Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ། ཕར་ཕྱིན་སྟོད་ཆ།


  expand section
  expand section
  collapse section
འཕགས་པ་གྲོལ་སྡེའི་ལུགས་ཀྱི་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་གྲོལ་སྡེའི་ལུགས་ཀྱི་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ།no next

འཕགས་པ་གྲོལ་སྡེའི་ལུགས་ཀྱི་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ།

འཕགས་པ་གྲོལ་སྡེའི་ལུགས་ཀྱི་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ།

གཉིས་པ་འཕགས་པ་གྲོལ་སྡེའི་ལུགས་ཀྱི་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་ནི།

ཉ་ཊཱིཀ་གི་ཚིག་ཟིན་ལྟར་རེ་ཞིག་བཤད་ན། དེའི་ལུགས་ཀྱི་ཐེག་ཆེན་དགེ་འདུན་ཉི་ཤུ་ནི། ཉ་ཊཱིཀ་ལས། འཕགས་པ་སོགས་ལྟར་ན། ཞུགས་པའི་མིང་ཅན་ལྔ། གནས་པའི་མིང་ཅན་བཅུ་བཞི། རང་རྒྱལ་གྱི་མིང་ཅན་གཅིག་གོ །ཡང་ན་འདྲ་བ་ལྔ་ཞེས་སོགས་སྦྱར་རོ། །ཞེས་གསུངས་སོ། །དེ་དག་རེ་རེ་བཤད་པ་ལ། སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ་ཉ་ཊཱིཀ་ལས་བཤད་རིམ་ལྟར་རྒྱུན་ཞུགས་ཞུགས་པའི་མིང་ཅན་གྱི་སྐོར་དང༌། ཆགས་བྲལ་སྔོན་སོང་གི་འབྲས་བུ་བར་བ་གཉིས་ཀྱི་ཞུགས་འབྲས་ཀྱི་མིང་ཅན་དང༌། རྒྱུན་ཞུགས་རིགས་སྐྱེའི་མིང་ཅན་དང༌། ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པའི་མིང་ཅན་དང༌། ཕྱིར་མི་འོང་གི་མིང་ཅན་གྱི་སྐོར་དང༌། དགྲ་བཅོམ་ཞུགས་པའི་མིང་ཅན། བསེ་རུ་རང་རྒྱལ་གྱི་མིང་ཅན་བཤད་པ་དང་བདུན།

རྒྱུན་ཞུགས་ཞུགས་པའི་མིང་ཅན་གྱི་སྐོར།

རྒྱུན་ཞུགས་ཞུགས་པའི་མིང་ཅན་གྱི་སྐོར།

དང་པོ་རྒྱུན་ཞུགས་ཞུགས་པའི་མིང་ཅན་གྱི་སྐོར་གཉིས་ཡོད་དེ། ཉ་ཊཱིཀ་ལས། ༡ ལམ་ཤེས་ཀྱི་མཐོང་ལམ་སྐད་ཅིག་བཅུ་དྲུག་པོ་རྣམས་སུ་བྱང་སེ་དབ༷ང་བོ༷་རྟུ༷ལ་བོར་གྱུར་པ་དེ་ནི་དད་པས་རྗེས་འབྲང་ཞེས་བརྗོད་དེ། དད་པས་ལམ་དེའི་རྗེས་སུ་འབྲང་བས་སོ། །བྱང་སེ་མིའི་ནང་ནས་ཤི་འཕོས་ནས་མི་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེས་པ་དེ་ནི་ཕྱིར་མི་ལྡོག་པ་མ་གཏོགས་པར་དབང་བོ་རྟུལ་བ་ཡིན་ཏེ་ཤེར་ཕྱིན་གྱི་རྣལ་འབྱོར་ལ་མྱུར་དུ་མཉམ་པར་གཞག་པ་མ་ཡིན་ནོ། །དེ་ལ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་མྱུར་དུ་མངོན་དུ་མི་འགྱུར་རོ་ཞེས་སོ། །སོ་སྐྱེར་གསལ་ཕྱིར་མི་ལྡོག་བཀོལ་བ་ནི། ས་དེར་ནི་དབང་རྣོན་གྱིས་ཕྱིར་མི་ལྡོག་ཐོབ་པའི་ཕྱིར་རོ་ཞེས་པ་ཨཱརྱའོ། ། ༢ དེ་འདྲའི་བཅུ་དྲུག་པོ་རྣམས་སུ་དབང་བོ་རྣོ༷ན་པོ༷ར་གྱུར་པ་དེ་ནི་ཆོས་ཀྱིས་རྗེས་འབྲང་སྟེ། ཤེས་རབ་ཀྱིས་ལམ་དེའི་རྗེས་སུ་འབྲང་བས་སོ། །ཆོས་ནི་ཤེས་རབ་སྟེ་དེས་ལམ་གྱི་རྗེས་སུ་འབྲང་བས་སོ་ཞེས་དག་ལྡན་ནོ། །འགྲེལ་ཆེན་དང་ཟླ་ཟེར་དུ། དེ་གཉིས་སྐད་ཅིག་བཅོ་ལྔ་ལ་གནས་པ་ལ་བཤད་དོ། །བྱང་སེ་ས་དང་པོ་པ་དབང་རྟུལ་འགའ་ཞིག་ཆོས་ཅན། རྒྱུན་ཞུགས་ཞུགས་པ་དང་རྗེས་འབྲང་ངོ་ཞེས་རྣམ་བཞག་བྱར་རུང༌། ཞེས་སོགས་སྦྱོར་ཕྲེང་ན་ལེགས་པར་བཤད་དོ། །བྱང་ཆེན་པོ་སངས་རྒྱས་ཀྱི་ཞིང་གཞན་ནམ་དགའ་ལྡན་གྱི་ལྷའི་རིས་ནས་མདོར་ཡང་མི་སྣང་ཤི་འཕོས་ནས་འདིར་སྐྱེས་པ་དེ་ནི་དབང་བོ་རྣོན་པོར་འགྱུར་ཞེས་དོན་ཚང་ཙམ་སོ། །ཇི་བཞིན་མི་སྣང་ངོ༌། །འབྲས་བུ་དང་པོ་ལ་ཞུགས་པའི་མིང་ཅན་གཉིས་པོ་ས་དང་པོ་ལ་འགྲེལ་ཆེན། ཟླ་འོད་དོ། །ཞེས་གསུངས་སོ། །དེ་གཉིས་སྟོན་བྱེད་ཀྱི་མདོ་ནི་རིམ་བཞིན་མདོར་བསྟན་གྱི་རྒྱལ་སྲས་གསུམ་ལས་གསུམ་པ་དང་དང་པོ་གཉིས་པ་སྟོན་བྱེད་ཀྱི་མདོ་ཡིན་ནོ། །

གཉིས་པ་ཆགས་བྲལ་སྔོན་སོང་གི་འབྲས་བུ་བར་བ་གཉིས་ཀྱི་ཞུགས་འབྲས་ཀྱི་མིང་ཅན་ལ་ཞུགས་པའི་མིང་ཅན་དང་འབྲས་གནས་ཀྱི་མིང་ཅན་གཉིས་ཡོད་དོ། །དང་པོ་ལ་༣ཆགས་བྲལ་སྔོན་སོང་གི་ཕྱིར་འོང་དང་ཕྱིར་མི་འོང་ཞུགས་པའི་མིང་ཅན་དབང་པོ་རྣོ་རྟུལ་དད་པ་དང༌། ༤ ཆོས་ཀྱི་རྗེས་འབྲང་གི་མིང་ཅན་གཉིས་སོ། །དེ་དག་ནི་ཉ་ཊཱིཀ་ལས། ཨཱརྱས།ལམ་ཤེས་ཉིད་ལ་ས་དགུ་པོ་རྣམས་ཀྱི་ཉོན་མོངས་ཆེན་པོའི་ཆེན་པོ་ལ་སོགས་པ་སྤོང་བའི་དོན་དུ་ཆུང་ངུའི་ཆུང་ངུ་ལ་སོགས་པས་དབྱེ་བས་སྒོམ་པའི་ལམ་རྣམ་པ་དགུ་འཆད་པར་འགྱུར་བ་གང་ཡིན་པ་དེ་ལས་དད་པ་དང་ཆོས་ཀྱིས་རྗེས་སུ་འབྲང་བའི་གང་ཟག་གིས་གལ་ཏེ་རྣམ་པ་དྲུག་གམ་བདུན་པ་དང་བརྒྱད་པ་སྔར་སྤངས་པར་གྱུར་ན་ནི་དེ་ལས་དེ་དག་འབྲས་བུ་གཉིས་པ་ལ་ཞུགས་པར་འགྱུར་རོ། །གལ་ཏེ་རྣམ་པ་དགུ་བ་ཡང་སྤངས་པའི་ཕྱིར་འདོད་པའི་ཁམས་སམ་གོང་མ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་བར་གྱུར་ན་ནི་དེ་ལས་འབྲས་བུ་གསུམ་པ་ལ་ཞུགས་པ་ཡིན་ནོ། །སྐད་ཅིག་མ་བཅུ་དྲུག་པ་ལ་ནི་དེ་གཉིས་ལན་གཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པར་འགྱུར་གྱི་དགྲ་བཅོམ་ལ་མིན་ཞེས་སོགས་ཏེ། མཐོང་ལམ་གྱི་སྔར་འཇིག་རྟེན་པའི་ལམ་གྱིས་འདོད་པའི་སྒོམ་སྤང་གི་ཉོན་མོངས་དྲུག་གམ་བདུན་ནམ་བརྒྱད་སྤངས་ནས་མཐོང་ལམ་ཐོབ། བཅུ་དྲུག་པའི་རྟོགས་པ་ལ་གནས་པའི་བྱང་སེ་སྔར་དབང་རྟུལ་དད་པའི་རྗེས་འབྲང་དུ་གྱུར་པ་དེ་འདིར་འབྲས་བུ་གཉིས་པ་གསུམ་པ་དང་འདྲ་བའམ་དེའི་མིང་ཅན་རིམ་བཞིན་བདུན་པ་དང་བཅུ་བ་ལ་ཞུགས་པའི་ལམ་རིམ་བཞིན་དྲུག་པ་དང་བརྒྱད་དམ་དགུ་ཐོབ་པ་ན་ད༷ད་པས་མོས་པ་ཞེས་བརྗོད་དེ་དད་པ་ལྷག་པ་ཉིད་ཀྱིས་ན་ལྷག་པར་མོས་པས་རབ་ཏུ་ཕྱེ་བས་སོ། །བྱང་སེ་ཐབས་ལ་མི་མཁས་པ་གང་དག་བསམ་གཏན་བཞི་མདོ་དངོས་པོ་ལ་མཉམ་པར་བཞག་ཅིང་ཕར་ཕྱིན་དྲུག་ལ་ཡང་སྤྱོད་དེ་དེ་དག་བསམ་གཏན་ཐོབ་པས་ལྷ་ཚེ་རིང་བོའི་ནང་དུ་སྐྱེས་ཤིང་རིང་ཞིག་གནས་ནས་ཤི་འཕོས་ཏེ་གལ་ཏེ་མིའི་མདོ་ཉིད་ནང་དུ་སྐྱེ་བ་ཐོབ་ནས་སངས་རྒྱས་བཅོམ་ལྡན་འདས་དག་ལ་བསྙེན་བཀུར་བྱེད་ན་ཡང་དེ་དག་དབང་བོ་རྟུལ་ཞིང་དབང་བོ་མི་རྣོ་བ་ཡང་ཡོད་དོ་ཞེས་སོ། །གལ་ཏེ་འདུ་ཤེས་མེད་པ་པར་སྐྱེས་པའི་བྱང་སེ་དེ་གང་ཡིན། བདེན་མཐོང་མིན་ཏེ། བསམ་གཏན་ལ་སོགས་ཀྱི་ཡན་ལག་ཟད་པ་དང༌། ཞེས་པས་སོ། །སྣང་བ་ཐོབ་སོགས་ཡང་མིན་ཏེ། མི་ཁོམ་ཟད་པ་དང༌། ཞེས་པས་སོ། །དད་པའི་ས་པའང་མིན་ཏེ། འདིར་ཕྱིར་མི་ལྡོག་པའི་དགེ་འདུན་ཞེས་པའི་སྐབས་སུ་མ་བབ་པས་སོ་ཞེ་ན། འདི་ལ་ཡུལ་ཨོ་དེ་ཤ་པའི་མཁས་པ་དག་མགྲིན་གཅིག་ཏུ་འདིར་ཕྱིར་མི་ལྡོག་ནི་ཕལ་ཆེ་ཡི། གཞན་ཡང་ཡོད་དེ་ཕྱིར་མི་ལྡོག་པ་མ་གཏོགས་པར་ཞེས་དམིགས་བསལ་ཡོད་ཟེར་རོ། །ཀོང་ཀ་ན་པ་དག་ནི། སེམས་ཅན་འདུ་ཤེས་མེད་པ་གཉིས་ཏེ། མི་ཁོམ་པ་དང༌། དེ་མིན་པའོ། །དང་པོ་ནི། ཕྱི་རོལ་པའི་ལམ་ལ་སོགས་པ་འདོད་པས་ཁམས་དང་ས་འོག་མ་འོག་མ་གསུམ་པ་མན་སུན་ཕྱུང་ནས་དེར་སྐྱེས་པ་དེ་དག་ནི་འཆི་བའི་ཚེ་ལོག་པར་ལྟ་བའི་མདོ་ཀུན་བཏུས་འགྲེལ་བར། ལྷ་ཚེ་རིང་བོ་ནི་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་གནས་པའོ། །དེ་ཅིའི་ཕྱིར་མི་ཁོམ་པར་སྐྱེས་པ་ཡིན་ཞེ་ན། ལུས་དེ་ཞི་བ་དང་ཚེ་ཟད་པའི་ཚེ་ལྡོག་པར་ལྟ་བའི་ཕྱིར་རོ། །ཞེས་ཤཱནྟིས་སོ། །དབང་གིས་དམྱལ་བར་ལྟུང་བས་མི་ཁོམ་པར་བགྲང་ཞིང་བྱང་སེ་སོ་སྐྱེ་དག་བརྒྱ་ལམ་ན་བཤེས་གཉེན་ངན་པ་ལ་སོགས་པའི་སྟོབས་ཀྱིས་དེར་སྐྱེས་ཀྱང་སངས་རྒྱས་ཀྱི་མཐུ་དང་རང་གི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་མཐུས་སྔར་བཤད་དེ་དག་ལྟར་དམྱལ་བ་སོགས་སུ་མི་སྐྱེ་བའི་དོན་ཉམས་པར་མི་འགྱུར་བས་ལྷ་ཚེ་རིང་བོར་སྐྱེས་ཀྱང་མི་ཁོམ་པར་སྐྱེས་པ་མིན་ཏེ། ཞེས་མདོའི་དོན་དུ་སྨྲ་བའོ། ། བཾ་ག་ལ་པ་དག་གིས། དྲོད་ལ་སོགས་པའི་ཚེ་ཕལ་ཆེར་ཟད་པས་དེ་སྐད་བཤད་ཀྱི། ངེས་པར་ཟད་པ་བཟོད་པ་ཐོབ་པ་ཁོ་ན་ནས་ཏེ། དེས་ན་ངན་འགྲོ་མེད་པས་ཆོས་ཆེན་ལ་བཟོད། ཅེས་འཆད་པས་འདི་ནི་དྲོད་རྩེ་པ་ཡིན་ནོ། །དེ་དག་གནས་ངན་པ་དེར་ཡང་ཡུན་ཐུང་བ་དང་སྡུག་བསྔལ་ཆུང་བ་སོགས་སྦྱར་རོ་ཟེར་རོ། །རྗེ་ཆོས་བཤེས་ཀྱི་བླ་མ་བཙུན་གྱི་ཞལ་ནས་ནི་མཚན་ཉིད་པ་མིན་གྱི་དགོས་པའི་དབང་གིས་ཞུགས་པ་ལ་སོགས་པར་བསྟན་པར་ཟད་པས་བར་ཆད་མེད་ལམ་གྱི་བར་དུ་ཅི་རིགས་པར་སྦྱར་རོ་གསུང་ངོ་ཞེས་པ་རྣམས་ཆོས་བཤེས་སོ། །བར་བ་ལྟར་ཚོགས་ལམ་པའི་དུས་སུ་དེར་སྐྱེས་པ་དེ་དབང་རྟུལ་དུ་འཐད་དོ་གསུང་ངོ༌། །བུ། སྔར་སོ་སྐྱེའི་དུས་སུ་ཨཱརྱའི་དོན་དེར་སྐྱེས་པའི་དབང་རྟུལ་འདོད་པའི་ལྔ་བ་སྤངས་པ་ད་ལྟ་དྲུག་པ་ཟླ་ཟེར་ན་ཡོད་པ་ཕྱིར་འོང་ཞུགས་པ་དད་མོས་པར་བརྗོད། དེ་ད་ལྟ་བརྒྱད་དགུ་བ་ཕྱིར་མི་འོང་ཞུགས་པ་དད་མོས་པར་བརྗོད་དོ། །ཐུབ་དགོངས་སོ། །སྔར་བཤད་ལྟར་གྱི་བྱང་སེ་སྔར་དབང་རྣོན་ཆོས་ཀྱིས་རྗེས་འབྲང་དུ་གྱུར་པ་དེ་འདིར་འབྲས་བུ་བར་བ་གཉིས་དང་འདྲ་བའམ་དེའི་མིང་ཅན་བདུན་པ་དང་བཅུ་བ་ལ་ཞུགས་པའི་ལམ་དྲུག་པ་དང་བརྒྱད་དགུ་ཐོབ་པ་ན་མཐོ༷ང་བས་ཐོ༷བ་པ་ཞེས་བརྗོད་དེ། ཤེས་རབ་ལྷག་པས་ན་མཐོང་བའམ་ཤེས་འདི་དག་ལྡན་དངོས་རབ་ཀྱིས་རབ་ཏུ་ཕྱེ་བས་སོ། །ཨཱརྱའི།བྱང་སེམས་ཆེན་པོ་བསམ་གཏན་བཞི་གཟུགས་མེད་བཞི་བྱང་ཕྱོགས་སོ་བདུན་སྙིང་རྗེ་ལའང་འཇུག་ཅིང་ཐབས་མཁས་པས་བསམ་གཏན་གཟུགས་མེད་ཀྱི་དབང་གིས་མི་སྐྱེ་ཞེས་སོགས་ནས། བསྐལ་བ་བཟང་པོ་འདི་ཉིད་ལ་འཚང་རྒྱའོ། །ཞེས་ཏེ་བསྡུས་པའོ། །བདག་ཅག་གི་བཅོམ་ལྡན་འདས་བྱམས་པ་ལྟ་བུའོ། །ཞེས་གསུམ་འགྲེལ་དུ་སྟེ་དོན་འབུམ་ཊཱིཀ་ཡང་ངོ༌། །བསྐལ་བ་བཟང་པོའི་སངས་རྒྱས་སྟོང་དུ་བཞིས་མ་ཚང་བའོ་ཞེས་ཐུབ་དགོངས་དག་ལྡན་ནོ། །ས་མཚམས་སྔར་ལྟར་འདོན་པ་བསྒྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །གོང་གི་མདོ་གཉིས་ནི་རིམ་བཞིན་རྒྱལ་སྲས་དང་པོ་དང་གསུམ་པའི་མདོ་ཡིན་ནོ། །འཕགས་པའི་ལུགས་ལ་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུའི་གྲངས་ལ་ཆགས་བྲལ་སྔོན་སོང་གི་ཞུགས་པའི་མིང་ཅན་གྱི་དབང་པོ་རྣོ་རྟུལ་གཉིས་སོ་སོར་བགྲང་བ་ལས་འབྲས་གནས་ཀྱི་མིང་ཅན་གཉིས་མི་བགྲང་བ་འདྲའོ། ། གསུམ་པ་རྒྱུན་ཞུགས་རིགས་སྐྱེའི་མིང་ཅན་གཉིས་ནི། ཉ་ཊཱིཀ་ལས། འབྲས་གནས་ཀྱི་མིང་ཅན་ལ་གཉིས་ལས། མཐོང་ལམ་གྱི་སྔར་འཇིག་རྟེན་པའི་སྒོམ་ལམ་གྱིས་འདོད་པའི་ཉོན་མོངས་གསུམ་མམ་བཞི་སྤངས་དེའི་གཉེན་པོ་ཟག་མེད་དབང་བོ་ཐོབ་སྐྱེ་བ་གསུམ་མམ་གཉིས་སུ་མིར་རྒྱལ་ཐུབ་དགོངས་དངོས་རིགས་བྲམ་ཟེར་ཁྱིམ་བདག་ཏུ་སྐྱེ་བའི་བྱང་སེ་ནི། ༥ རྒྱུན་ཞུགས་མིའི་རི༷གས་ན༷ས་རི༷གས་སྐྱེའི་མིང་ཅན་ཏེ། རྒྱལ་ཨཱརྱ་རིགས་བྲམ་ཟེའི་ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེས་ཏེ་དེ་ཡང་སྲིད་པ་ལ་བརྐམ་པའི་ཕྱིར་མ་ཡིན་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །ཞེས་སོ། །ཚུལ་སྔར་བཞིན་ལས། འདོད་ལྷ་དྲུག་ཏུ་སྐྱེ་བའི་བྱང་སེ་ནི། ༦ ལྷའི་རི༷གས་ན༷ས་རི༷གས་སྐྱེའི་མིང་ཅན་ཏེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས། ཞེས་ནས། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་ཏེ་དེ་དག་ན་གནས་ཤིང་སེམས་ཅན་སྨིན་པར་བྱེད་དོ། །ཞེས་སོ། །ས་གཉིས་པ་ནས་ལྔ་བའི་བར་ལ་ཐུབ་དགོངས་སོ། །ཟླ་འོད་དུ་ལྔ་བ་རྐྱང་སྣང་སྟེ་འགྱུར་ཆད་དམ་སྙམ་མོ། །ཞེས་གསུངས་སོ། །གོང་གི་མདོ་གཉིས་ནི་རིམ་བཞིན་རྒྱལ་སྲས་བཞི་བ་དང་ལྔ་བ་སྟོན་བྱེད་ཡིན་ནོ། །

བཞི་བ་༧ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པའི་མིང་ཅན།

བཞི་བ་༧ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པའི་མིང་ཅན་ནི།

ཉ་ཊཱིཀ་ལས། ཕྱིར་འོང་ནི། འཇིག་རྟེན་འདིར་ལན་གཅིག་འོངས་ཏེ་གཞན་དུ་འདའ་བས་དེ་འདིར་བྱང་སེ་དེའི་མིང་ཅན་སངས་རྒྱས་ཐོབ་པ་ལ་མྱང་འདས་ལ་ཞེས་དག་ལྡན་ནོ། །ཚེ་གཅིག་གིས་བར་ཆོད་པས་བ༷ར་ཆ༷ད་གཅི༷ག་པ་སྟེ་འདོད་པའི་ཉོན་མོངས་དྲུག་ལས་རིང་དུ་སོང་བས་རིང་དུ་སོང་བའི་ས་པའོ་ཞེས་ཟླ་ཟེར་དུའོ། །ཐུབ་དགོངས་སུ་ཡང་བདུན་པ་ལའོ། །དབང་བོ་ཤིན་ཏུ་རྣོན་པོ་ལ་དེ་རུང་ངོ༌། །འཕགས་པ་ནི། མཐོང་ལམ་གྱི་སྔར་ལམ་འཇིག་རྟེན་པས་འདོད་པའི་ཉོན་མོངས་བདུན་དང་བརྒྱད་སྤང་དེའི་གཉེན་པོ་ཟག་མེད་ཐོབ་སྐྱེ་བ་གཅིག་ལུས་པས་ཕྱིར་འོང་ཙམ་པོ་ལས་ཁྱད་འཕགས་པས་བར་ཆད་གཅིག་པའོ། །ཞེས་སོ། །དེ་ལྟ་ན་ས་བརྒྱད་དགུ་ལ་བཞག་དགོས་པར་མངོན་ནོ། །སྤང་བྱ་བརྒྱད་དགུ་སོགས་ནི་གཟུང་འཛིན་གྱི་རྣམ་རྟོག་དགུ་པོ་ཡིན་པ་འཕགས་པའི་དགོངས་པར་ཐུབ་དགོངས་སུ་འཆད་དེ། ཨཱརྱའི་དགོངས་པ་གཏན་མིན་ནོ། །བྱང་ཆེན་པོ་བསམ་གཏན་བཞི་ནས། མ་འདྲེས་བཅོ་བརྒྱད་ཀྱི་བར་ཐོབ་པ་དག་བདེན་བཞི་ཁོང་དུ་ཆུད་པའི་དོན་དུ་སྤྱོད་ཀྱང་དེ་མངོན་དུ་མི་བྱེད་པ་དག་ཀྱང་ཡོད་དོ། །དེ་དག་ནི་ཚེ་གཅིག་གིས་ཐོགས་པར་ཤེས་པར་བྱའོ། །ཞེས་སོ། །བར་ཆད་གཅིག་པ་ནི་བསམ་གཏན་ནས་མ་འདྲེས་པའི་བར་ཐོབ་ཀྱང་ད་དུང་སངས་རྒྱས་མཆོད་སོགས་ཀྱི་ཕྱིར་གནས་པ་ཚེ་གཅིག་གིས་ཐོགས་པ་སྟེ།སུམ་ཅུ་རྩ་གསུམ་པའི་མདོར་དེས་སངས་རྒྱས་ལ་གདུགས་ཕུལ་བས་འཇམ་དཔལ་ཁྱོད་ད་དུང་ཡང་དེ་པ་ལ་མཆོད་པའི་ལས་ཀྱིས་མ་ཚིམ་མམ། ཞེས་པ་ལྟ་བུའོ། །ཞེས་ཆོས་བཤེས་སོ། །ཞེས་གསུངས་སོ། །གོང་གི་མདོ་ནི་རྒྱལ་སྲས་བཅུ་དགུ་བ་སྟོན་བྱེད་ཡིན་ནོ། །

ལྔ་བ་ཕྱིར་མི་འོང་གི་མིང་ཅན་གྱི་སྐོར་བཤད་པ།

ལྔ་བ་ཕྱིར་མི་འོང་གི་མིང་ཅན་གྱི་སྐོར་བཤད་པ་ལ།

༨ ཕྱིར་མི་འོང་བར་འདའ་བའི་མིང་ཅན་ནི། ཉ་ཊཱིཀ་ལས། བྱང་སེ་ཕྱིར་མི་འོང་བ༷ར་དོར་འདའ་བའི་མིང་ཅན་ནི། ས་བཅུ་བའི་བྱང་སེ་འདོད་པ་དང་གཟུགས་མེད་ཀྱི་བར་གྱི་འོག་དག་ལྡན་དངོས་མིན་དུ་སངས་རྒྱས་ནས་འདིར་བྱང་ཆུབ་པ་ལ་སོགས་སྟོན་པ་སྟེ། ཚངས་རིས་ནས་འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སྐྱེ་བར་འགྱུར་ཞིང་དེར་སངས་རྒྱས་ནས་སེམས་ཅན་གྱི་དོན་བྱེད་པ་ཡོད་དོ། །འབུམ་དང་ལེ་མངས་ན་མེད། ཞེས་སོ། །ཤཱནྟིས། དེ་ཉིད་དུ་ཞེས་པ་འདིར་འོག་མིན་ཉིད་དུ་ཞེས་ཏེ་ལེགས་སོ། །ཨཱརྱས། ཚངས་རིས་ནས་འོག་མིན་གྱི་བར་གྱི་ལྷའི་རིས་གང་ཡང་རུང་བར་ཞེས་དང༌། ཟླ་ཟེར་དུ། ཚངས་རིས་དང་འོག་མིན་གྱི་བར་དུ་ཞེས་དང༌། ཐུབ་དགོངས་སུ། ཚངས་རིས་ནས་བརྩམས་ནས་འོག་མིན་ཇི་སྲིད་པ་ཞེས་པ་འདིར་བར་མ་དོ་སྟེ། ལྷའི་རིས་གང་ཡང་རུང་བར་སངས་རྒྱས་ཞེས་ཏེ། བར་མ་དོ་ཞེས་པ་བར་གང་ཡང་རུང་བ་ཞེས་པའི་དོན་དུ་འཆད་དོ། །ཆོས་བཤེས། ཚངས་རིས་སུ་སྐྱེས་ནས་ལུས་དེ་ཉིད་ཀྱིས་ཚོགས་བསགས་ནས་རྫོགས་པར་འཚང་རྒྱ་བའོ་ཞེས་སོ། །བརྟག་མི་བཟོད་པས་ཤཱནྟི་ལྟར་རོ། །ཞེས་གསུངས་སོ། །མདོ་དེ་ནི་རྒྱལ་སྲས་དྲུག་པ་སྟོན་བྱེད་ཡིན་པ་འདྲའོ། ། ༩ཕྱིར་མི་འོང་སྐྱེ༵ས་ན༷ས་འདའ་བའི་མིང་ཅན་གྱི་བྱང་སེམས་ནི། ཉ་ཊཱིཀ་ལས། བྱང་སེའི་ཕྱིར་མི་འོང་སྐྱེས་ནས་འདའ་བའི་མིང་ཅན་ནི།འོག་མིན་ནས་དགའ་ལྡན་དུ་དེ་ནས་འཛམ་གླིང་དུ་འོངས་ནས་ཁྱིམ་ནས་བྱུང་སྟེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྐྱིལ་ཀྲུང་བཅས་མ་ཐག་ཏུ་སེམས་དང་པོ་བསྐྱེད་ནས་དེས་སངས་རྒྱས་ནས་དམ་ཆོས་བར་བསྐལ་ལམ་དེ་བས་ལྷག་པར་གནས་པའི་ས་བཅུ་བ་པ་སྟེ། དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བླ་མེད་རྫོགས་བྱང་དུ་འཚང་རྒྱ་ཞིང༌། ནས། དེ་དག་ཡོངས་སུ་མྱ་ངན་ལས་འདས་ཀྱང་དམ་པའི་ཆོས་བསྐལ་བའམ་བསྐལ་བ་ལས་ལྷག་པར་གནས་པ་དག་ཀྱང་ཡོད་དོ། །ཞེས་སོ། །འདིར་སེམས་དང་པོ་ནི་རྡོ་རྗེ་ལྟ་བུའོ། །ཞེས་གསུངས་སོ། །གོང་གི་མདོ་ནི་རྒྱལ་སྲས་བཅུ་བཞི་པ་སྟོན་བྱེད་ཀྱི་མདོ་ཡིན་པའོ། ། ༡༠ཕྱིར་མི་འོང་འདུ་བྱེད་པ་དང་བཅས་པས་འདའ་བའི་མིང་ཅན་གྱི་བྱང་སེམས་ནི། ཉ་ཊཱིཀ་ལས། བྱང་སེ་ཕྱིར་མི་འོང་འདུ་བྱེད་པ་དང་བཅས་པས་འདའ་བའི་མིང་ཅན་ནི། སེམས་ཅན་ཐམས་ཅད་ཀྱི་དོན་ལ་མངོན་པར་འདུ་བྱེད་པ་སྟེ་བརྩོན་པས་ཐོབ་པའི་ལམ་ཅན་ནོ། །དེ་གཉིས་ཀ་དག་ཐུབ་ཟླ་གསུམ་སྟེ། ཨཱརྱའི་ཡང་ངོ༌། །བྱང་ཆེན་ཕྱིན་དྲུག་ལ་གནས་ཤིང་སེམས་ཅན་རྣམས་ཀྱི་དོན་དུ་རྟག་ཏུ་བརྩོན་པས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་དེ་ཡན་ཐུབ་དགོངས་སེམས་ཅན་རྣམས་ཀྱི་ངན་སོང་གི་ལམ་གསུམ་པོ་རྒྱུན་གཅོད་པ་ཡོད། ཅེས་དང༌། གོང་དུ་དེ་དག་ནི་བསྐལ་བ་ཚད་མེད་གྲངས་མེད་པས་བླ་ན་མེད་པར་འཚང་རྒྱའོ་ཞེས་སོ། །འཕགས་པ་སྤྱན་རས་གཟིགས་སྒྲོལ་མ་འཇམ་པའི་དབྱངས་ལྟ་བུའོ་ཐུབ་དགོངས་སོ། །ཞེས་གསུངས་སོ། །མདོ་དེ་ནི་རྒྱལ་སྲས་ཉེར་གཉིས་པ་སྟོན་བྱེད་ཡིན་ནོ། །༡༡ཕྱིར་མི་འོང་འདུ་བྱེ༷ད་པ་མེ༷ད་པར་འདའ་བའི་མིང་ཅན་གྱི་བྱང་སེམས་ནི། ཉ་ཊཱིཀ་ལས། བྱང་སེ་ཕྱིར་མི་འོང་འདུ་བྱེད་པ་མེད་པར་འདའ་བའི་མིང་ཅན་ནི། རིགས་ཀྱི་ཁྱད་པར་ལས་ཤིན་ཏུ་མྱུར་བར་རྩོལ་བ་ཆུང་ངུས་འཚང་རྒྱ་བའི་བྱང་སེ་ས་བཅུ་བ་སྟེ། བྱང་ཆེན་སེམས་དང་པོ་བསྐྱེད་པ་འདི་པདྨ་དཀར་པོ་ལྟར་ན་སེམས་བསྐྱེད་དང་པོ་རང་ཡིན་ཏེ་ཆོས་བཤེས་ཀྱི་ལུགས་ལའོ། །དོན་དེ་ཉིད་དོ། །ཉིད་ཀྱིས་བྱང་སེའི་སྐྱོན་མེད་པར་ཞུགས་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པ་ཡོད་དོ་ཞེས་སོ། །བྱང་སེའི་སྐྱོན་མེད་པ་ནི་ས་དང་པོ་སྟེ། འབུམ་ཊཱིཀ་ཏུ་ས་དང་པོ་ཐོབ་ནས་རིང་བོ་མ་ལོན་པར་ཕྱིར་མི་ལྡོག་པའི་ས་བརྒྱད་པ་ཐོབ་པར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ་ཞེས་སོ། །རང་བཞིན་དང་རྐྱེན་གྱིས་སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་ཕྱིར་མི་ལྡོག་གི་ས་ཐོབ་པས་བྱང་ཆུབ་པར་འགྱུར་བ་སྟེ་ཇི་ལྟར་དགེ་སློང་མི་འཁྲུགས་སངས་རྒྱས་མི་འཁྲུགས་པ་དེར་གྱུར་པ་དང༌། བྲམ་ཟེ་རྒྱ་མཚོའི་རྡུལ་དང་ཤཱཀ་ཐུབ་དེར་གྱུར་འཁོར་བསྒྱུར་ནམ་མཁའ་འཇམ་དབྱངས་དེར་གྱུར་བཞིན་ནོ་ཞེས་ཆོས་བཤེས་ས་བཅུ་བ་ཡིན་དགོས་སོ། །ཞེས་གསུངས་སོ། །གོང་གི་མདོ་ནི་རྒྱལ་སྲས་བཅུ་གསུམ་པ་སྟོན་བྱེད་ཡིན་ནོ། །ཕྱིར་མི་འོང་གོང་འཕོ་དབྱེ་བ་འོག་མིན་འགྲོའི་མིང་ཅན་སོགས་ནི། ཉ་ཊཱིཀ་ལས།ཕྱིར་མི་འོང་གོང་འཕོ་ནི་གོང་དུ་འགྲོ་ཡི་གང་དུ་སྐྱེས་པ་དེར་མི་འདའ་བ་ཨཱརྱ་ཐུབ་དགོངས་སྟེ། དེ་ལ་འོག་མིན་དང༌། སྲིད་རྩེར་འགྲོ་གཉིས་ཡོད་ལ། དང་པོ་བྱང་སེ་ཕྱིར་མི་འོང་འོ༷ག་མི༷ན་འགྲོ༷འི་མིང་ཅན་ནི། འཁོར་ལོས་བསྒྱུར་རྒྱལ་དུ་གྱུར་པས་སེམས་ཅན་རྣམས་ལ་བདེ་བའི་ཡོ་བྱད་ཐམས་ཅད་བསྒྲུབ་ཅིང་ཟས་འདོད་པ་ལ་ཟས་སྟེར། སོགས་ནས། སེམས་ཅན་དགེ་བཅུའི་ལམ་ལ་བཞག་ནས་ཚངས་རིས་ནས་འོག་མིན་གྱི་བར་དུ་སྐྱེས་ནས་ཞིང་སྣ་ཚོགས་སུ་འཚང་རྒྱ་བ་སྟེ། མདོ་ཡང༌། ཚིག་དེའི་མཇུག་ཏུ། དག་ཀྱང་ཡོད་དོ་ཞེས་སོ། །འདི་མདོ་གོང་འོག་མང་པོ་ཞིག་བསྡུས་པར་སྣང༌།ཤཱནྟི་བུདྡྷ་ཤྲཱི་དེ་གཅིག་ཏུ་བགྲང་ངོ༌། །ཨཱརྱ་སོགས་ལྟར་ན། དེས་མདོར་བསྟན་ནས། དབྱེ་ན་འཕ༷ར་སོགས་གསུ༷མ་སྟེ། ༡༢ བྱང་སེ་ཕྱིར་མི་འོང་འཕར་བའི་མིང་ཅན་ནི། བྱང་སེ་སོ་སྐྱེའི་སྐབས་སུ་དང་པོར་བསམ་གཏན་བཞི་རྫོགས་པ་ལས་རྐྱེན་འགའ་ཞིག་གིས་ཉམས་པ་ན་སླར་བསམ་གཏན་དང་པོ་ཐོབ་པར་བྱས་ནས་ཚངས་རིས་སུ་སྐྱེས། དེར་བསམ་གཏན་གོང་མ་རྣམས་ཐོབ་པར་བྱས་ནས་དུས་ཕྱིས་འཕགས་ལམ་ཐོབ་སྟེ་སྔར་གོམས་པའི་དབང་གིས་བཞི་བ་སྤེལ་ཏེ་ཤི་ནས་འོག་མིན་དུ་སྐྱེས་ཏེ་སླར་ཡང་ཞིང་སྣ་ཚོགས་སུ་བྱང་ཆུབ་པར་སྟོན་པའི་ས་བཅུ་བ་པ་སྟེ། བོད་དག་ནི། ས་བཅུ་བ་ལ་སྦྱོར་དགོས་པས་ཉམས་ཚུལ་བསྟན་ཞེས་གོང་འོག་བཞི་ལ་སྦྱོར་རོ། །བསམ་གཏན་བཞི་བསྒྲུབས་ཏེ་བསམ་གཏན་རྣམས་ལས་ཡོངས་སུ་ཉམས་ཏེ་བསམ་གཏན་དང་པོ་བསྒྲུབས་ཏེ་ཚངས་རིས་ཀྱི་ལྷ་རྣམས་སུ་སྐྱེ་ཞིང་དེ་དག་ཏུ་ཡང་བསམ་གཏན་རྣམས་བསྒྲུབས་ནས་འོག་མིན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཏེ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བ་དག་ཡོད་དོ། །ཞེས་སོ། །༡༣བྱང་སེ་ཕྱིར་མི་འོང་ཕྱེད་དུ་འཕར་བའི་མིང་ཅན་ནི། ཚུལ་སྔར་བཞིན་ལས་ཚངས་རིས་ནས་ཤི་འཕོས་ནས་གནས་གཙང་དུ་སྐྱེས་ཏེ་གནས་གཙང་གི་གནས་གཅིག་གམ་གཉིས་བརྒལ་ཏེ་འོག་མིན་དུ་སྐྱེས་ནས་ཞིང་གཞན་དུ་ཞེས་སོགས་ཏེ། ཚངས་པའི་འཇིག་རྟེན་ནས་ཤི་འཕོས་ནས་གནས་གཙང་མར་སྐྱེས་ཏེ། གནས་གཙང་མའི་གནས་གཅིག་གམ་གཉིས་བརྒལ་ཏེ་འོག་མིན་དུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སོགས་སོ། །༡༤བྱང་སེ་ཕྱིར་མི་འོང་གནས་ཐམས་ཅད་དུ་འཆི་འཕོ་བའི་མིང་ཅན་ནི། ཚངས་རིས་ནས་གཟུགས་ཀུན་ཏུ་སྐྱེས་ནས་འོག་མིན་དུ་འཇུག་པའི་ས་བཅུ་བ་སྟེ། ཚངས་རིས་ནས་འོག་མིན་གྱི་ལྷའི་བར་དུ་སྐྱེས་ཏེ་ཐབས་མཁས་པས་སེམས་ཅན་དམྱལ་བ་པ་དང་དུད་འགྲོའི་སྐྱེ་གནས་པ་དང་གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ལ་ཆོས་སྟོན། ཞེས་སོགས་སོ། །གོང་འཕོ་གཉིས་པ། ༡༥ བྱང་སེ་སྲི༷ད་རྩེ༷འི་མཐ༷ར་ཐུ༷ག་འགྲོ༷འི་མིང་ཅན་ནི། སྔར་སོ་སྐྱེའི་དུས་སུ་སྙོམས་འཇུག་གཞན་རྣམས་བསྒྲུབས་ཤིང་གནས་གཙང་མིན་པ་གཟུགས་ཀུན་ཏུ་སྐྱེས་ནས་གཟུགས་མེད་བཞིར་རིམ་གྱིས་སོང་སྟེ་མཐར་སྲིད་རྩེར་ཕྱིན་ནས་ཕྱིས་འཕགས་ལམ་ཐོབ་སྟེ་ཞིང་སྣ་ཚོགས་སུ་འཚང་རྒྱ་བའི་ས་བཅུ་བ་སྟེ། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་སྒྲུབ་པར་བྱེད་པ་དག་ཚངས་རིས་ནས་དགེ་རྒྱས་ཀྱི་བར་གྱི་ལྷ་རྣམས་སུ་སྐྱེ་ཞིང་དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བར་བྱེད་དེ། དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །༡༦ཕྱིར་མི་འོང་གཟུགས་ཀྱི་ཆགས་བཅོམ་གྱི་མིང་ཅན་གྱི་བྱང་སེམས་ནི། ཉ་ཊཱིཀ་ལས། བྱང་སེ་ཕྱིར་མི་འོང་གཟུགས་ཀྱི་ཆགས་བཅོམ་གྱི་མིང་ཅན་ནི། སྔར་སོ་སྐྱེའི་དུས་སུ་འདོད་པ་ནས་ཤི་འཕོས་ནས་གཟུགས་སུ་མ་ཞུགས་པར་གཟུགས་མེད་དུ་སྐྱེས་ཤིང་ཕྱིས་ཚོགས་བསགས་ཏེ་ཞིང་སྣ་ཚོགས་སུ་འཚང་རྒྱ་བའི་ས་བཅུ་བ་སྟེ། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པར་གྱུར་པ་དེ་དག་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བར་འགྱུར་ཞིང་དེ་ནས་སངས་རྒྱས་ཀྱི་ཞིང་སོགས་སོ། །འོ་ན་སྡུད་པར། བྱང་ཆུབ་ཡོན་ཏན་ཕ་རོལ་ཕྱིན་ཉམས་འགྱུར་འོང་ཞེས། །གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་གཉེར་མི་བྱེད། །ཅེས་དང༌། ཀུན་བཏུས་འགྲེལ་བར་བྱང་སེམས་ནི་འདོད་པ་དང་གཟུགས་ན་སྤྱོད་པ་ཡིན་གྱི་གཟུགས་མེད་པ་ན་སྤྱོད་པ་ནི་མ་ཡིན་ཏེ། སེམས་ཅན་ཡོངས་སུ་སྨིན་པའི་གནས་མིན་པའི་ཕྱིར། མཐུའི་ཁྱད་པར་ཐོབ་པ་དག་དེར་མི་སྐྱེའོ་ཞེས་པ་དང་འགལ་ཞེ་ན།དེ་ནི་མཐུ་ཐོབ་པ་བྱང་སེམས་དབང་རྣོན་གྱི་དབང་དུ་བྱས་ལ། འདིར་དབང་རྟུལ་སོ་སྐྱེའི་དབང་དུ་བྱས་པས་འགལ་བ་མེད་དོ། ། ཁ་ཅིག་གཟུགས་མེད་ཀྱི་ཏིང་ངེ་འཛིན་ཐོབ་པས་དེར་འགྲོ་བའི་ནུས་པ་ཡོད་པས་སམ་དེར་སོང་ན་གཞན་དོན་འགྲུབ་ན་འགྲོ་སྲིད་པ་ལ་དགོངས་སོ་གསུངས་པ་ནི། འདིར་བྱང་འཕགས་སྲིད་རྩེར་འགྲོ་བར་བསྟན་པར་བསམས་པ་སྟེ་ནོར་རོ། །དེ་ལྟར་ན་འཕར་བ་གསུམ་སོགས་ལྔའི་མདོ་ཇི་བཞིན་རྒྱས་འབྲིང་ན་མི་སྣང་ཞིང་ལེའུ་བརྒྱད་མར་ཡོད་ལ་ཨཱརྱ་ཤཱན་ཏི་སོགས་དེ་དང་སྦྱོར་བར་སྣང་ངོ༌། །འདི་དག་སྔར་བྱང་སེམས་སོ་སྐྱེའི་དུས་སུ་དེ་དང་དེ་ལྟར་གྱུར་པ་ཉིད་ཀྱི་དབང་དུ་བྱས་ཀྱི་འཕགས་པ་ཐོབ་རྗེས་སུ་དེ་ལྟར་གྱུར་པ་མི་སྲིད་ལ་ཉན་ཐོས་དང་ཆ་འདྲ་ཙམ་མིན་པ་ཇི་བཞིན་ཐམས་ཅད་དུ་སྦྱར་རྒྱུ་མེད་པ་ཁོ་ནའོ། །པནྚི་ཏ་ཞི་བ་འབྱུང་གནས་དང་ཆོས་རྗེ་ཀུན་མཁྱེན་ཆེན་པོ་དག མདོ་ཚིགཏུ་རློམ་པ་མང་པོ་ཞིག་མངོན་རྟོགས་དང་སྦྱར་བའི་ཕྱིར་དུ་སེང་བཟང་གིས་རང་བཟོར་བརྩམས་གསུང་ངོ༌། །དཔྱད་པ་འདི་ཡོད་དེ་ལེ་མངས་ལ་ཤླཽ་ཀ་ཉི་ཁྲི་ལྔ་སྟོང་ད་ལྟའི་རྒྱ་དཔེ་ལ་ཚང་ན་འཕགས་སེང་གི་རང་བཟོར་འོང་ལ་མ་ཚང་ན་མདོ་ཚིག་ཉམས་པ་ཡིན་པས་འགལ་བ་མེད་དམ་སྙམ་སྟེ། པནྚི་ཏ་དག་གིས། དེ་བགྲང་བ་ཙམ་ཞིག་མ་དྲན་པར་ཟད་དོ། །ཞེས་གསུངས་སོ། །༡༧ཕྱིར་མི་འོང་མཐོང་བའི་ཆོས་ལ་ཞི་བ་ཐོབ་པའི་མིང་ཅན་གྱི་བྱང་སེམས་ནི། ཉ་ཊཱིཀ་ལས། བྱང་སེ་ཕྱིར་མི་འོང་མཐོང་བའི་ཆོས་ལ་ཞི་བ་ཐོབ་པའི་མིང་ཅན་ནི། མཚན་སོ་གཉིས་ཀྱིས་བརྒྱན་ཅིང་དབང་བོ་གསལ་ཞིང་དག་པར་གྱུར་ནས་དེ་ལུས་འདི་དག་མདོ་ཇི་བཞིན་ཡོངས་སུ་དག་པས་སྐྱེ་བོ་མང་པོ་དགའ་བ་དང་མོས་པ་བསྐྱེད་དེ་འགྲོ་བ་མང་པོའི་སྙིང་དུ་སྡུག་ཅིང་དེ་དག་དེ་ལ་སེམས་མོས་པའི་དགེ་རྩས་རིམ་གྱིས་ཐེག་པ་གསུམ་གྱི་མྱང་འདས་འཐོབ་བྱེད་ཀྱི་ས་བཅུ་བ་སྟེ། བྱང་ཆེན་ཕྱིན་དྲུག་ལ་སྤྱོད་ཚེ་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་གྱུར་ཏེ་དབང་བོ་གསལ་ཞིང༌། ཞེས་སོགས་ནས། སེམས་མོས་པར་གྱུར་པའི་དགེ་བའི་རྩ་བ་དེ་ཉིད་ཀྱིས་རིམ་གྱིས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དག་ཀྱང་ཡོད་དོ་ཞེས་དང༌། འོག་ཏུ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་བརྒྱ་སྟོང་དུ་མ་འཛིན་ཅིང་གནས་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་མཉེས་པར་བྱེད། ཅེས་གསུངས་སོ། །མདོ་སྔ་ཕྱི་གཉིས་རིམ་བཞིན་རྒྱལ་སྲས་སོ་དགུ་བ་དང་བཞི་བཅུ་རྩ་བཞི་གཉིས་སྟོན་བྱེད་ཀྱི་མདོ་ཡིན་ནོ། །༡༨ ཕྱིར་མི་འོང་ལུས་ཀྱིས་མངོན་སུམ་བྱེད་པའི་མིང་ཅན་གྱི་བྱང་སེམས་ནི། ཉ་ཊཱིཀ་ལས། བྱང་སེ་ཕྱིར་མི་འོང་ལུས་ཀྱིས་མངོན་སུམ་བྱེད་པའི་མིང་ཅན་ནི། སྙོམས་འཇུག་བརྒྱད་ལ་འགོག་པ་སྤེལ་བའི་ཐོད་རྒལ་གྱི་སྙོམས་འཇུག་ཐོབ་པའི་ས་བཅུ་བ་སྟེ། དེ་ཡང་གནས་གྱུར་པའི་ལུས་ཀྱིས་ཆོས་སྐུ་མངོན་སུམ་དུ་བྱེད་པའོ་ཞེས་ཨ་བྷ་ཡའོ། །བྱང་ཆེན་པོ་ཤེར་ཕྱིན་པ་ལ་སྤྱོད་པ་བསམ་གཏན་བཞི་ཚད་མེད་བཞི་གཟུགས་མེད་ཀྱི་སྙོམས་འཇུག་གིས་རྣམ་པར་རྩེ་ཞིང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་འཇུག་ལ་མཉམ་པར་གཞག་གོ །ནས། སྲིད་རྩེ་ནས་འགོག་པའི་བར་རྒྱ་ཆེར་སྦྱར་རོ། །ཞེས་གསུངས་སོ། །མདོ་འདི་ནི་རྒྱལ་སྲས་བཅུ་དྲུག་པ་སྟོན་བྱེད་ཀྱི་མདོ་ཡིན་ནོ། ། ༡༩

དྲུག་པ་དགྲ་བཅོམ་ཞུགས་པའི་མིང་ཅན་གྱི་བྱང་སེམས།

དྲུག་པ་དགྲ་བཅོམ་ཞུགས་པའི་མིང་ཅན་གྱི་བྱང་སེམས་ནི།

ཉ་ཊཱིཀ་ལས། ཞུགས་པ་ལྔ་བ་དགྲ་བཅོམ་ཞུགས་པའི་བྱང་སེ་ནི། སྲིད་རྩེའི་ཉོན་མོངས་བརྒྱད་པ་སྤངས་པའི་ས་བཅུ་བ་བར་ཆད་མེད་ལམ་པ་སྟེ། དེ་པའི་མཛད་པ་ཐོབ་པས་དེ་བཞིན་གཤེགས་པར་འཆད་འགྱུར་དེའོ་ཞེས་ཨཱརྱའོ། །སེམས་ཅན་ལོག་པར་ལྟ་བའི་མུན་པ་ཅན་རྣམས་ལ་སངས་རྒྱས་ཀྱི་ཆོས་སྣང་བར་བྱེད་པ་དང༌། བདག་ཉིད་ཀྱང་ནམ་བླ་མེད་རྫོགས་བྱང་དུ་སངས་རྒྱས་ཀྱི་བར་དུ་སངས་རྒྱས་ཀྱི་ཆོས་ཀྱི་སྣང་བ་དེ་དང་ནམ་ཡང་འབྲལ་བར་མི་བྱེད་པ་དག་ཀྱང་ཡོད་དོ། །དགེ་འདུན་གྱི་མདོ་མཇུག་མའོ། །ཞེས་གསུངས་སོ། །མདོ་འདི་ནི་རྒྱལ་སྲས་བཞི་བཅུ་རྩ་ལྔ་བ་སྟོན་བྱེད་ཡིན་ནོ། །

བདུན་པ་བསེ་རུ་སྟེ་རང་སངས་རྒྱས་ཀྱི་མིང་ཅན་གྱི་བྱང་སེམས།

བདུན་པ་བསེ་རུ་སྟེ་རང་སངས་རྒྱས་ཀྱི་མིང་ཅན་གྱི་བྱང་སེམས་ནི།

ཉ་ཊཱིཀ་ལས།བྱང་སེ་བསེ་རུ་སྟེ་རང་སངས་རྒྱས་ཀྱི་མིང་ཅན་ནི། སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་དུ་རང་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་ཏེ་ཐེག་པ་གསུམ་གྱིས་སེམས་ཅན་སྨིན་པར་བྱེད་པའི་མཐར་ཕྱིན་པའི་བྱང་སེ་སྟེ། སངས་རྒྱས་མི་བཞུགས་ཤིང་ཉན་ཐོས་མེད་པའི་འཇིག་རྟེན་གྱི་ཁམས་སུ་རང་བྱང་ཆུབ་ཏུ་མངོན་རྫོགས་རྒྱ་བ་ཡོད་དེ་དེ་དག་ཐབས་ལ་མཁས་པས་སྲོག་ཆགས་བྱེ་བ་བརྒྱ་སྟོང་མང་པོ་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བྱས་ནས་བླ་མེད་རྫོགས་བྱང་དུ་མངོན་འཚང་རྒྱའོ། ། ལེའུ་བརྒྱད་མར་ཡོད། ཞེས་ཏེ། རྒྱས་འབྲིང་བསྡུས་པར་མེད་དོ། །རང་རྒྱལ་དང་ཆ་གཉིས་ཀྱིས་མཐུན་ཏེ། གཞན་ལས་མ་ཐོས་པར་སངས་རྒྱས་ཀྱི་ཆོས་སྣང་བར་བྱེད་པ་དང༌། རང་རྒྱལ་གྱི་ཆ་ལུགས་སུ་བྱེད་པའོ། །དག་ཟླ་ཐུབ་གསུམ་མོ། །ཆོས་ཡང་དག་པར་སྡུད་པའི་མདོར། ནམ་སེམས་ཅན་རྣམས་རང་སངས་རྒྱས་ཀྱིས་འདུལ་བ་ན་རང་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་ཏེ་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ལམ་བསྟན་ནས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད། ཅེས་སོ། །བསྐལ་བ་རྣམ་པར་སྣང་བ་ལ་འཇམ་དཔལ་གྱིས་རང་རྒྱལ་དུ་སྤྲུལ་ནས་དོན་བྱས་པ་ལྟ་བུའོ། །དེ་ད༷ང་ནི༷་ཉི༷་ཤུ༷འོ། །འདི་ཨཱརྱ་ནི་ཕྱིར་མི་ལྡོག་པའི་སེང་བཟང་ཨ་བྷ་ཡ་ཡང་ངོ༌། །བྱང་སེའི་དགེ་འདུན་ཏེ། ཤཱ་བུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་མངོན་པར་རྟོགས་པ་འདི་གང་དག་ལ་ཡོད་པ་ཕྱིར་མི་ལྡོག་པའི་བྱང་སེ་ཡིན་པར་ཤེས་པར་བྱའོ་ཞེས་གསུངས་སོ། །ཞེས་ཨཱརྱའོ། །དད་རྗེས་འབྲང་གི་མདོ་དང་མི་མཐུན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ས་མཚམས་ནི་འཕགས་པའི་དགོངས་པ་ཡིན་ཞེས་ཐུབ་དགོངས་སུ་བཤད་པ་ལྟར་སྔར་རང་རང་གི་སྐབས་སུ་ཕལ་ཆེར་བཤད་ཟིན་ཏོ། །སྤྱིར་རང་ལུགས་ལ་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་མི་བཞེད་པར་སྣང་ལ། བྱང་ཆུབ་སེམས་དཔའ་ལ་ཞུགས་གནས་བརྒྱད་ཀྱི་མིང་བཏགས་པ་ཡོད་དེ། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས་བྱང་སེམས་འགའ་ཞིག་ལ་ཞུགས་གནས་བརྒྱད་ཀྱི་མིང་བཏགས་པ་ལ་བཏགས་པའི་ཆོས་གསུམ་ཚང་སྟེ། ཉ་ཊཱིཀ་ལས། བྱང་སེམས་རྒྱུན་ཞུགས་སོགས་དེ་དག་དངོས་བཏགས་ཅི་ཞེ་ན། བཅོམ་རལ་ནི། དོན་མཚན་ཉིད་པ་སྒྲ་བཏགས་པ་བ་སྟེ། དེ་དང་དེའི་མཚན་ཉིད་ཡོད་པས་སོ། །ཞེས་དང༌། དེས་ན་མཚན་ཉིད་པ་མིན་ཏེ། ཀུན་བཏུས་སུ། ཅིའི་ཕྱིར་བྱང་སེའི་སྐྱོན་མེད་པ་ལ་ཞུགས་ནས་རྒྱུན་དུ་ཞུགས་པར་མི་འགྱུར་ཞེ་ན། རྒྱུན་ལ་འཇུག་པ་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་ལན་གཅིག་ཕྱིར་འོང་བར་མི་འགྱུར་ཞེ་ན། བསམ་བཞིན་དུ་སྲིད་པར་སྐྱེ་བ་ཚད་མེད་པ་ཡོངས་སུ་འཛིན་པའི་ཕྱིར་རོ། །ཅིའི་ཕྱིར་ཕྱིར་མི་འོང་བར་མི་འགྱུར་ཞེ་ན། བསམ་གཏན་རྣམས་ཀྱིས་གནས་ཤིང་འདོད་པའི་ཁམས་སུ་སྐྱེ་བའི་ཕྱིར་རོ། །ཞེས་པས་སོ། །དེས་ན་བཏགས་པ་བ་སྟེ། འདོགས་པའི་རྒྱུ་མཚན་ནི། དེ་དང་དེར་སྤྲུལ་བ་དང་སྒྲ་འཇུག་པའི་རྒྱུ་མཚན་ཆོས་འགའ་འདྲ་བ་སྟེ། ཐེག་པ་རླབས་པོ་ཆེ་ནི་སྐྲག་གྱུར་ཅིང༌། །ཞེས་དང༌། བཏགས་པའི་དགོས་པ་ནི། དག་ལྡན་དུ། དེ་དག་ཉན་ཐོས་ཀྱི་གང་ཟག་དང་མིང་ཙམ་མཐུན་པའི་སྒོ་ནས་དགེ་འདུན་དུ་ཡིད་ཆེས་པར་བྱ་བའི་དོན་དུའོ་ཞེས་སོ། །དངོས་ལ་གནོད་བྱེད། སྔར་དྲངས་པ་ལྟར་དང༌། ཞེས་གསུངས་པའི་ཕྱིར་རོ། །ལུང་དེ་རང་ལུགས་ལ་དེ་ལྟར་སྦྱར་དུ་ཡོད་པར་སྣང་མོད་ཉ་ཊཱིཀ་རང་གི་འབྲེལ་ལ་བརྟགས་ན་འཕགས་པའི་ལུགས་ལ་སྦྱར་ཡོད་དོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

འཕགས་པའི་ལུགས་ལ་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུའི་གསུམ་པ་དང་བཞི་བ་ལ་ཆགས་བྲལ་སྔོན་སོང་གི་འབྲས་བུ་བར་བ་གཉིས་ཀྱི་མིང་ཅན་གཉིས་བཞག་དགོས་པར་ཐལ། ཉ་ཊཱིཀ་ལས་སྔར་བཤད་པ་ལྟར་རྩ་བའི་དད་དང་མཐོང་ཐོབ་ཅེས་པའི་ཚིག་དོན་དང་མདོ་གཉིས་ཀ་དེ་འདྲའི་འབྲས་བུ་བར་བ་གཉིས་ཀྱི་མིང་ཅན་ལ་སྦྱར་བའི་ཕྱིར་ཞེ་ན། དེ་མི་འཐད་དེ། དགེ་འདུན་ཉི་ཤུའི་གྲངས་ལ་ཞུགས་པའི་མིང་ཅན་ལྔ་བགྲང་དགོས་པའི་ཕྱིར་ཏེ། ཉ་ཊཱིཀ་ལས། འཕགས་པ་སོགས་ལྟར་ན། ཞུགས་པའི་མིང་ཅན་ལྔ། ཞེས་གསུངས་པའི་ཕྱིར་རོ། །ཉ་ཊཱིཀ་ལས། ལམ་ཤེས་ཀྱི་མཐོང་ལམ་སྐད་ཅིག་བཅུ་དྲུག་པོ་རྣམས་སུ་བྱང་སེ་དབང་བོ་རྟུལ་བོར་གྱུར་པ་དེ་ནི་དད་པས་རྗེས་འབྲང་ཞེས་བརྗོད་དེ། ཞེས་པ་ལ་བཅུ་དྲུག་པ་ཞེས་སྒྲ་རང་སོར་བཞག་ལ། སེང་བཟང་གི་འགྲེལ་བ་དོན་གསལ་ལས། མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་ཞེས་སྒྲས་ཟིན་ཀྱང་བཅོ་ལྔ་གང་རུང་ཞེས་དགོངས་པ་བླང་བའི་རྒྱུ་མཚན་ལ་དཔྱད། སྐབས་འདིའི་རྒྱལ་སྲས་རྣམས་ལ་ཕྱིར་མི་ལྡོག་པ་ཡིན་པས་མ་ཁྱབ་སྟེ། མདོ་ལས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་མ་གཏོགས། ཞེས་དང༌། ཉ་ཊཱིཀ་ལས། ཕྱིར་མི་ལྡོག་པ་མ་གཏོགས་པར་དབང་བོ་རྟུལ་བ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ཞེ་ན་མ་ཁྱབ་སྟེ། དེའི་ཕྱིར་མི་ལྡོག་ཞེས་པ་ས་བརྒྱད་པ་ལ་བྱེད་པར་གཞུང་དུ་མར་གསུངས་པའི་ཕྱིར་དང༌། སྐབས་འདིར་རྒྱལ་སྲས་དེ་དག་ཐེག་ཆེན་སློབ་པའི་དགེ་འདུན་དཀོན་མཆོག་ཡིན་ལ། དེ་ཡིན་ན་ཕྱིར་མི་ལྡོག་ཡིན་དགོས་པ་གོང་དུ་བཤད་ཟིན་པའི་ཉ་ཊཱིཀ་གི་སངས་རྒྱས་མིན་པའི་སློབ་པ་ཐེག་ཆེན་དགེ་འདུན་གྱི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར་རོ། ། མདོ་ལས། ལྷ་ཚེ་རིང་བོའི་ནང་དུ་སྐྱེས་ཤིང༌། ཞེས་བྱང་སེམས་དེར་སྐྱེ་བ་ཡོད་མེད་དཔྱད། སྡུད་པར། བྱང་ཆུབ་ཡོན་ཏན་ཕ་རོལ་ཕྱིན་ཉམས་འགྱུར་འོང་ཞེས། །གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་གཉེར་མི་བྱེད། །ཅེས་དང༌། ཀུན་བཏུས་འགྲེལ་གོང་དུའང་བཤད་བར་བྱང་སེམས་ནི་འདོད་པ་དང་གཟུགས་ན་སྤྱོད་པ་ཡིན་གྱི་གཟུགས་མེད་པ་ན་སྤྱོད་པ་ནི་མ་ཡིན་ཏེ། སེམས་ཅན་ཡོངས་སུ་སྨིན་པའི་གནས་མིན་པའི་ཕྱིར། མཐུའི་ཁྱད་པར་ཐོབ་པ་དག་དེར་མི་སྐྱེའོ་ཞེས་པ་དང་འགལ་ཞེ་ན། དེ་ནི་མཐུ་ཐོབ་པ་བྱང་སེམས་དབང་རྣོན་གྱི་དབང་དུ་བྱས་ལ། འདིར་དབང་རྟུལ་སོ་སྐྱེའི་དབང་དུ་བྱས་པས་འགལ་བ་མེད་དོ། །ཞེས་དབང་རྟུལ་སྐྱེ་བ་ཡོད་མེད་དང༌། གཟུགས་མེད་ཁམས་ན་གཟུགས་ཡོད་ན་དབང་རྣོན་དེར་སྐྱེ་བ་ཡོད་མེད་དཔྱད། ཡང་ཉ་ཊཱིཀ་ལས། པནྚི་ཏ་དག་གིས། དེ་བགྲང་བ་ཙམ་ཞིག་མ་དྲན་པར་ཟད་དོ། །ཞེས་མི་འཐད་པར་ཐལ། ལོ་པཎ་རྣམས་དེ་བགྲང་བའི་ཕྱིར་ཏེ། ཡུམ་གསུམ་བམ་ཚད་ཀྱིས་བཤད་པའི་ཕྱིར། འབུམ་ལ་བམ་པོ་སུམ་བརྒྱ། ཉི་ཁྲི་ལྔ་སྟོང་ལ་བམ་པོ་བརྒྱད་ཅུ་རྩ་གསུམ་དང་ཤོ་ལོ་ཀ་བརྒྱ། ཁྲི་བརྒྱད་སྟོང་བ་བམ་པོ་དྲུག་ཅུ་ཡོད་པར་སྐབས་དུ་མར་གསུངས་པའི་ཕྱིར་ཟེར་ན་བརྟག་པར་བྱའོ། །ཡང་ཉ་ཊཱིཀ་ལས། དགྲ་བཅོམ་ཞུགས་པའི་བྱང་སེ་ནི། སྲིད་རྩེའི་ཉོན་མོངས་བརྒྱད་པ་སྤངས་པའི་ས་བཅུ་བ་བར་ཆད་མེད་ལམ་པ་སྟེ། ཞེས་སོགས་དགེ་འདུན་ཉི་ཤུའི་སྐབས་གོང་འོག་དུ་མར་བྱང་སེམས་ཀྱི་སྒོམ་སྤང་ཉོན་མོངས་རིམ་གྱིས་སྤངས་པ་ལྟ་བུར་གསུངས་པ་མི་རིགས་ཏེ། ཉ་ཊཱིཀ་རང་ལས། དེས་ན་ཨཱརྱའི་ལྟར་མི་ལེགས་ཀྱི་གནོད་འཇོམས་ལྟར་ཤིན་ཏུ་ལེགས་སོ། །ཨཱརྱ་ལྟར་ན་ས་དང་པོ་ཡན་དུ་ཉོན་མོངས་སྤང་རྒྱུ་མེད་པར་འགྱུར་བའི་སྐྱོན་འོང་བར་སྣང་ངོ༌། །ཞེས་གསུངས་པའི་ཕྱིར་ན་དཔྱད་པར་བྱ་བའི་གནས་སོ། །སྐབས་འདིར་བསྟན་པའི་རྒྱལ་སྲས་ལ་སོ་སྐྱེ་ཡོད་དེ། ཉ་ཊཱིཀ་མཆན་ལས། སོ་སྐྱེར་གསལ། ཞེས་དང༌། ཉ་ཊཱིཀ་ལས། དེས་ན་མདོ་ལྟར་ན། བྱང་སེ་སྐྱེ་འཕགས་གཉིས་ཀ་ཡོད་ཅིང༌། ཞེས་གསུངས་སོ། །ཞེ་ན། དེ་མི་རིགས་ཏེ། འདིར་བསྟན་པའི་རྒྱལ་སྲས་ཐམས་ཅད་འཕགས་པ་ཡིན་དགོས་པའི་ཕྱིར་ཏེ། ཉི་ཁྲིའི་བཤད་པ་རྫོགས་ལྡན་ལས། རྒྱལ་སྲས་བཞི་བཅུ་རྩ་ལྔ་ནི་ཐེག་ཆེན་གྱི་སྐྱབས་གནས་སུ་གཏོགས་པའི་དགེ་འདུན་དཀོན་མཆོག་དངོས་ཡིན་ལ། ཞེས་དང༌། ཐེག་པ་གཉིས་ཀྱིས་བསྡུས་པའི་དགེ་འདུན་ལ་འཕགས་པ་དྲུག་ཅུ་རྩ་ལྔར་གསུངས་སོ། །ཞེས་གསུངས་པའི་ཕྱིར་ཞེ་ན་བརྟག་དགོས་སོ། །ཡང་ཉ་ཊཱིཀ་ལས། དེས་ན་བཏགས་པ་བ་སྟེ། འདོགས་པའི་རྒྱུ་མཚན་ནི། དེ་དང་དེར་སྤྲུལ་བ་དང་སྒྲ་འཇུག་པའི་རྒྱུ་མཚན་ཆོས་འགའ་འདྲ་བ་སྟེ།ཐེག་པ་རླབས་པོ་ཆེས་ནི་སྐྲག་གྱུར་ཅིང༌། །ཞེས་གསུངས་པ་ལ་སྤྲུལ་སོགས་ཆོས་འགའ་འདྲ་ན་དེའི་མིང་ཅན་གྱི་བྱང་སེམས་ཡིན་དགོས་པར་འདོད་པའི་ཕྱིར། འདོད་ན། འོ་ན་བྱང་སེམས་ཡིན་ན་ཐེག་དམན་དགེ་འདུན་ཉི་ཤུ་བོ་རེ་རེའི་མིང་ཅན་ཡིན་དགོས་པར་ཐལ། དེ་ཡིན་ན་ཆོས་འགའ་འདྲ་བ་ཡོད་པས་ཁྱབ་པའི་ཕྱིར་ཞེ་ན་འཕགས་པ་དང་རང་ལུགས་གཉིས་ཀ་ལ་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །ཡང་ཐེག་པ་རླབས་པོ་ཆེས་ནི་སྐྲག་གྱུར་ཅིང༌། །ཞེས་པས་རྒྱུ་མཚན་བསྟན་པ་མ་ཡིན་པར་ཐལ། མདོ་ལུགས་མ་ལས་དགོས་པ་ལས་རྒྱུ་མཚན་ལ་མ་སྦྱར་བའི་གནད་ཅིག་ཡོད་པའི་ཕྱིར་ཏེ། མདོ་ལུགས་མ་ལས། དགོས་པ་ནི་མདོ་ལས་ཇི་སྐད་དུ། ཐེག་པ་རླབས་པོ་ཆེས་ནི་སྐྲག་འགྱུར་ཞིང༌། །འདི་ནི་སེམས་ཅན་དམན་ལ་མོས་རིག་ནས། །བྱང་ཆུབ་སེམས་དཔའ་དེ་དག་ཉན་ཐོས་འགྱུར། ། རང་རྒྱལ་བྱང་ཆུབ་པར་ཡང་རབ་ཏུ་སྟོན། །ཞེས་གསུངས་སོ། །ཡང་ཉ་ཊཱིཀ་ལས། བཏགས་པའི་དགོས་པ་ནི། དག་ལྡན་དུ།དེ་དག་ཉན་ཐོས་ཀྱི་གང་ཟག་དང་མིང་ཙམ་མཐུན་པའི་སྒོ་ནས་དགེ་འདུན་དུ་ཡིད་ཆེས་པར་བྱ་བའི་དོན་དུའོ་ཞེས་སོ། །ཞེས་གསུངས་པ་ལ་ཡིད་ཆེས་ཚུལ་ཐེག་དམན་དགེ་འདུན་དུ་ཡིད་ཆེས་ནས་འཇུག་པ་ཡིན་ནམ། ཐེག་ཆེན་དགེ་འདུན་ཡིད་ཆེས་ནས་འཇུག་པ་ཡིན། དང་པོ་ལྟར་ན་དེ་འདྲའི་གང་ཟག་ཐེག་ཆེན་ལམ་དུ་ཞུགས་པ་ལ་ཐེག་ཆེན་གྱི་ལམ་དེ་ཐེག་དམན་གྱི་ལམ་དུ་ཡིད་ཆེས་དགོས་པར་འགྱུར་རོ། །གཉིས་པ་མི་འཐད་དེ། ཐེག་དམན་དགེ་འདུན་དེ་དག་གི་མིང་གིས་བསྟན་ན་ཐེག་ཆེན་གྱི་དགེ་འདུན་ཡིད་ཆེས་པའི་གནས་མེད་དོ། །ཞེས་སྔོན་གྱི་མཁས་པ་ཁ་ཅིག་གིས་བཤད་པ་ལྟར་དཔྱད་ན་དཔྱོད་ལྡན་རྣམས་ཀྱིས་དྲི་མ་མེད་པའི་ལན་གྱིས་ཚིམ་པར་བྱའོ། །རང་ལུགས་ལ་རྒྱལ་སྲས་ཞེ་ལྔ་ཐེག་དམན་གྱི་དགེ་འདུན་ཉི་ཤུའི་མིང་གིས་བཏགས་པའི་དགེ་འདུན་ཉི་ཤུར་བསྡུས་ནས་བཤད་པ་མི་རིགས་ཏེ། མདོ་ལུགས་མ་ལས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་པར་བྱ་རྒྱུ་ཐེག་པ་འོག་མ་ལ་སློབ་པའི་གང་ཟག་ཉི་ཤུའི་རྣམ་པར་བཞག་པ་ནི་དེ་ཡིན་ནོ། །ཉི་ཁྲི་སྣང་བ་ལ་སོགས་པ་རྣམས་ཀྱི་འཆད་ལུགས་ནི་དགོངས་པ་མ་ཡིན་ཏེ། སློབ་དཔོན་དབྱིག་གཉེན་ལ་སོགས་པ་ཤིང་རྟའི་སྲོལ་འབྱེད་ཆེན་པོ་དག་དང་འགལ་བའི་ཕྱིར་རོ། །སྐབས་འདིའི་གང་ཟག་ཉི་ཤུ་པོ་རྣམས་བཏགས་པ་པར་འཆད་པའི་ལུགས་ལ་ཐེག་པ་གསུམ་ལ་སློབ་པའི་གང་ཟག་གི་དངོས་པོར་སྟོར་ཏེ། སྔར་རྒྱལ་སྲས་ཞེ་ལྔའི་ངོ་བོ་སྟོར་ཞིང་འདིར་ཐེག་པ་འོག་མའི་གང་ཟག་ཉི་ཤུའི་ངོ་བོ་སྟོར་བའི་ཕྱིར་རོ། །དེ་རྣམས་ལས་མ་གཏོགས་པ་མདོ་འདིར་གསུངས་པ་མེད་པས་སོ། །དེས་ན་འདི་རྣམས་བཏགས་པ་བ་ཡིན་པ་ལ། དགོས་པ་ལ་སོགས་པའི་ཆོས་གསུམ་མེད་པའི་ཕྱིར་མི་རིགས་སོ། །གལ་ཏེ་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས་གསུངས་སོ་ཞེ་ན། དེར་བྱང་སེམས་ལ་བརྒྱད་པ་ལ་སོགས་པའི་མིང་གིས་གསུངས་པའི་དགོས་པ་ནི། མདོ་དེ་ཉིད་དུ་དེ་ལྟར་གསུངས་པའི་དགོས་པ་ཡིན་གྱི། མདོ་གཞན་དང་གཞན་དུ་གསུངས་པའི་དགོས་པ་ནི་མདོ་དེ་ཉིད་ཀྱི་ཡིན་པར་མི་རིགས་སོ། །གལ་ཏེ་རིགས་ན་དམ་ཆོས་པད་དཀར་སོགས་སུ་བཏགས་ནས་གསུངས་པའི་དགོས་པ་ཡང་མདོ་དེ་ཉིད་དུ་གསུངས་པའི་དགོས་པར་འགྱུར་བས་དགོས་པ་ལྷག་པོ་མེད་པ་དང༌། གདུལ་བྱ་གཅིག་ཏུ་ཐལ་བ་ལ་སོགས་པར་འགྱུར་རོ། །ཞེས་དང༌། གལ་ཏེ་སྔར་བྱང་སེམས་ཞེ་ལྔ་སྟོན་པའི་མདོ་དེ་ཉིད་ཉི་ཤུ་པོ་འདིའི་མདོ་ཡིན་པར་འདོད་ན། སྤངས་རྟོགས་དང་སྐྱོན་ཡོན་མི་འདྲ་བའི་ཁྱད་པར་ཕྱེ་བས་ཞེ་ལྔ་ལས་ཉུང་བར་བསྡུར་མི་རུང་བ་དེ་དག་ཇི་ལྟར་ཁྱད་པར་དེ་ཉིད་ཀྱི་སྒོ་ནས་ཉི་ཤུར་འདུས་པར་འགྱུར། རྒྱལ་བ་དང༌། རྒྱལ་ཚབ་གཉིས་ཀྱང་དགོངས་པ་མི་གཅིག་པར་ཧ་ཅང་ཐལ་བར་འགྱུར་རོ། །དེས་ན་སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། ཞེས་པའི་སྐབས་ཀྱི་དགེ་འདུན་དཀོན་མཆོག་ནི་རྒྱལ་སྲས་ཞེ་ལྔ་ཉིད་ཡིན་ལ། གདམས་ངག་གི་ནང་ན་མེད་ཅིང་ཞར་ལ་གསུངས་པའི་ཉི་ཤུ་བོ་འདི་ནི་ཐེག་དམན་པ་ཉིད་ཡིན་ནོ། །ཉི་ཁྲི་སྣང་བ་དང་བསྡུས་དོན་འགྲེལ་པ་སོགས་སུ། རྒྱུན་ཞུགས་དང༌། འཕར་བ་དང༌། ཕྱེད་དུུ་འཕར་བ་དང་སྲིད་རྩེའི་མཐར་ཐུག་འགྲོ་དང༌། གཟུགས་ཀྱི་ཆགས་བཅོམ་དང༌།བསེ་རུུ་ལྟ་བུ་སྟེ་དྲུག་པོ་འདི་རྣམས་སྟོན་པའི་མདོ་ཡིན་ཟེར་བ་བྱུང་བ་རྣམས། འབུམ་པ་དང༌། ཉི་ཁྲི་ལེ་མངས་དང༌། ཁྲི་བརྒྱད་སྟོང་པ་རྣམས་ན་མེད་པས་མདོ་སྡེ་དེ་ལྟ་བུ་རྣམས་གང་ནས་རྙེད་པར་ཡིན་ཞེས་མཁས་པ་རྣམས་ཀྱིས་རྩད་གཅད་པར་བྱའོ། །གལ་ཏེ་འབུམ་ལ་སོགས་པ་ལ་མདོ་དེ་རྣམས་སྔར་ཡོད་ཀྱང་ཡི་གེ་ཉམས་པས་ཕྱིས་མེད་དོ་ཞེ་ན། དེ་ལྟར་ན་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་གཞུང་འགྲེལ་དུ་རྒྱུན་ཞུགས་ལ་སོགས་པའི་མདོ་དེ་རྣམས་མ་བྱུང་བས་དེའི་གོང་དུ་ཡི་གེ་ཉམས་ཟིན་པར་འགྱུར་རོ། །དེ་ལྟར་ཡིན་ན་ཁྱེད་རྣམ་པས་གང་ནས་རྙེད་དེ་ཁུངས་བསྟན་དགོས་སོ། །དེས་ན་སློབ་དཔོན་དབྱིག་གཉེན་གྱིས་མ་རྙེད་པའི་མདོ་སྡེ་ལྷག་པོ་དེ་རྣམས་རྒྱལ་བ་དང༌། རྒྱལ་ཚབ་དང༌། འཕགས་པ་ཐོགས་མེད་གསུམ་པོ་ལས་གང་ཞིག་གོ་མ་ཆོད་ནས་ཉམས་པ་དེ་ཁྱེད་ཀྱིས་རྙེད་པ་ནི་ངོ་མཚར་དུ་རྩིའོ། །ཞེས་གསུངས་པའི་ཕྱིར་རོ། །རྒྱལ་སྲས་ཞེ་ལྔའི་རྣམ་བཞག་ལོགས་སུ་བྲིས་ཡོད་པས་དེར་ཤེས་པར་བྱའོ། །སྨྲས་པ།རིག་གྲོལ་མངའ་བདག་ཚོགས་མཆོག་དགེ་འདུན་གྱི། །རྣམ་དབྱེ་རྒྱལ་སྲས་ཉན་རང་འཕགས་པའི་སྡེ། །ཡུམ་གྱི་མདོ་དང་མངོན་པ་གོང་འོག་གི། །བཤད་ཚུལ་པདྨ་དཀར་བོའི་ཕྲེང་བས་མཛེས། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ཡན་གྱིས་གདམས་ངག་དང་ཞར་བྱུང་དགེ་འདུན་ཉི་ཤུ་དང་བཅས་པ་བཤད་ཟིན་ཏོ། །

གསུམ་པ་སྒྲུབ་པའི་སྦྱོར་བ་ངེས་འབྱེད་ཡན་ལག་བཤད་པ།

གསུམ་པ་སྒྲུབ་པའི་སྦྱོར་བ་ངེས་འབྱེད་ཡན་ལག་བཤད་པ་ལ།

རྩ་བར།། ངེས་འབྱེད་ཡན་ལག་རྣམ་བཞི་དང༌། །ཞེས་གསུངས་སོ། །དེའི་དོན་བཤད་པ་ལ་རྟེན་དང་བརྟེན་པ་གཉིས། དང་པོ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས།དང་པོ་ལ་གཉིས་ལས་ལུས་རྟེན་ནི། གླིང་གསུམ་གྱི་མི་ལ་སྐྱེ་བ་ཡོད། སྐྱེས་ཟིན་གནས་པ་འདོད་ལྷ་ལའང་ཡོད་པར་གསུངས་ལ། ཆོས་མཆོག་འདོད་པའི་ལྷ་མི་གཉིས་ཀ་ལ་དང་པོ་སྐྱེར་རུང་ངོ༌། །ཐེག་ཆེན་ལུགས་ལ་སྦྱོར་ལམ་དང་པོ་གསུམ་སེམས་བསྐྱེད་སྐྱེ་བའི་ལུས་རྟེན་འགྲོ་བ་རིགས་དྲུག་ཡོད་དོ། །ཆོས་མཆོག་དང་མཐོང་ལམ་གླིང་གསུམ་དང་འདོད་ལྷ་ལ་སྐྱེ་བ་ཡོད་དོ། །སེམས་རྟེན་ནི། བསམ་གཏན་ས་དྲུག་ལ་བརྟེན་ཅིང་འདོད་སེམས་དང་གཟུགས་མེད་དངོས་གཞི་ལ་བརྟེན་པ་མེད་གསུངས་མོད། སྦྱོར་ལམ་གྱི་ངོ་བོར་གྱུར་པའི་ཐོས་བསམ་གྱི་བློ་ལ་འདོད་སེམས་ཡོད་ལ། སྦྱོར་ལམ་པའི་རྒྱུད་ཀྱི་གཟུགས་མེད་དངོས་གཞི་ལ་ལམ་ཡོད་པར་སྣང་བས་དེ་དག་གི་སེམས་རྟེན་ལ་འདོད་སེམས་དང་གཟུགས་མེད་ཀྱི་དངོས་གཞི་ཡོད་པར་སྣང་ངོ༌། །གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ། ཉ་ཊཱིཀ་ལས། ལུས་རྟེན་ནི། ཉན་ཐོས་ལྟར་ན། སྦྱོར་ལམ་དང་པོ་གསུམ་གླིང་གསུམ་གྱི་མི་ཁོ་ན་ལ་སྐྱེ། སྐྱེས་ཟིན་འདོད་ལྷ་ལའང་ཡོད་དོ། །ཆོས་མཆོག་འདོད་པའི་ལྷ་མི་གཉིས་ཀ་ལ་དང་པོ་སྐྱེར་རུང་ངོ༌། །ཐེག་ཆེན་ལྟར་ན། སྦྱོར་ལམ་དང་པོ་གསུམ་སེམས་བསྐྱེད་སྐྱེ་བའི་རྟེན་ལ་རུང་ཞིང༌། ཆོས་མཆོག་མཐོང་ལམ་སྔར་དང་འདྲ་བར་འདོད་དོ། །ཞེས་གསུངས་པ་ལ་གཟུགས་ཁམས་ལ་ཆོས་མཆོག་དང་མཐོང་ལམ་སྐྱེ་བ་ཡོད་མེད་སོགས་ལ་དཔྱད། ཡང་ཉ་ཊཱིཀ་ལས། སེམས་རྟེན་ནི། བསམ་གཏན་ས་དྲུག་ལ་བརྟེན་ཅིང་འདོད་སེམས་རྣམ་གཡེང་ཆེ་བས་དང་གཟུགས་མེད་ལྷག་མཐོང་ཆུང་བས་མི་བརྟེན་པར་མཛོད་དུ་བཤད་ཅིང་ཐེག་ཆེན་པ་ཡང་དེ་ལྟར་དུ་གསལ་ལོ། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་རྒྱུད་ཀྱི་སྦྱོར་ལམ་གྱི་ངོ་བོར་གྱུར་པའི་ཐོས་བསམ་དང༌། གཟུགས་མེད་ཀྱི་དངོས་གཞི་རིམ་བཞིན་འདོད་སེམས་དང་གཟུགས་མེད་དངོས་གཞིའི་སེམས་རྟེན་ཅན་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །

གཉིས་པ་བརྟེན་པ་སྦྱོར་ལམ་བཤད་པ།

གཉིས་པ་བརྟེན་པ་སྦྱོར་ལམ་བཤད་པ་ལ།

མཚན་མཚོན་གཞི་གསུམ་དང༌། ཐེག་ཆེན་གྱི་སྦྱོར་ལམ་དེ་ཐེག་དམན་གྱི་སྦྱོར་ལམ་ལས་ཁྱད་པར་འཕགས་ཚུལ་བཤད་པ་དང་གཉིས། དང་པོ་ལ་སྤྱི་དོན་དང༌། མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ་མཚན་ཉིད། མཚོན་བྱའི་སྒྲ་བཤད། མཚན་གཞིའི་དབྱེ་བ་བཤད་པ་དང་གསུམ། དང་པོ་མཚན་ཉིད་ནི། དོན་མངོན་རྟོགས། གོ་ཐོབ་ཀྱི་དབང་དུ་བྱས་ན། ཐར་ཆའི་རྟོགས་པ་སྔོན་དུ་སོང་བའི་བདེན་པ་མངོན་རྟོགས་ལ་སྦྱོར་བའི་མོས་སྤྱོད་ཀྱི་ལམ་དེ་ཡིན་པར་སྣང་སྟེ། ཉ་ཊཱིཀ་ལས། མཚན་ཉིད་ནི། ཐར་ཆའི་རྗེས་ཀྱི་ཐར་ལམ་གང་ཞིག བདེན་པ་མངོན་རྟོགས་ལ་སྦྱོར་བའི་སོ་སྐྱེའི་ལམ། ཐེག་ཆེན་གྱི་དེའི་མཚན་ཉིད། ཐེག་ཆེན་གྱི་ཞེས་བསྣན་ནོ། །ཉན་རང་གི་ལ་ཡང་ངོ༌། །ཞེས་དང༌། མདོ་སྡེ་རྒྱན་ས་འགྲེལ་ལས། མཚན་ཉིད་ནི། ཚོགས་ལམ་རྫོགས་ནས་མཐོང་ལམ་མ་ཐོབ་བར་གྱི་དགེ་བ་གང་ཞིག་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པའོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། མཚན་ཉིད་ནི། མྱ་ངན་ལས་འདས་པར་བགྲོད་པའི་གཞི་གང་ཞིག་དོན་མངོན་པར་རྟོགས་པའི་གནས་སྐབས་ཀྱིས་བསྡུས་པའོ། །ཞེས་གསུངས་སོ། ། གཉིས་པ་མཚོན་བྱའི་སྒྲ་བཤད་ནི། བདེན་པ་མངོན་རྟོགས་ལ་སྦྱོར་བས་ན་སྦྱོར། བྱང་ཆུབ་ཏུ་ཕྱིན་པར་བྱེད་པས་ན་ལམ་མོ། །སྤྱིར་ཚོགས་སྦྱོར་བ་གཉིས་ཀ་མོས་སྤྱོད་པ་ཡིན་ཏེ། ཀུན་བཏུས་འགྲེལ་བར། མོས་པས་སྤྱོད་པ་ཅན་གྱི་བྱང་ཆུབ་སེམས་དཔའ་ནི་རིགས་ལ་གནས་པ་ཐོག་མར་སྨོན་ལམ་ཆེན་པོ་བཏབ་པ་ནས་བཟུང་ནས་རབ་ཏུ་དགའ་བའི་ས་ལ་མ་ཞུགས་ཀྱི་བར་དུ་སྟེ་སོ་སོ་རང་གི་འཇིག་རྟེན་ལས་འདས་པ་ཐོབ་པ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །

གསུམ་པ་མཚན་གཞི་ལ་གསུམ།

གསུམ་པ་མཚན་གཞི་ལ་གསུམ་སྟེ།

ངོ་བོའི་དབྱེ་བ། ཆེ་འབྲིང་གི་དབྱེ་བ། ཕྱེ་བའི་བློ་རིག་དཔྱད་པའོ། །དང་པོ་ལ་ཡང་ཐེག་ཆེན་གྱི་དབང་དུ་བྱས་ན། ཐེག་ཆེན་གྱི་དྲོད་རྩེ་བཟོད་མཆོག་བཞིའོ། །དང་པོ་ནི། ཚོགས་ལམ་རྫོགས་རྗེས་སུ་བྱང་སེམས་མཉམ་པར་བཞག་པས་གཟུགས་སོགས་འདི་དག་ཐམས་ཅད་ཡིད་ཀྱི་རྣམ་རྟོག་ལ་སྣང་བར་ཟད་ཀྱི་དེ་ལས་མ་གཏོགས་པར། སེམས་ལས་ལོགས་ན་མ་མཐོང་བས་ཕྱིའི་དོན་བདེན་པ་མེད་པར་རྟོགས་ཤིང་རྣམ་རྟོག་ཉིད་རང་སྤྱིའི་མཚན་ཉིད་དུ་སྣང་བར་མཐོང་བ་ཡེ་ཤེས་ཀྱི་སྣང་བ་ཅུང་ཟད་སྤྱི་དོན་དང་བཅས་ནས་གསལ་བ་ནི། སྣང་བ་ཐོབ་པ་ཅེས་བྱ་སྟེ་དྲོ་བའི་སྐབས་སོ། །དེ་ནས་དེ་འདྲར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་མཉམ་བཞག་པས། ། ཡིད་ཀྱི་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ༌། །ཞེས་སོ། །མཚན་ཉིད་ནི། ཉ་ཊཱིཀ་ལས། བྱང་སེའི་སྦྱོར་ལམ་གང་ཞིག སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཞི་གནས་དང་ཤེས་རབ་ལྷག་མཐོང་མཚུངས་ལྡན་དང་བཅས་པ་སྟེ། ཀུན་བཏུས་སུ། དྲོ་བར་གྱུར་པ་གང་ཞེ་ན། སོ་སོ་གང་ཟག་རང་གིས་བདེན་པ་རྣམས་ལ་དམིགས་ནས་སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །ཞེས་སོ། །རྒྱལ་བུའི་སྲས་ཀྱིས། ཞི་གནས་དང་ལྷག་མཐོང་ནི་དྲོ་བར་གྱུར་པར་རིག་པར་བྱའོ། ། ཞེས་པས་བཞི་ཅར་ངོ་བོ་ཞི་ལྷག་གོ །ཞེས་གསུངས་པའི་ཕྱིར་རོ། །ཐེག་ཆེན་དྲོད་ཀྱི་མཚན་ཉིད་འདི་དང་འོག་གི་ཐེག་ཆེན་རྩེ་མོ་སོགས་ཀྱི་མཚན་ཉིད་ཉ་ཊཱིཀ་ལས་གསུངས་པ་ལ་ཞིབ་ཆ་ཅུང་ཟད་དགོས་སོ། །

གཉིས་པ་ནི།

ཆོས་ཀྱི་སྣང་བ་དེ་ཉིད་སྤེལ་བའམ། ཇེ་ཆེ་ཇེ་ཆེར་འཕེལ་ཞིང་རྒྱས་པར་བྱ་བའི་ཕྱིར་དུ་ཅུང་ཟད་ཀྱང་མི་གནས་ཤིང་མི་འདུག་པར་བདག་མེད་པ་སྒོམ་པ་ལ་བརྩོན་འགྲུས་བརྟན་པོ་རྩོམ་པས་ཡེ་ཤེས་ཀྱི་སྣང་བ་འབྲིང་ཙམ་དུ་སྤྱི་དང་བཅས་པར་གསལ་བ་ནི། སྣང་བ་མཆེད་པ་སྟེ། ཆོས་ཀྱི་སྣང་བ་འཕེལ་པའི་ཕྱིར། །བརྩོན་འགྲུས་བརྟན་པོ་ཀུན་ཏུ་རྩོམ། །ཞེས་སོ། །མཚན་ཉིད་ནི། ཉ་ཊཱིཀ་ལས། བྱང་སེམས་པའི་སྦྱོར་ལམ་གང་ཞིག་སྣང་བ་མཆེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཀུན་བཏུས་སུ། སོ་སོ་རང་གིས་བདེན་པ་རྣམས་ལ་སྣང་བ་མཆེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །ཞེས་སོ། །

གསུམ་པ་ནི།

ཆོས་ཀྱི་སྣང་བ་དེ་ཤེས་ཆེར་འཕེལ་ནས་དོན་དུ་སྣང་བ་ཐམས་ཅད་སེམས་ཁོ་ནར་ཟད་ཀྱི་དོན་སེམས་ལས་གཞན་མིན་ནོ་ཞེས་མཐོང་བ་ཡེ་ཤེས་ཀྱི་སྣང་བ་སྤྱི་དོན་དང་བཅས་ཏེ་ཤིན་ཏུ་གསལ་བའི་སྦྱོར་ལམ་ནི། དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པ་་སྟེ། མཚན་ཉིད་ནི།ཉ་ཊཱིཀ་ལས། གང་ཞིག དེ་ཁོ་ནའི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངསལྡན་དང་བཅས་པའོ། །ཞེས་གསུངས་སོ། །དེ་ལྟར་ཀུན་བཏུས་སུ། སོ་སོ་རང་གིས་བདེན་པ་རྣམས་ཀྱི་ཕྱོགས་གཅིག་ལ་ཞུགས་པ་དང་རྗེས་སུ་སོང་བའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །ཞེས་སོ། །འདིའི་སྐབས་སུ་ཕྱིའི་གཟུང་བའི་ཀུན་བཏགས་ཀྱི་རྣམ་གཡེང་མངོན་གྱུར་པ་སྤངས་ཤིང་ཀུན་བཏགས་ཀྱི་འཛིན་པའི་རྣམ་གཡེང་མངོན་གྱུར་པ་ལུས་སོ། །ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །དེ་ནས་དོན་ཀུན་སྣང་བ་ནི། །སེམས་སུ་རབ་ཏུ་ཤེས་པར་འགྱུར། །དེ་ཚེ་དེ་ཡི་གཟུང་བ་ཡི། །རྣམ་པར་གཡེང་བ་དེས་སྤོང་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ལུས། །ཞེས་སོ། །བཞི་བ་ནི། གཟུང་བ་མེད་ན་འཛིན་པ་ཡང་མེད་དོ་ཞེས་རྟོགས་ནས་འཛིན་པ་བདེན་འཛིན་གྱི་རྣམ་གཡེང་མེད་པའི་འཇིག་རྟེན་པའི་སྒོམ་བྱུང་གི་ཡེ་ཤེས་ཀྱི་སྣང་བ་རྫོགས་པ་ནི་དེ་མ་ཐག་པའི་ཏིང་ངེ་འཛིན་ཅན་ཞིག་སྟེ། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །འདི་ལྟར་དེ་ཡི་མཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤོང༌། །འདི་དག་གོ་རིམ་བཞིན་དུ་ནི། །དྲོ་བར་གྱུར་སོགས་ཡིན་ཞེས་བྱ། །ཞེས་སོ། །དེ་མ་ཐག་ཏུ་འཛིན་པའི་རྣམ་གཡེང་སྤོང་བར་བྱེད་ཅིང་དེ་མ་ཐག་ཏུ་ས་དང་པོར་འཇུག་པས་ན་དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་བྱའོ། ། ཞེས་བློ་བརྟན་ནོ། །མཚན་ཉིད་ནི། ཉ་ཊཱིཀ་ལས། གང་ཞིག དེ་མ་ཐག་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ཞེས་གསུངས་སོ། །དེ་ལྟར་ཀུན་བཏུས་སུ། སོ་སོ་རང་གིས་བདེན་པ་རྣམས་ལ་དེ་མ་ཐག་པའི་སེམས་ཀྱི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །ཞེས་སོ། །

གཉིས་པ་ཆེ་འབྲིང་གི་དབྱེ་བ།

གཉིས་པ་ཆེ་འབྲིང་གི་དབྱེ་བ་ནི།

ཆ་མཐུན་དེ་དག་གིས་མཐོང་ལམ་བསྐྱེད་པར་མ་ངེས་པ་དང༌། ངེས་པ་དང༌། ཚེ་དེ་ལ་བསྐྱེད་ངེས་པ་དང་གསུམ་སྟེ། རིམ་བཞིན་དུ་ཆོས་ལ་ངེས་རྟོག་གི་བཟོད་པ་ཆུང་འབྲིང་ཆེ་གསུམ་མོ། །གསུམ་པ་ཕྱེ་བའི་བློ་རིག་དཔྱད་པ་ནི། འདིར་མི་མཐུན་པ་མང་སྟེ། ལོཙྪ་བ་ཆེན་པོ་སོགས་བྱང་སེའི་སྦྱོར་ལམ་མཉམ་བཞག་རྣམས་ནི་རྣལ་འབྱོར་མངོན་སུམ་ཡིན་གྱི་དེའི་སྐབས་ན་རྟོག་པ་མེད་གསུང་ངོ༌། །འབྲེ་དང་འདུལ་དཀར་སོགས་ནི། རྗེས་དཔག་གི་རྒྱུན་བཅད་ཤེས་ཡིན་པར་གསུང་ངོ༌། །འཇམ་གསར་ནི། ཡུལ་སྟོང་ཉིད་སྣང་བའི་ཚོགས་དོན་ལ་རྗེས་དཔག་དང་བཅད་ཤེས་གཉིས་སུ་ཡོད་དེ། གཅིག་དང་དུ་བྲལ་ལ་སོགས་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་དང་དེས་རྟོགས་ཟིན་ལ་ཕྱིས་འཇུག་པ་བཅད་ཤེས་སོ་གསུང་ངོ༌། །བཅོམ་རལ་ནི། ཚད་མིན་གྱི་ནང་ནས་སྔར་འདྲིས་པའི་ཡུལ་བདག་མེད་མ་བརྗེད་པར་འཛིན་པའི་དྲན་པ་ཡིན་ནོ་ཞེས་སོ། །ཆུ་མིག་པ་ནི། རྗེས་དཔག་དང་རྟོག་པ་བཅད་ཤེས་དང་ཡིད་དཔྱོད་ཅི་རིགས་ཡིན་ཞེས་དང༌། སྒྲ་དོན་འཛིན་པའི་རྟོག་པ་ཡིན་ཞེས་སོགས་འདོད་དོ། །རང་ལུགས་ཀྱི་བཞེད་པ་ནི། རྟོག་པ་རྟོག་མེད་མངོན་སུམ་རྗེས་དཔག་དུ་མ་ཡོད་ལ། དེའི་ནང་ནས་ཐེག་པ་རང་ལམ་གྱི་བསྒོམ་བྱའི་གཙོ་བོའི་བདག་མེད་སྒོམ་པའི་སྦྱོར་ལམ་དེ། ཐེག་པ་རང་རང་གི་བསྒོམ་བྱའི་བདག་མེད་ལ་རྟོག་པ་ཡིན་ནོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

སྦྱོར་ལམ་ཡིན་ན་ཚོགས་ལམ་གྱི་རྗེས་སུ་སྐྱེས་པ་དང༌། སྒོམ་བྱུང་དང༌། སོ་སྐྱེའི་ལམ་དང་གསུམ་གའི་གཞི་མཐུན་དགོས་པར་ཐལ།ཉ་ཊཱིཀ་ལས། དེའི་མཚན་ཉིད་ནི། ཚོགས་ལམ་གྱི་རྗེས་ཀྱི་སོ་སྐྱེའི་སྒོམ་བྱུང་གི་ཡེ་ཤེས་གང་ཞིག བདེན་པ་མངོན་སུམ་དུ་རྟོགས་པ་དང་རྗེས་སུ་མཐུན་པ། ཞེས་དང༌། མཚན་ཉིད་ནི། ཐར་ཆའི་རྗེས་ཀྱི་ཐར་ལམ་གང་ཞིག བདེན་པ་མངོན་རྟོགས་ལ་སྦྱོར་བའི་སོ་སྐྱེའི་ལམ། ཞེས་གསུངས་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། དེ་ལ་ཚོགས་ལམ་གྱི་རྗེས་སུ་སྐྱེས་པ་མི་དགོས་པ་གང་ཞིག སྒོམ་བྱུང་དང་སོ་སྐྱེས་ཀྱི་ལམ་ཡང་ཡིན་མི་དགོས་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། ཚོགས་ལམ་དང་དུས་མཉམ་པའི་སྦྱོར་ལམ་དང༌། ཚོགས་ལམ་གྱི་རྒྱུར་གྱུར་བའི་སྦྱོར་ལམ་ཡོད་པའི་ཕྱིར། དེར་ཐལ། ཚོགས་ལམ་གྱི་རང་དུས་སུ་ལམ་ལྔ་རྒྱུད་ལྡན་གྱི་གང་ཟག་ཡོད་པ་གང་ཞིག ཚོགས་ལམ་པ་ལ་ཆོས་སྟོན་མཁན་གྱི་སྦྱོར་ལམ་པ་དང༌། ཚོགས་ལམ་ཡང་སངས་རྒྱས་ཀྱི་འཕྲིན་ལས་ཡིན་པས་དེའི་རྒྱུར་གྱུར་པའི་རྣམ་མཁྱེན་སོགས་གྲུབ་པ་དང༌། ཚོགས་ལམ་གྱི་རྒྱུར་གྱུར་པའི་བཀའ་ཡོད་ལ། བཀའ་དེ་ཡང་རང་རྒྱུ་རྣམ་མཁྱེན་གྱི་བདག་རྐྱེན་ལས་བྱུང་དགོས་པ་བཀའི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར་རོ། །གོང་གི་རྟགས་ཟུར་གཉིས་པ་གྲུབ་སྟེ། སྦྱོར་ལམ་དུ་གྱུར་པའི་ཐོས་བསམ་ཡོད་པའི་ཕྱིར་རོ། །གོང་གི་རྟགས་ཟུར་གསུམ་པ་གྲུབ་སྟེ། དགྲ་བཅོམ་རྟོགས་པ་སྔོན་སོང་གི་བྱང་སེམས་སྦྱོར་ལམ་དེ་འཕགས་ལམ་ཡིན་པའི་ཕྱིར་ཏེ། དེ་རྒྱུད་ལྡན་གྱི་གང་ཟག་འཕགས་པ་ཡིན་པའི་ཕྱིར་ཏེ། ཉ་ཊཱིཀ་ལས། ཚོགས་ལམ་པ་ལ་སོ་སྐྱེས་མ་ཁྱབ་པོ། དེས་ན་འཕགས་པའི་ཆ་དེ་སྔར་གྱི་དགྲ་བཅོམ་གྱི་སྤངས་པ་དང་རྟོགས་པའི་རིགས་ཡོད་པས་ཕྱེ་ལ། ད་ལྟ་ནི་ཐེག་ཆེན་གྱི་ཚོགས་ལམ་པ་ཡིན་ཞེས་བྱའོ། །ཞེས་གསུངས་པས་སོ། །འོན་ཀྱང་ཅུང་ཟད་དཔྱད་རྒྱུར་སྣང༌། ཡང་ཉ་ཊཱིཀ་ལས། སྤྱིར་ཚོགས་སྦྱོར་བ་གཉིས་ཀ་མོས་སྤྱོད་པ་ཡིན་ཏེ། ཀུན་བཏུས་འགྲེལ་བར། མོས་པས་སྤྱོད་པ་ཅན་གྱི་བྱང་ཆུབ་སེམས་དཔའ་ནི་རིགས་ལ་གནས་པ་ཐོག་མར་སྨོན་ལམ་ཆེན་པོ་བཏབ་པ་ནས་བཟུང་ནས་རབ་ཏུ་དགའ་བའི་ས་ལ་མ་ཞུགས་ཀྱི་བར་དུ་སྟེ་སོ་སོ་རང་གི་འཇིག་རྟེན་ལས་འདས་པ་ཐོབ་པ་མེད་པའི་ཕྱིར་རོ། །ཞེས་སོ། །ལུང་གི་སྙེ་མར། མོས་སྤྱོད་པ་སྦྱོར་ལམ་པ་ཁོ་ནར་བཤད་པ་ནི་ནོར་རོ། །ཞེས་གསུངས་པ་ལ། མོས་སྤྱོད་པ་ལ་སྦྱོར་ལམ་པ་ཁོ་ན་ཡིན་པར་ཐལ། ཚོགས་ལམ་ཡང་སྦྱོར་ལམ་ཡིན་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ས་འགྲེལ་ལས། ངོ་བོ་ནི་སྦྱོར་བའི་ལམ་གང་ཞེ་ན་ཚོགས་གང་ཡིན་པ་སྦྱོར་བ་ཡང་དེ་ཡིན་ནོ། །སྦྱོར་བ་ཡིན་ལ་ཚོགས་མ་ཡིན་པ་ཡང་ཡོད་དེ། ཚོགས་བསགས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམས་ཏེ་དེ་ནི་དྲོ་བར་གྱུར་པ་དང༌། རྩེ་མོ་དང་བདེ་པའི་རྗེས་སུ་མཐུན་པའི་བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་སོ། །ཞེས་གསུངས་པ་ལྟར་དྲོད་ཡན་ཆད་ན་ཡོད་པའི་སོ་སོ་སྐྱེ་བོའི་ཚུལ་ཁྲིམས་ལ་སོགས་པའང་སྦྱོར་ལམ་ཡིན་ལ། སྦྱོར་ལམ་ཁོ་ན་ཡིན་པ་ནི་ཚོགས་ལམ་རྫོགས་ནས་མཐོང་ལམ་སྐྱེ་བ་དང་རྗེས་སུ་མཐུན་པ་དྲོ་བ་ལ་སོགས་པ་བཞི་ཡིན་ཞིང༌། ཞེས་གསུངས་པའི་ཕྱིར་ཞེ་ན་དཔྱད། ཡང་ཉ་ཊཱིཀ་ལས།མཚན་ཉིད་ནི། བྱང་སེའི་སྦྱོར་ལམ་གང་ཞིག སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པ་སྟེ། ཞེས་གསུངས་པ་ལ། བྱང་སེམས་སྦྱོར་ལམ་དྲོད་ཡིན་ན་སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང་མཚུངས་ལྡན་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་ཏིང་ངེ་འཛིན་ཆོས་ཅན། དེར་ཐལ། དེའི་ཕྱིར་ཞེ་ན་དཔྱད། གཞན་ཡང་བྱང་སེམས་དྲོད་ཡིན་ན་སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང་མཚུངས་ལྡན་་རྣམ་པ་ལྔ་མཚུངས་དགོས་པར་ཐལ། དེ་དང་མཚུངས་ལྡན་དགོས་པའི་ཕྱིར། འདོད་ན་རྟེན་མཚུངས་པ་དགོས་པར་ཐལ། འདོད་པའི་ཕྱིར་ཞེས་སོགས་དཔྱད། ཡང་ཐེག་ཆེན་སྦྱོར་ལམ་ཆོས་མཆོག་ཡིན་ན་མཐོང་ལམ་གྱི་དེ་མ་ཐག་པའི་ཏིང་ངེ་འཛིན་ཡིན་པས་ཁྱབ་པར་ཐལ། ཉ་ཊཱིཀ་ལས། མཚན་ཉིད་ནི། གང་ཞིག དེ་མ་ཐག་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཐེག་ཆེན་སྦྱོར་ལམ་ཆོས་མཆོག་ཆུང་ངུ་ཆོས་ཅན།དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ཐེག་ཆེན་མཐོང་ལམ་དང་དེ་གཉིས་ཀྱི་བར་དུ་བསྐལ་ཆེན་དུ་མ་ཡོད་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །སྦྱོར་ལམ་ལ་བློ་རིག་གང་ཡོད་ཞེ་ན། ཀུན་བཏུས་ས་འགྲེལ་ལས། མཚན་ཉིད་ནི། མྱ་ངན་ལས་འདས་པར་བགྲོད་པའི་གཞི་གང་ཞིག་དོན་མངོན་པར་རྟོགས་པའི་གནས་སྐབས་ཀྱིས་བསྡུས་པའོ། །སྤངས་རྟོགས་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཀུན་བརྟགས་པ་རྣམས་རྣམ་པར་གནོན་པའི་ཚུལ་གྱིས་སྤོང་ཞིང༌། བདེན་པ་རྣམས་ལ་ཆོས་ཀྱི་བདག་གི་ཕྱེད་གཟུང་བ་རང་བཞིན་མེད་པར་རྟོགས་པའོ། །དེའི་མཉམ་གཞག་གི་བློ་ནི་རྣལ་འབྱོར་མངོན་སུམ་དང༌། དྲན་པ་བཅད་ཤེས་དང༌། ཡིད་དཔྱོད་དང༌། ལོག་ཤེས་ལ་སོགས་པར་ཡང་འདོད་མོད། སོ་སོ་རང་གིས་ཞེས་གསུངས་པས་རང་རིག་གཙོ་ཆེ་བ་ཉིད་དོ། །ཞེས་གསུངས་སོ། །འོན་ཀྱང་རང་རིག་གཙོ་ཆེ་བ་ཉིད་དོ། །ཞེས་པ་གསུངས་པའི་རང་རིག་ནི་རང་རིག་མཚན་ཉིད་པ་ཡིན་ན་ཉ་ཊཱིཀ་ལས།རང་རིག་མངོན་སུམ་ཡིན་ན་སོ་སྐྱེ་ལས་འོས་མེད་ལ་དེ་ཡིན་ན་ཁོའི་ཡུལ་དེ་ཉམས་སུ་མྱོང་ཞིང་རྫས་གཅིག་པ་དགོས་པས་ཆོས་ཉིད་མྱོང་བ་དང་རྫས་གཅིག་གང་ཡང་མིན་པས་སོ། །ཞེས་གསུངས་པ་དང་འགལ་ལ། དེས་ན་གཟུང་བ་བདེན་མེད་རྟོགས་ཚབས་ཆེ་བས་བཟུང་བ་ཡུལ་གྱི་སྣང་བ་ཡོད་པ་རྣལ་འབྱོར་བ་རང་གི་མྱོང་བས་ངེས་མི་ནུས་པས་སྦྱོར་ལམ་མཉམ་བཞག་ལ་རང་རིག་གི་མིང་གིས་བཏགས་པ་འདྲའོ། །ཡང་ཐེག་ཆེན་སྦྱོར་ལམ་མཉམ་བཞག་ཡེ་ཤེས་དེ་མ་འཁྲུལ་བ་དང་རྣལ་འབྱོར་མངོན་སུམ་ཡིན་པར་ཐལ། ཉ་ཊཱིཀ་ལས། དེས་ན་ཆོས་ཉིད་གསལ་སྣང་ཅན་དང་སོ་སྐྱེའི་འཁྲུལ་ཤེས་སུ་བཞེད་པ་ནི་ནང་འགལ་བ་སྟེ། ཆོས་ཉིད་རྣམ་འབྱེད་དུ། དེ་སྣང་ཆོས་ཉིད་མི་སྣང་ཞིང༌། །དེ་མི་སྣང་བས་ཆོས་ཉིད་སྣང༌། །ཞེས། གཟུང་འཛིན་གཉིས་སུ་སྣང་ན་དེ་མི་སྣང་བར་བཤད་ལ་སོ་སྐྱེའི་རྟོག་མེད་འཁྲུལ་ཤེས་ཡིན་ན་གཉིས་སྣང་གི་ལོག་ཤེས་ལས་མ་འདས་སོ། །སོ་སྐྱེའི་རྟོག་མེད་འཁྲུལ་ཤེས་ཡིན་ན། ཡུལ་མ་ངེས་པ་ཡིན་ལ། འདིས་གཟུང་འཛིན་བདེན་སྟོང་གི་མཚན་ཉིད་མ་ངེས་ན་གཟུང་འཛིན་གྱི་རྣམ་གཡེང་ཅི་ལྟར་སྤོང༌། སྤྱིའི་ཚུལ་གྱིས་རྟོགས་ན་ནི་སྒྲ་དོན་འཛིན་པའི་རྟོག་པར་འགྱུར་རོ། །དེས་ན་བློའི་ངོ་བོ་ཡང་དག་པའི་དོན་བསྒོམས་པ་ལས་བྱུང་བའི་ཡེ་ཤེས་ཆོས་ཉིད་གསལ་སྣང་ཅན་ཡིན་པས་རྣལ་འབྱོར་མངོན་སུམ་དུ་ཁས་བླང་དགོས་ཏེ། དེ་ཡིན་ན་མངོན་སུམ་ལས་མ་འདས་ཤིང་དབང་ཡིད་མངོན་སུམ་མིན་པའི་རྒྱུ་མཚན་སླ་ཞིང༌། རང་རིག་མངོན་སུམ་ཡིན་ན་སོ་སྐྱེ་ལས་འོས་མེད་ལ་དེ་ཡིན་ན་ཁོའི་ཡུལ་དེ་ཉམས་སུ་མྱོང་ཞིང་རྫས་གཅིག་པ་དགོས་པས་ཆོས་ཉིད་མྱོང་བ་དང་རྫས་གཅིག་གང་ཡང་མིན་པས་སོ། །འོ་ན་མཐོང་སྤང་སྤངས་པར་ཐལ། ཆོས་ཉིད་མངོན་སུམ་དུ་མཐོང་བས་སོ་ཞེ་ན། ས་དང་པོས་ཀྱང་མཆོག་གི་དོན་ལ་སོགས་པའི་ཆོས་ཉིད་དགུའི་སྒྲིབ་པ་སྤངས་པར་ཐལ། དེ་དགུ་མངོན་སུམ་དུ་མཐོང་བས་སོ་ཞེས་སོགས་ངེས་པར་མཚུངས་སོ། །ངོ་བོ་ཀུན་འབྱུང་གིས་བསྡུས་པར་བསྡུ་བར་བཤད་པ་དང་འགལ་ཞེ་ན། སྤྱིར་ཟག་བཅས་ཀྱི་སྦྱོར་ལམ་ཙམ་ལ་དགོངས་པའམ་རྒྱུད་དབང་བཙན་པར་མཛད་པའོ། །འཕགས་པར་ཐལ་ལོ་ཞེ་ན། མཐོང་སྤང་སྤངས་པའི་ཚུལ་གྱིས་ཆོས་ཉིད་མཐོང་བ་མིན་པས་དེ་ཙམ་གྱིས་དེར་མི་འགྱུར་རོ། །འགྱུར་ན་ས་དང་པོ་པའང་སྒོམ་ལམ་དགུ་གང་རུང་གི་ཨཱརྱར་ཐལ། མཆོག་གི་དོན་སོགས་ཆོས་ཉིད་དགུ་མངོན་སུམ་དུ་མཐོང་བས་སོ་ཞེས་མཚུངས་སོ། །མི་འདྲ་སྟེ་སྒོམ་སྤང་རིམ་གྱིས་སྤོང་དགོས་པས་སོ་ཞེ་ན།མཐོང་སྤང་ཡང་ཕྲ་རགས་རིམ་གྱིས་སྤོང་དགོས་སོ། །དེ་མིན་ན་མཐོང་ལམ་གྱིས་མཐོང་སྤང་མངོན་གྱུར་སྤོང་བ་དང༌། སྡུག་བསྔལ་ཆོས་བཟོད་ཀྱིས་ཀུན་སྤོང་བས་ཀུན་འབྱུང་ཆོས་བཟོད་སོགས་དོན་མེད་པར་འགྱུར་རོ། །དེ་བཞིན་དུ། དབུས་མཐར། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག །ཅེས་པའང་སྦྱོར་ལམ་ཙམ་དང་རྒྱུད་དབང་བཙན་པར་མཛད་པའོ། །རྒྱུད་བླར། སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག །བདེན་པ་མཐོང་བ་བཟློག་པ་སྟེ། །ཞེས་པའང་སོ་སྐྱེ་སྤྱིར་བཏང་གི་དབང་དུ་མཛད་པའོ། །དེ་མིན་ན་སྣང་བ་ཐོབ། མཆེད་ཅེས་སོགས་དང་འགལ་ལོ། །ཞེས་གསུངས་པའི་ཕྱིར་ཞེ་ན། དེའི་དགོངས་པ་གཞན་དུ་འཚོལ་དགོས་ཏེ། ཉ་དབོན་པ་རང་གི་དགོངས་པ་ནི། ཕར་ཕྱིན་ཡིད་ཀྱི་མུན་སེལ་གྱི་ཡེ་ཤེས་ཚོགས་ཀྱི་སྐབས་སུ། ཡུལ་ཅན་ཡེ་ཤེས་ཀྱི་ས་མཚམས་འཇོག་ན། ཐེག་ཆེན་ཚོགས་ལམ་དུ་སྤྱིའི་ཚུལ་གྱིས་རྟོགས། སྦྱོར་ལམ་དུ་གསལ་སྣང་སྐྱེས་པའི་ཚུལ་གྱིས་རྟོགས། མཐོང་ལམ་དུ་གསར་དུ། སྒོམ་ལམ་དུ་མཐོང་ཟིན་གོམས། སངས་རྒྱས་སར་སྒྲིབ་པ་ཐམས་ཅད་དང་བྲལ་བས་མཐར་ཕྱིན་པའི་ཚུལ་གྱིས་རྟོགས་སོ། །ཞེས་དང༌། དེའི་སྐབས་གཉིས་པ་ལས། ཆོས་ཉིད་སྔར་མ་མཐོང་བ་གསར་དུ་མངོན་སུམ་དུ་མཐོང་བས་མཐོང༌། དེ་ཁོ་ནའི་དོན་ཚོལ་བས་སམ་བྱང་ཆུབ་ཏུ་བགྲོད་པས་ལམ་མོ། །ཞེས་དང༌། ཆོས་རྗེ་ཉའི་ལྟ་སྒོམ་སྤྱོད་གསུམ་གྱི་དྲིས་ལན་ཡིད་ཀྱི་མུན་སེལ་ལས། ལུང་རིགས་རྣམ་དག་གིས་ཆོས་ཀུན་དེ་ཁོ་ན་ཉིད་དུ་སྤྲོས་བྲལ་སྤྱིའི་རྟོགས་པའི་ཤེས་རབ་གཙོ་བོར་གྱུར་པ་དང༌། དེ་འདྲའི་སྤྲོས་བྲལ་ལམ་སྟོང་ཉིད་ལ་གསལ་སྣང་སྐྱེས་པའི་འཇིག་རྟེན་པའི་སྒོམ་བྱུང་གི་ཤེས་རབ་གཙོ་བོར་གྱུར་པ་དང༌། དེ་འདྲའི་སྤྲོས་བྲལ་ལམ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པ་སློབ་པའི་ཤེས་རབ་གཙོ་བོར་གྱུར་པ་དེ་རྣམས་ཀྱང་ཡང་དག་པའི་ལྟ་བ་མཚན་ཉིད་པ་ཡིན་ཞིང༌། ཞེས་མཐོང་ལམ་མ་གཏོགས་སྦྱོར་ལམ་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པར་མ་གསུངས་པའི་ཕྱིར་ན་ཉ་དབོན་པ་རང་གི་ཐུགས་དགོངས་ལ། སྦྱོར་ལམ་རྣལ་འབྱོར་མངོན་སུམ་མ་ཡིན་པ་དང༌། སྦྱོར་ལམ་མཉམ་བཞག་ཡེ་ཤེས་ཀྱིས་སྟོང་བ་ཉིད་མངོན་སུམ་དུ་མ་རྟོགས་པར་བཞེད་ཅེས་གསུང་ཚུལ་ཞིག་ཡོད་སྙམ། དེ་ལྟ་མ་ཡིན་ན། རྒྱུད་བླ་མ་ལས། སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག །བདེན་པ་མཐོང་བ་བཟློག་པ་སྟེ། ། ཞེས་དང༌། ཞི་བ་འཚོས། ཚུར་རོལ་མཐོང་བ་ཐམས་ཅད་ཀྱི། །སེམས་ནི་དེ་ལ་ནོར་བའི་ཕྱིར། །ཡང་དག་དངོས་པོ་ཅུང་ཟད་ཀྱང༌། །མངོན་སུམ་དག་ནི་གྲུབ་པ་མེད། །ཅེས་དང༌།དབུས་མཐའ་ལས། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག །ཅེས་དང༌། མཛོད་ལས། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། ། ཞེས་དང༌། རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད་གཏན་ཚིགས་དོན་བསྡུས་ལས། སྒོམ་བྱུང་འཕགས་པའི་ཤེས་པ་རྟོག་བྲལ་མ་འཁྲུལ་བ་ཞེས་པའོ། །ཉན་ཐོས་འཕགས་པའི་རྒྱུད་ཀྱི་སྒོམ་བྱུང་ཤེས་པ་རྟོག་བྲལ་མ་འཁྲུལ་བ་ཞེས་སོགས་འདོན་པ་བསྒྱུར་རོ། །ཞེས་སོགས་དང་འགལ་བར་འགྱུར་བར་སྣང་ངོ༌། །གཞན་ཡང་ས་བཟང་མ་ཏི་པཎ་ཆེན་གྱི་རྒྱུད་བླའི་འགྲེལ་བ་རབ་གསལ་སྣང་བ་ལས། ཆོས་ཉིད་མངོན་སུམ་གྱིས་གསར་དུ་མཐོང་ཞིང༌། ཞེས་དང༌། བླང་དོར་རབ་གསལ་ལས། མཐོང་བའི་ལམ་དུ་འཕགས་པའི་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་དུ་གསར་དུ་མཐོང་བ་ན། གཟུང་འཛིན་གཉིས་ཀ་མེད་པར་རྟོགས་པ་ཡེ་ཤེས་སྐད་ཅིག་བཅུ་དྲུག་རིམ་གྱིས་འཆར། ཞེས་གསུངས་པས་སྦྱོར་ལམ་གྱི་སྐབས་སུ་ཆོས་ཉིད་མངོན་སུམ་དུ་མཐོང་བ་མ་ཡིན་པར་གོ་ནུས་ཏེ། སྦྱོར་ལམ་གྱི་སྐབས་སུ་དེ་མངོན་སུམ་དུ་རྟོགས་ཡོད་ན་མཐོང་ལམ་གྱིས་མངོན་སུམ་དུ་གསར་དུ་མ་རྟོགས་པ་ཡིན་དགོས་ཀྱང་མཐོང་ལམ་གྱིས་གསར་དུ་མངོན་སུམ་དུ་རྟོགས་པར་གསུངས་པའི་ཕྱིར་རོ། །དེས་ན་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་བཞེད་པ་ནི། གང་གི་ཕར་ཕྱིན་མདོ་ལུགས་མ་ལས། རྒྱལ་ཚབ་མི་ཕམ་མགོན་པོའི་དགོངས་པ་ནི། མདོ་སྡེ་རྒྱན་ལས། དེ་ནས་དེ་འདྲར་འགྱུར་བ་ཡི། །བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ༌། །ཞེས་ཚོགས་ལམ་གྱི་རྗེས་དེ་ནས་དྲོད་ཀྱི་གནས་སྐབས་དེ་འདྲར་འགྱུར་བའི་བྱང་ཆུབ་སེམས་དཔའ་མཉམ་པར་བཞག་པ་དེས་ཡིད་ཀྱི་བརྗོད་པ་རང་དང་སྤྱིའི་མཚན་ཉིད་དུ་སྣང་བར་མཐོང་བ་མ་གཏོགས་པ་གཟུང་བའི་དོན་ཀུན་རབ་ཏུ་མི་མཐོང་བ་ནི་དྲོད་ཀྱི་ཡེ་ཤེས་སོ། །ཞེས་དང༌། དེས་ན་ངེས་འབྱེད་ཡན་ལག་རྣམ་བཞི་པོ་འདི་ནི་རྣམ་པར་རྟོག་པ་མ་ཡིན་ནོ། །ཞེས་དང༌། དེས་ན་དྲན་པ་ཉེར་བཞག་ནས་ངེས་འབྱེད་ཆ་མཐུན་གྱི་བར་གྱི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱང་མ་ཡིན་ལ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཁམས་གསུམ་གྱིས་བསྡུས་པའི་སེམས་བྱུང་ཡང་མ་ཡིན་ཞིང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྗེས་མཐུན་པ་ཡིན་པར་གསུངས། ཞེས་གསུངས་ལ། གོང་གི་དེས་ཡིད་ཀྱི་བརྗོད་པ་རང་དང་སྤྱིའི་མཚན་ཉིད་དུ་སྣང་བར་མཐོང་བ། ཞེས་སོགས་ཀྱིས་སྦྱོར་ལམ་མཉམ་བཞག་ཡེ་ཤེས་སྟོང་བ་ཉིད་ལ་དོན་སྤྱི་ཕྲ་མོས་སྒྲིབ་པའི་རྟོག་པ་ཡིན་པར་གྲུབ་པའོ། །འོ་ན་རྗེ་ཏཱ་ར་ནཱ་ཐའི་སྔོན་མེད་ལེགས་བཤད་དུ། སྦྱོར་ལམ་དེ་ཆོས་ཉིད་ལ་གསལ་སྣང་ནི་ཐོབ་པ་ཡིན་ཞིང༌། མི་རྟོག་པའི་ཚུལ་གྱིས་ཆོས་ཉིད་ཅུང་ཟད་རང་གི་རིག་པ་ཡང་ཡིན་ལ། རྣལ་འབྱོར་མངོན་སུམ་གྱིས་རྟོགས་པ་ནི་མ་ཡིན་པ་དང༌། གཟུང་འཛིན་གྱི་རྣམ་རྟོག་གློ་བུར་བ་རྣམས་རིམ་གྱིས་འགག་པར་འགྱུར་བ་ཡིན་པ་དང༌། གང་མངོན་གྱུར་བ་མ་འགགས་པའི་རྟོག་པ་དེ་དང་དེ་ཡང་མཉམ་བཞག་ཏུ་མི་འབྱུང་མོད་ཀྱི། རྗེས་ཐོབ་ཏུ་དེ་དག་འབྱུང་ཞིང༌། དེ་དག་མ་སྤངས་པའི་སྟོབས་ཀྱིས་མཉམ་བཞག་ཀྱང་ཅུང་ཟད་མི་གསལ་བ་ཡིན་ནོ། །སྦྱོར་ལམ་གྱི་ཡེ་ཤེས་འདི་ཀུན་ཀྱང་མི་རྟོག་པ་སྤྲོས་བྲལ་གྱི་རྣམ་པ་ཅན་ཡིན་པས། བར་བར་ན་རྣམ་པར་རྟོག་པའི་འཛིན་པ་དང་ཅུང་ཟད་འདྲེས་པ་ཡོད་ཀྱང་རང་གི་ངོ་བོ་རྟོག་པ་ནམ་ཡང་མ་ཡིན་ཞིང༌། ཆོས་ཉིད་ཅུང་ཟད་ཙམ་གསལ་ལ་ཅུང་ཟད་མི་གསལ་བ་ནི། དཔེར་ན་སང་རས་ཀྱིས་གདོང་གཡོགས་ཏེ་དངོས་པོ་ལ་བལྟས་པ་བཞིན་ནོ། །ཞེས་སྦྱོར་ལམ་མཉམ་བཞག་རྣལ་འབྱོར་མངོན་སུམ་མ་ཡིན་པར་ཅུང་ཟད་གསལ་སྣང་དང་བཅས་པའི་རྟོག་མེད་ཡིན་པར་གསུངས་སོ། །འོན་ཀྱང་འདིར་རྟོག་མེད་ཅེས་པ་དང༌། རང་གི་ངོ་བོ་རྟོག་པ་ནམ་ཡང་མ་ཡིན། ཞེས་དང༌། ངེས་འབྱེད་ཡན་ལག་རྣམ་བཞི་པོ་འདི་ནི་རྣམ་པར་རྟོག་པ་མ་ཡིན་ནོ། །ཞེས་སོགས་ཀྱི་དོན་གང་ཞེ་ན། འདིའི་སྐབས་ཀྱི་རྟོག་པ་མིན་གསུངས་པ་ནི། སྦྱོར་ལམ་མཉམ་བཞག་ལ་ཆགས་སྡང་སོགས་རྟོག་པ་མ་ཟད་ཤེས་རབ་ཀྱིས་འདི་ཡིན་འདི་མིན་སྙམ་དུ་སོ་སོར་དཔྱོད་པའི་རྟོག་པ་དང༌། འདུ་ཤེས་ཀྱིས་འདི་སྟོང་ཉིད་དོ་སྙམ་དུ་མིང་དོན་གྱི་མཚན་མར་ཆེད་དུ་འཛིན་པའི་རྟོག་པ་སོགས་མ་ཡིན་པའི་དོན་ཡིན་པར་སྣང་སྟེ། ཕར་ཕྱིན་མདོ་ལུགས་མ་ལས། སྐབས་འདིའི་རྟོག་པ་ནི་ཚུལ་བཞིན་མ་ཡིན་པར་མངོན་པར་ཞེན་པའི་བདག་ཉིད་ཡིན། ཞེས་དང༌། ཐེག་མཆོག་དབུ་མའི་རྩ་འགྲེལ་དུ་ཡིད་ཀྱི་རྣམ་ཤེས་ཉོན་ཡིད་སོགས་གཙོ་སེམས་ལ་དོན་གྱི་ངོ་བོ་ཙམ་ལས་དོན་གྱི་ཁྱད་པར་འདིའོ་སྙམ་པའི་འགྱུ་རྟོག་མེད་པ་ཡིན་པས་རྟོག་མེད་ཡིན་པར་གསུངས་པ་སོགས་རྗེ་བཙུན་རིན་པོ་ཆེའི་ཐེག་མཆོག་དབུ་མ་སོགས་སུ་རྟོག་པ་ཞེས་པ་སྐབས་མང་པོར་འགྱུ་བའི་རྣམ་རྟོག་ལ་བྱེད་པ་མང་བའི་ཕྱིར་རོ། །དེས་ན་རྣམ་འགྲེལ་ལས། རྟོག་པའི་དྲ་བ་རྣམ་བསལ་བས། །གསལ་བ་ཉིད་དུ་སྣང་བ་ཡིན། །ཞེས་དང༌། གསལ་བར་སྣང་བ་ཅན་བློ་གང༌། །དེ་ནི་དེ་ལ་རྟོག་མེད་འདོད། །ཅེས་པའི་སྒྲ་དོན་དང་བྲལ་བའི་རྟོག་མེད་མ་ཡིན་པར་སྣང་ངོ༌། །ཡང་རང་རིག་གཙོ་ཆེ་བར་གསུངས་ཟིན་ལ་ཡོད་དེ། ཀུན་བཏུས་ལས། དྲོ་བར་གྱུར་པ་གང་ཞེ་ན།སོ་སོ་རང་གིས་བདེན་པ་རྣམས་ལ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང༌། ཤེས་རབ་མཚུངས་ལྡན་དང་བཅས་པའོ། །རྩེ་མོ་གང་ཞེ་ན། སོ་སོ་རང་གིས་བདེན་པ་རྣམས་ལ་སྣང་བ་མཆེད་པའི་ཏིང་ངེ་འཛིན་དང༌། ཤེས་རབ་མཚུངས་ལྡན་དང་བཅས་པའོ། །བདེན་པའི་རྗེས་སུ་མཐུན་པའི་བཟོད་པ་གང་ཞེ་ན། སོ་སོ་རང་གིས་བདེན་པ་རྣམས་ཀྱི་ཕྱོགས་གཅིག་ལ་ཞུགས་པ་དང་རྗེས་སུ་སོང་བའི་ཏིང་ངེ་འཛིན་དང༌། ཤེས་རབ་མཚུངས་ལྡན་དང་བཅས་པའོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་གང་ཞེ་ན། སོ་སོ་རང་གིས་བདེན་པ་རྣམས་ལ་དེ་མ་ཐག་པའི་སེམས་ཀྱི་ཏིང་ངེ་འཛིན་དང༌། ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ཞེས་དང༌། དེའི་ས་འགྲེལ་ལས། སྦྱོར་ལམ་གྱི་སྤྱི་དོན་ལ། མཚན་ཉིད་ནི། མྱ་ངན་ལས་འདས་པར་བགྲོད་པའི་གཞི་གང་ཞིག་དོན་མངོན་པར་རྟོགས་པའི་གནས་སྐབས་ཀྱིས་བསྡུས་པའོ། །སྤངས་རྟོགས་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཀུན་བརྟགས་པ་རྣམས་རྣམ་པར་གནོན་པའི་ཚུལ་གྱིས་སྤོང་ཞིང༌། བདེན་པ་རྣམས་ལ་ཆོས་ཀྱི་བདག་གི་ཕྱེད་གཟུང་བ་རང་བཞིན་མེད་པར་རྟོགས་པའོ། །དེའི་མཉམ་གཞག་གི་བློ་ནི་རྣལ་འབྱོར་མངོན་སུམ་དང༌། དྲན་པ་བཅད་ཤེས་དང༌། ཡིད་དཔྱོད་དང༌། ལོག་ཤེས་ལ་སོགས་པར་ཡང་འདོད་མོད། སོ་སོ་རང་གིས་ཞེས་གསུངས་པས་རང་རིག་གཙོ་ཆེ་བ་ཉིད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེའི་དགོངས་པ་ནི། མཚུངས་ལྡན་གྱི་ཏིང་ངེ་འཛིན་དང་ཤེས་རབ་ཅེས་གསུངས་པས་རང་རིག་དངོས་ལ་བྱེད་མི་དགོས་པར་སྣང་བའི་ཕྱིར་རོ། །འོན་ཀྱང་མཁས་མཆོག་དེ་དག་གི་བཞེད་དགོངས་ནི། ཟབ་ཅིང་རྒྱ་ཆེ་བས་ཇི་བཞིན་དུ་དཔོག་དཀའ་ཡང་རེ་ཞིག་རང་གི་རྣམ་པར་རྟོག་པ་ལ་ཤར་ཙམ་བྲིས་པ་ཡིན་པས་གཟུར་གནས་མཁས་དབང་རྣམས་ཀྱིས་སླར་དཔྱད་པར་བྱའོ། ། སྔགས་ཐུན་མོང་མ་ཡིན་པའི་ལུགས་ལ་སོ་སྐྱེས་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཡོད་དེ། བསྟན་བཅོས་སྙིང་པོ་ངེས་པ་ལས། ལས་དང་པོས་ཀྱང་སྙིང་པོ་ཅུང་ཟད་མཐོང༌། །གསང་སྔགས་ཐུན་མོང་མིན་པའི་ཐབས་ལས་སོ། །ཞེས་དང༌། ལྷན་ཐབས་འོད་བརྒྱ་འབར་བ་ལས། ཉན་རང་འཕགས་པ་དང་གསང་སྔགས་ཀྱི་ཐབས་ཟབ་མེད་ན་བྱང་སེམས་སོ་སྐྱེ་རྣམས་ཀྱིས་དད་པས་རྟོགས་བྱ་ཡིན་གྱི་དངོས་སུ་མཐོང་བ་མེད། ཅེས་གསུངས་སོ། །གཉིས་པ་ཐེག་ཆེན་གྱི་སྦྱོར་ལམ་དེ་ཐེག་དམན་གྱི་སྦྱོར་ལམ་ལས་ཁྱད་པར་འཕགས་ཚུལ་བཤད་པ་ལ།རྩ་བར། དམིགས་པ་དང་ནི་རྣམ་པ་དང༌། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །དྲོད་སོགས་བདག་ཉིད་ཇི་བཞིན་དུ། །རྣམ་རྟོག་བཞི་བོ་ལྡན་རྟེན་པ། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཉན་ཐོས་བསེ་རུ་ལྟ་བུ་དང༌། །བཅས་པ་དག་ལས་ཁྱད་པར་འཕགས། །ཞེས་གསུངས་སོ། །དེ་ལ་ཁྱད་པར་འཕགས་ཚུལ་བཤད་པ་ལ། སྤྱི་དོན་དང༌། མཐའ་རགས་ཙམ་དཔྱད་པ་དང་གཉིས་ལས།དང་པོ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་ལ།

ཐེག་ཆེན་གྱི་སྦྱོར་ལམ་ཁྱད་པར་བཞི་ལྡན་བསྟན་པ།

ཐེག་ཆེན་གྱི་སྦྱོར་ལམ་ཁྱད་པར་བཞི་ལྡན་བསྟན་པ་དང༌།

ཐེག་དམན་གྱི་སྦྱོར་ལམ་ཁྱད་པར་བཞི་བྲལ་བསྟན་པ་དང་གཉིས། དང་པོ་ནི། བྱང་ཆུབ་སེམས་དཔའི་ངེས་པར་འབྱེད་པའི་ཆ་མཐུན་པ་དྲོད་སོགས་ནི། ཉན་རང་གི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དྲོད་སོགས་ལས་ཆོས་སྤྱོད་དམ་ཁྱད་ཆོས་བཞིས་ཁྱད་པར་དུ་འཕགས་པ་ཡིན་ལ། ཁྱད་གཞི་བྱང་ཆུབ་སེམས་དཔའི་ངེས་འབྱེད་ཆ་མཐུན་ནི་གང་ཞེ་ན། བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་སྐྱོབ་པའི་བསམ་པ་ཅན་དེའི་སྦྱོར་ལམ་དྲོད་དང་སོགས་པའི་སྒྲས་བསྡུས་པ་རྩེ་མོ་དང་བཟོད་པ་དང་ཆོས་མཆོག་གི་བདག་ཉིད་བཞི་པོ་གོ་རིམ་ཇི་ལྟ་བ་བཞིན་དུ་ལྡོག་པའི་གཟུང་རྟོག་དང་འཇུག་པའི་གཟུང་རྟོག་དང་རྫས་སུ་འཛིན་པའི་རྣམ་རྟོག་དང༌། བརྟགས་པར་འཛིན་པའི་རྣམ་རྟོག་བཞི་པོ་སྤང་བྱར་ལྡན་ཞིང༌། དེའི་གཉེན་པོ་བྱང་ཆུབ་སེམས་དཔའི་རྒྱུད་ལ་བརྟེན་པ་དྲོད་སོགས་རེ་རེ་ཡང་ཆུང་དང་འབྲིང་དང་ཆེན་པོར་ཕྱེ་བ་བཅུ་གཉིས་པོ་རྣམས་ཡིན་ལ། དེ་རྣམས་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཁྱད་པར་འཕགས་བྱེད་ཀྱི་ཁྱད་ཆོས་ནི། དམིགས་པ་དང་རྣམ་པ་དང་རྒྱུ་དང་ཡོངས་སུ་འཛིན་པ་བཞི་ཡིན་ལ། དེ་བཞིས་ཁྱད་པར་དུ་འཕགས་པའོ། །གང་ལས་ཁྱད་པར་འཕགས་ན། ཉན་ཐོས་དང་རང་རྒྱལ་ལ་སོགས་པའི་དྲོ་བ་དང་རྩེ་མོ་ལ་སོགས་པ་ལས་འཕགས་སོ། །

གཉིས་པ་ཐེག་དམན་གྱི་སྦྱོར་ལམ་ཁྱད་པར་བཞི་བྲལ་བསྟན་པ།

གཉིས་པ་ཐེག་དམན་གྱི་སྦྱོར་ལམ་ཁྱད་པར་བཞི་བྲལ་བསྟན་པ་ནི།

བཞི་བོ་དེས་དེ་ལས་ཁྱད་པར་འཕགས་པའི་རྒྱུ་མཚན་ནི་དེ་བཞི་ཉན་རང་ལ་མེད་པས་སོ་ཞེས་སྟོན་པ་ནི། ཉན་རང་དེ་དག་གི་དྲོ་བར་གྱུར་པ་ལ་སོགས་པའི་དགེ་བའི་རྩ་བ་རྣམས་ནི། གཟུགས་སུ་རུང་བ་དང་ལ་སོགས་པ་ཉམས་སུ་མྱོང་བ་ལ་སོགས་པའི་མཚན་ཉིད་ཀྱི། བདེན་པའི་དངོས་པོའི་བདག་ཉིད་ཀྱི་བདེན་པ་བཞི་ལ་དམིགས་པ་དང༌། གང་ཟག་གི་བདག་ཏུ་ལྟ་བའི་གཉེན་པོ་ཙམ་ཉིད་ཀྱིས་མི་རྟག་པ་ལ་སོགས་པའི་རྣམ་པར་ཞུགས་པ་དང༌། ཐེག་དམན་རང་གི་ཐེག་པའི་འབྲས་བུ་རྟོགས་པ་ལྷག་བཅས་ལྷག་མེད་མྱང་འདས་ཐོབ་པ་ཁོ་ནའི་ཆེད་དུ་འཇུག་པ་དང༌། ཕྱི་ནང་གི་ཡོངས་སུ་འཛིན་པ་དང་བྲལ་བའི་ཕྱིར་རོ། །

གཉིས་པ་རྒྱས་པར་བཤད་པ།

གཉིས་པ་རྒྱས་པར་བཤད་པ་ནི།

དམིགས་རྣམ་རྒྱུ་གསུམ་དང༌། ཆུང་འབྲིང་ཆེ་གསུམ་དང༌། རྣམ་རྟོག་བཞི་དང༌། ཡོངས་འཛིན་བཤད་པ་དང་བཞི། དང་པོ་ལ་དམིགས་པ་དང་རྣམ་པ་དང་རྒྱུ་བཤད་པ་གསུམ། དང་པོ་ནི། རྩ་བར། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན། ཞེས་གསུངས་ལ། འདིས་ངེས་འབྱེད་ཡན་ལག་རྣམ་བཞི་པོ་ཐམས་ཅད་ཀྱི་དམིགས་པ་བསྟན་ཏོ། །དམིགས་པའི་ངོ་བོ་གང་ཞེ་ན། དྲོད་སོགས་བཞི་པོའི་དམིགས་པ་གཟུགས་སོགས་མི་རྟག་པ་དང་སྡུག་བསྔལ་བ་དང༌། བདག་མེད་པ་དང༌། མི་སྡུག་པ་དང༌། ཞི་བ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་སྟེ། འཕགས་པའི་བདེན་པ་བཞིའི་རྟེན་ཅན་གྱི་ཆོས་རྣམས་སོ། །ཐེག་ཆེན་སྦྱོར་ལམ་བདེན་མེད་སྒྱུ་མ་ལྟར་རྟོགས་པའི་སྒོ་ནས་སམ་བདེན་མེད་ཀྱིས་ཁྱད་པར་དུ་བྱས་ནས་བདེན་པ་བཞིའི་དངོས་པོ་ལ་དམིགས་པ་ཡིན་ནོ། །

གཉིས་པ་རྣམ་པ་ནི།

རྩ་བར། དེ་ཡིས་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་པ་འདིས་ངེས་འབྱེད་ཡན་ལག་རྣམ་བཞི་པོ་ཐམས་ཅད་ཀྱི་རྣམ་པ་བསྟན་ཏོ། །རྣམ་པའི་ངོ་བོ་གང་ཞེ་ན་བདེན་པའི་ཆོས་མི་རྟག་པ་ལ་སོགས་པ་དེ་དག་བདེན་པར་མེད་པའི་ཆོས་ཉིད་ནི་དོན་རྣམ་ཡིན་ལ། དེ་རྟོགས་པའི་ཐེག་ཆེན་སྦྱོར་ལམ་ནི་ཤེས་རྣམ་ཡིན་ལ། དེས་ནི་རྣམ་པ་མི་རྟག་ལ་སོགས་ལ་མངོན་པར་ཞེན་པ་འགོག་པར་བྱེད་པའོ། ། གསུམ་པ་རྒྱུ་ནི། ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ། ཞེས་པ་འདིས་ངེས་འབྱེད་ཡན་ལག་རྣམ་བཞི་པོ་ཐམས་ཅད་ཐེག་པ་གསུམ་ཆར་གྱི་སྤངས་རྟོགས་ཀྱི་རིགས་རྫོགས་པར་འཐོབ་བྱེད་ཀྱི་རྒྱུ་ཡིན་པར་བསྟན་ཏོ། །མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ས་དང༌། རང་སངས་རྒྱས་ཀྱི་ས་དང༌། བྱང་ཆུབ་སེམས་དཔའི་ས་ལ་སློབ་པར་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། སངས་རྒྱས་ཀྱི་ས་གང་ལ་བསླབ་པར་བྱ་བའི་ཐེག་པ་གསུམ་པོ་དག་ཤེར་ཕྱིན་འདི་ལས་རྒྱ་ཆེར་བསྟན་པའི་ཕྱིར་རོ། །ཞེས་གསུངས་སོ། །མདོ་དེ་མདོ་ལུགས་མར་དེའི་ཤེས་བྱེད་དུ་གསུངས་སོ། །

གཉིས་པ་ཆུང་འབྲིང་ཆེ་གསུམ་བཤད་པ།

གཉིས་པ་ཆུང་འབྲིང་ཆེ་གསུམ་བཤད་པ་ལ།

ཐེག་ཆེན་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་བཞི་པོ་རེ་རེ་ལ་ཆུང་འབྲིང་ཆེ་གསུམ་སྟེ་བཅུ་གཉིས་ཡོད་དོ། །དེ་ཡང་མདོ་ལུགས་མ་ལས། ད་ནི་བརྩོན་པའི་རབ་ཏུ་དབྱེ་བ་ཞེས་བྱ་བ་སྟོན་ཅིང་བཞི་པ་ཆུང་འབྲིང་ཆེ་གསུམ་དུ་དབྱེ་བ་འཆད་པ་ནི་འདི་ལྟ་སྟེ། གཟུགས་སོགས་འདུ་འགོད་གནས་བྲལ་དང༌། །ཞེས་པས་དྲོད་ཆུང་ངུ་དང༌། གནས་དང་བརྟགས་དང་བརྗོད་དུ་མེད། །ཅེས་པས་དྲོད་འབྲིང་པོ་དང༌། གཟུགས་སོགས་མི་གནས་དེ་དག་ནི། །དེ་ཡི་ངོ་བོར་རང་བཞིན་མེད། །དེ་དག་གཅིག་གི་རང་བཞིན་གཅིག །ཅེས་པས་དྲོད་ཆེན་པོ་རྣམས་བསྟན་ཏོ། དེ་མི་རྟག་སོགས་པར་མི་གནས། །དེ་རྣམས་དེ་ཡི་ངོ་བོས་སྟོང༌། །དེ་དག་གཅིག་གི་རང་བཞིན་གཅིག །ཅེས་པས་རྩེ་མོ་ཆུང་ངུ་དང༌། །ཆོས་རྣམས་མི་འཛིན་གང་ཡིན་དང༌། །དེ་དག་མཚན་མར་མི་མཐོང་ཕྱིར། །ཞེས་པས་རྩེ་མོ་འབྲིང་དང༌། ཤེས་རབ་ཀྱིས་ནི་ཡོངས་རྟོག་པ། །ཐམས་ཅད་དམིགས་སུ་མེད་པར་རོ། །ཞེས་རྩེ་མོ་ཆེན་པོ་རྣམས་བསྟན་ཏོ། །གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ཉིད་ངོ་བོ་ཉིད། །ཅེས་པས་བཟོད་པ་ཆུང་ངུ་དང༌། །དེ་དག་སྐྱེ་མེད་ངེས་འབྱུང་མེད། །དག་དང་ཞེས་པས་བཟོད་པ་འབྲིང་དང༌། །དེ་དག་མཚན་མ་མེད། དེའི་མཚན་མར་མི་རྟེན་པས། །མོས་མིན་འདུ་ཤེས་མེད་པ་ཡིན། །ཞེས་པས་བཟོད་པ་ཆེན་པོ་རྣམས་བསྟན་ཏོ། །ཏིང་འཛིན་དེའི་བྱེད་པ་ཉིད། །ཅེས་པས་ཆོས་མཆོག་ཆུང་ངུ་དང༌། ལུང་སྟོན་པ་དང་རློམ་པ་ཟད། །ཅེས་པས་ཆོས་མཆོག་འབྲིང་དང༌། གསུམ་པོ་ཕན་ཚུན་ངོ་བོ་གཅིག། ཏིང་འཛིན་རྣམ་པར་མི་རྟོག་པ། །ཞེས་པས་ཆོས་མཆོག་ཆེན་པོ་རྣམས་བསྟན་ཏོ། །དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་པས་རེ་རེ་ཡང་ཆུང་འབྲིང་ཆེན་པོ་གསུམ་གསུམ་ཡིན་པར་མཇུག་བསྡུས་ཏེ་བསྟན་པ་ཡིན་ནོ། །ཞེས་གསུངས་སོ། །རྩ་བ་དེ་དག་གི་ཚིག་དོན་མདོ་ལུགས་མ་ལས་ཤེས་པར་བྱའོ། །གསུམ་པ་རྣམ་རྟོག་བཞི་བཤད་པ་ལ།གཟུང་རྟོག་བཤད་པ་དང༌། འཛིན་རྟོག་བཤད་པ་དང་གཉིས། དང་པོ་ལ་མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། གཟུང་རྟོག་གི་མཚན་ཉིད་ནི། རང་ཡུལ་གཟུང་བ་ལ་དམིགས་ནས་བདེན་པར་ཞེན་པ་དེ་ཡིན་ཏེ། མདོ་ལུགས་མ་ལས། དེ་ལ་གཟུང་བར་འཛིན་པ་ནི། གཟུང་རྟོག་དང༌། ཞེས་གསུངས་སོ། །

གཉིས་པ་གཟུང་རྟོག་ལ་དབྱེ་ན།

གཉིས་པ་གཟུང་རྟོག་ལ་དབྱེ་ན་གཉིས།

ལྡོག་པ་གཟུང་རྟོག་དང་འཇུག་པ་གཟུང་རྟོག་གཉིས་ཡོད་དེ། མདོ་ལུགས་མ་ལས། རྩ་བར། གཞི་དང་དེ་ཡི་གཉེན་པོ་ཡིས། །གཟུང་བར་རྟོག་པ་རྣམ་པ་གཉིས། །ཞེས་པ་ལ་གཞི་ཀུན་ནས་ཉོན་མོངས་པ་སྐྱོན་ཅན་དུ་འཛིན་པ་དང༌། ཀུན་ནས་ཉོན་མོངས་པ་དེའི་གཉེན་པོ་རྣམ་བྱང་ཡོན་ཏན་ཅན་དུ་འཛིན་པའི་ཁྱད་པར་དེ་ཡིས་རིམ་པ་ལྟར་ལྡོག་པའི་གཟུང་བར་རྟོག་པར་དང༌། འཇུག་པའི་གཟུང་བར་རྟོག་པ་རྣམ་པ་གཉིས་བསྟན་ཏོ། །ཞེས་གསུངས་སོ། །དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། གང་གཟུང་བྱའི་ཡུལ་སྐྱོན་ཅན་དུ་བདེན་པར་ཞེན་པའི་རིགས་སུ་གནས་པའི་རྟོག་པ་དང༌། གང་གཟུང་བྱའི་ཡུལ་ཡོན་ཏན་ཅན་དུ་བདེན་པར་ཞེན་པའི་རིགས་སུ་གནས་པའི་རྟོག་པའོ། །དེ་ལྟར་འཐད་དེ། མདོ་ལུགས་མ་ལས། གཟུང་རྟོག་ལ་ཡང་ལྡོག་པའི་གཟུང་རྟོག་དང༌། འཇུག་པའི་གཟུང་རྟོག་གཉིས་སོ། །དེ་ལ་གང་གཟུང་བྱའི་ཡུལ་སྐྱོན་ཅན་དུ་མཐོང་ཞིང་དེར་ཞེན་པའི་བློ་ནི་ལྡོག་པའི་གཟུང་རྟོག་དང༌། གང་གཟུང་བྱའི་ཡུལ་ཡོན་ཏན་ཅན་དུ་མཐོང་ཞིང་དེར་ཞེན་པའི་བློ་ནི་འཇུག་པའི་གཟུང་རྟོག་གོ །ཞེས་གསུངས་སོ། །གཟུང་རྟོག་དེ་གཉིས་ལ་དབྱེ་ན་དམིགས་ཡུལ་དགུའི་སྒོ་ནས་དབྱེ་བ་དགུ་རེ་དགུ་རེ་ཡོད་དེ། མདོ་ལུགས་མ་ལས། དེ་དག་རེ་རེ་ཡང་དགུ་དགུར་དབྱེ་བ་ནི། རྨོངས་དང་ཕུང་སོགས་བྱེ་བྲག་གིས། །དེ་ནི་སོ་སོར་རྣམ་པ་དགུ །ཞེས་པ་ལ་རྨོངས་པ་སྟེ་མ་རིག་པ་དང༌། ཕུང་པོ་དང་སོགས་པའི་སྒྲས་ཁམས་དང་སྐྱེ་མཆེད་ལ་སོགས་པའི་བྱེ་བྲག་གིས་གཟུང་རྟོག་གཉིས་པོ་དེ་ནི་སོ་སོར་དབྱེ་བ་རྣམ་པ་དགུ་དགུ་ཡིན་ནོ། །མདོ་ལས། ཤཱ་རིའི་བུ། ཆོས་འདི་དག་ནི་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པ་དེ་ལྟ་བུར་ཡོད་པ་མ་ཡིན་པའི་ཕྱིར་རོ། །གསོལ་པ། ཆོས་འདི་དག་ཇི་ལྟ་བུར་ཡོད་པ་ལགས། བཀའ་སྩལ་པ། ཇི་ལྟར་མེད་པ་དེ་ལྟར་ཡོད་ལ་དེ་ལྟར་ཡོད་པ་མ་ཡིན་པས་དེའི་ཕྱིར་མ་རིག་པ་ཞེས་བྱའོ། །ཞེས་སོགས་དང་དེ་ལ་བྱིས་པ་གང་དག་མ་རིག་པ་དང་སྲེད་པ་དག་གི་མངོན་པར་ཞེན་པ་དེ་དག་གིས་ཡོད་པ་མ་ཡིན་པ་ལ་བཏགས་ཏེ། ཡོད་པ་མ་ཡིན་པ་ལ་མངོན་པར་ཞེན་ནམ། འདི་ལྟ་སྟེ། རྟག་པ་དང་ཆད་པའི་མཐའ་གཉིས་ལ་ཆགས་པ་ནས། དེ་དག་ནི་མི་ཤེས་མི་མཐོང་བ་སྟེ། དེ་དག་གིས་ཆོས་གང་དག་ཡོད་པ་མ་ཡིན་པའི་ཆོས་དེ་དག་ཡོངས་སུ་བཏགས་པ་མིང་དང་གཟུགས་ལ་མངོན་པར་ཞེན་ཅིང༌། ཞེས་པ་ནས། མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་ལ་ཡང་མངོན་པར་ཞེན་ཏོ། །ཞེས་སོགས་གསུངས་སོ། ། འདིར་ཡང༌། རྟོག་པ་འདི་དག་མ་རིག་པ་དང༌། སྲེད་པ་མཐའ་གཉིས་ལ་ཞེན་པ་དང༌། ཡོད་པ་མ་ཡིན་པ་ལ་ཡོད་པར་ཞེན་པའི་ངོ་བོ་ཡིན་པར་གསུངས་པ། འདིས་ཀྱང་ངེས་འབྱེད་ཡན་ལག་བཞི་པོ་རྟོག་པ་འདི་དག་ཡིན་པ་དང༌། དགག་རྟོག་ཡིན་པ་བསལ་བ་ཡིན་ནོ། །ཞེས་གསུངས་སོ། །ལྡོག་པ་གཟུང་རྟོག་གི་དམིགས་ཡུལ་དགུ་ནི། རྨོངས་པ་མ་རིག་པ་དང༌། ཀུན་ཉོན་གྱིས་བསྡུས་པའི་ཕུང་པོ་དང༌། མིང་གཟུགས་ལ་མངོན་ཞེན་གྱི་བློ་དང༌། རྟག་ཆད་ཀྱི་མཐའ་གཉིས་ལ་ཆགས་པ་དང༌། ཀུན་བྱང་མི་ཤེས་པ་དང༌། འཕགས་པའི་ལམ་ལ་མི་གནས་པ་དང༌། ཕྱིན་ཅི་ལོག་ཏུ་དམིགས་ནས་ཞེན་པ་དང༌། བདག་ལ་སོགས་པ་ལ་ཞེན་པ་དང༌།གདོད་ནས་དག་པའི་ཉོན་མོངས་པའི་འབྲས་བུ་བསྐྱེད་པ་དང་དགུའོ། །འཇུག་པ་གཟུང་རྟོག་གི་དམིགས་ཡུལ་དགུ་ནི། རྣམ་བྱང་གི་ཕུང་བོ་དང༌། རྣམ་བྱང་གི་སྐྱེ་མཆེད་དང༌། རྣམ་བྱང་གི་རིགས་དང༌། སྐྱེ་བ་རྣམ་བྱང་གི་རྟེན་འབྲེལ་དང༌། སྟོང་བ་ཉིད་དང༌། ཕ་རོལ་ཏུ་ཕྱིན་པའི་དོན་དང༌། མཐོང་ལམ་དང༌། སྒོམ་ལམ་དང༌། མི་སློབ་ལམ་དང་དགུའོ། །

གཉིས་པ་འཛིན་རྟོག་ལ་མཚན་ཉིད།

གཉིས་པ་འཛིན་རྟོག་ལ་མཚན་ཉིད།

དབྱེ་བ་གཉིས། དང་པོ་འཛིན་རྟོག་གི་མཚན་ཉིད། རང་ཡུལ་འཛིན་པ་ལ་དམིགས་ནས་བདེན་པར་ཞེན་པའི་རིགས་གནས་ཀྱི་རྟོག་པ་དེ་ཡིན་ཏེ། མདོ་ལུགས་མ་ལས། འཛིན་པར་འཛིན་པ་ནི་འཛིན་རྟོག་གོ ། ཞེས་གསུངས་སོ། །སྐབས་འདིའི་དངོས་བསྟན་གྱི་རྟོག་པ་མཐོང་སྤང་ལ་སྦྱར་བར་བྱའོ། །

གཉིས་པ་དབྱེ་བ་ལ། རྫས་འཛིན་རྟོག་པ་དང༌། བཏགས་འཛིན་རྟོག་པ་གཉིས། དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། རང་གི་དམིགས་ཡུལ་སེམས་ཅན་རྫས་སུ་བདེན་པར་ཞེན་པའི་རིགས་གནས་ཀྱི་རྟོག་པ་དང༌། རང་གི་དམིགས་ཡུལ་སེམས་ཅན་བཏགས་པར་བདེན་པར་ཞེན་པའི་རིགས་གནས་ཀྱི་རྟོག་པའོ། །དེ་ལྟར་འཐད་དེ། མདོ་ལུགས་མ་ལས།སེམས་ཅན་རྫས་སུ་ཡོད་པར་ཞེན་པ་རྫས་འཛིན་དང༌། སེམས་ཅན་བཏགས་པར་ཡོད་པར་ཞེན་པ་བཏགས་འཛིན་གཉིས་སོ། །གཉིས་པོ་དེ་དག་སྟོན་པ་ནི། རྫས་དང་བཏགས་པའི་རྟེན་ཅན་གྱི། །འཛིན་པའང་རྣམ་པ་གཉིས་སུ་འདོད། །ཅེས་པ་ལ་སེམས་ཅན་རྫས་སུ་ཡོད་པའི་རྟེན་གྱི་འཛིན་པ་དང༌། སེམས་ཅན་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་པ་རྣམ་པ་གཉིས་སུ་འདོད་དེ་བསྟན་ཏོ། །ཞེས་གསུངས་སོ། །དེ་གཉིས་རེ་རེ་ལ་ཡུལ་གྱི་སྒོ་ནས་དབྱེ་བ་དགུ་ཡོད་དེ། མདོ་ལུགས་མ་ལས། འཛིན་རྟོག་དེ་དག་རེ་རེ་ཡང་དགུ་དགུར་དབྱེ་བ་ནི། རང་དབང་བདག་སོགས་ངོ་བོ་དང༌། །ཕུང་སོགས་རྟེན་ལས་དེ་བཞིན་ནོ། །ཞེས་པ་ལ་རང་དབང་ཅན་དང༌། བདག་དང་སོགས་པའི་སྒྲས་སེམས་ཅན་ལ་སོགས་ངོ་བོ་རྟེན་གྱི་དབྱེ་བ་དགུ་ལས་དང༌། ཕུང་པོ་དང་སོགས་པའི་སྒྲས་ཁམས་དང་སྐྱེ་མཆེད་ལ་སོགས་རྟེན་གྱི་དབྱེ་བ་དགུ་ལས། རྟེན་ཅན་འཛིན་རྟོག་གཉིས་པོ་ཡང་སོ་སོར་དགུ་དགུར་དབྱེ་བ་ནི་ཇི་ལྟར་གཟུང་རྟོག་དབྱེ་བ་དེ་བཞིན་ནོ། །ཞེས་གསུངས་སོ། །རྫས་འཛིན་རྟོག་པའི་རྟེན་ནམ་དམིགས་ཡུལ་དགུ་ཡོད་དེ། རང་དབང་བའི་བདག་དང༌། ཆ་ཤས་མེད་པའི་གཅིག་པུའི་བདག་དང༌། རྣམ་ཤེས་སོགས་ཀྱི་རྒྱུའི་བདག་དང༌། ལྟ་བ་པོའི་བདག་དང༌། ཀུན་ནས་ཉོན་མོངས་པའི་རྟེན་གྱི་བདག་དང༌། འདོད་ཆགས་དང་བྲལ་བའི་རྟེན་གྱི་བདག་དང༌། མཐོང་བའི་རྟེན་གྱི་བདག་དང༌། སྒོམ་པའི་རྟེན་གྱི་བདག་དང༌། རང་གཞན་གྱི་དོན་བྱས་པའི་རྟེན་གྱི་བདག་དང་དགུའོ། །བཏགས་འཛིན་རྟོག་པའི་རྟེན་ནམ་དམིགས་ཡུལ་དགུ་ནི། བཏགས་ཡོད་ཀྱི་ཕུང་པོ་དང༌། བཏགས་ཡོད་ཀྱི་སྐྱེ་མཆེད་དང༌། བཏགས་ཡོད་ཀྱི་ཁམས་དང༌། བཏགས་ཡོད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། བཏགས་ཡོད་ཀྱི་རྣམ་པར་བྱང་བ་དང༌། བཏགས་ཡོད་ཀྱི་མཐོང་བའི་ལམ་དང༌། བཏགས་ཡོད་ཀྱི་སྒོམ་པའི་ལམ་དང༌། བཏགས་ཡོད་ཀྱི་ཁྱད་པར་ཅན་དང༌། བཏགས་ཡོད་ཀྱི་མི་སློབ་པའི་ལམ་དང་དགུ་ཡིན་ནོ། །མདོ་ལས་ཅི་སྒྱུ་མའི་སྐྱེས་བུ་འདི་ཤེར་ཕྱིན་ལ་བསླབས་ནས་རྣམ་མཁྱེན་དུ་ངེས་པར་འབྱུང་བར་འགྱུར་རམ། ཞེས་པ་ནས། སྒྱུ་མ་ཡང་གཞན་ལ་གཟུགས་ཀྱང་གཞན་ཞིག་ཡིན་སྙམ་མམ། ཞེས་སོགས་དང༌། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བར་མིང་དང་བརྡས་ཐ་སྙད་དུ་གདགས་སུ་ཡོད་དམ། ཞེས་པ་ནས། བཅོམ་ལྡན་འདས་འདི་ལྟར་ཕུང་པོ་ལྔ་པོ་གང་དག་ལགས་པ་དེ་ཉིད་སྒྱུ་མའི་སྐྱེས་བུར་རིག་པར་བགྱི་བ་ལགས་པའི་སླད་དུའོ། །ཞེས་པ་ལ་སོགས་གསུངས་པའི་དོན་ནི། མདོ་ལུགས་མ་ལས། འཛིན་རྟོག་འདི་དག་གཞན་དབང་ཡིན་པའི་ཕྱིར། །སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། །གཞན་གྱི་དབང་ནི་ཡང་དག་བསྟན། །ཞེས་པའི་དོན་ཏོ། །སྡུད་པ་ལས། གཟུང་རྟོག་གི་སྐབས་སུ། གང་ཞིག་ཡོད་པ་མ་ཡིན་དེ་ནི་མེད་ཅེས་བྱ། །བྱིས་པ་རྣམས་ཀྱིས་དེ་བཏགས་ཡོད་དང་མེད་པར་བྱེད། །ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །བྱང་ཆུབ་སེམས་དཔའ་གང་གིས་འདི་ཤེས་ངེས་པར་འབྱུང༌། ། ཞེས་གསུངས་པ་ནི་ཆོས་ཐམས་ཅད་གཤིས་ལ་མེད་ཀྱང་ཐ་སྙད་དུ་གཟུང་རྟོག་གིས་ཡོད་པ་དང་མེད་པའི་ཆོས་སུ་འདོགས་པར་བྱེད་པས་ཆོས་ཐམས་ཅད་བཏགས་པ་ཙམ་དུ་དྲོད་རྩེ་ལ་གནས་པའི་བྱང་སེམས་གང་གིས་ཤེས་ཤིང་ཆོས་ཉིད་གཤིས་ལ་གནས་པར་མཐོང་བས་རྣམ་མཁྱེན་དུ་ངེས་པར་འབྱུང་ཞེས་པའི་དོན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། ཇི་ལྟར་རི་བོང་མགོ་ཡི་རྭ། །བཏགས་པ་ཉིད་དེ་མེད་པ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང༌། །བཏགས་པ་ཉིད་དེ་ཡོད་མ་ཡིན། །ཞེས་གསུངས་པ་དེ་ཡིན་ནོ། །སྡུད་པ་ལས། འཛིན་རྟོག་གི་སྐབས་སུ་ཡང༌། གང་འདིར་ཕུང་པོ་ལྔ་དག་སྒྱུ་མ་འདྲར་ཤེས་ཤིང༌། །སྒྱུ་མ་གཞན་དང་ཕུང་པོ་གཞན་དུ་མི་བྱེད་ལ། །སྣ་ཚོགས་འདུ་ཤེས་བྲལ་ཞིང་ཉེ་བར་ཞི་སྤྱོད་པ། །དེ་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་པ་ནི་བཟོད་པ་དང༌། ཆོས་མཆོག་ལ་གནས་པའི་བྱང་ཆུབ་སེམས་དཔའ་འཛིན་རྟོག་གི་ངོ་བོ་གཞན་དབང་སྒྱུ་མ་ལྟ་བུར་ཤེས་ཤིང་དེ་གཉིས་ཐ་དད་དུ་ཡིད་ལ་མི་བྱེད་པ་ལ་རྫས་དང་བཏགས་པའི་སེམས་ཅན་སྣ་ཚོགས་པའི་འདུ་ཤེས་བྲལ་ཞིང་འཛིན་རྟོག་ཉེ་བར་ཞི་བ་སྤྱོད་པ་དེ་ཤེར་ཕྱིན་མཆོག་སྤྱོད་པ་ཡིན་ཞེས་པའི་དོན་ཏོ། །ཞེས་གསུངས་སོ། །སྐབས་འདིར་དངོས་བསྟན་གྱི་རྟོག་པ་བཞི་ཐེག་ཆེན་དྲོད་སོགས་བཞིས་རིམ་བཞིན་ཉམ་སྨོད་བྱ་དང༌། མཐོང་སྤང་ཡིན་ཏེ། མདོ་ལུགས་མ་ལས། བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་སྐྱོབ་པའི་བསམ་པ་ཅན་དེའི་སྦྱོར་ལམ་དྲོད་དང་སོགས་པའི་སྒྲས་བསྡུས་པ་རྩེ་མོ་དང་བཟོད་པ་དང་ཆོས་མཆོག་གི་བདག་ཉིད་བཞི་པོ་གོ་རིམ་ཇི་ལྟ་བ་བཞིན་དུ་ལྡོག་པའི་གཟུང་རྟོག་དང་འཇུག་པའི་གཟུང་རྟོག་དང་རྫས་སུ་འཛིན་པའི་རྣམ་རྟོག་དང༌། བརྟགས་པར་འཛིན་པའི་རྣམ་རྟོག་བཞི་པོ་སྤང་བྱར་ལྡན་ཅིང༌། ཞེས་དང༌། ཉ་ཊཱིཀ་ལས། དེས་ན་འདིར་བཤད་རྟོག་པ་བཞི་མཐོང་སྤང་དུ་ཁས་བླང་དགོས་ཏེ་ཨཱརྱས་སོ། །ཞེས་གསུངས་པས་སོ། །

བཞི་བ་ཡོངས་འཛིན་བཤད་པ།

བཞི་བ་ཡོངས་འཛིན་བཤད་པ་ལ།

ནང་གི་ཡོངས་འཛིན་ཐབས་མཁས། ཕྱིའི་ཡོངས་འཛིན་དགེ་བཤེས། དེའི་མི་མཐུན་ཕྱོགས་ངོས་བཟུང་བའོ། །དང་པོ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་བྲལ་ཆོས་ཀྱི་དབྱིངས་ལ་སེམས་དང་པོར་མི་འགོང་པ་ཉིད་དང་བར་དུ་མི་དངངས༌། མཐར་ཤིན་ཏུ་སྐྲག་པར་མི་འགྱུར་བའི་བྱང་ཆུབ་སེམས་དཔའ་སྦྱོར་ལམ་པའི་ཐབས་མཁས་དེ་རང་རྒྱུད་ལྡན་གྱི་བྱང་སེམས་སྦྱོར་ལམ་པའི་གང་ཟག་དེ་སྲིད་ཞིའི་མཐའ་ལས་ཡོངས་སུ་འཛིན་པར་བྱེད་པའི་ཐབས་ཤེས་ཁྱད་པར་ཅན་དང་ལྡན་པའི་ལམ་ཡིན་པས་ན་བྱང་སེམས་སྦྱོར་ལམ་པའི་ནང་གི་ཡོངས་འཛིན་ཡིན་ནོ། །མདོར། བྱང་ཆེན་པོ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་རོ། ། ཞེས་སོགས་སོ། །དེ་ཡང་མདོ་ལུགས་མ་ལས། དེས་ན་ཐབས་ལ་མཁས་པ་ཉིད་ཡོངས་འཛིན་ཡིན་ནོ། །འདི་ཉིད་ནི་རྣམ་པ་བཞི་སྟེ། སློབ་དཔོན་དབུ་མ་པ་ཆེན་པོ་དབྱིག་གཉེན་གྱི་ཞལ་སྔ་ནས། ཐབས་ལ་མཁས་པ་དེ་ཡང་རྣམ་བཞིར་བསྟན་ཏེ། ཆོས་ཐམས་ཅད་ལ་སོ་སོར་རྟོག་པའི་ཐབས་ལ་མཁས་པ་དང༌། ཕ་རོལ་ཕྱིན་དྲུག་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་དང༌། དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཐབས་ལ་མཁས་པ་དང༌། སྡིག་པའི་གྲོགས་པོ་སྤོང་པའི་ཐབས་ལ་མཁས་པའོ། །ཞེས་གསུངས་སོ། །འབུམ་ཊིཀ་ལས་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །

གཉིས་པ་ཕྱིའི་ཡོངས་འཛིན།

གཉིས་པ་ཕྱིའི་ཡོངས་འཛིན་ནི།

བྱང་སེམས་སྦྱོར་ལམ་པ་ལ་ཐབས་ཤེས་ཁྱད་པར་ཅན་གྱི་ལམ་སྟོན་པའི་དགེ་བའི་བཤེས་གཉེན་དེ་ཡིན་ནོ། །

གསུམ་པ་མི་མཐུན་ཕྱོགས་ལ། ནང་གི་ཡོངས་འཛིན་ཐབས་མཁས་ཀྱི་མི་མཐུན་ཕྱོགས་ནི། ཕར་ཕྱིན་ནས་མ་འདྲེས་པའི་བར་དུ་མཚན་མར་དམིགས་ཏེ་བསྒོམ་ཞིང་རློམ་པ་སོགས་ཐབས་མི་མཁས་པ་དེའོ། །ཐབས་མི་མཁས་པས་ཡུམ་ཟབ་མོ་འདི་ཐོས་ན་དངང་སྐྲག་ཀུན་ཏུ་སྐྲག་པས་ཟིན་པར་འགྱུར་རོ། །ཕྱིའི་ཡོངས་འཛིན་དགེ་བཤེས་ཀྱི་མི་མཐུན་ཕྱོགས་ནི་མདོ་སྡེ་འདི་དག་ནི་རང་བཟོར་བྱས་པ་སྟེ་མཉན་པར་མི་བྱའོ་ཞེས་སོགས་ལམ་སྤོང་བར་བྱེད་པའི་སྡིག་གྲོགས་དེའོ། །དེ་ལྟར་རྩ་བར། སེམས་མི་འགོང་པ་ཉིད་ལ་སོགས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་པའི་དོན་ནི། སེ༷མས་མི༷་འགོ༷ང་པ༷་སྟེ་སྐྲག་པ་ཉི༷ད་དང་ལ༷་སོ༷གས་པའི་སྒྲས་དངང་བ་དང་ཤིན་ཏུ་དངང་བར་འགྱུར་བ་ནི་རིམ་པ་ལྟར་སྐྲག་པ་ཆུང་དང་འབྲིང་དང་ཆེན་པོའི་ངོ་བོར་གནོད་འཇོམས་ལས་གསུངས་སོ། །ཐབས་ལ་མི་མཁས་པ་སྐྲག་པ་ལ་སོགས་པར་འགྱུར་བའི་རྒྱུ་ནི་སྐབས་འདིར། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ཤེར་ཕྱིན་ཟབ་མོའི་ཐེག་ཆེན་བསྟན་པ་འདི་ཐོས་པ་ཡིན་ནོ། །རྒྱུ་གཞན་ཡང་མེད་པ་ནི་མ་ཡིན་ཏེ།རིགས་མེད་པ་དང་གྲོགས་ངན་པ་དང༌། སྔོན་དགེ་བ་མ་བསགས་པ་དང༌། ཐེག་ཆེན་གྱི་ཆོས་ལ་བློ་གྲོས་མ་སྦྱངས་པ་སྟེ། བཞི་པོ་འདི་ཡང་ངོ༌། ཉེས་དམིགས་ཡང་ཆེ་སྟེ། སྐྲག་མི་དགོས་པ་འདི་ལ་སྐྲག་པ་ནི། སྡིག་པའི་ཕུང་པོ་ཆེན་པོ་བསགས་པའི་ཕྱིར་དུས་ཡུན་རིང་དུ་ངན་སོང་དུ་གདུང་བར་བྱེད་པར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ཀྱི་ཤེར་ཕྱིན་བསྟན་པ་འདི་ཐོས་ན་སེམས་མི་འགོང་བ་ཉིད་ལ་སོགས་པའི་རྒྱུ་ཐབས་ལ་མཁས་པ་ནི་ཆོས་ཐམས་ཅད་ལ་ངོ༷་བོ༷་ཉི༷ད་མེ༷ད་པར་སོ་སོར་རྟོག་པའི་དང༌། སོ༷གས་པའི་སྒྲས་ཕར་ཕྱིན་དྲུག་རྫོགས་པར་བྱ་བའི་དང༌། ཐེག་ཆེན་ཕྱིན་ཅི་མ་ལོག་པར་སྟོ༷ན་བྱེ༷ད་ཀྱི་དགེ་བའི་བཤེས་གཉེན་ལ་བརྟེན་པའི་དང༌། བཤེས་གཉེན་དེ༷འི༷་མི༷་མཐུ༷ན་ཕྱོ༷གས། སྡིག་པའི་གྲོགས་པོ་བོ༷ར་བ༷འི་ཐབས་ལ་མཁས་པ་སྟེ།དུས་དང་རྣ༷མ་པ༷་ཀུ༷ན་ཏུ༷་ཡོ༷ངས་འཛི༷ན་གྱི་ངོ་བོར་གྱུར་པ་ནི་དེ་ཡི༷ན་ནོ། །དེས་ན་དགེ་བའི་བཤེས་གཉེན་གྱི་ངོ་བོ་ཡོངས་སུ་འཛིན་པ་པོ་ཐུན་མོང་པ་ཡིན་ཡང༌། ཉན་རང་ལས་ཁྱད་པར་དུ་འཕགས་པའི་ཡོངས་འཛིན་གྱི་ངོ་བོ་ནི་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་གང་ཡིན་པ་དེ་ཡིན་པར་མདོ་ལུགས་མ་ལས་གསུངས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཡང་ཉ་ཊཱིཀ་ལས། བྱང་སེའི་སྦྱོར་ལམ་ཁྱད་པར་ལྔ་ལྡན་དུ། ཉན་རང་གི་སྦྱོར་ལམ་ལྔ་བྲལ་དུ། ཞེས་བྱང་སེམས་ཀྱི་སྦྱོར་ལམ་དེ་ཐེག་དམན་གྱི་སྦྱོར་ལམ་ལས་ཁྱད་པར་ལྔས་ཁྱད་འཕགས་པར་གསུངས་པ་མི་འཐད་དཻ། མདོ་ལུགས་མ་ལས། དམིགས་པ་དང་ནི་རྣམ་པ་དང༌། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡིས། །དྲོད་སོགས་བདག་ཉིད་ཇི་བཞིན་དུ། །རྣམ་རྟོག་བཞི་པོ་ལྡན་རྟེན་པ། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཉན་ཐོས་བསེ་རུ་ལྟ་བུ་དང༌། །བཅས་པ་དག་ལས་ཁྱད་པར་འཕགས། །ཞེས་པ་འདིས་བྱང་ཆུབ་སེམས་དཔའི་ངེས་པར་འབྱེད་པའི་ཆ་མཐུན་པ་རྣམས་ཉན་རང་གི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་ལས་ཆོས་སྤྱོད་བཞིས་ཁྱད་པར་དུ་འཕགས་པར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་ཟེར་ན་ཅུང་ཟད་བརྟག་པའི་གནས་སོ། །ཡང་ཉ་ཊཱིཀ་ལས། གང་གིས་ན། ལྔ་ཡིས་ཏེ་འཆད་པར་འགྱུར་བའི་དམིགས་པའི་ཁྱད་པར་གྱི་ངོ་བོ་ཉིད་བདེན་མེད་སྒྱུ་མ་ལྟར་རྟོགས་པའི་བདེན་པ་བཞིའི་དངོས་པོ་ལ་དམིགས་པ་དང༌། མི་རྟག་སོགས་ཆོས་སུ་ལྟ་བའི་མངོན་ཞེན་གྱི་གཉེན་པོ་ཉིད་ཀྱིས་མངོན་པར་ཞེན་པ་ལ་སོགས་པ་མེད་པའི་རྣམ་པར་ཞུགས་པའི་ཤེས་རྣམ་དང༌། ཞེན་བྱར་མེད་པའི་ཆོས་ཉིད་དོན་རྣམ། ཐེག་པ་གསུམ་ཅར་གྱི་སྤངས་རྟོགས་ཐོབ་པའི་ཐེག་ཆེན་མཐོང་ལམ་གྱི་རྒྱུའི་ངོ་བོའམ་གཙོ་བོ་དང༌། ཡང་ན་ཐེག་པ་གསུམ་ཅར་གྱི་མྱང་འདས་ཐོབ་པའི་རྒྱུ་ཞེས་གསེར་རོ། །ཐེག་ཆེན་དགེ་བའི་བཤེས་གཉེན་སེམས་མི་འགོང་བ་སོགས་འཚང་རྒྱ་བའི་ཐབས་ལ་མཁས་པའི་མཚན་ཉིད་ཅན་གྱིས་སངས་རྒྱས་ཀྱི་བར་དུ་ཡོངས་སུ་འཛིན་པ་སྟེ་བདག་གིར་བྱས་པ་དང་ལྡན་པ་དང༌། ཞེས་གསུངས་པའི་ཁྱད་ཆོས་དེ་དག་གིས་ཁྱད་པར་འཕགས་ཚུལ་ལ་དཔྱད་པར་བྱའོ། །གཞན་ཡང་གཞི་གྲུབ་ན་ཐེག་ཆེན་སྦྱོར་ལམ་དང་ཐེག་དམན་སྦྱོར་ལམ་གཉིས་ཀྱི་དམིགས་པ་ཡིན་པས་ཁྱབ་པ་ཡོད་དམ་ཅི། ཁྱབ་པ་ཡོད་ན་དམིགས་པའི་སྒོ་ནས་ཐེག་ཆེན་སྦྱོར་ལམ་དེ་ཐེག་དམན་སྦྱོར་ལམ་ལས་ཁྱད་པར་འཕགས་ཚུལ་གང་ཡིན། ཁྱབ་པ་མེད་ན་དེ་ལ་ཆོས་ཉིད་དང་བདེན་སྟོང་སྒྱུ་མ་ལྟ་བུའི་མི་རྟག་པ་སོགས་འཇོག་དགོས་ལ། དེ་མི་རིགས་ཏེ། དམན་ལམ་དུ་ལྟུང་བའི་ཉན་ཐོས་ལ་དེ་རྟོགས་པ་ཡོད་པའི་ཕྱིར་ཟེར་ན་དཔྱད། ཡང་མདོ་ལུགས་མ་ལས། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན། ཞེས་པ་འདིས་ངེས་འབྱེད་ཡན་ལག་རྣམ་བཞི་པོ་ཐམས་ཅད་ཀྱི་དམིགས་པ་བསྟན་ཏོ། །ཞེས་དང༌། དེས་ནི་རྣམ་པ་མངོན་ཞེན་ལ་སོགས་འགོག་ཅེས་པ་འདིས་ངེས་འབྱེད་ཡན་ལག་རྣམ་བཞི་པོ་ཐམས་ཅད་ཀྱི་རྣམ་པ་བསྟན་ཏོ། །ཞེས་དང༌། གཟུགས་སོགས་འདུ་འགོད་གནས་བྲལ་དང༌། །ཞེས་པས་དྲོད་ཆུང་ངུ་དང༌། ཞེས་གསུངས་པ་རྣམས་ཉ་ཊཱིཀ་ལས་སྦྱར་ཚུལ་དང་མཚམས་འཛིན་ཚུལ་དང་མི་མཐུན་པས་ཉ་ཊཱིཀ་ལས་བཤད་པ་དེའི་དགོངས་པ་འཚོལ་དགོས་སོ། །སྐབས་འདིའི་རྟོག་པ་བཞི་རིམ་བཞིན་ཐེག་ཆེན་སྦྱོར་ལམ་དྲོད་སོགས་དང་མཚུངས་ལྡན་ནམ་དྲོད་སོགས་ཡིན་ཏེ། ཉ་ཊཱིཀ་ལས། སྟོང་ཉིད་རྟོགས་པའི་གཟུང་འཛིན་གྱི་རྣམ་རྟོག་བཞི་བོ་མཚུངས་ལྡན་དུ་བསྟེན་པ་སྟེ་ཞེས་དང༌། སྤྱིར་བཤད་པ་ཙམ་ཡིན་གྱི་འདི་བཞི་ཆ་མཐུན་བཞི་རེ་རེར་མཚུངས་ལྡན་དུ་བཤད་པས་གཞི་མཐུན་མེད་དོ། །ཞེས་དང༌། དེ་ཡང་རྫས་ཐ་དད་པའི་མཚུངས་ལྡན་མིན་གྱི་ཆ་མཐུན་བཞི་བོ་དེ་དེ་ཡིན་པའི་ཚུལ་གྱིས་ལྡན་པའོ། །ཞེས་དང༌། མཚན་ཉིད་ནི། འདིར་བཤད་ཉོན་མོངས་གཟུང་རྟོག་གི་ནི་བྱང་སེའི་དྲོད་ལ་ལྡན་པའི་གཟུང་རྟོག་གང་ཞིག་གཟུང་བ་ཀུན་ཉོན་ཙམ་བདེན་པའི་རང་བཞིན་མེད་པར་འཛིན་པ། བྱང་སེའི་སྦྱོར་རྩེ་ལ་མཚུངས་པར་ལྡན་པ་གང་ཞིག་གཉེན་པོ་རྣམ་བྱང་རང་བཞིན་མེད་འཛིན་གྱི་གཟུང་རྟོག་གོ །ཞེས་དང༌། མཚན་ཉིད་ནི། བྱང་སེའི་སྦྱོར་ལམ་བཟོད་པ་ལ་མཚུངས་ལྡན་གྱི་འཛིན་རྟོག་གང་ཞིག རྫས་འཛིན་རང་བཞིན་མེད་པར་རྟོགས་པ། ཆོས་མཆོག་ལ་ཞེས་སོགས་འདོན་པ་བསྒྱུར་རོ། །ཞེས་དང༌། བྱང་སེའི་སྦྱོར་ལམ་དྲོད་མཉམ་བཞག་ལ་མཚུངས་པར་ལྡན་པའི་ཉོན་མོངས་གཟུང་རྟོག་ཆོས་ཅན། ཡུལ་ལས་འབྲས་དང་དེ་ཁོ་ནའི་དོན་ལ་རྨོངས་པའི་མ་རིག་པ་ལ། དགག་རྟོག་ཡིན་ཏེ། དེ་བདེན་པའི་རང་བཞིན་མེད་པར་རྟོགས་པའི་དྲོད་ཀྱི་རྟོག་པ་ཡིན་པས་སོ། །ཞེས་སོགས་སྦྱར་ཏེ་ཤོད་ཅིག ཅེས་གསུངས་པའི་ཕྱིར་ཟེར་ན། དེའི་དགོངས་པ་གཞན་དུ་འཚོལ་བ་ལས་རང་ལུགས་འཐད་ལྡན་དུ་མི་རུང་བར་སྣང་སྟེ། མདོ་ལུགས་མ་ལས། དེས་ན་དྲན་པ་ཉེར་བཞག་ནས་ངེས་འབྱེད་ཆ་མཐུན་གྱི་བར་གྱི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱང་མ་ཡིན་ལ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཁམས་གསུམ་གྱིས་བསྡུས་པའི་སེམས་བྱུང་ཡང་མ་ཡིན་ཞིང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྗེས་མཐུན་པ་ཡིན་པར་གསུངས་པ་འདིས་ནི།སྐབས་འདིའི་ངེས་འབྱེད་ཆ་མཐུན་རྣམས་ཕྱིན་ཅི་ལོག་འབའ་ཞིག་ཡིན་པ་དང༌། གཟུང་རྟོག་དང་འཛིན་རྟོག་ཡིན་པ་བསལ་བ་ཡིན་ནོ། །དེས་ན་འདི་རྣམས་ནི་དོན་ཇི་ལྟ་བ་བཞིན་དུ་ཡིད་ལ་བྱེད་པས་བསྡུས་པ་ངེས་པར་རྟོག་པ་ཞེས་བྱ་བ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །ཡང་ཐེག་མཆོག་ཟིན་བྲིས་ལས། འཛིན་གཉིས་ཞེས་པ་ནི་བཟུང་བར་འཛིན་པ་དང༌།འཛིན་པར་འཛིན་པ་གཉིས་ཡིན་ལ། དེ་ཡང་དབང་ཤེས་འཁོར་དང་བཅས་པས་བཞག་པ་ནི་བཟུང་བར་འཛིན་པ་དང༌། ཡིད་ཤེས་འཁོར་དང་བཅས་པས་བཞག་པ་ནི་འཛིན་པར་འཛིན་པའི་བག་ཆགས་སོ། །ཞེས་གསུངས་པ་ལ། མདོ་ལུགས་མ་ལས། སུམ་ཅུ་པའི་རབ་ཏུ་བྱེད་པར་གཟུང་རྟོག་དང་འཛིན་རྟོག་གཉིས་ལ་འཛིན་པ་གཉིས་ཞེས་གསུངས་པ་ནི་གཟུང་པར་འཛིན་པ་དང་འཛིན་པར་འཛིན་པ་ཞེས་པའི་དོན་ཏོ། །ཞེས་པས་དཔྱད་པར་བྱའོ། །འཕགས་པའི་ལུགས་ལ། ཉ་ཊཱིཀ་ལས། དེས་ན་གཟུང་རྟོག་དང་པོ་འདི་གཟུང་རྟོག་གཉིས་པའང་ཡིན་ལ། གཉིས་པ་ནི་དང་པོ་མིན་ཏེ། ཨཱརྱས། དང་པོ་དེ་ནི་གཉིས་པའང་ཡིན་པ་དེ་ནི། དཔེར་ན། གཟུང་བའི་རྣམ་པར་རྟོག་པ་དང་པོར་གྱུར་པ་དངོས་པོ་ཐམས་ཅད་པ་བཞིན་ནོ། །ཞེས་གསུངས་པ་སོགས་ཀྱི་དོན་གང་ཡིན་དཔྱད་པར་བྱའོ། །ཡང་ཐེག་ཆེན་སྦྱོར་ལམ་དེ་ཐེག་དམན་སྦྱོར་ལམ་ལས་ཡོངས་འཛིན་གྱི་སྒོ་ནས་ཁྱད་པར་འཕགས་ཚུལ་ལ། ཉ་ཊཱིཀ་ལས། ཡོངས་འཛིན་གྱིས་འཕགས་པར་མི་རིགས་ཏེ་སངས་རྒྱས་ཡོངས་འཛིན་ཡིན་པས་དེ་རིགས་ཅན་གསུམ་གའི་སྟོན་པར་འདྲ་བས་སོ་ཞེ་ན། དེར་འདྲ་ཡང་སྔར་བཤད་ལྟར་གྱི་ཐབས་ཤེས་རབ་སོགས་དེ་དང་ལྡན་པ་དངོས་སུ་རྗེས་སུ་འཛིན་མི་འཛིན་གྱི་ཁྱད་ཡོད་དེ། ནོར་བུའམ་ཉི་མ་བཞིན་ནོ། །ཞེས་དང༌། ཐེག་དམན་ལ། དེ་ལས། ཕྱི་ནང་གི་ཡོངས་སུ་འཛིན་པ་དང་བྲལ་བ་དང༌། འདིར་བསྟན་གཟུང་འཛིན་གྱི་རྣམ་པར་རྟོག་པ་རྣམ་པ་བཞི་དང་མཚུངས་པར་མི་ལྡན་ཞིང༌། ཞེས་ཕྱི་ནང་གི་ཡོངས་འཛིན་གཉིས་ཀྱི་ཁྱད་པར་འཕགས་པར་བཤད་པར་མི་འཐད་པར་ཐལ། མདོ་ལུགས་མ་ལས། འདིར་ཉན་རང་གི་ཡོངས་འཛིན་ལས་ཁྱད་པར་དུ་འཕགས་པ་ནི་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཉིད་ཡིན་ནོ། །དེ་ལྟ་མ་ཡིན་ན་སངས་རྒྱས་གཅིག་ཉིད་ཀྱང་ཉན་རང་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་བཤེས་གཉེན་དུ་འགྱུར་ཏེ། སྡུད་པ་ལས། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་ཞིང༌། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང༌། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་དང༌། དགེ་བའི་བཤེས་གཉེན་གཅིག་ཉིད་བཟང་ངན་གཉིས་ཇི་ལྟར་དབྱེ། ཞེས་དང༌། དེས་ན་དགེ་བའི་བཤེས་གཉེན་གྱི་ངོ་བོ་ཡོངས་སུ་འཛིན་པ་པོ་ཐུན་མོང་པ་ཡིན་ཡང༌། ཉན་རང་ལས་ཁྱད་པར་དུ་འཕགས་པའི་ཡོངས་འཛིན་གྱི་ངོ་བོ་ནི་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་གང་ཡིན་པ་དེ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཐེག་ཆེན་སྦྱོར་ལམ་པ་ལ་ཡོངས་སུ་འཛིན་པ་པོ་ཕྱིའི་ཡོངས་འཛིན་ཡོད་ཀྱང་དེའི་སྒོ་ནས་ཉན་རང་ལས་ཁྱད་པར་འཕགས་པ་མིན་ལ། དེས་འཛིན་ཚུལ་དང༌། ཐབས་མཁས་ཀྱི་ལམ་གྱིས་ཁྱད་པར་འཕགས་པ་ཡིན་པར་སྣང་ངོ༌། །

སྨྲས་པ། གདམས་ངག་ཆོས་ཀྱི་བདུད་རྩི་འཐུང་བ་ལས། །གདམས་དོན་རྟོགས་པའི་དྲོད་རྩེ་བཟོད་མཆོག་བཞི། །ཡོན་ཏན་པདྨའི་དགའ་ཚལ་བཞད་པའི་དཔྱིད། །སྐལ་ལྡན་རྐང་དྲུག་ཚོགས་རྣམས་མགྲོན་དུ་འབོད། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ཡན་གྱིས་ངེས་འབྱེད་ཆ་མཐུན་བཤད་ཟིན་ཏོ། །

བཞི་བ་སྒྲུབ་པའི་རྟེན་རིགས་བཤད་པ།

བཞི་བ་སྒྲུབ་པའི་རྟེན་རིགས་བཤད་པ་ལ།

སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ། རིགས་ཀྱི་ངོ་བོ་དང༌། རྒྱས་རིགས་ཆད་ཚུལ་དང༌། རིགས་ཀྱི་ཕན་ཡོན་བཤད་པ་དང་གསུམ། དང་པོ་ལ་མདོ་སྡེ་རྒྱན་ལས། ཡོད་དང་མཆོག་དང་མཚན་ཉིད་དང༌། །རྟགས་དང་རིགས་རབ་དབྱེ་བ་དང༌། །ཉེས་དམིགས་དང་ནི་ཕན་ཡོན་དང༌། །དཔེ་རྣམས་གཉིས་ཏེ་རྣམ་པ་བཞི། །ཞེས་གནས་སྐབས་སུ་རྒྱས་འགྱུར་གྱི་རིགས་ཐ་དད་ཡོ༷ད་པའི་སྒྲུབ་བྱེད་ད༷ང༌། དེ་དག་གི་ནང་ནས་ཐེག་ཆེན་གྱི་རིགས་མཆོ༷ག་ཏུ་བསྟན་པ་ད༷ང༌། ཐུན་མོང་དུ་རིགས་ཀྱི་རང་བཞིན་ནམ་མཚ༷ན་ཉིད་ད༷ང༌། ཁྱད་པར་དུ་ཐེག་ཆེན་གྱི་རིགས་སད་པའི་རྟ༷གས་ད༷ང༌། སྤྱི་རིགས་ནས་རི༷གས་ཀྱི་ར༷བ་ཏུ་དབྱེ༷་བ་ད༷ང༌། རྒྱས་འགྱུར་གྱི་རིགས་ལ་བར་དུ་གཅོད་པའི་ཉེ༷ས་དམི༷གས་ད༷ང་ནི༷་ཐེག་ཆེན་གྱི་རིགས་སད་པའི་ཕ༷ན་ཡོ༷ན་ད༷ང༌། ཐུན་མོང་གི་ཡོན་ཏན་བསྐྱེད་པ་གསེར་གྱི་དཔེ་དང༌། ཐུན་མོང་མ་ཡིན་པའི་ཡོན་ཏན་བསྐྱེད་པ་རིན་པོ་ཆེའི་དཔེ༷་རྣ༷མ་པ་གཉི༷ས་ཏེ༷། དེ་རྣམས་རེ་རེ་ཡང་དོན་རྣ༷མ་པ་བཞི༷་བཞིས་འཆད་པར་འགྱུར་བའོ། །ཞེས་པ་ལྟར་བརྒྱད་ལས་དང་པོ་ཉ་ཊཱིཀ་ལྟར་རིགས་ཀྱི་མཚན་ཉིད་བཤད་ན།སྤྱིར་གྲུབ་མཐའ་སོ་སོའི་ལུགས་ལ། བྱེ་བྲག་ཏུ་སྨྲ་བ་ནི། མདོ་ལས། བསོད་སྙོམས་དང་གནས་མལ་དང་ཆོས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང༌། སྤོང་བ་དང་བསམ་གཏན་ལ་དགའ་བ་འཕགས་པའི་རིགས། ཞེས་བཞི་གསུངས་པ་མ་ཆགས་པར་འདུས་པས། སེམས་བྱུང་མ་ཆགས་པ་འཕགས་པའི་རིགས་སུ་འདོད་དེ། མཛོད་དུ། མ་ཆགས་འཕགས་རིགས་དེ་དག་ལས། །གསུམ་ནི་ཆོག་ཤེས་བདག་ཉིད་དོ། །གསུམ་གྱི་ཚུལ་བསྟན་ཐ་མས་ལས། །སྲེད་པ་སྐྱེ་བའི་གཉེན་པོའི་ཕྱིར། །བདག་གིར་བདག་འཛིན་དངོས་འདོད་པ། །དེ་ཡི་དུས་དང་གཏན་ཞིའི་ཕྱིར། །ཞེས་དང༌། མཛོད་རང་འགྲེལ་ལས། ཇི་ལྟར་ན་མ་ཆགས་པའི་རང་བཞིན་ཡིན་ཞེ་ན། སྲིད་པ་དང་འདོད་པའི་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །ཞེས་གསུངས་སོ། ། ཡང་སྐྱེ་མཆེད་དབང་བོའི་ཁྱད་པར་ལ་ཡང་འདོད་དེ། མཛོད་དུ། ཁ་ཅིག་དང་པོ་ནས་དེའི་རིགས། །ཁ་ཅིག་སྦྱངས་པ་ལས་གྱུར་ཏོ། །ཞེས་སོ། །མདོ་སྡེ་བའི་ལུགས་ལ་ཟག་མེད་ཀྱི་སེམས་ཀྱི་ས་བོན་ལ་འདོད་དེ། རྒྱལ་སྲས་མ་ལས། མདོ་སྡེ་བ་དག་གིས་རིགས་ཞེས་བྱ་བ་འདི་ནི་སེམས་ཀྱི་ས་བོན་གྱི་ནུས་པ་ཡིན་ཏེ། སོ་སོ་སྐྱེ་བོ་དང་སློབ་པའི་གནས་སྐབས་ན་ཡང་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་ས་བོན་ལ་རིགས་ཞེས་བྱའོ། །ཞེས་དང༌། མདོ་སྡེ་བ་དག་རང་བཞིན་དུ་གནས་པའི་རིགས་ནི་ཟག་པ་མེད་པའི་སེམས་ཀྱི་ས་བོན་གྱི་ནུས་པ་ལ་འདོད། ཅེས་གསུངས་སོ། །སེམས་ཙམ་པའི་ལུགས་ལ་ཀུན་གཞི་རྣམ་ཤེས་ཀྱི་སྟེང་གི་ཟག་མེད་ཀྱི་ས་བོན་ཞིག་ལ་འདོད་པར་སྣང༌། དབུ་མ་ཐལ་རང་གི་ལུགས་ལ་དྲི་བཅས་ཀྱི་སེམས་བདེན་སྟོང་དེ་རང་བཞིན་གནས་རིགས་སུ་འདོད་དོ། ། རང་ལུགས་ལ། རིགས་ཀྱི་མཚན་ཉིད། ཐར་བའི་ཡོན་ཏན་འབྱུང་བའི་རྟེན་དུ་གྱུར་པའི་གཞིའི་དགེ་བ་དེ་ཡིན་ཏེ། རྒྱུད་བླའི་འགྲེལ་བ་བཀའ་འཁོར་ལོ་ཐ་མའི་གསལ་བྱེད་ལས། རིགས་ཀྱི་མཚན་ཉིད། ཅེས་པ་ནས། ཡོན་ཏན་སྒྲོལ་ཞིང་འབྱུང་བའི་གཞིའམ་ས་བོན་ནི་རིགས་ཀྱི་དོན་ནོ། །ཞེས་གསུངས་སོ། །དེ་ལ་དབྱེ་ན། རང་བཞིན་གནས་རིགས་དང༌། རྒྱས་འགྱུར་གྱི་རིགས་གཉིས། དང་པོའི་མཚན་ཉིད། གང་ལ་བརྟེན་ནས་ཐར་ལམ་ལ་འབད་ན་ཐར་བ་ཐོབ་བྱེད་ཀྱི་ཆོས་ཀྱི་དབྱིངས་དེ་ཡིན་ཏེ། བྱང་ས་ལས། དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། དེ་ནི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ། །ཞེས་དང༌། ཉ་ཊཱིཀ་ལས། རང་བཞིན་དུ་གནས་པའི་རིགས་ཀྱི་མཚན་ཉིད། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ་རྣམ་འགྱུར་དང་ཡ་མ་བྲལ་བའི་ཆོས་དབྱིངས་རྣམ་དག ཅེས་དང༌། མཚན་ཉིད་ནི། གང་ལ་བརྟེན་ནས་ཐར་ལམ་ལ་འབད་ན་ཐར་བ་ཐོབ་བྱེད་ཀྱི་འདུས་མ་བྱས་ཀྱི་དགེ་བ་ཞེས་པའོ། །འདུས་མ་བྱས་ཀྱི་དགེ་བ་གང་ཞིག ངོ་བོ་ཉིད་སྐུའི་རྒྱུར་འགྱུར་བ་ཞེས་པ་ལམ་གྱི་སྐབས་ཀྱི་རང་བཞིན་དུ་གནས་པའི་རིགས་ཀྱི་མཚན་ཉིད་དོ། །ཞེས་གསུངས་སོ། །གཉིས་པ་རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད། ཆོས་དབྱིངས་ལ་བརྟེན་ནས་ཐོས་སོགས་ཀྱི་རྐྱེན་གྱིས་བྱང་ཆུབ་འགྱུར་རུང་གི་དགེ་བ་འདུས་བྱས་དེ་ཡིན་ཏེ། ཉ་ཊཱིཀ་ལས། དེ་ལ་བརྟེན་ནས་རྐྱེན་གྱིས་བསྐྱེད་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་དགེ་བ་འདུས་བྱས་ཐམས་ཅད་རྒྱས་པའི་རིགས་ཏེ། མཚན་ཉིད་ནི། བྱང་ཆུབ་ཀྱི་རྒྱུར་གྱུར་པའི་དགེ་བ་འདུས་བྱས་སོ། །ཐེག་གསུམ་སོ་སོར་ཡང་སྦྱར་ཏེ། རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་དགེ་བ་འདུས་བྱས་ནི། ཐེག་ཆེན་གྱི་རྒྱས་རིགས་ཀྱིའོ། །གཞན་ལ་ཡང་ངོ༌། །ཞེས་གསུངས་སོ། །རྒྱུད་བླར། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང༌། །ཡང་དག་བླངས་པ་མཆོག་ཉིད་དོ། །ཞེས་དང༌། བྱང་ས་ལས། དེ་ལ་ཡང་དག་པར་སྒྲུབ་པའི་རིགས་ནི། སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་སྟེ། ཞེས་སོ། །དེ་ལྟར་མདོ་སྡེ་རྒྱན་ལས། རང་བཞིན་དང་ནི་རྒྱས་པ་དང༌། །དེ་ནི་རྟེན་དང་བརྟེན་པ་དང༌། །ཡོད་མེད་ཉིད་དང་ཡོན་ཏན་ནི། །སྒྲོལ་བའི་དོན་དུ་རིགས་ཞེས་བྱ། །ཞེས་པའི་དོན་ནི། རྒྱུད་བླ་མར་ཡང༌། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང༌། །ཡང་དག་བླངས་པ་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར་ཆོས་ཀྱི་དབྱིངས་གདོད་མ་ནས་རྣམ་པར་དག་པ་ནམ་མཁའ་ལྟར་ཁྱབ་པར་གནས་པ་ར༷ང་བཞི༷ན་གྱི་རིགས་ད༷ང་ནི༷། དེ་རྟོགས་པ་དང་རྒྱུ་མཐུན་པའི་ཐོས་པ་ལ་སོགས་པ་དགེ་བའི་བག་ཆགས་འཕེལ་བ་རྒྱ༷ས་པ༷་ལས་བྱུང་བའི་རིགས་ད༷ང་གཉིས་ཡིན་ལ། དེ་དག་ནི་གོ་རིམ་བཞིན་དུ་ཆོས་ཉིད་རང་བཞིན་གྱི་རིགས་ཐོག་མ་མེད་པ་ནས་གནས་པ་ནི་རྟེ༷ན་ནམ་གཞི་ཡིན་པ་ད༷ང༌། ཐོས་སོགས་དགེ་པའི་རྩ་བ་ཡང་དག་པར་བསྒྲུབ་པ་ལས་བྱུང་བ་རྒྱས་འགྱུར་གྱི་རིགས་ནི་བརྟེ༷ན་པ༷་ཡིན་པ་ད༷ང་གཉིས་ཏེ་བཞིས་བསྟན་པ་ཡིན་ཞིང༌། དེ་ཡང་རང་བཞིན་གྱི་རིགས་ནི་དྲི་མ་དང་བྲལ་བར་བྱ་བའི་རྒྱུའི་ངོ་བོར་ཡོ༷ད་པ་ཉིད་དང༌། རྒྱས་འགྱུར་གྱི་རིགས་ཀྱང་སྐྱེད་བྱེད་ཀྱི་རྒྱུའི་ངོ་བོར་ཡོ༷ད་པ་ཉིད་དང༌། རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །{་གསུམ་ཐོབ་པར་འདོད་པ་ཡིན། །དང་པོས་{་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་རིགས་གཉིས་ལས་{་གསུམ་འགྲུབ་པར་གསུངས་པའི་ནང་ནས་རང་བཞིན་གྱི་རིགས་ནི་ངོ་བོ་ཉིད་ཀྱི་{་དག་པ་གཉིས་ལྡན་གྱི་འབྲས་བུའི་ངོ་བོར་མེ༷ད་པ་ཉི༷ད་ད༷ང་རྒྱས་འགྱུར་གྱི་རིགས་ནི་གཟུགས་{་གཉིས་གྲུབ་ཟིན་འབྲས་བུའི་ངོ་བོར་མེ༷ད་པ་ཉི༷ད་དེ། དེ་དག་གིས་ནི་རང་བཞིན་དང་མཚན་ཉིད་ཀྱང་གསལ་བར་བསྟན་ནས། སྒྲའི་དོན་ནི་གོ་ཏྲ་ཞེས་པ་རིགས་ཀྱི་མིང་ཡིན་ལ་གོ་ཡིག་གུ་ཎ་ཞེས་པར་བསྒྱུར་བ་ཡོ༷ན་ཏ༷ན་དང༌། ཏྲ་ཡིག་ཏཱ་ར་ཞེས་པར་ཕྲལ་བ་སྒྲོལ་བ་ལ་འཇུག་པས། མོས་སྤྱོད་ནས་བཟུང་སྟེ་མི་སློབ་པའི་བར་གྱི་ཡོན་ཏན་ཁྱད་པར་ཅན་རྣམས་ནི༷་གོང་ནས་གོང་དུ་སྒྲོ༷ལ་ཞེས་འབྱུང་བ༷འི་དོ༷ན་དང་ལྡན་པ་ལ་རིགས་ཞེས་བྱ་བ་ཉིད་དུ༷་ཤེ༷ས་པ༷ར་་་་་བྱ༷འོ། །

གཉིས་པ་རིགས་ཡོད་པའི་སྒྲུབ་བྱེད།

གཉིས་པ་རིགས་ཡོད་པའི་སྒྲུབ་བྱེད་ལ།

སྤྱིར་རིགས་ཡོད་པའི་སྒྲུབ་བྱེད་དང༌། གནས་སྐབས་ཐེག་པ་གསུམ་གྱི་རིགས་ཡོད་པའི་སྒྲུབ་བྱེད་དང༌། རང་བཞིན་དུ་གནས་པའི་རིགས་བསམ་གྱིས་མི་ཁྱབ་པའི་སྒྲུབ་བྱེད་དང་གསུམ། དང་པོ་ནི། རྒྱུད་བླར། སྡུག་་་བསྔལ་ཡིད་འབྱུང་ཞི་ཐོབ་པར། །འདུན་དང་སྨོན་པའི་ལས་ཅན་ནོ། །ཞེས་དང༌། གལ་ཏེ་་་་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང༌། །མྱ་ངན་འདས་ལ་འདོད་པ་་་དང༌། །དོན་གཉེར་སྨོན་པའང་མེད་པར་འགྱུར། །སྲིད་དང་མྱ་ངན་འདས་ལ་དེའི། །སྡུག་བདེའི་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོད་ལས་ཡིན་གང་ཕྱིར་དེ། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་སོ། །གཉིས་པ་ནི། ཁམས་རྣམས་དང་ནི་མོས་པ་དང༌། །སྒྲུབ་པ་ཐ་དད་དབྱེ་བ་དང༌། །འབྲས་བུ་ཐ་དད་དམིགས་པའི་ཕྱིར། །རིགས་ཡོད་ཉིད་དུ་ངེས་པར་བརྗོད། །ཅེས་ཁ༷མས་རྣ༷མས་ད༷ང་ནི༷་ཞེས་པ་སེམས་ཅན་རྣམས་ནི་ཁམས་དང་རིགས་སྣ་ཚོགས་པ་ཅན་ཡིན་ཏེ། བ་རུ་རའི་མདོ་ལས། དགེ་སློང་དག་དཔེར་ན། བ་རུ་རའི་ཕུང་པོ་འཕང་དུུ་དཔག་ཚད་ཙམ་རྒྱར་དཔག་ཚད་ཙམ་ཞིག་ཡོད་པར་གྱུར་ལ། དེ་ལས་ལོ་བརྒྱ་བརྒྱ་ན་རེ་རེ་བླངས་ཏེ་འདི་ནི་ཁམས་ཆེ་གེ་མོ་ཞིག་ཏུ་དོར་རོ། །འདི་ནི་ཁམས་ཆེ་གེ་མོ་ཞིག་ཏུ་དོར་རོ་ཞེས་བརྗོད་ན། བ་རུ་རའི་ཕུང་པོ་དེ་ཟད་ཅིང་ཡོངས་སུ་གཏུགས་པར་འགྱུར་གྱི། ཁམས་ནི་དེ་ལྟར་འགྱུར་བ་མ་ཡིན་ནོ་ཞེས་རིགས་ཀྱི་དབྱེ་བ་མཐའ་ཡས་པ་གསུངས་པའི་ཕྱིར་གནས་སྐབས་སུ་ཐེག་པ་གསུམ་གྱི་རིགས་ཐ་དད་པ་ཡོད་དོ། །དེ་བཞིན་དུ་འགའ་ཞིག་གཞན་གྱིས་མ་བ{ལ་བཞྀན་དུའང་ཐོག་མར་རྒྱུའི་དུས་ན་ཐེག་པ་གསུམ་ལས་གང་ཡང་རུང་བ་ཞིག་ཁོ་ན་ལ་མོ༷ས་པ༷་འཇུག་པ་མཐོང་བའི་ཕྱིར་ད༷ང༌། ཡང་དགེ་བའི་བཤེས་གཉེན་ལ་སོགས་པའི་རྐྱེན་གྱི་དབང་གིས་ཐེག་ཆེན་ལྟ་བུ་ལ་མོས་པ་བསྐྱེད་དུ་ཟིན་ཀྱང༌། ཁ་ཅིག་གིས་ནི་ལམ་ངེས་པར་བསྒྲུབ་ནུས་ལ་ཁ་ཅིག་གིས་ནི་སྒྲུབ་མི་ནུས་པ་ལྟ་བུ་སྒྲུ༷བ་པ༷་ཐ༷་ད༷ད་པའི་དབྱེ༷་བ༷་མཐོང་བའི་ཕྱིར་ད༷ང༌། རྒྱུ་དང་མཐུན་པར་འབྲས་བུ་འབྱུང་བའང་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས། ལམ་མཐར་ཕྱིན་པ་ལས་འབྲ༷ས་བུ༷་གྲུབ་པའི་དུས་ནའང་བྱང་ཆུབ་དམན་པ་དང་འབྲིང་དང་ཁྱད་པར་ཅན་གསུམ་དུ་ཐ༷་ད༷ད་པར་དམི༷གས་པ༷འི་ཕྱི༷ར་གནས་{བས་ཐེག་པ་གསུམ་གྱི་རི༷གས་ཐ་དད་པ་ཡོ༷ད་པ་ཉི༷ད་དུ་ངེ༷ས་པ༷ར་བརྗོ༷ད་དོ། །

གསུམ་པ་ནི།

རྒྱུད་བླར། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་དང༌། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་ཏེ། དེ་བཞིན་གཤེགས་པའི་རིགས་ཁམས་རང་བཞིན་གྱིས་རྣམ་དག་འདི་ལ་རང་གི་ངོ་བོ་ལ་ལྟོས་ཏེ་དྲི་མ་བསལ་དགོས་ཅི་ཡང་མེད་དེ། རང་བཞིན་གྱིས་དག་པའི་ཕྱིར་རོ། །འདུས་མ་བྱས་པའི་སངས་རྒྱས་ཀྱི་ཡོན་ཏན་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་མང་བ་རྣམས་གསར་དུ་བཞག་དགོས་མེད་དེ། དེ་རང་བཞིན་གྱིས་ཚང་བས་སོ། །དེའི་རྒྱུ་མཚན་ནི། རིམ་པ་ལྟར་དྲི་མ་ནི་དེ་ལས་རྣམ་དབྱེར་བཅས་པས་འབྲལ་ལ་ཅིག་ཤོས་ནི་འབྲལ་མི་རུང་ཡིན་པའི་ཕྱིར། རྒྱུད་བླར། ཉེས་པ་གློ་བུར་དང་ལྡན་དང༌། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོ། །དེས་ན་རང་བཞིན་གནས་པའི་ཁམས་དེ་ཕྱིན་ཅི་མ་ལོག་པའི་སྟོང་བ་ཉིད་ཡིན་ཏེ། སྒྲོ་སྐུར་དང་བྲལ་བའི་ཕྱིར་རོ། །ཞེས་བསྟན་པ་ཡིན་ནོ། །ཡང་དེ་བསམ་གྱིས་མི་ཁྱབ་པའི་གནས་ཡང་ཡིན་ཏེ། ཉ་ཊཱིཀ་ལས། སེམས་ཅན་གྱི་དུས་སུ་ཡོད་ཀྱང་རང་གི་ངོ་བོ་དྲི་མ་ཐམས་ཅད་ཀྱིས་གདོད་ནས་དག་པ་ཡང་ཡིན་གནས་སྐབས་རྒྱུད་དབང་བཙན་དུ་བྱས་ནས་དྲི་མས་མ་དག་པ་ཡང་ཡིན། དྲི་མེད་ཀྱི་དུས་སུ་རང་གི་ངོ་བོ་སྔར་དྲི་མར་རམ་དེས་གོས་པར་མ་གྱུར་བཞིན་དུ་རྒྱུད་དབང་བཙན་དུ་བྱས་པས་དྲི་མས་དག་པའི་ཡང་ཕྱིར་རོ། །རྒྱུད་བླར། དག་དང་ཉོན་མོངས་ལྡན་ཕྱིར་དང༌། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །ཞེས་སོ། །རང་བཞིན་གནས་རིགས་དེ་ཆོས་དབྱིངས་དང་སངས་རྒྱས་ཡིན་ཡང་དེ་རྒྱུད་ལྡན་དེ་སངས་རྒྱས་ཡིན་མི་དགོས་ཏེ། ཉ་ཊཱིཀ་ལས། འོ་ན་སེམས་ཅན་འདི་རྣམས་ཀྱི་ཤེས་བྱ་ཐམས་ཅད་རྟོགས་པར་འགྱུར་ཏེ། ཁོའི་རྒྱུད་ལ་སངས་རྒྱས་མཚན་ཉིད་པ་ཡོད་པས་སོ། །ཞེ་ན། ཡོད་ཀྱང་དེའི་རྒྱུད་ཀྱིས་བསྡུས་པའི་ཚུལ་གྱི་ཡོད་པ་མིན་གྱི་དེ་ཆོས་ཉིད་ཡིན་པས་ཆོས་ཉིད་ཀྱིས་ཆོས་ཅན་ལ་ཁྱབ་པར་ཡོད་པའི་ཚུལ་དེས་ཡོད་པས་སྐྱོན་མེད་ལ། དེས་ན་ཡུམ་སྒྱུ་འཕྲུལ་ཆེན་མོས་ཡང་ཤེས་བྱ་ཐམས་ཅད་ཤེས་པར་འགྱུར་ཏེ། དེའི་ལྷུམས་ན་རྫོགས་སངས་ཡོད་པས་སོ། །ཞེས་ཅི་སྟེ་མི་མཚུངས། ཞེས་དང༌།རི་ཆོས་ངེས་དོན་རྒྱ་མཚོ་ལས། གལ་ཏེ་སེམས་ཅན་ཐམས་ཅད་ལ་དོན་དམ་པའི་སངས་རྒྱས་རང་ཆས་སུ་ཡོད་ན་སྤངས་བ་དང་རྟོགས་པ་རང་ཆས་སུ་ཡོད་པར་འགྱུར་རོ་ཞེ་ན། འདི་རྣམ་པར་ཕྱེ་སྟེ་བསྟན་དགོས་པས་སྤངས་པ་ལ་ཡང་གཉིས་ཏེ་ཞེས་སོགས་དང༌། རྒྱུད་བླ་མ་ལས། གདོད་ནས་ཟད་པས་ཟད་ཅེས་བྱ། །ཞེས་དང༌། ཡང་རི་ཆོས་ལས། དེས་ན་ཁ་ཅིག་སེམས་ཅན་ལ་སངས་རྒྱས་ཡོད་ན་ལས་དང་ཉོན་མོངས་དང་སྡུག་བསྔལ་ཐམས་ཅད་མེད་པར་འགྱུར་རོ། །ཞེས་པ་ནས། སེམས་ཅན་གྱིས་ཤེས་བྱ་ཐམས་ཅད་མཁྱེན་པར་འགྱུར་རོ་ཞེས་སོགས་ལོག་པའི་ཀླན་ཀ་ཤིན་ཏུ་མང་པོ་རྣམས་ནི་ཡོད་པ་དང་ཡིན་པའི་ཁྱད་པར་མ་ཤེས་པའི་བབ་ཅོལ་ཡིན་ཏེ། ཡོད་པས་ཡིན་པར་མི་འགྲུབ་པའི་ཕྱིར་རོ། །ཞེས་གསུངས་བའི་ཕྱིར་རོ། །གསུམ་པ་ཐེག་ཆེན་གྱི་རིགས་མཆོག་ཏུ་བསྟན་པ་ནི། དེ་དགེ་ཁྱད་པར་འཕགས་པ་དང༌། །ཐམས་ཅད་དང་ནི་དོན་ཆེན་དང༌། །མི་ཟད་པ་ཡི་རྒྱུ་མཚན་ཕྱིར། །རིགས་མཆོག་ཉིད་ཅེས་བརྗོད་པ་ཡིན། །ཞེས་ཐེག་པ་ཆེན་པོའི་རིགས་སད་པ་ལ་བརྟེན་པ་དེ༷འི་དགེ༷་བ་ནི་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་སྦྱོང་བར་བྱེད་པས་ཉན་རང་ལས་ཁྱ༷ད་པ༷ར་དུ་འཕ༷གས་པ༷འི་ཕྱིར་ད༷ང༌། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐ༷མས་ཅ༷ད་འགྲུབ་པར་བྱེད་པའི་ཕྱིར་ད༷ང་ནི༷་རང་གཞན་ཐམས་ཅད་ཀྱི་དོ༷ན་རྒྱ་ཆེ༷ན་པོ་སྒྲུབ་པར་བྱེད་པའི་ཕྱིར་ད༷ང༌། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དུས་ནའང་ཡོན་ཏན་མི༷་ཟ༷ད་ཅིང་འཕེལ་བར་འགྱུར་པ༷འི༷་ཕྱིར་ཏེ། རྒྱུ༷་མཚ༷ན་བཞི་པོ་དེ་དག་ཐེག་དམན་ལ་མེད་ཅིང་ཐེག་ཆེན་ལ་ཡོད་པའི་ཕྱི༷ར་རི༷གས་རྣམས་ལས་མཆོ༷ག་ཏུ་གྱུར་པ་ཉི༷ད་ཅེ༷ས་བརྗོ༷ད་པ༷་ཡི༷ན་ནོ། །། བཞི་བ་རིགས་རྟགས་ཀྱིས་བསྟན་པ་ནི། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་ཆོས་བཅུ་བའི་མདོ་ལས། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པ་ལྟར་ལམ་སྒྲུབ་པ་ལ་སྦྱོ༷ར་པ༷འི་སྔོ༷ན་རོལ་ཏུ༷འང་སེམས་ཅན་སྡུག་བསྔལ་བ་རྣམས་མཐོང་བ་ལས་སྙི༷ང་རྗེ༷་ཆེན་པོ་སྐྱེ་བ་ད༷ང༌། ཐེག་པ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ་ཡོན་ཏན་ཤེས་བཞིན་དུའང་མོ༷ས་པ༷་ཆེན་པོ་སྐྱེ་བ་ད༷ང་ནི༷་གཞན་དོན་སྒྲུབ་པའི་དཀའ་སྤྱད་ལ་ནམ་ཡང་ཇི་མི་སྙམ་པའི་བཟོ༷ད་པ༷་ཆེན་པོ་སྐྱེ་བ་ད༷ང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་དགེ༷་བ༷་རྒྱ་ཆེན་པོ་ལ་ཡ༷ང་ད༷ག་པར་སྤྱོ༷ད་པ༷་སྟེ་རྣམ་པ་བཞི་ནི༷་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་ཆེན་རྒྱས་འགྱུར་གྱི་རི༷གས་སད་པ་ཉིད་ཀྱི༷་རྟ༷གས་སུ༷་ངེ༷ས་པ༷ར་བཤ༷ད་པ་ཡིན་ནོ། །

ལྔ་བ་དབྱེ་བ་བསྟན་པ།

ལྔ་བ་དབྱེ་བ་བསྟན་པ་ནི།

མངོན་རྟོགས་རྒྱན་དང༌། མདོ་སྡེ་རྒྱན་ལས་བཤད་པ་གཉིས་ལས་དང་པོ་ནི། རྟོགས་པ་ཡི་ནི་ཆོས་དྲུག་དང༌། །གཉེན་པོ་དང་ནི་སྤོང་བ་དང༌། །དེ་དག་ཡོངས་སུ་གཏུགས་པ་དང༌། ། ཤེས་རབ་སྙིང་བརྩེར་བཅས་པ་དང༌། །སློབ་མ་ཐུན་མོང་མིན་ཉིད་དང༌། །གཞན་གྱི་དོན་གྱི་གོ་རིམ་དང༌། །ཡེ་ཤེས་རྩོལ་བ་མི་མངའ་བར། །འཇུག་པའི་རྟེན་ལ་རིགས་ཞེས་བྱ། །ཞེས་པའི་དོན་ནི། མདོ་ལུགས་མ་ལས། རྟོ༷གས་པ༷འི༷་ཆོ༷ས་དྲུ༷ག་ནི། སེམས་བསྐྱེད་དང༌། གདམས་ངག་དང༌། ངེས་འབྱེད་ཡན་ལག་རྣམ་བཞི་པོ་ཡིན་པར་འོས་སོ། །ཞེས་དང༌། གཉེ༷ན་པོ༷་ནི་བར་ཆད་མེད་པའི་ལམ་མོ། །དེས་སྤང་བྱ་སྤོང་བཞིན་པ་ནི༷་སྤོ༷ང་བ༷་ད༷ང་ཞེས་སོ། །དེ༷་ད༷ག་ཡོ༷ངས་སུ༷་གཏུ༷གས་པ༷་ནི། རྣམ་པར་གྲོལ་བའི་ལམ་མོ། །དེ་རྣམས་འཇུག་པའི་རྟེན་ནི་རིགས་ཡིན་ནོ། །བྱང་སེམས་ཀྱི་ཤེ༷ས་ར༷བ་སྙི༷ང་བརྩེ༷ར་བཅ༷ས་པ༷་འཇུག་པའི་རྟེན་ད༷ང༌། སློ༷བ་མ༷་ཉན་རང་དང་ཐུ༷ན་མོ༷ང་མ་ཡིན་པའི་ཡོན་ཏན་ཉི༷ད་འཇུག་པའི་རྟེན་ད༷ང༌། བྱང་སེམས་ཀྱི་གཞ༷ན་གྱི༷་དོ༷ན་གྱི༷་གོ༷་རི༷མ་འཇུག་པའི་རྟེན་ད༷ང༌། ས་བརྒྱད་པ་ལ་སོགས་པ་གསུམ་གྱི་ཡེ༷་ཤེ༷ས་རྩོ༷ལ་བ༷་མི༷་མང༷འ་བ༷ར་འཇུ༷ག་པ༷འི་རྟེ༷ན་ལ༷་རི༷གས་ཞེ༷ས་བྱ༷འོ། །ཞེས་གསུངས་སོ། །

གཞན་དོན་གོ་རིམ་གྱིས་དགོངས་ལྡེམ་དགོངས་བརྒྱད་ཀྱི་སྒོ་ནས་ཐེག་གསུམ་ལ་འགོད་པའི་ཚུལ་ཉ་ཊཱིཀ་གི་གསུངས་ཟིན་ལྟར་བརྗོད་པར་བྱ་སྟེ། ཐེག་པ་གསུམ་གྱི་ལམ་ལ་འགོད་པའི་མཚན་ཉིད་ཀྱི་གཞན་གྱི་དོན་གྱི་གོ་རིམ་མོ། །ཇི་ལྟར་འགོད་ན། གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུའོ། །གང་གི་སྒོ་ནས་ན། དགོངས་ལྡེམ་དགོངས་བརྒྱད་ཀྱི་སྒོ་ནས་སོ། །བརྒྱད་གང་ཞེ་ན། ལྡེམ་དགོངས་བཞི། དགོངས་པ་བཞིའོ། །དང་པོ་ལ། གཞུག་པ་ལྡེམ་པོར་དགོངས་པ་དང༌། །མཚན་ཉིད་ལྡེམ་པོར་དགོངས་པ་དང༌། །གཉེན་པོར་ལྡེམ་པོར་དགོངས་པ་དང༌། །བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ། །ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་འདུལ་བ་དང༌། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་འདི་རྣམ་བཞི། །ཞེས་ཏེ། སྒྲ་དོན་ནི། སྒྲ་སྦྱོར་བམ་གཉིས་སུ། ལྡེའུ་བཞིན་དུ་ཚིག་ཐེལ་གྱིས་མི་དབབ་པར་བསྒྱུར་ཏེ་བསྟན་པ་ཡིན་པས། ལྡེམ་པོར་དགོངས་པ་བཞི་ཞེས་བྱ། ཞེས་སོ། །གཞུག་པ་ལྡེམ་དགོངས་ནི། སེམས་ཙམ་པའམ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ལྟར་ན། ཉ༷ན་ཐོ༷ས་ཕྱི་རོལ་ལ་ཞེན་པ་བསྟན་པ་ལ་གཞུག་པའི་ཕྱིར་དུ་གཟུགས་སོགས་ཕྱིའི་དོན་ཡོད་པར་བསྟན་པ་ལྟ་བུ་གཞུག་པ་ལ་ལྡེམ་དགོངས་ཏེ། ཉི་ཤུ་པར། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །བརྫུས་ཏེ་སྐྱེ་བའི་སེམས་ཅན་བཞིན། །ཞེས་སོ། །མཚོན་པ་ཙམ་མོ། །མཚན་ཉིད་ལྡེམ་དགོངས་ནི། མཚན་ཉིད་དམ་ངོ༷་བོ༷་ཉི༷ད་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་མེད་དོ། །རང་བཞིན་གྱིས་མྱང་འདས་སོ། །ཞེས་བསྟན་པ་མཚན་ཉིད་ལ་ལྡེམ་དགོངས་སོ། །གཟུགས་ནས་སངས་རྒྱས་ཀྱི་བར་མེད་དོ། །སྒྱུ་མ་ལྟ་བུའོ། །གཉེན་པོ་ལྡེམ་དགོངས་ནི། མདོ་སྡེ་རྒྱན་ལས། ༡སངས་རྒྱས་༢ཆོས་ལ་བརྙས་པ་དང༌། །༣ལེ་ལོ་༤ཅུང་ཟད་ཆོག་འཛིན་དང༌། །༥ང་རྒྱལ་༦འདོད་ཆགས་སྤྱོད་པ་དང༌། །༧འགྱོད་དང་༨མ་ངེས་ལྡོག་པ་ནི། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། །དེ་ཡི་གཉེན་པོར་ཐེག་མཆོག་གསུངས། །ཞེས་པ་ལྟར། ༡སངས་རྒྱས་ལ་བརྙས་པ་ལ་སོགས་པའི་སྒྲིབ་པ་བརྒྱད་ཀྱི་གཉེན་པོ་ལ་ལྡེམ་དགོངས་བརྒྱད་དེ། ང་དེའི་ཚེ་སངས་རྒྱས་རྣམ་གཟུགས་ནས་འོད་སྲུངས་ཀྱི་བར་དུ་གྱུར་ཏོ། །ཞེས་པ་ལྟ་བུའོ། །༢ སངས་རྒྱས་གང་གཱའི་བྱེ་སྙེད་དང༌། མཉམ་པ་བསྙེན་བསྐུར་ན་གཟོད་ཐེག་ཆེན་རྟོགས་པ་སྐྱེའོ། །ཞེས་དང༌། ༣ བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་བཏབ་ན་དེར་སྐྱེའོ། །ཞེས་སོགས་དང༌། ༤ལ་ལར་སྦྱིན་པ་སྨད་ལ། ལ་ལར་བསྔགས་པ་ལྟ་བུ། ༥ སངས་རྒྱས་འགའི་ཞིང་གི་འབྱོར་བ་བསྔགས་པ་ལྟ་བུ། ༦སངས་རྒྱས་ལ་ལའི་ཕུན་སུམ་ཚོགས་པ་བསྔགས་པ་ལྟ་བུ། ༧ སངས་རྒྱས་བྱང་སེམས་ལ་གནོད་པ་བྱེད་ན་མཐོ་རིས་སུ་འགྲོ ཞེས་པ་ལྟ་བུ། ༨ཉན་ཐོས་སངས་རྒྱས་སུ་ལུང་བསྟན་པ་དང་ཐེག་པ་གཅིག་ཏུ་བཤད་པ་ལྟ་བུ་རྣམས་རིམ་བཞིན་ནོ། །བསྒྱུར་བ་ལྡེམ་དགོངས་ནི། སྙིང་བོ་མེད་ལ་སྙིང་བོར་ཤེས། །ཕྱིན་ཅི་ལོག་ལ་ལེགས་པར་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་དངོས་ཀྱི་དོན་འཁོར་བ་སྙིང་པོ་མེད་པ་ལ་སྙིང་པོར་ཤེས་ཤིང༌། འདུས་བྱས་རྟག་པར་འཛིན་པ་ལ་སོགས་པ་ཕྱིན་ཅི་ལོག་ལ་ཤིན་ཏུ་གནས་ལ། ཉོན་མོངས་པ་རྣམས་ཀྱིས་སེམས་ཀུན་ནས་རབ་ཏུ་ཉོན་མོངས་པར་གྱུར་པ་སྟེ། བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་ཀྱང་དགོངས་པའི་དོན་ནི་སཱ་ར་སྙིང་པོ་དང་བི་སཱ་ར་རྣམ་གཡེང་ཡིན་པས་གང་གི་བློ་རྣམ་གཡེང་མེད་པ་ལ་སྙིང་པོའམ་མཆོག་ཏུ་ཤེས་ནས་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་ཤིང༌།འདུས་བྱས་རྟག་པ་ལ་སོགས་པ་ལས་ཕྱིན་ཅི་ལོག་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་ཀྱི་དོན་མངོན་སུམ་དུ་རྟོགས་པ་ལ་ཤིན་ཏུ་གནས་པས་མཐོང་ལམ་ཐོབ་ནས་གཞན་དོན་དུ་ཡུན་རིང་པོར་དཀའ་བ་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱིས་རབ་ཏུ་ཉོན་མོངས་པར་བྱས་ཏེ་སྒོམ་ལམ་ཡོངས་སུ་རྫོགས་པ་ལས་བྱང་ཆུབ་དམ་པ་ཐོབ་པར་འགྱུར། ཞེས་བསྒྱུར་ནས་འཆད་པ་ལྟ་བུ་བསྒྱུར་བ་ལ་ལྡེམ་དགོངས་སོ། །གཉིས་པ་ནི། མདོ་སྡེ་རྒྱན་ལས། མཉམ་པ་ཉིད་དང་དོན་གཞན་དང༌། །དེ་བཞིན་དུ་ནི་དུས་གཞན་དང༌། །གང་ཟག་གི་ནི་བསམ་པ་ལ། །དགོངས་པ་རྣམ་པ་བཞིར་ཤེས་བྱ། །ཞེས་ཀུན་ལས་བཏུས་པར་ཡང༌། གང་དག་གིས་ཤིན་ཏུ་རྒྱས་པ་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པ་ཁོང་དུ་ཆུད་པར་བྱ་བའི་དགོངས་པ་ནི་བཞི་སྟེ། ཞེས་གསུངས་པ་ལྟར། མཉ༷མ་པ༷་ཉི༷ད་ལ་དགོངས་པ་ནི། ཡང་ན་མཛོད་ལས། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་{་འགྲོ་བའི་དོན་སྤྱོད་པ། །མཉམ་པ་ཉིད་དེ། ཞེས་སངས་རྒྱས་རྣམས་རྒྱུ་ཚོགས་གཉིས་འབྲས་བུ་ཆོས་སྐུ་བྱེད་པ་གཞན་དོན་འཕྲིན་ལས་གསུམ་མམ་སངས་རྒྱས་ཐམས་ཅད་དོན་དམ་ཆོས་ཀྱི་{་མཉམ་པ་ཉིད་ལ་དགོངས་ནས་ང་ཉིད་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་གསུངས་པ་ལྟ་བུ་ད༷ང༌། དོ༷ན་གཞ༷ན་ལ་དགོངས་པ་ནི། ཆེད་དུ་བརྗོད་པའི་ཚོམས་ལས། ཕ་དང་མ་ནི་གསད་བྱ་ཞིང༌། །ཞེས་སོགས་དངོས་ཀྱི་དོན་འཇིག་རྟེན་ན་ཁ་ན་མ་ཐོ་བ་ཆེན་པོར་གྲགས་པ་སོ་སོར་ངེས་པའི་སྐྱེ་བོ་ཕ༷་ད༷ང་མ༷་ནི༷་བས༷ད་བྱ༷ས་ཤིང༌། ཐུན་མོང་བའི་བླ་མ་སྐྱོང་བར་བྱེད་པ་རྒྱ༷ལ་པོ་དང༌།སྦྱིན་གནས་དམ་པ་དགེ་སྦྱོང་དང་བྲམ་ཟེ་སྟེ་གཙ༷ང་སྦྲ༷་ཅ༷ན་གཉི༷ས་ད༷ང༌། སྐྱེ་བོ་ཆེན་པོའམ་མང་བོ་ནི་ཡུ༷ལ་འཁོ༷ར་གྱི་མི་རྣམས་དང༌། དེ་དག་གི་འཁོ༷ར་བ་ལང་དང་རྟ་དང་མ་ཧེ་ལ་སོགས་པ་དང་བཅ༷ས་པ་རྣམས་བཅོ༷མ་པ༷་ན། མི༷་དེ༷་ད༷ག་པ༷་ཉི༷ད་དུ༷་འགྱུ༷ར་ཞེས་གསུངས་ཀྱང༌། དགོངས་པའི་དོན་ནི། ཕ༷་འཕེན་པའི་རྒྱུ་ལས་དང༌། མ༷་འགྲུབ་པའི་སྲེད་པ་བས༷ད་དེ་སྤང་བར་བྱས་ཤིང༌། རྒྱལ་བོ་ཉེར་ལེན་དང་བཅས་པའི་ཀུན་གཞི་དང༌། གཙང་སྦྲ་ཅན་མཆོག་འཛིན་གཉིས་དང༌། ཡུལ་འཁོར་འཁོར་དང་བཅས་པ་སྐྱེ་མཆེད་སྤྱོད་ཡུལ་དང་བཅས་པ་སྟེ་དེ་རྣམས་བཅོམ་ཞིང་སྤངས་པ་ན་མི་དེ་དག་པར་འགྱུར་ཞེས་དོན་གཞན་ལ་ད༷ང༌། དུས་གཞན་ལ་དགོངས་པ་ནི། དེ་མ་ཐག་མི་སྐྱེའང་སྨོན་ལམ་བཏབ་པ་དེ༷་བཞི༷ན་དུ༷་ནི༷་དུ༷ས་གཞ༷ན་ན་སྐྱེ་བ་ལ་དགོངས་ནས་གང་དག་བདེ་བ་ཅན་དུ་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུ་ད༷ང༌། གང་ཟག་གི་བསམ་པ་ལ་དགོངས་པ་ནི། ག༷ང་ཟ༷ག་གི༷་ནི༷་བས༷མ་པ༷་ལ༷་དགོངས་ནས་དགེ་བའི་རྩ་བ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོར་དེ་ལ་སྨད་ནས་གཞན་ལ་བསྔགས་པའི་ཚུལ་འཆད་པ་ལྟ་བུ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པས་གསུངས་པའི་དགོ༷ངས་པ༷་རྣ༷མ་པ་བཞི༷འི་ཁྱད་པར་ཡང་ལེགས་པར་ཤེ༷ས་པ༷ར་བྱ༷འོ། །དེ་དག་དྲང་ངེས་ཀྱི་མདོ་གང་ཡིན་གྱི་ཚུལ་ནི། ཉ་ཊཱིཀ་ལས། འདི་རྣམས་དྲང་ངེས་གང་ཡིན་ཞེ་ན། ཤཱནྟིས། དྲང་བའི་དོན་ནི་དེ་པས་བསྟན་པ་རྣམས་དགོངས་པ་བཞི་དང་ལྡེམ་པོར་དགོངས་པ་བཞི་བཤད་ཅེས་ཤེར་ཕྱིན་མན་ངག་ཏུ་བཤད་པ་ལྟར། བརྒྱད་ཀ་དྲང་དོན་འབའ་ཞིག་ཏུ་ཕལ་ཆེར་བཞེད་ལ་ཆེན་པོ་ཁ་ཅིག་དྲང་ངེས་གཉིས་ཀ་ཡོད་དེ།ངེས་དོན་ནི། གཉེན་པོའི་ལྡེམ་དགོངས་གཉིས་པ་དང་བརྒྱད་པ་ལྟ་བུའོ་གསུངས་སོ། །འདི་ལེགས་ཏེ་ཐེག་བསྡུས་སུ། དགོངས་པ་བཞི་དང་ལྡེམ་པོར་དགོངས་པ་བཞིས་སངས་རྒྱས་ཀྱི་གསུང་ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །ཞེས་དང༌། མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི། གང་དུ་ཆོས་ཀྱི་མཚན་ཉིད་བསྟན་པས་ངོ་བོ་ཉིད་གསུམ་པོ་དག་སྟོན་པའོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི། གང་དུ་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་བསྟན་པའོ། །ཞེས་པས་དེ་ཁོ་ན་ལྟར་ཡིན་ནོ། །སྤྱིར་དྲང་ངེས་ལ་སྒོ་མང་སྟེ། ཀུན་རྫོབ་སྟོན་པ་དྲང་དོན། དོན་དམ་སྟོན་པ་ངེས་དོན། ལམ་དང་གང་ཟག་སྟོན་པ་དྲང་དོན། འབྲས་བུ་སྟོན་པ་ངེས་དོན། གང་ཟག་དང་སེམས་ཅན་སོགས་སྟོན་པ་དང༌། སྟོང་ཉིད་སྟོན་པ་ལ་དྲང་ངེས་སུ་བཤད་པ་སོགས་ལས། ཤེར་ཕྱིན་མན་ངག་ཏུ། མདོ་གང་དག་གི་དོན་སྒྲ་ཇི་བཞིན་པ་དེ་ནི་ངེས་པའི་དོན་ཏོ། །དེ་ནི་དེ་ལ་དོན་གཉིས་པ་ཡོད་པ་མ་ཡིན་ཏེ། འདིས་དོན་ངེས་པ་ཁོ་ནའོ་ཞེས་བྱ་བས་ན་ངེས་པའི་དོན་ནོ། །གང་གིས་དོན་ངེས་ཞེ་ན། མདོ་དེ་ཉིད་དམ། དེ་ལས་གཞན་པ་དང༌། གཉིས་ཀས་ཀྱང་ངོ༌། །ཞེས་ཏེ། དང་པོ་དགོངས་འགྲེལ་ལང་གཤེགས་སོགས། གཉིས་པ་བརྒྱད་སྟོང་བ་སོགས། གསུམ་པ་ཉི་ཁྲི་ལྔ་སྟོང་བ་སོགས། ཞེས་སོགས་དང༌། མདོ་ཀུན་བཏུས་འགྲེལ་བར། ལུང་གི་དོན་རིགས་པས་བརྟགས་པ་དང༌། ལུང་བསྟན་པས་ནང་བྱན་བྱས་པ་དང༌། ལུང་གི་དོན་ལུང་གིས་བཤད་པ་དང༌། ལུང་གི་དོན་ལུང་དང་མི་འགལ་བར་བསྟན་པ་སྟེ། མཚན་ཉིད་འདི་བཞིས་ངེས་པའི་དོན་ཞེས་བྱའོ། །ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། དྲང་དོན་དང་ངེས་དོན་གྱི་ཁྱད་པར་ནི་ཟླ་བ་སྒྲོན་མར། སྟོན་པ་བདེ་བར་གཤེགས་པས་བཤད་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་རིག །ཅེས་གསུངས་པ་ལྟར་མཐར་ཐུག་དོན་དམ་པ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཟབ་མོ་སྟོན་པ་རྣམས་ངེས་པའི་དོན་ཡིན་ཞིང༌། གནས་སྐབས་ཀུན་རྫོབ་ཀྱི་བདེན་པ་རྒྱུ་འབྲས་ལ་ཡིད་ཆེས་པའི་དོན་དུ་སེམས་ཅན་དང་གང་ཟག་ལ་སོགས་པ་སྟོན་པ་ནི་དྲང་བའི་དོན་ཡིན་ཏེ། བློ་གྲོས་མི་ཟད་པས་བསྟན་པ་ལས་ཀྱང༌། དོན་དམ་སྒྲུབ་པ་སྟོན་པ་ནི་ངེས་པའི་དོན་ཏོ། །ཀུན་རྫོབ་སྒྲུབ་པ་སྟོན་པ་ནི་དྲང་བའི་དོན་ཏོ་ཞེས་གསུངས་པ་ལྟར་རོ། །ཞེས་གསུངས་པའི་ཕྱིར་རོ། །དགོངས་ལྡེམ་དགོངས་ཀྱི་ཁྱད་པར་ནི། ཉ་ཊཱིཀ་ལས། འོ་ན་དགོངས་ལྡེམ་དགོངས་ཀྱི་ཁྱད་པར་ཅི་ཞེ་ན། སྤྱིར་ངོ་བོ་གཅིག་སྟེ་དགོངས་པ་བཞི་གཉེན་པོ་ལ་ལྡེམ་དགོངས་ཀྱི་ནང་ན་སྣང་ཞིང་ལྡོག་ཆའི་ཁྱད་ཡོད་དེ། དགོངས་གཞི་གཙོ་བོར་བྱས་ནས་བསྟན་པའི་ངག་དགོངས་པ་ཅན། སྐབས་ཀྱི་ཚིག་གི་དགོངས་པ་གཙོ་བོར་བྱས་ནས་བསྟན་པའི་ངག་ལྡེམ་དགོངས་ཏེ། ཤེར་ཕྱིན་མན་ངག་ཏུ། དེ་ལ་བརྗོད་པར་འདོད་པའི་དོན་བཤད་པ་ནི་དགོངས་པའོ། །བསྟན་པའི་སྒྲའི་དགོངས་པ་བཤད་པ་ནི་ལྡེམ་པོར་དགོངས་པའོ། །ཞེས་སོ། །ཡང་ན་དགོས་པ་གཙོ་བོར་བྱས་པ་དང་དགོངས་དོན་གཙོ་བོར་བྱས་པའོ། །ཞེས་ཐེག་བསྡུས་བཤད་སྦྱར་རོ། །ཞེས་དང༌། མདོ་སྡེ་རྒྱན་གྱི་ས་འགྲེལ་ལས། དགོངས་པ་དང་ལྡེམ་དགོངས་ཀྱི་ཁྱད་པར་ནི་བཤད་སྦྱར་ལས། དགོངས་པ་ནི་ཡིད་ལ་བཞག་པ་ཙམ་ཡིན་གྱི། ཕ་རོལ་གཟུད་པ་ལ་ལྟོས་པར་ཁས་མི་ལེན་ཏོ། །ལྡེམ་དགོངས་ནི། དེ་ཉིད་ཕ་རོལ་གཟུད་པ་ལ་ལྟོས་པའོ། །ཞེས་པ་ལྟར་དགོངས་གཞི་ཙམ་ཐུགས་ལ་བཞག་པའི་ཆ་ནས་དགོངས་པ་དང༌། དགོངས་གཞི་དང་དགོངས་པ་གཉིས་ཀ་ཐུགས་ལ་བཞག་པའི་ཆ་ནས་ལྡེམ་དགོངས་སུ་འཇོག་ཅིང༌། ཁ་ཅིག་དགོངས་པ་བཞི་ནི་ལྡེམ་དགོངས་ཀྱི་བྱེ་བྲག་ཡིན་ཏེ་གཉེན་པོ་ལྡེམ་དགོངས་སུ་འདུས་པའི་ཕྱིར་རོ་ཞེས་གསུང་ངོ༌། །དེ་དག་ལ་འགའ་ཞིག་དགོངས་པ་དང་ལྡེམ་དགོངས་ཀྱིས་གསུངས་པ་ཐམས་ཅད་དྲང་དོན་ཡིན་ཞིང༌། དེའང་དོན་ལ་མི་གནས་པ་རྫུན་པ་འབའ་ཞིག་གོ་སྙམ་དུ་སེམས་པ་དེ་དག་ནི་རིགས་པ་མ་ཡིན་ཏེ། ཐེག་བསྡུས་ལས། དགོངས་པ་བཞི་དང་ལྡེམ་པོར་དགོངས་པ་བཞིས་སངས་རྒྱས་ཀྱི་གསུང་ཐམས་ཅད་ཁོང་དུ་ཆུད་པར་བྱའོ་ཞེས་གསུངས་ཤིང༌། གནས་སྐབས་དགོས་པའི་དབང་གིས་སྒྲའི་དངོས་ཀྱི་བརྗོད་བྱ་དྲང་དོན་ཡིན་ཡང༌། མཐར་ཐུག་དགོངས་གཞི་དོན་ལ་གནས་པའི་ཆ་ནི་ངེས་དོན་ཡིན་པའི་ཕྱིར་རོ། །དཔེར་ན་ང་ཉིད་དེའི་ཚེ་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་པའི་སྒྲས་དངོས་སུ་དྲང་དོན་སྟོན་ཡང་དགོངས་གཞི་ཆོས་ཀྱི་{་མཉམ་པ་ཉིད་དུ་དོན་ལ་གནས་པ་ནི་ངེས་དོན་ཡིན་པ་ལྟ་བུའོ། །ཞེས་གསུངས་སོ། །

ཆོས་དབྱིངས་རིགས་བཞག་པ།

ཆོས་དབྱིངས་རིགས་བཞག་པ་ལ།

རྩོད་སྤོང་ནི། རྩ་བར། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། དོན་དམ་པའི་དབང་གི་རིགས་ནི་ཐ་དད་དུ་དབྱེ་བར་རུང་བ་མ་ཡིན་ནོ། །སྙམ་ན། དོན་དམ་པ་འདི་ལ་དེ་ལྟ་ཡིན་ཡང་ཀུན་རྫོབ་ཀྱི་དབང་གིས་བརྟེན་པའི་ཆོས་བསྒྲུབ་པ་ཐ་དད་པ་ཉིད་ཀྱི་བྱེ་བྲག་རྟོགས་པའི་ཆོས་དྲུག་འཇུག་པའི་རྟེན། གཉེན་པོ་འཇུག་པའི་རྟེན། སྤོང་བ་འཇུག་པའི་རྟེན་ཞེས་པའི་ཚུལ་དག་གིས་རྟེན་ཆོས་ཉིད་དེའི་དབྱེ་བ་ཡོངས་སུ་བརྗོད་པ་ནི་འགལ་བ་མེད་དོ། །དཔེར་ན་ནམ་མཁའ་ལ་དབྱེ་བ་མེད་ཀྱང་རྫ་བུམ་གྱི་ནམ་མཁའ་གསེར་བུམ་གྱི་ནམ་མཁའ་ཞེས་པ་ལྟར་རོ། །གཉིས་པ་ནི། རྒྱན་ལས། རིགས་ནི་ངེས་དང་མ་ངེས་དང༌། །རྐྱེན་རྣམས་ཀྱིས་ནི་མི་འཕྲོགས་དང༌། །འཕྲོགས་པ་ཉིད་དེ་མདོར་ན་རིགས། །དབྱེ་བ་དེ་ནི་རྣམ་པ་བཞི། །ཞེས་ཆོས་ཉིད་རང་བཞིན་གྱི་རིགས་ལ་ཁྱད་པར་མེད་ཀྱང་གནས་སྐབས་རྒྱས་འགྱུར་གྱི་རི༷གས་ནི༷་ངེ༷ས་པ་ད༷ང་མ༷་ངེ༷ས་པ་ཞེས་བྱ་བ་ད༷ང་གཉིས་ཡིན་ལ། དེ་དག་གི་དོན་ཡང་རིམ་པ་ལྟར་རེ་ཞིག་རང་རང་གི་བྱང་ཆུབ་ཏུ་འགྲོ་བ་ལ་རྐྱེ༷ན་གཞན་རྣ༷མས་ཀྱི༷ས་ནི༷་མི༷་འཕྲོ༷གས་ཤིང་བསྒྱུར་པར་མི་ནུས་པ་རིགས་ངེས་པ་ལ་གནས་པ༷་ད༷ང༌། རྐྱེན་གྱི་དབང་གིས་གཞན་དུའང་འཕྲོ༷གས་ཤིང་བསྒྱུར་བར་ནུས་པ༷་རིགས་མ་ངེས་པ་ལ་གནས་པ་ཉི༷ད་དེ༷། མདོ༷ར་བསྡུ་ན༷་རི༷གས་ཀྱི་དབྱེ༷་བ༷་དེ༷་ནི༷་རྣ༷མ་པ༷་བཞི༷་ཡིན་པར་རིག་པར་བྱའོ། །{བས་དེར་ཉ་ཊཱིཀ་ལས། ལང་གཤེགས་ལས། ཉན་རང་ཐེག་ཆེན་དུ་ངེས་པ་གསུམ། རིགས་མ་ངེས་པ། ཆད་པ་སྟེ་ལྔ་བཤད་དེ། རིགས་ངེས་པ་ནི་བར་མ་ཆོད་པར་ལམ་དེའི་བྱང་ཆུབ་ཐོབ་ངེས་པ། མ་ངེས་པ་ནི། དེའི་བྱང་ཆུབ་མ་ཐོབ་བར་དུ་ལམ་གཞན་དུ་ཡང་འགྱུར་སྲིད་པ་སྟེ། དེ་ལྟ་ཡིན་ན་འཕགས་པ་ཐམས་ཅད་ཐེག་ཆེན་དུ་རིགས་ངེས་པར་འགྱུར་རོ། །ཉན་ཐོས་ཀྱི་ལུགས་ནི་སྔར་བཤད་དོ། །རང་རྒྱལ་ནི། བསེ་རུ་ལྟ་བུ་བསྐལ་བ་བརྒྱའི་བར་དུ་ཚོགས་བསགས་ཟིན་པའི་ཚོགས་ལམ་ནས་ངེས། ཚོགས་སྤྱོད་ཆེ་བ་བཟོད་ཆེན་ནས་ཆུང་བ་སྒོམ་ལམ་མམ་མཐོང་ལམ་ནས་ངེས། དེ་མན་མ་ངེས་གསུང་སྟེ། དང་པོ་དེ་ལྟར་ངེས་པ་ཅན་ཡིན་ལ། ཕྱི་མ་གཉིས་དཔྱད་དགོས་པར་སྣང་ངོ༌། །ཞེས་གསུངས་སོ། །

དྲུག་པ་རིགས་ཀྱི་ཉེས་དམིགས་བསྟན་པ།

དྲུག་པ་རིགས་ཀྱི་ཉེས་དམིགས་བསྟན་པ་ནི།

རྒྱན་ལས། ཉོན་མོངས་གོམས་དང་གྲོགས་ངན་དང༌། །ཕོངས་དང་གཞན་གྱི་དབང་ཉིད་དེ། །མདོར་ན་རིགས་ཀྱི་ཉེས་དམིགས་ནི། །རྣམ་པ་བཞིར་ནི་ཤེས་པར་བྱ། །ཞེས་བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ་ཡིན་ཀྱང་ཉོ༷ན་མོ༷ངས་པ་དུག་གསུམ་ལ་གོ༷མས་ཤིང་འདྲིས་ཏེ་ཉེས་དམིགས་སུ་མི་བལྟ་བས་དགེ་བའི་གེགས་བྱེད་པ་ད༷ང༌། གྲོ༷གས་ང༷ན་པ་སྡིག་པའི་གྲོགས་པོའི་དབང་དུ་གྱུར་པས་དགེ་བ་ལས་ཟློག་ཅིང་མི་དགེ་བ་ལ་སྦྱོར་བ་ད༷ང༌། རང་གི་འཚོ་བ་དང་གཞན་ལ་སྦྱིན་པ་ལ་སོགས་པའི་ཡོ་བྱད་ཀྱིས་ཕོ༷ངས་ཤིང་བྲེལ་བས་ལམ་སྒྲུབ་པའི་སྐབས་མེད་པ་ད༷ང༌། གཞ༷ན་རྒྱལ་པོ་དང་རྗེ་བོ་ལ་སོགས་པ་རྣམས་ཀྱི༷་དབ༷ང་དུ་གྱུར་པས་དམ་པའི་ཆོས་སྒྲུབ་པ་ལ་རང་དབང་མེད་པ་ཉི༷ད་དེ༷། མདོ༷ར་ན༷་ཐེག་ཆེན་གྱི་རི༷གས་སད་པ་ལས་ཡོན་ཏན་ཁྱད་པར་ཅན་གོང་ནས་གོང་དུ་འཕེལ་བ་ཉིད་ཀྱི༷་བར་ཆད་དམ་ཉེ༷ས་དམི༷གས་ནི༷་རྣ༷མ་པ༷་བཞི༷ར་ནི༷་ཤེ༷ས་པ༷ར་བྱ༷་སྟེ། དེ་དག་སྤོང་བ་ལ་འབད་པར་བྱའོ། །

བདུན་པ་ཕན་ཡོན་བསྟན་པ།

བདུན་པ་ཕན་ཡོན་བསྟན་པ་ནི།

རྒྱན་ལས། རིང་མོ་ཞིག་ནས་ངན་སོང་དུ། །འགྲོ་ཞིང་མྱུར་དུ་ཐར་པ་དང༌། །དེར་ཡང་སྡུག་བསྔལ་ཆུང་ངུ་མྱོང༌། །སྐྱོ་བཅས་སེམས་ཅན་སྨིན་པར་བྱེད། །ཅེས་ཐེག་ཆེན་གྱི་རིགས་ལ་གནས་པ་དེས་གལ་ཏེ་མི་དགེ་བ་བྱས་ཀྱང་དུས་རི༷ང་མོ༷་ཞི༷ག་ན༷ས་ང༷ན་སོ༷ང་དུ༷་འགྲོ༷་ཞི༷ང་སྐྱེ་བ་སྲིད་ཀྱི་མྱུར་དུ་མི་འགྲོ་བ་དང༌། གལ་ཏེ་ངན་སོང་དུ་སྐྱེས་ནའང་ཡུན་རིང་དུ་མི་གནས་ཤིང་མྱུ༷ར་དུ༷་ཐ༷ར་བར་འགྱུར་བ༷་ད༷ང༌། ངན་སོང་དེ༷ར་གནས་པ་ན་ཡ༷ང་སྡུ༷ག་བསྔ༷ལ་ཆུ༷ང་ངུ༷་ཙམ་ཞིག་མྱོ༷ང་གི་ཆེན་པོ་མྱོང་བར་མི་འགྱུར་བ་དང༌། དེའི་བར་ལ་ཡང་མི་དགེ་བ་དང་སྡུག་བསྔལ་ལ་ཡིད་སྐྱོ༷་བ་དང་བཅ༷ས་ཤིང་ངན་སོང་ན་གནས་པའི་སེ༷མས་ཅ༷ན་རྣམས་ཡོངས་སུ་སྨི༷ན་པ༷ར་བྱེ༷ད་པ་སྟེ། ཕན་ཡོན་རྣམ་པ་བཞི་ཐོབ་ན། དགེ་བས་བདེ་འགྲོར་སྐྱེས་ན་ཕན་ཡོན་ཆེན་པོ་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའི་དོན་ཏོ། །བརྒྱད་པ་དཔེ་ཡིས་བསྟན་པ་ལ། གསེར་གྱི་དཔེ་དང་ནོར་བུའི་དཔེ་གཉིས་ལས། དང་པོ་ནི། རྒྱན་ལས། གསེར་གྱི་རིགས་བཞིན་ཤེས་པར་བྱ། །དགེ་བ་དཔག་ཏུ་མེད་པའི་གནས། །ཡེ་ཤེས་དང་ནི་དྲི་མེད་ལྡན། །མཐུ་རྣམས་ཀྱི་ཡང་གནས་ཡིན་ནོ། །ཞེས་བྱང་ཆུབ་སེམས་དཔའི་རིགས་སད་པ་དེ་ནི་གསེ༷ར་གྱི༷་རི༷གས་མང་པོ་དང༌། འོད་གསལ་བ་དང་དྲི་མ་མེད་པ་དང་ལས་སུ་རུང་བ་སྟེ་ཆོས་བཞི་དང་ལྡན་པ་བཞི༷ན་དུ་ཤེ༷ས་པ༷ར་བྱ༷འོ། །དེ་ཡང་གསེར་འབྱུང་ཁུངས་བཟང་པོ་ལས་བྱུང་ཞིང་མང་པོ་ཡིན་པ་དང་ཆོས་མཐུན་པར་ཐེག་ཆེན་གྱི་རིགས་དེ་ཡང་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ས་བཅུ་དང་སྟོབས་ལ་སོགས་པ་དགེ༷་བ༷་དཔ༷ག་ཏུ༷་མེ༷ད་པ་འབྱུང་བ༷འི་གན༷ས་ཡིན་པ་དང༌། གསེར་འོད་གསལ་བ་དང་ཆོས་མཐུན་པར་ཤེས་བྱ་མཐའ་དག་མངོན་སུམ་དུ་མཁྱེན་པའི་ཡེ༷་ཤེ༷ས་གསལ་བ་འབྱུང་བའི་གནས་ཡིན་པ་ད༷ང་ནི༷། གསེར་དྲི༷་མ་མེ༷ད་པ་དང་ཆོས་མཐུན་པར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་མེད་པ་དང་ལྡ༷ན་པ་འབྱུང་བའི་གནས་ཡིན་པ་དང༌། གསེར་{་གཟུགས་དང་རྒྱན་ལ་སོགས་པ་གང་འདོད་པར་བསྒྱུར་ཏུ་བཏུབ་པས་ལས་སུ་རུང་པ་དང་ཆོས་མཐུན་པར་ཐུན་མོང་གི་ཡོན་ཏན་མཐུ༷་དང་མངོན་པར་ཤེས་པ་ལ་སོགས་པ་རྣ༷མས་ཀྱི༷་ཡ༷ང་འབྱུང་བའི་གན༷ས་ཡི༷ན་ནོ༷་ཞེས་པའོ། །

གཉིས་པ་ནོར་བུའི་དཔེ།

གཉིས་པ་ནོར་བུའི་དཔེ་ནི།

རྒྱན་ལས། རིན་ཆེན་མཆོག་རིགས་བཞིན་ཤེས་བྱ། །བྱང་ཆུབ་ཆེན་པོའི་རྒྱུ་མཚན་ཕྱིར། །ཡེ་ཤེས་དང་ནི་ཏིང་འཛིན་འཕགས། །སེམས་ཅན་མང་པོའི་དོན་གནས་ཕྱིར། །ཞེས་བྱང་ཆུབ་སེམས་དཔའི་རིགས་སད་པ་དེ་ནི་རི༷ན་ཆེ༷ན་མཆོ༷ག་ཏུ་གྱུར་པའི་རི༷གས་རྣམས་རིགས་དང་ཁ་དོག་དང་དབྱིབས་དང་ཚད་ཕུན་སུམ་ཚོགས་པ་སྟེ་ཆོས་བཞི་དང་ལྡན་པ་བཞི༷ན་དུ་ཤེ༷ས་པར་བྱ༷འོ། །དེ་ཡང་རིན་པོ་ཆེ་འབྱུང་ཁུངས་བཟང་ཞིང་རིགས་ཕུན་སུམ་ཚོགས་པ་དང་ཆོས་མཐུན་པར་ཐེག་ཆེན་གྱི་རིགས་དེ་ཡང་རྣམ་གྲོལ་གསུམ་ལས་མཆོག་ཏུ་གྱུར་པ་རྫོགས་པའི་བྱ༷ང་ཆུ༷བ་ཆེ༷ན་པོ༷་འབྱུང་བའི་གནས་སམ་རྒྱུ༷་མཚ༷ན་ཡིན་པའི་ཕྱི༷ར་དང༌། རིན་པོ་ཆེ་ཁ་དོག་ཕུན་སུམ་ཚོགས་པ་དང་ཆོས་མཚུངས་པར་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ༷་ཤེ༷ས་ཆེན་པོ་འོད་གསལ་བ་འབྱུང་བའི་གནས་ཡིན་པའི་ཕྱིར་ད༷ང་ནི༷།རིན་པོ་ཆེ་དབྱིབས་ཕུན་སུམ་ཚོགས་པ་དང་ཆོས་མཐུན་པར་རྡོ་རྗེ་ལྟ་བུ་ལ་སོགས་པའི་ཏི༷ང་ངེ་འཛི༷ན་ཁྱད་པར་དུ་འཕ༷གས་པ་རྣམས་འབྱུང་བའི་གནས་ཡིན་པའི་ཕྱིར་དང༌། རིན་པོ་ཆེ་ཚད་དང་མཐུ་ཕུན་སུམ་ཚོགས་པ་དང་ཆོས་མཐུན་པར་སེ༷མས་ཅ༷ན་མ༷ང་པོ༷་མཐའ་ཡས་པ་རྣམས་ཡོངས་སུ་སྨིན་པ་དང་གྲོལ་བའི་དོ༷ན་དཔག་ཏུ་མེད་པ་འབྱུང་བའི་གན༷ས་ཡིན་པའི་ཕྱི༷ར། ཉན་རང་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་རྣམས་ཀྱི་གཞི་ཡིན་པར་ཡང་ཤེས་པར་བྱའོ། །

གཉིས་པ་རྒྱས་འགྱུར་ཆད་ཚུལ།

གཉིས་པ་རྒྱས་འགྱུར་ཆད་ཚུལ་ལ།

དངོས་དང༌། མཐར་ཐུག་ཐེག་གཅིག་ཚོལ་བ་གཉིས། དང་པོ་ནི། རྒྱན་ལས། ལ་ལ་གཅིག་ཏུ་ཉེས་པ་སྤྱོད་ངེས་ཡོད། །ལ་ལ་དཀར་པོའི་ཆོས་རྣམས་ཀུན་ཏུ་བཅོམ། །ལ་ལ་ཐར་པ་ཆ་མཐུན་དགེ་བ་མེད། །དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །ཞེས་རིགས་མེད་པ་ལ་གནས་པ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གཉིས་གསུངས་ཏེ། དེའི་དུས་ཏེ་མྱུར་བར་མྱ་ངན་ལས་མི་འདའ་བ་དང་གཏན་མྱ་ངན་ལས་མི་འདའ་བའོ། །དང་པོ་ལ་བཞི་སྟེ། གང་ཟག་ལ༷་ལ༷་མཐའ་གཅི༷ག་ཏུ༷་མཚམས་མེད་པ་ལ་སོགས་པའི་ཉེ༷ས་པ༷ར་སྤྱོ༷ད་པ་མི་དགེ་བ་འབའ་ཞིག་ངེ༷ས་པར་བྱེད་པ་ཡོ༷ད་པ་དང༌། ལ༷་ལ༷་རྒྱུ་འབྲས་ལ་{ར་པར་འདེབས་པའི་ལོག་ལྟ་ལ་སོགས་པས་དཀ༷ར་པོ༷འི་ཆོ༷ས་དགེ་བའི་རྩ་བ་སྔར་བསགས་པ་རྣ༷མས་ཀུ༷ན་ཏུ༷་བཅོ༷མ་པ་དང༌། ལ༷་ལ༷་བསོད་ནམས་ཆ་མཐུན་གྱི་དགེ་བ་ཅུང་ཟད་ཡོད་ཀྱང་ཐ༷ར་པ༷འི་ཆ༷་དང་མཐུ༷ན་པའི་དགེ༷་བ༷་བསགས་པ་མེ༷ད་པ་དང༌། ལ་ལ་ཐར་བ་ཆ་མཐུན་གྱི་དགེ་བ་དཀ༷ར་པོ༷་དམ༷ན་པ༷་ཅུང་ཟད་ཡོ༷ད་པ༷་རྣམས་ཀྱང་ལེ་ལོ་ལ་སོགས་པའི་དབང་གིས་ཚོགས་ཡོངས་སུ་རྫོགས་པར་མ་བྱས་པའོ། །འདི་རྣམས་ནི་ནོར་ཉུང་བ་ལ་མེད་ཅེས་དམན་པ་ལ་དགག་པའི་སྒྲ་སྦྱོར་བ་ལྟར་རེ་ཞིག་མྱ་ངན་ལས་མི་འདའ་བ་ལ་དགོངས་པ་ཡིན་གྱི། གཏན་མྱ་ངན་ལས་མི་འདའ་བ་མ་ཡིན་ཏེ་མྱ་ངན་ལས་འདས་པའི་མདོ་ལས། ལོག་སྲེད་ཅན་དག་ནི་ལོག་སྲེད་ཡོངས་སུ་བཅོམ་ནས། གདོད་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སྙིང་རྗེ་ཆེན་པོ་དང་དྲན་པ་ཉེ་བར་བཞག་པ་གསུམ་ཐོབ་པར་འགྱུར་རོ། །དེ་ལྟ་བས་ན་ངས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཡོད་པར་གསུངས་སོ་ཞེས་པ་ལྟར་རོ། །གཉིས་པ་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསུངས་པ་ནི། རྒྱུ༷་ད༷ང་བྲ༷ལ་ཞེས་པ་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཐར་པ་ཆ་མཐུན་གྱི་དགེ་བའི་བག་ཆགས་མ་བཞག་པས་རྒྱས་འགྱུར་གྱི་རིགས་ཆད་ནས་འཁོར་བ་མཐའ་མེད་པར་གནས་པ་རྣམས་སོ། །དེ་དག་ལ་ཡང་རང་བཞིན་གྱི་རིགས་མེད་པ་ནི་མ་ཡིན་ཏེ། རྒྱུད་བླ་མར།ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་རྟེན་ཀུན་འགྲོ་བ་ཉིད། །ཅེས་ནམ་མཁའ་ལྟར་ཁྱབ་པར་གསུངས་པའི་ཕྱིར་རོ། །དེ་བས་ན་རང་བཞིན་གྱི་རིགས་ཆད་པ་ནི་མི་སྲིད་ཅིང་འཁོར་བ་མཐའ་མེད་དུ་འདོད་པའི་ལུགས་ལ་རྒྱས་འགྱུར་གྱི་རིགས་ཆད་ཡོད་ལ། མཐའ་ཅན་དུ་འདོད་པའི་ལུགས་ལ་རྒྱས་འགྱུར་གྱི་རིགས་ཆད་ཀྱང་མེད་པར་ཤེས་པར་བྱ། ཞེས་རྒྱན་གྱི་ས་འགྲེལ་ལས་གསུངས་སོ། །མདོ་རྒྱན་གྱི་ལུང་འདི་ལ་ཞང་སྟོན་རྒྱུད་བླའི་འགྲེལ་བ་ལས། མདོ་སྡེ་རྒྱན་གྱི་ལུང་འདི་ཡང་སེམས་ཙམ་གྱི་ལུགས་སུ་འདོད་པ་མང་མོད། ལེགས་པར་དཔྱད་ན་མདོ་སྡེ་རྒྱན་གྱིས་ཆོས་མཆོག་ཆེན་པོའི་བར་དུ་དབུ་སེམས་ཐུན་མོང་བ་དང༌། ས་དང་པོ་ནས་སེམས་ཙམ་ལས་འདས་པ་སྟོན་པས་རིགས་ཆད་བཤད་པ་འདི་ཡང་དབུ་སེམས་ཐུན་མོང་བ་ཡིན་ནོ། །ཞེས་གསུངས་སོ། །

གཉིས་པ་མཐར་ཐུག་ཐེག་པ་གཅིག་ཏུ་ཚོལ་བ་ལ་དོན་དངོས་བསྟན་པ་དང༌། དགོས་པ་བཤད་པའོ། །དང་པོ་ནི། མདོ་སྡེ་རྒྱན་ལས། ཆོས་དང་བདག་མེད་གྲོལ་བ་རྣམས། །མཚུངས་ཕྱིར་རིགས་ནི་ཐ་དད་ཕྱིར། །བསམ་གཉིས་ཐོབ་ཕྱིར་སྤྲུལ་པའི་ཕྱིར། །མཐར་ཐུག་ཕྱིར་ནི་ཐེག་གཅིག་ཉིད། །ཅེས་ཡུམ་ལས། འཇིག་རྟེན་དེ་བཞིན་ཉིད་དང་དགྲ་བཅོམ་དེ་བཞིན་ཉིད། །རང་རྒྱལ་དེ་བཞིན་ཉིད་དང་རྒྱལ་སྲས་དེ་བཞིན་ཉིད། །གཅིག་པ་ཉིད་དེ་དངོས་བྲལ་གཞན་མིན་དེ་བཞིན་ཉིད། །ཅེས་པ་ལ་སོགས་པ་གསུངས་པ་ལྟར་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་མཚུངས་ཤིང་གཅིག་པའི་ཕྱིར་བགྲོད་པར་བྱ་བའི་ཐེག་པ་གཅིག་པ་ཉིད་དང༌། ཉན་ཐོས་ལ་སོགས་པ་རྣམས་གང་ཟག་གི་བདག་མེད་པར་རྟོགས་པར་མཚུངས་པའི་ཕྱིར་བགྲོད་པ་པོའི་ཐེག་པ་གཅིག་པ་ཉིད་དང༌། ཉན་ཐོས་དང་རང་སངས་རྒྱས་དང་དེ་བཞིན་གཤེགས་པ་རྣམས་འབྲས་བུ་ཐོབ་པ་ན་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་རྣམས་མཚུངས་པའི་ཕྱིར་བགྲོད་བྱ་གནས་ཀྱི་ཐེག་པ་གཅིག་པ་ཉིད་དང༌། ཉན་ཐོས་རིགས་མ་ངེས་པ་རྣམས་སྔར་བྱང་ཆུབ་སེམས་དཔའ་དང་རིགས་ནི་ཐ་དད་པ་ཡིན་ཡང་ཕྱིས་དགེ་བའི་བཤེས་གཉེན་གྱིས་བསྐུལ་ནས་ཐེག་པ་ཆེན་པོའི་ལམ་དུ་ཞུགས་ཏེ་ངེས་པར་འབྱུང་བའི་ཕྱིར་འདིས་འགྲོ་བའི་ཐེག་པ་གཅིག་པ་ཉིད་དང༌། སངས་རྒྱས་རྣམས་ཀྱིས་ནི་ས་དང་པོ་ནས་བརྩམས་ཏེ་སེམས་ཅན་ཐམས་ཅད་དང་བདག་ཉིད་རང་བཞིན་མཉམ་པ་ཉིད་ཀྱི་དགོངས་པ་བརྙེས་ཤིང༌།ཉན་ཐོས་དེའི་རིགས་སུ་ངེས་པ་སྔོན་བྱང་ཆུབ་ཀྱི་ཚོགས་སྤྱད་པ་རྣམས་ཀྱིས་ཀྱང༌། སངས་རྒྱས་ཀྱི་མཐུས་རྗེས་སུ་གཟུང་བའི་ཁྱད་པར་ཕྱོགས་ཙམ་ཐོབ་པ་ཡིན་པའི་ཕྱིར། རྒྱུད་ཐ་དད་མེད་པར་མོས་པའི་སྒོ་ནས་སངས་རྒྱས་ཀྱི་དགོངས་པ་ལྟ་བུ་ཐོབ་པ་ན། བསམ་པ་ཁྱད་པར་ཅན་གཉིས་པོ་དེ་མཚུངས་པར་ཐོབ་པའི་ཕྱིར་དགོངས་པའི་ཆ་ནས་ཀྱང་ཐེག་པ་གཅིག་པ་ཉིད་དང༌། ང་ནི་ལན་བརྒྱ་ཕྲག་ཏུ་མར་ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདས་སོ་ཞེས་གསུངས་པ་ནི་གདུལ་བྱ་རྣམས་ཀྱི་དོན་དུ་སྤྲུལ་པ་སྟོན་པ་ཙམ་ཡིན་གྱི། མི་གནས་པའི་མྱང་འདས་ལས་གཡོ་བ་མེད་པའི་ཕྱིར་ཡང་ཐེག་པ་གཅིག་པ་ཉིད་དང༌། རྒྱུའི་ཆོས་ཐེག་པ་ཆེན་པོ་ཉིད་ཀྱང་ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་ཤིང་ཕུལ་དུ་ཕྱིན་པ་དང༌། འབྲས་བུའི་ཆོས་སངས་རྒྱས་ཉིད་ནི་ཐོབ་པར་བྱ་བ་ཕུལ་དུ་ཕྱིན་པ་ཡིན་པས། དེ་དག་ལས་ལྷག་པའི་མཆོག་གཞན་མེད་པས་བགྲོད་པར་བྱ་བ་མཐར་ཐུག་ཡིན་པའི་ཕྱིར་ན་ངེས་པའི་དོན་གྱི་ཐེག་པ་ནི་གཅིག་པ་ཉིད་དུ་ཤེས་པར་བྱའོ། །དགོངས་པ་དེ་དང་དེ་དག་ལ་བརྟེན་ནས་མཐར་ཐུག་ཐེག་པ་གཅིག་གི་འབྲས་བུར་གནས་པར་རིག་པར་བྱའོ། །གནས་སྐབས་ཐེག་པ་གསུམ་གྱི་ངེས་པར་འབྱུང་བ་མེད་པ་ནི་མ་ཡིན་ནོ། །དེ་ལ་ཁ་ཅིག་མདོ་དེ་དང་དེ་ལས་ནི་དགོངས་པ་དེ་དང་དེས་ཐེག་པ་གཅིག་ཉིད་དུ་གསུངས་ཞེས་དགོངས་པ་བསྟན་པས་ཐེག་པ་གཅིག་ཏུ་བསྟན་པ་ནི་དྲང་དོན་ཡིན་ལ། གསུམ་དུ་བསྟན་པ་ནི་ངེས་དོན་ཡིན་ནོ་ཞེས་འདོད་པ་དེ་དག་ནི་རིགས་པ་མ་ཡིན་ཏེ། དགོངས་པ་བསྟན་པས་དྲང་དོན་དུ་འགྱུར་ན་ངེས་དོན་ཐམས་ཅད་ཀྱང་དགོངས་པ་ཟབ་མོ་སྟོན་པས་དྲང་དོན་དུ་ཐལ་བར་འགྱུར་བའི་ཕྱིར་དང༌།མདོ་ལས་ཀྱང༌། ང་ཡི་མྱ་ངན་འདས་གཅིག་ཐེག་པ་གཅིག །ང་ཡི་ཐེག་པ་ཐ་དད་མེད་པ་སྟེ། །ཡང་དག་ཏུ་ན་ཐེག་པ་གཅིག་ཏུ་བསྟན། །ཞེས་པ་དང༌། ང་ལ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་འཇོག་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་འདུ་ཤེས་ཐ་དད་པ་དང་བྲལ་བའི་ཕྱིར་རོ་ཞེས་པ་ལ་སོགས་པ་དང༌། དཔེ་མེད་པར་བསྟོད་པར་ཡང༌། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོ་ཐེག་དབྱེར་མ་མཆིས་སོ། །ཁྱོད་ཀྱིས་ཐེག་པ་གསུམ་བསྟན་པ། །སེམས་ཅན་གཞུག་པའི་ཆེད་དུ་ལགས། །ཞེས་པ་ལ་སོགས་པས་ཐེག་པ་གཅིག་ཏུ་བསྟན་པ་ནི་ངེས་པའི་དོན་དང་གསུམ་དུ་བསྟན་པ་ནི་དྲང་བའི་དོན་དུ་གསུངས་པའི་ཕྱིར་རོ། །དེ་ལྟར་ཉ་ཊཱིཀ་སྐབས་གཉིས་པ་ལས། ཐེག་པ་གསུམ་དུ་རྣམ་པར་བཞག་པ་ནི་མཐར་ཐུག་གི་དབང་དུ་བྱས་ནས་དགོངས་པ་ཅན་ཡིན་ཏེ། དགོངས་གཞི་གནས་སྐབས་སུ་རང་བཞིན་གྱིས་དབང་བོ་རྟུལ་འབྲིང་རྣོ་གསུམ་གྱི་ལམ་ཡོད་པ་ལ་དགོངས། དགོས་པ་རེ་ཞིག་བསྟི་བའམ་ངལ་གསོ་བའི་དོན་དུ་གསུངས་ཀྱི་མཐར་ཐུག་གི་ངེས་དོན་མཚན་ཉིད་པ་ནི་མ་ཡིན་ནོ། །ཞེས་དབུ་མའི་ལུགས་ལས་འབྱུང་བའི་ཕྱིར། ལང་གཤེགས་ལས། སེམས་ནི་ཡོངས་སུ་གྱུར་པ་ན། །ཐེག་པ་གསུམ་དུ་ངེས་བསྟན་ཏེ། །ཐེག་པ་གཞན་རྣམས་ཡོད་མ་ཡིན། །བྱིས་པ་རྣམས་ནི་ཡོངས་དྲངས་ཕྱིར། །ཐེག་པ་ཐ་དད་ངས་བཤད་དོ། །ཞེས་དང༌། པད་དཀར་གྱི་མདོར། དྲང་སྲོང་ཆེན་པོས་ཐེག་པ་གསུམ་བསྟན་པ། །རྣམ་འདྲེན་རྣམས་ཀྱི་ཐབས་ལ་མཁས་པ་སྟེ། །ཐེག་པ་གཅིག་སྟེ་གཉིས་སུ་ཡོད་མ་ཡིན། །བསྟི་བའི་དོན་དུ་ཐེག་པ་གསུམ་བསྟན་ཏོ། །ཞེས་སོ། །དཔལ་ཕྲེང་གི་མདོར། ཐེག་པ་གསུམ་པོ་ཐམས་ཅད་ཀྱང་ཐེག་པ་གཅིག་ཁོ་ནས་གྲངས་སུ་འགྲོ་སྟེ། ཐེག་པ་གཅིག་ཁོང་དུ་ཆུད་པས་བླ་མེད་ཡང་དག་བྱང་ཆུབ་ཁོང་དུ་ཆུད་དོ། །ཞེས་སོ། །ཀླུའི་སེམས་འགྲེལ་ལས། ཐེག་པ་གཉིས་པོ་དག་ཀྱང་ནི། །ཐེག་པ་ཆེན་པོས་འབྱུང་བས་ན། །སྲིད་པའི་ལམ་གྱིས་དུབ་རྣམས་ལ། །ངལ་གསོའི་དོན་ཏེ་དེ་ཉིད་མིན། །ཞེས་དང༌། མཚན་བརྗོད་དུ། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་སོགས་རྒྱ་ཆེར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་དགོས་པ་ནི།

གདུལ་བྱ་འདྲེན་ཚུལ་ཐུན་མོང་དུ་བསྟན་པ་ལ། རྒྱན་ལས།ཁ་ཅིག་དག་ནི་དྲང་ཕྱིར་དང༌། །གཞན་དག་ཡང་དག་གཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཞེས་ཐེག་དམན་དུ་རིགས་ངེས་པ་རྣམས་རེ་ཞིག་དྲང་བར་མི་ནུས་པས་བཏང་སྙོམས་སུ་བཞག་སྟེ། ཉན་ཐོས་དགྲ་བཅོམ་དུ་རིགས་མ་ངེས་པ་ཁ་ཅིག་དག་ནི་ཐེག་ཆེན་ལ་བཅུག་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བཀོད་དེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དུ་དྲང་བར་བྱ་བའི་ཕྱིར་དང༌།ཐེག་ཆེན་དུ་རིགས་ངེས་པ་རྣམས་དྲང་མི་དགོས་པས་བྱང་ཆུབ་སེམས་དཔའ་སངས་རྒྱས་སུ་རིགས་མ་ངེས་ཐེག་ཆེན་གྱི་སྤྱོད་པས་སྐྱོ་ནས་ཐེག་དམན་དུ་ལྟུང་སྲིད་པ་གཞན་དག་ཡང་དག་པར་རྗེས་སུ་གཟུང་བའི་ཕྱིར། རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རང་རང་གི་འབྲས་བུར་རིགས་མ་ངེས་པ་རྣམས་ལ། ངེས་པའི་དོན་དུ་མཐར་ཐུག་གི་མྱང་འདས་ཀྱང་གཅིག་ཡིན་ལ། དེར་བགྲོད་པའི་ཐེག་པ་ཡང་གཅིག་ཁོ་ན་ཡིན་ནོ་ཞེས་བསྟན་ཏེ། ཇི་སྐད་དུ། དམ་ཆོས་པདྨ་དཀར་པོ་ལས། དེ་བཞིན་ཉན་ཐོས་ཐམས་ཅད་ཀྱང༌། །མྱ་ངན་འདས་ཐོབ་འདུ་ཤེས་ཏེ། །རྒྱལ་བས་བཤད་པ་དེ་དག་ལ། །མྱ་ངན་མ་འདས་དེ་ངལ་བའོ། །ཞེས་པ་དང་ཤཱ་རིའི་བུ་ཐེག་པ་ནི་གཅིག་སྟེ། འདི་ལྟར་སངས་རྒྱས་ཀྱི་ཐེག་པའོ། །ཞེས་པ་དང༌། འདི་ལྟར་མྱ་ངན་འདས་པར་གང་བརྗོད་པ། །འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང༌། །ཁྱེད་ནི་ད་དུང་མྱ་ངན་ཡོངས་མ་འདས། །སངས་རྒྱས་ཐེག་པ་འདི་ནི་བཙལ་བར་གྱིས། །ཞེས་པ་ལ་སོགས་པས་སོ། །འདི་དག་ལའང༌། ཁ་ཅིག་དག་ནི་དྲང་ཕྱིར་དང༌། །ཞེས་པ་དང་ཐེག་པ་གཅིག་ཏུ་བསྟན་པའི་དགོས་པ་གསུངས་པས་དྲང་བའི་དོན་ཡིན་ནོ་ཞེས་འདོད་པ་ནི་རིགས་པ་མ་ཡིན་ཏེ། དེ་ལྟ་ན་ངེས་དོན་གྱི་གསུང་རབ་ཐམས་ཅད་གདུལ་བྱ་རྣམས་དམན་པའི་གནས་ནས་དྲངས་ཏེ་མཆོག་ལ་སྦྱར་བའི་དོན་དུ་གསུངས་པ་དང༌། དགོས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གསུངས་པས་དྲང་བའི་དོན་ཡིན་པར་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །མཁས་པ་ཁ་ཅིག་གིས་མདོ་སྡེ་རྒྱན་གྱི་ལུང་འདི་དག་གིས་མཐར་ཐུག་ཐེག་གསུམ་དུ་བསྟན་པར་བཤད་དོ། །དེ་མི་འཐད་པ་ནི།མདོ་རྒྱན་ལས། དེ་བཞིན་ཉིད་དེ་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས་པའི་ཕྱིར་རོ། །རྒྱས་པར་གཞན་ལས་ཤེས་པར་བྱའོ། །

གསུམ་པ་རིགས་ཀྱི་ཕན་ཡོན་ལ་གཉིས་ལས།

གསུམ་པ་རིགས་ཀྱི་ཕན་ཡོན་ལ་གཉིས་ལས།

རྒྱུའི་ཡོན་ཏན་ནི། རྒྱན་ལས། ཟབ་ཅིང་རྒྱ་ཆེར་བཤད་པ་གཞན་ལ་ཕན་པར་བསྟན་པའི་ཆོས་ཆེན་ལ། །མི་ཤེས་བཞིན་དུ་མོས་པ་ཤིན་ཏུ་རྒྱ་ཆེན་འབྱུང་ཞིང་སྒྲུབ་ལ་བཟོད། །དེ་དག་ཐ་མར་རྣམ་པ་གཉིས་མཆོག་ཕུན་སུམ་ཚོགས་འགྱུར་གང་ཡིན་དེ། །བྱང་ཆུབ་སེམས་དཔའ་རང་བཞིན་ཡོན་ཏན་ལྡན་དེ་རྒྱས་པའི་རིགས་ལས་ཤེས། །ཞེས་བརྗོད་བྱ་ཤེས་རབ་ཡེ་ཤེས་ཀྱི་ཚོགས་ཟ༷བ་ཅི༷ང་ཐབས་བསོད་ནམས་ཀྱི་ཚོགས་རྒྱ༷་ཆེ༷ར་བཤ༷ད་པ༷་དམིགས་ཡུལ་སེམས་ཅན་གཞ༷ན་མང་པོ་ལ༷་ཕ༷ན་པ༷ར་བྱ་བའི་ཕྱིར་བསྟ༷ན་པ༷འི་ཆོ༷ས་ཐེག་པ་ཆེ༷ན་པོ་ལ༷་དོན་ཇི་ལྟ་བར་མི༷་ཤེ༷ས་བཞི༷ན་དུ༷འང༌།བསམ་པའི་སྒོ་ནས་མོ༷ས་པ༷་དང་གུས་པ་ཤི༷ན་ཏུ༷་རྒྱ༷་ཆེ༷ན་པོ་འབྱུ༷ང་ཞི༷ང་སྦྱོར་བའི་སྒོ་ནས་གཞན་དོན་འབའ་ཞིག་སྒྲུ༷བ་པའི་དཀའ་སྤྱད་ལ༷་ནམ་ཡང་སྐྱོ་བ་མེད་པར་བཟོ༷ད་པ་དེ༷་ད༷ག ཐ༷་མ༷ར་འབྲས་བུ་ཐོབ་པའི་དུས་ན་འཇིག་རྟེན་པ་དང་ཐེག་ཆུང་བ་རྣ༷མ་པ༷་གཉི༷ས་ལས་མཆོ༷ག་ཏུ་གྱུར་པ་བྱང་ཆུབ་ཆེན་པོའི་ཕུ༷ན་སུ༷མ་ཚོ༷གས་པ་དང་ལྡན་པར་འགྱུ༷ར་པ་ག༷ང་ཡི༷ན་པ་དེ༷་ནི། བྱ༷ང་ཆུ༷བ་སེ༷མས་དཔ༷འི་རིགས་ར༷ང་བཞི༷ན་གྱིས་ཡོ༷ན་ཏ༷ན་དང་ལྡ༷ན་པ་དེ༷་དང་རྒྱ༷ས་པ༷འི་རི༷གས་སད་པ་ལ༷ས་འབྱུང་བར་ཤེ༷ས་པར་བྱའོ། །འབྲས་བུའི་ཡོན་ཏན་ནི། རྒྱན་ལས། ཡོན་ཏན་ཤིན་ཏུུ་རྒྱ་ཆེན་བྱང་ཆུབ་ཤིང་བསྐྱེད་ཕྱིར། །བདེ་དང་སྡུག་བསྔལ་ཆེན་པོ་ཞི་བ་ཐོབ་བྱེད་ཕྱིར། །བདག་དང་གཞན་ལ་ཕན་བདེ་བྱེད་པ་འབྲས་བུའི་ཕྱིར། །རིགས་མཆོག་དེ་ནི་རྩ་བ་བཟང་པོ་ལྟ་བུ་ཡིན། །ཞེས་དཔེར་ན་ལྗོན་ཤིང་གི་རྩ་བ་བརྟན་པོ་ལ་བརྟེན་ནས་ཡལ་འདབ་ཀྱི་གྲིབ་མས་བསིལ་བའི་བདེ་བ་བསྐྱེད་ཅིང་ཚ་བའི་གདུང་བ་སེལ་བ་དང་འབྲས་བུ་བཟང་པོས་ནད་སེལ་ཞིང་རོ་ཞིམ་པས་བདེ་བ་བསྐྱེད་པ་ལྟར། བྱང་ཆུབ་སེམས་དཔའི་རིགས་སད་པ་དེ་ནི་སྟོབས་ལ་སོགས་པའི་ཡོ༷ན་ཏ༷ན་ཤི༷ན་ཏུ༷་རྒྱ༷་ཆེ༷ན་པོ་དང་ལྡན་པའི་བྱ༷ང་ཆུ༷བ་ཆེན་པོའི་ལྗོན་ཤི༷ང་རིམ་གྱིས་བསྐྱེ༷ད་པར་བྱེད་པའི་ཕྱི༷ར་དང༌། འཕྲིན་ལས་ཀྱི་གྲིབ་བསིལ་ལ་བརྟེན་ནས་ཟག་པ་མེད་པའི་བདེ༷་བ་ཆེན་པོ་ཐོབ་པར་བྱེད་པའི་ཕྱིར་ད༷ང༌། འཁོར་བའི་སྡུ༷ག་བསྔ༷ལ་གྱི་གདུང་བ་ཆེ༷ན་པོ༷་ཞི༷་བ༷་ཐོ༷བ་པར་བྱེ༷ད་པའི་ཕྱི༷ར་དང༌། བད༷ག་ལ་ཕན་བདེ་བྱེད་པ་ཆོས་ཀྱི་{་ད༷ང༌། གཞ༷ན་ལ༷་ཕ༷ན་བདེ༷་བྱེ༷ད་པ༷་གཟུགས་ཀྱི་{འི་འབྲ༷ས་བུ༷་ཕུན་སུམ་ཚོགས་པ་འགྲུབ་པའི་གཞི་ཡིན་པའི་ཕྱི༷ར་ཐེག་པ་ཆེན་པོའི་རི༷གས་མཆོ༷ག་ཏུ་གྱུར་པ་དེ༷་ནི༷་ལྗོན་ཤིང་རྩ༷་བ༷་བཟ༷ང་པོ༷་ལྟ༷་བུ༷་ཡི༷ན་ནོ་ཞེས་པའི་དོན་ཏོ། །མདོ་སྡེ་རྒྱན་གྱི་ཚིག་དོན་དེ་དག་ས་བཟང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་ཇི་ལྟ་བ་བཞིན་བཀོད་པའོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཞང་སྟོན་རྒྱུད་བླའི་འགྲེལ་བ་ལས། ཉན་ཐོས་རྣམས་མ་ཆགས་པའི་དགེ་བ་ལ་ཐར་པའི་རིགས་སུ་འདོད་དེ། མཛོད་དུ། མ་ཆགས་འཕགས་རིགས། ཞེས་སོ། །ཞེས་ཐར་བའི་རིགས་དང་འཕགས་རིགས་དབང་པོའི་ཁྱད་པར་རིགས་སུ་གསུངས་པ་རྣམས་ཀྱི་ཁྱད་པར་དང༌། དེའི་ལུགས་ལ་རིགས་ཡིན་ན་མ་ཆགས་པ་ཡིན་པས་ཁྱབ་པ་ཡོད་མེད་དང༌། ཉན་ཐོས་རྣམས། ཞེས་གསུངས་པ་སོགས་ལ་བརྟག་དགོས་སོ། །ཉ་ཊཱིཀ་ལས། མདོ་སྡེ་བ། སྐྱེ་མཆེད་དྲུག་གི་ཁྱད་པར་སྒྲིབ་པ་སྤང་རུང་ལ་འདོད་དེ། བསྡུ་བར། སྒྲིབ་པ་གཉིས་ཀ་སྤང་དུ་མི་རུང་ན་རིགས་ཆད། ཉོན་སྒྲིབ་ཙམ་སྤང་དུ་རུང་ན་ཉན་རང་གི་རིགས། གཉིས་ཀ་སྤང་དུ་རུང་ན་སངས་རྒྱས་ཀྱི་རིགས། ཞེས་གསུངས་བ་ནི་དཔྱད་དགོས་སོ། །ཞེས་གསུངས་པ་རང་ལུགས་འཐད་པ་མིན་ནམ་དཔྱད། ཉ་ཊཱིཀ་ལས། འདིས་ནི་སྐྱེ་མཆེད་དྲུག་གི་ཆོས་ཉིད་གདོད་ནས་གནས་པའི་རང་བཞིན་འོད་གསལ་དེ་ཉིད་རང་བཞིན་དུ་གནས་པའི་རིགས་ཡིན་པར་བསྟན་པའོ། །ཞེས་པའི་སྐྱེ་མཆེད་ཕྱི་ནང་གི་སྐྱེ་མཆེད་གང་ཡིན་དཔྱད་དགོས་ཏེ། རྒྱུད་བླའི་འགྲེལ་བ་བཀའ་ཐ་མའི་གསལ་བྱེད་ལས། སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་པ་ཡིད་ཀྱི་སྐྱེ་མཆེད་དུ་འདོད་པ་ཡང་དཔྱད་དགོས་ཏེ། ཆོས་ཉིད་ཀྱིས་ཐོབ་པ་ཞེས་གསུངས་པས་སོ། །དེས་ན་ཕྱིའི་སྐྱེ་མཆེད་ཆོས་ཀྱི་ཁྱད་པར་དུ་ཤེས་པར་བྱའོ། །ཞེས་གསུངས་པས་སོ། །ཡང་ཞང་སྟོན་རྒྱུད་བླའི་འགྲེལ་བ་ལས། ཡོན་ཏན་སྒྲོལ་ཞིང་འབྱུང་བའི་གཞིའམ་ས་བོན་ནི་རིགས་ཀྱི་དོན་ཡིན་ལ། དབྱེ་ན་རྟེན་རང་བཞིན་གྱི་རིགས་ཆོས་དབྱིངས་དྲི་བཅས་དང༌། བརྟེན་པ་རྒྱས་པའི་རིགས་དགེ་བའི་རྐྱེན་ཡང་དག་པར་བླངས་པའོ། །ཞེས་པ་ལྟར་ན་རྒྱས་འགྱུར་གྱི་རིགས་ལ་བག་ཆགས་ཞིག་ཡོད་དམ་ཅི་ཡོད་ན་དེ་དགེ་བ་ཡིན་དགོས་ཏེ། ཉ་ཊཱིཀ་ལས། མཚན་ཉིད་ནི། བྱང་ཆུབ་ཀྱི་རྒྱུར་གྱུར་བའི་དགེ་བ་འདུས་བྱས་སོ། །ཞེས་གསུངས་སོ། །འདོད་མི་ནུས་ཏེ། བག་ཆགས་ལུང་མ་བསྟན་དགོས་པའི་ཕྱིར་ཏེ། ཐེག་བསྡུས་ཀྱི་འགྲེལ་པར། དགེ་མི་དགེ་གཉིས་ཀར་མི་གསལ་བ་སྟེ་ལུང་མ་བསྟན་པའོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། རང་ལུགས་ནི། འཇོག་བྱེད་དགེ་མི་དགེ་ལུང་མ་བསྟན་གང་གིས་བཞག་ཀྱང་བག་ཆགས་ནི་ལུང་མ་བསྟན་ཉིད་ཡིན་ཏེ། ཀུན་གཞི་ལུང་མ་བསྟན་དང་རྫས་གཅིག་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དེ་ལ་ཡང་དཔྱད་པར་བྱ་བ་འདི་ཡོད་དེ། ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། དེའི་ཕྱིར་མི་དགེ་བ་བཅུ་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ནི་དགེ་བ་བཅུའོ། །ཞེས་གསུངས་པས་སོ། །ཡང་རིགས་གཉིས་ཀ་ཉ་ཊཱིཀ་ལས། དང་པོ་རྒྱུར་ཡོད་བསྐྱེད་པའི་འབྲས་བུར་མེད། ཕྱི་མ་གཉིས་ཀའོ། །ཞེས་གསུངས་པ་ལ། ཞང་སྟོན་རྒྱུད་བླའི་འགྲེལ་བ་ལས། གཉིས་ཀ་ཡང་རྒྱུའི་དངོས་པོར་ཡོད་ལ་འབྲས་བུའི་དངོས་པོར་མེད་པའོ། །ཞེས་གསུངས་པས་དཔྱད། ཡང་དབང་པོ་རྣོ་རྟུལ་གྱི་སྒོ་ནས་ཕྱིར་མི་ལྡོག་གི་རྟགས་ཐོབ་ཚུལ་ལ་ཀུན་བཏུས་ས་འགྲེལ་ལས། དབང་པོ་རྣོན་པོས་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པ་ལ་སོགས་པའོ། །ཞེས་དང༌། ཉ་ཊཱིཀ་ལས། བྱང་སེའི་ལ་དབང་བོ་རྣོ་འབྲིང་རྟུལ་གསུམ་ལས། རྣོ་ན་སྦྱོར་ལམ་ནས་ངེས་ཏེ། འགྲེལ་ཆེན་ལས། ལ་ལ་རིགས་མ་ངེས་པ་ཡིན་ཀྱང་དབང་བོ་རྣོ་བས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སུ་ཐབས་ཀྱི་ཁྱད་པར་བསམ་གྱིས་མི་ཁྱབ་པས་ཕྱིར་མི་ལྡོག་པ་ཉིད་དུ་ངེས་པ་ཡིན་ནོ། །ཞེས་སོ། །ཚོགས་ལམ་མན་ཕལ་ཆེར་མ་ངེས་ཤིང་ངེས་པའང་མང་པོ་ཡོད་དོ། །དབང་འབྲིང་མཐོང་ལམ་ནས་ངེས་དེ་མན་མ་ངེས་ཏེ།ཐུབ་དགོངས་སུ། དབང་བོ་འབྲིང་ནི་རབ་ཏུ་དགའ་བར་ཕྱིར་མི་ལྡོག་སྟེ། ཇི་སྲིད་ས་རབ་ཏུ་དགའ་བ་མ་ཐོབ་ཀྱི་བར་དུ་ངེས་པ་དང་ལྡན་པ་མ་ཡིན་ཏེ། ཞེས་སོ། །དབང་རྟུལ་ནི་ས་བརྒྱད་པ་ནས་ངེས་ཏེ། དེ་ཉིད་དུ། དབང་བོ་རྟུལ་བོ་ནི་ས་མི་གཡོ་བ་ལ་ཕྱིར་མི་ལྡོག་སྟེ། ས་བརྒྱད་པ་ལ་ཐམས་ཅད་ངེས་པ་ཉིད་ཀྱིས་ཕྱིར་མི་ལྡོག་པ་ཉིད་དུ་རྣམ་པར་བཞག་གོ །ཞེས་སོ། །བདུན་པ་མན་མ་ངེས་ཏེ། རྡོ་རྗེ་རྩེ་མོ་ལས། ཇི་སྲིད་ས་བརྒྱད་མ་ཐོབ་པ། །དེ་སྲིད་ཐེག་པ་དམན་པས་འཇིགས། །ཞེས་དང༌། དཔའ་བོས་ཕར་ཕྱིན་བསྡུས་པར། ཡིད་ནི་མཆོག་ཏུ་གཡོ་བས་ལྡོག །དེ་ཕྱིར་དེ་ལ་དབུགས་མ་བྱུང༌། །ས་བཞིན་གཡོ་མེད་མ་ཐོབ་པར། །བརྟན་མེད་མི་གཡོའི་ས་རྟོགས་དཀའ། །ཞེས་སོ། །ཞེས་གསུངས་པ་ལ་དབང་པོ་རྣོ་འབྲིང་རྟུལ་གསུམ་ལ་རིམ་བཞིན་སྦྱོར་ལམ་དང་མཐོང་ལམ་དང་ས་བརྒྱད་པར་ཕྱིར་མི་ལྡོག་ཏུ་ངེས་པར་གསུངས་པ་ལ་དཔྱད་པར་བྱ་བ་འདི་ཡོད་དེ། ཉ་ཊཱིཀ་ལས། ཡང་ཐེག་ཆེན་ཆོས་མཆོག་འབྲིང་གི་རྣལ་འབྱོར་པ་ཆོས་ཅན། ཁྱོད་ལ་འདས་ད་ལྟར་གྱི་སངས་རྒྱས་རྣམས་ཀྱིས་སངས་རྒྱས་འཐོབ་པར་ལུང་སྟོན་པར་མཛད་དེ། གཟུང་བར་མ་ཟད་འཛིན་པའི་རྣམ་གཡེང་ཞི་བའི་ཆོས་ཉིད་ལ་ཡང་དག་པར་ཞུགས་པའི་ཆོས་མཆོག་གི་ཏིང་ངེ་འཛིན་དང་ལྡན་པ་སྟེ་རྒྱུད་ལ་ཡོད་བཞིན་པའི་སྐྱེས་བུ་ཡིན་པས་སོ། །ཁྱབ་པ་ཡོད་དེ། དེ་ཡིན་ན། དེ་ལྟར་མཛད་པ་འདི་ནི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ནོ། །ཞེས་དེ་འདྲའི་ཆོས་མཆོག་འབྲིང་གི་རྣལ་འབྱོར་ལ་སངས་རྒྱས་འཐོབ་པར་ལུང་སྟོན་པར་གསུངས་པ་དང༌། ལམ་རིམ་བདུད་རྩིའི་ཉིང་ཁུ་ལས།དེ་ནས་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། དེ་ནས་བདེ་བ་ནས་བདེ་བ་སྤྱོད་པ་འབའ་ཞིག་གོ །ཞེས་མཐོང་ལམ་ནས་བདེ་བ་ནས་བདེ་བར་འགྲོ་བ་ཁོ་ན་ཡིན་པར་གསུངས་པ་དང༌། མདོ་ལུགས་མར་ཕྱིར་མི་ལྡོག་པའི་རྟགས་བཤད་སྐབས་དབང་པོའི་སྒོ་ནས་ཁྱད་ཡོད་པར་མ་གསུངས་པའི་ཕྱིར་རོ། །ཡང་ཉ་ཊཱིཀ་ལས། ས་བཅུ་བར། བྱང་སེ་ས་བརྒྱད་པ་བ་སངས་རྒྱས་ཀྱིས་མ་བསྐུལ་ན་མྱང་འདས་སུ་ལྟུང་བར་བཤད་པ་ནི། ཐེག་དམན་དུ་ལྟུང་བ་དངོས་མིན་གྱི་དགོངས་པ་ཅན་གྱི་མྱང་འདས་ཏེ་དགོངས་གཞི་དུས་རེ་ཞིག་སེམས་ཅན་གྱི་དོན་རྒྱུན་ཆད་པ་ཙམ་མོ། ཞེས་དེའི་དགོངས་གཞི་ས་བརྒྱད་པའི་རྒྱུད་ལ་འཇོག་པ་ཡིན་མིན་དཔྱད། ཡང་དབུ་མའི་མན་ངག་ལས། རང་བཞིན་རིགས་ལ་སད་དང་མ་སད་མེད། །དེ་ཡོད་རྒྱུ་མཚན་རྒྱས་འགྱུར་སྐྱེ་བ་ལ། །དེ་ཡང་སད་ཅེས་རྣམ་བཞག་བྱས་པ་ཙམ། །འདི་འཕེལ་དེ་ཡང་འཕེལ་བའི་ཐ་སྙད་བཏགས། །ཞེས་གསུངས་པ་མི་འཐད་པར་ཐལ། ཉ་ཊཱིཀ་ལས། རང་བཞིན་རིགས་སད་པ་རྒྱས་རིགས་ཡོད་པའི་རྟགས་སོ། །ཞེས་གསུངས་པའི་ཕྱིར་ཞེ་ན་མ་ཁྱབ་སྟེ། རང་བཞིན་གྱི་རིགས་སད་པའི་རྣམ་བཞག་བྱས་པ་རྒྱས་རིགས་སད་པའི་རྒྱུ་མཚན་གྱིས་ཡིན་པར་སྣང་ངོ༌། །ཡང་ཉ་ཊཱིཀ་ལས། རྒྱས་པའི་རིགས་གཏན་ཆད་པ་ནི་སྲིད་ལ། ཞེས་དང༌། ཐེག་པ་གསུམ་གྱི་མྱང་འདས་ཀྱི་རྒྱུ་རྒྱས་པའི་རིགས་མེད་པ་ནི་རྒྱུ་རིགས་མེད་པ་ཞེས་པ་སྟེ་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའོ། །ཞེས་དང༌། ཞང་སྟོན་རྒྱུད་བླའི་འགྲེལ་བ་ལས། རིགས་ཆད་བཤད་པ་འདི་ཡང་དབུ་སེམས་ཐུན་མོང་བ་ཡིན་ནོ། །ཞེས་རྒྱས་འགྱུར་གྱི་རིགས་ཆད་པ་མི་འཐད་པར་ཐལ། རང་ལུགས་འཁོར་བ་མཐའ་ཡོད་དུ་འདོད་པའི་ལུགས་ཡིན་པའི་ཕྱིར་ཟེར་ན་ཉ་ཊཱིཀ་གི་ཚིག་ཟིན་ལྟར་ན་རྟགས་མ་གྲུབ་བོ། །ཁྱབ་སྟེ། རྒྱན་གྱི་ས་འགྲེལ་ལས། འཁོར་བ་མཐའ་མེད་དུ་འདོད་པའི་ལུགས་ལ་རྒྱས་འགྱུར་གྱི་རིགས་ཆད་ཡོད་ལ། མཐའ་ཅན་དུ་འདོད་པའི་ལུགས་ལ་རྒྱས་འགྱུར་གྱི་རིགས་ཆད་ཀྱང་མེད་པར་ཤེས་པར་བྱའོ། །ཞེས་གསུངས་སོ། །འཁོར་བ་མཐའ་ཡོད་མེད་སྐབས་གཉིས་པར་སླར་དཔྱད་པར་བྱའོ། །ཡང་མངོན་པ་ཀུན་བཏུས་ལས། གང་ཞིག་གང་ལས་སྤོང་ཞེ་ན། འདས་པ་ནི་འགག་པའི་ཕྱིར་མ་ཡིན། མ་འོངས་པ་ནི་མ་སྐྱེས་པའི་ཕྱིར་མ་ཡིན། ད་ལྟར་བྱུང་བ་ནི་ལམ་དང་མཉམ་དུ་མི་འཇུག་པའི་ཕྱིར་མ་ཡིན། འོན་ཀྱང་ཉོན་མོངས་པའི་གནས་ངན་ལེན་གང་ལ་ཡོད་པ་དེ་ལས་སྤང་ངོ་གནས་ངན་ལེན་གྱི་རྣམ་པ་གང་གི་གཉེན་པོ་གང་རུང་བ་གཉེན་པོའི་རྣམ་པ་དེ་བྱུང་བ་དང་གནས་ངན་ལེན་གྱི་རྣམ་པ་དེ་འགོག་པ་ནི་མཉམ་པས་མཉམ་སྟེ། དཔེར་ན་སྣང་བ་དང་མུན་པ་འབྱུང་བ་དང་འགག་པ་བཞིན་ནོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། མངོན་གྱུར་སྤོང་བ་མིན་ཚུལ་ནི། ཉོན་མོངས་མངོན་གྱུར་འདས་པ་ནི་འགགས་ནས་སྤང་རྒྱུ་མེད་པའི་ཕྱིར་སྤོང་བ་མ་ཡིན་ནོ། །མ་འོངས་པ་ནི་མ་བྱུང་ཞིང་མ་སྐྱེས་པ་ལ་ངོ་བོ་མེད་པའི་ཕྱིར་སྤོང་བ་མ་ཡིན་ནོ། །ད་ལྟར་འབྱུང་བ་ནི་གཉེན་པོ་ལམ་དང་དུས་མཉམ་དུ་ཤེས་རྒྱུད་གཅིག་ལ་མི་འཇུག་པའི་ཕྱིར་སྤོང་བ་མ་ཡིན་ནོ། །ས་བོན་ཇི་ལྟར་སྤོང་ཚུལ་ནི། མངོན་གྱུར་ལས་མི་སྤོང་བ་འོན་ཀྱང་ཉོན་མོངས་པའི་གནས་ངན་ལེན་ས་བོན་གང་ཡིན་པ་དེ་ལས་སྤོང་ངོ༌། །དེའང་མཐོང་སྤང་དང་སྒོམ་སྤང་གི་ས་བོན་ནམ་གནས་ངན་ལེན་གྱི་རྣམ་པ་གང་གི་གཉེན་པོ་མཐོང་ལམ་དང་སྒོམ་ལམ་གང་བྱུང་ན། གཉེན་པོའི་རྣམ་པ་མཐོང་ལམ་སྐད་ཅིག་དང་པོ་ལྟ་བུ་དང་སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་དེ་འབྱུང་བ་དང༌། སྤང་བྱ་གནས་ངན་ལེན་གྱི་རྣམ་པར་རང་གི་ངོ་སྐལ་དེ་དག་འགོག་པ་ནི་དུས་མཉམ་པས་སྐྱེ་འགག་མགོ་མཉམ་སྟེ་དཔེར་ན་སྣང་བ་དང་མུན་པ་དག་རིམ་པ་ལྟར་འབྱུང་བ་དང་འགགས་པ་དུས་མཉམ་པ་ཇི་ལྟ་བ་བཞིན་ནོ། །ཞེས་ཉོན་མོངས་མངོན་གྱུར་བ་འདས་པ་དང་མ་འོངས་པ་དང་ད་ལྟ་བ་འཇོག་ཚུལ་དང༌། དེ་དག་སྤང་ཚུལ་ལ་བརྟག་པར་བྱའོ། །ཡང་ཉ་ཊཱིཀ་ལས། ཉན་ཐོས་ཕྱི་རོལ་ལ་ཞེན་པ་བསྟན་པ་ལ་གཞུག་པའི་ཕྱིར་དུ་གཟུགས་སོགས་ཕྱིའི་དོན་ཡོད་པར་བསྟན་པ་ལྟ་བུ་གཞུག་པ་ལ་ལྡེམ་དགོངས་ཏེ། ཉི་ཤུ་པར། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །རྫུས་ཏེ་སྐྱེ་བའི་སེམས་ཅན་བཞིན། །ཞེས་གསུངས་པ་ལ། གཞན་སྟོང་དབུ་མའི་རྒྱན་ལས། འཁོར་ལོ་དང་པོར་ཀུན་རྫོབ་གསུངས་པ་ཡང༌། །ཇི་ལྟར་སྣང་བ་དེ་ལ་དེ་ལྟར་གསུངས། །གནས་ལུགས་དཔྱད་པའི་དོན་ལ་བདེན་གྲུབ་ཏུ། །བསྟན་པ་མེད་པས་དེ་ལ་རྫུན་ཚིག་མེད། །ཅེས་གསུངས་པའི་སྒོ་ནས་ཅུང་ཟད་དཔྱད་རྒྱུར་སྣང་ངོ༌། །ཡང་དགོངས་ལྡེམ་དགོངས་ཀྱི་ཁྱད་པར་ལ་ཉ་ཊཱིཀ་ལས། འོ་ན་དགོངས་ལྡེམ་དགོངས་ཀྱི་ཁྱད་པར་ཅི་ཞེ་ན། སྤྱིར་ངོ་བོ་གཅིག་སྟེ་དགོངས་པ་བཞི་གཉེན་པོ་ལ་ལྡེམ་དགོངས་ཀྱི་ནང་ན་སྣང་ཞིང་ལྡོག་ཆའི་ཁྱད་ཡོད་དེ། དགོངས་གཞི་གཙོ་བོར་བྱས་ནས་བསྟན་པའི་ངག་དགོངས་པ་ཅན། སྐབས་ཀྱི་ཚིག་གི་དགོངས་པ་གཙོ་བོར་བྱས་ནས་བསྟན་པའི་ངག་ལྡེམ་དགོངས་ཏེ། ཤེར་ཕྱིན་མན་ངག་ཏུ། དེ་ལ་བརྗོད་པར་འདོད་པའི་དོན་བཤད་པ་ནི་དགོངས་པའོ། །བསྟན་པའི་སྒྲའི་དགོངས་པ་བཤད་པ་ནི་ལྡེམ་པོར་དགོངས་པའོ། །ཞེས་དང༌། མདོ་སྡེ་རྒྱན་ས་འགྲེལ་ལས། དགོངས་པ་དང་ལྡེམ་དགོངས་ཀྱི་ཁྱད་པར་ནི་བཤད་སྦྱར་ལས། དགོངས་པ་ནི་ཡིད་ལ་བཞག་པ་ཙམ་ཡིན་གྱི། ཕ་རོལ་གཟུད་པ་ལ་ལྟོས་པར་ཁས་མི་ལེན་ཏོ། །ལྡེམ་དགོངས་ནི། དེ་ཉིད་ཕ་རོལ་གཟུད་པ་ལ་ལྟོས་པའོ། །ཞེས་འབྱུང་པ་ལྟར་དགོངས་གཞི་ཙམ་ཐུགས་ལ་བཞག་པའི་ཆ་ནས་དགོངས་པ་དང༌། དགོངས་གཞི་དང་དགོངས་པ་གཉིས་ཀ་ཐུགས་ལ་བཞག་པའི་ཆ་ནས་ལྡེམ་དགོངས་སུ་འཇོག་ཅིང༌། ཞེས་པའི་སྐབས་ནས་བསྟན་པའི་དགོངས་ལྡེམ་དགོངས་ཀྱི་ཁྱད་པར་དང༌། དགོངས་གཞི་དང་དགོངས་པ་གཉིས་ཀྱི་ཁྱད་པར་སོགས་ཞིབ་ཏུ་བརྟག་པར་བྱའོ། །ཡང་ཀུན་བཏུས་ས་འགྲེལ་ལས། ལྡེམ་པོར་དགོངས་པ་རྣམ་པར་ངེས་པ་གང་ཞེ་ན། མཚན་ཉིད་ནི། རྗོད་བྱེད་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་རྣམས་ཀྱིས་བརྗོད་བྱའི་དངོས་ཀྱི་དོན་གཞན་དུ་བརྗོད་ལ་དགོངས་པའི་དོན་གཞན་དུ་ཡོངས་སུ་བསྒྱུར་ནས་བཤད་དགོས་པ་སྟེ། ཞེས་ལྡེམ་དགོངས་ལ་ཚིག་གཞན་དུ་བསྒྱུར་དགོས་པ་མི་འཐད་པར་ཐལ། ཉ་ཊཱིཀ་ལས། དྲང་ངེས་གཉིས་ཀ་ཡོད་དེ། ངེས་དོན་ནི། གཉེན་པོའི་ལྡེམ་དགོངས་གཉིས་པ་དང་བརྒྱད་པ་ལྟ་བུའོ་གསུངས་སོ། །འདི་ལེགས་ཏེ་ཐེག་བསྡུས་སུ། དགོངས་པ་བཞི་དང་ལྡེམ་པོར་དགོངས་པ་བཞིས་སངས་རྒྱས་ཀྱི་གསུང་ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །ཞེས་དང༌། མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི། གང་དུ་ཆོས་ཀྱི་མཚན་ཉིད་བསྟན་པས་ངོ་བོ་ཉིད་གསུམ་པོ་དག་སྟོན་པའོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི། གང་དུ་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་བསྟན་པའོ། །ཞེས་པས་དེ་ཁོ་ན་ལྟར་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་སྒྲས་ཟིན་སྒྲ་ཇི་བཞིན་མ་ཡིན་ཀྱང་ངེས་དོན་གྱི་མདོ་ཞིག་ཡོད་པར་ཐལ།ཀུན་བཏུས་ས་འགྲེལ་ལས། དེ་དག་ལ་འགའ་ཞིག་དགོངས་པ་དང་ལྡེམ་དགོངས་ཀྱིས་གསུངས་པ་ཐམས་ཅད་དྲང་དོན་ཡིན་ཞིང་དེའང་དོན་ལ་མི་གནས་པའི་བརྫུན་པ་འབའ་ཞིག་གོ་སྙམ་དུ་སེམས་ན། དེ་ལྟར་ཡང་མི་བསམ་སྟེ། གནས་སྐབས་སུ་དགོས་པའི་དབང་གིས་སྒྲའི་དངོས་ཀྱི་བརྗོད་བྱ་དྲང་དོན་ཡིན་ཡང་མཐར་ཐུག་དགོངས་གཞི་དོན་ལ་གནས་པའི་ཆ་ནི་ངེས་དོན་ཡིན་པའི་ཕྱིར་རོ། །དཔེར་ན་ང་ཉིད་དེའི་ཚེ་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་པའི་སྒྲས་དངོས་སུ་དྲང་དོན་སྟོན་ཡང༌། དགོངས་གཞི་ཆོས་ཀྱི་སྐུ་མཉམ་པ་ཉིད་དུ་དོན་ལ་གནས་པ་ནི་ངེས་དོན་ཡིན་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་ཞེ་ན་དཔྱད་པར་བྱའོ། །རྟོག་པའི་ཆོས་དྲུག་ལ་སྦྱོར་ལམ་བཞི་དང༌། མཐོང་སྒོམ་གཉིས་དང་དྲུག་བཞག་དགོས་ཏེ། ཉ་ཊཱིཀ་ལས། མཐོང་ལམ་གྱི་རྟོགས་པའི་སྟེ། དེ་པའི་གཟུགས་ལ་གནས་མེད་ཅེས་སོགས་སྒོམ་ལམ་གྱི་རྟོགས་པའི་སྟེ། ཞེས་གསུངས་པའི་ཕྱིར་ཞེ་ན་མ་ཁྱབ་སྟེ། དེ་ལྟར་བཤད་པ་དེ་ཉི་ཁྲི་དག་ལྡན་གྱི་ལུགས་ཡིན་པར་སྣང་སྟེ། དེའི་མཇུག་ཏུ་ཉ་ཊཱིཀ་ལས། དེ་དྲུག་དོན་དམ་པ་རྟོགས་པས་རྟོགས་པ་སྟེ་ཞེས་དག་ལྡན་ནོ། །ཞེས་གསུངས་སོ། །ཡང་རྩ་བར། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་སོགས་ཀྱིས་ཆོས་དབྱིངས་རིགས་ཡིན་ན་ཐེག་པ་གསུམ་གྱི་རིགས་ཐ་དད་མི་རུང་བར་རྩོད་པ་ཡིན་པར་ཐལ། ཉ་ཊཱིཀ་ལས། སྐབས་འདིར་ཆོས་ཅན། འདི་ནི་ཉན་ཐོས་ཀྱི། འདི་རང་སངས་རྒྱས་ཀྱི། འདི་སངས་རྒྱས་ཀྱི་རིགས་སོ་ཞེས་རིགས་ནི་ཐ་དད་དུ་རུང་བ་མ་ཡིན་པར་ཐལ། ཆོས་དབྱིངས་ཁོ་ན་རང་བཞིན་རིགས་ཡིན་པས་སོ། །ཁྱབ་སྟེ། ཆོས་ཀྱི་དབྱིངས་ལ་ཆར་དབྱེར་མེད་པའི་ཕྱིར་ཞེ་ན། ཞེས་གསུངས་པའི་ཕྱིར་ཞེ་ན། དེ་མི་འཐད་པར་ཐལ། ཆོས་དབྱིངས་རིགས་ཡིན་ན་རིགས་བཅུ་གསུམ་མི་འཐད་པར་རྩོད་པ་ཡིན་པའི་ཕྱིར་ན་མ་ཁྱབ་སྙམ། རྟགས་གྲུབ་སྟེ། ལན་གྱི་སྐབས་མདོ་ལུགས་མ་ལས། བྱེ་བྲག་རྟོགས་པའི་ཆོས་དྲུག་འཇུག་པའི་རྟེན། གཉེན་པོ་འཇུག་པའི་རྟེན།སྤོང་བ་འཇུག་པའི་རྟེན་ཞེས་པའི་ཚུལ་དག་གིས་རྟེན་ཆོས་ཉིད་དེའི་དབྱེ་བ་ཡོངས་སུ་བརྗོད་པ་ནི་འགལ་བ་མེད་དོ། །ཞེས་གསུངས་པའི་ཕྱིར། གཉིས་ཀ་གང་བཀོད་ན་འགལ་བ་མེད་པར་སྣང་ངོ༌། །ཡང་ཉ་ཊཱིཀ་ལས། གནས་སྐབས་ཁྱབ་པ་མེད་དེ། དཔེར་ན། ཉེར་ལེན་འཇིམ་པ་གཅིག་ལས་མངོན་པར་གྲུབ་ཅིང་རྐྱེན་མེ་ལྕེ་གཅིག་གིས་སོ་བཏང་བའི་རྟེན་རྫ་བུམ་དང་ལྷུང་བཟེད་ལ་སོགས་པ་གཅིག་ཡང་བརྟེན་པ་ནང་གི་བཅུད་སྦྲང་རྩི་དང་ལི་ཁར་ར་སྟེ་བུ་རམ་དང་མར་དང་ཏིལ་མར་ལ་སོགས་པའི་སྣོད་ཉིད་ཀྱིས་རྟེན་བུམ་པ་ཐ་དད་པར་བཞག་པ་དེ་བཞིན་དུ། བརྟེན་པའི་ཆོས་ཐེག་པ་གསུམ་གྱིས་བསྡུས་པ་རྟོགས་པར་བྱ་བ་ཐ་དད་པའི་བྱེ་བྲག་ཉིད་ཀྱིས་རྟེན་རང་བཞིན་རིགས་ཐ་དད་དམ་དེའི་དབྱེ་བ་ཡོངས་སུ་བརྗོད་ཅིང་བསྟན་ཏོ། །ཞེས་པའི་དཔེ་དོན་སྦྱར་ཚུལ་དཔྱད། ཡང་མདོ་ལུགས་མ་ལས། དེས་ན་ཆོས་དབྱིངས་ཉིད་སྔོན་རྒྱུའི་གནས་སྐབས་ན་རིགས་རྣམ་པ་གཉིས་དང༌། ཕྱིས་འབྲས་བུའི་གནས་སྐབས་ན་སྐུ་རྣམ་པ་གསུམ་དུ་གསུངས་པའི་ཕྱིར་རང་བཞིན་དང་རྒྱས་པའི་རིགས་ཀྱི་དོན་ནི་དེ་ཡིན་ནོ། །སྔོན་རྒྱུའི་ཞེས་པ་ལམ་གྱི་གནས་སྐབས་སོ། །ཞེས་ཆོས་དབྱིངས་སྔོན་རྒྱུའི་གནས་སྐབས་ན་རིགས་གཉིས་ཀ་ཡིན་ཚུལ་ལ་དཔྱད། ཡང་མདོ་ལུགས་མ་ལས། གལ་ཏེ་རང་བཞིན་གྱི་རིགས་ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་འབའ་ཞིག་གི་རིགས་ཡིན་པར་མི་འཐད་དོ། །ཞེ་ན། སྐྱོན་མེད་དེ་འདིར་ནི་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་ནས་འོངས་པའི་ཆོས་ཉིད་ངང་གིས་ཐོབ་པ་དེ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་ཡིན་ལ། དེ་ཉིད་རང་བཞིན་དུ་གནས་པའི་རིགས་སུ་གསུངས་ཀྱི། ཆོས་ཀྱི་དབྱིངས་ཡོད་པ་ཙམ་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་དུ་ཡང་མ་གསུངས་ཤིང་རིགས་མཆོག་ཉིད་དུ་ཡང་མ་གསུངས་པའི་ཕྱིར་དང༌། ཆོས་ཉིད་ཐོབ་པ་ཡང་མ་ཡིན་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་གསུངས་ཀྱི། སེམས་ཅན་ཐམས་ཅད་རང་བཞིན་གྱི་རིགས་ལ་གནས་པར་མ་གསུངས་པའི་ཕྱིར་དང༌། རང་བཞིན་དུ་གནས་པ་རིགས་ཏེ། སེམས་ཅན་རྣམས་སྐྱེ་མཆེད་དྲུག་གི་ཁྱད་པར་དུ་ཡང་མ་གསུངས་པའི་ཕྱིར་རོ། ། དེས་ན་ཆོས་ཀྱི་དབྱིངས་གཅིག་ཉིད་ལ་ཁྱད་པར་མེད་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ལ་རང་བཞིན་གྱི་རིགས་སུ་འགྱུར་བ་དང༌། སེམས་ཅན་གཞན་རྣམས་ལ་མི་འགྱུར་བའི་ཁྱད་པར་ནི་དེ་ཡིན་ནོ། །ཞེས་ཆོས་དབྱིངས་ཡོད་ཙམ་གྱི་སྐྱེ་མཆེད་ཀྱི་ཁྱད་པར་དུ་མ་གསུངས་ཞེས་པ་དང༌། ཆོས་ཉིད་ཐོབ་པ་ཡང་མ་ཡིན། ཞེས་པ་དང༌། ཆོས་དབྱིངས་སེམས་ཅན་གཞན་གྱི་རིགས་སུ་མི་འགྱུར་གསུངས་པ་རྣམས་ཀྱི་དགོངས་པ་ལུང་རིགས་གཉིས་ཀྱི་ལེགས་པར་ཚོལ་དགོས་སོ། །ཡང་ཀུན་མཁྱེན་ཆོས་རྗེའི་ཕར་ཕྱིན་མདོ་ལུགས་མ་ལས། གལ་ཏེ་སེམས་བསྐྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཆོས་ཀྱི་དབྱིངས་ཡིན་ན་ཐོག་མར་ཐར་པའི་ས་བོན་དང་དེ་ནས་རིམ་གྱིས་རྣམ་བྱང་གི་བག་ཆགས་ཐམས་ཅད་ཀུན་གཞི་རྣམ་པར་ཤེས་པ་ལ་འཇོག་ཅིང་དེ་ལ་རྟེན་དགོས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་སྣང་བ་དང་མུན་པའི་རྟེན་གཅིག་ཏུ་མི་རུང་བ་བཞིན་དུ་སྤང་བྱ་དང༌། གཉེན་པོའི་ཆོས་དག་འཇུག་པའི་རྟེན་ཀུན་གཞི་གཉིས་ཡོད་པའི་ཕྱིར་རོ། །ཞེས་དང༌། འགལ་བ་དག་ནི་རྟེན་གཅིག་པར་མི་འཐད་པའི་ཕྱིར་ཏེ། གྲང་བ་དང་དྲོ་བའི་རེག་པ་རྟེན་གཅིག་པར་མི་འཐད་པ་བཞིན་ནོ། །ཞེས་སོགས་གསུངས་པའི་དགོངས་པ་གང་ཡིན་ཞེ་ན། རང་བློ་དང་འཚམས་པར་དེ་དག་གི་དགོངས་པ་འགལ་མེད་དུ་བཤད་ན་འདི་ལྟར་ཡིན་པར་སྣང་སྟེ། ཀུན་མཁྱེན་ཉིད་ཀྱིས་རང་ལུགས་ལ་ཀུན་གཞི་རྣམ་ཤེས་རྣམ་བྱང་གི་བག་ཆགས་བགོ་གཞིར་མི་རུང་བ་ལྟ་བུར་གསུངས་པ་ནི། ཀུན་གཞི་རྣམ་སྨིན་དེ་རྣམ་བྱང་གི་བག་ཆགས་ཀྱི་རྟེན་ཙམ་ཡིན་ཡང་དེ་ཁོ་ན་མ་ཡིན་པར་ཀུན་གཞི་ཡེ་ཤེས་འཇོག་དགོས་པ་དང༌། ཀུན་གཞི་རྣམ་སྨིན་སྤང་བྱ་ཡིན་པས་གཉེན་པོ་རྣམ་བྱང་གོང་ནས་གོང་དུ་འཕེལ་ཞིང་བསྐྱེད་པའི་རྟེན་མི་བྱེད་པ་དང༌། ལྷག་མེད་དགྲ་བཅོམ་པ་སོགས་ཀྱི་རྒྱུད་ལ་ཀུན་གཞི་མཚན་ཉིད་པའམ་རྣམ་སྨིན་གྱི་ཆ་འགག་ཟིན་པས་དེའི་རྒྱུད་ཀྱི་རྣམ་བྱང་གི་བག་ཆགས་བགོ་གཞི་ཀུན་གཞི་རྣམ་སྨིན་གྱི་ཆ་མ་ཡིན་པར་གསུངས་པ་ཡིན་པའི་གནས་སུ་སྣང་སྟེ། ཕར་ཕྱིན་མདོ་ལུགས་མ་ལས། དེས་ན་འཁོར་འདས་གཉིས་ཀའི་བག་ཆགས་ཀུན་གཞི་རྣམ་ཤེས་འབའ་ཞིག་ལ་འཇོག་ན། འཁོར་འདས་གཉིས་ཀའི་ས་བོན་ཡིན་པའི་ཕྱིར་སྤང་བྱའི་ས་བོན་སྤངས་པའི་གནས་གྱུར་མེད་པས་སྤངས་པ་སླར་ལྡོག་པ་དང༌། སངས་རྒྱས་མི་སྲིད་པ་དང༌། སྤང་གཉེན་གྱི་ས་བོན་སོ་སོར་ངེས་པ་མེད་པ་ལ་སོགས་པར་ཧ་ཅང་ཐལ་བས་གནོད་དོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་མདོ་ལུགས་མར་ཀུན་གཞི་རྣམ་ཤེས་རྣམ་བྱང་གི་བག་ཆགས་བགོ་གཞི་མ་ཡིན་པ་ལྟ་བུར་གསུངས་པའི་དགོངས་པ་ནི། ཀུན་གཞི་རྣམ་ཤེས་ནི་རྣམ་བྱང་ཐོས་སོགས་ཀྱི་བག་ཆགས་ཀྱི་ངོ་བོ་ཉིད་ཀྱི་རྟེན་ནམ་མེ་དང་ཚ་བ་བཞིན་ངོ་བོ་དབྱེར་མེད་པའི་རྟེན་བརྟེན་པ་མ་ཡིན་པར་གསུངས་པ་ཡིན་པར་སྣང་སྟེ། ཕར་ཕྱིན་མདོ་ལུགས་མར་ཐེག་བསྡུས་ཀྱི་ལུང་དྲངས་བ་འདི་ལྟ་སྟེ། ཇི་སྐད་དུ། ཐོས་པའི་བག་ཆགས་གང་ཡིན་པ་དེ་ཡང་ནི། ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ནམ། འོན་ཏེ་མ་ཡིན།གལ་ཏེ་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ན་ནི། ཇི་ལྟར་དེའི་གཉེན་པོའི་ས་བོན་དུ་རུང༌། ཅི་སྟེ་དེའི་ངོ་བོ་ཉིད་མ་ཡིན་ན་ནི། དེས་ན་ཐོས་པའི་བག་ཆགས་ཀྱི་གནས་ཅི་ཞིག་ཡིན་པར་བལྟ་ཞེ་ན། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལ་བརྟེན་ནས་ཐོས་པའི་བག་ཆགས་སུ་གྱུར་པ་གང་ཡིན་པ་གནས་གང་ལ་འཇུག་པ་དེ། ལྷན་ཅིག་འདུག་པའི་ཚུལ་གྱིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་འཇུག་སྟེ། འོ་མ་དང་ཆུ་བཞིན་ནོ། །དེ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་མ་ཡིན་ཏེ། དེའི་གཉེན་པོའི་ས་བོན་ཉིད་ཡིན་པའི་ཕྱིར་རོ། །ཞེས་དང༌། ཀུན་གཞི་རྣམ་པར་ཤེས་པའི་གཉེན་པོ་ཡིན་པས་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་པ་དང༌། ཞེས་དང༌། ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་དང་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་པ་ཆུ་དང་འོ་མ་བཞིན་དུ་ལྷན་གཅིག་གནས་པ་རྣམ་པ་ཐམས་ཅད་དུ་འགྲིབ་པར་ཇི་ལྟར་འགྱུར་ཞེ་ན། ངང་བས་ཆུ་ལས་འོ་མ་འཐུངས་བ་དང༌། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ནས་མཉམ་པར་བཞག་པ་མ་ཡིན་པའི་བག་ཆགས་འགྲིབ་སྟེ། མཉམ་པར་བཞག་པའི་བག་ཆགས་འཕེལ་ནས་གནས་འགྱུར་བ་བཞིན་ནོ། །ཞེས་གསལ་བར་གསུངས་པས་དེ་ལྟར་ཤེས་པར་བྱའོ། །དེ་ལྟར་མ་ཡིན་ན་ཀུན་གཞི་རྣམ་ཤེས་དང་ཡེ་ཤེས་རེ་རེ་ནས་འཁོར་འདས་གཉིས་ཀའི་གཞི་མ་ཡིན་དགོས་ཀྱང་དེ་མི་རིགས་ཏེ། ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། ། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་དང༌། ཆོས་ཀྱི་ཤན་འབྱེད་ལས།ཆོས་ཉིད་ལ་སོགས་པའི་རྣམ་གྲངས་མང་པོ་ཅན་གྱི་བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་ཆོས་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར། ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། དེ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ནི་ཉོན་མོངས་པའི་བག་ཆགས་ཀྱི་རྟེན་ཡིན་པས་འཁོར་བའི་གཞི་བྱེད་ཅིང༌། ཐོས་སོགས་དགེ་བའི་བག་ཆགས་ཀྱི་རྟེན་ཡིན་པས་མྱ་ངན་ལས་འདས་པའི་གཞིའང་བྱེད་པའི་ཕྱིར་དང༌། ཀུན་གཞི་དེ་བཞིན་གཤེགས་པའི་སྙིང་པོ་ནི་གློ་བུར་གྱི་དྲི་མའི་རྟེན་ཡིན་པས་འཁོར་བའི་གཞིར་ཡང་གསུངས་ཤིང༌། དེ་ཉིད་དྲི་མ་དང་བྲལ་ཙམ་གྱིས་རྣམ་པར་གྲོལ་བ་ཐོབ་པས་ན་མྱ་ངན་ལས་འདས་པའི་གཞི་མཐར་ཐུག་པ་ཉིད་ཡིན་པའི་ཕྱིར་རོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། འཁོར་དང་ལམ་གྱི་གཞིར་གྱུར་ཀུན་གཞི་སྟེ། །ཞེས་དང༌། དེའི་ཐད་ཀྱི་ཟིན་བྲིས་ལས། འཁོར་འདས་གཉིས་གྱི་གཞིར་གྱུར་པ་ཡིན་ལ། ཞེས་དང༌། འདི་ལ་འགའ་ཞིག་ཏུ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ཟག་པ་དང་བཅས་པ་རྣམས་ཀྱི་གནས་ཞེས་ཟག་པ་མེད་པའི་ཆོས་ཀྱི་གནས་མ་ཡིན་པར་བཤད་མོད་ཀྱང་རང་ལུགས་ལ་ཟག་མེད་ལམ་གྱི་བདེན་པ་རྣམས་ཀྱི་གནས་ཡིན་པས་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ཡིན་ལ། དེ་ལྟ་མ་ཡིན་ན་མྱ་ངན་འདས་པ་ཐོབ་པར་འགྱུར། ཞེས་གསུངས་པ་འབྲེལ་མེད་དུ་འགྱུར་རོ། ། ཞེས་དང༌། ཟག་པ་མེད་པའི་ས་བོན་ནི། ཀུན་གཞི་རྣམ་ཤེས་ཀྱི་སྟེང་དུ་བཞག་པ་ཡིན་ལ། ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིར་ཀུན་བཏུས་ས་འགྲེལ་ལས། ཐེག་བསྡུས་སུ་ཟག་མེད་ཀྱི་ས་བོན་ཐོས་པའི་བག་ཆགས་ཀུན་གཞི་མ་ཡིན་པར་ཆུ་དང་འོ་མ་དཔེར་བྱས་ནས་གསུངས་པ་ནི་ཀུན་གཞིའི་ལྡོག་པ་མ་ཡིན་པ་ལ་དགོངས་པའོ། །ཞེས་པའི་དོན་ལ་བརྟག་དགོསསོ། ། ཆོས་དབྱིངས་དེ་རིགས་དང་གཞི་དང་རྒྱུ་ཡིན་པར་རྣལ་འབྱོར་ཅན་གྱི་བློ་ལ་འཆར་ཚུལ་ཡིན་པར་གསུངས་ཏེ། ཐེག་མཆོག་དབུ་མ་ལས། རྣལ་འབྱོར་ཅན་གྱི་བློ་དང་གོ་བསྟུན་ནས། །དེ་ནི་རིགས་ཡིན་དེ་ནི་ཁམས་ཀྱང་ཡིན། །ཐོག་མེད་དུས་ནས་བརྒྱུད་དེ་འོངས་པ་དང༌། །ཆོས་ཉིད་ཀྱིས་ཐོབ་སྐྱེ་མཆེད་དྲུག་གི་ཆོས། །དེ་འདྲ་བ་ཞེས་ཁྱད་ཆོས་གསུམ་ལྡན་པར། །གསུངས་དང༌། ཞེས་དང༌། དེའི་ཟིན་བྲིས་ལས། ངེས་པར་ན་དོན་དམ་དབྱིངས་དེ་འཁོར་འདས་གཉིས་ཀྱི་རྟེན་ལ་སོགས་པ་ཡིན་རྒྱུ་མེད་ཀྱང་རྣལ་འབྱོར་ཅན་གྱི་བློ་ངོར་དང་བསྟུན་ནས་རྟེན་དང་གཞི་དང་རྒྱུ་དང་རིགས་ཞེས་རྣམ་པར་བཞག་པའི་རྣལ་འབྱོར་ཅན་གྱི་བློ་ལ་སྣང་ཚུལ་ཙམ་ཡིན་ནོ། །ཞེས་གསུངས་སོ། །འོ་ན་ཁྱད་པར་གསུམ་ལྡན་གྱི་རང་བཞིན་གནས་རིགས་ཆོས་ཅན། ཆོས་ཉིད་མ་ཡིན་པར་ཐལ། སྣང་ཚུལ་གྱི་དབང་དུ་བྱས་པ་ཡིན་པའི་ཕྱིར། རྟགས་ཁས་ཟེར་ན་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་སླར་དཔྱད་པར་བྱའོ། །

སྨྲས་པ། འཁོར་འདས་ཀུན་གྱི་གཞི་དབྱིངས་རང་བཞིན་རིགས། །ཐོས་སོགས་ཡང་དག་བླངས་པའི་རྒྱས་བྱུང་རིགས། །དེར་བརྟེན་བླ་ན་མེད་པའི་བྱང་ཆུབ་ལ། །འབད་པར་རིགས་སོ་རྣམ་གྲོལ་དོན་གཉེར་ཚོགས། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ཡན་གྱིས་རིགས་བཤད་ཟིན་ཏོ།། །།

ལྔ་བ་ཐེག་ཆེན་སྒྲུབ་པའི་དམིགས་པ་བཤད་པ་ལ།

ལྔ་བ་ཐེག་ཆེན་སྒྲུབ་པའི་དམིགས་པ་བཤད་པ་ལ།

དང་པོ་ལ། རྩ་བར། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། །འཇིག་རྟེན་པ་ཡི་རྟོགས་པ་དང༌། གང་དག་འཇིག་རྟེན་འདས་འདོད་དང༌། ། ཟག་བཅས་ཟག་པ་མེད་ཆོས་དང༌། །གང་དག་འདུས་བྱས་འདུས་མ་བྱས། །སློབ་མ་ཐུན་མོང་ཆོས་རྣམས་དང༌། །གང་དག་ཐུབ་པའི་ཐུན་མོང་མིན། །ཞེས་སོ། །དེའི་དོན་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ། མཚན་ཉིད་དབྱེ་བ་གཉིས། དང་པོ་མཚན་ཉིད་ནི། ཐེག་ཆེན་སྒྲུབ་པའི་ཤེས་པར་བྱ་བ་དེ་ཡིན་ཏེ། མདོ་ལུགས་མ་ལས། དམིགས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པར་བྱ་བ་གང་ཡིན་པ་དེ་སྟོན་པ་འདི་ལྟ་སྟེ། ཞེས་དང༌། ཉ་ཊཱིཀ་ལས།སྒྲུབ་པའི་དམིགས་པའི་མཚན་ཉིད། རང་བཞིན་དང་ཡ་མ་བྲལ་བའི་རྣམ་འགྱུར་སྒྲུབ་པ་པོའི་ཤེས་བྱར་གྱུར་པ་སྟེ། ཞེས་གསུངས་སོ། །མཚན་གཞི་ནི། དོན་དམ་བདེན་པ་དང༌།ཀུན་རྫོབ་བདེན་པ་ལྟ་བུའོ། །གཞི་གྲུབ་ན་ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་པས་ཁྱབ་སྟེ།རྩ་བར། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་དང༌། མདོ་ལུགས་མ་ལས། བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་སྲིད་དོ་ཅོག་དེ་དག་ཤེས་པར་བྱ་བ་དང༌། ཞེས་གསུངས་སོ། །གཉིས་པ་དབྱེ་ན། དགེ་བ་སོགས་བཅུ་གཅིག་ཡོད་དེ། ཁྲི་བརྒྱད་སྟོང་པ་ལས། རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། ཐུན་མོང་དང༌། ཐུན་མོང་མ་ཡིན་པ་དག་གོ །རབ་འབྱོར་དེ་དག་ནི་ཆོས་ཐམས་ཅད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་གི་མེད་པ་ཉིད་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་བ་ཡང་དེ་དག་ཡིན་ནོ། །ཞེས་གསུངས་སོ། །དེ་དག་གི་དོན་ནི་གོ་རིམ་བཞིན་བཤད་པ་ལ། དང་པོ་དགེ་བའི་མཚན་ཉིད། རང་འབྲས་ཡིད་འོང་སྐྱེད་བྱེད་ཀྱི་རིགས་གནས་ཀྱི་རྣམ་པར་དཀར་བའི་ཆོས་དེ་ཡིན་ཏེ། ཉ་ཊཱིཀ་ལས། མི་དགེ་བའི་འགལ་བའི་མི་མཐུན་ཕྱོགས་གང་ཞིག དམ་པས་བསྔགས་པར་བྱ་བ། དགེ་བའི་ལས་སུ་མཚོན། སྤང་བྱ་མི་དགེ་བའི་གཉེན་པོར་གྱུར་པའི་ལས་སོ། །ཞེས་དང༌། གཏན་ཚིགས་དོན་བསྡུས་ལས། ལུང་དུ་བསྟན་པའི་ཆོས་གང་ཞིག དམ་པ་རྣམས་ཀྱིས་བསྔགས་པར་འོས་པ། ཞེས་གསུངས་སོ། །མཚན་གཞི་ནི། ལམ་དང་སྲོག་གཅོད་པ་སྤོང་བའི་ཚུལ་ཁྲིམས་སོགས་སོ། །གཉིས་པ་མི་དགེ་བའི་མཚན་ཉིད། རང་འབྲས་ཡིད་མི་འོང་སྐྱེད་བྱེད་ཀྱི་རིགས་སུ་གནས་པའི་རྣམ་པར་ནག་པའི་ཆོས་དེ་ཡིན་ཏེ། ཉ་ཊཱིཀ་ལས། མི་དགེ་བར་མཚོན། དགེ་བའི་འགལ་བའི་མི་མཐུན་ཕྱོགས་གང་ཞིག དམ་པས་སྨད་པར་འོས་པ། དེའི་ལས་སུ་མཚོན། དགེ་བའི་ལས་ཀྱི་གནོད་བྱར་གྱུར་པའི་ལས། ཞེས་གསུངས་སོ། །མཚན་གཞི་ནི་སྲོག་གཅོད་པ་སོགས་སོ། །གསུམ་པ་ལུང་མ་བསྟན་གྱི་མཚན་ཉིད། དགེ་མི་དགེ་གང་ཡང་མ་ཡིན་པའི་ཆོས་དེ་ཡིན་ཏེ། ཉ་ཊཱིཀ་ལས། ལུང་དུ་མ་བསྟན་པར་མཚོན། དགེ་མི་དགེ་གང་དུ་ཡང་མི་རུང་བའི་ཆོས་སོ། །དེའི་ལས་སུ་མཚོན། ཕན་གནོད་དམ། དགེ་མི་དགེའི་སེམས་གང་གིས་ཀྱང་མ་བསླངས་བའི་ལས་སོ། །ཞེས་གསུངས་སོ། །མཚན་གཞི་ནི། ལུང་དུ་མ་བསྟན་པའི་ལུས་ངག་ཡིད་ཀྱི་ལས་དང༌།བཟོ་སྤྲུལ་སྤྱོད་ལམ་རྣམ་སྨིན་སོགས་སོ། །བཞི་བ་འཇིག་རྟེན་པ་ནི། འཕགས་པའི་ཟླས་དྲངས་པའི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་བསྡུས་པའི་ཕུང་བོ་ལྔ་དང་ཁམས་སྐྱེ་མཆེད་སོགས་འཇིག་རྟེན་པའོ། །ལྔ་བ་འཇིག་རྟེན་ལས་འདས་པ་ནི། འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་བསྡུས་པའི་བསམ་གཏན་བཞི་དང་གཟུགས་མེད་མ་འདྲེས་སོགས་འཇིག་རྟེན་ལས་འདས་པའོ། །དྲུག་པ་ཟག་བཅས་ནི། གང་ཟག་གི་བདག་ཏུ་ལྟ་བའི་གཉེན་པོ་མ་ཡིན་པ་ཉིད་ཀྱིས་ཉེ་བར་ལེན་པའི་ཕུང་བོ་ལྔ་དང་ཁམས་སྐྱེ་མཆེད་བསམ་གཏན་བཞི་ཚད་མེད་བཞི་གཟུགས་མེད་མངོན་ཤེས་ལྔ་ནི་ཟག་བཅས་སོ། །ཉེར་ལེན་ནི། མ་འོངས་པའི་ཕུང་བོ་ལ་འདུན་པ་དང་ད་ལྟ་བ་ལ་འདོད་ཆགས་ལ་ཀུན་བཏུས་སུ་བཤད། མཛོད་དུ་ཉོན་མོངས་པ་ཐམས་ཅད་ལ་བཤད་དོ། །བདག་དེར་ལྟ་བའི་གཉེན་པོ་ཆགས་སོགས་ཉོན་མོངས་དང་མ་འབྲེལ་བའི་དྲན་པ་ཉེར་བཞག་བཞི་སོགས་སོ་བདུན་དང་ནས་མ་འདྲེས་པའི་བར་ནི་ཟག་མེད་དོ། ། ཀུན་བཏུས་སུ། ཟག་པ་དེའི་བདག་ཉིད་དང༌། ཟག་པ་དང་འབྲེལ་བ་དང༌། ཟག་པས་བཅིངས་པ་དང༌། ཟག་པའི་རྗེས་སུ་འབྲེལ་བ་དང༌། ཟག་པའི་རྗེས་སུ་མཐུན་པ་དང༌།ཟག་པའི་རྒྱུ་ལས་བྱུང་བའི་ཕྱིར་ཟག་པ་དང་བཅས་པར་བལྟའོ། །ཞེས་པའི་དོན་ནི། ཀུན་བཏུས་ས་འགྲེལ་ལས། ཇི་ལྟར་དུ་ཞིག་ཅིའི་ཕྱིར་སྤང་བྱ་ཟག་པ་དང་བཅས་པར་བརྟག་ཅེ་ན།མཛོད་ལས། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་གང་ཕྱིར་དེ་དག་ལ། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཞེས་གང་ལ་དམིགས་ནས་ཟག་པ་རྒྱས་པར་འགྱུར་བས་ཟག་བཅས་སུ་འཇོག་མོད། འདིར་ནི་ཟག་པ་དང་སྒོ་དྲུག་གིས་འབྲེལ་བས་ཟག་བཅས་ཏེ། དེའང་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ནི་ཟག་པ་དེའི་བདག་ཉིད་དམ། རང་བཞིན་ཡིན་པས་ཟག་པ་དང་བཅས་པར་བལྟའོ། །ཞེས་པ་དང༌། དེ་བཞིན་དུ་སྦྱར་ཏེ།ཉོན་མོངས་པ་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་དང༌། དེ་དག་གི་གནས་མིག་ལ་སོགས་པ་ནི་ཟག་པ་དང་འབྲེལ་བ་དང༌། དགེ་བ་ཟག་བཅས་དེ་རྣམས་ཀྱང་ཡང་སྲིད་འགྲུབ་བྱེད་དུ་གྱུར་པའི་ཆ་ནས་ཟག་པས་བཅིངས་པ་དང༌། ས་གཞན་གྱི་ཀུན་གཞི་ལའང་ས་གཞན་གྱི་ཉོན་མོངས་པའི་གནས་ངན་ལེན་ལྡན་པ་ཟག་པའི་རྗེས་སུ་འབྲེལ་བ་དང༌།ངེས་འབྱེད་ཆ་མཐུན་ནི་ཉོན་མོངས་པའི་ས་བོན་དང་ལྡན་ཡང༌། སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་ཤིང་གཉེན་པོ་བྱེད་པས་ཟག་མེད་དུ་འཇོག་ལ། དེ་ལས་གཞན་པའི་ཉོན་མོངས་པའི་ས་བོན་ཐམས་ཅད་དམ། ཡང་ལམ་ལས་གཞན་པའི་འདུས་བྱས་ཐམས་ཅད་ཉོན་མོངས་པ་འཕེལ་བའི་རྐྱེན་བྱེད་པས་ཟག་པའི་རྗེས་སུ་མཐུན་པ་དང༌། སོ་སོའི་སྐྱེ་བོ་དང་འཕགས་པ་སློབ་པའི་ཕུང་པོ་ཟག་པའི་རྒྱུ་ལས་བྱུང་བར་མ་ཟད། དགྲ་བཅོམ་པའི་ཕུང་པོའང་སྔར་གྱི་ཉོན་མོངས་ཀྱིས་འཕངས་ཤིང་མཚམས་སྦྱོར་བའི་རྒྱུ་ཡིན་པས་ཟག་པའི་རྒྱུ་ལས་བྱུང་བའི་ཕྱིར་ཟག་པ་དང་བཅས་པར་བལྟའོ། །ཞེས་དང༌། མཛོད་དུ། །ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་གང་ཕྱིར་དེ་དག་ལ། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཞེས་དམིགས་པའམ་མཚུངས་ལྡན་ཅི་རིགས་པའི་སྒོ་ནས་ཟག་པ་རྒྱས་སུ་རུང་བ་ལ་ཟག་བཅས་སུ་བཤད་དོ། །བདུན་པ་ཟག་མེད་ནི། ཀུན་བཏུས་ས་འགྲེལ་ལས། ཇི་ལྟར་དུ་ཞིག་ཅིའི་ཕྱིར་གཉེན་པོ་ཟག་པ་མེད་པར་བརྟག་ཅེ་ན། ཟག་མེད་ལམ་གྱི་བདེན་པ་དང༌། འདུས་མ་བྱས་རྣམ་གསུམ། ཞེས་པ་ལྟར། སྤང་བྱ་ཟག་པ་དང་བཅས་པ་ལས་ལྡོག་པ། ཟག་པའི་སྒོ་དྲུག་དང་མ་འབྲེལ་པ་ནི་ཟག་པ་མེད་པར་བལྟའོ། །ཞེས་གསུངས་སོ། །བརྒྱད་པ་འདུས་བྱས་ནི། འདུས་བྱས་ཀྱི་མཚན་ཉིད། རང་རྒྱུ་ལས་སྐྱེས་པ། འདོད་པའི་ཁམས་གཟུགས་གཟུགས་མེད་མ་འདྲེས་བཅོ་བརྒྱད་སོགས་ཆོས་ཅན། འདུས་བྱས་ཡིན་ཏེ། རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་རོ། །དགུ་བ་འདུས་མ་བྱས་ནི། འདུས་མ་བྱས་ཀྱི་མཚན་ཉིད། རང་གི་རྒྱུ་རྐྱེན་ལས་མ་སྐྱེས་པ། མཚན་གཞི་ནི། རྒྱུ་རྐྱེན་ལ་མི་ལྟོས་པས་དེ་བཞིན་ཉིད་དང་འདོད་ཆགས་ཟད་པའི་འགོག་པ་སོགས་སོ། །བཅུ་བ་ཐུན་མོང་གི་ཆོས་ནི། ཐེག་པ་གསུམ་གྱི་འཕགས་པའི་སྐྱེ་བོ་མང་བོའི་རྒྱུད་ལ་འབྱུང་བའི་བསམ་གཏན་ཚད་མེད་གཟུགས་མེད་མངོན་ཤེས་ལྔ་ནི་ཐེག་དམན་གྱི་འཕགས་པ་དང་སངས་རྒྱས་གཉིས་ཀའི་ཐུན་མོང་གི་ཆོས་སོ། །བཅུ་གཅིག་པ་ཐུན་མོང་མ་ཡིན་པ་ནི། ཡང་དག་རྫོགས་པའི་སངས་རྒྱས་ཀྱི་རྒྱུད་ལ་འབྱུང་བའི་སྟོབས་སོགས་སོ། །དེ་ལྟར་ན་དགེ་སོགས་བཅུ་གཅིག་གིས་མཚོན་ནས་རང་སྤྱིའི་མཚན་ཉིད་མ་ལུས་པ་བཟུང་ངོ༌། །དེས་ན་སྒྲུབ་པའི་དམིགས་པ་ཆོས་ཐམས་ཅད་ཅེས་བསྟན་ཏེ། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱི་མི་བསླབ་པའི། །དངོས་དེ་གང་ནའང་ཡོད་མ་ཡིན། །ཞེས་བཤད་པ་ལྟར་རོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཡང་ཁ་ཅིག་ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་ན་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་བར་ཐལ། དེ་ལ་རང་བཞིན་དང་ཡ་མ་བྲལ་བའི་རྣམ་འགྱུར་དགོས་པའི་ཕྱིར། ཉ་ཊཱིཀ་ལས། སྒྲུབ་པའི་དམིགས་པའི་མཚན་ཉིད། རང་བཞིན་དང་ཡ་མ་བྲལ་བའི་རྣམ་འགྱུར་སྒྲུབ་པ་པོའི་ཤེས་བྱར་གྱུར་པ་སྟེ། ཞེས་དང༌། རིགས་དང་དམིགས་པའི་ཁྱད་ནི། རང་བཞིན་གཙོ་བོར་གྱུར་པ་ནི་རིགས་ཡིན་ལ། རྣམ་འགྱུར་གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་ཞེས་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་འདིའི་སྐབས་ཀྱི་རང་བཞིན་དང་རྣམ་འགྱུར་གྱི་ཁྱད་པར་ལ་དཔྱད་པར་བྱའོ། །དགེ་བ་ཡིན་ན་དམ་པས་བསྔགས་པར་བྱ་བ་ཡིན་པས་ཁྱབ་བར་ཐལ། ཉ་ཊཱིཀ་ལས། དགེ་བར་མཚོན། མི་དགེ་བའི་འགལ་བའི་མི་མཐུན་ཕྱོགས་གང་ཞིག དམ་པས་བསྔགས་པར་བྱ་བ། ཞེས་གསུངས་པའི་ཕྱིར། འདོད་ན། འཕེན་བྱེད་དགེ་བའི་ལས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དེ་སྡུག་བདེན་དང་ཀུན་འབྱུང་བདེན་པ་ཡིན་པའི་ཕྱིར། ཁྱབ་སྟེ། དབུ་མ་བཞི་བརྒྱ་བ་ལས། ཡུལ་ནི་དགེ་བས་ཡིད་འོང་ན། །ཡུལ་དེའང་ངན་པར་བརྩི་བ་ཡིན། །གང་ཞིག་བཏང་བ་ཤེས་གྱུར་པ། །དེ་གྲུབ་པ་ཡིས་ཅི་ཞིག་དགོས། །ཞེས་གསུངས་སོ། །ཡང་དགེ་བའི་ལས་ཡིན་ན་མི་དགེ་བའི་གཉེན་པོ་ཡིན་པས་ཁྱབ་བར་ཐལ། ཉ་ཊཱིཀ་ལས། དགེ་བའི་ལས་སུ་མཚོན། སྤང་བྱ་མི་དགེ་བའི་གཉེན་པོར་གྱུར་པའི་ལས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། འཁོར་བ་འཕེན་བྱེད་ཀྱི་ཚུལ་ཁྲིམས་ཀྱི་ལས་ཆོས་ཅན། གཉེན་པོ་ཡིན་པར་ཐལ།མི་དགེ་བའི་གཉེན་པོ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཀུན་འབྱུང་བདེན་པ་ཡིན་པའི་ཕྱིར། ཁྱབ་སྟེ། མདོ་ལས། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པ་སྟེ་སྤང་བར་བྱའོ། །ཞེས་དང༌། རྒྱུད་བླ་མ་ལས། ཤེས་བྱ་སྤང་བྱ། ཞེས་གསུངས་པའི་ཕྱིར་རོ། །ཟེར་ན་དཔྱད། ཡང་མདོ་ལུགས་མ་ལས། ཐུན་མོང་གི་ཆོས་ནི་བསམ་གཏན་བཞི་ཚད་མེད་བཞི་གཟུགས་མེད་བཞི་མངོན་ཤེས་ལྔ་རྣམས་སོ། །གང་དག་ཐུབ་པའི་ཐུན་མོང་མིན་ལ་མདོ་ལས། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སོ་བདུན་དང༌། སྟོབས་སོགས་ནས་མ་འདྲེས་བཅོ་བརྒྱད་ཀྱི་བར་དུ་བྱུང་ངོ༌། །ཞེས་བྱང་ཕྱོགས་སོ་བདུན་ཐུན་མོང་མ་ཡིན་པ་ཡིན་པའི་རྒྱུ་མཚན་དཔྱད། ཡང་དགེ་བ་ཡིན་ན་རང་འབྲས་ཡིད་འོང་འབྱིན་པར་ལུང་དུ་བསྟན་པས་ཁྱབ་ན། དོན་དམ་པའི་དགེ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། ཉ་ཊཱིཀ་ལས། ཆོས་དབྱིངས་སོགས་འདུས་མ་བྱས་ཀྱི་དགེ་བ་མེད་ཅེས་གསུངས་པ་ནི་ནོར་བ་སྟེ། ངོ་བོ་ཉིད་སྐུ་དགེ་བ་མིན་པར་འགྱུར་བ་ལ་སོགས་ལུང་རིགས་དུ་མ་ཡོད་དོ། །ཞེས་དང༌། མཛོད་ལས། ཐར་བ་དམ་པའི་དོན་དུ་དགེ །ཞེས་གསུངས་སོ། །ཡང་ཐེག་བསྡུས་ཀྱི་འགྲེལ་བ་ལས། དགེ་མི་དགེ་གཉིས་ཀར་མི་གསལ་བ་ལུང་མ་བསྟན་པའོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། རང་ལུགས་ནི། འཇོག་བྱེད་དགེ་མི་དགེ་ལུང་མ་བསྟན་གང་གིས་བཞག་ཀྱང་བག་ཆགས་ནི་ལུང་མ་བསྟན་ཉིད་ཡིན་ཏེ། ཀུན་གཞི་ལུང་མ་བསྟན་དང་རྫས་གཅིག་པའི་ཕྱིར་རོ། །ཞེས་དགེ་བའི་བག་ཆགས་ལུང་མ་བསྟན་བཤད་པ་མི་རིགས་ཏེ། ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། དེའི་ཕྱིར་མི་དགེ་བ་བཅུ་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ནི་དགེ་བ་བཅུའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་གཞི་གྲུབ་ན་ཐེག་ཆེན་སྒྲུབ་པའི་དམིགས་པ་དང་ཤེས་པར་བྱ་བ་ཡིན་པས་ཁྱབ་ཅེས་བཞེད་པ་ལ་ཅུང་ཟད་བརྟག་པར་བྱ་བ་ཡོད་དེ། རྣམ་འགྲེལ་ལས། འདི་ཡིས་སྲིན་བུའི་གྲངས་མཁྱེན་པ། །ངེད་ལ་འགར་ཡང་ཉེར་མཁོ་མེད། །བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པ་རིག་མཛད་པ། །ཞེས་དང༌། རྣམ་འགྲེལ་འགྲེལ་བཤད་རིན་ཆེན་ཕྲེང་བ་ལས། དེ་ལྟར་འདོད་ཀྱི་སྲིན་བུའི་གྲངས་སོགས་ཐམས་ཅད་རིག་པར་མཛད་པ་ཙམ་གྱིས་གྲོལ་བ་དོན་གཉེར་གྱི་བརྟེན་བྱའི་ཚད་མར་འདོད་པ་མ་ཡིན་ནོ། །ཞེས་སོ། །འཇུག་ཡུལ་གྱི་མཚན་ཉིད། གཏན་ཚིགས་བསྡུས་དོན་ལས། ཚད་མས་གཞལ་བ་ལས་བླང་དོར་བྱར་རུང་བའོ། །ཞེས་གསུངས་པས་སོ། །ཡང་ཟག་བཅས་ཟག་མེད་ཀྱི་སྐབས་སུ་ཀུན་བཏུས་ས་འགྲེལ་ལས། ངེས་འབྱེད་ཆ་མཐུན་ནི་ཉོན་མོངས་པའི་ས་བོན་དང་ལྡན་ཡང༌། སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་ཤིང་གཉེན་པོ་བྱེད་པས་ཟག་མེད་དུ་འཇོག་ལ།ཞེས་དང༌། ལམ་བདེན་གྱི་མཚན་ཉིད། ཟག་མེད་འདུས་བྱས་གང་ཞིག འགོག་བདེན་གྱི་བྲལ་རྒྱུ་ཡིན་པའོ། །ཞེས་ངེས་འབྱེད་ཆ་མཐུན་ཟག་མེད་དུ་བཤད་པ་ལ་བརྟག་པར་བྱ་བ་འདི་ཡོད་དེ། ཀུན་བཏུས་ས་འགྲེལ་ལས། སྔར་ངེས་འབྱེད་ཆ་མཐུན་ཟག་མེད་དང་རྗེས་སུ་མཐུན་པས་ཟག་མེད་དུ་བཤད་ཀྱང་འདིར་ནི་ཟག་པའི་ས་བོན་རྗེས་སུ་འབྲེལ་བའི་ཆ་ནས་ཟག་བཅས་སུ་བསྡུའོ། །ཞེས་གསུངས་པའི་ཕྱིར་རོ། །

དྲུག་པ་སྒྲུབ་པའི་ཆེད་དུ་བྱ་བ་བཤད་པ།

དྲུག་པ་སྒྲུབ་པའི་ཆེད་དུ་བྱ་བ་བཤད་པ་ལ།

རྩ་བར། སེམས་ཅན་ཀུན་མཆོག་ཉིད་སེམས་དང༌། །སྤོང་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་བྱུང་གི །ཆེད་དུུ་བྱ་བ་འདི་ཤེས་བྱ། །ཞེས་སོ། །དེའི་དོན་བཤད་པ་ལ། སྤྱི་དོན་དང༌། མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ། ཆེད་དུ་བྱ་བའི་མཚན་ཉིད་དང༌། ཆེན་པོ་གསུམ་གྱི་གོ་དོན་བཤད་པ་དང་གཉིས། དང་པོ་ཆེད་དུ་བྱ་བའི་མཚན་ཉིད། བྱང་སེམས་ཀྱི་སྤྱད་པ་སྤྱོད་པའི་ཐོབ་བྱའི་འདོད་དོན། མཚན་གཞི་ནི། བྱང་སེམས་ཀྱི་མཐོང་སྒོམ་དང༌། མི་སློབ་ལམ་དང༌། སྐུ་བཞི་སོགས་སོ། །མཚན་ཉིད་དང་མཚན་གཞི་དེ་ལྟར་འཐད་དེ། མདོ་ལུགས་མ་ལས། དེ་ལ་ཆེད་ནི་གང༌། བྱ་བ་ནི་གང་ཞེ་ན། ཆེད་ནི་ཆེན་པོ་གསུམ་གྱི་ཆེད་ཡིན་ལ། བྱ་བ་ནི་སེམས་དཔའ་ཆེན་པོ་ཞེས་པ་འདི་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལ་དོན་གང་གིས་ཆེད་དུ་སེམས་དཔའ་ཆེན་པོ་ཞེས་ཟེར་བའི་རྒྱུ་ནི། སེ༷མས་ཅ༷ན་ཀུ༷ན་གྱི་མཆོ༷ག་ཉི༷ད་དུ་གྱུར་པའི་སེ༷མས་ཆེན་པོ་ད༷ང༌། སྤོ༷ང་བ་ཆེན་པོ་ད༷ང༌། རྟོ༷གས་པ༷་ཆེ༷ན་པོ༷་སྟེ། གསུ༷མ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཆེ༷ན་པོ༷་གསུ༷མ་གྱི༷་ར༷ང་བྱུ༷ང་དེ། རང་བཞིན་གྱི་ཆེ༷ད་དུ༷་བྱ༷་བ༷། སེམས་དཔའ་ཆེན་པོ་ཞེས་སྨོས་པ་འདི༷་ཤེ༷ས་པར་བྱ༷འོ། །དེས་ན་ཅིའི་ཆེད་དུ་ཞེས་པ་དང༌། ཅིའི་སླད་དུ་ཞེས་པ་དང༌། ཅིའི་དོན་དུ་ཞེས་པ་དང༌། ཅིའི་ཕྱིར་དུ་ཞེས་པ་རྣམས་དོན་གཅིག་གོ །གཅིག་པ་དེའི་ཕྱིར་སྐབས་འདིའི་ཆེད་དུ་བྱ་བའི་དགོས་པ་ནི་དེ་ཡིན་ཏེ།ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། ཅི་ཕྱིར་དེ་ནི་སེམས་དཔའ་ཆེ་ཞེས་བྱ་ཞེ་ན། །སེམས་ཅན་ཚོགས་རྣམས་མང་པོའི་མཆོག་ཏུ་གྱུར་པ་དང༌། །སེམས་ཅན་ཁམས་ཀྱི་ལྟ་རྣམས་ཆེན་པོ་གཅོད་པ་སྟེ། །དེ་ཕྱིར་འདི་ནི་སེམས་དཔའ་ཆེ་ཞེས་བརྗོད་པ་ཡིན། །གཏོང་བ་ཆེ་དང་བློ་ཆེ་བ་དང་མཐུ་ཆེ་དང༌། །རྒྱལ་བ་རྣམས་ཀྱི་ཐེག་ཆེན་མཆོག་ལ་ཞུགས་པ་དང༌། །གོ་ཆ་ཆེན་པོ་བགོས་ཤིང་བདུད་ཀྱི་རྒྱུུ་འདུལ་བ། །དེ་ཡི་ཕྱིར་ན་སེམས་དཔའ་ཆེ་ཞེས་བརྗོད་པ་ཡིན། །ཞེས་དང༌། མདོ་ལས་ཀྱང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལ་སེམས་དཔའ་ཆེན་པོ་ཞེས་བགྱི་བ། ཅིའི་སླད་དུ། སེམས་དཔའ་ཆེན་པོ་ཞེས་བགྱི། བཀའ་སྩལ་པ། རབ་འབྱོར། སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་རིས་ཕལ་མོ་ཆེའམ་ཕལ་བྱེད་པར་འགྱུར་བས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སེམས་དཔའ་ཆེན་པོ་ཞེས་བྱའོ། །ཞེས་པ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་སེམས་དཔའ་ཆེན་པོ་ཞེས་པའི་རྒྱུ་མཚན་སེམས་ཆེན་པོ་གསུངས་ཤིང༌། ཤཱ་རིའི་བུས་སེམས་དཔའ་ཆེན་པོ་ཞེས་པའི་རྒྱུ་མཚན་སྤོང་བ་ཆེན་པོ་གསུངས་ལ། རབ་འབྱོར་གྱིས་སེམས་དཔའ་ཆེན་པོ་ཞེས་བརྗོད་པའི་རྒྱུ་མཚན་རྟོགས་པ་ཆེན་པོ་གསུངས་པ་དེ་ཉིད། རྗེ་བཙུན་བྱམས་པ་མགོན་པོས་སྐབས་འདིར་ཆེད་དུ་བྱ་བ་ཞེས་པའི་ཚིག་གིས་གསུངས་སོ། །དབུ་མ་པ་ཆེན་པོ་དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱང༌། བྱང་ཆུབ་སེམས་དཔའ་ལ་ཅིའི་སླད་དུ་སེམས་དཔའ་ཆེན་པོ་ཞེས་བགྱི་ཞེས་བྱ་བ་ནི་ཅིའི་ཕྱིར་སེམས་དཔའ་ཆེན་པོའི་མིང་དུ་བརྗོད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དང༌། །སྔོན་མེད་ལེགས་བཤད་ལས། ཆེད་དུ་བྱ་བ་ནི་སྒྲུབ་པ་བྱེད་པའི་སྐབས་ཀྱི་འདོད་དོན་ཏེ། འདི་ལ་རྒྱ་བོད་ཕལ་ཆེར་སངས་རྒྱས་ཀྱི་སས་བསྡུས་པའི་སྤངས་རྟོགས་འཕྲིན་ལས་གསུམ་མམ་སྐུ་བཞིའམ།མཁྱེན་གསུམ་སོགས་ཆེན་པོ་གསུམ་དང་སྦྱོར་བ་ཞིག་སྣང་ཡང༌། དེའི་ཐད་ཀྱི་མདོ་དང་མི་མཐུན་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྒྲ་བཤད་སངས་རྒྱས་ལ་སྦྱོར་བ་ཡང༌། འཚམ་པ་ལས་འདས་པའི་བཤད་པ་ཡིན་པས། འདི་ནི་བྱང་ཆུབ་སེམས་དཔའ་ཉིད་ཀྱི་སྤྱད་པ་སྤྱོད་པའི་ཚེ། འཕྲལ་འཕྲལ་དུ་དགོས་པའི་འདོད་དོན་ཡིན་གྱི། མཐར་ཐུག་གི་ཆེད་དུ་བྱ་བ་ཁོ་ན་མ་ཡིན་ནོ། །ཞེས་པ་ནས། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་གང་སྤྱོད་ཀྱང༌། འཕྲལ་འཕྲལ་དུ་ཆེད་གཏད་སྦྱོར་དགོས་པས། ཆེད་དུ་བྱ་བ་ཞེས་བྱ་སྟེ། འཕྲལ་འཕྲལ་དུ་བྱེད་དགོས་རྒྱུའི་དོན་ནོ། །ཞེས་གསུངས་སོ། །གཉིས་པ་ཆེན་པོ་གསུམ་གྱི་གོ་དོན་ནི། སྔོན་མེད་ལེགས་བཤད་ལས། མདོ་ལས། བྱང་ཆུབ་སེམས་དཔའི་སྒྲ་བཤད་ཀྱི་དབང་དུ་མཛད་ནས། སེམས་དཔའ་དང་སེམས་དཔའ་ཆེན་པོའི་སྒྲ་བཤད་ཀྱིས་སེམས་ཆེན་པོ་དང༌། བྱང་བའི་སྒྲ་བཤད་ཀྱིས་སྤོང་བ་ཆེན་པོ་དང༌། ཆུབ་པའི་སྒྲ་བཤད་ཀྱིས་རྟོགས་པ་ཆེན་པོ་བསྟན་ཏེ། མདོ་རྒྱས་པ་ན། བཅོམ་ལྡན་འདས་ཀྱིས་སེམས་ཆེན་པོ་དང༌། ཤཱ་རིའི་བུས་སྤོང་བ་ཆེན་པོ་དང༌། རབ་འབྱོར་གྱིས་རྟོགས་པ་ཆེན་པོ་རྣམས་གསུངས་ལ། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། ཅི་ཕྱིར་དེ་ནི་སེམས་དཔའ་ཆེ་ཞེས་བྱ་ཞེ་ན། །སེམས་ཅན་ཚོགས་རྣམས་མང་པོའི་མཆོག་ཏུ་གྱུར་པ་དང༌། །སེམས་ཅན་ཁམས་ཀྱི་ལྟ་རྣམས་ཆེན་པོ་གཅོད་པ་སྟེ། །དེ་ཕྱིར་འདི་ནི་སེམས་དཔའ་ཆེ་ཞེས་རབ་བརྗོད་དེ། །གཏོང་བ་ཆེ་དང་བློ་ཆེ་བ་དང་མཐུ་ཆེ་དང༌། །རྒྱལ་བ་རྣམས་ཀྱི་ཐེག་ཆེན་མཆོག་ལ་ཞུགས་པ་དང༌། །གོ་ཆ་ཆེན་པོ་བགོས་ཤིང་བདུད་ཀྱི་རྒྱུ་འདུལ་བ། །དེ་ཡི་ཕྱིར་ན་སེམས་དཔའ་ཆེ་ཞེས་བརྗོད་པ་ཡིན། །ཞེས་གསུངས་ཏེ། འཇིག་རྟེན་པ་རྣམས་དང༌། ཉན་ཐོས་དང་རང་རྒྱལ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། ཡོན་ཏན་གྱི་ཚོགས་རྣམས་ལས་ཇི་ལྟར་འོས་འོས་སུ་སྐད་ཅིག་རེ་རེ་བཞིན་མ་ཐོབ་པ་རྣམས་ཐོབ་པར་བྱེད། ཐོབ་པ་རྣམས་སྤེལ་བར་བྱེད་པའི་འཇུག་པ་སེམས་བསྐྱེད་དང་ལྡན་པས་སེམས་ཅན་གཞན་ཐམས་ཅད་ཀྱི་གཙོ་བོ་དང་མཆོག་ཏུ་གྱུར་པ་ནི་སེམས་ཆེན་པོའོ། །བདག་ཉིད་ཀྱིས་གཞན་ལ་ཆོས་བསྟན་པས། དེ་རྣམས་ཀྱི་བདག་ལྟ་དང་མཐར་ལྟ་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས། ལམ་དང་འབྲས་བུ་ལ་འཛིན་པའི་དམིགས་པའི་ལྟ་བ་ཐམས་ཅད་ཀྱང་སྤོང་བར་བྱེད་པ་ནི་སྤོང་བ་ཆེན་པོ་དང༌། སྦྱིན་པ་ཆེན་པོ་ལ་སོགས་པ་གཞན་ལ་མེད་པའི་ཁྱད་ཆོས་དཔག་ཏུ་མེད་པ་མངའ་བ་རྣམས་ལ་ཡང༌། ཆོས་དབྱིངས་ཀྱི་རང་བཞིན་རྟོགས་པའི་སྟོབས་ཀྱིས་མ་ཆགས་པ་ནི་རྟོགས་པ་ཆེན་པོ་སྟེ། རི་རབ་ལ་མངོན་པར་དམིགས་ན་ནྱ་གྲོ་དྷའི་སྡོང་པོ་ལ་ཆེ་བའི་བློ་མི་སྐྱེ་བ་བཞིན་ནོ། །ཞེས་དང༌། ཉ་ཊཱིཀ་ལས། ལྟ་བ་ཐམས་ཅད་སྤང་བའི་ཕྱིར་ཆོས་སྟོན་པར་བྱེད་པ་ནི་སྤོང་བ་ཆེན་པོ་སྟེ། ཐབས་མཁས་པས་ལྟ་བའི་རྣམ་པ་དེ་དག་སྤང་བའི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན། ཞེས་སོ། །ཚོགས་ལམ་ནས་སངས་རྒྱས་ཉིད་ཀྱི་བར་དུ་ཆགས་པ་མེད་པར་ཆོས་ཐམས་ཅད་རྟོགས་པ་རྟོགས་པ་ཆེན་པོ་སྟེ། ཞེས་དང༌། ཆེན་པོ་གསུམ་སློབ་ལམ་ནའང་ཡོད་ཅིང༌། ཞེས་གསུངས་སོ། ། གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ། ཉ་ཊཱིཀ་ལས། སྒྲུབ་པའི་ཆེད་དུ་བྱ་བ་དག་གི་མཚན་ཉིད་ནི། གང་གི་དོན་དུ་སྒྲུབ་པར་བྱེད་པའི་འབྲས་བུ་མཐར་ཐུག་སྟེ། སྡུད་འགྲེལ་དུ། སྐད་ཅིག་མ་བསྟན་ནས། དེའི་རྗེས་ལ་རྣམ་པ་ཐམས་ཅད་མངོན་དུ་བྱེད་པ་ཆེད་དུ་བྱ་བ་གསུམ་མངོན་སུམ་དུ་བྱས་ནས་རྟོགས་པ་དེ་ཉིད་ནི་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ལ་ཆོས་སྐུར་བྱང་ཆུབ་ཅེས་ཏེ་འོག་ཏུ་རྒྱས་པར་བྱའོ། །དབྱེ་ན། གཞན་དོན་སྤངས་རྟོགས་གསུམ་ཞེས་ཤེར་འབྱུང་ངོ༌། །ཞེས་དང༌། དེས་ན་འདིར་བཤད་ཆེད་དུ་བྱ་བ་ནི་ཆེན་པོ་གསུམ་གྱིས་བསྒྲུབ་བྱ་ཡིན་ཞིང་སངས་རྒྱས་ཉིད་ལ་ཟེར་བས་ཆོས་སྐུའི་བདག་ཉིད་ཀྱི་འབྲས་བུ་ཆེད་དུ་བྱ་བ་ཞེས། ཤཱནྟི་གཞོན་ནུ་དཔལ་སོགས་ཟེར་བ་འཐད་ལ་ཆེན་པོ་གསུམ་སློབ་ལམ་ནའང་ཡོད་ཅིང༌། ཁ་ཅིག་དེ་ཡོད་པས་ཆེད་དུ་བྱ་བ་སློབ་ལམ་ན་ཡོད་ཅེས་གསུང་བ་ནི། གསུམ་དང་ཆེད་དུ་བྱ་བའི་ཁྱད་མ་ཕྱེད་པར་སྣང་ཞིང༌། ཁ་ཅིག ཁྱད་མེད་དུ་བྱས་ནས་སངས་རྒྱས་ས་ཁོ་ནར་སྦྱོར་བའང་མདོ་མ་མཐོང་བར་ཟད་དོ། །ཞེས་གསུངས་པ་མི་འཐད་པར་ཐལ། སྐབས་འདིའི་ཆེད་དུ་བྱ་བ་ལ་མཐར་ཐུག་གི་ཡོན་ཏན་ཞིག་མི་དགོས་པའི་ཕྱིར། དེར་ཐལ། མདོ་ལུགས་མའི་ལུང་སྔར་བཀོད་དེ་དག་དང༌། ཡང་དེ་ལས། སྐབས་དང་པོ་འདིར་ཆེད་དུ་བྱ་བ་མི་གཅིག་པ་གསུམ་བསྟན་པ་ལ། སྔར་ནི་ཆེན་པོ་གསུམ་གྱི་ཆེད་དུ་བྱ་བ་ནི་སེམས་དཔའ་ཆེན་པོ་ཡིན་ལ་འཇུག་སྒྲུབ་ཀྱི་སྐབས་སུ་བསྒོམ་པ་རྣམ་པར་གཞིག་པའི་ཆེད་དུ་བྱ་བ་ནི་ནང་སྟོང་པ་ཉིད་ལ་སོགས་པ་བསྒོམ་པ་ཡིན་ཞིང༌། འདིར་ནི་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བའི་ཆེད་དུ་བྱ་བ་ནི་ངེས་འབྱུང་སྒྲུབ་པའི་ངོ་བོ་ཐེག་ཆེན་ལ་ཐེག་པ་ཆེན་པོ་ཞེས་པ་འདི་ཡིན་ནོ། །འདི་དག་གི་ཁྱད་པར་མ་ཕྱེ་ན་མདོ་དང་འགལ་བར་འགྱུར་རོ། །ཞེས་དང༌།ཉ་ཊཱིཀ་ལས། རྩ་བ་ནི། གང་གི་དོན་དུ་ཚོགས་གཉིས་བསྐྱེད་ཅིང་སོག་པ་ནི་ཆེད་དུ་བྱ་བ་སྟེ་འདི་ཤེས་པར་བྱའོ། །ཞེས་གསུངས་སོ། །དེས་ན་ཉ་ཊཱིཀ་ལས་ཆེད་དུ་བྱ་བའི་མཚན་ཉིད་གསུངས་པ་དེ་ནི་སྡུད་འགྲེལ་ལྟར་བཤད་པ་ཡིན་པར་སྣང་ངོ༌། །ཆེད་དུ་བྱ་བ་ལ་རྟག་དངོས་གཉིས་དང༌། གཟུགས་ཤེས་ལྡན་མིན་གསུམ་ཡོད་དམ་བརྟག་པར་བྱའོ། །གོང་དུ་བཀོད་པ་ལྟར་མདོ་ལུགས་མའི་ཚིག་ཟིན་ལ་ཆེད་དུ་བྱ་བ་ནི་སེམས་དཔའ་ཆེན་པོ་ལ་སྦྱར་བ་དང༌།སྔོན་མེད་ལེགས་བཤད་ལས། ཆེད་དུ་བྱ་བ་ནི་སྒྲུབ་པར་བྱེད་པའི་སྐབས་ཀྱི་འདོད་དོན་ལ་བཤད་པ་དང༌། ཉ་ཊཱིཀ་གི་ཚིག་ཟིན་ལ་འདིར་བཤད་ཆེད་དུ་བྱ་བ་ནི་ཆེན་པོ་གསུམ་གྱིས་བསྒྲུབ་བྱ་ཡིན་ཞིང་སངས་རྒྱས་ཉིད་ལ་བཤད་པ་དེ་དག་གི་དགོངས་པ་འགལ་མེད་དུ་སྒྲུབ་པ་ལ་འབད་པར་བྱ་རྒྱུ་ཡོད་མེད་དཔྱད་པར་བྱའོ། །

བདུན་པ་སྒྲུབ་པ་རང་གི་ངོ་བོ་བཤད་པ།

བདུན་པ་སྒྲུབ་པ་རང་གི་ངོ་བོ་བཤད་པ་ལ།

སྒྲུབ་པའི་ངོ་བོ་བཤད་པ་དང༌། སྒྲུབ་པའི་དབྱེ་བ་བཤད་པ་གཉིས། དང་པོ་སྒྲུབ་པའི་ངོ་བོ་བཤད་པ་ལ། ཐེག་ཆེན་སྒྲུབ་པའི་མཚན་ཉིད་ནི། སེམས་བསྐྱེད་ཀྱིས་ཟིན་པའི་རང་གཞན་གྱི་དོན་རྩོམ་པའི་བྱང་ཆེན་འབྱུང་བའི་རིགས་སུ་གནས་པའི་བྱང་སེམས་ཀྱི་སྤྱོད་པ་ཉམས་ལེན་གྱི་མངོན་རྟོགས་དེ་ཡིན་ཏེ། ཉ་ཊཱིཀ་ལས། སྤྱིར་ཐེག་ཆེན་སྒྲུབ་པའི་མཚན་ཉིད། སེམས་བསྐྱེད་ལ་གནས་ནས་རང་གཞན་གྱི་དོན་རྩོམ་པ་བྱང་ཆུབ་ཆེན་པོའི་རྒྱུར་གྱུར་པའི་བྱང་སེའི་སྤྱོད་པའམ་ཉམས་ལེན་ཏེ། གནས་རྩོམ་འབྲས་བུ་འབྱུང་བ་ཆེ་བདག་ཉིད། །རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་ཡིན་པར་འདོད། །ཅེས་དང༌། སྒྲུབ་པ་ནི་སྤྱོད་པའོ། །ཞེས་ཤཱནྟི་རད་ཀིར་རོ། །གསེར་ནི་སྒྲུབ་པ་ནི་ཉམས་སུ་ལེན་པ་སྟེ། ཞེས་སོ། །འདིར་སྨོས་བྱང་སེའི་སྒྲུབ་པའི་མཚན་ཉིད། གདམས་ངག་ཐོབ་པ་རིགས་ལ་བརྟེན་ནས་དམིགས་པ་རིམ་གྱིས་རྟོགས་ཏེ་ཆེན་པོ་གསུམ་གྱི་ཆེད་དུ་བརྩོན་པའི་བྱ་བ་སྟེ། ཞེས་དང༌། མདོ་ལུགས་མ་ལས། དེ་ལ་གནས་ཆེན་པོ་ནི། སེམས་བསྐྱེད་ལ་གནས་པའི་ཕྱིར་དེ་ནི་རྟག་ཏུ་སེམས་ཅན་ཐམས་ཅད་ཉེ་བར་ལེན་པའི་ཕྱིར། རྩོམ་པ་ཆེན་པོ་ནི་རང་གཞན་གྱི་དོན་རྩོམ་པའི་ཕྱིར་དེ་ནི་སྡུག་བསྔལ་ཐམས་ཅད་དང་དུ་ལེན་པས་བཟོད་པ་ཆེ་བའི་ཕྱིར་རོ། ། འབྲས་བུ་འབྱུང་བ་ཆེ་བ་ནི། བྱང་ཆུབ་ཆེན་པོ་འཐོབ་པའི་ཕྱིར་དེ་ནི་སེམས་ཅན་མང་པོའི་དོན་ཆེ་ཡང་དག་བསྒྲུབ་པའི་བྱ་བ་བྱེད་པའི་ཕྱིར་རོ། །ཞེས་གསུངས་སོ། །

གཉིས་པ་དབྱེ་བ་ལ།

གོ་སྒྲུབ། འཇུག་སྒྲུབ། ཚོགས་སྒྲུབ། ངེས་འབྱུང་སྒྲུབ་པ་བཤད་པ་དང་བཞི། དང་པོ་གོ་སྒྲུབ་བཤད་པ་ལ་གཉིས་ཏེ། གོ་བགོས་ཡུལ་ཕྱིན་དྲུག་གཏན་ལ་དབབ། གོ་བགོས་པའི་སྒྲུབ་པའི་ངོ་བོ་བཤད་པའོ། །དང་པོ་ལ་སྤྱི་དོན་དང༌།མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ལ། མདོ་སྡེ་རྒྱན་དང་ཐེག་བསྡུས་གཉིས་ཀ་ལས། གྲངས་དང་དེ་ཡི་མཚན་ཉིད་གོ་རིམ་དང༌། །ངེས་པའི་ཚིག་དང་གོམས་བྱ་ཡོན་ཏན་དང༌། །དེ་དག་རབ་དབྱེ་བསྡུ་དང་མི་མཐུན་ནོ། །ཡོན་ཏན་ཕན་ཚུན་རྣམ་ངེས་ཡིན་ཞེས་བྱ། ། ཞེས་དོན་བཅུའི་སྒོ་ནས་བཤད་མོད་འདིར་ཚིག་མང་དུ་དོགས་པས་རྒྱས་པར་མ་སྤྲོས་པས་མདོ་སྡེ་རྒྱན་ས་འགྲེལ་སོགས་ལས་ཤེས་པར་བྱའོ། ། འདིར་ཉ་ཊཱིཀ་ལྟར་བཤད་ན་དང་པོ་མཚན་ཉིད། ངེས་ཚིག མཚན་གཞིའི་རབ་དབྱེ། གྲངས་ངེས། གོ་རིམ། འབྲས་བུ། བྱེད་ལས། ཕན་ཚུན་བསྡུ་བ་བཤད་པ་དང་བརྒྱད། དང་པོ་མཚན་ཉིད་ལ། མདོ་སྡེ་རྒྱན་ལྟར་ན་ཕར་ཕྱིན་གྱི་མཚན་ཉིད། ཆོས་བཞི་ལྡན་གྱི་ཐེག་ཆེན་གྱི་མངོན་རྟོགས། །ཡང་ན་ཐེག་བསྡུས་ལྟར་ན་དམ་པ་དྲུག་ལྡན་གྱི་ལམ་དེ་ཡིན་ཏེ། ཉ་ཊཱིཀ་ལས། ཐེག་བསྡུས་ལྟར་ན། སྤྱིའི་མཚན་ཉིད་དམ་པ་དྲུག་ལྡན་གྱི་ཤེས་པའོ། །དྲུག་ནི་བྱང་ཆུབ་ཀྱི་སེམས་ལ་བརྟེན་པས་གནས་དམ་པ། ཕྱི་ནང་གི་དངོས་པོ་མཐའ་དག་གཏོང་བས་དངོས་པོ་དམ་པ། སེམས་ཅན་ཐམས་ཅད་ལ་ཕན་བདེའི་ཆེད་དུ་སྤྱོད་པས་ཆེད་དུ་བྱ་བ་དམ་པ། འཁོར་གསུམ་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པས་ཐབས་ལ་མཁས་པ་དམ་པ། རྫོགས་བྱང་དུ་བསྔོས་པས་ཡོངས་སུ་བསྔོ་བ་དམ་པ། སྒྲིབ་གཉིས་དག་པར་འགྲུབ་པས་རྣམ་པར་དག་པ་དམ་པའོ། ། ཞེས་དང༌། སྤྱོད་འཇུག་ས་འགྲེལ་ལས། སྤྱིའི་མཚན་ཉིད་ནི། དམ་པ་དྲུག་དང་ལྡན་པ་སྟེ། བྱང་ཆུབ་ཀྱི་སེམས་ལ་རྟེན་པའི་རྟེན་དམ་པ་དང༌། གཞིའམ་དངོས་པོ་མཐའ་དག་ལ་འཇུག་པས་དངོས་པོ་དམ་པ་དང༌། ཞེས་སོགས་གསུངས་པའི་ཕྱིར་རོ། །འཇུག་པ་ལྟར་ན་ཉ་ཊཱིཀ་ལས། ཕར་ཕྱིན་སྤྱིའི་མཚན་ཉིད། སྲིད་ཞིའི་ཕ་རོལ་ཏུ་ཕྱིན་པའམ་ཕྱིན་བྱེད་གང་ཞིག འཁོར་གསུམ་དུ་མི་རྟོག་པའི་བློ་ཞེས་པ་དབུ་མ་འཇུག་པ་ལྟར་རོ། །ཞེས་སོ། ། སྦྱིན་པའི་ཕར་ཕྱིན་སོགས་སོ་སོའི་མཚན་ཉིད་ནི། རྒྱན་གྱི་ས་འགྲེལ་ལས། སྦྱིན་པའི་མཚན་ཉིད་ནི། སྦྱིན་པ་མཚན་ཉིད་བཞི་དང་ལྡན་པ་སྟེ་སྤང་བྱ་མི་མཐུན་ཕྱོགས་སེར་སྣ་མཐའ་དག་སྤངས་ཤིང་ཉམས་པ་དང༌། གཉེན་པོ་ཆོས་ཐམས་ཅད་བདག་མེད་པར་རྟོགས་པས་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང༌། བྱེད་ལས་གནས་སྐབས་སུ་གང་ལ་ཅི་འདོད་པ་དེ་ཐམས་ཅད་བྱིན་ནས་ཕ་རོལ་པོའི་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང༌། མཐར་ཐུག་སྦྱིན་པས་མགུ་བར་བྱས་ཏེ་བསྡུས་པའི་སེམས་ཅན་རྣམས་རང་རང་གི་མོས་པ་དང་སྐལ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་ལ་སྦྱར་ཏེ་རྣམ་པར་སྨིན་པར་བྱེད་ཅིང༌། བྱང་ཆུབ་རྣམ་པ་གསུམ་ལ་འགོད་པའི་མཚན་ཉིད་ཅན་ནོ། །ཞེས་སོགས་དང༌། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། བྱེ་བྲག་གི་ནི། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང༌། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། ། འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་དང༌། དོན་རྣམས་གཏོང་བར་བྱེད་པ་དང༌། ཞེས་པས་སྦྱིན་བྱ་ཅི་རིགས་པ་ཡོངས་སུ་གཏོང་བའི་ཆོས་བཞི་ལྡན་ཏེ། འགལ་ཟླ་སེར་སྣ་ཉམས་པ། བདག་མེད་གཉིས་རྟོགས་པའི་མི་རྟོག་ཡེ་ཤེས་ཀྱིས་ཟིན་པ། གང་ཅི་འདོད་པ་དེ་ལ་སྦྱིན་པས་འདོད་པ་རྫོགས་པར་བྱེད་པ། སྦྱིན་པས་བསྡུས་ནས་སྐལ་བ་བཞིན་ཐེག་པ་གསུམ་གྱིས་སེམས་ཅན་སྨིན་པར་བྱེད་པ་བཞིའོ། །དེ་བཞིན་དུ་གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་བའི་བློ་ཆོས་བཞི་ལྡན། བཞིའི་དང་པོ་གཉིས་སླ་སྟེ་འོག་མ་རྣམས་སུ་ཡང་ངོ༌། །གསུམ་པ་ནི་སེམས་ཅན་རྣམས་འདི་སྙམ་དུ་བྱང་སེ་འདིས་བདག་དང་ལོངས་སྤྱོད་ཆུང་མ་སོགས་ལ་གནོད་པ་མ་བྱས་ན་ཅི་མ་རུང་སྙམ་པ་ལས་དེ་ཁོ་ན་བཞིན་གནོད་པ་མི་བྱེད་པར་སྒོ་གསུམ་སྡོམ་པས་འདོད་པ་རྫོགས་པར་བྱེད་པའོ། །བཞི་བ་ཚུལ་ཁྲིམས་ཀྱིས་བསྡུས་ནས་ཞེས་སོགས་སྔར་ལྟར་ཏེ་འོག་མ་ལ་ཡང་ངོ༌། །མི་འཁྲུགས་པའི་བློ་ཆོས་བཞི་ལྡན། ཆོས་གསུམ་པ་ནི་བྱང་སེ་ལ་གཞན་གྱིས་གནོད་པ་བྱས་ཀྱང་དེ་རྗེས་སུ་འདིས་ལན་དུ་གནོད་པ་མ་བྱས་ན་ཅི་མ་རུང་སྙམ་པ་ལས་དེ་བཞིན་མི་བྱེད་པར་གནོད་པ་ལ་བཟོད་པས་སོ། །དགེ་བ་ལ་སྤྲོ་བའི་བློ་ཆོས་བཞི་ལྡན། །གསུམ་པ་ནི། སེམས་ཅན་གྱི་ལས་སུ་བྱ་བ་གང་དང་གང་ཡོད་པའི་གྲོགས་བྱེད་པས་སོ། །སེམས་རྩེ་གཅིག་པ་ཆོས་བཞི་ལྡན། གསུམ་པ་ནི། བསམ་གཏན་གྱི་མཐུས་རྫུ་འཕྲུལ་སྣ་ཚོགས་བསྟན་ནས་སོ། །ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་ཆོས་བཞི་ལྡན། གསུམ་པ་ནི་ཤེས་རབ་ཀྱིས་ཆོས་ཀྱི་རང་སྤྱིའི་མཚན་ཉིད་ཤེས་པར་བྱས་ནས་སེམས་ཅན་གྱི་ཐེ་ཚོམ་གཅོད་པས་སོ། །བཞིའི་མཚན་ཉིད་ནི། ཐབས། སྨོན་ལམ། སྟོབས། ཡེ་ཤེས་ཀྱི་རིམ་བཞིན། ཕྱིན་དྲུག་གི་དགེ་བ་རྫོགས་བྱང་དུ་བསྔོས་པས་མི་ཟད་པར་བྱེད་པའི་ཕར་ཕྱིན། ཚེ་རབས་དུ་མར་སངས་རྒྱས་མཉེས་པར་བྱེད་ཅིང་ཕྱིན་དྲུག་ལ་སྤྱོད་པར་སྐྱེ་བའི་སེམས་ཀྱི་སྨོན་པའི་ཕར་ཕྱིན། སོ་སོར་རྟོག་པ་དང་བསྒོམ་པའི་སྟོབས་གཉིས་ཀྱིས་ཕྱིན་དྲུག་གི་མི་མཐུན་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པར་རྒྱུན་མི་འཆད་པར་སྦྱིན་སོགས་ལ་འཇུག་པའི་ཕར་ཕྱིན། ཐེག་ཆེན་གྱི་ཆོས་ལ་སྒྲ་ཇི་བཞིན་དུ་རྟོག་པའི་རྨོངས་པ་དང་བྲལ་བས་ཕྱིན་དྲུག་སོགས་ཐེག་ཆེན་གྱི་ཆོས་ལ་ལོངས་སྤྱོད་ཅིང་དེས་སེམས་ཅན་སྨིན་པར་བྱེད་པའི་ཕར་ཕྱིན། ཞེས་དབུས་མཐའི་འགྲེལ་བ་འགྲེལ་བཤད་ལྟར་རོ། །ཞེས་གསུངས་སོ། །ཡང་ན་ཐེག་བསྡུས་ལྟར་ཉ་ཊཱིཀ་ལས། སོ་སོར་བཀོད་ན། ཡོངས་སུ་གཏོང་བ་དམ་པ་དྲུག་ལྡན་ཞེས་སོགས་དགོད་དོ། །ཞེས་སོ། །གཉིས་པ་ངེས་ཚིག་བསྟན་པ་ནི། རྒྱན་ལས། དབུལ་བ་འདོར་བར་བྱེད་པ་དང༌། །བསིལ་བ་ཐོབ་དང་ཁྲོ་བཟོད་དང༌། །མཆོག་སྦྱོར་བ་དང་ཡིད་འཛིན་དང༌། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་དཱ་ན་སྦྱིན་པ་དང༌། ཤཱི་ལ་ཚུལ་ཁྲིམས་དང༌། ཀྵཱནྟིཿབཟོད་པ་དང༌།བིརྻ་བརྩོན་འགྲུས་དང༌། དྷྱཱ་ན་བསམ་གཏན་དང༌། པྲཛྙཱ་ཤེས་རབ་ཀྱི་མིང་རྣམས་ལ་ཡི་གེ་ཕྲལ་བ་དང༌། བསྣན་པ་དང་བསྒྱུར་བ་ལ་སོགས་པ་ཇི་ལྟར་མཐུན་མཐུན་དུ་སྦྱར་བའི་ངེས་ཚིག་གིས་བཤད་ན། དཱ་རི་དྱ་དབུལ་བ་ཨ་པ་ན་ཡ་འདོར་བ་སྟེ། སྦྱིན་པ་ལ་བརྟེན་ནས་རང་དང་གཞན་གྱིས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པས་དབུལ་ཞིང་ཕོངས་པ་འདོར་བར་བྱེད་པས་ན་སྦྱིན་པ་ཞེས་བྱ་བ་དང༌། ཤཱི་ལ་བསིལ་བ་ལཾ་བྷ་ན་ཐོབ་པ་སྟེ། ཚུལ་ཁྲིམས་བསྲུང་བ་རྣམས་ཉོན་མོངས་པ་དང་འཁོར་བ་ངན་སོང་གི་གདུང་བ་མེད་ཅིང་མྱ་ངན་ལས་འདས་པ་བསིལ་བའི་བདེ་བ་ཐོབ་པར་བྱེད་པས་ན་ཚུལ་ཁྲིམས་ཞེས་བྱ་བ་དང༌། ཀྵཱ་མ་ཁྲོ་བ། ཤཱནྟི་ཞི་བ་ཡང་ན་ཀྵ་ཡཿཟད་པ་སྟེ་བཟོད་པ་ལ་གནས་ན་རང་གི་རྒྱུད་ལ་ཁོང་ཁྲོ་ཞེ་སྡང་ཟད་པ་ལས་གཞན་གྱིས་གནོད་པའི་ལན་མི་བྱེད་པ་ལ་སོགས་པ་འབྱུང་བས་བཟོད་པ་ཞེས་བྱ་བ་དང༌།ཝ་ར་མཆོག ཡོ་ག་སྦྱོར་བ་སྟེ་བརྩོན་འགྲུས་ཀྱིས་དགེ་བའི་རྩ་བ་མཆོག་ཏུ་གྱུར་པ་རྣམས་ལ་སྤྲོ་བའི་སྒོ་ནས་སྦྱོར་བར་བྱེད་པས་ན་བརྩོན་འགྲུས་ཞེས་བྱ་བ་དང༌། མ་ན་ཡིད། དྷ་ར་འཛིན་པ་སྟེ་མཉམ་པར་བཞག་པ་ལས་ཡིད་ཕྱི་རོལ་ཏུ་མི་གཡེང་བར་ནང་དུ་འཛིན་པར་བྱེད་པས་བསམ་གཏན་ཞེས་བྱ་བ་དང༌། པ་ར་མ་ཨརྠ་དམ་པའི་དོན། ཛྙཱ་ཤེས་པ་སྟེ་རྣམ་པར་དཔྱད་པ་ལ་བརྟེན་ནས་དོན་དམ་པའི་གནས་ལུགས་ཕྱིན་ཅི་མ་ལོག་པར་ཤེས་པའི་ཕྱིར་ན་ཤེས་རབ་ཅེས་བྱ་བར་བཤད་དོ། །ཐུན་མོང་གི་ངེས་ཚིག་ནི། སྲིད་པ་འཇིག་རྟེན་པ་དང་ཞི་བ་ཉན་རང་གི་སྦྱིན་སོགས་དགེ་བ་ཐམས་ཅད་ལས་རབ་བམ་མཆོག་གམ་ཕུལ་དུ་བྱུང་བར་སོང་བས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ལ། དེ་ནི་རྒྱན་གྱི་ས་འགྲེལ་ལྟར་བཤད་པའོ། །ཐབས་མཁས་སོགས་བཞིའི་ངེས་ཚིག་ནི། ཆོས་གང་འགྲུབ་པར་བྱ་བ་དང་རྣམ་པར་འཕེལ་བ་དང༌། འཐོབ་པར་བྱ་བ་དང༌། སྤང་བར་བྱ་བའི་ཕྱིར་རིགས་པ་གང་ཡིན་པ་དེ་ནི་དེའི་ཐབས་ཡིན་ནོ། །དེ་ལ་མཁས་པ་ནི་ཐོག་ཏུ་ཕེབས་པ་སྟེ་ཐབས་ལ་མཁས་པའོ། །སྤྱིར་རྣམ་པ་དུ་མར་སྨོན་པ་ཡིན་མོད་ཀྱི་འདིར་དགེ་བ་དང་མཐུན་པའི་སྐྱེ་བ་ལ་སྨོན་པས་སྨོན་ལམ། །ཤེས་རབ་དང་དགེ་ཆོས་གོམས་པར་བྱེད་པས་མི་མཐུན་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པས་སྟོབས། །ཐེག་ཆེན་གྱི་ཆོས་ལ་སྒྲ་ཇི་བཞིན་གྱི་རྨོངས་པ་དང་བྲལ་ནས་ཇི་བཞིན་ཤེས་པས་ཡེ་ཤེས་ཏེ།བློ་བརྟན་གྱི་དགོངས་པའོ། །ཞེས་ཉ་ཊཱིཀ་ལས་སོ། །གསུམ་པ་མཚན་གཞིའི་རབ་དབྱེ་ནི། རྣམ་པ་གསུམ་གསུམ་སྟེ་དང་པོ་སྦྱིན་པའི་དབྱེ་བ་ལ། རྒྱན་ལས། ཆོས་དང་ཟང་ཟིང་མི་འཇིགས་གཏོང༌། །ཞེས་རྙེད་པ་དང་བཀུར་སྟི་ལ་མི་བལྟ་བར་ལེགས་བཤད་སྟོན་པ་ནི་ཆོས་ཀྱི་སྦྱིན་པ་དང༌། གང་ལ་ཅི་འདོད་པའི་ཡོ་བྱད་གཏོང་བ་ཟང་ཟིང་གི་སྦྱིན་པ་དང༌། འཁོར་བ་དང་ངན་སོང་གི་གནོད་པ་ལས་སྐྱོབ་པ་མི་འཇིགས་པའི་སྦྱིན་པའི་རྣམ་པ་གསུམ་མོ། །ཚུལ་ཁྲིམས་ཀྱི་དབྱེ་བ་ལ། རྒྱན་ལས། བརྡར་བཏགས་ཆོས་ཉིད་ཐོབ་པ་སྟེ། །ཞེས་གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་བའི་སེམས་པ་ཡང་དག་པར་བླངས་ཤིང༌། བརྡར་བཏགས་པ་ལས་ཐོབ་པ་སོ་སོ་ཐར་པའི་སྡོམ་པ་དང་ཆོས་ཉིད་ཀྱིས་ཐོབ་པ་བསམ་གཏན་ས་དྲུག་ཏིང་ངེ་འཛིན་ཟག་བཅས་དང་ལྷན་ཅིག་པའི་སྤོང་བའི་སེམས་པ་བསམ་གཏན་པའི་སྡོམ་པ་དང༌། ཏིང་ངེ་འཛིན་ཟག་མེད་དང་ལྷན་ཅིག་འབྱུང་བ་སྤོང་བའི་སེམས་པ་ཟག་པ་མེད་པའི་སྡོམ་པ་དང་གསུམ་མོ། །ཡང་ན་ཐེག་བསྡུས་ལྟར་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ་ཡིན་ནོ། །བཟོད་པའི་དབྱེ་བ་ལ། རྒྱན་ལས། མི་མཇེད་ཅི་མི་སྙམ་ཤེས་དང༌། །ཞེས་གནོད་པ་ལ་ལན་མི་བྱེད་པ་དང༌། སྡུག་བསྔལ་ལ་ཅི་མི་སྙམ་པ་དང༌། ཆོས་ཀྱི་དེ་ཁོ་ན་ཉིད་ངེས་པར་རྟོགས་ཤིང་ཤེས་པའི་བཟོད་པ་དང་གསུམ་མོ། །བརྩོན་འགྲུས་ཀྱི་དབྱེ་བ་ལ། རྒྱན་ལས། དེ་དག་ལ་ནི་དེ་རྣམ་བདུན། །ཞེས་འགྲེལ་པར་ལྷག་པའི་ཚུལ་ཁྲིམས་ལ་སོགས་པའི་བསླབ་པ་གསུམ་ལ་ལུས་དང་སེམས་ཀྱི་བརྩོན་འགྲུས་རྟག་ཏུ་བྱེད་པ་དང་གུས་པར་བྱེད་པ་གང་ཡིན་པའོ་ཞེས་གསུངས་པ་ལ། འགྲེལ་བཤད་དག་ལས་ཚུལ་ཁྲིམས་ཀྱི་བསླབ་པས་བསྡུས་པ་ནི་སྒོ་ལྔའི་རྣམ་ཤེས་ཡུལ་ལ་འཇུག་པ་ན་མི་དགེ་བ་སྡོམ་པ་ལུས་ཀྱི་བརྩོན་འགྲུས་ལྔ་དང༌། སེམས་དང་ཤེས་རབ་ཀྱི་བསླབ་པས་བསྡུས་པ་སེམས་ཀྱི་བརྩོན་འགྲུས་གཉིས་ཏེ་དེ་དག་ཀྱང་རྟག་ཏུ་བྱེད་པ་དང་གུས་པར་བྱེད་པ་བཤད་པ་ལྟར་རོ། །ཐེག་བསྡུས་ལྟར་ན་གོ་ཆའི་བརྩོན་འགྲུས། སྦྱོར་བའི་བརྩོན་འགྲུས། མི་ཞུམ་ཞིང་མི་འཁྲུགས་ལ་ཆོག་པར་མི་འཛིན་པའི་བརྩོན་འགྲུས་དང་གསུམ་མོ། །བསམ་གཏན་གྱི་དབྱེ་བ་ལ། རྒྱན་ལས། དེ་དག་ལ་ཡོད་དེ་རྣམ་གསུམ། །ཞེས་བསམ་གཏན་དང་ལྡན་པ་དེ་དག་ལ་ཡོད་པ་ནི་རྟེན་གྱི་འཇུག་པ་དང༌། དེ་ཡང་རྟོག་པ་དང་དཔྱོད་པ་དང་བཅས་པ་དང་རྟོག་པ་མེད་ལ་དཔྱོད་པ་ཙམ་དང༌། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་གསུམ་མམ། ཡང་བསམ་གཏན་དང་པོ་གཉིས་དགའ་བ་དང་ལྡན་པ་དང༌། གསུམ་པ་སིམ་པ་དང་ལྡན་པ་དང༌། བཞི་པ་ཡན་ཆད་བཏང་སྙོམས་དང་ལྡན་པ་ཞེས་རྣམ་པ་གསུམ་མོ། །ཤེས་རབ་ཀྱི་དབྱེ་བ་ལ། རྒྱན་ལས།དེ་དག་ལ་ཡོད་དེ་རྣམ་གསུམ། །ཞེས་དེ་ཡང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དམན་པ་ཉན་རང་གིའོ། །འཇིག་རྟེན་ལས་འདས་པ་ཆེན་པོའི་ཤེས་རབ་རྣམ་པ་གསུམ་མོ། །ཡང་ན་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་མོ། །ཡང་ན་རྣམ་པར་མི་རྟོག་པར་སྦྱོར་བའི།རྣམ་པར་མི་རྟོག་པའི། རྣམ་པར་མི་རྟོག་པའི་རྗེས་ལ་ཐོབ་པའི་ཤེས་རབ་པོ། །དགོངས་འགྲེལ་དུ། ཀུན་རྫོབ་ཤེས་པ། དོན་དམ་ཤེས་པ། སེམས་ཅན་གྱི་དོན་ལ་དམིགས་པ་གསུམ་དུ་བཤད་དོ། །

བཞི་བ་གྲངས་ངེས།

བཞི་བ་གྲངས་ངེས་ནི།

དང་པོ་གསུམ་གྱིས་ལོངས་སྤྱོད། བདེ་འགྲོའི་ལུས། སྐྱེ་བོ་ཐམས་ཅད་དབང་དུ་གྱུར་པ་ཐོབ་པས་མངོན་མཐོའི་ལམ་དང༌། ཕྱི་མ་གསུམ་གྱིས་དགེ་བ་ལ་སྦྱོར་བའི། སེམས་ཅན་སྨིན་པའི། སངས་རྒྱས་ཀྱི་ཆོས་སྒྲུབ་པའི་ཐབས་གསུམ་གྱིས་ངེས་ལེགས་ཀྱི་ལམ་སྟེ་དྲུག་ཏུ་ངེས་ཤིང་མི་མང་མི་ཉུང་ཞེས་ཀུན་བཏུས་འགྲེལ་ལོ། །རྒྱན་ལས་གྲངས་ངེས་བསྟན་པ་ལ་འབྲས་བུ་དང་དོན་གཉིས་དང་ཐེག་ཆེན་དང་ལམ་ཀུན་དང་བསླབ་གསུམ་ལ་ལྟོས་ནས་ཕྱིན་དྲུག་ཏུ་འཇོག་ཚུལ་གསུངས་པ་དེར་ཤེས་པར་བྱའོ། །

ལྔ་བ་གོ་རིམ།

ལྔ་བ་གོ་རིམ་ནི།

རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང༌། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་སྐྱེ་བ་རྒྱུ་འབྲས་ཀྱི་དབང་དུ་བྱས་ཏེ་གོ་རིམ་ངེས་ཚུལ་ནི། སྦྱིན་པས་ལུས་དང་ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ཡང་དག་པར་ལེན་ཅིང༌། ཚུལ་ཁྲིམས་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་དང་ལྡན་པ་ལས་བཟོད་པ་འབྱུང་སྟེ། དཀའ་སྤྱད་དང་དུ་ལེན་པའི་བཟོད་པ་ལ་བརྟེན་ནས་བརྩོན་འགྲུས་རྩོམ་ལ། མཉམ་གཞག་ལ་སྤྲོ་བའི་བརྩོན་འགྲུས་ལ་བརྟེན་ནས་བསམ་གཏན་འབྱུང་ཞིང༌། སེམས་མཉམ་པར་བཞག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་འབྱུང་བའི་ཕྱིར་རོ། །ཡང་ན་སྔ་མ་སྔ་མ་རྣམས་དམན་པ་དང་ཕྱི་མ་ཕྱི་མ་རྣམས་མཆོག་ཏུ་གནས་པའི་ཕྱིར་ཡང་རིམ་པ་ལྟར་གསུངས་པ་སྟེ། ཚུལ་ཁྲིམས་ཀྱི་གཏམ་ལས། གང་ཞིག་དད་པའི་སེམས་ཀྱིས་ནི། །ལོ་བརྒྱ་སྦྱིན་པ་བྱིན་པ་བས། །གང་ཞིག་ཉིན་གཅིག་ཚུལ་ཁྲིམས་ནི། །བསྲུངས་པ་དེ་བས་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་སྦྱིན་པ་ནི་དམན་ཞིང་ཚུལ་ཁྲིམས་ནི་མཆོག་ཏུ་གྱུར་པ་དང༌། དེ་བཞིན་དུ་བཟོད་པ་དང་བརྩོན་འགྲུས་ལ་ཡང་སྦྱར་ཏེ། མཐར་བསམ་གཏན་ནི་ཉོན་མོངས་པ་སྤོང་བ་ཙམ་གྱིས་དམན་པ་དང༌།ཤེས་རབ་ནི་ཤེས་བྱའི་སྒྲིབ་པ་མཐའ་དག་ཀྱང་སྤོང་བས་མཆོག་ཡིན་པའི་བར་དུའོ། །དེ་བཞིན་དུ་སྔ་མ་རྣམས་རགས་པ་དང་ནི་ཕྱི་མ་རྣམས་ཕྲ་བ་ཡིན་པའི་ཕྱིར་ཡང་རིམ་པ་ལྟར་གསུངས་པ་སྟེ། སྦྱིན་པ་ཤན་པ་རྣམས་དང་ནི། །རིགས་ངན་རྣམས་ཀྱང་གཏོང་བར་བྱེད། །གང་ཡང་རུང་བའི་ཚུལ་ཁྲིམས་ནི། །ཡོངས་སུ་བསྲུང་བར་མི་ནུས་སོ། །ཞེས་གསུངས་པ་ལྟར་སྦྱིན་པ་ནི་འཇུག་པ་དང་བྱ་བ་སླ་བས་རགས་པ་དང༌། ཚུལ་ཁྲིམས་ནི་ཕལ་པ་རྣམས་ཀྱིས་འཇུག་པར་བྱ་བ་ཤིན་ཏུ་དཀའ་བའི་ཕྱིར་ཕྲ་བ་དང༌། དེ་བཞིན་དུ་བཟོད་པ་དང་བརྩོན་འགྲུས་ལའང་སྦྱར་ཏེ། མཐར་བསམ་གཏན་ནི་རྟོགས་སླ་བས་རགས་པ་དང༌། ཤེས་རབ་ནི་བསམ་གྱིས་མི་ཁྱབ་པས་ཆེས་ཕྲ་བ་ཡིན་པའི་བར་དུའོ། །དེ་ལྟ་བས་ན་སྦྱིན་པ་ལ་སོགས་པ་དྲུག་པོ་དེ་དག་སྔ་མ་སྔ་མའི་ཕྱི་མ་ཕྱི་མ་རིམ་པ་ཇི་ལྟ་བར་བསྟན་པ་ཡིན་ནོ། །ཞེས་གསུངས་སོ། །

དྲུག་པ་འབྲས་བུ།

དྲུག་པ་འབྲས་བུ་ལ།

སྦྱིན་པའི་འབྲས་བུ་ནི། རྒྱན་ལས། ལུས་དང་ལོངས་སྤྱོད་ཕུན་ཚོགས་དང༌། །ཞེས་ནང་གི་དངོས་པོ་བཏང་བས་ལུས་ཕུན་སུམ་ཚོགས་པ་དང༌། གནས་ལྔ་པའི་མདོ་ལས། གཞན་ལ་ཁ་ཟས་བྱིན་བྱས་ན། །གནས་ལྔ་དག་ནི་ཀུན་ཐོབ་སྟེ། །ཚེ་དང་ཁ་དོག་སྟོབས་དང་བདེ། །སྤོབས་པ་ཕུན་སུམ་ཚོགས་དང་ལྔ། །ཞེས་གསུངས་པ་ལྟར་ཕྱིའི་དངོས་པོ་བཏང་བས་ཁ་ཟས་ལ་སོགས་པ་ལོངས་སྤྱོད་ཕུན་སུམ་ཚོགས་པ་འགྲུབ་པ་ནི་འབྲས་བུའོ། །ཚུལ་ཁྲིམས་ཀྱི་འབྲས་བུ་ནི། རྒྱན་ལས། བདེ་འགྲོ་གནས་པ་སྦྱིན་བྱེད་དང༌། །ཞེས་གནས་སྐབས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བ་དང༌། ལྟུང་བའི་ཡིད་ལ་གཅགས་པའི་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་སེམས་ཏིང་ངེ་འཛིན་ལ་གནས་པ་སྦྱིན་ཞིང་ཐོབ་པར་བྱེད་པ་ནི་འབྲས་བུའོ། །བཟོད་པའི་འབྲས་བུ་ནི། རྒྱན་ལས། ཕན་ཡོན་ལྔར་ནི་ཡང་དག་བཤད། །ཅེས་མདོ་ལས། བཟོད་པ་ལ་ཕན་ཡོན་ལྔ་སྟེ། ཁོན་མི་མང་བ་ཡིན་དབྱེན་མི་མང་བ་ཡིན། བདེ་བ་དང་ཡིད་བདེ་བ་མང་བ་ཡིན། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པ་ཡིན། ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་ཡིན། ཞེས་ཕན་ཡོན་ལྔར་ནི་ཡང་དག་པར་བཤད་པ་རྣམས་ཐོབ་པ་འབྲས་བུའོ། །བརྩོན་འགྲུས་ཀྱི་འབྲས་བུ་ནི། དྲན་སོགས་ཡོན་ཏན་འཕེལ་བྱེད་དང༌། །ཞེས་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པའི་ཡོན་ཏན་གོང་ནས་གོང་དུ་འཕེལ་བར་བྱེད་པ་ནི་འབྲས་བུའོ། །བསམ་གཏན་གྱི་འབྲས་བུ་ནི། རྒྱན་ལས། བདེ་བ་སྐྱེ་བར་བྱེད་པ་དང༌། །ཞེས་སྡུག་བ}ལ་གྱིས་གནོད་པ་མེད་པ་བསམ་གཏན་དང་པོ་ལ་སོགས་པར་སྐྱེ་བས་བདེ་བ་སྐྱེད་པར་བྱེད་པ་ནི་འབྲས་བུའོ། །ཤེས་རབ་ཀྱི་འབྲས་བུ་ནི། རྒྱན་ལས། ཀུན་ནས་ཉོན་མོངས་ཤིན་ཏུ་གྲོལ། །ཞེས་མོས་སྤྱོད་ཀྱི་ས་པ་འཇིག་རྟེན་པའི་ཤེས་རབ་དང༌། མ་དག་པ་ས་བདུན་གྱི་བར་འཇིག་རྟེན་ལས་འདས་པ་དམན་པའི་ཤེས་རབ་དང༌། དག་པ་ས་གསུམ་ཡན་ཆད་འཇིག་རྟེན་ལས་འདས་པ་ཆེན་པོའི་ཤེས་རབ་རྣམས་རིམ་གྱིས་སྐྱེས་པས། སྤང་བྱ་ཀུན་ནས་ཉོན་མོངས་པ་རྣམས་མངོན་གྱུར་མགོ་གནོན་པ་དང་ས་བོན་རྩ་བ་ནས་བཏོན་པའི་ཚུལ་གྱིས་སྤངས་ཏེ། ཤིན་ཏུ་རྣམ་པར་གྲོལ་བ་ཐོབ་པ་ནི་འབྲས་བུའོ། ། བདུན་པ་བྱེད་ལས་ནི། དབུས་མཐར། ལས་ནི་རྗེས་སུ་འཛིན་བྱེད་དང༌། །གནོད་མི་བྱེད་དང་དེ་ལ་བཟོད། །ཡོན་ཏན་འཕེལ་དང་འཛུད་ནུས་དང༌། །རྣམ་པར་གྲོལ་བར་བྱེད་པ་དང༌། །མི་ཟད་པ་དང་རྟག་འཇུག་དང༌། །ངེས་པར་ལོངས་སྤྱོད་སྨིན་པར་བྱེད། །ཅེས་པའི་དོན་དེའི་དབྱིག་འགྲེལ་ལས། འདི་དག་ནི་གོ་རིམ་བཞིན་དུ་དེ་དག་གི་ལས་ཏེ། བྱང་ཆུབ་སེམས་དཔའི་སྦྱིན་པས་ནི་སེམས་ཅན་རྣམས་རྗེས་སུ་འཛིན་ཏོ། །ཚུལ་ཁྲིམས་ཀྱིས་ནི་དེ་དག་ལ་གནོད་པར་མི་བྱེད་དོ། །བཟོད་པས་ནི་གཞན་དག་གིས་གནོད་པར་བྱས་པ་ལ་ཅི་མི་སྙམ་པར་བྱེད་དོ། །བརྩོན་འགྲུས་ཀྱིས་ནི་ཡོན་ཏན་རྣམས་འཕེལ་བར་བྱེད་དོ། །བསམ་གཏན་གྱིས་ནི་རྫུ་འཕྲུལ་ལ་སོགས་པས་མགུ་བར་བྱས་ཏེ་འཛུད་དོ། །ཤེས་རབ་ཀྱིས་ནི་ཡང་དག་པའི་གདམས་ངག་བྱིན་པས་རྣམ་པར་གྲོལ་བར་བྱེད་དོ། །ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པས་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པས་སྦྱིན་པ་ལ་སོགས་པ་མི་ཟད་པར་བྱེད་དོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པས་ནི་མཐུན་པའི་སྐྱེ་བ་ཡོངས་སུ་འཛིན་པས་ཚེ་རབས་ཐམས་ཅད་དུ་སངས་རྒྱས་འབྱུང་བ་ལ་མཉེས་པར་བྱེད་ཅིང་སྦྱིན་པ་ལ་སོགས་པ་ལ་རྟག་ཏུ་འཇུག་གོ །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་སོ་སོར་རྟོག་པ་དང༌། བསྒོམ་པའི་སྟོབས་གཉིས་ཀྱིས་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་སྦྱིན་པ་ལ་སོགས་པ་ལ་ངེས་པར་འཇུག་གོ །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ཆོས་ལ་སྒྲ་ཇི་བཞིན་དུ་རྨོངས་བ་དང་བྲལ་བས་སྦྱིན་པ་ལ་སོགས་པའི་དབང་དུ་མཛད་པའི་ཆོས་ལ་ལོངས་སྤྱོད་པ་མྱོང་བ་དང༌། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །ཞེས་གསུངས་སོ། །

བརྒྱད་པ་ཕན་ཚུན་བསྡུ་བ།

བརྒྱད་པ་ཕན་ཚུན་བསྡུ་བ་ནི།

རྒྱན་གྱི་ས་འགྲེལ་ལས། རྣམ་པར་ངེས་པ་བསྟན་པ་ནི། ཕན་ཚུན་བསྡུས་ཕྱིར་རབ་དབྱེའི་ཕྱིར། །ཆོས་ཉིད་ཕྱིར་དང་རྒྱུ་མཚན་ཕྱིར། །ཕ་རོལ་ཕྱིན་དྲུག་རྣམ་ཀུན་ཏུ། །རྣམ་པར་ངེས་པར་ཤེས་པར་བྱ། །ཞེས་ཕན་ཚུན་བསྡུས་པའི་ཕྱིར་རྣམ་པར་ངེས་པ་ནི་མི་འཇིགས་པ་སྦྱིན་པས་ཚུལ་ཁྲིམས་དང་བཟོད་པ་བསྡུས་ཏེ་གནོད་པ་དང་གནོད་ལན་མི་བྱེད་པའི་ཕྱིར་དང༌། ཆོས་ཀྱི་སྦྱིན་པས་བསམ་གཏན་དང་ཤེས་རབ་བསྡུས་ཏེ་དེ་དག་ལ་བརྟེན་ནས་ཆོས་སྟོན་པའི་ཕྱིར་དང༌། དེ་གཉིས་ཀས་བརྩོན་འགྲུས་བསྡུས་ཏེ་དེས་ཆོས་དང་མི་འཇིགས་པ་གཉིས་ཀ་སྦྱིན་པར་བྱེད་པའི་ཕྱིར་དང༌། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བསྡུས་པ་དང༌། གནོད་པ་ལ་ལན་མི་བྱེད་པའི་བཟོད་པས་མི་འཇིགས་པའི་སྦྱིན་པ་དང་ཚུལ་ཁྲིམས་བསྡུས་པ་ལ་སོགས་པའོ། །ཞེས་དང༌།ཉ་ཊཱིཀ་ལས། ཚུལ་ཁྲིམས་བཟོད་ཕར་གཉིས་མི་འཇིགས་པའི་སྦྱིན་པས་བསྡུས་ཏེ། གཞན་ལ་གནོད་པ་མི་བྱེད་པ་དང་གཞན་གྱིས་བྱས་པ་ལ་བཟོད་པས་ཕ་རོལ་གདུང་བར་མི་བྱེད་པས་སོ། །བརྩོན་འགྲུས་བསམ་གཏན་ཤེས་རབ་ཕར་ཆོས་སྦྱིན་གྱིས་བསྡུས་ཏེ། མི་སྐྱོ་བར་བསམ་གཏན་རྣམས་བསྐྱེད་ནས་ཕ་རོལ་ཀྱི་བསམ་པ་ཤེས་ཏེ་ཤེས་རབ་ཀྱིས་ཇི་བཞིན་རྟོགས་ནས་སྟོན་པས་སོ། །ཞེས་ཐུབ་དགོངས་དོན་ནོ། །དགེ་བ་ཆོས་སྡུད་ཀྱིས་ལྔ་བོ་ཐམས་ཅད་བསྡུས་ཏེ། རྒྱུ་མཚན་སླའོ། །སྦྱིན་ཕར་ནི་ཟང་ཟིང་གི་སྦྱིན་པ། གཞན་ལྔ་མི་འཇིགས་པའི་སྦྱིན་པའོ། །ཐམས་ཅད་ཆོས་ཀྱི་སྦྱིན་པ་སྟེ་གཞན་གྱི་སེམས་རྒྱུད་ལ་བསྐྱེད་པས་སོ། །ཞེས་དང༌། ཚུལ་ཕར་ནི་སྦྱིན་ཕར་ཡིན་ལ། སྦྱིན་ཕར་ཡིན་ལ་ཚུལ་ཕར་མིན་པ་ཡོད་དེ། ཚུལ་ཕར་གྱིས་མ་ཟིན་པའི་སྦྱིན་ཕར་རོ། །ཕྱི་མ་འདི་འོག་མ་རྣམས་ལའང་སྦྱར་རོ། །ཞེས་དང༌།སྦྱིན་པ་ཡིན་ལ་སྦྱིན་ཕར་མིན་པ་བྱང་ཆེན་དུ་མ་བསྔོས་པའི་སྦྱིན་པའོ། །གཉིས་ཡིན་བསྔོས་པའོ། །གཉིས་མིན་དེ་གཉིས་མ་གཏོགས་པའོ། །ཤེས་རབ་ཀྱི་བར་ལ་གསུམ་མོ། །ཞེས་པ་རྣམས་ཀུན་བཏུས་འགྲེལ་བར་རོ། །ཐེག་བསྡུས་སུ། སྦྱིན་པ་ཡང་ཡིན་ལ་ཕ་རོལ་ཕྱིན་པ་མིན་པའང་ཡོད་ཅེས་མུ་བཞིའོ་ཞེས་པ་ཙམ་གསུངས་པ་ལ། བཤད་སྦྱར་དུ། དང་པོ་དམ་པ་དྲུག་བྲལ་གྱི་སྦྱིན་པ། གཉིས་པ་དྲུག་ལྡན་གྱི་ཚུལ་ཁྲིམས་སོགས། གསུམ་པ་དྲུག་ལྡན་གྱི་སྦྱིན་པ། གཉིས་མིན་ནི་དྲུག་བྲལ་གྱི་ཚུལ་ཁྲིམས་སོགས་སོ་གཞན་ལ་སྦྱར་རོ། །འདིར་སྦྱིན་པ་དང་ཕར་ཕྱིན་ཞེས་སོགས་སྦྱར་གྱི་སྦྱིན་པའི་ཕར་ཕྱིན་སོགས་མ་སྦྱར་རོ། །ཞེས་དང༌།སྤྱོད་འཇུག་ས་འགྲེལ་ལས། ཕན་ཚུན་རྣམ་པར་ངེས་པ་ནི། ཆོས་དང་ཟང་ཟིང་དང་མི་འཇིགས་པ་གསུམ་གའི་དབང་དུ་བྱས་ན་དྲུག་ཀ་སྦྱིན་པ་ལྟ་བུར་འདུ་ཞིང་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་སུའང་ཐམས་ཅད་འདུ་བ་ལྟ་བུ་ཕན་ཚུན་གཅིག་གིས་གཅིག་བསྡུས་པའི་ཕྱིར་དང༌།དྲུག་པོ་རེ་རེ་ཞིང་ཡང་རང་རང་གི་གཞན་རྒྱུད་ལ་འཇོག་པའི་གཏོང་བ་དང༌། མྀ་མཐུན་ཕྱོགས་ཀྱི་གནོད་པ་སྡོམ་པ་དང༌། དཀའ་སྤྱད་ལ་ཅི་མི་སྙམ་པ་དང༌། ཕྱིར་ཞིང་སྤྲོ་བས་འཇུག་པ་དང༌། སོ་སོ་ལ་སེམས་རྩེ་གཅིག་ཏུ་གནས་པ་དང༌། གནས་ལུགས་ཕྱིན་ཅི་མ་ལོག་པར་ཤེས་པ་སྟེ་དྲུག་དྲུག་ཏུ་དབྱེར་ཡོད་པའི་ཕྱིར་དང༌། ཞེས་དང༌། དེས་ན་མུ་བཞི་སྟེ་སྦྱིན་པ་ཡིན་ལ་ཕར་ཕྱིན་མ་ཡིན་པ་དམ་པ་དྲུག་དང་བྲལ་བའི་སྦྱིན་པ་དང༌། ཕར་ཕྱིན་ཡིན་ལ་སྦྱིན་པ་མ་ཡིན་པ་དམ་པ་དྲུག་དང་ལྡན་པའི་ཚུལ་ཁྲིམས་ལྟ་བུ་དང༌། གཉི་ག་ཡིན་པ་དམ་པ་དྲུག་དང་ལྡན་པའི་སྦྱིན་པ་དང༌། གཉི་ག་མ་ཡིན་པ་དམ་པ་དྲུག་དང་བྲལ་བའི་ཚུལ་ཁྲིམས་ལ་སོགས་པའོ། །ཉན་རང་རྣམས་ལ་ནི་སྦྱིན་སོགས་ཡོད་ཀྱང་ཕར་ཕྱིན་མེད་ལ། མཐར་ཐུག་པ་ནི་སངས་རྒྱས་ཁོ་ན་ལ་མངའ་བ་སྟེ། བཤད་སྦྱར་དུ། བསེ་རུ་ལྟ་བུ་རྣམས་ལ་ནི། །ཕ་རོལ་ཕྱིན་དྲུག་མིང་ཡང་མེད། །བཅོམ་ལྡན་ཉག་གཅིག་ཕ་རོལ་ཕྱིན། །དྲུག་གི་སྤྱི་ལ་བཞུགས་པ་ལགས། །ཞེས་དྲངས་པ་ལྟར་རོ། །ཞེས་གསུངས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

རྒྱན་གྱི་ས་འགྲེལ་ལས།སྦྱིན་པ་མཚན་ཉིད་བཞི་དང་ལྡན་པ་སྟེ། ཞེས་དང༌། ཉ་ཊཱིཀ་ལས། སྦྱིན་བྱ་ཅི་རིགས་པ་ཡོངས་སུ་གཏོང་བའི་ཆོས་བཞི་ལྡན་ཏེ། ཞེས་དང༌། སེམས་རྩེ་གཅིག་པ་ཆོས་བཞི་ལྡན། ཞེས་དང༌། ཚུལ་ཕར་ནི་སྦྱིན་ཕར་ཡིན་ལ། སྦྱིན་ཕར་ཡིན་ལ་ཚུལ་ཕར་མིན་པ་ཡོད་དེ། ཚུལ་ཕར་གྱིས་མ་ཟིན་པའི་སྦྱིན་ཕར་རོ། །ཞེས་དང༌། ཐེག་བསྡུས་སུ། སྦྱིན་པ་ཡང་ཡིན་ལ་ཕ་རོལ་ཕྱིན་པ་མིན་པའང་ཡོད་ཅེས་མུ་བཞིའོ། །ཞེས་སོགས་དང༌། སྤྱོད་འཇུག་ས་འགྲེལ་ལས། ཕར་ཕྱིན་ཡིན་ལ་སྦྱིན་པ་མ་ཡིན་པ་དམ་པ་དྲུག་དང་ལྡན་པའི་ཚུལ་ཁྲིམས་ལྟ་བུ་དང༌། ཞེས་སོགས་ཀྱི་ལུང་དེ་དག་གི་དགོངས་དོན་དཔྱད་རྒྱུ་ཆེས་མང་བར་སྣང་ངོ༌། །ཆོས་བཞི་ལྡན་གྱི་ནང་ནས་རྣམ་པར་མི་རྟོག་པ་ལ་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་རྟོགས་པའི་བློ་གཉིས་ཡོད་མེད་ནི། ཉ་ཊཱིཀ་ལས་བདག་མེད་གཉིས་རྟོགས་པའི་མི་རྟོག་ཡེ་ཤེས་ཀྱིས་ཟིན་པ། ཞེས་སོགས་ཀྱིས་དཔྱད། ཡང་ཉ་ཊཱིཀ་ལས། མི་མཐུན་ཕྱོགས་ཀྱིས་མི་ཚུགས་པའི་གོ་ཆའི་སྒྲུབ་པའི་མཚན་ཉིད་བྱང་སེའི་སྒྲུབ་པ་གང་ཞིག བསམ་པའི་བྱ་བ་སྟེ། གནོད་འཇོམས་སུ། གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་བ་ནི་སེམས་དང་པོ་ནས་བཟུང་སྟེ་བསམ་པ་རྒྱ་ཆེ་བར་བསྟན་པའོ་ཞེས་སོ། །ས་བཅུ་བའི་འགྲེལ་བར། དེ་ལ་གོ་ཆ་ནི་སྨོན་པའོ། །ཞེས་དབྱིག་གཉེན་གྱིས་སོ། །དབྱེ་ན་དྲུག་གམ་སོ་དྲུག་གོ །འདིར་སྨོས་གོ་སྒྲུབ་ཀྱི་མཚན་ཉིད། གང་ཞིག ཕྱིན་དྲུག་རེ་རེར་དྲུག་དྲུག་ཚང་བར་ཉམས་སུ་ལེན་པར་གོ་བགོས་པའོ། །ཞེས་གསུངས་སོ། །ཡང་ཉ་ཊཱིཀ་ལས། ཐེག་བསྡུས་སུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཁྱད་པར་མེད་དེ། ཞེས་གསུངས་པ་ལ། མི་རྟོག་པ་རྟོགས་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཆོས་བཞི་ལྡན་གྱི་བློ་ཆོས་ཅན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པར་ཐལ། ཤེར་རབ་ཀྱི་ཕར་ཕྱིན་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེའི་ཕྱིར། ཁྱབ་སྟེ། ཉ་ཊཱིཀ་ལས། ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་ཆོས་བཞི་ལྡན། ཞེས་གསུངས་སོ་ཞེ་ན་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །ཐེག་བསྡུས་སུ། སྦྱིན་པ་ཡང་ཡིན་ལ་ཕ་རོལ་ཕྱིན་པ་མིན་པའང་ཡོད་ཅེས་མུ་བཞིའོ། །ཞེས་གསུངས་པ་དང༌། རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང༌། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་གསུངས་པ་གཉིས་འགལ་མེད་དུ་སྒྲུབ་ཚུལ་ཇི་ལྟར་ཡིན་གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་བོ་རྣམས་ཀྱི་བགོ་སྐལ་དུ་བཞག་པའོ། །ཡང་ཐེག་ཆེན་གྱི་ལམ་ཡིན་ན་ཕར་ཕྱིན་དྲུག་པོ་གང་རུང་ཡིན་པས་ཁྱབ་པར་ཐལ། རྒྱན་ལས། ཐེག་ཆེན་མཐའ་དག་འདིར་ཟད་དོ། །ཞེས་དང༌། དེའི་ས་འགྲེལ་ལས། ཐེག་པ་ཆེན་པོའི་དོན་མཐའ་དག་ནི་འདི་ཙམ་དུ་ཟད་ཅིང་འདུས་པའི་དབང་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་བཞག་པ་ཉིད་དོ། །ཞེས་དང༌། ཐབས་སམ་ལམ་གྱི་རྣམ་པ་ཐམས་ཅད་ཀྱི་དབང་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་རྣམ་པར་བཞག་པའོ། །ཞེས་དང༌། སྤྱོད་འཇུག་ས་འགྲེལ་ལས། དགེ་བའི་ཆོས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འདུས་པ་སྟེ། ཞེས་གསུངས་པའི་ཕྱིར་ཟེར་ན་སྐབས་དུ་མར་དངོས་བརྒྱུད་ཉམས་ལེན་རྒྱུ་འབྲས་ཅི་རིགས་ཀྱིས་བསྡུ་ཚུལ་ཞིག་ཡོད་པར་སྣང་ངོ༌། །

གཉིས་པ་གོ་བགོས་པའི་སྒྲུབ་པའི་ངོ་བོ་བཤད་པ།

གཉིས་པ་གོ་བགོས་པའི་སྒྲུབ་པའི་ངོ་བོ་བཤད་པ་ལ།

རྩ་བར། སྦྱིན་པ་ལ་སོགས་རྣམ་དྲུག་ལ། །དེ་དག་སོ་སོར་བསྡུས་པ་ཡིས། །གོ་ཆའི་བསྒྲུབ་པ་གང་ཡིན་དེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་སོ། །དེའི་དོན་ནི། མདོ་ལུགས་མ་ལས། བསམ་པ་རྒྱ་ཆེན་པོས་ཀུན་ནས་བསླང་བའི་བསྒྲུབ་པ་རྒྱ་ཆེན་པོ་ཡང་ཕ་རོལ་ཏུ་ཕྱིན་པ་གཅིག་གི་ནང་དུ། ཕ་རོལ་ཏུུ་ཕྱིན་པ་ཐམས་ཅད་རྫོགས་པར་བསྒྲུབ་པ་ནི། སྦྱི༷ན་པ༷་ལ༷་སོ༷གས་པ་ཕ་རོལ་ཏུ་ཕྱིན་པ་རྣ༷མ་པ་དྲུ༷ག་ལ༷་སྦྱིན་པའི་སྦྱིན་པ་ལ་སོགས་པ་རེ་རེ་ལ་ཡང་དྲུག་དྲུག་ཡོད་པ་རྣམས། དེ༷་ད༷ག་རང་རང་སོ༷་སོ༷ར་བསྡུ༷ས་པ༷་ཡི༷ས་གོ༷་ཆ༷འི་བསྒྲུ༷བ་པ༷་ག༷ང་ཡིན་པ་དེ༷་ཕ་རོལ་ཏུ་ཕྱིན་པ་དྲུ༷ག་ཚ༷ན་པ་དྲུ༷ག་གི༷ས་མདོ་ལས་གསུངས་པ་ཇི༷་ལྟ་བ་བཞི༷ན་དུ་བཤ༷ད་པར་བྱ་བ་ཡིན་ནོ། །ཞེས་སོ། །

དེ་ལ་སྤྱི་དོན་དང༌།

མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ། གོ་སྒྲུབ་ཀྱི་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ལ། གོ་སྒྲུབ་ཀྱི་མཚན་ཉིད། ཕར་ཕྱིན་ཉམས་སུ་ལེན་པར་གོ་བགོས་པའི་སེམས་དཔའི་མངོན་རྟོགས། འདིར་དངོས་བསྟན་གྱི་གོ་སྒྲུབ་ཀྱི་མཚན་ཉིད། ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པར་གོ་བགོས་པའི་སེམས་པའི་མངོན་རྟོགས། མཚན་གཞི། ཕར་ཕྱིན་དྲུག་གི་ཉམས་ལེན་གྱི་བྱང་སེམས་ཀྱི་ལམ་ལྟ་བུའོ། །མཚན་ཉིད་འཇོག་ཚུལ་དེ་ལྟར་འཐད་དེ། ཉ་ཊཱིཀ་ལས། མི་མཐུན་ཕྱོགས་ཀྱིས་མི་ཚུགས་པའི་གོ་ཆའི་སྒྲུབ་པའི་མཚན་ཉིད། བྱང་སེའི་སྒྲུབ་པ་གང་ཞིག བསམ་པའི་བྱ་བ་སྟེ། གནོད་འཇོམས་སུ། གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་བ་ནི་སེམས་དང་པོ་ནས་བཟུང་སྟེ་བསམ་པ་རྒྱ་ཆེ་བར་བསྟན་པའོ་ཞེས་སོ། །ས་བཅུ་བའི་འགྲེལ་བར། དེ་ལ་གོ་ཆ་ནི་སྨོན་པའོ། །ཞེས་དབྱིག་གཉེན་གྱིས་སོ། །དབྱེ་ན་དྲུག་གམ་སོ་དྲུག་གོ །འདིར་སྨོས་གོ་སྒྲུབ་ཀྱི་མཚན་ཉིད། གང་ཞིག ཕྱིན་དྲུག་རེ་རེར་དྲུག་དྲུག་ཚང་བར་ཉམས་སུ་ལེན་པར་གོ་བགོས་པའོ། །ཞེས་གསུངས་སོ། །

གཉིས་པ་དབྱེ་བ་ནི།

སྦྱིན་པའི་སྦྱིན་པའི་གོ་སྒྲུབ་དང༌། སྦྱིན་པའི་ཚུལ་ཁྲིམས་ཀྱི་གོ་སྒྲུབ་སོགས་གོ་སྒྲུབ་སོ་དྲུག་ཡོད་དེ། ཉི་ཁྲི་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཡོངས་སུ་གཏོང་སྟེ། དགེ་བའི་རྩ་བ་དེའང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། སྦྱིན་པ་ཡོངས་སུ་གཏོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ། །ཞེས་སོགས་རྒྱས་པར་གསུངས་པ་དང༌། རྒྱན་གྱི་ས་འགྲེལ་ལས། རབ་ཏུ་དབྱེ་བའི་ཕྱིར་རྣམ་པར་ངེས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེ་ཞིང་ཡང་རང་རང་གི་ངོ་བོ་གཞན་རྒྱུད་ལ་འཇོག་པའི་གཏོང་བ་སྦྱིན་པ་དང༌། མི་མཐུན་ཕྱོགས་སྤོང་བ་ཚུལ་ཁྲིམས་དང༌།དཀའ་སྤྱད་ལ་ཇི་མི་སྙམ་པ་བཟོད་པ་དང༌། ཕྱིར་ཞིང་སྤྲོ་བས་འཇུག་པ་བརྩོན་འགྲུས་དང༌། སོ་སོ་ལ་སེམས་རྩེ་གཅིག་ཏུ་གནས་པ་བསམ་གཏན་དང༌། གནས་ལུགས་ཕྱིན་ཅི་མ་ལོག་པར་ཤེས་པ་ཤེས་རབ་སྟེ་དྲུག་དྲུག་ཏུ་ཕྱེ་བའི་སྒོ་ནས་གཞན་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པའི་ཕྱིར་རོ། །ཞེས་དང༌། ཉ་ཊཱིཀ་ལས། ཆོས་ཀྱི་སྦྱིན་པ་དང་ཟང་ཟིང་གི་སྦྱིན་པ་སོགས་སྦྱིན་པར་བྱེད་པ་ན་སྦྱིན་པ་དེ་ཉིད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་རྫོགས་བྱང་དུ་བསྔོ་བར་གོ་བགོས་པ་སྦྱིན་ཕར་གྱི་གོ་ཆ། དེ་ལྟར་བསྔོས་པ་སྦྱིན་པའི་སྦྱིན་པ་དེ་ཉིད་ཀྱི་ཚེ་བདག་གཅིག་པུ་དུལ་བར་བྱའོ་ཞེས་སོགས་ཉན་ཐོས་ཀྱི་ཡིད་བྱེད་སྤོང་བར་གོ་བགོས་པ་སྦྱིན་པའི་ཚུལ་ཁྲིམས་ཀྱི་གོ་ཆ། ཞེས་སོགས་གསུངས་སོ། ། གསུམ་པ་ས་མཚམས་ནི། སེམས་དང་པོ་བསྐྱེད་པ་ནས་རྒྱུན་མཐའི་བར་དུ་ཡོད་དོ། །གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ། སྦྱིན་པའི་ཤེས་རབ་ཀྱི་གོ་སྒྲུབ་དང༌། ཤེས་རབ་ཀྱི་གོ་སྒྲུབ་གཉིས་མི་འགལ་བར་ཐལ། སྦྱིན་པའི་འཁོར་གསུམ་མི་དམིགས་པར་རྟོགས་པའི་ཤེས་རབ་དེ་དེ་གཉིས་ཀ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན།དེ་གཉིས་ཀ་ཡིན་པར་ཐལ། སྦྱིན་པའི་ཤེས་རབ་ཀྱི་གོ་སྒྲུབ་གང་ཞིག ཤེས་རབ་ཀྱི་གོ་སྒྲུབ་ཡིན་པའི་ཕྱིར། ཕྱི་མ་སླ། དང་པོ་གྲུབ་སྟེ། ཉི་ཁྲི་ལས། སྦྱིན་པ་ཡོངས་སུ་གཏོང་བའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཆོས་ཐམས་ཅད་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་ཏེ། སྦྱིན་པའང་མི་དམིགས། གཏོང་བའང་མི་དམིགས། ལེན་པའང་མི་དམིགས་པར་དགེ་བའི་རྩ་བ་དེའང་སེམས་ཅན་དང་ཐུན་མོང་དུ་བྱས་ཤིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། སྦྱིན་པ་ཡོངས་སུ་གཏོང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་སྟེ། ཞེས་གསུངས་པའི་ཕྱིར་རོ། །འདོད་ན། དེ་ཆོས་ཅན། སྦྱིན་པའི་གོ་སྒྲུབ་ཡིན་པར་ཐལ། སྦྱིན་པའི་ཤེས་རབ་ཀྱི་གོ་སྒྲུབ་ཡིན་པའི་ཕྱིར། ཁྱབ་སྟེ། སྦྱིན་པའི་གོ་སྒྲུབ་དྲུག་སྦྱིན་པའི་གོ་སྒྲུབ་ལ་ཕྱེ་བ་ཡིན་པའི་ཕྱིར་ཏེ། མདོ་ལུགས་མ་ལས། སྔར་གོ་བསྒྲུབ་ཏུ་ནི་རང་རང་ལས་ཕྱེ་བ་དྲུག་དྲུག་རང་རང་ལ་སོ་སོར་བསྡུས་པ་ཡིན་ལ། འདིར་ནི་རང་རང་ལས་མ་ཕྱེ་བར་དྲུག་པོ་རེ་རེས་ལྔ་ལྔ་ཕན་ཚུན་བསྡུས་པའི་ཕྱིར་འདི་གཉིས་སྡུད་ཚུལ་གཅིག་ཏུ་འཆད་པ་མདོ་དང་འགལ་ལོ། །ཞེས་གསུངས་པའི་ཕྱིར་ཟེར་ན་བརྟག་པར་བྱའོ། །ཡང་མདོ་ལུགས་མ་ལས། སྦྱིན་པར་གཞན་ལྔ་པོ་བསྡུས་པ་དང༌། ཚུལ་ཁྲིམས་སུ་གཞན་ལྔ་པོ་བསྡུས་པ་ལ་སོགས་པར་ཕར་ཕྱིན་རེ་རེ་ནི་དྲུག་པོ་དེ་དག་རེ་རེས་ལྔ་ལྔ་བསྡུས་པའི་ཚུལ་གྱིས་ཕན་ཚུན་ཐམས་ཅད་ཀྱིས་ཐམས་ཅད་བསྡུས་པའི་ཡེ་ཤེས་གང་ཡིན་པ། མཐོང་ལམ་གྱི་སྐད་ཅིག་མ་གཅིག་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིས་བསྡུས་པ་སྟེ། ཞེས་ཐེག་ཆེན་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཕར་ཕྱིན་དྲུག་ཀ་ཡིན་ཚུལ་ལ་དཔྱད། ཡང་མདོ་ལུགས་མ་ལས། གོ་ཆའི་སྒྲུབ་པ་འདི་ནི་སེམས་བསྐྱེད་པ་ཉིད་ནས་རྩོམ་སྟེ། བསམ་པ་རྒྱ་ཆེ་བ་ཉིད་གཙོ་བོར་བྱུང་ཞིང༌། མདོ་སྡེ་རྒྱན་ལས་ཀྱང༌། གནས་ཆེན་པོ་སེམས་བསྐྱེད་པ་ལ་གནས་ཞེས་གསུངས་པའི་ཕྱིར་རོ། །མདོ་ལས་ཀྱང་སེམས་ཅན་ཉུང་ཟད་ཉི་ཚེ་བའི་དོན་དུ་བྱང་ཆུབ་ཀྱི་ཕྱིར་མི་སྤྱོད་ཅིང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕར་ཕྱིན་དྲུག་ལ་སྤྱོད་ཅེས་བསམ་པ་རྒྱ་ཆེན་བསྟན་པའི་ཕྱིར་རོ། །འཇུག་པའི་བསྒྲུབ་པ་ནི། སྦྱོར་ལམ་ཉིད་ནས་རྩོམ་སྟེ། སྐབས་འདིར་ཚེ་དང་ལྡན་པ་གང་བོས་ཞུ་བ་གསུམ་གསོལ་བ་ལས་དང་པོ་པའི་ལམ་གྱིས་གོ་སྒྲུབ་དང༌། ཕྱི་མ་གཉིས་ཀྱིས་འཇུག་སྒྲུབ་བསྟན་ལ། ཞུ་བ་བར་བ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལགས། ཞེས་པ་ལ་གནོད་འཇོམས་ལས། ཞེས་བྱ་བ་ནི་མོས་པ་སྤྱོད་པའི་ས་ནས་བཟུང་སྟེ། ས་བདུན་བའི་བར་དུ་རྩོལ་བ་དང་བཅས་པ་རྣམ་པ་རྟོག་པ་དང་བཅས་པའི་སྤྱོད་པའི་གནས་སྐབས་ཡིན་པར་བསྟན་ཏོ། །ཞེས་སོ། །ཚོགས་ཀྱི་བསྒྲུབ་པ་ནི་ས་བཅུ་ལ་ཞུགས་པ་ཉིད་ཡིན་པར་མདོ་ལས་བྱུང་ངོ༌། །ངེས་འབྱུང་བསྒྲུབ་པ་ནི། ལྷ་མིར་བཅས་པའི་འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནན་ནས་ཁམས་གསུམ་ནས་ངེས་པར་འབྱུང་ཞིང་རྣམ་མཁྱེན་དུ་གནས་ཞེས། མདོ་ལས་བྱུང་བའི་ཕྱིར། རྒྱུན་མཐའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐད་ཅིག་མའི་སྦྱོར་བའི་རང་བཞིན་ནོ། །ཞེས་དང༌། ཉ་ཊཱིཀ་ལས། ཐོགས་མེད་ཀྱི་གསུང་འགྲེལ་ཆེན་དང་ཐུབ་དགོངས་སུ་དྲངས་པ། དེ་ལ་གོ་ཆ་དང་འཇུག་པའི་སྒྲུབ་པ་དག་ནི་གོ་རིམ་བཞིན་དུ་བརྒྱུད་པ་དང་དངོས་སུ་སྦྱོར་བའི་རང་བཞིན་ཚོགས་དང་མོས་པས་སྤྱོད་པའི་སས་བསྡུས་པ་ཡིན་ནོ། །ཚོགས་ཀྱི་སྒྲུབ་པ་ནི་བརྩེ་བ་ནས་བརྩམས་ཏེ་གཟུངས་ཀྱི་བར་ནི་མངོན་སུམ་དུ་སྦྱོར་བའི་རང་བཞིན་ཆོས་མཆོག་ཆེན་པོས་བསྡུས་པ་ཡིན་ནོ། །ས་དང་པོ་རབ་ཏུ་དགའ་བའི་རང་བཞིན་དུ་གྱུར་པའི་སྒྲུབ་པ་ནི་མཐོང་བའི་ལམ་གྱི་བདག་ཉིད་ཡིན་ལ། གཉིས་པ་ལ་སོགས་པའི་རང་བཞིན་ནི་སྒོམ་པའི་ལམ་གྱི་ངོ་བོ་ཉིད་ཡིན་ཞིང་གཉེན་པོའི་ཕྱོགས་ཀྱི་བདག་ཉིད་ཅན་གྱི་ཚོགས་ཀྱི་སྒྲུབ་པ་ནི་ལམ་གཉིས་ཀའི་སྤྱོད་ཡུལ་ཅན་ཡིན་ནོ། །ངེས་པར་འབྱུང་བའི་སྒྲུབ་པ་ནི་སྒོམ་པའི་ལམ་ལ་བརྟེན་པ་ཡིན་ནོ་ཞེས་གསུངས་སོ། །ཞེས་དང༌། ས་བཟང་རྒྱན་གྱི་རྣམ་བཤད་ལས། རྣམ་དབྱེ་ནི་ལས་དང་པོ་པའི་ས་དང༌། དད་པའི་ས་དང༌། ཐར་བ་ཆ་མཐུན་དང༌། གོ་ཆའི་སྒྲུབ་པ་ལ་སོགས་པའོ། །ཞེས་དང༌། རྣམ་དབྱེ་ནི་མོས་པས་སྤྱོད་པའི་ས་དང༌། སྒོམ་ལམ་ཟག་བཅས་དང༌། ངེས་འབྱེད་ཆ་མཐུན་དང༌། འཇུག་པའི་སྒྲུབ་པ་ལ་སོགས་པའོ། །ཞེས་སོགས་གསུངས་པ་ལ་ས་མཚམས་ཀྱི་སྒོ་ནས་དཔྱད་པར་བྱའོ། །

གཉིས་པ་འཇུག་སྒྲུབ་བཤད་པ།

གཉིས་པ་འཇུག་སྒྲུབ་བཤད་པ་ལ།

རྩ་བར། བསམ་གཏན་གཟུགས་མེད་སྦྱིན་སོགས་དང༌། །ལམ་དང་བྱམས་ལ་སོགས་པ་དང༌། །དམིགས་པ་མེད་དང་ལྡན་པ་དང༌། །འཁོར་གསུམ་རྣམ་པར་དག་པ་དང༌། །ཆེད་དུ་བྱ་དང་མངོན་ཤེས་དྲུག །ཅེས་པ་རྣམས་ཀྱིས་བསྒྲུབ་པའི་ངོ་བོ་སྟོན་ཏོ། །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །འཇུག་པའི་བསྒྲུབ་པ་ཞེས་པས་ཡུལ་གང་ལ་འཇུག་པ་སྟོན་ཏོ། །ཐེག་ཆེན་ལ། །འཛེག་པ་ཡིན་པར་ཤེས་པར་བྱ། །ཞེས་པས་བསྒྲུབ་པ་འདིའི་བྱེད་ལས་སྟོན་པ་ཡིན་ནོ། །ཞེས་མདོ་ལུགས་མར་གསུངས་སོ། །དེའི་དོན་བཤད་པ་ལ་དངོས་དང༌། ཞར་ལ་བསམ་གཟུགས་ཚད་མེད་བཤད་པ་དང་གཉིས། དང་པོ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ་འཇུག་ཡུལ་ཐེག་ཆེན་བཤད་པ་དང༌། དེ་ལ་འཇུག་པའི་སྒྲུབ་པ་དང་གཉིས། དང་པོ་ནི། ཐེག་ཆེན་གྱི་མཚན་ཉིད་ནི། ཉ་ཊཱིཀ་ལས། མཚན་ཉིད་ནི། རྫོགས་བྱང་མཐར་ཕྱིན་པའམ། དེར་བགྲོད་པའི་ཐབས་ཁྱད་པར་ཅན་ནོ། །དེ་ལ་གཉིས་ལས། རྒྱུའི་ཐེག་ཆེན་གྱི་མཚན་ཉིད་ནི། རང་གང་གི་བཞོན་པར་གྱུར་པའི་སྐྱེས་བུ་ད་ཕྱིས་རྫོགས་བྱང་དུ་བགྲོད་པར་བྱེད་པའི་ཐབས་ཁྱད་པར་ཅན། འབྲས་བུའི་ཐེག་ཆེན་གྱི་མཚན་ཉིད། བགྲོད་བྱ་མཐར་ཐུག་པའོ། །སྒྲ་བཤད་ནི། དམིགས་པ་ཆེན་པོ་ཉིད་དང་ནི། །དེ་བཞིན་བསྒྲུབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌། །ཐབས་ལ་མཁས་པར་གྱུར་པ་དང༌། །ཡང་དག་འགྲུབ་པ་ཆེན་པོ་དང༌། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་རྣམས་དང་ལྡན་པས། །ཐེག་ཆེན་ཞེས་ནི་མངོན་པར་བརྗོད། །ཅེས་པ་ལྟར་ཆེན་པོ་བདུན་དང་ལྡན་པས་ཐེག་ཆེན་ནོ། །མཚན་གཞི་ནི། དེ་བདུན་ཡང་དེ་ཡིན་ཞིང༌། ཐུབ་དགོངས་སུ་སེམས་བསྐྱེད་ཉེར་གཉིས་ཁོ་ན་ཐེག་ཆེན་ནོ། །ཞེས་སོགས་ཏེ། ཐེག་ཆེན་གྱི་ས་བཅུ་ལམ་ལྔ་སོགས་མཐའ་ཡས་སོ། །ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། ཐེག་པ་ཆེན་པོར་འཇོག་ཚུལ་ནི། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་བསྒྲུབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌། །ཐབས་ལ་མཁས་པར་གྱུར་པ་དང༌། །ཞེས་ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བའི་ཆོས་དཔག་ཏུ་མེད་པ་ལ་དམིགས་པས་ན་དམིགས་པ་ཆེ་བ་ཉིད་དང་ནི། དེ་བཞིན་དུ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པས་ན་སྒྲུབ་པ་གཉིས་དག་ཆེ་བ་དང༌། བདེན་པ་མངོན་པར་རྟོགས་པ་ན་གང་ཟག་དང་ཆོས་ལ་བདག་མེད་པ་གཉིས་རྟོགས་པས་ཡེ་ཤེས་ཆེན་པོ་དང༌། བསྐལ་པ་གྲངས་མེད་པ་གསུམ་དུ་རྟག་ཏུ་སྦྱོར་བ་དང་གུས་པར་སྦྱོར་བའི་སྒོ་ནས་བརྩོན་འགྲུས་རྩོམ་པ་ཆེན་པོ་དང༌། སྙིང་རྗེས་འཁོར་བ་ཡོངས་སུ་མི་གཏོང་ཞིང་ཤེས་རབ་ཀྱིས་ཀུན་ནས་ཉོན་མོངས་པས་མི་གོས་པའི་ཐབས་ལ་མཁས་པར་གྱུར་པ་ཆེན་པོ་རྒྱུའི་ཁྱད་པར་ལྔ་དང༌། ཡང་དག་འགྲུབ་པ་ཆེན་པོ་དང༌། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་རྣམས་དང་ལྡན་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་རང་དོན་མཐར་ཕྱིན་པ་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པའི་ཡོན་ཏན་ཡང་དག་པ་འགྲུབ་པ་ཆེན་པོ་དང༌། གཞན་དོན་མཐར་ཕྱིན་པ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་མྱ་ངན་ལས་འདས་པ་ཀུན་ཏུ་སྟོན་པ་ལ་སོགས་པ་སངས་རྒྱས་ཀྱི་འཕྲིན་ལས་ཆེན་པོ་ཡང་དང་ཡང་དུ་རྒྱུན་མི་འཆད་པར་འཇུག་པ་སྟེ། འབྲས་བུའི་ཁྱད་པར་གཉིས་དང་བཅས་པའི་ཆེན་པོ་བདུན་པོ་འདི་རྣམས་དང་ལྡན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཤད་པར་བྱ་བའི་ཆོས་ལ་ཐེག་པ་ཆེན་པོ་ཞེས་ནི་ངེས་པར་བརྗོད་དོ། །ཞེས་གསུངས་སོ། །

གཉིས་པ་དེ་ལ་འཇུག་པའི་སྒྲུབ་པ་བཤད་པ།

གཉིས་པ་དེ་ལ་འཇུག་པའི་སྒྲུབ་པ་བཤད་པ་ལ།

འཇུག་སྒྲུབ་ཀྱི་མཚན་ཉིད། ཐེག་ཆེན་སྦྱོར་ལམ་ཡན་གྱི་སྒོམ་བྱུང་གི་རྟོགས་པ་ལ་གནས་པའི་སྐབས་ཀྱི་བྱང་སེམས་ཀྱི་སྒྲུབ་པ་དེ་ཡིན་ཏེ། ཉ་ཊཱིཀ་ལས། འཇུག་པའི་སྒྲུབ་པ་ནི། བྱང་སེའི་སྒྲུབ་པ་གང་ཞིག སྦྱོར་བའི་བྱ་བ། འདིར་སྨོས་འཇུག་སྒྲུབ་ཀྱི་མཚན་ཉིད། འཇུག་ཡུལ་ཐེག་ཆེན་དགུ་ཆར་རམ་གང་རུང་ལ་འཇུག་ཅིང་འཛེག་པའི་སྒྲུབ་པའོ། །དབྱེ་ན་དགུའོ། །ཞེས་གསུངས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཉ་ཊཱིཀ་ལས། འདིར་སྨོས་འཇུག་སྒྲུབ་ཀྱི་མཚན་ཉིད། འཇུག་ཡུལ་ཐེག་ཆེན་དགུ་ཆར་རམ་གང་རུང་ལ་འཇུག་ཅིང་འཛེག་པའི་སྒྲུབ་པའོ། །ཞེས་དང༌། དབྱེ་ན་དུ་ཞེ་ན། བསམ་གཏན་གཟུགས་མེད་ནས། རྣམ་ཀུན་མཁྱེན་པའི་ཚུལ་ལ་འཇུག་པའི་སྒྲུབ་པ་ཞེས་དགུའོ། །ཞེས་འཇུག་ཡུལ་དགུ་ཡོད་ན་མདོ་ལུགས་མ་ལས། རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །འཇུག་པའི་བསྒྲུབ་པ་ཞེས་པས་ཡུལ་གང་ལ་འཇུག་པ་སྟོན་ནོ། །ཞེས་འཇུག་ཡུལ་རྣམ་ཀུན་མཁྱེན་པའི་ཚུལ་ལས་གཞན་མ་གསུངས་པའི་རྒྱུ་མཚན་གང་ཡིན་བརྟག་པར་བྱའོ། །ཡང་ཉ་ཊཱིཀ་ལས། ཆེན་པོ་བདུན་དང་ལྡན་པས་འདི་ཐེག་ཆེན་ནོ། །མཚན་གཞི་ནི། དེ་བདུན་ཡང་དེ་ཡིན་ཞིང༌། ཞེས་པ་ནས། ཐེག་ཆེན་གྱི་ས་བཅུ་ལམ་ལྔ་སོགས་མཐའ་ཡས་སོ། །ཞེས་ཆེན་པོ་བདུན་དང་ལམ་ལྔ་ཐེག་ཆེན་ཡིན་པར་གསུངས་པ་ལ་མདོ་ལུགས་མ་ལས། རིགས་པས་དཔྱད་ན་ཅིར་ཡང་མ་གྲུབ་ཙམ་གྱི་སྟོང་ཉིད་ནི་སྙིང་པོ་མེད་པའི་ཕྱིར། ཡེ་ཤེས་དང་ཐེག་ཆེན་མ་ཡིན་ཏེ། ཞེས་དང༌། དེས་ན་སྐབས་འདིའི་སྟོང་ཉིད་ཀྱི་ངོ་བོ་ནི་ཐེག་ཆེན་དང༌། ཡེ་ཤེས་ཡིན་པའི་ཕྱིར་གཞན་སྟོང་ཟབ་མོ་ཡིན་གྱི། དཔྱད་ན་མ་གྲུབ་ཙམ་གྱི་རང་སྟོང་ནི་མ་ཡིན་ཏེ། ཞེས་གསུངས་པས་ཅུང་ཟད་དཔྱད་རྒྱུ་སྣང༌། ཡང་བྱང་སེམས་ཚོགས་ལམ་འཇུག་སྒྲུབ་ཡིན་པར་ཐལ། དེ་བྱང་སེམས་ཀྱི་སྒྲུབ་པ་གང་ཞིག སྦྱོར་བའི་བྱ་བ་ཡིན་པའི་ཕྱིར། ཁྱབ་སྟེ། ཉ་ཊཱིཀ་ལས། འཇུག་པའི་སྒྲུབ་པ་ནི།བྱང་སེའི་སྒྲུབ་པ་གང་ཞིག སྦྱོར་བའི་བྱ་བ། དབྱེ་ན་དགུའོ། །ཞེས་གསུངས་པས་སོ་ཞེ་ན།ཚོགས་ལམ་ལ་འཇུག་སྒྲུབ་ཡོད་པ་མི་འཐད་དེ། ཚོགས་ལམ་ན་དེ་ཡོད་པར་གཞུང་ཚད་ཐུབ་གང་ལས་མ་བཤད་པས་སོ། །

གཉིས་པ་ཞར་ལ་བསམ་གཟུགས་ཚད་མེད་བཤད་པ།

གཉིས་པ་ཞར་ལ་བསམ་གཟུགས་ཚད་མེད་བཤད་པ་ལ།

བསམ་གཟུགས་དང༌། ཚད་མེད་བཞི་བཤད་པ་དང་གཉིས། དང་པོ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་སྤྱི་དོན་ལ། སེམས་གནས་དགུ་དང༌། བསམ་གཟུགས་དངོས་དང༌། བསམ་གཏན་གྱི་ཡན་ལག་དང༌། ཉེར་བསྡོགས་བཤད་པ་དང་བཞི། དང་པོ་ནི། རྒྱན་གྱི་ས་འགྲེལ་ལས། སེམས་ཀྱི་གནས་ཐབས་རྣམ་དགུ་ནི། སེམས་འཇོག་པར་བྱེད། ཀུན་ཏུ་འཇོག་པར་བྱེད། ངེས་པར་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། འདུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད། མཉམ་པར་འཇོག་པར་བྱེད། ཅེས་གསུངས་པ་རྣམས་ཀྱི་དོན་སྟོན་པ། ཞེས་པ་ནས། འཇོག་ཅིང་ཀུན་ཏུ་ངེས་འཇོག་ནི། རྒྱན་ལས། དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལ་སླར་ཡང་བླན་པར་བྱ། །ཞེས་དང་པོ་ཏིང་ངེ་འཛིན་གྱི་དམིགས་པ་གང་རུང་ཞིག་ལ་ནི་སེམས་རྩེ་གཅིག་ཏུ་གཏད་ནས་འཇོག་པར་བྱེད་ཅིང༌། དེ་ནས་ཏིང་ངེ་འཛིན་དེའི་རྒྱུན་བར་བར་གཡེང་བར་མི་བྱ་བར་ཀུན་ཏུ་འཇོག་པར་བྱེད་ལ། གལ་ཏེ་རྣམ་པར་གཡེང་བ་བྱུང་ན་དེ་མ་ཐག་མྱུར་དུ་རྟོགས་པར་བྱས་ནས་སྔར་གྱི་དམིགས་པ་དེ་ལ་སླར་ཡང་བླན་པར་བྱས་ཏེ་ངེས་པར་འཇོག་པའོ། །ཉེ་བར་འཇོག་ཅིང་འདུལ་བ་ནི། བློ་ལྡན་གོང་ནས་གོང་དུ་ཡང༌། །སེམས་ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་འདུལ་ལོ། །ཞེས་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་གོང་ནས་གོང་དུ་ཡང་ཁྱད་པར་དུ་འགྲོ་བའི་སྒོ་ནས་སེམས་ནི་ནང་དུ་དམིགས་པ་ལ་བསྡུ་བར་བྱས་ཏེ། ཉེ་བར་འཇོག་པར་བྱེད་ཅིང༌། དེ་ནས་སེམས་གནས་པའི་ཡོན་ཏན་རིམ་གྱིས་སྐྱེ་བ་མཐོང་བའི་ཕྱིར་ཏིང་ངེ་འཛིན་ལ་བཞག་ནས་སེམས་བྱིང་བ་དང་རྒོད་པར་གྱུར་པ་འདུལ་ལོ། །ཞི་ཞིང་ཉེ་བར་ཞི་བ་ནི། རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། ། བརྣབ་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །ཞེས་ཉོན་མོངས་པ་དང་རྣམ་པར་རྟོག་པས་རྣམ་པར་གཡེང་བའི་ཉེས་པ་མཐོང་བའི་ཕྱིར་རྣམ་གཡེང་གི་དབང་གིས་དམིགས་པ་དེ་ལ་སེམས་འཇོག་པ་མི་དགའ་བར་གྱུར་ན་གཉེན་པོ་བསྒོམས་ཏེ་རྣམ་གཡེང་དང་མི་དགའ་བ་དེ་དག་ཞི་བར་བྱའོ། །འདོད་པ་ལ་འདུན་པའི་བརྣབ་སེམས་དང་གནོད་སེམས་ལ་བརྟེན་པའི་ཡིད་མི་བདེ་བ་ལ་སོགས་པ་ལངས་པར་གྱུར་ན་རྣམ་གཡེང་སྤོང་བ་དེ་བཞིན་དུ་གཉེན་པོའི་སྟོབས་ཀྱིས་ཉེ་བར་ཞི་བར་བྱའོ། །རྩེ་གཅིག་མཉམ་པར་འཇོག་ཚུལ་ནི། དེ་ནས་སྡོམ་བརྩོན་ཅན་གྱིས་ནི། །སེམས་ནི་མངོན་པར་འདུ་བྱེད་བཅས། །རང་གི་ངང་གིས་འབྱུང་བ་འཐོབ། །དེ་གོམས་པ་ལས་འདུ་མི་བྱེད། །ཅེས་ཉེ་བར་ཞི་བའི་རྗེས་དེ་ནས་སྡོམ་བརྩོན་ཅན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་སེམས་ནི་མངོན་པར་འདུ་བྱེད་པ་འབད་རྩོལ་དང་བཅས་པས་སེམས་ཀྱི་རྒྱུད་དམིགས་པ་ལ་རྩེ་གཅིག་ཏུ་འཇོག་པར་བྱེད་ཅིང༌། དེ་ལྟར་བྱིང་རྒོད་སྤངས་པ་ལས་ཏིང་ངེ་འཛིན་རང་གི་ངང་གིས་འབྱུང་བ་ཐོབ་སྟེ། དེ་རྒྱུན་དུ་གོམས་པ་ལས་གཉེན་པོས་མངོན་པར་འདུ་མི་བྱེད་བཞིན་དུ་འབད་པ་དང་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པའི་ངང་ནས་མཉམ་པར་འཇོག་པའོ། །ཞེས་གསུངས་སོ། །དེ་ལྟར་སེམས་གནས་དགུ་སྒྲུབ་སྟེ་དེའི་སྟེང་ནས་བསམ་གཏན་དང་པོའི་ཉེར་བསྡོགས་སྒྲུབ་པར་བྱེད་པའོ། །

གཉིས་པ་བསམ་གཟུགས་དངོས་བཤད་པ་ལ་གཉིས་ལས།

གཉིས་པ་བསམ་གཟུགས་དངོས་བཤད་པ་ལ་གཉིས་ལས།

བསམ་གཏན་གྱི་དངོས་གཞི་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་མཚན་ཉིད། གཉེན་པོའི་ཡན་ལག་དང༌། ཕན་ཡོན་དང༌། ཏིང་ངེ་འཛིན་གནས་ཀྱི་ཡན་ལག་དང་ལྡན་པའི་གཟུགས་ཀྱི་སྙོམས་འཇུག་གོ །གཉིས་པ་དབྱེ་བ་ལ་བཞི་ལས། དང་པོའི་དངོས་གཞི་སྙོམས་འཇུག་གི་མཚན་ཉིད། རྟོག་དཔྱོད་གང་རུང་གི་ས་བའི་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་དེ་ཡིན་ཏེ། ཉ་ཊཱིཀ་ལས། མཚན་ཉིད་ནི། སྙོམས་འཇུག་གི་བསམ་གཏན་གང་ཞིག རྟོག་པའམ་དཔྱོད་པའི་ས་བ་ཡིན་པའོ། །དེ་ཡང་ཉོན་མོངས་ཅན་རྣམས་ཀྱང་བསམ་གཏན་ཡིན་པའི་དབང་དུ་བྱས་པའོ། ། ཡང་ན། གང་ཞིག རྟོག་དཔྱོད་གང་རུང་ཅན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དབྱེ་ན་ཙམ་ཁྱད་གཉིས། བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བའི་མཚན་ཉིད། རྟོག་པ་དང་བཅས་པའི་བསམ་གཏན་གྱི་དངོས་གཞི། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་གྱི་མཚན་ཉིད། རྟོག་པ་དང་བྲལ་ཞིང་དཔྱོད་པ་དང་བཅས་པའི་བསམ་གཏན་གྱི་དངོས་གཞིའོ། །གཉིས་པའི་དངོས་གཞི་སྙོམས་འཇུག་གི་མཚན་ཉིད། རྟོག་དཔྱོད་དང་བྲལ་ཞིང་ནང་རབ་ཏུ་དང་བ་དང་ལྡན་པའི་དགའ་བའི་ཡན་ལག་ཅན་གྱི་བསམ་གཏན་གྱི་དངོས་གཞི་དེ་ཡིན་ཏེ། ཉ་ཊཱིཀ་ལས། མཚན་ཉིད་ནི། སྙོམས་འཇུག་གི་བསམ་གཏན་གང་ཞིག་ནང་ཡོངས་སུ་དང་བ་དང་དགའ་པའི་ས་བའམ་དེ་གཉིས་ཀྱི་ཡན་ལག་ཅན་ཞེས་པའོ། །ཞེས་གསུངས་སོ། །གསུམ་པའི་དངོས་གཞི་སྙོམས་འཇུག་གི་མཚན་ཉིད། དགའ་བ་ཡན་ལག་ཏུ་བྲལ་ཞིང་བདེ་བ་ཡན་ལག་ཏུ་ལྡན་པའི་བསམ་གཏན་གྱི་དངོས་གཞི་དེ་ཡིན་ཏེ། ཉ་ཊཱིཀ་ལས། གསུམ་པའི་མཚན་ཉིད། རྒྱུ་སྙོམས་འཇུག་གི་བསམ་གཏན་གང་ཞིག དགའ་བ་ལ་འདོད་ཆགས་དང་བྲལ་ཞིང་བདེ་བའི་ས་བའམ་བདེ་བའི་ཡན་ལག་ཅན་ནོ། །ཞེས་གསུངས་སོ། །བཞི་བའི་དངོས་གཞི་སྙོམས་འཇུག་གི་མཚན་ཉིད། སྐྱོན་བརྒྱད་ལས་གྲོལ་ཞིང་ཚོར་བ་བཏང་སྙོམས་ཡན་ལག་ཏུ་ལྡན་པའི་བསམ་གཏན་གྱི་དངོས་གཞི་དེ་ཡིན་ཏེ། ཉ་ཊཱིཀ་ལས། བཞི་བའི་མཚན་ཉིད། རྒྱུ་སྙོམས་འཇུག་གི་བསམ་གཏན་གང་ཞིག སྐྱོན་བརྒྱད་ལས་གྲོལ་ཞིང་ཚོར་བ་བཏང་སྙོམས་ཅན་ནོ། །བདེ་སྡུག་ཡིད་བདེ་མི་བདེ་དང་བྲལ་ནས་ཚོར་བ་བཏང་སྙོམས་དང་ལྡན་པ། སྐྱོན་བདེ་སྡུག་ཡིད་བདེ་མི་བདེ་དབུགས་འབྱུང་རྔུབ་རྟོག་དཔྱོད་བརྒྱད་དོ། །བརྒྱད་ལས་གྲོལ་བས་དྲན་པ་དང་བཏང་སྙོམས་ཡོངས་སུ་དག་པ་ཅན་གྱི་རྩེ་གཅིག་པའོ། །ཞེས་གསུངས་པས་སོ། །གཟུགས་མེད་ཀྱི་དངོས་གཞི་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ་ཡན་ལག་གི་སྒོ་ནས་བཞག་པ་མ་ཡིན་པར་དམིགས་རྣམ་ཀྱི་སྒོ་ནས་བཞག་པའི་དངོས་གཞིའི་རིགས་སུ་གནས་པའི་སྙོམས་འཇུག་གོ ། གཉིས་པ་དབྱེ་བ་ལ་བཞི་ལས། དང་པོ་ནམ་མཁའ་མཐའ་ཡས་ཀྱི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད། གཟུགས་ཀྱི་འདུ་ཤེས་བཤིག་ནས་ནམ་མཁའ་མཐའ་ཡས་ཀྱི་ཆ་ལ་མཉམ་པར་བཞག་པའི་རིགས་གནས་ཀྱི་གཟུགས་མེད་ཀྱི་སྙོམས་འཇུག་དེ་ཡིན་ཏེ། ཉ་ཊཱིཀ་ལས། རྒྱུ་ནམ་མཁའ་མཐའ་ཡས་ཀྱི་སྙོམས་འཇུག་གི་མཚན་ཉིད། རྒྱུ་གཟུགས་མེད་ཀྱི་སྙོམས་འཇུག་གང་ཞིག གཟུགས་ཀྱི་འདུ་ཤེས་བཤིག་སྟེ་ནམ་མཁའ་མཐའ་ཡས་སོ་ཞེས་དམིགས་ཤིང་མོས་པ། དེ་ཡང་ཐམས་ཅད་ལ་ནམ་མཁའི་འདུ་ཤེས་ཤིན་ཏུ་བསྒོམས་པས་སྔོ་སེར་སོགས་ཁ་དོག གྱང་དང་ར་བ་རྩིག་པ་སོགས་སྒྲིབ་པ། ཁང་བཟང་དང་སྐྱེད་མོས་ཚལ་ཉི་ཟླ་སོགས་སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་ཏེ་དེ་རྣམས་སྣང་བ་མེད་པར་ནམ་མཁའ་མཐའ་ཡས་པ་ཉིད་དམིགས་པར་བྱེད་པའོ། །དེ་ཡང་ཉེར་བསྡོགས་ཀྱི་ཚེ། འོག་ས་དང་ནམ་མཁའ་ལ་དམིགས་པའམ་དངོས་གཞི་མ་ཐོབ་ཀྱི་བར་ནམ་མཁའ་ཁོ་ན་ལ་དམིགས། ཐོབ་ནས་རང་སའི་ཕུང་བོ་དང་ནམ་མཁའ་ལ་དམིགས་པར་མངོན་ནོ། །ཞེས་གསུངས་པས་སོ། །གཉིས་པ་རྣམ་ཤེས་མཐའ་ཡས་ཀྱི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད། ནམ་མཁའ་མཐའ་ཡས་ཀྱི་འདུ་ཤེས་བཤིག་ནས་རྣམ་ཤེས་མཐའ་ཡས་ཀྱི་ཆ་ལ་མཉམ་པར་བཞག་པའི་རིགས་གནས་ཀྱི་གཟུགས་མེད་ཀྱི་སྙོམས་འཇུག་དེ་ཡིན་ཏེ། ཉ་ཊཱིཀ་ལས། རྒྱུ་རྣམ་ཤེས་ཀྱི་མཚན་ཉིད། གང་ཞིག ནམ་མཁའི་འདུ་ཤེས་ལྡོག་སྟེ་རྣམ་ཤེས་མཐའ་ཡས་སོ་ཞེས་དམིགས་ཤིང་མོས་པ། ཞེས་གསུངས་པས་སོ། །གསུམ་པ་ཅི་ཡང་མེད་ཀྱི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད། རྣམ་ཤེས་ཀྱི་འདུ་ཤིས་བཤིག་ནས་ཅི་ཡང་མེད་པའི་ཆ་ལ་མཉམ་པར་བཞག་པའི་རིགས་གནས་ཀྱི་གཟུགས་མེད་ཀྱི་སྙོམས་འཇུག་དེ་ཡིན་ཏེ། ཉ་ཊཱིཀ་ལས། རྒྱུ་ཅི་ཡང་གི་མཚན་ཉིད། གང་ཞིག རྣམ་ཤེས་མཐའ་ཡས་སྙོམས་འཇུག་ལས་གོང་དུ་བསྐྱོད་པས་གཟུགས་གཟུགས་མེད་ཀྱི་དམིགས་པ་ཅི་ཡང་མེད་དོ་ཞེས་དམིགས་ཤིང་མོས་པ། ཞེས་གསུངས་པས་སོ། །བཞི་བ་སྲིད་རྩེའི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད། ཅི་ཡང་མེད་པའི་འདུ་ཤེས་བཤིག་ནས་འདུ་ཤེས་ཡོད་མིན་མེད་མིན་གྱི་ཆ་ལ་མཉམ་པར་བཞག་པའི་རིགས་གནས་ཀྱི་གཟུགས་མེད་ཀྱི་སྙོམས་འཇུག་དེ་ཡིན་ཏེ། ཉ་ཊཱིཀ་ལས། རྒྱུ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་མཚན་ཉིད། གང་ཞིག ཅི་ཡང་ཡོད་མེད་ཀྱི་འདུ་ཤེས་བཟློག་ཅིང་འདུ་ཤེས་ཕྲ་མོ་མ་སྤངས་པ་ཅན་ནོ། །ཞེས་གསུངས་པས་སོ། །ཚད་རྣམ་པར་གཞག་པས་ཇི་ལྟ་བུ་ཞེ་ན། རྒྱུ་སྙོམས་འཇུག་གི་ཚད་ནི། བསམ་གཏན་དང་པོ་ལ་གུས་སྦྱོར་རྒྱུན་སྦྱོར་གཉིས་ཀ་དང་མི་ལྡན་པ་ཆུང་ངུར་ཡོངས་སུ་བསྒོམ་པ་དང༌། གང་རུང་དང་ལྡན་པ་འབྲིང་དུ་ཡོངས་སུ་བསྒོམ་པ་དང༌། གཉི་ག་དང་ལྡན་པ་ཆེན་པོར་ཡོངས་སུ་བསྒོམ་པའོ། ། ཡང་ན་ཤེས་རབ་དང་བརྩོན་འགྲུས་ཆུང་ངུ་འབྲིང་ཆེན་པོ་གསུམ་གྱི་ཕྱེ་བའོ། །བསམ་གཏན་དང་པོ་ལ་ཇི་ལྟ་བར་བསམ་གཏན་ལྷག་མ་གསུམ་པོ་རྣམས་དང༌། གཟུགས་མེད་པའི་སྐྱེ་མཆེད་བཞི་བོ་རྣམས་ཀྱང་དེ་བཞིན་དུ་བསྒོམ་ཚུལ་རྣམ་པ་གསུམ་གསུམ་གྱིས་ཕྱེ་བ་ཡིན་ནོ། །འབྲས་བུ་སྐྱེ་བའི་ཚད་ནི། བསམ་གཏན་དང་པོ་ཆུང་ངུ་འབྲིང་དང་ཆེན་པོ་ཡོངས་སུ་བསྒོམས་པའི་འབྲས་བུ་ནི། རིམ་པ་བཞིན་དུ་བསམ་གཏན་དང་པོའི་སྐྱེ་བ་ཚངས་རིས་དང་ཚངས་པ་འདུན་ན་འདོན་དང་ཚངས་ཆེན་ཏེ་གསུམ་མོ། །བསམ་གཏན་དང་པོ་ལ་ཇི་ལྟ་བར་བསམ་གཏན་ལྷག་མ་རྣམས་ཀྱི་འབྲས་བུ་ཡང་དེ་བཞིན་ཏེ། གཉིས་པ་ལ་འོད་ཆུང་ཚད་མེད་འོད་འོད་གསལ་གསུམ་དང༌། གསུམ་པ་ལ་དགེ་ཆུང་ཚད་མེད་དགེ་དགེ་རྒྱས་གསུམ་དང༌། བཞི་པ་ལ་སྤྲིན་མེད་བསོད་ནམས་སྐྱེས་འབྲས་བུ་ཆེ་བ་གསུམ་སྟེ་བསམ་གཏན་གྱི་སྐྱེ་བ་རྣམ་པ་གསུམ་མོ། །གནས་གཙང་མ་ནི་སྤེལ་སྒོམ་ལས་སོ། །གཟུགས་མེད་པའི་སྐྱེ་མཆེད་བཞི་བོ་རྣམས་ན་ནི་གཞལ་མེད་ཁང་གི་གནས་གཞན་ཐ་དད་པ་མེད་པའི་ཕྱིར་གནས་ཀྱིས་ཕྱེ་བའི་སྐྱེ་བ་ཐ་དད་པ་ཡང་མེད་དོ། །འོན་ཀྱང་དེ་དག་ན་ཆུང་ངུ་དང་འབྲིང་དང་ཆེན་པོར་ཡོངས་སུ་བསྒོམས་པས་རིམ་པ་ལྟར། གཟུགས་མེད་པ་རྣམས་སུ་སྐྱེ་བ་དམན་ཞིང་ངན་པ་དང༌། མཐོ་ཞིང་ངན་པའམ་དམའ་ཞིང་བཟང་བ་དང༌། མཐོ་ཞིང་བཟང་བ་རྣམས་སུ་འགྱུར་ཏེ། དེའང་ཚེ་རིང་བ་ལ་སོགས་པས་མཐོན་པོ་དང༌། ཚེ་ཐུང་བ་ལ་སོགས་པས་དམའ་བ་དང༌། ཉོན་མོངས་པ་ཤས་ཆེ་བས་ངན་པ་དང༌། ཉོན་མོངས་པ་ཤས་ཆུང་བས་བཟང་བོར་མངོན་ནོ། །རོ་མྱོང་ཅན་ནམ་སྙོམས་འཇུག་ཉོན་མོངས་ཅན་ནི། རང་སའི་སྲེད་པ་ལྟ་བ་ང་རྒྱལ་མ་རིག་པ་བཞིས་ཉོན་མོངས་པ་ཅན་དུ་གྱུར་པས་བསྒྲིབས་ལ་ལུང་དུ་མ་བསྟན་པར་འགྱུར་བའོ། །ཞེས་ཀུན་བཏུས་ས་འགྲེལ་ལས་གསུངས་སོ། །

གསུམ་པ་བསམ་གཏན་གྱི་ཡན་ལག་བཤད་པ།

གསུམ་པ་བསམ་གཏན་གྱི་ཡན་ལག་བཤད་པ་ལ།

མཛོད་ལས། དང་པོ་ལ་ལྔ་རྟོག་དཔྱོད་དང༌། །དགའ་དང་བདེ་དང་ཏིང་འཛིན་རྣམས། །ཞེས་གསུངས་པ་ལྟར་བསམ་གཏན་དང་པོ་ལ་ཡན་ལག་ལྔ་ལས་༡རྟོག་༢དཔྱོད་གཉིས་ཀྱིས་བསམ་གཏན་དང་པོའི་མི་མཐུན་ཕྱོགས་འདོད་པའི་འདོད་ཆགས་དང་གནོད་སེམས་དང་འཚེ་བའི་རྟོག་པ་དང་སྡུག་བསྔལ་དང་ཡིད་མི་བདེ་སོགས་སྤོང་བར་བྱེད་པས་ན་དེ་གཉིས་གཉེན་པོའི་ཡན་ལག་དང༌། ༣དགའ་༤བདེ་གཉིས་ཕན་ཡོན་གྱི་ཡན་ལག་དང༌། ༥རྩེ་གཅིག་པ་གནས་ཀྱི་ཡན་ལག་ཡིན་ཏེ། དེ་ལ་བརྟེན་ནས་རྟོག་དཔྱོད་སོགས་གཉེན་པོ་འཇུག་ཅིང་ཕན་ཡོན་དགའ་བདེ་འབྱུང་བས་སོ། །བསམ་གཏན་གཉིས་པ་ལ། མཛོད་ལས། གཉིས་པ་ལ་ནི་ཡན་ལག་བཞི། །རབ་དང་དང་ནི་དགའ་ལ་སོགས། །ཞེས་གསུངས་པ་ལྟར་ཡན་ལག་བཞི་ཡོད་དེ།༡ནང་ཡོངས་སུ་དང་བས་རྟོག་དཔྱོད་སྤོང་བར་བྱེད་པས་དེ་ནི་གཉེན་པོའི་ཡན་ལག ༢དགའ་༣བདེ་གཉིས་ཕན་ཡོན་གྱི་ཡན་ལག ༤རྩེ་གཅིག་པ་གནས་ཀྱི་ཡན་ལག་ཡིན་ནོ། །བསམ་གཏན་གསུམ་པ་ལ། མཛོད་ལས། གསུམ་པ་ལ་ལྔ་བཏང་སྙོམས་དང༌། །དྲན་དང་ཤེས་བཞིན་བདེ་དང་གནས། །ཞེས་གསུངས་པ་ལྟར་ཡན་ལག་ལྔ་ཡོད་དེ། དྲན་ཤེས་བཞིན་བཏང་སྙོམས་གསུམ་གྱིས་དགའ་བ་སྤོང་བར་བྱེད་པས་ན་དེ་གསུམ་གཉེན་པོའི་ཡན་ལག་དང༌། བདེ་བ་ཕན་ཡོན་གྱི་ཡན་ལག ཏིང་ངེ་འཛིན་ནམ་རྩེ་གཅིག་པ་གནས་ཀྱི་ཡན་ལག་ཡིན་ནོ། །བསམ་གཏན་བཞི་བ་ལ། མཛོད་ལས། མཐའ་ན་བཞི་དྲན་བཏང་སྙོམས་དང༌། །བདེ་མིན་སྡུག་མིན་ཏིང་འཛིན་རྣམས། །ཞེས་གསུངས་པ་ལྟར་ཡན་ལག་བཞི་ཡོད་དེ། དྲན་པ་དང་བཏང་སྙོམས་ཀྱིས་བདེ་བ་སྤོང་བར་བྱེད་པས་དེ་གཉིས་ནི་གཡོ་བའི་སྐྱོན་བརྒྱད་ཀྱི་ཡོངས་སུ་དག་པ་གཉེན་པོའི་ཡན་ལག་དང༌། ཚོར་བ་བཏང་སྙོམས་ཕན་ཡོན་གྱི་ཡན་ལག རྩེ་གཅིག་པ་གནས་ཀྱི་ཡན་ལག་ཡིན་ནོ། །འདིར་གསུམ་པ་དང་བཞི་བའི་གཉེན་པོའི་ཡན་ལག་བཏང་སྙོམས་ནི། སེམས་བྱུང་འདུ་བྱེད་ཀྱི་བཏང་སྙོམས་ཡིན་ལ། སྤྱིར་བཏང་སྙོམས་ལ། འདུ་བྱེད། ཚོར་བ། ཚད་མེད་ཀྱི་གསུམ་ཡོད་དོ། །བསྡུ་བར། བསམ་གཏན་དང་པོ་ལ་དྲན་ཤེས་བཞིན་བཏང་སྙོམས་གསུམ་ཡོད་ཀྱང་རྟོག་དཔྱོད་ཀྱིས་བསྒྲིབས་པས་མ་སྨོས་སོ། །གཉིས་པ་ལའང་ཡོད་ཀྱང་དགའ་བའི་ཉོན་མོངས་པས་ཀུན་ནས་དཀྲིས་པས་མ་སྨོས་པར་ནང་ཡོངས་སུ་དང་བའི་མིང་གིས་བསྟན། གསུམ་པར་རྟོག་དཔྱོད་དགའ་བ་དེ་དག་དང་བྲལ་བས་རང་མིང་གིས་སྨོས་སོ། །ཞེས་སོ། །གཟུགས་མེད་རྣམས་ཡན་ལག་མི་འདྲ་བས་འདའ་བ་མིན་ཏེ། ཐམས་ཅད་ཡན་ལག་བཏང་སྙོམས་དང་རྩེ་གཅིག་པར་འདྲ་བས་སོ། །འོན་ཀྱང་དམིགས་པ་ལས་ཡང་དག་པར་འདའ་བ་ཡིན་ལ་ཞི་རགས་ཀྱི་ཁྱད་ཡོད་དེ། རས་ཡུག་ཆུ་ཞེང་མཉམ་ཡང་སྦོམ་ཕྲའི་ཁྱད་ཡོད་པ་བཞིན་ནོ། །ཞེས་ཨཱརྱའོ། །ཞེས་ཉ་ཊཱིཀ་ལས་གསུངས་སོ། །ཡན་ལག་དེ་དག་གྲངས་ངེས་པའི་རྒྱུ་མཚན་ནི། ཀུན་བཏུས་ས་འགྲེལ་ལས། གྲངས་ངེས་པའི་རྒྱུ་མཚན་ནི། དེ་རྣམས་ལ་སེམས་སེམས་བྱུང་གཞན་ཡང་མང་བོ་ཡོད་བཞིན་དུ་དེ་དག་ཁོ་ན་ཡན་ལག་ཏུ་འཇོག་པ་ནི་རང་རང་གི་མི་མཐུན་ཕྱོགས་སྤོང་བ་གཉེན་པོའི་ཡན་ལག་དང༌། ལུས་སེམས་ལ་ཕན་འདོགས་པ་ཕན་ཡོན་གྱི་ཡན་ལག་དང༌། དེ་དག་གང་ལས་འབྱུང་བའི་གཞིའམ་རྟེན་དུ་གྱུར་པ་དེ་གཉིས་ཀའི་གནས་ཀྱི་རང་བཞིན་གྱི་ཡན་ལག་རྣམས་བཅོ་བརྒྱད་པོ་དེ་དག་གིས་ཡོངས་སུ་རྫོགས་པའི་ཕྱིར་རོ། །གཟུགས་མེད་ཀྱི་དམིགས་བསལ་ནི། མཛོད་དུ་རབ་ཏུ་དང་བ་དད་པ་ཡིན་པས་རྫས་སུ་བཅུ་གཅིག་ཅེས་ནང་དང་བ་དད་པ་བྱས་ནས་རྫས་བཅུ་གཅིག་ཏུ་འཆད་ཀྱང༌། འདིར་ནང་དང་བ་དྲན་ཤེས་བཞིན་བཏང་སྙོམས་ཡིན་ལ་དེ་དང་པོར་ཡོད་ཀྱང་རྟོག་དཔྱོད་ཀྱི་སྒོས་བསྒྲིབས་པས་མ་སྨོས། གཉིས་པར་དགའ་བའི་ཀུན་ནས་དཀྲིས་པས་རང་མིང་གིས་མ་སྨོས། གསུམ་པར་དེ་དང་བྲལ་བས་རང་མིང་གིས་སྨོས་པར་བཤད་པས་རྫས་བཅུ་གཅིག་མེད་དོ། །ཅིའི་ཕྱིར་བསམ་གཏན་གསུམ་པ་ན་ཡོད་པའི་བདེ་བ་རྫས་གཞན་དུ་བརྗོད་ཅེ་ན། འདི་ལྟར། དེའི་བདེ་བ་ནི་ཚོར་བ་ཡིན་ལ། བསམ་གཏན་དང་པོ་གཉིས་པ་ན་ནི་ཤིན་ཏུ་སྦྱངས་པ་ལ་བདེ་བ་ཞེས་བཤད་དོ། །སྙོམས་པར་འཇུག་པའི་བསམ་གཏན་གཉིས་ན་བདེ་བའི་དབང་བོ་མི་ལྡན་པའི་ཕྱིར་ཏེ། དེ་གཉིས་དེ་ལུས་ཀྱི་ཡིན་པར་ནི་མི་རུང་སྟེ། སྙོམས་པར་ཞུགས་པ་ལ་རྣམ་པར་ཤེས་པ་ཚོགས་ལྔ་མེད་པའི་ཕྱིར་རོ། །སེམས་ཀྱི་ཡང་མིན་ཏེ་དགའ་ཞེས་འབྱུང་བའི་ཕྱིར་རོ། །དགའ་བ་ནི་བདེ་བ་ཡིན་ན་དེ་གཉིས་གཅིག་ཅར་འབྱུང་བ་ནི་མེད་དོ། །ཞེས་རང་འགྲེལ་དུའོ། །ཆ་ཤས་སམ་རོ་དུ་མ་ཚོགས་པ་ལ་ཡན་ལག་རྣམ་པར་འཇོག་ནུས་པ་ཡིན་པ་ལ་གཟུགས་མེད་པ་བཞི་པོ་རྣམས་ན་ནི་ཐམས་ཅད་ཀྱང་ཞི་གནས་སུ་རོ་གཅིག་པ་ཉིད་ཀྱི་ཕྱིར་ཡན་ལག་མི་འདྲ་བ་རྣམ་པར་གཞག་པ་ནི་མེད་དོ། །འོན་ཀྱང་དེ་དག་དམིགས་པ་ཐ་དད་ལས་འཇོག་སྟེ། ནམ་མཁའ་མཐའ་ཡས་སོ་རྣམ་ཤེས་མཐའ་ཡས་སོ་ཅི་ཡང་མེད་དོ་འདུ་ཤེས་གསལ་བ་ནི་མེད་ཅིང་མི་གསལ་བ་ནི་མེད་པ་ཡང་མིན་ནོ་ཞེས་འཇུག་པས་སོ། །ཞེས་གསུངས་སོ། །

བཞི་བ་ཉེར་བསྡོགས་བཤད་པ།

བཞི་བ་ཉེར་བསྡོགས་བཤད་པ་ལ།

ཀུན་བཏུས་ས་འགྲེལ་ལས། སྙོམས་པར་འཇུག་པ་རྣམ་པར་གཞག་པས་ཇི་ལྟ་བུ་ཞེ་ན། ཡིད་ལ་བྱེད་པ་བདུན་གྱི་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་འདྲེན་ཅིང་ཐ་མས་དངོས་གཞི་ལ་འཇུག་པའི་ཚུལ་གྱིས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་སྟེ། དང་པོ་ལ་ཇི་ལྟ་བར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་ཡང་དེ་བཞིན་དུ་ཉེར་བསྡོགས་དྲུག་དྲུག་དངོས་གཞི་རེ་རེ་སྟེ་བདུན་བདུན་གྱིས་སྙོམས་པར་འཇུག་པ་ཡིན་ནོ། །ཡིད་ལ་བྱེད་པ་བདུན་གང་ཞེ་ན། མཉམ་པར་གཞག་པའི་ས་བའི་ཡིད་ལ་བྱེད་པས་འདོད་པའི་ས་ནི་སྡུག་བསྔལ་དྲག་པ་དང་ཚེ་ཐུང་བ་དང་ཉོན་མོངས་པ་མང་བ་ལ་སོགས་པས་སྐྱོན་དང་བཅས་པར་རགས་པ་དང༌། བསམ་གཏན་དང་པོ་ན་དེ་དག་མེད་པས་ཡོན་ཏན་དང་བཅས་པ་ཞི་པའོ་ཞེས་པ་གོང་འོག་གི་ཞི་རགས་ཀྱི་མཚན་ཉིད་རབ་ཏུ་རིག་ཅིང་རྟོགས་པ་ཐོས་བསམ་དང་འདྲེས་པའི་ཡིད་ལ་བྱེད་པ་དང༌། དེའི་འོག་ཏུ་ཐོས་བསམ་ལས་འདས་ནས་མཐའ་གཅིག་སྒོམ་པའི་རྣམ་པས་ཞི་རགས་ཀྱི་མཚན་མ་ལ་དམིགས་ཏེ་ཞི་གནས་ལྷག་མཐོང་ཡང་དང་ཡང་དུ་གོམས་པར་བྱེད་པ་མོས་པ་ལས་བྱུང་བ་དང༌། དེ་གོམས་པ་ལས་འདོད་པའི་ཉོན་མོངས་པ་ཆེན་པོ་གསུམ་སྤངས་ཏེ་དེ་དག་གི་གནས་ངན་ལེན་དང་བྲལ་བ་རབ་ཏུ་དབེན་པ་ལས་བྱུང་བ་དང༌། དེ་ལྟར་སྤང་བ་ལ་དགའ་ཞིང་ཉོན་མོངས་ཆེན་པོས་དབེན་པའི་དགའ་བདེ་ཆུང་ངུས་རེག་ནས། རྨུགས་གཉིད་རྒོད་གསུམ་དང་བྲལ་བ་ལ་རབ་ཏུ་དགའ་བར་བྱེད་པས་འདོད་པའི་ཉོན་མོངས་པ་འབྲིང་བོ་གསུམ་སྤོང་བ་དགའ་བ་སྡུད་པ་དང༌། རྒྱུ་དེ་དག་གིས་འདོད་པའི་ཉོན་མོངས་པ་མངོན་གྱུར་མ་བྱུང་བ་ལ། དེ་དག་ཟད་པར་སྤངས་མ་སྤངས་བརྟག་པའི་ཆེད་དུ་སྡུག་པའི་མཚན་མ་ཡིད་ལ་བྱེད་པས་སོ་སོར་རྟོག་པ་དཔྱོད་པ་དང༌། དེ་ལྟར་དཔྱད་པས་ཆུང་ངུ་གསུམ་མ་སྤངས་པར་ཤེས་ནས་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་སྤོང་བའི་ཕྱིར་རོ། །གཉེན་པོ་མཐར་ཐུག་ཡིད་ལ་བྱེད་པ་སྦྱོར་བའི་མཐའ་དང༌། དེ་ལྟར་འདོད་པའི་སྐྱོན་ཐམས་ཅད་སྤངས་པ་ལས་བསམ་གཏན་དང་པོའི་དངོས་གཞི་ཐོབ་པ་སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པའོ། །དང་པོ་དྲུག་ནི་ཁམས་གསུམ་གྱི་ཉོན་མོངས་པ་སྤོང་བའི་ལམ་གྱི་རྟེན་བྱེད་མི་ནུས་པ་མེད་པས་ན་ཉེར་བསྡོགས་མི་ལྕོགས་པ་མེད་པ་ཞེས་བྱ་ཞིང༌། དེ་རྣམས་ཀྱང་སྒོམ་རིམ་དུ། རྟོག་དཔྱོད་གཉིས་དང་བཏང་སྙོམས་དང་རྩེ་གཅིག་པ་སྟེ་ཡན་ལག་བཞི་ལྡན་དུའང་གསུངས་སོ། །དེ་བཞིན་བསམ་གཏན་གཉིས་པ་ནས་སྲིད་རྩེའི་བར་གོང་འོག་གི་ཁྱད་པར་ཡོངས་སུ་ཤེས་ནས་བླང་དོར་བྱ་བར་འདོད་པ་མཚན་ཉིད་རབ་ཏུ་རིག་པ་དང༌། ཡང་དག་པའི་སྦྱོར་བ་སྒོམ་པ་མོས་པ་ལས་བྱུང་བ་དང༌། འོག་མའི་ཉོན་མོངས་ཆེན་པོ་གསུམ་སྤོང་བ་རབ་ཏུ་དབེན་པ་དང༌། འབྲིང་བོ་གསུམ་སྤོང་བ་དགའ་བ་སྡུད་པ་དང༌། ཐོབ་པར་མངོན་པའི་ང་རྒྱལ་མེད་པ་དཔྱོད་པ་དང༌། ཆུང་ངུ་གསུམ་ཡང་སྤོང་པ་སྦྱོར་བའི་མཐའ་དང༌། གོང་མའི་དངོས་གཞི་ཐོབ་པ་སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པ་སྟེ་བདུན་བདུན་གྱིས་སྙོམས་པར་འཇུག་གོ །ཞེས་གསུངས་པས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཉ་ཊཱིཀ་ལས། མཛོད་དུ། བསམ་གཏན་དག་ནི་རྣམ་གཉིས་བཞི། །ཞེས་སྙོམས་འཇུག་གི་བསམ་གཏན་ནམ་རྒྱུའི་བསམ་གཏན། སྐྱེ་བའམ་འབྲས་བུའི་བསམ་གཏན་གཉིས་ཡིན་ལ། གཉིས་པོ་དེ་ལ་དང་པོ་ནས་བཞི་བའི་བར་བཞི་བཞིའོ། །དེའི་གཉིས་པ་ནི། མཛོད་དུ། དེར་སོ་སོ་ཡི། །བསམ་གཏན་ས་ནི་གསུམ་པ་ཡིན། །བཞི་བ་ས་ནི་བརྒྱད་པ་ཡིན། །ཞེས་སོ། །གཉིས་ཀྱི་དང་པོ་བཤད་ན་བཞི་ལས། དང་པོ་ལ། མཚན་ཉིད་ནི། སྙོམས་འཇུག་གི་བསམ་གཏན་གང་ཞིག རྟོག་པའམ་དཔྱོད་པའི་ས་བ་ཡིན་པའོ། །དེ་ཡང་ཉོན་མོངས་ཅན་རྣམས་ཀྱང་བསམ་གཏན་ཡིན་པའི་དབང་དུ་བྱས་པའོ། །ཞེས་དང༌། ཡང་ན་རྒྱུ་སྙོམས་འཇུག་གི་བསམ་གཏན་དང༌། སྙོམས་འཇུག་གི་བསམ་གཏན་གཉིས་སུ་འབྱེད་དགོས་པར་མངོན་ཏེ། དང་པོའི་ཁྱད་པར་ཅན་ལ་ཟག་མེད་དག་པ་རོ་མྱང་ཅན་གསུམ་ཡོད་པར་རྩ་བར་བཤད་དོ། །རོ་མྱང་ཅན་རྒྱུ་སྙོམས་འཇུག་གི་བསམ་གཏན་མིན་ཏེ། དགེ་བ་མིན་པའི་ཕྱིར། མཛོད་ལས། སྙོམས་འཇུག་དགེ་བ་རྩེ་གཅིག་པ། ཞེས་དང༌། རོ་མྱང་ཅན་སོགས་གཅོད་པ་ལ་དགེ་བ་ཞེས་སྨོས་ཞེས་པའི་ཕྱིར་དང༌། ཞེས་སོགས་ཀྱི་རོ་མྱང་ཅན་ནམ་སྙོམས་འཇུག་ཉོན་མོངས་ཅན་སྙོམས་འཇུག་ཡིན་མིན་དང༌། དངོས་གཞི་སྙོམས་འཇུག་མཚན་ཉིད་པ་ཡིན་ན་རྒྱུ་སྙོམས་འཇུག་ཡིན་པས་ཁྱབ་པ་ཡོད་མེད་དཔྱད། ཉ་ཊཱིཀ་ཏུ་བསམ་གཏན་དང་པོ་གཉིས་ཀྱི་སྙོམས་འཇུག་གི་མཚན་ཉིད་ལ་རྒྱུ་སྙོམས་འཇུག་ཅེས་མ་སྦྱར་ལ་ཕྱི་མ་གཉིས་ལ་སྦྱར་བའི་རྒྱུ་མཚན་ལ་ཞིབ་དུ་དཔྱད་པར་བྱའོ། །ཡང་མདོ་ལུགས་མ་ལས། དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ། །ཞེས་བརྗོད་པ་སྟེ་དགའ་བ་མེད་པའི་བསམ་གཏན་གསུམ་པ་དང༌། ཞེས་གསུངས་པ་ལྟར་བསམ་གཏན་གསུམ་པའི་ཡན་ལག་གི་བདེ་བ་ལུས་ཚོར་བཞག་ན་བསམ་གཏན་གྱི་ཡན་ལག་ལ་བསམ་གཏན་རང་དང་མཚུངས་ལྡན་མི་དགོས་པར་འགྱུར་བས་ན་བརྟག་པར་བྱའོ། །ཡང་ཉ་ཊཱིཀ་ལས།རྒྱུ་ནམ་མཁའ་མཐའ་ཡས་ཀྱི་སྙོམས་འཇུག་གི་མཚན་ཉིད། རྒྱུ་གཟུགས་མེད་ཀྱི་སྙོམས་འཇུག་གང་ཞིག གཟུགས་ཀྱི་འདུ་ཤེས་བཤིག་སྟེ་ནམ་མཁའ་མཐའ་ཡས་སོ་ཞེས་དམིགས་ཤིང་མོས་པ། ཞེས་ནམ་མཁའ་མཐའ་ཡས་ཀྱི་སྙོམས་འཇུག་ཡིན་ན་ནམ་མཁའ་མཐའ་ཡས་སོ་ཞེས་མོས་པས་ཁྱབ་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། བར་ཆད་མེད་ལམ་གྱི་སེམས་རྟེན་དུ་གྱུར་པའི་ནམ་མཁའ་མཐའ་ཡས་ཀྱི་སྙོམས་འཇུག་ཆོས་ཅན། དེར་ཐལ། དེའི་ཕྱིར་ཟེར་ན་ཅུང་ཟད་དཔྱད་རྒྱུར་སྣང་ངོ༌། །ཡང་གཟུགས་མེད་དངོས་གཞིའི་སྙོམས་འཇུག་ལ་ཡན་ལག་མེད་པར་ཐལ། ཉ་ཊཱིཀ་ལས། གཟུགས་མེད་རྣམས་ཡན་ལག་མི་འདྲ་བས་འདའ་བ་མིན་ཏེ། ཐམས་ཅད་ཡན་ལག་བཏང་སྙོམས་དང་རྩེ་གཅིག་པར་འདྲ་བས་སོ། །ཞེས་དང༌། ཀུན་བཏུས་ལས། གཟུགས་མེད་པ་རྣམས་ནི་ཞི་གནས་སུ་རོ་གཅིག་པའི་ཕྱིར་ཡན་ལག་རྣམ་པར་བཞག་པ་མེད་དོ། །ཞེས་དང༌། ཉ་ཊཱིཀ་མཆན་ལས། ཀུན་བཏུས་དང་ཐུབ་དགོངས་སུ་གཟུགས་མེད་ལ་ཡན་ལག་མེད་པར་བཤད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་ལ་ཆ་ཤས་དང༌། ཚོར་བ་བཏང་སྙོམས་མེད་པར་ཐལ། དེ་ལ་ཡན་ལག་མེད་པའི་ཕྱིར། ཁྱབ་སྟེ། ཀུན་བཏུས་ས་འགྲེལ་ལས། ཡན་ལག་གམ་ཆ་ཤས་རྣམ་པར་གཞག་པ། ཞེས་དང༌། བསམ་གཏན་བཞི་བའི་དངོས་གཞིའི་ཡན་ལག་ལ་ཚོར་བ་བཏང་སྙོམས་བཞག་པ་དང་དེ་འདྲ་དགོས་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་འོག་ས་ལ་ཆགས་བྲལ་མ་བྱས་པར་གོང་མའི་དངོས་གཞི་ཐོབ་པ་ཡོད་པར་ཐལ། ཀུན་བཏུས་ས་འགྲེལ་ལས། ཁ་ཅིག་འོག་ས་ལས་འདོད་ཆགས་དང་མ་བྲལ་བར་གོང་མའི་དངོས་གཞི་ཐོབ་པ་ནི་མི་རིགས་སོ་ཞེས་ཀྱང་གསུངས་མོད། བྱིས་པ་ལ་དེ་ལྟར་ཡིན་ཡང་འཕགས་པ་ལ་བསམ་གྱིས་མི་ཁྱབ་བོ། །ཡང་ན་མཛོད་འགྲེལ་དུ་སྔར་སྲིད་རྩེའི་སེམས་ཐོབ་པ་ལས་ཉམས་ནས་གཟུགས་ཁམས་སུ་སྐྱེས་པ་ཞིག་གིས་སླར་ཡང་བསྐྱེད་དེ་སྙོམས་པར་འཇུག་པར་གསུངས་པ་ལྟར་རོ། །ཞེས་དང༌། ཉ་ཊཱིཀ་སྐབས་བཞི་བ་ལས། ཅི་ཡང་མེད་ལས་ཆགས་བྲལ་གཟུགས་སུ་སྐྱེ་བར་འགལ་ཞེ་ན། ཉན་ཐོས་ལྟར་ན། མ་ཉམས་ན་མི་སྐྱེ་ཡང་ཉམས་ན་གཟུགས་སུ་སྐྱེས་ནས་དེར་སྲིད་རྩེའི་སེམས་བསྒྲུབས་ནས་འཇུག་གོ །ཐེག་ཆེན་ལྟར་ན། བསམ་གཏན་དང་གཟུགས་མེད་ཀྱི་སེམས་ཐོབ་ལ་མ་ཉམས་བཞིན་དུ་རིམ་བཞིན་འདོད་པ་དང་གཟུགས་སུ་སྐྱེ་བས་སྐྱོན་མེད་དོ། །ཀུན་བཏུས་འགྲེལ་བར། མུ་བཞི་བཤད་དེ། མི་ལྕོགས་མེད་ལ་བརྟེན་ནས་གཟུགས་ལ་ཆགས་བྲལ་ནི། གཟུགས་ལ་ཆགས་བྲལ་ཡིན་ལ་གཟུགས་མེད་ལ་འཇུག་མི་ནུས་པའི་མུ། བསམ་གཏན་བཞི་བ་ཐོབ་པའི་འཕགས་པ་གཟུགས་མེད་པར་སྐྱེ་བ་དོན་དུ་མི་གཉེར་ལ་སྤོང་བའི་ལམ་བསལ་ནས་ཁྱད་པར་ཅན་གྱི་ལམ་ལ་གནས་ཏེ་གཟུགས་མེད་པར་འཇུག་པ་གཟུགས་མེད་ལ་འཇུག་ལ་གཟུགས་ལ་ཆགས་བྲལ་མིན་པའི་མུ། དེ་ཉིད་འདོད་ཆགས་དང་བྲལ་བ་དོན་དུ་གཉེར་ཞིང་སྤོང་ལམ་ལ་གནས་ཏེ་གཟུགས་མེད་ལ་འཇུག་པ་གཉིས་ཀ་ཡིན་པ། དེ་དག་མ་གཏོགས་པ་མུ་བཞི་བ། ཞེས་སོ། །ས་འོག་མ་ལ་འདོད་ཆགས་དང་མ་བྲལ་བར་གོང་མའི་དངོས་གཞི་ཐོབ་པར་འདོད་པ་མངོན་པའི་སྤྱི་གཞུང་དང་མི་མཐུན་གསུང་ངོ༌། །མངོན་པ་གོང་འོག་གི་ཆོས་སྐད་དང་མི་མཐུན་ལ། དཔལ་ཆོས་གྲགས་ཀྱི་ལུགས་ལ་ཤིན་ཏུ་རུང་སྟེ། གཟུགས་མེད་ཀྱི་སོ་སྐྱེ་ཐམས་ཅད་ཡང་དེ་ཡིན་ཏེ། གལ་ཏེ་དེ་གཟུགས་ལ་ཆགས་པ་དང་བྲལ་ན། སླར་ཡང་གཟུགས་ཀྱི་སོ་སྐྱེར་སྐྱེ་མི་སྲིད་པར་འགྱུར་བ་ལས་ཤིན་ཏུ་ཡང་སྲིད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་མི་འཐད་དེ། ཉ་ཊཱིཀ་ལས། མ་ཉམས་ན་གནས་གཙང་མ་ལྔར་སྐྱེ་མོད། དང་པོའི་རོ་མྱངས་པས་གོང་མ་གསུམ་ལས་ཉམས་ཤིང་འདོད་པར་ཚེ་འཕོས་ཏེ་ཚངས་རིས་སུ་སྐྱེས། ཞེས་དང༌། ལྷན་ཐབས་འོད་བརྒྱ་འབར་བ་ལས། བྱམས་སོགས་བསྒོམ་པ་ཙམ་གྱིས་འདོད་པ་ལ་ཆགས་བྲལ་མི་ནུས་པས། ཚངས་པར་སྐྱེ་བ་མི་འཐད་གཞུང་རྣམས་ལས་དེར་སྐྱེ་བར་གསུངས་པ་ནི། བསམ་གཏན་དང་པོའི་ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་གྱིས་འདོད་པ་ལ་ཆགས་བྲལ་བྱས་པའི་འོག་ཏུ་ཉེར་བསྡོགས་ཉིད་ལ་བརྟེན་པའམ་བསམ་གཏན་དངོས་གཞི་བསྒྲུབས་ཏེ་དེ་ལ་བརྟེན་ནས་ཚད་མེད་བཞི་བསྒོམས་པའི་འབྲས་བུ་ཚངས་པར་སྐྱེ་བའོ་སྙམ་ན། དེ་འདྲ་གཞུང་གི་དགོངས་པ་མ་ཡིན་ཏེ། ཚད་མེད་བཞི་མེད་ཀྱང་ཉེར་བསྡོགས་རྫོགས་པར་ཐོབ་ལ་མ་ཉམས་པ་ཡོད་ན་ཚངས་པར་སྐྱེ་ངེས་པའི་ཕྱིར། ཚད་མེད་བཞི་སྨོས་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །དེས་ན་འདོད་ཡོན་མ་སྤངས་བསམ་གཏན་དང་པོའི་ཏིང་ངེ་འཛིན་རྒྱུད་ལ་མ་སྐྱེས་པར་ཚངས་གནས་སུ་སྐྱེ་བ་མིན་ཡང༌། འདོད་པའི་ཏིང་ངེ་འཛིན་ལ་བརྟེན་ནས་ཚད་མེད་བཞི་བསྒོམས་པས། འདོད་ཉོན་སྲབས་ཏེ། ཚད་མེད་བཞི་པོ་ཉིད་ཉེར་བསྡོགས་སུ་འགྱུར་ཏེ་དེ་ལས་དངོས་གཞི་སྐྱེ་ལ།འབྲས་བུ་རྒྱུའི་རྗེས་སུ་འཇུག་པ་ཉིད་ཀྱི་ཕྱིར། དངོས་གཞི་ཡང་ཚད་མེད་དང་མཚུངས་པར་ལྡན་པ་ཁོ་ན་འབྱུང་ངོ༌། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །

གཉིས་པ་ཚད་མེད་བཞི་བཤད་པ།

གཉིས་པ་ཚད་མེད་བཞི་བཤད་པ་ལ།

སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ལ། རྐྱེན་དང༌། ངོ་བོ་དང༌། ཕན་ཡོན་དང་གསུམ། དང་པོ་རྐྱེན་ལས་འགྲུབ་ཚུལ་ནི། བདེ་དང་སྡུག་བསྔལ་དེ་རྒྱུ་ལས། །བྱང་ཆུབ་སེམས་དཔའི་སྙིང་རྗེ་སྟེ། །རྒྱུ་དང་བཤེས་གཉེན་རང་བཞིན་ལས། །བྱང་ཆུབ་སེམས་དཔའི་སྙིང་རྗེའོ། །ཞེས་དམིགས་པའི་རྐྱེན་ནི་བདེ༷་བའི་ཚོར་བ་སྐད་ཅིག་གིས་འགྱུར་བའི་སྡུག་བསྔལ་ད༷ང་སྡུག་བསྔལ་གྱི་ཚོར་བ་སྡུག་བསྔལ་གྱི་སྡུ༷ག་བསྔ༷ལ་དང༌། དེ༷་གཉིས་ཀྱི་རྒྱུ༷་བཏང་སྙོམས་ཀྱི་ཚོར་བ་ནི་བདེ་སྡུག་གི་གནས་ངན་ལེན་མ་སྤངས་པས་དེ་དག་འདྲེན་པར་བྱེད་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ། སྡུག་བསྔལ་གསུམ་ལ་སྤྱོད་པའི་སེམས་ཅན་རྣམས་ལ་དམིགས་ནས་བྱ༷ང་ཆུ༷བ་སེ༷མས་དཔ༷འི་སྙི༷ང་རྗེ༷་སྐྱེ་བ་སྟེ༷། རྒྱུ༷འི་རྐྱེན་ནི་ཀུན་གཞིའི་རྣམ་ཤེས་ལ་སྙིང་རྗེའི་ས་བོན་བག་ཆགས་ཡོད་པ་ད༷ང༌། བདག་རྐྱེན་ནི་གྲོགས་ཐེག་པ་ཆེན་པོའི་དགེ་བའི་བཤེ༷ས་གཉེ༷ན་བསྟེན་པ་དང༌། དེ་མ་ཐག་རྐྱེན་ནི་སྙིང་རྗེའི་ར༷ང་བཞི༷ན་གྱི་སེམས་སྔ་མ་འགགས་མ་ཐག་པ་ཡིན་ལ། རྐྱེན་བཞི་པོ་དེ་རྣམས་ལ༷ས་བྱ༷ང་ཆུ༷བ་སེ༷མས་དཔ༷འི་སྙི༷ང་རྗེ༷་ཆེན་པོ་སྐྱེ་བའོ༷། །གཉིས་པ་ངོ་བོ་ལ་མཚན་ཉིད། མཚོན་བྱ། མཚན་གཞིའོ། །དང་པོ་ནི། ཉ་ཊཱིཀ་ལས། བརྟན་པའི་ཚངས་པའི་མི་མཐུན་སྤངས། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །དམིགས་པ་རྣམ་པ་གསུམ་ལ་འཇུག །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །ཅེས་གནོད་སེམས་སོགས་མི་མཐུན་ཕྱོགས་སྤངས་པ། གཉེན་པོ་མི་རྟོག་ཡེ་ཤེས་དང་ལྡན་པ། དམིགས་པ་སེམས་ཅན་དང་ཆོས་དང་དམིགས་པ་མེད་པ་ལ་འཇུག་པ། བྱེད་ལས་སེམས་ཅན་སྨིན་པར་བྱེད་པ་ནི་ཐེག་ཆེན་གྱི་ཚད་མེད་སྤྱིའི་མཚན་ཉིད་དོ། །བྱེ་བྲག་ཏུ་ཐེག་ཆེན་གྱི་བྱམས་པ་ཚད་མེད་པ་སོགས་བཞིའི་རིམ་བཞིན་དུ། རང་གི་བདག་རྐྱེན་བསམ་གཏན་ལ་བརྟེན་ནས་སེམས་ཅན་ཚད་མེད་པ་བདེ་བ་དང་ཕྲད་པར་འདོད་པའི་ཏིང་ངེ་འཛིན་དང་ཤེས་རབ་གང་རུང་དང་མཚུངས་ལྡན་གྱི་བློ། སེམས་ཅན་ཚད་མེད་པ་སྡུག་བསྔལ་དང་བྲལ་བར་འདོད་པའི་ཏིང་ངེ་འཛིན་དང་ཤེས་རབ་གང་རུང་དང་མཚུངས་ལྡན་གྱི་བློ། སེམས་ཅན་ཚད་མེད་པ་བདེ་བ་དང་མི་འབྲལ་བར་འདོད་པའི་ཏིང་ངེ་འཛིན་དང་ཤེས་རབ་གང་རུང་དང་མཚུངས་ལྡན་གྱི་བློ།སེམས་ཅན་ཚད་མེད་པ་ཆགས་སྡང་གི་ཉོན་མོངས་པ་མེད་པར་འདོད་པའི་ཏིང་ངེ་འཛིན་དང་ཤེས་རབ་གང་རུང་དང་མཚུངས་ལྡན་གྱི་བློའོ། །སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཞེས་སོགས་ལྟར་རོ། །དག་ཟླ་ཐུབ་གསུམ་དང་མདོ་རྒྱན་བཤད་སྦྱར་དུ་བཏང་སྙོམས་ནི་སེམས་ཅན་རྣམས་རྗེས་ཆགས་ཁོང་ཁྲོ་མེད་པར་སྨོན་པ་ལ་བཤད་གཞན་དུ་རང་ཉིད་སེམས་ཅན་ལ་ཉེ་རིང་ཆགས་སྡང་མེད་པར་སྙོམས་པ་ལ་བཤད་དོ། །ཞེས་གསུངས་སོ། ། གཉིས་པ་ནི། ཉ་ཊཱིཀ་ལས། ལྷ་ཚངས་པར་སྐྱེ་བའི་རྒྱུ་ཡིན་པས་ཚངས་པའི་གནས་དང༌། གནོད་འཇོམས་གཉིས་སུ། སེམས་ཅན་ཚད་མེད་པ་ལ་དམིགས་ཚོགས་ཚད་མེད་པའི་རྒྱུར་གྱུར་སྟོབས་བཅུ་སོགས་སངས་རྒྱས་ཀྱི་ཆོས་ཚད་མེད་པ་ཐོབ་པའི་རྒྱུར་གྱུར་པ་དང༌། ཡེ་ཤེས་ཚད་མེད་པའི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར་ཚད་མེད་ཅེས་བྱས་སོ། །ཞེས་དང༌། མདོ་ལུགས་མ་ལས། སེམས་ཅན་ཚད་མེད་པ་ལ་དམིགས་པ་དང༌། ཚོགས་ཚད་མེད་པའི་རྒྱུ་དང་ཆོས་ཚད་མེད་པ་འཐོབ་པའི་རྒྱུ་དང༌། ཡེ་ཤེས་ཚད་མེད་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་ཚད་མེད་པའོ། །ཞེས་གསུངས་སོ། །

སྤྱི་དང་བྱེ་བྲག་གི་དབྱེ་བ་གཉིས་སོ།

གསུམ་པ་ལ། སྤྱི་དང་བྱེ་བྲག་གི་དབྱེ་བ་གཉིས་སོ།

།དང་པོ་ལ། དམིགས་ཡུལ། ས་མཚམས། བསམ་པའི་སྒོ་ནས་དབྱེ་བའོ། །དང་པོ་ནི། དམིགས་པ་སེམས་ཅན་དང༌། ཆོས་དང༌། དམིགས་པ་མེད་པ་ལ་འཇུག་པ་གསུམ་མོ། །གཉིས་པ་ནི། བློ་གྲོས་མི་ཟད་པའི་མདོའི་དོན་གནོད་འཇོམས་གཉིས་སོགས་སུ་མོས་སྤྱོད་ཀྱི་ས་ལ་སེམས་ཅན་ལ་དམིགས་པ། ས་དང་པོ་ནས་བདུན་པའི་བར་ལ་ཆོས་དེ་བཞིན་ཉིད་ལ་དམིགས་པ། ས་བརྒྱད་པ་ཡན་ནི་དམིགས་མེད་དོ་ཞེས་སོ། །སོ་སྐྱེའི་སེམས་ཅན་ལ། ཉན་རང་འཕགས་པའི་ཆོས་ལ། ཐེག་ཆེན་འཕགས་པའི་དམིགས་མེད་དུ་ཆོས་མཆོག་ཏུ་བཤད་དོ། །ཞེས་ཉ་ཊཱིཀ་ལས་སོ། །གསུམ་པ་ནི། ཀྱེ་མ་སེམས་ཅན་བདེ་བ་དང་ལྡན་ན་རེ་དགའ། ལྡན་པར་གྱུར་ཅིགལྡན་པར་བྱའོ་སྙམ་པ་སོགས་ཡི་རང་སྨོན་ལམ་གོ་ཆའི་ངོ་བོ་གསུམ་གསུམ་མོ། །གཉིས་པ་ནི།གནོད་འཇོམས་ཆེ་བ་ལས། བྱམས་པ་གསུམ་སྟེ། མོས་སྤྱོད་དུ་སེམས་ཅན་ལ། ས་བདུན་པའི་བར་དེ་བཞིན་ཉིད་ལ། བརྒྱད་པ་ཡན་དམིགས་མེད་ལའོ། །སྙིང་རྗེ་གསུམ། སེམས་ཅན་སྡུག་བསྔལ་ཅན། ཉེས་སྤྱོད་མང་བ། རྐྱེན་མི་ལྡན་པས་རྣམ་པར་མ་གྲོལ་བའི་སེམས་ཅན་ལ་དམིགས་སོ། །དགའ་བ་གསུམ། བདེ་བའི་སེམས་ཅན། བདག་གི་ཚོགས་རྫོགས་པ།དམ་པའི་ཆོས་ཀྱི་རོ་མྱང་བ་ལ་དམིགས་པའོ། །བཏང་སྙོམས་གསུམ་ནི། སེམས་ཅན་གྱི་དོན་དཔྱད་པ་ལ་སྐལ་བ་ཡོད་མེད་ལ། རྙེད་མ་རྙེད་སོགས་འཇིག་རྟེན་གྱི་ཆོས་བརྒྱད་སོགས་ལ་མཉམ་པ་ཉིད་དུ་ཚོགས་རྫོགས་པར་བྱ་བ་ལ་དུས་དང་དུས་མ་ཡིན་པ་ལ་དམིགས་པའོ། །ཞེས་དང༌། མདོ་ལུགས་མ་ལས། དེ་ལ་བྱམས་པ་ནི་གསུམ་སྟེ་མོས་སྤྱོད་ཀྱི་ས་ལ་སེམས་ཅན་ལ་དམིགས་པའོ། །ས་བདུན་པའི་བར་ལ་དེ་བཞིན་ཉིད་ལ་དམིགས་པའོ། །ས་བརྒྱད་པ་ཡན་ཆད་ནི་དམིགས་པ་མེད་པའོ། །སྙིང་རྗེ་ཡང་གསུམ་སྟེ། སེམས་ཅན་སྡུག་བསྔལ་བ་ལ་དམིགས་པ་དང་ཉེས་པར་སྤྱོད་པ་མང་བའི་སེམས་ཅན་ལ་དམིགས་པ་དང༌། རྐྱེན་དང་མི་ལྡན་པར་རྣམ་པར་གྲོལ་བའི་སེམས་ཅན་ལ་དམིགས་པའོ། །དགའ་བ་ཡང་གསུམ་སྟེ།བདེ་བའི་སེམས་ཅན་ལ་དམིགས་པ་དང༌། བདག་གི་ཚོགས་རྫོགས་པ་ལ་དམིགས་པ་དང༌། དམ་པའི་ཆོས་ཀྱི་རོ་མྱང་བ་ལ་དམིགས་པའོ། །བཏང་སྙོམས་ཀྱང་གསུམ་སྟེ། སེམས་ཅན་གྱི་དོན་དཔྱད་པ་ལ་སྐལ་པ་ཡོད་པ་དང་མེད་པ་ལ་དམིགས་པ་དང༌། རྙེད་མ་རྙེད་ལ་སོགས་འཇིག་རྟེན་གྱི་ཆོས་ལ་མཉམ་ཉིད་དུ་དམིགས་པ་དང༌། ཚོགས་ཡོངས་སུ་རྫོགས་པར་བྱ་བ་ལ་དུས་དང་དུས་མ་ཡིན་པ་ལ་དམིགས་པའོ། །ཞེས་གསུངས་སོ། ། གསུམ་པ་ཕན་ཡོན་ལ། མ་བསྒོམས་པའི་ཉེས་དམིགས། བསྒོམས་པའི་ཕན་ཡོན་ནོ། །དང་པོ་ནི། ཉོན་མོངས་རྣམས་ཀྱིས་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། །ཉམས་བཅས་རྙེད་པ་དམན་ཞིང་བསྲུང་དང་དེ་བཞིན་སྟོན་པས་སྨད། །རྩོད་བཅས་མི་སྙན་དེ་ནི་གཞན་དུ་མི་ཁོམ་རྣམས་སུ་སྐྱེ། །ཐོབ་དང་མ་ཐོབ་ཉམས་པས་ཡིད་ལ་སྡུག་བསྔལ་ཆེན་པོ་འཐོབ། །ཅེས་གནོད་སེམས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་ཚེ་འདིར་སྡིག་པ་དང་ཕྱི་མར་སྡུག་བསྔལ་ལ་སྦྱོར་བས་བདག་ཉིད་འཇོམས་ལ། ཕ་རོལ་པོའི་སྲོག་དང་ལོངས་སྤྱོད་ལ་གནོད་པར་བྱེད་པའི་སྒོ་ནས་སེམས་ཅན་གཞན་ཡང་འཇོམས་ཤིང༌། ཉོན་མོངས་པའི་དབང་གིས་སྲོག་གཅོད་དང་མ་བྱིན་ལེན་ལ་སོགས་པ་བྱས་ནས་ཚུལ་ཁྲིམས་འཇོམས་ཏེ་བདག་གཞན་གཉིས་ཀ་ལ་གནོད་པར་འགྱུར་བ་དང༌།ཚུལ་ཁྲིམས་ཉམས་ན་འགྱོད་ཅིང་གདུང་བ་སྐྱེད་པས་བདག་ཉིད་བདེ་བ་ལས་ཉམས་པ་དང་བཅས་པ་དང༌། གཞན་རྣམས་ཀྱང་མ་དད་ཅིང་བསོད་སྙོམས་འབུལ་བ་མེད་པས་རྙེད་པ་དམན་ཞིང་སྨོད་པར་འགྱུར་བ་དང༌། སྔར་སྲུང་བ་བྱེད་པའི་ལྷ་རྣམས་ཀྱིས་ཀྱང་སྨོད་ཅིང་མི་བསྲུང་བ་དང༌། དེ་བཞིན་དུ་སྟོན་པ་སངས་རྒྱས་ཀྱིས་ཀྱང་ཚུལ་ཁྲིམས་ཉམས་པ་ནི་རོ་དང་འདྲའོ་ཞེས་པ་ལ་སོགས་པས་སྨོད་ཅིང་རྗེས་སུ་འཛིན་པར་མི་འགྱུར་བ་དང༌། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཀྱང་ཆོས་ཉིད་ཀྱིས་རྣམ་པར་སྨོད་ཅིང་ཚུལ་ཁྲིམས་འཆལ་པ་དེ་དང་ལྷན་ཅིག་གནས་པར་མི་བྱའོ་ཞེས་རྩོད་པ་དང་བཅས་པར་འགྱུར་བ་དང༌། ཆེ་གེ་མོ་དེ་ནི་བསླབ་པ་ལས་ཉམས་ཤིང་སྡིག་པ་སྤྱོད་པའོ་ཞེས་ཕྱོགས་མཚམས་རྣམས་སུ་མི་སྙན་པ་འབྱུང་བ་དང༌། སྡིག་པ་བྱེད་པ་དེ་ནི་ཚེ་རབས་གཞན་དུ་ཡང་དམྱལ་བ་ལ་སོགས་པ་མི་ཁོམ་པའི་གནས་རྣམས་སུ་སྐྱེ་བ་དང༌། ཚེ་འདིར་ཡང་བྱམས་པ་ལ་སོགས་པ་ཐོབ་པ་ལས་ཉམས་ནས་ཁ་ན་མ་ཐོ་བ་འཕེལ་བ་དང༌། ཚེ་ཕྱི་མ་ལ་ཡང་མ་ཐོབ་པ་ཐོབ་པར་འགྱུར་བ་ལས་ཉམས་པས་ཡིད་ལ་ཡིད་ཤེས་ཀྱི་འཁོར་དུ་སྐྱེས་པའི་ཡིད་མི་བདེ་དང་དབང་ཤེས་ལྔའི་འཁོར་དུ་སྐྱེས་པའི་སྡུག་བསྔལ་ཆེན་པོ་འཐོབ་པ་སྟེ། དེ་རྣམས་ཀྱི་དང་པོ་གསུམ་ནི་རང་དང་གཞན་དང་གཉི་ག་ལ་གནོད་པའི་ཉེས་པ་དང༌། དེ་ནས་དྲུག་ནི་མཐོང་བའི་ཆོས་ཚེ་འདི་ལ་འབྱུང་བའི་ཉེས་པ་དང༌། མི་ཁོམ་པར་སྐྱེ་བ་ནི་ཚེ་ཕྱི་མ་ལ་འབྱུང་བ་དང༌། ཐོབ་པ་ལས་ཉམས་པ་ནི་འདི་ལས་འབྱུང་བ་དང༌། མ་ཐོབ་པ་ལས་ཉམས་པ་ནི་ཕྱི་མ་ལས་འབྱུང་བའི་ཉེས་པའོ། །གཉིས་པ་ནི། མདོ་སྡེ་རྒྱན་ལས། ཚངས་པའི་གནས་པས་གནས་པ་ཡི། །བློ་ལྡན་རྟག་ཏུ་འདོད་པར་སྐྱེ། །དེས་ནི་ཚོགས་རྣམས་རྫོགས་བྱེད་ཅིང༌། །སེམས་ཅན་རྣམས་ཀྱང་རྣམ་སྨིན་བྱེད། །ཅེས་རྒྱུ་ཕུན་སུམ་ཚོགས་པ་ཚངས་པའི་གནས་པ་ཚད་མེད་པ་བཞིས་གནས་པའི་བློ་དང་ལྡན་པ་རྣམས་ཀྱིས་རྟག་ཏུ་འབྲས་བུ་ཕུན་སུམ་ཚོགས་པ་ལྔ་ཐོབ་པར་འགྱུར་ཏེ།རྣམ་པར་སྨིན་པའི་འབྲས་བུ་ནི། གཙོ་ཆེར་གཟུགས་ཁམས་ཚངས་པའི་གནས་རྣམས་སུ་སྐྱེ་ཞིང་སྙིང་རྗེའི་དབང་གིས་གདུལ་བྱའི་དོན་དུ་འདོད་པའི་ཁམས་ལ་སོགས་གང་འདོད་པ་རྣམས་སུ་སྐྱེ་བ་དང༌། བདག་པོའི་འབྲས་བུ་ཡང་ཚད་མེད་པ་དེས་ནི་དམིགས་པ་དང་པོ་གསུམ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་དང༌། བཞི་པ་ལ་བརྟེན་ནས་ཡེ་ཤེས་ཀྱི་ཚོགས་ཏེ་ཚོགས་གཉིས་རྒྱ་ཆེན་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་ཅིང༌། སྐྱེས་བུ་བྱེད་པའི་འབྲས་བུ་ནི་གཞན་དོན་ལ་སྤྲོ་བའི་འབད་རྩོལ་ཆེན་པོའི་སྒོ་ནས་སེམས་ཅན་མང་པོ་རྣམས་ཀྱང་སྨིན་པར་བྱེད་པའོ། །དེ་བཞིན་དུ། དེ་ལས། ཀུན་ཏུ་ཚངས་དང་མི་འབྲལ་ལ། །དེ་ཡི་མི་མཐུན་ཕྱོགས་དང་བྲལ། །བག་མེད་གྱུར་ཀྱང་དེ་ཡི་རྐྱེན། །མི་བཟད་པས་ཀྱང་མི་འགྱུར་རོ། །ཞེས་རྒྱུ་མཐུན་པའི་འབྲས་བུ་ནི། རིགས་མཐུན་གོམས་པའི་དབང་གིས་ཚེ་རབས་ཀུན་ཏུ་ཚངས་པའི་གནས་བཞིས་གནས་པ་དང་མི་འབྲལ་བར་གྱུར་ལ། བྲལ་བའི་འབྲས་བུ་ནི། ཚད་མེད་པ་བཞི་པོ་དེའི་མི་མཐུན་པའི་ཕྱོགས་གནོད་སེམས་དང་རྣམ་འཚེ་དང་མི་དགའ་བ་དང་ཆགས་སྡང་རྣམས་དང་བྲལ་བ་ཐོབ་ཅིང༌། རྟགས་ཀྱི་ཁྱད་པར་ཡང་རེ་ཤིག་བག་མེད་པའི་དབང་གིས་བྱམས་པ་ལ་སོགས་པ་དེའི་མི་མཐུན་པའི་ཕྱོགས་མངོན་དུ་གྱུར་ཀྱང་བྱམས་སོགས་དེ་དག་ཉམས་པར་བྱེད་པའི་རྐྱེན་དགྲའི་གནོད་པ་དྲག་པོ་ལ་སོགས་པ་མི་བཟད་པ་བྱུང་བས་ཀྱང་ཚད་མེད་པ་རྣམས་སྒོམ་པ་ལས་ནམ་ཡང་ཉམས་པར་མི་འགྱུར་རོ་ཞེས་པའོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཐེག་ཆེན་གྱི་ཚད་མེད་ཡིན་ན་གཉེན་པོ་མི་རྟོག་དང་ལྡན་པས་ཁྱབ་སྟེ། ཉ་ཊཱིཀ་ལས། གནོད་སེམས་སོགས་མི་མཐུན་ཕྱོགས་སྤངས་པ། གཉེན་པོ་མི་རྟོག་ཡེ་ཤེས་དང་ལྡན་པ། དམིགས་པ་སེམས་ཅན་དང་ཆོས་དང་དམིགས་པ་མེད་པ་ལ་འཇུག་པ། བྱེད་ལས་སེམས་ཅན་སྨིན་པར་བྱེད་པ་ནི་ཐེག་ཆེན་གྱི་ཚད་མེད་སྤྱིའི་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། བྱང་སེམས་སྟོང་ཉིད་མ་རྟོགས་པའི་རྒྱུད་ཀྱི་ཚད་མེད་བཞི་ཆོས་ཅན། དེར་ཐལ། དེའི་ཕྱིར་ཟེར་ན་དཔྱད་དོ། །ཡང་བྱམས་པ་ཚད་མེད་སོགས་ཚད་མེད་ལ་རང་གི་བདག་རྐྱེན་བསམ་གཏན་ལ་བརྟེན་པས་ཁྱབ་པར་ཐལ། ཀུན་བཏུས་ལས། བསམ་གཏན་ལ་བརྟེན་ཏེ། སེམས་ཅན་རྣམས་ལ་བདེ་བ་དང་ཕྲད་པར་ཤོག་ཅིག་བསམ་པའི་གནས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང༌། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་པའི་ཆོས་རྣམས་སོ། །ཞེས་དང༌། ཉ་ཊཱིཀ་ལས། བྱེ་བྲག་ཏུ་ཐེག་ཆེན་གྱི་བྱམས་པ་ཚད་མེད་པ་སོགས་བཞིའི་རིམ་བཞིན་དུ། རང་གི་བདག་རྐྱེན་བསམ་གཏན་ལ་བརྟེན་ནས་སེམས་ཅན་ཚད་མེད་པ་བདེ་བ་དང་ཕྲད་པར་འདོད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན། ཞེས་གསུངས་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། ལྷན་ཐབས་འོད་བརྒྱ་འབར་བ་ལས། ཚད་མེད་འདི་དག་བསམ་གཏན་ལ་བརྟེན་དགོས་པར་འདོད་པ། ཉན་ཐོས་བྱེ་བྲག་སྨྲ་བའི་རྣམ་རྟོག་ཡིན། མདོ་སྡེ་པ་ཡན་ཆད་འདོད་ཁམས་ནའང་ཡོད་པར་འདོད་པ་ལྟར། འདི་ཡང་སྨྲ་མོད། ཅེས་དང༌། ཀུན་བཏུས་ས་འགྲེལ་ལས། དེ་རྣམས་བསམ་གཏན་ལ་བརྟེན་པ་ནི་ཕལ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། བསམ་གཏན་མ་ཐོབ་པས་བསྒོམ་པའང་ཡོད་ལ། གནས་སྐབས་ཚངས་པར་སྐྱེ་བའི་རྒྱུ་ཡིན་པས་ཚངས་པའི་གནས་པ་ཞེས་ཀྱང་བྱ་ཞིང༌། དམིགས་ཡུལ་སེམས་ཅན་ཚད་མེད་པ་ལ་དམིགས་པས་ན་ཚད་མེད་པ་སྟེ། ཞེས་གསུངས་པས་སོ་ཞེ་ན་དཔྱད་པར་བྱའོ། །ཡང་ཉ་ཊཱིཀ་ལས། ལྷ་ཚངས་པར་སྐྱེ་བའི་རྒྱུ་ཡིན་པས་ཚངས་པའི་གནས། ཞེས་དང༌། ལྷན་ཐབས་ལས། ཚད་མེད་བཞི་མེད་ཀྱང་ཉེར་བསྡོགས་རྫོགས་པར་ཐོབ་ལ་མ་ཉམས་པ་ཡོད་ན་ཚངས་པར་སྐྱེ་ངེས་པའི་ཕྱིར། ཚད་མེད་བཞི་སྨོས་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །ཞེས་དང༌། དཻས་ན་མངོན་པ་ལས་ཞི་རགས་ཀྱི་དམིགས་རྣམ་ཅན་གཙོ་བོར་བཤད་ཀྱང༌། དེར་ཁྱབ་མཐའ་འཆའ་བ་མིན་ལ། ཞེས་སོགས་ཀྱི་དོན་ལ་དཔྱད་ཚུལ་སྔར་བདག་གིས་གཞན་སྟོང་བགྲོ་གླེང་ཐེངས་གཉིས་པའི་དྲིས་ལན་དུ་བཤད་ཟིན་པས་དེར་བལྟ་བར་བྱའོ། །ཡང་ཉ་ཊཱིཀ་ལས། རྟག་གཅིག་རང་དབང་ཅན་གྱི་སེམས་ཅན་ལ། གཟུང་འཛིན་གཉིས་བདེན་གྱི་སེམས་ཅན་ལ། སྒྱུ་མ་ལྟ་བུའི་སེམས་ཅན་ལ་དམིགས་པ། སེམས་ཅན། ཆོས། དམིགས་མེད་ལ་དམིགས་པའི་བྱམས་སོགས་གསུམ་དུ་སློབ་དཔོན་རབ་ཏུ་འགྱིང་བའི་རྡོ་རྗེས་བཤད་དོ། །དང་པོ་མུ་སྟེགས་པའི། གཉིས་པ་ཉན་ཐོས་པའི། གསུམ་པ་ཐེག་ཆེན་པའིའོ། །ཞེས་དང༌། བློ་གྲོས་མི་ཟད་པའི་མདོའི་དོན་གནོད་འཇོམས་གཉིས་སོགས་སུ་མོས་སྤྱོད་ཀྱི་ས་ལ་སེམས་ཅན་ལ་དམིགས་པ། ས་དང་པོ་ནས་བདུན་པའི་བར་ལ་ཆོས་དེ་བཞིན་ཉིད་ལ་དམིགས་པ། ས་བརྒྱད་པ་ཡན་ནི་དམིགས་མེད་དོ་ཞེས་སོ། །ཞེས་དང༌། གནོད་འཇོམས་ཆེ་བར། བྱམས་པ་གསུམ་སྟེ། མོས་སྤྱོད་དུ་སེམས་ཅན་ལ། ས་བདུན་པའི་བར་དེ་བཞིན་ཉིད་ལ། བརྒྱད་པ་ཡན་དམིགས་མེད་ལའོ། །ཞེས་དང༌། ལྷན་ཐབས་འོད་བརྒྱ་འབར་བ་ལས། ཚད་མེད་བཞི་པོ་རེ་རེ་ཡང་སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང༌། དམིགས་པ་མེད་པ་གསུམ་གསུམ་དུ་དབྱེའོ། །ཉོན་མོངས་ཅན་དང་ཞེས་པ་ཡན་ཆད་སེམས་ཅན་ལ་དམིགས་པའི་དབང་དུ་བྱས་པ་སྟེ། བདག་དང་སེམས་ཅན་དང་གང་ཟག་ཏུ་འཛིན་པ་ཆེད་དུ་བཀག་པ་མ་ཡིན་པར། སེམས་ཅན་རྣམས་བདེ་བར་འདོད་པ་ནས། སེམས་ཅན་ཆགས་སྡང་གི་ཉོན་མོངས་ཅན་རྣམས་ཉོན་མོངས་མེད་པ་ལ་འགོད་པར་འདོད་པའི་བར། སེམས་ཅན་ལ་དམིགས་པའི་བྱམས་སོགས་བཞི་སྟེ། འདི་ལ་ཁ་ཅིག་སེམས་ཅན་བདེན་པར་འཛིན་པ་དགོས་པར་འདོད་པ་ནི་མི་འཐད་དོ། །ཞེས་སོགས་ཀྱི་ལུང་དེ་དག་ལས་བསྟན་པའི་སེམས་ཅན་ཆོས་དམིགས་མེད་ལ་དམིགས་པའི་བྱམས་སོགས་ཀྱི་དོན་དང་ས་མཚམས་ལ་དཔྱད་པར་བྱའོ། །

གསུམ་པ་ཚོགས་སྒྲུབ་བཤད་པ།

གསུམ་པ་ཚོགས་སྒྲུབ་བཤད་པ་ལ།

མདོ་ལུགས་མ་ལས། ཚོགས་སྒྲུབ་ཀྱི་ངོ་བོ་དང་ཚོགས་སྒྲུབ་ལ་ཞུགས་པ་དང༌། ཚོགས་སྒྲུབ་ཀྱི་བྱེད་ལས་དེ་གསུམ་མོ། །བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཞི་གནས་ལྷག་མཐོང་བཅས་པ་དང༌། །ཟུང་དུ་འབྲེལ་པའི་ལམ་གང་དང༌། །ཐབས་ལ་མཁས་པ་གང་ཡིན་དང༌། །ཡེ་ཤེས་དང་ནི་བསོད་ནམས་དང༌། །ལམ་དང་གཟུངས་དང་ཞེས་པས་ཚོགས་སྒྲུབ་ཀྱི་ངོ་བོ་བསྟན་ཏོ། །ས་བཅུ་དང་ཞེས་པས་ཚོགས་སྒྲུབ་ལ་ཞུགས་པ་བསྟན་ཏོ། །གཉེན་པོ་ཞེས་པས་ཚོགས་སྒྲུབ་ཀྱི་བྱེད་ལས་སྟོན་ནོ། །ཚོགས་ཀྱི་སྒྲུབ་པའི། རིམ་པ་ཡིན་པར་ཤེས་པར་བྱ། །ཞེས་པས་ཚོགས་སྒྲུབ་སྟོན་པའི་ཆོས་དེ་དག་མདོ་ལས་འབྱུང་བའི་རིམ་པ་ཡིན་པར་སྟོན་ནོ། །ཞེས་གསུངས་སོ། །དེའི་དོན་ལ་ཚོགས་སྒྲུབ་སྤྱི་དང༌། ཞི་གནས་ལྷག་མཐོང་གི་ཚོགས་སོགས་བྱེ་བྲག་ཏུ་བཤད་པ་དང་གཉིས། དང་པོ་ལ། སྤྱི་དོན་དང༌། མཐའ་རགས་ཙམ་དཔྱད་པ་གཉིས།དང་པོ་ལ། མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ཚོགས་སྒྲུབ་གྱི་མཚན་ཉིད།རང་འབྲས་བྱང་ཆེན་དངོས་སུ་ཐོབ་བྱེད་དང་ཐེག་ཆེན་སྦྱོར་ལམ་ཆོས་མཆོག་ཆེན་པོའི་རྟོགས་པ་ཐོབ་ཟིན་པའི་སྒྲུབ་པའི་གཞི་མཐུན་པ་དེ་ཡིན་ཏེ། ཉ་ཊཱིཀ་ལས། ཞུགས་ཏེ་དཔུང་གི་ཚོགས་གསོག་པའི་སྒྲུབ་པའི་མཚན་ཉིད། བྱང་སེའི་སྒྲུབ་པ་གང་ཞིག རང་འབྲས་སློབ་ལམ་མམ་མི་སློབ་པའི་བྱང་ཆེན་གྱི་རྒྱུའི་མཐར་ཐུག་པའི་ཚོགས་སྒྲུབ་པའམ་ཐོབ་པར་བྱེད་པ་སྟེ། ཞེས་གསུངས་པས་སོ། །

གཉིས་པ་དབྱེ་བ་ནི།

ཉ་ཊཱིཀ་ལས། དབྱེ་ན་བཅུ་བདུན་ནོ། །དག་ལྡན་དུ། གང་གིས་རྒྱུའི་མཐར་ཐུག་པ་ཐོབ་པར་བྱེད་པ་དེ་ནི་ཚོགས་ཀྱི་སྒྲུབ་པ་བཅུ་བདུན་ནོ། །ཞེས་པ་ལྟར་ན། བརྩེ་བའི་ཚོགས་སྒྲུབ་དང༌། སྦྱིན་ལ་སོགས་པའི་ཕར་ཕྱིན་དྲུག་གི་ཚོགས་སྒྲུབ་དྲུག་དང༌། ཞི་གནས་དང༌། ལྷག་མཐོང་དང༌། ཟུང་འབྲེལ་གྱི་ལམ་དང༌། ཐབས་མཁས་དང༌། ཡེ་ཤེས་དང༌། བསོད་ནམས་དང༌། ལམ་དང༌། གཟུངས་དང༌། ས་བཅུ་དང༌། གཉེན་པོའི་ཚོགས་སྒྲུབ་དང་བཅུ་བདུན་ནོ། །སྤྱིར་ཚོགས་སྒྲུབ་བཅུ་བདུན་ཡོད་ཀྱང་མདོ་ལུགས་མ་ལྟར་ན་རྩ་བས་ཚོགས་སྒྲུབ་བཅུ་བདུན་ལ་སྦྱར་ནས་བསྟན་པར་མ་གསུངས་སོ། །

གསུམ་པ་ས་མཚམས་ནི། སྦྱོར་ལམ་ཆོས་མཆོག་ཆེན་པོ་ནས་རྒྱུན་མཐའི་བར་དུ་ཡོད་དེ། ཐོགས་མེད་ཀྱི་གསུང་འགྲེལ་ཆེན་དང་ཐུབ་དགོངས་སུ་དྲངས་པ་ལས། ཚོགས་ཀྱི་སྒྲུབ་པ་ནི་བརྩེ་བ་ནས་བརྩམས་ཏེ་གཟུངས་ཀྱི་བར་ནི་མངོན་སུམ་དུ་སྦྱོར་བའི་རང་བཞིན་ཆོས་མཆོག་ཆེན་པོས་བསྡུས་པ་ཡིན་ནོ། །ས་དང་པོ་རབ་ཏུ་དགའ་བའི་རང་བཞིན་དུ་གྱུར་པའི་སྒྲུབ་པ་ནི་མཐོང་བའི་ལམ་གྱི་བདག་ཉིད་ཡིན་ལ། གཉིས་པ་ལ་སོགས་པའི་རང་བཞིན་ནི་སྒོམ་པའི་ལམ་གྱི་ངོ་བོ་ཉིད་ཡིན་ཞིང་གཉེན་པོའི་ཕྱོགས་ཀྱི་བདག་ཉིད་ཅན་གྱི་ཚོགས་ཀྱི་སྒྲུབ་པ་ནི་ལམ་གཉིས་ཀའི་སྤྱོད་ཡུལ་ཅན་ཡིན་ནོ། །ཞེས་གསུངས་པས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཉ་ཊཱིཀ་ལས། བྱང་སེའི་སྒྲུབ་པ་གང་ཞིག རང་འབྲས་སློབ་ལམ་མམ་མི་སློབ་པའི་བྱང་ཆེན་གྱི་རྒྱུའི་མཐར་ཐུག་པའི་ཚོགས་སྒྲུབ་པའམ་ཐོབ་པར་བྱེད་པ་སྟེ། ཞེས་གསུངས་པ་ལ། ཐེག་ཆེན་སྦྱོར་ལམ་ཆོས་མཆོག་ཆེན་པོ་ཆོས་ཅན། མཚན་ཉིད་དེ་ཡིན་པར་ཐལ། མཚོན་བྱ་དེ་ཡིན་པའི་ཕྱིར། འདོད་ན། ཐེག་ཆེན་སྦྱོར་ལམ་ཆོས་མཆོག་ཆེན་པོ་ཡིན་ན་དེ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར་ཟེར་ན་དཔྱད། ཡང་ཉ་ཊཱིཀ་ལས། སྒྲུབ་རྒྱུའི་ཚོགས་བཅུ་བདུན། དེ་སྒྲུབ་པའི་ཚོགས་སྒྲུབ་བཅུ་བདུན་ཡོད་པས་ན་སྔ་རབས་རྣམས་ཀྱིས་དེ་མ་ཕྱེད་པར་ཚོགས་བཅུ་བདུན་ཉིད་ཚོགས་སྒྲུབ་བཅུ་བདུན་དུ་འཆད་པ་ནི་དོན་སྤྱི་མ་ཤར་རོ། །ཞེས་དང༌། སྒྲུབ་རྒྱུའི་ཚོགས་བཅུ་བདུན་ཡོད་པས་དེ་སྒྲུབ་པའི་ཚོགས་ཀྱི་སྒྲུབ་པའང་རྣམ་པ་བཅུ་བདུན་ནོ། །དེ་ལྟར་འཆད་མ་ཤེས་ན་ལམ་གྱི་ཚོགས་ནི་དྲན་པ་ཉེར་བཞག་ནས་སངས་རྒྱས་ཀྱི་བར་བཤད་པ་ཆོས་མཆོག་ཆེན་པོ་ན་ཡོད་དམ་སོམས་ཤིག ཚོགས་ཞེས་པ་ཆོས་དུ་མའི་དོན་ནོ། །ཞེས་གསུངས་པ་ལ་ཚོགས་སྒྲུབ་ཀྱི་བསྒྲུབ་རྒྱུའི་ཚོགས་ཡིན་པ་ལ་ཚོགས་སྒྲུབ་ཐོབ་རྗེས་སུ་བྱུང་བ་དགོས་ལ། ཚོགས་སྒྲུབ་སྦྱོར་ལམ་ཆོས་མཆོག་ཡན་ཆོད་ན་འཇོག་དགོས་ལ། དེ་ལྟར་ན་བསྒྲུབ་རྒྱུའི་ཚོགས་བཅུ་བདུན་གང་ཡང་ཚོགས་ལམ་ལ་མེད་དགོས་པ་ལས་དེ་མི་འཐད་པར་ཐལ། ལམ་གྱི་ཚོགས་སོགས་ཚོགས་ལམ་ན་ཡོད་པའི་ཕྱིར། དེར་ཐལ། ལམ་གྱི་ཚོགས་ཀྱི་སྐབས་ཉ་ཊཱིཀ་ལས། ཚོགས་སྦྱོར་མཐོང་དང་སྒོམ་པའི་ལམ་སོགས་ཏེ། ཐེག་ཆེན་པ་ནི། དྲན་པ་ཉེ་བར་བཞག་པ་བཞི་དང༌། ཞེས་སོགས་ནས། བཅོ་བརྒྱད་ཀྱི་བར་རྒྱ་ཆེར་ངོས་འཛིན་དང་བཅས་པ་གསུངས་སོ། །ཞེས་གསུངས་པས་ཕྱིར་ཟེར་ན་དཔྱད་དོ། །ཚོགས་སྒྲུབ་ཀྱི་ས་མཚམས་ཐེག་ཆེན་སྦྱོར་ལམ་ཆོས་མཆོག་ཆེན་པོ་ནས་བཞག་མི་རིགས་པར་ཐལ། མདོ་ལུགས་མ་ལས། ཚོགས་ཀྱི་བསྒྲུབ་པ་ནི་ས་བཅུ་ལ་ཞུགས་པ་ཉིད་ཡིན་པར་མདོ་ལས་བྱུང་ངོ༌། །ཞེས་དང༌། ས་བཅུ་དང་ཞེས་པས་ཚོགས་བསྒྲུབ་ལ་ཞུགས་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

གཉིས་པ་ཞི་གནས་ལྷག་མཐོང་གི་ཚོགས་སོགས་བྱེ་བྲག་ཏུ་བཤད་པ།

གཉིས་པ་ཞི་གནས་ལྷག་མཐོང་གི་ཚོགས་སོགས་བྱེ་བྲག་ཏུ་བཤད་པ་ལ།

ཞི་ལྷག་དང༌། ཡེ་ཤེས་ཀྱི་ཚོགས་དང༌། ལམ་དང༌། གཟུངས་དང༌། སའི་ཚོགས་དང༌། གཉེན་པོའི་ཚོགས་བཤད་པ་དང་དྲུག དང་པོ་ཞི་ལྷག་བཤད་པ་ལ། ཞི་གནས་ཀྱི་མཚན་ཉིད།ཤིན་སྦྱངས་ཁྱད་པར་ཅན་གྱིས་ཟིན་པའི་སྒོམ་བྱུང་གི་ཏིང་ངེ་འཛིན། ལྷག་མཐོང་གི་མཚན་ཉིད། དཔྱད་སྟོབས་ཀྱིས་དྲངས་བའི་སྒོམ་བྱུང་གི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ། དེ་ལྟར་འཐད་དེ། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། ཇི་སྲིད་དུ་ལུས་ཤིན་ཏུ་སྦྱངས་པ་དང༌།སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ་ཡིད་ལ་བགྱིད་པ་དེ་ལ་ཅི་ཞེས་བགྱི། བྱམས་པ་ཞི་གནས་མ་ཡིན་ཏེ། ཞི་གནས་ཀྱི་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་བ་མ་ཐོབ་པ་དེའི་བར་དུ། ཞེས་པ་ནས། བྱམས་པ་ལྷག་མཐོང་ནི་མ་ཡིན་ཏེ། ལྷག་མཐོང་གི་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། །ལྷག་མཐོང་གང་ཞེ་ན། དེ་ནི་ཤེས་རབ་ཀྱི་རང་བཞིན་ནོ་ཞེས་སྟོན་པ་ནི་འདི་ལྟ་སྟེ། ཆོས་ཅན་ཇི་སྙེད་པ་རྣམས་ལ་འདི་དག་ནི་ཁམས་དྲུག་གོ་ཞེས་པ་ལ་སོགས་པར་རྣམ་པར་འབྱེད་པ་དང༌། ཆོས་ཉིད་ཇི་ལྟ་བའི་དོན་ལ་ཕྱིན་ཅི་མ་ལོག་པར་རབ་ཏུ་རྣམ་པར་འབྱེད་པ་དང༌། རྟོག་བཅས་ཤེས་རབ་ཀྱིས་མཚན་མར་བྱེད་ཅིང༌། ངོ་བོ་ལ་རགས་པ་ཚོལ་བས་ཡོངས་སུ་རྣམ་པར་རྟོག་པར་བྱེད་པ་དང༌། ཁྱད་པར་ལ་ཞིབ་མོར་ཚོལ་བས་ཡོངས་སུ་རྣམ་པར་དཔྱོད་པར་བྱེད་པའོ། །མདོར་ན་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ཞི་གནས་དང༌། ཆོས་རྣམ་པར་འབྱེད་པའི་ཤེས་རབ་ནི་ལྷག་མཐོང་སྟེ། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང༌། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཞེས་དང༌། ལྷན་ཐབས་འོད་བརྒྱ་འབར་བ་ལས། དེ་ལ་ཞི་གནས་དང་ལྷག་མཐོང་གི་ངོ་བོ་གང་ཡིན་ཞེ་ན། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང༌། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཞེས་བྱིང་རྒོད་རྣམ་རྟོག་མེད་པར་སེམས་གསལ་སྟོང་དུ་གནས་པ་ནི་ཞི་གནས། གནས་ལུགས་རྗེན་ནེ་གནས་པའི་སེམས་རྩེ་གཅིག་པ་ནི་ལྷག་མཐོང་ངོ༌། །ཞེས་དང༌། ཉ་ཊཱིཀ་ལས། ཆོས་ཐམས་ཅད་བདེན་མེད་དུ་རབ་ཏུ་འབྱེད་པའི་བློ་ནི་ལྷག་མཐོང་སྟེ། ཞེས་དང༌། གཟུགས་སོགས་ཡུལ་གྱི་སེམས་གཡེང་བ་ཞི་བར་བྱས་ནས་བསམ་གཏན་ནམ་ཏིང་ངེ་འཛིན་གང་བསྒོམ་པ་དེ་ལ་སེམས་རྩེ་གཅིག་ཏུ་ཞུགས་པ་ནི་ཞི་གནས། ཞེས་སྒྲ་སྦྱོར་བམ་གཉིས་ཏེ། ཁྱད་པར་དུ་རྣམ་མཁྱེན་ལ་སེམས་རྩེ་གཅིག་པས་གནས་ཤིང་སེམས་ཅན་ཐམས་ཅད་ཕྱིན་དྲུག་སོགས་རྣམ་མཁྱེན་གྱི་བར་ལ་འགོད་པར་འདོད་པའི་སེམས་རྩེ་གཅིག་པ་ནི་ཞི་གནས་ཏེ། ཞེས་དང༌། མདོ་ལུགས་མ་ལས། རྣམ་མཁྱེན་དང་ལྡན་པའི་སེམས་རྩེ་གཅིག་པས་གནས་ཤིང་སྒྱུ་མའི་ཆོས་ཉིད་བཟུང་ནས་ཕྱོགས་བཅུའི་སེམས་ཅན་གྱི་སྦྱིན་སོགས་ལ་འགོད་པ་སྒྱུ་མ་ལྟ་བུ་ནི།ཞི་གནས་དང༌། སྒྱུ་མའི་ཆོས་ཉིད་སྒྲུབ་པ་ཡོངས་གྲུབ་ཀྱི་གཟུགས་སོགས་དེ་ཀུན་བཏགས་པའི་ངོ་བོ་དངོས་པོའི་གཟུགས་སོགས་ཀྱིས་སྟོང་པའི་ཡེ་ཤེས་ནི་ལྷག་མཐོང་སྟེ། ཞེས་སོགས་གསུངས་པས་སོ། །ལུང་ཕྱི་མ་གཉིས་ནི་སྐབས་འདིར་མདོ་ལས་བཤད་པ་དང་སྦྱར་བ་ཡིན་པར་སྣང་ངོ༌། །ཞི་ལྷག་སྒོམ་པའི་དགོས་པ་དང་གོ་རིམ་ནི། ལྷན་ཐབས་ལས། ཞི་ལྷག་སྒོམ་པའི་དགོས་པ་ནི། འཇིག་རྟེན་འཇིག་རྟེན་འདས་པའི་ཡོན་ཏན་ཐམས་ཅད་ཞི་ལྷག་སྒོམ་པ་ལས་འབྱུང་བས། ཕན་ཡོན་དཔག་ཏུ་མེད་པ་དེ་དག་ཐོབ་པའི་ཕྱིར་དང༌། གནས་སྐབས་སུ་ཏིང་ངེ་འཛིན་རྒྱལ་པོ་ལས། ཞི་གནས་སྟོབས་ཀྱིས་གཡོ་བ་མེད་པར་འགྲོ། །ལྷག་མཐོང་གིས་ནི་རི་དང་འདྲ་བར་འགྱུར། །ཞེས་པ་དང༌། དགོངས་པ་ངེས་འགྲེལ་ལས། སྐྱེ་བ་པོ་ཡིས་ཞི་གནས་དང༌། །ལྷག་མཐོང་གོམས་པར་བྱས་ན་ནི། གནས་ངན་ལེན་གྱི་འཆིང་བ་དང༌། །མཚན་མའི་འཆིང་ལས་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར་ཏེ། དགོས་པ་དེ་དག་གི་ཕྱིར་བསྒོམ་མོ། །གོ་རིམ་ནི། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་པར་མངོན་དགས་འགྲུབ། །ཅེས་པ་ལྟར་ཡིན་མོད། ཐེག་པ་འདིར་ནི་དེ་གཉིས་སོ་སོར་འཚོལ་མི་དགོས་པར། ཆབས་གཅིག་ཏུ་བསྒྲུབ་པ་ཡང་ཡིན་ནོ། །ཞེས་གསུངས་པས་སོ། །ཞི་གནས་སྒྲུབ་ཚུལ་ནི། ལྷན་ཐབས་འོད་བརྒྱ་འབར་བ་ལས། ཞི་གནས་ཇི་ལྟར་སྒོམ་པའི་ཚུལ་ནི། སེམས་གནས་པའི་ཐབས་དགུ་ཞེས་བྱ་བ་སྟེ། ཞེས་པ་ནས། སྐབས་འདི་དག་ཏུ་སྤོང་རྒྱུའི་ཉེས་པ་ལྔ་ནི། ལེ་ལོ་དང་ནི་གདམས་ངག་དག །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་ལེ་ལོ་དང་དམིགས་པ་ལ་གཡེལ་བ་གཉིས་ཀྱིས་གནས་སྐབས་དང་པོ་དང༌། བྱིང་རྒོད་ཀྱིས་གནས་སྐབས་གཉིས་པ་དང༌། འདུ་མི་བྱེད་པས་གསུམ་པ་དང༌། འདུ་བྱེད་དེ་རྩོལ་བས་བཞི་པ་ལ་བར་དུ་གཅོད་པས། གནས་སྐབས་དེ་དང་དེར་དེ་རྣམས་སྤོང་དགོས་སོ། །དེ་རྣམས་སྤོང་བའི་གཉེན་པོ་འདུ་བྱེད་བརྒྱད་ནི། གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོགས་པ་དང༌། །དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འཇུག་པའོ། །ཞེས་གསུངས། དད་འདུན་བརྩོན་འགྲུས་ཤིན་ཏུ་སྦྱངས་པ་སྟེ། བཞི་ནི་ལེ་ལོའི་གཉེན་པོ་དང༌། དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོ་དང༌། ཤེས་བཞིན་ནི་བྱིང་རྒོད་ཀྱི་གཉེན་པོ་དང༌། སྤོང་བ་མངོན་པར་འདུ་བྱེད་པ་ནི། མི་རྩོལ་བའི་གཉེན་པོ་དང༌། རྩོལ་བ་གློད་པའི་བཏང་སྙོམས་ནི། ཧ་ཅང་རྩོལ་བའི་གཉེན་པོའོ། །སེམས་གནས་དགུ་སྟོབས་དྲུག་གིས་འགྲུབ་པ་ཡིན་ཏེ། ཐོས་པའི་སྟོབས་ཀྱིས་འཇོག་པ་དང༌། བསམ་པའི་སྟོབས་ཀྱིས་རྒྱུན་དུ་འཇོག་པ་དང༌། དྲན་པའི་སྟོབས་ཀྱིས་བསླན་ཏེ་འཇོག་པ་དང་ཉེ་བར་འཇོག་པ་གཉིས། ཤེས་བཞིན་གྱི་སྟོབས་ཀྱིས་འདུལ་བྱེད་ཞི་བྱེད་གཉིས། བརྩོན་འགྲུས་ཀྱི་སྟོབས་ཀྱིས་ཉེར་ཞི་དང་རྒྱུད་གཅིག་གཉིས།འདྲེས་པའི་སྟོབས་ཀྱིས་དགུ་པ་མཉམ་པར་འཇོག་པ་འགྲུབ་བོ། །གནས་སྐབས་བཞི་ལ་ཡིད་བྱེད་བཞི་ཡོད་དེ། དང་པོ་ནི་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་དང༌། གཉིས་པ་ནི་བར་ཆད་ཅིང་འཇུག་པ་དང༌། གསུམ་པ་ནི་ཆད་པ་མེད་པར་འཇུག་པ་དང༌། བཞི་པ་ནི་ལྷུན་གྱིས་གྲུབ་པར་འཇུག་པའི་ཡིད་བྱེད་དོ། །ཞེས་དང༌། དམིགས་པ་ལ་ཡང་ཡང་སེམས་མཐུད་ཅིང༌། རྣམ་རྟོག་ཐོལ་ཐོལ་སྐྱེ་ན་སྦད་སྦད་བཅད། རྣམ་གཡེང་ལྕགས་ཐག་སྦྲེལ་དུ་འགྲོ་ན་རིག་པ་ལ་ལྕག་བཅུག་སྟེ་བསྒྲིམས། ཉོན་མོངས་ལ་གཉེན་པོ་བསྟེན། ཞུམ་པ་དང་རིག་པ་ཤུགས་ཆུང་ན་སྤྲོ་བ་བསྐྱེད། རང་ཤུགས་ལ་གནས་པའི་སྒང་ལ་བཅས་བཅོས་མི་བྱེད་དེ། གོང་དུ་བཤད་པའི་སེམས་གནས་ཐབས་ཐམས་ཅད་ཀྱང་ལག་ལེན་དུ་དེ་ལ་འདུས་སོ། །དེའི་ཚེ་སེམས་གསལ་སྟོང་འཛིན་མེད། མ་ཡེངས་པ་ཕྱོགས་ཆ་ཉེ་རིང་མེད་པ་ཞིག་འདུག་པ་དེ་ཀ་ཞི་གནས་ཡིན། དེང་སང་ལག་ཏུ་ཡང་ལོང་བ་དེ་ཡིན། ཤིན་སྦྱངས་ལ་སོགས་པའི་མཚན་ཉིད་གཞན་དུ་མ་གོ་བབས་ཙམ་མ་གཏོགས་དེང་སང་འབྱུང་བ་དཀོན། ལ་ལ་འདྲ་རུང་བྱུང་ཡང་ཁྱད་འདོན་གྱི་བོགས་ཙམ་མི་ཡོང༌། ལྷག་མཐོང་ལ་འཇིག་རྟེན་པ་དང་ཐར་ལམ་གྱི་དབྱེ་བའམ། རྟོག་དཔྱོད་ཡོད་མེད་དང༌། དཔྱད་སྒོམ་འཇོག་སྒོམ་སོགས་ཀྱི་དབྱེ་བ་དུ་མ་ཡོད་ཀྱང༌། ཐེག་པ་མཐར་ཐུག་འདིར་ནི་སྟོང་པའི་གཟུགས་སྒྲ་དྲི་རོ་རེག་བྱ་སྣང་བ་དང༌། ལུས་ཉམས་ངག་ཉམས་སེམས་ཉམས་སྣ་ཚོགས་པ་ཤར་བ་ལ། བཟོ་མེད་དུ་མཉམ་པར་འཇོག་པ་འདི་ཁོ་ན་ལྷག་མཐོང་ཡིན་ཏེ། དགོངས་པ་ལུང་སྟོན་ལས་ཀྱང༌། གཟུགས་སོགས་ནང་གི་ཆོས་རྣམས་ནི། །མཐོང་བས་ལྷག་མཐོང་ཞེས་བརྗོད་དོ། །ཞེས་གསུངས། དེ་ལྟར་ན་ཞི་ལྷག་ཟུང་འཇུག་གི་ལམ་འདི་ལ་མཉམ་པར་བཞག་ན། སྲིད་པ་དང་ཞི་བའི་བདེ་བ་དང་ལེགས་པ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །སེམས་གནས་དགུ་སྔར་བཤད་ཟིན་ཏོ། །ཞི་ལྷག་གི་རྣམ་བཞག་རྒྱས་པར་དགོངས་འགྲེལ་བྱམས་ཞུས་ལས་ཤེས་པར་བྱའོ། །

གཉིས་པ་ཡེ་ཤེས་ཀྱི་ཚོགས་བཤད་པ།

གཉིས་པ་ཡེ་ཤེས་ཀྱི་ཚོགས་བཤད་པ་ལ།

སྤྱི་དོན་དང༌། མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ། རྩ་བར། ཡེ་ཤེས་དང༌། ཞེས་གསུངས་ལ། དེའི་སྐབས་ནས་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་ཉི་ཤུ་བསྟན་ལ། ཡེ་ཤེས་དེ་དག་གི་ཡུལ་སྟོང་ཉིད་ཉི་ཤུ་སོགས་ཡོད་པས་དེ་འདིར་ཅུང་ཟད་བཤད་ན། སྟོང་ཉིད་གཉིས་སུ་དབྱེ་བ་དང༌། གསུམ་དུ་དབྱེ་བ་དང༌། བདུན་དུ་དབྱེ་བ་དང༌། བཅུ་དྲུག་སོགས་དབྱེ་བ་དང་བཞི། དང་པོ་ནི། རང་སྟོང་དང་གཞན་སྟོང་གཉིས་སྔར་ལྟར་ཀུན་རྫོབ་ཀྱི་ཆོས་རྣམས་རང་སྟོང་དང༌། དོན་དམ་བདེན་པ་ནི་གཞན་སྟོང་ཡིན་ཏེ། ཆོས་རྗེ་ཀུན་མཁྱེན་གྱིས་མཛད་པའི་སྟོང་ཉིད་ཀྱི་རབ་དབྱེ་ལས། སྟོང་ཉིད་གསུངས་པ་ཐམས་ཅད་རང་སྟོང་ཁོ་ན་མ་ཡིན་གྱི་གཞན་སྟོང་ཟབ་མོ་ཡིན་པའི་སྟོང་ཉིད་དང༌། རང་སྟོང་མི་ཟབ་པ་ཡིན་པའི་སྟོང་ཉིད་དུ་དབྱེར་ཡོད་དོ། །ཡང་རྣམ་པ་གཉིས་ཏེ། དོན་དམ་ཡིན་པའི་སྟོང་ཉིད་དང༌། ཀུན་རྫོབ་ཡིན་པའི་སྟོང་ཉིད་དོ། །ཞེས་དང༌། སྟོང་ཉིད་ཆེན་པོའི་མདོ་སོགས་ལས། །གང་ཞིག་གང་ན་མེད་པ་དེས་སྟོང་ངོ༌། །དེ་ལ་ལྷག་མ་གང་ཡིན་པ་དེ་འདིར་རྟག་ཏུ་ཡོད་དོ། །དེ་ནི་སྟོང་བ་ཉིད་ལ་ཡང་དག་པར་འཇུག་པ་ཡང་དག་པ་ཇི་ལྟ་བ་སྟེ་ཕྱིན་ཅི་མ་ལོག་པའོ། །ཞེས་དང༌། རྗེ་བཙུན་བྱམས་མགོན་གྱི་ཞལ་སྔ་ནས།ཡང་དག་མཐའ་ནི་འདུས་བྱས་ཀྱི། །རྣམ་པ་ཐམས་ཅད་དབེན་པ་སྟེ། །ཞེས་དང༌། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་དབྱིངས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ཡང་དེ་ལྟར་ཤེར་འགྲེལ་སྔོན་མེད་ལེགས་བཤད་ལས། འཁོར་ལོ་ཐ་མའི་མདོ་རྣམས་ལས་ནི་ལྷག་པར་ཡང་རྒྱས་ཤིང་གསལ་བར་གསུངས་ཏེ། བཀའ་འཁོར་ལོ་གསུམ་ཆར་གྱི་དངོས་བསྟན་དང་ཤུགས་བསྟན་དང༌། དགོངས་དོན་གྱི་གཙོ་བོའི་སྟོང་བ་ཉིད་ནི། གཞན་སྟོང་དབུ་མ་ཆེན་པོ་ཁོ་ན་ཡིན་གྱི་སྲིད་ཚད་ཐམས་ཅད་རང་སྟོང་དུ་འདོད་པའི་ལུགས་ལྟར་གསུངས་པ་ནི་མེད་དོ། །དེ་བས་ན་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གདོད་མ་ནས་རང་གི་ངོ་བོས་སྟོང་པར་འཇོག་པའི་གྲུབ་མཐའ་ནི། རང་སྟོང་རྣམ་དག་རྒྱལ་བའི་དགོངས་པ་ཡིན་ཡང་མཐར་ཐུག་དོན་དམ་དབྱིངས་ཀྱང་རང་གི་ངོ་བོས་སྟོངས་པར་འདོད་པ་ནི་ཤིན་ཏུ་ཆེས་ལོག་པར་ལྟ་བ་ཡིན་པས། དེ་གཉིས་བསྡོམས་པའི་གྲུབ་མཐའ་འདི་དག་ནི་ཁ་ཟས་བཟང་པོ་དུག་ཅན་དང་འདྲ་ལ།ཀུན་རྫོབ་ཐམས་ཅད་རང་སྟོང་དང༌། དོན་དམ་དབྱིངས་གཞན་སྟོང་དུ་འཁྱེར་ཤེས་པ་ཟུང་འཇུག་གི་ལྟ་བ་ཡོན་ཏན་ཀུན་དང་ལྡན་པ་འདི་ནི། ཆོས་ཉིད་ཀྱི་གནས་ལུགས་དང༌། སངས་རྒྱས་ཐམས་ཅད་ཀྱི་དགོངས་པའོ། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིར་དོན་དམ་ཆོས་ཀྱི་དབྱིངས་དེ་ནི་རང་གི་ངོ་བོས་མི་སྟོང་བ་དང་བདེན་པར་གྲུབ་ཀྱང་དགག་བྱ་བདག་གཉིས་ཀྱིས་སྟོང་བ་དང༌། སྤྲོས་པའི་བདེན་གྲུབ་བམ་དགག་བྱ་བདེན་པར་མ་གྲུབ་སྟེ། རི་ཆོས་ལས། བདག་གཉིས་ཀྱིས་སྟོང་བའི་ཕྱིར། ཞེས་དང༌། གཞན་སྟོང་དབུ་མའི་རྒྱན་ལས།མཚན་མ་སྤྲོས་པའི་བདེན་གྲུབ་ང་མི་འདོད། །སྤྲོས་པས་དབེན་པའི་བདེན་ཚུལ་འདི་ལྟ་བུ། །ཞེས་དང༌། བདེན་གྲུབ་འགོག་ཚད་སྤྲོས་པའི་བདེན་འགོག་སྟེ། །ཞེས་དང༌། ཡོངས་གྲུབ་དེ་ལ་སྤྲོས་པའི་བདེན་པ་མེད། །སྤྲོས་པའི་བདེན་པ་ཡོད་ན་ཀུན་རྫོབ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་གསུམ་དུ་དབྱེ་བ།

གཉིས་པ་གསུམ་དུ་དབྱེ་བ་ནི།

མེད་པའི་སྟོང་བ་ཉིད་དང༌། ཡོད་པའི་སྟོང་བ་ཉིད་དང༌། རང་བཞིན་སྟོང་བ་ཉིད་དང་གསུམ། དང་པོ་ནི། ཀུན་བཏགས་རྣམས་ཞེན་ཡུལ་ལ་ཤར་བ་ཙམ་མ་གཏོགས། གནས་ལུགས་ལ་ལྟ་ཅི་སྨོས། ཀུན་རྫོབ་ཀྱི་ཤེས་པ་རླང་པོས་གཞིགས་ན་ཤེས་པ་ཀུན་རྫོབ་པ་དེའི་ངོར་ཡང་མ་གྲུབ་པའི་ཕྱིར་མེད་པའི་སྟོང་བ་ཉིད་དང༌།གཉིས་པ་ནི། གཞན་དབང་རྣམས་ཏེ། ཀུན་རྫོབ་ཀྱི་ཤེས་པ་ལ་གསལ་བར་སྣང་བ་དང༌།ཡང་དག་ཀུན་རྫོབ་བདེན་པའི་ངོ་བོར་ཡོད་པས་ཡོད་པའི་སྟོང་བ་ཉིད་དང༌། གསུམ་པ་ནི། ཡོངས་གྲུབ་སྟེ། དྲི་མ་སྦྱང་བའི་གཞི་གདོད་ནས་ཆོས་ཀུན་གྱི་རང་བཞིན་དུ་ཡོད་ཀྱང་དེ་ལྟར་མ་རྟོགས་པའི་དྲི་མ་སྦྱོང་དགོས་ཤིང༌། མངོན་སུམ་དུ་རྟོགས་པར་བྱ་ཞིང་ཐོབ་པར་བྱ་དགོས་པས་ན། སྦྱང་གཞི་དང་ཐོབ་བྱ་དང༌། རེག་པར་བྱ་བ་ཡིན་ཅིང༌། རང་གི་ངོ་བོ་དོན་དམ་ཡང་ཡིན་སྤྲོས་བྲལ་གྱི་སྟོང་ཉིད་ཀྱང་ཡིན། ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གནས་པ་ཡང་ཡིན། གློ་བུར་གྱི་དྲི་མའམ་འཁྲུལ་སྣང་གི་གདོད་ནས་སྟོང་བ་ཡང་ཡིན་པས་དེ་ལ་རང་བཞིན་སྟོང་བ་ཉིད་ཅེས་བྱ་སྟེ། མདོ་སྡེ་རྒྱན་ལས། མེད་པའི་སྟོང་བ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་པའི་ སྟོང་ཉིད་དང༌། །རང་བཞིན་སྟོང་བ་ཉིད་ཤེས་ན། །སྟོང་ཉིད་ཤེས་པ་ཞེས་བརྗོད་དོ། །ཞེས་གསུངས་པའི་ཕྱིར། དེ་ཡང་ཀུན་བཏགས་ནི། གཞི་ནས་མ་གྲུབ་ཀྱང་ཀུན་རྫོབ་ཏུ་དངོས་པོར་ཞེན་པའི་ཡུལ་ཡིན་པའི་ཕྱིར་ཤེས་པར་བྱ་བ་དང༌། གཞན་དབང་ནི་དོན་ལ་མེད་བཞིན་དུ།དངོས་པོ་འཁྲུལ་བའི་བློའམ། དེ་འདྲའི་བློ་ལ་དངོས་པོར་གསལ་བར་སྣང་བ་ཡིན་པས།འཁྲུལ་སྣང་རྒྱུ་དང་བཅས་པ་སྤང་དགོས་པས་དེ་ནི་སྤང་བྱ་དང༌། ཡོངས་གྲུབ་ནི། དྲི་མ་སྦྱང་བར་བྱ་བའི་གཞི་ཡིན་པའི་ཕྱིར་ན། ཡོངས་སུ་གྲུབ་པའི་ངོ་བོ་རང་བཞིན་སྟོང་བ་ཉིད་ཡིན་པར་གསུངས་ཏེ། མདོ་སྡེ་རྒྱན་ལས། རྟག་ཏུ་གཉིས་བྲལ་འཁྲུལ་པའི་རྟེན་གང་ཡིན་དང་གང་ཞིག་རྣམ་ཀུན་ཏུ། །བརྗོད་པར་ནུས་མ་ཡིན་ཅིང་སྤྲོས་པ་མེད་པའི་བདག་ཉིད་དེ་ཁོ་ན། །ཤེས་བྱ་སྤང་བྱ་རང་བཞིན་དྲི་མེད་འདོད་གང་རྣམ་པར་སྦྱང་བྱ་སྟེ། །ཞེས་གསུངས་པའི་ཕྱིར། ཡོངས་སུ་གྲུབ་པའི་རང་བཞིན་སྟོང་བ་ཉིད་ནི། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། མཚན་མ་མེད་པ་དང་དོན་དམ་པ་དང༌། ཆོས་ཀྱི་དབྱིངས་དང༌། བྱང་ཆུབ་ཀྱི་སེམས་ལ་སོགས་པའི་རྣམ་གྲངས་སུ་བསྟན་ཏེ། དབུས་མཐའ་ལས། སྟོང་པ་ཉིད་ནི་མདོར་བསྡུས་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་ཉིད། །བྱང་ཆུབ་སེམས་མཆོག་དེ་ཉིད་དང༌། །སྟོང་བ་ཉིད་དུའང་བཤད་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་སྟོང་ཉིད་གསུམ་གྱི་རྣམ་དབྱེ་ལེགས་པར་ཤེས་ན་གསུང་རབ་རྣམས་ལས་སྟོང་ཉིད་ཀྱི་རབ་དབྱེ་བསྟན་པ་རྣམས་རྟོགས་པར་འགྱུར་བ་ཡིན་ཏེ། ཤེར་འགྲེལ་སྔོན་མེད་ལེགས་བཤད་ལས། དེ་ལྟར་ན་སྟོང་ཉིད་རྣམ་པ་གསུམ་གྱི་དབྱེ་བ་འདི་མ་ཤེས་ན། འཁོར་ལོ་གསུམ་གྱི་མདོ་སྡེ་རྣམས་ལས་སྟོང་ཉིད་ཀྱི་རྣམ་བཞག་མང་པོ་གསུངས་པའི་དངོས་བསྟན་ཡང་རྟོགས་པར་མི་འགྱུར་ན། དགོངས་དོན་ལྟ་སྨོས་ཀྱང་ཅི་དགོས་ལ། །འདི་ཤེས་པས་ན་དངོས་བསྟན་དང་དགོངས་དོན་མཐའ་དག་ལ་མཁས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་ན་གཞི་གྲུབ་ན་སྟོང་ཉིད་དེ་གསུམ་པོ་གང་རུང་ཡིན་དགོས་པས། གཞི་གྲུབ་ན་སྟོང་ཉིད་ཡིན་པས་ཁྱབ་སྟེ། ཚུལ་གཉིས་རྣམ་འབྱེད་ལས། གཞི་གྲུབ་ན་སྟོང་ཉིད་ཡིན་པས་ཁྱབ་པ་འཆའ་བ་ཡིན་ནོ། །ཞེས་སོགས་ལུང་རིགས་དུ་མས་གྲུབ་བོ། །

གསུམ་པ་བདུན་དུ་དབྱེ་བ།

གསུམ་པ་བདུན་དུ་དབྱེ་བ་ནི།

ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་དེ་ལ་མདོར་ན་སྟོང་ཉིད་ནི་རྣམ་པ་བདུན་ཏེ། འདི་ལྟར་མཚན་ཉིད་སྟོང་བ་ཉིད་དང༌། དངོས་པོའི་རང་བཞིན་སྟོང་བ་ཉིད་དང༌། སྲིད་པ་སྟོང་བ་ཉིད་དང༌། མི་སྲིད་པ་སྟོང་བ་ཉིད་དང༌། ཆོས་ཐམས་ཅད་བརྗོད་དུ་མེད་པ་སྟོང་བ་ཉིད་དང༌། དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་བ་ཆེན་པོ་ཉིད་དང༌། གཅིག་གིས་གཅིག་སྟོང་བ་ཉིད་དང་བདུན་ནོ། །ཞེས་སྟོང་ཉིད་བདུན་གསུངས་ལ། དང་པོ་ནི། དངོས་པོ་རྣམས་རང་དང་སྤྱིའི་མཚན་ཉིད་ཀྱིས་སྟོང་བ་ཉིད་དང༌། གཉིས་པ་ནི། དངོས་པོ་རང་བཞིན་གྱི་སྐྱེ་བས་སྟོང་བ་དང༌། གསུམ་པ་ནི། ཕུང་པོ་རྣམས་བདག་དང་བདག་གིས་སྟོང་བ་དང༌། བཞི་བ་ནི་ཕུང་པོ་རྣམས་མྱང་འདས་ཀྱིས་སྟོང་བ་དང༌།ལྔ་བ་ནི་ཀུན་བཏགས་པའི་རང་བཞིན་གྱིས་སྟོང་བ་དང༌། དྲུག་པ་ནི་ལྟ་བ་དང་ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་བ་དང༌། བདུན་པ་ནི། ཁང་བ་བ་ལང་གིས་སྟོང་བ་ལ་གསུངས་སོ། །དེ་ལྟར་དགག་གཞི་བདུན་གྱི་སྟེང་དུ་དགག་བྱ་བདུན་མེད་པ་ནི་སྟོང་ཉིད་བདུན་ནོ། །དོན་དམ་གཞན་སྟོང་ནི་དྲུག་པ་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་བ་ཆེན་པོ་ཉིད་ཡིན་ནོ། །ཁ་ཅིག་གིས། བདུན་པ། གཅིག་གྀས་གཅིག་སྟོང་བ་དང༌། གཞན་སྟོང་གི་སྟོང་ཚུལ་དང་ཁྱད་པར་མེད་དོ་ཞེ་ན། དེ་ནི་མི་འཐད་དེ་སྟོང་ཚུལ་ཐ་མ་ནི་བུམ་པ་ཀ་བས་སྟོང་བ་ལྟར་ཀུན་རྫོབ་ཀྱི་ཆོས་གཅིག་གིས་གཅིག་སྟོང་བ་དེ་ཡིན་པས་དེ་ནི་ཉི་ཚེ་བ་དང་ཐ་ཤལ་བ་དང་སྤང་བྱ་ཡིན་པར་གསུངས་པས་དེ་དང༌། དོན་དམ་རང་བཞིན་པ་དེ་ཀུན་རྫོབ་གློ་བུར་བའི་ཆོས་རྣམས་ཀྱིས་སྟོང་བ་ནི་ཁྱད་པར་ཆེ་བ་ལས་ཀྱང་ཆེས་ཤིན་ཏུ་ཆེ་བའི་ཕྱིར་ཏེ།སྟོང་ཉིད་དྲུག་པ་དང་བདུན་པའི་རྒྱས་བཤད་ཀྱི་སྐབས་སུ། མདོ་དེ་ཉིད་ལས། བློ་གྲོས་ཆེན་པོ་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་བ་ཉིད་ཆེན་པོ་གང་ཞེ་ན། འདི་ལྟ་སྟེ། བདག་གི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པ་ནི་ལྟ་བ་དང་ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་སྟེ་དེའི་ཕྱིར་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་བ་ཆེན་པོ་ཉིད་ཅེས་བྱའོ། །བློ་གྲོས་ཆེན་པོ་གཅིག་གིས་གཅིག་སྟོང་བ་ཉིད་གང་ཞེ་ན་འདི་ལྟ་སྟེ། གང་ལ་ཅི་མེད་པ་དེ་ནི་དེས་སྟོང་ཞེས་བྱའོ། །ཞེས་པ་ནས་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ནི་གཅིག་ལ་གཅིག་མེད་དོ། །དེའི་ཕྱིར་གཅིག་གིས་གཅིག་སྟོང་བ་ཉིད་ཅེས་བྱའོ། །བློ་གྲོས་ཆེན་པོ་གཅིག་གིས་གཅིག་སྟོང་བ་ཉིད་འདི་ནི་ཀུན་གྱི་ཐ་ཤལ་དེ་དེ་ནི་ཁྱོད་ཀྱིས་སྤང་བར་བྱའོ། །ཞེས་གསུངས་པ་དང༌། དངོས་པོ་གཅིག་གིས་གཅིག་ཕན་ཚུན་སྟོང་པ་འདི་ནི་མྱང་འདས་ཆེན་པོ་ལ་སོགས་པར་དོན་དམ་གཞན་སྟོང་གི་དཔེར་གསུངས་ཀྱི་གཞན་སྟོང་ཡིན་པར་མ་གསུངས་པའི་ཕྱིར། དེ་ནི་གཞན་སྟོང་ཟབ་མོ་ཡིན་པ་མདོ་འདིར་བཀག་ལ། ཁོ་བོ་ཅག་ཀྱང་དེ་ཁོ་ན་ལྟར་འདོད་པའི་ཕྱིར་ཉེས་སྐྱོན་གང་ཡང་མེད་དོ། །

བཞི་བ་སྟོང་ཉིད་བཅུ་དྲུག་སོགས་དབྱེ་བ།

བཞི་བ་སྟོང་ཉིད་བཅུ་དྲུག་སོགས་དབྱེ་བ་ནི།

ཤེར་ཕྱིན་གྱི་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ནི་ནང་སྟོང་བ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་བ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་བ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌།དངོས་པོ་མེད་པ་སྟོང་པ་ཉིད་དང༌། ངོ་བོ་ཉིད་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་ནོ། །ཞེས་གསུངས་ལ། འདི་རྣམས་ཀྱི་དོན་ནི་རྗེ་བཙུན་བྱམས་མགོན་གྱི་དབུས་མཐའ་ལས། ཟ་བ་བཟའ་དང་དེ་ཡི་ལུས། །གནས་ཀྱི་གཞི་ཡི་སྟོང་པ་ཉིད། །དེ་ཡང་གང་གིས་ཇི་ལྟར་མཐོང༌། །གང་ཕྱིར་དེ་ཡང་སྟོང་བ་ཉིད། །དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། །འཁོར་བ་བཏང་བར་མི་བྱའི་ཕྱིར། །དགེ་བ་མི་ཟད་བྱ་བའི་ཕྱིར། །རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །ཅེས་སྟོང་ཉིད་བཅུ་བཞི་གསུངས་པ་ལས། །ཟ༵་བ༵་པོ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་སྟོང་པ་ནི། ནང་སྟོང་པ་ཉིད་དང༌། བཟ༵འ་བར་བྱ་བ་གཟུགས་སྒྲ་ལ་སོགས་པ་ཕྱིའི་སྐྱེ་མཆེད་སྟོང་པ་ནི་ཕྱི་སྟོང་པ་ཉིད་དང༵༌། ཕྱི་ནང་གི་སྐྱེ་མཆེད་དེ༵་གཉིས་ཀྱི་རྟེན་ལུ༵ས་སམ་ཁོག་པ་སྟོང་བ་ནི་ཕྱི་ནང་སྟོང་བ་ཉིད་དང༌། དབང་རྟེན་ཁཽག་པ་རྣམས་ནི་སེམས་ཀྱིས་ཟིན་པས་ནང་དང༌། དབང་པོས་མ་བསྡུས་པས་ཕྱི་སྟེ་སྐབས་འདིའི་ཕྱི་ནང་གཉིས་ཀའོ། །གན༵ས་ཀྱི༵་གཞི༵་སྣོད་ཀྱི་འཇིག་རྟེན་རྒྱ་ཆེན་པོ་སྟོང་བ་ནི༵་ཆེན་པོ་སྟོ༵ང་བ༵་ཉིད༵་དང་དེ༵་ཡ༵ང་སྟོང་ཉིད་ཤེས་པ་ག༵ང་གི༵ས་སྟོང་བར་མཐོང་པ་དེའི་སྟོང་ཉིད་ནི། སྟོང་བ་ཉིད་སྟོང་བ་ཉིད་དང༌། ཇི༵་ལྟ༵ར་དོན་དམ་པའི་རྣམ་པར་མཐོ༵ང་བ་དེའི་སྟོང་བ་ཉིད་ནི། དོན་དམ་སྟོང་བ་ཉིད་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགོས་པ་གང་གི་ཕྱིར་དུ་སྟོང་པ་ཉིད་བསྒོམས་ནས་ལམ་སྒྲུབ་པར་བྱེད་ཅེ་ན།དགེ༵་གཉི༵ས་ཐོ༵བ་པ༵ར་བྱ༵་བ༵འི་ཕྱི༵ར་ཡིན་པས་ལམ་གྱི་དགེ་བ་འདུས་བྱས་ཀྱི་སྟོང་ཉིད་ནི། འདུས་བྱས་སྟོང་བ་ཉིད་དང༌། མྱ་ངན་ལས་འདས་པའི་དགེ་བ་འདུས་མ་བྱས་ཀྱི་སྟོང་པ་ནི། འདུས་མ་བྱས་སྟོང་བ་ཉིད་དང༌། རྟ༵ག་ཏུ༵་སེམ༵ས་ཅ༵ན་ཕ༵ན་འདགས་པར་བྱ༵་བའི་ཕྱི༵ར་བྱང་ཆུབ་སེམས་དཔས་སྒྲུབ་པར་བྱེད་པའི་གཞན་ཕན་མཐའ་ཡས་པའི་སྟོང་བ་ནི། མཐའ་ལས་འདས་པ་སྟོང་བ་ཉིད་དང༌། འཁོ༵ར་བ༵་བློས་བཏ༵ང་བ༵ར་མི༵་བྱ༵་བའི་ཕྱི༵ར་བྱང་ཆུབ་སེམས་དཔས་སྒྲུབ་པར་བྱེད་ལ། བློ་མི་བཏང་བར་བྱ་བའི་འཁོར་བ་ལ་ཐོག་མཐའ་མེད་པའི་སྟོང་བ་ནི། ཐོག་མ་ཐ་མ་མེད་པའི་སྟོང་བ་ཉིད་དང༌། ལྷག་མེད་མྱང་འདས་ཀྱི་དུས་སུ་དགེ༵་བ༵་མི༵་ཟ༵ད་པར་བྱ༵་བའི༵་ཕྱིར༵་བྱང་ཆུབ་སྒྲུབ་པར་བྱེད་ལ། དེའི་སྟོང་བ་ཉིད་ནི། དོར་བ་མེད་པའི་སྟོང་བ་ཉིད་དང༌། རིགས་རང་བཞིན་གྱི་དག་པ་གློ་བུར་གྱི་དྲི་མ་དག་པར་བྱ་བའི་ཕྱིར་བྱང་ཆུབ་སྒྲུབ་པར་བྱེད་ལ།དེའི་སྟོང་བ་ནི་རང་བཞིན་སྟོང་བ་ཉིད་དང༌། མཚ༵ན་ད༵ང་དཔེ༵་བྱ༵ད་ཐོ༵བ་པ༵ར་བྱ༵་བའི་ཕྱི༵ར་བྱང་སེམས་ཀྱིས་སྒྲུབ་པར་བྱེད་ལ། དེ་ནི་རང་གི་མཚན་ཉིད་ཡིན་ལ། དེའི་སྟོང་བ་ནི། རང་གི་མཚན་ཉིད་ཀྱི་སྟོང་བ་ཉིད་དང༌། སང༵ས་རྒྱས༵་ཆོ༵ས་རྣམ༵ས་ད༵ག་པར་བྱ༵་བའི་ཕྱི༵ར་བྱ༵ང་ཆུ༵བ་སེམ༵ས་དཔ༵འ་སྒྲུ༵བ་པ༵ར་བྱེ༵ད་པ་དེའི་སྟོང་ཉིད་ནི་ཆོས་ཐམས་ཅད་སྟོང་བ་ཉིད་དོ། །དེ་དག་ལས་སྟོང་ཉིད་དང་པོ་བཞི་ནི་ཤེས་བྱའི་དངོས་པོ་ལས་བརྩམ་པ་དང༌། དེ་ནས་གཉིས་ནི་ཡུལ་ཅན་ལས་བརྩམས་ཏེ། ལྔ་པ་དང་དྲུག་པའོ། །དེ་ནས་བརྒྱད་ནི་གང་གི་ཕྱིར་བྱང་ཆུབ་སེམས་དཔས་སྒྲུབ་པར་བྱེད་པ་སོགས་ལས་བརྩམས་ཏེ་བདུན་པ་ནས་བཅུ་བཞིའི་བར་རོ། །དེ་ནས་དངོས་པོ་མེད་པ་སྟོང་བ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་གཉིས་ནི། དབུས་མཐའ་ལས། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་བ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་དང༌། དེའི་འགྲེལ་བར་དབུ་མ་པ་ཆེན་པོ་དབྱིག་གཉེན་གྱི་ཞལ་སྔ་ནས། གང་ཟག་དང་ཆོས་ཀྱི་དངོས་པོ་མེད་པ་ནི་སྟོང་པ་ཉིད་དོ། །དངོས་པོ་མེད་པ་དེའི་དངོས་པོ་མེད་པ་མ་ཡིན་ནོ། །ཟ་བ་ལ་སོགས་པ་སྟོང་པ་ཉིད་ཅེས་ཇི་སྐད་སྨོས་པ་དེར་སྟོང་བ་ཉིད་ཀྱི་མཚན་ཉིད་བསྟན་པའི་ཕྱིར་དངོས་པོ་མེད་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་རྣམ་པ་གཉིས་ཐ་མར་རྣམ་པར་འཇོག་སྟེ། གང་ཟག་དང་ཆོས་སུུ་སྒྲོ་འདོགས་པ་དང༌། དེའི་སྟོང་པ་ཉིད་ལ་སྐུར་བ་འདེབས་པ་བསལ་བའི་ཕྱིར་གོ་རིམ་བཞིན་ནོ། །དེ་ལྟར་སྟོང་བ་ཉིད་ཀྱི་རབ་ཏུ་དབྱེ་བ་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར། ག༵ང་ཟ༵ག་ད༵ང་ཆོས༵་སུ༵་གཏོགས་པའི་དངོས་པོ་རྣམ༵ས་གཤིས་ཀྱི༵་གནས་ལུགས་ལ་གདོད་ནས་མེད་ཅིང་མ་གྲུབ་པའི་ཕྱིར། རང་རང་གི་ངོ་བོས་སྟོང་ཞིང་དངོ༵ས་པོ༵་མེ༵ད་པ་ནི་འདི༵ར་དངོས་པོ་མེད་པ་སྟོ༵ང་བ༵་ཉིད༵་དང༌། གང་ཟག་དང་ཆོས་དེ༵་རྣམས་ཀྱི་དངོ༵ས་པོ་མེ༵ད་པའི༵་གཞི་ཆོས་ཉིད་དེ་བཞིན་ཉིད་ཀྱི་དངོ༵ས་པོའམ་ངོ་བོར་ཡོ༵ད་པ༵་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་ཡིན་པས། དེ༵་ནི༵་སྔ༵་མ༵་དེ་ལས༵་སྟོ༵ང་པ༵་ཉི༵ད་གཞ༵ན་དུ་གསུངས་ལ། གཞན་ཡིན་པའི་རྒྱུ་མཚན་ནི་སྔ་མ་རང་སྟོང་དང་ཕྱི་མ་གཞན་སྟོང་ཡིན་པས་སོ། །སྟོང་ཉིད་བཅོ་བརྒྱད་དུ་ཕྱེ་ན་སྔ་མ་བཅུ་དྲུག་གི་སྟེང་དུ། མི་དམིགས་པ་སྟོང་བ་ཉིད་དང༌། ངོ་བོ་ཉིད་སྟོང་བ་ཉིད་དང་བཅོ་བརྒྱད་དོ། །དེ་གཉིས་ཀྱི་ངོས་འཛིན་ནི། ཤེར་འགྲེལ་སྔོན་མེད་ལེགས་བཤད་ལས། མི་དམིགས་པ་སྟོང་བ་ཉིད་ནི། དངོས་མེད་སྟོང་བ་ཉིད་དང་དོན་གཅིག་ལ། ངོ་བོ་ཉིད་སྟོང་བ་ཉིད་ནི་དངོས་མེད་ངོ་བོ་ཉིད་དང་དོན་གཅིག་གོ །ལྡོག་ཆའི་ཁྱད་པར་ནི། དངོས་མེད་སྟོང་ཉིད་ནི། ངོ་བོའི་སྒོ་ནས་མ་གྲུབ་པ་དང༌། མི་དམིགས་པ་ནི་ཡེ་ཤེས་ཀྱི་ངོ་བོར་དམིགས་སུ་མེད་ཅིང་མཐོང་རྒྱུ་མེད་པའི་དོན་ནོ། །ངོ་བོ་ཉིད་ནི་ཕྱིན་ཅི་མ་ལོག་པའི་རང་བཞིན་དེ་ལམ་གྱིས་གསར་དུ་མ་བཅོས་པའི་དོན་དང་དངོས་མེད་ངོ་བོ་ཉིད་ཀྱི་དོན་ནི་དངོས་པོ་རྣམས་གདོད་ནས་མ་གྲུབ་པའི་ཤུལ་ན། ཆོས་ཉིད་མི་གཡོ་ཞིང་བརྟན་པར་གནས་པའི་དོན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་སྟོང་ཉིད་ཉི་ཤུ་དབྱེ་ན།སྔར་བཤད་ཟིན་པའི་བཅོ་བརྒྱད་ཀྱི་སྟེང་དུུ་རང་གི་ངོ་བོ་སྟོང་བ་ཉིད་དང༌། གཞན་གྱི་ངོ་བོ་སྟོང་བ་ཉིད་གཉིས་དང་ཉི་ཤུའོ། །དེ་གཉིས་ཀྱི་ཁྱད་པར་ནི། ཤེར་འགྲེལ་སྔོན་མེད་ལེགས་བཤད་ལས། དེ་བཞིན་དུ་སྟོང་ཉིད་ཉི་ཤུའི་དབང་དུ་བྱས་ན་རང་གི་ངོ་བོ་སྟོང་བ་ཉིད་ནི་དངོས་མེད་སྟོང་ཉིད་དང་གཅིག་ལ། གཞན་གྱི་ངོ་བོ་སྟོང་བ་ཉིད་ནི་དངོས་མེད་ངོ་བོ་ཉིད་དང་གཅིག་གོ །རྣམ་བཞག་འདི་ནི་ཤིན་ཏུ་གསལ་བར་སྔགས་ཀྱི་ཐེག་པ་བླ་ན་མེད་པའི་རྒྱུད་གཉིས་ལས་བྱུང་བ་དང༌། མདོ་ལུགས་ཀྱི་དབུས་མཐའ་རྣམ་འབྱེད་རྩ་འགྲེལ་དང༌། ཡུམ་གསུམ་གནོད་འཇོམས་དང༌། བརྒྱད་སྟོང་དོན་བསྡུས་སོགས་ལས་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་སྟོང་ཉིད་ཉི་ཤུ་ལས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་དང༌།ངོ་བོ་ཉིད་སྟོང་བ་ཉིད་དང༌། གཞན་གྱི་ངོ་བོ་སྟོང་བ་ཉིད་དང་གསུམ་གཞན་སྟོང་ཟབ་མོ་དོན་དམ་པའི་ཡོན་ཏན་ཐམས་ཅད་དབྱེར་མེད་པའི་བདག་ཉིད་ཡིན་ལ། ཐམས་ཅད་གཞན་སྟོང་མ་ཡིན་པར་ཕལ་ཆེར་ནི། རང་སྟོང་དངོས་པོ་མེད་པའི་སྟོང་བ་ཉིད་ཡིན་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། དཔལ་རྡོ་རྗེ་འཆང་ཆེན་པོས་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་གསང་བ་ཞེས་པ་དང༌།གསང་ཆེན་ཞཻས་པ་ལ་སོགས་པས་སྟོང་ཉིད་མཐར་ཐུག་གི་རྣམ་གྲངས་གསུངས་པ་རྣམས་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་གང་ཡིན་པ་སྟོང་གཞི་དོན་དམ་གཞན་སྟོང་ལ་དགོངས་པ་ཡིན་གྱི། དངོས་པོ་མེད་པ་སྟོང་ཉིད་ཙམ་གང་ཡིན་པ་རང་སྟོང་ལ་ནི་དགོངས་པ་མ་ཡིན་ཏེ། དེ་དང་དེ་རྣམ་གྲངས་སུ་མི་རུང་བའི་ཕྱིར་རོ། །ཞེས་དང༌། འདིར་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཤེར་ཕྱིན་སྟོང་ཉིད་དུ་གསུངས་པ་འདི་ཡང་རང་སྟོང་ནི་མ་ཡིན་གྱི་སྟོང་གཞི་དོན་དམ་གཞན་སྟོང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་ཡིན་ཏེ། ཤེར་ཕྱིན་ཡིན་ལ་ཆོས་ཉིད་ཀྱང་ཡིན་པའི་ཕྱིར། ཞེས་དང༌། འཁོར་ལོ་སྡོམ་པ་ཉུང་ངུའི་རྒྱུད་དུ་ཡང༌། །གསང་ཆེན་མཆོག་ཏུ་དགྱེས་པ་དང༌། །ཀུན་གྱི་བདག་ཉིད་ན་རྟག་བཞུགས། །ཞེས་པ་ལ་སོགས་པས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་དང༌། གཞན་གྱི་དངོས་པོ་སྟོང་བ་ཉིད་གང་ཡིན་པ་སྟོང་གཞི་དོན་དམ་གཞན་སྟོང་གི་རྣམ་གྲངས་མང་དུ་གསུངས་སོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་མདོ་སྡེ་དང་བསྟན་བཅོས་དུ་མ་ལས་དོན་དམ་བདེན་པ་ཞེས་བྱ་བ་ནི་སྟོང་བ་ཉིད་བཅོ་བརྒྱད་གསུངས་པ་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ལྟར་གསུངས་པ་ནི་སྟོང་གཞི་བཅོ་བརྒྱད་ལ་དགོངས་པ་ཡིན་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། དབུ་མ་རིན་ཆེན་སྒྲོན་མར་དོན་དམ་པའི་བདེན་པ་ཞེས་བྱ་ནི་སྟོང་པ་ཉིད་བཅོ་བརྒྱད་ཅེས་བཅོམ་ལྡན་འདས་ཀྱི་ལུང་དྲངས་ཏེ། དེ་དག་ནི་སྟོང་གཞི་བཅོ་བརྒྱད་ལ་དགོངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བཤད་ཚུལ་འདི་དག་ནི་རང་ལུགས་ཀྱི་དམ་པ་གོང་མ་རྣམས་ཀྱི་གསུང་ཟིན་ཇི་ལྟ་བ་བཞིན་བཀོད་པའོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

སྐབས་འདིར་མདོ་ལུགས་མ་ལས། ཡེ་ཤེས་དང་ནི་ཞེས་པ་ནི་ནང་སྟོང་པ་ཉིད་ལ་སོགས་པའི་སྟོང་པ་ཉིད་རྣམས་ཡིན་ཏེ། མདོ་ལས། སྟོང་ཉིད་འདི་རྣམས་ཀྱི་ངོ་བོ་ཐེག་ཆེན་ཡིན་པར་གསུངས་ཤིང་བསྟན་ཆོས་འདིར་ཡེ་ཤེས་ཡིན་པར་གསུངས་པའི་ཕྱིར་སྟོང་པ་ཉིད་རྣམས་ཀྱི་ངོ་བོ་རང་སྟོང་དུ་འདོད་ན་སྟོང་པའི་གཞི་གང་ཡིན་དེ་ངོས་མ་ཟིན་པའི་ཕྱིར་རྒྱལ་བ་སྲས་བཅས་ཀྱི་དགོངས་པ་དང་འགལ་ལོ། །ཞེས་དོན་དམ་ཆོས་ཀྱི་དབྱིངས་ལ་སྦྱར་ནས་བཤད་པས། རྩ་བར། ཡེ་ཤེས་དང༌། ཞེས་པས་ཚོགས་སྒྲུབ་བསྟན་ཚུལ་དང༌། ཉ་ཊཱིཀ་ལྟར་ན་ཚོགས་བསྟན་ཚུལ་ལ་བརྟག་པར་བྱའོ། །ཡང་ཚུལ་གཉིས་རྣམ་འབྱེད་ལས། གཞི་གྲུབ་ན་སྟོང་ཉིད་ཡིན་པས་ཁྱབ་པ་འཆའ་བ་ཡིན་ནོ། །ཞེས་དང༌། རྣམ་གྲངས་ལ་ཁྱབ་བ་མི་རྩི། ཞེས་གསུངས་པ་ལ། གཞི་ལམ་འབྲས་གསུམ་གྱི་དྲིས་ལན་ཡིད་ཀྱི་མུན་སེལ་ལས། ཞིབ་ཏུ་དཔྱད་ན་དེ་གཉིས་སྐད་དོད་ཀྱང་མི་གཅིག་སྟེ་ཤུ་ནྱཱ་ཞེས་པ་སྟོང་བའི་སྐད་དོད་དང༌། ཤུ་ནྱཱ་ཏཱ་ཞེས་པ་སྟོང་བ་ཉིད་ཀྱི་སྐད་དོད་ཏཱ་ཞེས་པ་ངོ་བོའི་རྐྱེན་ཡོད་མེད་ཀྱི་ཁྱད་ཡོད་ཅིང་དེའི་ཕྱིར་དོན་ལའང་ཁྱད་ཡོད་དོ། །ཞེས་པ་ནས། ཀུན་རྫོབ་རྣམས་བརྟགས་ན་བདེན་པའི་སྟོང་བའི་སྟོང་བ་ཉིད་མ་ཡིན་ཏེ། དེ་བཞིན་ཉིད་མ་ཡིན་པའི་ཕྱིར་ཏེ། སྟོང་བ་ཉིད་ནི་མདོར་བསྡུས་ན། །ཞེས་སོགས་དང༌། སྟོང་བ་དང་སྟོང་ཉིད་ཅེས་པ་སྐད་དོད་དང་དོན་གཉིས་ཀ་མི་གཅིག་པས་ཁྱད་ཕྱེ་ན་ལེགས་ཏེ། ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། སྟོང་བ་ཉིད་ལ་སོགས་པའི་དོན་གཅིག་ཉིད་མིང་ཐ་དད་པས་སྟོན་པ་སྟེ། ཞེས་སོགས་ཀྱིས་ཅུང་ཟད་དཔྱད་རྒྱུ་ཡོད་པར་སྣང་ངོ༌། །ཡང་ཡུམ་གསུམ་གནོད་འཇོམས་༡༨༦ལས། ཡུལ་ཅན་དང་ཡུལ་གྱི་དངོས་པོ་སྟོང་བ་ཉིད་གང་ཡིན་པ་དེ་ནི་ཕྱི་ནང་སྟོང་བ་ཉིད་དེ་གསུམ་པའོ། །ཞེས་སོགས་ཕྱི་ནང་དང༌། ཆེན་པོ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། ཐོག་མ་དང་ཐ་མ་མེད་པ་སོགས་འཇོག་ཚུལ་སྔར་བཤད་དང་ཅུང་མི་འདྲ་བར་གསུངས་པ་དང༌། ཁྱད་པར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་ཅེས་བྱ་བ་རྣམ་པ་གཉིས་བཤད་ཡོད་པས་དེར་ཤེས་པར་བྱའོ། །ཕྱི་སྟོང་བ་ཉིད་ལྟ་བུ་ལ་ཕྱིའི་སྐྱེ་མཆེད་དང༌། དེའི་སྟོང་ཉིད་གཉིས་ཀ་འཇོག་གམ་གང་འཇོག་ཞིབ་པར་དཔྱད་པར་བྱའོ། །

གསུམ་པ་ལམ་གྱི་ཚོགས་བཤད་པ།

གསུམ་པ་ལམ་གྱི་ཚོགས་བཤད་པ་ལ།

མདོ་ལུགས་མ་ལས། ལམ་དང་ཞེས་པ་ལ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་དང༌། རྣམ་ཐར་སྒོ་གསུམ་དང༌། ཤེས་པ་བཅུ་གཅིག་དང༌། དབང་པོ་གསུམ་དང༌། ཏིང་ངེ་འཛིན་གསུམ་དང༌། རྗེས་དྲན་བཅུ་དང༌། ཚད་མེད་བཞི་དང༌། བསམ་གཏན་བཞི་དང༌། གཟུགས་མེད་བཞི་དང༌། རྣམ་ཐར་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བཅོ་བརྒྱད་དེ། དེ་རྣམས་རྒྱས་བཤད་དང་བཅས་པ་སྐབས་འདིར་འཆད་པ་ནི་མདོའི་དགོངས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་དེ་དག་མདོ་ལུགས་མར་སྐབས་འདིར་འཆད་པ་ནི་བཤད་བྱ་རྩ་བ་ཡུམ་མདོས་སྐབས་འདིར་བཤད་པས་རྒྱུ་མཚན་གྱིས་ཡིན་ནོ། །འོན་ཀྱང་གཞུང་འདིར་ཉ་ཊཱིཀ་ལྟར་སྐབས་བཞི་བར་འཆད་པར་འགྱུར་རོ། །དེ་དག་ལས་ཤེས་པ་བཅུ་གཅིག་ནི། མདོ་ལུགས་མ་ལས། ཤེས་པ་བཅུ་གཅིག་ནི་སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ཤེས་པ་དང༌། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པ་དང༌། ཆོས་ཤེས་པ་དང༌། རྗེས་སུ་རྟོགས་པ་ཤེས་པ་དང༌།ཀུན་རྫོབ་ཤེས་པ་དང༌། ཡོངས་སུུ་འདྲེས་པ་ཤེས་པ་དང༌། སྒྲ་ཇི་བཞིན་ཤེས་པའོ། །དེ་ལ་དང་པོ་སྡུག་བསྔལ་མི་སྐྱེ་ཞིང་རྒྱུན་ཆད་པར་ཞུགས་པའི་ཤེས་པ་ཡིན་ནོ། །གཉིས་པ་ནི་ཀུན་འབྱུང་གི་ངོ་བོ་ལས་དང་ཉོན་མོངས་སྤངས་པར་ཤེས་པའོ། །གསུམ་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཟད་ཅིང་འགོག་པ་ཤེས་པའོ། །བཞི་པ་ནི་སྡུག་བསྔལ་འགོག་པ་རྒྱུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་པའོ། །ལྔ་པ་ནི་དགྲ་བཅོམ་པའི་ས་ལ་དུག་གསུམ་ཟད་པར་ཤེས་པའོ། །དྲུག་པ་ནི་སྲིད་པའི་འགྲོ་བར་མི་སྐྱེ་བར་ཤེས་པའོ། །བདུན་པ་ནི་རྣམ་པར་གྲོལ་བ་དེ་མངོན་སུམ་དུ་བྱེད་པས་ཕུང་པོ་ལྔ་བཅོས་མར་ཡོངས་སུ་གཅོད་པའི་ཤེས་པའོ། །བརྒྱད་པ་ནི་རྗེས་སུ་དཔག་པ་ཡིན་པའི་ཕྱིར་ཕུང་ཁམས་སྐྱེ་མཆེད་མི་རྟག་པར་ཤེས་པའོ། །དགུ་པ་ནི་གཅིག་ཁོ་ནས་ཀུན་བཏགས་པ་ལ་དམིགས་པའི་ཕྱིར་གཞན་གྱི་སེམས་ཤེས་པའོ། །བཅུ་པ་ནི་ཡོངས་སུ་འདྲེས་པ་དང༌། གོམས་པར་བྱེད་པ་དང༌། བསྒོམས་པ་རྣམས་དོན་གཅིག་གོ །ཡོངས་སུ་འདྲེས་པ་ཤེས་པ་ལ་གཉིས་ཏེ། ཡང་དག་པར་བསྒྲུབ་པའི་ངོ་བོ་ལམ་ཤེས་པ་དང༌།སྡིག་པ་ཐམས་ཅད་ཟིལ་གྱིས་མནན་ཅིང་ཡོངས་སུ་ཟད་པར་བྱས་པར་ཤེས་པའོ། །བཅུ་གཅིག་པ་ནི་དེ་བཞིན་གཤེགས་པ་རིགས་དྲུག་གི་སྒྲ་དང་བརྗོད་པ་ཐམས་ཅད་རྟོག་པའོ། །སྒྲ་དང་བརྗོད་པ་དང༌། འདུ་ཤེས་དང་བཏགས་པ་ནི་རྣམ་གྲངས་སོ། །རྗེས་དྲན་བཅུ་ནི། མདོ་ལུགས་མ་ལས། རྗེས་སུ་དྲན་པ་བཅུ་ནི། སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཚུལ་ཁྲིམས་དང་གཏོང་བ་དང་ལྷ་དང་སྐྱེ་བ་དང་འཆི་བ་དང་ལུས་སུ་གཏོགས་པ་དང་དབུགས་འབྱུང་རྔུབ་རྗེས་སུ་དྲན་པའོ། །ཞེས་གསུངས་སོ། །སྐབས་འདིར་མདོ་ལུགས་མ་ལས། དེ་ལྟར་དྲན་པ་ཉེར་བཞག་ནས་མ་འདྲེས་བཅོ་བརྒྱད་ཀྱི་བར་ཆོས་ཚན་པ་ཉི་ཤུ་རྩ་གཅིག་བསྟན་པ་ནི། ལམ་དང་ཞེས་པའོ། །ཞེས་གསུངས་སོ། །

བཞི་བ་གཟུངས་ཀྱི་ཚོགས་བཤད་པ།

བཞི་བ་གཟུངས་ཀྱི་ཚོགས་བཤད་པ་ལ།

སྤྱི་དོན་དང༌། མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ལ། གཟུངས་ཀྱི་མཚན་ཉིད། དབྱེ་བ། སྐྱེད་པའི་རྒྱུ། བྱེད་ལས། ས་མཚམས་དང་ལྔ། དང་པོ་མཚན་ཉིད། ཚེ་རབས་སྔ་མར་གོམས་པ་དང༌།ཐོས་བསམ་སྒོམ་པ་ཅི་རིགས་ལ་བརྟེན་ནས་ཚིག་དོན་སོགས་ཡུན་རིང་མི་བརྗེད་འཛིན་པའི་ཁྱད་འཕགས་ཀྱི་དྲན་པ་དང་ཤེས་རབ་ཅི་རིགས་དང་མཚུངས་ལྡན་གྱི་རིགས་གནས་ཀྱི་ཤེས་པ་དེ་ཡིན་ཏེ། ཡུམ་གསུམ་གནོད་འཇོམས་ལས། དེ་ལ་གཟུངས་ཐོབ་ཅེས་བྱ་བ་ནི། འཛིན་པར་བྱེད་པས་ན་གཟུངས་ཞེས་བྱའོ། །ཞེས་དང༌། ཉ་ཊཱིཀ་མཆན་ལས། ཆོས་རྣམས་ཀྱི་ཚིག་དོན་འཛིན་པར་ནུས་པས་གཟུངས་ཏེ་མདོར་བསྡུས་ན་དྲན་པ་དང་ཤེས་རབ་ཅེས་འབུམ་ཊཱིཀ་ཀོ །ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། བྱང་ས་ལས་ངོ་བོ་དྲན་པ་དང་ཤེས་རབ་ཀྱི་སྟོབས་སྐྱེད་པ་ཐོབ་པ་སྟེ། ཞེས་སོགས་གསུངས་པས་སོ། ། གཉིས་པ་དབྱེ་བ་ནི། ཡུམ་གསུམ་གནོད་འཇོམ་ལས། གཟུངས་དེ་ཡང་རྣམ་པ་བཞི་སྟེ། བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པའི་རྒྱུར་གྱུར་པའི་གཟུངས་དང༌། གསང་སྔགས་ཀྱི་གཟུངས་དང༌། ཆོས་ཀྱི་གཟུངས་དང༌། དོན་གྱི་གཟུངས་སོ། །ཞེས་དང༌། ཉ་ཊཱིཀ་ལས། ཚིག་དང་དོན་ལ་སོགས་པའི་གཟུངས་བཞི་སྟེ། ཞེས་གསུངས་པ་ལྟར་རོ། །དེ་ལ་བཟོད་པའི་གཟུངས་ཀྱི་མཚན་ཉིད་ནི། སྐྱེ་མེད་སོགས་ཀྱི་དོན་ལ་བཟོད་པའི་གཟུངས་དེ་ཡིན་ཏེ། ཉ་ཊཱིཀ་ལས། བཟོད་པའི་གཟུངས་ནི། ཨ་ར་པ་ཙ་ན་ལ་སོགས་པའི་ཡི་གེའི་དོན་དེ་བཞིན་དུ་སྒྲོ་བཏགས་ནས་བསྒོམས་པས་བསྒོམ་པ་རྫོགས་པ་ན་ཡི་གེ་དེའི་དོན་དམ་པ་ལ་བཟོད་པ་སྐྱེ་བ་ནི། བཟོད་པའི་གཟུངས་ཏེ། དཔེར་ན་དོན་སྐྱེ་བ་མེད་པར་བཏགས་ཏེ་བསྒོམས་པས་བསྒོམ་པ་རྫོགས་པ་ན་ཆོས་ཐམས་ཅད་སྐྱེ་མེད་དུ་རྟོགས་པའི་བཟོད་པ་ཐོབ་སྟེ། དེས་ན་བཟོད་གཟུངས་སོ། །དག་ལྡན་ནོ། །དེས་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་རྟོགས་པའི་སྒོ་སྟེ་ཐབས་སོ། །ཞེས་གསུངས་པས་སོ། །ཆོས་གཟུངས་ཀྱི་མཚན་ཉིད་ནི། མིང་ཚིག་ཡི་གེའི་ཚོགས་མཐའ་ཡས་པ་འཛིན་ནུས་ཀྱི་གཟུངས་དེ་ཡིན་ཏེ། ཉ་ཊཱིཀ་ལས། ཚིག་གི་གཟུངས་ནི། ས་ཐོབ་ནས་སངས་རྒྱས་བྱང་སེམས་ཀྱིས་བསྟན་པའི་ཆོས་ཀྱི་མིང་ཚིག་ཡི་གེའི་ཚོགས་ཚད་མེད་གྲངས་མེད་རྣམས་དུས་དཔག་མེད་དུ་རིམ་པ་དེ་ཉིད་ཀྱིས་མ་བརྗེད་པར་འཛིན་པའི་དྲན་པ་དང་ཤེས་རབ་མཚུངས་ལྡན་ནོ། །དེ་ཆོས་ཀྱི་གཟུངས། ཞེས་གསུངས་པས་སོ། །དོན་གཟུངས་ཀྱི་མཚན་ཉིད་ནི། དོན་མཐའ་ཡས་པ་མི་བརྗེད་པར་འཛིན་པའི་གཟུངས་དེ་ཡིན་ཏེ། ཉ་ཊཱིཀ་ལས། དོན་གྱི་གཟུངས་ནི། དེས་སྔར་གཟུང་བའི་ཆོས་རྣམས་ཀྱི་དོན་ཚད་མེད་གྲངས་མེད་རྣམས་དུས་དཔག་མེད་དུ་མི་བརྗེད་པར་འཛིན་པའི་དྲན་པ་དང་ཤེས་རབ་མཚུངས་ལྡན་ནོ། །ཞེས་གསུངས་པས་སོ། །གསང་སྔགས་ཀྱི་གཟུངས་ཀྱི་མཚན་ཉིད་ནི།ཏིང་འཛིན་ལ་བརྟེན་ནས་སྡིག་པ་དང་ནད་སོགས་ཞི་བར་བྱེད་པའི་ཚིག་བྱིན་གྱིས་རློབ་པའི་གཟུངས་དེ་ཡིན་ཏེ། རྒྱན་གྱི་ས་འགྲེལ་ལས། ཏིང་ངེ་འཛིན་ཐོབ་པའི་བྱིན་རླབས་ལ་བརྟེན་ནས་སྔགས་ཀྱི་མཐུས་ཡམས་ནད་མང་པོ་ཞི་བར་བྱེད་པ་སྔགས་ཀྱི་གཟུངས་དང༌། ཞེས་གསུངས་པས་སོ། །

གསུམ་པ་སྐྱེད་པའི་རྒྱུ།

གསུམ་པ་སྐྱེད་པའི་རྒྱུ་ནི།

རྣམ་པ་བཞི་ཡོད་དེ། བྱང་ས་ལས། བྱང་ཆུབ་སེམས་དཔའི་ཡོན་ཏན་བཞི་དང་ལྡན་ན་གཟུངས་འདི་དག་ཐམས་ཅད་འཐོབ་སྟེ། གང་ཡང་རུང་བ་མ་ཚང་བས་ནི་མ་ཡིན་ནོ། །བཞི་གང་ཞེ་ན། འདོད་པ་རྣམས་ལ་ལྷག་པར་ཞེན་པ་མེད་པ་དང༌། གཞན་མ་ཐོས་པ་དག་ལ་ཕྲག་དོག་མི་བསྐྱེད་དེ། ཕྲག་དོག་མེད་པ་དང༌། བསླངས་པ་ཐམས་ཅད་རབ་ཏུ་སྦྱིན་ཞིང་འགྱོད་པ་མེད་པར་སྦྱིན་པ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ལས་བརྩམས་ཏེ། ཆོས་ལ་ཀུན་ཏུ་དགའ་ཞིང༌། ཆོས་ལ་དགའ་བ་ཡིན་ནོ། །ཞེས་གསུངས་པས་སོ། །ཡང་ན་རྒྱན་ལས། རྣམ་སྨིན་ཐོས་ལ་གོམས་པ་དང༌། །ཏིང་ངེ་འཛིན་གྱི་གཟུངས་དག་ནི། །ཆུང་ངུ་དང་ནི་ཆེན་པོ་སྟེ། །ཆེན་པོ་དེ་ཡང་རྣམ་པ་གསུམ། །ཞེས་སྔོན་ཚེ་རབས་སྔ་མ་ལ་གཟུངས་ཐོབ་པར་འགྱུར་བའི་ལས་རྣམ་པར་དག་པ་བསགས་པ་ལས་འདིར་དམ་པའི་ཆོས་ཀྱི་ཚིག་དང་དོན་མང་པོ་འབད་པ་མེད་པར་འཛིན་ནུས་ཤིང༌།མི་བརྗེད་པའི་དྲན་པ་དང་ཤེས་རབ་ནི་རྣམ་པར་སྨིན་པ་ལས་བྱུང་བའི་གཟུངས་དང་མཐོང་བའི་ཆོས་ཚེ་འདི་ཉིད་ལ་ཆོས་མང་དུ་མཉན་པ་ལ་བརྟེན་ནས། ཚིག་དང་དོན་མང་པོ་འཛིན་ནུས་པའི་དྲན་པ་དང་ཤེས་རབ་ནི་ཐོས་པ་ལ་གོམས་པའི་གཟུངས་དང༌། ཟབ་མོ་སྟོང་པ་ཉིད་ལ་སོགས་པ་བསྒོམས་པ་ལས་བྱུང་བའི་ཤེས་རབ་ལ་བརྟེན་ནས་དམ་པའི་ཆོས་ཀྱི་ཚིག་དང་དོན་མང་པོ་ཡུད་ཙམ་གྱིས་འཛིན་ནུས་ཤིང་མི་བརྗེད་པ་ཏིང་ངེ་འཛིན་གྱི་གཟུངས་དག་སྟེ་གསུམ་ཡིན་ལ། དེ་ཡང་རྣམ་པར་སྨིན་པ་དང་ཐོས་པ་གོམས་པའི་གཟུངས་གཉིས་ནི་ཆུང་ངུ་དང་ནི་ཏིང་ངེ་འཛིན་གྱི་གཟུངས་ནི་ཆེན་པོ་ཡིན་ཏེ། ཆེན་པོ་དེ་ཡང་རྣམ་པ་གསུམ་དུ་འགྱུར་རོ། །དེ་ཡང་འདི་ལྟར། བློ་ལྡན་མ་ཞུགས་ཞུགས་པ་ཡང༌། །མ་དག་ས་པ་རྣམས་ཀྱི་ནི། །ཆུང་ངུ་དང་ནི་འབྲིང་པོ་སྟེ། །དག་པའི་ས་པའི་གཟུངས་ཆེན་ཡིན། །ཞེས་བློ་ལྡན་ས་ལ་མ་ཞུགས་པ་མོས་སྤྱོད་པ་རྣམས་ཀྱི་གཟུངས་ཀྱི་ཆོས་ཉིད་མངོན་སུམ་དུ་མ་མཐོང་བས་དམན་པ་དང༌། ས་ལ་ཞུགས་པ་ཡང་མ་དག་ས་བདུན་ལ་གནས་པ་རྣམས་ཀྱི་ནི་ཆོས་ཉིད་མཐོང་ཡང་འབད་རྩོལ་དང་བཅས་པའི་ཕྱིར་བར་མ་ཡིན་པས་རིམ་པ་ལྟར་དམན་པ་ཆུང་ངུ་དང་ནི་བར་མ་འབྲིང་པོ་སྟེ། དག་པའི་ས་གསུམ་ལ་གནས་པའི་གཟུངས་ནི་འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པས་ཆེན་པོའམ་མཆོག་ཏུ་གྱུར་པ་ཡིན་ནོ། །

བཞི་བ་བྱེད་ལས་ནི།

རྒྱན་ལས། བྱང་ཆུབ་སེམས་དཔའ་ཡང་དང་ཡང༌། །དེ་ལ་ཡང་དག་བརྟེན་ནས་ནི། །རྟག་ཏུ་དམ་པའི་ཆོས་དག་ཀྱང༌། །རབ་ཏུ་སྟོན་ཅིང་འཛིན་པར་བྱེད། །ཅེས་བྱང་ཆུབ་སེམས་དཔའ་རྣམས་ཡང་དང་ཡང་རྒྱུན་མི་འཆད་པར་གཟུངས་གསུམ་པོ་དེ་ལ་ཡང་དག་པར་བརྟེན་ནས་ནི་དུས་རྟག་ཏུ་དམ་པའི་ཆོས་ཀྱི་ཚིག་དང་དོན་ཕུན་སུམ་ཚོགས་པ་དག་ཀྱང་གཞན་ལ་རྒྱ་ཆེར་རབ་ཏུ་སྟོན་ཅིང་རང་ཡང་ཡུན་རིང་དུ་འཛིན་པར་བྱེད་པ་ཡིན་ནོ། །ལྔ་བ་ས་མཚམས་ནི། རྒྱན་དང་བྱང་ས་ལྟར་ན་ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་པར་སྣང་སྟེ། གོང་དུ་དབྱེ་བ་སྟོན་བྱེད་རྒྱན་གྱི་ལུང་སྔར་བཀོད་པ་དང༌། བྱང་ས་ལས། དེ་ལ་ཆོས་ཀྱི་གཟུངས་དང༌། དོན་གྱི་གཟུངས་ནི་བྱང་ཆུབ་སེམས་དཔའ་བསྐལ་བ་གྲངས་མེད་པ་དང་པོ་འདས་ནས་ལྷག་པའི་བསམ་པ་དག་པའི་ས་ལ་ཞུགས་པའི་ཚེ་ཐོབ་པར་འགྱུར་ཏེ། ངེས་པ་དང༌། བརྟན་པ་དང༌། རྒྱ་ཆེ་བ་ཡིན་ནོ། །དེ་ཚུན་ཆད་ནི། སྨོན་ལམ་གྱི་དབང་ངམ་བསམ་གཏན་ལ་བརྟེན་ནས་ཐོབ་པར་འགྱུར་ཏེ། ངེས་པ་ཡང་མ་ཡིན། བརྟན་པ་ཡང་མ་ཡིན། རྒྱ་ཆེ་བ་ཡང་མ་ཡིན་ནོ། །ཆོས་དང་དོན་གྱི་གཟུངས་ཇི་ལྟ་བ་བཞིན་དུ་གསང་སྔགས་ཀྱི་གཟུངས་ཀྱང་དེ་དང་འདྲ་བ་རིག་པར་བྱའོ། །ཞེས་གསུངས་པས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ།

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

བྱང་ས་ལས། བྱང་ཆུབ་སེམས་དཔའ་བཟོད་པ་འཐོབ་པར་བྱེད་པའི་གཟུངས་སོ། །ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། མོས་སྤྱོད་ཀྱི་སའི་བཟོད་པ་ཆེན་པོ་ཐོབ་པ་ནི་བཟོད་པའི་གཟུངས་ཞེས་པ་བཞི་གསུངས་ཤིང༌། ཞེས་དང༌། མདོ་ལུགས་མ་ལས། དེ་ལ་བཞི་སྟེ་བཟོད་པ་འཐོབ་པར་བྱེད་པའི་རྒྱུར་གྱུར་པའི་གཟུངས་དང༌། གསང་སྔགས་ཀྱི་གཟུངས་དང། ཆོས་ཀྱི་གཟུངས་དང༌། དོན་གྱི་གཟུངས་སོ། །ཞེས་དང༌། ཉ་ཊཱིཀ་ལས། བཟོད་པའི་གཟུངས་ནི། ཨ་ར་པ་ཙ་ན་ལ་སོགས་པའི་ཡི་གེའི་དོན་དེ་བཞིན་དུ་སྒྲོ་བཏགས་ནས་བསྒོམས་པས་བསྒོམ་པ་རྫོགས་པ་ན་ཡི་གེ་དེའི་དོན་དམ་པ་ལ་བཟོད་པ་སྐྱེ་བ་ནི། བཟོད་པའི་གཟུངས་ཏེ། དཔེར་ན་དོན་སྐྱེ་བ་མེད་པར་བཏགས་ཏེ་བསྒོམས་པས་བསྒོམ་པ་རྫོགས་པ་ན་ཆོས་ཐམས་ཅད་སྐྱེ་མེད་དུ་རྟོགས་པའི་བཟོད་པ་ཐོབ་སྟེ། དེས་ན་བཟོད་གཟུངས་སོ། །དག་ལྡན་ནོ། །དེས་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་རྟོགས་པའི་སྒོ་སྟེ་ཐབས་སོ། །ཞེས་པ་ནས། ཆོས་ཐམས་ཅད་བརྗོད་མེད་དུ་རྟོགས་པས་དགའ་བ་ཆེན་པོ་སྐྱེ་སྟེ་བཟོད་པའི་རྒྱུར་གྱུར་པའི་གཟུངས་སོ། །དེ་ནས་དེ་མ་ཐག་ཏུ་ས་དང་པོའི་ཡེ་ཤེས་སྐྱེ་བ་དང་མཐུན་པའི་བཟོད་པ་སྐྱེ་སྟེ་དོན་དམ་པའི་ཆོས་ལ་བཟོད་པས་ན་བཟོད་པའོ། །དེ་ལ་གཟུངས་ཀྱི་བཟོད་པའམ་ཡེ་ཤེས་ཞེས་བྱའོ། །དེ་མོས་སྤྱོད་དུ་གཏོགས་སོ། །ཞེས་སོགས་ལུང་དེ་དག་གིས་བཟོད་གཟུངས་དང་བཟོད་པའི་རྒྱུ་གྱུར་པའི་གཟུངས་གཉིས་ལ་ཁྱད་ཡོད་མེད་དཔྱད་དགོས་སོ། །ཡང་གོང་དུ་ས་མཚམས་བཞག་པ་དང༌། ཉ་ཊཱིཀ་མཆན་ལས། གཉིས་པ་ནི། སྔོན་གྱི་རྣམ་སྨིན་ལས་བྱུང་བ་དང་ཚེ་འདིར་མང་དུ་ཐོས་པ་ལས་བྱུང་བ་གཉིས་ཆུང་ངུ་གོམས་པ་དང༌། །ཏིང་ངེ་འཛིན་གྱི་གཟུངས་དག་ནི། །ཆེན་པོ། ཆུང་ངུ་དང་ནི་ཆེན་པོ་སྟེ། །ཆེན་པོ་དེ་ཡང་རྣམ་པ་གསུམ། །མོས་སྤྱོད་པའི་ཆུང་ངུ༌། ས་བདུན་པའི་བར་འབྲིང༌། བརྒྱད་པ་ཡན་ཆེན་པོའོ། །ཞེས་སོགས་ཏེ་སྔར་བཤད་དང་ཚུལ་ཅུང་མི་འདྲའོ། །ཞེས་ས་མཚམས་དེ་ལྟར་མི་རིགས་པར་ཐལ། ཡུམ་གསུམ་གནོད་འཇོམས་ལས། མོས་པ་སྤྱོད་པའི་ས་ཉིད་ལས་འཐོབ་བོ། །གཞན་གཟུངས་གསུམ་པོ་ནི་བསྐལ་བ་གྲངས་མེད་པ་དང་པོ་འདས་ནས་ས་དང་པོ་ལ་སོགས་པ་ལ་འཐོབ་བོ། །ཞེས་དང༌། ཉ་ཊཱིཀ་ལས། དང་པོ་མོས་སྤྱོད་རྫོགས་པ་ནས་དང་གསུམ་ས་ཐོབ་ནས་སོ། །ཞེས་དང༌། མདོ་ལུགས་མ་ལས། དེ་ལ་གཟུངས་དང་པོ་ནི་མོས་སྦྱོད་ཀྱི་ས་ཉིད་ལ་འཐོབ་ཅིང༌། ལྷག་མ་གསུམ་པོ་ནི་ས་དང་པོ་ལ་སོགས་པ་ལ་འཐོབ་པོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྙམ་སྟེ། ངེས་པ་དང༌། བརྟན་པ་དང༌། རྒྱ་ཆེ་བའི་དབང་དུ་བྱས་ནས་བཤད་པར་སྣང་ངོ༌། །དེ་ཡན་གྱིས་གཟུངས་བཤད་ཟིན་ཏོ། །

ལྔ་བ་སའི་ཚོགས་བཤད་པ།

ལྔ་བ་སའི་ཚོགས་བཤད་པ་ལ།

རྩ་བར། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ཞེས་པ་ནས། བཅུ་པ་ཡིན་པ་ཤེས་པར་བྱ། །ཞེས་བྱང་འཕགས་ཀྱི་སའི་ཚོགས་སྟོན་པ་ལ་རྗོད་བྱེད་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཉི་ཤུ་རྩ་གསུམ་གསུངས་སོ། །དེའི་དོན་འཆད་པ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ལ། མཚན་ཉིད། ངེས་ཚིག དབྱེ་བ། ཡོན་ཏན་སོགས་བཤད་པ་དང་བཞི། ཡོན་ཏན་དུ་མའི་རྟེན་དུ་གྱུར་པའི་མངོན་རྟོགས་དེ། ས་ལམ་གཉིས་སུ་ཕྱེ་བའི་སའི་མཚན་ཉིད། མཚན་གཞི་ནི། ཚོགས་ལམ་ལྟ་བུའོ། །ཡོན་ཏན་དུ་མའི་རྟེན་དུ་གྱུར་པའི་ཐེག་ཆེན་གྱི་མངོན་རྟོགས་དེ། ཐེག་ཆེན་གྱི་སའི་མཚན་ཉིད། །ཡོན་ཏན་དུ་མའི་རྟེན་དུ་གྱུར་པའི་ཐེག་ཆེན་འཕགས་རྒྱུད་ཀྱི་མངོན་རྟོགས་དེ།ཐེག་ཆེན་འཕགས་པའི་སའི་མཚན་ཉིད། ཡོན་ཏན་དུ་མའི་རྟེན་དུ་གྱུར་པའི་བྱང་འཕགས་ཀྱི་རྒྱུད་ཀྱི་མངོན་རྟོགས་དེ། བྱང་འཕགས་ཀྱི་སའི་མཚན་ཉིད། མཚན་ཉིད་དེ་དག་འཐད་དེ། བླང་དོར་རབ་གསལ་ལས། ས་ཡི་དོན་ནི་ཡོན་ཏན་རྣམས་ཀྱི་རྟེན། །ཞེས་དང༌། བླང་དོར་རབ་གསལ་རྩ་འགྲེལ་ལས། ས་བཅུའི་མཚན་ཉིད་ནི། ཁྱད་པར་བྱང་ཆུབ་སེམས་དཔའི་ས་བཅུ་ནི། །འཕགས་པ་སློབ་པའི་ཡེ་ཤེས་མཚུངས་ལྡན་དང༌། །བཅས་པའི་ཡོན་ཏན་ཀུན་གྱི་རྟེན་ཡིན་ཏེ། །ཡོན་ཏན་གནས་པས་གནས་པ་ཞེས་ཀྱང་བསྟན། །དེ་ཡང༌། དབུ་མ་འཇུག་པར་བྱང་ཆུབ་སེམས་དཔའི་སྙིང་རྗེ་ལ་སོགས་པས་ཡོངས་སུ་བཟུང་བའི་ཡེ་ཤེས་ཁོ་ནར་ཕྱེ་བ་ལ་ནི་སའི་མིང་ཐོབ་སྟེ། ཡོན་ཏན་གྱི་རྟེན་དུ་གྱུར་པའི་ཕྱིར། ཞེས་པ་དང༌། དབུས་མཐའི་ཊཱི་ཀར་ཡང༌། ཀུན་ཏུ་འགྲོ་བ་ལེགས་པའི་དོན་ཁོང་དུ་ཆུད་པའི་གནས་སྐབས་རྣམས་ནི་དེ་ལས་སྐྱེས་པའི་ཡོན་ཏན་གྱི་གཞིའི་ཚུལ་གྱི་ས་རྣམས་སོ། །ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་འཕགས་པ་སློབ་པའི་ཡེ་ཤེས་མཚུངས་ལྡན་དང་བཅས་པ་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི་རྟེན་དུ་གྱུར་པའོ། །དེ་ཉིད་དགེ་བ་བསྒྲུབ་པ་རྣམ་པ་སྣ་ཚོགས་པ་རྣམས་ལ་དགའ་བས་རྟག་པར་ཐམས་ཅད་དུ་གནས་པའི་གཞིའི་རྟེན་དུ་གྱུར་པའི་ཕྱིར་གནས་པ་ཞེས་ཀྱང་བྱ་སྟེ། རྒྱན་ལས། དགེ་བ་སྒྲུབ་པ་སྣ་ཚོགས་ལ། །དགའ་བས་རྟག་པར་ཐམས་ཅད་དུ། །གནས་ཕྱིར་བྱང་ཆུབ་སེམས་དཔའ་ཡི། ས་རྣམས་གནས་པ་ཡིན་པར་འདོད། །ཅེས་གསུངས་པ་ལྟར། ཞེས་གསུངས་པས་སོ། །གཉིས་པ་ངེས་ཚིག་བཤད་པ་ལ། སྤྱི་དང་ས་སོ་སོའི་ངེས་ཚིག་གཉིས་ལས། དང་པོ་ནི། འཇིག་རྟེན་ན་སའི་རྒྱུ་བ་སེམས་ཅན་དང་མི་རྒྱུ་བ་རྩི་ཤིང་ནགས་ཚལ་གྱི་རྟེན་བྱེད་པ་བཞིན་དུ་ཡོན་ཏན་ཐམས་ཅད་སྐྱེ་བའི་རྟེན་བྱེད་པས་ན་ས་ཞེས་བྱའོ། །ས་ལམ་གཉིས་སུ་ཕྱེ་བའི་ས་ནི་ས་བཏགས་པ་བ་ཡིན་ལ། ས་མཚན་ཉིད་པ་ནི་འབྱུང་བ་བཞིའི་ནང་ཚན་དུ་གྱུར་པའི་ས་ཡིན་ལ། དེའི་མཚན་ཉིད་ནི་སྲ་ཞིང་འཐས་པའི་འབྱུང་བ་དེའོ། །ཡང་ན་རྒྱན་ལས། འབྱུང་བོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ། །ཞེས་པ་ལྟར་བྷུ་མི་ཞེས་པ་ས་སྟེ་བྷཱུ་ཏ་འབྱུང་བོ་སྟེ་སེམས་ཅན། ཨ་མི་ཏ་དཔག་མེད། བྷཱུ་ལས་ཨ་བྷ་ཡ་ཞེས་སྦྱར་ན་འཇིགས་མེད། ཡང་ཨ་མི་ཏ་དཔག་མེད་དེ་ཡོན་ཏན་དཔག་ཏུ་མེད་པ་ཅན་ནོ། །ཡང་ན་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་འཇིགས་པ་ཐམས་ཅད་སྤང་བར་བྱ་བའི་ཕྱིར་རེ་རེ་ལ་ཡང་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ས་དེ་དག་ལ་ཡང་ཡང་ས་གོང་མ་གོང་མར་འགྲོ་བ་དང་ལྡན་པའི་སའོ། །

གཉིས་པ་ས་སོ་སོའི་ངེས་ཚིག།

གཉིས་པ་ས་སོ་སོའི་ངེས་ཚིག་ནི།

རྒྱན་ལས། རབ་ཏུ་དགའ་དང་དྲི་མ་མེད། །འོད་བྱེད་ས་དང་འོད་འཕྲོ་ཅན། །སྦྱང་དཀའ་བ་དང་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །ཞེས་གསུངས་པ་བཞིན་རིམ་པ་ལྟར་འཆད་པ་ནི། རྒྱན་ལས། བྱང་ཆུབ་དང་ནི་ཉེ་བ་དང༌། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཞེས་ཆོས་ཀྱི་དབྱིངས་མངོན་སུམ་དུ་རྟོགས་པས་བྱང་ཆུབ་ཆེན་པོ་དང་ནི་ཉེ་བར་གྱུར་པ་དང༌། ཡོན་ཏན་ཕུན་སུམ་ཚོགས་པ་ལ་བརྟེན་ནས་སེམས་ཅན་མང་པོའི་དོན་སྒྲུབ་པར་ནུས་པ་མཐོང་བ་ལས་རབ་ཏུ་དགའ་བ་ཁྱད་པར་ཅན་སྐྱེ་བར་འགྱུར་ཏེ། དེའི་ཕྱིར་ས་དང་པོ་ལ་རབ་ཏུ་དགའ་བ་ཞེས་བརྗོད་དོ། །རྒྱན་ལས། འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཞེས་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་དང་ཐེག་པ་གཞན་ཡིད་ལ་བྱེད་པར་རྩོལ་བའི་དྲི་མ་དང་བྲལ་བའི་ཕྱིར་ས་གཉིས་པ་ལ་ནི་དྲི་མ་མེད་པའི་ས་ཞེས་བྱའོ། །རྒྱན་ལས། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པའོ། །ཞེས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཆོས་ཀྱི་སྣང་བ་ཚད་མེད་པ་ཚོལ་ཞིང༌། གཞན་དག་ལ་ཡང་ཆོས་ཀྱི་སྣང་བ་རྒྱ་ཆེན་པོ་ནི་འཕེལ་བར་བྱེད་པའི་ཕྱིར་ན་ས་གསུམ་པ་ལ་འོད་བྱེད་པ་ཞེས་བྱའོ། །རྒྱན་ལས། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་སྲེག་པས་འོད་འཕྲོ་ཅན། །ཞེས་འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྟོགས་པའི་ཤེས་རབ་ནི་མི་མཐུན་ཕྱོགས་ཐམས་ཅད་རབ་ཏུ་སྲེག་པར་བྱེད་པས་འོད་འཕྲོ་བ་ལྟ་བུ་སྟེ། ཤེས་རབ་དེ་དང་ལྡན་པའི་ཕྱིར་ན་ས་བཞི་པ་དེ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་པོ་སྲེག་པར་བྱེད་པས་འོད་འཕྲོ་བ་ཅན་ཞེས་བྱའོ། །རྒྱན་ལས། སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང༌། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱོང་དཀའ་ཞེས་བྱའོ། །ཞེས་སེམས་ཅན་མཐའ་ཡས་པ་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང༌། དེ་དག་གི་ལོག་སྒྲུབ་ཀྱིས་མི་སྐྱོ་བར་རང་གི་སེམས་ཀྱང་ཀུན་ནས་ཉོན་མོངས་པ་ལས་བསྲུང་བའི་ཕྱིར། བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྦྱང་དཀའ་བ་དེའི་ཕྱིར་ན་ས་ལྔ་པ་ལ་སྦྱང་དཀའ་བ་ཞེས་བྱའོ། །རྒྱན་ལས། ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བཤད། །ཅེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་འཁོར་བའི་རང་བཞིན་དང་ནི་མྱ་ངན་ལས་འདས་པ་གཉིས་པོ་འདི་དག་མཉམ་པ་ཉིད་མངོན་དུ་གྱུར་ཅིང་སྲིད་ཞིའི་མཐའ་ལ་མི་གནས་པའི་ཕྱིར་ས་དྲུག་པ་ལ་མངོན་དུ་གྱུར་པའི་ས་ཞེས་བཤད་དོ། །རྒྱན་ལས། བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །ཞེས་མྱ་ངན་ལས་འདས་པར་བགྲོད་པ་གཅིག་པའི་ལམ་ས་བརྒྱད་པ་དང་འབྲེལ་ཞིང་དེ་ཐོབ་པ་ལ་ཉེ་བའི་ཕྱིར་རྩོལ་བཅས་སྦྱོར་བའི་མཐར་ཕྱིན་ཏེ་འཁོར་བ་ལས་རིང་དུ་སོང་བས་ན་[ས་བདུན་པ་ལ་]རིང་དུ་སོང་བའི་ས་ཞེས་བྱ་བར་འདོད་དོ། །རྒྱན་ལས། འདུ་ཤེས་ཉིད་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད། །ཅེས་མཚན་མ་སྤང་བར་རྩོལ་བ་དང་མཚན་མེད་སྒྲུབ་པར་རྩོལ་བའི་འདུ་ཤེས་གཉིས་ཀྱིས་མི་གཡོ་བའི་ཕྱིར་ན་ས་བརྒྱད་པ་ལ་མི་གཡོ་བ་ཞེས་བྱ་བར་ངེས་པར་བརྗོད་དོ། །རྒྱན་ལས། སོ་སོ་ཡང་དག་རིག་བློ་བཟང༌། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཞེས་གཙོ་བོར་སོ་སོ་ཡང་དག་པར་རིག་པ་བཞི་ལ་དབང་ཐོབ་པའི་བློ་གྲོས་བཟང་པོ་དང་ལྡན་པའི་ས་དགུ་བ་དེ་ནི་ལེགས་པའི་བློ་གྲོས་ཞེས་བྱ་བ་ཡིན་ནོ། །རྒྱན་ལས།སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་སྤྲིན་གྱིས་ནམ་མཁའ་ལ་ཁྱབ་པ་བཞིན་དུ་བརྟེན་པ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་གཉིས་ཀྱིས་ནམ་མཁའ་ལྟ་བུར་རྒྱ་ཆེ་བའི་ཆོས་ཀྱི་རྟེན་ལ་ཁྱབ་པའི་ཕྱིར་ན་ས་བཅུ་པ་ལ་ཆོས་ཀྱི་སྤྲིན་ཞེས་བྱའོ། །

གསུམ་པ་དབྱེ་བ་ནི།

ཐེག་དམན་གྱི་ས་དང༌། ཐེག་ཆེན་གྱི་ས་གཉིས་ཡོད། དང་པོ་ལ་དམན་པ་ས་བརྒྱད་ཡོད་དེ། དཀར་བོ་རྣམ་པར་མཐོང་བའི་ས། རིགས་ཀྱི་ས། བརྒྱད་པའི་ས། མཐོང་བའི་ས། བསྲབས་པའི་ས། འདོད་ཆགས་དང་བྲལ་བའི་ས། བྱས་པ་རྟོགས་པའི་ས། རང་སངས་རྒྱས་ཀྱི་ས་དང་བརྒྱད་ཡོད་པའི་ཕྱིར་རོ། །དེ་ཡང་དཀར་པོ་རྣམ་པར་མཐོང་བའི་ས་ནི་མོས་སྤྱོད་དང༌། རིགས་ཀྱི་ས་ནི་ཆོས་མཆོག་དང༌། བརྒྱད་པའི་ས་ནི་རྒྱུན་ཞུགས་ལ་ཞུགས་པ་དང༌། མཐོང་བའི་ས་ནི་རྒྱུན་ཞུགས་དང༌། བསྲབས་པའི་ས་ནི་ཕྱིར་འོང་དང༌། འདོད་ཆགས་དང་བྲལ་བའི་ས་ནི་ཕྱིར་མི་འོང་དང༌། བྱས་པ་རྟོགས་པའི་ས་ནི་དགྲ་བཅོམ་དང༌། རང་རྒྱལ་གྱི་མངོན་རྟོགས་རྣམས་ནི་རང་རྒྱལ་གྱི་ས་ཡིན་ནོ། །

གཉིས་པ་ཐེག་ཆེན་གྱི་ས་ལ།

སོ་སྐྱེས་ཀྱི་ས་དང༌། འཕགས་པའི་ས་གཉིས་ཡོད། །ཐེག་ཆེན་འཕགས་པའི་ས་ལ། བྱང་འཕགས་དང་སངས་འཕགས་ཀྱི་ས་གཉིས་ཡོད་དོ། །བྱང་འཕགས་ཀྱི་ས་ལ་དབྱེ་ན། ས་དང་པོ་རབ་ཏུ་དགའ་བ། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་བ་འོད་འཕྲོ་བ། ལྔ་བ་སྦྱང་དཀའ་བ། དྲུག་པ་མངོན་དུ་གྱུར་པ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་བ་ལེགས་པའི་བློ་གྲོས། བཅུ་བ་ཆོས་ཀྱི་སྤྲིན་དང་བཅུའོ། །ཡང་སའི་མིང་གིས་བསྟན་པ་དུ་མ་ཡོད་དེ། བསམ་གཏན་ས་དྲུག་ནི། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་དང༌། དང་བོའི་དངོས་གཞི་ཙམ་པོ་བ་དང་ཁྱད་པར་གྱི་དངོས་གཞི། གཉིས་པའི་དངོས་གཞི། གསུམ་པའི་དངོས་གཞི། བཞི་བའི་དངོས་གཞི་རྣམས་སོ། །ཁམས་གསུམ་ས་དགུ་ནི་འདོད་སེམས་དང་བསམ་གཏན་བཞི་དང་གཟུགས་མེད་བཞིའོ། །ཟག་མེད་ས་དགུ་ཡོད་དེ། ཟག་མེད་ཀྱི་བསམ་གཏན་ས་དྲུག་དང༌། གཟུགས་མེད་དང་བོ་གསུམ་གྱིདངོས་གཞི་ཟག་མེད་རྣམས་སོ། །

བཞི་པ་སའི་ཡོན་ཏན་སོགས་བཤད་པ།

བཞི་པ་སའི་ཡོན་ཏན་སོགས་བཤད་པ་ལ།

ཡོན་ཏན། རྟགས། སྐྱེ་བ། སློབ་ཚུལ།སྤང་བྱ། ཕར་ཕྱིན་ལ་སྤྱོད་ཚུལ། སྤངས་རྟོགས། ཡོངས་སྦྱོང༌། འབྲས་བུའི་ཁྱད་པར་བཤད་པ་དང་དགུ། དང་པོ་ཡོན་ཏན་ལ། སྤྱི་དང༌། ས་སོ་སོའི་ཡོན་ཏན་གཉིས། དང་པོ་ནི། རྒྱན་ལས། ས་རྣམས་ཀུན་ལ་རྣམ་ཀུན་ཏུ༌། །བློ་ལྡན་རྣམས་ཀྱི་ཕན་ཡོན་ནི། །ཞི་གནས་ལྷག་མཐོང་གཉིས་ཀ་ལ། །ལྔ་པོའི་བདག་ཉིད་དག་ཏུ་འདོད། །ཅེས་བྱང་སེམས་ཀྱི་ས་རྣམས་ཀུན་ལ་རྣམ་པ་ཀུན་ཏུ་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ཐོབ་པའི་ཕན་ཡོན་ནི། གདམས་ངག་གི་སྐབས་སུ་བཤད་པ་ལྟར་སྐད་ཅིག་རེ་རེ་ལ་སྒྲིབ་པ་གཉིས་ཀྱི་གནས་ངན་ལེན་ས་བོན་གྱི་གནས་ཐམས་ཅད་ཟད་པར་འགྱུར་བ་དང༌། སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་ཏེ་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པར་རྟོགས་པས་ཆོས་ཀྱི་དགའ་བ་ལ་དགའ་བ་ཡང་དག་པ་ཐོབ་པར་འགྱུར་བ་དང༌། འདྲིས་ཤིང་མ་བརྗེད་པའི་སྒོ་ནས་ཆོས་ཐམས་ཅད་ལ་རྣམ་པ་ཕྱོགས་རེར་ཡོངས་སུ་མ་ཆད་པའི་ཆོས་ཀྱི་སྣང་བ་ཚད་མེད་པ་ཡང་དག་པར་ཡོངས་སུ་ཤེས་པར་འགྱུར་བ་དང༌། སྒྲིབ་པས་རྣམ་པར་དག་པའི་སྐལ་བ་དང་མཐུན་པའི་རྒྱུ་མཚན་མ་བརྟགས་བཞིན་དུ་ཆོས་ཉིད་ཀྱི་སྣང་བ་མངོན་སུམ་དུ་མཐོང་བར་འགྱུར་བ་དང༌། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང་ཡོངས་སུ་འགྲུབ་པར་བྱ་བའི་ཕྱིར་གོང་ནས་གོང་དུ་ཆེས་ཁྱད་པར་དུ་འཕགས་པའི་རྒྱུ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པར་བྱེད་པ་སྟེ། དང་པོ་གཉིས་ནི་ཞི་གནས་ཀྱི་ཕྱོགས་དང་མཐུན་པ་དང༌། དེ་ནས་གཉིས་ལྷག་མཐོང་གི་ཕྱོགས་དང་མཐུན་པ་དང༌། ལྷག་མ་གཅིག་ནི་གཉིས་ཀ་ལ་ཡོད་པའི་ཕན་ཡོན་ཡིན་པས་དེ་ལྟར་ན་ཕན་ཡོན་ལྔ་པོའི་བདག་ཉིད་དག་ཐོབ་པ་ཉིད་དུ་འདོད་པ་ཡིན་ནོ། །

གཉིས་པ་སོ་སོའི་ཡོན་ཏན།

གཉིས་པ་སོ་སོའི་ཡོན་ཏན་ནི།

ས་དང་པོའི་རྗེས་ཐོབ་ཏུ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་སྟེ། ༡སྐད་ཅིག་གཅིག་གིས་ཏིང་ངེ་འཛིན་བརྒྱ་སོ་སོར་ཐོབ་ཅིང་སྙོམས་པར་འཇུག་གོ ། ༢ དེ་བཞིན་དུ་སངས་རྒྱས་བརྒྱ་མཐོང་བ།༣ དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཤེས་པ། ༤ འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ། ༥སྣང་བར་ཡང་བྱེད་པ།༦ ཞིང་བརྒྱར་འགྲོ་བ། ༧ སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད་པ། ༨བསྐལ་བ་བརྒྱར་གནས་པ། ༩ སྔོན་དང་ཕྱི་མའི་མཐར་འཇུག་པ། ༡༠ ཆོས་ཀྱི་སྒོ་བརྒྱ་རྣམ་པར་འབྱེད་པ།༡༡ ལུས་བརྒྱ་སྟོན་པར་བྱེད་པ། ༡༢ ལུས་དང་ལུས་ལ་ཡང་བྱང་ཆུབ་སེམས་དཔའ་འཁོར་བརྒྱ་དང་ལྡན་པར་སྟོན་པར་བྱེད་པའོ། །དེ་བཞིན་དུ་བསྒྲེས་ཏེ། ས་གཉིས་པ་སོགས་ལ་ཡོན་ཏན་སྟོང་ཕྲག་བཅུ་གཉིས་དང༌། ས་གསུམ་པར་འབུམ་ཕྲག་བཅུ་གཉིས། ས་བཞི་བར་བྱེ་བ་བརྒྱ་དང༌། ས་ལྔ་བར་བྱེ་བ་སྟོང་དང༌། ས་དྲུག་པར་བྱེ་བ་འབུམ། ས་བདུན་པར་བྱེ་བ་ཁྲག་ཁྲིག་འབུམ་དང༌། ས་བརྒྱད་པར་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དང༌། ས་དགུ་པར་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང༌། ས་བཅུ་བར་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་ལས་འདས་པའི་རྡུལ་ཕྲ་མོ་ཇི་སྙེད་པ་དེ་སྙེད་ཀྱི་ཡོན་ཏན་ཐོབ་པ་ཡིན་ནོ། །གཉིས་པ་རྟགས་ལ་ཞུགས་པ་དང༌། རྨི་ལམ་གྱི་རྟགས་གཉིས་ལས། དང་པོ་ནི། རྒྱན་ལས། སྣང་དང་བཅས་དང་མོས་པ་དང༌། །མ་ཞུམ་པ་དང་མི་དམན་ཉིད། །གཞན་དྲིང་མི་འཇོག་བདག་ཉིད་དང༌། །ཐམས་ཅད་རབ་ཏུ་རྟོགས་པ་དང༌། །ཀུན་ལ་སེམས་ནི་མཉམ་པ་དང༌། །བཀྲི་དང་རྗེས་སུ་ཆགས་མེད་དང༌། །ཐབས་ཤེས་འཁོར་དུ་སྐྱེ་བ་ནི། །ཀུན་ལ་རྟགས་སུ་འདོད་པ་ཡིན། །ཞེས་ས་གང་ལ་ཞུགས་པ་དེའི་བླང་དོར་དང་ཡོན་ཏན་རྣམས་གསལ་བར་ཤེས་ཤིང་སྣང་བ་དང་བཅས་པ་དང༌། གང་ལ་མ་ཞུགས་པ་དེ་ལ་ཐོབ་པར་འདོད་པའི་མོས་པ་དང་དད་པ་སྐྱེ་བ་དག་ནི་རྟགས་གཅིག་དང༌། ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་དམ་པ་རྣམས་ལ་མི་སྐྲག་ཅིང་མ་ཞུམ་པ་དང༌། གཞན་དོན་དུ་ལུས་གཏོང་བ་ལ་སོགས་པའི་དཀའ་སྤྱད་རྒྱ་ཆེན་པོ་ལ་མི་དམན་པ་ཉིད་དང༌། རང་གིས་གང་ཐོབ་པའི་ས་དེ་ལ་སུ་ལའང་ལྟོས་པ་མེད་པས་གཞན་གྱི་དྲིང་ལ་མི་འཇོག་པའི་བདག་ཉིད་དང༌། ས་གང་ཐོབ་པར་བྱ་བ་དེ་མངོན་པར་སྒྲུབ་པར་བྱེད་པའི་ཐབས་ལ་ས་ཐམས་ཅད་རབ་ཏུ་རྟོགས་པ་དང༌། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པས་བདག་དང་སེམས་ཅན་ཀུན་ལ་སེམས་ནི་མཉམ་པ་ཉིད་ཐོབ་པ་དང༌། ལམ་གཞན་ལ་ཞུགས་ན་བདེ་བ་དང་ཐེག་ཆེན་ལ་ཞུགས་ན་སྡུག་བསྔལ་བའོ་ཞེས་པ་ལ་སོགས་པའི་སྙན་པ་དང་མི་སྙན་པ་བརྗོད་པས་ལམ་གཞན་དུ་བཀྲི་བར་མི་ནུས་པ་དང༌། ཟག་པ་མེད་པའི་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པས་ཚངས་པ་དང་བརྒྱ་བྱིན་དང་འཁོར་ལོས་བསྒྱུར་བ་ལ་སོགས་པའི་འབྱོར་པ་ལ་རྗེས་སུ་ཆགས་པ་མེད་པ་དང༌། འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པས་སངས་རྒྱས་ཉིད་འགྲུབ་པའི་ཐབས་ཤེས་ཤིང་མཁས་པ་དང༌། དུས་རྟག་ཏུ་སངས་རྒྱས་བཞུགས་པའི་འཁོར་གྱི་དཀྱིལ་འཁོར་དུ་སྐྱེ་བ་སྟེ་བཅུ་པོ་འདི་རྣམས་ནི་བྱང་ཆུབ་སེམས་དཔའ་ས་རྣམས་ཀུན་ལ་ཞུགས་པའི་ཐུན་མོང་གི་རྟགས་སུ་འདོད་པ་ཡིན་ནོ། །

གཉིས་པ་རྨི་ལམ་གྱི་རྟགས།

གཉིས་པ་རྨི་ལམ་གྱི་རྟགས་ནི།

ས་དང་པོ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཏེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་གང་བར་མཐོང་ངོ༌། །ས་གཉིས་པ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལག་མཐིལ་ལྟ་བུར་གྱུར་པ་ལ་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ལེགས་པར་བརྒྱན་པར་མཐོང་ངོ༌། །ས་གསུམ་པ་ལ་བདག་ཉིད་དཔའ་ཞིང་ལག་ཆ་དང་གོ་ཆ་སྲ་བ་ཐོགས་ནས་ཕས་ཀྱི་རྒོལ་བ་ཐམས་ཅད་འདུལ་བར་མཐོང་ངོ༌། །ས་བཞི་བ་ལ་ཕྱོགས་བཞི་ནས་རླུང་གི་དཀྱིལ་འཁོར་བཞིས་ཐམས་ཅད་དང་ལྡན་པའི་སའི་དཀྱིལ་འཁོར་ལ་མེ་ཏོག་སྣ་ཚོགས་ཀྱིས་མངོན་པར་འཐོར་བར་མཐོང་ངོ༌། །ས་ལྔ་བ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུད་མེད་ཀྱིས་མགོ་ལ་མེ་ཏོག་ཙམ་པ་ཀའི་ཕྲེང་བ་འདོགས་པར་མཐོང་ངོ༌། །ས་དྲུག་པ་ལ་རྫིང་ཐེམ་སྐས་བཞི་དང་ལྡན་པ་གསེར་གྱི་བྱེ་མ་བརྡལ་བ་རྙོག་པ་མེད་ཅིང་དྭངས་ལ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བ་ལ་མེ་ཏོག་ཨུཏྤལ་དང་ཀུ་མུ་ཏ་དང་པདྨ་དཀར་པོས་བརྒྱན་པའི་ཆུ་མཐོང་སྟེ་དེ་ལ་བདག་ཉིད་རྩེ་དགའ་ཞིང་ལོངས་སུ་སྤྱོད་པ་མཐོང་ངོ༌། །བདུད་རྩི་ཡན་ལག་བརྒྱད་ནི། ཇི་སྐད་དུ། བསིལ་དང་ཞིམ་དང་ཡང་བ་དང༌། །དྭངས་དང་འཇམ་དང་དྲི་ང་མེད། །འཐུངས་ན་ལྟོ་ལ་མི་གནོད་དང༌། །མགྲིན་པ་ལ་ནི་མི་གནོད་པའོ། །ཞེས་སོ། །ས་བདུན་པ་ལ་ཕྱོགས་གཡས་གཡོན་གཉིས་ནས་སེམས་ཅན་དམྱལ་བའི་གཡང་ས་མཐོང་སྟེ་དེ་ལས་བདག་ཉིད་མ་སྨས་མ་ཉམས་པར་སླར་ལྡོག་པར་མཐོང་ངོ༌། །ས་བརྒྱད་པ་ལ་ཕྲག་པ་གཉིས་ན་རི་དྭགས་ཀྱི་རྒྱལ་བོ་སེང་གེ་རལ་བ་ཅན་ཅོད་པན་ཐོགས་པས་གཅན་ཟན་ཕྲ་མོ་ཐམས་ཅད་སྐྲག་པར་བྱེད་ཅིང་འདུག་པ་མཐོང་ངོ༌། །ས་དགུ་བ་ལ་འཁོར་ལོས་བསྒྱུར་བའི་རྒྱལ་བོ་མཐོང་སྟེ་སྐྱེ་བོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཞིང་མདུན་གྱིས་བལྟས་ལ་མགོའི་སྟེང་ན་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་གདུགས་དཀར་པོ་འཛིན་པ་མཐོང་ངོ༌། །ས་བཅུ་བ་ལ་དེ་པའི་སྐུ་མཐོང་སྟེ་ཁ་དོག་གསེར་ལྟ་བུ་འོད་འདོམས་གང་བ་ཚངས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཞིང་མདུན་གྱིས་བལྟས་ནས་ཆོས་སྟོན་པ་མཐོང་ངོ༌། །ཞེས་གསེར་འོད་དང་བློ་གྲོས་མི་ཟད་པས་ཞུས་པ་གཉིས་ཅར་ལས་གསུངས་སོ། །དྲོད་ཐོབ་ནས་གཉིད་སོགས་སྒྲིབ་པ་ལྔ་མེད་པར་བཤད་པས་ས་བཅུ་ཐོབ་པ་ལ་ཅི་ལྟར་རྨི་ལྟས་འོང་སྙམ་ན། གཉིད་ལ་གཉིས་ལས། འཇུག་པ་རང་དབང་མེད་པར་སྡུད་བྱེད་ཉེ་ཉོན་གྱི་གཉིད་མེད་ཀྱང༌། ཆེད་དུ་བྱིན་གྱིས་བརླབས་པས་ལུས་རྒྱས་པར་བྱེད་པ་དགེ་བར་བགྲང་བའི་གཉིད་ནི་ས་དེ་དག་ནའང་ཡོད་པས་སྐྱོན་མེད། ཅེས་ཉ་ཊཱིཀ་ལས་སོ། །སྐབས་མིན་པར་མཚན་མ་འདི་དག་བྱུང་ན་སྔགས་ཀྱི་མཐུའམ་བདུད་ཀྱི་བྱིན་བརླབས་སུ་ཤེས་པར་བྱའོ་ཞེས་ཆོས་བཤེས་སོ། །གསུམ་པ་སྐྱེ་བ་ལེན་ཚུལ་ནི། བློ་ལྡན་རྣམས་ཀྱི་ལས་དང་ནི། །གཞན་ཡང་སྨོན་ལམ་དག་དང་ནི། །ཏིང་ངེ་འཛིན་དང་དབང་འབྱོར་བའི། །དབང་གིས་སྐྱེ་བར་འདོད་པ་ཡིན། །ཞེས་པ་ལྟར་མོས་སྤྱོད་པ་རྣམས་ལས་ཀྱིས་འདོད་པའི་གནས་སུ་སྐྱེ་བ་དང༌། ས་ཐོབ་པ་རྣམས་སེམས་ཅན་སྨིན་པའི་ཕྱིར་དུ་དུད་འགྲོ་སོགས་གནས་དམན་པར་སྐྱེ་བ་ནི་སྨོན་ལམ་གྱི་དབང་དང༌། བསམ་གཏན་རྣམས་བཟློག་ནས་འདོད་ཁམས་སུ་སྐྱེ་བ་ཏིང་ངེ་འཛིན་གྱི་དབང་དང༌། སྤྲུལ་བས་དགའ་ལྡན་ན་གནས་པ་སོགས་དབང་འབྱོར་བའི་དབང་གིས་སྐྱེ་བ་སྟེ་དབང་གི་སྐྱེ་བ་བཞིའོ། །

རྣམ་སྨིན་གྱི་སྐྱེ་བ་འཛིན་ཚུལ།

རྣམ་སྨིན་གྱི་སྐྱེ་བ་འཛིན་ཚུལ་ནི།

ས་བཅུ་ཐོབ་པ་རྣམས་རིམ་བཞིན་དུ། ཛམྦུའི་གླིང༌། གླིང་བཞི། སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་ཀྱི་རྒྱལ་བོ་དང༌། སྟོང་གི་བདག་པོ་ཚངས་པ། སྟོང་གཉིས་ཀྱི་བདག་པོ།སྟོང་གསུམ་གྱི་བདག་པོ་གནས་གཙང་མའི་ལྷའི་རྒྱལ་བོ་རྣམས་སུ་ཕལ་ཆེར་སྐྱེའོ། །བཞི་བ་བསླབ་པ་གསུམ་ལ་སློབ་ཚུལ་ནི། རྒྱན་ལས། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ལྷག་པའི་ཚུལ་ཁྲིམས་ལྷག་སེམས་དང༌། །ལྷག་པའི་ཤེས་རབ་ལ་རྗེས་སློབ། །ཞེས་པ་ལྟར་ས་དང་པོར་ཆོས་ཉིད་རྟོགས་ནས། གཉིས་པར་ཚུལ་ཁྲིམས་ཀྱི། གསུམ་པར་སེམས་ཀྱི་བསླབ་པ་དང༌། བཞི་བར་བྱང་ཕྱོགས་ལ་མཁས་པ། ལྔ་བར་བདེན་གཉིས་ལ་མཁས་པ། དྲུག་པར་རྟེན་འབྲེལ་ལ་མཁས་པ་སྟེ་གསུམ་པོ་དེར་ཤེས་རབ་ཀྱི་བསླབ་པ་ལ་སློབ་པོ། །དེ་ལྟར་བསླབས་པས་ས་བདུན་པར་མཚན་མ་མེད་ཅིང་མངོན་པར་འདུ་བྱེད་པའི་ཡེ་ཤེས། བརྒྱད་པར་མཚན་མ་དང་འདུ་བྱེད་པ་གཉིས་ཀ་མེད་ཅིང་ཞིང་དག་པ། དགུ་བར་སེམས་ཅན་སྨིན་པར་བྱེད་པ། བཅུ་བར་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་རྣམས་འགྲུབ་པའི་འབྲས་བུ་སྟེ། འབྲས་བུ་དམ་པ་འདི་བཞི་ནི། །ས་བཞི་བོ་ལ་རབ་ཏུ་བརྟེན། །ཞེས་སོ། །

ལྔ་བ་སྤང་བྱ་ནི།

ས་ལ་འཇུག་པའི་མདོར། ཡན་ལག་བཅུ་གཅིག་རྫོགས་གྱུར་པས། །རབ་དགའ་ལ་སོགས་ས་བཅུ་གཅིག །རྨོངས་གཉིས་གནས་ངན་ལེན་གཅིག་སྟེ། །མི་མཐུན་ཕྱོགས་ནི་ཐ་དད་དོ། །ཞེས་པ་ལྟར། ས་བཅུ་གཅིག་ལ་རྨོངས་པ་གཉིས་གཉིས་དང་གནས་ངན་ལེན་རེ་རེ་ཡོད་དོ། །རྒྱས་པར་མདོ་སྡེ་དགོངས་འགྲེལ་སྤྱན་རས་གཟིགས་ཀྱི་ལེའུ་ལས་ཤེས་པར་བྱའོ། ། དྲུག་པ་ཕར་ཕྱིན་ལ་སྤྱོད་ཚུལ་ནི། ས་དང་པོར་སྦྱིན་པའི་ཕར་ཕྱིན་སྤྱོད་པ་ནས་དྲུག་པར་ཤེས་རབ་ཀྱི་ཕར་ཕྱིན་ལ་སྤྱོད་པ་དང༌། བདུན་པར་ཐབས་ཀྱི་ཕར་ཕྱིན་དང༌། བརྒྱད་པར་སྨོན་ལམ་གྱི་ཕར་ཕྱིན་དང༌། དགུ་བར་སྟོབས་ཀྱི་ཕར་ཕྱིན་དང༌། བཅུ་བར་ཡེ་ཤེས་ཀྱི་ཕར་ཕྱིན་གཙོ་བོར་སྤྱོད་ཅིང་གཞན་ཕལ་བའི་ཚུལ་གྱིས་སྤྱོད་དེ། དབུས་མཐར། ཁྱད་པར་ཅན་དང་ཁྱད་མེད་ནི། །ས་བཅུ་དག་ཏུ་ཤེས་པར་བྱ། །ཞེས་སོ། །

བདུན་པ་སྤངས་རྟོགས་ཀྱི་ཁྱད་པ།

བདུན་པ་སྤངས་རྟོགས་ཀྱི་ཁྱད་པར་ནི།

སྤངས་པ་ནི་ས་བཅུ་སོ་སོར་ཆོས་ཀྱི་དབྱིངས་རྟོགས་པའི་ཡེ་ཤེས་ཁྱད་པར་ཅན་རྣམས་ཀྱི་རང་རང་གི་མི་མཐུན་པའི་ཕྱོགས་མ་རིག་པས་བསྡུས་པའི་ཤེས་བྱའི་སྒྲིབ་པ་རྣམས་ཏེ། ཆོས་ཀྱི་དབྱིངས་ལས་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ས་བཅུའི་མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་དག་ནི་ས་ཡིན་ནོ། །ཞེས་པ་དང་ཀུན་ལས་བཏུས་པར་ཡང༌། བྱང་ཆུབ་སེམས་དཔའ་ནི་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་ས་བཅུ་རྣམས་སུ་སྒོམ་པའི་ལམ་ལ་ཤེས་བྱའི་སྒྲིབ་པའི་གཉེན་པོའི་ལམ་སྒོམ་པ་ཡིན་གྱི་ཉོན་མོངས་པའི་གཉེན་པོ་ནི་མ་ཡིན་ཏེ། ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །གཞན་ཡང་ས་བཅུ་པའི་མདོ་ལས། ས་ཐོབ་གྱུར་མ་ཐག་ཏུ་འཇིགས་པ་ལྔ་དང་བྲལ། །འཚོ་བ་ཆད་དང་འཆི་དང་མི་བསྔགས་ངན་འགྲོ་དང༌། །འཁོར་གྱི་འཇིགས་བྲལ་དེ་ལ་བག་ཚའི་རྣམ་པ་མེད། །ཅིའི་ཕྱིར་ཞེ་ན་དེ་ལ་བདག་གི་གནས་མེད་དོ། །ཞེས་གསུངས་པ་ལྟར་འཇིགས་པ་ལྔ་སྤངས་པ་དང༌། རྒྱུད་བླ་མར། འཕགས་པས་འཆི་དང་ན་བ་དང༌། །རྒ་བའི་སྡུག་བསྔལ་རྩ་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པ་ལྟར་སྡུག་བསྔལ་གྱི་ཆུ་བོ་བཞི་སྤངས་པ་ལ་སོགས་པའོ། །

རྟོགས་པའི་ཁྱད་པར་ནི།

ས་བཅུ་བོའི་རྟོགས་པ་ལ་ཁྱད་ཅི་ཡོད་ཅེ་ན། མཉམ་གཞག་ཏུ་ཆོས་ཉིད་ཙམ་རྟོགས་པ་ལ་ཁྱད་མེད་དུ་བསྟན་པ་དང༌། ཆོས་ཉིད་བཅུ་ལ་སྒྲིབ་པ་བཅུ་སྤངས་པའི་རིམ་གྱིས་ངེས་པ་འདྲེན་ཚུལ་ལ་ཁྱད་ཡོད་པར་བསྟན་པ་དང་གཉིས།དང་པོ་ནི། ས་བཅུ་གཅིག་གི་མཉམ་བཞག་ན་ཆོས་ཉིད་ཙམ་མངོན་གསུམ་དུ་རྟོགས་པར་ཁྱད་པར་མེད་དེ། ཆོས་ཐམས་ཅད་ཀྱི་ཆོས་དབྱིངས་གཅིག་ཉིད་ཡིན་པའི་ཕྱིར་ཏེ། མདོ་ལས།འཇམ་དཔལ་ཆོས་ཀྱི་དབྱིངས་གཅིག་ཡང་དག་པའི་མཐའ་གཅིག་ཡིན་ན་སྣོད་དང་སྣོད་མིན་པར་ཇི་ལྟར་བརྟགས། ཅེས་དང༌། ཨཱརྱ་དེ་བས། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང༌། །ཞེས་སོགས་མཐའ་ཡས་སོ། །གཉིས་པ་ནི། དེ་ལྟར་ཡིན་ཀྱང་ཆོས་དབྱིངས་བཅུས་སྒྲིབ་པ་བཅུ་སྤངས་པའི་སྒོ་ནས་རྗེས་ཐོབ་ཀྱི་ཡང་དག་པའི་ངེས་པ་འདྲེན་པའི་སྒོ་ནས་རྟོགས་པ་ལ་ཁྱད་པར་ཡོད་དེ། ཐམས་ཅད་ཀྱིས་ཀྱང་མཉམ་གཞག་ཏུ་ཆོས་ཉིད་དོན་དམ་པ་ཇི་ལྟ་བའི་ཚུལ་སྤྲོས་པའི་མཐའ་དང་བྲལ་བ་ན་ནམ་མཁའ་ལྟ་བུར་རྟོགས་ཤིང༌། རྗེས་ཐོབ་ཏུ་ཆོས་ཅན་ཀུན་རྫོབ་ཇི་སྙེད་པའི་ཚུལ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་རྟོགས་ཏེ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་ངོ༌། །དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་དང་སྒྱུ་མ་ལ་སོགས་པ་བརྒྱད་དང་མཚུངས་པར་མཐོང་ངོ་ཞེས་གསུངས་པ་ལྟར་རོ། །སོ་སོས་ནི་ས་དང་པོར་ཆོས་ཀྱི་དབྱིངས་རང་གཞན་ཐམས་ཅད་ཀྱི་བདག་ཉིད་དུ་ཀུན་ཏུ་འགྲོ་བའི་ཚུལ་དུ་རྟོགས་ཤིང་དེ་བཞིན་དུ་ས་གཉིས་པར་རང་བཞིན་གྱིས་འོད་གསལ་བར་མཐོང་བས་མཆོག་གི་དོན་དང༌། གསུམ་པར་བསྟན་པ་ཆོས་ཐམས་ཅད་རྟོགས་པའི་རྒྱུ་མཐུན་པའི་དོན་དང༌། བཞི་པར་གང་ལ་ཡང་བདག་གི་བར་ཡོངས་སུ་འཛིན་པ་མེད་པའི་དོན་དང༌། ལྔ་པར་རྣམ་པར་དག་པའི་དབྱིངས་སུ་རང་གཞན་གྱི་རྒྱུད་རྣམས་ཐ་དད་མེད་པའི་དོན་དང༌། དྲུག་པར་ཉོན་མོངས་རྣམས་ནི་གློ་བུར་བ་ཡིན་གྱི་རང་བཞིན་མ་ཡིན་ལ། རང་བཞིན་གྱིས་རྣམ་པར་དག་པས་གསར་དུ་རྣམ་པར་དག་པ་མིན་པའི་དོན་དང༌། བདུན་པར་མདོ་ལ་སོགས་པའི་ཆོས་ཀྱི་མཚན་མ་ཐ་དད་མེད་པའི་དོན་དང༌། བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཉོན་མོངས་པ་བྲི་བ་དང་རྣམ་པར་བྱང་བ་འཕེལ་བ་མེད་པའི་དོན་དང༌། ཉོན་ཡིད་གནས་གྱུར་པས་རྣམ་པར་མི་རྟོག་པ་ལ་དབང་བའི་དོན་དང༌། དབང་ཤེས་གནས་གྱུར་པས་ཞིང་དག་པ་ལ་དབང་བའི་དོན་དང༌། དགུ་པར་ཡིད་ཤེས་གནས་གྱུར་པ་ལས་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་ལ་དབང་བའི་དོན་དང༌། བཅུ་པར་ཇི་ལྟར་བཞེད་པ་བཞིན་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པའི་འཕྲིན་ལས་ལ་དབང་བའི་གནས་ཀྱི་དོན་དུ་རྟོགས་ཏེ། དབུས་མཐའ་ལས། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །རྒྱུ་མཐུན་དོན་གྱི་མཆོག་ཉིད་དང༌། །ཡོངས་སུ་འཛིན་པ་མེད་དོན་དང༌། །རྒྱུད་རྣམས་ཐ་དད་མེད་པ་དང༌། །ཉོན་མོངས་རྣམ་དག་མིན་དོན་དང༌། །ཐ་དད་མེད་པའི་དོན་ཉིད་དང༌། །བྲི་མེད་འཕེལ་བ་མེད་དོན་དང༌། ། བརྒྱད་པ་ལ་མི་རྟོག་དང་ཞིང་དང་དགུ་བ་ལ་ཡེ་ཤེས་བཅུ་བ་ལ་ལས་དག་པ། དབང་ནི་རྣམ་པ་བཞི་ཡི་གནས། །ཞེས་གསུངས་པ་ལྟར་རོ། །ཁ་ཅིག་སྒྲོ་འདོགས་གཅོད་ཚུལ་ལ་ཁྱད་ཡོད་ཀྱང་རྟོགས་བྱའི་དོན་ལ་ཁྱད་པར་མེད་པའི་ཕྱིར་ཆོས་ཀྱི་དབྱིངས་རྟོགས་པ་ལ་ཁྱད་པར་མེད་དོ་ཞེས་ཀྱང་གསུང་མོད་ཀྱི། གློ་བུར་གྱི་དྲི་མ་རིམ་གྱིས་སྤངས་པ་ལས་ཆོས་ཀྱི་དབྱིངས་རྟོགས་པའང་གོང་ནས་གོང་དུ་འཕེལ་བར་འགྱུར་ཏེ། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་ཚེས་པའི་ཟླ་བ་ནི། །སྐད་ཅིག་སྐད་ཅིག་རྒྱས་པར་མཐོང༌། །དེ་བཞིན་ས་ལ་ཞུགས་རྣམས་ཀྱིས། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང༌། །ཞེས་གསུངས་པ་ལྟར་རོ། །སྤངས་རྟོགས་དེ་དག་རྒྱན་གྱི་ས་འགྲེལ་ལྟར་བཤད་པའོ། །ཉ་ཊཱིཀ་ལས་ཀྱང་ཆོས་ཉིད་ཀྱི་ངོ་བོ་རྟོགས་པ་ལ་ཁྱད་མེད་ཅིང་ཇི་སྙེད་པ་རྟོགས་པ་སོགས་ནི་ཁྱད་ཤིན་ཏུ་ཆེ་ལ་ཆོས་དབྱིངས་བཅུའི་སྒྲིབ་པ་སྤངས་པའི་སྒོ་ནས་རྟོགས་མ་རྟོགས་ཀྱི་ཁྱད་ཡོད་པར་བཤད་དོ། །

བརྒྱད་པ་ཡོངས་སྦྱོང་།

བརྒྱད་པ་ཡོངས་སྦྱོང་ནི།

རང་རང་གི་ཡོན་ཏན་ཁྱད་པར་ཅན་རིམ་གྱིས་འཕེལ་བར་བྱེད་པ་སྟེ་མངོན་རྟོགས་རྒྱན་ལས། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་ཐོབ་འགྱུར་ཏེ། །བསམ་དང་ཕན་པའི་དངོས་ཉིད་དང༌། །སེམས་ཅན་རྣམས་ལ་སེམས་མཉམ་ཉིད། །ཅེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་བཞིན་ནོ། །དེ་ཡང་མདོ་ལུགས་མ་ལས། ཡོངས་སུ་སྦྱོང་བའི་དོན་ནི་ས་དེ་དང་དེ་ལ་གསུངས་པའི་ཆོས་དེ་དང་དེ་དག་ཡོངས་སུ་སྦྱང་ཞིང་དག་པར་བྱ་བ་ཉིད་ས་དེ་དང་དེ་ཡོངས་སུ་སྦྱོང་ཞིང་དག་པ་ཡིན་ནོ། །ཆོས་དེ་དང་དེ་དག་པ་ཉིད་ས་དེ་དང་དེ་དག་པ་ཡིན་ལ་དག་པ་ལ་ཐབས་ཞེས་བྱའོ། ། དེ་ལ་སྦྱོང་གཞི། སྦྱོང་བྱ། སྦྱོང་བྱེད། སྦྱོང་མཁན། སྦྱོང་ཚུལ། སྦྱངས་འབྲས་དེ་དྲུག་གིས་རྟོགས་པར་བྱའོ། །སྦྱང་གཞི་ནི་ཀུན་ཏུ་འགྲོ་བའི་དོན་ལ་སོགས་པ་ཆོས་ཀྱི་དབྱིངས་རྣམ་པ་བཅུ་ཡིན་ནོ། །སྦྱང་བྱ་དྲི་མ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་བཅུའོ། སྦྱོང་བྱེད་ཀྱི་ཐབས་ནི་འཁོར་གསུམ་དུ་རྟོག་པའི་རང་བཞིན་མི་དམིགས་པའོ། །སྦྱོང་མཁན་གྱི་གང་ཟག་ནི། ས་དེ་དང་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའོ། །སྦྱོང་ཚུལ་ནི་ཇི་ལྟར་གཞུང་ལས་བྱུང་བའི་རིག་པ་དེ་ཉིད་དོ། །སྦྱངས་འབྲས་ནི་རང་རང་གི་ངོ་སྐལ་གྱི་དྲི་མ་དག་པའི་ས་དེ་དང་དེ་ཉིད་དོ། །ཞེས་གསུངས་པས་སོ། །དེ་ལ་ཡོངས་སུ་སྦྱོང་བའི་ཆོས་དུ་ཞིག་གིས་ས་དང་པོ་སོགས་འཐོབ་པར་འགྱུར་ཞེ་ན། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་འཐོབ་འགྱུར་ཏེ། །ཞེས་གསུངས་པ་ལྟར་ས་དང་པོར་ཡོངས་སྦྱོང་བཅུ། གཉིས་པར་ཡོངས་སྦྱོང་བརྒྱད། གསུམ་པར་ལྔ། བཞི་བར་བཅུ། ལྔ་པར་བཅུ། དྲུག་པར་བཅུ་གཉིས།བདུན་པར་སྤངས་གཉེན་གྱི་སྒོ་ནས་ཉི་ཤུ་པ་གཉིས། བརྒྱད་པར་བརྒྱད། དགུ་བར་བཅུ་གཉིས། ས་བཅུ་བའི་རྒྱུད་ཀྱི་དགུ་བའི་ཡོངས་སྦྱོང་བཅུ་གཉིས་པོའི་རྒྱུན་རྫོགས་པར་སྦྱངས་བ་ཉིད་བཅུ་བའི་ཡོངས་སྦྱོང་ཡིན་པར་གསུངས་སོ། །དེ་དག་བསྒོམས་ནས་སྦྱང་བའོ། །ཡོངས་སྦྱོང་དེ་དག་འདིར་མང་དུ་དོགས་ནས་མ་བྲིས་པས་གཞན་དུ་ཤེས་པར་བྱའོ། །ས་གོང་མར་འཕོ་ཚུལ་ནི་ཇི་སྲིད་དུ་རང་རང་གི་ཡོངས་སྦྱོང་མ་རྫོགས་ཀྱི་བར་དེ་སྲིད་དུ་ས་དེ་དང་དེ་ཡིན་ཞིང་རྫོགས་ནས་གོང་མ་གོང་མར་འཕོ་བ་སྟེ་བརྒྱད་སྟོང་འགྲེལ་པར། ས་གང་གི་ཡོངས་སུ་སྦྱོང་བར་འགྱུར་བའི་ཆོས་གང་ཡིན་པ་དེ་དག་མ་རྫོགས་ཀྱི་བར་དུ་ནི་ས་དེ་ཡིན་ལ། ཡོངས་སུ་རྫོགས་ནས་ནི་ས་གཞན་ཡིན་པར་ཤེས་པར་བྱའོ་ཞེས་གསུངས་པ་ལྟར་རྒྱན་གྱི་ས་འགྲེལ་ལས་གསུངས་ལ། དེ་བཞག་པ་དེ་ཉ་ཊཱིཀ་ལས། མདོ་དང་མཐུན་ནོ། །ཞེས་མདོ་དང་མཐུན་པར་གསུངས་སོ། །

དགུ་པ་འབྲས་བུ།

དགུ་པ་འབྲས་བུ་ནི།

ས་དང་པོ་དགུའི་ས་ཕྱི་མ་ཕྱི་མ་སྔ་མའི་གནས་སྐབས་ཀྱི་འབྲས་བུ། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ཡིན་ནོ། ། གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ། རྒྱན་གྱི་ས་འགྲེལ་ལས། མཚན་ཉིད་ནི། བྱང་ཆུབ་སེམས་དཔའ་སློབ་པའི་ཡེ་ཤེས་མཚུངས་ལྡན་དང་བཅས་པ་ཡོན་ཏན་ཁྱད་པར་ཅན་གྱི་རྟེན་དུ་གྱུར་པ་སྟེ། དབུ་མ་འཇུག་པའི་རང་འགྲེལ་པར། བྱང་ཆུབ་སེམས་དཔའི་སྙིང་རྗེ་ལ་སོགས་པས་ཡོངས་སུ་བཟུང་བའི་ཡེ་ཤེས་ཁོ་ན་ཆར་བྱེ་བ་ལ་ནི་སའི་མིང་འཐོབ་སྟེ།ཡོན་ཏན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ་ཞེས་པ་དང༌། ཞེས་ཚིག་ཟིན་ལ་འཕགས་པ་ལ་མ་སྦྱར་བ་དང༌། གོང་དུ་བཀོད་པ་ལྟར་བླང་དོར་རབ་གསལ་ལས་བྱང་འཕགས་ལ་སྦྱར་བ་དང༌། ཉ་ཊཱིཀ་ལས། མཚན་ཉིད་ནི། ཐེག་ཆེན་གྱི་སྙིང་རྗེ་ཆེན་པོ་སོགས་ཀྱིས་ཟིན་པའི་ཟག་མེད་ཡེ་ཤེས་གང་ཞིག ཐེག་ཆེན་གྱི་སྤངས་རྟོགས་ཡོན་ཏན་གྱི་རྟེན་དུ་གྱུར་པའོ། །འཇུག་པའི་བཤད་པར། བྱང་པ་རྣམས་ཀྱི་སྙིང་རྗེ། ཞེས་སོགས་གསུངས་པ་རྣམས་ཀྱི་དོན་ལ་དཔྱད་པར་བྱའོ། །ཡང་རྒྱན་ལས། ཡོན་ཏན་དཔག་མེད། ཅེས་དང༌། ཉ་ཊཱིཀ་ལས། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ས་དེ་དག་ལ་ཡང་ཡང་ས་གོང་མ་གོང་མར་འགྲོ་བ་དང་ལྡན་པས་སའོ། །ཞེས་གསུངས་པ་ལ་ས་དང་པོ་སོགས་ཀྱི་ཡོན་ཏན་དཔག་མེད་ཡིན་མིན་བརྟག་པར་བྱའོ། །ཡང་ཉ་ཊཱིཀ་ལས། ཁ་ཅིག་ཆོས་ཉིད་ལ་ལྡོག་པའི་ཆ་ཤས་ཡོད་ཀྱི་རྫས་ཀྱི་ཆ་མེད་པའོ་ཞེ་ན། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་སྤྱིའི་མཚན་ཉིད་ཀྱིས་སོ་སོར་གཅད་དུ་མེད་པར་བཤད་པ་དང་འགལ་ཞིང་གཅིག་ཏུ་བཤད་པ་དང་ཡང་འགལ་ལོ། །ཡང་སྒྲོ་བཏགས་སུ་ཡང་འགྱུར་ཏེ། ལྡོག་པ་ཐ་དད་པའི་ཐ་དད་དེ་ཡིན་པས་སོ། །ཞེས་པའི་ཁྱབ་པ་སྡེ་བདུན་མདོ་དང་བཅས་པར་བཤད་དོ། །ཞེས་གསུངས་པ་ལ་ཆོས་ཉིད་ལྡོག་ཆ་སོ་སོར་ཡོད་མེད་དང༌། ཐ་དད་ཡིན་ན་སྒྲོ་བཏགས་ཡིན་དགོས་མིན་དཔྱད། ཡང་ཉ་ཊཱིཀ་ལས། ཡང་མཐོང་ལམ་པ་ཆོས་ཅན། མཆོག་གི་དོན་ལ་སོགས་པ་ལ་སྒྲིབ་པ་སྤངས་པར་ཐལ། དེ་འདྲའི་ཆོས་ཉིད་མངོན་སུམ་དུ་རྟོགས་པས་སོ་ཞེ་ན། ཁྱབ་པ་མེད་དེ། དེ་ལ་ཆོས་གོམས་པ་གསལ་བས་རང་སྟོབས་ཀྱིས་ངེས་པ་དངོས་སུ་འདྲེན་པའི་སྒོ་ནས་མངོན་སུམ་དུ་རྟོགས་ན་དེར་འགྱུར་གྱི་མངོན་སུམ་དུ་མཐོང་བ་ཙམ་གྱིས་དེར་མི་འགྱུར་ཏེ། ཞེས་གསུངས་པ་ལ། འོ་ན་ཆོས་ཉིད་དང་ཆོས་ཉིད་མཆོག་གི་དོན་སོགས་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་མེད་པར་ཐལ་བར་འགྱུར་རོ་ཞེ་ན་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །ཡང་ཉ་ཊཱིཀ་ལས། ས་དང་པོ་ནི་རྫོགས་པར་ཐོབ་པར་འགྱུར་རོ། །ཞེས་སོགས་ཀྱིས་ས་དེ་དང་དེའི་ཡོངས་སྦྱོང་གིས་ས་དེ་དང་དེ་མ་འཐོབ་པ་ཐོབ་བྱེད་མ་ཡིན་པར་རྫོགས་པར་ཐོབ་བྱེད་ཡིན་གསུངས་པ་མི་རིགས་པར་ཐལ། མདོ་ལུགས་མ་ལས། ཡོངས་སུ་སྦྱོང་བའི་ཆོས་དུ་ཞིག་གིས་ས་དང་པོ་འཐོབ་པར་འགྱུར་ཞེ་ན། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་འཐོབ་འགྱུར་ཏེ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྙམ་མོ། །ཡང་མདོ་ལུགས་མ་ལས། ཉེས་པའི་ཆོས་དུ་ཞིག་ཆད་པས་བདུན་པ་འཐོབ་ཅེ་ན། བདག་དང་སེམས་ཅན་འཛིན་པ་དང༌། །ཞེས་པ་ནས། ཉི་ཤུ་གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་འཐོབ་པ་ཡིན་ནོ། །ཞེས་དང༌། ས་བདུན་པ་ལ་གནས་པ་དེས་ཡོན་ཏན་གྱི་ཆོས་དུ་ཞིག་རྫོགས་པར་བྱ་ཞེ་ན། རྣམ་ཐར་སྒོ་གསུམ་ཤེས་པ་དང༌། །ཞེས་ས་བདུན་པའི་ཡོངས་སྦྱོང་ཉི་ཤུ་པ་ཚན་གཉིས་གསུངས་པ་ལ་ཉ་ཊཱིཀ་གི་གསུང་ཟིན་ལྟར་ན་ཅུང་ཟད་བརྟག་པའི་གནས་སུ་སྣང་ངོ༌། །ཡང་དམན་པ་ས་བརྒྱད་འཇོག་ཚུལ་གསུངས་ཟིན་ཅུང་མི་འདྲ་བ་དུ་མ་ཡོད་དེ། ཉི་ཁྲི་ལས། དཀར་པོ་རྣམ་པར་མཐོང་བའི་ས་ལས་ཡང་དག་པར་འདའ། རིགས་ཀྱི་ས་དང༌། བརྒྱད་པའི་ས་དང༌། མཐོང་བའི་ས་དང༌། བསྲབས་པའི་ས་དང༌། འདོད་ཆགས་དང་བྲལ་བའི་ས་དང༌། བྱས་པ་རྟོགས་པའི་ས་དང༌། ཉན་ཐོས་ཀྱི་ས་དང༌། རང་སངས་རྒྱས་ཀྱི་ས་དང༌། བྱང་ཆུབ་སེམས་དཔའི་ས་ལས་ཡང་དག་པར་འདས་ཏེ།ཞེས་དང༌། མདོ་ལུགས་མ་ལས། དེ་ལ་དཀར་པོ་རྣམ་པར་མཐོང་བའི་ས་དང༌། རིགས་ཀྱི་ས་དང༌། བརྒྱད་པའི་ས་དང༌། མཐོང་བའི་ས་དང༌། བསྲབས་པའི་ས་དང༌། འདོད་ཆགས་དང་བྲལ་བའི་ས་དང༌། བྱས་པ་རྟོགས་པ་ཅན་གྱི་ས་སྟེ་བདུན་ནོ། །དཀར་པོ་རྣམ་པར་མཐོང་བའི་ས་ནི། མོས་པས་སྤྱོད་པའི་སའོ། །རིགས་ཀྱི་ས་ནི་བཟོད་པ་ཆེན་པོའི་སའོ། །ཞེས་དང༌། ལེ་བརྒྱད་མ་ལྟར་འབྱུང་བ་ལྟར། ཉི་ཁྲི་སྣང་བ་ལ་སོགས་པས་འདིར་དཀར་པོ་རྣམ་པར་མཐོང་བའི་ས་ཆད་ཅིང་ཉན་ཐོས་ཀྱི་ས་ཞེས་པ་གཅིག་བཙུད་ནས་དེ་ལ་རང་བཟོའི་བཤད་པ་ཅི་རིགས་སུ་བྱས༌། ཞེས་སོགས་དང༌། ཀུན་བཏུས་ས་འགྲེལ་ལས། ས་བརྒྱད་དང་སྦྱར་བ་ནི། དཀར་པོ་རྣམ་པར་མཐོང་བའི་ས་ནི་སྦྱོར་ལམ་དང༌། རིགས་ཀྱི་ས་ནི་ཆོས་མཆོག་དང༌། བརྒྱད་པའི་ས་ནི་རྒྱུན་ཞུགས་ལ་ཞུགས་པ་དང༌། མཐོང་བའི་ས་ནི་རྒྱུན་ཞུགས་དང༌། བསྲབས་པའི་ས་ནི་ཕྱིར་འོང་དང༌། འདོད་ཆགས་དང་བྲལ་བའི་ས་ནི་ཕྱིར་མི་འོང་དང༌། བྱས་པ་རྟོགས་པའི་ས་ནི་དགྲ་བཅོམ་དང༌། ཉན་ཐོས་ཀྱི་ས་ནི་ཞུགས་པ་ཕྱི་མ་གསུམ་དུ་གསུངས་སོ། །ཞེས་དང༌། ཉ་ཊཱིཀ་ལས། དཀར་ས་ནི་མོས་སྤྱོད་ཀྱི་ས། རིགས་ས་ནི་བཟོད་པ་ཆེན་པོའི་ས་ཞེས་བྱའོ་ཞེས་ཆེ་བར་རོ། །འབུམ་ཊཱིཀ དྲོད་རྩེ་ཐོབ་པ་ན་རྣམ་བྱང་གི་ཆོས་དཀར་པོ་མཐོང་བས་དཀར་ས། རིགས་ས་ནི་བཟོད་མཆོག་ཐོབ་ཚེ་བདག་མེད་རྟོགས་པས་བྱང་ཆུབ་གསུམ་གྱི་རིགས་དང་ལྡན་པའོ། །ཞེས་དང༌། ཐུབ་དགོངས་སུ། དཀར་པོ་མཐོང་བའི་ས་ལྷག་མཐོང་འབའ་ཞིག་གི་གནས་སྐབས་ངེས་འབྱེད་ཆ་མཐུན་ལ་དང༌། རིགས་ས་ཆོས་མཆོག་གི་གནས་སྐབས་སོ། །ཞེས་སོ། །དེས་ན་ཉན་ཐོས་ཀྱི་དཀར་ས་ནས་བྱས་རྟོགས་བར་བདུན་པོ་དེ་ཉན་ཐོས་ཀྱི་ས་དང་ཞེས་སྦྱོར་བ་མདོའི་དོན་དངོས་ཡིན་ནའང་འགྲེལ་བྱེད་དག་འཁྲུལ་བར་ཟད་དོ། །ཞེས་དང༌། ཡུམ་གསུམ་གནོད་འཇོམས་༢༣༣ལས། དཀར་པོ་རྣམ་པར་མཐོང་བའི་ས་ཞེས་བྱ་བ་ནི། མོས་པས་སྤྱོད་པའི་སའོ། །རིགས་ཀྱི་ས་ཞེས་བྱ་བ་ནི་བཟོད་པ་ཆེན་པོའི་སའོ། །ཞེས་དང༌། དེ་༣༦༦ལས། དཀར་པོ་རྣམ་པར་མཐོང་བའི་ས་ནི་ལྷག་མཐོང་གི་ཚེའོ། །རིགས་ཀྱི་ས་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གོ །ཞེས་སོགས་གསུངས་པས་སོ། །ཉ་ཊཱིཀ་ལས། ས་དགུ་གང་ན། འདིར་མདོར་དཀར་པོ་རྣམ་པར་མཐོང་བའི་ས་བཤད། བྱས་པ་རྟོགས་པ་མི་སྣང་བར་ཉན་ཐོས་ཀྱི་ས་དང་ཞེས་སོ། །གཞན་འདྲའོ། །ཞེས་མདོར་བྱས་པ་རྟོགས་པ་མི་སྣང་བཤད་པ་ལ་གོང་དུ་བཀོད་པའི་ཉི་ཁྲིའི་ལུང་གིས་གནོད་པ་ཡོད་མེད་བརྟག་དགོས་སོ། །ཡང་ཉ་ཊཱིཀ་ལས། དེས་ན་དགུ་བའི་ཡོངས་སྦྱོང་བཅུ་གཉིས་པོ་རྫོགས་པར་སྦྱངས་པ་ཉིད་བཅུ་བའི་ཡོངས་སྦྱོང་ཡིན་ནོ། །ཞེས་གསུངས་པ་ལ། ས་དགུ་བའི་ཡོངས་སྦྱོང་ས་དགུ་བའི་རྒྱུད་ཀྱིས་བསྡུས་པ་ཡིན་མིན་དང༌། དེ་རྫོགས་པ་རྒྱུན་མཐའི་དུས་ཡིན་མིན་སོགས་དཔྱད་ཚུལ་གྱི་རིགས་ལམ་ཞིག་ཡོད་དོ། །

དྲུག་པ་གཉེན་པོའི་ཚོགས་བཤད་པ།

དྲུག་པ་གཉེན་པོའི་ཚོགས་བཤད་པ་ལ།

འདིར་བཤད་གཉེན་པོའི་ཚོགས་སྒྲུབ་ཀྱི་མཚན་ཉིད། རང་གི་སྤང་བྱའི་རྟོག་པའི་གཉེན་པོའི་མཐོང་སྒོམ་གྱིས་བསྡུས་པའི་མཉམ་བཞག་ཡེ་ཤེས། དབྱེ་ན། སྤང་བྱའི་སྒོ་ནས་བརྒྱད། མཚན་ཉིད་དང་དབྱེ་བ་དེ་ལྟར་འཐད་དེ། ཉ་ཊཱིཀ་ལས། རྩ་བ་ནི། བྱང་སེའི་མཐོང་དང་གོམས་སམ་སྒོམ་པའི་ལམ་ཟག་མེད་མཉམ་གཞག་དག་ཆོས་ཅན། ཁྱོད་ལ་སྤང་བྱའི་གཉེན་པོ་རྣམ་པ་བརྒྱད་ཅེས་བྱ་བར་ཡོད་དེ། གཟུང་རྟོག་བཞི་དང་འཛིན་པའི་རྣམ་རྟོག་བཞི་རྣམས་ཏེ་བརྒྱད་ཉེ་བར་ཞི་བར་བྱ་བའི་ཕྱིར་དུ་འཇུག་པའི་ཕྱིར་རོ། །འགྲེལ་བ་ནི། ལམ་གཉིས་ལས་ལོགས་ན་འདིར་བཤད་གཉེན་ཚོགས་མེད་པས་མཐོང་སྒོམ་གྱི་ལམ་གཉིས་པོ་ཁོ་ནའི་གནས་སྐབས། དེ་ཡང་ཀུན་རྫོབ་རྐྱང་བ་ལ་དམིགས་པའི་རྗེས་ཐོབ་ཀྱིས་འདིར་བཤད་རྟོག་པ་སྤོང་མི་ནུས་པས་མཐོང་ལམ་མཉམ་གཞག་དང་སྒོམ་ལམ་ཟག་མེད་སྒྲུབ་པ་སྒོམ་ལམ་ཁོ་ན་འདིར་གཉེན་ཚོགས་སུ་བཞག་པའི་ཕྱིར། ཞེས་དང༌། མདོ་ལུགས་མ་ལས། རབ་འབྱོར་གྱིས་ཞུས་པ་གསུམ་པ་ལ་སོགས་པ་ཐེག་པ་དེ་གང་ནས་ངེས་པར་འབྱུང་དེ་གང་དུ་གནས། དེས་སུ་ཞིག་ངེས་པར་འབྱུང༌། ཞེས་པའི་ལན་དུ་ཁམས་གསུམ་ནས་ངེས་པར་འབྱུང་བ་དང༌། གང་དུ་ཡང་གནས་པ་མེད་པ་དང༌།སུ་ཡང་ངེས་པར་འབྱུང་བ་མེད་ཅེས་པ་ལ་སོགས་པ་རྒྱུ་མཚན་དང་བཅས་པ་རྣམས་ཀྱིས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ངོ་བོ་ཁམས་གསུམ་ནས་ངེས་པར་འབྱུང་བ་དང༌། དངོས་པོའི་རང་བཞིན་དུ་མི་གནས་པའི་ཚུལ་གྱིས་རྣམ་མཁྱེན་ཉིད་ལ་གནས་པ་དང༌། དོན་དམ་པར་སུ་ཡང་ངེས་པར་འབྱུང་བ་མེད་པའི་ཚུལ་གྱིས་ཐ་སྙད་དུ་གང་ཟག་བྱང་ཆུབ་སེམས་དཔའི་ངེས་པར་འབྱུང་བ་ནི་ཚོགས་སྒྲུབ་ཀྱི་བྱེད་ལས་ཡིན་པས། ཚོགས་ཀྱི་བསྒྲུབ་པ་དེ་གཉེན་པོ་དུ་ཞིག་ཏུ་འགྱུར་ན། མཐོང་དང་གོམས་པའི་ལམ་དག་ལ། །གཟུང་དང་འཛིན་པའི་རྣམ་རྟོག་རྣམས། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ་བ་ཉིད་དུ་འགྱུར་རོ། །དེ་ལ་མཐོང་ལམ་གྱི་གནས་སྐབས་ལ་སྤང་བྱ་གཟུང་རྟོག་གཉིས་དང༌། འཛིན་རྟོག་གཉིས་ཏེ་བཞི་དང༌། གོམས་པའི་ལམ་གྱི་གནས་སྐབས་ལ་སྤང་བྱ་གཟུང་རྟོག་གཉིས་དང༌། འཛིན་རྟོག་གཉིས་ཏེ་བཞིའོ། །དེ་ལྟར་ལམ་གཉིས་ཀ་ལ་གཟུང་བ་དང་འཛིན་པས་བསྡུས་པའི་རྣམ་པར་རྟོག་པ་བརྒྱད་པོ་དེ་རྣམས་ལམ་སོ་སོ་ལ་ཉེ་བར་ཞི་བར་བྱ་བའི་ཕྱིར་དེ་རྣམས་ཀྱི་གཉེན་པོ་ཡང་རྣམ་པ་བརྒྱད་ཅེས་བྱ་བ་ཉིད་དུ་འགྱུར་རོ། །འདིར་ལམ་སོ་སོ་ལ་གཉེན་པོའི་ངོ་བོ་ནི་ཚོགས་ཀྱི་སྒྲུབ་པ་ཉིད་ཡིན་ལ། སྤང་བྱ་རྣམ་རྟོག་རྣམས་ཀྱི་ངོ་བོ་དབྱེ་བ་དང་བཅས་པ་རྒྱས་པར་སྐབས་ལྔ་པ་ལས་འཆད་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །

བཞི་བ་ངེས་འབྱུང་སྒྲུབ་པ་བཤད་པ།

བཞི་བ་ངེས་འབྱུང་སྒྲུབ་པ་བཤད་པ་ལ།

རྩ་བར། ཆེད་དུ་བྱ་དང་མཉམ་ཉིད་དང༌། །སེམས་ཅན་དོན་དང་འབད་མེད་དང༌། །མཐའ་ལས་འདས་པའི་ངེས་འབྱུང་དང༌། །ཐེག་པའི་མཚན་ཉིད་ངེས་འབྱུང་དང༌། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ལམ་གྱི་ཡུལ་ཅན་ངེས་འབྱུང་སྟེ། །རྣམ་པ་བརྒྱད་ཀྱི་བདག་ཉིད་འདི། །ངེས་འབྱུང་སྒྲུབ་པ་ཡིན་ཤེས་བྱ། །ཞེས་གསུངས་སོ། །དེ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས། རང་གི་ཉེར་འབྲས་རྣམ་མཁྱེན་དུ་ངེས་པར་འབྱིན་བྱེད་ཀྱི་རྒྱུན་མཐའི་ཡེ་ཤེས་དེ། ངེས་འབྱུང་སྒྲུབ་པའི་མཚན་ཉིད་ཡིན་ཏེ། མདོ་ལུགས་མ་ལས།ངེས་འབྱུང་བསྒྲུབ་པ་ནི། ལྷ་མིར་བཅས་པའི་འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནན་ནས་ཁམས་གསུམ་ནས་ངེས་པར་འབྱུང་ཞིང་རྣམ་མཁྱེན་དུ་གནས་ཞེས། མདོ་ལས་བྱུང་བའི་ཕྱིར། རྒྱུན་མཐའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐད་ཅིག་མའི་སྦྱོར་བའི་རང་བཞིན་ནོ། །ཞེས་དང༌། སྒྲུབ་པ་འདི་ནི་སྐད་ཅིག་མའི་སྦྱོར་བ་གནས་སྐབས་ཡིན་པས། དེར་དཀར་པོའི་ཆོས་ཐམས་ཅད་རབ་ཏུ་སྨིན་ཅིང་རྫོགས་པའོ། །ཞེས་གསུངས་སོ། །གཉིས་པ་དབྱེ་བ་གཉིས་ཡོད་དེ། ཀུན་རྫོབ་རྣམ་ཅན་དང༌། དོན་དམ་རྣམ་ཅན་གཉིས་ཡོད། ལྡོག་ཆས་ཕྱེ་ན་འཇིག་རྟེན་ཟིལ་གྱིས་གནོན་པའི་ཆེ་བའི་བདག་ཉིད་ཀྱི་ངེས་འབྱུང་སྒྲུབ་པ་སོགས་བརྒྱད་ཡོད་དེ། མདོ་ལུགས་མ་ལས། དེས་ན་འཇིག་རྟེན་ཟིལ་གྱིས་གནོན་པའི་ཆེ་བ་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཆེ་བ་དང༌། སེམས་ཅན་གྱི་དོན་བྱེད་པའི་ཆེ་བ་དང༌། ལྷུན་གྱིས་གྲུབ་པ་འབད་པ་མེད་པའི་ཆེ་བ་དང༌། མཐའ་ཐམས་ཅད་ལས་འདས་པའི་ཆེ་བ་དང༌། རྣམ་མཁྱེན་ཐོབ་པའི་ཆེ་བ་དང༌། གཟུགས་སོགས་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཤེས་པའི་ཆེ་བ་དང༌། ལམ་གྱི་ཡུལ་ཅན་འཁོར་གསུམ་དུ་མི་རྟོག་པའི་ཡེ་ཤེས་ཀྱིས་ཡུལ་བྱང་ཆུབ་ཀྱི་ལམ་སྦྱོང་ཞིང་དག་པར་བྱེད་པའི་ཆེ་བ་སྟེ། ཆེ་བའི་ཡོན་ཏན་རྣམ་པ་བརྒྱད་ཀྱི་བདག་ཉིད་དུ་གྱུར་པའི་ཐེག་པ་ཆེན་པོ་འདི་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པས་སོ། ཡང་ཉ་ཊཱིཀ་ལས། དབྱེ་ངོ༌། །ཆེད་དུ་བྱ་བའི་ངེས་འབྱུང་སྒྲུབ་པ་སོགས་རྣམ་པ་བརྒྱད་དོ། །ཞེས་སོ། །དེ་ཡང་ཉ་ཊཱིཀ་གསུངས་ཟིན་ལྟར་ན་འབྱུང་ས་བརྒྱད་ཀྱི་སྒོ་ནས་བརྒྱད་ཡོད་པར་བཤད་དོ། །གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ། ཉ་ཊཱིཀ་ལས། དཔུང་ཚོགས་བསགས་པས་མ་རྒྱལ་བ་ལས་རྒྱལ་བ་ཐོབ་པས་ངེས་པར་འབྱུང་བའི་སྒྲུབ་པའི་མཚན་ཉིད། དེ་གང་ཞིག་ངེས་པར་འབྱུང་ས་བརྒྱད་པོ་གང་རུང་དུ་དངོས་སུ་ངེས་པར་འབྱིན་པ། དབྱེ་ན་བརྒྱད་དོ། །ཞེས་གསུངས་པ་ལྟར་ན་དེ་འདྲ་བའི་ལམ་ཚོགས་སྦྱོར་དང་མཐོང་ལམ་དང་མ་དག་ས་བདུན་སོགས་ལ་ཡོད་མེད་དཔྱད། མདོ་ལུགས་མ་ལས། དེས་ན་ངེས་འབྱུང་སྒྲུབ་པའི་རང་བཞིན་ཐེག་པ་ཆེན་པོའི་ངོ་བོ་དང་དེའི་ཆེ་བའི་ཡོན་ཏན་གཉིས་ཏེ། དེ་ལ་དང་པོ་ནི་མདོ་ལས།ཕར་ཕྱིན་དྲུག་དང་གཟུངས་ཀྱི་སྒོ་དང་ཏིང་ངེ་འཛིན་ཐམས་ཅད་དང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་དང་སྟོབས་བཅུ་དང་མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། མ་འདྲེས་པ་བཅོ་བརྒྱད་རྣམས་དེ་རྣམ་པར་སྨིན་པའི་བདག་ཉིད་དུ་གྱུར་པའི་ཆོས་ཀྱིས་སྐུས་བསྡུས་པ་ཉིད་དོ། །གནོད་འཇོམས་ལས། ཕ་རོལ་ཏུུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་རྣམ་པར་སྨིན་པའི་བདག་ཉིད་དུ་གྱུར་པའི་ཆོས་ཀྱི་སྐུས་བསྡུས་པ།ཕ་རོལ་ཏུུ་ཕྱིན་པ་དྲུག་ལ་སོགས་པ་དེ་དག་ཐེག་པ་ཆེན་པོ་ཉིད་དུ་བསྟན་ཏོ། །ཞེས་གསུངས་སོ། །རྣམ་པར་སྨིན་པའི་དོན་ནི། ལྷུན་གྱིས་གྲུབ་ཅིང་རབ་ཏུ་རྒྱས་པ་སྟེ། སྒྲུབ་པ་འདི་ནི་སྐད་ཅིག་མའི་སྦྱོར་བ་གནས་སྐབས་ཡིན་པས། དེར་དཀར་པོའི་ཆོས་ཐམས་ཅད་རབ་ཏུ་སྨིན་ཅིང་རྫོགས་པའོ། །ཞེས་མདོ་ལས་ཆོས་ཀྱི་སྐུས་བསྡུས་ཞེས་པའི་བསྡུས་ཚུལ་ལ་དཔྱད།ཡང་ཉ་ཊཱིཀ་ལས། གྲངས་ངེས་ནི། ངེས་པར་འབྱུང་བའི་ས་རྣམ་པ་བརྒྱད་དུ་ཡོད་པ་ཡིན་པས་དེར་འབྱུང་བྱེད་བརྒྱད་དོ། །ཞེས་ངེས་པར་འབྱུང་ས་བརྒྱད་ཅེས་པ་མི་རིགས་ཏེ། མདོ་ལུགས་མ་ལས། དེ་ལ་ཆེ་བའི་ཡོན་ཏན་རྣམ་པ་བརྒྱད་ཀྱིས་བདག་ཉིད་ངེས་འབྱུང་སྒྲུབ་པ་ཡིན་པར་སྟོན་པ་འདི་ལྟ་སྟེ། ཞེས་ཆེ་བའི་ཡོན་ཏན་ལས་ངེས་པར་འབྱུང་ས་ལ་མ་སྦྱར་པའི་ཕྱིར་རོ། །རྩ་བར། ཆེད་དུ་བྱ་དང༌། ཞེས་པའི་ཆེད་དུ་བྱ་བ་ནི། ཉ་ཊཱིཀ་ལས། འབྱུང་ས་བརྒྱད་གང་ན། ཐོག་མར་གཙོ་བོ་ཡིན་པས་ཆེད་དུ་བྱ་བ་ཇི་སྐད་བཤད་པའི་ཆེན་པོ་གསུམ་དང༌། ཞེས་ཆེན་པོ་གསུམ་ལ་བཤད་མོད་མདོ་ལུགས་མ་ལྟར་ན་མི་རིགས་ཏེ། དེ་ལས། སྐབས་དང་པོ་འདིར་ཆེད་དུ་བྱ་བ་མི་གཅིག་པ་གསུམ་བསྟན་པ་ལ། སྔར་ནི་ཆེན་པོ་གསུམ་གྱི་ཆེད་དུ་བྱ་བ་ནི་སེམས་དཔའ་ཆེན་པོ་ཡིན་ལ་འཇུག་སྒྲུབ་ཀྱི་སྐབས་སུ་བསྒོམ་པ་རྣམ་པར་གཞིག་པའི་ཆེད་དུ་བྱ་བ་ནི་ནང་སྟོང་པ་ཉིད་ལ་སོགས་པ་བསྒོམ་པ་ཡིན་ཞིང༌། འདིར་ནི་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བའི་ཆེད་དུ་བྱ་བ་ནི་ངེས་འབྱུང་སྒྲུབ་པའི་ངོ་བོ་ཐེག་ཆེན་ལ་ཐེག་པ་ཆེན་པོ་ཞེས་པ་འདི་ཡིན་ནོ། །འདི་དག་གི་ཁྱད་པར་མ་ཕྱེ་ན་མདོ་དང་འགལ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཉ་ཊཱིཀ་ལས། ཨཱརྱས། ས་བཅུ་ཅར་ན་ཡོད་པར་བཤད་པར་མངོན་ཅིང་དེ་ལྟར་བཞེད་པ་ནི་ནོར་བར་མངོན་ཏེ། འཕགས་པ་ཐོགས་མེད་དང་འགལ་བས་སོ། །ཞེས་འཕགས་པ་ཐོགས་མེད་དང་འགལ་སའི་ལུང་ནི། ཐོགས་མེད་ཀྱི་གསུང་འགྲེལ་ཆེན་དང་ཐུབ་དགོངས་སུ་དྲངས་པ། ངེས་པར་འབྱུང་བའི་སྒྲུབ་པ་ནི་སྒོམ་པའི་ལམ་ལ་བརྟེན་པ་ཡིན་ནོ་ཞེས་གསུངས་པ་དེ་ཡིན་པས་དེ་དང་འགལ་ཚུལ་བརྟག་པར་བྱའོ། །ཡང་རྩ་བར། རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཞེས་པའི་དོན་ཉ་ཊཱིཀ་ལས། དེ་ཡང་རྣམ་མཁྱེན་རྟོགས་པ་མེད་པར་མི་འབྱུང་བས་སྔར་གཉེན་ཚོགས་ཀྱི་མཐར་ཐུག་པའི་སྐབས་དང་པོ་འདིར་ཇི་སྐད་བཤད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ཞེས་ཆོས་བཤེས་ཏེ། འོན་ཀྱང་གང་དང་ཡང་དག་ལྡན་པས་ཞེས་དང༌། སེམས་བསྐྱེད་ཉེར་གཅིག་གཉིས་པ་སོགས་སོ། །སེམས་ཅན་ཉིད་བྱང་ཆུབ་ཡིན་པ་དེའི་ཕྱིར་བྱང་སེམས་ཞེས་བྱའོ། །བྱང་ཆུབ་དེས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པ་ཤེས་ཏེ། ཞེས་སོགས་གསུངས་པ་དང༌། མདོ་ལུགས་མ་ལས།ངེས་འབྱུང་སྒྲུབ་པའི་ངོ་བོ་ཐེག་པ་ཆེན་པོའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་རྣམ་པ་ཐམས་ཅད་ཤེས་པ་ནི་གཟུགས་སོགས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །མདོ་ལས། བྱང་ཆུབ་གང་ཡིན་པ་ཉིད་སེམས་དཔའ་ཡིན་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །བྱང་ཆུབ་དེས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པར་ཤེས་ཏེ། ཆོས་དེ་དག་ལ་མངོན་པར་ཞེན་པ་ཡང་མེད་དོ། །ཞེས་དང༌། རྣམ་མཁྱེན་ཐོབ་པའི་ཆེ་བ་དང༌། གཟུགས་སོགས་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཤེས་པའི་ཆེ་བ་དང༌། ཞེས་གསུངས་སོ། །དེ་ལྟར་ན་སྒོ་གསུམ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲིང་དུ་བསྟན་པའི་སྒོ་དང་རྣམ་གྲངས་བཅུ་གཅིག་ལས་གཉིས་པ་རབ་འབྱོར་གྱིས་ཁྲི་བརྒྱད་སྟོང་པར་རབ་འབྱོར་ལེའུ་ཉེར་གཅིག་ཡན་ཆད་ཀྱིས་རྒྱས་པར་བཤད་པ་སོང་ངོ༌། །དངོས་པོ་བརྒྱད་ལས་རྣམ་མཁྱེན་གྱི་དངོས་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པ་ཉིད་དོ། །

གསུམ་པ་སྐབས་བསྡུ་བ།

གསུམ་པ་སྐབས་བསྡུ་བ་ནི།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་དང་པོའི་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པའི་སྒོ་ནས་རྣམ་མཁྱེན་གྱི་དངོས་པོ་བཤད་ཟིན་ཏོ། །

སྨྲས་པ། རྨད་བྱུང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སོགས། །ཆོས་བཅུའི་ཆུ་གཏེར་ཟབ་ཅིང་རྒྱ་ཆེ་བར། །བསྐལ་བ་མཐའ་ཡས་བརྩོན་པའི་རླུང་གིས་བསྲུབས། །རྣམ་ཀུན་མཁྱེན་པའི་ཉིན་བྱེད་དབང་པོ་ཆར། །

བསྐལ་མང་རྙེད་དཀའི་རྣམ་ཀུན་མཁྱེན་པའི་སར། །བགྲོད་བྱེད་ཆོས་བཅུའི་ཐབས་ཟབ་ལ་ཞུགས་ཏེ། །ཚོགས་གཉིས་རྫོགས་ནས་སྐུ་བཞིའི་གོ་འཕང་མཉེས། །འགྲོ་ཀུན་སྲིད་མཚོའི་གནས་ལས་འདྲེན་པར་སྨོན། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །


previousའཕགས་པ་གྲོལ་སྡེའི་ལུགས་ཀྱི་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ།no next