་ཆེན་པོ་ཀུན་ཏུ་སྤྱོད་པའོ། །ཞེས་རྒྱུ་གཉིས་ཁོ་ནས་བྱང་སྡོམ་བཏང་བར་གསུངས་མོད་ཀྱང་ལས་འབྲས་མེད་པར་ལྟ་བའི་ལོག་ལྟ་དང་སྐྱབས་འགྲོ་བཏང་བ་དང་བྱང་སྡོམ་ཕུལ་བས་ལྡོག་པ་ཡིན་མིན་དཔྱད་དགོས་ཏེ། ལོག་ལྟས་དགེ་རྩ་གཅོད་པ་དང་བྱང་སྡོམ་ཕུལ་བས་ལྡོག་སྟེ། མཛོད་ལས། མེད་པར་ལྟ་བས་རྩ་བ་གཅོད། །ཞེས་དང༌། ཉ་ཊཱིཀ་ལས། ཕུལ་བས་ཀྱང་ལྡོག་སྟེ། བསྡུ་བར། མི་བརྡ་ཕྲད་པའི་དྲུང་དུ་འབུལ་བ་དང་ལྡན་པའི་ཚིག་རྗོད་པར་བྱེད་པ་དང་ཞེས་སོགས་གསུངས་པའི་ཕྱིར་རོ། །ཡང་ཐུབ་དགོངས་ལས། སྡེ་སྣོད་དུ་གསུངས་པའི་བཞི་བོ་རྣམས་ཉིད་དུ་གཞན་རྣམས་འདུས་པའི་ཕྱིར་རོ། །ཞེས་བྱང་ས་ལས་བཤད་པའི་རྩ་ལྟུང་བཞིའི་ནང་ནམ་མཁའི་སྙིང་པོའི་མདོ་ལས་བསྟན་པའི་རྩ་ལྟུང་རྣམས་འདུ་ཚུལ་ཡིན་པའི་ཚུལ་གྱིས་ཡིན་ནམ་གང་ཡིན་དང༌། དེ་ལྟར་རང་ལུགས་ལ་འཐད་པ་ཡིན་མིན་གོང་དུ་བཀོད་པའི་ཞང་སྟོན་པའི་རྒྱུད་བླའི་འགྲེལ་བའི་ལུང་དང་སྐབས་འདིར་ཉ་ཊཱིཀ་ལས་བྱང་ས་ལས་བཤད་པའི་དེ་བཞིའི་ནང་དུ་ནམ་སྙིང་གི་མདོར་བསྟན་པའི་རྩ་ལྟུང་བསྡུ་ཚུལ་བཤད་པ་དག་གིས་དཔྱད་པར་བྱའོ། །གཞན་ཡང་མདོ་ལུགས་མ་ལས། སྨོན་པ་སེམས་བསྐྱེད་ཀྱི་ངོ་བོ་གཞན་དོན་འདོད་པ་དེ༷་ད༷ང༌། འཇུག་པ་སེམས་བསྐྱེད་ཀྱི་ངོ་བོ་བྱང་ཆུབ་འདོད་པ་དེ༷་ནི༷་ཤེར་ཕྱིན་གྱི་མདོ༷་ཇི་ལྟ་བ་བཞི༷ན་དུ༷་རྒྱས་འབྲིང་བསྡུས་པ་གསུམ་ཆར་ལས་བསྡུ༷ས་པའི་སྒོ་ནས་བརྗོད་པ་ནི་འདི་ལྟ་སྟེ། ཞེས་དེ་སྒྲ་སྔ་ཕྱི་གཉིས་ཀྱི་སྙེགས་གཞི་དེ་ལྟར་འཇོག་པ་མི་འཐད་པར་ཐལ། ཉ་ཊཱིཀ་ལས། གོ་འཕང་གང་འདོད་པའི་བདག་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་གང་ཡིན། ཕུགས་ཀྱི་ཆེད་དུ་བྱ་བ་གང་གི་དོན་དུ་སེམས་བསྐྱེད་པ་གཞན་གྱི་དོན་ནི་གང་ཡིན་ཞེ་ན། གཉིས་པའི་རྩ་བ་ནི། ཇི་ལྟར་དྲིས་པ་དེ་དང་དེ་ནི་བླ་མའི་ལུང་གིས་མདོ་ལས་ཇི་སྐད་བསྟན་པ་བཞིན་དུ་ཤེས་པར་བྱ་ཞིང་མདོ་ལས་ཀྱང་དེ་དག་བསྡུས་པ་དང༌། རྒྱས་པའི་སྒོ་ནས་བརྗོད་པར་ཤེས་པར་བྱའོ། །ཞེས་གསུངས་པ་དང༌། ཡང་ཉ་ཊཱིཀ་དེར་རྩ་བར། དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །ཅེས་པ་སེམས་བསྐྱེད་ཀྱི་དམིགས་ཡུལ་འཆད་བྱེད་དུ་སྦྱར་བའི་ཕྱིར་ཞེ་ན་དཔྱད། འོན་ཀྱང་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེ་ནི་འཕགས་སེང་ལྟར་མི་འཆད་པར་སྔར་མདོ་ལུགས་མར་བཀོད་པ་ལྟར་བཤད་དགོས་ཏེ། ཉ་ཊཱིཀ་ལས། སེམས་བསྐྱེད་དེ་དང་དེ་ནི་མདོ་བཞིན་བརྗོད་ཅེས་པ་ཡིན་གྱི་འཕགས་སེང་སོགས་ཀྱི་འདི་མིན་ཞེས་ཀུན་མཁྱེན་ཆེན་པོས་གསུང་ངོ༌། །ཞེས་གསུངས་སོ། །ཉ་ཊཱིཀ་ལས། གང་གི་སྒོ་ནས་ན། ཡུམ་བསྡུས་པ་ལས་མདོར་བསྡུས་པ་དང་རྒྱས་འབྲིང་གིས་རྒྱས་པར་བསྟན་པའི་སྒོ་ནས་སོ། །ཞེས་ཡུམ་བསྡུས་པ་ལས་མདོར་བསྡུས་པ་དང་རྒྱས་འབྲིང་གིས་རྒྱས་པར་བསྟན་གསུངས་པ་མི་རིགས་པར་ཐལ། ཡུམ་གསུམ་གར་རྒྱས་བསྡུས་གཉིས་གཉིས་ཀྱིས་བཤད་པའི་ཕྱིར་ཏེ། མདོ་ལུགས་མ་ལས། རྒྱས་འབྲིང་བསྡུས་པ་གསུམ་ཆར་ལས་བསྡུས་པའི་སྒོ་ནས་བརྗོད། ཅེས་པ་ནས། གཞན་དོན་འདོད་པ་དང་བྱང་ཆུབ་འདོད་པ་དེ་དང་དེ་ནི་ཡུམ་གསུམ་ཆར་ལས་རྒྱས་པའི་སྒོ་ནས་བརྗོད་པ་དང༌། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་ཡུམ་མདོ་བཞིན་དུ་ཡུམ་མདོ་ལས་བརྗོད་ཅེས་པར་འགྱུར་ན་འབྲེལ་ཡོད་མེད་དང༌། མདོ་ལུགས་མའི་དེའི་འོག་ཏུ་དེ་རྣམས་ཀྱིས་ནི་བསྡུས་པ་དང་རྒྱས་པའི་སྒོ་ནས་ཡུམ་གྱི་མདོ་བཞིན་དུ་བརྗོད་པ་བཤད་ཟིན་ཏོ། །ཞེས་སོགས་གོང་འོག་གི་འབྲེལ་ལ་བརྟག་དགོས་སོ། །ཡང་འཕགས་པ་རྣམ་གྲོལ་སྡེ་དབྱིག་གཉེན་གྱི་སློབ་མ་ཡིན་ཏེ། རྒྱ་གར་ཆོས་འབྱུང་ལས། འདིར་འཕགས་ཡུལ་ན་གྲགས་ཆེ་བ་ལྟར་ན་དཀྱུས་ཉིད་དེ། དབྱིག་གཉེན་གྱི་སློབ་མའི་ཐ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཞེ་ན། དེ་མི་རིགས་པར་ཐལ། མདོ་ལུགས་མ་ལས། ངེས་དོན་ལ་དེ་ལྟ་ཡིན་པར་འདོད་དུ་ཆུག་ན་ཡང་དྲང་དོན་ལ་ཉི་ཁྲི་སྣང་བ་རྩོམ་པ་པོ་དེ་སློབ་དཔོན་དབྱིག་གཉེན་ལས་མཁས་པ་མི་སྲིད་པའི་ཕྱིར་རོ། །དེ་དང་མཐུན་པར་འཆད་པ་འཐད་དོ། །དེས་ན་ཉི་ཁྲི་སྣང་བ་རྩོམ་པ་པོ་ནི་དངོས་སློབ་མ་ཡིན་པ་ཙམ་དུ་མ་ཟད་ཀྱི། སློབ་དཔོན་དབྱིག་གཉེན་དང་དེ་གཉིས་ཀྱི་བར་དུ་ཡུམ་གྱི་མདོ་སྡེའི་བླ་མ་བརྒྱུད་པའི་རིམ་པ་ཡང་འཆད་པར་གསལ་ལོ། །ཞེས་སོགས་སྐབས་དུ་མར་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

ས་མཚམས་ལ་གོང་དུ་བཀོད་པ་བཞིན་སྔོན་མེད་ལེགས་བཤད་ལས་ཐེག་ཆེན་སེམས་བསྐྱེད་མཚན་ཉིད་སངས་རྒྱས་ས་ན་ལོག་པ་ལྟ་བུ་གསུངས་མོད་སངས་རྒྱས་ཀྱི་ས་ན་ཐེག་ཆེན་སེམས་བསྐྱེད་མེད་ན་དེ་ཐེག་ཆེན་མ་ཡིན་པར་འགྱུར་ཏེ། ཐེག་ཆེན་པ་ཡིན་མིན་སེམས་བསྐྱེད་དེ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་ཏེ། ལྷན་ཐབས་འོད་བརྒྱ་འབར་བ་ལས། གང་ཟག་དེ་ཐེག་ཆེན་པར་འགྲོ་མི་འགྲོ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་མ་སྐྱེས་ལ་རག ཅེས་གསུངས་ལ། འོན་ཀྱང་བྱང་སེམས་འགོག་སྙོམས་པ་དང་གཉིད་ལོག་པའི་རྒྱུད་ལ་སེམས་བསྐྱེད་ཡོད་མེད་དཔྱད་དགོས་ཏེ། ཉ་ཊཱིཀ་ལས། བྱང་སེམས་འགོག་སྙོམས་པའི་རྒྱུད་ལ་སེམས་བསྐྱེད་མེད་པར་འགྱུར་ཏེ་ཡིད་ཤེས་མེད་པས་སོ། །འདོད་ན། དེ་དུས་བྱང་སེམས་མིན་པར་འགྱུར་རོ་ཞེ་ན། གནས་མ་གྱུར་པའི་དབང་དུ་བྱས་ཏེ་དེ་དུས་སེམས་བསྐྱེད་མངོན་གྱུར་མེད་པ་འདོད་ཅིང་བྱང་སེམས་སུ་མི་འགལ་ཏེ་དེ་དུས་ན་སེམས་བསྐྱེད་ཐོབ་ལ་མ་བཏང་བའི་ཕྱིར་བྱང་སེམས་གཉིད་ལོག་པའི་དུས་བཞིན་ནོ། །གནས་གྱུར་དུས་ཡེ་ཤེས་ཡོད་པས་སྐྱོན་མེད་དོ། །འོན་ཀྱང་དེ་འདྲའི་འདོད་པའམ་འདུན་པ་དབང་རྒྱུན་ཆགས་སམ་འཕགས་སེང་ལྟར་ནའང་དེ་འདྲའི་མཚུངས་ལྡན་དབང་རྒྱུན་ཆགས་སུ་འདོད་དགོས་སོ། །ཞེས་གསུངས་ལ། དབང་རྒྱུན་ཆགས་ནི་ས་བོན་ཞིག་ལ་འཇོག་དགོས་ཏེ། དབྱིག་གཉེན་གྱི་ཕུང་ལྔའི་རབ་ཏུ་བྱེད་པ་ལས། དེ་ལ་ཐོབ་པ་གང་ཞེ་ན། རྙཻད་པ་དང་ལྡན་པའོ། །དེ་ཡང་ས་བོན་དང་དབང་དང་མངོན་དུ་གྱུར་པ་དང་ཅི་རིགས་སུ་སྦྱར་རོ། །ཞེས་དང༌། དེའི་སྐབས་ཀྱི་བློ་བརྟན་གྱི་ཕུང་ལྔའི་རབ་ཏུ་བྱེད་པ་བྱེ་བྲག་ཏུ་བཤད་པ་ལས། ཐོབ་པ་གང་ཞེ་ན། ཞེས་པ་ནས། དེ་ཡང་ས་བོན་དང་དབང་དང་མངོན་དུ་གྱུར་པ་དང་རྣམ་པ་གསུམ་དུུ་དབྱེའོ། །ཞེས་པ་ནས། ས་བོན་ཅི་ལ་བྱ་ཞེ་ན། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་རྣམ་པར་ཤེས་པ་ལ་མ་འོངས་པ་ན་དེ་དང་རིགས་གཅིག་པའི་ཆོས་ཀྱི་རྒྱུ་བསྐྱེད་པའི་ནུས་པའི་བྱེ་བྲག་ནི་ས་བོན་ནོ། །ས་བོན་རྙེད་ནས་དེ་ལ་རག་ལས་པའི་མངོན་དུ་མ་གྱུར་ཀྱང་དེའི་ས་བོན་གང་ཡིན་པ་དེ་ཐོབ་པ་ཞེས་བྱའོ། །དབང་ནི་དེའི་རྐྱེན་ལ་ལྟོས་ནས་རྒྱུན་གྱི་འབྲས་བུ་བསྒྲུབ་པའི་གནས་སོ། །མངོན་དུ་གྱུར་བ་ནི་དེའི་འབྲས་བུ་གྲུབ་པའི་དུས་སོ། །ཞེས་གསུངས་སོ། །སེམས་བསྐྱེད་བཏང་ན་ངན་སོང་དུ་ལྟུང་བ་ཡིན་ཏེ། ཉ་ཊཱིཀ་ལས། མཚམས་མེད་པས་ཀྱང་ཉེས་པ་ལྕི་བས་དམྱལ་སོགས་ལས་མི་ཐར་ཞིང་བརྒྱ་ལམ་ཐར་ན་ཡང་ལམ་གོལ་བར་ལྟུང་སྟེ། སྡུད་པར། སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་སོ། །དེ་ལ་ཅུང་ཟད་དཔྱད་རྒྱུ་ནི་ཤཱ་རིའི་བུས་སེམས་བསྐྱེད་བཏང་ཡང་ངན་སོང་དུ་མ་ལྟུང་བ་ཡིན་ཏེ། སྤྱོད་འཇུག་ས་འགྲེལ་ལས། ཤཱ་རིའི་བུས་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཞེས་པ་ནས། བྱང་ཆུབ་ཀྱི་སེམས་བཏང་ཡང་དེ་དག་ངན་འགྲོར་མ་ལྷུང་བར་ཐར་པ་ཐོབ་ཅིང་གཞན་དག་ཀྱང་ཐར་བར་མཛད་པ་ནི། ལས་ཀྱི་ཚུལ་སྟོབས་ཆེ་ཆུང་སྣ་ཚོགས་པ་རྣམས་ཚུ་རོལ་མཐོང་བས་བསམ་གྱིས་མི་ཁྱབ་སྟེ། ཞེས་གསུངས་སོ། །ཡང་སྐྱེས་རབས་ལས། ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ། །བརྩེ་བའི་བདག་ཉིད་ཅན་ཡང་དུད་འགྲོར་སྐྱེས། །ཞེས་དང༌། ཉ་ཊཱིཀ་ལས། སྤྱིར་ཐེག་ཆེན་སེམས་བསྐྱེད་ཙམ་ཞིག་ཐེག་ཆེན་ཆོས་ཀྱི་སྐལ་བ་ཡོད་པའི་སེམས་ཅན་ལྷ་མི་དུད་འགྲོ་སོགས་དྲུག་ཅར་ལ་སྐྱེ་ཞིང་གནས་སུ་རུང་ངོ༌། །ཞེས་དང༌། དེ་ལས། ཐ་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་དུད་འགྲོར་གྱུར་པ་ལ་ཡང་ཕྱག་འཚལ་ལོ་ཞེས་བསླབ་བཏུས་སུ་དྲངས་སོ། །ཞེས་དང༌། མདོ་སྡེ་རྒྱན་གྱི་ས་འགྲེལ་ལས། སྐྱེས་རབས་ལས་དུད་འགྲོར་གྱུར་པའི་བྱང་ཆུབ་སེམས་དཔའ་མང་དུ་གསུངས་པ་དང༌། མ་དྲོས་པས་ཞུས་པར་ཡང༌། ཀླུའི་རྒྱལ་པོ་དེ་ཉིད་ས་བཅུ་པར་གསུངས་པ་ལྟར་རོ། །ཞེས་བྱང་སེམས་ངན་འགྲོར་ལས་དབང་གི་སྐྱེ་བ་ལྟ་བུ་དང༌། ངན་འགྲོའི་རྟེན་ལ་སེམས་བསྐྱེད་ཡོད་པར་གསུངས་ཀྱང་དེ་དག་ངན་འགྲོ་བ་མ་ཡིན་ཏེ། དེ་དག་བདེ་འགྲོ་བ་ཡིན་པའི་ཕྱིར་ཏེ། རིན་ཆེན་ཕྲེང་བ་ལས། བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུགས་འགྱུར། །ཞེས་དང༌། སྤྱོད་འཇུག་ཏུ། བྱང་ཆུབ་སེམས་བསྐྱེད་གྱུར་པའི་སྐད་ཅིག་ལ། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་རབ་རྗོད་ཅིང༌། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དགོས་སོ། །ཡང་ཉ་ཊཱིཀ་ལས། མི་ཟད་པ་བརྒྱད་ཅུར་བརྗོད་དེ། དང་པོ་ནི་སེམས་བསྐྱེད་པ་ཉིད་དོ་ལྷག་མ་ནི་དེའི་གྲོགས་ཏེ་སྦྱོར་བ་དང་བསམ་པ་ལ་སོགས་པ་སྣ་ཚོགས་པའོ། །ཞེས་སོ། །འདི་ལེགས་སོ། །ཞེས་དང་པོ་སེམས་བསྐྱེད་ཉིད་ཡིན་པ་དང་ལྷག་མ་གྲོགས་ཡིན་པར་གསུངས་པ་ལེགས་པར་འདོད་ན། དང་པོ་ལ་གྲོགས་དང་སྦྱར་ཚུལ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཞང་སྟོན་གྱི་རྒྱུད་བླའི་འགྲེལ་བ་ལས། འདུན་པ་དང་བསམ་པ་དང་སྦྱོར་བ་དང༌། ཞེས་པ་ནས། གྲོགས་དེ་དག་མི་ཟད་པ་བརྒྱད་ཅུ་ཡིན་ནོ། །ཞེས་དང༌། མདོ་སྡེ་རྒྱན་ས་འགྲེལ་ལས། འདུན་པ་བསམ་པ། ཞེས་པ་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་དང་པོ་མོས་པ་ལས་བྱུང་བའམ་ཐེག་པ་ཆེན་པོ་ལ་འདུན་པ་དང་མཚུངས་པར་ལྡན་པ་ནི། ཞེས་གསུངས་པས་བརྟག་པའི་གནས་སོ། །སེང་བཟང་ལུགས་ལ་གཞུང་གི་དངོས་བསྟན་གྱི་སེམས་བསྐྱེད་ཉེར་གཉིས་ཀྱྀ་ས་མཚམས་དེ་དང་དེ་ནས་འཇོག་པའི་རྒྱུ་མཚན་ལ་དཔྱད་པར་བྱའོ། །ཡང་ཉ་ཊཱིཀ་ལས། རྒྱན་འགྲེལ་དང་དག་ལྡན་དུ། སྦྱོར་ལྡན་ཡར་ངོའི་ཟླ་ཚེས་བཞིན་ཏེ། དགེ་ཆོས་འཕེལ་བར་འགྱུར་བས་སོ། །ལྷག་བསམ་ལྡན་པ་མེ་དང་འདྲ་སྟེ། ཤིང་གི་བྱེ་བྲག་གིས་མེ་བཞིན་དུ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་ཕྱིར་ཞེས་ཏེ། བློ་གྲོས་མི་ཟད་པའི་མདོ་འགྲེལ་དུ་ཡང་ངོ༌། །འདི་དང་སྔ་མ་དཀོན་བརྩེགས་སུ་གོ་བཟློག་སྟེ་བསྟན་པ་དང་མི་འགལ་ཏེ་སྤྱིའི་རིགས་ནས་གཅིག་གི་སྔོན་དུ་གཅིག་འབྱུང་བར་སྟོན་ཞེས་ཟླ་ཟེར་དང་ཐུབ་དགོངས་ཀྱི་དོན་ནོ། །མི་རིགས་པར་མངོན་ནོ། ཞེས་གསུངས་པ་འདི་ལ་དཔྱད་རྒྱུ་སྣང་ངོ༌། །སེམས་བསྐྱེད་ཉེར་གཉིས་ཀྱི་ས་མཚམས་བྱང་སེམས་ཀྱི་རྒྱུད་ཀྱི་གྲོགས་ཉེར་གཉིས་རང་རང་ཐོབ་པ་ནས་འཇོག་དགོས་པར་སྣང་ངོ༌། །

སྨྲས་པ། གང་ཞིག་སྐྱེས་ན་རྒྱལ་བའི་གདུང་འཚོབ་ཅིང༌། །འཇིག་རྟེན་ལྷ་དང་མིར་བཅས་ཕྱག་འོས་གནས། །རླབས་ཆེན་ཕ་རོལ་ཕྱིན་པའི་ཐབས་རྨད་བྱུང༌། །བརྩེ་ཆེན་བདག་ཉིད་ཅན་གྱི་རྒྱན་གྱི་མཆོག །

ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

གཉིས་པ་གདམས་ངག་བཤད་པ།

གཉིས་པ་གདམས་ངག་བཤད་པ།

རྗེ་བཙུན་བྱམས་པ་མགོན་པོ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་གཉིས་པ་གདམས་ངག་བཤད་པ་ལ། སྤྱིར་བཤད་པ་དང༌། བྱེ་བྲག་འདིར་བསྟན་གདམས་ངག་བཅུ་བཤད་པ་དང་གཉིས། དང་པོ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ལ་གདམས་ངག་གི་མཚན་ཉིད། དབྱེ་བ། ས་མཚམས་བཤད་པ་དང་གསུམ། གདམས་ངག་གི་མཚན་ཉིད། གདུལ་བྱ་ལ་བརྗོད་བྱའི་དོན་ཕྱིན་ཅི་མ་ལོག་པར་ཐར་བ་ཐོབ་པའི་ཐབས་སུ་འདོམས་པའི་རྗོད་བྱེད་རྣམ་དག ཐེག་ཆེན་གདམས་ངག་གི་མཚན་ཉིད། ཐེག་ཆེན་གྱི་གདུལ་བྱ་ལ་བརྗོད་བྱའི་དོན་མ་ནོར་བར་ཐེག་ཆེན་གྱི་ཐར་བ་ཐོབ་པའི་ཐབས་སུ་འདོམས་པའྀ་རྗོད་བྱེད་རྣམ་དག་དེ་ཡིན་ཏེ། མདོ་ལུགས་མ་ལས། བྱང་ཆུབ་སེམས་དཔའ་ལ་ཐེག་ཆེན་གྱི་ཆོས་ཕྱིན་ཅི་མ་ལོག་པར་འདོམས་བྱེད་ཀྱི་ངག་ནི་མཚན་ཉིད་དོ། །ཞེས་གསུངས་སོ། །ཐེག་དམན་གདམས་ངག་གི་མཚན་ཉིད། དམན་པའི་གདུལ་བྱ་ལ་བརྗོད་བྱའི་དོན་ཕྱིན་ཅི་མ་ལོག་པར་ཐེག་དམན་གྱི་ཐར་བ་ཐོབ་པའི་ཐབས་སུ་འདོམས་པའི་རྗོད་བྱེད་རྣམ་དག་དེའོ། །

གཉིས་པ་དབྱེ་བ་ནི།

ཐེག་ཆེན་གདམས་ངག་དང༌། ཐེག་དམན་གདམས་ངག་གཉིས། ཡང་ན་གདམས་ངག་ལ་རྗེས་བསྟན་དང་གདམས་པའི་གདམས་ངག་གཉིས།དེ་གཉིས་ཀྱི་ངོ་བོ་ནི། ས་བཟང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་ལས། གདམས་ངག་དང་རྗེས་བསྟན་གཉིས་ཀྱི་དང་པོ་ནི། སྒོམ་ཚུལ་གྱི་ངོ་བོ་ཕྱིན་ཅི་མ་ལོག་པར་སྟོན་པའི་ངག་ཡིན་ལ། ཞེས་དང༌། རྗེས་བསྟན་ནི། བླང་དོར་གྱི་ཚུལ་ཕྱིན་ཅི་མ་ལོག་པར་སྟོན་པའི་ངག ཅེས་དང༌། ཉ་ཊཱིཀ་ལས། གདམས་ངག་གང་ཞིག ཐོབ་ཟིན་པའི་ཡོན་ཏན་སྐྱོང་བའི་དོན་གྱིས་མི་བརྗེད་པར་བྱེད་པ་གདམས་ངག་གདམས་པ། གང་ཞིག མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱེད་པ་རྗེས་བསྟན་ནོ། །ཨཱརྱ་འགྲེལ་ཆེན་ནོ། །ཉན་སར། སེམས་དང་ཤེས་རབ་ཀྱི་བསླབ་པ་ལ་འདོམས་པ་གདམས་པ། ཚུལ་ཁྲིམས་ལ་འདོམས་པ་རྗེས་བསྟན་དུ་བཤད་དོ། །ཞེས་གསུངས་སོ། ། གསུམ་པ་ས་མཚམས་ནི། ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་དོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

གདམས་ངག་ལ་འདོམས་བྱེད་ཀྱི་རྗོད་བྱེད་དགོས་ན་ཉ་ཊཱིཀ་ལས། གཉིས་པ་དེ་སྨིན་ཅིང་དག་པར་བྱེད་པའི་གདམས་ངག་གི་མཚན་ཉིད། ཐེག་ཆེན་སེམས་བསྐྱེད་ཀྱིས་དོན་དུ་གཉེར་བའི་དོན་རྟོགས་ཤིང་ཐོབ་པའི་ཐབས་སངས་རྒྱས་ལ་སོགས་པས་འདོམས་པའི་ངག་གི་རིག་བྱེད་དམ། དེ་ལྟར་གདམས་པ་ལྟར་ཉམས་སུ་ལེན་པའི་བློ་གང་རུང་ངོ༌། །ཞེས་དང༌། བྱེད་པ་པོ་དང་ལས་ལ་ཡོད་པའི་གདམས་ངག་གཉིས་ཡོད་པས་ཕྱི་མ་ལེགས་སོ། །ཞིབ་པར་འཆད་ཚེ་རྟོགས་དགོས་སོ། །ཞེས་སོགས་ཀྱིས་གདམས་པ་ལྟར་ཉམས་སུ་ལེན་པའི་བློ་གདམས་ངག་ཏུ་གསུངས་པ་མ་ཡིན་ནམ་ཞེ་ན།མ་ཡིན་པར་སྣང་སྟེ། གདམས་ངག་གི་འབྲས་བུའི་ལམ་དང་བརྗོད་དོན་གྱི་ལམ་ལ་གདམས་ངག་ཅེས་བཏགས་ནས་བཤད་པའི་ཚུལ་ཞིག་ཡོད་པར་སྣང་སྟེ། སྔོན་མེད་ལེགས་བཤད་ལས། གདམས་ངག་ཅེས་བྱ་བ་དངོས་བསྟན་ལྟར་ན་འདོམས་པའི་ངག་ཚིག་ལ་ཟེར་ཡང་འབྲས་བུ་ལ་རྒྱུའི་མིང་གིས་བཏགས་ནས་དེའི་དངོས་ཀྱི་གྲུབ་འབྲས་སློབ་མའི་རྒྱུད་ལ་སྐྱེས་པ་ལ་བྱའོ། །ཞེས་གསུངས་སོ། །གདམས་ངག་ལ་གཟུགས་དང་ལྡན་མིན་གཉིས་ཡོད་པར་སྣང་སྟེ། གཞུང་ཤེར་ཕྱིན་ལ་གཟུགས་དང་ལྡན་མིན་གཉིས་ཡོད་པའི་ཕྱིར་ཏེ། སྔོན་མེད་ལེགས་བཤད་ལས། གཞུང་དེ་ཡང་རྣམ་པ་གསུམ་ཡོད་དེ། ཞེས་པ་ནས། གཞན་འཕགས་པ་དང་སོ་སོ་སྐྱེ་བོ་རྣམས་ཀྱི་ཡིད་ལ་སྒྲ་སྤྱིའི་རྣམ་པར་ཤར་བའི་མིང་ཚིག་ཡི་གེའི་ཚོགས་པ་ཐེག་ཆེན་གྱི་མདོ་སྡེ་ནི་གཞུང་གཉིས་པའོ། །དེ་དང་མཐུན་པར་ངག་ཏུ་བརྗོད་པའི་སྒྲ་ནི་གཞུང་ཤེར་ཕྱིན་གསུམ་པ་སྟེ། ཞེས་གསུངས་པ་དང༌། རང་ལུགས་ལ་ཐེག་མཆོག་དབུ་མར། དེ་ལ་བླ་དྭགས་ཚིག་སྤྱི་མིང་དུ་བརྗོད། །ཅེས་དང༌། ཐེག་མཆོག་ཊཱི་ཀ་ལས། མིང་ཚིག་ཡེ་གེ་ལ་སོགས་པ་ཡང་སྒྲ་སྤྱི་ཙམ་བློ་ལ་ཤར་བ་ལ་དེར་བཏགས་པའི་ཕྱིར། ཞེས་སོགས་སྐབས་དུ་མར་མིང་ཚིག་ཡི་གེ་ལྡན་མིན་ཡིན་པར་གསུངས་པ་རྣམས་ཀྱིས་གྲུབ་པའི་ཕྱིར་རོ། །གདམས་ངག་ལ་ཤེས་པ་ཡོད་མེད་ཅུང་ཟད་དཔྱད་རྒྱུ་ཡོད་དེ། གཞུང་ཤེར་ཕྱིན་ལ་དོན་དམ་པའི་གཞུང་ཤེར་ཕྱིན་ཡོད་པ་ལྟ་བུར་གསུངས་པ་དང༌། ཉ་ཊཱིཀ་ལས་གདམས་ངག་ལ་བློ་ཡོད་པའི་གསུངས་ཟིན་ཡོད་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་གདམས་ངག་ལ་ངག་ཞིག་དགོས་པར་ཐལ། སྔར་བཀོད་པའི་མདོ་ལུགས་མའི་ཐེག་ཆེན་གདམས་ངག་གི་མཚན་ཉིད་ཀྱི་ཟུར་ལ་ངག་ཅེས་སྦྱར་བ་དང་མདོ་སྡེ་རྒྱན་གྱི་རྣམ་བཤད་ཀྱི་སྐབས་སུ་གདམས་པ་དང་རྗེས་བསྟན་གྱི་དོན་བཞག་པའི་ཟུར་ལ་ངག་ཅེས་སྦྱར་བ་དང༌། དོན་བསྡུས་སྒྲོན་མེ་ལས། གདམས་ངག་རྣམ་པ་བཅུ་ཡིན་ཏེ། །ངོ་བོ་ངག་གི་འཁོར་ལོ་ཡིན། །ཞེས་གསུངས་པའི་ཕྱིར་ཟེར་ན། འདོད་མི་རིགས་པར་ཐལ། གདམས་ངག་ལ་སྐྱེས་བུའི་ལྕེ་རྐན་ལས་བྱུང་བས་མ་ཁྱབ་པའི་ཕྱིར། ཁྱབ་སྟེ། མཛོད་ལས། ངག་རྣམ་རིག་བྱེད་ནི་ངག་སྒྲ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། གཞན་ཡང་གདམས་ངག་ལ་ངག་གིས་ཁྱབ་ན། མི་རྟག་པ་ཞེས་བརྗོད་པའི་གདམས་ངག་ཆོས་ཅན། ཚིག་ཚོགས་པ་ཡིན་པར་ཐལ། ངག་ཡིན་པའི་ཕྱིར། ཁྱབ་སྟེ། ཉ་ཊཱིཀ་ལས། ཡི་གེ་དུ་མ་འདུས་པས་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་མིང༌། དེ་དུ་མ་འདུས་པས་དོན་གྱི་ཁྱད་པར་ཙམ་སྟོན་པའི་ཚིག དེ་འདུས་པས་འཇུག་ལྡོག་བྱ་བའི་དོན་གཅིག་སྟོན་པས་ངག ཅེས་པ་ནས། བཅོམ་རལ་ལྟར་ལེགས་པར་གནས་སོ། །ཞེས་དང༌། གཏན་ཚིགས་རིགས་པའི་བསྡུས་དོན་ལས། ངག་གི་ཚོགས། ཞེས་པ་ནས། ཁྱད་པར་དུ་མའང་གཞི་དུ་མ་དང་སྦྱར་ཏེ་རྗོད་བྱེད་དུ་གྲུབ་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །གདམས་ངག་ཡིན་ན་རང་གདམས་པ་པོས་གདམས་དོན་དེ་རྟོགས་པས་ཁྱབ་པར་ཐལ། ཉ་ཊཱིཀ་ལས། ཐེག་ཆེན་སེམས་བསྐྱེད་ཀྱིས་དོན་དུ་གཉེར་བའི་དོན་རྟོགས་ཤིང༌། ཞེས་སོགས་དང༌། ཇི་སྐད་དུ། རང་གི་ངེས་ནས་གཞན་དག་ལ། །ངེས་པར་བསྐྱེད་པར་འདོད་པ་ཡིན། །ཞེས་དང༌། གཞན་དོན་རྗེས་དཔག་གི་སྐབས་སུ་ཚད་མ་མདོ་ལས། རང་གི་མཐོང་དོན་རབ་གསལ་བྱེད། །ཞེས་གསུངས་པའི་ཕྱིར་རོ། །འདོད་ན། བསྟན་བཅོས་མངོན་རྟོགས་རྒྱན་གྱི་དོན་མ་རྟོགས་པའི་གང་ཟག་གི་ངག་ཏུ་གྱུར་པའི་བསྟན་བཅོས་མངོན་རྟོགས་རྒྱན་ཆོས་ཅན། གདམས་ངག་མ་ཡིན་པར་ཐལ། རང་གདམས་པ་པོའི་གདམས་དོན་མ་རྟོགས་པའི་ཕྱིར་ཏེ། ཆོས་ཅན་དེའི་ཕྱིར་ཟེར་ན་བརྟག་པར་བྱའོ། །གདམས་ངག་ཉན་པའི་རྟེན་ལ་ཚོགས་ལམ་ཆེན་པོ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་དགོས་པར་ཐལ། ཉ་ཊཱིཀ་ལས། རྒྱན་ལྟར་ན་སྟོན་པ་པོ་སངས་རྒྱས། ཉན་པ་པོ་ཆོས་མཆོག་པ་ལ་བཤད་སྦྱར་དུ་བཤད་ཅིང་འགྲེལ་ཆེན་ལས་ཚོགས་ལམ་པ་ལ་བཤད་དེ་ཚོགས་ལམ་ཆེན་པོ་ནས་སོ། །རྒྱུ་ཆོས་རྒྱུན་ཏིང་ངེ་འཛིན་ཏེ་དེའི་མཚན་ཉིད་བརྟགས་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་གང་ཞིག དམ་པའི་ཆོས་འཛིན་པའི་དྲན་པ་དང་མཚུངས་པར་ལྡན་པའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ལྟར་གསུངས་པ་ནི་གདམས་ངག་རྒྱ་ཆེན་ཉན་པའི་རྟེན་ལ་དགོངས་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང༌། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར། །ཞེས་དང༌། དེའི་ཐད་ཀྱི་ས་འགྲེལ་ལས། ཚོགས་ལམ་ཆེན་པོ་ཐོབ་པ་དེའི་ཚེ། ཆོས་ཀྱི་རྒྱུན་གྱི་ཏིང་འཛིན་སྐྱེས་པ་ལ་ཞེས་སོགས་གསུངས་པའི་ཕྱིར་ཟེར་ན། དེ་མི་འཐད་པར་ཐལ། ཆོས་རྒྱུན་གྱི་ཏིང་ངེ་འཛིན་ས་གསུམ་པ་ནས་གསར་དུ་ཐོབ་དགོས་པའི་ཕྱིར་ཏེ། འཕགས་པ་ཐོགས་མེད་ཀྱིས་བྱམས་པ་ལོ་བཅུ་གཉིས་སུ་བསྒྲུབས་ནས་གསར་དུ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པའི་ཕྱིར། དེར་ཐལ། རྒྱ་གར་ཆོས་འབྱུང་ལས། དུས་དེ་ཉིད་དུ་སློབ་དཔོན་གྱིས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ། ཅེས་གསུངས་པའི་ཕྱིར་ཞེ་ན་དཔྱད། ཡང་གདམས་ངག་ཉན་པ་ལ་སེམས་བསྐྱེད་རྒྱུད་ལ་སྐྱེ་དགོས་པར་ཐལ། མདོ་ལུགས་མ་ལས། གདུལ་བྱའི་གང་ཟག་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །ཞེས་དང༌། ཉ་ཊཱིཀ་ལས། སེམས་བསྐྱེད་ནས་གདམས་ངག་ཉན་དགོས་ཤིང༌། ཞེས་གསུངས་པའི་ཕྱིར་ཟེར་ན། འོ་ན་ལམ་མ་ཞུགས་ན་ཐེག་ཆེན་གདམས་ངག་ཉན་པ་མེད་པར་ཐལ་ལོ། །ཞེས་ཟེར་ན་བརྟག་དགོས་སོ། །ངག་ཏུ་མ་ཐོན་པའི་ཐུགས་ཡུལ་ལ་ཡོད་པའི་བསྟན་བཅོས་ཆོས་ཅན། གདམས་ངག་ཡིན་པར་ཐལ། བསྟན་བཅོས་རྣམ་དག་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་འདྲ་ཡོད་པའི་ཕྱིར་ཏེ། སྤྱོད་འཇུག་ལས། རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །ཞེས་དང༌། དེའི་ཐད་ཀྱི་སྤྱོད་འཇུག་ས་འགྲེལ་ལས། ངས་གཞུང་འདི་བརྩམས་ཞེས་ཐུགས་ཡུལ་ལ་བརྩམས་ཟིན་པའོ། །ཞེས་པས་སོ། །གོང་དུ་འདོད་ན་དེ་གདམས་ཡུལ་དང་དེ་ཐོས་བསམ་བྱས་པའི་གང་ཟག་ཡོད་མེད་དཔྱད་དོ། །རང་རྒྱལ་གྱི་ལུས་ཀྱི་རྣམ་འགྱུར་གྱིས་གདམས་ངག་བསྟན་མ་བསྟན་བརྟག་པར་བྱའོ། །

གཉིས་པ་བྱེ་བྲག་འདིར་བསྟན་གདམས་ངག་བཅུ་བཤད་པ།

གཉིས་པ་བྱེ་བྲག་འདིར་བསྟན་གདམས་ངག་བཅུ་བཤད་པ་ལ།

དེ་བཅུའི་གྲངས་ཙམ་བཀོད་པ་དང༌། དེ་བཅུ་རེ་རེ་ནས་བཤད་པ་དང༌། ཞར་བྱུང་དགེ་འདུན་ཉི་ཤུ་བཤད་པ་དང་གསུམ། དང་པོ་ནི། རྩ་བར། སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་ངལ་དང༌། །ལམ་ནི་ཡོངས་སུ་འཛིན་པ་དང༌། །སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང༌། །སྒོམ་ཞེས་བྱ་ལ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །ཞེས་དང༌། ཉ་ཊཱིཀ་ལས། སྐབས་འདིར་གདམས་ངག་ནི་ཡུལ་གྱི་དབང་གིས་བཅུ་ཡི་བདག་ཉིད་དུ་ཤེས་པར་བྱའོ། །བཅུ་གང་ཞེ་ན། སྒྲུབ་པ་ནི། ཤེར་ཕྱིན་ལ་སྤྱོད་པའོ། །ཞེས་པ་ནས། དམིགས་པ་བདེན་པ་བཞི་རྣམས་དང་ནི། རྟེན་སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། མི་ཉམས་པའི་རྒྱུ་མ་ཞེན་པ། ལམ་གྱི་མི་སྐྱོ་བའི་རྒྱུ་ཡོངས་སུ་མི་ངལ་བ་དང༌། ཐེག་དམན་དུ་མི་ལྟུང་བའི་རྒྱུ་ཐེག་ཆེན་གྱི་ལམ་ནི་ཡོངས་སུ་འཛིན་པ་དང༌། གཞན་དྲིང་མི་འཇོག་པའི་རྒྱུ་སྤྱན་ལྔ་དང༌། དོན་གཉིས་རྫོགས་པའི་རྒྱུ་མངོན་ཤེས་ཀྱི་ཡོན་ཏན་དྲུག་དང༌། སྒྲིབ་གཉིས་དག་པའི་རྒྱུ་མཐོང་ཞེས་བྱ་དང་སྒོམ་པ་ཞེས་བྱ་བའི་ལམ་སྟེ་བཅུ་དང་དེ་ལ་གདམས་པའང་བཅུའོ། །ཞེས་སོ། །

གཉིས་པ་དེ་བཅུ་རེ་རེ་ནས་བཤད་པ།

གཉིས་པ་དེ་བཅུ་རེ་རེ་ནས་བཤད་པ་ལ།

སྒྲུབ་པའི་ངོ་བོ་ལ། དམིགས་ཡུལ་ལ། རྟེན་དཀོན་མཆོག་གསུམ་ལ། སྒྲུབ་པ་ཕུན་ཚོགས་ཀྱི་རྒྱུ་ལ་གདམས་པའོ། །དང་པོ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ནི། མཉམ་བཞག་ཏུ་སྤྲོས་བྲལ་རྣམ་པར་མི་རྟོག་ལ་གདམས་པ་ཡིན་ཏེ། མདོ་ལུགས་མ་ལས། འདིར་བསྒྲུབ་པའི་ངོ་བོ་ནི་ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་རྣམ་པར་མི་རྟོག་པ་ཡིན་ནོ། །དེ་ཉིད་གནས་སྐབས་དང་མཐར་ཐུག་གི་དོན་སྒྲུབ་པའི་ཐབས་མཆོག་བླ་ན་མེད་པའི་ཉམས་ལེན་ཡིན་པའི་ཕྱིར་ཕར་ཕྱིན་པ་རྣམས་ཀྱིས་བཙལ་ཞིང་ཉམས་སུ་བླང་བར་བྱའོ། །ཞེས་གསུངས་སོ། །དེ་ཡང་མདོ་ལུགས་མ་ལས། རྣལ་འབྱོར་ཟབ་མོ་འདི་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ནི།བླ་མ་བཟང་པོའི་དྲུང་དུ་མན་ངག་ལས་ཁོང་དུ་ཆུད་པར་བྱའོ། །ཞེས་པ་ལྟར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ནི། རྣམ་རྟོག་བཅུའི་གཉེན་པོ་ཡིན་ཏེ། མདོ་ལུགས་མ་ལས། རྣལ་འབྱོར་འདི་རྣམ་པར་མི་རྟོག་པ་ནི་རྣམ་རྟོག་བཅུའི་གཉེན་པོ་ཡིན་ཞིང༌། ཞེས་དང༌། རྒྱུད་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོ་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་སོ། །རྣམ་རྟོག་བཅུ་དང་དེ་དག་གི་གཉེན་པོ་ནི་མདོ་སྡེ་རྒྱན་ལས། རྒྱལ་བའི་སྲས་རྣམས་ཀྱིས་ནི་མེད་དང་ཡོད་པ་དང༌། །སྒྲོ་འདོགས་སྐུར་པའི་རྟོག་དང་གཅིག་དང་དུ་མ་ཉིད། །རང་དང་ཁྱད་པར་རྟོག་དང་མིང་དོན་ཇི་བཞིན་དུ། །མངོན་པར་ཞེན་པའི་རྟོག་པ་ཡང་དག་སྤང་བར་བྱ། ། ཞེས་པའི་ཚིགས་བཅད་འདི་སྐབས་འདིའི་མདོ་དོན་སྡུད་བྱེད་ཡིན་པར་སློབ་དཔོན་དབྱིག་གཉེན་གྱིས་གསུངས་ཤིང༌། ཞེས་གསུངས་ལ། དེའི་དོན་ནི། མདོ་སྡེ་རྒྱན་ས་འགྲེལ་ལས། རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། མི་རྟོག་ཡེ་ཤེས་ཀྱི་མི་མཐུན་པའི་ཕྱོགས་རྣམ་པར་རྟོག་པ་བཅུ་ཡོངས་སུ་སྤང་བར་བྱ་སྟེ། སྤང་བྱ་གང་གཉེན་པོ་གང་གིས་སྤོང་ཞེ་ན། གཞན་དབང་ཀུན་རྫོབ་ཙམ་དུ་ཡང་མེད་པར་འཛིན་པའི་རྣམ་པར་རྟོག་པའི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱང་ཆུབ་སེམས་དཔའ་ཡོད་བཞིན་དུ་ཞེས་པ་ལ་སོགས་པ་དང༌། ཀུན་བཏགས་གང་ཟག་དང་ཆོས་ཀྱི་བདག་དོན་དམ་དུ་ཡོད་པར་འཛིན་པའི་རྣམ་པར་རྟོག་པའི་གཉེན་པོར་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་པ་དང༌། གཟུགས་སོགས་ཆོས་ཅན་ཡང་དག་ཏུ་ཡོད་པར་སྒྲོ་འདོགས་པའི་རྣམ་པར་རྟོག་པའི་གཉེན་པོར་གཟུགས་ནི་གཟུགས་ཀྱིས་སྟོང་ཞེས་པ་སྟེ། གཟུགས་སོགས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཀྱང་མེད་ཅེས་{ར་པ་འདེབས་པའི་རྣམ་པར་རྟོག་པའི་གཉེན་པོར་སྟོང་པ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་པ་དང༌། གཟུགས་སོགས་འདུས་བྱས་དང་དེ་དག་གི་ཆོས་ཉིད་འདུས་མ་བྱས་གཅིག་པ་ཉིད་དུ་འཛིན་པའི་རྣམ་པར་རྟོག་པའི་གཉེན་པོར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་པ་དང༌། གཟུགས་སོགས་ཆོས་ཅན་དང་དེ་ལ་ཡོད་པའི་ཆོས་ཉིད་ཡུལ་ཐ་དད་པ་དུ་མ་ཉིད་དུ་འཛིན་པའི་གཉེན་པོར་སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ཏེ། གཟུགས་ཉིད་སྟོང་པ་ཉིད་སྟོང་པ་ཉིད་གཟུགས་སོ། །ཞེས་པ་དང༌།། གཟུགས་སོགས་རང་གི་ངོ་བོ་ཉིད་རྫས་སུ་གྲུབ་པར་འཛིན་པའི་རྣམ་པར་རྟོག་པའི་གཉེན་པོར་གཟུགས་གང་ཡིན་པ་འདི་ནི་མིང་ཙམ་མོ་ཞེས་པ་དང༌། གཟུགས་སོགས་ཀྱི་སྐྱེ་འགག་ལ་སོགས་པའི་ཁྱད་པར་བདེན་པར་འཛིན་པའི་རྣམ་པར་རྟོག་པའི་གཉེན་པོར་གཟུགས་ནི་སྐྱེ་བ་ཡང་མེད་འགག་པ་ཡང་མེད་ཀུན་ནས་ཉོན་མོངས་པ་ཡང་མེད་རྣམ་པར་བྱང་བ་ཡང་མེད་དོ་ཞེས་པ་དང༌། མིང་དོན་ཞེས་པ་རིམ་པ་ལྟར་མིང་གིས་གང་བསྟན་པ་ཇི་ལྟ་བ་བཞིན་དུ་དོན་ལ་གནས་པར་འཛིན་པའི་རྣམ་པར་རྟོག་པའི་གཉེན་པོར་མིང་ནི་བཅོས་མ་སྟེ་ཞེས་པ་དང༌།དོན་ལ་གནས་པ་ཇི་ལྟ་བ་བཞིན་དུ་མིང་གིས་ཀྱང་ངེས་པར་སྟོན་ཏོ་སྙམ་དུ་རྣམ་པར་རྟོག་པའི་གཉེན་པོར་བྱང་ཆུབ་སེམས་དཔས་མིང་དེ་དག་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྗེས་སུ་མི་མཐོང་ན་མངོན་པར་མི་ཞེན་ཏོ་ཞེས་པ་ལ་སོགས་པ་གསུངས་པ་ལྟར་སྤང་བྱ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་དེ་རྣམས་གཉེན་པོ་ལུང་རྣམ་དག་ལ་ཡིད་ཆེས་པའི་སྒོ་ནས་ཡང་དག་པར་སྤང་བར་བྱའོ། །ཞེས་གསུངས་སོ། །ཡང་རྗེས་ཐོབ་ཀྱི་སྐབས་སུ་སྒྲུབ་པའི་ངོ་བོ་ཀུན་རྫོབ་ཀྱི་ཆོས་ཀུན་སྣང་ཙམ་ལས་བདེན་པར་མི་དམིགས་པའི་སྒོ་ནས་ཉམས་སུ་ལེན་པར་གདམས་པའོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ནི།

ཐེག་མཆོག་དབུ་མའི་ཟིན་བྲིས་༡༧༠ལས། གཉིས་པ་ཡོད་པར་རྟོག་པ་ནི། གཞན་དབང་ཀུན་རྫོབ་བདེན་པར་ཡོད་པར་རྟོགས་པ་དང༌།ཞེས་དང༌། གསུམ་པ་སྒྲོ་འདོགས་པའི་རྟོག་པ་ནི། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གནས་ལུགས་སུ་ཡོད་པར་འཛིན་པའི་རྟོག་པ་དང༌། བཞི་བ་སྐུར་འདེབས་ཀྱི་རྟོག་པ་ནི། ཡོངས་གྲུབ་སྟོང་ཉིད་དོན་དམ་དུ་མེད་པར་འཛིན་པ་དང༌། ལྔ་བ་གཅིག་ཏུ་འཛིན་པའི་རྟོག་པ་ནི། གཟུགས་སོགས་ཀུན་རྫོབ་ཀྱི་ཆོས་རྣམས་དང་དོན་དམ་སྟོང་ཉིད་གཅིག་པར་འཛིན་པའི་རྣམ་རྟོག་སྟེ། ཞེས་སོགས་དང་གསུངས་ཟིན་ཅུང་མི་འདྲ་བ་ནི། ས་བཟང་ཀུན་བཏུས་འགྲེལ་བ་ལས།༢དངོས་པོར་རྣམ་པར་རྟོག་པ་ནི་གང་ཟག་དང་ཆོས་ཀྱི་དངོས་པོ་དོན་དམ་དུ་ཡོད་པར་འཛིན་པ་སྟེ། ཞེས་དང༌། ༣ སྒྲོ་འདོགས་པའི་རྣམ་པར་རྟོག་པ་ནི་ཀུན་བརྟགས་ཡོད་པར་འཛིན་པ་སྟེ། ཞེས་དང༌། ༤སྐུར་བ་འདེབས་པའི་རྣམ་པར་རྟོག་པ་ནི་མིང་དེ་ཀུན་བརྟགས་དང་བྲལ་བ་ཙམ་དུའང་མེད་པར་འཛིན་པ་སྟེ། ཞེས་དང༌། ༥གཅིག་པ་ཉིད་དུ་རྣམ་པར་རྟོག་པ་ནི་གཟུགས་སོགས་ཀུན་བརྟགས་དང་སྟོང་ཉིད་ཡོངས་གྲུབ་གཅིག་ཏུ་འཛིན་སྟེ། ཞེས་པའོ། །ཡང་ཡུམ་གསུམ་གནོད་འཇོམས་ལས། དེ་ལྟར་སྔར་གང་ཟག་སྟོང་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཡོད་པར་བསྟན་ནས། ད་ནི་ཆོས་བདག་མེད་པས་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་བ་དང༌། ཞེས་སོགས་དང༌། ཉ་ཊཱིཀ་ལས། མི་སྤྱོད་པ་ཡང་མ་ཡིན་ཡན་གྱིས་གང་ཟག་གི་བདག་མེད་དང༌། གཟུགས་ནས་རྣམ་ཤེས་མི་མཐོང་གི་བར་གྱིས་ཆོས་བདག་མེད་བསྟན་ཞེས་གནོད་འཇོམས་གཉིས་སོ། །མདོར་ན་ཆོས་དང་གང་ཟག་གི་བདག་མི་དམིགས་པའི་ཚུལ་གྱིས་སོ། །ཞེས་གསུངས་པ་དང༌། གོང་གི་རྣམ་རྟོག་བཅུ་ངོས་འཛིན་དག་ལས་རྣམ་གཡེང་གི་རྟོག་པ་བཅུ་ལ་གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་དུ་ཡོད་དང༌། དེ་དག་ལ་བློ་དོན་མཐུན་དང་དོན་མི་མཐུན་གཉིས་རེ་ཡོད་མེད་དཔྱད་པར་བྱའོ། །

གཉིས་པ་སྒྲུབ་པའི་དམིགས་པ་བདེན་པ་བཞི་ལ་གདམས་པ་བཤད་པ།

གཉིས་པ་སྒྲུབ་པའི་དམིགས་པ་བདེན་པ་བཞི་ལ་གདམས་པ་བཤད་པ་ལ།

སྤྱི་དོན་དང༌། མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་བདེན་པ་བཞིའི་མཚན་ཉིད། དབྱེ་བ། གྲངས་ངེས། གོ་རིམ། ངེས་ཚིག དེ་དག་གི་རྣམ་པ་བཅུ་དྲུག་བཤད་པ་དང་ལྔ་ལས། དང་པོ་བདེན་བཞིའི་མཚན་ཉིད་དབྱེ་བ་བཤད་པ་ལ་བཞི་ལས། དང་པོ་སྡུག་བདེན་གྱི་མཚན་ཉིད་དང༌། དབྱེ་བ་གཉིས། དང་པོ་སྡུག་བདེན་གྱི་མཚན་ཉིད། རང་རྒྱུ་ལས་ཉོན་ལས་བྱུང་བའི་འབྲས་བསྡུས་ཀྱི་རིགས་སུ་གནས་པའི་ཟག་བཅས་དེ་ཡིན་ཏེ། ཉ་ཊཱིཀ་ལས། སྡུག་བསྔལ་བདེན་པའི་མཚན་ཉིད་ནི། ཉོན་མོངས་པའི་ཟག་བཅས་འབྲས་བསྡུས་སོ། །ཞེས་གསུངས་སོ། །

གཉིས་པ་དབྱེ་བ་ནི། ལས་ཉོན་གྱི་རང་དབང་མེད་པར་འཁོར་བ་སྐྱེ་བ་ལེན་པའི་སྐྱེས་བུ་དང་དེའི་རྒྱུད་ཀྱི་ཉེར་ཕུང་ལྔ་དང༌། འཁོར་བའི་སྣོད་ཀྱི་འཇིག་རྟེན་དང་གཉིས་ཡོད་དེ། མངོན་པ་ཀུན་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་ཀུན་འབྱུང་བདེན་པ་ལ་མཚན་ཉིད་དང་དབྱེ་བ་གཉིས། དང་པོ་ཀུན་འབྱུང་བདེན་པའི་མཚན་ཉིད་ནི། རང་འབྲས་ཟག་བཅས་ཀྱི་རྒྱུར་གྱུར་པའི་ལས་ཉོན་གྱིས་བསྡུས་པ་དེ་ཡིན་ཏེ། ཉ་ཊཱིཀ་ལས། ཀུན་བདེན་གྱི་མཚན་ཉིད། ཉོན་མོངས་པའི་ཟག་བཅས་རྒྱུས་བསྡུས་སོ། །ཞེས་གསུངས་སོ། ། གཉིས་པ་དབྱེ་བ་ནི། ཟག་བཅས་ཀྱི་ལས་ཉོན་གཉིས་ཡོད་དེ། ཀུན་བཏུས་སུ། ཀུན་འབྱུང་བའི་བདེན་པ་གང་ཞེ་ན། ཉོན་མོངས་པ་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ལས་སོ། །ཞེས་གསུངས་སོ། །

གསུམ་པ་འགོག་བདེན་ལ་མཚན་ཉིད་དབྱེ་བ་གཉིས།

གསུམ་པ་འགོག་བདེན་ལ་མཚན་ཉིད་དབྱེ་བ་གཉིས།

དང་པོ་འགོག་བདེན་གྱི་མཚན་ཉིད་ནི། ལམ་བདེན་སྒོམ་སྟོབས་ཀྱིས་ཐོབ་པའི་བྲལ་འབྲས་དེ་ཡིན་ཏེ། ཉ་ཊཱིཀ་ལས། འགོག་བདེན་གྱི་མཚན་ཉིད། འདུས་མ་བྱས་གང་ཞིག རང་རྒྱུ་ལམ་བདེན་གྱི་བྲལ་འབྲས་ཡིན་པའོ། །ཞེས་དང༌། དེ་ལས། ཐུན་མོང་མ་ཡིན་པའི་ལུགས་ཀྱི་འགོག་བདེན་མཚན་ཉིད་པ་རང་བཞིན་རྣམ་དག་གི་ཆོས་ཉིད་གཙོ་ཆེའོ། །ཞེས་གསུངས་སོ།

གཉིས་པ་དབྱེ་བ་ནི།

ཉ་ཊཱིཀ་ལས། དབྱེ་ན། འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་ཉམས་སྨད་པས་འགོག་པའི་འགོག་པ་བརྡའི་འགོག་པ་སྟེ་རྗེས་མཐུན་པ། འཕགས་པའི་ཤེས་རབ་ཀྱིས་ས་བོན་ཅི་རིགས་པར་བཅོམ་པས་བཀག་པའི་འགོག་པ་དོན་དམ་པའི་འགོག་པ་སྟེ་མཚན་ཉིད་པ་གཉིས་དང༌། སློབ་པའི་འབྲས་བུས་བསྡུས་པའི་འགོག་པ་མ་རྫོགས་པའི།མི་སློབ་པས་བསྡུས་པ་རྫོགས་པའི་འགོག་པ་གཉིས་དང༌། དགྲ་བཅོམ་ཤེས་རབ་ཀྱིས་རྣམ་གྲོལ་གྱི་དེ་རྫུ་འཕྲུལ་མངོན་ཤེས་སོགས་ཡོན་ཏན་གྱིས་མ་བརྒྱན་པས་རྒྱན་མེད་ཀྱི། གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་དེ་དེས་བརྒྱན་པས་རྒྱན་ཅན་གྱི་སྟེ་དེ་གཉིས་དང༌། ཕུང་བོའི་ལྷག་བཅས་ལྷག་མེད་ཀྱི་དེ་ལྷག་མ་ཡོད་མེད་གཉིས་དང༌། སངས་རྒྱས་བྱང་སེམས་ཀྱི་མི་གནས་པའི་མྱང་འདས་ཀྱིས་བསྡུས་པ་དེ་སེམས་ཅན་ཐམས་ཅད་ལ་ཕན་པ་དེའི་རྒྱུར་གནས་པས་ཁྱད་པར་དུ་འཕགས་པའི་འགོག་པ་སྟེ་ཚན་པ་ལྔའོ། །ཞེས་གསུངས་སོ། །བཞི་བ་ལམ་བདེན་བཤད་པ་ལ་མཚན་ཉིད་དང་དབྱེ་བ་གཉིས། དང་པོ་ཐབས་ཤེས་ཟུང་དུ་འབྲེལ་བའི་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པའི་འདུས་བྱས་ཀྱི་མངོན་རྟོགས་དེ། ལམ་བདེན་གྱི་མཚན་ཉིད་ཡིན་ཏེ། ཚོགས་ཆོས་བདེན་བཞིའི་རྣམ་བཤད་ལས།ཐབས་ཤེས་ཟུང་དུ་འབྲེལ་བའི་དགེ་བ་གང་ཞིག རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པའི་དགེ་བ། ཞེས་དང༌། ཉ་ཊཱིཀ་ལས། ལམ་བདེན་གྱི་མཚན་ཉིད། ཟག་མེད་འདུས་བྱས་གང་ཞིག འགོག་བདེན་གྱི་འབྲལ་རྒྱུ་ཡིན་པའོ། །ཞེས་གསུངས་སོ། །

གཉིས་པ་དེ་ལ་དབྱེ་ན། ཀུན་བཏུས་ལས། ལམ་རྣམ་པ་ལྔ་སྟེ། ཚོགས་ཀྱི་ལམ་དང༌། སྦྱོར་བའི་ལམ་དང༌། མཐོང་བའི་ལམ་དང༌། སྒོམ་པའི་ལམ་དང༌། མཐར་ཕྱིན་པའི་ལམ་མོ། །ཞེས་གསུངས་སོ། ། གཉིས་པ་གྲངས་ངེས་ནི། ཀུན་བཏུས་ས་འགྲེལ་ལས། གྲངས་ངེས་ནི། བདེན་པ་བཞིར་བྱས་པ་ལ་འཁོར་བ་དང་མྱང་འདས་གཉིས་སུ་ངེས་ཤིང༌། འཁོར་བ་ལའང་འབྲས་བུ་སྡུག་བསྔལ་དང་རྒྱུ་ཀུན་འབྱུང་གཉིས་སུ་ངེས་ལ། མྱང་འདས་ལའང་འབྲས་བུ་འགོག་པ་དང་རྒྱུ་ལམ་བདེན་གཉིས་སུ་ངེས་པས་བདེན་པ་བཞི་སྟེ། རྒྱན་དུ། གང་ཕྱིར་བདེན་པ་གཉིས་ལས་ནི། འཇིག་རྟེན་རྣམས་རྟག་འབྱུང་བར་འདོད། །གཉིས་ཀྱིས་ནུབ་པར་འགྱུར་དེའི་ཕྱིར། །དེ་ཤེས་འཇིག་རྟེན་ཤེས་ཞེས་བྱ། །ཞེས་པ་ལྟར་རོ། །ཤེས་བྱ་ཐམས་ཅད་བདེན་བཞིར་འདུ་བ་ནི་མ་ཡིན་ཏེ། ནམ་མཁའ་དང༌། སོ་སོར་བརྟགས་མིན་གྱི་འགོག་པ་དང༌། མ་དག་པའི་དེ་བཞིན་ཉིད་དང༌། ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་ལ་སོགས་པ་རྣམས་བཞི་པོ་གང་དུའང་མ་འདུས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་གོ་རིམ་ནི། ཀུན་བཏུས་ས་འགྲེལ་ལས། གོ་རིམ་ནི། ཡུལ་ཅན་མངོན་པར་རྟོགས་པའི་རིམ་པ་དང་མཐུན་པར་ཡུལ་བདེན་པ་བཞི་བསྟན་པ་སྟེ། བདེན་པ་ཇི་ལྟར་མངོན་རྟོགས་རིམ་ཞེས་པ་ལྟར་རོ། །དེ་ཡང་འཁོར་བ་སྡུག་བསྔལ་གྱི་ཕུང་པོ་ནི་ནད་དང་འདྲ་བར་ཤེས་པར་བྱ་བ་དང༌། དེའི་རྒྱུ་ལས་དང་ཉོན་མོངས་པའི་ཀུན་འབྱུང་ནི་ནད་ཀྱི་རྒྱུ་དང་འདྲ་བར་སྤང་བར་བྱ་བ་དང༌། སྡུག་བསྔལ་མཐའ་དག་ལས་གྲོལ་བའི་འགོག་པ་ནད་མེད་པའི་བདེ་བ་དང་འདྲ་བར་ཐོབ་པར་བྱ་བ་དང༌། དེའི་ཐབས་སུ་ལམ་ཟག་མེད་སྒོམ་པ་ནི་སྨན་བཟང་པོ་དང་འདྲ་བར་བསྟེན་པར་བྱ་བར་རྟོགས་པའི་ཕྱིར་ཏེ། རྒྱུད་བླ་མར། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་དང༌། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རེག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་པ་ལྟར་རོ། །

བཞི་བ་ངེས་ཚིག་ནི།

ཀུན་བཏུས་ས་འགྲེལ་ལས། ངེས་ཚིག་ལ། ཐུན་མོང་དུ་རང་རང་གི་ངོ་བོ་རྣམ་པ་བཞི་བཞིར་བདེན་ཞིང་མི་བསླུ་བར་གནས་པས། དེ་རྣམས་ཀྱི་རང་བཞིན་ཇི་ལྟ་བ་མཐོང་བ་ཕྱིན་ཅི་མ་ལོག་པའི་བློ་སྐྱེ་བས་ན་འཕགས་པའི་བདེན་པ་ཞེས་བྱ། མཛོད་འགྲེལ་དུ་དྲངས་པ། འཕགས་པས་བདེ་བར་གང་གསུངས་པ། །དེ་ནི་གཞན་གྱིས་སྡུག་བསྔལ་རིག །གཞན་གྱིས་བདེ་བར་གང་སྨྲས་པ། །དེ་ནི་འཕགས་པས་སྡུག་བསྔལ་རིག །ཅེས་པ་ལྟར་རོ། །ཁྱད་པར་དུ་མཛོད་འགྲེལ་དུ། གནོད་པའི་བདག་ཉིད་ཡིན་པས་སྡུག་བསྔལ་ལོ། །འདི་ལས་སྡུག་ཀུན་འབྱུང་བས་ན་ཀུན་འབྱུང་ངོ༌། །ཕུང་པོ་ཞིག་པས་འཇུག་པ་མེད་པས་ན་འགོག་པའོ། །བགྲོད་པའི་དོན་གྱིས་ན་ལམ་མོ། །ཞེས་པ་ལྟར་རོ། །ཞེས་གསུངས་སོ། །

ལྔ་བ་དེ་དག་གི་རྣམ་པ་བཅུ་དྲུག་བཤད་པ།

ལྔ་བ་དེ་དག་གི་རྣམ་པ་བཅུ་དྲུག་བཤད་པ་ལ།

སྡུག་བདེན་གྱི་རྣམ་པ་བཞི་ནི། སྡུག་བདེན་ཆོས་ཅན། མི་རྟག་པ་ཡིན་ཏེ། རེས་འགའ་སྐྱེ་བའི་ཕྱིར། སྡུག་བསྔལ་བ་ཡིན་ཏེ།ལས་ཉོན་གྱིས་གཞན་དབང་ཅན་ཡིན་པའི་ཕྱིར། སྟོང་པ་ཡིན་ཏེ། ཉེར་ཕུང་ལ་དབང་བསྒྱུར་བ་པོ་གང་ཟག་གི་བདག་གིས་སྟོང་པའི་ཕྱིར། བདག་མེད་ཡིན་ཏེ། གང་ཟག་གི་བདག་ཏུ་གྲུབ་པ་མེད་པའི་ཕྱིར། སྡུག་བདེན་གྱི་རྣམ་པ་བཞི་རྟོགས་པའི་ཡེ་ཤེས་བཞི་ནི་སྡུག་བདེན་གྱི་གནས་ཚུལ་གཙང་བདེ་རྟག་བདག་ཏུ་འཛིན་པའི་སྡུག་བདེན་ལ་ལོག་ཞུགས་ཀྱི་གཉེན་པོའོ། །

ཀུན་འབྱུང་གི་རྣམ་པ་བཞི།

ཀུན་འབྱུང་གི་རྣམ་པ་བཞི་ནི།

ལས་ཉོན་གཉིས་ཆོས་ཅན། སྡུག་བདེན་གྱི་རྒྱུའི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བདེན་གྱི་རྩ་བ་ཡིན་པའི་ཕྱིར། ཀུན་འབྱུང་ཡིན་ཏེ། གོང་ལྟར་སྡུག་བདེན་དུས་དང་རྣམ་པ་ཐམས་ཅད་དུ་བསྐྱེད་པའི་ཕྱིར། རབ་སྐྱེའི་རྣམ་པ་ཡིན་ཏེ། མནར་མེད་ཀྱི་སྡུག་བསྔལ་ལྟ་བུའི་སྡུག་བསྔལ་ཤུགས་དྲག་པོ་སྐྱེད་པའི་ཕྱིར། འདི་ཕྱིའི་ཉེར་ཕུང་སྲིད་པ་ལ་སྲེད་པའི་སྲེད་པ་ཆོས་ཅན། རྐྱེན་གྱི་རྣམ་པ་ཡིན་ཏེ། འཕེན་བྱེད་ཀྱི་ལས་གསོས་བཏབ་པའི་སྒོ་ནས་སྡུག་བདེན་གྱི་ལྷན་ཅིག་བྱེད་རྐྱེན་བྱེད་པའི་ཕྱིར། དེ་བཞི་རྟོགས་པའི་ཡེ་ཤེས་བཞི་ནི་ཀུན་འབྱུང་ལ་ལོག་པར་ཞུགས་པ། སྡུག་བསྔལ་རྒྱུ་མེད་དང༌། གཙོ་བོ་ལྟ་བུ་རྒྱུ་གཅིག་པུས་བསྐྱེད་པ་དང༌། དབང་ཕྱུག་ལྟ་བུས་བྱས་པར་འཛིན་པ་དང༌། གཙོ་བོ་ལྟ་བུ་ལས་གྲུབ་པ་ཡིན་པས་གནས་སྐབས་རྣམ་འགྱུར་མི་རྟག་ཀྱང་གྲུབ་བྱེད་རྒྱུའི་རང་བཞིན་རྟག་པར་འཛིན་པའི་གཉེན་པོའོ། ། སྡུག་བསྔལ་སྤངས་པའི་བྲལ་བ་ཆོས་ཅན།འགོག་པའི་རྣམ་པ་ཡིན་ཏེ། གཉེན་པོས་སྤང་བྱ་ཟད་པའི་བྲལ་བ་ཡིན་པའི་ཕྱིར། ཞི་བའི་རྣམ་པ་ཡིན་ཏེ། ཉོན་མོངས་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། གྱ་ནོམ་པའི་རྣམ་པ་ཡིན་ཏེ། ཕན་པ་དང་བདེ་བའི་བདག་ཉིད་ཅན་གྱི་ཐར་བ་ཡིན་པའི་ཕྱིར། ངེས་པར་འབྱུང་བའི་རྣམ་པ་ཡིན་ཏེ། སླར་ལྡོག་པ་མེད་པར་ངེས་པར་འཁོར་བ་ལས་གཞན་དུ་འབྱུང་ཟིན་པའི་ཐར་བ་ཡིན་པའི་ཕྱིར། རྣམ་པ་དེ་དག་རྟོག་པའི་ཡེ་ཤེས་བཞི་ནི་རིམ་བཞིན་འགོག་བདེན་ལ་ལོག་ཞུགས་ཐར་བ་ཡེ་མེད་དུ་འཛིན་པ་དང༌། ཟག་བཅས་ཀྱི་ཁྱད་པར་འགའ་ཞིག་ལ་ཐར་བར་འཛིན་པ་དང༌། སྡུག་བསྔལ་སྤངས་པ་ལས་ལྷག་པའི་ཐར་བ་ཡོད་པར་འཛིན་པ་དང༌། ཐར་བ་དེ་ཐོབ་ཀྱང་སླར་ལྡོག་པར་འཛིན་པའི་གཉེན་པོ་ཡིན་ནོ། །བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཆོས་ཅན། ལམ་གྱི་རྣམ་པ་ཡིན་ཏེ། ཐར་བར་བགྲོད་པའི་མ་ནོར་པའི་ལམ་ཡིན་པའི་ཕྱིར། རིགས་པའི་རྣམ་པ་ཡིན་ཏེ། ཉོན་མོངས་པའི་གཉེན་པོ་དངོས་སུ་བྱེད་འོས་པའི་ལམ་ཡིན་པའི་ཕྱིར། སྒྲུབ་པའི་རྣམ་པ་ཡིན་ཏེ། ཡུལ་བདག་མེད་དེ་ཡུལ་གྱི་གནས་ལུགས་ཕྱིན་ཅི་མ་ལོག་པ་ཡིན་ལ་དེ་རྟོགས་པའི་སྒོ་ནས་སྒྲུབ་པ་ཡིན་པའི་ཕྱིར། ངེས་པར་འབྱིན་པ་ཡིན་ཏེ། མྱང་འདས་རྟག་པའི་གནས་སུ་སླར་མི་ལྡོག་པར་ངེས་པར་འབྱིན་བྱེད་ཀྱི་ལམ་ཡིན་པའི་ཕྱིར། ཡེ་ཤེས་དེ་བཞི་རྟོགས་ནས་རང་གི་ངོ་བོར་སྐྱེས་པའི་ཡེ་ཤེས་བཞི་ནི་རིམ་བཞིན་ལམ་བདེན་གྱི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་ལམ་གཏན་མེད་དུ་འཛིན་པ་དང༌། ཐར་ལམ་ཡང་དག་ཐར་ལམ་ཡང་དག་མིན་པར་འཛིན་པ་དང༌། བདག་མེད་རྟོགས་པའི་ཡེ་ཤེས་ལོག་རྟོག་ཏུ་འཛིན་པ་དང༌། སྡུག་བསྔལ་དྲུངས་ནས་འབྱིན་མི་ནུས་པར་འཛིན་པ་བཞིའི་གཉེན་པོ་སྟེ། ལོག་རྟོག་བཅུ་དྲུག་པོ་ཡེ་ཤེས་བཅུ་དྲུག་གི་སྤང་བྱར་སོ་སོར་བཞག་པ་ནི་ཡུལ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་གྱི་སྤང་གཉེན་ཡིན་མིན་ཅི་རིགས་ཡོད་དེ། དཔྱད་པས་ཤེས་པ་ལྟར་རོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཉོན་མོངས་པ་ལས་བྱུང་བའི་ཤེས་སྒྲིབ་བམ་བདེན་འཛིན་ཆོས་ཅན། སྡུག་བདེན་ཡིན་པར་ཐལ། ཟག་བཅས་འབྲས་བསྡུས་ཡིན་པའི་ཕྱིར། ཁྱབ་སྟེ། ཉ་ཊཱིཀ་ལས། སྡུག་བསྔལ་བདེན་པའི་མཚན་ཉིད་ནི། ཉོན་མོངས་པའི་ཟག་བཅས་འབྲས་བསྡུས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་ལས་ཉོན་གྱི་དབང་གིས་འཁོར་བ་སྐྱེས་པའི་སོ་སྐྱེ་ཆོས་ཅན། འཁོར་བ་འཁོར་མཁན་དང་འཁོར་ས་གཉིས་ཀ་ཡིན་པར་ཐལ། འཁོར་བ་འཁོར་མཁན་གང་ཞིག སྡུག་བདེན་ཡིན་པའི་ཕྱིར། འདོད་ན། བྱ་བྱེད་གཅིག་ཏུ་ཐལ། འདོད་པའི་ཕྱིར་ཟེར་ན་དཔྱད། ཡང་མི་རྟག་པ་ཡིན་ན་སྡུག་བསྔལ་ལམ་སྡུག་བདེན་ཡིན་པས་ཁྱབ་བར་ཐལ། ཀུན་བཏུས་ས་འགྲེལ་ལས། གང་འདུས་བྱས་ཡིན་པ་དེ་མི་རྟག་པའི་མཚན་ཉིད་ཅན་དང༌། གང་མི་རྟག་པ་དེ་སྡུག་བསྔལ་བའི་མཚན་ཉིད་ཅན་དང༌། ཞེས་དང༌། ཐེག་མཆོག་དབུ་མ་ལས། མི་རྟག་ཕྱིར་ན་གནས་པའི་གོ་སྐབས་མེད། །གནས་པའི་རང་དབང་མེད་ཕྱིར་སྡུག་བསྔལ་ཉིད། །ལམ་ཡང་སྡུག་ཀུན་རིགས་ཀྱི་ཁོངས་སུ་འདུས། །ཞེས་དང༌། སྡུག་བསྔལ་ཐམས་ཅད་མི་རྟག་རྒྱུ་མཚན་ཅན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཀུན་བཏུས་ས་འགྲེལ་ལས། དེ་ལྟར་སྐྱེ་སོགས་དང་འབྲེལ་བའི་མི་རྟག་པ་སྡུག་བསྔལ་ཡིན་གྱི། མི་རྟག་པ་གང་ཡིན་པ་ནི་སྡུག་བསྔལ་མ་ཡིན་ཏེ། ལམ་ཡང་སྡུག་བསྔལ་དུ་ཐལ་བའི་ཕྱིར་རོ། །འདོད་པར་མི་ནུས་ཏེ། བསྡུ་བར། མི་རྟག་པ་ཡིན་ལ་སྡུག་བསྔལ་མ་ཡིན་པ་ཡོད་དེ། ལམ་གྱི་བདེན་པའོ་ཞེས་གསུངས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཀུན་འབྱུང་ལ་ལས་ཉོན་གང་རུང་མ་ཡིན་པའི་མི་དགེ་བ་ཡོད་དམ་ཅི། ཡོད་ན་དེ་ཀུན་འབྱུང་མ་ཡིན་པར་ཐལ། རྫས་སྤྱི་གཉིས་འགོད་ཆོད་ལས་ཉོན་གང་རུང་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མི་དགེ་བ་མི་དགེ་བའི་ལས་ཡིན་པའི་ཕྱིར་ཏེ། ཀུན་བཏུས་ས་འགྲེལ་ལས། སྤང་བྱ་མི་དགེ་བ་ནི་མི་དགེ་བའི་ལས་ཀྱང་ཡིན་ལ། ཞེས་གསུངས་སོ་ཞེ་ན་དཔྱད། ཡང་གཉེན་པོས་བཅོམ་ཁ་མའི་ལས་ཉོན་གཉིས་རང་འབྲས་སྡུག་བདེན་སྐྱེད་བྱེད་མིན་ན་ཀུན་འབྱུང་བདེན་པ་མ་ཡིན་པར་འགྱུར་བ་དང་དེ་དང་དེ་སྐྱེད་བྱེད་ཡིན་ན་དེའི་འབྲས་བུ་གྱུར་བའི་དེ་ཡོད་དགོས་པར་འགྱུར་ལ། དེ་ཡང་འདོད་ན་མྱུ་གུའི་རྒྱུ་ཡིན་ན་རང་འབྲས་མྱུ་གུ་བསྐྱེད་པས་ཁྱབ་བར་ཐལ་ལོ། །གོང་དུ་དེ་དེ་སྐྱེད་བྱེད་ཡིན་ན་དེའི་རང་འབྲས་སྡུག་བདེན་རི་བོང་རྭ་དང་མེད་མཚུངས་ཡིན་མིན་དང༌། དེ་འདྲའི་ལས་ཉོན་ཀུན་འབྱུང་བདེན་པའི་མཚན་ཉིད་ཀྱི་ཟུར་གྱི་རྒྱུ་བསྡུས་ཡིན་ཚུལ་དཔྱད། ཡང་སྔོན་མེད་ལེགས་བཤད་ལས། ཀུན་འབྱུང་ནི་སྡུག་བསྔལ་གྱི་རྒྱུ་སྟེ། སྤྱི་ལྡོག་ནས་སྡུག་བསྔལ་གང་ཡིན་ཀུན་འབྱུང་དུའང་འཇོག་མོད་ཀྱི། འདིར་ལས་དང་ཉོན་མོངས་པ་གང་ཡིན་པ་དེ་ཐམས་ཅད་ཀུན་འབྱུང་ངོ༌། །ཞེས་སྡུག་བསྔལ་གང་ཡིན་ཀུན་འབྱུང་དུ་འཇོག་པ་ལྟ་བུར་གསུངས་ལ། འོན་ཀྱང་ཉ་ཊཱིཀ་ལས། སྤྱིར་སྡུག་ཀུན་ངོ་བོ་གཅིག ཀུན་འབྱུང་ལ་སྡུག་བསྔལ་ཡིན་པས་ཁྱབ། སྡུག་བསྔལ་ལ་ཀུན་འབྱུང་ཡིན་པས་མ་ཁྱབ་སྟེ། ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། སྡུག་བསྔལ་ཡིན་ལ་ཀུན་འབྱུང་མ་ཡིན་པ་ཡང་ཡོད་པས་མི་གཅིག་པའང་ཡོད་དེ། བྱིས་པའི་རྣམ་སྨིན་ལུང་མ་བསྟན་གྱིས་བསྡུས་པ་ཐམས་ཅད་དང༌། ད་ལྟར་སྐྱེས་བུའི་རྩོལ་བ་ལས་བྱུང་བའི་བདེ་སྡུག་ལུང་མ་བསྟན་བཏང་སྙོམས་རྣམས་དང༌། སྣོད་ཀྱི་འཇིག་རྟེན་ལ་སོགས་པའོ། །ཞེས་གསུངས་སོ། །ཡང་གོང་དུ་འགོག་བདེན་གྱི་དབྱེ་བ་བཞག་པ་ལྟར་མི་འཐད་པར་ཐལ། འགོག་བདེན་ལ་ཆོས་དབྱིངས་སམ་གདོད་ནས་ཟད་པ་ཞིག་དགོས་པའི་ཕྱིར་ཏེ། གཟུངས་རྒྱལ་གྱིས་ཞུས་པའི་མདོ་ལས། ཟད་པ་གཉེན་པོའི་ཟད་པ་མ་ཡིན་ཏེ། །སྔོན་ནས་ཟད་པའི་དེའི་ཕྱིར་ཟད་ཅེས་བྱ། །ཞེས་དང༌། རྒྱུད་བླ་མ་ལས། རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་སོགས་སྔར་མྱང་འདས་ཀྱི་སྐབས་སུ་ལུང་དུ་མ་བཀོད་པ་དེའི་ཕྱིར་ཟེར་ན། མ་ཁྱབ་སྟེ། ལུང་དེ་དག་གིས་འགོག་བདེན་གཙོ་བོ་དང་ཐུན་མོང་མ་ཡིན་པའི་འགོག་བདེན་གྱི་དབང་དུ་བྱས་ནས་བཤད་པར་སྣང་བའི་ཕྱིར། དེར་ཐལ། ཐེག་ཊཱིཀ་ལས། འདི་ནི་མྱང་འདས་ཀྱི་གཙོ་བོར་གཉིས་མེད་ཡེ་ཤེས་ཀྱི་རང་བཞིན་མྱང་འདས་ཡིན་པར་སྟོན་ཏེ། རང་བཞིན་གྱི་སྤངས་རྟོགས་མཐར་ཐུག་པ་ཆོས་སྐུ་ཉིད་རང་བཞིན་མྱང་འདས་ཡིན་ཞིང་དེ་ཉིད་མྱང་འདས་གོ་ཆོད་པོ་ཡིན་གྱི་གློ་བུར་དྲི་སྤངས་ཀྱི་མྱང་འདས་ནི་མྱང་འདས་བཏགས་པ་བ་ཡིན་ཏེ། ཞེས་དང༌། དེ་ལས། སྤྱིར་བདེན་པ་བཞི་ལ་རྣམ་པར་བཞག་པའི་བདེན་པ་བཞི་དང༌། རྣམ་པར་མ་བཞག་པའི་བདེན་བཞི་གཉིས་ལས། དང་པོ་ནི། ཐེག་པ་ཀུན་ལ་གྲགས་པ་སྟེ་དེ་ནི་སྒྲ་དང་རྟོག་པས་ཐ་སྙད་རྣམ་པར་བཞག་ཏུ་ཡོད་པས་ན་དེ་སྐད་ཅེས་བྱ་ལ། གཉིས་པ་ནི། སྒྲ་རྟོག་གི་ཐ་སྙད་བཞག་ཏུ་མེད་པ་དོན་དམ་ཆོས་ཉིད་བདེན་བཞིའི་རྣམ་པར་སྣང་བ་དེའོ། །དེས་ན་རྒྱུ་མཚན་ལ་རྣམ་པར་བཞག་པའི་བདེན་པ་བཞི་ཆར་གྱི་ཆ་ཡོད་པ་ཡིན་ལ། ཞེས་གསུངས་སོ། ། ཉ་ཊཱིཀ་ལས། དེ་དག་ནི་ཐུན་མོང་བ་དང་བསྟུན་པའོ། །ཐུན་མོང་མ་ཡིན་པའི་ལུགས་ཀྱི་འགོག་བདེན་མཚན་ཉིད་པ་རང་བཞིན་རྣམ་དག་གི་ཆོས་ཉིད་གཙོ་ཆེའོ། །ཞེས་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། ལས་དང་ཉོན་མོངས་པ་སྤངས་པ་ལས་ཐོབ་པར་བྱ་བ་འགོག་པའི་བདེན་པ་གང་ཞེ་ན། ཐུན་མོང་གི་རྣམ་བཞག་མདོར་བསྟན་པ། ཞེས་དང༌།དེ་ལས། ཅིའི་ཕྱིར་འགོག་པའི་མཚན་ཉིད་ཅེས་བྱ་ཞེ་ན། སྡུག་བསྔལ་འབྱུང་བའི་ཉོན་མོངས་པ་རྣམས་དང་བྲལ་བའི་ཕྱིར་རོ། ། ཞེས་ཆོས་དབྱིངས་འགོག་བདེན་གྱི་གཙོ་བོ་ཡིན་པར་གསུངས་པས་འགོག་བདེན་ཕལ་བ་ཞིག་ཡོད་པར་གྲུབ་པ་དང༌། ཐུན་མོང་གི་འགོག་བདེན་ཡོད་པར་གསུངས་པའི་ཕྱིར་རོ། །ཡང་ལམ་ལྔ་ཀ་ལམ་བདེན་མ་ཡིན་པར་ཐལ། ཐེག་མཆོག་དབུ་མ་རྩ་འགྲེལ་ལས། ལམ་དངོས་འཕགས་ལམ་ཡིན་ཏེ་ཚོགས་སྦྱོར་ཡང༌། ཞེས་དང༌། ལམ་གྱི་བདེན་པ་དངོས་ལ་ནི་འཕགས་པའི་ལམ་རྣམས་ཡིན་ལ། ཚོགས་སྦྱོར་ཡང་ལམ་བདེན་རྗེས་མཐུན་པར་འཇོག་གོ །ཞེས་དང༌། སྔོན་མེད་ལེགས་བཤད་ལས། ལམ་བདེན་དངོས་ནི། མཐོང་སྒོམ་མི་སློབ་ལམ་གསུམ་གྱིས་བསྡུས་པའི་ཡེ་ཤེས་གསར་བྱུང་རྒྱུ་རྐྱེན་ལས་སྐྱེས་པ་རྣམས་ཡིན་ལ། རྗེས་མཐུན་པ་ནི་སོ་སོའི་སྐྱེ་བོའི་ལམ་རྣམས་ཀྱང་སྟེ།ལམ་བདེན་གྱི་ངོ་བོ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པའོ། །ཞེས་གསུངས་སོ་ཞེ་ན་ལམ་བདེན་གྱི་གཙོ་བོ་འཕགས་ལམ་གྱི་དབང་དུ་བྱས་པ་འདྲ་སྟེ། ཚོགས་སྦྱོར་ལ་གོང་དུ་ལམ་བདེན་གྱི་མཚན་ཉིད་བཞག་པ་དག་ཚང་བའི་ཕྱིར་དང༌། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། ཚོགས་ལམ་ཡང་ལམ་བདེན་དུ་འཐད་པར་མངོན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཆོས་དབྱིངས་དང༌། ལམ་མ་ཞུགས་ཀྱི་གཞན་དོན་ཁུར་འཁྱེར་གྱི་སྙིང་རྗེ་དེ་ཐབས་ཤེས་ཟུང་དུ་འབྲེལ་བའི་དགེ་བར་གྱུར་བའི་རྣམ་གྲོལ་ལམ་གྱི་འཇུག་ངོགས་ཡིན་མིན་དཔྱད་པར་བྱའོ། །མི་སློབ་ལམ་ལམ་བདེན་མ་ཡིན་པར་ཐལ། འགོག་བདེན་གྱི་བྲལ་རྒྱུ་མ་ཡིན་པའི་ཕྱིར་དང༌། མདོ་སྡེ་རྒྱན་ས་འགྲེལ་ལས། དངོས་བཏགས་ལ། སློབ་ལམ་བཞི་ལམ་མཚན་ཉིད་པ་ཡིན་ལ། མི་སློབ་ལམ་ནི་ལམ་གྱི་འབྲས་བུ་ལ་ལམ་དུ་བཏགས་པའོ་ཞེས་ཀྱང་གསུང་མོད། དེའང་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་གོང་དུ་འགྲོ་བ་དང་བཅས་པའི་ཕྱིར་ལམ་མཚན་ཉིད་པ་དང་འབྲས་བུ་བཏགས་པ་བ་ཡིན་ཞིང༌། ཐེག་པ་ཆེན་པོ་བ་རྣམས་ཀྱི་ནི་སྤངས་རྟོགས་མཐར་ཕྱིན་པའི་ཕྱིར་ལམ་བཏགས་པ་བ་དང་འབྲས་བུ་མཚན་ཉིད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཞེ་ན་དཔྱད་དོ། །ཡང་རི་ཆོས་ངེས་དོན་རྒྱ་མཚོ་ལས། དེས་ན་ཀུན་རྫོབ་བདེན་པར་རྟོགས་པའི་སྤངས་རྟོགས་དང་ཚོགས་གཉིས་ནི་ལམ་བདེན་ཡིན་ལ། ཞེས་དང༌། བསྟན་བཅོས་སྙིང་པོ་ལས།ཀུན་རྫོབ་སངས་རྒྱས་དུས་གསུམ་བྱུང་བ་རྣམས། །ལམ་བདེན་ཉིད་ཡིན། ཞེས་དང༌། ཐེག་ཟིན་ལས། དེས་ན་དབང་བསྒྱུར་གྱི་སྐྱེ་བ་དང༌། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་དང༌། དག་པའི་ཞིང་ཁམས་རྣམས་ནི་རྣམ་པར་བྱང་བ་ལམ་གྱིས་བསྡུས་ཤིང༌། ཞེས་དང༌། དེ་ལས། དེ་ལ་གཞན་སྣང་གི་སྐུ་དང་མཛད་པ་དང་ཞིང་ཁམས་སོགས་ནི་ལམ་བདེན་དངོས་ཡིན་ནོ། །ཞེས་སོགས་ཀྱིས་བསྟན་པའི་ཀུན་རྫོབ་ཀྱི་སྤངས་བ་སོགས་ལ་ལམ་བདེན་གྱི་མཚན་ཉིད་ཚང་མ་ཚང་དང༌། དག་པའི་ཞིང་ཁམས་ལམ་བདེན་ཡིན་ན་ཀུན་བཏུས་ས་འགྲེལ་ལས། ཤེས་བྱ་ཐམས་ཅད་བདེན་བཞིར་འདུ་བ་ནི་མ་ཡིན་ཏེ། ནམ་མཁའ་དང༌། སོ་སོར་བརྟགས་མིན་གྱི་འགོག་པ་དང༌། མ་དག་པའི་དེ་བཞིན་ཉིད་དང༌། ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་ལ་སོགས་པ་རྣམས་བཞི་པོ་གང་དུའང་མ་འདུས་པའི་ཕྱིར་རོ། །ཞེས་དག་པའི་འཇིག་རྟེན་བདེན་བཞི་གང་ཡང་མ་ཡིན་པར་གསུངས་པ་སོགས་ལ་བརྟག་པར་བྱ་དགོས་སོ། །ཡང་དེའི་གསུངས་ཟིན་ལ་མ་དག་པའི་དེ་བཞིན་ཉིད་དེ་བཞི་གང་ཡང་མ་ཡིན་པར་གསུངས་པ་དང༌། ནམ་མཁའ་སྡུག་བདེན་མ་ཡིན་པའི་རྒྱུ་མཚན་དང༌། ཐེག་མཆོག་དབུ་མ་ལས། མིང་ནི་སྡུག་བསྔལ་བདེན་པ་ཁོ་ནས་བསྡུས། །ཞེས་མིང་སྡུག་བདེན་ཡིན་པའི་རྒྱུ་མཚན་སོགས་ལ་དཔྱད་པར་བྱའོ། །ཉ་ཊཱིཀ་སོགས་ལས་བཤད་པ་ལྟར་དང༌། ས་བཟང་ཀུན་བཏུས་འགྲེལ་བ་ལས། ངེས་འབྱེད་ཆ་མཐུན་ནི། ཉོན་མོངས་པའི་ས་བོན་དང་ལྡན་ཡང་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་ཤིང་གཉེན་པོ་བྱེད་པས་ཟག་མེད་དུ་འཇོག ཅེས་པ་ལྟར་ལམ་བདེན་ལ་ཟག་མེད་དགོས་ན་ས་བཟང་ཀུན་བཏུས་འགྲེལ་བ་ལས། སྔར་ངེས་འབྱེད་ཆ་མཐུན་ཟག་མེད་དང་རྗེས་སུ་མཐུན་པས་ཟག་མེད་དུ་བཤད་ཀྱང་འདིར་ནི་ཟག་པའི་ས་བོན་རྗེས་སུ་འབྲེལ་བའི་ཆ་ནས་ཟག་བཅས་སུ་བསྡུའོ། །ཞེས་གསུངས་པས་ཅུང་ཟད་བརྟག་པར་བྱའོ། །ལམ་མ་ཞུགས་ཀྱི་དགེ་བ་ཟག་བཅས་ཀྱི་ཚུལ་ཁྲིམས་སོགས་གཉེན་པོ་ཡིན་པས་དཔྱད་དགོས་སོ། །

གསུམ་པ་རྟེན་དཀོན་མཆོག་གསུམ་ལ་གདམས་པ།

གསུམ་པ་རྟེན་དཀོན་མཆོག་གསུམ་ལ་གདམས་པ་ལ།

སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་ལ། དང་པོ་ལ་སྐྱབས་གསུམ་གྱི་རང་བཞིན་དང༌། དེ་ལ་སྐྱབས་སུ་འགྲོ་བའི་ཚུལ་བསྟན་པའོ། །དང་པོ་ལ་དེའི་རང་བཞིན་དངོས་དང༌། སྐྱབས་གསུམ་དུ་བཞག་པའི་འཐད་པ། ཕྱི་མ་གཉིས་གཏན་གྱི་སྐྱབས་གནས་མིན་ཚུལ། དོན་དམ་པའི་སྐྱབས་གཅིག་ཏུ་བསྟན། དཀོན་མཆོག་གི་སྒྲ་དོན་དང་ལྔ། དང་པོ་ལ། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དཀོན་མཆོག་བཤད་པ་དང་གསུམ། དང་པོ་སངས་རྒྱས་དཀོན་མཆོག་གི་མཚན་ཉིད་ནི། དོན་གཉིས་མཐར་ཕྱིན་པའི་སྐྱབས་གནས་དེ་ཡིན་ཏེ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་དང༌།རྒྱུད་བླ་ས་འགྲེལ་ལས། དེ་ཡང་བཤད་མ་ཐག་པའི་གཞུང་འདིས་ཡོན་ཏན་དྲུག་གམ་བརྒྱད་དང་ལྡན་པའི་སངས་རྒྱས་ཉིད་སྟོན་པ་སྟེ། རྒྱུ་རྐྱེན་གྱིས་མ་བསྐྱེད་པས་འདུས་མ་བྱས་ཤིང་འགྱུར་བ་མེད་པའི་ཡོན་ཏན་དང༌། འབད་རྩོལ་མེད་པས་ལྷུན་གྱིས་གྲུབ་པའི་ཡོན་ཏན་དང༌།རང་གིས་རིག་པའི་གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པའི་ཡོན་ཏན་དང༌། དེ་གསུམ་དང་ལྡན་པས་མཁྱེན་པའི་ཡོན་ཏན་དང༌། གཞན་ཡང་དེ་ལ་འགོད་པས་ཐུགས་བརྩེ་བའི་ཡོན་ཏན་དང༌། གཞན་གྱི་སྡུག་བསྔལ་རྒྱུ་འབྲས་སྤོང་བས་ནུས་པར་ལྡན་པའི་ཡོན་ཏན་དེ་རྫས་ཀྱི་དབྱེ་བ་དྲུག་གམ། ལྡོག་པས་ཕྱེ་ན་སྔ་མ་གསུམ་རང་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང༌། ཕྱི་མ་གསུམ་གཞན་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་གཉིས་ཏེ་ཐམས་ཅད་བསྡུས་ན་ཡོན་ཏན་བརྒྱད་དང་ལྡན་པའི་སངས་རྒྱས་ཉིད་དོ་ཞེས་བསྟན་པས་སོ། །ཞེས་གསུངས་སོ། །

གཉིས་པ་ཆོས་དཀོན་མཆོག་ལ། མཚན་ཉིད་དབྱེ་བ་གཉིས། དང་པོ་ཆོས་དཀོན་མཆོག་གི་མཚན་ཉིད་ནི། འགོག་ལམ་གང་རུང་གིས་བསྡུས་པའི་རྣམ་བྱང་བདེན་པ༌། ཐེག་ཆེན་ཆོས་དཀོན་མཆོག་གི་མཚན་ཉིད། ཐེག་ཆེན་འགོག་ལམ་གང་རུང་གིས་བསྡུས་པའི་རྣམ་བྱང་བདེན་པ་དེ་ཡིན་ཏེ། རྒྱུད་བླ་མ་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་དང༌། རྒྱུད་བླ་ས་འགྲེལ་ལས། དེ་ཡང་བཤད་མ་ཐག་པའི་གཞུང་འདིས་ཡོན་ཏན་དྲུག་གམ་བརྒྱད་དང་ལྡན་པའི་ཆོས་དཀོན་མཆོག་སྟོན་པ་སྟེ། ཐ་སྙད་པའི་ཤེས་པས་བསམ་དུ་མེད་པའི་ཡོན་ཏན་དང༌། ལས་དང་ཉོན་མོངས་པ་གཉིས་མེད་པའི་ཡོན་ཏན་དང༌། དེ་དག་གི་རྒྱུ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་མེད་པའི་ཡོན་ཏན་དང༌། ཉོན་མོངས་པའི་དྲི་མ་རྣམ་པར་དག་པའི་ཡོན་ཏན་དང༌། ཡེ་ཤེས་ཀྱི་སྣང་བ་གསལ་བའི་ཡོན་ཏན་དང༌། དུག་གསུམ་གྱི་མུན་པ་འཇོམས་པ་གཉེན་པོའི་ཕྱོགས་ཀྱི་ཡོན་ཏན་ཉིད་ཀྱིས་རྫས་ཀྱི་དབྱེ་བ་དྲུག་གམ། ལྡོག་པས་ཕྱེ་ན་སྔ་མ་གསུམ་འབྲས་བུ་གང་ཞིག་འདོད་ཆགས་དང་བྲལ་བར་བྱ་བ་འགོག་པའི་བདེན་པ་དང༌། ཕྱི་མ་གསུམ་རྒྱུ་གང་གིས་འདོད་ཆགས་དང་བྲལ་བར་བྱེད་པ་ལམ་གྱི་བདེན་པ་སྟེ། རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་དང་བཅས་པའི་ཡོན་ཏན་བརྒྱད་དང་ལྡན་པ་དེ་ནི་དམ་པའི་ཆོས་སོ་ཞེས་བསྟན་པས་སོ། །དེ་དག་བདེན་པ་གཉིས་སུ་བསྡུ་བ་ནི། ཆགས་བྲལ་ཉིད་ནི་འགོག་པ་དང༌། །ལམ་གྱི་བདེན་པ་དག་གིས་བསྡུས། །གོ་རིམ་ཇི་བཞིན་དེ་དག་ཀྱང༌། །ཡོན་ཏན་གསུམ་གསུམ་གྱིས་རིག་བྱ། །ཞེས་པ་སྟེ། འདོད་ཆགས་དང་བྲལ་བ་ཉིད་ལ་ཆོས་ཞེས་བརྗོད་པ་གང་ཡིན་པ་དེ་ནི་ཆགས་པ་དང་བྲལ་བའི་འབྲས་བུ་འགོག་པའི་བདེན་པ་དང༌། ཆགས་པ་དང་བྲལ་བར་བྱེད་པ་ལམ་གྱི་བདེན་པ་དག་གིས་བསྡུས་པ་ཡིན་ལ་གོ་རིམ་ཇི་ལྟ་བ་བཞིན་བདེན་པ་གཉིས་པོ་དེ་དག་ཀྱང་བསམ་དུ་མེད་པ་དང་གཉིས་སུ་མེད་པ་དང་རྟོག་པ་མེད་པའི་ཡོན་ཏན་གྱིས་དག་པ་གཉིས་ལྡན་འགོག་པའི་བདེན་པ་བསྟན་པར་རིག་པར་བྱ་ཞིང༌། དག་པ་དང་གསལ་བ་གཉེན་པོའི་ཡོན་ཏན་གསུམ་གྱིས་དག་པར་བྱེད་པ་ལམ་གྱི་བདེན་པ་བསྟན་པར་རིག་པར་བྱའོ་ཞེས་པའི་དོན་ནོ། །ཞེས་གསུངས་སོ། །

གཉིས་པ་དབྱེ་བ་ནི། འགོག་ལམ་གཉིས། དེ་གཉིས་ཀྱི་མཚན་ཉིད་གོང་དུ་བཤད་ཟིན་ལྟར་ཡིན་ནོ། །

གསུམ་པ་དགེ་འདུན་དཀོན་མཆོག་གི་མཚན་ཉིད་ནི། རིག་གྲོལ་གྱི་ཡོན་ཏན་གཉིས་ལྡན་གྱི་འཕགས་པ། ཐེག་ཆེན་དགེ་འདུན་དཀོན་མཆོག་གི་མཚན་ཉིད། རིག་གྲོལ་གྱི་ཡོན་ཏན་དང་ལྡན་པའི་ཐེག་ཆེན་འཕགས་པ་དེ་ཡིན་ཏེ། རྒྱུད་བླ་མ་ལས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་དང༌། རྒྱུད་བླ་ས་འགྲེལ་ལས། དེ་ཡང་བཤད་མ་ཐག་པའི་གཞུང་འདིས། ཡོན་ཏན་གཉིས་དང་ལྡན་པའི་དགེ་འདུན་དཀོན་མཆོག་སྟོན་པ་སྟེ། ཡུལ་ཆོས་ཉིད་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ཡོད་པ་ལ་དམིགས་ནས། འཕགས་པ་རྣམས་ཀྱིས་གཞན་དང་ཐུན་མོང་མ་ཡིན་པར་ནང་སོ་སོ་རང་རིག་གི་ཡེ་ཤེས་ཀྱི་གཟིགས་པ་ཆགས་པའི་སྒྲིབ་པས་དག་པའི་ཕྱིར་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་དང༌། ཡུལ་ཆོས་ཅན་སེམས་ཅན་ཇི་སྙེད་པ་ཐམས་ཅད་ལ་ཆོས་ཀྱི་དབྱིངས་ཁྱབ་པར་ཡོད་པ་ལ་དམིགས་ནས། འཕགས་པ་རྣམས་ཀྱིས་གཞན་དང་ཐུན་མོང་མ་ཡིན་པར་ནང་སོ་སོ་རང་རིག་གི་ནི་ཡེ་ཤེས་ཀྱི་གཟིགས་པ་ཐོགས་པའི་སྒྲིབ་པས་དག་པའི་ཕྱིར་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་ཏེ། དེ་དག་དང་ལྡན་པའི་ཕྱིར་བློ་ལྡན་བྱང་ཆུབ་སེམས་དཔའ་རྫོགས་པའི་བྱང་ཆུབ་ཆེན་པོ་ལས་ཕྱིར་མི་ལྡོག་པའི་ཚོགས་དགེ་འདུན་དཀོན་མཆོག་རྣམས་ཉན་རང་ལས་མཆོག་ཏུ་གྱུར་པས་བླ་ན་མེད་པའི་ཡེ་ཤེས་ཀྱི་ཡོན་ཏན་དང་ལྡན་པ་ཉིད་དོ་ཞེས་བསྟན་པས་སོ། །ཞེས་གསུངས་སོ། །

གཉིས་པ་སྐྱབས་གསུམ་དུ་བཞག་པའི་འཐད་པ།།

གཉིས་པ་སྐྱབས་གསུམ་དུ་བཞག་པའི་འཐད་པ།

རྒྱུད་བླ་མ་ལས། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་གསུམ་པ་དང་བྱེད་གསུམ་པ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་གཞག་པ་ཡིན། །ཞེས་དང༌། དེའི་ས་འགྲེལ་ལས། སྐྱབས་གནས་མཐར་ཐུག་སྟོན་པ་སངས་རྒྱས་ཀྱི་ཡོན་ཏན་བསྟན་པའི་དོན་གྱིས། དེའི་ཡོན་ཏན་མཐོང་བ་ལས་ཐེག་པ་གསུམ་གྱི་ནང་ནས་ཐེག་པ་ཆེན་པོ་པ་སངས་རྒྱས་ཉིད་དོན་དུ་གཉེར་བ། རྣམ་པ་དང་བྱེད་པ་གསུམ་གྱི་ནང་ནས་སངས་རྒྱས་ལ་རྐང་གཉིས་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་སྐྱབས་གནས་གསུམ་གྱི་ནང་ནས་སངས་རྒྱས་ཉིད་སྐྱབས་གནས་དང་པོར་རྣམ་པར་གཞག་པ་ཡིན་ཞིང༌། དེའི་བསྟན་པ་དམ་པའི་ཆོས་ཀྱི་ཡོན་ཏན་བསྟན་པའི་དོན་གྱིས། དེའི་ཡོན་ཏན་མཐོང་བ་ལས་ཐེག་པ་གསུམ་གྱི་ནང་ནས་རང་རྒྱལ་གྱི་ཐེག་པ་བ་རང་ཉིད་རྟེན་འབྲེལ་ཟབ་མོའི་ཆོས་རྟོགས་ཤིང་ཐོབ་པར་འདོད་པ་རྣམས་དང༌། བྱེད་པ་གསུམ་གྱི་ནང་ནས་ཆོས་ལ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས། སྐྱབས་གནས་གསུམ་གྱི་ནང་ནས་ཆོས་ནི་སྐྱབས་གནས་གཉིས་པར་རྣམ་པར་གཞག་པ་ཡིན་ལ། བསྟན་པ་ལ་ཞུགས་པ་སློབ་མ་དགེ་འདུན་གྱི་ཡོན་ཏན་བསྟན་པའི་དོན་གྱིས་དེའི་ཡོན་ཏན་མཐོང་བ་ལས་ཐེག་པ་གསུམ་གྱི་ནང་ནས་ཉན་ཐོས་ཀྱི་ཐེག་པ་བ་གཞན་གྱིས་བསྟན་པའི་རྗེས་སུ་འབྲངས་ཏེ་དེ་ཉིད་ཐོབ་པར་འདོད་པ་རྣམས་དང་བྱེད་པ་གསུམ་གྱི་ནང་ནས་དགེ་འདུན་ལ་ཚོགས་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་སྐྱབས་གནས་གསུམ་གྱི་ནང་ནས་དགེ་འདུན་ནི་སྐྱབས་གནས་གསུམ་པར་རྣམ་པར་གཞག་པ་ཡིན་ཏེ། མདོར་བསྡུས་ན། དོན་རྣམ་པ་གསུམ་གྱིས་གང་ཟག་དྲུག་གི་དབང་དུ་བྱས་ནས་སྐྱབས་གནས་གསུམ་དུ་རྣམ་པར་བཞག་པ་འདི་ནི་སེམས་ཅན་རྣམས་རིམ་གྱིས་གཞུག་པའི་དོན་དུ་བསྟན་པའོ། །ཞེས་གསུངས་སོ། །

གསུམ་པ་ཕྱི་མ་གཉིས་གཏན་གྱི་སྐྱབས་གནས་མིན་ཚུལ།

གསུམ་པ་ཕྱི་མ་གཉིས་གཏན་གྱི་སྐྱབས་གནས་མིན་ཚུལ་ནི།

རྒྱུད་བླ་ས་འགྲེལ་ལས།ཕྱི་མ་གཉིས་གཏན་གྱི་སྐྱབས་གནས་མིན་ཚུལ་ནི། སྤང་ཕྱིར་སླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དངབཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་བྱ་བ་ཡིན་ལ། དེ་ཡང་རེ་ཞིག་པའི་ཆོས་དང་དགེ་འདུན་དག་མཐར་ཐུག་པའི་སྐྱབས་གནས་མིན་ཞེས་སྟོན་པ་སྟེ། དེ་ལ་མིང་ཚིག་ཡི་གེའི་ཚོགས་ཀྱིས་བསྡུས་པ་ལུང་གི་ཆོས་ནི་དོན་སྤྱི་ཙམ་རྟོགས་པའི་རྟེན་ཡིན་ཡང༌། ལམ་མངོན་པར་རྟོགས་པའི་དུས་སུ་ཆུར་བརྒལ་བའི་གཟིངས་བཞིན་དུ་སྤང་བར་བྱ་བ་ཡིན་པའི་ཕྱིར་དང༌། རྟོགས་པའི་ཆོས་ཀྱང་གཉིས་ལས། གང་གིས་རྟོགས་པ་ལམ་གྱི་ཆོས་ནི་འདུས་བྱས་ཀྱི་མཚན་ཉིད་ཅན་མི་རྟག་པ་མི་བདེན་པ་སྤྲིན་གྱི་མཚན་མ་ལྟ་བུར་བརྫུན་པ་སླུ་བའི་ཆོས་ཅན་ཡིན་པའི་ཕྱིར་དང༌། དེས་རྟོགས་པ་འགོག་པའི་ཆོས་ནི་མཐར་ཐུག་པ་སངས་རྒྱས་ཉིད་ཡིན་ཡང༌།ཉན་ཐོས་པའི་ཚུལ་གྱིས་མར་མེ་རྒྱུན་ཆད་པ་བཞིན་དུ་ཉོན་མོངས་པ་སྡུག་བསྔལ་མེད་པ་ཙམ་ཡིན་པའི་ཕྱིར་དང༌། དགེ་འདུན་ནི་དགྲ་བཅོམ་པ་སྲིད་པ་ཟད་པ་རྣམས་ཀྱང་འདུ་བྱེད་རྣམས་ལ་རལ་གྲི་གདེངས་པའི་གཤེད་མ་བཞིན་དུ་འཇིགས་པས་དེ་ལས་ངེས་པར་འབྱུང་བ་ཚོལ་ཞིང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བསླབ་པ་བྱ་བ་དང་བཅས་པས་འཇིགས་པ་མེད་པ་ཁྱུ་མཆོག་གི་སར་མ་ཕྱིན་པས་ཐམས་ཅད་ཀྱང་འཇིགས་པ་དང་བཅས་པའི་སྒོ་ནས་སངས་རྒྱས་ལ་སྐྱབས་སུ་འགྲོ་བའི་ཕྱིར་ན། ལུང་དང་མངོན་པར་རྟོགས་པའི་ཆོས་རྣམ་པ་གཉིས་དང༌། སངས་རྒྱས་ལས་གཞན་པའི་འཕགས་པའི་ཚོགས་དགེ་འདུན་རྣམས་ནི་རེ་ཞིག་པའི་སྐྱབས་གནས་ཡིན་གྱི། མཐར་ཐུག་ཐོབ་པའི་དུས་ནའང་གཏན་གྱི་སྐྱབས་གནས་མཆོག་ཏུ་གྱུར་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །ཞེས་གསུངས་སོ། །

བཞི་བ་དོན་དམ་པའི་སྐྱབས་གཅིག་ཏུ་བསྟན་པ།

བཞི་བ་དོན་དམ་པའི་སྐྱབས་གཅིག་ཏུ་བསྟན་པ་ནི།

རྒྱུད་བླ་ས་འགྲེལ་ལས།དོན་དམ་གྱི་སྐྱབས་གནས་གཏན་ལ་དབབ་པ་ནི། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཉིད། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེའི་མཐར་ཐུག་ཕྱིར། །ཞེས་པ་སྟེ། དམ་པའི་དོན་དུ་ན་འགྲོ་བ་མཐའ་ཡས་པའི་སྡུག་བསྔལ་ལས་སྐྱོབ་ཅིང་འཇིགས་པ་མེད་པ་རྟག་པའི་སྐྱབས་གནས་མཆོག་ཏུ་གྱུར་པ་ནི་རྫོགས་པའི་སངས་རྒྱས་ཉག་མ་གཅིག་པུ་ཉིད་ཡིན་ནོ། །འོ་ན་ཆོས་དང་དགེ་འདུན་ཡང་སྐྱབས་གནས་སུ་གསུངས་པ་ཅི་ལྟར་ཞེ་ན། དེ་དག་མཐར་ཐུག་པའང་སངས་རྒྱས་ཉིད་ཡིན་ཏེ། སྔར་བཤད་པ་ལྟར་ཐོག་མཐའ་མེད་པ་ལ་སོགས་པས་རབ་ཏུ་ཕྱེ་བའི་ཐུབ་པ་ནི་རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་འདོད་ཆགས་དང་བྲལ་བ་མཐར་ཕྱིན་པ་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་དང༌། ཐེག་པ་གསུམ་གྱི་ཚོགས་ཀྱང་སྤངས་རྟོགས་ཀྱི་ཁྱད་པར་དུ་བྱས་ལ་དེའི་མཐར་ཐུག་པའང་སངས་རྒྱས་ཀྱི་ཆོས་སྐུ་མངོན་དུ་གྱུར་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ནོ། །མདོ་ལས་ཀྱང༌། ཆོས་དང་སངས་རྒྱས་དོན་གཅིག་སྟེ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །དགེ་འདུན་དེ་བཞིན་གཤེགས་ཀྱི་མིང༌། །ཞེས་གསུངས་པ་ལྟར་རོ། །ཞེས་སོ། །

ལྔ་བ་དཀོན་མཆོག་གི་སྒྲ་དོན།

ལྔ་བ་དཀོན་མཆོག་གི་སྒྲ་དོན་ནི།

རྒྱུད་བླ་ས་འགྲེལ་ལས། ངེས་པའི་ཚིག་གིས་བཤད་པ་ནི། །འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་པ་སྟེ། རཏྣའི་སྒྲ་དཀོན་མཆོག་དང་རིན་པོ་ཆེ་གཉིས་ག་ལ་འཇུག་པས་ན། འདིར་ཡང་ཆོས་མཐུན་པ་རྣམ་པ་དྲུག་གིས་དཀོན་མཆོག་གསུམ་རིན་པོ་ཆེ་དང་འདྲ་བར་སྟོན་པའོ། །དེ་ཡང་རིན་པོ་ཆེ་འཇིག་རྟེན་ན་འབྱུང་བ་དཀོན་པ་དང་ཆོས་མཐུན་པར། དཀོན་མཆོག་གསུམ་ཡང་བསྐལ་པ་མང་པོར་ཚོགས་གཉིས་ཀྱི་དགེ་བའི་རྩ་བ་མ་བསྐྲུན་པ་རྣམས་ཀྱིས་ཕྲད་པ་ཙམ་ཡང་མི་ཐོབ་པས་འབྱུང་བ་དཀོན་པའི་ཕྱིར་དང༌། རིན་པོ་ཆེ་མ་དག་པའི་དྲི་མ་མེད་པ་དང་ཆོས་མཐུན་པར་དཀོན་མཆོག་གསུམ་ཡང་རྣམ་པ་ཐམས་ཅད་དུ་ཉེས་པའི་དྲི་མ་མེད་པའི་ཕྱིར་དང༌། རིན་པོ་ཆེར་རྒུད་པ་སེལ་ཞིང་འབྱོར་པ་སྟེར་བའི་མཐུ་ཡོད་པ་དང་ཆོས་མཐུན་པར་དཀོན་མཆོག་གསུམ་ཡང་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་དང༌། རིན་པོ་ཆེ་འཇིག་རྟེན་གྱི་རྒྱན་དུ་གྱུར་པ་དང་ཆོས་མཐུན་པར་དཀོན་མཆོག་གསུམ་ཡང་འགྲོ་བ་ཐམས་ཅད་ཀྱི་བསམ་པ་དགེ་བའི་རྒྱུར་གྱུར་པས་འཇིག་རྟེན་པ་ཀུན་གྱི་རྒྱན་གྱི་མཆོག་ཏུ་གྱུར་པའི་ཕྱིར་དང༌། རིན་པོ་ཆེ་བཅོས་མ་ལས་མཆོག་ཉིད་དུ་གྱུར་པ་དང་ཆོས་མཐུན་པར་དཀོན་མཆོག་གསུམ་ཡང་འཇིག་རྟེན་ལས་འདས་པ་ཡིན་པས་ཆོས་ཐམས་ཅད་ཀྱི་ནང་ནས་མཆོག་ཉིད་དུ་གྱུར་པའི་ཕྱིར་དང༌། རིན་པོ་ཆེ་བསྟོད་སྨད་ལ་སོགས་པས་འགྱུར་བ་མེད་པ་དང་ཆོས་མཐུན་པར་དཀོན་མཆོག་གསུམ་ཡང་འདུས་མ་བྱས་པའི་རང་བཞིན་ཡིན་པས་དད་པ་ལ་སོགས་པའི་རྐྱེན་གྱིས་ནམ་ཡང་འགྱུར་བ་མེད་པའི་ཕྱིར་ན། རིན་པོ་ཆེ་དང་འདྲ་བས་དཀོན་མཆོག་ཉིད་ཅེས་བརྗོད་པས་སོ། །ཞེས་གསུངས་སོ། །

གཉིས་པ་དེ་ལ་སྐྱབས་སུ་འགྲོ་བའི་ཚུལ་བསྟན་པ།

གཉིས་པ་དེ་ལ་སྐྱབས་སུ་འགྲོ་བའི་ཚུལ་བསྟན་པ་ལ།

རྒྱུད་བླ་ས་འགྲེལ་ལས། དེ་དག་ལ་སྐྱབས་སུ་འགྲོ་བའི་ཚུལ་ཡང་གཉིས་ལས། དང་པོ་ཐུན་མོང་བའི་དབང་དུ་བྱས་ནས་དོན་རྣམ་པ་ལྔས་རིག་པར་བྱ་སྟེ། རྒྱུ་དང་ཡུལ་དང་ངོ་བོ་དང༌། བསླབ་བྱ་དང་ནི་ཕན་ཡོན་ནོ། །དེ་ལ་རྒྱུ་ནི་དད་པ་གསུམ་ཐོབ་པ་ལས་ཡིན་ཞིང༌། ལས་རྒྱུ་འབྲས་བདེན་པར་ཡོད་པ་ལ་མངོན་པར་ཡིད་ཆེས་པའི་དད་པ། ཞེས་དང༌། དེ་བཞིན་དུ་ཡོན་ཏན་ཅན་ལ་དང་བའི་དད་པ་དང་ནུས་པ་ལ་འདོད་པའི་དད་པ་ཐོབ་པ་ལས་ཀྱང་ངོ༌། །ཡུལ་ནི་སངས་རྒྱས་སྐུ་གཉིས་དང༌། ཆོས་མྱ་ངན་ལས་འདས་པ་དང༌། དགེ་འདུན་གང་ཟག་བརྒྱད་ལ་སོགས་པ་སྟེ། སྐྱབས་གསུམ་བདུན་ཅུ་པ་ལས། ཐུབ་པའི་དབང་པོ་སྐུ་གཉིས་དང༌། །མྱ་ངན་འདས་དང་གང་ཟག་བརྒྱད། །དེ་ལ་གུས་པས་སྐྱབས་འགྲོ་གང༌། །གསུམ་ལ་སྐྱབས་སུ་སོང་བ་ཡིན། །ཞེས་གསུངས་པ་ལྟར་ཡིན་ལ། ཐ་སྙད་པའི་སངས་རྒྱས་གཟུགས་ཀྱི་སྐུ་དང༌།དེའི་རྟེན་སྐུ་གཟུགས་དང་མཆོད་རྟེན་དང། ཆོས་ལམ་དང་གསུང་རབ་དང་དེའི་གཞི་གླེགས་བམ་དང༌། དགེ་འདུན་སྡེ་པ་བཞིའི་དགེ་སློང་གི་དགེ་འདུན་ལ་སོགས་པའོ། །ངོ་བོ་ནི། འཇིགས་པས་ཉེན་ནས་ཡུལ་དམ་པ་ལ་བརྟེན་པར་ཁས་ལེན་ཞིང་བློ་གཏོད་པ་སྟེ། སངས་རྒྱས་ལ་སྟོན་པ་དང་ཆོས་ལ་ལམ་དང་དགེ་འདུན་ལ་གྲོགས་སུ་འདུ་ཤེས་པས་སོ། །བསླབ་བྱ་ནི། ཐུན་མོང་དུ་ཐོས་པའི་སའི་བསྡུ་བར། སྦྱོར་བས་དགེ་བའི་རྟེན་བཞི་དང༌། དབང་པོ་མི་རྒོད་པར་བྱ་བ་དང༌། བསླབ་པའི་གཞི་བླང་བར་བྱ་བ་དང༌། སེམས་ཅན་ལ་སྙིང་རྗེ་བར་བྱ་བ་དང༌། དུས་དུས་སུ་དཀོན་མཆོག་མཆོད་པར་བྱ་བ་ལ་བསླབ་པར་གསུངས་ཤིང༌། ཁྱད་པར་དུ་མྱ་ངན་ལས་འདས་པའི་མདོར། གང་ཞིག་སངས་རྒྱས་སྐྱབས་སོང་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་ན། །འཚེ་ཞིང་གནོད་པའི་སེམས་དང་བྲལ། དགེ་འདུན་ལ་ཡང་སྐྱབས་སོང་བ། །མུ་སྟེགས་ཅན་ལ་ཕྱག་མི་བྱ། །ཞེས་གསུངས་པ་ལྟར་རོ། །ཕན་ཡོན་ནི། བསྡུ་བར། བསྲུང་བ་ཆེན་པོ་དང་ལྡན་པ་དང༌། ལོག་པར་མོས་པའི་སྒྲིབ་པ་ཐམས་ཅད་ཟད་པ་ཐོབ་པ་དང༌། སྐྱེས་བུ་དམ་པའི་ནང་དུ་བགྲང་བ་དང༌། སྟོན་པ་དང་ཆོས་གྲོགས་དང༌། བསྟན་པ་ལ་དད་པའི་ལྷ་རྣམས་ཀྱི་ཡིད་དུ་འོང་བ་སྟེ་བཞི་དང༌། གཞན་ཡང་བསོད་ནམས་ཆེན་པོ་དང༌། དགའ་བ་ཆེན་པོ་དང་ཏིང་ངེ་འཛིན་དང༌། རྣམ་པར་དག་པ་སྟེ་བཞི་ཐོབ་པར་གསུངས་པ་ལྟ་བུའོ། །ཐུན་མོང་མ་ཡིན་པ་ཐེག་པ་ཆེན་པོའི་ལུགས་ལ་ནི་སེམས་བསྐྱེད་དང་ཡང་མཐུན་པར་དོན་རྣམ་པ་དྲུག་སྟེ། ངོ་བོའི་དོན་ནི་སྐྱབས་གནས་མཐར་ཐུག་པ་སངས་རྒྱས་ཉིད་ཐོབ་པར་འདོད་པས་དེའི་ལམ་སྒྲུབ་པར་ཁས་ལེན་ཞིང་དམ་འཆའ་བ་སྟེ། རྒྱན་ལས། གང་ཞིག་དགའ་བ་མང་པོས་བྱང་ཆུབ་མཆོག་དོན་གཉེར། །གང་ཞིག་སྐྱོ་བ་མེད་པར་དཀའ་བ་ཡང་དག་སྤྱོད། །གང་ཞིག་རྣམ་སངས་རྒྱས་ནས་སངས་རྒྱས་ཀུན་མཉམ་འགྱུར། །བློ་ལྡན་དེ་ནི་ཁས་ལེན་མཆོག་ཏུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རོ། །རྒྱུའི་དོན་ནི། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་སྐྱེས་པ་ལས་ཡིན་ཏེ། དེ་ཡི་རྩ་བ་སྙིང་རྗེར་འདོད། །ཅེས་པ་ལྟར་རོ། །འབྲས་བུའི་དོན་ནི། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་རྣམ་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་སངས་རྒྱས་ཉིད་ཐོབ་པའོ། །ལས་ཀྱི་དོན་ནི། མཐར་ཐུག་གི་ཕན་པ་ངེས་པར་ལེགས་པ་དང༌། གནས་སྐབས་ཀྱི་བདེ་བ་མངོན་པར་མཐོ་བ་ལ་སྦྱོར་ཞིང༌། དེ་དག་གི་དཀའ་སྤྱད་ལ་ནམ་ཡང་སྐྱོ་བ་མེད་པའོ། །ལྡན་པའི་དོན་ནི། ངེས་པར་འབྱུང་བར་བྱ་བ་ལ་ཐེག་པ་ཐམས་ཅད་དང་མཐུན་པར་ཚོགས་གཉིས་ཀྱིས་ཉེ་བར་བརྟེན་པའི་ཡོན་ཏན་བྲལ་བ་དང་སྨིན་པའི་འབྲས་བུ་ཟད་མི་ཤེས་པ་དང་ལྡན་པའོ། །འཇུག་པའི་དོན་ནི། རགས་པ་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་དང༌། ཕྲ་བ་དོན་དམ་པ་ཆོས་ཉིད་ཀྱིས་ཐོབ་པའོ། །དེ་ལྟར་ཡང༌། རྒྱན་ལས། འདི་ནི་དེ་དངོས་འདོད་པ་ཁས་ལེན་དེ་ཡང་སྙིང་རྗེ་ལས་རིག་བྱ། །དེ་ལས་རྣམ་པ་ཀུན་མཁྱེན་ཕན་དང་བདེ་བྱེད་དཀའ་ལ་སྐྱོ་བ་མེད། །ངེས་པར་འབྱུང་ལ་ཐེག་པ་ཀུན་གྱིས་བརྟན་པའི་ཡོན་ཏན་རྟག་ཏུ་ལྡན། །བརྡ་དང་ཆོས་ཉིད་ཐོབ་པ་བློ་ལྡན་རྣམས་ཀྱི་སྐྱབས་འགྲོ་འདི་མཆོག་ཉིད། །ཅེས་པ་ལ་སོགས་པ་གསུངས་པས་ཤེས་པར་བྱའོ། །དེ་བས་ན་གནས་སྐབས་སུ་དཀོན་མཆོག་གི་ཡོན་ཏན་ཤེས་ནས་སྐྱབས་སུ་འགྲོ་བར་འདོད་པ་དང༌། མཐར་ཐུག་སྐྱབས་གནས་ཀྱི་གོ་འཕང་ཐོབ་པར་འདོད་པའི་བློ་དང་ལྡན་པ་དེ་དག་གིས་ནི་རྣམ་པར་དག་པའི་གཞུང་ལུགས་འདི་ལྟ་བུ་ལ་ཅི་ནས་ཀྱང་འཇུག་པར་བྱ་བ་ཉིད་དོ། །སྐྱབས་གསུམ་ཡོན་ཏན་ཤེས་ནས་དད་པ་ཡིས། །སྐྱབས་འགྲོ་བྱས་ཏེ་དོན་ཀུན་སྒྲུབ་ཕྱིར་དང༌། །སྐྱབས་གནས་མཐར་ཐུག་མྱུར་དུ་ཐོབ་བྱའི་ཕྱིར། །སྐྱབས་གསུམ་འགྲོ་ལ་གསལ་བར་བསྟན་པ་ཡིན། །ཞེས་ཀྱང་བྱ་སྟེ། འཐོབ་བྱ་མཆོག་གི་ཡན་ལག་རྒྱས་པར་བཤད་པའི་ངེས་པའོ། །ཞེས་གསུངས་སོ། །རྒྱས་པར་སྐྱབས་འགྲོའི་རྣམ་བཤད་བདག་གིས་སྔར་བྲིས་ཟིན་པ་ལས་ཤེས་པར་བྱའོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཉ་ཊཱིཀ་ལས། ཡོན་ཏན་གསུམ་ལྡན་ནི་ངོ་བོ་ཉིད་སྐུ། ཞེས་དང༌། ཡོན་ཏན་ཕྱི་མ་གསུམ་གཟུགས་སྐུའི་དབང་དུ་བྱས་པའོ། །ཞེས་གསུངས་པ་མི་འཐད་པར་ཐལ། ཞང་སྟོན་གྱི་རྒྱུད་བླའི་འགྲེལ་བ་ལས། འདིར་རང་དོན་གྱི་ཡོན་ཏན་གསུམ་ཆོས་སྐུ་དང༌། གཞན་དོན་གྱི་ཡོན་ཏན་གསུམ་གཟུགས་སྐུ་ལ་སྦྱོར་བ་ནི་བྱམས་པ་དང་ཐོགས་མེད་ཀྱི་དགོངས་པར་མི་གསལ་བས་སྤྱིར་མ་ཕྱེ་བའི་སངས་རྒྱས་ལ་ཡོན་ཏན་དྲུག་སྦྱར་བར་བྱའོ། །ཞེས་གསུངས་པའི་ཕྱིར་ཞེ་ན་དཔྱད། ཡང་རྒྱུད་བླ་མ་ལས། དང་པོ་གསུམ་གྱིས་རང་དོན་ཏེ། །ཕྱི་མ་གསུམ་གྱིས་གཞན་དོན་ཡིན། །ཞེས་འདུས་མ་བྱས་པའི་ཡོན་ཏན་སོགས་གསུམ་རང་དོན་ཡིན་ཚུལ་དང༌། མཁྱེན་པའི་ཡོན་ཏན་སོགས་གསུམ་ནི་གཞན་དོན་ཡིན་པའི་རྒྱུ་མཚན་དང༌། རྒྱུད་བླ་མ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དོ། །ཞེས་གསུངས་པའི་རྒྱུ་མཚན་དང༌། རྣམ་འགྲེལ་ལས། རྟོག་པའི་དྲ་བ་རྣམ་བསལ་ཞིང༌། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ། ཞེས་པའི་ཐད་དུ་བྲམ་ཟེའི་འགྲེལ་བཤད་ལས།ཕྱེད་སྔ་མས་ནི་རང་གི་དོན་ཕུན་སུམ་ཚོགས་པ་བརྗོད་ལ། ཕྱི་མས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །ཞེས་དང༌། རྣམ་འགྲེལ་འགྲེལ་བཤད་རིན་ཕྲེང་ལས། རྫོགས་པའི་སངས་རྒྱས་ལ་ཆོས་ཅན། རང་དོན་ཕུན་ཚོགས་མངའ་སྟེ། མཐར་ཕྱིན་པའི་སྐུ་གསུམ་བརྙེས་པས་སོ། །ཞེས་སོགས་གསུངས་པའི་རྒྱུ་མཚན་རྣམས་འགལ་མི་འགལ་དང་དེ་དག་གིས་བསྟན་པའི་རང་དོན་གཞན་དོན་འགལ་མི་འགལ་དཔྱད་པར་བྱའོ། །ཀུན་རྫོབ་གཟུགས་སྐུ་ལ་ངོ་བོ་ཉིད་སྐུའི་ཡོན་ཏན་དང་འདུས་མ་བྱས་པའི་ཡོན་ཏན་ལྡན་ཚུལ་སོགས་ལ་དཔྱད་པར་བྱའོ། །ཆོས་དཀོན་མཆོག་ལ་འགོག་ལམ་གང་རུང་གིས་ཁྱབ་ན་གསུང་རབ་ལུང་གི་ཆོས་དེ། ཆོས་དཀོན་མཆོག་མ་ཡིན་པར་འགྱུར་ལ། དེ་མི་རིགས་ཏེ། གསུང་རབ་ལུང་གི་ཆོས་གནས་སྐབས་སྐྱབས་ཡིན་ཀྱང་མཐར་ཐུག་གི་སྐྱབས་མ་ཡིན་པར་གསུངས་པའི་ཕྱིར་ཏེ། ལྷན་ཐབས་འོད་བརྒྱ་འབར་བ་ལས། ཆོས་དཀོན་མཆོག་ནི་ལུང་དང་རྟོགས་པ་གཉིས་ལས། དང་པོ་ནི། ཆོས་གསུང་རབ་མིང་ཚིག་ཡི་གེར་སྣང་བ་དང༌། ངག་ཏུ་བརྗོད་པ་རྣམས་ཡིན་ལ། ཞེས་དང༌། ཞང་སྟོན་རྒྱུད་བླའི་འགྲེལ་བ་ལས། ངེས་པའི་དོན་དུ་ན་ཆོས་དང་དགེ་འདུན་གཉིས་སྐྱབས་མ་ཡིན་ཏེ། ཆོས་ལ་ལུང་དང་རྟོགས་པ་གཉིས་ལས་ལུང་ནི་ལམ་མངོན་པར་རྟོགས་པ་ན་ཆུར་བརྒལ་ཟིན་གྱི་གཟིངས་བཞིན་དུ་ས་ལ་དོར་བར་བྱ་བ་ཡིན་པའི་ཕྱིར་རོ། །ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་ཉ་ཊཱིཀ་ལས། སངས་རྒྱས་མིན་པའི་དེའི་མཚན་ཉིད་ནི་རིག་གྲོལ་གྱི་ཡོན་ཏན་གྱི་འཕགས་པ་སློབ་པ་ཕྱིར་མི་ལྡོག་ཅེས་པའོ། །ཞེས་པ་ལྟར་སློབ་པ་ཐེག་ཆེན་དགེ་འདུན་དཀོན་མཆོག་ལ་ཕྱིར་མི་ལྡོག་གི་དགེ་འདུན་དགོས་ན་དབང་རྟུལ་མཐོང་ལམ་པ་སོགས་ཀྱིས་ངེས་མ་ངེས་དཔྱད་པར་བྱའོ། །ཡང་ཉ་ཊཱིཀ་ལས། དེ་གསུམ་རིག་པའོ། །ཞེས་པ་ནས། དམན་པའི་སྒྲིབ་པ་མེད་པ་སྟེ་དེ་གསུམ་གྲོལ་བའོ། །ཞེས་རིག་པའི་ཡོན་ཏན་གསུམ་དང་གྲོལ་བའི་ཡོན་ཏན་གསུམ་སྦྱར་བ་མི་འཐད་པར་ཐལ། དེ་ལྟར་རྒྱུད་བླ་ཐོགས་འགྲེལ་སོགས་རྒྱུད་བླའི་འགྲེལ་བ་ཚད་ལྡན་ན་མི་སྣང་བ་དང༌། གྲོལ་བ་གསུམ་གྱི་ནང་ནས་ཕྱི་མ་དམན་སྒྲིབ་ལས་གྲོལ་བ་ཞེས་རྒྱུད་བླ་རྩ་འགྲེལ་ན་མེད་པས་སོ། །ཞེ་ན་དཔྱད་པར་བྱའོ། །ཡང་ཉ་ཊཱིཀ་ལས། འདིར་ཐེག་དམན་གྱི་དགེ་འདུན་ནི་གཞན་ཕན་གྱི་བསམ་པ་མ་དག་པས་མཆོད་པའམ་སྐྱབས་ཀྱི་འོས་མིན་པས་མ་སྨོས་སོ། །ཞེས་གསུངས་པ་ལྟར་ཡིན་ན་ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་དུ་གྱུར་བའི་ཐེག་དམན་པ་ཡོད་ལ་དེ་ལ་ཐེག་ཆེན་པ་སྐྱབས་སུ་འགྲོ་མི་འགྲོ་དཔྱད་པར་བྱའོ། །ཡང་སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་པའི་དོན་ཉ་ཊཱིཀ་ལས། ཆོས་ལ་གཉིས་ཀྱི་ལུང་གི་ཆོས་ནི་ལམ་མངོན་པར་རྟོགས་པའི་མཐར་ཐུག་པ་ཙམ་ཡིན་པས་གཟིངས་ལྟ་བུ་སྟེ་རྟོགས་པའི་ཆོས་ཡིད་ལ་བྱེད་པ་ན་སྤང་བྱ་ཡིན་པའི་ཕྱིར་དང༌། རྟོགས་པའི་ཆོས་སློབ་པའི་ལམ་བདེན་ནི་བརྫུན་པ་བསླུ་བའི་ཆོས་ཅན་གྱི་ཕྱིར་དང༌། འགོག་བདེན་ནི་ཉན་ཐོས་ཀྱི་ཚུལ་གྱིས་ཉོན་མོངས་དང་སྡུག་བསྔལ་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་ལ་དེ་ལྟར་ན་མེད་དགག་ཙམ་ལས་དོན་ལ་མ་འདས་པས་མེད་པ་ནི་སྐྱབས་སུ་འོས་པ་མ་ཡིན་ནོ། །འདིས་རང་སྟོང་པའི་ལུགས་ཀྱི་འགོག་བདེན་མཐར་ཐུག་ཡང་སྐྱབས་མིན་པར་བསྟན་ནོ། །དགེ་འདུན་ཡང་འདིར་ཉན་རང་གི་ཐམས་ཅད་དང༌། ཐེག་ཆེན་སློབ་པ་སྟེ་དེ་ཡང་འཇིགས་པ་དང་བཅས་པ་འཇིགས་པ་དེ་ལས་ངེས་པར་འབྱུང་བ་ཚོལ་བ་དེ་པ་ལ་སྐྱབས་སུ་སོང་བ་སློབ་པ་བྱ་བ་དང་བཅས་པའོ། །ཞེས་པ་ནས། ཐུབ་པ་ནི་རྣམ་བྱང་གི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་གྱི་ཆོས་སྐུ་མངའ་བ་དང་ཐེག་པ་གསུམ་གྱི་ཚོགས་ཀྱང་ཆོས་སྐུ་རྣམ་དག་དེ་ཐོབ་པས་མཐར་ཕྱིན་པར་འགྱུར་བའི་ཕྱིར་རྟག་པའི་སྐྱབས་གཡུང་དྲུང་གི་སྐྱབས་དོན་དམ་པའི་སྐྱབས་ནི་གཅིག་ཉིད་དེ། འདི་ལྟ་སྟེ་དེ་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །འདི་རྒྱས་པར་དཔལ་ཕྲེང་གི་མདོ་བཞིན་རྟོགས་པར་བྱའོ་ཞེས་སོ། །འདིར་ལམ་བདེན་ནི་སློབ་ལམ་གྱི་དབང་དུ་བྱས་པ་སྟེ་ཐུབ་པ་ནི་རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་ཞེས་སོགས་བཤད་པས་སོ། །ཞེས་ལམ་བདེན་དང་དགེ་འདུན་སློབ་པ་ལ་སྦྱར་དགོས་པ་ནི་སངས་རྒྱས་སའི་ལམ་བདེན་གཏན་གྱི་སྐྱབས་ཡིན་པས་རྒྱུ་མཚན་གྱིས་ཡིན་ནམ་ཅི། ཡིན་ན་སངས་རྒྱས་ཀྱི་སའི་ལམ་བདེན་ཆོས་ཅན། གཏན་གྱི་སྐྱབས་མ་ཡིན་པར་ཐལ། བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར་ཏེ། འདུས་བྱས་ཡིན་པའི་ཕྱིར། ཁྱབ་སྟེ། ཞང་སྟོན་པའི་རྒྱུད་བླའི་འགྲེལ་བ་ལས། ལམ་ནི་འདུས་བྱས་ཡིན་པས་བརྫུན་པ་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཞེ་ན་འདིའི་སྐབས་ཀྱི་འགྲེལ་བ་དག་ལ་བརྟེན་ནས་ཞིབ་པར་དཔྱད་པར་བྱའོ། །

ད་ནི་སྐྱབས་སུ་འགྲོ་བའི་ཚུལ་ལ་ཅུང་ཟད་དཔྱད་པ།

ད་ནི་སྐྱབས་སུ་འགྲོ་བའི་ཚུལ་ལ་ཅུང་ཟད་དཔྱད་པ་ལ།

ཉ་ཊཱིཀ་ལས། སྤྱིར་ཐེག་པ་སྤྱིའི་ལུགས་ལ། མཚན་ཉིད་ནི། རང་རང་གི་སེམས་ཀྱིས་དམིགས་པའི་འཇིགས་པ་སྤང་བའི་ཕྱིར་དུ་དཀོན་མཆོག་གསུམ་ལ་བརྟེན་པར་ཁས་ལེན་པའི་རིག་བྱེད་དོ། །ཞེས་པ་ལྟར་སྐྱབས་འགྲོའི་མཚན་ཉིད་མི་འཐད་པར་ཐལ། སྐྱབས་འགྲོ་ལ་དཀོན་མཆོག་གསུམ་ལ་བརྟེན་པ་ཞིག་མི་དགོས་པ་གང་ཞིག ངག་གི་རྣམ་པ་རིག་བྱེད་མི་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། མདོ་སྡེ་རྒྱན་ས་འགྲེལ་ལས། ཐུན་མོང་གི་མཚན་ཉིད། ཞེས་པ་ནས། དང་པོ་ནི་འཇིགས་པས་ཉེན་ནས་དེ་ལས་གྲོལ་པར་འདོད་པས་རང་བས་ཡུལ་མཆོག་ཏུ་གྱུར་པ་ཞིག་ལ་བློ་གཏོད་ཅིང་སྐྱབས་གནས་སུ་ཁས་བླངས་ཏེ་བརྟེན་པར་དམ་བཅས་ནས་གསོལ་བ་འདེབས་པའོ། །ཞེས་གསུངས་པ་དང༌། སྐྱབས་གསུམ་ལས་སངས་རྒྱས་ཁོ་ན་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་ཡང་དཀོན་མཆོག་གསུམ་ལ་བརྟེན་པ་དེ་མ་ཡིན་པའི་ཕྱིར་རོ། །རྩ་རྟགས་གཉིས་པ་གྲུབ་སྟེ། དེ་ལ་སེམས་ཞིག་ཡོད་པའི་ཕྱིར་ཏེ། ཉ་ཊཱིཀ་ལས། ཐེག་ཆེན་སྐྱབས་འགྲོའི་མཚན་ཉིད། སེམས་ཅན་སྡུག་བསྔལ་ལས་སྒྲོལ་བར་བཞེད་པའི་སྙིང་རྗེས་བསླངས་ནས་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པས་དཀོན་མཆོག་ལ་སྐྱབས་སུ་ཁས་ལེན་པའི་སེམས་སམ་ངག་གི་རིག་བྱེད་གང་རུང་ངོ༌། །ཞེས་གསུངས་སོ། །ཉ་ཊཱིཀ་ལས།ཐེག་པ་སྤྱིའི་སྐྱབས་འགྲོའི་མཚན་ཉིད་ཀྱི་ཟུར་ངག་གི་རིག་བྱེད་ཅེས་སྨོས་པ་ནི། མཛོད་རང་འགྲེལ་ལས། སྐྱབས་སུ་འགྲོ་བ་རྣམས་ཀྱི་རང་བཞིན་ཅི་ཞེ་ན། ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་དག་ཡིན་ནོ། །ཞེས་པ་ལ་བརྟེན་པར་སྣང་ངོ༌། །གོང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་ལས། སྐྱབས་འགྲོའི་མཚན་ཉིད་དེ་ལྟར་བཞག་པ་མི་འཐད་པར་ཐལ། འཇིག་རྟེན་པའི་སྐྱབས་འགྲོ་སྐྱབས་འགྲོ་མ་ཡིན་པའི་ཕྱིར་ཏེ། ལྷན་ཐབས་འོད་བརྒྱ་འབར་བ་ལས།དེ་ལ་འཇིག་རྟེན་པའི་སྐྱབས་འགྲོ་རྣམས་ནི། སྐྱབས་འགྲོའི་མིང་ཅན་ཙམ་ལས་མཚན་ཉིད་པ་མ་ཡིན་ལ། དགེ་མི་དགེ་ལུང་མ་བསྟན་གསུམ་ཀ་ཡོད་དོ། །ཞེས་སོགས་གསུངས་སོ། །ཡང་གཞན་དུ་མི་སྨྲ་བ་མི་ཚང་བའི་སྐྱབས་འགྲོ་ཡོད་པར་ཐལ། གོང་གི་ཐེག་པ་སྤྱིའི་སྐྱབས་འགྲོའི་མཚན་ཉིད་དེ་ཚང་བ་ལ་གཞན་དུ་མི་སྨྲ་བ་ཚང་མི་དགོས་པའི་ཕྱིར་ཞེ་ན། དེ་མི་འཐད་པར་ཐལ། ལྷན་ཐབས་འོད་བརྒྱ་འབར་བ་ལས། དེས་ན་ཁྱད་པར་བཞི་ཆར་ཚང་བ་དགོས་སོ། །ཞེས་གསུངས་སོ། །སྟོན་པ་སངས་རྒྱས་དེ་ཕྱི་རོལ་བའི་སྟོན་པ་ཡིན་པར་ཐལ། དེ་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ཡིན་པའི་ཕྱིར་ཏེ། དཀོན་མཆོག་རྗེས་དྲན་གྱི་མདོ་དོན་བཤད་པ་ལས། ཁམས་གསུམ་དུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ཡིན་ཡང༌།ཞེས་གསུངས་སོ། །ཞེ་ན་མ་ཁྱབ་སྟེ། དེ་གཉིས་ཁས་ལེན་མི་འདྲ་བའོ། །ཡང་མཛོད་ལས།སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང༌། །ཞེས་དང༌། དེའི་རང་འགྲེལ་ལས། གཟུགས་ཀྱི་སྐུ་ནི་སངས་རྒྱས་མ་ཡིན་ཏེ། སྔ་མ་དང་ཕྱི་མ་གཉིས་ལ་ཁྱད་པར་མེད་པའི་ཕྱིར། ཞེས་དང༌། ཉ་ཊཱིཀ་ལས། བྱེ་བྲག་སྨྲ་བ་ནི་སྐྱབས་ཡུལ་སངས་རྒྱས་ནི་མི་སློབ་པ་ཟད་མི་སྐྱེ་ཤེས་འཁོར་བཅས་ཏེ་གཟུགས་སྐུ་ནི་སྐྱབས་མིན་ཏེ་སོ་སྐྱེའི་སྐབས་དང་ཁྱད་མེད་པས་སོ། །ཞེས་བྱེ་བྲག་སྨྲ་བའི་ལུགས་ལ་གཟུགས་སྐུ་སྐྱབས་མ་ཡིན་པར་བཤད་པ་མི་འཐད་པར་ཐལ། མཛོད་རང་འགྲེལ་ལས། དེའི་ཕྱིར་རྟེན་སངས་རྒྱས་ཉིད་དུ་མ་བཀག་པས། ཞེས་གསུངས་པའི་ཕྱིར་ཞེ་ན་མ་ཁྱབ་སྟེ། ལུང་དེའི་དོན་ནི་སངས་རྒྱས་ཀྱི་ཟག་མེད་ཀྱི་སྡོམ་པ་ལྟ་བུའི་ཟག་མེད་ཀྱི་གཟུགས་སུ་གྱུར་བའི་ལམ་བདེན་དེ་སངས་རྒྱས་ཡིན་པའི་དོན་ཡིན་པར་སྣང་ངོ༌། །ཞང་སྟོན་རྒྱུད་བླའི་འགྲེལ་བ་ལས། གཉིས་པ་ངོ་བོ་ནི།དཀོན་མཆོག་གསུམ་ལ་འབྲས་བུ་དང་རྒྱུར་དམ་འཆའ་བ་སྟེ། དེའང་གཞན་རྒྱུད་ལ་གྲུབ་ཟིན་གྱི་དཀོན་མཆོག་ལ་སྟོན་པ་དང་ལམ་དང་གྲོགས་ཀྱི་རྒྱུར་འཛིན་པ་རྒྱུའི་དང༌། རང་ལ་འབྱུང་འགྱུར་ལ་འབྲས་བུར་འཛིན་པ་འབྲས་བུའི་སྐྱབས་འགྲོའོ། །ཞེས་པ་དེ་གཉིས་ལ་སྐྱབས་འགྲོའི་མཚན་ཉིད་ཚང་མ་ཚང་དཔྱད་པར་བྱའོ། །ཡང་སངས་རྒྱས་འཕགས་པའི་རྒྱུད་ལ་སྐྱབས་འགྲོ་ཡོད་མེད་དཔྱད་པར་བྱའོ། །

བཞི་བ་སྒྲུབ་པ་ཕུན་ཚོགས་ཀྱི་རྒྱུ་ལ་གདམས་པ།

བཞི་བ་སྒྲུབ་པ་ཕུན་ཚོགས་ཀྱི་རྒྱུ་ལ་གདམས་པ་ལ།

སྒྲུབ་པའི་གེགས་སེལ་གྱི་ཆོས། སྒྲུབ་པ་ལ་གཞན་དྲིང་མི་འཇོག་པའི་རྒྱུ་སྤྱན་ལྔ། དོན་གཉིས་ཕུན་སུམ་ཚོགས་པའི་རྒྱུ་མངོན་ཤེས་དྲུག སྤང་བྱ་ཐམས་ཅད་སྤོང་བའི་རྒྱུ་ལམ་ལ་གདམས་པ་དང་བཞི། དང་པོ་ནི། ཉ་ཊཱིཀ་ལས། བྱ་བ་ངན་ཞེན་གྱི་ལེ་ལོ་སྤོང་བྱེད་མ་ཞེན་པར། སྒྱིད་ལུག་པའི་ལེ་ལོ་སྤོང་བྱེད་མི་ངལ་བར། བདག་ཉིད་བརྙས་ནས་ཞུམ་པའི་གཉེན་པོར་ལམ་ཡོངས་སུ་འཛིན་པར་གདམས་པའོ། །སྤྱོད་འཇུག་ཏུ། ལེ་ལོ་ངན་ལ་ཞེན་པ་དང༌། །སྒྱིད་ལུག་བདག་ཉིད་བརྙས་པའོ། །ཞེས་པ་ལྟར་རོ། །ཞེས་གསུངས་ལ། ཡུམ་ལས། བྱང་ཆེན་གང་ཚེ་ལུས་མི་དམིགས་པ་དང་ངག་མི་དམིགས་པ་དང་སེམས་མི་དམིགས་པ་དང༌། ཞེས་སོགས་ཀྱིས་བྱ་བ་ངན་པ་ལ་ཞེན་པའི་ལེ་ལོའི་ཞེན་ཡུལ་ལུས་ངག་ཡིད་གསུམ་དོན་དམ་པར་ངོ་བོ་ཉིད་མེད་པར་དངོས་སུ་གདམས་ནས་ཤུགས་ལ་ལུས་ངག་ཡིད་གསུམ་དང་དེའི་བྱ་བ་མངའ་ཐང་སྟོབས་འབྱོར་ལ་སོགས་པ་དང་བཅས་པ་བདེན་གྲུབ་ཏུ་བཟུང་བའི་རྒྱུ་ལས་བྱ་བ་ངན་པ་ལ་ཞེན་ནས་དེ་ལ་སྤྲོ་བའི་ལེ་ལོ་སྐྱེ་བ་ཡིན་པ་ལ་ལེ་ལོའི་ཡུལ་དེ་དག་དོན་དམ་པར་མེད་པར་རྟོགས་པའི་སྒོ་ནས་བྱ་བ་ངན་པ་ལ་ཞེན་ནས་སྤྲོ་བའི་ལེ་ལོ་སྤངས་ཏེ་མ་ཞེན་པའི་སྒོ་ནས་ཐེག་ཆེན་གྱི་སྒྲུབ་པ་ཉམས་སུ་ལེན་པ་ལ་སྤྲོ་བའི་བརྩོན་འགྲུས་བསྐྱེད་དེ་སྒྲུབ་པར་གྱིས་ཤིག་ཅེས་གདམས་པའོ། །ཡུམ་ལས། བྱང་ཆེན་གཟུགས་སུ་མི་རློམ། ཚོར་བར་མི་རློམ། ཞེས་སོགས་ཀྱིས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་གང་ལའང་བདེན་པར་རློམ་པ་སྟེ་འཛིན་བྱ་མེད་པར་དངོས་སུ་གདམས་ནས་ཤུགས་ལ་བསྒྲུབ་བྱ་རྣམ་མཁྱེན་དང་སྒྲུབ་བྱེད་ལམ་དང་ལམ་གྱི་གྲངས་དང་སྒྲུབ་དུས་ཀྱི་ཡུན་ཚད་སོགས་བདེན་གྲུབ་ཏུ་བཟུང་ནས་ལམ་གྲངས་མང་བ་ལ་སོགས་པ་དེ་ལྟ་བུ་སྒྲུབ་མི་ནུས་སྙམ་དུ་སྒྱིད་ལུག་པ་སྟེ་སེམས་ཀྱི་སྟོབས་ཞུམ་ནས་སྒྲུབ་པ་ལ་མི་སྤྲོ་བ་ཡིན་པས་སྒྱིད་ལུག་དགོས་པའི་ཡུལ་གང་ཡང་བདེན་མེད་དུ་རྟོགས་པར་བྱས་ཏེ། སྒྱིད་ལུག་པའི་ལེ་ལོ་མེད་པའི་སྒོ་ནས་སྒྲུབ་པ་ཉམས་ལེན་ལ་སྤྲོ་བའི་བརྩོན་འགྲུས་ཀྱིས་ལམ་སྒྲུབས་ཤིག་ཅེས་གདམས་པའོ། །ཡུམ་ལས། བྱང་ཆེན་ཡེ་ཤེས་གང་དང་ལྡན་པས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ། ཞེས་སོགས་ཀྱིས་གདམས་ངག་ཞུ་བའི་ཡུལ་ཕྱོགས་བཅུའི་སངས་རྒྱས་དང༌། གདམས་ངག་གི་ཆོས་མཐའ་ཡས་པ་དང༌། ཞུ་བ་པོ་རང་ཉིད་ལ་སོགས་པ་དོན་དམ་པར་རང་བཞིན་གྱིས་མ་སྐྱེས་པ་ཡིན་པར་དངོས་སུ་གདམས་ནས། ཤུགས་ལ་ཐེག་ཆེན་སྒྲུབ་པ་ནི་ཕྱོགས་བཅུའི་སངས་རྒྱས་གྲངས་མེད་པ་ལ་གདམས་ངག་ཞུ་དགོས་པ་དང༌། གདམས་ངག་ཀྱང་མཐའ་ཡས་པ་ཞུ་དགོས་ན་བདག་གིས་མི་ནུས་སྙམ་དུ་བདག་ཉིད་ལ་བརྙས་ནས་ཐེག་ཆེན་སྒྲུབ་པ་ལ་མི་སྤྲོ་ཞིང༌། དེ་ལས་ཐེག་དམན་དུ་ཞུགས་ན་འཁོར་བ་ལས་ཐར་རོ་སྙམ་པ་ནི་ཡུལ་ཕྱོགས་བཅུའི་སངས་རྒྱས་སོགས་བདེན་པར་འཛིན་པའི་རྒྱུ་ལས་བྱུང་བ་ཡིན་པས་གདམས་ངག་ཞུ་ཡུལ་སོགས་ཐམས་ཅད་བདེན་མེད་དུ་རྟོགས་པར་གྱིས་ལ། བདག་གིས་དེ་དག་བསྒྲུབ་མི་ནུས་སྙམ་པ་སྤངས་ཏེ་བདག་གིས་སྒྲུབ་ནུས་པའི་སྙིང་སྟོབས་ཀྱི་སྒོ་ནས་ཐེག་ཆེན་སྒྲུབ་པ་ལ་སྤྲོ་བའི་བརྩོན་འགྲུས་ཀྱིས་སྒྲུབ་ལ་བརྩོན་པར་གྱིས་ཤིག་ཅེས་གདམས་པའོ། །གཉིས་པ་སྒྲུབ་པ་ལ་གཞན་དྲིང་མི་འཇོག་པའི་རྒྱུ་སྤྱན་ལྔ་བཤད་པ་ལ། སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ལ་སྤྱན་གྱི་རྒྱུུ་དང༌། མཚན་ཉིད། དབྱེ་བ། ས་མཚམས། འབྲས་བུ་བཤད་པ་དང་ལྔ། དང་པོ་ནི། ཉ་ཊཱིཀ་ལས། ཐེག་ཆེན་གྱི་སྤྱན་ལྔའི་རྒྱུ་ནི་ཕྱིན་དྲུག་སྟེ། བྱང་ཆེན་པོ་མིག་ལྔ་ཡོངས་སུ་སྦྱང་བར་འདོད་པ་དང་ཐོབ་པར་འདོད་པས་ཕར་ཕྱིན་དྲུག་ལ་བརྩོན་པར་བྱའོ། །ཞེས་དང༌། མདོ་རྒྱན་བཤད་སྦྱར་དུ།ཤའི་སྤྱན་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་རྐང་བ་བསྒོམས་པས་ཞེས་པ་ལྟར་རོ། ། གཉིས་པ་སྤྱན་གྱི་མཚན་ཉིད་ནི། རང་རྒྱུ་ཕྱིན་དྲུག་དང་བདག་རྐྱེན་རྫུ་འཕྲུལ་རྐང་བ་བསྒོམས་པ་ལ་བརྟེན་ནས་རང་ཡུལ་ཇི་བཞིན་མཐོང་བའི་མཁྱེན་པ། ཐེག་ཆེན་གྱི་སྤྱན་གྱི་མཚན་ཉིད། རང་རྒྱུ་ཕྱིན་དྲུག་དང་བདག་རྐྱེན་རྫུ་འཕྲུལ་རྐང་བ་བསྒོམས་པ་ལ་བརྟེན་ནས་རང་ཡུལ་ཇི་བཞིན་མཐོང་བའི་ཐེག་ཆེན་གྱི་མཁྱེན་པ་ཡིན་ཏེ། ཉ་ཊཱིཀ་ལས། ཐེག་ཆེན་གྱི་དེའི་མཚན་ཉིད་ནི། རང་གི་བདག་རྐྱེན་རྫུ་འཕྲུལ་རྐང་བའམ་གཟུང་འཛིན་བདེན་པའི་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་བསྒོམ་པ་ལས་རང་ཡུལ་ཇི་བཞིན་མཐོང་བའི་མིག་གོ །ཞེས་གསུངས་སོ། །གསུམ་པ་སྤྱན་གྱི་དབྱེ་བ་ལ། ཤའི་སྤྱན། ལྷའི་སྤྱན། ཤེས་རབ་ཀྱི་སྤྱན། ཆོས་ཀྱི་སྤྱན། སངས་རྒྱས་ཀྱི་སྤྱན་དང་ལྔའོ། །དེ་དག་གི་མཚན་ཉིད་ལས། དང་པོ་ཤའི་སྤྱན་གྱི་མཚན་ཉིད་ནི། རང་རྒྱུ་ཐེག་ཆེན་གྱི་ཕྱིན་དྲུག་དང་ཐེག་ཆེན་གྱི་རྫུ་འཕྲུལ་གྱི་རྐང་བ་སྒོམ་པ་ལ་བརྟེན་ནས་རང་གི་བདག་རྐྱེན་མིག་དབང་ཁྱད་པར་ཅན་གྱི་བདག་རྐྱེན་བྱས་པའི་རང་ཡུལ་དཔག་ཚད་བརྒྱ་སོགས་ཀྱི་གཟུགས་ཕྲ་རགས་ཐམས་ཅད་མཐོང་བའི་སྤྱན་དེ་ཡིན་ཏེ།ཉ་ཊཱིཀ་ལས། བྱང་སེའི་ཤའི་སྤྱན་ནི་དངོས་པོ་སོ་སོར་ངེས་པ་དཔག་ཚད་བརྒྱ་ནས། སྟོང་གསུམ་ཚུན་ཆད་ཀྱི་གཟུགས་ཤིན་ཏུ་ཕྲ་བ་ཡང་མཐོང་བས་དེའི་ཡུལ་ཅན་ནོ། །ཞེས་སོ། ། གཉིས་པ་ལྷའི་སྤྱན་གྱི་མཚན་ཉིད་ནི། རང་རྒྱུ་ཐེག་ཆེན་གྱི་ཕྱིན་དྲུག་དང་ཐེག་ཆེན་གྱི་རྫུ་འཕྲུལ་གྱི་རྐང་བ་སྒོམ་པ་ལ་བརྟེན་ནས་སེམས་ཅན་མཐའ་ཡས་པའི་སྐྱེ་བ་དང་འཆི་འཕོ་བ་རབ་ཏུ་ཤེས་པའི་སྤྱན་དེ་ཡིན་ཏེ། ཉ་ཊཱིཀ་ལས། སྔོན་གྱི་དགེ་བའི་རྣམ་པར་སྨིན་པ་ལས་བྱུང་བའི་བྱང་སེའི་ལྷའི་སྤྱན་ནི། སེམས་ཅན་ཐམས་ཅད་ཀྱི་སྟེ་མཐའ་ཡས་པ་མང་པོ་གང་ནས་འཆི་འཕོ་བ་དང་གང་དུ་སྐྱེ་བ་རབ་ཏུ་ཤེས་པ་སྟེ། ཞེས་སོ། །གསུམ་པ་ཤེས་རབ་ཀྱི་སྤྱན་གྱི་མཚན་ཉིད་ནི། རང་རྒྱུ་ཐེག་ཆེན་གྱི་ཕྱིན་དྲུག་དང་ཐེག་ཆེན་གྱི་རྫུ་འཕྲུལ་གྱི་རྐང་བ་སྒོམ་པ་ལ་བརྟེན་ནས་འདུས་བྱས་འདུས་མ་བྱས་སོགས་ལ་ཅིར་ཡང་མི་རྟོག་པའི་སྒོ་ནས་དེ་དག་ཅི་རིགས་ཤེས་པའི་ཐེག་ཆེན་འཕགས་པའི་སྤྱན་དེ་ཡིན་ཏེ། ཉ་ཊཱིཀ་ལས། བྱང་སེའི་ཤེས་རབ་ཀྱི་སྤྱན་ནི། འདུས་བྱས་མ་བྱས་དགེ་མི་དགེ་ཟག་པ་དང་བཅས་མ་བཅས་ཀྱི་བར་གྱི་ཆོས་ཐམས་ཅད་ལ་ཅིར་ཡང་རྣམ་པར་མི་རྟོག་པའི་སྒོ་ནས་དེ་ཐམས་ཅད་ཤེས་པ་སྟེ། ཞེས་སོ། ། བཞི་བ་ཆོས་སྤྱན་གྱི་མཚན་ཉིད་ནི། རང་རྒྱུ་ཐེག་ཆེན་གྱི་ཕྱིན་དྲུག་དང་ཐེག་ཆེན་གྱི་རྫུ་འཕྲུལ་གྱི་རྐང་བ་བསྒོམས་པ་ལ་བརྟེན་ནས་སྐྱེ་འཕགས་ཀྱི་དབང་པོའི་རིམ་པ་སོགས་ཅི་རིགས་རྟོགས་པའི་ཐེག་ཆེན་འཕགས་པའི་སྤྱན་དེ་ཡིན་ཏེ། ཉ་ཊཱིཀ་ལས། བྱང་སེའི་ཆོས་ཀྱི་སྤྱན་ནི། འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་པའི་ཡུལ་ཅན་ཏེ། ཞེས་སོགས་སོ། །ལྔ་བ་རང་རྒྱུ་ཐེག་ཆེན་གྱི་ཕྱིན་དྲུག་དང་ཐེག་ཆེན་གྱི་རྫུ་འཕྲུལ་གྱི་རྐང་བ་སྒོམ་པ་ལ་བརྟེན་ནས་ཆོས་ཐམས་ཅད་ཅིག་ཆར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཐར་ཐུག་གི་སྤྱན་དེ། སངས་རྒྱས་ཀྱི་སྤྱན་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། སངས་རྒྱས་ཀྱི་སྤྱན་ནི། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡུལ་ཅན།ཞེས་སོ། །

བཞི་པ་ས་མཚམས་ནི།

ཉ་ཊཱིཀ་ལས། ས་མཚམས་ནི། དང་པོ་ཚོགས་ལམ་ནས་གཉིས་པ་རྣམ་སྨིན་ལས་བྱུང་བ་ནི་ལྷ་རྣམས་ལ་ཡོད་པས་ལྷར་སྐྱེས་པའི་སྦྱོར་ལམ་པ་ལ་ཡང་ཡོད་དམ་སྙམ། ཞེས་གསུངས་སོ། །སྒོམ་བྱུང་ནི་རྣལ་འབྱོར་པས་ཏིང་ངེ་འཛིན་བསྒོམས་པས་ཐོབ་ཅེས་བློ་བརྟན་ཏེ་བོད་དག་སྦྱོར་ལམ་ནས་བཤད་དོ། །གསུམ་པ་མཐོང་ལམ་མཉམ་བཞག་ནས། བཞི་བ་མཐོང་ལམ་རྗེས་ཐོབ་ནས་སོ། །བློ་བརྟན་གྱིས་ལྔ་བ་ཉན་རང་དགྲ་བཅོམ་དང་སངས་རྒྱས་ལ་བཤད་དོ། །ཡང་ན་རྡོར་ཏིང་ནའོ། །ཐུབ་དགོངས་སུ། དང་པོའི་བག་ཙམ་སྲོག་ཆགས་ཕལ་ཆེར་ལ། །གསུམ་པའི་བག་ཙམ་རྒྱུན་ཞུགས་འབྲས་ཞུགས་ལ། །བཞི་བའི་བག་ཙམ་དགྲ་བཅོམ་པ་ལ་ཡོད། །ཅེས་སོ། །འབུམ་ཊཱིཀ་ཏུ། སངས་རྒྱས་ཀྱི་སྤྱན་གྱི་ཡོན་ཏན་དེ་ལྟ་བུ་བྱང་པའི་ས་བཅུ་ལ་ཡོངས་སུ་སྦྱངས་པའི་རྒྱུས་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་སྤྱན་ཞེས་བྱའོ། །ཞེས་སོ། །ལྔ་བའི་ངོ་བོ་ཙམ་ས་བདུན་པ་ནས་ཁས་ལེན་དགོས་ཏེ། བདུན་པའི་ཡོངས་སྦྱོང་དུ་སངས་རྒྱས་ཀྱི་སྤྱན་ཐོབ་ཅེས་ཉ་ཊཱིཀ་ལས་སོ། །འོན་ཀྱང་ས་མཚམས་དེ་དག་ལ་ཞིབ་ཆ་ཅུང་ཟད་དགོས་སོ། །སློབ་ལམ་ལ་སངས་རྒྱས་ཀྱི་སྤྱན་ཡོད་པ་ལྟ་བུར་གསུངས་པ་ནི་རྗེས་མཐུན་པ་དང་དོད་ཙམ་ཡོད་པ་ལ་དགོངས་པ་ཡིན་ནམ་སྙམ་མོ། ། ལྔ་བ་འབྲས་བུ་ནི། བསྒྲུབ་པ་ལ་གཞན་དྲིང་མི་འཇོག་ཅིང་འཚང་རྒྱ་བ་སྟེ། མིག་ལྔ་བོ་དེ་དག་ལ་བསླབས་པའི་བྱང་ཆེན་པོ་རྣམས་ནི་བླ་མེད་རྫོགས་བྱང་དུ་མངོན་འཚང་རྒྱའོ་ཞེས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

སྤྱན་ལ་མིག་ཞིག་དགོས་པར་ཐལ། ཉ་ཊཱིཀ་ལས་སྤྱན་གྱི་མཚན་ཉིད་ཀྱི་ཟུར་ལ། རང་ཡུལ་ཇི་བཞིན་མཐོང་བའི་མིག་གོ ཞེས་གསུངས་པའི་ཕྱིར་ཞེ་ན་དེ་ལ་འདོད་མི་ནུས་ཏེ། ཡུམ་གསུམ་གནོད་འཇོམས་ལས། གཟུགས་ཐམས་ཅད་ལ་འཇུག་པའི་ཤེས་པ་ནི་ཤའི་མིག་གོ །ཞེས་དང༌། མཐོང་དོན་ལས། མིག་གི་སྒྲ་ནི། ཨཀྵ་ཞེས་བྱ་བའི་སྒྲ་ལས་དྲངས་ན། དབང་པོ་ཐམས་ཅད་ལའང་འཇུག་པས་གཟུགས་ཀྱི་རྣམ་ཆ་མཐོང་བའི་རྟེན་ཁོ་ན་ལ་མི་བཟུང༌། ཞེས་གསུངས་པའི་ཕྱིར། ཡང་ཉ་ཊཱིཀ་ལས།ངོ་བོ་གཅིག་པའང་ཡོད་དེ། སངས་རྒྱས་ཀྱི་ས་ནའོ། །དེར་མ་ཟད་དག་ས་ནའང་ངོ་བོ་གཅིག་ལ་འདིར་དང་པོ་ཡུལ་ངེས་པ་བཤད་པ་ནི་མ་དག་ས་པའམ། སོ་སྐྱེའི་ལ་དགོངས་སོ། །མ་དག་སའི་སྐབས་སུ་ཕལ་ཆེར་ངོ་བོ་ཐ་དད་དེ་ཡུལ་དང་ས་མཚམས་ཐ་དད་པས་སོ། །ཞེས་དག་ས་སོགས་ན་ངོ་བོ་གཅིག་འཇོག་ཚུལ་དང༌། ཐུབ་པ་དགོངས་རྒྱན་ལས། དབང་པོའི་བློ་སྔོན་གྱི་རྗེས་སུ་འབྲང་བ་རྣམ་པར་བཞག་གོ །ཞེས་སངས་རྒྱས་ཀྱི་ས་ན་རྫས་རྒྱུན་གྱི་སྒོ་ནས་སྤྱན་ལྔ་འཇོག་ཚུལ་རྣམས་ལ་དཔྱད་པར་བྱའོ། །ཡུམ་གསུམ་གནོད་འཇོམས་ལས། གནས་དང་གནས་མ་ཡིན་པ་མཁྱེན་པ་མ་གཏོགས་པའི་ཤེས་པ་དགུ་བོ་དག་ནི་ཆོས་ཀྱི་མིག་གོ །ཞེས་ཆོས་ཀྱི་སྤྱན་ལ་གནས་དང་གནས་མ་ཡིན་པ་མཁྱེན་པ་མི་བཞག་པའི་རྒྱུ་མཚན་གང་ཡིན་དཔྱད་པའི་གནས་སོ། །ཡང་ལྷའི་མིག་གིས་དཔག་ཚད་བརྒྱ་སོགས་ཀྱི་གཟུགས་ཕྲ་རགས་ཐམས་ཅད་མཐོང་བ་མི་འཐད་པར་ཐལ། གཟུངས་རྒྱལ་གྱི་མདོ་ལས། སེམས་ཅན་གང་དག་སྣང་བར་གྱུར་པ་དག་དང༌། ཞེས་པ་ནས། བྱང་ཆུབ་སེམས་དཔའ་དེ་དག་གིས་མིན་པ་དེ་དག་ཀྱང་དེ་བཞིན་གཤེགས་པའི་ལྷའི་མིག་ལ་སྣང་བར་འགྱུར་རོ། །ཡང་ཤིང་རྟའི་འཕང་ལོ་ཙམ་གྱི་ཕྱོགས་ན་སྣང་བར་མ་གྱུར་པའི་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ལ་སྣང་བར་གྱུར་པ་དེ་དག་ནི་ཆེས་མང་གི་སྟོང་གསུམ་གྱི་སྟོང་ཆེན་པོའོ་འཇིག་རྟེན་གྱི་ལྷ་དང་མི་རྣམས་ནི་དེ་ལྟ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་ཉ་ཊཱིཀ་ལས། དེ་ཡང་བྱང་སེ་སོ་སྐྱེའམ་དབང་བོ་ལྔ་གནས་མ་གྱུར་གྱི་བར་རོ། །ཞེས་གནས་མ་གྱུར་བར་ཡུལ་སོར་སོར་ངེས་པར་གསུངས་པ་དང༌། དེ་ལས། བྱང་སེའི་ཤའི་སྤྱན་ནི་དངོས་པོ་སོ་སོར་ངེས་པ་དཔག་ཚད་བརྒྱ་ནས། སྟོང་གསུམ་ཚུན་ཆད་ཀྱི་གཟུགས་ཤིན་ཏུ་ཕྲ་བ་ཡང་མཐོང་བས་དེའི་ཡུལ་ཅན་ནོ། །ཞེས་བྱང་སེམས་ཀྱི་ཤའི་སྤྱན་གྱི་སྟོང་གསུམ་ཚུན་ཆད་ལས་མི་མཐོང་བར་གསུངས་པ་དང༌། མདོ་ལས། ལྷའི་མིག་ཡོངས་སུ་དག་པ་དེ་ཉིད་ཀྱིས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་གསུངས་པ་དང༌། ཉ་ཊཱིཀ་མཆན་ལས། ཨཱརྱས། མིག་འདི་གཉིས་ཀྱི་ཁྱད་པར་ནི་འདི་ཡིན་ཏེ། སྤྱན་ལྔས་བསྡུས་པའི་ལྷའི་སྤྱན་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་ལས་བྱུང་བ་ཡིན་ལ། མངོན་པར་ཤེས་པས་བསྡུས་པ་འདི་ནི་བསམ་གཏན་མངོན་པར་འདུས་བྱས་པ་ལས་བྱུང་བ་ཡིན་ནོ་ཞེས་བཤད་མོད། ལྷའི་མིག་གི་མངོན་ཤེས་ཡང་མར་མེ་ཕུལ་བའི་རྣམ་སྨིན་དུ་སྔར་ལུང་དྲངས་པས་ལྡོག་པའི་ཆ་ཤས་ཀྱིས་བཞག་པར་མངོན་ནོ། །ཞེས་དང༌། མདོ་ལུགས་མ་ལས། ཉི་ཁྲི་སྣང་བར། སྤྱན་ལྔའི་ལྷའི་སྤྱན་ནི་རྣམ་པར་སྨིན་པ་ལས་བྱུང༌། མངོན་ཤེས་ཀྱི་ལྷའི་སྦྱན་ནི། བསམ་གཏན་འདུས་བྱས་པ་ལས་བྱུང་ཞེས་ཟེར་ཏེ། སྐད་ཅིག་མ་ཡི་སྦྱོར་བའི་སྐབས་ཀྱི་མདོ་ཉིད་ལས། བྱང་ཆུབ་སེམས་དཔའི་ལྷའི་མིག་རྣམ་པར་སྨིན་པ་ལས་བྱུང་བ་གང་གིས་ཞེས་དང༌། རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་རྣམས་ཞེས་པ་ལན་གཉིས་དང༌། འཕྲིན་ལས་ཀྱི་སྐབས་ལས་ཀྱང༌། བྱང་ཆུབ་སེམས་དཔའ་རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་དྲུག་ལ་སྤྱོད་པ། ཞེས་དང༌། བྱང་ཆུབ་སེམས་དཔའ་དེ་རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་དེ་དག་ལ་གནས་ནས། ཞེས་གསུངས་པ་རྣམས་དང་འགལ་བའི་བཤད་པར་སྣང་ངོ༌། །དེས་ན་དེ་དག་གི་ཁྱད་པར་ནི། ལྷའི་སྤྱན་ཞེས་པས་མིང་གཅིག་ཀྱང་སྤྱན་དང་མངོན་ཤེས་ཡིན་མིན་ལས་ཐ་དད་དུ་གཟུང་བར་བྱའོ། །ཞེས་གསུངས་པ་སོགས་ལ་གོང་འོག་བསྒྲིགས་ནས་ཞིབ་པར་དཔྱད་པར་བྱའོ། །ཡུམ་གསུམ་གནོད་འཇོམས་ལས། གཟུགས་ཐམས་ཅད་ལ་འཇུག་པའི་ཤེས་པ་ནི་ཤའི་མིག་གོ །ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ཤེས་པ་ནི་ལྷའི་སྤྱན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་སྤྱན། གནས་དང་གནས་མ་ཡིན་པ་མཁྱེན་པ་མ་གཏོགས་པའི་ཤེས་པ་དགུ་བོ་དག་ནི་ཆོས་ཀྱི་མིག་གོ །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ནི་སངས་རྒྱས་ཀྱི་མིག་ཡིན་ནོ་ཞེས་གསུངས་པ་ནི་སངས་རྒྱས་ཀྱི་སྤྱན་གྱི་དབང་དུ་བྱས་པ་ཡིན་ནམ་སྤྱིར་བཤད་པ་ཡིན་ནམ་བརྟག་པར་བྱའོ། །ཡང་ལྷའི་སྤྱན་གྱི་ཡུལ་ལ་རྒྱན་གྱི་ས་འགྲེལ་ལས། བསམ་གཏན་བཞི་བསྒོམས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཡོད་པའི་དུས་གསུམ་གྱི་གཟུགས་ཕྲ་རགས་ཐམས་ཅད་མཐོང་བ་ལྷའི་སྤྱན་དང༌། ཞེས་སོ། །ཡང་བཤད་ཚུལ་གྱི་རྣམ་གྲངས་ལ་གསུམ་འགྲེལ་༡༢༦དུ། ཏིང་ངེ་འཛིན་དང་གཟུགས་ཐམས་ཅད་ལ་འཇུག་པའི་ཤེས་པ་ནི་ཤའི་མིག་གོ །ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ཤེས་པ་ནི་ལྷའི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཤེས་རབ་ཀྱི། གནས་དང་གནས་མ་ཡིན་པ་མཁྱེན་པ་མ་གཏོགས་པའི་ཤེས་པ་དགུ་བོ་དག་ནི་ཆོས་ཀྱི་མིག་གོ །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ནི་སངས་རྒྱས་ཀྱི་མིག་ཡིན་ནོ་ཞེས་སོ། །ཞེས་དང༌། མདོ་རྒྱན་འགྲེལ་ཆེན་དུ། སྤྱན་རྣམ་པ་ལྔ་རྣམ་པ་བཞིར་བཞག་སྟེ། གཟུགས་མཐོང་བ་དང༌། དོན་དམ་པ་མཐོང་བ་དང༌། ཀུན་རྫོབ་ཀྱི་ཆོས་མཐོང་བ་དང༌། ཤེས་བྱ་ཐམས་ཅད་ཁོང་དུ་ཆུད་པའོ། །དེ་ལ་གཟུགས་མཐོང་བ་རྣམ་པ་གཉིས་ཏེ། ལས་ཀྱི་རྣམ་སྨིན་ལས་བྱུང་བ་དང་བསམ་གཏན་གྱི་འབྲས་བུའོ། །ལས་ཀྱི་རྣམ་པར་སྨིན་པ་ལས་གྲུབ་པའི་མིག་ལ་ནི་ཕྲུལ་གྱི་སྤྱན་ཞེས་བྱ་སྟེ། གང་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་གཅིག་གི་ནང་ན་ཡོད་པའི་གཟུགས་ཀུན་མཐོང་བའོ། །བསམ་གཏན་གྱི་འབྲས་བུ་ནི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་བསྒྲུབ་པ་ལས་ཐོབ་སྟེ་གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཡོད་པའི་གཟུགས་ཀུན་མཐོང་བ་སྟེ། དེ་ལ་ཡང་འཕྲུལ་གྱི་སྤྱན་ཞེས་བྱའོ། །གང་གིས་དོན་དམ་པ་གང་འགག་པ་མེད་པའི་ཆོས་མཐོང་བ་ལ་ནི་ཤེས་རབ་ཀྱི་སྤྱན་ཞེས་བྱའོ། །གང་གིས་ཀུན་རྫོབ་ཀྱི་ཆོས་མཐོང་བ་ལ་ནི་ཆོས་ཀྱི་སྤྱན་ཞེས་བྱའོ། །གང་གི་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་གཟིགས་པ་ལ་ནི་སངས་རྒྱས་ཀྱི་སྤྱན་ཞེས་བྱའོ། །ཡང་ན་ཤའི་སྤྱན་དང༌། འཕྲུལ་གྱི་སྤྱན་ནི། སྤྲུལ་བའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་ལ་མངའ་སྟེ། ཤའི་སྤྱན་གྱིས་ནི་ད་ལྟར་གྱི་གཟུགས་ཐམས་ཅད་མཐོང་ངོ༌། །འཕྲུལ་གྱི་སྤྱན་གྱིས་ནི་འདས་པ་དང་མ་འོངས་པའི་གཟུགས་ཐམས་ཅད་མཐོང་ངོ༌། །བསམ་གཏན་བཞི་དང་སྙོམས་འཇུག་བཞི་དང༌། ཏིང་ངེ་འཛིན་ཐམས་ཅད་ཐུགས་སུ་ཆུད་པ་ནི་ཆོས་ཀྱི་སྤྱན་ནོ། །ཀུན་ཏུ་འགྲོ་བའི་ལམ་དང༌། ལས་བདག་གིར་དང༌། མོས་པ་སྣ་ཚོགས་དང༌། ཁམས་སྣ་ཚོགས་མཁྱེན་པ་ནི་ཤེས་རབ་ཀྱི་སྤྱན་ནོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་འོག་ཏུ་འཕགས་པ་དགྲ་བཅོམ་པ་དང༌། དེ་པ་རྣམས་ཀྱི་ཟག་པ་ཟད་པར་བྱ་བ་མཁྱེན་པ་ནི་སངས་རྒྱས་ཀྱི་སྤྱན་ནོ། །ཞེས་གསུངས་སོ། །ཡང་ཉ་ཊཱིཀ་ལས། གྲངས་ངེས་ཡུལ་ལྔ་ཡོད་པའི་དབང་གིས་སོ། །ཞེས་པའི་ཡུལ་ལྔ་ལ་གང་འཇོག་དང༌། གཞི་གྲུབ་ན་སྤྱན་ལྔ་རེ་རེའི་ཡུལ་ཡིན་པས་ཁྱབ་བམ་དཔྱད། མདོ་སྡེ་རྒྱན་ལས། དབང་པོ་ལྔ་རྣམས་གཞན་གྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ཀྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང༌། །ཞེས་དང༌། དེའི་འགྲེལ་བ་༡༨༠ལས། དབང་པོ་ལྔ་གཞན་དུ་གྱུར་ན་དབང་པོ་ལྔ་པོ་ཐམས་ཅད་དོན་ལྔ་པོ་ཐམས་ཅད་ལ་འཇུག་པ་དང༌། ཞེས་གནས་གྱུར་ཚེ་དབང་པོ་དེ་དག་ལ་ཡུལ་གཟུགས་སོགས་སྣང་མི་སྣང་ཅུང་ཟད་དཔྱད་པའི་གནས་སོ། །ཚོགས་ལམ་གྱི་སྐབས་སུ་རྒྱན་གྱི་ས་འགྲེལ་ལས། སྤྱན་ལྔ་དང་མངོན་ཤེས་ལྔ་ཐོབ་པ་ལ་སོགས་པའོ། །ཞེས་དང༌། ཀླུ་སྒྲུབ་བདེ་སྨོན་དུ་གྲགས་པ་ལས། མངོན་ཤེས་ལྔ་དང་སྤྱན་ལྔ་ཆགས་པ་མེད། །ཅེས་པས་ས་མཚམས་ལ་དཔྱད་པར་བྱའོ།།

གསུམ་པ་དོན་གཉིས་ཕུན་སུམ་ཚོགས་པའི་རྒྱུ་མངོན་ཤེས་དྲུག་བཤད་པ།

གསུམ་པ་དོན་གཉིས་ཕུན་སུམ་ཚོགས་པའི་རྒྱུ་མངོན་ཤེས་དྲུག་བཤད་པ་ལ།

སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ནི། མངོན་ཤེས་ཀྱི་རྒྱུ། ངོ་བོ། འབྲས་བུ་བཤད་པ་དང་གསུམ། དང་པོ་རྒྱུ་ལ། རྟེན་ནི། ཀུན་བཏུས་ལས། ཕྱི་རོལ་པའམ་ཉན་ཐོས་སམ་བྱང་ཆུབ་སེམས་དཔའམ་དེ་བཞིན་གཤེགས་པ་ཡང་རུང་སྟེ་དག་པའི་བསམ་གཏན་བཞི་ལ་བརྟེན་ནས་ཚད་མེད་པ་རྣམས་མངོན་པར་སྒྲུབ་པོ། །ཚད་མེད་པ་རྣམས་ཇི་ལྟ་བར་མངོན་པར་ཤེས་པ་ལྔ་ཡང་དེ་བཞིན་ནོ། །ཞེས་དང༌། མཛོད་ལས། ལྔ་ནི་བསམ་གཏན་བཞི་དག་ན། །ཞེས་དང༌། བསམ་གཏན་དག་གིས་ལམ་རྣམས་སླ། །ས་གཞན་དག་གི་དཀའ་བ་ཡིན། །ཞེས་པ་ལྟར་མངོན་ཤེས་ཀྱི་བདག་རྐྱེན་གྱི་རྟེན་ལ་བསམ་གཏན་ས་དྲུག་ཡོད་ལ། མདོ་སྡེ་རྒྱན་གྱི་གསུངས་ཟིན་ལྟར་ན་རྟེན་ནི་བཞི་བའི་དངོས་གཞི་དག་པ། ཡེ་ཤེས་རྣམ་པར་མི་རྟོག་པས་ཟིན་པ། མངོན་ཤེས་གང་དང་གང་རྒྱུ་གང་དང་གང་གིས་འགྲུབ་པའི་རྒྱུ་མདོ་སྡེ་ལས་བཤད་པ་ལྟར་ཡིད་ལ་བྱེད་པ་ཞིག་སྟཻ། མདོ་སྡེ་རྒྱན་ལས། བསམ་གཏན་བཞི་བ་ཤིན་ཏུ་དག་ཐོབ་ནས། །མི་རྟོག་ཡེ་ཤེས་ཡོངས་སུ་བཟུང་བ་དང༌། །ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། །མཐུ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །སོ་སོའི་རྒྱུ་ནི། ཉ་ཊཱིཀ་ཏུ་ཀླུ་རྒྱལ་རྒྱ་མཚོས་ཞུས་པའི་མདོ་བཀོད་པ་ལས། ཀླུའི་བདག་པོ་གཞན་ཡང་མར་མེ་བྱིན་པས་ནི་ལྷའི་མིག་གི་སིལ་སྙན་དང་ཕེག་རྡོབ་པ་དང་གླུ་དབྱངས་སྙན་པ་བྱིན་པས་ནི་ལྷའི་རྣ་བའི། ཀུན་ནས་ཉོན་མོངས་པ་མེད་པ་བྱིན་པས་ནི་གཞན་གྱི་སེམས་ཤེས་པའི། གཞན་དགེ་བའི་ཆོས་དྲན་པར་བྱེད་ཅིང་བསྐུལ་བས་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི། གཞན་གྱི་འགྱོད་པ་བསལ་བས་ནི་རྫུ་འཕྲུལ་གྱི། ཆོས་བྱིན་པས་ནི་ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམ་པར་དག་པར་འགྱུར་རོ། །ཞེས་སོ། །

གཉིས་པ་ངོ་བོ་ལ།

མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། མངོན་ཤེས་ཀྱི་མཚན་ཉིད། རང་གི་བདག་རྐྱེན་བསམ་གཏན་ལ་བརྟེན་ནས་མངོན་ཤེས་མེད་པའི་ཐ་མལ་པ་ལ་ལྐོག་ཏུ་གྱུར་པའི་ཡུལ་ཅི་རིགས་མངོན་སུམ་དུ་མཐོང་བའི་རིག་པ། ཐེག་ཆེན་གྱི་མངོན་ཤེས་ཀྱི་མཚན་ཉིད། རང་གི་བདག་རྐྱཻན་བསམ་གཏན་ལ་བརྟེན་ནས་མངོན་ཤེས་མེད་པའི་ཐ་མལ་པ་ལ་ལྐོག་ཏུ་གྱུར་པའི་ཡུལ་ཅི་རིགས་མངོན་སུམ་དུ་མཐོང་བའི་ཐེག་ཆེན་གྱི་རིག་པ་དེ་ཡིན་ཏེ། ཉ་ཊཱིཀ་ལས། མཚན་ཉིད་ནི། རང་གི་བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་མངོན་ཤེས་མེད་པའི་སྐྱེ་བོ་ལ་ལྐོག་ཏུ་གྱུར་པའི་ཡུལ་སྣ་ཚོགས་པ་མངོན་སུམ་དུ་གྱུར་པའི་རིག་པ་ཞེས་པ་སྤྱིའོ། །བྱེ་བྲག་ཐེག་ཆེན་གྱི་དེའི་མཚན་ཉིད། རང་གི་བདག་རྐྱེན་བསམ་གཏན་བཞི་བ་ཤིན་ཏུ་དག་པ་ལ་བརྟེན་ནས་སྔར་བཤད་དེ་འདྲའི་ཡུལ་མངོན་སུམ་དུ་གྱུར་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པའི་བློ། ཞེས་དང༌། རྒྱན་ལས། བསམ་གཏན་བཞི་བ་ཤིན་ཏུ་དག་ཐོབ་ནས། །མི་རྟོག་ཡེ་ཤེས་ཡོངས་སུ་བཟུང་བ་དང༌། །ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། །མཐུ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པས་སོ། །

གཉིས་པ་དབྱེ་བ་ནི།

རྫུ་འཕྲུལ་གྱི་མངོན་ཤེས་དང༌། ལྷའི་རྣ་བའི་མངོན་ཤེས་དང༌།གཞན་གྱི་སེམས་ཤེས་པའི་མངོན་ཤེས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་དང༌། ལྷའི་མིག་གི་མངོན་ཤེས་དང༌། ཟག་པ་ཟད་པའི་མངོན་པར་ཤེས་པ་སྟེ་དྲུག་གོ །ཐེག་ཆེན་གྱི་དེ་དག་གི་མཚན་ཉིད་རིམ་བཞིན། ཉ་ཊཱིཀ་ལས། བྱེ་བྲག་ཏུ་ཐེག་ཆེན་གྱི་དྲུག་པོའི་རིམ་བཞིན། དེ་ལ་བརྟེན་ནས་རྫུ་འཕྲུལ་གྱི་རྣམ་འཕྲུལ་སྣ་ཚོགས་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ཤེས་རབ་དང་མཚུངས་ལྡན་དང་བཅས་པ། སྒྲ་སྣ་ཚོགས་ཉན་པ། སེམས་ཅན་གཞན་དག་གི་སེམས་ཀྱི་སྤྱོད་པ་ལ་འཇུག་པ། སྔོན་གྱི་མཐའི་སྤྱོད་པ་རྗེས་སུ་དྲན་པ། སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་མཐོང་བ། ཟག་པ་ཟད་པ་ཤེས་པ་ཞེས་ཀུན་བཏུས་སོ། །ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། མཚན་ཉིད་ཀྱི་རྣམ་པར་དབྱེ་བའམ་ངོ་བོའི་དོན་ནི། སྐྱེ་དང་ངག་སེམས་དགེ་དང་མི་དགེས་བསྐྱེད། །དེ་ཡི་གནས་དང་ངེས་འབྱུང་མངོན་སུམ་གང༌། །ཤེས་པ་ཀུན་འགྲོ་རབ་ཏུ་དབྱེ་བཅས་ལ། །ཐོགས་མེད་བརྟན་པ་ཐོབ་པའི་མཐུ་ཡིན་ནོ། །ཞེས་སེམས་ཅན་རྣམས་གང་ནས་འཆི་འཕོ་བ་དང་གང་དུ་སྐྱེ་བ་ཐམས་ཅད་མངོན་སུམ་དུ་ཤེས་པ་ལྷའི་མིག་གི་མངོན་ཤེས་དང༌། གདུལ་བྱ་ཉེ་རིང་མེད་པའི་ངག་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཀྱི་སྒྲ་ཐམས་ཅད་མངོན་སུམ་དུ་ཐོས་པ་ལྷའི་རྣ་བའི་མངོན་ཤེས་དང༌། སེམས་ཀྱི་རྣམ་གྲངས་ཆགས་སོགས་མེད་པ་ལ་སོགས་པ་ཐམས་ཅད་མངོན་སུམ་དུ་ཤེས་པའི་{གཞན་གྱི་སེམས་ཤེས་པའི་}མངོན་ཤེས་དང༌། སྔོན་དགེ་བ་དང་མི་དགེ་བ་འདི་ལྟ་བུ་བྱས་པས་ད་ལྟ་འབྲས་བུ་འདི་ལྟ་བུ་བསྐྱེད་དོ་ཞེས་བྱ་བ་མངོན་སུམ་དུ་ཤེས་པ་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་དང༌། གདུལ་བྱ་གང་ན་ཡོད་པ་དེའི་གནས་སུ་རྣམ་འཕྲུལ་སྣ་ཚོགས་པས་འགྲོ་བ་དང་འོང་བ་ལ་སོགས་པ་མངོན་སུམ་དུ་ཤེས་པ་རྫུ་འཕྲུལ་གྱི་མངོན་ཤེས་དང༌། སེམས་ཅན་རྣམས་འཁོར་བར་སྐྱེ་བ་ལས་ངེས་པར་འབྱུང་བའི་ཚུལ་གང་ཡིན་པ་དེ་ཐམས་ཅད་མངོན་སུམ་དུ་ཤེས་པ་གང༌། ཟག་པ་ཟད་པའི་མངོན་ཤེས་ཏེ། དེ་ལྟར་ན་ཤེས་པ་གང་ཞིག་ཡུལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དང༌། དུས་འདས་མ་འོངས་ད་ལྟར་བ་ཀུན་ཏུ་འགྲོ་ཞིང་དོན་དྲུག་པོ་རབ་ཏུ་དབྱེ་བ་དང་བཅས་པ་ལ་ཐོགས་པ་མེད་པ་དེ་ནི་བྱང་ཆུབ་སེམས་དཔའ་གཞན་དོན་ལ་བརྟན་པ་ཐོབ་པ་རྣམས་ཀྱི་མཐུ་མངོན་པར་ཤེས་པའི་རང་བཞིན་ཡིན་ནོ་ཞེས་པའོ། །ས་མཚམས་ནི། མངོན་ཤེས་དང་པོ་ལྔ་ཕྱི་རོལ་བ་ལ་ཡོད་ལ། ཟག་ཟད་མངོན་ཤེས་གཉིས་ཀའི་ཆ་ལས་གྲོལ་བའི་ཉན་རང་དགྲ་བཅོམ་པ་ལ་ཡོད་དེ། ཉ་ཊཱིཀ་ལས། ཐ་དད་ནི། ཅི་རིགས་པ་སྟེ། དང་པོ་ལྔ་ཕྱི་རོལ་བ་ལའང་ཡོད་དེ། ཞེས་པ་ནས། དྲུག་པ་མཚན་ཉིད་པ་ཉན་རང་ལ་མེད་པར་འཆད་མོད་ཀྱི་གཉིས་ཀའི་ཆ་ལས་རྣམ་གྲོལ་ལ་ཡོད་དེ། ཉོན་སྒྲིབ་ལ་ཟག་པར་འདིར་བཤད་ཀྱི་ཤེས་སྒྲིབ་ལ་མིན་ནོ། །ཞེས་པ་ནས། དྲུག་པའི་ངོ་བོ་རྫོགས་པ་ཙམ་ས་བརྒྱད་པ་ནས་ཡོད་དེ། དག་ལྡན་དུ། ཇི་ལྟར་ན་སངས་རྒྱས་ཀྱི་སྤྱན་དང་མངོན་པར་ཤེས་པ་དྲུག་པ་བྱང་པ་ལ་ཡོད་ཅེ་ན། བྱང་པ་ས་བརྒྱད་པ་ལ་ནི་དེ་གཉིས་ཀ་ཐོབ་པ་ཡིན་ལ། ཞེས་གསུངས་སོ། །ཞིབ་ཆ་ཅུང་ཟད་རེ་དགོས་སོ། །གྲངས་ངེས་ལ། ཉ་ཊཱིཀ་ལས། གྲངས་ངེས་ནི་ཀུན་བཏུས་སུ་ཀུན་ཏུ་འགྲོ་བ་དང༌། རྗེས་སུ་ཐོས་པ་དང༌། སྤྱོད་པ་ལ་འཇུག་པ་དང༌། འོང་བ་དང༌། འགྲོ་བ་དང༌། ངེས་པར་འབྱུང་བའི་ཕྱིར་ཡང་ངོ་ཞེས་པས་ལུས་ཀྱི་ལས་མི་དགེ་བས་དག་པས་གདུལ་བྱའི་གནས་ཀུན་ཏུ་འགྲོ་བ། ངག་དག་པས་ཅི་སྨྲས་པའི་ཚིག་ཐོས་ཤིང་ཤེས་པ། ཡིད་དག་པས་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་དང་མཐུན་པར་འཇུག་པ་སྟེ་དང་པོ་གསུམ་དུ་ངེས་སོ། །ཚེ་རབས་བརྒྱུད་དེ་འོང་བ་ཤེས་པ་རྟག་ལྟའི་གཉེན་པོ། མ་འོངས་པའི་སྐྱེ་བར་འགྲོ་བ་ཤེས་པ་ཆད་ལྟའི་གཉེན་པོ། ཁམས་གསུམ་ལས་ངེས་པར་འབྱུང་བ་ཤེས་པ་མཐར་འཛིན་གྱི་གཉེན་པོ་སྟེ་ཕྱི་མ་གསུམ་དུ་ངེས་སོ། །ཞེས་གསུངས་སོ། །

གསུམ་པ་འབྲས་བུ་ནི།

མདོ་སྡེ་རྒྱན་གྱི་ས་འགྲེལ་ལས། གང་གིས་འཕགས་དང་ལྷ་དང་ཚངས་པ་ཡིས། །གནས་པ་དཔེ་མེད་རྒྱ་ཆེས་རྟག་ཏུ་གནས། །ཕྱོགས་སུ་དེ་སོང་སངས་རྒྱས་སེམས་ཅན་དག །ཡང་དག་མཆོད་བྱེད་རྣམ་པར་དག་པ་བསྐྱེད། །ཅེས་མངོན་པར་ཤེས་པ་གང་གིས་རང་དོན་ལས་བརྩམས་ཏེ་འཕགས་པའི་གནས་པ་རྣམ་པར་ཐར་པའི་སྒོ་གསུམ་དང་བདེན་པ་བཞི་དང་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་དང་ལྷའི་གནས་པ་བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། ཚངས་པའི་གནས་པ་ཚད་མེད་པ་བཞི་པོ་རྣམས་ལ་གཞན་ལས་ཁྱད་པར་དུ་འཕགས་པས་དཔེ་མེད་ཅིང་ཤིན་ཏུ་རྒྱ་ཆེ་བས་རྟག་ཏུ་རྒྱུན་མི་འཆད་པར་གནས་ཤིང༌། གཞན་དོན་ལས་བརྩམས་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་མངོན་ཤེས་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་སོང་ནས། ཡུལ་མཆོག་ཏུ་གྱུར་པ་རྫོགས་པའི་སངས་རྒྱས་རྣམས་དང་གདུལ་བྱའི་སེམས་ཅན་དཔག་ཏུ་མེད་པ་དག་ལ་དམིགས་ཏེ་རིམ་པ་ལྟར་སངས་རྒྱས་རྣམས་ལ་ཡང་དག་པའི་མཆོད་པ་བླ་ན་མེད་པ་རྣམས་ཀྱིས་མཆོད་པར་བྱེད་ཅིང༌། སེམས་ཅན་རྣམས་ལ་གང་ལ་གང་འདུལ་གྱི་ཆོས་བསྟན་ནས་སྒྲིབ་པ་ལས་རྣམ་པར་དག་པའི་ལམ་རྒྱུད་ལ་སྐྱེད་པར་བྱེད་པའོ། །ཞེས་གསུངས་སོ། །འཇིག་རྟེན་པའི་མངོན་ཤེས་དང་ཉན་རང་གི་མངོན་ཤེས་ཀྱིས་བདག་དང་མཚུངས་པ་དང་བདག་ལས་དམའ་བ་རྣམས་ཀྱི་སེམས་སོགས་ཤེས་པ་ཙམ་ཡིན་ཏེ། འབུམ་གྱི་གནོད་འཇོམས་ལས། འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མངོན་པར་ཤེས་པ་ནི་བདག་དང་མཚུངས་པ་དང་བདག་ལས་དམའ་བ་རྣམས་ཀྱི་སེམས་ལ་སོགས་པ་ཤེས་པ་ཙམ་དུ་ཟད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་ལ་དེ་ལྟར་ཡིན་ཀྱང་དག་ས་བའི་མངོན་ཤེས་ཀྱིས་རང་གི་གོང་མའི་མཐུ་སོགས་ཤེས་པ་ཡིན་ཏེ། འབུམ་གྱི་གནོད་འཇོམས་ལས། བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་རྣམས་ཀྱི་མངོན་པར་ཤེས་པས་ནི་སངས་རྒྱས་བཅོམ་ལྡན་འདས་ལ་སོགས་པ་གོང་མ་རྣམས་ཀྱི་མཐུ་ལ་སོགས་པ་ཤེས་པ་ལ་ཐོགས་པ་མེད་དེ། ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

མངོན་ཤེས་ཡིན་ན་བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པས་ཁྱབ་པར་ཐལ། གོང་དུ་མངོན་ཤེས་དང་ཐེག་ཆེན་མངོན་ཤེས་གཉིས་ཀྱི་མཚན་ཉིད་ཀྱི་ཟུར་ལ་རིམ་བཞིན་བསམ་གཏན་གྱི་དངོས་གཞི། བསམ་གཏན་བཞི་བ་ཞེས་གསུངས་པའི་ཕྱིར། འདོད་ན། དེ་མི་རིགས་ཏེ། དེའི་བདག་རྐྱེན་ལ་ཉེར་བསྡོགས་ཡོད་པའི་ཕྱིར། དེར་ཐལ། མདོ་ལས། དགེ་སློང་དག་ལམ་ནི་རྣམ་པ་བཞི་སྟེ།མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་དང༌། མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་དང༌། མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་དང༌། མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་མོ། །ཞེས་དང༌། མཛོད་ལས། བསམ་གཏན་དག་གིས་ལམ་རྣམས་སླ། །ས་གཞན་དག་གི་དཀའ་བ་ཡིན། །ཞེས་གསུངས་པའི་ཕྱིར་ཞེ་ན་འདོད་དགོས་པར་སྣང་ངོ༌། །ཡང་གཞི་གྲུབ་ན་མངོན་ཤེས་མེད་པའི་སྐྱེ་བོ་ལ་ལྐོག་ཏུ་གྱུར་པའི་ཡུལ་ཡིན་པས་ཁྱབ་པ་ཡོད་མེད་དང་མངོན་ཤེས་མེད་པའི་སྐྱེ་བོ་གང་རུང་ལ་ལྐོག་གྱུར་ཡིན་ན་མངོན་ཤེས་མེད་པའི་སྐྱེ་བོ་ལ་ལྐོག་གྱུར་ཡིན་པས་ཁྱབ་པ་ཡོད་མེད་དང༌། མངོན་ཤེས་མེད་པའི་སྐྱེ་བོ་གང་རུང་ལ་མངོན་གྱུར་ཡིན་ན་མངོན་ཤེས་མེད་པའི་སྐྱེ་བོ་ལ་མངོན་གྱུར་ཡིན་པས་ཁྱབ་པ་ཡོད་མེད་སོགས་དཔྱད་པར་བྱའོ། །ཡང་ཉ་ཊཱིཀ་ལས། བྱེ་བྲག་ཐེག་ཆེན་གྱི་དེའི་མཚན་ཉིད། རང་གི་བདག་རྐྱེན་བསམ་གཏན་བཞི་བ་ཤིན་ཏུ་དག་པ་ལ་བརྟེན་ནས་སྔར་བཤད་དེ་འདྲའི་ཡུལ་མངོན་སུམ་དུ་གྱུར་པའི་ཏིང་ངེ་འཛིན་དང་ཤེས་རབ་དང་དེ་གཉིས་དང་མཚུངས་པར་ལྡན་པའི་བློ། ཞེས་གསུངས་པ་ལ་འོ་ན་ཐེག་ཆེན་གྱི་མངོན་ཤེས་ཡིན་ན་དེ་འདྲའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པའི་བློ་ཡིན་པས་ཁྱབ་པར་ཐལ་ལོ། །འདོད་ན།དེ་འདྲའི་ཏིང་ངེ་འཛིན་དང་ཤེས་རབ་གཉིས་ཆོས་ཅན། དེ་འདྲའི་ཏིང་ངེ་འཛིན་དང་ཤེས་རབ་གཉིས་དང་མཚུངས་ལྡན་ཡིན་པར་ཐལ། ཐེག་ཆེན་གྱི་མངོན་ཤེས་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར་ན་ཞིབ་ཆ་ཅུང་ཟད་དགོས་སོ། །ཉ་ཊཱིཀ་ལས་ཟག་ཟད་ཀྱི་མངོན་ཤེས་ཀྱི་མཚན་ཉིད་བཤད་སྐབས་སུ། ཟག་པ་ཟད་པ་ཤེས་པ་ཞེས་ཀུན་བཏུས་སོ། །ཡང་ན་ཕྱི་མ་ལ་སྐྱེ་བ་ལས་ངེས་པར་འབྱུང་བའི་ཐབས་ཤེས་པ་ཞེས་རྒྱན་ཏེ། ཞེས་དང༌། བྱང་སེའི་ཟག་པ་ཟད་པའི་མངོན་པར་ཤེས་པ་ནི། ཆགས་སོགས་ཉོན་མོངས་པ་དང་གཟུང་རྟོག་སོགས་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའི་མངོན་ཤེས་ཏེ། ཞེས་དང༌། མདོ་སྡེ་རྒྱན་ས་འགྲེལ་ལས། ཟག་པ་ཟད་པའི་མངོན་པར་ཤེས་པ་ནི་ཟག་པ་ཉོན་མོངས་པ་ཐམས་ཅད་ཟད་པ་ཐོབ་པ་དང་དེ་ཐོབ་པར་བྱེད་པའི་ཐབས་དང་ཐབས་མ་ཡིན་པ་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། ཞེས་གསུངས་པ་ལ་ཟག་ཟད་ཀྱི་མངོན་ཤེས་ཡིན་ན་ཟག་པ་ཟད་པ་མངོན་སུམ་དུ་རྟོགས་པས་ཁྱབ་པ་ཡོད་མེད་དང་རང་རྒྱུད་ལྡན་གྱི་གང་ཟག་གི་ཉོན་མོངས་པ་ཟད་པ་དགོས་པ་ཡིན་མིན་དཔྱད། ཡང་ཟག་ཟད་ཀྱི་ས་མཚམས་ཉ་ཊཱིཀ་ལས། གཉིས་ཀའི་ཆ་ལས་རྣམ་གྲོལ་ལ་ཡོད་དེ། ཉོན་སྒྲིབ་ལ་ཟག་པར་འདིར་བཤད་ཀྱི་ཤེས་སྒྲིབ་ལ་མིན་ནོ། །ཞེས་དང༌། རྗེས་མཐུན་པ་ས་དང་པོ་ནས་ཡོད་དོ། །ཞེས་དང༌། དྲུག་པའི་ངོ་བོ་རྫོགས་པ་ཙམ་ས་བརྒྱད་པ་ནས་ཡོད་དེ། ཞེས་ས་དང་པོར་ཟག་ཟད་མངོན་ཤེས་རྗེས་མཐུན་པ་ཡོད་ལ་ས་བརྒྱད་པར་ངོ་བོ་རྫོགས་པར་གསུངས་པ་ལ། ས་དང་པོར་ཉོན་སྒྲིབ་སྤངས་པ་ཡོད་མེད་དང༌། དེ་ཡོད་ན་ཟག་ཟད་མངོན་ཤེས་དེ་ལ་མ་ཐོབ་པའི་རྒྱུ་མཚན་ཡོད་མེད་ཀྱི་སྒོ་ནས་དཔྱད་པར་བྱའོ། །གཉིས་ཀའི་ཆ་ལས་གྲོལ་བ་ཞེས་པ་ནི། ཀུན་བཏུས་ས་འགྲེལ་ལས། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་གང་ཞེ་ན། ཤེས་རབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྤངས་པས་གང་ཟག་པ་ཟད་པ་དང༌། དངོས་གཞི་ཐོབ་ཅིང་སྙོམས་འཇུག་གི་སྒྲིབ་པའང་སྤངས་པས་རྣམ་པར་ཐར་བ་བརྒྱད་ལ་བསམ་གཏན་དུ་བྱེད་ནུས་ཤིང་ཡོན་ཏན་གྱི་རྒྱན་དང་ལྡན་པའི་གང་ཟག་གོ །དེ་དག་ཀྱང༌། འགོག་ཐོབ་གཉིས་ཀ་ལས་རྣམ་གྲོལ། །ཤེས་རབ་ཀྱིས་ནི་གཅིག་ཤོས་སོ། །ཞེས་པ་ལྟར་ཏེ། སྙོམས་འཇུག་གི་སྒྲིབ་པ་ནི་༼དབུས་མཐའི་ཊཱི་ཀར། ༽ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པར་བཤད་པས་ཤེས་བྱའི་སྒྲིབ་པའི་ཁྱད་པར་ཡིན་ལ། ཐེག་དམན་ལའང་དེ་དག་༼ཐམས་ཅད་སྤངས་བ་མེད་ཀྱང༌།༽ཅི་རིགས་པ་སྤངས་པ་ཡོད་དོ། །ཞེས་སོ། །ཡང་ཉ་ཊཱིཀ་ལས། ཐེག་ཆེན་ཚོགས་ལམ་ཆེན་པོ་ཡན་ཆད་ན་དང་པོ་ལྔ་ཅི་རིགས་པར་ཡོད། ཅེས་ཐེག་ཆེན་གྱི་དབང་དུ་བྱས་ན་མངོན་ཤེས་དང་པོ་ལྔའི་ས་མཚམས་ཚོགས་ལམ་ཆེན་པོ་ནས་བཞག་པའི་རྒྱུ་མཚན་གང་ཡིན་དཔྱད་པར་བྱའོ། །བཞི་བ་སྤང་བྱ་ཐམས་ཅད་སྤོང་བའི་རྒྱུ་ལམ་ལ་གདམས་པ་ལ་སྤང་བྱ་ཀུན་བཏགས་ཀྱི་གཉེན་པོ་མཐོང་ལམ་ལ་གདམས་པ་དང༌། སྤང་བྱ་ལྷན་སྐྱེས་ཀྱི་གཉེན་པོ་སྒོམ་ལམ་ལ་གདམས་པ་གཉིས་ཡོད་ལ། དེ་གཉིས་སྐབས་གཉིས་པ་སོགས་ཀྱི་སྐབས་སུ་རྒྱས་པར་འབྱུང་བས་སྐབས་དེར་བཤད་པར་བྱའོ། །སྐབས་འདིར་མདོ་ལུགས་མ་ལས། ཉི་ཁྲི་སྣང་བ་ལ་སོགས་ཀྱིས་སྐབས་འདིའི་མདོ་རྣམས་སྐད་ཅིག་མ་བཅུ་དྲུག་ཏུ་ཕྱེ་ནས་བཤད་དེ་ཤེས་བྱེད་ཁུངས་མ་ནི་མ་མཐོང་ངོ༌། །ཞེས་གསུངས་ཀྱང༌། ཉི་ཁྲི་ལྔ་སྟོང་པའི་བཤད་པ་ལས། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་བདུན་ན། མི་དམིགས་སོ། །ཞེས་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཤོག་གུ་གསུམ་དང་ཕྲེང་ཅིག་ན། ཆོས་སུ་བརྟགས་པ་ལ་བསླབ་པར་བྱའོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རབ་འབྱོར་ཕྲེང་བཅུ་བཞི་བ་རྗེས་སུ་མི་མཐོང་ངོ༌། །ཞེས་སོགས་སྐད་ཅིག་བཅུ་དྲུག་ལ་མདོ་སོ་སོར་སྦྱར་བས་དཔྱད་པར་བྱའོ། །

སྨྲས་པ། ཆོས་ཚུལ་ཟབ་མོའི་དོན་སྟོན་གདམས་ངག་བཅུ། །མ་འདྲེས་གསལ་བར་ཟ་འོག་རི་མོ་བཞིན། །ཚུལ་བཞིན་བསྟན་པའི་ལེགས་བཤད་ལྷ་ཡི་ཆར། །སྐལ་ལྡན་ཆོས་ཀྱི་ཞིང་སར་འདོད་པར་འཇོ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

གསུམ་པ་ཞར་བྱུང་དགེ་འདུན་ཉི་ཤུའི་རྣམ་བཞག་བཤད་པ།

གསུམ་པ་ཞར་བྱུང་དགེ་འདུན་ཉི་ཤུའི་རྣམ་བཞག་བཤད་པ་ལ།

ཐེག་དམན་དགེ་འདུན་ཉི་ཤུ་དང༌། འཕགས་པ་གྲོལ་སྡེའི་ལུགས་ཀྱི་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་བཤད་པ་དང་གཉིས

དང་པོ་ནི།

མདོ་ལུགས་མ་ལས། གདམས་ངག་རྫོགས་ཤིང་ངེས་པར་འབྱེད་པའི་ཡན་ལག་ལམ་ཟིན་པའི་སྐབས་འདིར། ཐེག་དམན་གྱི་གང་ཟག་འདི་རྣམས་ཉི་ཤུའི་གྲངས་ངེས་དང་བཅས་པ་ཕྱོགས་གཅིག་ཏུ་བསྡུས་ནས་སྟོན་པའི་ཤེར་ཕྱིན་གྱི་མདོ་མེད་ཀྱང༌། མདོ་ཉིད་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་ག་རྒྱ་ཆེར་བསྟན་ཞེས་དང༌། མཐར་གྱིས་པའི་སྐབས་སུ་ཡང༌། སྐྱེས་བུ་ཟུང་བཞི་དང༌། གང་ཟག་བརྒྱད་ཅེས་དང༌། གླེང་གཞིའི་སྐབས་སུ་ཡང༌། བྱང་ཆུབ་སེམས་དཔའ་མ་གཏོགས་པའི་འཁོར་རྣམ་བཞི་བསྟན་པ་དང་གཞན་ཡང་ཐོག་མཐའ་བར་གསུམ་ནས། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་བྱང་ཆུབ་དང༌། ཞེས་པ་ཡང་དང་ཡང་དུ་འབྱུང་ཞིང༌། ཉན་ཐོས་དང་རང་སངས་རྒྱས་ཞེས་ཀྱང་ཡང་དང་ཡང་དུ་གསུངས་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ཐེག་པ་གསུམ་ག་རྒྱ་ཆེར་བསྟན་པའི་ཕྱིར་དེ་ལ་སློབ་པའི་གང་ཟག་གསུམ་ཡང་བསྟན་དགོས་པ་ལ། ཐེག་ཆེན་ལ་སློབ་པའི་གང་ཟག་ནི་སྔར་རྒྱལ་སྲས་བཞི་བཅུ་རྩ་ལྔ་མདོ་ཉིད་ལས་གསུངས་པ་སློབ་དཔོན་དབྱིག་གཉེན་དང་འབུམ་ཊཱིཀ་མཁན་པོ་ལ་སོགས་པ་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཚད་མར་གྱུར་པ་དེ་དག་གིས་ལེགས་པར་བཀྲལ་ལ། སྐབས་འདིར་ནི་རྗེ་བཙུན་མི་ཕམ་མགོན་པོས། ཐེག་པ་འོག་མ་གཉིས་ལས། སློབ་པའི་གང་ཟག་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་པར་བྱ་རྒྱུ་ཉི་ཤུ་བསྟན་པ་ནི་ཐེག་དམན་གྱི་གང་ཟག་མདོའི་གོང་འོག་བར་གསུམ་དུ་འབྱུང་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས། ཞེས་དང༌། ཉ་ཊཱིཀ་ལས། ཆོས་རྗེ་ཀུན་མཁྱེན་ཆེན་པོ་ནི་སེམས་བསྐྱེད་ཉེར་གཉིས་དང་དགེ་འདུན་ཉི་ཤུ་རྒྱས་འབྲིང་བསྡུས་པའི་ཚིག་གིས་ཟིན་པའི་དོན་མིན་གྱི། དང་པོ་ནི་བློ་གྲོས་མི་ཟད་པའི་མདོ་དོན་ནོ། །གཉིས་པ་ནི།ཐེག་དམན་གྱི་དགེ་འདུན་ཞར་ལ་བསྟན་པ་ཡིན། འཕགས་སེང་སོགས་ཀྱིས་མདོ་འདི་དང་སྦྱོར་བ་ནི་ནོར་ཞེས་སོགས་གསུངས་སོ། །ཞེས་གསུངས་པ་ལྟར་བཤད་པར་བྱ་ལ།

དེ་ཡང་རྩ་བ་ལྟར་དགེ་འདུན་ཉི་ཤུའི་གྲངས་ཙམ་དང༌། དེ་དག་རྒྱས་པར་བཤད་པ་དང་གཉིས།

དང་པོ་ནི། མདོ་ལུགས་མ་ལས། དབང་པོ་རྟུལ་དང་རྣོན་པོ་དག།དད་དང་མཐོང་ཐོབ་རིགས་ནས་རིགས། །བར་ཆད་གཅིག་པར་སྐྱེས་ནས་དང༌། །བྱེད་དང་བྱེད་མིན་འོག་མིན་འགྲོ །འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ །གཟུགས་ཀྱི་ཆགས་བཅོམ་མཐོང་བ་ཡི། །ཆོས་ལ་ཞི་ལུས་མངོན་སུམ་བྱེད། །བསེ་རུ་དང་ནི་ཉི་ཤུའོ། །ཞེས་ཚིགས་སུ་བཅད་པ་གཉིས་པོ་འདིས་རྣམ་པའི་དབྱེ་བ་ཉི་ཤུ་པོ་འདིར་ཐེག་དམན་གྱི་གང་ཟག་འདུས་པར་གསུངས་སོ། ། ཉི་ཤུར་ཇི་ལྟར་དབྱེ་ཞེ་ན་དབ༷ང་པོ༷་རྟུ༷ལ་པོ་ད༷ང༌། དབང་པོ་རྣོ༷ན་པོ༷་གཉིས་ད༷ང༌། དེའི་སྟེང་དུ། ད༷ད་པས་མོས་པ་ད༷ང༌། མཐོ༷ང་བས་ཐོ༷བ་པ་གཉིས་སྟེ་བཞིའོ། །དེའི་སྟེང་དུ་ལྷའི་རི༷གས་ན༷ས་རི༷གས་སུ་སྐྱེ་བ་དང༌། མིའི་རིགས་ནས་རིགས་སུ་སྐྱེ་བ་གཉིས་ཏེ་དྲུག་གོ །དེའི་སྟེང་དུ་ཚེ་གཅིག་བ༷ར་ཆ༷ད་གཅི༷ག་པ་སྟེ་བདུན་ནོ། །དེའི་སྟེང་དུ་བ༷ར་མ་དོར་མྱ་ངན་ལས་འདའ་བ་དང༌། སྐྱེ༷་ན༷ས་འདའ་བ་ད༷ང༌། མངོན་པར་འདུ་བྱེ༷ད་པ་ད༷ང་བཅས་པས་འདའ་བ་དང༌། མངོན་པར་འདུ་བྱེ༷ད་པ་མ་ཡིན་པར་འདའ་བ་དང་བཞི་སྟེ་བཅུ་གཅིག་གོ །དེའི་སྟེང་དུ། འོ༷ག་མི༷ན་དུ་འགྲོ༷་བ་དང་བཅུ་གཉིས་སོ། །དེའི་སྟེང་དུ། འཕ༷ར་བ་གསུ༷མ་སྟེ་བཅོ་ལྔའོ། །དེའི་སྟེང་དུ། སྲི༷ད་རྩེ༷འི་མཐ༷ར་ཐུ༷ག་འགྲོ༷་བ་དང་བཅུ་དྲུག་གོ །དེའི་སྟེང་དུ་གཟུ༷གས་ཀྱི༷་ཆ༷གས་བཅོ༷མ་དང་བཅུ་བདུན་ནོ། །དེའི་སྟེང་དུ་མཐོ༷ང་བ༷འི༷་ཆོ༷ས་ལ༷་ཞི༷་བ་ཐོབ་པ་དང་བཅོ་བརྒྱད་དོ། །དེའི་སྟེང་དུ་ལུ༷ས་ཀྱི་མངོ༷ན་སུ༷མ་དུ་བྱེད་པ་དང་བཅུ་དགུའོ། །དེའི་སྟེང་དུ་བསེ༷་རུ༷་ལྟ་བུུ་སྟེ་རང་སངས་རྒྱས་ད༷ང་ཉི༷་ཤུ༷འོ༷། །ཞེས་དང༌། ཉ་ཊཱིཀ་ལས། དེས་ན་ཤཱནྟི་དང་བུདྡྷ་ཤྲཱིས། རྩ་བ་ཇི་བཞིན་པར་ཉི་ཤུར་བགྲང་ཞིང་དེ་རྗེ་བཙུན་གྱི་དགོངས་པའོ། །ཞེས་གསུངས་སོ། །

གཉིས་པ་དེ་དག་རྒྱས་པར་བཤད་པ།

གཉིས་པ་དེ་དག་རྒྱས་པར་བཤད་པ་ལ།

ཞུགས་གནས་བརྒྱད་ཀྱི་ངོ་བོ་དང༌།དེ་དག་ལས་ཆགས་བྲལ་སྔོན་སོང་དང༌། འབྲས་བུ་རིམ་གྱིས་པ་དང༌། སྤང་བྱ་ཅིག་ཆར་བ་བཤད་པ་དང་བཞི། དང་པོ་ལ། རྒྱུན་ཞུགས་ཞུགས་པའི་མཚན་ཉིད། རྒྱུན་ཞུགས་ཀྱི་འབྲས་བུ་མ་ཐོབ་པ་ཐོབ་ཕྱིར་དུ་དངོས་སུ་བརྩོན་པའི་རབ་ཏུ་ཕྱེ་བའི་ཞུགས་པ་དེ་ཡིན་ཏེ། ཉ་ཊཱིཀ་ལས། བྱེ་བྲག་སྨྲ་བའི་ལུགས་ལ། དེ་འདྲའི་གང་ཟག་གཉིས་མཚན་གཞི། རྒྱུན་ཞུགས་ཞུགས་པར་མཚོན། རྒྱུན་ཞུགས་འབྲས་བུ་ཐོབ་ཕྱིར་བརྩོན་པའི་འཕགས་པའི་གང་ཟག་གོ །ཀུན་བཏུས་ལྟར་ན། ངེས་འབྱེད་ཆ་མཐུན་སྟན་གཅིག་པ་ནས་བཟུང་སྟེ་སྔར་འདོད་པའི་སྒོམ་སྤང་ཡེ་མ་སྤངས་སམ་ཞེས་སོགས་སྔར་ལྟར་སྦྱར་པ་མཚན་གཞི། དེར་མཚོན། རྒྱུན་ཞུགས་འབྲས་བུ་ཐོབ་ཕྱིར་བརྩོན་པའི་སྦྱོར་ལམ་ཆོས་མཆོག་པའམ་མཐོང་ལམ་པའི་གང་ཟག་གང་རུང་ཡིན་པའོ། །རྒྱལ་བོའི་སྲས་ཀྱིས། ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྟན་གཅིག་པ་ནས་བཟུང་སྟེ་དང་པོའི་འབྲས་བུ་མ་ཐོབ་པའི་བར་དུའོ། །ཞེས་པས་སོ། །མཚན་གཞི་ནི། མཐོང་ལམ་གྱི་སྔར་འདོད་ཉོན་གང་ལ་ཆགས་བྲལ་མ་བྱས་པའི་ཉན་ཐོས་སྦྱོར་ལམ་སྟན་གཅིག་པ་ནས་མཐོང་ལམ་སྐད་ཅིག་བཅོ་ལྔ་པོ་གང་རུང་ལ་གནས་པའི་གང་ཟག་གོ །བྱེ་བྲག་སྨྲ་བའི་ལུགས་ལ་བཟོད་པ་བརྒྱད་བར་ཆད་མེད་ལམ་དང༌། ཤེས་པ་བརྒྱད་རྣམ་གྲོལ་ལམ་འདོད་དེ། མཛོད་ལས། བཟོད་དང་ཤེས་པ་གོ་རིམ་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །ཞེས་གསུངས་སོ། །དབྱེ་ན་དབང་པོ་རྣོ་རྟུལ་གྱིས་དད་པའི་རྗེས་འབྲང་གི་རྒྱུན་ཞུགས་ཞུགས་པ་དང་ཆོས་ཀྱི་རྗེས་འབྲང་གི་རྒྱུན་ཞུགས་ཞུགས་པ་དང་གཉིས། ཡང་ན་སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་པ་དང༌། སྤང་བྱ་ཅིག་ཆར་བའི་རྒྱུན་ཞུགས་པ་གཉིས་སོ། །ས་མཚམས། སྦྱོར་ལམ་སྟན་གཅིག་པ་ནས་བཟུང་སྟེ་བཅོ་ལྔ་པ་ལམ་རྗེས་བཟོད་ཀྱི་བར་རོ། །རྒྱུན་ཞུགས་ཀྱི་མཚན་ཉིད། མཐོང་སྤང་ཀུན་སྦྱོར་གསུམ་སྤངས་བའི་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་དམན་པའི་འཕགས་པ་དེ་ཡིན་ཏེ། ཡུམ་ལས། གང་ཟག་འདི་ནི་ཀུན་ཏུ་སྦྱོར་བ་གསུམ་སྤངས་པས་རྒྱུན་དུ་ཞུགས་པ་ཞེས་བྱའོ། །ཞེས་དང༌། ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། རྒྱུན་དུ་ཞུགས་པ་གང་ཞེ་ན། གང་མཐོང་པའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པ་ལམ་ལ་རྗེས་ཤེས་ལ་གནས་པ་སྟེ། མྱ་ངན་ལས་འདས་པའི་རྒྱུན་ལ་ཞུགས་ཤིང་སོན་པ་འབྲས་བུ་དང་པོ་རྫོགས་པར་ཐོབ་པའི་གང་ཟག་གོ །ཞེས་གསུངས་སོ། །སྐབས་འདིར་མཐོང་སྤང་ཀུན་སྦྱོར་གསུམ་མཐོང་སྤང་གི་གཙོ་བོ་འཇོག་ཚུལ་ཡོད་དེ། ཀུན་བཏུས་ས་འགྲེལ་ལས། དེ་ལ་ཅིའི་ཕྱིར་ཀུན་སྦྱོར་གསུམ་པོ་མཐོང་སྤང་གི་གཙོ་བོ་ཞེས་བྱ་ཞེ་ན། འཇིག་ཚོགས་ལྟ་བ་ནི་ཕུང་པོ་ལ་བདག་དང་བདག་གིར་ཞེན་ནས་གནས་ལ་དགའ་ཞིང་ཐར་བར་འགྲོ་མི་འདོད་པས་སྡུག་བསྔལ་ལས་མི་འཕགས་པའི་རྒྱུ་ཡིན་པ་དང༌། ཅི་སྟེ་འཕགས་ཀྱང་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ནི་ལམ་ངན་པ་ལ་ཐར་བའི་ལམ་དུ་ཞེན་ནས་ལོག་པས་ངེས་པར་འབྱུང་བའི་རྒྱུ་ཡིན་པ་དང༌། ཐེ་ཚོམ་ནི་ལམ་བཟང་པོ་ལ་སོམ་ཉི་ཟ་བས་ཡང་དག་པས་ངེས་པར་འབྱུང་བ་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་ཏེ། འགྲོ་མི་འདོད་དང་ལམ་ནོར་དང༌། །ལམ་ལ་ཐེ་ཚོམ་དེ་སྙེད་ཅིག །ཐར་བར་བགྲོད་པའི་གེགས་བྱེད་པ། །དེ་ཡི་ཕྱིར་ན་གསུམ་བསྟན་ཏོ། །ཞེས་གསུངས་པ་ལྟར་རོ། །སྐབས་འདིའི་འཇིག་ལྟ་ཡང་ཀུན་བཏགས་ལ་བྱ་དགོས་སོ། །དབྱེ་ན། དབང་པོ་རྣོ་རྟུལ་དང༌། སྤང་བྱ་ཅིག་ཆར་བ་དང་རིམ་གྱིས་པ་དང༌། སྦྱོར་བའི་སྒོ་ནས་ཙམ་ཁྱད་གཉིས་སོགས་སོ། །སྒྲ་བཤད་ནི། ཀུན་བཏུས་ས་འགྲེལ་ལས། ངེས་ཚིག་གི་ཁྱད་པར་ནི། མྱ་ངན་ལས་འདས་པའི་རྒྱུན་ལ་རིམ་གྱིས་ཞུགས་པས་ན་རྒྱུན་དུ་ཞུགས་པ་དང༌། ཞེས་གསུངས་སོ། །ས་མཚམས། ཅིག་ཆར་བའི་རྒྱུན་ཞུགས་བཅུ་དྲུག་པ་ལམ་རྗེས་ཤེས་ནས། དགྲ་བཅོམ་ཐོབ་ཁའི་བར་དུ་ཡོད། འབྲས་བུ་རིམ་གྱིས་པའི་རྒྱུན་ཞུགས་བཅུ་དྲུག་པ་ལམ་རྗེས་ཤེས་ནས་ཕྱིར་འོང་ཐོབ་ཁའི་བར་དུ་ཡོད་དོ། ། ཕྱིར་འོང་ཞུགས་པའི་མཚན་ཉིད། ཕྱིར་འོང་གི་འབྲས་བུ་མ་ཐོབ་པར་དེ་ཐོབ་ཕྱིར་དུ་བརྩོན་པའི་སྦྱོར་བ་ལ་གནས་པའི་རབ་ཏུ་ཕྱེ་བའི་ཞུགས་པ་དེ་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འཇུག་པ་གང་ཞེ་ན། གང་སྔར་རྒྱུན་ཞུགས་ཐོབ་པའི་རྗེས་སུ་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་སྒོམ་པའི་ལམ་གང་རུང་ལ་འདོད་པ་ན་སྤྱོད་པའི་སྒོམ་སྤང་ཉོན་མོངས་པ་རྣམས་ཀྱི་རྣམ་པ་ལྔ་པ་འབྲིང་པོའི་འབྲིང་པོ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ་ཞེས་པ་སྟེ། རྣམ་པ་ལྔ་ཡི་བར་བཅོམ་པ། །གཉིས་པ་ལ་ནི་ཞུགས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །མཚན་གཞི་ནི། ཕྱིར་འོང་གི་འབྲས་བུ་མ་ཐོབ་པར་དེ་ཐོབ་ཕྱིར་དུ་བརྩོན་པའི་འདོད་ཉོན་དང་པོའི་དངོས་གཉེན་ལ་གནས་པའི་འཕགས་པ་ལྟ་བུའོ། །དབྱེ་ན། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་དང་འབྲས་ བུ་རིམ་གྱིས་པའི་ཕྱིར་འོང་ཞུགས་པ་གཉིས་སོ། །ཕྱིར་འོང་འབྲས་གནས་ཀྱི་མཚན་ཉིད། འདོད་ཉོན་དྲུག་པ་སྤངས་པའི་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་འཕགས་པ་དེ་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། ལན་ཅིག་ཕྱིར་འོང་བའི་གང་ཟག་གང་ཞེ་ན། གང་སྒོམ་པའི་ལམ་གང་ཡང་རུང་བ་ལ་འདོད་པ་ན་སྤྱོད་པའི་སྒོམ་སྤང་ཉོན་མོངས་པ་རྣམས་ཀྱི་རྣམ་པ་དྲུག་པ་འབྲིང་པོའི་ཆུང་ངུ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ་ཞེས་པ་སྟེ། རྣམ་པ་དྲུག་པ་ཟད་གྱུར་པ། །དེ་ནི་ལན་ཅིག་ཕྱིར་འོང་བའོ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། ཀུན་བཏུས་ས་འགྲེལ་ལས། སྤང་བྱ་ལྷག་མ་སྤང་བའི་ཆེད་དུ་འདོད་ཁམས་སུ་ལན་ཅིག་སྐྱེ་བས་ན་ལན་ཅིག་ཕྱིར་འོང་བ་དང༌། ཞེས་གསུངས་སོ། །ས་མཚམས་ནི། འབྲས་བུ་ཐོད་རྒལ་བའི་ཕྱིར་འོང་ནི་ཐེག་དམན་གྱི་མཐོང་ལམ་བཅུ་དྲུག་པ་ལམ་རྗེས་ཤེས་ནས་འདོད་ཉོན་དགུ་བ་སྤངས་ཁའི་བར་རོ། །འབྲས་བུ་རིམ་གྱིས་པའི་ཕྱིར་འོང་ནི། འདོད་ཉོན་དྲུག་པ་ཆགས་བྲལ་བྱས་པའམ་སྤངས་པ་ནས་འདོད་ཉོན་དགུ་བ་སྤང་ཁའི་བར་རོ། ། ཕྱིར་མི་འོང་ཞུགས་པའི་མཚན་ཉིད། ཕྱིར་མི་འོང་གི་འབྲས་བུ་མ་ཐོབ་པར་དེ་ཐོབ་ཕྱིར་དུ་བརྩོན་པའི་སྦྱོར་བ་ལ་གནས་པའི་རབ་ཏུ་ཕྱེ་བས་ཞུགས་པ་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། ཕྱིར་མི་འོང་བའི་འབྲས་བུ་ལ་འཇུག་པ་གང་ཞེ་ན། གང་ཕྱིར་འོང་ཐོབ་ནས་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་སྒོམ་པའི་ལམ་གང་ཡང་རུང་བ་ལ་འདོད་པ་ན་སྤྱོད་པའི་སྒོམ་སྤང་ཉོན་མོངས་པ་རྣམ་པ་བདུན་པ་ཆུང་ངུའི་ཆེན་པོ་དང་བརྒྱད་པ་ཆུང་ངུའི་འབྲིང་པོ་སྤངས་བའི་ལམ་ལ་གནས་པའི་གང་ཟག་གོ །ཞེས་གསུངས་སོ། །མཚན་གཞི་ནི། ཕྱིར་མི་འོང་གི་འབྲས་བུ་མ་ཐོབ་པར་དེ་ཐོབ་ཕྱིར་དུ་བརྩོན་པའི་འདོད་ཉོན་བདུན་པའི་དངོས་གཉེན་དུ་གནས་པའི་འཕགས་པ་ལྟ་བུའོ། །ཕྱིར་མི་འོང་འབྲས་གནས་ཀྱི་མཚན་ཉིད། འདོད་ཉོན་ཐ་མའི་ཆ་མཐུན་ལྔ་སྤངས་པའི་རབ་ཏུ་ཕྱེ་བའྀ་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་འཕགས་པ་དེ་ཡིན་ཏེ། ཡུམ་བརྒྱད་སྟོང་པ་ལས། གང་ཟག་འདི་ནི་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པས་ཕྱིར་མི་འོང་བ་ཞེས་བྱའོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། ཕྱིར་མི་འོང་བའི་གང་ཟག་གང་ཞེ་ན། གང་སྒོམ་པའི་ལམ་གང་ཡང་རུང་བ་ལ་འདོད་པ་ན་སྤྱོད་པའི་སྒོམ་སྤང་ཉོན་མོངས་པ་རྣམ་པ་དགུ་པ་ཆུང་ངུའི་ཆུང་ངུའང་སྤངས་པའི་ལམ་ཡོངས་སུ་རྫོགས་པ་ལ་གནས་པའི་གང་ཟག་གོ །དེ་དག་ཀྱང༌། ཉེས་ཆ་བདུན་དང་བརྒྱད་ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང༌། གསུམ་པ་ལ་ནི་ཞུགས་པ་ཡིན། །དེ་དགུ་ཟད་པ་ཕྱིར་མི་འོང༌། །ཞེས་པ་ལྟར་རོ། །ཐ་མའི་ཆ་མཐུན་ལྔ་ཡོད་དེ། འདོད་པའི་ཀུན་སྦྱོར་གསུམ་དང་འདོད་པ་ལ་འདུན་པའི་འདོད་ཆགས། གནོད་སེམས་དང་ལྔ་བོ་དེ་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། ཀུན་སྦྱོར་ལྔ་བོ་ཕྱིར་མི་འོང་གི་སྤང་བྱའི་གཙོ་བོ་ཡིན་ལ་དེ་དག་དངོས་སུ་བསྡུས་ནས་བསྟན་པའི་ཤུགས་ལ་གཞན་རྣམས་ཀྱང་མཚོན་པའི་ཕྱིར་རོ། །དེ་ལ་ཅིའི་ཕྱིར་ཀུན་སྦྱོར་ལྔ་པོ་སྤང་བྱའི་གཙོ་བོ་ཞེས་བྱ་ཞེ་ན། འཇིག་ལྟ་དང་མཆོག་འཛིན་དང་ཐེ་ཚོམ་གསུམ་ནི་འགྲོ་བ་ཐ་མ་ངན་སོང་གསུམ་ལས་མི་འདའ་བའི་རྒྱུ་ཡིན་པ་དང༌། འདོད་ཡོན་ལ་འདུན་པ་དང་གནོད་སེམས་ནི་ཁམས་ཐ་མར་འདོད་ཁམས་ལས་མི་འདའ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཡང་ཕྱི་མ་གཉིས་ཀྱིས་འདོད་ཁམས་ལས་མི་འདའ་ཞིང༌།ཅི་སྟེ་འདས་ཀྱང་དང་པོ་གསུམ་གྱིས་ཟློག་པར་བྱེད་པས་ཀྱང་གཙོ་བོ་ཞེས་བྱ་སྟེ། གཉིས་ཀྱིས་འདོད་ལས་མི་འདའ་ལ། །གསུམ་པོ་ཡིས་ནི་ཟློག་པར་བྱེད། །ཅེས་པ་ལྟར་རོ། །སྒྲ་བཤད་པ་ནི། ཀུན་བཏུས་ས་འགྲེལ་ལས། སྤང་བྱ་ཟད་པའི་ཕྱིར་ལན་ཅིག་ཀྱང་མི་སྐྱེ་བས་ན་ཕྱིར་མི་འོང་བ་དང༌། ཞེས་གསུངས་སོ། །དགྲ་བཅོམ་ཞུགས་པའི་མཚན་ཉིད། དགྲ་བཅོམ་པའི་འབྲས་གནས་ཐོབ་ཕྱིར་དུ་བརྩོན་པའི་རབ་ཏུ་ཕྱེ་བའི་ཞུགས་པ་དེ་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། དགྲ་བཅོམ་པའི་འབྲས་བུ་ལ་འཇུག་པ་གང་ཞེ་ན། གང་ཕྱིར་མི་འོང་ཐོབ་ནས་སྲིད་པའི་རྩེ་མོའི་སྒོམ་སྤང་ཉོན་མོངས་པའི་རྣམ་པ་བརྒྱད་པ་ཆུང་ངུའི་འབྲིང་པོ་མན་ཆད་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ །དེའང་སྲིད་རྩེའི་བར་ཆ་བརྒྱད་ཟད་པ། །དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །འོན་ཀྱང་ཀུན་བཏུས་ས་འགྲེལ་གྱི་ལུང་འདི་ནི་ཀུན་བཏུས་ཀྱི་གཞུང་གི་དངོས་ཟིན་གྱི་འབྲས་བུ་མཐར་གྱིས་པའི་དབང་དུ་བྱས་པའོ། །དགྲ་བཅོམ་འབྲས་གནས་ཀྱི་མཚན་ཉིད། གོང་མའི་ཆ་མཐུན་ལྔ་སྤངས་བའི་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་དགེ་འདུན་དེ་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། དགྲ་བཅོམ་པ་གང་ཞེ་ན། གང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་སྲིད་པའི་རྩེ་མོའི་སྒོམ་སྤང་ཉོན་མོངས་པའི་རྣམ་པ་དགུ་བ་ཆུང་ངུའི་ཆུང་ངུའང་སྤངས་པའི་རྣམ་གྲོལ་ལམ་ཡོངས་སུ་རྫོགས་པ་ལ་གནས་ཤིང་ཟད་པ་ཐོབ་པ་དང་ཤེས་པའི་གང་ཟག་གོ །ཞེས་པ་སྟེ། དགུ་བའི་བར་ཆད་མེད་ལམ་ཡང༌། །དེ་ནི་རྡོ་རྗེ་ལྟ་བུ་ཡིན། །དེ་ཟད་ཐོབ་དང་ཟད་པ་ཤེས། །དེ་ཚེ་དེ་མི་སློབ་དགྲ་བཅོམ། །ཞེས་པ་ལྟར་རོ། །ལུང་འགལ་སྤང་བ་ནི། གང་གི་ཚེ་འདི་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པར་འགྱུར་བ་ཡིན་ན། ཅིའི་ཕྱིར་ལུང་དུ། ཁམས་གོང་མ་གཉིས་འགྲུབ་པའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ། གཟུགས་དང་གཟུགས་མེད་ལས་སྐྱེས་པའི། །འདོད་ཆགས་གཉིས་རྒོད་ང་རྒྱལ་རྨོངས། །ཞེས་པ་ལྔ་སྤངས་པས་དགྲ་བཅོམ་པ་ཞེས་བྱའོ་ཞེས་གསུངས་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ། ལྔ་པོ་དེ་དག་དགྲ་བཅོམ་གྱི་སྤང་བྱའི་གཙོ་བོ་ཡིན་ལ་དེ་དངོས་སུ་བསྡུས་ནས་བསྟན་པས་ཕལ་བ་ཐམས་ཅད་ཀྱང་སྤངས་པར་ཤུགས་ལས་འགྲུབ་པའི་ཕྱིར་རོ། །དེ་ལ་ཅིའི་ཕྱིར་གོང་མའི་ཆ་མཐུན་ལྔ་བོ་སྤང་བྱའི་གཙོ་བོ་ཞེས་བྱ་ཞེ་ན། གོང་མའི་འདོད་ཆགས་དག་ནི་དེ་དག་ཏུ་སྐྱེ་བ་ཉེ་བར་ལེན་རྒྱུ་ཡིན་པ་དང༌། རྒོད་པས་སྲེད་པ་དང༌། ང་རྒྱལ་གྱིས་ང་རྒྱལ་དང༌། མ་རིག་པས་ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་པ་ཉིད་དུ་ཀུན་ནས་ཉོན་མོངས་པར་བྱེད་པ་དང༌། དེ་གསུམ་ནི་གོང་མ་དག་ལས་གོང་དུ་ཡོངས་སུ་མི་གཏོང་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །སྒྲ་བཤད་པ་ནི། ཀུན་བཏུས་ས་འགྲེལ་ལས། ཉོན་མོངས་པའི་དགྲ་མ་ལུས་པར་བཅོམ་ཞིང་མཆོད་པར་འོས་པས་ན་དགྲ་བཅོམ་པ་ཞེས་བྱའོ། །ཞེས་གསུངས་སོ། །འབྲས་བུ་བཞི་ཁམས་གང་དུ་ཐོབ་པ་ནི། ཀུན་བཏུས་ས་འགྲེལ་ལས། ཁམས་གང་དུ་ཐོབ་ཚུལ་ནི། འདོད་པར་གསུམ་ཐོབ་ཐ་མ་ནི། །གསུམ་དུའོ་གོང་ན་མཐོང་ལམ་མེད། །མི་སྐྱོ་ལུང་ལས་འདིར་རྩོམ་ཞིང༌། །དེར་མཐར་ཕྱིན་ཅེས་འབྱུང་ཕྱིར་རོ། །ཞེས་པ་ལྟར་འབྲས་བུ་དང་པོ་གསུམ་འདོད་ཁམས་སུ་ཐོབ་ཅིང་དགྲ་བཅོམ་ནི་ཁམས་གསུམ་ཅར་དུ་ཐོབ་པོ། །དེ་ལ་རྒྱུན་ཞུགས་དང་ཕྱིར་འོང་གཉིས་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་ལ་གོང་མར་མི་ཐོབ་པར་རིགས་མོད། ཕྱིར་མི་འོང་གོང་མར་མི་ཐོབ་པའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཐོང་ལམ་མེད་པའི་ཕྱིར་ཏེ་གཟུགས་མེད་ན་ཉན་པ་མེད་ཅིང༌། འོག་མ་ལ་མི་དམིགས་པའི་ཕྱིར་དང་གཟུགས་ཁམས་ན་ལམ་སྒོམ་པའི་རྒྱུ་འཁོར་བ་ལ་སྐྱོ་བ་མེད་པའི་ཕྱིར་དང༌། ལུང་ལས་ཀྱང༌། མྱ་ངན་ལས་འདས་པ་ལྔ་འདིར་རྩོམ་ཞིང་དེར་མཐར་ཕྱིན་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །དགེ་སྦྱོང་ཚུལ་དང་འབྲས་བུ་ནི། ཀུན་བཏུས་ས་འགྲེལ་ལས། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །འབྲས་བུ་འདུས་བྱས་འདུས་མ་བྱས། །དེ་རྣམས་བརྒྱད་ཅུ་རྩ་དགུ་སྟེ། །གྲོལ་ལམ་ཟད་པ་རྣམས་དང་བཅས། །ཞེས་པ་ལྟར་ཉོན་མོངས་ཞི་བར་བྱེད་པའི་དགེ་སྦྱོང་གི་ཚུལ་ནི་ཟག་པ་མེད་པའི་ལམ་ཡིན་ལ། དེའི་འབྲས་བུ་གྲོལ་ལམ་རྣམས་ནི་འདུས་བྱས་དང་ཉོན་མོངས་པ་ཟད་པའི་ཆ་རྣམས་ནི་འདུས་མ་བྱས་ཡིན་ཞིང༌། དེ་དག་ལ་ཕྱེ་ན་མཐོང་སྤང་སྤོང་བའི་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་བརྒྱད་དང༌། སྒོམ་སྤང་སྤོང་བའི་ལམ་བརྒྱད་ཅུ་རྩ་གཅིག་སྟེ་བརྒྱད་ཅུ་རྩ་དགུའོ། །འདིར་ནི་གྲངས་དེ་ལྟར་གཅིག་མཐའ་གཅིག་ཏུ་ངེས་པར་མི་འདོད་དེ། གཅིག་ཅར་བ་ལ་སྒོམ་ལམ་དགུ་ལས་མེད་ཅིང་མཐོང་ལམ་ཡང་བར་ཆད་མེད་ལམ་བཞིར་འདུ་བའི་ཕྱིར་རོ། །ཞེས་གསུངས་སོ། །ཚེ་དུ་ལ་འགྲུབ་པ་ནི། ཀུན་བཏུས་ས་འགྲེལ་ལས། ཚེ་དུ་ལ་འགྲུབ་ཚུལ་ནི། མྱུར་བ་སྲིད་པ་གསུམ་གྱིས་ཐར། །ཞེས་པ་ལྟར་ས་བོན་འདེབས་པ་དང་མྱུ་གུ་སྐྱེ་བ་དང་འབྲས་བུ་སྨིན་པ་གསུམ་འབྱུང་བ་བཞིན་དུ་ཚེ་དང་པོ་ལ་ཚོགས་ལམ་དང་གཉིས་པ་ལ་སྦྱོར་ལམ་དང་གསུམ་པ་ལ་འཕགས་ལམ་རྣམས་བསྐྱེད་ནས་གྲོལ་བ་སྲིད་ཅིང༌། བུལ་བ་ལ་ནི་ངེས་པ་མེད་དེ་ཕྱིར་མི་འོང་དུ་གྱུར་ནས་ཀྱང་སྐྱེ་བ་མང་པོ་ལེན་པ་ལྟ་བུའོ། །མཛོད་ལས་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་བཞི་རུ་རྣམ་པར་བཞག་པའི་རྒྱུ་མཚན་ནི། རྒྱུ་མཚན་རྣམ་པ་ལྔ་ལྔས་བཞག་པ་ཡིན་ཏེ། རྒྱུ་མཚན་ལྔ་བོ་དེ་དག་ནི་འབྲས་གནས་བཞི་ལ་སྲིད་ཀྱི་གཞན་ལ་མི་སྲིད་པའི་ཕྱིར་རོ། །འབྲས་གནས་བཞི་བོ་གང་རུང་འཇོག་པ་ལ་སྔོན་དུ་རང་རང་གི་ཞུགས་ལམ་བཏང་བ་དང༌། རང་གི་ཞུགས་ལམ་ལས་གཞན་རང་རང་གི་འབྲས་གནས་ཀྱི་ལམ་ཐོབ་པ་དང༌། རང་གི་སྤང་བྱ་ཟད་པ་ཕྱོགས་གཅིག་ཏུ་སྡོམ་པ་ཐོབ་པ་དང༌། ཤེས་པ་བརྒྱད་ཚན་ཚང་བར་ཐོབ་པ་དང༌། བདེན་བཞི་མི་རྟག་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་རྣམ་པ་བཅུ་དྲུག་ཐོབ་པ་དགོས་པའི་ཕྱིར་ཏེ། མཛོད་ལས། འབྲས་བུ་བཞི་རྣམ་བཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །འབྲས་ལ་སྔོན་དུ་བཏང་བ་དང༌། །གཞན་ཐོབ་པ་དང་ཟད་སྡོམ་དང༌། །ཤེས་པ་བརྒྱད་ཚན་ཐོབ་པ་དང༌། །རྣམ་པ་བཅུ་དྲུག་ཐོབ་པའོ། །ཞེས་གསུངས་སོ། །འབྲས་བུ་དེ་དག་ནི་དབང་པོ་ཉེར་གཉིས་ལས་དུས་ཐོབ་ནི། མཛོད་ལས། འབྲས་བུ་ཐ་མ་གཉིས་དགུས་འཐོབ། །གཉིས་ནི་བདུན་དང་བརྒྱད་དང་དགུས། །བཅུ་གཅིག་དག་གིས་དགྲ་བཅོམ་ཉིད། །འགའ་ཞིག་སྲིད་ཕྱིར་བཤད་པ་ཡིན། །ཞེས་བྱེ་བྲག་སྨྲ་བའི་ལུགས་ལ་དེ་ལྟར་གསུངས་སོ། །

གཉིས་པ་ཆགས་བྲལ་སྔོན་སོང་བཤད་པ།

གཉིས་པ་ཆགས་བྲལ་སྔོན་སོང་བཤད་པ་ལ།

སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ནི། མཛོད་ལས། དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །དབང་པོ་རྣོ་རྟུལ་དེ་དག་ཏུ། །དད་དང་ཆོས་ཀྱི་རྗེས་འབྲང་བ། །བསྒོམ་པས་སྤང་བྱ་མ་སྤངས་ན། །འབྲས་བུ་དང་པོ་ལ་ཞུགས་པ། །རྣམ་ལྔའི་བར་བཅོམ་གཉིས་པ་ལ། །དགུ་པ་ཚུན་ཆད་ཟད་པ་ཡིན། །འདོད་པའམ་ཡང་ན་གོང་མ་ལས། །ཆགས་བྲལ་གསུམ་པ་ལ་ཞུགས་པ། །གང་ཞིག་གང་ལ་ཞུགས་པ་ནི། །བཅུ་དྲུག་པ་ལ་དེ་འབྲས་གནས། །དེ་ཚེ་དབང་པོ་རྣོ་རྟུལ་དག །དད་པས་མོས་དང་མཐོང་བས་ཐོབ། །འབྲས་ཐོབ་འབྲས་བུ་ཁྱད་པར་གྱི། །ལམ་ཐོབ་མེད་པས་དེ་ཡི་ཕྱིར། །འབྲས་གནས་ཁྱད་པར་བྱ་བའི་ཕྱིར། །མི་བརྩོན་པ་ནི་ཞུགས་མ་ཡིན། །ཞེས་གསུངས་ལ། དེའི་དོན་ནི། མདོ་ལུགས་མ་ལས། དབང་པོ་རྣོ་རྟུལ་དེ༷་དག་མཐོང་ལམ་སྐ༷ད་ཅི༷ག་བཅོ༷་ལྔ༷་བཤད་པ་གང་ཡིན་པ་དེ་དག་ལ་གནས་པ་ནི༷་ད༷ད་པས་རྗེས་སུ་འབྲང་བ་ད༷ང་ཆོ༷ས་ཀྱི༷་རྗེ༷ས་སུ་འབྲ༷ང་བ༷འོ། །དེ་གཉིས་འཇིག་རྟེན་པའི་ལམ་གྱིས་སྔོན་སྒོམ་སྤང་མ་སྤངས་པ་དང༌། སྔོན་འདོད་པའི་སྒོམ་སྤང་ལྔའི་བར་དུ་སྤངས་ན་ཡང་འབྲས་བུ་རྣམས་ཀྱི་དང་པོ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པའོ། །མྱ་ངན་ལས་འདས་པའི་རྒྱུ་ནི་ལམ་སྟེ་དེ་ནས་དེར་འགྲོ་བའི་ཕྱིར་དེར་ཞུགས་ཤིང་ཕྱིན་ལ་སོན་པས་ན་རྒྱུན་དུ་ཞུགས་པ་ཡིན་ནོ། །གལ་ཏེ་དེ་གཉིས་ཀྱིས་འདོད་པའི་སྒོམ་སྤང་དྲུག་གམ་བདུན་ནམ་བརྒྱད་དག་གཅིག་སྔོན་སྤངས་ན་འབྲས་བུ་གཉིས་པ་ལན་གཅིག་ཕྱིར་འོང་གི་འབྲས་བུ་ལ་ཞུགས་པ་ཡིན་ནོ། །དགུ་པ་སྤངས་པའི་འདོ༷ད་པ༷་ལས་འདོད་ཆགས་དང་བྲལ་བའམ་གོ༷ང་མ༷་ཅི་ཡང་མེད་པ་སྐྱེ་མཆེད་ཀྱི་བར་ལ༷ས་འདོད་ཆ༷གས་དང་བྲ༷ལ་བ་ཡིན་ན་དེ་གཉིས་འབྲས་བུ་གསུ༷མ་པ༷་ཕྱིར་མི་འོང་གི་འབྲས་བུ་ལ༷་ཞུ༷གས་པ༷འོ། །སེམས་བཅུ༷་དྲུ༷ག་པ༷་སྐྱེས་ན་དེ་གཉིས་ད༷ད་པ༷ས་མོ༷ས་པ་ད༷ང་མཐོ༷ང་བ༷ས་ཐོ༷བ་པ་ཞེས་བྱ་བ་དང༌། འབྲས་བུ་དང་དེ་ལ་གནས་ཡིན་གྱི། དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དང༌། ཞུགས་པ་ནི་མ་ཡིན་ནོ། །གལ་ཏེ་རྣམ་པ་ལྔའི་བར་དུ་སྤངས་ཀྱང་སེམས་བཅུ་དྲུག་པ་ལ་རྒྱུན་དུ་ཞུགས་པ་ཁོ་ན་ཡིན་གྱི། ལན་ཅིག་ཕྱིར་འོང་གི་འབྲས་བུ་ལ་ཞུགས་པ་མ་ཡིན་ཞེ་ན། གང་གི་ཕྱིར་འབྲ༷ས་བུ་ཐོ༷བ་ནས་འབྲ༷ས་བུ༷་ཁྱ༷ད་པ༷ར་ཅན་གྱི༷་ལ༷མ་མི་འཐོ༷བ་པ་དེ་ནི་ངེས་སོ། །དེ༷འི༷་ཕྱི༷ར་འབྲ༷ས་བུ་ལ་གན༷ས་པ་ཇི་སྲིད་དུ་ཁྱ༷ད་པ༷ར་དུ་བྱ༷་བ༷འི་ཕྱི༷ར་འབྲས་བུ་གཞན་ཐོབ་པར་བྱ་བ་ལ་མི༷་བརྩོ༷ན་པ༷་དེ་སྲིད་དུ་ཞུ༷གས་པ་མ༷་ཡི༷ན་ནོ། །དེ་བཞིན་དུ་འབྲས་བུ་གཞན་ལ་ཡང་སྦྱར་བར་བྱའོ། །ཞེས་གསུངས་སོ། །དེས་ན། ཆགས་བྲལ་སྔོན་སོང་གི་ཞུགས་འབྲས་རྣམས་ཀྱི་མཚན་ཉིད་བརྗོད་ན། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པའི་མཚན་ཉིད། མཐོང་ལམ་གྱི་སྔར་འདོད་ཉོན་དྲུག་པ་ལ་ཆགས་བྲལ་བྱས་ནས་མཐོང་ལམ་ལ་གནས་པའི་ཕྱིར་འོང་གི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་འཕགས་པ་དེ་ཡིན་ཏེ། ཉ་ཊཱིཀ་ལས། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པར་མཚོན། ཕྱིར་འོང་ཆགས་བྲལ་སྔོན་སོང་གི་འབྲས་གནས་ཐོབ་ཕྱིར་བརྩོན་པའི་མཐོང་ལམ་པ། ཞེས་གསུངས་པའི་ཕྱིར་རོ། །ཆགས་བྲལ་སྔོན་སོང་གི་ཕྱིར་འོང་འབྲས་གནས་ཀྱི་མཚན་ཉིད། མཐོང་ལམ་གྱི་སྔར་འདོད་ཉོན་དྲུག་པ་ལ་ཆགས་བྲལ་བྱས་ཟིན་པའི་རྒྱུན་ཞུགས་ཀྱི་རྟོགས་པ་སྔོན་དུ་མ་བཏང་བའི་ཕྱིར་འོང་འབྲས་གནས་དེ་ཡིན་ཏེ། ཉ་ཊཱིཀ་ལས། དེ་འདྲའི་ངང་ནས་མཐོང་ལམ་ཐོབ་ནས་ད་ལྟ་བཅུ་དྲུག་པའི་རྟོགས་པ་ལ་གནས་བཞིན་པའི་གང་ཟག་གང་ཡང་རུང་བ། དེའི་འབྲས་གནས་ཏེ། དེ་དེའི་མཚན་ཉིད་དམ། ཡང་ན་དེ་འདྲ་མཚན་གཞི། ཕྱིར་འོང་ཆགས་བྲལ་སྔོན་སོང་འབྲས་གནས་སུ་མཚོན། རྒྱུན་ཞུགས་སྔོན་དུ་མ་བཏང་བའི་ཕྱིར་འོང་འབྲས་གནས་གང་ཞིགབཅུ་དྲུག་པའི་རྟོགས་པ་ལ་གནས་པའོ་ཞེས་པའོ། །རྒྱལ་བུའི་སྲས་ཀྱིས། འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མ་ཐོབ་པ་ཁོ་ནར་སྐད་ཅིག་མ་བཅུ་དྲུག་པ་ཁོ་ན་ལ་ལན་གཅིག་ཕྱིར་འོང་པ་ཡིན་པར་འགྱུར་རོ། །ཞེས་སོ། །ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་ཞུགས་པའི་མཚན་ཉིད། མཐོང་ལམ་གྱི་སྔོན་དུ་འདོད་ཉོན་དགུ་བ་ལ་ཆགས་བྲལ་བྱས་ནས་ཕྱིར་མི་འོང་གི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་མཐོང་ལམ་པ་དེ་ཡིན་ཏེ། ཉ་ཊཱིཀ་ལས། དེའི་འབྲས་གནས་ཐོབ་ཕྱིར་བརྩོན་པའི་མཐོང་ལམ་པའོ། །ཞེས་གསུངས་སོ། །ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་འབྲས་གནས་ཀྱི་མཚན་ཉིད། འབྲས་གནས་དང་པོ་གཉིས་གང་ཡང་སྔོན་དུ་མ་བཏང་བའི་ཕྱིར་མི་འོང་འབྲས་གནས་དེ་ཡིན་ཏེ། ཉ་ཊཱིཀ་ལས། རྒྱུན་ཞུགས་དང་ཕྱིར་འོང་གང་ཡང་སྔོན་དུ་མ་བཏང་བའི་ཕྱིར་མི་འོང་འབྲས་གནས་གང་ཞིག་བཅུ་དྲུག་པའི་རྟོགས་པ་ལ་གནས་པའོ། །ཞེས་གསུངས་སོ། །རྒྱུན་ཞུགས་དང་དགྲ་བཅོམ་པ་གཉིས་ལ་ཆགས་བྲལ་སྔོན་སོང་མེད་པའི་རྒྱུ་མཚན་ནི། ཉ་ཊཱིཀ་ལས། འདིར་ལྔ་མན་སྤངས་པའི་མཐོང་ལམ་པ་དེ་རྒྱུན་ཞུགས་ཞུགས་པ་ཆགས་བྲལ་སྔོན་སོང་དང༌། དེ་བཅུ་དྲུག་པ་ལ་གནས་པ་དེ་དེའི་འབྲས་གནས་ཆགས་བྲལ་སྔོན་སོང་དུ་འདོད་པ་ནི་ཆགས་བྲལ་སྔོན་སོང་གི་དོན་ལ་བློ་ཁ་མ་ཕྱོགས་པའི་གཏམ་སྟེ། དེའི་དོན་ནི་ལམ་དང་གང་ཟག་དེ་དང་དེའི་སྤང་བྱའི་ངོ་སྐལ་དེ་མཐོང་ལམ་གྱི་སྔར་འཇིག་རྟེན་པའི་སྒོམ་ལམ་གྱིས་སྤངས་ནས་དེ་རྗེས་མཐོང་ལམ་ཐོབ་ཅིང་ད་ལྟ་སྐད་ཅིག་བཅོ་ལྔ་བོ་གང་རུང་ངམ་བཅུ་དྲུག་པ་ལ་གནས་པ་ཞིག་སྟེ། རྒྱུན་ཞུགས་སམ་ཕྱིར་འོང་གི་ཞུགས་འབྲས་སྔོན་དུ་མ་བཏང་བར་རིམ་བཞིན། ཕྱིར་འོང་ངམ་ཕྱིར་མི་འོང་གི་ཞུགས་འབྲས་པ་སྟེ་འབྲས་བུ་ཐོད་རྒལ་དུ་ཐོབ་པར་བྱེད་པ་གཅིག་ཡིན་པ་ལ། ལྔ་བ་དེ་རྒྱུན་ཞུགས་ཀྱི་སྤང་བྱ་མིན་པའི་ཕྱིར་དང༌། མཐོང་ལམ་གྱི་སྔར་སྲིད་རྩེའི་མཐོང་སྤང་འཇིག་རྟེན་པའི་སྒོམ་ལམ་གྱིས་སྤོང་བ་མི་སྲིད་དེ། དེས་སྤོང་ན་འོག་ལ་རགས་པ་གོང་མ་ལ་ཞི་བར་བལྟས་ནས་སྤང་དགོས་ཤིང་སྲིད་རྩེ་ལས་གོང་སའི་འཇིག་རྟེན་པ་མེད་པས་སོ། །འཇིག་རྟེན་འདས་ཀྱིས་སྲིད་རྩེ་ལ། །ཆགས་བྲལ་གཞན་ལ་རྣམ་པ་གཉིས། །ཞེས་མཛོད་དོ། །ཞེས་དང༌། དེ་ལྟར་ན་འབྲས་བུ་བར་བ་གཉིས་ཁོ་ན་ལ་ཆགས་བྲལ་སྔོན་སོང་བཤད་ཀྱི་སྔ་ཕྱི་གཉིས་ལ་མེད་དེ། རྒྱུན་ཞུགས་ལ་མེད་པར་སྔར་བཤད་ཟིན་ཅིང༌། དགྲ་བཅོམ་ལ་མེད་དེ།འཇིག་རྟེན་པའི་སྒོམ་ལམ་གྱིས་སྲིད་རྩེའི་སྒོམ་སྤང་སྤོང་མི་སྲིད་པའི་ཕྱིར་དང༌། དེ་མ་སྤངས་པའི་དེ་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་སོ། །ཁམས་འོག་མ་ལ་སྐྱོན་དུ་ལྟ་བའི་འཇིག་རྟེན་པའི་ལམ་དང༌། ཁམས་གོང་མ་སྐྱོན་དེ་དག་ཞི་བར་ལྟ་བའི་འཇིག་རྟེན་པའི་ལམ་ལ་ཚིག་སྡུད་བྱས་ནས་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་ཞེས་བྱ་ལ། འཇིག་རྟེན་པའི་རྣམ་གྲོལ་ལམ་དང་བར་ཆད་མེད་ལམ་གཉིས་ལ་རིམ་བཞིན་ཞི་རགས་ཀྱི་རྣམ་པ་ཅན་ཡིན་ཏེ། མཛོད་ལས། འཇིག་རྟེན་པ་ཡི་རྣམ་གྲོལ་དང༌། །བར་ཆད་མེད་ལམ་གོ་རིམ་བཞིན། །ཞི་སོགས་རགས་སོགས་རྣམ་པ་ཅན། །ཞེས་གསུངས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཆགས་བྲལ་སྔོན་སོང་གི་ཕྱིར་འོང་དང་ཕྱིར་མི་འོང་གཉིས་ཉ་ཊཱིཀ་ལས། བཅུ་དྲུག་པའི་རྟོགས་པ་ལ་གནས་པའོ། །ཞེས་བཅུ་དྲུག་པ་ལམ་རྗེས་ཤེས་ལ་གནས་དགོས་པ་ལྟ་བུར་གསུངས་པ་ནི་བཅུ་དྲུག་པའི་རྟོགས་པ་ཐོབ་ཟིན་དགོས་ཀྱང་དེ་ལ་གནས་པ་དགོས་པ་མིན་ནམ་དཔྱད་པར་བྱའོ། །ཐེག་མཆོག་དབུ་མའི་ཟིན་བྲིས་ལས། འདིར་བདེན་པ་མཐོང་བ་ཞེས་པ་ཡང་མ་མཐའི་ས་མཚམས་རྒྱུན་དུ་ཞུགས་པ་ནས་འཇོག་པ་ཡིན་ཏེ། ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། མཐོང་བའི་ས་ནི་རྒྱུན་ཞུགས་དང༌། ཞེས་གསུངས་པ་ཡང་བརྟག་པར་བྱ་དགོས་ཏེ། ཉ་ཊཱིཀ་ལས། ཆུ་མིག་པ་སོགས། རྒྱུན་ཞུགས་ཞུགས་པ་རྒྱུན་ཞུགས་སུ་སྨྲ་བ་ནི་ནོར་བ་སྟེ། བཅུ་དྲུག་པ་ཐོབ་པར་ཐལ་ཏེ། ཀུན་བཏུས་སུ། རྒྱུན་དུ་ཞུགས་པ་གང་ཞེ་ན། གང་མཐོང་བའི་ལམ་གྱི་སྐད་ཅིག་བཅུ་དྲུག་པ་ལ་གནས་པའི་གང་ཟག་གོ་ཞེས་སོ། །ཞེས་གསུངས་སོ། །ཆུ་མིག་པ་སོགས། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་མི་འོང་ཞུགས་པ་དེ་ཕྱིར་འོང་མི་འོང་དངོས་ཡིན་ཏེ། དྲུག་པ་སྤངས་པའི་དང་དགུ་བ་སྤངས་པའི་ཉན་ཐོས་སློབ་པའི་འཕགས་པ་ཡིན་པས་སོ་གསུང་ངོ༌། །ཆགས་བྲལ་སྔོན་སོང་དང་མཐར་གྱིས་པའི་དེ་དང་དེ་ནི་མིན་ཏེ་རྒྱུ་མཚན་སླ་ཞིང་གཞན་དངོས་སུ་མ་བཤད་དོ། །ཞེས་ཆུ་མིག་པའི་དེ་ལྟར་འདོད་པ་དེ་མི་འཐད་པར་གསུངས་མོད།མདོ་ལུགས་མ་ལས། ཕྱིར་འོང་ལ་ཞུགས་གནས་གཉིས་དང༌། བར་ཆད་གཅིག་པ་སྟེ་གསུམ་མོ། །ཞེས་པས་བརྟག་པའི་གནས་ཙམ་མོ། །ཡང་ཉ་ཊཱིཀ་ལས། འོན་ཀྱང་དོན་གྱིས་ཐོབ་སྟེ་ཕྱིར་འོང་ཆགས་བྲལ་སྔོན་སོང་དུས་ཕྱིས་ཕྱིར་མི་འོང་དུ་གྱུར་པ་དང་ལྔ་བ་མན་སྤངས་ནས་མཐོང་ལམ་ཐོབ་རྗེས་སུ་ཕྱིར་འོང་དུ་གྱུར་པ་དང་མཐོང་ལམ་གྱི་སྔར་འཇིག་རྟེན་པའི་ལམ་གྱིས་རྣམ་གསུམ་རྣམ་བཞི་སྤངས་པའི་རྒྱུན་ཞུགས་གང་གསུམ་མམ་བཞིའི་གཉེན་པོ་ཟག་མེད་མ་ཐོབ་པ་དང་ཐོབ་པ་གཉིས་ཀ་དང་ཕྱིར་འོང་འབྲས་གནས་མཐོང་ལམ་གྱི་སྔར་བདུན་བརྒྱད་སྤང་བ་དེའི་གཉེན་པོ་ཟག་མེད་ཐོབ་མ་ཐོབ་གཉིས་བཤད་པས་དེ་ཐོབ་པ་དེ་ཡང་དེ་གཉིས་གང་ཡང་མིན་པས་སོ། །ཞེས་གསུངས་པའི་ནང་ནས་དང་པོ་ལས་གཞན་རྣམས་ལ་བརྟག་པའི་གནས་སོ། །ཡང་ཉ་ཊཱིཀ་ལས། དེས་ན་གནད་དེ་མ་ཤེས་པར། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་མི་འོང་དང༌། ཕྱིར་འོང་མི་འོང་གི་ཆགས་བྲལ་སྔོན་སོང་ལ་ཁྱད་པར་མེད་པར་འདོད་པ་ནི་ཞིབ་ཞིབ་འདྲ་བའི་ཐ་སྙད་རྨོངས་པ་མགུ་བར་བྱེད་པ་ཙམ་དུ་ཟད་དོ། །ཞེས་གསུངས་པའི་དོན་ལ་དཔྱད་པར་བྱའོ། །ཡང་ཉ་ཊཱིཀ་ལས། མཐོང་ལམ་གྱི་སྔར་སྲིད་རྩེའི་མཐོང་སྤང་འཇིག་རྟེན་པའི་སྒོམ་ལམ་གྱིས་སྤོང་བ་མི་སྲིད་དེ། དེས་སྤོང་ན་འོག་ལ་རགས་པ་གོང་མ་ལ་ཞི་བར་བལྟས་ནས་སྤང་དགོས་ཤིང་སྲིད་རྩེ་ལས་གོང་སའི་འཇིག་རྟེན་པ་མེད་པས་སོ། །ཞེས་གསུངས་པ་ལ།། ལྷན་ཐབས་ལས། ཚད་མེད་བཞི་མེད་ཀྱང་ཉེར་བསྡོགས་རྫོགས་པར་ཐོབ་ལ་མ་ཉམས་པ་ཡོད་ན་ཚངས་པར་སྐྱེ་ངེས་པའི་ཕྱིར། ཚད་མེད་བཞི་སྨོས་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །དེས་ན་འདོད་ཡོན་མ་སྤངས་བསམ་གཏན་དང་པོའི་ཏིང་ངེ་འཛིན་རྒྱུད་ལ་མ་སྐྱེས་པར་ཚངས་གནས་སུ་སྐྱེ་བ་མིན་ཡང༌། འདོད་པའི་ཏིང་ངེ་འཛིན་ལ་བརྟེན་ནས་ཚད་མེད་བཞི་བསྒོམས་པས། འདོད་ཉོན་སྲབས་ཏེ། ཚད་མེད་བཞི་པོ་ཉིད་ཉེར་བསྡོགས་སུ་འགྱུར་ཏེ་དེ་ལས་དངོས་གཞི་སྐྱེ་ལ། འབྲས་བུ་རྒྱུའི་རྗེས་སུ་འཇུག་པ་ཉིད་ཀྱི་ཕྱིར། དངོས་གཞི་ཡང་ཚད་མེད་དང་མཚུངས་པར་ལྡན་པ་ཁོ་ན་འབྱུང་ངོ༌། །བྱམས་སོགས་གསུམ་གྱིས་ཁོང་ཁྲོ་དང༌། བཏང་སྙོམས་ཀྱིས་འདོད་པའི་འདོད་ཆགས་སྤངས་པས་གཙོ་བོ་བཅོམ་པ་ན་འཁོར་བྲོས་པ་ལྟར་འདོད་ཉོན་གཞན་རྣམས་ཤུགས་ལ་སྤངས་ཏེ།འདོད་པ་ལ་ཆགས་བྲལ་དུ་འགྱུར་བ་ཡིན་པས། འཇིག་རྟེན་པའི་ལམ་གྱིས་ཆགས་བྲལ་བྱེད་ཕྱིན་ཞི་རགས་ཀྱི་རྣམ་པ་ཅན་ཁོ་ན་བསྒོམ་དགོས་ཀྱི་གཞན་མེད་དོ་སྙམ་དུ་སེམས་པ་ནི། ཕྱོགས་གཅིག་ལས་གཞན་མ་རྟོགས་མི་མཐོང་བའོ། །ཞེས་པས་ཚད་མེད་བཞི་དང་སྲིད་རྩེ་ལ་སྐྱོན་དུ་ལྟ་བ་དང་ཐར་བ་དང་དག་ཞིང་སོགས་ཕན་ཡོན་དུ་ལྟ་བའི་སོ་སྐྱེས་ཀྱི་ལམ་དེས་སྲིད་རྩེའི་ཉོན་མོངས་པ་ཆགས་བྲལ་ནུས་པ་མིན་ནམ་དཔྱད་པར་བྱའོ། །ཡང་ཐེག་མཆོག་དབུ་མའི་ཟིན་བྲིས་ལས། སྤྱིར་ཡང་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་ལ་བརྟེན་ནས། ཕྱིར་འོང་དང་ཕྱིར་མི་འོང་ཐོབ་པ་ཡང་མི་འཐད་དེ། ལམ་དེས་ནི་ཉོན་མོངས་པ་མངོན་གྱུར་བ་ཙམ་འགོག་ནུས་ཀྱི། ས་བོན་རྩ་བ་ནས་སྤོང་མི་ནུས་པའི་ཕྱིར་རོ། །དེས་ན་འདོད་ཉོན་དྲུག་པ་སྤངས་པའི་ཕྱིར་འོང་དང༌། དགུ་བ་སྤངས་པའི་ཕྱིར་མི་འོང་གཉིས་ཐོབ་པ་ལ་བདེན་པའི་རྣམ་པ་ཅན་འཇིག་རྟེན་ལས་འདས་པའི་ལམ་གྱིས། ཉོན་མོངས་པ་དེ་དང་དེའི་ས་བོན་རྩ་བ་ནས་སྤངས་པ་ཞིག་དགོས་པ་ཡིན་ནོ། །ཞེས་ཞི་རགས་ཀྱི་ལམ་གྱིས་འབྲས་བུ་བར་བ་གཉིས་ཐོབ་པ་མི་འཐད་པ་ལྟ་བུར་གསུངས་ཀྱང་སྤྱིར་ཞི་རགས་ཀྱི་ལམ་གྱིས་ཐོབ་པ་ཡོད་པར་སྣང་སྟེ། ཀུན་བཏུས་ས་འགྲེལ་ལས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འཇུག་པ་གང་ཞེ་ན།གང་སྔར་རྒྱུན་ཞུགས་ཐོབ་པའི་རྗེས་སུ་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་སྒོམ་པའི་ལམ་གང་རུང་ལ་འདོད་པ་ན་སྤྱོད་པའི་སྒོམ་སྤང་ཉོན་མོངས་པ་རྣམས་ཀྱི་རྣམ་པ་ལྔ་པ་འབྲིང་པོའི་འབྲིང་པོ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ་ཞེས་པ་སྟེ། ཞེས་དང༌། མཛོད་རང་འགྲེལ་ལས། འབྲས་བུ་བར་བ་གཉིས་ནི་འཕགས་པའི་འཇིག་རྟེན་པའི་ལམ་གྱིས་ཀྱང་ཐོབ་པར་བྱེད་པས་དེ་གཉིས་ལས་ཉམས་པ་སྲིད་དེ། འཇིག་རྟེན་པའི་ལམ་གྱིས་སྤངས་པ་ནི་ལྡོག་པ་སྲིད་པའི་ཕྱིར། ཞེས་དང༌། རྣམ་འགྲེལ་ལས། སྐྱོབ་ལས་དེ་ཉིད་དང་བརྟན་དང༌། །མ་ལུས་ཁྱད་པར་མཁྱེན་པར་གྲུབ། །གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །དེ་ཕྱིར་ཕྱི་རོལ་པ་དང་སློབ། །མི་སློབ་ལས་ལྷག་དེ་ཡི་ཕྱིར། ཞེས་དང༌། རྣམ་འགྲེལ་འགྲེལ་བཤད་རིན་ཕྲེང་ལས། བཅོམ་ལྡན་འདས་ཆོས་ཅན། ཕྱི་རོལ་པ་དང་སློབ་པ་དང་མི་སློབ་པ་ཉན་རང་དགྲ་བཅོམ་ལས་ལྡོག་སྟེ་རིམ་བཞིན་དེ་ཁོ་ན་ཉིད་མཁྱེན་པ་དང༌། མཁྱེན་པ་བརྟན་པ་དང༌། མ་ལུས་པར་མཁྱེན་པ་དེའི་ཕྱིར། ཞེས་སངས་རྒྱས་ཀྱི་སྤངས་རྟོགས་དང་སློབ་པ་ཉན་ཐོས་ཀྱི་སྤངས་རྟོགས་བརྟན་མི་བརྟན་གྱི་ཁྱད་པར་ཡོད་པར་གསུངས་པ་དག་གིས་གྲུབ་པའི་ཕྱིར་རོ། །

གསུམ་པ་འབྲས་བུ་རིམ་གྱིས་པ་བཤད་པ།

གསུམ་པ་འབྲས་བུ་རིམ་གྱིས་པ་བཤད་པ་ལ།

འབྲས་བུ་རིམ་གྱིས་པའི་རྒྱུན་ཞུགས་སྐོར་དང༌། ཕྱིར་འོང་སྐོར་དང༌། ཕྱིར་མི་འོང་སྐོར་དང༌། དགྲ་བཅོམ་སྐོར་དང་བཞི་ལས། དང་པོ་ལ་སྤྱི་དོན་དང༌། མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ནི། འབྲས་བུ་རིམ་གྱིས་པའི་རྒྱུན་ཞུགས་ཞུགས་པའི་མཚན་ཉིད། རྒྱུན་ཞུགས་ཞུགས་པ་གང་ཞིག འབྲས་བུ་བཞི་རིམ་གྱིས་ཐོབ་པའི་རིགས་ཅན་གྱི་དགེ་འདུན། མཚན་གཞི་ནི། སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་ལྟ་བུའོ། །འབྲས་བུ་རིམ་གྱིས་པའི་རྒྱུན་ཞུགས་ཀྱི་མཚན་ཉིད།རྒྱུན་ཞུགས་གང་ཞིག འབྲས་བུ་བཞི་རིམ་གྱིས་ཐོབ་པའི་རིགས་ཅན་གྱི་དགེ་འདུན། མཚན་གཞི། སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་མཐོང་ལམ་པ་ལྟ་བུའོ། །དེ་ལ་དབྱེ་ན། འབྲས་བུ་རིམ་གྱིས་པའི་འབྲས་གནས་ཙམ་པོ་དང་ཁྱད་པར་ཅན་གྱི་རྒྱུན་ཞུགས་གཉིས། དང་པོའི་མཚན་ཉིད། གོང་མའི་འབྲས་བུ་ཐོབ་ཕྱིར་དུ་མི་བརྩོན་པའི་རབ་ཏུུ་ཕྱེ་བའི་འབྲས་བུ་རིམ་པའི་རྒྱུན་ཞུགས་དེ་ཡིན་ཏེ། མཛོད་ལས། འབྲས་གནས་སྒོམ་སྤང་བྱ་མ་ཟད། །རེ་ལྟར་ཐོགས་ན་ལན་བདུན་པ། །ཞེས་དང༌། ཉ་ཊཱིཀ་ལས། རྒྱུན་ཞུགས་འབྲས་གནས་སྲིད་པ་ལན་བདུན་པ་མཚན་གཞི། རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཙམ་པོར་མཚོན། རིམ་གྱིས་པའི་རྒྱུན་ཞུགས་གང་ཞིག སྔར་སྒོམ་སྤང་ཡེ་མ་སྤངས་ཤིང་སྤོང་བའི་སྦྱོར་བ་ལའང་མི་བརྩོན་པའི་གང་ཟག་གོ །ཞེས་པས་སོ། །དེ་ལས་སྒོམ་སྤང་ཡེ་མ་སྤངས་གསུངས་པ་ལ་དཔྱད། དེ་ལ་དུ་མ་ཡོད་དེ། ཉ་ཊཱིཀ་ལས། སྤྱི་རིགས་ནས་སྔར་འདོད་པའི་སྒོམ་སྤང་གཏན་མ་སྤངས་ད་ལྟ་སྤོང་བའི་སྦྱོར་བ་ལའང་མི་བརྩོན་པའི་རྒྱུན་ཞུགས་འབྲས་གནས་ལ་མང་སྟེ་སྐྱེ་བ་གཅིག་བླངས་ནས་འདའ་བ། དེ་བཞིན་དུ། གཉིས་དང་གསུམ་བཞི་ལྔ་དྲུག་བླངས་ནས་འདའ་བ་ཡང་ཡོད་དོ། །དེ་གཉིས་སམ་གསུམ་བླངས་ནས་མྱ་ངན་ལས་མི་འདའ་བ་མ་ཡིན་མོད་ཀྱི་ཞེས་རྒྱལ་སྲས་སོ། །ཞེས་དང༌། དེ་ལྟར་ན་ཙམ་པོ་ལའང་རིགས་གཅིག་ནས་བདུན་ལེན་པའི་བར་མང་༼སོ་སྐྱེ་སྲིད་པ་ལན་བདུན་པའང་ཡོད་པར་འགྲེལ་བ་འགྲེལ་བཤད་དོ༽ངོ༌། །ཞེས་གསུངས་སོ། །རྒྱུན་ཞུགས་འབྲས་གནས་ཙམ་པོ་བའི་ནང་ནས་འབྲས་བུ་རིམ་གྱིས་རྒྱུན་ཞུགས་སྲིད་པ་ལན་བདུན་པའི་མཚན་ཉིད། རྒྱུན་ཞུགས་འབྲས་གནས་ཙམ་པོ་བ་གང་ཞིག འདོད་པར་སྐྱེ་སྲིད་བདུན་ལེན་པའི་དགེ་འདུན་དེ་ཡིན་ཏེ། ཉ་ཊཱིཀ་ལས། རིམ་གྱིས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པའི་མཚན་ཉིད། རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཙམ་པོ་གང་ཞིག འདོད་པར་ལྷ་མིའི་སྐྱེ་བ་བདུན་ནམ་བཅུ་བཞི་གང་རུང་ངེས་པར་ལེན་པའི་གང་ཟག་གོ །ཞེས་གསུངས་སོ། །བྱེ་བྲག་སྨྲ་བའི་ལུགས་ལ་རིགས་མཐུན་གྱི་སྐྱེ་བ་བདུན་ཞེས་བཤད་དགོས་སོ། །ལན་བདུན་པ་འདི་བྱེ་སྨྲ་དང་མདོ་སྡེ་བ་ཡན་གྱི་བཞེད་ཚུལ་མི་འདྲ་བ་ནི། ཉ་ཊཱིཀ་ལས། དེའི་ནང་ཚན་སྲིད་པ་ལན་བདུན་པ་ལ།བྱེ་བྲག་སྨྲ་བ་དང་མདོ་སྡེ་བའམ་དེ་ཡན་གྱི་ལུགས་གཉིས་ལས། དང་པོ་ནི། མིར་བདུན་ལྷར་བདུན་བར་སྲིད་བདུན་བདུན་ཏེ་ཉེར་བརྒྱད་ལེན་ཡང་བདུན་ཚན་དུ་འདྲ་བའི་ཕྱིར་ལན་བདུན་པ་ཞེས་བཤད་དེ། གནས་བདུན་ལ་མཁས་པ་དང་ཤིང་འདབ་མ་བདུན་པ་ཞེས་བྱ་བ་བཞིན་ནོ། །བདུན་ནི་གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཟུགས་ཀུན་འབྱུང་བ། གཟུགས་འགོག་པ། གཟུགས་འགོག་པར་འགྲོ་བའི་ལམ། གཟུགས་ཀྱི་རོ་མྱང་བ། གཟུགས་ཀྱི་ཉེས་དམིགས་དང༌། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །ཞེས་པ་དེ་བཞིན་དུ་ཚོར་འདུ་འདུ་བྱེད་རྣམ་ཤེས་ལ་ཡང་ངོ༌། །བདུན་ཚན་ལྔའམ་སུམ་ཅུ་རྩ་ལྔ་ལ་མཁས་པ་ཡིན་ནོ། །འདབ་མ་བརྒྱ་ཕྲག་དུ་མ་ཡོད་ཀྱང་བདུན་ཚན་དུ་འདྲ་བས་ཤིང་དེ་སྐད་དོ། །དཔེ་གཉིས་སྨོས་པ་དང་པོ་བསྟན་བཅོས་ལས་གཉིས་པ་འཇིག་རྟེན་ན་གྲགས་པས་སོ། །དེ་ཡང་དང་པོ་མིར་རྒྱུན་ཞུགས་ཐོབ་ན་མཐར་མིའི་རྟེན་ཁོ་ན། དང་པོ་འདོད་ལྷར་ཐོབ་ན། འདོད་ལྷའི་རྟེན་ཁོ་ན་ལ་མྱ་ངན་ལས་འདའ་བར་བཤད་པས་ལྷ་མིའི་སྐྱེ་བ་སྤེལ་མར་ལེན་པར་མངོན་པའམ་དང་པོ་གང་རུང་གཅིག་ཏུ་དྲུག་གཞན་དེར་བདུན་མཐར་དང་པོར་འོང་ནས་སོ། །ལུགས་འདི་ལ་ཉེར་བརྒྱད་ཀྱི་དང་པོ་བར་སྲིད་ནས་མགོ་འཛིན་དགོས་སོ། །བར་སྐབས་སུ་འཕགས་ལམ་མངོན་དུ་བྱེད་ཅིང་མྱ་ངན་ལས་མི་འདའ་སྟེ།དེ་སྲིད་དུ་སྲིད་པ་མྱོང་བར་འགྱུར་བའི་ལས་ཀྱི་སྟོབས་བསྐྱེད་པའི་ཕྱིར་རོ། །སྲིད་པ་བརྒྱད་པ་མི་འགྲུབ་སྟེ། དེ་སྲིད་ཀྱིས་རྒྱུད་སྨིན་པས་སོ། །བདུན་ཚན་བཞིའམ་མདོ་སྡེ་བ་ལྟར་ན། བདུན་ངེས་པར་ལེན་དགོས་ཏེ་སྦྲུལ་གོམས་པ་བདུན་པས་ཟིན་པ་དང་རིམས་ཉིན་བཞི་བ་བཞིན་ཏེ། བདུན་ཕན་ཆད་དུ་ཡང་མིན་ཚུན་ཆད་དུ་ཡང་མིན་པར་དེ་ཉིད་དུ་འཆི་བ་དང་ཉི་མ་བཞི་ཚུན་མིན་ཕན་ཡང་མིན་པར་བཞི་ཞིག་འདེབས་པ་བཞིན་ནོ། །སྲིད་པ་ཐ་མའི་ཚེ་སངས་རྒྱས་འབྱུང་བ་མེད་ན་ཁྱིམ་པའི་རྟེན་ལ་དགྲ་བཅོམ་ཐོབ་ལ་ཁྱིམ་ན་མི་གནས་སོ། །མི་སློབ་ལམ་ཐོབ་པའི་ཆོས་ཉིད་ཀྱི་མཐུས་དགེ་སློང་གི་མཚན་མའམ་རྟགས་འཐོབ་པོ། །འདི་སངས་རྒྱས་དང་མ་ཕྲད་ན་རང་རྒྱལ་དགྲ་བཅོམ་ཚོགས་སྤྱོད་དུ་འགྱུར་བར་སློབ་དཔོན་ཐོགས་མེད་ཀྱིས་དགོངས་འགྲེལ་འགྲེལ་བར་གསུངས་སོ། །མདོ་སྡེ་བ་ན་རེ། འོ་ན་གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་སྲིད་པ་བརྒྱད་འགྲུབ་པ་གནས་མེད་ཅེས་མདོ་ལས་བཤད་པ་དང་འགལ་ཞེ་ན། དེ་འགྲོ་བ་གཅིག་ཏུ་དགོངས་སོ། །སྒྲ་ཇི་བཞིན་པར་བྱས་ན་བར་སྲིད་ཡང་མེད་པར་འགྱུར་རོ། །འོ་ན་གོང་འཕོ་གཟུགས་སུ་སྐྱེ་བ་བཅུ་དྲུག་ལེན་པར་བཤད་པ་དང་འགལ་ལོ་ཞེ་ན། འདིར་འདོད་ཁམས་ལ་དགོངས་པས་སྐྱོན་མེད་དོ། །མདོ་སྡེ་པ་ན་རེ། གང་ཞིག་མིར་བདེན་པ་མཐོང་བ་དེ་ལྷ་རྣམས་ཀྱི་ནང་དུ་ལན་གསུམ་འཁོར་ལ་མིར་ལན་གསུམ་ཁོ་ན་འཁོར་ནས་ལྷར་འོངས་ཏེ་འདའ། ལྷར་བདེན་པ་མཐོང་བ་ཡང་མིར་གསུམ་ལྷར་གསུམ་འཁོར་ནས་མིར་འོངས་ཏེ་འདའ་བས་བདུན་ཁོ་ནའོ་ཞེས་ཟེར་རོ། །སློབ་དཔོན་ནི། བྱེ་བྲག་སྨྲ་བའི་གཞུང་འཛུགས་ཏེ། འོད་བསྲུང་པ་རྣམས་ལྷ་རྣམས་སུ་ལན་བདུན་མི་རྣམས་སུ་ལན་བདུན་ཞེས་སོ་སོར་ཡང་འདོན་པས་འདི་ལ་མངོན་པར་ཞེན་པར་མི་བྱའོ། །ཞེས་སོ། །དེས་ན་འདིས་ངེས་པར་ཉེར་བརྒྱད་དམ། བཅུ་བཞི་བླང་དགོས་ཏེ་སྔར་བཤད་པ་ལྟར་རོ། །ཞེས་གསུངས་སོ། །དེའི་སྐྱེ་བ་ལེན་ཚུལ་སྔ་མ་དེ་དང་ཅུང་མི་འདྲ་བ་ཀུན་བཏུས་ས་འགྲེལ་༥༨༨ལས། རྒྱུན་ཞུགས་འབྲས་བུའི་ཁྱད་པར་ལ་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་གང་ཞེ་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པའི་གང་ཟག་དབང་བོ་རྟུལ་པོ། སྔར་སྒོམ་སྤང་གཅིག་ཀྱང་མ་ཟད་པ་ཉིད་འདོད་པའི་ལྷ་དང་གླིང་གསུམ་གྱི་མི་རྣམས་ཀྱི་ནང་དུ།མི་འཁྲུག་པའི་ཞིང་བཀོད་ལས། རྒྱུན་དུ་ཞུགས་པ་དེ་ནི་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་མ་ཡིན་གྱི། ལུས་དེ་ཉིད་ཀྱིས་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་དོ། །ལྷ་ནས་མིར་སྐྱེ་ཞིང་མི་ནས་ལྷར་སྐྱེ་བ་ལ་སོགས་པའི་རིམ་པས་ལན་བདུན་ཡན་མན་དུ་སྲིད་པའི་འཁོར་བར་སྐྱེ་བ་ལེན་པར་བྱས་ནས་གང་སྐྱེ་བ་གཞན་དུ་ཉིང་མཚམས་མི་སྦྱོར་བའི་སྡུག་བསྔལ་གྱི་ཐ་མ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་ཅིང༌། དེའང་སྔར་ལྷའི་ནང་དུ་རྒྱུན་ཞུགས་ཐོབ་ན་ལྷའི་ནང་དང༌། མིའི་ནང་དུ་ཐོབ་ན་མིའི་ནང་དུ་འགྲུབ་པར་བྱེད་པ་སྟེ། འབྲས་གནས་སྒོམ་སྤང་བྱ་མ་ཟད། །རེ་ལྟར་ཐོགས་ན་ལན་བདུན་པར། །ཞེས་པ་ལྟ་བུའོ། །ཅི་སྟེ་རིང་ཡང་དེའི་ཁོངས་སུ་འགྲུབ་པས་རེ་ལྟར་ཐོགས་ན་ཞེས་པ་སྟེ། དེ་བས་རིང་བ་མི་འགྲོ་བས་སྦྲུལ་གོམ་པ་བདུན་པ་ཞེས་བརྗོད་པ་བཞིན་ནོ། །ཞེས་གསུངས་སོ། ། གཉིས་པ་འབྲས་བུ་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་གྱི་མཚན་ཉིད་ནི། འབྲས་བུ་རིམ་གྱིས་པའི་རྒྱུན་ཞུགས་གང་ཞིག ཕྱིར་འོང་གི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་རབ་ཏུ་ཕྱེ་བའི་དགེ་འདུན། དེ་ལ་དབྱེ་ན་རིགས་ནས་རིགས་སྐྱེ་དང་དེ་མ་ཡིན་པ་གཉིས། དང་པོ་རྒྱུན་ཞུགས་རིགས་ནས་རིགས་སྐྱེའི་མཚན་ཉིད། འདོད་ཉོན་གསུམ་པ་ངེས་པར་སྤངས་ལ་ལྔ་བ་མ་སྤངས་བའི་འདོད་པར་རིགས་མཐུན་གྱི་སྐྱེ་བ་གཉིས་ངེས་པར་ལེན་ལ་བཞི་མི་ལེན་པའི་དེའི་ཐ་མའི་རྟེན་ལ་འདའ་བའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་དེ་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། རིགས་ནས་རིགས་སུ་སྐྱེ་བ་གང་ཞེ་ན། རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་ཏེ་ཕྱིར་འོང་འབྲས་བུ་ལ་རིམ་གྱིས་འཇུག་ཅིང༌། འདོད་པའི་ལྷའི་རིགས་ནས་རིགས་སུའམ་མི་རྣམས་ཀྱི་ནང་དུ་རིགས་ནས་རིགས་སུ་སོང་ཞིང་སྐྱེ་བ་བླངས་ནས་སྲིད་པ་ལན་གཉིས་ཀྱིས་འཁོར་བར་བྱས་ཏེ་གང་སྡུག་བསྔལ་ཟད་པ་ཉིད་ཀྱི་ཐ་མ་མྱང་འདས་ཐོབ་པར་བྱེད་པའོ། །ཞེས་དང༌། ཉ་ཊཱིཀ་ལས། རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། །ཞེས་ཏེ། རྒྱུན་ཞུགས་དེ་ཉིད་ཚེ་དེ་ལ་འདོད་པའི་སྒོམ་སྤང་ཆེན་པོ་གསུམ་མམ་འབྲིང་གི་ཆེན་པོ་སྤངས་དེ་ཡན་མ་སྤངས། རྟོགས་པ་སྒོམ་ལམ་ཟག་མེད་ཀྱི་དབང་བོ་ཆུང་གསུམ་མམ་འབྲིང་གི་ཆུང་ངུ་ཐོབ་པ། སྐྱེ་བ་གསུམ་སྤངས་ན་གསུམ་བཞི་སྤངས་ན་གཉིས་ལེན་པ་སྟེ། ལམ་རིམ་གྱིས་པའི་རྒྱུན་ཞུགས་ཁྱད་པར་ཅན་རིགས་ནས་རིགས་སྐྱེའི་མཚན་ཉིད་ནི། ལམ་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་གང་ཞིག འདོད་པའི་ལྷའམ་མི་གང་རུང་རེ་རེ་ཚེ་གཉིས་ཡན་མཐུད་ནས་ལེན་པ། དབྱེ་ན། ལྷའི། མིའི་རིགས་ནས་རིགས་སྐྱེ་གཉིས་ལས། དང་པོའི་མཚན་ཉིད། ཟུར་དང་པོ་འདྲ། འདོད་ལྷར་སྐྱེ་བ་གཉིས་ཞེས་སོགས། གཉིས་པ་ལ། ཟུར་དང་པོ་འདྲ། མིར་སྐྱེ་བ་ཞེས་སོགས་སོ། །ཞེས་གསུངས་སོ། །དེ་ལ་ཞིབ་ཆ་ཅུང་ཟད་དགོས་ཏེ། ཚིག་ཟིན་ལྟར་ན་རིགས་སྐྱེ་དང་རྒྱུད་གཅིག་པའི་འདོད་ཉོན་དང་པོ་སྤངས་མ་ཐག་པའི་འབྲས་གནས་ཁྱད་པར་ཅན་སོགས་དེར་ཐལ་བའི་ཕྱིར་རོ། །འདོད་ཉོན་ལྔ་བ་སྤངས་ན་རིགས་ནས་རིགས་སྐྱེ་མིན་ཏེ། ཉ་ཊཱིཀ་ལས། གལ་ཏེ་ལྔ་བ་སྤངས་པ་རིགས་ནས་རིགས་སྐྱེ་མིན་ནམ་ཞེ་ན། མིན་ཏེ། ལྔ་བ་སྤངས་ན་ཚེ་དེ་ལ་དྲུག་པའང་སྤོང་བས་ཕྱིར་འོང་དུ་འགྱུར་བའི་ཕྱིར་རོ། །དེ་དག་ཁམས་གོང་མར་མི་འགྲོ་སྟེ། འདོད་པར་ཚེ་ཡོངས་སུ་གྱུར་པའི་འཕགས་པ་འདོད་པའི་ཆགས་བཅས་ཡིན་པས་སོ། །གཟུགས་སུ་ཚེ་ཡོངས་སུ་གྱུར་པ་ནི་གཟུགས་མེད་དུ་འཇུག་པ་སྲིད་དེ། སྲིད་རྩེར་འགྲོ་བཞིན་ནོ། །འདོད་པར་ཚེ་ཡོངས་གྱུར་པའི་འཕགས། །ཁམས་གཞན་དུ་ནི་འགྲོ་བ་མེད། །དེའི་རྒྱུ་མཚན་ནི་རང་འགྲེལ་དུ་ཚེ་དེ་ཉིད་ལ་ཕྱིར་མི་འོང་གི་འབྲས་བུ་ཐོབ་ནས་མྱ་ངན་ལས་འདའ་བའི་ཕྱིར་རོ་ཞེས་སོ། །དེ་དང་གོང་མར་སྐྱེས་པ་ནི། །ཡོངས་ཉམས་དབང་བོ་འཕོ་མི་བསྟེན། །ཞེས་ཏེ། འདིས་དངོས་སུ་ཚེ་ཡོངས་སུ་གྱུར་པའི་ཕྱིར་མི་འོང་བསྟན་ཅིང་ཞར་ལ་འདོད་པར་འཕགས་ཆོས་ཚེ་གཉིས་བསྟེན་པའི་ཆགས་བཅས་ཡང་ཚེ་ཡོངས་སུ་གྱུར་པ་ཡིན་པར་འཆད་ལ། ཞེས་གསུངས་སོ། །གཉིས་པ་དེ་མིན་པའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་ནི། ཚེ་དེར་འདའ་བ་དང་བར་དོར་འདའ་བ་དང་སྐྱེས་ནས་འདའ་བའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་དེ་དག་གོ །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཉ་ཊཱིཀ་ལས། འདི་སངས་རྒྱས་དང་མ་ཕྲད་ན་རང་རྒྱལ་དགྲ་བཅོམ་ཚོགས་སྤྱོད་དུ་འགྱུར་བར་སློབ་དཔོན་ཐོགས་མེད་ཀྱིས་དགོངས་འགྲེལ་འགྲེལ་བར་གསུངས་སོ། །ཞེས་གསུངས་པ་རང་རྒྱལ་དགྲ་བཅོམ་པ་ཡིན་ན་བསྐལ་བ་བརྒྱའི་ཚོགས་བསགས་མི་དགོས་པར་འགྱུར་བ་ཡིན་མིན་དཔྱད། དེའི་སྲིད་པ་ཐ་མའི་ཚེ་གཟུང་དོན་རྟོག་པ་སྤངས་ནུས་པ་ཡིན་མིན་སོགས་དཔྱད་དགོས་ཏེ། ཉ་ཊཱིཀ་ལས།སྒོམ་སྤང་ཁམས་གསུམ་གྱི་ཤེས་སྒྲིབ་གཟུང་རྟོག་དང་བསམ་གཏན་བཞི་བ་ཡན་ཁམས་གོང་གི་ཉོན་སྒྲིབ་དགུར་དྲིལ་ཏེ་སྤོང་ངོ༌། །ཞེས་དང༌། དེ་གསུམ་ཅར་ཡང་བསྐལ་བ་བརྒྱར་ཚོགས་བསགས་དགོས་ཏེ། ཞེས་སོགས་ཀྱིས་དཔྱད། སྐབས་གཉིས་པར་སླར་དཔྱད་པར་འགྱུར་རོ། །ཡང་ཉ་ཊཱིཀ་ལས། མདོ་སྡེ་བ་ན་རེ། འོ་ན་གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་སྲིད་པ་བརྒྱད་འགྲུབ་པ་གནས་མེད་ཅེས་མདོ་ལས་བཤད་པ་དང་འགལ་ཞེ་ན། དེ་འགྲོ་བ་གཅིག་ཏུ་དགོངས་སོ། །སྒྲ་ཇི་བཞིན་པར་བྱས་ན་བར་སྲིད་ཡང་མེད་པར་འགྱུར་རོ། །འོ་ན་གོང་འཕོ་གཟུགས་སུ་སྐྱེ་བ་བཅུ་དྲུག་ལེན་པར་བཤད་པ་དང་འགལ་ལོ་ཞེ་ན། རྒྱུན་ཞུགས་བརྒྱད་མི་འགྲུབ་པའི་སྐབས་འདིར་འདོད་ཁམས་ལ་དགོངས་པས་སྐྱོན་མེད་དོ། །ཞེས་གསུངས་པ་ལ། དེ་མི་རིགས་པར་ཐལ། སྲིད་པ་ལན་བདུན་པ་དང་རྒྱུད་གཅིག་ཏུ་གྱུར་བའི་སྲིད་པ་བདུན་པའི་རྟེན་ལ་མྱང་འདས་མ་ཐོབ་པའི་སྔར་བསད་པ་ཡོད་པའི་ཕྱིར། དེར་ཐལ། དགྲ་བཅོམ་པ་བསད་པའི་ཚད་མེད་པའི་ལས་ཡོད་པས་དེ་གཉིས་མཚུངས་པའི་ཕྱིར་ཟེར་ན་སྤྱིར་བཏང་དམིགས་བསལ་གྱི་ཁྱད་ཡོད་དམ་དཔྱད། ཡང་ཉ་ཊཱིཀ་ལས། ཁ་ཅིག་ལན་བདུན་པ་འདི་ཡང་ལན་བདུན་ལེན་པའི་ངེས་པ་མེད་ལ་གོང་འཕོ་གཉིས་ཡང་འོག་མིན་དང་སྲིད་རྩེར་འགྲོ་བའི་ངེས་པ་མེད་དེ། རྒྱལ་བུ་སྲས་སུ། གོང་དུ་འཕོ་བ་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་དང༌། སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་ཡང༌། འོག་མིན་དང་སྲིད་པའི་རྩེ་མོར་མ་ཞུགས་པར་བར་སྐབས་སུ་མྱ་ངན་ལས་འདའ་བར་རུང་བར་བལྟ་སྟེ། ཞེས་དང༌། འོག་མིན་དང་སྲིད་པའི་རྩེ་མོའི་མཐར་ཐུག་པ་ཉིད་ནི་དེ་ཕན་ཆད་དུ་འགྲོ་བ་མེད་པའི་ཕྱིར་ཏེ། འོག་མིན་དང་སྲིད་པའི་རྩེ་མོ་ལས་གོང་དུ་འགྲོར་མེད་པའི་ཕྱིར་རོ། །དཔེར་ན། རྒྱུན་དུ་ཞུགས་པ་མཆོག་ཏུ་ཐོགས་ན་ལན་བདུན་པ་ཉིད་བཞིན་ཏེ། དེ་ལ་སྲིད་པ་གཉིས་སམ་གསུམ་མངོན་པར་གྲུབ་ནས་ཡོངས་སུ་མྱ་ངན་ལས་འདའ་བ་མི་སྲིད་པ་མ་ཡིན་མོད་ཀྱི་དེ་ཕན་ཆད་སྲིད་པ་བརྒྱད་པ་མངོན་པར་འགྲུབ་པར་མི་བྱེད་པས་མཆོག་ཏུ་ཐོགས་ན་ལན་བདུན་པ་ཞེས་བཤད་དོ་ཞེས་འབྱུང་ངོ་ཟེར་རོ། །དོན་མ་གོ་བ་སྟེ། ཕྱིར་མི་འོང་ལྔའི་ནང་གི་ལྔ་བ་གོང་འཕོ་དེ་འོག་མིན་སྲིད་རྩེའི་མཐར་ཐུག་པར་འགྲོ་ཞེས་པའི་དོན་ཡང་གོང་དུ་འཕོ་བའི་ཕྱིར་མི་འོང་དེ།དེ་གཉིས་གང་རུང་དུ་ངེས་པར་འགྲོ་མི་དགོས་དེ་ཚུན་ཆད་དུ་ཡང་འདར་རུང་ཡང་དེ་གཉིས་ཕན་ཆད་དུ་འགྲོར་མེད་པས་དེ་སྐད་བརྗོད་པ་སྟེ། དཔེར་ན་སྒོམ་སྤང་མ་སྤངས་པའི་རྒྱུན་ཞུགས་དེ་ཡང་ཐོགས་ན་སྲིད་པ་ལན་བདུན་ལེན་པར་བཤད་པ་བཞིན་ཏེ། སྒོམ་སྤང་མ་སྤངས་པའི་རྒྱུན་ཞུགས་དེ་ལ་སྲིད་པ་གཉིས་སམ་གསུམ་གྲུབ་ནས་ཀྱང་འདའ་བ་ཡོད་མོད་བརྒྱད་ཕན་མི་ལེན་པས་དེ་སྐད་བརྗོད་ཅེས་པ་སྟེ། གངས་ཅན་དུ་དོན་འདི་སྔར་ཤེས་པ་བྱུང་བ་མི་འདྲ་སྟེ་ཁོ་བོ་གཅིག་པུའོ། །ཞེས་གསུངས་པ་ལ། གོང་དུ་འཕོ་བ་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་དང༌། སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་ཡང༌། འོག་མིན་དང་སྲིད་པའི་རྩེ་མོར་མ་ཞུགས་པར་བར་སྐབས་སུ་མྱ་ངན་ལས་འདའ་བར་རུང་བར་བལྟ་སྟེ། ཞེས་པས་འོག་མིན་དང་སྲིད་རྩེར་འགྲོ་གཉིས་ཁྱད་གཞི་བཟུང་ནས་གསུངས་པ་ཡིན་ནམ་མིན། ཡིན་ན་དེ་ལྟར་འགྲེལ་ཚུལ་མེད་དམ་ཅི། མ་ཡིན་ན་དེ་འདྲའི་འགྲེལ་ཚུལ་འབྲེལ་མེད་དུ་འགྱུར་རམ་དཔྱད། ཡང་གོང་དུ། རྒྱུན་དུ་ཞུགས་པ་མཆོག་ཏུ་ཐོགས་ན་ལན་བདུན་པ་ཉིད་བཞིན་ཏེ། དེ་ལ་སྲིད་པ་གཉིས་སམ་གསུམ་མངོན་པར་གྲུབ་ནས་ཡོངས་སུ་མྱ་ངན་ལས་འདའ་བ་མི་སྲིད་པ་མ་ཡིན་མོད་ཀྱི། ཞེས་པའི་དེ་སྒྲ་འཇུག་གཞི་གང་ཡིན་དང༌། མཛོད་རང་འགྲེལ་ལས། མཆོག་ཏུ་ཐོགས་ན་ལན་བདུན་པ་གཞན་ཡང་ཡོད་མོད་ཀྱི་མ་ངེས་པས་མི་བརྗོད། ཅེས་སོགས་ལ་དཔྱད་རྒྱུ་ཅུང་ཟད་སྣང་ངོ༌། །ཡང་ཉ་ཊཱིཀ་ལས། རིམ་གྱིས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པའི་མཚན་ཉིད་ལ། འདོད་པར་ལྷ་མིའི་སྐྱེ་བ་བདུན་ནམ་བཅུ་བཞི་གང་རུང༌། ཞེས་གང་རུང་གསུངས་པའི་དགོས་པ་ལ་དཔྱད། ཡང་ཉ་ཊཱིཀ་ལས། ལམ་རིམ་གྱིས་པའི་རྒྱུན་ཞུགས་ཁྱད་པར་ཅན་རིགས་ནས་རིགས་སྐྱེའི་མཚན་ཉིད་ནི། ལམ་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་གང་ཞིག འདོད་པའི་ལྷའམ་མི་གང་རུང་རེ་རེ་ཚེ་གཉིས་ཡན་མཐུད་ནས་ལེན་པ། ཞེས་དང༌། ཁ་ཅིག་འདི་དག་ཡང་གཉིས་ཡན་ལེན་པའི་ངེས་པ་མེད་དེ། རང་འགྲེལ་དུ། སྐྱེ་བ་ནི་གལ་ཏེ་གོང་མའི་སྐལ་བ་དང་ལྡན་པའི་ཕྱིར་ཆེས་ཉུང་ངུར་ཡང་འགྱུར་བས་དེའི་ཕྱིར་སྨོས་སོ། །ཞེས་པས་སོ་སྙམ་ན། མིན་ཏེ། ཞེས་ཚེ་གཉིས་ཡན་མཐུད་ནས་ལེན་གསུངས་པ་ལ་དཔྱད། ཡང་རིགས་ནས་རིགས་སྐྱེ་ལ་ཚེ་གཉིས་ལེན་མི་དགོས་པར་ཐལ། མདོ་ལུགས་མ་ལས། སྐྱེ་བ་ལས་ཚེ་གཅིག་གམ་གཉིས་ལུས་པའི་ཕྱིར་རོ། །ཞེས་གསུངས་སོ་ཞེ་ན་དཔྱད་དགོས་སོ། །ཡང་མཛོད་ལས། འདོད་པར་ཚེ་ཡོངས་གྱུར་པའི་འཕགས། །ཁམས་གཞན་དུ་ནི་འགྲོ་བ་མེད། །ཅེས་གསུངས་པ་ལ་འདོད་པར་ཚེ་ཡོངས་འགྱུར་གྱི་འཕགས་པ་ཁམས་གོང་མ་སྐྱེ་བ་ཡོད་པར་ཐལ། དེ་འདྲའི་འདོད་པར་ཚེ་ཡོངས་འགྱུར་འཕགས་པ་དེ་དགྲ་བཅོམ་མ་ཐོབ་གོང་དུ་བསད་པ་སོགས་མེད་པར་འགྱུར་ཕྱིར་དང༌། བརྒྱ་བྱིན་གྱིས་འདོད་པར་འཕགས་ཆོས་ལན་གཉིས་བརྟེན་ནས་ཁམས་གོང་མར་མྱང་འདས་ལ་ཐོབ་པ་སྨོན་ལམ་གནང་བའི་ཕྱིར་ཏེ། བརྒྱ་བྱིན་གྱི་མདོ་ལས། འདི་ནས་ཤི་འཕོས་མི་གྱུར་རྟེན་ལ་མི་འདའ་ཡིས། །བདག་ནི་ཐ་མར་ཉམས་ན་ལྷ་གང་འོག་མིན་ཞེས། །རྣམ་པར་གྲགས་པ་དེར་ནི་སྐྱེ་བར་འགྱུར་བར་ཤོག །བཅོམ་ལྡན་བདག་ནི་རྒྱུན་ཞུགས་བདེ་གཤེགས་རྒྱུན་ཞུགས་ཏེ། །ཞེས་གསུངས་པ་སོགས་ཀྱིས་དཔྱད་དོ། །ཡང་བརྒྱ་བྱིན་རྒྱུན་ཞུགས་ཡིན་ན་ཤེར་ཕྱིན་གྱི་མདོ་གསུངས་སྐབས་ཀྱི་འཁོར་ལ་ཀུན་དགའ་བོ་མ་གཏོགས་ཐམས་ཅད་དགྲ་བཅོམ་པ་ཤ་སྟག་ཡིན་པར་གསུངས་པ་འགལ་ལམ་ཅི། དེའི་ཚེ་དེའི་འཁོར་ན་བརྒྱ་བྱིན་ཡོད་དགོས་ཏེ། ཡུམ་མདོ་ན་བརྒྱ་བྱིན་གྱི་ལེའུ་ཡོད་པ་དང་བརྒྱ་བྱིན་དང་དྲི་བ་དྲིས་ལན་གྱིས་ཚུལ་དུ་གསུངས་པ་ཡོད་པས་སོ། །གཉིས་པ་འབྲས་བུ་རིམ་གྱིས་པའི་ཕྱིར་འོང་སྐོར་ལ། སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ནི། འབྲས་བུ་རིམ་གྱིས་པའི་ཕྱིར་འོང་ཞུགས་པའི་མཚན་ཉིད། ཕྱིར་འོང་ཞུགས་པ་གང་ཞིག འབྲས་བུ་བཞི་རིམ་གྱིས་ཐོབ་པའི་རིགས་ཅན་གྱི་དགེ་འདུན་དེ་ཡིན་ཏེ། ཉ་ཊཱིཀ་ལས། རྣམ་པ་ལྔ་ཡི་བར་བཅོམ་པ། །གཉིས་པ་ལ་ནི་ཞུགས་པའང་ཡིན། །ཞེས་པས་དེ་འདྲ་དེ་ཉིད་འབྲས་བུ་གཉིས་པ་ཕྱིར་འོང་ལ་ཞུགས་པའང་ཡིན་ལ་དྲུག་པ་སྤོང་བའི་བར་ཆད་མེད་ལམ་པའང་ཡིན་ནོ། །རིམ་གྱིས་པའི་ཕྱིར་འོང་ཞུགས་པའི་མཚན་ཉིད། ལམ་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་གང་ཞིག ཕྱིར་འོང་ཐོབ་ཕྱིར་བརྩོན་པ།ཞེས་གསུངས་སོ། །འབྲས་བུ་རིམ་གྱིས་པའི་ཕྱིར་འོང་འབྲས་གནས་ཀྱི་མཚན་ཉིད། ཕྱིར་འོང་འབྲས་གནས་གང་ཞིག འབྲས་བུ་བཞི་རིམ་གྱིས་ཐོབ་པའི་རིགས་ཅན་གྱི་དགེ་འདུན། མཚན་གཞི་ནི། རྒྱུན་ཞུགས་ཀྱིས་ཐོབ་པའི་ཕྱིར་འོང་འབྲས་གནས་ལྟ་བུའོ། ། དབྱེ་ན། རང་ཡིན་གྱི་འབྲས་གནས་ཙམ་པོ་བ་དང་ཁྱད་པར་ཅན་གཉིས་སོ། །དང་པོའི་མཚན་ཉིད།འབྲས་བུ་རིམ་གྱིས་པའི་ཕྱིར་འོང་འབྲས་གནས་གང་ཞིག ཕྱིར་མི་འོང་གི་འབྲས་བུ་ཐོབ་ཕྱིར་དུ་མི་བརྩོན་པའི་རབ་ཏུ་ཕྱེ་བས་དགེ་འདུན་ཡིན་ཏེ། ཉ་ཊཱིཀ་ལས། རྣམ་པ་དྲུག་པ་ཟད་གྱུར་པ། །དེ་ནི་ལན་ཅིག་ཕྱིར་འོང་བ། །ཞེས་ཏེ། འདོད་པའི་སྒོམ་སྤང་གི་ཉོན་མོངས་དྲུག་པ་སྤངས་ཤིང་དེ་ཡན་མ་སྤངས། སྤོང་བའི་སྦྱོར་བ་ལའང་མི་བརྩོན་པ་ཞིག་གོ །དེ་ལ་འདོད་པའི་ཉོན་མོངས་ཆུང་ངུ་གསུམ་ལུས་ཤིང་དེས་འདོད་པར་ལན་གཅིག་ལས་སྐྱེ་མི་སྲིད་པས་སོ། །དེ་ཡང་འདོད་ལྷར་ལན་གཅིག་སོང་ནས་མིར་ལན་གཅིག་འོང་སྟེ། སྐྱེ་བ་རིས་འདྲ་གཅིག་ལས་མི་ལེན་པས་ལན་ཅིག་ཕྱིར་འོང་དུ་བཞག་གོ །ཞེས་གསུངས་སོ། ། མཚན་གཞི་ནི། ཕྱིར་འོང་གི་འབྲས་བུ་ཐོབ་མ་ཐག་གི་འདོད་ཉོན་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པའི་གང་ཟག་ལྟ་བུའོ། །གཉིས་པ་འབྲས་བུ་རིམ་གྱིས་པའི་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་གྱི་མཚན་ཉིད། འབྲས་བུ་རིམ་གྱིས་པའི་ཕྱིར་འོང་འབྲས་གནས་གང་ཞིག ཕྱིར་མི་འོང་གི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་རབ་ཏུ་ཕྱེ་བའི་དགེ་འདུན། མཚན་གཞི་ནི། ཕྱིར་འོང་གི་འབྲས་བུ་ཐོབ་ནས་འདོད་ཉོན་བདུན་པའི་དངོས་གཉེན་ལ་གནས་པའི་འཕགས་པ་ལྟ་བུའོ། །དེ་ལ་དབྱེ་ན་ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པ་ཡིན་པ་དང་མིན་པ་གཉིས་སོ། །འདོད་པར་སྐྱེ་སྲིད་གཅིག་ལེན་ནས་རྟེན་དེ་ལ་མྱང་འདས་ཐོབ་པའི་འདོད་ཉོན་བདུན་ནམ་བརྒྱད་སྤངས་པའི་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་གྱི་དགེ་འདུན་དེ། འབྲས་བུ་རིམ་གྱིས་པའི་ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པའི་མཚན་ཉིད་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། བར་ཆད་གཅིག་པ་གང་ཞེ་ན། ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པ་ཉིད་འདོད་པའི་སྒོམ་སྤང་བདུན་ནམ་བརྒྱད་སྤངས་ཏེ་ཕྱིར་མི་འོང་འབྲས་བུ་ལ་རིམ་གྱིས་འཇུག་ཅིང༌། ཕྱི་མ་ལ་འདོད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་གཅིག་བླངས་ནས་གང་སྡུག་བསྔལ་ཟད་པ་ཉིད་ཀྱི་ཐ་མ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་སྟེ། ཕྱིར་མི་འོང་འབྲས་གནས་ལ་ཉོན་མོངས་པ་གཅིག་གིས་བར་ཆོད་པས་སམ། དགྲ་བཅོམ་ཐོབ་པ་ལ་ཚེ་གཅིག་གིས་བར་ཆོད་པས་ན་བར་ཆད་གཅིག་པ་ཞེས་བྱའོ། །ཞེས་གསུངས་སོ། །དེ་ལ་རྒྱུ་མཚན་གསུམ་ཚང་དགོས་ཏེ། མདོ་ལུགས་མ་ལས། ཡང་ལན་གཅིག་ཕྱིར་འོང་བ་དེ་ཉིད་རྒྱུ་གསུམ་གྱིས་བར་ཆད་གཅིག་པ་ཡིན་ཏེ། ཉོན་མོངས་བདུན་ནས་བརྒྱད་སྤངས་པ་དང༌། དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་དང༌། ཚེ་གཅིག་ལུས་པའི་ཕྱིར་རོ། །དེ་ནི་འབྲས་བུ་གསུམ་པ་ལ་ཞུགས་པ་ཡང་ཡིན་ནོ། །ཇི་སྐད་དུ། ཉེས་ཆ་བདུན་དང་བརྒྱད་ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང༌། །གསུམ་པ་ལ་ནི་ཞུགས་པའང་ཡིན། །ཞེས་གསུངས་པས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

མདོ་ལུགས་མ་ལས། ཕྱིར་མི་འོང་བ་ལ་ཞུགས་གནས་གཉིས་ལས་ཞུགས་པ་ནི། སྔར་གྱི་བར་ཆད་གཅིག་པ་དེ་ཉིད་དོ། །ཞེས་དང༌། ཉ་ཊཱིཀ་ལས། ལམ་རིམ་གྱིས་པའི་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་བར་ཆད་གཅིག་པའི་མཚན་ཉིད། རིམ་གྱིས་པའི་དེ་འབྲས་གནས་གང་ཞིག འདོད་པའི་སྒོམ་སྤང་གི་ཉོན་མོངས་བདུན་པ་སྤོང་བར་བརྩོན་པའམ་བདུན་བརྒྱད་གང་རུང་སྤངས་པ་ཡིན་པ། ཞེས་འདོད་ཉོན་བདུན་པ་སྤོང་བ་ལ་བརྩོན་པ་དེ་བར་ཆད་གཅིག་པ་གསུངས་པ་ལ་བརྟག་དགོས་ཏེ། མདོ་ལུགས་མའི་ལུང་སྔར་བཀོད་པ་དང༌། ཉ་ཊཱིཀ་ལས། རྒྱུ་གསུམ་གྱིས་བར་ཆད་གཅིག་པ་སྟེ། ཉོན་མོངས་པའི་རྣམ་པ་བདུན་ནམ་བརྒྱད་སྤངས་པའི་ཕྱིར་དང༌། ཞེས་སོགས་ཀྱིས་འདོད་ཉོན་བདུན་ཟད་པ་དགོས་པར་གསུངས་སོ། །ཡང་མདོ་ལུགས་མ་ལས།མྱ་ངན་འདས་ལ་ཚེ་གཅིག་གིས་ཆོད་པའི་ཕྱིར་རམ་འབྲས་བུ་གསུམ་པ་ལ་ཉོན་མོངས་པ་གཅིག་གིས་ཆོད་པའི་ཕྱིར་ཚེ་གཅིག་བར་ཆད་གཅིག་པའོ། །ཞེས་དང༌། ཉ་ཊཱིཀ་ལས། བདུན་བརྒྱད་སྤངས་པ་གཉིས་ཀའང་ཚེ་གཅིག་པ་ཡིན་ལ་བདུན་སྤངས་ཙམ་དེ་ཉོན་མོངས་གཅིག་གི་བར་ཆད་གཅིག་པ་མིན་ནོ། །ཞེས་གསུངས་པའི་དགོངས་པ་ཡང་འདོད་ཉོན་བདུན་པ་ཙམ་སྤངས་པ་དེ་ཕྱིར་མི་འོང་གི་འབྲས་བུ་ལ་ཉོན་མོངས་གཉིས་ཀྱིས་ཆོད་ཀྱང་གཙོ་བོ་འདོད་ཉོན་དགུ་བས་ཆོད་པས་ན་ཉོན་མོངས་གཅིག་གིས་ཆོད་ཅེས་གསུངས་ན་ཆོག་གམ་སྙམ་མོ། །ཡང་མདོ་ལུགས་མ་ལས། འདོད་པའི་ཁམས་སུ་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ལ་ནི་གོང་དུ་འགྲོ་བའི་དབྱེ་བ་འདི་མེད་དེ། ཚེ་དེ་ཉིད་ལ་ཕྱིར་མི་འོང་གི་འབྲས་བུ་ཐོབ་ནས་མྱ་ངན་ལས་འདའ་བའི་ཕྱིར། ཞེས་གསུངས་པ་ལ། འོ་ན་འདོད་པར་ཚེ་ཡོངས་གྱུར་ཡིན་ན་ཚེ་དེར་དགྲ་བཅོམ་ཐོབ་པས་ཁྱབ་པར་ཐལ། ལུང་དེའི་ཕྱིར། འདོད་ན། རྒྱུན་ཞུགས་སྲིད་པ་ལན་བདུན་པའི་ཚེ་གཉིས་པ་སོགས་ཀྱིས་མ་ངེས་ལ། དེས་ན་ལུང་དེ་ཚེ་དེར་ཕྱིར་མི་འོང་ཐོབ་པའི་འདོད་པར་ཚེ་ཡོངས་གྱུར་གྱི་འཕགས་པ་ལ་དགོངས་པར་སྣང་ངོ༌། །

གསུམ་པ་འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་གི་སྐོར་བཤད་པ།

གསུམ་པ་འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་གི་སྐོར་བཤད་པ་ལ།

སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས་ལས། དང་པོ་ནི། འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་ཞུགས་པའི་མཚན་ཉིད། འབྲས་བུ་རིམ་གྱིས་པའི་ཕྱིར་འོང་འབྲས་གནས་གང་ཞིག། ཕྱིར་མི་འོང་གི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་རབ་ཏུ་ཕྱེ་བའི་དགེ་འདུན་དེ་ཡིན་ཏེ། ཉ་ཊཱིཀ་ལས། གསུམ་པ་ལ་ནི་ཞུགས་པའང་ཡིན། །ཞེས་པས་འདིར་བཤད་བར་ཆད་གཅིག་པ་དེ་ཉིད་དེ། མཚན་ཉིད་ནི། ལམ་རིམ་གྱིས་པའི་ཕྱིར་འོང་འབྲས་གནས་གང་ཞིག དེའི་ཕྱིར་མི་འོང་ཐོབ་ཕྱིར་བརྩོན་པའོ། །ཞེས་གསུངས་སོ། །འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་འབྲས་གནས་ཀྱི་མཚན་ཉིད། འབྲས་བུ་བཞི་རིམ་གྱིས་ཐོབ་པའི་རིགས་ཅན་གྱི་ཕྱིར་མི་འོང་འབྲས་གནས་ཀྱི་དགེ་འདུན་དེ་ཡིན་ཏེ། ཉ་ཊཱིཀ་ལས། མཚན་ཉིད། ལམ་རིམ་གྱིས་པའི་འབྲས་གནས་གང་ཞིག འདོད་པའི་སྒོམ་སྤང་ཉོན་མོངས་དགུ་ཟད་ཅིང་སྲིད་རྩེའི་དགུ་བ་མ་སྤངས་པའི་འཕགས་པའོ། །ཞེས་གསུངས་སོ། །སྐབས་འདིར་ལམ་རིམ་གྱིས་པའི་བརྡ་ཆད་བྱས་པ་མི་ལེགས་པར་གསེར་ཕྲེང་ལས་བཤད་དོ། །དབྱེ་ན་རང་ཡིན་གྱི་ཙམ་པོ་བ་དང་འབྲས་གནས་ཁྱད་པར་ཅན་གཉིས། འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་འབྲས་གནས་ཙམ་པོ་བའི་མཚན་ཉིད། དགྲ་བཅོམ་པའི་འབྲས་བུ་ཐོབ་ཕྱིར་དུ་མི་བརྩོན་པའི་རབ་ཏུ་ཕྱེ་བའི་འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་འབྲས་གནས་དེ་ཡིན་ཏེ། ཉ་ཊཱིཀ་ལས། ཙམ་པོ་ནི། ལམ་རིམ་གྱིས་པའི་ཕྱིར་མི་འོང་འབྲས་གནས་གང་ཞིག འདོད་པའི་ཉོན་མོངས་དགུ་སྤངས་ཤིང་དེ་ཡན་མ་སྤངས་སྤོང་བར་མི་བརྩོན་པ། ཞེས་གསུངས་སོ། །འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་གྱི་མཚན་ཉིད། དགྲ་བཅོམ་པའི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་རབ་ཏུ་ཕྱེ་བའི་འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་འབྲས་གནས་དེ་ཡིན་ཏེ། ཉ་ཊཱིཀ་ལས། ཁྱད་པར་ཅན་ནི། གང་ཞིག བསམ་གཏན་དང་པོའི་ཉོན་མོངས་ཆེན་པོའི་ཆེན་པོ་སྤོང་བ་ལ་བརྩོན་པ་ནས་སྲིད་རྩེའི་སྒོམ་སྤང་གི་ཉོན་མོངས་དགུ་བ་མ་སྤངས་ཤིང་སྤོང་བར་བརྩོན་པའི་བར་གང་རུང་ཡིན་པའོ། །ཞེས་གསུངས་སོ། །དབྱེ་ན། གཟུགས་སུ་ཉེར་འགྲོ་དང༌། གཟུགས་མེད་དུ་ཉེར་འགྲོ་དང༌། མཐོང་ཆོས་ཞི་དང༌། ལུས་མངོན་བྱེད་དང་བཞི་ལས། དང་པོའི་དབྱེ་བ་སོགས་ཉ་ཊཱིཀ་གི་གསུངས་ཟིན་ལྟར་བཀོད་ན་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། དང་པོ་ལ་གསུམ་སྟེ། མངོན་པར་འགྲུབ་པ་ཙམ་གྱི། སྐྱེས་ནས་མྱོང་འགྱུར་གྱི། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་ནོ། །དང་པོ། གཟུགས་ཀྱི་ཉོན་མོངས་མ་སྤངས་པའི་ཕྱིར་མི་འོང་གཞིར་བྱས་ལ། དབང་རྣོན། ཉོན་མོངས་ཆུང་ངུ༌། གཟུགས་སུ་སྐྱེ་བའི་ཀུན་སྦྱོར་སྤངས་མངོན་པར་འགྲུབ་པའི་ཀུན་སྦྱོར་མ་སྤངས་པས་གཟུགས་ཀྱི་བར་དོར་སྐྱེས་ནས་དེར་ལམ་ཟག་མེད་བསྒོམ་ཏེ་དགྲ་བཅོམ་ཐོབ་ནས་ཚེ་མ་རྫོགས་པར་མྱུར་དུ་ལྷག་མེད་དུ་འདའ་སྟེ་དེ་ལ་མྱུར་བ་དང༌། མྱུར་བ་མིན་པ་དང༌། དུས་རིང་བོ་ཞིག་ན་འདའ་བ་གསུམ་སྟེ། བར་དོའི་ཚེ་སྟོད། ཚེ་དཀྱིལ་གཉིས་དང༌།ཐ་མ་འདི་ཚེ་མ་རྫོགས་པའི་བར་དོའི་མཇུག་གི་སྐབས་ལ་བཞག་དགོས་སོ། །དཔེར་ན། ཞོགས་མ་ཆུང་ངུ་མེ་སྟག་གྲུབ་ཙམ་ནས་འདའ་བ་དང༌། ལྕགས་ཀྱི་ཚ་ཚ་ཡར་བ་ཐུར་དུ་མ་ལོག་པར་འདའ་བ་དང༌། དེ་ས་ལ་མ་ལྷུང་ཙམ་དུ་འདའ་བ་བཞིན་ནོ། །གཉིས་པ་ནི། དེའི་དབང་འབྲིང༌། ཉོན་མོངས་ཡང་འབྲིང་པོ་ཅན། གཟུགས་སུ་སྐྱེ་བ་གཅིག་བླངས་ནས་འདའ་བ་ལ་གསུམ་སྟེ། སྐྱེས་མ་ཐག་ལྷག་བཅས་སུ་འདའ་བ། ཚེ་དཀྱིལ་ཙམ་ལ་འབད་རྩོལ་ལ་བརྟེན་ནས་འདའ་བ། ཚེ་རྫོགས་ནས་འབད་མེད་དུ་ལྷག་བཅས་ལྷག་མེད་དུ་འདའ་བ་སྟེ།ལྕགས་ཀྱི་ཚ་ཚ་ཡར་བ་ས་ལ་བབས་མ་ཐག་དང༌། རྩྭ་ཤིང་ཅུང་ཟད་བསྲེགས་ནས་དང༌། མང་བོ་ཚིག་ནས་འདའ་བ་བཞིན་ནོ། །དེ་ལྟར་གསུམ་ཚན་དང་པོ་གཉིས་པོ་དེ་ཉོན་མོངས་དབང་བོའི་བྱེ་བྲག་ལས་དབྱེ་ཞིང་ལས་ནི་དང་པོ་གསུམ་མངོན་པར་འགྲུབ་པའི། གསུམ་ཚན་གཉིས་པ་ནི་སྐྱེས་ནས་མྱོང་འགྱུར་དུ་འདྲའོ་ཞེས་སོ། །གསུམ་པ་ནི། དེའི་དབང་རྟུལ། ཉོན་མོངས་ཆེན་པོ། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་སྐྱེ་བ་གོང་དུ་བརྒྱུད་ནས་འདའ་དགོས་པ་སྟེ། དེ་ནི། བསམ་གཏན་སྤེལ་ན་འོག་མིན་འགྲོ། །དེ་འཕར་ཕྱེད་འཕར་ཐམས་ཅད་དུ། །འཆི་འཕོ་གཞན་སྲིད་རྩེ་མོར་འགྲོ། །ཞེས་ཏེ། རྒྱུ་བསམ་གཏན་སྤེལ་ན་འོག་མིན་འགྲོ ། རྒྱུ་དེ་མ་སྤེལ་བ་སྲིད་རྩེར་འགྲོའོ། །དང་པོ་ནི། སྤྱིར་འདིར་བཤད་བསམ་གཏན་སྤེལ་བའི་རྟེན་ནི། གླིང་གསུམ་གྱི་མི་དང༌། ཕྱིས་ཉམས་ན་གཟུགས་སུ་ཡང་རུང་ལ། གང་ཟག་ནི། དགྲ་བཅོམ་དང་ཕྱིར་མི་འོང་ཅི་རིགས་སོ། །འདིར་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་ཞིག་གཞན་པས་ལས་སུ་རུང་བ་དང༌། ལམ་སླ་བ་རྣམས་ཀྱི་མཆོག་ཡིན་པས་བཞི་བ་དང་པོར་སྤེལ་ཏེ། བདེན་པའི་རྣམ་པ་ཅན་གྱི་བཞི་བ་ཟག་མེད། ཞི་རགས་ཀྱི་རྣམ་པ་ཅན་གྱི་ཟག་བཅས། ཡང་བཞི་བ་ཟག་མེད་རྒྱུན་ཆགས་གསུམ་སྤེལ་ནས་སྙོམས་པར་འཇུག་ཅིང༌།དེ་ནས་རྒྱུན་ཕྲི་ནས་སྐད་ཅིག་གཉིས་ཟག་མེད་ལ། སྐད་ཅིག་གཉིས་ཟག་བཅས་ལ། ཡང་ཟག་མེད་སྐད་ཅིག་གཉིས་ལ་འཇུག་པའི་བར་ནི་སྦྱོར་བ་ཡིན་ལ། དེ་ནས་སྐད་ཅིག་མ་རེ་རེ་བསྲེས་པས་སྤེལ་ནུས་ན་དངོས་གཞི་གྲུབ་པས། དང་པོ་གཉིས་བར་ཆད་མེད་ལམ་ལྟ་བུ། གསུམ་པ་རྣམ་གྲོལ་ལྟ་བུའོ། །དེ་ལྟར་བཞི་བ་སྤེལ་ནས་དེའི་སྟོབས་ཀྱིས་གཞན་ཡང་སྤེལ་ལོ། །སློབ་དཔོན་ནི། སངས་རྒྱས་མིན་པས་སྐད་ཅིག་སྤེལ་མི་ནུས་པས། རྒྱུན་ཆགས་གསུམ་ལ་ཇི་སྲིད་སྙོམས་པར་འཇོག་ནུས་ན་རྫོགས་པའོ་ཞེས་སོ། །འདི་ལ་ལྔ་ཡོད་དེ། དེ་ནི་རྣམ་པ་ལྔ་ཡི་ཕྱིར། །གནས་གཙང་སྐྱེ་བ་ལྔ་ཁོ་ན། །ཞེས་པས་བཞི་བ་སྤེལ་བ་ལ་ཟག་མེད་གཉིས་ཀྱི་བར་དུ་ཟག་བཅས་གཅིག་སྤེལ་བ་གསུམ་སྤེལ་ཏེ་ཆུང་ངུ༌། དེ་ཚན་པ་གཉིས། བཞི་ལ་གཉིས་སྤེལ་འབྲིང་དྲུག་སྤེལ། དེ་ཚན་པ་གསུམ་དུ་འཇུག་པས་ཆེན་པོ་དགུ་སྤེལ། དེ་ཚན་པ་བཞི། བརྒྱད་ལ་བཞི་སྤེལ་ཤིན་ཏུ་ཆེ་བ་བཅུ་གཉིས་སྤེལ་དེ་ཚན་པ་ལྔ། བཅུ་ལ་ལྔ་སྤེལ་བ་ཤིན་ཏུ་ཆེས་ཆེ་བ་བཅོ་ལྔ་སྤེལ་ཏེ། མ་ཉམས་ན་གནས་གཙང་མ་ལྔར་སྐྱེ་མོད། དང་པོའི་རོ་མྱངས་པས་གོང་མ་གསུམ་ལས་ཉམས་ཤིང་འདོད་པར་ཚེ་འཕོས་ཏེ་ཚངས་རིས་སུ་སྐྱེས།དེར་སྔོན་གོམས་པའི་དབང་གིས་བཞི་བ་བཅོ་ལྔ་སྤེལ་བསྒོམས་ནས་བར་རྣམས་སུ་མ་ཞུགས་པར་འོག་མིན་དུ་སྐྱེས་ནས་དགྲ་བཅོམ་ཐོབ་པ་དེ་དབང་རྣོན་འཕར་བ། སྔར་བཞིན་ལས་དེ་ཚངས་རིས་ནས་གཙང་མའི་གནས་གཅིག་གམ་གཉིས་སུ་སྐྱེས་ནས་གནས་འགའ་དོར་ནས་འོག་མིན་དུ་འཇུག་པ་དབང་འབྲིང་ཕྱེད་དུ་འཕར་བ། དེ་ཚངས་ཆེན་མ་གཏོགས་གཟུགས་ཀྱི་གནས་གཞན་ཐམས་ཅད་དུ་རིམ་གྱིས་སྐྱེས་ནས་མཐར་འོག་མིན་དུ་འཇུག་པ་དབང་རྟུལ་གནས་ཐམས་ཅད་དུ་འཆི་འཕོ་བའོ། །དེ་དག་ནི་ལྷག་མཐོང་སྤྱད་པའོ། །ཚངས་ཆེན་ནི།དང་པོ་སྐྱེས་པའི་ཚངས་པ་ནི་སེམས་ཅན་འདི་རྣམས་ངས་བསྐྱེད་པའོ་སྙམ། དེར་ཕྱིས་སྐྱེས་པ་རྣམས་ཀྱང་སྔར་གྱི་ཚངས་ཆེན་དེས་ངེད་རྣམས་བསྐྱེད་ཅེས་ལྟ་བའི་གནས་ཡིན་པ་དང༌། དེའི་ཚངས་ཆེན་དེ་གནས་དེར་འགྲན་ཟླ་མེད་པའི་ལས་བསགས་པས་གཙོ་བོ་གཅིག་ཏུ་ཟད་པས་དེར་མི་སྐྱེའོ། །གཉིས་པ་ནི། གོང་འཕོ་བསམ་གཏན་མ་སྤེལ་བར་ཞི་གནས་ཤས་ཆེར་སྤྱད་ལ་སྙོམས་འཇུག་རྣམས་ཀྱི་རོ་མྱང་བར་བྱེད་ཅིང་ཚངས་ཆེན་མ་གཏོགས་ཚངས་རིས་ནས་འབྲས་བུ་ཆེ་བའི་བར་ཐམས་ཅད་དུ་སོང་ནས་གཙང་མ་བོར་ཏེ་གཟུགས་མེད་བཞིར་རིམ་གྱིས་སོང་ནས་སྲིད་རྩེར་དགྲ་བཅོམ་ཐོབ་པའོ། །ཕྱིར་མི་འོང་ལྔར་ཕྱེ་བའི་གོང་འཕོ་ནི་དེ་གཉིས་སུ་མ་ཞུགས་པར་ཡང་འདར་རུང་ངོ༌། །འོག་མིན་འགྲོ་ནི་འོག་མིན་དང༌། སྲིད་རྩེར་འགྲོ་ནི་སྲིད་རྩེར་ངེས་པར་འགྲོ་དགོས་ཏེ་སྔར་བཤད་དོ། །ཕྱིར་མི་འོང་གོང་འཕོ་ད་ཕྱིས་འོག་མིན་འགྲོའི་མཚན་ཉིད། ཕྱིར་མི་འོང་གོང་འཕོ་གང་ཞིག ལྷག་མཐོང་ཤས་ཆེར་སྤྱད་པས་ཚངས་རིས་དང་འོག་མིན་དུ་ངེས་པར་སྐྱེ་བ། དེ་འཕར་བའི་མཚན་ཉིད། ཕྱིར་མི་འོང་འོག་མིན་འགྲོ་གང་ཞིག མདུན་ན་འདོན་ནས་གྱ་ནོམ་སྣང་གི་བར་དུ་མ་ཞུགས་པར་ཚངས་རིས་ནས་འོག་མིན་ཉིད་དུ་འཇུག་པ། གཞན་གཉིས་ལའང་བསྒྲེའོ། །ཕྱིར་མི་འོང་གོང་འཕོ་ད་ཕྱིས་སྲིད་རྩེར་འགྲོའི་མཚན་ཉིད། ཕྱིར་མི་འོང་གོང་འཕོ་གང་ཞིག ད་ཕྱིས་གནས་གཙང་མ་དང་ཚངས་ཆེན་མ་གཏོགས་གཟུགས་ཀུན་དང་གཟུགས་མེད་བཞི་ཅར་དུ་རིམ་གྱིས་སྐྱེས་ནས་མཐར་སྲིད་རྩེར་དགྲ་བཅོམ་མངོན་དུ་བྱེད་པའོ། །ཞེས་གསུངས་སོ། །གཟུགས་སུ་ཉེར་འགྲོའི་གོང་ཕོ་ནི། གཟུགས་ཁམས་ཀྱི་སྐྱེ་སྲིད་དུ་ལན་གཉིས་བརྒྱུད་ནས་འདའ་བའི་ཕྱིར་མི་འོང་དེའོ། །གོང་དུ་དྲངས་བའི་ཉ་ཊཱིཀ་ལས་གཞན་གཉིས་ལའང་བསྒྲེའོ། །ཞེས་རིགས་བསྒྲེ་ཚུལ་ནི། ཕྱིར་མི་འོང་གོང་འཕོ་ད་ཕྱིས་འོག་མིན་འགྲོ་ཕྱེད་འཕར་གྱི་མཚན་ཉིད། ཕྱིར་མི་འོང་གོང་འཕོ་འོག་མིན་འགྲོ་གང་ཞིག མདུན་ན་འདོན་ནས་འབྲས་བུ་ཆེ་བའི་བར་དུ་མ་ཞུགས་པར་གཙང་མའི་གནས་གཅིག་གམ་གཉིས་སུ་སྐྱེས་ནས་གནས་འགའ་དོར་ནས་འོག་མིན་དུ་ཞུགས་ནས་མྱ་ངན་ལས་འདའ་བའི་དགེ་འདུན། ཕྱིར་མི་འོང་གོང་འཕོ་འོག་མིན་འགྲོ་གནས་ཐམས་ཅད་དུ་འཆི་འཕོ་བའི་མཚན་ཉིད། ཕྱིར་མི་འོང་གོང་འཕོ་འོག་མིན་འགྲོ་གང་ཞིག ཚངས་རིས་ནས་ཚངས་ཆེན་མ་གཏོགས་གཟུགས་ཀྱི་གནས་གཞན་ཐམས་ཅད་དུ་རིམ་གྱིས་སྐྱེས་ནས་མཐར་འོག་མིན་དུ་འཇུག་པའི་དགེ་འདུན་དེའོ། །འདི་མཛོད་རྩ་འགྲེལ་ལྟར་ཡིན་ནོ། ། གཉིས་པ་གཟུགས་མེད་ཉེར་འགྲོ་ནི། ཉ་ཊཱིཀ་ལས། གཞན་ནི་གཟུགས་མེད་འགྲོ་རྣམ་བཞི། །ཞེས་པས་གཟུགས་ཀྱི་ཉོན་མོངས་སྤངས་ཀྱང་གཟུགས་མེད་ཀྱི་ཉོན་མོངས་མ་སྤངས་པའི་ཕྱིར་མི་འོང་ལ། དེར་སྐྱེས་ནས་འདའ་བ། བྱེད་མེད། བྱེད་བཅས། གོང་འཕོ་བཞིའོ། །གཟུགས་མེད་དུ་སྐྱེ་བའི་བར་དོ་མེད་པས་བར་དོར་འདའ་བ་མེད་དོ། །མཚན་ཉིད་ནི། ལམ་རིམ་གྱིས་པའི་ཕྱིར་མི་འོང་འབྲས་གནས་གང་ཞིག འདོད་པ་ནས་ཤི་འཕོས་ནས་གཟུགས་སུ་མི་སྐྱེ་བར་གཟུགས་མེད་ཁམས་སུ་སྐྱེས་ནས་དགྲ་བཅོམ་ཐོབ་པར་བྱེད་པའོ། །དབྱེ་བ་བཞི་བོ་ལ་བརྟགས་ཤིང་འགོད་དོ། །དེ་དག་མཐོང་ལམ་ཐོབ་པའི་རྟེན་དེ་ཉིད་ཀྱིས་ཕྱིར་མི་འོང་ཐོབ་པའི་དབྱེ་བའོ། །ཞེས་གསུངས་སོ། །གཟུགས་མེད་ཉེར་འགྲོའི་གོང་འཕོ་ལ། འཕར་བ་དང་གནས་ཐམས་ཅད་འཆི་འཕོ་བ་གཉིས་བཞག་ཀྱང་གཟུགས་མེད་དུུ་ཕྱེད་འཕར་མེད་དེ། གཟུགས་མེད་དང་པོ་ནས་འཕར་ཏེ་གསུམ་པར་སྐྱེ་རུང་ཡང་དེ་ནས་གནས་གཅིག་འཕར་ཏེ་གཟུགས་མེད་ཀྱི་གནས་གཞན་འགྲོ་ས་མེད་པའི་ཕྱིར་རོ། །གསུམ་པ་མཐོང་ཆོས་ཞི་བཤད་པ་ལ། ཉ་ཊཱིཀ་ལས། མཐོང་ལམ་གྱི་རྟེན་ལ་ཕྱིར་མི་འོང་ཐོབ་ནས་ཁམས་གོང་གི་ཉོན་མོངས་ཀྱི་གཉེན་པོ་ཚེ་དེ་ལ་རྫོགས་པར་བྱས་ནས་ཚེ་དེ་ལ་དགྲ་བཅོམ་ཐོབ་པར་བྱེད་པའི་རིམ་གྱིས་པའི་ཕྱིར་མི་འོང་ཞེས་པ། རིམ་གྱིས་པའི་ཕྱིར་མི་འོང་མཐོང་ཆོས་ཞིའི་མཚན་ཉིད་དེ། གཞན་ནི་འདི་ལ་མྱ་ངན་འདའ། །ཞེས་གསུངས་སོ། །

བཞི་བ་ཕྱིར་མི་འོང་ལུས་མངོན་བྱེད་བཤད་པ།

བཞི་བ་ཕྱིར་མི་འོང་ལུས་མངོན་བྱེད་བཤད་པ་ལ།

ཉ་ཊཱིཀ་ལས། འགོག་པ་ཐོབ་པའི་ཕྱིར་མི་འོང༌། །ལུས་ཀྱིས་མངོན་སུམ་བྱེད་པར་འདོད། །ཅེས་པས་རིམ་གྱིས་པའི་ཕྱིར་མི་འོང་ལུས་མངོན་བྱེད་ཀྱི་མཚན་ཉིད། རིམ་གྱིས་པའི་ཕྱིར་མི་འོང་གང་ཞིག འགོག་པའི་སྙོམས་འཇུག་དེ་སེམས་མེད་ལུས་གྱིས་མངོན་དུ་བྱེད་པའོ། །དེ་ཡང་མིའི་རྟེན་ལ་ཕྱིར་མི་འོང་ཐོབ་ནས་གཟུགས་གཟུགས་མེད་ཀྱི་སྙོམས་འཇུག་རྫོགས་པར་བྱས་ཤིང་འགོག་པའི་སྙོམས་འཇུག་ཐོབ་པར་བྱས་ནས་འདའ་བར་བྱེད་པ་ཞིག་སྟེ། འདོད་པར་ཚེ་གྱུར་འཕགས་པ་ཡིན་ན་ཚེ་དེ་ལ་འདའ། མ་གྱུར་པའི་རྟུལ་ན་ཉམས་སྲིད་པས་ཕྱི་མ་ལ་གཟུགས་སུ་སྐྱེས་ནས་འགོག་པ་ལ་ཞུགས་པས་མྱང་འདས་དང་འདྲ་བའི་ཆོས་ལུས་ཀྱིས་མངོན་དུ་བྱེད་དོ། །ཅིའི་ཕྱིར་ལུས་ཀྱིས་ཤེ་ན། དེའི་ཚེ་སེམས་མེད་པས་ལུས་ལ་བརྟེན་ཏེ་སྐྱེ་བའི་ཕྱིར། དེ་ལས་ལངས་ནས་འགོག་སྙོམས་ནི་མྱང་འདས་དང་འདྲ་བར་ཞི་བ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་བ་རྣམ་ཤེས་དང་བཅས་པའི་ལུས་ཞི་བ་སྔོན་མ་ཐོབ་པ་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། །ཕྱིར་མི་འོང་ལ་དབྱེ་བ་གཞན་ཡང་ཡོད་དེ། ཉ་ཊཱིཀ་ལས། མདོ་ལས། དམ་པའི་འགྲོ་བ་བདུན་བཤད་པ་ནི། བར་དོར་འདའ་བ་གསུམ་སྐྱེས་ནས་འདའ་བ་གསུམ་གོང་འཕོ་གཅིག་ཏུ་བགྲངས་པ་དང་བདུན་ནོ། །ཕྱིར་མི་འོང་དགུར་བཤད་པ་ནི། བར་དོར་གསུམ་སྐྱེས་ནས་གསུམ་གོང་འཕོ་ལ་འཕར་གསུམ་མོ། །ཞེས་སོགས་བཤད་དོ། །ཞེས་གསུངས་སོ། །གཉིས་པ་ཕྱིར་མི་འོང་གི་སྐོར་ལ་མཐའ་རགས་ཙམ་དཔྱད་པ་ལ། ཉ་ཊཱིཀ་ལས། གཟུགས་སུ་སྐྱེ་བའི་ཀུན་སྦྱོར་སྤངས་མངོན་པར་འགྲུབ་པའི་ཀུན་སྦྱོར་མ་སྤངས་པས་གཟུགས་ཀྱི་བར་དོར་སྐྱེས་ནས་དེར་ལམ་ཟག་མེད་བསྒོམ་ཏེ་དགྲ་བཅོམ་ཐོབ་ནས་ཚེ་མ་རྫོགས་པར་མྱུར་དུ་ལྷག་མེད་དུ་འདའ་སྟེ། ཞེས་གཟུགས་སུ་སྐྱེ་བའི་ཀུན་སྦྱོར་སྤངས་བ་ལ་གཟུགས་ཀྱི་ཉོན་མོངས་དགུུ་སྤངས་དགོས་པ་མ་ཡིན་ནམ་ཐོག་མར་ལས་དེ་བསགས་པའི་ཀུན་སློང་གི་ཉོན་མོངས་པ་མ་སྤངས་བར་ལས་དེ་སྤངས་པ་མེད་དམ་ཞིབ་པར་དཔྱད་དགོས་སོ། །ཡང་བར་འདའ་བའི་སྐབས་སུུ་ཉ་ཊཱིཀ་ལས། ཚེ་མ་རྫོགས་པར་མྱུར་དུ་ལྷག་མེད་དུ་འདའ་སྟེ། ཞེས་དང༌། ཡང་སྐྱེ་འདའ་བའི་སྐབས་སུ་དེ་ལས་ཚེ་རྫོགས་ནས་འབད་མེད་དུ་ལྷག་བཅས་ལྷག་མེད་དུ་འདའ་བ་སྟེ། ཞེས་སོགས་ཀྱིས་ལྷག་བཅས་དགྲ་བཅོམ་ཚེ་མ་འཕོས་པར་ལྷག་མེད་ཐོབ་པ་ཡོད་མེད་དང༌། ལྷག་བཅས་དགྲ་བཅོམ་མ་ཐོབ་པར་ཐོག་མར་ལྷག་མེད་དགྲ་བཅོམ་ཐོབ་པ་ཡོད་མེད་དཔྱད། ཡང་མཛོད་ལས། དེ་དག་གི་ནི་ཁྱད་པར་རྣམས། །ལས་དབང་ཉོན་མོངས་བྱེ་བྲག་ལས། །ཞེས་དང༌། ཉ་ཊཱིཀ་ལས། དེའི་དབང་རྟུལ། ཉོན་མོངས་ཆེན་པོ། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་སྐྱེ་བ་གོང་དུ་བརྒྱུད་ནས་འདའ་དགོས་པ་སྟེ། ཞེས་གོང་འཕོ་དབང་རྟུལ་ཡིན་པར་གསུངས་པ་དང༌། གོང་འཕོའི་དབྱེ་བ་གསུམ་དབང་པོ་རྣོ་འབྲིང་རྟུལ་གསུམ་གྱིས། ཉ་ཊཱིཀ་ལས། དབང་རྣོན་འཕར་བ། ཞེས་དང༌། དབང་འབྲིང་ཕྱེད་དུ་འཕར་བ། ཞེས་དང༌། དབང་རྟུལ་གནས་ཐམས་ཅད་དུ་འཆི་འཕོ་བའོ། །ཞེས་གསུངས་པ་དང༌། མདོ་ལུགས་མ་ལས། ཕྱིར་མི་འོང་དབང་རྣོན་རྣམས་ནི་གནས་གཙང་མ་རྣམས་སུ་སྐྱེ་བའི་ཕྱིར་དང༌། ཞེས་གསུངས་པ་དང༌། ཀུན་བཏུས་ས་འགྲེལ་ལས། ཕྱིར་མི་འོང་དབང་རྣོན་གནས་གཙང་བར་སྐྱེ་བར་བྱ་བའི་ཕྱིར་དང༌། ཞེས་གསུངས་པ་རྣམས་གོང་འོག་བསྒྲེས་ནས་དེ་དག་གིས་དབང་པོ་རྣོ་རྟུལ་འཇོག་ཚུལ་ལ་དཔྱད་པར་བྱའོ། །སྐྱེ་འདའ་བ་ཕྱི་མ་གཉིས་ཀྱི་གོ་རིམ་ཉ་ཊཱིཀ་གོང་དུ་བཀོད་པ་ལྟར་མཛོད་ལས། དེ་ནི་བར་སྐྱེས་འདུ་བྱེད་དང༌། །འདུ་བྱེད་མེད་ཡོངས་མྱ་ངན་འདའ། །གོང་དུ་འཕོ་བ་རྣམས། ཞེས་དང༌། མངོན་རྟོགས་རྒྱན་ལས། བྱེད་དང་བྱེད་མིན། ཞེས་དང༌། མདོ་ལུགས་མ་ལས། འདུ་བྱེད་པ་དང་འདུ་བྱེད་མེད་པར་མྱ་ངན་ལས་འདའ་བ་སྟེ། ཞེས་གསུངས་པ་ལ། འོ་ན་འདུ་བྱེད་དང་བཅས་ཏེ་འདའ་བ་སྔོན་དུ་བགྲང་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་རིགས་པར་ཐལ།མཛོད་རང་འགྲེལ་ལས། མདོ་ལས་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་སྔར་འབྱུང་བས་དེ་ཁོ་ན་བཞིན་དུ་རུང་སྟེ་ལམ་ངང་གིས་འབྱུང་བ་དང་ངང་གིས་འབྱུང་བ་མ་ཡིན་པ་དག་ནི་འབད་པ་མེད་པ་དང་འབད་པས་འཐོབ་པའི་སྒོ་ནས་མངོན་པར་འདུ་བྱེད་པ་མེད་པ་དང་མངོན་པར་འདུ་བྱེད་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །ཞེས་དང༌། ཀུན་བཏུས་ལས། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། གང་སྐྱེས་ནས་མངོན་པར་འདུ་བྱེད་པ་མེད་པར་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །མངོན་པར་འདུ་བྱེད་པ་དང་བཅས་པའི་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། གང་སྐྱེས་ནས་མངོན་པར་འདུ་བྱེད་པས་ལམ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །ཞེས་དང༌། དེའི་ས་འགྲེལ་ལས། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། ཕྱིར་མི་འོང་གང་གཟུགས་ཁམས་གང་རུང་དུ་སྐྱེས་ནས་ཅུང་ཟད་ལོན་པ་ན་མངོན་པར་འདུ་བྱེད་པའི་འབད་རྩོལ་མེད་པར་སྔོན་གོམས་པ་ལས་ངང་གིས་འབྱུང་བའི་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་ཐ་མ་མྱ་ངན་ལས་འདས་པ་ཐོབ་པའོ། །མངོན་པར་འདུ་བྱེད་པ་དང་བཅས་པའི་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། ཕྱིར་མི་འོང་གང་གཟུགས་ཁམས་གང་རུང་དུ་སྐྱེས་ནས་རིང་དུ་ལོན་པ་ན་རང་གི་ངང་གིས་མི་འབྱུང་བར། བསྒྲིམས་ཏེ་མངོན་པར་འདུ་བྱེད་པའི་འབད་རྩོལ་དང་བཅས་པས་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་ཐ་མ་མྱ་ངན་ལས་འདས་པ་ཐོབ་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མངོན་པ་གོང་འོག་གི་ཁྱད་ཞིག་ཡིན་པར་སྣང་ངོ༌། །སྤེལ་ཆོས་ཟག་བཅས་དེ་ཉ་ཊཱིཀ་ལས་ཞི་རགས་རྣམ་པ་ཅན་དུ་གསུངས་ལ། དེ་ལྟར་ན་སྤེལ་སྒོམ་རྒྱུད་ལྡན་དེའི་འོག་ས་ལ་ཆགས་པ་དང་བྲལ་ཟིན་ན་ད་ཞི་རགས་རྣམ་ཅན་སྒོམ་པའི་དགོས་པ་གང་ཡིན་དཔྱད་དོ། །ཕྱིར་མི་འོང་གིས་གནས་གཙང་དུ་སྐྱེ་ཕྱིར་དུ་སྤེལ་སྒོམ་བསྒོམ་ན་སྔར་བཤད་ལྟར་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དེ། གནས་གཙང་འཕེན་བྱེད་དུ་ཁ་བསྒྱུར་བ་ཡིན་ན་དེ་འདྲའི་ཁ་བསྒྱུར་བའི་ལས་དེ་གསར་བསགས་ཀྱི་གང་ཟག་དེ་སྐྱེ་འཕགས་སུ་ཡིན། དེ་འཕགས་པ་ཡིན་ན། རྟེན་འབྲེལ་མདོ་འགྲེལ་ལས། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་གསུངས་པ་དང༌། རས་དཀར་པོ་ཞིག་དམར་པོ་བསྒྱུར་བ་དེའི་ཚེ་རས་དམར་པོ་དེ་གསར་ཏུ་འཐག་ཟེར་དགོས་པར་འགྱུར་བ་དང༌། བྱིས་པ་ལོ་གཅིག་ཅན་དེ་མའི་མངལ་ལས་སྐྱེས་ཚེ་དེ་དང་རྒྱུད་གཅིག་པའི་ལོ་བརྒྱད་ཅུ་ཅན་དེ་མ་སྐྱེས་པར་འགྱུར་བ་སོགས་ཀྱིས་གནོད་པའི་ཕྱིར། དེ་སོ་སྐྱེ་ཡིན་ན་སྔར་གྱི་ལས་དེ་བསགས་དུས་སུ་གནས་གཙང་སྐྱེ་བྱེད་ཀྱི་ལས་དེ་བསག་དགོས་ལ། དེ་ལྟར་ན་དེ་རྗེས་སུ་གནས་གཙང་སྐྱེ་བ་འཕེན་བྱེད་དུ་ཁ་བསྒྱུར་མི་དགོས་པར་འགྱུར་རོ་ཞེ་ན་དཔྱད། ཡང་གནས་གཙང་གི་སྐྱེ་བ་འཕེན་བྱེད་མེད་པར་ཐལ། འཕགས་པའི་གནས་གཙང་སྡུག་བདེན་མ་ཡིན་པའི་ཕྱིར་ཏེ། ཀུན་བཏུས་ས་འགྲེལ་ལས། གནས་གཙང་མ་ལྔ་སྟེ་བཅུ་བདུན་གྱི་སྟེང་དུ། གནས་གཙང་མ་ལས་ཀྱང་འདས་པ་ན་དབང་ཕྱུག་ཆེན་པོའི་གནས་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ས་བཅུ་བ་ཁོ་ན་བཞུགས་པའི་འོག་མིན་ཆེན་པོ་དང་བཅས་པའོ། །དེ་ལྟར་འཕགས་པའི་གནས་དྲུག་ནི་སྡུག་བསྔལ་གྱི་བདེན་པ་དངོས་མ་ཡིན་ཡང་གཟུགས་ཁམས་ཀྱི་ཞར་ལས་བྱུང་བའོ། ། ཞེས་གསུངས་པའི་ཕྱིར་ཟེར་ན་མངོན་པ་གོང་འོག་གི་ཁྱད་ཞིག་ཡོད་དམ་དཔྱད། ཡང་ཉ་ཊཱིཀ་ལས། བདེན་པའི་རྣམ་པ་ཅན་གྱི་བཞི་བ་ཟག་མེད། ཞི་རགས་ཀྱི་རྣམ་པ་ཅན་གྱི་ཟག་བཅས། ཡང་བཞི་བ་ཟག་མེད་རྒྱུན་ཆགས་གསུམ་སྤེལ་ནས་སྙོམས་པར་འཇུག་ཅིང༌། ཞེས་དང༌། མདོ་ལུགས་མ་ལས། བསམ་གཏན་རྣམས་སྤེལ་ནས་བསམ་གཏན་དང་པོའི་རོ་མྱངས་ཏེ་བསམ་གཏན་གསུམ་པ་ལས་ཉམས་པ། ཞེས་གསུངས་པ་ལ། བསམ་གཏན་བཞི་བའི་དངོས་གཞི་ཟག་བཅས་ཟག་མེད་གཉིས་ཀ་ལས་ཉམས་པ་མི་འཐད་པར་ཐལ། དེ་གཉིས་འཕགས་ལམ་ཡིན་པའི་ཕྱིར་རོ། ། ཡང་ན་ཟག་བཅས་ལས་ཉམས་པ་ཡོད་ཀྱང་དེ་འདྲའི་ཟག་མེད་ཉམས་པ་མེད་པའི་ཕྱིར་ཞེ་ན་དཔྱད། ཉ་ཊཱིཀ་ལས། སློབ་དཔོན་ནི། སངས་རྒྱས་མིན་པས་སྐད་ཅིག་སྤེལ་མི་ནུས་པས། ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། དབྱིག་གཉེན་ལ་སོགས་པ་ནི་སྐད་ཅིག་མ་སྤེལ་བ་སངས་རྒྱས་ལས་གཞན་པས་མི་ནུས་པས་རྒྱུན་ཆགས་སྤེལ་བར་བཞེད་དོ། །ཞེས་གསུངས་པ་ལ། འོ་ན་བྱང་སེམས་ས་དང་པོ་ལ་གནས་པའི་གང་ཟག་གིས་སྐད་ཅིག་མ་གཅིག་ལ་ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་ནུས་པར་གསུངས་པ་དང༌།ཀུན་བཏུས་ས་འགྲེལ་ལས། དད་པའི་སྟོབས་སྐྱེད་པ་ལ་འཇུག་པ་ཕྱག་རྒྱའི་མདོར། མཚོ་དཔག་ཚད་ལྔ་འབུམ་པ་པད་མས་ཁེབས་པ་ཞིག་ལ་ལྕགས་ཀྱི་ཤིང་རྟ་མཁའ་ལྡིང་བས་ཀྱང་མགྱོགས་པའི་རྟས་དྲངས་ཏེ་པད་མའི་འདབ་མ་ཡང་མ་སྣང་བར་འགྲོ་བའི་སྐད་ཅིག་རེ་རེ་ལ་སྤྲུལ་ཤིན་ཏུ་མགྱོགས་པ་ཞིག་བྱུང་ནས་ལན་བཅུ་བཅུ་བསྐོར་བའི་ལན་གཅིག་གི་བར་ལ། ཀུན་དགའ་བོས་ཆོས་ཀྱི་རྣམ་གྲངས་མི་འདྲ་བ་བཅུ་གོ་ཞིང་འཆད་ནུས་པ་དང༌། དེའི་གཅིག་གི་བར་ལ་ཤཱ་རིའི་བུས་སྟོང་གོ་ཞིང་འཆད་ནུས་པ་དང༌། དེའི་གཅིག་གི་བར་ལ་མོའུ་འགལ་གྱི་བུས་འཇིག་རྟེན་གྱི་ཁམས་བརྒྱད་ཁྲི་རྫུ་འཕྲུལ་གྱིས་འདའ་བར་ནུས་པ་དང༌། དེའི་གཅིག་གི་བར་ལ་སངས་རྒྱས་ཀྱིས་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་མཉམ་པ་ཐམས་ཅད་ཀྱི་གླིང་རེ་རེར་ཡང་མཛད་པ་བཅུ་གཉིས་རྒྱས་པ་དང་དམ་པའི་ཆོས་གནས་པ་དང༌། སྐྱེས་པའི་རབས་ཐམས་ཅད་ཀྱང་ལྷུན་གྲུབ་ཏུ་སྟོན་པར་གསུངས་པ་ལ་སོགས་པ་ལྟ་བུའོ། །ཞེས་གསུངས་པ་དང་འགལ་ཞེ་ན་སློབ་དཔོན་གྱིས་མདོ་སྡེ་བའི་ལུགས་སུ་གསུངས་པ་ཡིན་པར་འདྲའོ། །ཡང་འཕར་བའི་སྐབས་སུ་ཉ་ཊཱིཀ་ལས། མདུན་ན་འདོན་ནས་གྱ་ནོམ་སྣང་གི་བར་དུ་མ་ཞུགས་པར་ཚངས་རིས་ནས་འོག་མིན་ཉིད་དུ་འཇུག་པ། ཞེས་ཤིན་ཏུ་མཐོང་གི་བར་མ་གསུངས་བར་གྱ་ནོམ་སྣང་གི་བར་དུ་ཞེས་གསུངས་པའི་རྒྱུ་མཚན་གང་ཡིན་དཔྱད། ཡང་མདོ་ལུགས་མ་ལས། འཕགས་པ་ནི་ཚངས་ཆེན་པའི་ནང་དུ་མི་སྐྱེ་སྟེ། ལྟ་བའི་གནས་ཡིན་པ་དང་གཙོ་བོ་གཅིག་ཏུ་ཟད་པའི་ཕྱིར་རོ། །ཞེས་དང༌། ཉ་ཊཱིཀ་ལས། ཚངས་ཆེན་ནི། དང་པོ་སྐྱེས་པའི་ཚངས་པ་ནི་སེམས་ཅན་འདི་རྣམས་ངས་བསྐྱེད་པའོ་སྙམ། དེར་ཕྱིས་སྐྱེས་པ་རྣམས་ཀྱང་སྔར་གྱི་ཚངས་ཆེན་དེས་ངེད་རྣམས་བསྐྱེད་ཅེས་ལྟ་བའི་གནས་ཡིན་པ་དང༌།དེའི་ཚངས་ཆེན་དེ་གནས་དེར་འགྲན་ཟླ་མེད་པའི་ལས་བསགས་པས་གཙོ་བོ་གཅིག་ཏུ་ཟད་པས་དེར་མི་སྐྱེའོ། །ཞེས་དེ་དག་ཚངས་ཆེན་དུ་མི་སྐྱེ་བར་གསུངས་པ་ནི་མཛོད་ལུགས་ལ་དགོངས་པ་ལས་མངོན་པ་གོང་མའི་ལུགས་མ་ཡིན་པ་འདྲ་སྟེ། ཉ་ཊཱིཀ་ལས། ཀུན་བཏུས་འགྲེལ་བར། ལུས་མངོན་བྱེད་ཀྱང་རྣམ་ཐར་བརྒྱད་ལུས་ཀྱིས་མངོན་དུ་བྱེད་པ་དང༌། རིགས་ནས་རིགས་སྐྱེ་ཡང་སྐྱེ་བ་ངེས་པར་གཉིས་འཁོར་ཞེས་དང༌། འོག་མིན་འགྲོ་ཡང་ཚངས་རིས་ནས་བཟུང་སྟེ་རྒྱུན་མི་འཆད་པར་གནས་གཞན་ཐམས་ཅད་དུ་ལན་རེ་རེ་སྐྱེས་ནས་འོག་མིན་དུ་ཞུགས་ཏེ་ཞེས་ཚངས་ཆེན་དུ་ཡང་སྐྱེས་པར་བཤད་དོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། འོག་མིན་དུ་འགྲོ་བ་ནི། བསམ་གཏན་གྱི་རྣམ་པ་ཆུང་ངུ་ལ་སོགས་པ་ལ་རོ་མྱང་མང་བར་བྱེད་ཅིང་ལྷག་མཐོང་ཤས་ཆེར་སྤྱོད་པའི་ཕྱིར་མི་འོང་གང་ཚངས་རིས་ནས་བཟུང་སྟེ་རྒྱུན་མི་འཆད་ཀྱི་ཁམས་ཀྱི་གནས་རིས་བཅུ་དྲུག་པོ་རྣམས་སུ་ས་ནས་སར་ལན་རེ་རེ་སྐྱེ་བ་ལེན་ཞིང༌། མཐར་སྤེལ་མར་བསྒོམས་པས་བཅུ་བདུན་པ་འོག་མིན་གྱི་བར་དུ་ཞུགས་ནས་དེར་ལམ་ལྷག་མ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་ཐ་མ་མྱང་འདས་ཐོབ་པའོ། །མཛོད་དུ་ནི་འདི་ནས་ཚངས་རིས་སུ་སྐྱེ་ཞིང་དེ་ནས་འོག་མིན་དུ་འགྲོ་བ་འཕར་བ་དང༌། འདི་ནས་ཚངས་རིས་དང་དེ་ནས་གནས་གཙང་མའི་འོག་མ་གང་རུང་དུ་སྐྱེ་ཞིང་དེ་ནས་འོག་མིན་དུ་འགྲོ་བ་ཕྱེད་དུ་འཕར་བ་ཞེས་བྱ་བ་གཉིས་ཀྱང་གསུངས་ཤིང༌། ས་དང་སར་སྐྱེ་བའང་ལྟ་བའི་གནས་ཡིན་ཞིང་གཙོ་བོ་གཅིག་ཏུ་ཟད་པས་ཚངས་ཆེན་དུ་མི་སྐྱེ་བར་བཞེད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་འོག་མིན་འགྲོ་ཡང་མངོན་པ་གོང་འོག་མི་འདྲ་བར་མངོན་ནོ། །ཡང་ཉ་ཊཱིཀ་ལས། གཟུགས་མེད་དུ་སྐྱེ་བའི་བར་དོ་མེད་པས་བར་དོར་འདའ་བ་མེད་དོ། །ཞེས་གསུངས་པ་དེ་མི་འཐད་པར་ཐལ། གཟུགས་མེད་ཁམས་གནས་ལོགས་སུ་ཡོད་པ་དང་གཟུགས་ཡོད་པ་གང་ཞིག དེ་ཡོད་ན་བར་དོ་མེད་པའི་རྒྱུ་མཚན་མེད་པའི་ཕྱིར་ཏེ། ཐེག་མཆོག་དབུ་མ་ལས། གཟུགས་མེད་ཁམས་ཀྱང་དམན་པའི་སྒྲ་རུ་འཐད། །ཅེས་དང༌། དེའི་ཟིན་བྲིས་ལས། གཟུགས་མེད་ཁམས་ཀྱང་དམན་པའི་སྒྲ་རུ་འཐད་ཅེས་པ་ནི་ད་ལྟ་བོད་ན་གྲགས་པའི་མངོན་པའི་བསྟན་བཅོས་རྣམས་ལས་གཟུགས་མེད་ཁམས་ན་གཟུགས་མེད་དོ། །ཞཻས་གསུངས། གཟུགས་མེད་ཁམས་ན་གཟུགས་གཏན་ནས་མེད་པར་བཤད་ཀྱང་རྒྱ་གར་ན་ཡང་ཉན་ཐོས་སྡེ་བ་གསུམ་ཙམ་ཡོད་པར་འདོད་པ་དང༌། གཞན་རྣམས་ཀྱི་མདོ་སྡེ་བ་ཡང་ཡོད་པར་འདོད། ཐེག་ཆེན་གྱི་མདོ་རྣམས་ལས་ཡོད་པར་བཤད་དེ། རྒྱུད་བླའི་ཐོགས་མེད་འགྲེལ་ཆེན་དུ་ཕལ་བོ་ཆེའི་ལུང་དྲངས་པ་ལས་སྟོང་གསུམ་དར་ཡུག་ཆེན་པོའི་དཔེ་ནི།གཟུགས་ཀྱི་གནས་ཀྱི་ཐད་དུ་གཟུགས་ཁམས་ཀྱི་གནས་བྲིའོ། །གཟུགས་མེད་ཁམས་ཀྱི་གནས་ཀྱི་ཐད་དུ་ནི་གཟུགས་མེད་ཁམས་གནས་བྲིའོ། །ཞེས་གསུངས་པས་གཟུགས་མེད་ཁམས་ན་གནས་ཡོད་པར་བཤད་པས་གཟུགས་ཡོད་པར་གྲུབ་པོ། །དེ་བཞིན་དུ་མདོ་སྡེ་ས་བཅུ་པ་ལས། ས་དྲུག་པའི་ཡོན་ཏན་བསྟན་པའི་སྐབས་ན་གནས་དང་གཟུགས་སོགས་ཡོད་པར་བཤད་དོ། །སྔགས་ཀྱི་ཐེག་པ་ལས་ཀྱང་དུས་འཁོར་དུ་ལྷུན་པོའི་གཙུག་ཏོར་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་ལས་གཟུགས་མེད་ཁམས་ཀྱི་གནས་སུ་བཤད་པས་སོ། ། དེས་ན་གཟུགས་མེད་ཁམས་ན་གཟུགས་གཏན་ནས་མེད་པ་ནི་མ་ཡིན་ལ་ཤིན་ཏུ་དྭངས་ཤིང་ཕྲ་བས་ན་དམན་པའི་སྒྲ་ལ་མེད་ཅེས་བཤད་པ་ཡིན་ཏེ། དཔེར་ན་ཤེས་རབ་ཆུང་བ་ལ་ཤེས་རབ་མེད་ཅེས་འཇོག་པ་ལྟ་བུའོ། ། ཞེས་གསུངས་པའི་ཕྱིར་ཞེ་ན་རང་ལུགས་དམ་པ་རྣམས་ཀྱིས་གཟུགས་མེད་ཁམས་ན་གཟུགས་ཡོད་པ་དང་མེད་པའི་གསུངས་ཟིན་དུ་མ་ཡོད་པས་དཔྱད་པར་བྱའོ། །ཡང་ཉ་ཊཱིཀ་ལས། རིམ་གྱིས་པའི་ཕྱིར་མི་འོང་ལུས་མངོན་བྱེད་ཀྱི་མཚན་ཉིད། རིམ་གྱིས་པའི་ཕྱིར་མི་འོང་གང་ཞིག འགོག་པའི་སྙོམས་འཇུག་དེ་སེམས་མེད་ལུས་ཀྱིས་མངོན་དུ་བྱེད་པའོ། །ཞེས་དང༌། མདོ་ལུགས་མ་ལས། སེམས་མེད་པས་ལུས་ལ་བརྟེན་དེ་སྐྱེ་བའི་ཕྱིར་ལུས་ཀྱིས་མངོན་གསུམ་དུ་བྱེད་པའོ། །ཞེས་གསུངས་པ་ནི་མཛོད་ལུགས་སམ་ཁ་ཆེ་བྱེ་བྲག་སྨྲ་བའི་ལུགས་ཡིན་པ་ལས་རང་ལུགས་མ་ཡིན་པར་སྣང་སྟེ། ཉ་ཊཱིཀ་ལས། ཐེག་ཆེན་ཐུན་མོང་མིན་པ་ལྟར་ན། ཏིང་ངེ་འཛིན་ཁྱད་པར་ཅན་ཞིག་སྟེ། སའི་སྙིང་བོ་འཁོར་ལོ་བཅུ་བ་ལས། བྱང་པ་རྣམས་འགོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། ཏིང་ངེ་འཛིན་ལ་གནས་ནས་ཚོར་བ་གསུམ་དང་འདུ་ཤེས་གསུམ་ཡོངས་སུ་གཅོད་དེ། མངོན་པར་འདུ་བྱེད་པ་དང་གཡོ་བའི་སེམས་ཀྱི་སྤྱོད་པ་མེད་པར་ཚོར་བ་དང་འདུ་ཤེས་དང་སེམས་པ་དང་རེག་པ་དང་ཡིད་ལ་བྱེད་པ་ཀུན་གཅོད་པར་འགྱུར་རོ། །ཞེས་དང༌། ཀུན་གཞི་འཁོར་བཅས་ཡོད་ཀྱི། རྣམ་ཤེས་གཞན་མངོན་གྱུར་མེད་ཅེས་སྟོན་གྱི་ཀུན་གཞི་མིན་པའི་རིག་པ་ཡེ་མེད་དུ་སྟོན་པ་མིན་ནོ། །ཞེས་གསུངས་སོ། །དེ་ལྟ་ན་ཡང་ཀུན་གཞི་སྒྲུབ་བྱེད་ཀྱི་རིགས་པའི་སྒོ་ནས་ཅུང་ཟད་དཔྱད་རྒྱུ་ཡོད་མོད་སྐབས་བཞི་བའི་སྐབས་སུ་སླར་ཡང་དཔྱད་པར་བྱའོ། །མདོ་ལུགས་མ་ལས། གནས་གཙང་མ་རྣམས་སུ་སྐྱེས་ལ་བར་ནས་གནས་འགའ་ཙམ་བརྒལ་ཏེ་དེ་འོག་མིན་དུ་སྐྱེ་བ་དེ་ནི་ཕྱེད་དུ་འཕར་བ་ཞེས་བྱའོ། །ཞེས་གནས་འགའ་ཙམ་རྒལ་དགོས་ཀྱང་ཉ་ཊཱིཀ་ལས་དངོས་སུ་མ་གསུངས་སོ། །ཡང་མདོ་ལུགས་མ་ལས། ཇི་སྐད་དུ། གོང་དུ་འཕོ་བ་མ་ཕྱེ་བར། །དམ་པའི་འགྲོ་བ་བདུན་དུ་འདོད། །ཅེས་སོ། །འདི་དག་ཁོ་ན་དམ་པ་ཡིན་ཞིང་སློབ་པ་གཞན་དག་མ་ཡིན་པ་ནི་རྣམ་གྲངས་པའི་དམ་པ་སློབ་པ་གཞན་དག་ལ་ཡང་ཡོད་ཀྱང་འདིར་ནི་རྣམ་གྲངས་མེད་པའི་དམ་པ་ཡིན་ནོ། །འདི་དག་དགེ་བ་ཁོ་ན་ལ་འཇུག་པ་དང༌། མི་དགེ་བ་ལ་མི་འཇུག་པ་དང༌། འགྲོ་བ་འདི་དག་ཏུ་སོན་པ་ནི་དམ་པའི་དོན་ཏེ། ཇི་སྐད་དུ། དམ་པ་དམ་མིན་འཇུག་མི་འཇུག །སོན་པ་ཕྱིར་མི་འོང་ཕྱིར་ཏེ། །ཞེས་པ་དམ་པའི་འགྲོ་བ་ཡིན་ནོ། ། གོང་དུ་འགྲོ་བ་ལ་འགྲོ་བ་ཞེས་དམ་པའི་འགྲོ་བ་བདུན་ཁོ་ན་དམ་པ་ཡིན་ན་སངས་རྒྱས་དང་ཉན་ཐོས་དགྲ་བཅོམ་པ་དང་མཐོང་ཆོས་ཞི་སོགས་ལ་དམ་པ་མེད་པར་འགྱུར་རོ་ཞེ་ན་དཔྱད་པར་བྱའོ། །

བཞི་བ་འབྲས་བུ་རིམ་གྱིས་པའི་དགྲ་བཅོམ་པའི་སྐོར་བཤད་པ།

བཞི་བ་འབྲས་བུ་རིམ་གྱིས་པའི་དགྲ་བཅོམ་པའི་སྐོར་བཤད་པ་ལ།

སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ནི། འབྲས་བུ་རིམ་གྱིས་པའི་དགྲ་བཅོམ་ཞུགས་པའི་མཚན་ཉིད། འབྲས་བུ་བཞི་རིམ་གྱིས་ཐོབ་པའི་རིགས་ཅན་གྱི་དགྲ་བཅོམ་ཞུགས་པ་དེ་ཡིན་ཏེ། ཉ་ཊཱིཀ་ལས། ཕྱིར་མི་འོང་དེ་ཉིད་བསམ་གཏན་དང་པོའི་སྒོམ་སྤང་གི་ཉོན་མོངས་གཅིག་ནས་སྲིད་རྩེའི་བརྒྱད་ཟད་པའི་བར་དང་དེར་མ་ཟད་དགུ་བ་སྤོང་བའི་བར་ཆད་མེད་ལམ་རྡོ་རྗེ་ལྟ་བུའི་ཏིང་འཛིན་ལ་གནས་པའི་བར་ཐམས་ཅད་དེ་ཡིན་པས་དེ་རྣམས་མཚན་གཞིའོ། །མཚན་ཉིད་ནི། རིམ་གྱིས་པའི་ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་གང་ཞིག ཉན་ཐོས་དགྲ་བཅོམ་ཐོབ་ཕྱིར་བརྩོན་པ། སྤྱིར་འགོད་ན། ཉན་ཐོས་དགྲ་བཅོམ་ཞུགས་པའི་མཚན་ཉིད། ཉན་ཐོས་ཀྱི་མི་སློབ་ལམ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་རབ་ཏུ་ཕྱེ་བའི་འཕགས་པའི་གང་ཟག་གོ །སྲིད་རྩེའི་བར་ཆ་བརྒྱད་ཟད་པ། །དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། །དགུ་བའི་བར་ཆད་མེད་ལམ་ཡང༌། །དེ་ནི་རྡོ་རྗེ་ལྟ་བུ་ཡིན། །ཞེས་གསུངས་སོ། །འབྲས་བུ་རིམ་གྱིས་པའི་དགྲ་བཅོམ་འབྲས་གནས་ཀྱི་མཚན་ཉིད། འབྲས་བུ་བཞི་རིམ་གྱིས་ཐོབ་པའི་རིགས་ཅན་གྱི་དམན་པའི་དགྲ་བཅོམ་པ་དེ་ཡིན་ཏེ། ཉ་ཊཱིཀ་ལས། ཉན་ཐོས་དགྲ་བཅོམ་གྱི་མཚན་ཉིད། སྲིད་རྩེའི་སྒོམ་སྤང་དགུ་བ་ཟད་པའི་ཐོབ་པ་ཅན་གྱི་ཉན་ཐོས་འཕགས་པའི་གང་ཟག་སྟེ། དེ་ཟད་ཐོབ་དང་ཟད་པ་ཤེས། །དེ་ཚེ་དེ་མི་སློབ་དགྲ་བཅོམ། །ཞེས་ཏེ། དགུ་བ་ཟད་པའི་ཐོབ་པ་དང་ལྷན་ཅིག་དེ་ཟད་པ་ཤེས་པའི་རྣམ་གྲོལ་ལམ་ཐོབ་པ་ན་འབྲས་བུ་གཞན་གྱི་ཕྱིར་ད་བསླབ་བྱ་མེད་པས་མི་སློབ་པ། དེ་ཉིད་ཀྱི་ཕྱིར་གཞན་དོན་བྱེད་པར་འོས། ཆགས་བཅས་ཐམས་ཅད་ཀྱིས་མཆོད་པར་འོས་པས་དགྲ་བཅོམ་མོ། །ཞེས་གསུངས་སོ། །དབྱེ་ན། དགྲ་བཅོམ་རིགས་དྲུག་ཡོད། དེ་དྲུག་གི་ཁྱད་པར་ནི། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། དགྲ་བཅོམ་འབྲས་བུའི་ཁྱད་པར་ལ། །དགྲ་བཅོམ་དྲུག་འདོད་དེ་དག་ལས། །ལྔ་ནི་དད་པས་མོས་ལས་སྐྱེས། །དེ་རྣམས་རྣམ་གྲོལ་དུས་དང་སྦྱོར། །མི་གཡོའི་ཆོས་ཅན་མི་གཡོ་བ། །དེ་ཕྱིར་དེ་དུས་མི་སྦྱོར་གྲོལ། །དེ་ནི་མཐོང་ཐོབ་རྒྱུ་ལས་བྱུང༌། །ཞེས་པ་ལྟར་དང་པོ་ལྔ་ནི་དང་པས་མོས་ལས་སྐྱེས་ཤིང༌། ཡོ་བྱད་དང་ནད་མེད་པ་དང་ཡུལ་གྱི་བྱེ་བྲག་ལ་ལྟོས་པའམ་ཉམས་སྲིད་པས་དུས་དང་སྦྱོར་བ་ཞེས་བྱ་བ་ཡིན་ལ། དྲུག་པ་ནི་མཐོང་བས་ཐོབ་པ་ལས་སྐྱེས་ཤིང༌། འདོད་རྒུར་ཏིང་ངེ་འཛིན་འགྲུབ་པའམ། ཉམས་མི་སྲིད་པས་དུས་དང་མི་སྦྱོར་བ་ཞེས་བྱའོ། །ཐོབ་དང་མ་ཐོབ་ཉེར་སྤྱད་ལས། ། ཡོངས་ཉམས་རྣམ་པ་གསུམ་ཞེས་བྱ། །སྟོན་ལ་ཐ་མ་མི་གཡོ་ལ། །བར་པའང་གཞན་ལ་རྣམ་གསུམ་མོ། །ཞེས་པ་ལྟར་སྤྱིར་ཉམས་པ་ལས་ཕྱེ་ན་ཡོན་ཏན་གྱི་ཁྱད་ཡང་ཐོབ་ཟིན་པ་ལས་ཉམས་པ་དང༌།ཐོབ་པར་བྱ་བ་མ་ཐོབ་པ་ལས་ཉམས་པ་དང༌། ཐོབ་ཀྱང་མངོན་དུ་མི་བྱེད་པ་ཉེར་སྤྱད་ལས་ཉམས་པ་སྟེ་གསུམ་ལས། སྟོན་པ་ལ་ཐ་མ་དང༌། མི་གཡོ་བ་ལ་བར་པ་དང་ཐ་མ་གཉིས་དང༌། གཞན་རྣམས་ལ་གསུམ་ཀའང་ཡོད་པར་འདོད་ལ། འབྲས་གནས་ཉམས་ལས་འཆི་བ་མེད། །བྱ་བ་མ་ཡིན་དེ་མི་བྱེད། །ཅེས་འབྲས་བུ་ལས་ཉམས་པའང་དེ་སོར་མ་ཆུད་པར་མི་འཆི་ཞིང༌།ཉམས་ཀྱང་འབྲས་དང་འགལ་བའི་བྱ་བ་མི་བྱེད་པར་ཡང་འདོད་མོད། མདོ་ལས། འཕགས་པའི་ཤེས་རབ་ཀྱིས་སྤངས་པ་གང་ཡིན་པ་དེ་ནི་ལེགས་པར་སྤངས་པའོ་ཞེས་པ་དང༌། སློབ་པ་ལ་བག་ཡོད་པར་བྱའོ་ཞེས་གསུངས་པས། སློབ་པ་ལ་ཉམས་པ་སྲིད་ཀྱི་དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པ་མི་སྲིད་ལ། ཉམས་པར་གསུངས་པ་ནི་བསམ་གཏན་དངོས་གཞིའི་ཏིང་ངེ་འཛིན་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཉམས་པར་འགྱུར་བ་སྟེ། རྙེད་དང་བཀུར་སྟིས་དབྱེ་ན་སྤྱོས་པས་དབང་པོ་ཉམས་པ་སྲིད་པའི་ཕྱིར་རོ། །ཉམས་པར་བྱེད་པའི་རྒྱུ་ལྔ་ནི་ལས་ཀྱི་མཐའ་ལ་ཞུགས་པ་དང་སྨྲ་བ་ལ་ཞུགས་པ་དང་རྩོད་པ་ལ་ཞུགས་པ་དང༌། རིང་དུ་རྒྱུ་བས་དུབ་པ་དང་ནད་ཡུན་རིང་པོས་ཐེབས་པ་རྣམས་ཡིན་ལ། མི་ཉམས་པའི་རྒྱུ་ནི་དྲན་པ་དང་ཤེས་བཞིན་གྱིས་སེམས་རྗེས་སུ་སྲུང་བར་བྱེད་པའོ། །དེ་ལ་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་གང་ཞེ་ན། ཤེས་རབ་ལ་སོགས་པའི་དབང་པོ་རྟུལ་པོ་རྙེད་པ་དང་བཀུར་སྟིའི་དབང་གིས་མྱོས་ཀྱང་རུང་མ་མྱོས་ཀྱང་རུང༌། རང་གིས་རང་གསོད་ཀྱང་རུང་མི་གསོད་ཀྱང་རུང་སྟེ། གང་མཐོང་བའི་ཆོས་ཚེ་འདི་ཉིད་ལ་བདེ་བར་གནས་པ་འཇིག་རྟེན་པའི་བསམ་གཏན་གྱི་དངོས་གཞི་ཐོབ་པ་ལས་ཅིས་ཀྱང་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་ཅན་ནོ། །བདག་གསོད་པའི་ཆོས་ཅན་གང་ཞེ་ན། དགྲ་བཅོམ་པ་དབང་པོ་རྟུལ་པོ་ཉིད་རྙེད་པ་དང་བཀུར་སྟིས་མྱོས་ཀྱང་རུང་མ་མྱོས་ཀྱང་རུང༌། རང་གིས་རང་མི་གསོད་ན་མཐོང་བའི་ཆོས་ཚེ་དེ་ཉིད་ལ་བདེ་བར་གནས་པ་བསམ་གཏན་དངོས་གཞིའི་སེམས་སྔར་ཐོབ་པ་ལས་ཕྱིས་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་ཅན་ཡིན་པས་གསོད་ནུས་ན་ཉམས་པའི་སྐལ་བ་ཅན་མ་ཡིན་པས་མ་ཉམས་པའི་གོང་དུ་སྐུ་ཚེའི་འདུ་བྱེད་ཡོངས་སུ་གཏོང་བའོ། །རྗེས་སུ་སྲུང་བའི་ཆོས་ཅན་གང་ཞེ་ན། གང་དགྲ་བཅོམ་དབང་པོ་རྟུལ་པོ་ཉིད་རྙེད་པ་དང་བཀུར་སྟིས་དབྱེ་ན་སྤྱོད་པས་མྱོས་ན། མཐོང་བའི་ཆོས་ཚེ་དེ་ཉིད་ལ་བདེ་བར་གནས་པ་བསམ་གཏན་དངོས་གཞིའི་ཏིང་ངེ་འཛིན་སྔར་ཐོབ་ཅིང་མངོན་དུ་བྱེད་ནུས་པ་ལས་ཕྱིས་ཡོངས་སུ་ཉམས་ནས་མངོན་དུ་བྱེད་མི་ནུས་པའི་སྐལ་བ་ཅན་ཡིན་ལ། དྲན་པ་དང་ཤེས་བཞིན་གྱིས་བཟུང་སྟེ་མ་མྱོས་ན་ཉམས་པའི་སྐལ་བ་ཅན་མ་ཡིན་པས་ཉམས་སུ་དོགས་ནས་རང་གི་སེམས་རྗེས་སུ་སྲུང་བར་བྱེད་པའོ། །གནས་པ་ལས་མི་བསྐྱོད་པ་གང་ཞེ་ན། དགྲ་བཅོམ་དབང་པོ་རྟུལ་པོ་རྙེད་པ་དང་བཀུར་སྟིའི་དབང་གིས་མྱོས་ཀྱང་རུང་མ་མྱོས་ཀྱང་རུང༌།མཐོང་བའི་ཆོས་ཚེ་དེ་ཉིད་ལ་བདེ་བར་གནས་པ་བསམ་གཏན་གྱི་དངོས་གཞི་ལས་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་ཅན་ཡང་མ་ཡིན་ལ། ཤེས་རབ་ལ་སོགས་པའི་དབང་པོ་རྣམས་རྟུལ་བོ་ལས་རྣོན་པོར་སྦྱོར་བའི་སྐལ་བ་ཅན་ཡང་མ་ཡིན་པས་གཞི་དེ་ལས་གོང་འོག་ཏུ་མི་འཕོ་བའི་གང་ཟག་གོ །རབ་ཏུ་རྟོགས་པའི་འོས་སུ་གྱུར་པ་གང་ཞེ་ན། གང་དགྲ་བཅོམ་དབང་པོ་རྟུལ་པོ་རྙེད་བཀུར་གྱིས་མྱོས་ཀྱང་རུང་མ་མྱོས་ཀྱང་རུང༌། མཐོང་བའི་ཆོས་ཚེ་དེ་ཉིད་ལ་བདེ་བར་གནས་པ་བསམ་གཏན་གྱི་དངོས་གཞི་ལས་ཡོངས་སུ་ཉམས་པའི་སྐལ་པ་ཅན་ཡང་མ་ཡིན་ལ། འབད་རྩོལ་གྱིས་དབང་པོ་རྣམས་རྟུལ་པོ་ལས་རྣོན་པོར་སྦྱོར་ཞིང་སྦྱངས་པ་ལས་རབ་ཏུ་རྟོགས་པ་མི་གཡོ་བའི་ཆོས་ཅན་ཐོབ་པར་འགྱུར་བའི་སྐལ་བ་ཅན་ཡིན་པའི་གང་ཟག་གོ །མི་འཁྲུགས་པའི་ཆོས་ཅན་གང་ཞེ་ན། དགྲ་བཅོམ་པ་གང་རང་བཞིན་གྱིས་ཤེས་རབ་ལ་སོགས་པའི་དབང་པོ་ལྔ་རྣོན་པོར་གྱུར་པ་སྟེ། དེས་ན་དབང་བོ་སྦྱང་མི་དགོས་ཤིང༌། རྙེད་པ་དང་བཀུར་སྟིའི་དབང་གིས་མྱོས་ཀྱང་རུང་མ་མྱོས་ཀྱང་རུང༌། མཐོང་བའི་ཆོས་ཚེ་དེ་ཉིད་ལ་བདེ་བར་གནས་པ་བསམ་གཏན་དངོས་གཞིའི་སེམས་ཐོབ་པ་ལས་ནམ་ཡང་མི་གཡོ་ཞིང་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་པ་ཅན་མ་ཡིན་པའོ། །ཞེས་གསུངས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པ་ཡོད་བར་ཐལ། སྤྱོད་འཇུག་ལས། སྟོང་ཉིད་དང་ནི་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། ཞེས་གསུངས་པའི་ཕྱིར་ཞེ་ན། འདོད་མི་ནུས་ཏེ། ཀུན་བཏུས་ས་འགྲེལ་ལས། སློབ་པ་ལ་ཉམས་པ་སྲིད་ཀྱི་དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པ་མི་སྲིད་ལ། ཞེས་གསུངས་སོ། །ཡང་དེ་ལས། ཉམས་པར་གསུངས་པ་ནི་བསམ་གཏན་དངོས་གཞིའི་ཏིང་ངེ་འཛིན་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཉམས་པར་འགྱུར་བ་སྟེ། ཞེས་གསུངས་པ་ལ། འོག་སའི་ཉོན་མོངས་མངོན་དུ་མ་གྱུར་པར་བསམ་གཏན་གྱི་དངོས་གཞི་ཉམས་པ་ཡོད་མེད་དཔྱད་པར་བྱའོ། །

བཞི་བ་སྤང་བྱ་ཅིག་ཆར་བ་བཤད་པ།

བཞི་བ་སྤང་བྱ་ཅིག་ཆར་བ་བཤད་པ་ལ།

སྤྱི་དོན་དང༌། མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ནི། མངོན་པ་ཀུན་བཏུས་ལས། ཅིག་ཅར་ངེས་པར་འབྱིན་པ་ནི་གང་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་མི་ལྕོགས་པ་མེད་པ་ལ་བརྟེན་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་རྣམ་པས་གཅིག་ཅར་སྤོང་སྟེ། འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་དགྲ་བཅོམ་པའི་འབྲས་བུ་སྟེ་འབྲས་བུ་གཉིས་ལ་གདགས་སོ། །ཕལ་ཆེར་ནི་མཐོང་བའི་ཆོས་སམ། འཆི་བའི་ཚེ་ཀུན་ཤེས་པ་ཐོབ་པར་བྱེད་དོ། །གལ་ཏེ་མི་བྱེད་ན་ཡང་དེ་སྨོན་ལམ་གྱི་སྟོབས་ཅན་ཡིན་ཏེ།སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་ཉིད་དུ་སྐྱེས་ཏེ། སངས་རྒྱས་འབྱུང་བ་མེད་པ་ན་རང་རྒྱལ་བར་འགྱུར་རོ། །ཞེས་གསུངས་ལ། ཉན་ཐོས་དབང་རྣོན་འགའ་ཞིག་ཁམས་གསུམ་གྱི་སྒོམ་སྤང་ཉོན་མོངས་ཆེན་པོའི་ཆེན་པོ་ནས་ཆུང་ངུའི་ཆུང་ངུ་དགུ་སྤང་ཐབས་དགུ་བྱས་ནས་སྤངས་ནས་མཐར་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་པ་ཡོད། དེ་ལ་རྒྱུན་ཞུགས་སྐོར་དང༌། དགྲ་བཅོམ་སྐོར་གཉིས་ཡོད། དང་པོ་ལ་ཅིག་ཅར་བའི་རྒྱུན་ཞུགས་ཞུགས་པའི་མཚན་ཉིད། ཁམས་གསུམ་གྱི་སྒོམ་སྤང་ཉོན་མོངས་ཆེན་པོའི་ཆེན་པོ་ནས་ཆུང་ངུའི་ཆུང་ངུའི་བར་སྤང་ཐབས་དགུ་བྱས་ནས་སྤོང་བའི་རྒྱུན་ཞུགས་ཞུགས་པ་དེ་ཡིན་ཏེ། ཉ་ཊཱིཀ་ལས།དང་པོའི་མཚན་ཉིད་ནི། ཁམས་གསུམ་གྱི་སྒོམ་སྤང་ཆེ་འབྲིང་ཆུང་དགུར་འཆིང་དྲིལ་དུ་སྤོང་བར་ཞུགས་པའི་ཉན་ཐོས་སྦྱོར་ལམ་སྟན་གཅིག་པའི་གང་ཟག་གམ་ཉན་ཐོས་མཐོང་ལམ་སྐད་ཅིག་བཅོ་ལྔ་བོ་གང་རུང་ལ་གནས་པའི་གང་ཟག་གང་རུང་ངོ༌། །ཞེས་གསུངས་པའི་ཕྱིར།ཅིག་ཅར་བའི་རྒྱུན་ཞུགས་འབྲས་གནས་ཀྱི་མཚན་ཉིད། ཁམས་གསུམ་གྱི་སྒོམ་སྤང་ཉོན་མོངས་ཆེན་པོའི་ཆེན་པོ་ནས་ཆུང་ངུའི་ཆུང་ངུའི་བར་སྤང་ཐབས་དགུ་བྱས་ནས་སྤོང་བའི་རྒྱུན་ཞུགས་འབྲས་གནས། དེ་ལ་ཙམ་ཁྱད་གཉིས། ཅིག་ཅར་བའི་རྒྱུན་ཞུགས་འབྲས་གནས་ཙམ་པོ་བའི་མཚན་ཉིད། སྒོམ་སྤང་ཆེན་པོའི་ཆེན་པོ་སྤངས་པ་ལ་བརྩོན་པ་མ་ཡིན་པའི་རབ་ཏུ་ཕྱེ་བས་ཅིག་ཅར་བའི་རྒྱུན་ཞུགས་འབྲས་གནས། ཅིག་ཅར་བའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་གྱི་མཚན་ཉིད། དགྲ་བཅོམ་པའི་འབྲས་གནས་ཐོབ་ཕྱིར་དུ་བརྩོན་པའི་རབ་ཏུ་ཕྱེ་བས་ཅིག་ཅར་བའི་རྒྱུན་ཞུགས་འབྲས་གནས། དེ་ལྟར་འཐད་དེ། ཉ་ཊཱིཀ་ལས། ཙམ་པོའི་མཚན་ཉིད། དེ་ལྟར་ཞུགས་ཤིང་འདོད་པའི་ཆེན་པོའི་ཆེན་པོ་མ་སྤངས་པའི་བཅུ་དྲུག་པའི་རྟོགས་པ་ལ་གནས་པའི་གང་ཟགཁྱད་པར་ཅན་གྱི་མཚན་ཉིད། ཉན་ཐོས་རྒྱུན་ཞུགས་ཅིག་ཅར་པ་གང་ཞིག འདོད་པའི་སྒོམ་སྤང་ཉོན་མོངས་ཆེན་པོའི་ཆེན་པོ་ནས་སྲིད་རྩེའི་ཆུང་ངུའི་འབྲིང་གི་བར་གང་རུང་སྤངས་ཤིང་དེ་ཆུང་ངུའི་ཆུང་ངུ་ཡན་མ་སྤངས་པའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཅིག་ཆར་བའི་དགྲ་བཅོམ་སྐོར་ལ། སྤང་བྱ་ཅིག་ཆར་བའི་དགྲ་བཅོམ་ཞུགས་པའི་མཚན་ཉིད། ཁམས་གསུམ་གྱི་སྒོམ་སྤང་ཉོན་མོངས་ཆེན་པོའི་ཆེན་པོ་ནས་ཆུང་ངུའི་ཆུང་ངུའི་བར་སྤང་ཐབས་དགུ་བྱས་ནས་སྤོང་བར་བྱེད་པའི་དགྲ་བཅོམ་ཞུགས་པ་དེ་ཡིན་ཏེ། ཉ་ཊཱིཀ་ལས། ཉན་ཐོས་རྒྱུན་ཞུགས་ཅིག་ཅར་པ་ཁྱད་པར་ཅན་དེ་མཚན་གཞི།ཉན་ཐོས་ཅིག་ཅར་པའི་དགྲ་བཅོམ་ཞུགས་པར་མཚོན། ཉན་ཐོས་ཅིག་ཅར་པའི་མི་སློབ་ལམ་ཐོབ་ཕྱིར་བརྩོན་པའི་རྒྱུན་ཞུགས་ཁྱད་པར་ཅན་ནོ། །ཞེས་གསུངས་པས་སོ། །སྤང་བྱ་ཅིག་ཆར་བའི་དགྲ་བཅོམ་འབྲས་གནས་ཀྱི་མཚན་ཉིད། ཁམས་གསུམ་གྱི་སྒོམ་སྤང་ཉོན་མོངས་ཆེན་པོའི་ཆེན་པོ་ནས་ཆུང་ངུའི་ཆུང་ངུའི་བར་སྤང་ཐབས་དགུ་བྱས་ནས་སྤངས་བའི་དགྲ་བཅོམ་འབྲས་གནས། དེ་ལྟར་འཐད་དེ། ཉ་ཊཱིཀ་ལས། དེའི་འབྲས་གནས་ཀྱི་མཚན་ཉིད། ཁམས་གསུམ་གྱི་སྒོམ་སྤང་ཆུང་ངུའི་ཆུང་ངུ་དགུ་འཆིང་དྲིལ་དུ་སྤངས་པའི་ཉན་ཐོས་དགྲ་བཅོམ་པའོ། །ཞེས་གསུངས་པའི་ཕྱིར་རོ། །ཅིག་ཆར་བ་ལ་འབྲས་བུ་བར་བ་གཉིས་མེད་པ་ནི། ཕྱིར་འོང་ལ་འདོད་ཉོན་དྲུག་པ་སྤངས་པའམ་མངོན་གྱུར་ལ་ཆགས་བྲལ་བྱས་ལ་གོང་མའི་སྒོམ་སྤང་གང་ལ་ཡང་ཆགས་བྲལ་མ་བྱས་པ་ཞིག་དགོས་པ་ལ་ཅིག་ཆར་བ་ལ་དེ་མེད་པ་དང༌། ཕྱིར་མི་འོང་ལ་འདོད་ཉོན་དགུ་བ་སྤངས་པའམ་མངོན་གྱུར་པ་ལ་ཆགས་བྲལ་བྱས་ལ་སྲིད་ཉོན་དགུ་བ་མ་སྤངས་པའི་གང་ཟག་ཅིག་དགོས་ཀྱང་ཅིག་ཆར་བ་ལ་དེ་མེད་པས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

གོང་དུ་ལུང་བཀོད་པ་བཞིན་ཉ་ཊཱིཀ་ལས་ཅིག་ཅར་བའི་རྒྱུན་ཞུགས་ཙམ་པོ་བ་བཅུ་དྲུག་པའི་རྟོགས་པ་ལ་གནས་པའི་གང་ཟག་དགོས་པར་ལྟ་བུར་གསུངས་ཀྱང་དེ་ལ་བཅུ་དྲུག་པ་ལམ་རྗེས་ཤེས་ཀྱི་རྗེས་སུ་གོང་མའི་འབྲས་བུ་ཐོབ་ཕྱིར་དུ་མི་བརྩོན་པ་ཞིག་ཡོད་པས་དེ་དེའི་འབྲས་གནས་ཙམ་པོ་བ་ཡིན་ནམ་སྙམ་མོ། །ཡང་དེའི་འབྲས་གནས་ཁྱད་པར་ཅན་ལ་ཉ་ཊཱིཀ་ལས་འདོད་པའི་སྒོམ་སྤང་ཆེན་པོའི་ཆེན་པོ་ནས་སྲིད་རྩེའི་ཆུང་ངུའི་འབྲིང་གི་བར་གང་རུང་སྤངས་དགོས་པ་ལྟ་བུར་གསུངས་ཀྱང་དེ་ལ་སྒོམ་སྤང་ཆེན་པོའི་ཆེན་པོ་མ་སྤངས་བའི་དགྲ་བཅོམ་པའི་འབྲས་གནས་ཐོབ་ཕྱིར་དུ་བརྩོན་པའི་ཅིག་ཅར་བའི་རྒྱུན་ཞུགས་དེ་དེའི་འབྲས་གནས་ཁྱད་པར་ཅན་ཡིན་པར་སྣང་ངོ༌། །ཐེག་དམན་དགེ་འདུན་ཉི་ཤུའི་རྣམ་བཞག་བཤད་ཟིན་ཏོ། །


previousཕར་ཕྱིན་གྱི་སྤྱི་དོན་དང་མཐའ་དཔྱོད་རིན་ཆེན་ཕྲེང་བ་ལུང་རིགས་གཏེར་མཛོད་སྐལ་བཟང་ཡིད་ཀྱི་མཛེས་རྒྱན་ལས་སྐབས་དང་པོ།next