Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ། ཕར་ཕྱིན་སྨད་ཆ།


  collapse section
གཉིས་པ་རྣམ་མཁྱེན་གྱི་རྒྱུ་ལམ་ཤེས་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousགཉིས་པ་རྣམ་མཁྱེན་གྱི་རྒྱུ་ལམ་ཤེས་བཤད་པ།no next

གཉིས་པ་རྣམ་མཁྱེན་གྱི་རྒྱུ་ལམ་ཤེས་བཤད་པ།

གཉིས་པ་རྣམ་མཁྱེན་གྱི་རྒྱུ་ལམ་ཤེས་བཤད་པ་ལ།

མཚམས་སྦྱར་བ་དང༌། ལམ་ཤེས་ཀྱི་དངོས་པོ་བཅུ་གཅིག་བཤད་པ་དང༌། སྐབས་བསྡུ་བ་དང་གསུམ། དང་པོ་ནི།རྣམ་མཁྱེན་བཤད་པའི་རྗེས་སུ་ལམ་ཤེས་བཤད་པ་ནི། མཁྱེན་པ་གསུམ་འཆད་པའི་སྐབས་ལས་དེ་རྣམ་མཁྱེན་གྱི་རྒྱུར་ངེས་པས་དེ་བཤད་པ་ཡིན་ནོ། ། གཉིས་པ་ལམ་ཤེས་ཀྱི་དངོས་པོ་བཅུ་གཅིག་བཤད་པ་ལ། ལམ་ཤེས་ཀྱི་ཡན་ལག་དང༌། ཡན་ལག་ཅན་ལམ་ཤེས་བཤད་པ་གཉིས། དང་པོ་ལ། རྩ་བར། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོར་མཛད་དང༌། །ཡུལ་ངེས་པ་དང་ཁྱབ་པ་དང༌། །རང་བཞིན་དང་ནི་དེ་ཡི་ལས། །ཞེས་སོ། །དེ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ། ལམ་ཤེས་ཀྱི་ཡན་ལག་གི་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་མཚན་ཉིད་ནི། མཚན་འཛིན་གྱི་གཉེན་པོའི་ཡན་ལག་ཏུ་གྱུར་པའི་ལམ་ཤེས་རྫོགས་བྱེད་ཀྱི་ཡོན་ཏན་དེ། འདིར་བསྟན་ལམ་ཤེས་ཀྱི་ཡན་ལག་གི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། མཚན་ཉིད་ནི། མཚན་འཛིན་གྱི་གཉེན་པོའི་ཡན་ལག་སྟེ། ཤེར་འབྱུང་གིས་གཉེན་པོའི་ཡན་ལག་ནི་ལམ་ཤེས་ཀྱི་ཡན་ལག་གོ །ཞེས་གསུངས་སོ། །

གཉིས་པ་དབྱེ་བ་ནི།

རྟེན་དང༌། ཡུལ་ངེས་པ་དང༌། ཁྱབ་པ་དང༌། རང་བཞིན་དང༌། དེ་ཡི་ལས་དང་ལྔའོ། །དེ་ཡང་མདོ་ལུགས་མ་ལས། སྐབས་འདིར་ཤེར་ཕྱིན་སྟོན་པའི་ལྟས་སུ་འཁོར་འདུས་པ་བསྟན་པ་དང་འོད་བསྟན་པ་ཡང་བྱས་པ་ལས། དེ་བཞིན་གཤེགས་པའི་འོད་ཀྱིས་ལྷ་རྣམས་ཀྱི་འོད་ཟིལ་གྱིས་མནན་པའི་དགོས་པ་ནི། འཁོར་དུ་འདུ་བའི་ལྷ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྣོད་དུ་རུང་བར་བྱ་བའི་ཕྱིར་ཏེ། མདོ་ལས༌། རབ་འབྱོར་གྱིས་ལྷའི་དབང་པོ་ལ་སྨྲས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེར་ཕྱིན་གང་ཡིན་པ་དང༌། བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་ཇི་ལྟར་གནས་པ་དང༌། ཇི་ལྟར་བསླབ་པར་བྱ་བ་བསྟན་གྱི། ལྷའི་བུ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱིས་ཤིག ཅེས་སོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས། ལྷ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལུས་ཀྱི་འོད་མོག་མོག་པོར་ཟིལ་གྱིས་གནོན་པར་མཛད་དོ། །དེ་བཞིན་གཤེགས་པའི་འོད་ནི་བཅོས་མ་མ་ཡིན་པའི་ཕྱིར་རང་བཞིན་ནོ། །ལྷ་རྣམས་ཀྱི་འོད་ནི་སྔོན་གྱི་ལས་ཀྱིས་སྒྲུབ་ཅིང་བཅོས་མའི་རང་བཞིན་ནོ། །ལམ་ཤེས་ཀྱི་ངོ་བོ་བྱང་ཆུབ་སེམས་དཔའི་ཤེར་ཕྱིན་བསྟན་གྱིས་ལྷའི་བུ་སེམས་མ་བསྐྱེད་པ་དག་གི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱིས་ཤིག ཅེས་གསུངས་པའི་ཕྱིར་བྱང་ཆུབ་སེམས་དཔའི་ལམ་ཤེས་ཀྱི་བདག་ཉིད་དུ་གྱུར་པའི་ཤེར་ཕྱིན་བསྟན་པའི་སྣོད་དུ་རུང་བའི་ཡུལ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་དུ་ངེས་པའོ། །ལམ་ཤེས་ཉིད་ཀྱིས་ཐེག་པ་གསུམ་ཆར་གྱི་ཡོན་ཏན་བསྡུས་པའི་ཕྱིར་ཐེག་པ་གསུམ་ཆར་ལ་ཁྱབ་པ་ཡིན་ཏེ། གནོད་འཇོམས་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་དང་མཐུན་པ་དང༌། བྱང་ཆུབ་སེམས་དཔའི་ས་ལ་ལམ་གྱི་རྣམ་པ་ཤེས་པའི་ཕྱོགས་དང་མཐུན་པ་སྟེ། གཉིས་ཀ་ཡང་འདི་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པ་ལ། ལམ་གྱི་རྣམ་པར་ཤེས་པ་ཉིད་དུ་བསྟན་པར་བྱའོ། །ཞེས་གསུངས་སོ། །

ལམ་ཤེས་དེའི་རང་བཞིན་ནམ་ངོ་བོ།

ལམ་ཤེས་དེའི་རང་བཞིན་ནམ་ངོ་བོ་ནི།

ཉོན་མོངས་རྟགས་དང་མཚན་མ་དང༌། །མི་མཐུན་ཕྱོགས་དང་གཉེན་པོ་དག །དབེན་དང་ཞེས་པ་ལ་སོགས་པས་ངོ་བོ་ཉིད་དུ་བསྟན་པ་གང་ཡིན་ཏེ།སྐབས་འདི་ཉིད་དུ་ཡང་མོས་སྤྱཽད་ཀྱི་ས་ནས་བཟུང་སྟེ་མཐོང་སྒོམ་གྱི་ལམ་རིམ་གྱིས་སྟོན་པར་འགྱུར་བ་དག་གོ །ལམ་ཤེས་དེའི་བྱེད་ལས་ནི། ཕན་དང་བདེ་དང་སྐྱོབ་པ་ལ་སོགས་པ་འཇིག་རྟེན་གྱི་དོན་བསྒྲུབ་པར་མཛད་པ་གང་ཡིན་པ་དེ་ཉིད་ཡིན་ནོ། །ཞེས་གསུངས་སོ། །ཁྱབ་པའི་དོན་ཡང་ལམ་ཤེས་ཀྱིས་ཐེག་པ་གསུམ་གྱི་ཡོན་ཏན་ཡར་ལྡན་གྱིས་བསྡུས་པ་ཡིན་གྱི་ཐེག་གསུམ་གྱི་ལམ་དེ་དག་ལམ་ཤེས་ཡིན་པའི་ཚུལ་གྱིས་བསྡུས་པ་ནི་མ་ཡིན་ནོ། །ཉ་ཊཱིཀ་དང་གསུང་ཟིན་ཅུང་ཟད་མི་འདྲ་བ་དག་མཐའ་དཔྱད་དུ་འཆད་འགྱུར་ལྟར་རོ། །

གསུམ་པ་ས་མཚམས།

གསུམ་པ་ས་མཚམས་ནི།

ཐེག་ཆེན་ལམ་དུ་ཞུགས་ཁ་མ་ནས་ཡོད་དོ། །གཞུང་གཞན་དུ་ལམ་མ་ཞུགས་ནས་མ་བཞག་པ་དེ་ལ་ཤེས་བྱེད་ཡང་དག་མི་སྣང་ངོ༌། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཉ་ཊཱིཀ་ལས། འགལ་རྐྱེན་སྤངས་པའི་རྟེན། མཐུན་རྐྱེན་ཚང་བའི་ཡུལ། རྒྱུའི་རྐྱེན་རིགས་ཀྱིས་ཁྱབ་པ། ཉོན་མོངས་མི་སྤོང་བའི་རང་བཞིན། གཞན་དོན་བྱེད་པའི་ལས་ཏེ་ལྔའོ། །ཞེས་པ་དང༌། ཁམས་གསུམ་ལ་འདོད་ཆགས་དང་བྲལ་བ་ཉན་རང་དགྲ་བཅོམ་དང༌། དེ་ལས་ཅིག་ཤོས་ཀྱི་རྣལ་འབྱོར་བ་བྱང་སེམས་ཆོས་ཅན། སངས་རྒྱས་ཉིད་ཐོབ་བྱའི་ཕྱིར་ལམ་ཤེས་པ་ཉིད་བསྒོམ་པར་བྱ་བ་ཡིན་པས་ཁྱབ་པ་ཡིན་ནོ། །རྒྱས་པའི་རིགས་ཡོད་པའི་སྐྱེ་བོ་ཐམས་ཅད་མཐར་ཐུག་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པར་འགྲོ་བ་ཅན་ཡིན་པ་དེའི་ཕྱིར་རོ། །ཞེས་དང༌། མདོར་ན་ཁྱབ་པའི་དོན་ནི་མཐའ་མེད་ལྟར་ནའང་སངས་རྒྱས་ཀྱི་རང་བཞིན་རིགས་ཀྱིས་ཁྱབ། མཐའ་ཡོད་ལྟར་ན་ལམ་ཤེས་བསྒོམས་པས་སམ་རད་ཀིར་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པས་འདི་༼ཨཱརྱའི་དགོངས་པར་རུང༌།༽རྣམས་ཐམས་ཅད་ལ་ཁྱབ་པའོ་ཞེས་པ་ལྟར་གཟུང་ངོ༌། །ཞེས་ལུང་སྔ་མས་རིགས་ཀྱིས་ཁྱབ་པ་དང༌། བར་བས་རྒྱས་རིགས་ཀྱིས་ཁྱབ་པ་དང༌། ཕྱི་མས་མཐའ་མེད་ལྟར་ན་རང་བཞིན་རིགས་ཀྱིས་ཁྱབ་ཅེས་བཤད་པ་དེ་དག་དང༌། རང་བཞིན་ནི།ཉོན་མོངས་མི་སྤོང་བའི་རང་བཞིན་ལ་བཤད་པ་གཉིས་མདོ་ལུགས་མས་བཤད་པ་སྔར་བཀོད་པ་དང་མི་འདྲ་བས་དཔྱད་པར་བྱ། ཡང་ཉ་ཊཱིཀ་ལས། རྒྱལ་ཆེན་བཞིའི་རིས་ནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ལུས་ཀྱི་འོད་གང་ཡིན་པ་དེ་དག་གིས་དེ་པའི་རང་བཞིན་གྱི་འོད་ཀྱི་བརྒྱའི་ཆར་ཡང་ཉེ་བར་མ་སོང༌། བརྒྱ་སྟོང་གི་ཆར། ཞེས་གཙང་མའི་ལྷའི་འོད་རྣམ་སྨིན་ལས་སྐྱེས་པར་བཤད་པ་ལ། འོ་ན་གནས་གཙང་གི་ལུས་རྣམ་སྨིན་ཡིན་པར་ཐལ། ལུང་དེའི་ཕྱིར། འདོད་མི་ནུས་ཏེ། ཀུན་བཏུས་ས་འགྲེལ་ལས། འཕགས་པའི་གནས་དྲུག་ནི་སྡུག་བསྔལ་གྱི་བདེན་པ་དངོས་མ་ཡིན་ཡང༌། ཞེས་གསུངས་པའི་ཕྱིར་ཟེར་ན་བརྟག་པར་བྱ། ཡང་ཉ་ཊཱིཀ་ལས། ཡོན་ཏན་ཁྱད་པར་ཅན་འདོད་ན་ང་རྒྱལ་སྤངས་དགོས་སོ་ཞེས་བྱ་བར་ཤེས་པར་བྱ་བའི་ཕྱིར་མཛད་དེ། ཞེས་གསུངས་པ་ལ་བྱང་སེམས་ཚོགས་སྦྱོར་བའི་རྒྱུད་ལ་ང་རྒྱལ་དང༌། ང་རྒྱལ་མངོན་གྱུར་ཡོད་མེད་དང༌།ལམ་ཤེས་སྐྱེ་བའི་གེགས་ང་རྒྱལ་ལ་གང་འཇོག་དཔྱད། ཡང་ཉ་ཊཱིཀ་ལས། ལམ་ཤེས་དེ་ཆོས་ཅན། དངོས་སུ་སྐྱེ་བའི་ཡུལ་སོ་སོར་ངེས་པ་ཡིན་ནོ། །སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཁོ་ནའི་རྒྱུད་ལ་སྐྱེ་བ་ཡིན་པས་སོ། །ཞེས་གསུངས་པ་ལ་སེམས་བསྐྱེད་རྒྱུད་ལ་སྐྱེས་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས་བསྐྱེད་སྐྱེས་པས་ཁྱབ་པ་ཡོད་མེད་དཔྱད། ཉ་ཊཱིཀ་ཏུ་མདོ་དྲངས་པ་ལས། ལྷའི་བུ་གང་དག་གིས་བླ་མེད་རྫོགས་བྱང་དུ་སེམས་མ་བསྐྱེད་པ་དེ་དག་གིས་ཀྱང་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །གང་ཡང་དག་པའི་སྐྱོན་མེད་པར་ཞུགས་པར་གྱུར་པ་དེ་དག་ལ་ནི་བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་པའི་མཐུ་མེད་དོ། །དེ་དག་གིས་འཁོར་བའི་རྒྱུད་ཀྱི་མཚམས་བཅད་པའི་ཕྱིར་རོ། །ཞེས་གསུངས་པའི་ཡང་དག་པའི་སྐྱོན་མེད་དུ་ཞུགས་པ་དམན་པའི་མཐོང་ལམ་ལ་བྱེད་ན། རྒྱུན་ཞུགས་དང་ཕྱིར་འོང་སོགས་ནས་ཐེག་ཆེན་དུ་ཞུགས་པ་མེད་པར་ཐལ།འདོད་པའི་ཕྱིར། འདོད་ན། མདོ་སྡེ་རྒྱན་ལས། ཉན་ཐོས་མ་ངེས་རྣམ་གཉིས་ཏེ། །ཐེག་དོན་མཐོང་དང་མ་མཐོང་བའོ། །དོན་མཐོང་འདོད་ཆགས་བྲལ་བ་དང༌། །འདོད་ཆགས་བྲལ་མིན་འདི་དམན་པའོ། །ཞེས་དང༌། དེའི་ས་འགྲེལ་ལས། ཉན་ཐོས་རིགས་མ་ངེས་པ་ཐེག་ཆེན་དུ་དྲང་བར་བྱ་བ་ནི་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་ནས་དེར་གསུངས་པའི་བདེན་པ་བཞིའི་དོན་མཐོང་བ་ཐེག་ཆེན་ལ་འཇུག་པ་དང༌། བདེན་བཞིའི་དོན་མ་མཐོང་བའི་སོ་སོ་སྐྱེ་བོ་ཐེག་ཆེན་དུ་འཇུག་པའོ། ། བདེན་པའི་དོན་མཐོང་བའི་འཕགས་པ་ལའང་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཕྱིར་མི་འོང་ཐོབ་ནས་ཐེག་ཆེན་གྱིས་ངེས་པར་འབྱུང་བ་དང༌། འདོད་ཆགས་དང་བྲལ་བ་མིན་པ་རྒྱུན་ཞུགས་དང་ལན་ཅིག་ཕྱིར་འོང་ཐོབ་ནས་ཐེག་ཆེན་གྱིས་ངེས་པར་འབྱུང་བ་དག་སྟེ། ཞེས་གསུངས་པའི་ཕྱིར།དེས་ན་དམན་པའི་རིགས་ངེས་ཀྱི་མཐོང་ལམ་ལ་བྱེད་དགོས་སམ། དེ་ལྟ་ན་དེའི་ཚོགས་ལམ་སོགས་ལ་མ་བཤད་པར་མཐོང་ལམ་བཤད་པའི་རྒྱུ་མཚན་ལ་དཔྱད། འཁོར་བ་མཐའ་ཡོད་མེད་ཀྱི་བཞེད་ཚུལ་རྒྱས་པར་ཉ་ཊཱིཀ་ལས་གསུངས་པའི་ཚུལ་འདི་ལྟ་སྟེ། དེ་ལས། འདིར་འཁོར་བ་མཐའ་ཡོད་མེད་དུ་བཞེད་ཚུལ་གཉིས་ཏེ། ཐུབ་དགོངས་སུ། འཁོར་བ་ལ་ཐོག་མ་མེད་དེ་སྔར་མེད་པའི་སེམས་ཅན་སྐྱེ་བ་མེད་པའི་ཕྱིར་རོ། །ཐོག་མ་དང་ལྡན་ན་རྒྱུ་མེད་པ་ཉིད་དུ་ཐལ་བའི་ཕྱིར་རོ། །སྐྱེ་བ་རྒྱུ་ལ་རག་ལས་པའི་ཕྱིར་རྒྱུ་ཟད་པ་ལས་ཐ་མ་ནི་རིགས་ཏེ་ས་བོན་ཟད་པ་ལས་མྱུ་གུ་བཞིན་ནོ། །སངས་རྒྱས་འབྱུང་བ་སོ་སོས་སེམས་ཅན་གྲངས་མེད་པ་མྱ་ངན་ལས་ཟློ་བའི་ཕྱིར་རོ། །གང་གཉེན་པོ་དང་ཕྲད་པ་ན་འབྲི་བའི་ཆོས་ཅན་དེ་རྣམས་གཉེན་པོའི་ཕྱོགས་དེ་ཤིན་ཏུ་འཕེལ་བ་ན་ཤིན་ཏུ་མཛད་པའི་ཆོས་སྲིད་པ་ཡིན་ཏེ་གསེར་གྱི་དྲི་མ་ལ་སོགས་པ་བཞིན་ནོ། །འཁོར་བ་ཡང་བདག་མེད་པ་ཉིད་ལ་སོགས་པའི་མཚན་ཉིད་ཀྱི་གཉེན་པོའི་ཕྱོགས་ལ་མངོན་དུ་ཕྱོགས་པ་ཡོད་ན་འབྲི་བའི་ཆོས་ཅན་ཡིན་ནོ་ཞེས་པའི་ཚད་མ་ལས་འཁོར་བ་རྒྱུན་ཆད་པ་ཡོད་དོ། །ཏིང་འཛིན་རྒྱལ་པོ་ལས། འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་འགྱུར། །ཞེས་པ་ལ་སོགས་པའི་ལུང་ལས་ཀྱང་ངོ་ཞེས་སོ། །ཐུབ་དགོངས་ཀྱི་འགོར། འདིར་ངེས་པར་སེམས་ཅན་ཐམས་ཅད་སྒྲིབ་པ་གཉིས་སྤོང་བའི་སྐལ་བ་ལས་མ་འདས་པ་ཁོ་ནར་ཡོད་དེ་ཞེས་སོ། །རྒྱུད་བླའི་འགྲེལ་བར། རང་བཞིན་གྱིས་རྣམ་པར་དག་པའི་རིགས་ཡོད་པའི་ཕྱིར་འགའ་ཡང་གཏན་རྣམ་པར་དག་པར་མི་འགྱུར་བ་ནི་འོས་པ་མ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་ལ་རྣམ་པར་དག་པར་རུང་བ་ཉིད་ཡོད་པ་ལ་དགོངས་ནས། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ནི། །ཐོག་མེད་སྦུབས་ཀྱིས་ཕྱི་བསྒྲིབ་མི་མཐོང་སྟེ། །ཇི་ལྟར་གསེར་གྱི་གཟུགས་ནི་སྒྲིབ་པ་བཞིན། །ཞེས་སོ། །འགའ་ཞིག་ནི་མཐའ་མེད་པར་བཞེད་དེ། འགྲེལ་ཆེན་གྱི་ཁྱད་མཚན་ཐད་དུ། ཁ་ཅིག་ན་རེ། གང་འདི་སངས་རྒྱས་ཀྱི་རིགས་ནི་ཐོག་མ་མེད་པ་ཡིན་པའམ་སངས་རྒྱས་རེ་རེ་འབྱུང་བ་ན་སེམས་ཅན་གྲངས་མེད་པ་གཅིག་ཡོངས་སུ་མྱ་ངན་ལས་འདའ་མོད་ཀྱི་དེ་ལྟ་ན་ཡང་འཁོར་བ་ལ་ཟད་པ་མེད་པས་མཐའ་ཡས་པའི་ཕྱིར་ནམ་མཁའ་དང་འདྲ་སྟེ་རི་བོ་ལ་སོགས་པའི་སྒྲིབ་གཡོགས་དུ་མ་ཡོད་ན་ཡང་ནམ་མཁའ་ཡོངས་སུ་ཟད་པ་མེད་དོ་ཞེས་ཟེར་རོ་ཞེས་སོ། །དེར་མཐའ་ཡོད་ཀྱི་ལུགས་ཀྱང་བཀོད་པ་ནི་སྔར་ཨ་བྷ་ཡའི་སྦྱོར་ངག་ལྟར་ཡོད་དོ། །གལ་ཏེ་མཐའ་ཡོད་ན་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་ཆད་པ་སྲིད་པར་འགྱུར་རོ། །མཐའ་ཡོད་བཤད་པ་ནི་བྱེ་བྲག་འགའ་ལ་དགོངས་ལ་སངས་རྒྱས་རེ་རེས་སེམས་ཅན་གྲངས་མེད་སྒྲོལ་ཡང་སངས་རྒྱས་འབྱུང་བ་ཨུ་དུམ་ཝ་རའི་མེ་ཏོག་ལྟར་དཀོན་པས་ཟད་མི་ནུས་སོ། །མདོ་ཀུན་བཏུས་འགྲེལ་བར། བྲི་བ་དང་གང་བ་མེད་པ་ནི་སེམས་ཅན་གྱི་ཁམས་མི་ཟད་པའི་ཕྱིར་ལ། མི་ཟད་པ་ཡང་སྤྱིའི་དབང་དུ་བྱས་པའི་ཕྱིར་ཏེ། སོ་སོའི་དབང་དུ་བྱས་ནས་གྲོལ་བའི་ཕྱིར་ཟད་པ་ཁོ་ནའོ། །སྤྱི་ནི་སོ་སོ་བ་འདུས་པ་མིན་ནམ། སོ་སོར་གྲོལ་བ་ཉིད་ཀྱིས་སྤྱི་ཅི་ལྟར་མི་གྲོལ། གང་ཞིག་སྣོན་པ་མེད་ལ་འབྲི་བ་ཡོད་པ་དེ་ནི་ཟད་པའི་ཆོས་ཅན་ཏེ།དཔེར་ན་འབྲུའི་ཕུང་བོ་ལྟ་བུ་ཞེ་ན། མ་ཡིན་ཏེ་རིས་སུ་ཆད་པ་མེད་པའི་ཕྱིར་དཔེ་འདྲ་བ་མིན་ནོ། །གང་ཞིག་ཕ་མཐའ་ཡོད་པ་དེ་ནི་ཟད་པར་རིགས་པ་ལས། སེམས་ཅན་གྱི་ཁམས་ནི་ནམ་མཁའི་ཁམས་དང་མཉམ་པས་ཕ་མཐའ་མེད་པས་ཅི་ལྟར་ཟད་པར་རིགས་ཞེས་ཤཱནྟིས་སོ། །དེ་ལྟར་གཉིས་ལས་སྤྱིར་མཐའ་མེད་བྱེ་བྲག་འགའ་ལ་མཐའ་ཡོད་པ་འཐད་དེ། མ་རིག་འཁྲུལ་འཁོར་འདི་ནི་ཟད་མེད་འཕེལ་བ་མེད། །ཅེས་སྡུད་པ་དང༌། ཐོག་མ་དང་ཐ་མ་མེད་པའི་སྟོང་གཞི་འཁོར་བ་ལ་བཤད་པ་ལ་སོགས་པ་མཐའ་ཡས་སོ། །མང་བོ་གྲོལ་ཡང་འཁོར་བ་ལ་བྲི་གང་མེད་དེ་རྒྱ་མཚོ་ལ་རྩྭ་རྩེས་ཆུ་འགའ་གཏོར་ཡང་བྲི་གང་མེད་པ་དང་ནམ་མཁའ་ལ་འདོམས་ཀྱིས་གཅལ་ཡང་བྲི་གང་མེད་པ་བཞིན་ཞེས་གསུངས་སོ། །གལ་ཏེ་རྒྱས་པའི་རིགས་ཡོད་ཐམས་ཅད་སངས་རྒྱས་འཐོབ་ན། དགོངས་འགྲེལ་ལས། ཉན་ཐོས་ཀྱི་རིགས་ཀྱི་གང་ཟག་ཞི་བར་བགྲོད་པ་གཅིག་པུ་བ་ནི་སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་ཀྱི་སྙིང་བོ་ལ་བཞག་སྟེ་བླ་མེད་རྫོགས་ཆུབ་ཐོབ་པར་བྱ་བར་མི་ནུས་སོ། །ཞེས་པ་དང་འགལ་ཞེ་ན། དེ་ནི་རེ་ཤིག་པ་ལ་དགོངས་ཀྱི་མཐར་ཐུག་སངས་རྒྱས་སུ་འགྱུར་ཏེ། ལང་གཤེགས་ལས། བློ་གྲོས་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་བ་རྣམས་ཉན་ཐོས་ཀྱི་ཐེག་པ་ལས་གྲོལ་བ་མིན་གྱི་འོན་ཀྱང་དེ་དག་ནི་ཐེག་ཆེན་པའི་མཐར་ཐུག་པ་ཡིན་ནོ། །ཞེས་སོ། །བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་དམ་པ་ལྷག་བཅས་ལྷག་མེད་གཉིས་ཐོབ་ནས། །སྲིད་པས་སྐྲག་ཡིད་དེ་དག་ནི། །ཚེ་ཟད་ལ་དགའ་མྱ་ངན་ལས། །འདས་ཐོབ་འདུ་ཤེས་ཅན་དུ་འགྱུར། །དེ་ལ་མྱ་ངན་འདས་ཡོད་མིན། །འོན་ཀྱང་སྲིད་གསུམ་ཁམས་སུ་ནི། །སྐྱེ་བའང་དེ་ལ་ཡོད་མ་ཡིན། །ཟག་མེད་དབྱིངས་གནས་དེ་དག་ཀྱང༌། །མི་ཤེས་ཉོན་མོངས་མིན་སྤང་ཕྱིར། །ཕྱིས་ནི་སངས་རྒྱས་ཀྱིས་བསྐུལ་ནས། །བྱང་ཆུབ་ཏུ་ནི་ཚོགས་བསགས་ཏེ། །དེ་ཡང་འཇིག་རྟེན་འདྲེན་པར་འགྱུར། །ཞེས་སོ། །ཞེས་གསུངས་པའི་ཕྱིར་དང༌། རྒྱན་གྱི་ས་འགྲེལ་ལས། རྒྱུ་དང་བྲལ་ཞེས་པ་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཐར་པ་ཆ་མཐུན་གྱི་དགེ་བའི་བག་ཆགས་མ་བཞག་པས་རྒྱས་འགྱུར་གྱི་རིགས་ཆད་ནས་འཁོར་བ་མཐའ་མེད་པར་གནས་པ་རྣམས་སོ། །ཞེས་དང༌། རང་བཞིན་གྱི་རིགས་ཆད་པ་ནི་མི་སྲིད་ཅིང་འཁོར་བ་མཐའ་མེད་དུ་འདོད་པའི་ལུགས་ལ་རྒྱས་འགྱུར་གྱི་རིགས་ཆད་ཡོད་ལ། མཐའ་ཅན་དུ་འདོད་པའི་ལུགས་ལ་རྒྱས་འགྱུར་གྱི་རིགས་ཆད་ཀྱང་མེད་པར་ཤེས་པར་བྱའོ། །ཞེས་ཉ་ཊཱིཀ་དང་རྒྱན་གྱི་ས་འགྲེལ་གཉིས་ན་འཁོར་བ་མཐའ་མེད་འདོད་པ་ལྟར་གསུངས་སོ། །འཁོར་བ་མཐའ་ཡོད་འདོད་པའི་རིགས་པ་སྤྲོ་ཚུལ་ནི། འཁོར་བ་མཐའ་མེད་འདོད་པ་དག་གིས་འཁོར་བ་མཐའ་ཡོད་པ་ཡིན་ན་འཁོར་བ་ཐོག་མ་དང་ཐ་མ་མེད་པའི་སྟོང་གཞི་མ་ཡིན་པར་ཐལ། དེ་ལ་ཐ་མ་ཡོད་པའི་ཕྱིར། རྟགས་ཁས་ཟེར་ལ། འོ་ན་ཁྱོད་རང་ལ་དབང་རྟེན་ཁོག་པ་ཆོས་ཅན། ཕྱི་ནང་གཉིས་ཀ་ཡིན་པར་ཐལ། ཕྱི་ནང་སྟོང་བ་ཉིད་ཀྱི་སྟོང་གཞི་ཆོས་ཅན་ཡིན་པའི་ཕྱིར། ཁྱབ་པ་དོན་གྱིས་ཁས། ཡང་དུས་གསུམ་ཆོས་ཅན། མི་དམིགས་པར་ཐལ། མི་དམིགས་པར་སྟོང་བ་ཉིད་ཀྱི་སྟོང་གཞི་ཆོས་ཅན་ཡིན་པའི་ཕྱིར། རྟགས་ཡུམ་གསུམ་གནོད་འཇོམས་ཀྱིས་གྲུབ་ལ། འདོད་མི་ནུས་ཏེ། དམིགས་པ་ཡིན་པའི་ཕྱིར། དེར་ཐལ། ཚད་མས་དམིགས་པ་ཡིན་པའི་ཕྱིར། གཞན་ཡང་འཁོར་བ་ལ་ཐོག་མ་མེད་ཀྱང་ཕྱི་མཐའ་ཡོད་པར་ཐལ། ས་བོན་ལ་ཐོག་མ་མེད་ཀྱང་ས་བོན་མེས་སྲེགས་་པ་ཡོད་པས་ཕྱི་མཐའ་ཡོད་པ་བཞིན་ཡིན་པའི་ཕྱིར་ཏེ། བཞི་བརྒྱ་བ་ལས། ཇི་ལྟར་ས་བོན་མཐའ་མཐོང་ཞིང༌། །དེ་ལ་ཐོག་མ་ཡོད་མིན་ལྟར། །དེ་བཞིན་རྒྱུ་ནི་མ་ཚང་ཕྱིར། །སྐྱེ་བའང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །ཡང་འཁོར་བ་ལ་མཐའ་ཡོད་པར་ཐལ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་སྒྲིབ་པ་སྤང་རུང་ཡིན་པའི་ཕྱིར། དེར་ཐལ། དེ་དག་གི་རྒྱུད་ཀྱི་སྒྲིབ་པ་རྟག་པ་ཡིན་པས་སྤངས་མི་རུང་བ་ཡང་མ་ཡིན། མི་རྟག་པ་ཡིན་ཀྱང་སྤོང་བྱེད་ཀྱི་ཐབས་མེད་པའང་མ་ཡིན། གཉེན་པོ་ཡོད་ཀྱང་ཤེས་མཁན་མེད་པ་ཡང་མ་ཡིན། ཤེས་མཁན་ཡོད་ཀྱང་སྟོན་པ་མི་སྲིད་པ་ཡང་མ་ཡིན། གདུལ་བྱ་དོན་གཉེར་མི་སྲིད་པ་ཡང་མ་ཡིན་པའི་ཕྱིར། དེ་སྐད་དུ། རྣམ་འགྲེལ་ལས། རྟག་ཉིད་ཕྱིར་རམ་ཐབས་མེད་ཕྱིར། །ཡང་ན་ཐབས་ནི་མི་ཤེས་ཕྱིར། །སྐྱོན་རྣམས་མི་ཟད་པ་ཉིད་ཅེས། །བྱ་བར་ཡོངས་སུ་རྟོགས་གྲང་ན། །ཞེས་གསུངས་པའི་ཕྱིར། རྟགས་རིམ་བཞིན་གྲུབ་སྟེ། རྣམ་འགྲེལ་ལས། རྒྱུ་ཡིས་ནི། །གཉེན་པོ་གོམས་པས་ཟད་ཕྱིར་དང༌། །དེ་ཤེས་པ་ཡང་གྲུབ་པ་ཡིན། །ཐུགས་བརྩེ་ལྡན་ཕྱིར་རྩོམ་ཀུན་ཡང༌། །གཞན་གྱི་དོན་དུ་སྦྱོར་ཕྱིར་རོ། །ཞེས་དང༌། སྤྱོད་འཇུག་ལས། དེ་བཞིན་སངས་རྒྱས་མཐུ་ཡིས་རྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང༌། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་མདོ་ཏིང་འཛིན་ལས། འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་འགྱུར། །ཞེས་དང༌།རྒྱུད་བླ་ཐོགས་འགྲེལ་ལས། རང་བཞིན་ཀྱིས་རྣམ་པར་དག་པའི་རིགས་ཡོད་པའི་ཕྱིར་འགའ་ཡང་གཏན་རྣམ་པར་དག་པར་མི་འགྱུར་བ་ནི་འོས་པ་མ་ཡིན་ཏེ། ཞེས་པའི་དོན་སེམས་ཅན་ཐམས་ཅད་སངས་རྒྱ་ངེས་ཡིན། ཞེས་པ་ལ། འོ་ན་སེམས་ཅན་དེ་དག་ཆོས་ཅན། འཚང་རྒྱ་བ་ལ་འགལ་རྐྱེན་གྱི་གེགས་མེད་པར་ཐལ། འཚང་རྒྱ་ངེས་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། རྣམ་འགྲེལ་ལས། མ་ངེས་པ་ནི་ཉིད་ཡིན་ཏེ། །གེགས་བྱེད་པ་དག་སྲིད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་དང༌། དེ་མ་ཟད་སྐྱེ་རུང་བ་ལ་རྒྱུ་ཚོགས་ཚང་དགོས་ཏེ། རྣམ་འགྲེལ་རང་འགྲེལ་ལས། རུང་བ་ཉིད་ཀྱང་རྒྱུ་ཚོགས་པ་དག་ཁོ་ནས་རྗེས་སུ་དཔོག་པར་བྱེད་དེ། མ་ཚོགས་པ་ལ་ཤིན་ཏུ་ནུས་པ་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན། མྱུ་གུ་སྐྱེ་རུང་ཞེས་པ་དང་འཚང་རྒྱ་རུང་ཞེས་པ་གཉིས་ཅུང་མི་འདྲ་བར་སྣང་ངོ༌། །ཡང་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། དོན་དམ་ཡང་དག་འཕགས་ཉན་ཐོས་ཀྱི་རིགས་ཅན་གང་ཟག་ཞི་བ་བགྲོད་པ་གཅིག་པུ་བ་ནི་སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་དེ་ནི་སྙིང་རྗེ་ཤིན་ཏུ་ཆུང་བ་དང༌། སྡུག་བསྔལ་གྱིས་ཤིན་ཏུ་འཇིགས་པའི་ཕྱིར་རང་བཞིན་གྱི་རིགས་དམན་པ་ཁོ་ན་ཡིན་པའི་ཕྱིར་རོ། །ཞེས་པ་ནས། ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་གྱུར་པ་གང་ཡིན་པ་དེ་ནི་ངས་རྣམ་གྲངས་ཀྱིས་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན་ཏེ། འདི་ལྟར་དེ་ནི་ཉོན་མོངས་པའི་སྒྲིབ་པ་ལས་གྲོལ་ནས་དེ་བཞིན་གཤེགས་པས་བསྐུལ་ན་ཤེས་བྱའི་སྒྲིབ་པ་ལས་སེམས་རྣམ་པར་གྲོལ་བར་བྱེད་པའི་ཕྱིར་རོ། །ཞེས་གསུངས་པའི་སྙིང་རྗེ་ཆུང་བ་སོགས་རྒྱུ་མཚན་དེ་དག་ལ་ཁྱབ་པ་ཡོད་མེད་དང་མཐར་ཐུག་ཐེག་གཅིག་འདོད་པའི་ལུགས་ལ་ཉན་ཐོས་ཡིན་ན་བྱང་ཆུབ་ཡོངས་གྱུར་བ་ཡིན་པས་ཁྱབ་བ་མེད་དམ་དཔྱད་དོ། ། བྱང་སེམས་ཀྱིས་དབང་བསྒྱུར་བའི་ཉོན་མོངས་སམ་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་གྱུར་བའི་ཉོན་མོངས་པ་ལ་ཅུང་ཟད་དཔྱད་པ་ལ། ཉ་ཊཱིཀ་ལས། སྙིང་བོ་མཆོག་ཏུ། དགེ་བའི་ཕྱོགས་ནི་སེམས་བསྐྱེད་དེ་དེ་སྐྱེ་བར་རུང་བ་ཉིད་རང་བཞིན་ནོ། །ཞེས་ཏེ། ཟླ་ཟེར་དུ་ཡང་སྟེ་མདོའི་དོན་མ་ནོར་བའོ། །དེ་ཡང་ས་བདུན་པ་མན་ལ་ཉོན་མོངས་ཡོད་ལ། དག་ས་ན་སེམས་རབ་ཏུ་མ་ཞི་བར་བྱེད་པའི་ཉོན་མོངས་གཏན་མེད་ཀྱང་ཉོན་མོངས་ཀྱི་བག་ཆགས་ཕྲ་མོ་ཡོད་ཅིང་དེ་དང་སྙིང་རྗེས་སྐྱེ་བ་ལེན་པ་འཕགས་སེང་གི་དགོངས་པར་རུང་ངོ༌། །ཞེས་ཉོན་མོངས་པའི་བག་ཆགས་ཕྲ་མོ་ཤེས་སྒྲིབ་ཡིན་པ་གང་ཞིག དེའི་དབང་གིས་སྐྱེ་བ་ལེན་པ་དབང་བསྒྱུར་ཉོན་མོངས་ཀྱིས་སྐྱེ་བ་ལེན་པ་མ་ཡིན་ནམ་དཔྱད་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། སྒྲིབ་པ་གང་ཞིག དགྲ་བཅོམ་པའི་རྒྱུད་ལ་ཡོད་པ་ཡིན་པའི་ཕྱིར་ཏེ། ཀུན་མཁྱེན་གྱི་རྒྱུད་བླ་ཐོགས་འགྲེལ་གྱི་མཆན་ལས། ཉན་རང་དགྲ་བཅོམ་པ་ཡང་སྲིད་པར་རང་དབང་མེད་པར་སྐྱེ་བ་སྤངས་པ་རྣམས་ཀྱང་ཉོན་མོངས་ཀྱི་བག་ཆགས་མ་སྤངས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཉོན་མོངས་པའི་བག་ཆགས་ཕྲ་མོ་དེ་ཉོན་མོངས་པ་མངོན་གྱུར་དང་དེའི་བག་ལ་ཉལ་དང་དེའི་བག་ཆགས་ཕྲ་མོ་གསུམ་ལས་ཕྱི་མ་ལ་བཞེད་ལ། དེ་ནི་ཤེས་སྒྲིབ་དང་མ་རིག་བག་ཆགས་ཀྱི་ས་ཡིན་པའོ། །ཡང་བློ་གྲོས་རྒྱ་མཚོའི་མདོ་ལས། དེ་དག་གི་འཁོར་བའི་རྒྱུ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཞེ་ན། འདི་ལྟ་སྟེ་བསོད་ནམས་ཀྱི་ཚོགས་ཡོངས་སུ་ཚོལ་བས་མི་ངོམས་པ་དང༌། བསམ་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང༌། སངས་རྒྱས་དང་ཕྲད་པ་དོན་དུ་གཉེར་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མི་སྐྱོ་བ་དང༌། དམ་པའི་ཆོས་འཛིན་པ་ལ་བརྩོན་པ་དང༌། སེམས་ཅན་གྱི་བྱ་བ་ཅི་ཡོད་པ་ལ་འགྲུབ་པ། ཆོས་ལ་ཆགས་པའི་བསམ་པ་དང་མ་བྲལ་བ་དང༌། ཕ་རོལ་ཏུ་ཕྱིན་པའི་ཀུན་ཏུ་སྦྱོར་བ་རྣམས་མི་འདོར་བ་སྟེ། བློ་གྲོས་རྒྱ་མཚོ། གང་དག་གིས་བྱང་སེམས་ཀུན་ཏུ་སྦྱོར་བར་བྱེད་ཀྱང་ཉོན་མོངས་པའི་སྐྱོན་གྱིས་མི་གོས་པ། དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ནི་འདི་དག་གོ །བཅོམ་ལྡན་འདས་དགེ་བའི་རྩ་བ་ལགས་ན་དེ་རྒྱུ་ཅིའི་སླད་དུ་ཉོན་མོངས་པ་ཞེས་བགྱི། བློ་གྲོས་རྒྱ་མཚོ། འདི་ལྟར་འདི་ལྟ་བུའི་རང་བཞིན་གྱི་ཉོན་མོངས་པ་འདི་དག་གིས་བྱང་སེམས་ཁམས་གསུམ་པར་ཀུན་ཏུ་སྦྱོར་ལ་ཁམས་གསུམ་པ་ཡང་ཉོན་མོངས་པ་ལས་བྱུང་བ་ཡིན་ནོ། །དེ་ལ་བྱང་པ་ནི་ཐབས་ལ་མཁས་པ་དང་དགེ་བའི་རྩ་བའི་སྟོབས་བསྐྱེད་པས་བསམ་བཞིན་དུ་ཁམས་གསུམ་དུ་ཀུན་ཏུ་སྦྱོར་ཏེ་དེས་ན་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེས་བྱའོ། །ཇི་སྲིད་ཁམས་གསུམ་པར་ཀུན་ཏུ་སྦྱོར་བས་ཡིན་གྱི་སེམས་ཉེ་བར་ཉོན་མོངས་པས་ནི་མ་ཡིན་ནོ། །ཞེས་དང༌། དཀོན་བརྩེགས་འོད་བསྲུང་ལེའུར། ཇི་ལྟར་གྲོང་ཁྱེར་སྐྱེ་བོའི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་བའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་སངས་རྒྱས་ཆོས་རྣམས་བསྐྱེད་ལ་ཕན། །ཞེས་དང༌། འོད་བསྲུང་འདི་ལྟ་སྟེ། དཔེར་ན།སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་དུག་གིས་ནི་ལོག་པར་འཆི་བར་བྱེད་མི་ནུས་སོ། །དེ་བཞིན་དུ་བྱང་སེ་རྣམས་ཀྱི་ཉོན་མོངས་པ་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་སོ། །ཞེས་གསུངས་པ་དེ་དག་གི་དོན་ཉ་ཊཱྀཀ་ལས། ཉོན་མོངས་ཕྲ་མོ་ཡོད་པ་ལ་དགོངས་པར་གསལ་ལ་དེ་ཚོགས་རྫོགས་བྱེད་ཀྱི་ཐབས་སུ་ཡང་འགྱུར་སྲིད་དེ། ཐོགས་མེད་ཀྱིས། ཐེག་བསྡུས། ཐབས་ཆེན་རྣམས་དང་ལྡན་པ་ལ། །སྲིད་པའང་ཞི་བའི་བདག་ཉིད་དང༌། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས། །ཞེས་པ་ལྟར་རོ། །འོ་ན་ཉན་རང་དགྲ་བཅོམ་ཐེག་ཆེན་དུ་ཞུགས་པ་དང་ས་བརྒྱད་པ་ཡན་གྱི་བྱང་སེ་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་གང་ཞེ་ན། རྐྱེན་གྱི་སྟོབས་དང༌། རྒྱུའི་སྟོབས་ཀྱིས་སོ། །ཉོན་མོངས་པའི་བག་ཆགས་ནི་ཡང་སྲིད་པར་ཉིང་མཚམས་སྦྱོར་བའི་རྐྱེན་ནོ། །ཟག་བཅས་ཀྱི་དགེ་རྩ་ལས་བྱུང་བ་ཟག་མེད་ཀྱི་དགེ་རྩ་ནི་རྒྱུའོ། །དེ་དག་མདོ་བཞིན་ཏེ་ཞེས་སྔར་དྲངས་པ་ལྟར་རྒྱ་ཆེར་དྲངས་ཏེ་ཐུབ་དགོངས་དང་གནོད་འཇོམས་སུའོ། །རྒྱུད་བླའི་འགྲེལ་བའི་དོན་བསྡུས་ན། ཉན་རང་དགྲ་བཅོམ་དང་དབང་ཐོབ་པའི་བྱང་སེམས་རྣམས་ནི་ཉེ་བའི་ཉོན་མོངས་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་མ་རིག་བག་ཆགས་ཀྱི་ས་མ་སྤངས་པས་ཉོན་མོངས་པའི་དྲི་མ་དྲི་ང་བའི་བག་ཆགས་ཐམས་ཅད་དང་ལྡན་ལ་དེའི་རྐྱེན་ཅན་མཚན་མའི་སྤྲོས་པ་ཀུན་ཏུ་སྤྱོད་པ་ཕྲ་མོས་ཀུན་ནས་བསླང་བའི་ཟག་མེད་ཀྱི་ལས་ལ་བརྟེན་ནས་ཡིད་ཀྱི་རང་བཞིན་གྱི་ཕུང་བོ་འབྱུང་ངོ༌། །དེ་ལ་མ་རིག་བག་ཆགས་ཀྱི་ས་ནི་ཉོན་མོངས་པའི་ཉོན་མོངས་པ་བཞིན་ནོ། །ཟག་མེད་ཀྱི་ལས་ནི་ལས་ཀྱི་ཉོན་མོངས་པ་བཞིན་ནོ། །ཡིད་ཀྱི་རང་བཞིན་གྱི་ལུས་རྣམ་པ་གསུམ་འགྲུབ་པ་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་བཞིན་ནོ། །དེའི་རྐྱེན་ཅན་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བའི་འཆི་འཕོ་ནི་རྒ་ཤི་བཞིན་ནོ། །རྒྱས་པར་མདོ་བཞིན་ཏེ་ཞེས་དཔལ་ཕྲེང་གི་མདོ་དང་སྦྱོར་རོ། །ཞེས་གསུངས་སོ། །ཡང་ཉ་ཊཱིཀ་ལས། འདིར་མ་རིག་བག་ཆགས་ཀྱི་ས་ནི་ཉོན་མོངས་པའི་བག་ཆགས་ཀྱིས་གོས་བཞིན་པའི་མ་རིག་པའམ་ཀུན་གཞིའི་རྣམ་ཤེས་སོ། །ཟག་མེད་ཀྱི་ལས་ནི་གཞན་དོན་དུ་འཁོར་བར་སྐྱེ་རྒྱུའི་སྨོན་ལམ་ལ་སོགས་པའི་ཟག་མེད་ཀྱི་ལས་སོ། །ཞེས་དང༌། ཀུན་གཞིའི་རྣམ་ཤེས་ཟག་མེད་ཤེས་བྱ་ལ་མི་སྲིད་དོ། །ཞེས་མ་རིག་བག་ཆགས་ཀྱི་ས་ཀུན་གཞི་རྣམ་ཤེས་བཤད་པའི་རྒྱུ་མཚན་དང༌། ཀུན་གཞིའི་རྣམ་ཤེས་ཟག་མེད་ཤེས་བྱ་ལ་མི་སྲིད་གསུངས་པ་ལ་ཀུན་གཞི་ལྡོག་མཚམས་ཐེག་མཆོག་དབུ་མ་རྩ་འགྲེལ་ལས་བཤད་པ་དང་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས་ཀུན་གཞི་རྣམ་ཤེས་ཀྱི་མཚན་ཉིད་བཞག་པ་དག་གིས་ཅུང་ཟད་དཔྱད་རྒྱུར་སྣང་ངོ༌། །ཡང་གོང་དུ་དྲངས་བའི་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་དགེ་བ་དང་མཚུངས་ལྡན་ཡིན་པར་གསུངས་པ་དང༌། ཐེག་མཆོག་དབུ་མ་ལས། ཤེས་སྒྲིབ་མ་རིག་བག་ཆགས་དབང་བསྒྱུར་པའི། །ཉོན་མོངས་དང་ནི་ཟག་མེད་ལས་དེ་དག །ཀུན་འབྱུང་ཕྲ་མོ་རྣམ་བྱང་ལམ་གྱིས་བསྡུས། །ཞེས་དང༌། དེའི་ཟིན་བྲིས་ལས། བྱང་ཆུབ་སེམས་དཔའ་འཕགས་པའི་རྒྱུད་ཀྱི་ཤེས་སྒྲིབ་རྣམས་དང༌། མ་རིག་བག་ཆགས་ཀྱི་ས་དང་དབང་སྒྱུར་བའི་ཉོན་མོངས་པ་རྣམས་དང༌། ཟག་པ་མེད་པའི་ལས་དེ་དག་ལ་ཀུན་འབྱུང་ཕྲ་མོ་ཞིག་འཇོག་ཅིང༌། རྣམ་པར་བྱང་པའི་ལམ་གྱིས་བསྡུས་པ་ཡིན་ནོ། །ཞེས་དང༌། དབང་བསྒྱུར་པའི་ཉོན་མོངས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་ལ་བརྟེན་པས་སེམས་མ་ཞི་བ་དང་ཐར་བ་ཐོབ་པ་ལ་གེགས་བྱེད་དུ་མི་འགྱུར་བར་བྱང་ཆུབ་ལ་ཉེ་བར་འགྱུར་ཞིང་སེམས་རབ་ཏུ་ཞི་བར་འགྱུར་བ་སྟེ། དཔེར་ན་དེད་དཔོན་སྙིང་རྗེ་ཆེན་པོའི་ཚོང་བ་གཡོ་ཅན་ལ་མདུང་བསྣུན་ཏེ་བསད་པ་ལྟ་བུ་བྱང་ཆུབ་སེམས་དཔའ་སྙིང་རྗེའི་རྒྱ་ལས་མ་འདས་ཀྱང་དེ་སྲོག་དང་བྲལ་བར་བྱེད་པ་ལ་ཞེ་སྡང་གི་རྣམ་པ་ལྟ་བུ་ཞིག་སྟོན་དགོས་ཤིང༌། དེས་དེ་ལྟར་བྱས་པས་བྱང་ཆུབ་ལ་ཉེ་བར་འགྱུར་བ་ལྟ་བུའོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། དབང་བསྒྱུར་མ་གཏོགས་ཉོན་སྒྲིབ་བག་ལ་ཉལ། །ཐམས་ཅད་ས་འདིར་ཤིན་ཏུ་རྣམ་པར་དག །ཞེས་དང༌། ས་བཟང་གི་རྒྱུད་བླའི་འགྲེལ་བ་ལས། སྐྱེ་བའི་རྒྱུ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་དོན་དུ་སྐྱེ་བ་ལེན་པའི་རྒྱུ་འདོད་ཆགས་ལ་སོགས་པའི་ཉོན་མོངས་ཤིན་ཏུ་ཕྲ་མོ་ཆེད་དུ་གཉེར་ནས་མ་སྤངས་པ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་དག་གི་འཁོར་བའི་རྒྱུ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་ཚོལ་བས་མི་ངོམས་པ་དང༌། བསམ་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང་སངས་རྒྱས་དང་ཕྲད་པ་དོན་དུ་གཉེར་བ་དང༌། སེམས་ཅན་ཡོངས་སུ་སྨིན་པ་ལ་མི་སྐྱོ་བ་དང༌། དམ་པའི་ཆོས་འཛིན་པ་ལ་བརྩོན་པ་དང༌། སེམས་ཅན་གྱི་བྱ་བ་ཅི་ཡོད་པ་འགྲུབ་པ་དང༌། ཆོས་ལ་ཆགས་པའི་བསམ་པ་དང་མ་བྲལ་བ་དང༌། ཕ་རོལ་ཏུ་ཕྱིན་པ་ཀུན་ཏུ་སྦྱོར་བ་རྣམས་མི་འདོར་བ་སྟེ། བློ་གྲོས་རྒྱ་མཚོ་གང་དག་གིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་སྦྱོར་བར་བྱེད་ཀྱང༌། ཉོན་མོངས་པའི་སྐྱོན་གྱིས་མི་གོས་པ་འདི་དག་ནི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པའོ་ཞེས་གསུངས་པ་ལྟར་རོ། །ཉོན་མོངས་སུ་འདོགས་ཚུལ་ནི། བསམ་བཞིན་དུ་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཕྱིར་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་གང་གི་ཚེ་དགེ་བའི་རྩ་བ་ལགས་ན་དེ་རྒྱུ་ཅིའི་སླད་དུ་ཉོན་མོངས་པ་ཞེས་བགྱི། བཀའ་བསྩལ་པ། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དེ་ལྟ་བུའི་རང་བཞིན་གྱི་ཉོན་མོངས་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཁམས་གསུམ་དུ་ཀུན་ཏུ་སྦྱོར་ལ། ཁམས་གསུམ་པ་ཡང་ཉོན་མོངས་པ་ལས་བྱུང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཐབས་ལ་མཁས་པ་དང་དགེ་བའི་རྩ་བའི་སྟོབས་བསྐྱེད་པས་བསམ་བཞིན་དུ་ཁམས་གསུམ་པར་ཀུན་ཏུ་སྦྱོར་ཏེ། དེས་ན་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེས་བྱ་བའོ། །ཇི་སྲིད་དུ་ཁམས་གསུམ་པར་ཀུན་ཏུ་སྦྱོར་བས་ཡིན་གྱི། སེམས་ཉེ་བར་ཉོན་མོངས་པས་ནི་མ་ཡིན་ནོ་ཞེས་གསུངས་པ་ལྟར་རོ། །ཞེས་གསུངས་པ་དེ་དག་གི་ཚིག་ཟིན་ལ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་ཞེས་བཤད་པ་དང༌། དབང་བསྒྱུར་གྱི་ཉོན་མོངས་པ་དེ་ཀུན་འབྱུང་ཕྲ་མོ་དང༌། དེད་དཔོན་གྱིས་ཞེ་སྡང་གི་རྣམ་པ་བསྟན་པ་ལྟ་བུ་དང༌། ཉོན་མོངས་པ་ཤིན་ཏུ་ཕྲ་མོ་ཡིན་པ་དང༌། ཉོན་མོངས་སུ་འདོགས་ཚུལ་ནི། བསམ་བཞིན་དུ་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་རྒྱུ་མཚན་གྱིས་ཡིན་པར་བཤད་པ་རྣམས་ཀྱི་དགོངས་དོན་ཞིབ་ཏུ་དཔྱད་པར་བྱའོ། །

གཉིས་པ་ཡན་ལག་ཅན་ལམ་ཤེས་བཤད་པ།

གཉིས་པ་ཡན་ལག་ཅན་ལམ་ཤེས་བཤད་པ་ལ།

ཉན་ཐོས་དང༌། རང་རྒྱལ་དང༌། བྱང་སེམས་ཀྱི་ལམ་ཤེས་བཤད་པ་དང་གསུམ། དང་པོ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་བཤད་པ་ལ། རྩ་བ་ལས། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི ། རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་གསུངས་སོ། །དེ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ། ཉན་ཐོས་ཀྱི་ལམ་དང༌། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་དངོས་དང༌། ཐེག་ཆེན་ངེས་འབྱེད་ཆ་མཐུན་གྱིས་ཉན་ཐོས་ཀྱི་ལམ་མི་དམིགས་པའི་ཚུལ་གྱིས་བསྡུས་པར་བཤད་པ་དང་གསུམ། དང་པོ་ནི། ཐེག་པ་གསུམ་གྱི་གང་ཟག་གི་ནང་ནས་རང་བཞིན་གྱིས་དབང་རྟུལ་གྱི་གང་ཟག ཉན་ཐོས་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། ཐེག་པ་གསུམ་གྱི་ནང་ནས་རང་བཞིན་གྱིས་དབང་རྟུལ་གྱི་གང་ཟག་ཅེས་པ་མཚན་ཉིད་དོ། །ཞེས་གསུངས་པས་སོ། །ཉན་ཐོས་ཀྱི་མངོན་རྟོགས་ལ་བརྟེན་ནས་ཉན་ཐོས་ཀྱི་བྱང་ཆུབ་བགྲོད་པའི་གོ་སྐབས་ཕྱེ་ཤུལ་དུ་གྱུར་པ། ཉན་ཐོས་ཀྱི་ལམ་གྱི་མཚན་ཉིད། དབྱེ་ན་ཉན་ཐོས་ཀྱི་ཚོགས་ལམ་སོགས་ལྔ་ཡོད་དོ། །

གཉིས་པ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་དངོས་བཤད་པ།

གཉིས་པ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་དངོས་བཤད་པ་ལ།

ཉན་ཐོས་ཀྱི་ཡོན་ཏན་ཡར་ལྡན་ནམ་དེ་ལས་ལྷག་པའི་ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པའི་སྦྱོར་དངོས་རྗེས་གསུམ་ཚང་བའི་བྱང་སེམས་ཀྱི་མངོན་རྟོགས་དེ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ནི། བྱང་ཆུབ་ཐོབ་པ་ངེས་པར་སློབ་དཔོན་ལ་ལྟོས་པས་སློབ་མ་སྟེ་ཉན་ཐོས་ཀྱི་ལམ་ཡོན་ཏན་ཡར་ལྡན་དུ་བྱས་ཏེ་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་ཕྱིན་ཅི་མ་ལོག་པར་ཤེས་པའི་བློ། ཞེས་གསུངས་པའི་ཕྱིར་རོ། །དངོས་གཞི་ལ་བདག་མེད་གཉིས་ཅི་རིགས་རྟོགས་པ་ཡོད་པར་སྣང་ངོ༌། །དབྱེ་ན་བྱང་སེམས་ཀྱི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་བློ་སོགས་ཡོད་དོ། །ས་མཚམས། བྱང་སེམས་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད་དོ། །སྐབས་འདིར་མདོ་ལུགས་མ་ལས། བྱང་ཆུབ་སེམས་དཔའ་ལམ་ཤེས་པ་ཉིད་ཀྱིས་ཉན་ཐོས་ཀྱི་ལམ་གྱི་སྤངས་རྟོགས་ཀྱི་ཡོན་ཏན་བསྡུས་པ་སྟོན་ནོ། །དེ་ལ་ལམ་ཤེས་ཀྱི་ངང་ཚུལ་ལམ་རང་བཞིན་ལ་གང་གི་སྒོ་ནས་ཉན་ཐོས་ཀྱི་ལམ་བསྡུས་པར་འགྱུར་ན། ཞེས་གསུངས་པ་ལྟར་ཉན་ཐོས་ཀྱི་ལམ་ཐམས་ཅད་བྱང་སེམས་ཀྱི་ལམ་གྱི་རྟོགས་རིགས་ཀྱི་སྒོ་ནས་བསྡུས་པ་ཡིན་པའོ། །གསུམ་པ་ཐེག་ཆེན་ངེས་འབྱེད་ཆ་མཐུན་གྱིས་ཉན་ཐོས་ཀྱི་ལམ་མི་དམིགས་པའི་ཚུལ་གྱིས་བསྡུས་པར་བཤད་པ་ལ།

རྩ་བར། འཕགས་པ་ཉན་ཐོས་ལམ་ལ་ནི། །གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །སྟོང་པ་ཉིད་རྣམས་དབྱེར་མེད་པས། །དྲོ་བ་དེ་དག་མི་དམིགས་པས། །རྩེ་མོར་གྱུར་པ་དག་ཏུ་འདོད། །དེ་ལ་རྟག་ལ་སོགས་ཚུལ་གྱིས། །གནས་པ་བཀག་པས་བཟོད་པ་རྣམས། །ས་བཅུ་དག་ལས་བརྩམས་ནས་ནི། །མི་གནས་རྒྱས་པར་བསྟན་པ་ཡིས། །ཆོས་ཀྱི་མཆོག་ཏུ་གྱུར་བཤད་དེ། །ཞེས་གསུངས་སོ། དེའི་དོན་ནི། མདོ་ལུགས་མ་ལས། འདིར་འཕ༷གས་པ༷་ཉ༷ན་ཐོ༷ས་ཀྱི་ལ༷མ་བྱང་ཆུབ་སེམས་དཔའི་ལམ་ཤེས་ཀྱིས་བསྡུས་པ་ལ༷། མདོ་ལས། དྲོད་སོགས་འདི་ལྟར་བསྟན་ཏེ། གཟུགས་ནི༷་གཟུགས་ཀྱིས་སྟོང་ངོ༌། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ཞེས་པ་ནི་གཟུ༷གས་ལ༷་སོ༷གས་པ༷་སྟོ༷ང་པ༷འི་ཕྱི༷ར་རོ། །གཟུགས་ནས་བྱང་ཆུབ་སེམས་དཔའི་བར་གྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ་ཞེས་པ་ནི་སྟོ༷ང་པ༷་ཉི༷ད་རྣ༷མས་དབྱེ༷ར་མེ༷ད་པ་ཡིན་ནོ། །དེ་ལྟར་གསུངས་པ་དེས་དྲོ༷་བ༷་བསྟན་ཏོ། །ཀུན་བཏགས་པའི་གཟུགས་སོགས་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་དུ་མེད་ཅིང་དེ་དག་གི་སྟོང་ཉིད་གཅིག་པའི་ཆོས་དབྱིངས་ཉིད་དུ་གནས་པའི་ཡེ་ཤེས་ནི་དྲོད་ཡིན་ནོ། །མདོ་ལས། གཟུགས་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཞེས་པ་ལ་སོགས་གཟུགས་སོགས་དེ༷་ད༷ག་མི༷་དམི༷གས་པར་བསྟན་པ༷ས་རྩེ༷་མོ༷ར་གྱུ༷ར་པ༷་ད༷ག་ཏུ༷་འདོ༷ད་དེ་བསྟན་ཏོ། །དེ་ཉིད་ནི་དངོས་པོའི་གཟུགས་སོགས་མི་དམིགས་པའི་ཚུལ་གྱིས་དེ་བཞིན་ཉིད་དུ་གནས་པའི་ཡེ་ཤེས་སོ། །མདོ་ལས། གཟུགས་སོགས་རྟག་མི་རྟག་བདེ་སྡུག་བདག་བདག་མེད་ཞི་མ་ཞི་ཞེས་བྱ་བ་ལ་སོགས་པར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཞེས་པས་གཟུགས་སོགས་དེ༷་ལ༷་རྟ༷ག་ཅེས་བྱ་བ་ལ༷་སོ༷གས་པའི་ཚུ༷ལ་གྱི༷ས་གན༷ས་པ༷་བཀ༷ག་པ༷ས་བཟོ༷ད་པ༷་ཆུང་འབྲིང་ཆེན་པོ་རྣ༷མས་བསྟན་ཏོ། །དེ་ཉིད་ནི་རྟག་པ་ལ་སོགས་པའི་དངོས་པོར་མི་གནས་པའི་ཚུལ་གྱིས་ཡོངས་སུ་གྲུབ་པ་ཉིད་དུ་གནས་པའི་ཡེ་ཤེས་སོ། །མདོ་ལས། ས་དང་པོ་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་ནས། ས༷་བཅུ༷་པ་དང་ཕྱིན་དྲུག་དང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་བོ་ཆེ་རྣམས་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཞེས་པ་ས་བཅུ་ད༷ག་ལ༷ས་བརྩ༷མས་ན༷ས་ནི༷་དམིགས་པའི་ཚུལ་གྱིས་མི༷་གན༷ས་རྒྱ༷ས་པ༷ར་བསྟ༷ན་པ༷་ཡི༷ས། ཆོ༷ས་ཀྱི༷་མཆོ༷ག་ཏུ༷་གྱུ༷ར་པ་གང་ཡིན་པ་དེ་ཉིད་བཤ༷ད་དེ༷། །དེ་ཉིད་ནི་ཅི་ལ་ཡང་དངོས་པོར་མི་རྟོག་པའི་ཚུལ་གྱིས་ཆོས་ཀྱི་དབྱིངས་ཉིད་དུ་གནས་པའི་ཡེ་ཤེས་སོ། །དམིགས་མེད་སྤྱོད་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའི་དམིགས་པའི་ཚུལ་གྱིས་ཅི་ལ་ཡང་གནས་སུ་མི་རུང་བ། ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར་ཏེ། །རྫོགས་པའི་ས༷ངས་རྒྱ༷ས་ཀྱི༷ས་བླ་ན་མེད་པའི་བྱང་ཆུབ་མངོན་པར་སངས་རྒྱས་པ་སྟེ་རྫོགས་པར་ཐུགས་སུ་ཆུད་ཅིང་མཁྱེ༷ན་ན༷ས་དམིགས་པའི་ཚུལ་གྱིས་གནས་སུ་རུང་པའི་ཆོ༷ས་རྣ༷མས་མ༷་གཟི༷གས་པ་དེའི་ཕྱི༷ར་རོ། །དེས་ན་དམིགས་པའི་ཚུལ་གྱིས་ཅི་ལ་ཡང་མི་གནས་ཤིང༌། དམིགས་པ་མེད་པའི་ཚུལ་གྱིས་སྟོང་པ་ཉིད་དུ་གནས་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་གནས་པར་མི་བྱའོ། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཉ་ཊཱིཀ་ལས། དེ་མི་དམིགས་པའི་ཚུལ་གྱིས་གཟུགས་མི་རྟག་པ་ཉིད་དུ་ཡིད་ལ་བྱའོ། །སྡུག་བསྔལ། བདག་མེད། ཞི་བ།དབེན་པ། ནད། ཤུ་བ། ཟུག་རྔུ། སྡིག་པ། ན་བ། དགྲ། འཇིག་པའི་ཆོས་ཅན། མི་བརྟན། འཇིག་པ། འཇིགས་པ། འགོ་ནད། སྟོང་ཉིད། བདག་གི་མེད། ཡིད་བརྟན་དུ་མི་རུང༌། གནོད་པར་ཡིད་ལ་བྱེད་དོ། །ཞེས་རྒྱས་འབྲིང་ནའོ། །ཞེས་གསུངས་པའི་མདོ་ཚིག་རེ་རེས་བདེན་པ་དང་པོ་གསུམ་གྱི་རྣམ་པ་ཉེར་དགུ་སོ་སོར་བསྟན་ཚུལ་དཔྱད། ཡང་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་ན་མི་དམིགས་པའམ་སྟོང་ཉིད་རྟོགས་པས་ཟིན་པས་ཁྱབ་པར་ཐལ། ཉ་ཊཱིཀ་ལས། ལམ་ཤེས་ནི། སྦྱོར་བ་སེམས་བསྐྱེད་ཀྱིས་ཀུན་ནས་བསླང༌། དངོས་གཞི་ཅིར་ཡང་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན། རྗེས་བྱང་ཆེན་དུ་བསྔོ་བ་དང་བཅས་པས་ཉན་ཐོས་ཀྱི་ལམ་ཡོན་ཏན་ཡར་ལྡན་དུ་ཤེས་པ་སྟེ། ཞེས་གསུངས་པའི་ཕྱིར།འདོད་ན། བྱེ་སྨྲར་གྱུར་བའི་བྱང་སེམས་ཀྱི་རྒྱུད་ཀྱི་མི་རྟག་པ་རྟོགས་པའི་ཤེས་རབ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། འོ་ན་ལམ་ཤེས་ཡིན་ན་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པས་ཁྱབ་པར་ཐལ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ལ་དེའི་ཕྱིར། ཁྱབ་སྟེ། དེ་གཉིས་ལ་དེས་ཟིན་དགོས་མི་དགོས་རིགས་པ་མཚུངས་པའི་ཕྱིར་ཟེར་ན་དཔྱད། ཡང་ཉ་ཊཱིཀ་ལས། དེས་ན། འདིར་བསྟན་བཅོས་སུ་ཉན་རང་གི་ལམ་དང་དེ་ཤེས་པའི་ལམ་ཤེས་གཉིས་ཀ་དངོས་སུ་བསྟན་ཏེ།འཕགས་པའི་བདེན་པ་བཞི་དག་གི །རྣམ་པ། ཉན་ཐོས་ལམ་འདི། ཞེས་དང༌། མི་དམིགས་སྒོ་ནས་ཤེས་པར་བྱ་ཞེས་དང༌། འཕགས་པ་ཉན་ཐོས་ལམ། ཞེས་དང༌། འཛིན་པ་མི་སྤོང༌། བསེ་རུའི་ལམ་དང༌། ཤེས་པར་བྱ། ཞེས་པས་སོ། །མདོར། ལམ་ཤེས་དངོས་སུ་གསུངས་ཤིང་ལམ་སྦས་ཏེ་གསུངས་པ་མན་ངག་གིས་གསལ་བོར་ཕྱུང་བའོ། །ཞེས་གསུངས་པ་ལ། འོ་ན་ཉན་ཐོས་ཀྱི་ལམ་མི་དམིགས་པར་ཤེས་པར་བྱ་བ་ཡིན་པར་དངོས་སུ་བསྟན་ན་ཉན་ཐོས་ཀྱི་ལམ་དངོས་སུ་བསྟན་དགོས་པར་ཐལ། སྐབས་འདིར་ཉན་ཐོས་ཀྱི་ལམ་དངོས་སུ་བསྟན་པའི་ཕྱིར། རྟགས་ཁས། འདོད་ན་གཟུགས་ཀྱི་ཆོས་ཉིད་དངོས་སུ་བསྟན་ན་གཟུགས་དངོས་སུ་བསྟན་དགོས་པར་ཐལ། འདོད་པའི་ཕྱིར་ཟེར་ན་དཔྱད། ཡང་ཉ་ཊཱིཀ་ལས། རྣམ་པ་རྣམས་གང་ན། སྡུག་ཀུན་སོ་སོ་བའི་རྣམ་པ་བརྒྱད། ཐུན་མོང་གི་བདུན། འགོག་བདེན་གྱི་བདུན། ལམ་གྱི་བཞིའོ། །ཞེས་སྡུག་ཀུན་ཐུན་མོང་གི་རྣམ་པ་བདུན་ཙམ་དང༌། སྐབས་འདིར་ལམ་བདེན་གྱི་རྣམ་པ་བཞི་བསྟན་པ་མི་རིགས་པར་ཐལ། སྡུག་ཀུན་ཐུན་མོང་གི་རྣམ་པ་བཅོ་ལྔ་དང༌། སྐབས་འདིར་ལམ་བདེན་མདོ་དང་མདོ་ལུགས་མ་གཉིས་ཀར་དྲན་ཉེ་སོགས་ལ་བཤད་པ་ལས་རྣམ་པ་བཞི་ཞེས་མ་གསུངས་པའི་ཕྱིར་ཏེ། མདོ་ལུགས་མ་ལས། སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པའི་ངོ་བོ་ཕུང་ཁམས་སྐྱེ་མཆེད་རྣམས་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། སྟོང་པ་དང༌། ནད་ལྟ་བུ་དང༌། འབྲས་དང༌། ཟུག་རྔུ་དང༌། སྡིག་པ་དང༌། གཞན་ལ་རག་ལས་པ་དང༌། འཇིག་པའི་ཆོས་ཅན་དང༌། མི་བརྟན་པ་དང༌། རབ་ཏུ་འཇིག་པའི་ངང་ཚུལ་ཅན་དང༌། འཇིགས་པ་དང༌། འཚེ་བ་དང༌། འགོ་བའི་ནད་ལྟ་བུར་ཡིད་ལ་བྱེད་པ་བཅོ་ལྔ་སྟེ།དེ་ཡང་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །འགོག་པའི་བདེན་པ་རྣམ་པ་འདི་ལྟར་ཡིད་ལ་བྱེད་དེ། རྒྱུ་ཀུན་འབྱུང་དང་འབྲས་བུ་སྡུག་བསྔལ་གྱི་རང་བཞིན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ནི། ཇི་ལྟར་འབྱུང་ཞིང་ཇི་ལྟར་འགག་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འབྱུང་ཞེས་པ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་ཡིད་མི་བདེ་བ་དང་འཁྲུག་པ་རྣམས་འབྱུང་ཞེས་པའི་བར་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་འབྱུང་བ་དང༌། མ་རིག་པ་འགགས་པས་འདུ་བྱེད་འགགས་ཞེས་པ་ནས་སྐྱེ་བ་འགགས་པས་རྒ་ཤི་ལ་སོགས་པའི་བར་འགག་པ་དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་འགག་སྟེ། དེ་ཡང་བདག་མེད་པ་དང༌། ཞི་བ་དང༌། དབེན་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པར་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ལམ་གྱི་བདེན་པ་འདི་ལྟར་བསྒོམ་སྟེ། དྲན་པ་ཉེར་བཞག་ནས་མ་འདྲེས་བཅོ་བརྒྱད་ཀྱི་བར་མི་དམིགས་པའི་ཚུལ་གྱིས་བསྒོམ་པར་མདོ་ལས་གསུངས་སོ། །དེ་ལྟར་བདེན་པ་བཞིའི་རྣམ་པ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་པ་དང་སྒོམ་པའི་སྒོ་ནས་ཉན་ཐོས་ཀྱི་ལམ་བསྡུས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཞེ་ན་ཅུང་ཟད་བརྟག་པར་བྱ་བ་ཡོད་དོ། །ཡང་ཉ་ཊཱིཀ་ལས། འཕགས་པ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་སྦྱོར་ལམ་ལ་བཞི་སྟེ། གཟུགས་སོགས་དང་བྱང་སེ་ལ་སོགས་པ་རྣམས་དོན་དམ་པར་བདེན་དངོས་ཀྱིས་སྟོང་བའི་ཕྱིར་ན། གཟུགས་སོགས་དང་བྱང་སེམས་སོགས་ཀྱི་སྟོང་བ་ཉིད་རྣམས་དབྱེར་མེད་པའི་ཆོས་ཉིད་དོན་རྣམ། བྱང་སེའི་སྦྱོར་ལམ་དྲོད་ཀྱིས་དེ་ལྟར་རྟོགས་པ་ཤེས་རྣམ། དེ་ལྟར་རྟོགས་པའི་བྱང་སེའི་སྦྱོར་ལམ་ཆ་བཞིའི་དང་པོ་དེ་དྲོ་བའོ། །ཞེས་གསུངས་པ་ལྟར་འཕགས་པ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་བྱང་སེམས་ཀྱི་སྦྱོར་ལམ་ཡིན་ཀྱང་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་མ་ཡིན་པར་སྣང་ངོ༌། །ཡང་མདོ་ལུགས་མ་ལས། ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར་ཏེ། །རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པའི་བྱང་ཆུབ་མངོན་པར་སངས་རྒྱས་པ་སྟེ་རྫོགས་པར་ཐུགས་སུ་ཆུད་ཅིང་མཁྱེན་ནས་དམིགས་པའི་ཚུལ་གྱིས་གནས་སུ་རུང་པའི་ཆོས་རྣམས་མ་གཟིགས་པ་དེའི་ཕྱིར་རོ། །ཞེས་པ་ལྟར་ན་མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་པའི་ལུང་འདི་སངས་རྒྱས་ཀྱི་ས་ན་ཀུན་རྫོབ་མི་སྣང་བའི་ཤེས་བྱེད་འགྲོ་ཚུལ་ལ་མཁས་པ་གཟུར་ནས་རྣམས་ཀྱིས་དཔྱད་པར་བྱའོ། །

གཉིས་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་བཤད་པ།

གཉིས་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་བཤད་པ་ལ།

རྩ་བར། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །ཞེས་པ་ནས། ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་གསུངས་སོ། །དེ་ལ་སྤྱི་དོན་དང༌། མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ། རང་རྒྱལ་དང་དེའི་ལམ་གྱི་མཚན་ཉིད། དབྱེ་བ། རང་རྒྱལ་གསུམ་གྱི་ཁྱད་པར། ཉན་ཐོས་ལས་འཕགས་ཚུལ། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་དང་ལྔ། དང་པོ་ནི། ལམ་ལ་གནས་པའི་རང་བཞིན་གྱིས་དབང་འབྲིང་དུ་གྱུར་པའི་གང་ཟག རང་རྒྱལ་གྱི་མཚན་ཉིད། རང་རྒྱལ་གྱི་བྱང་ཆུབ་བགྲོད་པའི་གོ་སྐབས་ཕྱེ་ཤུལ་དུ་གྱུར་པའི་མངོན་རྟོགས། རང་རྒྱལ་གྱི་ལམ་གྱི་མཚན་ཉིད། ཡོན་ཏན་དུ་མའི་རྟེན་དུ་གྱུར་བའི་རང་རྒྱལ་གྱི་ཡེ་ཤེས། རང་རྒྱལ་གྱི་སའི་མཚན་ཉིད། རང་རྒྱལ་གྱི་རྣམ་པར་གྲོལ་བ་ལ་ཕྱིན་པའི་རང་རྒྱལ་གྱི་མངོན་རྟོགས། རང་རྒྱལ་གྱི་ཐེག་པའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། མཚན་ཉིད་ནི། ཐེག་པ་གསུམ་ལས་རང་བཞིན་གྱིས་དབང་བོ་འབྲིང་དུ་གྱུར་པའི་གང་ཟག་ནི། རང་རྒྱལ་གང་ཟག་གི་མཚན་ཉིད། རང་སངས་རྒྱས་ཀྱི་ས་ལ་བརྟེན་ནས་རང་བྱང་ཆུབ་ཏུ་བགྲོད་པའི་གོ་སྐབས་ཕྱེ་ཤུལ་དུ་གྱུར་པ། དེའི་ལམ་གྱི་མཚན་ཉིད་དོ། །ཞེས་དང༌། འདི་ལ་བདག་མེད་རྟོགས་པའི་བློ་གང་ཞིག་ཉན་ཐོས་ཀྱི་ལམ་གྱི་རྟེན་བྱེད་པ་ཉན་ཐོས་ཀྱི་ས། གང་ཞིག་རང་རྒྱལ་ལམ་གྱི་རྟེན་བྱེད་པ་རང་རྒྱལ་གྱི་སའོ། །ཞེས་དང༌། རང་རྒྱལ་ཐེག་པའི་མཚན་ཉིད་ནི། བློ་གྲོས་མི་ཟད་པས་བསྟན་པའི་མདོ་འགྲེལ་དུ། དབྱིག་གཉེན། རང་སངས་རྒྱས་དེ་དག་རྣམ་པར་གྲོལ་བའི་སར་ཕྱིན་པར་བྱེད་པའི་ཐེག་པ་ནི་རང་སངས་རྒྱས་ཀྱི་ཐེག་པ་སྟེ། ཞེས་པ་ལྟར་རོ། །ཞེས་གསུངས་པའི་ཕྱིར། མཚོན་བྱའི་སྒྲ་བཤད་ནི། བདག་ཉིད་གཅིག་པའི་དོན་ཏེ་རྒྱུ་མཚན་དུ་གྱུར་པར་བྱས་ནས་རང་ཉིད་བྱང་ཆུབ་པས་རང་སངས་རྒྱས་སོ། །

གཉིས་པ་དབྱེ་བ་ནི།

རང་རྒྱལ་གྱི་ཚོགས་ལམ་སོགས་ལམ་ལྔ་ཡོད་དོ། །གང་ཟག་གི་དབྱེ་བ་ལ། བསེ་རུ་ལྟ་བུ་དང་ཚོགས་སྤྱོད་པ་ཆེ་ཆུང་གཉིས་ཏེ་གསུམ་ཡོད།ཡང་ན་དང་པོ་ཉིད་ནས་འདོད་ཆགས་ཆུང་བ་སྙིང་རྗེ་ཆུང་བ། ང་རྒྱལ་སྤྱོད་པའི་རིགས་ཅན་གསུམ་དུ་རྟོག་གེ་འབར་བར་བཤད་དོ། །རིགས་ཀྱི་མཚན་ཉིད་གསུམ་ཡིན་ཏེ། རང་བཞིན་གྱིས་ནི་འབྱུང་བ་ཉིད། །དང་པོ་ཉིད་ནས་འདོད་ཆགས་ཆུང༌། །སྙིང་རྗེ་ཆུང་བའི་རིགས་ཅན་པ། །ཁྱད་འཕགས་ང་རྒྱལ་ལ་སྤྱོད་པ། །ཞེས་སོ། །

གསུམ་པ་རང་རྒྱལ་གསུམ་གྱི་ཁྱད་པ།

གསུམ་པ་རང་རྒྱལ་གསུམ་གྱི་ཁྱད་པར་ནི།

ས་བཟང་མངོན་པ་ཀུན་བཏུས་འགྲེལ་བ་ལས། གཉིས་པར་རང་སངས་རྒྱས་ཀྱི་ཐེག་པ་པ་གང་ཞེ་ན། དབུ་མ་རྩ་བར། རྫོགས་སངས་རྒྱས་རྣམས་མ་བྱོན་ཞིང༌། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་ལས་རབ་ཏུ་སྐྱེ། །ཞེས་པ་ལྟར་གཞན་གྱི་སྒྲ་ལ་མ་བརྟེན་པར་རང་ཉིད་སོ་སོ་གཅིག་པོར་བྱང་ཆུབ་པ་སྟེ། རིགས་ནི་བསེ་རུ་ལྟ་བུ་རང་བྱང་ཆུབ་ཏུ་ཅིས་ཀྱང་འགྱུར་བ་རང་སངས་རྒྱས་ཀྱི་ཆོས་ཉིད་དུ་ངེས་པའམ། ཚོགས་སྤྱོད་པ་བྱང་ཆུབ་གཞན་དུའང་འགྱུར་སྲིད་པ་མ་ངེས་པ་ལ་གནས་པ་དང༌། ཞེས་པ་སྟེ། དེ་དག་ནི་ཉོན་མོངས་པ་ཆུང་བས་འདུ་འཛི་ལ་མི་འཇུག་ཅིང་གཅིག་པུ་དབེན་པ་ལ་དགའ་བ་དང༌། སྙིང་རྗེ་ཆུང་བས་གཞན་དོན་དུ་ཆོས་སྟོན་པ་ལ་མི་འཇུག་ཅིང་སེམས་ལས་ཆུང་ངུར་གནས་པ་དང༌། ང་རྒྱལ་ཆེ་བས་སློབ་དཔོན་དང་འགྲན་ཟླ་མེད་པར་བྱང་ཆུབ་འདོད་པའི་རིགས་ཅན་ནོ། །དབང་པོ་ནི་ནང་ཚན་ལ་རྣོ་བརྟུལ་ཡོད་ཀྱང་གོང་འོག་གཉིས་ལ་ལྟོས་ཏེ་རང་བཞིན་གྱིས་ཤེས་རབ་ལ་སོགས་པའི་དབང་པོ་ལྔ་འབྲིང་པོར་གྱུར་པ་དང༌། སྨོན་པ་ནི་བདག་ཉིད་གཅིག་པུ་འཁོར་བ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་ཅིང་སེམས་བསྐྱེད་པ་དང༌། བསམ་པ་ནི། ཐུན་མོང་དུ། སྡུག་བསྔལ་ལས་ཡིད་འབྱུང་བ། ཀུན་འབྱུང་ལ་འདོད་ཆགས་དང་བྲལ་བ་དང༌། རྣམ་པར་གྲོལ་བ་འགོག་པ་ཐོབ་པར་བྱ་བའི་ཕྱིར་ལམ་སྒོམ་པར་འདོད་པའི་བསམ་པ་ཅན་དང༌། ཁྱད་པར་དུ་འདྲེན་པ་གཞན་ལ་མི་ལྟོས་པར་བདག་ཉིད་འབའ་ཞིག་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་དད་མོས་ཀྱི་བསམ་པ་ཅན་དང༌། དམིགས་པ་ནི་འདི་ལ་དངོས་སུ་གསུངས་པའི་སྡེ་སྣོད་ལ་སོགས་པ་མེད་ཅིང་ལམ་གྱི་དམིགས་རྣམ་འདྲ་བས་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་དམིགས་ནས་སྒྲུབ་པ་ནི་ཐུན་མོང་དུ་ཆོས་མྱང་འདས་ཀྱི་རྗེས་སུ་མཐུན་པའི་ཆོས་དེའི་ལམ་སྒྲུབ་ཅིང་ཉམས་སུ་ལེན་པ་དང༌། ཁྱད་པར་དུ། དབང་བོ་རྣོན་པོ་བསེ་རུ་ལྟ་བུ་ནི། །བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་པ་ལྟར་ཚོགས་བསགས་ནས་རྒྱུད་སྨིན་པར་བྱེད་ཅིང་བདེན་པ་དང་བཅས་པའི་གནས་དྲུག་ལ་མཁས་པར་བྱས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་སྦྱོར་ལམ་ཡན་ཆད་རང་གིས་མངོན་དུ་བྱ་བར་ནུས་པས་སྔོན་སློབ་དཔོན་ལ་ལྟོས་ནས་མ་སྐྱེས་པའམ། དབང་པོའི་འབྲིང་པོ་ཚོགས་སྤྱོད་ཆེན་པོ་པ་ནི་ཚོགས་ཀྱང་ཅི་རིགས་པར་སོག་ཅིང་གནས་དྲུག་ལ་མཁས་པར་བྱས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་མན་ཆད་སྔོན་སློབ་དཔོན་གྱི་དྲུང་དུ་བསྐྱེད་པ་ཡིན་ལ། མཐོང་ལམ་ཡན་ཆད་རང་གིས་མངོན་དུ་བྱ་བར་ནུས་པས་སྔོན་སློབ་དཔོན་ལ་ལྟོས་ནས་དགེ་སྦྱོང་གི་འབྲས་བུ་མ་ཐོབ་པའམ། དབང་པོ་བརྟུལ་བོ་ཚོགས་སྤྱོད་ཆུང་ངུ་བ་ནི་ཚོགས་ཀྱང་སྔ་མ་དག་ལས་ཉུང་བར་སོག་ཅིང་གནས་དྲུག་ལ་མཁས་པར་བྱས་ཏེ། སྔོན་སློབ་དཔོན་ལ་ལྟོས་ནས་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་མཐོང་ལམ་ལ་སོགས་པ་ཐོབ་པ་ཡང་རུང༌། གསུམ་གའང་སྨོན་ལམ་གྱི་དབང་གིས་སངས་རྒྱས་འབྱུང་བ་མེད་པའི་ཞིང་ཁམས་སྟོང་པར་སྐྱེས་ཏེ་གཞན་གྱི་སྒྲ་ལ་མ་ལྟོས་པར་བདག་ཉིད་ཀྱིས་རང་རང་གི་ལམ་ལྷག་མ་རྣམས་མངོན་དུ་བྱས་ནས་ཞེས་པའོ། །འབྲས་བུ་ནི་དབང་བོ་རྣོན་པོ་བསེ་རུ་ལྟ་བུར་ཟླ་མེད་པར་གྱུར་ཏེ་གཅིག་པུར་གནས་པས་རང་བྱང་ཆུབ་ཐོབ་པའམ། ཕྱི་མ་དག་ཀྱང་སྡིག་པའི་ཆོས་ལས་རང་རྒྱལ་བར་གྱུར་ཏེ་ཚོགས་དང་ལྷན་ཅིག་སྤྱོད་པས་གང་སྡུག་བསྔལ་གྱི་དངོས་པོ་ཟད་ཅིང་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་ཐོབ་པ་སྟེ། དབུ་མ་སྙིང་པོར། དང་པོ་གཅིག་པུར་གནས་པ་སྟེ། །ཟབ་མོ་ལ་ནི་རྟོག་པ་ཡི། །མོས་པ་དང་ལྡན་ལྷག་མ་གཉིས། །ཚོགས་དང་ལྷན་ཅིག་གནས་པ་ཡིན། །ཞེས་པ་ལྟ་བུའོ། །ས་སྡེར། གསུམ་གས་ཀྱང་ཉན་ཐོས་དང་འདྲ་བར་གང་ཟག་གི་བདག་མེད་ཙམ་རྟོགས་པར་བཤད་ལ། ཡུམ་གྱི་རྒྱན་དུ། བསེ་རུ་ལྟ་བུའི་ཆོས་ཀྱི་བདག་གི་ཕྱོགས་གཅིག་གཟུང་བ་མེད་པའང་རྟོགས་པར་གསུངས་ཏེ། གཟུང་དོན་རྟོག་པ་སྤང་ཕྱིར་དང༌། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་པའོ། །ཐམས་ཅད་ཀྱང་རྟེན་འབྲེལ་ཟབ་མོ་དང་རྣམ་ཐར་སྒོ་གསུམ་ཡིད་ལ་བྱེད་ཅིང༌། གཞན་མ་དད་པ་བཟློག་པའི་ཆེད་དུ་རྫུ་འཕྲུལ་ཡང་ཅི་རིགས་པར་སྟོན་ལ། ཞི་བ་དང་དུལ་བས་བསོད་སྙོམས་ལ་འཇུག་པས་ན་སྒྲ་མེད་པར་ལུས་ཀྱི་སྒོ་ནས་ཆོས་སྟོན་པར་ཡང་བྱེད་དེ། གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་དེ་དེ་ལྟར་སྣང༌། །ཞེས་པ་ལྟར་རོ། །ཞེས་དང༌།ཉ་ཊཱིཀ་ལས། བསེ་རུ་ལྟ་བུ་ནི། བསྐལ་བ་བརྒྱའི་བར་དུ་སངས་རྒྱས་མཆོད་ཅིང་ཚོགས་བསགས་ཏེ་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་ཆོས་བསྒྲུབ་ཅིང་ཚོགས་ལམ་བསྐྱེད་ནས་ད་དུང་སྐྱེ་བ་ལེན་པར་ཤེས་ཏེ་སྡེ་སྣོད་གསུམ་གྱི་དོན་༼ས་སྡེའི་རང་རྒྱལ་སར།༽ ཕུང་སྐྱེ་ཁམས་གསུམ། རྟེན་འབྲེལ། གནས་གནས་མིན། བདེན་པ་སྟེ་མཁས་བྱའི་གནས་དྲུག་ལ་མཁས་པར་སྦྱངས་ཤིང་འཆི་འཕོ་ཁར་སངས་རྒྱས་མེད་པའི་ཞིང་དུ་སྐྱེ་བར་དང༌། དེར་གཞན་ལ་མ་ལྟོས་པར་རང་གིས་ཐོབ་པའི་ཤེས་རབ་ཀྱིས་ལམ་བགྲོད་པ་དང༌། བྱང་ཆུབ་ཐོབ་པ་ན་གདུལ་བྱ་ལ་ལུས་ཀྱིས་ཆོས་སྟོན་གྱི་ངག་གིས་མིན་པར་སྨོན་ལམ་འདེབས་སོ། །དེ་ནས་ཕྱི་མར་སངས་རྒྱས་ཀྱི་བསྟན་པ་མེད་པའི་ཞིང་སྟོང་བར་གླིང་གསུམ་གྱི་སྐྱེས་པ་དམངས་རིགས་མིན་པ་གཅིག་ཏུ་སྐྱེས་ཏེ་རང་བྱུང་གིས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དུར་ཁྲོད་དུ་ཕྱིན་ཏེ་རུས་པ་འདི་ཅི་ལས་བྱུང་བསམས་པས་མ་རིག་པ་ནས་རྒ་ཤིའི་བར་རྟེན་འབྲེལ་ལུགས་འབྱུང་ལུགས་བཟློག་ཏུ་རྟོགས་པའི་དོན་བསམ་གཏན་བཞི་བའི་དངོས་གཞི་ལ་བརྟེན་ནས་བསྒོམས་པས་ཚོགས་ལམ་གྱི་དབུགས་འབྱུང་རྔུབ་ནས་བཟུང་སྟེ་ལམ་ལྔ་སྟན་གཅིག་ལ་མངོན་དུ་བྱེད་དོ། །སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཞེས་སོ། །དེ་ཡང་མཐོང་སྤང་ཉོན་སྒྲིབ་དང་ཤེས་སྒྲིབ་གཟུང་རྟོག་སྤོང་ངོ༌། །སྒོམ་སྤང་ཁམས་གསུམ་གྱི་ཤེས་སྒྲིབ་གཟུང་རྟོག་དང་བསམ་གཏན་བཞི་བ་ཡན་ཁམས་གོང་གི་ཉོན་སྒྲིབ་དགུར་དྲིལ་ཏེ་སྤོང་ངོ༌། །འདོད་པ་དང་བསམ་གཏན་དང་པོ་གཉིས་པ་གསུམ་པའི་སྒོམ་སྤང་གི་ཉོན་མོངས་མཐོང་ལམ་གྱི་སྔར་འཇིག་རྟེན་པའི་སྒོམ་ལམ་གྱིས་སྤངས་ཟིན་ཏེ། དེའི་སྔར་བསམ་གཏན་བཞི་བ་ཐོབ་ལ་མ་ཉམས་པས་སོ། །དེས་ན་འདི་ལ་ཕྱིར་མི་འོང་ཆགས་བྲལ་སྔོན་སོང་གི་ཞུགས་འབྲས་གཉིས་དང་མཐར་དགྲ་བཅོམ་སྟེ་རྫས་གསུམ་དུ་འགྱུར་རོ། །ཚོགས་དང་སྤྱོད་པ་ཆེ་བ་ནི། དྲོད་རྩེ་བཟོད་པ་རྣམས་བསྐྱེད་ཅིང་ཚེ་དེ་ལ་དགེ་སྦྱོང་གི་འབྲས་བུ་གང་ཡང་མ་ཐོབ་པ་ཞིག་དང༌། ཚོགས་སྤྱོད་ཆུང་བ་ནི། དགྲ་བཅོམ་མ་གཏོགས་པའི་དགེ་སྦྱོང་གི་འབྲས་བུ་གང་རུང་ཐོབ་ནས་གནས་དྲུག་ལ་མཁས་པར་བྱེད། ཅེས་སོགས་ས་སྡེའི་རང་སངས་རྒྱས་ཀྱི་སར་བཤད་ཅིང༌། ཀུན་བཏུས་སུ་ཡང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་མ་བསྐྱེད་པའམ་སྔོན་བསྐྱེད་པ། སྔོན་འབྲས་བུ་མ་ཐོབ་པའམ་འབྲས་བུ་ཐོབ་པའང་རུང༌། ཞེས་དང༌། དབུ་མ་སྙིང་བོར། འགའ་ཞིག་བསྐལ་བ་བརྒྱར་སངས་རྒྱས། །འབྱུང་བ་རྣམས་ལ་ལེགས་མཆོད་ཅིང༌། །རང་རྒྱལ་བྱང་ཆུབ་ཕྱིར་བརྩམས་ནས། །སྨིན་པར་བྱེད་དོ་གཞན་དག་ནི། །སངས་རྒྱས་མཉེས་བྱས་ངེས་འབྱེད་ཀྱི། །ཆ་མཐུན་བསྐྱེད་པ་རྫོགས་བྱེད་དོ། །གཞན་ནི་སངས་རྒྱས་འབྱུང་ལ་འབྲས། །ཐོབ་བྱེད་དགྲ་བཅོམ་མངོན་མི་བྱེད། །ཅེས་སོ། །དེ་གཉིས་ཀ་ཡང་ཕྱི་མ་ལ་བསམ་གཏན་བཞི་བའི་སེམས་ལ་བརྟེན་ནས་ལམ་ལྷག་མ་ཚེ་དེ་ལ་མངོན་དུ་བྱེད་དོ། །ཞེས་བོད་དག་འཆད་དོ། །གཉིས་པ་ནི། བསེ་རུ་ལྟ་བུ་ནི་སྐུ་གཅིག་པུར་གནས་ལ་ཐུགས་རྟེན་འབྲེལ་དང༌། སྒོ་གསུམ་ལ་ལྷུར་ལེན་པར་ས་སྡེར་བཤད། གསུང་སྨྲ་བཅད་དམ་པོ་ཞེས་སོ། །གསུམ་པ་ནི། འདོད་པའི་རྟེན་ཅན་ཁམ་ཟས་ཀྱིས་འཚོ་དགོས་པས་ལུས་ཤིན་ཏུ་བསྲུངས། དབང་བོ་རྣམས་ཤིན་ཏུ་བསྡམས། དྲན་པ་ལ་ཤིན་ཏུ་གནས་པས། གྲོང་ངམ་གྲོང་བརྡལ་དུ་བསོད་སྙོམས་ལ་འཇུག་ཕ་རོལ་དམན་པ་རྣམས་ལ་ལུས་ཀྱིས་སྙིང་བརྩེ་བར་བྱེད་ཀྱི་ངག་གིས་མིན་ཏེ། ལུས་ཀྱིས་ཆོས་སྟོན་གྱི་ངག་གིས་མིན་པའི་ཕྱིར། ཞེ་འགྲས་པ་རྣམས་བཟློག་པའི་ཕྱིར་རྫུ་འཕྲུལ་དུ་མ་སྟོན་པར་བྱེད་དོ། ། ཚོགས་སྤྱོད་གཉིས་ནི། ཚོགས་དང་སྤྱོད་ཀྱི་གཅིག་པུར་མིན་ནོ། །གཞན་རྒྱུ་སོགས་སྔར་ལྟར་རོ་ཞེས་པ་རྣམས་ས་སྡེའི་རང་རྒྱལ་གྱི་སར་རོ། །སྔོན་འབྲས་བུ་ཐོབ་པའི་ཚོགས་སྤྱོད་ལ་རྒྱུན་ཞུགས་དང་ཕྱིར་མི་འོང་ངེས་པར་ཡོད་ཅིང་ཕྱིར་འོང་ཡང་མི་ཁེགས་པས་འབྲས་བུ་བཞི་ག་ཡོད་ལ། སྔོན་འབྲས་བུ་མ་ཐོབ་པའི་ཚོགས་སྤྱོད་ལ་མ་ངེས་ཏེ། སྲིད་པ་ཐ་མ་པའི་ཚེ་བཟོད་ཆེན་དང་ཆོས་མཆོག་བསམ་གཏན་གྱི་ཉེར་བསྡོགས་ཙམ་ལ་བརྟེན་ན་རྒྱུན་ཞུགས་དང་ཕྱིར་འོང་དུ་འགྱུར། དངོས་གཞི་ལ་བརྟེན་ན་ཕྱིར་མི་འོང་དུ་འགྱུར་རོ་གསུང་ངོ༌། །ཞེས་གསུངས་སོ། །དེ་ལྟར་ཀུན་བཏུས་ས་འགྲེལ་དང་ཉ་ཊཱིཀ་གི་ལུང་དེ་གཉིས་ལས་གསལ་བར་བསྟན་པས་དེ་གཉིས་ཀྱི་ལུང་ཇི་ལྟ་བར་བཀོད་པ་ལས། ཚིག་ལོགས་སུ་བྲི་བའི་ངལ་བ་མ་བྱས་པའོ། །སྐབས་དུ་མར་དེ་ལྟར་ཤེས་དགོས་སོ། །

བཞི་པ་ཉན་ཐོས་ཀྱི་ལམ་ལས་ཁྱད་པ།

བཞི་པ་ཉན་ཐོས་ཀྱི་ལམ་ལས་ཁྱད་པར་པ་ནི།

སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་ལ་མི་བརྟེན་པར་བྱང་ཆུབ་མངོན་དུ་བྱེད་པ་ཡིན་ཏེ། རྩ་བར། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་བསྟན་ཡང་མི་དགོས་ལ། །བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས་དང༌། བྱང་ཆུབ་སེམས་དཔའི་ས་ལས། ཉན་ཐོས་རྣམས་དང་རང་སངས་རྒྱས་ཀྱི་བྱེ་བྲག་ནི་འདི་ཡིན་ཏེ། སྲིད་པ་ཐ་མ་ལ་ལུས་ཐ་མ་ཐོབ་པར་གྱུར་པ་ན། སློབ་དཔོན་མེད་པར་སྔོན་གོམས་པའི་དབང་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་རྣམས་བསྒོམས་པས་ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱ་སྟེ། དེ་ལྟ་བས་ན་རང་སངས་རྒྱས་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། དེས་ན་རང་རྒྱལ་གྱི་ལམ་དེ་ཉན་ཐོས་ཀྱི་ལམ་ལས་ཁྱད་པར་འཕགས་ཏེ། ཉ་ཊཱིཀ་ལས། རྩ་བ་ནི། ར༷ང་བྱུ༷ང་སྟེ་རང་སངས་རྒྱས་ཀྱི་ལམ་ཆོས་ཅན། ཉན་ཐོས་ཀྱི་ལམ་ལས་ཁྱད་པར་འཕགས་ཏེ། སྲིད་པ་ཐ་མ་བའི་ཚེ་སློབ་དཔོན་སོགས་གཞ༷ན་གྱི༷ས་ཆོས་བསྟ༷ན་པ་ལ་ལྟོས་ཡ༷ང་མི༷་དགོ༷ས་པར་འདོད་ཁམས་སུ་རང་གི་སྨོན་ལམ་དང་ཤེས་རབ་ཀྱི་སྟོབས་ཀྱིས་རང་གི་བྱང་ཆུབ་རྟོ༷གས་ཤིང་ཐོབ་པ༷འི་ལམ་ཡིན་པའི་ཕྱི༷ར། ཞེས་དང༌། ཡང་བསེ་རུ་ལྟ་བུའི་ཞེས་པ་མཚོན་པ་སྟེ། རང་རྒྱལ་གྱི་ལམ་ཆོས་ཅན། ཆོས་འདྲ། རང་འབྲས་དམན་པའི་བྱང་ཆུབ་ཐོབ་ནས་ངག་གིས་སྒྲ་མེད་དུ་ཆོས་སྟོན་པར་ནུས་པའི་ཡེ་ཤེས་ནི་ཟབ་པ་ཉིད་ཅན་གྱི་ལམ་ཡིན་པས་སོ། །ཞེས་གསུངས་པས་སོ། །

ལྔ་བ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད།

ལྔ་བ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་ནི།

རང་རྒྱལ་གྱི་ཡོན་ཏན་ཡར་ལྡན་ནམ་དེ་ལས་ལྷག་པའི་རང་རྒྱལ་གྱི་རྟོགས་རིགས་སུ་གནས་པའི་སྦྱོར་དངོས་རྗེས་གསུམ་ཚང་བའི་བྱང་སེམས་ཀྱི་མངོན་རྟོགས་དེ། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ནི། རང་རྒྱལ་གྱི་ལམ་ཡོན་ཏན་ཡར་ལྡན་དུ་བྱས་ཏེ་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་མ་ནོར་བར་ཤེས་པའི་བློ། ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

རྩ་བ་ལས། རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཞེས་པའི་རྟེན་གྱི་ཁྱད་པར་ནི། ཉ་ཊཱིཀ་ལས། རྟེན་གྱི་ཁྱད་པར་ནི། མདོར་ཡུམ་འདི་ལ་ཡིད་ཆེས་པ་སུ་དག་འབྱུང༌། དྲིས་པས། ཕྱིར་མི་ལྡོག་པའི་བྱང་ཆེན་པོ་རྣམས་སམ། བདེན་པ་མཐོང་བའི་གང་ཟག་གམ། དགྲ་བཅོམ་པ་ཟག་པ་ཟད་པ་བསམ་པ་ཡོངས་སུ་རྫོགས་པའམ་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། སངས་རྒྱས་མང་བོ་ལ་དགེ་རྩ་བསྐྱེད་པ་དགེ་བཤེས་ཀྱིས་ཟིན་པ་དག་ཡིད་ཆེས་པར་འགྱུར། ཞེས་སོ། །ཕྱིར་མི་ལྡོག་པ་ཞེས་པ་ཚོགས་སྤྱོད་ཆེ་བ་སྦྱོར་ལམ་པ། བདེན་མཐོང་ཚོགས་སྤྱོད་ཆུང་བ་མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནས་པ། དགྲ་བཅོམ་ནི་ཚོགས་སྤྱོད་ཆུང་བ་བཅུ་དྲུག་པའི་རྟོགས་པ་བ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་སོགས་བསེ་རུ་ལྟ་བུ་ཚོགས་ལམ་པ་ཞེས་གསུང་ངོ༌། །དང་པོ་གསུམ་ཡང་དག་པར་བསྒྲུབས་པའི་རིགས། ཆོས་ཉིད་ཀྱིས་ཐོབ་པའི་རིགས། རང་བྱང་ཆུབ་ཏུ་ངེས་པའི་རིགས་ཞེས་འགྲེལ་ཆེན་ནོ། །དེ་ལྟ་བུའི་གང་ཟག་ལམ་པ་གང་ཟག་གི་རྟེན་དང༌། སྤྲུལ་བའི་མེ་ཏོག་དངོས་པོར་མེད་ཀྱང་ཀུན་རྫོབ་ཏུ་ཡུལ་དུས་སོ་སོར་སྣང་བ་བཞིན་དུ་དངོས་པོར་གྱུར་པའི་རྟེན་ཆོས་ཉིད་མེད་ཀྱང་རྟོགས་པ་སོ་སོར་ངེས་པ་འཐོབ་པའི་རྟེན་རང་བཞིན་གྱིས་དབང་འབྲིང་གིས་སེམས་ཀྱི་ཆོས་ཉིད་རིཊ་ཀྱི་རྟེན་དང་གསུམ་གྱིས་ཡང་དག་པར་བསྡུས་པའི་ལམ་ནི་བསེ་རུ་སྟེ་རང་སངས་རྒྱས་ཀྱི་ལམ་ཡིན་པར་ཤེས་པར་བྱའོ། །མེ་ཏོག་འདི་དག་ནི་སྤྲུལ་བའོ། །ཞེས་སོགས་སོ། །ཞེས་གསུངས་པའོ། །དེ་ལྟར་རང་རྒྱལ་འགའ་ཞིག་སྐབས་འདིའི་རྟེན་བཞག་པ་མི་རིགས་པར་ཐལ། དེ་ལ་བྱང་སེམས་བཞག་དགོས་པའི་ཕྱིར་ཏེ། མདོ་ལུགས་མ་ལས། དེས་ན་ཆོས་འཆད་པ་དང༌། ཉན་པ་ལ་སོགས་པ་ནས་མྱ་ངན་ལས་འདས་པའི་བར་སྒྱུ་མ་ལྟ་བུར་ཤར་བའི་ཤེར་ཕྱིན་ཟབ་མོ་འདི་བསྟན་པ་ལ་མི་སྐྲག་ཅིང་ལེན་པར་བྱེད་པའི་གང་ཟག་ནི་བཞི་སྟེ། ཡོན་ཏན་རིན་ཆེན་སྡུད་པ་ལས། ཆོས་འཆད་པ་དང་ཉན་དང་བཤད་བྱ་གང་ཡིན་དང༌། །འབྲས་བུ་ཐོབ་དང་རྐྱེན་རྒྱལ་དེ་བཞིན་འཇིག་རྟེན་མགོན། །མཁས་པ་གསལ་བ་ཐོབ་པ་མྱ་ངན་འདས་གང་ཡིན། །དེ་ཀུན་སྒྱུ་མ་ལྟ་བུར་དེ་བཞིན་གཤེགས་པས་བསྟན། གང་ཟག་བཞི་པོ་འདི་དག་དེ་ལ་མི་སྐྲག་སྟེ། །རྒྱལ་སྲས་བདེན་ལ་མཁས་དང་ཕྱིར་མི་ལྡོག་པ་དང༌། ། དགྲ་བཅོམ་དྲི་མ་བསལ་ཅིང་སོམ་ཉི་སྤངས་པ་དང༌། །བཞི་པ་དགེ་བའི་བཤེས་ཀྱིས་ཡོངས་སུ་ཟིན་པའོ། །ཞེས་སོ། །གོང་དུ་བཤད་པ་ལྟར་རང་རྒྱལ་གསུམ་ལས་བསེ་རུ་རང་རྒྱལ་གྱིས་བསྐལ་བ་བརྒྱར་ཚོགས་བསགས་པ་ལས་གཞན་གཉིས་ཀྱིས་བསྐལ་བ་བརྒྱར་ཚོགས་བསགས་མི་དགོས་པ་མི་རིགས་པར་ཐལ།དེ་གསུམ་གས་བསྐལ་བ་བརྒྱར་ཚོགས་བསགས་དགོས་པའི་ཕྱིར། དེར་ཐལ། ཉ་ཊཱིཀ་ལས།དེ་གསུམ་ཅར་ཡང་བསྐལ་བ་བརྒྱར་ཚོགས་བསག་དགོས་ཏེ། མདོ་དྲིན་ལན་བསབ་པར། རང་སངས་རྒྱས་རྣམས་ནི་བསྐལ་བ་ཆེན་པོ་བརྒྱས་ཚར་ཕྱིན་པར་འགྱུར་རོ། །ཞེས་ཏེ། བར་བསྐལ་བརྒྱད་ཅུ་ལ་བསྐལ་བ་ཆེན་པོར་མཛོད་དུ་བཤད་ལ།བསེ་རུ་བསྐལ་བ་བརྒྱ་ཡི་རྒྱུས། །ཞེས་སོ། །ཆོས་བཤེས་ཀྱིས་ཀྱང༌། སྔོན་ཞེས་བྱ་བ་ནི་བསྐལ་བ་བརྒྱའི་བར་དུ་སྟེ། ཞེས་སོ། །ས་སྡེའི་རང་སངས་རྒྱས་ཀྱི་སར། བསྐལ་བ་བརྒྱར་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ། ཞེས་དང༌། རང་སངས་རྒྱས་ཀྱི་ལམ་དང་པོ་བསྐལ་བ་བརྒྱ་ཚང་བར་ཚོགས་བསགས་ནས་བསྐལ་བ་བརྒྱ་འདས་པའི་འོག་ཏུ་སངས་རྒྱས་འབྱུང་བ་མེད་པ་ན་སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས། རང་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཉོན་མོངས་པ་ཐམས་ཅད་སྤོང་བའི་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་དོ། །ཞེས་ཏེ། གསུམ་ག་འདྲ་བར་བཤད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་ཅུང་ཟད་བརྟག་པར་བྱ་བ་འདི་ཡོད་དེ། ཉ་ཊཱིཀ་དགེ་འདུན་ཉི་ཤུའི་སྐབས་སུ། འདི་སངས་རྒྱས་དང་མ་ཕྲད་ན་རང་རྒྱལ་དགྲ་བཅོམ་ཚོགས་སྤྱོད་དུ་འགྱུར་བར་སློབ་དཔོན་ཐོགས་མེད་ཀྱིས་དགོངས་འགྲེལ་འགྲེལ་བར་གསུངས་སོ། །ཞེས་དང༌། ཀུན་བཏུས་སུ། ཅིག་ཅར་ངེས་པར་འབྱིན་པ་ནི་གང་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་མི་ལྕོགས་པ་མེད་པ་ལ་བརྟེན་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་རྣམ་པས་གཅིག་ཅར་སྤོང་སྟེ། འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་དགྲ་བཅོམ་པའི་འབྲས་བུ་སྟེ་འབྲས་བུ་གཉིས་ལ་གདགས་སོ། །ཕལ་ཆེར་ནི་མཐོང་བའི་ཆོས་སམ། འཆི་བའི་ཚེ་ཀུན་ཤེས་པ་ཐོབ་པར་བྱེད་དོ། །གལ་ཏེ་མི་བྱེད་ན་ཡང་དེ་སྨོན་ལམ་གྱི་སྟོབས་ཅན་ཡིན་ཏེ། སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་ཉིད་དུ་སྐྱེས་ཏེ། སངས་རྒྱས་འབྱུང་བ་མེད་པ་ན་རང་རྒྱལ་བར་འགྱུར་རོ། །ཞེས་སོགས་ཀྱིས་རྒྱུན་ཞུགས་ལན་བདུན་པ་དང་ཅིག་ཆར་བ་སོགས་སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་དང་མ་ཕྲད་ན་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱེད་པར་གསུངས་པ་དང་སྔར་བཀོད་པའི་ཀུན་བཏུས་ས་འགྲེལ་ལས་རང་རྒྱལ་གསུམ་གས་ཚོགས་བསགས་ཚུལ་གྱི་ཁྱད་པར་གསུངས་པ་རྣམས་དང་འགལ་བས་སོ་ཟེར་ན་དཔྱད། ཡང་རང་རྒྱལ་དགྲ་བཅོམ་པ་དག་གིས་ངག་གིས་ཆོས་མི་སྟོན་པར་ལུས་ཀྱིས་ཆོས་སྟོན་པ་ཡིན་པར་ཐལ། ཉ་ཊཱིཀ་ལས། རང་སངས་རྒྱས་དགྲ་བཅོམ་དེ་དག་ནི་ཆོས་ཅན། ཁྱོད་ཀྱིས་ངག་གི་སྒྲར་བརྗོད་པའི་ཆོས་སྟོན་པའི་ཚིག་གི་འབྲས་རྟགས་ལས་དེ་དག་གི་ཡེ་ཤེས་མི་རྟོགས་ཏེ། ངག་གི་སྒྲ་མེད་ལུས་ཀྱིས་ཆོས་སྟོན་པ་དེའི་ཕྱིར། རྟགས་གྲུབ་སྟེ། རང་རྒྱལ་དགྲ་བཅོམ་རང་གིས་ཐོབ་པའི་བདག་མེད་ཕྱེད་དང་གཉིས་རྟོགས་པའི་ཡེ་ཤེས་དང་སྔར་བཤད་སྨོན་ལམ་ལ་སོགས་པའི་མཐུས་ངག་གི་སྒྲ་མེད་པའི་ལུས་ཀྱིས་ཆོས་བསྟན་ནས་གདུལ་བྱ་གཞན་དག་དགེ་བ་བཅུ་དང་ཐོས་བསམ་བསྒོམ་པ་ལ་སོགས་པ་ལ་འཇུག་པར་བྱེད་པ་དེའི་ཕྱིར། རང་རྒྱལ་གྱིས་ཆོས་བསྟན་པས་དྲོད་ཡན་གྱི་རྟོགས་པ་བསྐྱེད་མི་སྲིད་པར་མྱང་འདས་ཆེན་པོར་གསུངས་སོ། །ཞེས་དང༌། མ་དག་པའི་རྟོག་དཔྱོད་ཀྱིས་ཀུན་ནས་བསླངས་ནས་ཚིག་བརྗོད་པ་ནི་རྣམ་གཡེང་ཡིན་ལ། དེ་ཡང་ཏིང་ངེ་འཛིན་ཅན་གྱི་སེམས་རྒྱུད་འཁྲུག་པར་བྱེད་པ་ཡིན་པས་ཏིང་ངེ་འཛིན་གྱི་གེགས་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རང་རྒྱལ་དེ་དག་གི་ངག་གིས་ཆོས་བསྟན་ན་ཀུན་སློང་ལ་སྔོན་དུ་རྟོག་དཔྱོད་ཀྱི་གཡེང་བ་འགྲོ་དགོས་པ་ལྟར་ལུས་ཀྱིས་ཆོས་བསྟན་ན་ཡང་དེ་སྔོན་དུ་འགྲོ་དགོས་པའི་ཕྱིར་དང༌། མདོ་ལུགས་མ་ལས་ལུས་ཀྱིས་ཆོས་སྟོན་པར་མ་གསུངས་པའི་ཕྱིར་ཟེར་ན་དཔྱད། གཞན་ཡང་རང་རྒྱལ་གྱིས་བཟུང་བ་བདེན་མེད་རྟོགས་ནས་གཟུང་རྟོག་སྤོང་བ་ཡིན་ཏེ། རྩ་བར། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་དང༌། ཉ་ཊཱིཀ་ལས། རྩ་བ་ལ། རང་རྒྱལ་འཕགས་པའི་མཉམ་གཞག་གི་ཡེ་ཤེས་ཆོས་ཅན། ཕྱིའི་གཟུང་བ་བདེན་པར་རྟོག་པ་སྤོང་བར་ནུས་ཏེ། ཕྱི་གཟུང་བ་བདེན་པའི་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར། ཞེས་དང༌། དེས་ན་ཉན་ཐོས་ལས་རྟོགས་པ་ལྷག་པོ་ཆོས་ཅན། དེས་འཛིན་པ་ནང་གི་སེམས་བདེན་པར་རྟོག་པ་མི་སྤོང་བ་སྟེ་སྤོང་མི་ནུས་ཏེ། དེ་རང་བཞིན་མེད་པར་མ་རྟོགས་པས་སོ། །དེས་ཐེག་ཆེན་ལས་དམན་པར་བསྟན་ནོ། །ཞེས་དང༌།རྒྱུད་བླའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་ལས། ཉན་ཐོས་འཕགས་པ་གང་ཟག་གི་བདག་མེད་པ་རྟོགས་པ་རྣམས་དང༌། ཞི་བ་མཐའ་གཅིག་ཏུ་སྤྱོད་པའི་རང་སངས་རྒྱས་གང་ཟག་དང་ཆོས་ཀྱི་ཕྱེད་གཟུང་བ་བདག་མེད་པར་རྟོགས་པ་རྣམས་དང༌། བྱང་ཆུབ་སེམས་དཔའ་གང་ཟག་དང་ཆོས་ཀྱི་བདག་གཉིས་ཀ་མེད་པར་རྟོགས་པ་རྣམས་དང༌། ཞེས་དང༌།ཀུན་བཏུས་ས་འགྲེལ་ལས། ས་སྡེར། གསུམ་གས་ཀྱང་ཉན་ཐོས་དང་འདྲ་བར་གང་ཟག་གི་བདག་མེད་ཙམ་རྟོགས་པར་བཤད་ལ། ཡུམ་གྱི་རྒྱན་དུ། བསེ་རུ་ལྟ་བུའི་ཆོས་ཀྱི་བདག་གི་ཕྱོགས་གཅིག་གཟུང་བ་མེད་པའང་རྟོགས་པར་གསུངས་ཏེ། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་པའོ། །ཞེས་དང༌། རྩ་བར། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་ཕྱིར་སློབ་མ་བསེ་རུ་དང༌། རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །ཞེས་དང༌། མདོ་ལུགས་མ་ལས། སློབ་མ་རྒྱུན་ཞུགས་ནས་དགྲ་བཅོམ་པར་གྱི་ཆོས་ཉིད་དེ་རང་རང་གི་ངོ་སྐལ་གྱིས་སྤང་བྱས་དག་པ་ཡིན་ཏེ། རང་རང་གི་ངོ་སྐལ་གྱི་སྤང་བྱའི་ཉོན་མོངས་ཉམས་ཤིང་མེད་པའི་ཕྱིར་རོ། །བསེ་རུ་ལྟ་བུ་རང་སངས་རྒྱས་ཀྱི་ཆོས་ཉིད་དེ་རང་རང་གི་ངོ་སྐལ་གྱི་སྤང་བྱས་དག་པ་ཡིན་ཏེ། རང་རང་གི་ངོ་སྐལ་གྱིས་སྤང་བྱ་ཉོན་མོངས་དང༌། ཤེས་བྱའི་སྒྲིབ་པ་ཉམས་ཤིང་སྤངས་པའི་ཕྱིར་རོ། །སར་གནས་ཀྱི་རྒྱལ་སྲས་རྣམས་ཀྱི་ཆོས་ཉིད་དེ་རང་རང་གི་ངོ་སྐལ་གྱི་སྤང་བྱས་དག་པ་ཡིན་ཏེ། རང་རང་གི་ངོ་སྐལ་གྱི་སྤང་བྱ་ལམ་གསུམ་གྱི་སྒྲིབ་པ་ཉམས་ཤིང་དག་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། ཤེར་འགྲེལ་སྔོན་མེད་ལེགས་བཤད་ལས། རང་རྒྱལ་གྱིས་གཟུང་བ་ཆོས་ཀྱི་བདག་མེད་མངོན་སུམ་རྟོགས་སམ་མ་རྟོགས་ཞེ་ན། མ་རྟོགས་ཞེས་བྱའོ། །འོ་ན་ཇི་སྐད་དུ། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པ་ཤེས་པར་བྱ། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། རང་རྒྱལ་རྣམས་ནི་རྟེན་འབྲེལ་ཡུན་རིང་དུུ་གོམས་པ་ལས། འཇིག་རྟེན་མ་རིག་པའྀ་རྐྱེན་ཅན་དུ་ཤེས་པས་ན། དེའི་ཤུགས་ཀྱིས་གཟུང་བའི་རྣམ་རྟོག་ཤིན་ཏུ་ཉམས་སྨད་པ་ཡིན་པས། དེ་ལྟ་བུའི་རྟོགས་པ་དེ་ཡང་བྱང་ཆུབ་སེམས་དཔའི་ལམ་ཤེས་ཀྱི་རྟོགས་རིགས་ཀྱི་ནང་དུ་འདུས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་སྐབས་འགའ་ཞིག་ཏུ་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་དུ་རྟོགས་པས། ང་བདག་དང་ཕྱི་རོལ་གྱི་དོན་གདོད་ནས་མ་གྲུབ་པར་རྟོགས་ཤིང༌། དེ་ཉིད་ཀྱང་སྤྲོས་པ་ཐམས་ཅད་དང་གདོད་ནས་བྲལ་བའི་རྣམ་པ་ཅན་ཡིན་མོད་ཀྱི། འཛིན་པ་ལ་ཆེད་གཏད་ཤུགས་ཕྱུང་ནས་སྟོང་བ་སྒོམ་པ་མེད་པས། གཟུང་དོན་གྱི་རྟོག་པ་སྤོང༌། འཛིན་པའི་རྟོག་པ་མི་སྤོང་ཞེས་ཐ་སྙད་མཛད་པ་ཡིན་གྱི། འཛིན་པའི་མངོན་ཞེན་དང་བཅས་པ་ནི་མ་ཡིན་ནོ། །དེ་ལྟ་བུའི་ཡེ་ཤེས་དེས། རང་རྒྱལ་གྱི་རྟོགས་པ་གང་ཡིན་པ་དེ། རིགས་མཐུན་གྱི་ཚུལ་གྱིསབསྡུས་པ་ཡིན་པས་རང་རྒྱལ་གྱི་ལམ་གྱི་མིང་བཏགས་པ་ཙམ་མོ། །ཞེས་གསུངས་པའི་ཕྱིར་ཟེར་ན་སྔར་བདག་གིས་གཞན་སྟོང་བགྲོ་གླེང་ཐེངས་དང་པོའི་སྐབས་སུ་སྔོན་མེད་ལེགས་བཤད་ཀྱི་སྒྲས་ཟིན་གཙོ་བོར་བྱས་ཏེ་བཤད་མོད་ཕྱིས་སུ་གཞུང་ཆེན་རྣམས་ཀྱི་དགོངས་པ་བརྟག་ན་དེ་ལྟར་ཡིན་མིན་ཅུང་ཟད་དོགས་པའི་གནས་སུ་སྣང་བས་ཟུར་གནས་བློ་ལྡན་རྣམས་ཀྱིས་སླར་དཔྱད་པར་བྱའོ། །སྐབས་འདིར་མདོ་ལུགས་མ་ལས་གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །ཞེས་སོགས་ཀྱི་དོན་བྱང་སེམས་ལ་སྦྱར་ནས་བཤད་དེ། མདོ་ལུགས་མ་ལས། བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ཉིད་ཀྱི་ཤེར་ཕྱིན་ནི་དོན་དམ་པ་དང༌། གཟུགས་སོགས་སྟོང་ཞེས་བྱ་བར་གཟུང་བར་མི་རྟོག་པས་གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། ཀུན་རྫོབ་ཏུ་ཐེག་པ་གསུམ་ལ་སོགས་པ་བསྟན་ཅིང་ཐོབ་པའི་སྒོ་ནས་བྱེད་པ་པོའི་ཆོས་སུ་འཛིན་པ་ཡོད་པས་འཛིན་པ་མི་སྤོང་ཕྱིར་དང་ནི། རྟེན་བྱང་ཆུབ་སེམས་དཔའི་ལམ་གྱིས་བསེ་རུུ་ལྟ་བུའི་ལམ་མི་དམིགས་པའི་ཚུལ་གྱིས་ཡང་དག་པར་བསྡུས་པར་ཤེས་པར་བྱའོ། །ཞེས་གསུངས་པས་སོ། །

གསུམ་པ་བྱང་སེམས་ཀྱི་ལམ་ཤེས་བཤད་པ།

གསུམ་པ་བྱང་སེམས་ཀྱི་ལམ་ཤེས་བཤད་པ་ལ།

མཚམས་སྦྱར་དང༌། བྱང་སེམས་ཀྱི་ལམ་བཤད་པ་དང་གཉིས། དང་པོ་ནི། དམན་མཆོག་གི་རིམ་པས་ཤེས་བྱ་རང་སངས་རྒྱས་ཀྱི་ལམ་གྱི་མཇུག་ཐོགས་སུ་བྱང་པའི་ལམ་འཆད་དོ། །གཉིས་པ་བྱང་སེམས་ཀྱི་ལམ་ལ་གསུམ་སྟེ། བྱང་སེམས་ཀྱི་སྦྱོར་ལམ་དང༌། མཐོང་ལམ་ཤེས་པ་ཕན་ཡོན་དང་བཅས་པ་དང༌། སྒོམ་ལམ་ཤེས་པ་བྱེད་པ་དང་བཅས་པ་བཤད་པ་དང་གསུམ།དང་པོ་ལ། རྩ་བར། བཏགས་པའི་ཆོས་ཉིད་མི་འགལ་བར། ཞེས་པ་ནས། རྣམ་པ་ཅན་ནི་ཆོས་ཀྱི་མཆོག །ཅེས་གསུངས་སོ། །ད་ནི་མཐོང་བའི་ལམ་གྱི་རྒྱུར་གྱུར་པ་བྱང་ཆུབ་སེམས་དཔའི་སྦྱོར་ལམ་སྟོན་ཏེ། སེང་བཟང་སོགས་རང་སངས་རྒྱས་ཀྱི་སྦྱོར་ལམ་ཡིན་པར་འདོད་མོད་ཀྱང༌། རང་ལུགས་ལ་མདོ་ལས་རྣམ་པ་ཇི་ལྟ་བུས་བསྟན་ན་བཏ༷གས་པ༷་ཀུན་རྫོབ་དང༌།ཆོ༷ས་ཉི༷ད་དོན་དམ་གཉིས་ལ་སྒྲོ་སྐུར་དང་བྲལ་བས་དེ་དག་མི༷་འག༷ལ་བ༷ར་སྟོ༷ན་པ༷འི་རྣ༷མ་པ༷་ནི་དྲོ༷་བར་གྱུ༷ར་པ༷འོ། །རྩེ༷་མོ༷ར་གྱུ༷ར་པ༷་ནི། གཟུ༷གས་ལ༷་སོ༷གས་པ་འགྲི༷བ་པ༷་མེ༷ད་པ༷་དང་ལ་སོ༷གས་པ༷འི་སྒྲས་འཕེལ་བ་མེད་པས་ཕྱེ༷་བ་སྟེ། རྣམ་པ་དེ་ལྟ་བུས་བསྟན་ཏོ། །ན༷ང་སྟོ༷ང་པ་ཉི༷ད་ལ༷་སོ༷གས་པ༷་ཡི༷ས། གཟུ༷གས་སོ༷གས་མི༷་འཛི༷ན་པའི་གཏན་ཚིགས་ནི་ནང་སྟོང་པ་ཉིད་དང་ལ་སོགས་པའི་སྒྲས་ཕྱི་སྟོང་པ་ཉིད་ཀྱིས་ཕྱི༷ར་ཞེས་སྟོན་པའི་གཟུགས་སོགས་མི་འཛིན་པའི་ཕྱིར་རོ། །ཞེས་པས་བཟོ༷ད་པ༷་བསྟན་ཏོ། །གཟུགས་སོགས་ཀྱི་ངོ་བོ་ཉིད་མེད་པའི་ཕྱིར། གཟུ༷གས་སོ༷གས་སྐྱེ༷་བ༷་མེ༷ད་པ་དང་སོ༷གས་ཀྱི༷་སྒྲས་འགག་པ་དང༌། བླང་དོར་དང་ཉོན་མོངས་རྣམ་བྱང་དང་འཕེལ་འགྲིབ་མེད་པའི་རྣ༷མ་པ༷་ཅ༷ན་གྱི་ཡེ་ཤེས་སུ་བསྟན་པ་ནི༷་ཆོ༷ས་ཀྱི༷་མཆོ༷ག་གོ །དྲོད་སོགས་བཞི་པོ་དེ་དག་གི་དོན་དུ་ཡང་བདེན་གཉིས་ལ་སྒྲོ་སྐུར་མེད་པའི་ཡེ་ཤེས་དང༌། གཟུགས་སོགས་འཕེལ་འགྲིབ་མེད་པའི་ཡེ་ཤེས་དང༌། གཟུགས་སོགས་གཟུང་འཛིན་མེད་པའི་ཡེ་ཤེས་དང༌། གཟུགས་སོགས་སྐྱེ་འགག་སོགས་མེད་པའི་རྣམ་པ་ཅན་གྱི་ཡེ་ཤེས་སོ། །དེ་ལྟར་བཤད་པ་འདི་ཕར་ཕྱིན་མདོ་ལུགས་མ་ལྟར་བཤད་པའོ། །

གཉིས་པ་མཐོང་ལམ་ཤེས་པ་ཕན་ཡོན་དང་བཅས་པ་བཤད་པ།

གཉིས་པ་མཐོང་ལམ་ཤེས་པ་ཕན་ཡོན་དང་བཅས་པ་བཤད་པ་ལ།

རྩ་བར། བདེན་དང་བདེན་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་རྣམ་བཞི་ཡིས། །ལམ་ཤེས་ཉིད་ལ་མཐོང་བའི་ལམ། །ཕན་ཡོན་བཅས་པ་འདི་བཤད་དོ། །དེ་བཞིན་ཉིད་དང་སངས་རྒྱས་དག །ཞེས་པ་ནས། རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ། །ལམ་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་སོ། །དེ་ལ་སྤྱི་དོན་དང༌། མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ།རྟེན་དང་བརྟེན་པ་གཉིས་ལས། དང་པོ་ལ་ལུས་རྟེན་ནི། སྦྱོར་ལམ་ཆོས་མཆོག་གང་ལ་སྐྱེ་བ་སྟེ། འདོད་གཟུགས་ལ་རྟེན་ལ་སྐྱེའོ། །སེམས་རྟེན་ནི། བྱེ་བྲག་སྨྲ་བ་ནི། བསམ་གཏན་ས་དྲུག་ལ་བརྟེན་པར་འདོད་དོ། །ཉ་ཊཱིཀ་ཏུ་འདིར་བསམ་གཏན་བཞི་བའི་རབ་མཐའ་ལ་བརྟེན་པར་གསུངས་མོད་བསམ་གཏན་ས་དྲུག་ལ་བརྟེན་པ་ཡོད་པར་སྣང་ངོ༌། །དེ་ཡང་མཉམ་བཞག་གི་སེམས་རྟེན་གྱི་དབང་དུ་བྱས་པ་ཡིན་གྱི་སྤྱིར་མཐོང་ལམ་ཙམ་གྱི་སེམས་རྟེན་ལ་ས་དགུ་ཡོད་དེ། མཐོང་ལམ་དུ་གྱུར་བའི་ཐོས་བསམ་དུ་གྱུར་པའི་འདོད་སེམས་དང༌།སྙོམས་འཇུག་དགུ་ཆར་ཡོད་དོ། །

གཉིས་པ་བརྟེན་པ་ཐེག་ཆེན་མཐོང་ལམ།

གཉིས་པ་བརྟེན་པ་ཐེག་ཆེན་མཐོང་ལམ་ལ།

རྒྱུ་དང༌། ངོ་བོ་དང༌།འབྲས་བུ་གསུམ་མོ། །དང་པོ་ནི། ཚོགས་ལམ་དུ་བདེན་བཞི་བདག་གཉིས་མེད་པར་ཐོས་བསམ་གྱིས་རྟོགས་པའི་བག་ཆགས་སྦྱོར་ལམ་གྱིས་གསོས་བཏབ་པ་དེ་རྒྱུའི་རྐྱེན་ནོ། །ཐེག་བསྡུས་སུ། ཐོས་སོགས་བག་ཆགས་མེད་པར་ནི། །དེ་འབྲས་སྐྱེ་བ་མི་རིགས་ཕྱིར། །ཞེས་སོ། །བདག་མེད་གཉིས་བསམ་གཏན་གྱི་ཉེར་བསྡོགས་སམ་དངོས་གཞི་ལ་བརྟེན་ནས་བསྒོམ་པའི་སྦྱོར་ལམ་ནི་བདག་རྐྱེན་ནོ། །བདེན་བཞིའི་ཇི་ལྟ་ཇི་སྙེད་པ་དམིགས་རྐྱེན། ཆོས་མཆོག་ཆེན་པོ་དེ་མ་ཐག་རྐྱེན་ནོ། །

གཉིས་པ་ངོ་བོ་ལ།

མཚན་ཉིད་དང༌། མཚོན་བྱའི་སྒྲ་དང༌། དབྱེ་བ་བཤད་པ་དང་གསུམ་ལས། དང་པོ་ནི། བདེན་པ་མངོན་རྟོགས། མཐོང་ལམ་གྱི་མཚན་ཉིད།ཡང་ན་བདེན་པ་མངོན་པར་རྟོགས་པའི་གནས་སྐབས་ཀྱིས་བསྡུས་པའི་མྱ་ངན་ལས་འདས་པར་བགྲོད་པའི་ཡེ་ཤེས། མཐོང་ལམ་གྱི་མཚན་ཉིད། ཐེག་ཆེན་གྱི་བདེན་པ་མངོན་རྟོགས།ཐེག་ཆེན་མཐོང་ལམ་གྱི་མཚན་ཉིད། ཐེག་ཆེན་གྱི་བདེན་པ་མངོན་པར་རྟོགས་པའི་གནས་སྐབས་ཀྱིས་བསྡུས་པའི་མྱ་ངན་ལས་འདས་པར་བགྲོད་པའི་ཡེ་ཤེས། ཐེག་ཆེན་མཐོང་ལམ་གྱི་མཚན་ཉིད་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། མཚན་ཉིད་ནི་མྱ་ངན་ལས་འདས་པར་བགྲོད་པའི་གཞི་གང་ཞིག་དེ་ཁོ་ན་མངོན་པར་རྟོགས་པའི་གནས་སྐབས་ཀྱིས་བསྡུས་པའོ། །ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། མཐོང་ལམ་གྱི་མཚན་ཉིད་ནི། ཆོས་མཆོག་རྫོགས་ནས་སྒོམ་ལམ་མ་སྐྱེས་བར་གྱི་དགེ་བ་གང་ཞིག མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པའོ། །ཞེས་དང༌། ཉ་ཊཱིཀ་ལས། སྦྱོར་ལམ་ཆོས་མཆོག་གི་མཇུག་ཏུ་སྐྱེས་པའི་ཅིར་ཡང་མི་དམིགས་པའི་ཏིང་ངེ་འཛིན་དང་མཚུངས་ལྡན་ཅན་གྱི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་གང་ཞིག ཟག་མེད་ཀྱི་ལམ་གསུམ་གྱི་ཐོག་མར་གྱུར་པའོ། །དེ་ནས་དེ་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་པ། །རྣམ་པར་མི་རྟོག་དྲི་མ་མེད། །འཛིན་པ་གཉིས་དང་བྲལ་བ་ཐོབ། །ཅེས་དང༌། ཀུན་བཏུས་སུ། མདོར་བསྡུ་ན་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་མཇུག་ཐོགས་སུ་མི་དམིགས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པ་སྟེ། ཞེས་སོགས་བཤད་དོ། །གང་ཞིག ཆོས་ཉིད་མཐོང་བ་དང་ཆོས་ཅན་མཐོང་བ་རིམ་བཞིན་ཇི་ལྟ་ཇི་སྙེད་མཁྱེན་པའི་བྱང་སེའི་མཐོང་ལམ་གྱི་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་མཚོན་བྱའི་སྒྲ་བཤད་པ།

གཉིས་པ་མཚོན་བྱའི་སྒྲ་བཤད་པ་ནི།

བདེན་པ་སྔར་མ་མཐོང་གསར་དུ་མངོན་སུམ་དུ་མཐོང་བས་མཐོང༌། བྱང་ཆུབ་ཏུ་བགྲོད་པར་བྱེད་པས་ན་ལམ་མོ། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། ། ཞེས་མཛོད་ལས་སོ། །

གསུམ་པ་དབྱེ་བ་ལ།

འདོད་ལུགས་མང་དུ་སྣང་སྟེ། གཉལ་པ་སོགས། མཐོང་ལམ་རྫས་གཅིག་ལ་ལྡོག་པ་དུ་མར་སྐྱེ་ཞེས་དང༌། འབྲོམ་སོགས། བཟོད་པ་བར་ཆད་མེད་ལམ་དང་ཤེས་པ་རྣམ་གྲོལ་ལམ་རྫས་གཉིས་སུ་སྐྱེ་ཞེས་དང༌། འབྲེ་སོགས་ནི། ཆོས་བཟོད་ཆོས་ཤེས་རྗེས་བཟོད་རྗེས་ཤེས་རྫས་བཞིར་སྐྱེ། ཞེས་དང༌། བུདྡྷ་ཤྲཱི་ནི། དབང་བོ་རྣོ་རྟུལ་གྱི་བྱེ་བྲག་གིས་སྐད་ཅིག་གཅིག་དང་གཉིས་དང་བཅུ་དྲུག་ལ་སོགས་པར་སྐྱེའོ་ཞེས་དང༌། བྱེ་བྲག་ཏུ་སྨྲ་བ། མཐོང་ལམ་སྐད་ཅིག་བཅོ་ལྔ་ཁོ་ན་ཡིན་ལ་བཅུ་དྲུག་པ་ནི་སྒོམ་ལམ་ཡིན་ཅིང་མཐོང་ལམ་མིན་ཟེར་ཏེ། མཛོད་ལས། བཟོད་དང་ཤེས་པ་གོ་རིམ་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་གསུངས་པས་སོ། །རང་ལུགས་ཀུན་བཏུས་ལྟར་མཐོང་ལམ་ཤེས་བཟོད་སྐད་ཅིག་བཅུ་དྲུག་ནི། ཆོས་མཆོག་གི་མཇུག་ཐོགས་སུ་སྡུག་བདེན་མངོན་སུམ་དུ་གྱུར་པའི་ཟག་མེད་ཀྱི་ཤེས་རབ་སྡུག་བསྔལ་མཐོང་སྤང་སྤོང་བའི་བར་ཆད་མེད་ལམ་དེ་སྡུག་བསྔལ་ཆོས་བཟོད། དེའི་མཇུག་ཐོགས་སུ་སྡུག་བསྔལ་མཐོང་སྤང་གིས་རྣམ་གྲོལ་མངོན་དུ་བྱེད་པའི་ཟག་མེད་ཀྱི་ཡེ་ཤེས་ཆོས་ཤེས། དེའི་མཇུག་ཐོགས་སུ་དེ་གཉིས་འཕགས་ཆོས་རྣམས་ཀྱི་རྒྱུར་རྟོགས་པའི་ཟག་མེད་ཡེ་ཤེས་རྗེས་བཟོད། དེའི་མཇུག་ཐོགས་སུ་དེ་ངེས་པར་འཛིན་པ་རྗེས་ཤེས་ཡིན་ལ། དེ་ལྟར་ཀུན་འབྱུང་བདེན་པ་དང༌། འགོག་བདེན་དང༌། ལམ་བདེན་བདེན་གསུམ་ལ་བཟོད་ཤེས་བཞི་ཤེས་པར་བྱའོ། །དེ་ལྟར་ཀུན་བཏུས་སུ། སོ་སོ་རང་ལ་སྡུག་བསྔལ་གྱི་བདེན་པ་མངོན་སུམ་དུ་གྱུར་པའི་ཟག་པ་མེད་པའི་ཤེས་རབ་སྟེ་གང་གིས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་དེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱའོ། །སྡུག་བསྔལ་ལ་ཆོས་ཤེས་པ་གང་ཞེ་ན། ཤེས་པ་གང་གིས་བཟོད་པའི་མཇུག་ཐོགས་སུ་རྣམ་པར་གྲོལ་བ་མངོན་དུ་བྱེད་པའོ། །སྡུག་བསྔལ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་གང་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་མཇུག་ཐོགས་སུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་སྡུག་བསྔལ་ལ་ཆོས་ཤེས་པ་འདི་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུའོ་ཞེས་སོ་སོ་རང་ལ་མངོན་སུམ་དུ་གྱུར་པའི་ཟག་པ་མེད་པའི་ཤེས་རབ་པོ། །སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ་གང་ཞེ་ན། ཤེས་པ་གང་གིས་རྗེས་སུ་རྟོགས་པའི་བཟོད་པ་དེ་ངེས་པར་འཛིན་པའོ། །དེ་བཞིན་དུ་བདེན་པ་ལྷག་མ་རྣམས་ལ་ཡང་བཟོད་པ་དང་ཤེས་པ་རྣམས་ཅི་རིགས་སུ་ཤེས་པར་བྱའོ། །དེ་ལ་ཆོས་ཤེས་པའི་བཟོད་པ་དང་ཆོས་ཤེས་པ་རྣམས་ཀྱིས་ནི་གཟུང་བ་རྟོགས་སོ། །རྗེས་སུ་རྟོགས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱིས་ནི་འཛིན་པ་རྟོགས་སོ། །བཟོད་པ་དང་ཤེས་པ་ཐམས་ཅད་ལ་ཡང་མཚན་མ་མེད་པར་གནས་པའི་རྣལ་འབྱོར་ཅན་དུ་རིག་པར་བྱའོ། །སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པོ་འདི་དག་ནི་མཐོང་བའི་ལམ་མོ། །སེམས་ཀྱི་སྐད་ཅིག་ནི་ཤེས་བྱ་ལ་ཤེས་པ་འབྱུང་བ་ཡོངས་སུ་རྫོགས་པར་རིག་པར་བྱའོ། །ཞེས་སོ། །དེས་ན་དུས་མཐའི་སྐད་ཅིག་མིན་གྱི་བྱ་རྫོགས་ཀྱི་སྐད་ཅིག་ཡིན་པར་ཉ་ཊཱིཀ་ལས་སོ། །དེས་ན་མཐོང་སྤང་བཞི་རྣམས་ཀྱང་རིམ་གྱིས་སྤོང་སྟེ། ཆོས་བཟོད་བཞི་རིམ་གྱིས་སྐྱེ་བར་བཤད་པས་སོ། །རྒྱུད་བླར། ཇི་ལྟར་མྱུག་སོགས་རིམ་སྐྱེ་བས། །ས་བོན་ཤུན་པ་གཅོད་པ་ལྟར། །དེ་བཞིན་དེ་ཉིད་མཐོང་བ་ཡིས། །མཐོང་སྤང་རྣམས་ནི་ལྡོག་པར་འགྱུར། །ཞེས་སོ། །བསྡུ་བར། མཐོང་བས་སྤང་བར་བྱ་བ་ནི་ཅིག་ཅར་སྤོང༌། ཞེས་སོགས་ནི། སྡུག་བསྔལ་ཆོས་བཟོད་སྐྱེས་པ་དང་སྡུག་བསྔལ་མཐོང་སྤང་ཅིག་ཅར་སྤོང་བ་ལྟ་བུ་ལ་དགོངས་ཀྱི་ཐམས་ཅད་མིན་ཞེས་དང༌། བྱེ་བྲག་སྨྲ་བ། མཐོང་ལམ་ལ་རྗེས་ཐོབ་མེད་པར་འདོད་ཀྱང༌། ཐེག་པ་ཐུན་མོང་བའམ་ཆེན་པོ་ལྟར་ན། རྗེས་ཐོབ་ཡོད་ཅེས་ཉ་ཊཱིཀ་ལས་བཤད་དོ། །དེ་ལྟར་ན་ལམ་ཤེས་པ་ཉིད་ཀྱི་བདག་ཉིད་ལ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་ཆེན་པོ་དང་བཅས་པའོ། །

གསུམ་པ་འབྲས་བུ།

གསུམ་པ་འབྲས་བུ་གསུམ་ནི།

རྣམ་བཅད་ལ་མཐོང་སྤང་ས་བོན་དང་བཅས་པ་སྤངས་པའོ། །ཡོངས་གཅོད་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་ཐོབ་ལ། མཐར་ཐུག་སངས་རྒྱས་ཀྱི་ས་ཀུན་དུ་འོད་འཐོབ་པ་ཡིན་ནོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཉ་ཊཱིཀ་ལས། ཁྱད་འཕགས་རང་རྒྱལ་གྱི་ལམ་དངོས། རྒྱུ་ངེས་འབྱེད་ཆ་མཐུན་ནོ། །ཞེས་སྐབས་འདིར་བསྟན་པའི་སྦྱོར་ལམ་རང་རྒྱལ་གྱི་སྦྱོར་ལམ་ལ་བཤད་པ་མི་རིགས་པར་ཐལ། དེ་ཐེག་ཆེན་མཐོང་ལམ་གྱི་རྒྱུའི་སྦྱོར་ལམ་ལ་བཤད་དགོས་པའི་ཕྱིར་ཏེ། མདོ་ལུགས་མ་ལས། ད་ནི་མཐོང་བའི་ལམ་གྱི་རྒྱུར་གྱུར་པ་བྱང་ཆུབ་སེམས་དཔའི་སྦྱོར་ལམ་སྟོན་ཏེ། སེང་བཟང་སོགས་རང་སངས་རྒྱས་ཀྱི་སྦྱོར་ལམ་ཡིན་པར་འདོད། ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་མཐོང་ལམ་སྐྱེ་བའི་ལུས་རྟེན་ལ་འདོད་པ་ཁོ་ནས་ཁྱབ་པར་ཐལ། ཉ་ཊཱིཀ་ལས། འདོད་པའི་རྟེན་ཁོ་ན་ལ་དང་པོ་སྐྱེའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་འདོད་མི་ནུས་ཏེ། ལྷའི་བུ་བློ་གྲོས་རབ་གནོན་གྱིས་ཞུས་པའི་མདོ་ལས། འདོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་བྱེ་བ་ཕྲག་བརྒྱས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་ཐོབ་བོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་ཅེས་པ་མཐོང་ལམ་ཆོས་བཟོད་ཆོས་ཤེས་ལ་བཤད་དགོས་པའི་ཕྱིར། ཀུན་བཏུས་ལས། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །ཞེས་དང༌། དེའི་ས་འགྲེལ་ལས། གདུལ་བྱ་མང་བོས་མཐོང་ལམ་ཐོབ་པའི་དུས་སུ་ཆོས་བདེན་པ་བཞི་བོ་རྣམས་ཀྱི་དེ་བཞིན་ཉིད་ལ་ལྟ་བའི་ཆོས་ཀྱི་མིག་འཕགས་པའི་ཤེས་རབ་ཀྱི་རང་བཞིན་ཉོན་མོངས་པའི་རྡུལ་མེད་ཅིང་གཟུང་འཛིན་གྱི་དྲི་མ་དང་བྲལ་བ་སྐྱེས་སོ་ཞེས་བཅོམ་ལྡན་འདས་ཀྱིས་གང་གསུངས་པ་དེ་ནི་མཐོང་བའི་ལམ་གྱི་ངེས་ཚིག་གི་དབང་དུ་མཛད་ནས་གསུངས་པ་སྟེ། ཆོས་ལ་བཟོད་པ་བཞི་བོ་རྣམས་ཀྱིས་ནི་མཐོང་སྤང་ཉོན་མོངས་པའི་སྒྲིབ་པ་སྤངས་པས་རྡུལ་མེད་པའོ། །ཆོས་ཤེས་པ་བཞི་བོ་རྣམས་ཀྱིས་ནི་སྤངས་པའི་གནས་གྱུར་ཉམས་སུ་མྱོང་བས་དྲི་མ་དང་བྲལ་བའོ། །ཡང་བཟོད་པ་བཞིས་བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་ཡོངས་སུ་ཤེས་པ་དང༌། ཤེས་པ་བཞིས་རྣམ་གྲོལ་ཉམས་སུ་མྱོང་ཞིང་སྤང་བྱ་ཐག་བསྲིངས་ཏེ་སྤངས་བས་ཀྱང་མཐོང་ལམ་རྣམ་པར་དག་པའི་ཕྱིར། རྡུལ་མེད་ཅིང་དྲི་མ་དང་བྲལ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཐེག་ཆེན་མཐོང་ལམ་གྱི་སེམས་བརྟེན་ལ་བསམ་གཏན་བཞི་བའི་དངོས་གཞིའི་ཁྱབ་པར་ཐལ། ཉ་ཊཱིཀ་ལས། འདིར་བསམ་གཏན་བཞི་བའི་རབ་མཐའ་ཞེས་པ་འདོད་པ་ནས་སྲིད་རྩེའི་བར་ཕྱིན་ནས་སྲིད་རྩེ་ནས་འདོད་པའི་བར་དུ་ལོག་སྟེ་ཡང་བསམ་གཏན་བཞི་བའི་བར་རྫོགས་པར་བྱས་པ་སྟེ་དེ་ལ་བརྟེན་ནོ་ཞེས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་མི་འཐད་པར་ཐལ།དེའི་སེམས་རྟེན་ལ་བསམ་གཏན་ས་དྲུག་ཡོད་པའི་ཕྱིར་ཏེ། རྒྱུད་བླའི་འགྲེལ་བ་བཀའ་འཁོར་ལོ་ཐ་མའི་གསལ་བྱེད་ལས། སེམས་ཀྱི་རྟེན་ནི། ཚོགས་ལམ་ཐོས་བསམ་གཙོ་ཆེ་བས་འདོད་སེམས་ལ་བརྟེན་པ་གཙོ་ཆེ་ཞིང༌། སྦྱོར་མཐོང་གཉིས་ནི་སྒོམ་བྱུང་ཡིན་པས་བསམ་གཏན་དང་པོའི་ཉེར་བསྡོགས་དང་དངོས་གཞི་ཙམ་པོ་དང་དངོས་གཞི་ཁྱད་པར་ཅན་དང་བསམ་གཏན་ལྷག་མ་གསུམ་སྟེ་དྲུག་ལ་རྟེན་ནོ། །འདོད་སེམས་རྣམ་གཡེང་ཆེ་བ་དང་གཟུགས་མེད་ལྷག་མཐོང་ཆུང་བས་མི་བརྟེན་ནོ། །སྒོམ་ལམ་ནི་བསམ་གཏན་ས་དྲུག་དང་གཟུགས་མེད་དང་པོ་གསུམ་ལ་བརྟེན་གྱི། འདོད་པ་དང་སྲིད་རྩེ་ལ་མི་བརྟེན་པར་འཕགས་པ་གྲོལ་སྡེ་བཞེད་པ་འཐད་པར་མངོན་ནོ། །རྟེན་འདི་དག་ནི་ཐེག་པ་གཉིས་ཀྱི་ལུགས་བསྡོམས་ནས་འཐད་པ་རྣམས་བཀོད་དོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། སེམས་ཀྱི་རྟེན་ནི། ཚོགས་ལམ་གྱི་ཐོས་བསམ་སྒོམ་གསུམ་འདོད་པའི་སེམས་ལ་བརྟེན་པ་གཙོ་ཆེ་ལ། སྦྱོར་ལམ་ནི། སྒོམ་བྱུང་མི་ལྕོགས་མེད་པ་དང༌། །ཁྱད་པར་བསམ་གཏན་ས་བའོ། །ཞེས་སྒོམ་བྱུང་ཡིན་པས་མི་ལྕོགས་པ་མེད་པ་དང༌། དང་པོའི་དངོས་གཞི་ཁྱད་པར་ཅན་དང༌། བསམ་གཏན་བཞིའི་དངོས་གཞི་སྟེ་ས་དྲུག་པ་ལ་བརྟེན་ཅིང༌། མཐོང་ལམ་ཡང༌། དེ་ནི་ཆོས་མཆོག་དང་ས་གཅིག །ཅེས་སྔར་དང་འདྲ་ལ། སྒོམ་ལམ་ནི་བསམ་གཏན་བཞི་དང་གཟུགས་མེད་དང་པོ་གསུམ་ལ་བརྟེན་ཅིང༌། མཐར་ཕྱིན་པའི་ལམ་དང་ཁྱད་པར་བསེ་རུ་ལྟ་བུའི་ལམ་ཐམས་ཅད་བསམ་གཏན་བཞི་པ་ལ་བརྟེན་པ་སྟེ། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་བརྟེན་གཅིག་ལ་ཀུན། །ཞེས་པ་ལྟར་རོ། །ཐེག་ཆེན་པའི་ལུགས་ཀྱིས་ཕལ་ཆེར་དངོས་གཞི་ལ་བརྟེན་པ་སྟེ། ཚོགས་ལམ་ཆེན་པོ་བས་ཆོས་རྒྱུན་ཏིང་ངེ་འཛིན་ཐོབ་པར་གསུངས་པའོ། །ཁྱད་པར་སྒོམ་ལམ་ནི་སྔར་དང་འདྲ་བར་ཡང་འཆད་པར་འགྱུར་ལ། ཁམས་གསུམ་གྱི་ས་དགུ་ཅར་ལ་བརྟེན་པར་ཡང་གསུངས་ཏེ། མངོན་རྟོགས་རྒྱན་དུ། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་དག་པ་ཡིན། །ཞེས་པ་ལྟར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཐེག་ཆེན་མཐོང་ལམ་གྱི་མཚན་ཉིད་ལ། ཉ་ཊཱིཀ་ལས། མཚན། མཚོན། གཞི་གསུམ་ལས། དང་པོ་ནི། སྦྱོར་ལམ་ཆོས་མཆོག་གི་མཇུག་ཏུ་སྐྱེས་པའི་ཅིར་ཡང་མི་དམིགས་པའི་ཏིང་ངེ་འཛིན་དང་མཚུངས་ལྡན་ཅན་གྱི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་གང་ཞིག ཟག་མེད་ཀྱི་ལམ་གསུམ་གྱི་ཐོག་མར་གྱུར་པའོ། །དེ་ནས་དེ་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་པ། །རྣམ་པར་མི་རྟོག་དྲི་མ་མེད། །འཛིན་པ་གཉིས་དང་བྲལ་བ་ཐོབ། །ཅེས་དང༌། ཀུན་བཏུས་སུ། མདོར་བསྡུ་ན་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་མཇུག་ཐོགས་སུ་མི་དམིགས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པ་སྟེ། ཞེས་སོགས་བཤད་དོ། །ཞེས་གསུངས་པས་ན་ཐེག་ཆེན་མཐོང་ལམ་ལ་སྦྱོར་ལམ་ཆོས་མཆོག་གི་མཇུག་ཏུ་སྐྱེས་པས་ཁྱབ་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། ཐེག་ཆེན་སྦྱོར་ལམ་གྱི་རྒྱུར་གྱུར་པའི་ཐེག་ཆེན་མཐོང་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར་ཟེར་ན་དཔྱད། ཡང་ཉ་ཊཱིཀ་ལས། ཨ་བྷ་ཡས། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་རང་གི་རྟོགས་པ་གཅོད་པ། ཞེས། ཆོས་ཤེས་རྣམས་རྗེས་ཐོབ་ཏུ་བཤད་ཅིང༌། ཀུན་བཏུས་དང་མི་འགལ་ཏེ། ཆོས་བཟོད་རྟོགས་པའི་ཆ་ནས་རྗེས་ཐོབ་དང་སྡུག་བསྔལ་མཐོང་སྤང་སོགས་ཀྱི་རྣམ་པར་གྲོལ་བའི་དེ་བཞིན་ཉིད་དག་པ་རྟོགས་པའི་ཆ་ནས་མཚན་མ་མེད་པའི་རྣལ་འབྱོར་ཅན་དུ་གསུངས་པ་ཡིན་ནོ། །ཞེས་ཆོས་ཤེས་རྣམས་རྗེས་ཐོབ་ཏུ་བཤད་པ་ཀུན་བཏུས་དང་མི་འགལ་བར་གསུངས་པའི་དགོངས་པ་ཚོལ་དགོས་སོ། །རང་ལུགས་ལ་མཐོང་ལམ་ཤེས་བཟོད་སྐད་ཅིག་བཅུ་དྲུག་རིམ་གྱིས་སྐྱེ་བར་འདོད་པ་ལ། ཐེག་མཆོག་དབུ་མ་ལས། མཐོང་ལམ་ངོ་བོ་མཉམ་བཞག་རིགས་གཅིག་མོད། །ལྡོག་ཆའི་སྒོ་ནས་སྐད་ཅིག་ཐ་དད་འདོད། །སྒོམ་སྤང་མི་སྤོང་བར་དུ་དེ་ཡིན་ཞིང༌། །ཞེས་པས་བརྟག་པར་བྱའོ། །ཡང་མཐོང་སྤང་བཞི་ཅིག་ཆར་སྤངས་པ་ཡིན་པར་ཐལ། སྔོན་མེད་ལེགས་བཤད་ལས། མཐོང་བའི་སྤང་བར་བྱ་བ་རྣམས་ནི་དུས་གཅིག་ཏུ་སྤོང་པ་ཡིན་ལ། སྒོམ་པས་སྤང་བར་བྱ་བ་རྣམས་ནི་རིམ་གྱིས་སྤོང་ཞིང༌། ཞེས་གསུངས་པའི་ཕྱིར་ན་དེའི་དགོངས་པ་གཞན་དུ་ཚོལ་བ་ལས། མཐོང་སྤང་བཞི་རིམ་གྱིས་སྤོང་པ་ཡིན་ཏེ། རྒྱུད་བླའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་དང་རྒྱུད་བླ་ས་འགྲེལ་གཉིས་ལས། ཆོས་ཀྱི་དབྱིངས་དོན་དམ་པའི་དེ་ཁོ་ན་ཉིད་རིམ་གྱིས་མཐོང་བ་ཡིས། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ནི་རིམ་གྱིས་ལྡོག་པར་འགྱུར་རོ་ཞེས་པས་མཐོང་སྤང་རྣམས་ནི་འབྲས་ཤུན་ལྟ་བུ་དང༌། ཞེས་དང༌།ཞང་སྟོན་པའི་རྒྱུད་བླའི་འགྲེལ་བ་ལས། ཇི་ལྟར་ཤིང་གི་འབྲས་བུ་ལས་མྱུ་གུ་དང་སྡོང་བོ་ལ་སོགས་པ་རིམ་གྱིས་སྐྱེས་པས་ས་བོན་གྱི་ཤུན་པ་རིམ་གྱིས་གཅོད་པ་ལྟར། དེ་བཞིན་དུ་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་ལམ་རིམ་གྱིས་སྐྱེས་པ་ཡིས་མཐོང་སྤང་གི་དྲི་མ་རྣམས་ནི་རིམ་གྱིས་ལྡོག་པར་འགྱུར་རོ། །ཞེས་དང༌། ཉ་ཊཱིཀ་ལས། དེས་ན་མཐོང་སྤང་བཞི་རྣམས་ཀྱང་རིམ་གྱིས་སྤོང་སྟེ། ཆོས་བཟོད་བཞི་རིམ་གྱིས་སྐྱེ་བར་བཤད་པས་སོ། །རྒྱུད་བླར། ཇི་ལྟར་མྱུག་སོགས་རིམ་སྐྱེ་བས། །ས་བོན་ཤུན་པ་གཅོད་པ་ལྟར། །དེ་བཞིན་དེ་ཉིད་མཐོང་བ་ཡིས། །མཐོང་སྤང་རྣམས་ནི་ལྡོག་པར་འགྱུར། །ཞེས་སོ། །བསྡུ་བར། མཐོང་བས་སྤང་བར་བྱ་བ་ནི་ཅིག་ཅར་སྤོང༌། ཞེས་སོགས་ནི། སྡུག་བསྔལ་ཆོས་བཟོད་སྐྱེས་པ་དང་སྡུག་བསྔལ་མཐོང་སྤང་ཅིག་ཅར་སྤོང་བ་ལྟ་བུ་ལ་དགོངས་ཀྱི་ཐམས་ཅད་མིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །ཡང་མཐོང་ལམ་ལ་རྗེས་ཐོབ་ཡེ་ཤེས་མེད་པར་ཐལ། མཐོང་ལམ་སྐད་ཅིག་བཅུ་དྲུག་རྫོགས་ནས་སྒོམ་ལམ་དུ་འཕོ་བ་ཡིན་པའི་ཕྱིར་ཏེ། ཀུན་བཏུས་ས་འགྲེལ་ལས། རང་རང་གི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དྲོད་མ་ཐོབ་ཀྱི་བར་དུ་ཚོགས་གཉིས་གསོག་པ་ཚོགས་ཀྱི་ལམ་དང༌། དེ་བཞིན་དྲོད་ཐོབ་ནས་བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་མ་མཐོང་བའི་བར་སྦྱོར་བའི་ལམ་དང༌། དེ་མཐོང་ནས་སྐད་ཅིག་རྣམས་ཡོངས་སུ་མ་རྫོགས་ཀྱི་བར་མཐོང་བའི་ལམ་དང༌། ཡོངས་སུ་རྫོགས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་སྒོམ་པའི་ལམ་དང༌།རང་རང་གི་བསླབ་པ་ཡོངས་སུ་རྫོགས་པ་མཐར་ཕྱིན་པའི་ལམ་མོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དེ་ཡང་བརྟག་དགོས་ཏེ། ཉ་ཊཱིཀ་ལས། བྱེ་བྲག་སྨྲ་བ། མཐོང་ལམ་ལ་རྗེས་ཐོབ་མེད་པར་འདོད་ཀྱང༌། ཐེག་པ་ཐུན་མོང་བའམ་ཆེན་པོ་ལྟར་ན། རྗེས་ཐོབ་ཡོད་པར་བཤད་དེ་གཞུང་དུ་སྟོན་ནོ། །འོ་ན་དུས་ཇི་ཙམ་ཞེ་ན། ངེས་པ་མེད་དེ། འཕགས་པ་ཀླུ་སྒྲུབ་ས་དང་པོ་བསྒྲུབས་ནས་བདེ་བ་ཅན་དུ་གཤེགས་པར་བཤད་པས་ལོ་མང་བོར་ཡང་བཞུགས་པའི་ཕྱིར་དང༌། མྱུར་བར་དེ་ལས་འདས་ནས་ས་གོང་མར་འཇུག་པའང་ཡོད་དེ། ཞེས་དང༌། གཞུང་ཚིག་ལྟར་ན་རྗེས་ཐོབ་ཀྱི་རྣམ་པར་འོང་ངོ༌། །ཞེས་གསུངས་པའི་ཕྱིར། དེའི་སྒྲུབ་ཚུལ་སོགས་ཉ་ཊཱིཀ་གི་སྐབས་དུ་མར་ས་དང་པོའི་སྒོམ་ལམ་མེད་པ་ལྟ་བུར་བྱས་ནས་བཤད་པ་ལ་བརྟག་པར་བྱ་བ་འདི་ཡོད་དེ། ཐེག་མཆོག་དབུ་མ་ལས། སྒོམ་སྤང་མི་སྤོང་བར་དུ་དེ་ཡིན་ཞིང༌། །བསམ་མི་ཁྱབ་ཕྱིར་དུས་རིང་འབྱུང་བའང་སྲིད། །དེ་ནས་འདི་ནི་ལྷག་མ་ཡི། །ས་རྣམས་སྒོམ་པའི་ལམ་འདི་ལ། །ཞེས་དང༌། སྔོན་མེད་ལེགས་བཤད་ལས། མཐོང་ལམ་རྗེས་ཐོབ་དང་བཅས་པས་ས་དང་པོའི་ཕྱེད་འཁྱེར་ཞིང༌། ས་དང་པོའི་ཕྱེད་ཕྱི་མ་ནི་སྒོམ་ལམ་ཡིན་ནོ། །ས་གཉིས་པ་ནས་བཅུ་པའི་བར་དུ་ཡང་སྒོམ་ལམ་ཡིན་པ། ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། མཐོང་ལམ་ཐོབ་པའི་རྗེས་དེ་ནས་བྱང་ཆུབ་སེམས་དཔའ་འདི་ནི་ས་དང་པོའི་སྟོད་ཀྱི་ཆ་ལ་མཐོང་ལམ་ཐོབ་པའི་ལྷག་མ་ཡི་ས་ནས་བརྩམས་ཏེ་ས་བཅུ་པའི་བར་རྣམས་སུ་ཆོས་ཉིད་མཐོང་ཟིན་སྒོམ་པའི་ལམ་འདི་ལ། ཞེས་གསུངས་པའི་ཕྱིར་རོ། །ཡང་ཐེག་ཆེན་མཐོང་ལམ་ཤེས་བཟོད་སྐད་ཅིག་བཅུ་དྲུག་པོ་མཉམ་བཞག་ཐུན་གཅིག་མ་ཡིན་པར་ཐལ། རྗེས་བཟོད་དང་རྗེས་ཤེས་ཀྱིས་འཛིན་པ་རྟོགས་པ་ཡིན་པའི་ཕྱིར། དེར་ཐལ། ཀུན་བཏུས་ལས། དེ་ལ་ཆོས་ཤེས་པའི་བཟོད་པ་དང་ཆོས་ཤེས་པ་རྣམས་ཀྱིས་ནི་གཟུང་བ་རྟོགས་སོ། །རྗེས་སུ་རྟོགས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱིས་ནི་འཛིན་པ་རྟོགས་སོ། །བཟོད་པ་དང་ཤེས་པ་ཐམས་ཅད་ལ་ཡང་མཚན་མ་མེད་པར་གནས་པའི་རྣལ་འབྱོར་ཅན་དུ་རིག་པར་བྱའོ། །སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པོ་འདི་དག་ནི་མཐོང་བའི་ལམ་མོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དེའི་ཚིག་ཟིན་ལ་དེ་ལྟར་ཡིན་ཀྱང་རྗེས་ཐོབ་ཀྱི་སྐབས་སུ་ངེས་ཤེས་དྲང་ཚུལ་གྱི་ཁྱད་ཡིན་པར་སྣང་ངོ༌། །མཐོང་ལམ་ཤེས་བཟོད་སྐད་ཅིག་བཅུ་དྲུག་ནི་མཉམ་བཞག་ཐུན་གཅིག་ལ་བར་མ་ཆད་པར་སྐྱེ་བ་ཡིན་ཏེ། རྒྱན་གྱི་ས་འགྲེལ་ལས། སྐད་ཅིག་མ་བཅུ་དྲུག་སྟན་ཐོག་གཅིག་ཏུ་མཉམ་བཞག་གི་རྒྱུན་གཅིག་ལ་རིམ་པ་བཞིན་བར་མ་ཆད་པར་སྐྱེ་སྟེ། ཞེས་དང༌། ཐེག་མཆོག་དབུ་མ་ལས། མཐོང་ལམ་ངོ་བོ་མཉམ་བཞག་རིགས་གཅིག་མོད། །ཅེས་དང༌། ཉ་ཊཱིཀ་ལས། དེ་ལྟ་བུའི་ཆོས་ཉིད་བཞི་བོ་ནི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་ཡིན་ཅིང༌། དེ་རྟོགས་བཞི་སྡུག་བདེན་གྱི་ཤེས་བཟོད་བཞི་དག་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་སྒོམ་ཤེས་པ་ལམ་བྱེད་པ་དང་བཅས་པ་བཤད་པ།

གསུམ་པ་སྒོམ་ཤེས་པ་ལམ་བྱེད་པ་དང་བཅས་པ་བཤད་པ་ལ།

སྒོམ་ལམ་གྱི་བྱེད་པ་དང༌། བྱེད་པ་ཅན་གྱི་སྒོམ་ལམ་བཤད་པ་དང་གཉིས། དང་པོ་ནི། རྩ་བར། ཀུན་ནས་ཞི་དང་ཐམས་ཅད་ལ། །འདུད་དང་ཉོན་མོངས་ལས་རྒྱལ་དང༌། །གནོད་པས་རྫི་བ་མེད་ཉིད་དང༌། །བྱང་ཆུབ་དང་ནི་མཆོད་རྟེན་ཉིད། །ཅེས་སོ། །དེ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་སྤྱི་དོན་བཤད་པ་ལ། སྒོམ་ལམ་གྱི་བྱེད་པའི་མཚན་ཉིད། དབྱེ་བ། ས་མཚམས་གསུམ་ལས་དང་པོ་ནི། ཐེག་ཆེན་སྒོམ་ལམ་བློའི་ངོ་བོར་བསྐྱེད་ནས་བསྒོམས་སྟོབས་ཀྱིས་ཐོབ་པའི་འབྲས་བུ་ཁྱད་པར་བ། སྒོམ་ལམ་གྱི་བྱེད་པའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། སྒོམ་ལམ་གྱི་བྱེད་པའི་མཚན་ཉིད་ནི། སྒོམ་ལམ་གྱི་འབྲས་བུ་ཁྱད་པར་བ་སྟེ་བྱ་བ་དེ་བྱེད་པ་ལ་བྱེད་པ་ཞེས་བཞག་གོ །ཡང་ན་སེམས་དུལ་བ་ལ་སོགས་པའི་འབྲས་བུ་ཁྱད་པར་བ་བྱེད་པའོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་དབྱེ་བ་ནི་དྲུག

གཉིས་པ་དབྱེ་བ་ནི་དྲུག་སྟེ།

མདོ་ལས། ཤེར་ཕྱིན་ནི་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་དུལ་བ་དང༌། ང་རྒྱལ་མེད་པའི་དོན་དུ་ཉེ་བར་གནས་པ་ཤེར་ཕྱིན་བསྒོམས་པས་རང་བཞིན་གྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བཅོམ་པ་དང༌། དུག་དང་བྱད་དང་མེ་ལ་སོགས་པས་མི་གནོད་པ་དང༌། བླ་ན་མེད་པའི་བྱང་ཆུབ་འཐོབ་པ་དང༌། ཤེར་ཕྱིན་གྱི་སྙིང་པོ་རྡོ་རྗེ་གདན་གྱི་ས་ཕྱོགས་མཆོད་རྟེན་དུ་བྱས་ཞེས་སྒོམ་ལམ་གྱིས་ཤེར་ཕྱིན་སྒོམ་པས་༡བྱང་ཆུབ་སེམས་དཔའ་ཀུ༷ན་ན༷ས་ཞི༷་ཞིང་དུལ་བ་ད༷ང༌། ༢ཐ༷མས་ཅ༷ད་དུ་གཞན་ལ༷་འདུ༷ད་ཅིང་ང་རྒྱལ་དང་རློམ་སེམས་མེད་པ་ད༷ང༌། ༣ཆགས་སོགས་ཉོ༷ན་མོ༷ངས་ལ༷ས་རྒྱ༷ལ་བ་ད༷ང༌། ༤ དུག་དང་མཚོན་ལ་སོགས་པའི་གནོ༷ད་པ༷ས་རྫི༷་བ༷་མེ༷ད་པ་ཉི༷ད་ད༷ང༌། ༥བྱ༷ང་ཆུ༷བ་འཐོབ་པར་བྱེད་པ་ད༷ང༌། ༦ཤེར་ཕྱིན་སྒོམ་པའི་ལམ་ཡོངས་སུ་རྫོགས་པའི་ཚེ་སྙིང་པོ་རྡོ་རྗེ་གདན་དུ་བཞུགས་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་ས་ཕྱོགས་དེ་སེམས་ཅན་ཐམས་ཅད་ཀྱི་མཆོ༷ད་རྟེ༷ན་ཉི༷ད་དུ་བྱས་པས་མེ་ཏོག་ལ་སོགས་པས་མཆོད་པར་གྱུར་པ་དང་དྲུག་གོ ། གསུམ་པ་ས་མཚམས་ནི། སྒོམ་ལམ་ཐོབ་པའི་སྐད་ཅིག་གཉིས་པ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་དོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཁ་ཅིག་ཐེག་ཆེན་སྒོམ་ལམ་སྒོམ་སྟོབས་གྱིས་ཐོབ་པའི་ཡོན་ཏན་དེ། ཐེག་ཆེན་སྒོམ་ལམ་བྱེད་པའི་མཚན་ཉིད་ཡིན་ཟེར་ན། ལམ་མ་ཞུགས་དང་ཚོགས་སྦྱོར་གྱིས་ཐེག་ཆེན་སྒོམ་ལམ་སྒོམ་སྟོབས་ཀྱིས་ཐོབ་པའི་ཡོན་ཏན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དེ་སྒོམ་ལམ་མ་ཐོབ་པའི་སྔ་རོལ་ནས་ཡོད་པའི་ཕྱིར། ཡང་ཉ་ཊཱིཀ་ལས། དེ་བཞི་བྲལ་འབྲས་སོ། །ཆོས་ཅན། ཡང་དག་རྫོགས་པའི་བྱང་ཆུབ་སྒྲུབ་པ་སྟེ་ཐོབ་པར་འགྱུར་ཏེ། ཐེག་ཆེན་གྱི་ཚོགས་གཉིས་རྫོགས་པའི་འཕགས་པ་སློབ་པ་ཡིན་པས་སོ། །བླ་མེད་རྫོགས་བྱང་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་བལྟ་བར་འགྱུར་རོ། །ཞེས་སོགས་སོ། །དེ་རྣམ་སྨིན་གྱི་འབྲས་བུའོ། །ཞེས་བྱེད་པ་དྲུག་ལས་དང་པོ་བཞི་བྲལ་འབྲས་དང༌། ལྔ་བ་རྣམ་སྨིན་གྱི་འབྲས་བུ་ཡིན་ཚུལ་ལ་ཅུང་ཟད་དཔྱད་རྒྱུུ་སྣང༌། ཡང་ཉ་ཊཱིཀ་ལས། ཆོས་ཅན། ཁྱེད་བརྟེན་ཅིང་བཞུགས་པའི་ཡུལ་ཏེ་ས་ཕྱོགས་ལྷ་མི་སོགས་ཀྱིས་མཆོད་པར་བྱ་བའི་རྟེན་ཉིད་དུ་བྱེད་པར་རིགས་ཏེ། ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་ཐོབ་པས་སོ། །ཁ་ཅིག་མཆོད་རྟེན་དང་འདྲ་བས་མཆོད་རྟེན་དུ་བརྗོད་ཅེས་པ་མི་རིགས་ཤིང༌། མཆོད་རྟེན་ཉིད་དུ་གྱུར་ཅེས་བཙུན་པ་ཟླ་བས་འཆད་དོ། །ཞེས་འགྲེལ་ཆེན་ནོ། །ཞེས་པ་ལ་དེ་འདྲའི་ས་ཕྱོགས་ཡིན་ན་མཆོད་རྟེན་ཡིན་པས་ཁྱབ་པ་ཡོད་མེད་ཀྱི་ཚིག་གི་རོལ་རྩེད་སྤྲོ་བར་བྱའོ། །

གཉིས་པ་བྱེད་པ་ཅན་གྱི་སྒོམ་ལམ་བཤད་པ།

གཉིས་པ་བྱེད་པ་ཅན་གྱི་སྒོམ་ལམ་བཤད་པ་ལ།

སྤྱིར་བཤད་པ་དང༌། སྐབས་འདིར་ཡུམ་དང་རྒྱན་ལས་བསྟན་པའི་མོས་བསྔོ་སོགས་བཤད་པ་དང་གཉིས། དང་པོ་ལ་དངོས་དང༌། མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ་རྟེན་དང་བརྟེན་པ་གཉིས་ལས། དང་པོ་རྟེན་ལ་ཡང་གཉིས་ལས། ལུས་རྟེན་ནི། གླིང་གསུམ་འདོད་ལྷ་དང་གཟུགས་གཟུགས་མེད་ཀྱི་ལུས་རྟེན་ལ་སྐྱེ་བ་ཡོད་དོ། །སེམས་རྟེན་ནི། ས་དགུའི་སེམས་ལ་བརྟེན་པ་ཡོད་དོ། ། གཉིས་པ་བརྟེན་པ་སྒོམ་ལམ་བཤད་པ་ལ། མཚན་ཉིད་དང༌། མཚོན་བྱའི་སྒྲ་བཤད། དབྱེ་བ། ས་མཚམས། སྤང་བྱ་བཤད་པ་དང་ལྔ་ལས། དང་པོ་ནི། རྗེས་ལ་མངོན་པར་རྟོགས་པའི་གནས་སྐབས་ཀྱིས་བསྡུས་པའི་མྱ་ངན་ལས་འདས་པར་བགྲོད་པའི་མངོན་རྟོགས་དེ། སྒོམ་ལམ་གྱི་མཚན་ཉིད། ཐེག་ཆེན་རྗེས་ལ་མངོན་པར་རྟོགས་པའི་གནས་སྐབས་ཀྱིས་བསྡུས་པའི་མྱ་ངན་ལས་འདས་པར་བགྲོད་པའི་མངོན་རྟོགས་དེ། ཐེག་ཆེན་སྒོམ་ལམ་གྱི་མཚན་ཉིད། ཐེག་པ་གཞན་གཉིས་ཀྱི་སྒོམ་ལམ་གྱི་མཚན་ཉིད་རིགས་འདྲ་སྦྱར། མཚན་ཉིད་དེ་ལྟར་འཐད་དེ། ཀུན་བཏུས་ས་འགྲེལ་ལས། མྱ་ངན་ལས་འདས་པར་བགྲོད་པའི་གཞི་གང་ཞིག རྗེས་ལ་མངོན་པར་རྟོགས་པའི་གནས་སྐབས་ཀྱི་བསྡུས་པའོ། །ཞེས་དང༌། ཉ་ཊཱིཀ་ལས། ཤེས་བྱ་ཐེག་ཆེན་འཕགས་པའི་སྒོམ་ལམ་གྱི་མཚན་ཉིད། མཐོང་ལམ་གྱི་རྗེས་ཀྱི་ཉོན་མོངས་པའི་ཟག་མེད་ཡེ་ཤེས་གང་ཞིག བྱང་ཆེན་དུ་ཕྱིན་བྱེད་ཀྱི་སློབ་ལམ་མོ། །ཞེས་གསུངས་པའི་ཕྱིར་རོ། ། གཉིས་པ་མཚོན་བྱའི་སྒྲ་བཤད་པ་ནི། རྒྱན་གྱི་ས་འགྲེལ་ལས། ངེས་ཚིག་ནི་ཆོས་ཉིད་མཐོང་ཟིན་གོམས་པར་བྱེད་ཅིང་ཐར་བར་འགྲོ་བའི་གཞི་ཡིན་པས་ན་སྒོམ་ལམ་ཞེས་བྱའོ། །ཞེས་དང༌། ཉ་ཊཱིཀ་ལས། མཐོང་ལམ་གྱིས་མཐོང་བ་ཁོ་ན་རྒྱུན་དུ་གོམས་པར་བྱེད་པས་སྒོམ། ཐར་བར་བགྲོད་པས་ལམ་མོ། །ཞེས་གསུངས་པའི་ཕྱིར་རོ། ། གསུམ་པ་དབྱེ་བ་ནི། ངོ་བོས་ཕྱེ་ན་མཉམ་རྗེས་གཉིས་དང༌། རྣམ་པས་ཕྱེ་ན་ཆེ་འབྲིང་དགུ་དང༌། ཐེག་པས་ཕྱེ་ན་ཉན་ཐོས་ཀྱི་སྒོམ་ལམ་སོགས་གསུམ་དང། ནུས་པས་ཕྱེ་ན་བཞི་སྟེ། ཀུན་བཏུས་ས་འགྲེལ་ལས། ནུས་པས་ཕྱེ་བ་བཞི་ལས། སྦྱོར་བའི་ལམ་གང་ཞེ་ན། ལམ་གང་བསྒོམས་པ་དག་གིས་སྤང་བྱ་ཉོན་མོངས་པ་ཆེན་པོའི་ཆེན་པོ་ལ་སོགས་པའི་ས་བོན་གྱི་ཆ་ཤས་རེ་རེ་དང་བྲལ་བ་ལས་རིམ་གྱིས་གནས་འགྱུར་བའི་ཚུལ་གྱིས་སྤོང་བའི་སྦྱོར་བ་རྩོམ་པའོ། །བར་ཆད་མེད་པའི་ལམ་གང་ཞེ་ན། སྤང་བར་བརྩམས་པ་གང་གི་འོག་ཏུ་གེགས་ཀྱི་བར་ཆད་བྱེད་པ་ནི་དང་པོར་ཉོན་མོངས་པའི་རྣམ་པ་གང་ཡིན་པ་དེའི་ས་བོན་མ་ལུས་པ་དང་བྲལ་བས་ཐམས་ཅད་གནས་གྱུར་པའི་ཚུལ་གྱིས་སྤོང་བའོ། །རྣམ་པར་གྲོལ་བའི་ལམ་གང་ཞེ་ན། ལམ་གང་གིས་སྤང་བྱ་ཉོན་མོངས་པ་ས་བོན་དང་བཅས་པ་མ་ལུས་པར་སྤངས་ནས་ཀྱང་དེའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་གནས་གྱུར་དག་པ་སོ་སོ་རང་རིག་པའི་ཚུལ་གྱིས་མངོན་སུམ་དུ་མྱོང་བར་བྱེད་པའོ། །ཁྱད་པར་གྱི་ལམ་གང་ཞེ་ན། གསུམ་ལས། དང་པོ་སྤང་བྱ་སྤོང་བའི་སྒོ་ནས་གཞག་པ་ནི། བསྡུ་བར་རྣམ་པ་གཞན་གྱིས་སྦྱོར་བའི་ལམ་གང་ཡིན་པ་དེ་ནི་སྔ་མའི་ཁྱད་པར་གྱི་ལམ་མོ་ཞེས་གསུངས་པ་ལྟར་ཉོན་མོངས་པའི་རྣམ་པ་ཆེན་པོ་དེ་ལས་གཞན་ཆེན་པོའི་འབྲིང་བོ་ལ་སོགས་པ་ལ་སྤོང་བའི་སྦྱོར་བ་རྩོམ་པ་དང༌། བརྩམས་པ་སྔར་བར་ཆད་མེད་པ་སྤོང་བ་དང༌། སྤངས་ནས་ཀྱང་རྣམ་པར་གྲོལ་བ་མྱོང་བར་བྱེད་པའི་ལམ་ནི་སྔར་གྱི་སྤོང་བའི་དེ་ལ་ལྟོས་ནས་ཁྱད་པར་གྱི་ལམ་མོ་ཞེས་བྱ་སྟེ་དེ་བཞིན་དུ་གཞན་ལ་ཡང་རིག་པར་བྱའོ། །གཉིས་པ་ཤེས་བྱ་ཤེས་པའི་སྒོ་ནས་གཞག་པ་ནི། ཉོན་མོངས་པ་མ་སྤངས་པ་སྤོང་བའི་སྦྱོར་བ་དེ་རེ་ཞིག་བསལ་ཞིང་བཏང་སྙོམས་སུ་བཞག་ནས་མདོ་ལ་སོགས་པ་གསུང་རབ་ཀྱི་ཆོས་ལ་ཚུལ་བཞིན་སེམས་པའོ། །སྔར་ཞུགས་ཏེ་བསམས་ཤིང་རྟོགས་པའི་ཆོས་ལ་སོ་སོར་རྟོག་པས་གནས་པའམ། སྙོམས་འཇུག་གཞན་ལ་སྙོམས་པར་འཇུག་པའི་ཁྱད་པར་གྱི་ལམ་གང་ཡིན་པའོ། །གསུམ་པ་ཡོན་ཏན་སྒྲུབ་པའི་སྒོ་ནས་གཞག་པ་ནི། ཡང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་སྔར་མེད་པ་མངོན་པར་སྒྲུབ་པའམ། གྲུབ་ཟིན་པ་ལ་གནས་པའི་ལམ་གང་ཡིན་པའོ། །ཞེས་གསུངས་པས་སོ། །སྒྲས་བརྗོད་ཀྱིས་ཕྱེ་ན་འཇིག་རྟེན་པའི་སྒོམ་ལམ་དང་འདས་ལམ་སྒོམ་ལམ་གཉིས་ཡོད་དེ། ཉ་ཊཱིཀ་ལས། གོམས་པར་བྱ་བའི་ལམ་གང་ཞིག རང་གི་སྤང་བྱ་སྒོམ་སྤང་གི་གཉེན་པོར་གྱུར་པ། སྒོམ་ལམ་ཙམ་གྱི་མཚན་ཉིད་དོ། །སྒོམ་ལམ་གང་ཞིག ཁམས་གསུམ་གྱིས་བསྡུས་པ། འཇིག་རྟེན་སོ་སྐྱེའི་སྒོམ་ལམ་གྱི་མཚན་ཉིད་དོ། །གང་ཞིག ཉོན་མོངས་པའི་ཟག་མེད་ནི། འདས་པའི་མཚན་ཉིད་དོ། །ཞེས་གསུངས་པས་སོ། རང་ལུགས་ལ་སྒོམ་ལམ་ལ་འདས་ལམ་སྒོམ་ལམ་གྱིས་ཁྱབ་ཀྱང་ཀུན་བཏུས་ཀྱི་གསུངས་ཟིན་ལ་སྒོམ་ལམ་བཤད་སྐབས་འཇིག་རྟེན་སྒོམ་ལམ་དང་འདས་ལམ་སྒོམ་ལམ་གཉིས་རིམ་བཞིན་བཤད་པས་ཉ་ཊཱིཀ་སོགས་ལས་དེ་གཉིས་ལ་ཁྱབ་པའི་མཚན་ཉིད་སོགས་བཞག་པར་སྣང་ངོ༌། །

བཞི་བ་ས་མཚམས་བཤད་པ།

བཞི་བ་ས་མཚམས་བཤད་པ་ལ།

མཐོང་ལམ་རྫོགས་ནས་སྒོམ་ལམ་རྡོ་རྗེ་ལྟ་བུའི་བར་ཡོད་ལ། ཐེག་ཆེན་སྒོམ་ལམ་ནི། ས་དང་པོའི་ཕྱེད་ཕྱི་མ་ནས་རྒྱུན་མཐའི་བར་དུ་ཡོད་དེ། སྔོན་མེད་ལེགས་བཤད་ལས། མཐོང་ལམ་རྗེས་ཐོབ་དང་བཅས་པས་ས་དང་པོའི་ཕྱེད་འཁྱེར་ཞིང༌། དང་པོའི་ཕྱེད་ཕྱི་མ་ནི་སྒོམ་ལམ་ཡིན་ནོ། །ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། མདོར་ན་ས་དང་པོའི་སྟོད་ཀྱི་ཆ་ལ་མཐོང་སྤང་སྤངས་ཏེ་མཐོང་ལམ་ཡོངས་སུ་རྫོགས་པར་ཐོབ་ནས། སྨད་ཀྱི་ཆ་ནས་ས་བཅུ་བའི་བར་ལ་སྒོམ་ལམ་གྱིས་ཤེས་བྱའི་སྒྲིབ་པ་གཙོ་བོར་སྤོང་ཞིང༌། ཞེས་གསུངས་པའི་ཕྱིར་རོ། །

ལྔ་བ་སྤང་བྱ་བཤད་པ།

ལྔ་བ་སྤང་བྱ་བཤད་པ་ལ།

ཉ་ཊཱིཀ་ལས། རྒྱུ། ངོ་བོ། འབྲས་བུ་གསུམ་ལས། དང་པོ་ནི། རྒྱུའི་རྐྱེན་ཉོན་མོངས་སྔ་མས་བཞག་པའི་བག་ལ་ཉལ་ལམ་གནས་ངན་ལེན་མ་སྤངས་པར་ཡོད། དམིགས་རྐྱེན་སྡུག་མི་སྡུག་སོགས་ཉོན་མོངས་སྐྱེ་བའི་ཆོས་སྣང་བ། བདག་རྐྱེན་ཡུལ་དེ་ལ་སྡུག་པ་ལ་སོགས་པའི་མཚན་མ་སོགས་འཛིན་པའི་ཚུལ་མིན་ཡིད་བྱེད་ཅེས་ཀུན་བཏུས་དང་རྒྱལ་སྲས་སོ། །དེ་མ་ཐག་རྐྱེན་རིག་པ་སྔ་མའོ། །མཛོད་དུ་ཡང་དོན་དེ་ལྟར་བཤད་དོ། །ངོ་བོ་ལ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། མ་ཞི་བར་འབྱུང་བའི་སེམས་བྱུང་གང་ཞིག དེ་བྱུང་བས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་བྱེད་པ། ཉོན་མོངས་རྒྱ་ཡན་པའི་མཚན་ཉིད་དེ། ཀུན་བཏུས་སུ། མཚན་ཉིད་གང་ཞེ་ན། ཆོས་གང་འབྱུང་བ་ན་རབ་ཏུ་མ་ཞི་བའི་དྲུག་སྟེ་རྣམ་པར་གཡེང་བས་རབ་ཏུ་མ་ཞི་བ། ཕྱིན་ཅི་ལོག་གིས། རྒོད་པས། རྨུགས་པས། བག་མེད་པས། འཛེམ་པ་མེད་པས་རབ་ཏུ་མ་ཞི་བའོ་ཞེས་རྒྱལ་བའི་སྲས་སོ། །མཚན་ཉིད་དུ་འབྱུང་བ་སྟེ་དེ་བྱུང་བས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་འབྱུང༌། ཞེས་སོ། །ཞེས་དང༌། གསུམ་པ་ནི། ཁྱད་པར་ཞིབ་མོར་མ་ཕྱེ་ན་སྤྱིར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་མཐོང་སྒོམ་གྱི་སྤང་བྱའི་འབྲས་བུ། བྱེ་བྲག་མཐོང་སྤང་གི་འབྲས་བུ་ནི། རིགས་འདྲ་ཕྱི་མ་དང༌། རིགས་མི་འདྲ་གཙོ་བོའི་དབང་དུ་བྱས་ནས་ལུས་ངག་གི་ཉེས་སྤྱོད་དང་ངན་སོང་གསུམ་མོ། །སྒོམ་སྤང་གི་འབྲས་བུ་ཡང་རིགས་འདྲ་ཕྱི་མ་དང༌། རིགས་མི་འདྲ་ཁམས་གསུམ་གྱི་ལུས་ཅི་རིགས་པའོ། །དེ་དག་སྤངས་ཟིན་ནས་རིགས་འདྲའི་འབྲས་བུ་མེད་ཅིང་མི་སྐྱེད་ལ། རིགས་མི་འདྲའང་མི་བསྐྱེད་ཀྱང་སྔར་སྐྱེས་ཟིན་ཡོད་པ་སྲིད་དོ། །བོ་དོང་རིན་པོ་ཆེ་མཐོང་སྤང་གི་རིགས་འདྲའི་འབྲས་བུ་སྒོམ་སྤང་དུ་འདོད་པ་ནི། མཐོང་ལམ་རྫོགས་པ་ན་མཐོང་སྤང་གི་གནས་གྱུར་རྫོགས་པ་མིན་པར་ཐལ་བས་གནོད་དོ། །ཡང་དེས་རིགས་ཆད་ཀྱི་ཉོན་མོངས་མཐོང་སྒོམ་གྱི་སྤང་བྱ་མིན་ཏེ། དེ་མཐོང་སྒོམ་གྱིས་སྤོང་མི་སྲིད་པས་སོ། །རྒྱུ་མཚན་དེའི་རྒྱུད་ལ་ལམ་དེ་དག་མི་སྐྱེ་བས་སོ། །ཞེས་ཟེར་བ་ནི་མི་རིགས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་སུ་ཐལ་བ་དང་ཟག་མེད་དུ་ཐལ་བ་སོགས་ཀྱིས་ལུང་སྙེར་བཀག་གོ །དེས་ན་མཐོང་སྤང་དུ་བཞེད་དེ། ངན་སོང་བའི་ཕུང་བོ་སོགས་མཐོང་སྤང་དུ་བཤད་པ་དང་རིགས་པ་མཚུངས་སམ་སྙམ་མོ། །ཞེས་གསུངས་པ་ལྟར་རོ། །དབྱེ་བ་ནི་འཆད་འགྱུར་ལྟར་རོ། །སྤྱིར་སྤང་བྱའི་སྒྲིབ་པ་ལ་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་སུ་གྲངས་ངེས་ཏེ། ས་བཟང་གི་མདོ་སྡེའི་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ལས། སྤྱིར་ཐར་པ་དང་ཐམས་ཅད་མཁྱེན་པའི་གེགས་སམ་བར་དུ་གཅོད་པ་ནི་སྒྲིབ་པ་ཡིན་ཞིང༌། ངོ་བོས་ཕྱེ་ན་དབུས་མཐའ་ལས། ཉོན་མོངས་པ་ཡི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་དག་ཏུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར་འདོད་ཆགས་ལ་སོགས་པ་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་བྱེད་ཅིང༌། ཐར་པ་ཐོབ་པའི་གེགས་སུ་གྱུར་པ་ཉོན་མོངས་པའི་སྒྲིབ་པ་དང༌། དེའི་ཊཱིཀྐར་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སྟེ་ཞེས་པ་ལྟར། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཤེས་བྱ་ཤེས་པའི་གེགས་སུ་གྱུར་པ་ནི་ཤེས་བྱའི་སྒྲིབ་པ་སྟེ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་མི་ཤེས་པ་སྙོམས་འཇུག་གི་སྒྲིབ་པ་ནི་ཤེས་བྱའི་སྒྲིབ་པའི་ཁྱད་པར་རོ། །ཞེས་གསུངས་པའི་ཕྱིར་རོ། །

སྐབས་འདིར་མཐོང་སྒོམ་གཉིས་ཀའི་སྤང་བྱ་མཉམ་དུ་བཤད་ན་ཉན་ཐོས་ཀྱི་དབང་དུ་བྱས་པའམ་ཐུན་མོང་གི་དབང་དུ་བྱས་ན། ཉོན་མོངས་ཀུན་བཏགས་རྣམས་མཐོང་སྤང་དང༌། ཉོན་མོངས་ལྷན་སྐྱེས་རྣམས་སྒོམ་སྤང་ཡིན་ལ། དེ་ལྟར་ན་ཀུན་བཏགས་མཐོང་སྤང་དང༌། ལྷན་སྐྱེས་སྒོམ་སྤང་བཞག་དགོས། སྤང་བྱ་ཀུན་བཏགས་དང་ལྷན་སྐྱེས་ཀྱི་ཁྱད་པར་ནི། གྲུབ་མཐའ་དང་སློབ་དཔོན་ངན་པ་དང་རྒྱུ་མཚན་ལྟར་སྣང་སོགས་ལ་བརྟེན་ནས་སྐྱེས་པའི་བློ་ནི་ཀུན་བརྟགས་དང༌། གྲུབ་མཐའ་སོགས་ཀྱིས་མ་ཡིན་པར་ཐོག་མེད་ནས་གོམ་པའི་དབང་གིས་བྱུང་བའི་བློ་ནི་ལྷན་སྐྱེས་ཞེས་བྱ་སྟེ། ཤེས་བྱ་རབ་གསལ་སྣང་བ་ལས།ཀུན་བརྟགས་པ་ཞེས་འཇིག་ཚོགས་དང་མཐར་འཛིན་ལྟ་བ་ལྷན་སྐྱེས་ལས་འབྱེད་དེ། དེ་དག་ལྷན་སྐྱེས་ཇི་ལྟ་བུ་སྙམ་ན། མངོན་པར་རྟོག་པ་ལ་ཞུགས་པ་རྣམས་ལའང་ངའི་བདག་གང་ཡིན་ཞེས་སྐྲག་པ་གང་ལས་འབྱུང་བའི་བདག་ལྟ་དང་ཆད་ལྟ་ཡོད་པའོ། །འདིར་ནི་སྡིག་གྲོགས་བརྟེན་པ་དང༌། ཆོས་མིན་མཉན་པ་དང༌། ཚུལ་མིན་ཡིད་བྱེད་ལ་བརྟེན་ནས་ཀུན་བརྟགས་པའི་ལྟ་བ་ལྔ་བོ་རྣམས་སོ། །རང་བཞིན་གྱིས་བརྗེད་ངས་ལ་སོགས་པ་མ་བརྟགས་ཀྱང་འབྱུང་བ་ནི་ལྷན་སྐྱེས་ཏེ། ཞེས་གསུངས་པས་སོ། །སྤྱིར་ཤེས་སྒྲིབ་ཀུན་བཏགས་རྣམས་མཐོང་སྤང་དང༌། ཤེས་སྒྲིབ་ལྷན་སྐྱེས་རྣམས་སྒོམ་སྤང༌། མཐོང་ལམ་བར་ཆད་མེད་ལམ་གང་ཡང་རུང་བའི་ངོས་སྐལ་གྱི་སྤང་བྱར་གྱུར་པའི་ཉོན་མོངས་རྣམས་མཐོང་སྤང་དང༌། སྒོམ་ལམ་བར་ཆད་མེད་ལམ་གང་ཡང་རུང་བའི་སྤང་བྱར་གྱུར་པའི་ཉོན་མོངས་རྣམས་སྒོམ་སྤང་དུ་བཞག་ན་ལེགས་པའོ། །མཐོང་སྤང་ལ། ཉོན་སྒྲིབ་དང་ཤེས་སྒྲིབ་དེ་དག་གི་ས་བོན་དང་ཉེར་ཕུང་རྣམས་ཡོད་དོ། །དེ་ཡང་མཐོང་སྤང་ཉོན་ཤེས་གཉིས་ལས། དང་པོ་ཉོན་སྒྲིབ་ལ་ཉོན་མོངས་པ་དང༌། ལས་དང་དེ་དག་གི་ས་བོན་རྣམས་ཡོད་ལ། ཉོན་མོངས་པ་ལ། རྩ་ཉོན་དང༌། ཉེ་ཉོན་གཉིས། དང་པོ་ནི། འདོད་པའི་སྡུག་བསྔལ་མཐོང་སྤང་ལ། འདོད་ཆགས།ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ། ལྟ་བ་དང་དྲུག ལྟ་བ་ལ་འཇིག་ལྟ། མཐར་ལྟ། ལོག་ལྟ། ལྟ་བ་མཆོག་འཛིན།ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ལྔ་སྟེ་བཅུའོ། །དེ་བཞིན་དུ་འདོད་པའི་ཀུན་འབྱུང་མཐོང་སྤང་བཅུ། འགོག་པ་མཐོང་སྤང་བཅུ། ལམ་མཐོང་སྤང་བཅུ་སྟེ་བཞི་བཅུ་ཡོད། ཁམས་གོང་མ་གཟུགས་གཟུགས་མེད་ལ་ཁོང་ཁྲོ་དོར་བས་བདེན་བཞི་ལ་ལོག་ཞུགས་དགུ་དགུ་སྟེ་སོ་དྲུག་པ་ཚན་གཉིས། སྡོམ་པས་མཐོང་སྤང་ཉོན་མོངས་པ་བརྒྱ་དང་བཅུ་གཉིས་བཞག་སྟེ། ཉ་ཊཱིཀ་ལས། མཛོད་ལྟར་ན། འདོད་པར་སྡུག་བསྔལ་ལ་བཅུ་ཆར་དངོས་སམ་བརྒྱུད་ནས་ལོག་པར་འཇུག་པས་སྡུག་བསྔལ་མཐོང་སྤང་བཅུ། ཀུན་འབྱུང་འགོག་པ་ལ་ལྟ་བ་དང་པོ་གཉིས་དང་ཐ་མ་ཚུལ་ཁྲིམས་སོགས་མཆོག་འཛིན་བོར་བས་བདུན་བདུན་དང༌། ལམ་ལ་དང་པོ་གཉིས་བོར་བས་བརྒྱད་དེ་སོ་གཉིས་སོ། །དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །འདོད་ན་སྡུག་བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །ཞེས་སོ། །ཁམས་གོང་གཉིས་ན་ཁོང་ཁྲོ་མེད་པས་དེ་མ་གཏོགས་དགུ་དང༌། དྲུག་དྲུག་བདུན་དུ་འགྱུར་བས་ཉེར་བརྒྱད་པ་གཉིས་ཏེ་བསྡོམས་པས་བརྒྱད་ཅུ་རྩ་བརྒྱད་དོ། །མངོན་པ་གོང་མ་ལྟར་ན། འདོད་ཁམས་ན་བདེན་པ་བཞི་ལ་བཅུ་བཅུ་སྟེ་བཞི་བཅུ། ཁམས་གོང་ན་ཁོང་ཁྲོ་མེད་དེ། རྒྱུད་ཞི་གནས་ཀྱིས་བརླན་པས་འདིས་བདག་ལ་གནོད་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ་གསུམ། བདག་གི་གཉེན་ལ་གསུམ། འདིས་བདག་གི་དགྲ་ལ་ཕན་བཏགས་སོ། །འདོགས་སོ། །འདོགས་པར་འགྱུར་རོ་གསུམ་སྟེ། ཀུན་ནས་མནར་སེམས་ཀྱི་གཞི་དགུ་མེད་པས་སོ། །དེས་ན་བདེན་བཞི་ལ་དགུ་དགུ་སྟེ་སོ་དྲུག་པ་གཉིས་སོ། །དབྱེ་བ་དེ་ཡང་ལོག་པར་འཇུག་ཚུལ་གྱིས་ཕྱེ་བ་ཡིན་པས་དེ་བཤད་ན། སྡུག་ཀུན་ལ་དངོས་སུ་དང༌། ལོག་པ་ལ་དང༌། དབང་གི་ལོག་ཞུགས་གསུམ་མོ། །འགོག་ལམ་ལ་དངོས་སུ། ལོག་པ་ལ་ལོག་ཞུགས་གཉིས་སོ། །དབང་གི་ལོག་ཞུགས་མི་འཆད་པ་ནི་ཁོང་ཁྲོས་ནི་དངོས་སུ་འཇུག་ལ་གཞན་ནི་དབང་གིས་འཇུག་པར་མི་འཐད་པས་སོ། ། དངོས་སུ་ལོག་ཞུགས་ནི། བདེན་བཞི་ལ་འཇིག་ལྟས་གང་ཟག་དང་ཆོས་ཀྱི་བདག་དང་བདག་གིར་ལྟས། མཐར་འཛིན་གྱིས་རྟག་པའམ་ཆད་པར་གཟུང༌། ལོག་ལྟས་དེ་དག་གི་རྣམ་པ་མེད་ཅེས་སྐུར་བ་བཏབ། མ་རིག་པས་དམིགས་རྣམ་ལ་རྨོངས། ཡུལ་དང་ལྟ་བ་ཐམས་ཅད་རྨོངས་ཞེས་བུ་རིན། ཐེ་ཚོམ་གྱིས་དེ་དག་གི་མཚན་ཉིད་དམ་གཉེན་པོ་ལ་སོམ་ཉི་ཟོས་ཏེ་ལྔས་སྡུག་ཀུན་ལ་དངོས་སུ་ལོག་པར་ཞུགས་ལ། འགོག་ལམ་ལ་དེའི་སྟེང་དུ་བདག་མེད་ལ་སྐྲག་སྟེ་མནར་སེམས་པའི་ཁོང་ཁྲོ་དང་དྲུག་གིས་དངོས་སུ་ལོག་པར་འཇུག་གོ །དེ་ཡང་འགོག་ལམ་ལ་ཉོན་མོངས་ཙམ་གྱིས་དང༌། ས་གོང་མ་ལ་ས་འོག་མའི་ཉོན་མོངས་ཀྱིས་༼བསྡུ་བ་དང་ཀུན་བཏུས་སོ། །༽དངོས་སུ་དམིགས་མི་ནུས་ཀྱང༌། བློས་དེ་དག་ཏུ་བརྟགས་པ་ལ་དམིགས་པས་དངོས་སུ་ལོག་ཞུགས་སུ་བཞག་གོ །ལོག་པ་ལ་ལོག་ཞུགས་ནི། ལྟ་བ་མཆོག་འཛིན་གྱིས་ལྟ་བ་དང་པོ་གསུམ་ལ་བཟང་པོར་བལྟས། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱིས་ལྟ་ངན་དང་འབྲེལ་པའི་སྤྱོད་ངན་ལ་ལྟ་བ་དང་པོ་གསུམ་ལ་ཞེས་འཇམ་གསར་རལ་གྲི། དག་གྲོལ་ངེས་འབྱིན་གྱི་རྒྱུར་འཛིན། འདོད་ཆགས་དང་ང་རྒྱལ་ཡུལ་ལ་དམིགས་པ་སྒོམ་སྤང་ཡིན་ཡང༌། ལྟ་ངན་གསུམ་པོ་ལ་ཞེན་པའི་འདོད་ཆགས་དང༌། གསུམ་པོས་སེམས་ཁེངས་པའི་ང་རྒྱལ་རྣམས་བདེན་བཞི་ལ་དམིགས་ནས་ལྟ་བ་དང་པོ་གསུམ་དུ་འཁྲུལ་ལ་དེ་གསུམ་ལ་དམིགས་ནས་འཁྲུལ་བའི་ཕྱིར་ལོག་པ་ལ་ལོག་ཞུགས་སོ། །ཁོང་ཁྲོ་ནི། བདེན་པ་རྣམས་ལ་བདག་ལྟའི་དབང་གིས་དེ་དང་མི་མཐུན་པའི་ལྟ་བའམ་གྲུབ་མཐའ་ལ་མནར་སེམས་པ་སྟེ་དབང་གིས་ལོག་ཞུགས་སོ། །དེ་ལྟར་ཀུན་བརྟགས་ཀྱི་ཉོན་མོངས་བརྒྱ་རྩ་བཅུ་གཉིས་མཚན་གཞི། ཐེག་ཆེན་མཐོང་སྤང་དུ་མཚོན། ཐེག་ཆེན་མཐོང་ལམ་གྱིས་གཞོམ་པར་བྱ་བ་སྟེ་རྒྱུད་བླའི་འགྲེལ་བར། དང་པོར་འཇིག་རྟེན་ལས་འདས་པའི་ཆོས་མཐོང་བའི་ཤེས་པས་གཞོམ་པར་བྱ་བ་དེ་དག་ནི་མཐོང་བས་སྤང་བར་བྱ་བ་ཞེས་བྱའོ། །ཞེས་སོ། །སྤྱིར་ཐེག་ཆེན་མཐོང་སྤང་ལ་ཉོན་སྒྲིབ་ཤེས་སྒྲིབ་གཉིས་ཡོད་ལ། བེམ་པོ་ཡང་ཡོད་དེ། ཀུན་བཏུས་སུ། ཉོན་མོངས་པ་ཅན་གྱི་ལྟ་བ་ཀུན་ཏུ་བཏགས་པ་རྣམས་དང་ཐེ་ཚོམ་དང་ལྟ་བའི་གནས་་དང༌། ལྟ་བ་ལ་ལོག་པར་ཞུགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང༌། གང་ཡང་ལྟ་བས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་དང་ངན་སོང་བའི་ཕུང་བོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ནི་མཐོང་བས་སྤང་བར་བྱ་བར་བལྟའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ནི་སྒོམ་སྤང་དང་ཟག་མེད་མ་གཏོགས་པའོ། །འགྲེལ་བར་རོ། །གོ། ཞེས་སོ། །ཞེས་གསུངས་སོ། ། གཉིས་པ་ཉེ་ཉོན་ནི། ཉ་ཊཱིཀ་ལས། ཉི་ཤུ་སྟེ། ཁྲོ་དང་འཁོན་འཛིན་འཆབ་ཚིག་བཞི། །ཕྲག་དོག་སེར་སྣ་སྒྱུ་གཡོ་རྒྱགས། །རྣམ་འཚེ་ངོ་ཚ་མེད་ཁྲེལ་མེད། །རྨུགས་རྒོད་མ་དད་ལེ་ལོ་དང༌། །བག་མེད་བརྗེད་ངས་ཤེས་བཞིན་མིན། །རྣམ་གཡེང་དང་ནི་ཉི་ཤུ་སྟེ། །མཚན་ཉིད་བྱེད་ལས་གཉིས་གཉིས་ཀྱིས། །ཀུན་ལས་བཏུས་བཤད་རྟོགས་པར་བྱ། །མཛོད་དུ་ཡང་བཤད་ཅིང་ཅུང་མི་འདྲ་བའི་ཁྱད་སོགས་ཤེས་པར་བྱ་སྟེ། རྩ་ཉོན་གྱི་ཆར་གཏོགས་ཡིན་པས་ཉེ་ཉོན་དུ་བཞག་ལ། རྒྱུད་བླ་སོགས་སུ་ཉོན་མོངས་ཐམས་ཅད་ཉེ་ཉོན་ཞེས་བཤད་དོ། །ཞེས་གསུངས་པ་ལྟར་རོ། །ཤེས་སྒྲིབ་མཐོང་སྤང་བཤད་ཟིན་དང་འཆད་འགྱུར་ལྟར་ཀུན་བཏགས་སུ་གྱུར་པའི་ལྡོག་པ་གཟུང་རྟོག་དགུ འཇུག་པ་གཟུང་རྟོག་དགུ རྫས་འཛིན་རྟོག་པ་དགུབཏགས་འཛིན་རྟོག་པ་དགུ་སྟེ་སོ་དྲུག ཁམས་གསུམ་གྱིས་སོ་དྲུག་པ་ཚན་གསུམ་སྟེ་བརྒྱ་དང་བརྒྱད་ཡོད་དོ། །སྒོམ་སྤང་ལའང་ཉོན་ཤེས་གཉིས་ལས། སྒོམ་སྤང་ཉོན་སྒྲིབ་ནི། ཉོན་མོངས་པ་དང་ས་བོན་གཉིས། དང་པོ་ལ། ཉ་ཊཱིཀ་ལས། མཛོད་ལྟར་ན། བཞི་ནི་སྒོམ་པས་སྤང་བྱ་ཉིད། །ཅེས་ཏེ། འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་བཞི་སྟེ། ལྟ་བ་དང་ཐེ་ཚོམ་ནི་ཀུན་བརྟགས་ཁོ་ན་ཡིན་པས་མཐོང་སྤང་དུ་ངེས་པར་འདོད་དོ། །གོང་མ་ལྟར་ན། འཇིག་མཐར་ལྷན་སྐྱེས་གཉིས་ཏེ་འདོད་པར་དྲུག་དང༌། ཁམས་གོང་གཉིས་སུ་ཁོང་ཁྲོ་བོར་བས་ལྔ་ལྔ་སྟེ་བཅུ་དྲུག་གོ ། དེ་ས་དགུས་ཕྱེ་བས་བཞི་བརྒྱ་བཅུ་བཞིར་སྔར་བཤད་པ་རྣམས་མཚན་གཞི། སྒོམ་སྤང་དུ་མཚོན། ཉོན་མོངས་པའི་ཟག་བཅས་གང་ཞིག མཐོང་སྤང་མིན་པ་སྟེ།ཀུན་བཏུས་སུ། མཐོང་བས་སྤང་བར་བྱ་བ་ལས་བཟློག་པ་ཟག་པ་དང་བཅས་པའི་ཆོས་རྣམས་སོ། །ཞེས་གསུངས་པ་ལྟར་རོ། །གཞུང་ཆེན་རྣམས་ལས་སྤང་བྱའི་གྲངས་ཅུང་མི་འདྲ་བར་གསུངས་པའི་ཚུལ་ནི། ཉ་ཊཱིཀ་ལས། གཏན་ལ་དབབ་པ་བསྡུ་བར། འདོད་པའི་སྡུག་བསྔལ་ལ་ནི་བཅུ་བོ་ཐམས་ཅད་ལོག་པར་འཇུག་གོ །བདེན་པ་ཕྱི་མ་གསུམ་ལ་ནི་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་མ་གཏོགས་པ་བརྒྱད་བརྒྱད་ལོག་པར་འཇུག་གོ །ཁམས་གོང་མ་གཉིས་ཀྱི་བདེན་པ་ལ་ནི་ཁོང་ཁྲོ་མ་གཏོགས་པ་སྔ་མ་བཞིན་དུ་དགུ་དང་བདུན་བདུན་ལོག་པར་འཇུག་གོ །ཞེས་འདོད་པ་ན་མཐོང་སྤང་སུམ་ཅུ་རྩ་བཞི་དང༌། ཁམས་གོང་མ་གཉིས་ན་སུམ་ཅུ་སུམ་ཅུ་སྟེ་དགུ་བཅུ་རྩ་བཞི་དང༌། སྒོམ་སྤང་མཛོད་དང་མཐུན་པར་བཤད་ལ། དགེ་བའི་བཤེས་གཉེན་བྲང་ཏི་ན་རེ། བརྒྱ་རྩ་བཅུ་གཉིས་སུ་བཤད་པ་སེམས་ཙམ་ལུགས། བསྡུ་བར་བཤད་པ་མདོ་སྡེ་པའི་ལུགས། མཛོད་དུ་བཤད་པ་བྱེ་བྲག་སྨྲ་བའི་ལུགས་སོ་ཞེས་གསུང་ངོ༌། །ཡང་མཆིམས་ཆེན་པོ་ནི། ཀུན་བཏུས་སུ་བཤད་པ་རྣམ་པ་འགལ་ཙམ་དང༌། བསྡུ་བར་བཤད་པ་རྣམ་པ་དངོས་སུ་འགལ་བ་ལ་དགོངས་ཞེས་གསུང་སྟེ་དཔྱད་བྲང་ཏི་ལྟར་ལེགས། དོ། །བུ་རིན་ནི། ཉན་ཐོས་ལྟར་ན། སྡུག་བསྔལ་གྱི་སྟོང་བདག་མེད་གཉིས་དང་འཇིག་ལྟ་འགལ། མི་རྟག་པ་དང་མཐར་འཛིན་འགལ་བས་དེ་གཉིས་ལོག་པར་འཇུག་གི ཀུན་འབྱུང་སོགས་ཀྱི་རྒྱུ་སོགས་དང་མི་འགལ་བས་མ་བརྗོད་ལ། ཐེག་ཆེན་ལྟར་ན། བདེན་བཞི་བདག་མཐའ་དག་གིས་དབེན་པའི་རྣམ་པར་བསྒོམ་པས་དེ་དང་ལྟ་བ་དང་པོ་གཉིས་འགལ་བས་ཐམས་ཅད་ལ་ལོག་པར་འཇུག་པར་བཤད་དོ་གསུང་ངོ༌། ། ཞེས་གསུངས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཡང་ཁ་ཅིག་སྲིད་རྩེའི་ལུས་རྟེན་ལ་སྒོམ་ལམ་སྐྱེ་བ་མེད་པར་ཐལ། ཉ་ཊཱིཀ་ལས། ལུས་རྟེན་ནི། བྱེ་བྲག་སྨྲ་བ། སྲིད་རྩེ་མ་གཏོགས་ཁམས་གསུམ་གའི་རྟེན་ལ་སྐྱེ་བར་འདོད་ཅིང༌། ཁ་ཅིག ཐེག་ཆེན་གྱི་ལུགས་ལ་གཟུགས་མེད་ཀྱི་རྟེན་ལ་མེད་པར་འཆད་པ་ནི་ལེགས་པར་མངོན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མངོན་རྟོགས་རྒྱན་ལས། སྲིད་རྩེ་མཐར་ཐུག་འགྲོ ཞེས་དང༌། མཛོད་ལས། སྲིད་རྩེར་འཕགས་པའི་ཅི་ཡང་མེད། །མངོན་དུ་བྱས་ནས་ཟག་པ་ཟད། །ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་ཉ་ཊཱིཀ་ལས། གོམས་པར་བྱ་བའི་ལམ་གང་ཞིག རང་གི་སྤང་བྱ་སྒོམ་སྤང་གི་གཉེན་པོར་གྱུར་པ། སྒོམ་ལམ་ཙམ་གྱི་མཚན་ཉིད་དོ། །སྒོམ་ལམ་གང་ཞིག ཁམས་གསུམ་གྱིས་བསྡུས་པ། འཇིག་རྟེན་སོ་སྐྱེའི་སྒོམ་ལམ་གྱི་མཚན་ཉིད་དོ། །གང་ཞིག ཉོན་མོངས་པའི་ཟག་མེད་ནི། འདས་པའི་མཚན་ཉིད་དོ། །ཞེས་གསུངས་པ་ལ་ལམ་མ་ཞུགས་དང་ཚོགས་སྦྱོར་ན་དེ་འདྲའི་སྒོམ་ལམ་གྱི་མཚན་ཉིད་དེ་ཡོད་མེད་དང༌།འཇིག་རྟེན་པའི་སྒོམ་ལམ་སྒོམ་ལམ་མཚན་ཉིད་པ་མ་ཡིན་ནམ་དཔྱད། ཡང་ས་དང་པོའི་སྒོམ་ལམ་མེད་པར་ཐལ། ཉ་ཊཱིཀ་ལས། སའི་སྒོ་ནས། དྲི་མ་མེད་པ་སོགས་དགུ། ཞེས་སོགས་ཉ་ཊཱིཀ་གིས་སྐབས་དུ་མར་ས་དང་པོའི་སྒོམ་ལམ་མ་བཞག་པའི་ཕྱིར་ཟེར་ན། དེ་མི་འཐད་པར་ཐལ། སྔོན་མེད་ལེགས་བཤད་ལས། དང་པོའི་ཕྱེད་ཕྱི་མ་ནི་སྒོམ་ལམ་ཡིན་ནོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །ཡང་ཐེག་མཆོག་དབུ་མའི་ཟིན་བྲིས་ལས། གཟུགས་བརྙན་གྱི་རྒྱུ་མཚན་ནི། གྲུབ་མཐའ་ལོག་པས་བརྟགས་པའི་བདག་ཏུ་འཛིན་པ་ལ་སོགས་པ་ཡིན་ལ། དེ་ཡང་དུད་འགྲོ་ལ་སོགས་པའི་འགྲོ་བ་བླུན་ཞིང་གཏི་མུག་པ་རྣམས་དང༌། །མིར་གྱུར་པ་ཡིན་ཡང་གྲུབ་མཐའ་ངན་པས་བློ་ཁ་མ་བསྒྱུར་པ་རྣམས་ལ་ཀུན་བརྟགས་ཀྱི་བདག་ལ་སོགས་པའི་སྣང་བ་བློ་ལ་མི་འཆར་བར་ཕལ་ཆེ་བ་འདོད་ཅིང༌། དབུ་མ་འཇུག་པར་ཡང༌། གང་དག་བསྐལ་མང་དུད་འགྲོ་བསྐྱལ་གྱུར་པ། །དེས་ཀྱང་མ་སྐྱེས་བདག་འདི་མ་ཤེས་ལ། །ངར་འཛིན་དེ་དག་ལ་ཡང་འཇུག་མཐོང་ནས། །ཞེས་པ་ལ་སོགས་པ་གསུངས་མོད། འོན་ཀྱང་དེ་ལྟ་བུ་མ་ངེས་ཏེ། ཚེ་རབས་སྔ་མ་རྣམས་གྲུབ་མཐའ་ངན་པའི་བཏགས་པས་བག་ཆགས་ཀུན་གཞི་ལ་བཞག་པ་དེ་ཡོངས་སུ་སད་པའི་མཐུ་ལས། ཚེ་འདིར་གྲུབ་མཐའ་ལ་འཇུག་མ་མྱོང་ཡང༌། གྲུབ་མཐའ་ངན་པས་བཏགས་པའི་ཀུན་བཏགས་ཀྱི་སྣང་བ་ངེས་པར་འཆར་བས་སོ། །དེ་ཡང་དཔེར་ན་ཉོན་མོངས་པ་རྣམས་ཀྱི་ནང་ནས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་དང༌། ལྟ་བ་མཆོག་འཛིན་དང༌། ལོག་པར་ལྟ་བ་རྣམས་ནི་མཐའ་གཅིག་ཏུ་ཀུན་བཏགས་ཀྱི་ཉོན་མོངས་ཁོ་ནར་ངེས་ལ་འདོད་ཆགས་ཞེ་སྡང་ལ་སོགས་པའི་ཉོན་མོངས་གཞན་རྣམས་ལ་ནི། ཀུན་བརྟགས་དང་ལྷན་སྐྱེས་ཀྱི་ཉོན་མོངས་གཉིས་ཆར་གྱི་ཆ་ཡོད་པ་ཡིན། འོན་ཀྱང་དེ་གཉིས་རྫས་ཐ་དད་པ་མེད་པའི་ཕྱིར།སོ་སོའི་སྐྱེ་བོའི་ཤེས་རིག་གིས་དེ་གཉིས་ཀྱི་དབྱེ་བ་བྱེད་པ་ནི་མི་ནུས་སོ། །ཞེས་གསུངས་པ་ལ། དུད་འགྲོའི་རྒྱུད་ལ་ཀུན་བརྟགས་ཡོད་ཅེས་གསུངས་པ་ལ། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ནི་སེམས་རབ་ཏུ་མ་ཞི་བར་བྱེད་པ་ལྷན་སྐྱེས་སུ་གྱུར་པ་ཞེས་པའི་མཚན་ཉིད་ཅན་ཐ་ན་བྱ་དང་རི་དྭགས་ལ་སོགས་ལའང་ཡོད་པའི་རང་འཁྲུངས་འཁོར་བ་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའོ། །ཞེས་སྒོམ་སྤང་ལས་ཀུན་བཏགས་བྱ་དང་རི་དྭགས་སོགས་ཀྱི་རྒྱུད་ལ་ཡོད་པར་མ་བཤད་པས་དཔྱད། ཡང་ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། རྫས་གཅིག་ན་མཚུངས་ལྡན་གྱི་རྒྱུ་འབྲས་མ་ཡིན་པར་ཐལ་བའི་ཕྱིར་དང༌། སེམས་ཉོན་མོངས་པ་རྣམས་དང་ངོ་བོ་གཅིག་པ་ཡིན་ན་ངོ་བོ་ཉིད་ནི་སྤང་དུ་མི་རུང་བས་གཏན་རྣམ་པར་མི་འདག་པའི་ཡང་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་སེམས་དང་སེམས་ལས་བྱུང་བ་རྣམས་རྫས་ཐ་དད་དུ་གསུངས་སོ། །ཞེས་གསུངས་པས་ན་ཐེག་ཟིན་ལས། དེ་གཉིས་རྫས་ཐ་དད་མེད་ཅེས་གསུངས་པས་དགོངས་པ་འཚོལ་དགོས་སོ། །ཡང་ཀུན་བཏུས་ས་འགྲེལ་ལས། དགུ་པ་རིས་ཀྱིས་ཇི་ལྟ་བུ་ཞེ་ན། མདོར་བསྟན་ནི། ཉོན་མོངས་པའི་ཁྱད་པར་ཐམས་ཅད་སྡེའམ་རིས་ཀྱི་སྒོ་ནས་ཕྱེ་ན་རྣམ་པ་གཉིས་སུ་འདུ་བ་སྟེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ནི་སེམས་རབ་ཏུ་མ་ཞི་བར་བྱེད་པ་ཀུན་བརྟགས་སུ་གྱུར་པ་ཞེས་པའི་མཚན་ཉིད་ཅན། ཐོས་བསམ་ཕྱིན་ཅི་ལོག་ལས་བྱུང་བ་དང༌། སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ནི་སེམས་རབ་ཏུ་མ་ཞི་བར་བྱེད་པ་ལྷན་སྐྱེས་སུ་གྱུར་པ་ཞེས་པའི་མཚན་ཉིད་ཅན་ཐ་ན་བྱ་དང་རི་དྭགས་ལ་སོགས་ལའང་ཡོད་པའི་རང་འཁྲུངས་འཁོར་བ་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའོ། །ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། ཉོན་མོངས་པ་ལ་གཉེན་པོ་རིམ་གྱིས་ཕྱེ་ན་ཀུན་བརྟགས་ཀྱི་ཆ་རྣམས་མཐོང་བས་སྤང་བར་བྱ་བ་དང༌། ལྷན་སྐྱེས་ཀྱི་ཆ་རྣམས་སྒོམ་པས་སྤང་བར་བྱ་བ་གཉིས། ཞེས་གསུངས་པ་ལ། ཐེག་ཆེན་གྱིས་ཉོན་མོངས་ལྷན་སྐྱེས་རྣམས་མཐོང་ལམ་དུ་སྤངས་པར་གསུངས་པས་དཔྱད། ཡང་ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། དེ་དག་ཀྱང་གཙོ་ཆེར་ཐེག་པ་ཐུན་མོང་བའི་དབང་དུ་བྱས་པ་སྟེ། ཐེག་པ་ཆེན་པོའི་ལུགས་ལ་ནི་ཉོན་མོངས་པའི་སྒྲིབ་པ་རྣམས་མཐོང་སྤང་དང༌། ཤེས་བྱའི་སྒྲིབ་པ་རྣམས་སྒོམ་སྤང་ཞེས་ཀྱང་འཆད་པར་འགྱུར་རོ། །ཞེས་གསུངས་པའི་དགོངས་པ་ནི་གཙོ་ཆེ་བ་མཐོང་ལམ་གྱིས་ཉོན་སྒྲིབ་དང་སྒོམ་ལམ་གྱིས་ཤེས་སྒྲིབ་སྤང་བ་ལ་དགོངས་པ་ལས་མཐོང་ལམ་གྱི་སྤང་བྱ་ལ་ཤེས་སྒྲིབ་མེད་པ་མ་ཡིན་ཏེ། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། ཤེས་བྱའི་སྒྲིབ་པ་རྣམས་མཐོང་སྤང་དུ་མི་འཆད་པ་ནི། མཐོང་བས་སྤང་བྱའི་ཉོན་མོངས་རྣམས། །ཐམས་ཅད་ཡང་དག་ཟད་བྱས་ནས། །ཤེས་བྱའི་སྒྲིབ་པ་སྤང་བའི་ཕྱིར། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་ལྟར་ཐེག་ཆེན་པའི་ལུགས་ལ་མཐོང་ལམ་གྱིས་ཉོན་སྒྲིབ་དང་སྒོམ་ལམ་གྱིས་ཤེས་སྒྲིབ་གཙོ་ཆེར་སྤང་བ་ལ་དགོངས་པའོ། །ཞེས་གསུངས་སོ། །

གཉིས་པ་སྐབས་འདིར་ཡུམ་དང་རྒྱན་ལས་བསྟན་པའི་མོས་བསྔོ་སོགས་བཤད་པ་ལ།

མདོ་ལུགས་མ་ལྟར་མོས་པ་སྒོམ་ལམ་ཕན་ཡོན་དང་བཅས་པ་དང༌། བསྔོ་བ་དང༌། རྗེས་སུ་ཡི་རང་དང༌། སྒྲུབ་པ་སྒོམ་ལམ། རྣམ་དག་བཤད་པ་དང་ལྔ་ཡོད་པ་ལས།དང་པོ་ལ། མོས་པ་སྒོམ་ལམ་གྱི་ངོ་བོ་དང༌། དེའི་ཕན་ཡོན་བཤད་པ་དང་གཉིས། དང་པོ་ནི། རྩ་བར། མོས་པ་རང་གི་དོན་དང་ནི། །རང་གཞན་དོན་དང་གཞན་དོན་དང༌། །རྣམ་གསུམ་ཤེས་བྱ་དེ་ཡང་ནི། །ཆུང་དང་འབྲིང་དང་ཆེན་པོ་སྟེ། །སོ་སོར་རྣམ་པ་གསུམ་དུ་འདོད། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་གསུམ་དེ་ལྟར་ན། །རྣམ་པ་ཉི་ཤུ་རྩ་བདུན་འདོད། །ཅེས་གསུངས་སོ། །དེ་ལ་སྤྱི་དོན་དང༌། མཐའ་རགས་ཙམ་དཔྱད་པ་གཉིས།དང་པོ་ལ། མོས་པའི་རྒྱུ། ཡུལ། ངོ་བོ། གྲོགས། བྱེད་ལས། དབྱེ་བ། ས་མཚམས་དང་བདུན་ལས། དང་པོ་རྒྱུ་ནི། ལུང་རིགས་རྣམ་དག་གོ།

གཉིས་པ་མོས་ཡུལ།

གཉིས་པ་མོས་ཡུལ་ནི།

ཤེར་ཕྱིན་ཡིན་ཏེ། མདོ་ལུགས་མ་ལས། མདོ་འདི་རྣམས་ཀྱིས་ཤེར་ཕྱིན་ལ་མོས་པའི་རྟགས་ཤེར་ཕྱིན་ལ་བསྟོད་བཀུར་བསྔགས་པ། ཞེས་སོགས་གསུངས་པས་སོ། །མོས་ཡུལ་ལ་ཉ་ཊཱིཀ་ལས། ཡུམ་འདི་ལ་མོས་ཞེས་ཆོས་བཤེས་དང༌། གཞུང་ཤེར་ལ་ལྷག་པར་ཡིད་ཆེས་པ་ནི་མོས་པ་སྟེ་ཞེས་རད་ཀིར་རོ། །ཆོས་སྐུ་དང་དེ་སྟོན་པའི་ཤེར་ཕྱིན་གྱི་མདོ་ལ་འགྲེལ་ཆེན་གྱིས་དགོངས་སོ། །དག་ལྡན་དུ། གང་ལ་མོས་ཞེ་ན།མདོ་ལས་བསྟན་པའི་བཅོམ་ལྡན་འདས་མ་འབྲི་བ་དང་ཀློག་པ་ལ་སོགས་པ་དེའི་སྤྱོད་པ་དང་མེ་ཏོག་ལ་སོགས་པ་ནས་མར་མེའི་མཐར་ཐུག་པ་དེའི་མཆོད་པ་ལའོ། །ཞེས་སོ། །

གསུམ་པ་མོས་པ་སྒོམ་ལམ་གྱི་ངོ་བོའམ་མཚན་ཉིད།

གསུམ་པ་མོས་པ་སྒོམ་ལམ་གྱི་ངོ་བོའམ་མཚན་ཉིད་ནི།

ཡུམ་ཤེར་ཕྱིན་སོགས་ཡོན་ཏན་ཅན་དུ་ངེས་ཟིན་པའི་ཆོས་ལ་དམིགས་ནས་དེ་ཁོ་ན་ལྟར་ཡིན་པར་འཛིན་པའི་ཐེག་ཆེན་སྒོམ་ལམ་དེ། ཐེག་ཆེན་མོས་པ་སྒོམ་ལམ་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། དགེ་བ་གསོག་བྱེད་ཀྱི་ཐེག་ཆེན་སྒོམ་ལམ་མོས་པའི་མཚན་ཉིད། འཕགས་པའི་སྒོམ་ལམ་ཟག་བཅས་གང་ཞིག ཡུམ་ཤེར་ཕྱིན་ཡོན་ཏན་ཅན་ལ་ཡོན་ཏན་ཅན་དུ་ངེས་ནས་འཛིན་པ་སྟེ། ཞེས་དང༌། ངོ་བོ་ནི། ཟག་བཅས་ཀྱི་སྒོམ་ལམ་གང་ཞིག ཡུམ་ཡོན་ཏན་ཅན་དུ་ངེས་པར་བྱས་པའི་དངོས་པོ་ལ་དེ་ཁོ་ན་ལྟར་ངེས་པར་འཛིན་པའོ། །ཞེས་གསུངས་པའི་ཕྱིར་རོ། །ཡུལ་ངེས་ལྔའི་མོས་པ་ནི། ཀུན་བཏུས་ས་འགྲེལ་ལས། མོས་པ་གང་ཞེ་ན། ཐེ་ཚོམ་ཅན་ལ་མོས་པ་མེད་པས། དམིགས་ཡུལ་ལུང་དང་རིགས་པས་དཔྱད་ན་ཐེ་ཚོམ་མེད་པས་ངེས་པའི་དངོས་པོ་ལ་དམིགས་ནས། རྣམ་པ་སྟོང་ཉིད་དང་བདག་མེད་ལ་སོགས་པ་འདི་ནི་འདི་ཁོ་ན་བཞིན་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་ཇི་ལྟར་ངེས་པ་བཞིན་མཐའ་གཅིག་ཏུ་འཛིན་པ་སྟེ། དེ་གཅེས་སུ་བྱེད་པ་ནི་རང་གི་གྲུབ་མཐའ་ལས་མི་འཕྲོགས་ཤིང་ཕས་རྒོལ་གྱིས་གཞན་དུ་དྲང་བར་མི་ནུས་པ་ཉིད་ཀྱི་ལས་ཅན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

བཞི་པ་གྲོགས།

བཞི་པ་གྲོགས་ནི།

ཤེས་རབ་དང་སེམས་པ་ལ་སོགས་པའོ། ། ལྔ་བ་བྱེད་ལས་ནི། སོམ་ཉི་བཟློག་པ་སྟེ།རང་གི་གྲུབ་མཐའ་ལས་གཞན་གྱིས་འཕྲོག་པར་མི་ནུས་པས་སོ། ། དྲུག་པ་དབྱེ་བ་ནི། སྒོམ་ལམ་མོས་པ་དབྱེ་གཞི། དབྱེ་བ་ནི། དེ་ལ་མོ༷ས་པ༷་ར༷ང་གི༷་དོ༷ན་ད༷ང་ནི༷་ར༷ང་གཞ༷ན་དོ༷ན་དེ་གཉིས་དོན་ད༷ང༌། གཞ༷ན་དོ༷ན་ད༷ང་རྣ༷མ་པ་གསུ༷མ་དུ་ཤེ༷ས་པར་བྱ༷་ཞིང་གསུམ་པོ་དེ༷་རེ་རེ་ཡ༷ང་ནི༷་ཆུ༷ང་ད༷ང་འབྲི༷ང་ད༷ང་ཆེ༷ན་པོ༷་གསུམ་གསུམ་དུ་ཕྱེ་སྟེ༷་སོ༷་སོ༷ར་རྣ༷མ་པ༷་གསུ༷མ་གསུམ་དུ་འདོ༷ད་དོ། །ཆུ༷ང་ངུ་ལ་ཡང་ཆུ༷ང་ངུ༷འི་ཆུ༷ང་ངུ་དང༌། ཆུང་ངུའི་འབྲིང་དང༌། ཆུང་ངུ་ཆེན་པོ་དང༌། འབྲིང་པོའི་ཆུང་ངུ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་ཆེན་པོ་དང༌། ཆེན་པོའི་ཆུང་ངུ་ལ་སོ༷གས་པར་དབྱེ༷་བ༷་ཡི༷ས། ཆུང་ངུ་ལ་སོགས་དེ༷་ཡ༷ང་སོ་སོར་རྣ༷མ་པ་གསུ༷མ་གསུམ་དུ་ཕྱེ་བ་སྟེ་དེ༷་ལྟ༷་ན༷་རང་དོན་དགུ་དང་གཉིས་དོན་དགུ་དང༌། གཞན་དོན་དགུ་སྟེ། བསྡོམས་པས་རྣ༷མ་པ༷་ཉི༷་ཤུ༷་རྩ༷་བདུ༷ན་འདོ༷ད་དོ། །

བདུན་པ་ས་མཚམས།

བདུན་པ་ས་མཚམས་ནི།

སྤྱིར་མོས་པ་ཙམ་ལམ་མ་ཞུགས་སོགས་ན་ཡོད་ཀྱང་མོས་པ་སྒོམ་ལམ་ནི། སྒོམ་ལམ་ཐོབ་མ་ཐག་ནས་རྒྱུན་མཐའི་བར་དུ་ཡོད་དེ། ཉ་ཊཱིཀ་ལས། ཚོགས་སྦྱོར་མཐོང་ལམ་གྱི་སྐབས་རྣམས་ནའང་ཅི་རིགས་པར་ཡོད་པ་ཡིན་ན་ཡང༌། སྐབས་འདིར་བཤད་མོས་པ་ནི། དེ་དག་ན་མེད་དེ། འཕགས་པའི་སྒོམ་པའི་ལམ་གྱི་དབང་དུ་བྱས་པའི་ལམ་ཡིན་པ་ལས་ཏེ་དེའི་ཕྱིར། ཞེས་གསུངས་པས་སོ། །མོས་པའི་དབྱེ་བ་སོགས་དོན་ཚན་དྲུག་གི་སྒོ་ནས་དབུ་མ་མདོ་སྡེ་རྒྱན་ལེའུ་བཅུ་གཅིག་པ་ཡོངས་སུ་ཚོལ་བའི་ལེའུ་ལས་བཤད་པ་ལྟར་ཤེས་པར་བྱའོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཁ་ཅིག་མོས་པ་སྒོམ་ལམ་དང་བསྔོ་བ་སྒོམ་ལམ་རྗེས་སུ་ཡི་རང་སྒོམ་ལམ་གསུམ་ལ་ཟག་བཅས་དགོས་པར་ཐལ། ཉ་ཊཱིཀ་ལས། དགེ་བ་གསོག་བྱེད་ཀྱི་ཐེག་ཆེན་སྒོམ་ལམ་མོས་པའི་མཚན་ཉིད། འཕགས་པའི་སྒོམ་ལམ་ཟག་བཅས་གང་ཞིག ཡུམ་ཤེར་ཕྱིན་ཡོན་ཏན་ཅན་ལ་ཡོན་ཏན་ཅན་དུ་ངེས་ནས་འཛིན་པ་སྟེ། ཞེས་སོགས་ཀྱིས་མོས་བསྔོ་སོགས་ཀྱི་མཚན་ཉིད་ཀྱི་ཟུར་ལ་ཟག་བཅས་སྒོམ་ལམ་ཞེས་བཤད་པ་དང༌། དེ་ལས། གཟུང་འཛིན་དུ་སྣང་བའི་རྟོག་པའི་ཟག་བཅས་དང་དེ་མེད་པ་ཟག་པ་མེད་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་དག་ལ་ཟག་བཅས་དགོས་པ་མི་རིགས་ཏེ། མདོ་ལུགས་མ་ལས། མོས་བསྔོ་དང་རྗེས་སུ་ཡི་རང་འདི་དག་ཟག་བཅས་སུ་འཆད་པ་ནི་མདོ་དང་འགལ་ཞིང་ཟག་བཅས་བཏགས་པ་པར་བཤད་པ་ལ་ཡང་དགོས་པ་མེད་དོ། །མདོ་ལས་མོས་སོགས་འདི་དག་ཟག་པ་མེད་པ་དང༌། མཚན་མ་མེད་པ་དང༌། དམིགས་པ་མེད་པ་དང༌། ཁམས་གསུམ་ལས་འདས་པར་གསུངས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་དག་གི་མཚན་ཉིད་ཀྱི་ཟུར་གྱི་ཟག་བཅས་དང་སྤྱིར་ཟག་བཅས་འདྲ་བ་ཡིན་མིན་དང༌། དེ་དག་ལ་གཟུང་འཛིན་དུ་སྣང་བའི་རྟོག་པས་ཁྱབ་པ་ཡོད་མེད་དང༌། དེ་དག་མཉམ་བཞག་ན་ཡོད་མེད་དང༌། མོས་པ་སྒོམ་ལམ་གྱི་ཡུལ་ལ་ཡུམ་གྱི་ཁྱབ་པ་ཡོད་མེད་རྣམས་ལེགས་པར་དཔྱད་པར་བྱའོ། །ཡང་ཉ་ཊཱིཀ་ལས། དབྱེ་ངོ་ནི། རང་དོན་དངོས་སུ་སྒྲུབ་ཅིང་གཞན་དོན་ཆེད་དུ་བྱ་བས་བསྒྲུབ་པའི་སྒོམ་ལམ་ཟག་བཅས་རང་གི་དོན་གྱི་མོས་པ་དང༌། གཉིས་དོན་སྦྱོར་བ་བར་བཅས་སུ་བསྒྲུབ་པའི་སྒོམ་ལམ་ཟག་བཅས་རང་གཞན་གཉིས་ཀའི་དོན་གྱི་མོས་པ། གཞན་དོན་ཁོ་ན་སྦྱོར་བ་བར་མེད་དུ་བསྒྲུབ་པའི་སྒོམ་ལམ་ཟག་བཅས་གཞན་དོན་མོས་པ་དང་རྣམ་པ་གསུམ་དུ་ཤེས་པར་བྱའོ། །ཞེས་གསུངས་པའི་སྒོ་ནས་མོས་པ་སྒོམ་ལམ་ལ་གཞན་དོན་ཁོ་ན་ལ་སྦྱོར་བས་ཁྱབ་པ་ཡོད་མེད་དང༌། གཉིས་དོན་མོས་པ་ལ་སྦྱོར་བ་བར་བཅས་དང༌། གཞན་དོན་མོས་པ་ལ་བར་མེད་དུ་བསྒྲུབ་པས་ཁྱབ་པ་ཡོད་མེད་དཔྱད་དགོས་སོ། །ཡང་མོས་པ་སྒོམ་ལམ་གྱི་ཕན་ཡོན་སྟོན་བྱེད་ལས་མོས་པ་སྒོམ་ལམ་སྟོན་བྱེད་ཀྱི་མདོ་ལོགས་སུ་མེད་པར་ཐལ། མདོ་ལུགས་མ་ལས། ཤེར་ཕྱིན་ལ་བསྟོད་བཀུར་བསྔགས་པ་ལས་མོས་པ་སྟོན་པའི་མདོ་གུད་དུ་བཙལ་པར་མི་བྱ་སྟེ། གང་དང་གང་ལ་མོས་པ་ནི་སེམས་ཀྱི་འགྱུ་བ་ཡིན་པས་དེ་དང་དེ་བསྟོད་སོགས་ཀྱི་སྒོ་ནས་དེ་དང་དེ་ལ་མོས་པར་གཞན་གྱིས་ཤེས་དགོས་པའི་ཕྱིར་རོ། །དཔེར་ན་འཇིག་རྟེན་ན་ཡང་བསྟོད་ར་དང་བཀུར་སྟི་ལ་སོགས་པའི་སྒོ་ནས་མོས་གུས་ཆེ་ཆུང་གཞན་གྱིས་རིག་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དེ་ལ་དཔྱད་པར་བྱ་བ་འདི་ཡོད་དེ། ཆོས་རྗེ་ཀུན་མཁྱེན་གྱི་སྟོང་ཕྲག་ཉི་ཤུ་ལྔ་བའི་བཤད་པ་ལས། རང་གི་དོན་གྱི་མོས་པ་ཆུང་ངུའི་ཆུང་ངུ་ནི། བརྒྱ་བྱིན་གྱིས་གསོལ་པ། ཞེས་པ་ནས། བྱེ་བྲག་མི་དམིགས་སོ། །དེ་རྣམས་ཀྱིས་ནི་མོས་པ་དང༌། ཞེས་དོན་དྲུག་པ་གསུང་ཟིན་ཏོ། །ཞེས་དང༌། བསྟོད་པ་དང་པོ་ནི། ཞེས་པ་ནས། ལེའུ་སྟེ་ཉི་ཤུ་གསུམ་པའོ། །དེ་རྣམས་ཀྱིས་ནི། བསྟོད་དང་བཀུར་དང་བསྔགས་པ་དང༌། །ཞེས་པ་དོན་བདུན་པ་བཤད་ཟིན་ཏོ། །ཞེས་གསུངས་པའི་ཕྱིར་ཟེར་ན། ལུང་སྔ་མའི་དོན་ནི། བསྟོད་བཀུར་བསྔགས་པ་ལས་མོས་པ་གོ་བྱེད་ལ་སྐབས་འདིར་རྟགས་གཞན་སྟོན་པའི་མདོ་མེད་པའི་དོན་ཡིན་པར་སྣང་ངོ༌། །

གཉིས་པ་མོས་པ་སྒོམ་ལམ་གྱི་ཕན་ཡོན་བཤད་པ།

གཉིས་པ་མོས་པ་སྒོམ་ལམ་གྱི་ཕན་ཡོན་བཤད་པ་ལ།

རྩ་བར། མོས་པའི་གནས་སྐབས་རྣམས་ལ་ནི། །ཤེས་རབ་ཕ་རོལ་ཕྱིན་པ་ལ། །དགུ་ཚན་གསུམ་གྱིས་བསྟོད་པ་དང༌། །བཀུར་བ་དང་ནི་བསྔགས་པར་འདོད། །ཅེས་གསུངས་སོ། །དེ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ།དང་པོ་མཚན་ཉིད་ནི། དོན་གསུམ་པོ་ཅི་རིགས་ལ་མོས་པའི་ཆེ་བའི་ཡོན་ཏན་ཇི་ལྟ་བ་བཞིན་རྟོགས་ནས་སངས་རྒྱས་སོགས་ཐུགས་དགྱེས་པའམ་མོས་པ་སྒོམ་ལམ་ལ་བརྟེན་ནས་དེའི་ཡོན་ཏན་བརྗོད་པ་གང་རུང་དེ། ཐེག་ཆེན་མོས་པ་སྒོམ་ལམ་གྱི་ཕན་ཡོན་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། དེའི་ཕན་ཡོན་ནམ་འབྲས་བུ་བསྟོད་པའི་མཚན་ཉིད། སྒོམ་ལམ་རང་དོན་མོས་པའི་ཆེ་བའི་ཡོན་ཏན་ཇི་ལྟ་བ་བཞིན་རྟོགས་ནས་སངས་རྒྱས་ལ་སོགས་པ་ཐུགས་དགེས་པའི་གནས་སྐབས་སམ། རྟོགས་ནས་སངས་རྒྱས་ལ་སོགས་པས་སྟོན་པའི་ངག་གི་རིག་བྱེད་གང་ཡང་རུང་བའོ། །སྒོམ་ལམ་མོས་པའི་ཕན་ཡོན་བཀུར་བའི་མཚན་ཉིད། སྒོམ་ལམ་གཉིས་དོན་མོས་པའི་ཆེ་བ་ཞེས་སོགས། སྒོམ་ལམ་མོས་པའི་ཕན་ཡོན་བསྔགས་པའི་མཚན་ཉིད། སྒོམ་ལམ་གཞན་དོན་མོས་པའི་ཞེས་སོགས་དགོད་དོ། །ཞེས་གསུངས་པས་སོ། །

གཉིས་པ་དབྱེ་བ་ནི།

རང་དོན་མོ༷ས་པ༷འི་གན༷ས་སྐ༷བས་དགུ་པོ་རྣ༷མས་ལ༷་ནི༷་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་དགུ༷་ཚ༷ན་གཅིག་དང༌། དོན་གཉིས་མོས་པའི་གནས་སྐབས་དགུ་པོ་རྣམས་ལ་ནི་ཤེས་རབ་ཕ་རོལ་ཕྱིན་པ་ལ་བཀུར་བ་དགུ་ཚན་གཅིག་དང༌། གཞན་དོན་མོས་པའི་གནས་སྐབས་དགུ་པོ་རྣམས་ལ་བསྔགས་པ་དགུ་ཚན་གཅིག་སྟེ། དེ་ལྟར་ན་ཤེས་རབ་ཕ་རོལ་ཕྱིན་པ་ལ་དགུ་ཚན་གསུ༷མ་གྱི༷ས་བསྟོ༷ད་པ༷་ད༷ང་བཀུ༷ར་བ༷་ད༷ང་བསྔ༷གས་པ༷ར་འདོ༷ད་ཅིང་བསྟོད་དོ། །

གསུམ་པ་ས་མཚམས།

གསུམ་པ་ས་མཚམས་ནི།

ཐེག་ཆེན་སྒོམ་ལམ་ཐོབ་པའི་སྐད་ཅིག་གཉིས་པའི་དུས་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་དོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཉ་ཊཱིཀ་ལས། རྩ་བ་ལ། ཤེར་པ་ལ་མོས་པའི་གནས་སྐབས་རང་དོན་མོས་པ་དགུ་བོ་རྣམས་ལ་བསྟོད་པ་ཙམ་དགུ། གཉིས་དོན་མོས་པ་དགུ་ལ་བཀུར་བ་ཙམ་དགུ། གཞན་དོན་མོས་པ་དགུ་ལ་བསྔགས་པ་ཙམ་དགུ་སྟེ་དགུ་ཚན་གསུམ་གྱིས་བསྟོད་བཀུར་བསྔགས་པ་བྱས་པར་མདོ་ལས་འདོད་དེ་བཤད་དོ། །ཞེས་བསྟོད་པ་རང་དོན་གནས་སྐབས་དང་བཀུར་བ་གཉིས་དོན་མོས་པའི་གནས་སྐབས་དང་བསྔགས་པ་གཞན་དོན་མོས་པའི་གནས་སྐབས་ལ་བཞག་པ་མི་འཐད་པར་ཐལ། རད་ཀིར་གྱིས་བསྟོད་པ་ཆུང་འབྲིང་ཆེ་གསུམ་ལ་བསྟོད་བཀུར་བསྔགས་གསུམ་བཞག་པ་དེའི་སྒོ་ནས་ཉ་ཊཱིཀ་ལས་བཅོམ་རལ་སོགས་ཀྱི་འདོད་པ་དགག་ཚུལ་ཡོད་པའི་ཕྱིར་ཏེ། ཉ་ཊཱིཀ་ལས། བསྟོད་བཀུར་བསྔགས་གསུམ་རྟོག་པ་ཡིན་གྱི་སྒྲ་ཡིན་པ་མི་སྲིད་ཅེས་བཅོམ་རལ་སོགས་འཆད་དོ། །དེའི་དགོངས་པ་དེ་མིན་ཏེ་སྒྲར་གཏོགས་པ་ཞེས་པ་བརྗོད་བྱ་དོན་ལ་མེད་པའི་སྒྲ་ཙམ་དུ་འགྱུར་ཞེས་པར་དགོངས་སོ། །དེས་ན་ཡོན་ཏན་ཇི་ལྟ་བ་བཞིན་རྟོགས་ནས་སྟོན་པའི་ངག་ཚིག་གི་རིག་བྱེད་ཀྱང་བསྟོད་བཀུར་སོགས་ཡིན་ཏེ། ཨཱརྱས་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་པས་བསྔགས་པའི་དོན་གསལ་བར་བྱེད་དོ། །ཞེས་དང༌། རད་ཀིར་གྱིས། བསྟོད་པ་ནི་བསྟོད་པ་ཙམ་མོ། །བཀུར་བ་ནི་འབྲིང་དུ་བསྟོད་པའོ། །བསྔགས་པ་ནི་ཆེར་བསྟོད་པའོ། །ཞེས་དང༌། གསེར་གྱིས་ཀྱང་ཆུང་འབྲིང་ཆེན་པོ་བཤད་དོ། །སངས་རྒྱས་ཐུགས་དགེས་པ་ཁོ་ན་བསྟོད་སོགས་ཡིན་ན་བསྟོད་སོགས་ལ་ཆུང་འབྲིང་ཆེན་པོ་མི་འཐད་དེ། སངས་རྒྱས་ཐུགས་དགེས་པའི་རྟོགས་པ་ལ་ཆེ་ཆུང་སོགས་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །ས་མཚམས་ལ། ཕར་ཕྱིན་བསྡུས་དོན་ལས། དེའི་ཕན་ཡོན་ནི། མོས་པའི་ཡོན་ཏན་གྱི་ཆེ་བ་ཇི་ལྟ་བ་བཞིན་རྟོགས་པའམ་རྟོགས་ནས་བརྗོད་པའི་ངག་དེ་ལ་ཡང་ཉེར་བདུན། ས་མཚམས་གཉིས་པ་ཡན་ཆད་ནའོ། །ཞེས་གསུངས་པ་མི་འཐད་པར་ཐལ། གོང་དུ་བཤད་པ་ལྟར་ས་དང་པོའི་སྒོམ་ལམ་ཡོད་པས་མོས་པ་སྒོམ་ལམ་གྱི་ཕན་ཡོན་ས་དང་པོ་ཡོད་པ་ལ་གནོད་བྱེད་མེད་ཅིང་སྒྲུབ་བྱེད་ཡོད་པའི་ཕྱིར། ཡང་བྱང་སེམས་ཚོགས་སྦྱོར་བས་མོས་པའི་ཆེ་བའི་ཡོན་ཏན་ཇི་ལྟ་བ་བཞིན་རྟོགས་ནས་ཐུགས་དགེས་པ་དང་དེའི་ཡོན་ཏན་བརྗོད་པ་ཡོད་ན་མོས་པ་སྒོམ་ལམ་གྱི་ཕན་ཡོན་ཡོད་དགོས་པ་ཡིན་མིན་དཔྱད་པར་བྱའོ། །

གཉིས་པ་བསྔོ་བ་སྒོམ་ལམ་བཤད་པ།

གཉིས་པ་བསྔོ་བ་སྒོམ་ལམ་བཤད་པ་ལ།

རྩ་བར། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །ཞེས་པ་ནས། བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །ཞེས་སོ། །དེ་ལ་བསྔོ་བ་སྒོམ་ལམ་བཤད་པ་ལ་སྤྱི་དོན་དང༌། མཐའ་རགས་ཙམ་དཔྱད་པ་དང་གཉིས། སྤྱིར་ཐེག་ཆེན་གྱི་བསྔོ་རྒྱུ། བསྔོ་ས། ཆེད་དུ་བྱ་བ། བློའི་རྣམ་པ། རང་བཞིན་ནམ་མཚན་ཉིད་བསྟན་པ། དབྱེ་པ་བཤད་པ་དང་དྲུག །དང་པོ་བསྔོ་རྒྱུ་ནི། འདུས་བྱས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཡིན་ཏེ། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བའི་ལེའུར། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །ཅེས་གསུངས་པ་ལྟར་རོ། །བསྔོ་བ་འགྲུབ་པའི་རྐྱེན་ནི། སྡོམ་པ་དང་ལྡན་པས་བདེན་པའི་སྟོབས་བརྗོད་པ་སྟེ། ལུང་ལས། ཚུལ་ཁྲིམས་ལྡན་པ་སྨོན་པས་འགྲུབ། །ཅེས་གསུངས་སོ། །

གཉིས་པ་བསྔོ་བ།

གཉིས་པ་བསྔོ་བ་ནི།

ཉན་རང་སོགས་སུ་མིན་གྱི་རྣམ་མཁྱེན་དུ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་བསྔོར་མི་འཇུག་པའོ། །ཞེས་མདོ་ལས་སོ། །ཞེས་ཉ་ཊཱིཀ་ལས་གསུངས་སོ། ། གསུམ་པ་ཆེད་དུ་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྟེ། རིགས་པ་དྲུག་ཅུ་བའི་བསྔོ་བར། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོ། །

བཞི་བ་བློའི་རྣམ་པ།

བཞི་བ་བློའི་རྣམ་པ་ནི།

ཀུན་རྫོབ་ཏུ་ཡན་ལག་བདུན་ལྡན་དུ་སྣང་ཆ་རྒྱ་ཆེན་པོ་དང་བཅས་པས་དགེ་བ་འདིས་བདག་གཞན་གྱི་སངས་རྒྱས་ཐོབ་པར་གྱུར་ཅིག་པའི་འདུན་པ་དང་བཅས་པ་སྟེ། འཇམ་དཔལ་གྱི་ཞིང་བཀོད་དུ། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གི་སྨོན་ལམ་ཅི་བཏབ་པ། །འབྲས་བུའང་དེ་འདྲ་ཉིད་དུ་འགྱུར། །ཞེས་སོ། །དོན་དམ་པར་ཅིར་ཡང་མ་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྔོན་གྱི་སངས་རྒྱས་བྱང་སེམས་ཀྱིས་ཇི་ལྟར་བསྔོས་པ་བཞིན་བསྔོ་བ་སྟེ། བཟང་སྤྱོད་ལས། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་བོ་དེ་ཡང་དེ་བཞིན་ཏེ། །ཞེས་སོགས་དང༌། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །ཞེས་སོགས་ལྟར་ཏེ། བསླབ་བཏུས་སུ། བཟང་སྤྱོད་སྨོན་ལམ་གྱི་མཆོག་ཡིན་ལ་དེའི་ནང་ནས་བྱང་སེམས་ལྟར་བསྔོ་བ་དང་སངས་རྒྱས་ལྟར་བསྔོ་བ་དེ་གཉིས་མཆོག་ཡིན་པར་བཤད་དོ། །

ལྔ་བ་ཐེག་ཆེན་བསྔོ་བའི་རང་བཞིན་ནམ་མཚན་ཉིད་བསྟན་པ།

ལྔ་བ་ཐེག་ཆེན་བསྔོ་བའི་རང་བཞིན་ནམ་མཚན་ཉིད་བསྟན་པ་ནི།

གཞན་དོན་དུ་དགེ་བ་རྣམས་སངས་རྒྱས་མ་ཐོབ་བར་དུ་མི་ཟད་པར་སངས་རྒྱས་ཀྱི་རྒྱུར་སྟོབ་པའི་དགེ་བ་སྟེ། མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང༌། །རྒྱ་མཚོ་མ་ཟད་པར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཕྱིར་བསྔོས་དགེ་བ་ཡང༌། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་སོ། །མཚོན་བྱའི་སྒྲ་བཤད་ནི། བ་རི་ཎ་ཏ་ཞེས་པ་ཡོངས་སུ་བསྒྱུར་བ་སྟེ་དགེ་བ་ཐམས་ཅད་རྫོགས་བྱང་གི་རྒྱུར་བསྒྱུར་བས་བསྔོ་བའོ། །དགེ་རྩ་གཞན་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ཕྱིར་དུ་སྟོབ་པའི་ཐེག་ཆེན་སྒོམ་ལམ་དེ། ཐེག་ཆེན་བསྔོ་བ་སྒོམ་ལམ་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། དགེ་བ་མི་ཟད་པར་བྱེད་པའི་ཐེག་ཆེན་འཕགས་པའི་སྒོམ་ལམ་བསྔོ་བ་ཡིད་ལ་བྱེད་པའི་མཚན་ཉིད། ཟུར་དང་བོ་འདྲ། དགེ་བ་རྣམས་གཞན་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་སྟོབ་པའོ། །ཞེས་གསུངས་པས་སོ། །ས་མཚམས་ཐེག་ཆེན་མོས་པ་སྒོམ་ལམ་དང་འདྲའོ། །

དྲུག་པ་དབྱེ་བ་ནི།

ཆུ༷ང་ད༷ང་འབྲི༷ང་ད༷ང་ཆེ༷ན་པོ༷འི༷་རང་བཞིན་གསུམ་དུ་ཕྱེ་བའི་བསྔོ༷་བ༷་གཞ༷ན་ནམ་མཆོག་གི་རྣ༷མ་པ་གསུ༷མ་པོ༷་དེ་བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་དོ། །ཞེས་མདོ་ལུགས་མ་ལས་སོ། །སྐབས་འདིར་མདོ་ལུགས་མ་ལས་རྩ་བའི་དོན་བདུན་གྱིས་གཏན་ལ་ཕབ་སྟེ། མདོ་ལུགས་མ་ལས། འདི་ཉིད་རྣམ་པ་བདུན་གྱིས་གཏན་ལ་འབེབས་པ་ལ། བསྔོ་བའི་ངོ་བོ་ནི་གང༌། བྱེད་པ་ནི་གང༌། རྣམ་པ་ནི་གང༌། མཚན་ཉིད་ནི་གང༌། དུག་མེད་ཅིང་བདུད་རྩིའི་མཆོག་ཏུ་གྱུར་པའི་བསྔོ་ཚུལ་ནི་གང༌། ཁམས་གསུམ་ལས་འདས་པའི་ཚུལ་ནི་གང༌། བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་ནི་གང་ཞེ་ན། བྱང་ཆུབ་སེམས་དཔའི་བསྔོ་བ་འདིའི་ངོ་བོ་ཁྱད་པར་གྱི་ཆོས་གསུམ་གྱིས་ཉན་རང་གི་བསྔོ་བ་ལས་ཡོངས་སུ་བསྔོ་བའི་ངོ་བོ་ཁྱད་པར་ཅན་ཡིན་ཏེ། ཉན་རང་གི་བསྔོ་བ་ནི། རང་གཅིག་པུ་མྱ་ངན་ལས་འདའ་བའི་ཕྱིར་དམིགས་པའི་ཚུལ་གྱི་ཉེ་བར་གནས་པ་ཙམ་དུ་ཟད་ལ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་མྱ་ངན་ལས་འདའ་བའི་ཕྱིར་དང༌། མི་དམིགས་པའི་ཚུལ་གྱིས་དང༌། བླ་མེད་བྱང་ཆུབ་ཏུ་བསྔོ་བ་དེས་ནི། ཡོངས་སུ་བསྔོ་པའི་ངོ་བོ་ནི་ཁྱད་པར་ཅན་ཡིན་ནོ། །བསྔོ་བ་དེའི་བྱེད་པ་ནི། མཆོག་སངས་རྒྱས་ཐོབ་པར་བྱེད་པ་ཡིན་ནོ། །བསྔོ་བ་དེ་ནི་དམིགས་པ་མེད་པའི་རྣམ་པ་ཅན་ནོ། །འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་མ་ལོག་པ་ནི་བསྔོ་བ་དེའི་མཚན་ཉིད་དོ། །བསྔོ་བྱའི་བསོད་ནམས་དེ་དངོས་པོ་ཐམས་ཅད་ཀྱིས་དབེན་པར་ཤེས་པའི་ཚུལ་དང༌། ཞེས་པ་ནས། སངས་རྒྱས་ཀྱི་དགེ་བ་དེ་དག་གི་རང་བཞིན་ཇི་ལྟར་ཐུགས་སུ་ཆུད་པ་དེ་ལྟར་བསྔོས་པ་ནི་སངས་རྒྱས་ཀྱིས་རྗེས་སུ་ཡི་རང་བའི་ཚུལ་གྱིས་བསྔོས་པ་སྟེ། ཚུལ་དེ་ལྟར་བསྔོ་བ་ནི། དུག་མེད་ཅིང་བདུད་རྩིར་འགྱུར་བའི་བསྔོ་ཚུལ་ལོ། །ཁམས་གསུམ་དང་དུས་གསུམ་དུ་མ་གཏོགས་པའི་གཟུགས་སོགས་ཆོས་ཐམས་ཅད་རང་བཞིན་མེད་པས་དངོས་པོ་མེད་པ་ནི་དངོས་པོ་མེད་པས་དམིགས་པའི་ཚུལ་གྱིས་བསྔོ་བར་མི་ནུས་སོ། །ཞེས་བྱ་བར་ཤེས་ན། བསྔོ་བ་དུག་མེད་ཅིང་བདུད་རྩིའི་མཐར་ཕྱིན་པར་འགྱུར་བ་ནི་ཁམས་གསུམ་ལས་འདས་པའི་ཚུལ་ལོ། །བསྔོ་བ་ཁྱད་པར་ཅན་དེ་ཉིད་དོ། ། ཆུང་འབྲིང་ཆེ་གསུམ་དུ་ཕྱེས་ནས་བསོད་ནམས་ཆེན་པོ་འབྱུང་བ་ནི། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་དགེ་བ་བཅུ་བསམ་གཏན་ཚད་མེད་གཟུགས་མེད་མངོན་ཤེས་ཐོབ་པ་ལས་བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་ཆགས་པ་མེད་པའི་བསྔོ་བ་ཆུང་ངུ་དང༌། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཉན་རང་འཕགས་པར་གྱུར་པ་ལ།གང་ཟག་ལ་ལས་ནམ་འཚོའི་བར་དུ་ཆོས་གོས་བསོད་སྙོམས་མལ་ཆ་ནད་ཀྱི་རྐྱེན་རྩི་སྟེ་རྐྱེན་བཞིས་མཆོད་པ་ལས་བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་ནི་ཆགས་པ་མེད་པའི་བསྔོ་བ་འབྲིང་དང༌། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔར་གྱུར་པ་ལ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་རེ་རེ་ལ་ཡང་རྐྱེན་བཞིས་མཆོད་པ་ལས་ཀྱང་བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་ནི་ཆགས་པ་མེད་པའི་བསྔོ་བ་ཆེན་པོ་སྟེ། དེ་ལྟར་ན་ཆུང་དང་འབྲིང་ཆེན་པོའི་རང་བཞིན་གསུམ་དུ་ཕྱེ་བའི་བསྔོ་བ་གཞན་ནམ་མཆོག་གི་རྣམ་པ་གསུམ་པོ་དེ་བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་དོ། །ཞེས་གསུངས་པས་སོ། །བླ་མེད་བྱང་ཆུབ་ཏུ་བསྔོས་པའི་དགེ་རྩ་འབྲས་བུ་འབྱུང་བས་མི་ཟད་པ་ནི། ཉ་ཊཱིཀ་ལས། མི་ཟད་པའི་རྒྱུ་མཚན་ནི། སེམས་ཅན་མཐའ་མེད་པ་དང་སངས་རྒྱས་མཁྱེན་པ་དང་ཡོན་ཏན་མཐའ་མེད་པའི་ཆེད་དུ་བསྔོས་པས་ཏེ། ཟླ་གྲགས་ཀྱིས།སེམས་ཅན་རྣམས་མཐའ་ཡས་ཕྱིར་དང༌། །སངས་རྒྱས་མཁྱེན་པ་ཚད་མེད་དང༌། །དེར་ནི་ཡོངས་སུ་བསྔོས་པའི་ཕྱིར། །བསོད་ནམས་དེ་ནི་མཐའ་ཡས་འགྱུར། །ཞེས་གསུངས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང༌། །རྒྱ་མཚོ་མ་ཟད་པར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཕྱིར་བསྔོས་དགེ་བ་ཡང༌། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་གསུངས་པ་ལ། འོ་ན་བྱང་ཆུབ་ཏུ་བསྔོས་པའི་དགེ་རྩ་ཁོང་ཁྲོས་བཅོམ་པ་མེད་པར་ཐལ། དེ་འདྲའི་དགེ་རྩ་བྱང་ཆུབ་མ་ཐོབ་པར་དུ་མི་འཛད་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། བྱང་སེམས་ཀྱི་རྒྱུད་ཀྱི་དགེ་རྩ་བཅོམ་པ་ཡོད་པའི་ཕྱིར། དེར་ཐལ། སྡུད་པ་ལས། ལུང་བསྟན་མ་ཐོབ་བྱང་ཆུབ་སེམས་དཔའ་གང་ཞིག་གིས །ལུང་བསྟན་ཐོབ་ལ་སེམས་ཁྲོས་རྩོད་པ་རྩོམ་བྱེད་པ། །ཐ་བ་སྐྱོན་ལྡན་སེམས་ཀྱི་སྐད་ཅིག་ཇི་སྙེད་པ། །དེ་སྙེད་བསྐལ་བར་གཞི་ནས་གོ་ཆ་བགོ་དགོས་སོ། །ཞེས་དང༌། བྱམས་པ་སེངྒེའི་སྒྲའི་མདོ་ལས། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ཅིག་ཤོས་གནོད་སེམས་དང་ཐ་བ་དང་སྡང་བའི་སེམས་ཇི་སྙེད་དུ་བསྐྱེད་པ་དེ་སྙེད་ཀྱི་བསྐལ་བར་གོ་ཆ་གཟོད་བགོ་དགོས་སོ། །ཞེས་དང༌། སྤྱོད་འཇུག་ལས། བསྐལ་བ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང༌། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་དང༌། དཔལ་ལྡན་ཟླ་བས། སྦྱིན་སོགས་དགེ་བ་བསྐལ་བ་བརྒྱ། །བསགས་པ་སྐད་ཅིག་གིས་འཇོམས་དེ་ཡི་ཕྱིར། །མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན། །ཞེས་དང༌། ནམ་སྙིང་གི་མདོ་ལས། རྩ་བའི་ལྟུང་བ་དེ་དག་གིས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཐལ་བར་བརླག་སྟེ་ཕམ་པར་འགྱུར་རོ། །ཞེས་གསུངས་སོ། །ཁྲོ་ཡུལ་གྱི་ཆེ་ཆུང་དང་ཁྲོ་སེམས་ཆེ་ཆུང་གི་དབང་གིས་དགེ་རྩ་བཅོམ་ཚུལ་ཡང་སྣ་ཚོགས་ཡོད་ཀྱང་འདིར་ཚིག་མང་དུ་དོགས་ནས་མ་སྤྲོས་སོ། །དེས་ན་གོང་གི་ལུང་གི་དོན་ནི། ཁོང་ཁྲོ་སོགས་ཀྱིས་རྫོགས་བྱང་དུ་བསྔོས་ཟིན་པའི་དགེ་རྩ་བཅོམ་པ་ཡོད་ཀྱང་འབྲས་བུ་བྱུང་ནས་བྱང་ཆུབ་མ་ཐོབ་བར་དུ་ནུས་པ་མི་ཟད་པ་ལ་དགོངས་པ་འདྲའོ། །ཚིག་གི་འཁྲི་ཚུལ་ལ་དགེ་རྩ་ཡིན་ན་རྫོགས་བྱང་དུ་བསྔོས་ཟིན་པས་དགེ་རྩ་ཡིན་པས་ཁྱབ་པར་ཐལ། བྱང་སེམས་ཀྱིས་རྫོགས་བྱང་དུ་བསྔོས་ཟིན་པས་ཁྱབ་པའི་ཕྱིར་ཟེར་ན་དཔྱད། འཇམ་དཔལ་གྱི་ཞིང་བཀོད་དུ། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གི་སྨོན་ལམ་ཅི་བཏབ་པ། །འབྲས་བུའང་དེ་འདྲ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར་རང་གིས་གང་ལ་བསྔོས་ན་འབྲས་བུ་དེ་འདྲ་འབྱུང་བས་ཁྱབ་པ་ཡོད་མེད་དཔྱད། ཡང་ཉ་ཊཱིཀ་ལས། དབྱེ་གཞི་ཐེག་ཆེན་གྱི་ཡོངས་སུ་བསྔོ་བའོ། །དབྱེ་ངོ་བཅུ་གཉིས་ཏེ། ཡིད་བྱེད་ཁྱད་པར་ཅན་གྱི་ཡོངས་སུ་བསྔོ་བ་ཞེས་པ་ནས་བསོད་ནམས་ཆེན་པོ་འབྱུང་བའི་བསྔོ་བའི་བར་བཅུ་གཉིས་ཏེ་དེ་ཡང་དགུ་ལས། གཞན་ལྟོས་ས་ཆུང་འབྲིང་ཆེ་གསུམ་ལ་ལྟོས་ནས་རྣམ་པ་གསུམ་མོ་ཞེས་སོགས་སྦྱར་རོ། །ཞེས་དང༌། ཐ་དད་ནི་ངོ་བོ་གཅིག་ལ་ལྡོག་པ་དང་ཡུལ་གྱི་དབྱེ་བས་བཅུ་གཉིས་སུ་བསྟན་ཞེས་དང༌། གྲངས་ངེས་ནི། བློ་དམན་རྗེས་སུ་གཟུང་བའི་དོན་དུ་མངོན་ཞེན་བཅུ་གཉིས་ཀྱི་གཉེན་པོར་དང༌། ཡུལ་གྱི་དབྱེ་བས་བཅུ་གཉིས་སུ་བསྟན་ཅིང་དབང་རྣོན་གྱིས་བརྙས་པ་བཟློག་པའི་དོན་དུ་དེ་བས་མང་བར་མ་ཕྱེའོ། །ཞེས་པ་རྣམས་འགྲེལ་ཆེན་ནོ། །ཞེས་རྩ་བའི་དོན་དེ་ལྟར་བཤད་པ་མི་འཐད་པར་ཐལ། དེ་ནི་སེང་བཟང་གིས་བཞེད་པ་ལྟར་ཡིན་ལ།དེ་ནི་མདོ་ལུགས་མར་མི་འཐད་པར་བཤད་པའི་ཕྱིར། དེར་ཐལ། མདོ་ལུགས་མ་ལས། ཉི་ཁྲི་སྣང་བ་ན་བསྔོ་བ་འདིའི་བཤད་པ་མདོ་དང་མཐུན་པ་ལེགས་པོ་ཡོད་དོ། །སློབ་དཔོན་སེང་བཟང་ལ་སོགས་པ་བཤད་པ་ནི་མདོ་དང་མི་འགྲིགས་པར་སྣང་ངོ༌། །བསྔོ་བ་དང་རྗེས་སུ་ཡི་རང་འདི་དག་ཉི་ཁྲིའི་ལེའུ་ཉེར་བཞི་པས་སྟོན་ནོ། །ཞེས་གསུངས་པའི་ཕྱིར་ཞེ་ན་དཔྱད། ཡང་མདོ་ལུགས་མ་ལས། བསྔོ་བ་དེ་ནི་དམིགས་པ་མེད་པའི་རྣམ་པ་ཅན་ནོ། །ཞེས་པ་ལྟར་ན་དོན་དམ་བདེན་པའི་རྣམ་པ་ཅན་ཡིན་དགོས་པ་ཡིན་མིན་དཔྱད། ཡང་ཉ་ཊཱིཀ་ལས། ཆོས་རྗེ་བུ་རིན་ནི། ཆོས་དབྱིངས་སོགས་འདུས་བྱས་མ་བྱས་ཀྱི་དགེ་བ་ཐམས་ཅད་བསྔོ་རྒྱུ་ཡིན་གསུངས་ལ། མཁས་པ་ཆེན་པོ་བཅོམ་རལ་དང་ཆོས་རྗེ་ཀུན་མཁྱེན་ཆེན་པོ་ནི། ཆོས་དབྱིངས་སོགས་བསྔོ་རྒྱུ་མིན་ཞེས་དང༌། ཁྱད་པར་དུ་ཆོས་རྗེ་ཀུན་མཁྱེན་ཆེན་པོ་ནི། ཆོས་དབྱིངས་ནི་བསྔོ་ས་ཡིན་གསུངས་པས་གང་མོས་པ་ལྟར་བྱའོ། །ཞེས་དང༌། ཕུང་པོ་གསུམ་པའི་རྒྱུན་བཤགས་ཀྱི་འགྲེལ་བ་ལས། དེ་ཉིད་ཀྱི་ཡུལ་དུ་དམིགས་པའི་ཆོས་དབྱིངས་དེ་ཡང་སྤྱི་ལྡོག་ནས་བསྔོ་བར་བྱ་བ་ནི་ཡིན་ཏེ། དགེ་བ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་དམིགས་ནས་གནས་ལུགས་མཐར་ཐུག་པའི་ཆོས་ཀྱི་སྐུར་སྨོན་པར་བྱེད་དགོས་པའི་ཕྱིར་རོ། །ཆོས་དབྱིངས་བསྔོ་རྒྱུར་བྱས་ན་དེ་ལ་མཚན་མར་བལྟ་བར་འགྱུར་སྙམ་ན། བསྔོ་བ་ནི་ཀུན་རྫོབ་ལ་བརྟེན་ནས་བཞག་དགོས་པ་བསོད་ནམས་བསྔོ་བྱར་བྱེད་པ་དང་ཁྱད་པར་མེད་པས་མཚན་ལྟར་མི་འགྲོའོ། །ཆོས་དབྱིངས་བསྔོ་བྱར་བྱེད་པ་ཡང་ཀུན་རྫོབ་ཀྱི་བློ་ངོར་ཡིན་ལ། དོན་དམ་པར་ནི་བསྔོ་བ་ཉིད་ཀྱང་མ་གྲུབ་ན། ཆོས་དབྱིངས་བསྔོ་བྱ་ཡིན་མིན་གྱི་དཔྱད་པ་མི་འཇུག་གོ །ཞེས་སོགས་ཀྱིས་ཆོས་དབྱིངས་བསྔོ་རྒྱུ་ཡིན་མིན་དཔྱད་པར་བྱའོ། །

གསུམ་པ་རྗེས་སུ་ཡི་རང་སྒོམ་ལམ་བཤད་པ།

གསུམ་པ་རྗེས་སུ་ཡི་རང་སྒོམ་ལམ་བཤད་པ་ལ།

རྩ་བར། ཐབས་དང་མི་དམིགས་པ་དག་གིས། །དགེ་བའི་རྩ་ལ་ཡི་རང་ལ། །རྗེས་སུ་ཡི་རང་ཡིད་བྱེད་པ། །བསྒོམ་པ་ཡིན་པར་འདིར་བརྗོད་དོ། །ཞེས་སོ། །དེ་ཡང་སྤྱི་དོན་དང༌། མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ། མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། རང་གཞན་གྱི་དགེ་རྩ་ཅི་རིགས་ལ་རབ་ཏུ་དགའ་བ་ཡིད་ལ་བྱེད་པའི་ཐེག་ཆེན་སྒོམ་ལམ་དེ། ཐེག་ཆེན་གྱི་རྗེས་སུ་ཡི་རང་སྒོམ་ལམ་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། གསུམ་པ་དགེ་བ་འཕེལ་བྱེད་ཐེག་ཆེན་འཕགས་པའི་སྒོམ་ལམ་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་བླ་མེད་ཀྱི་མཚན་ཉིད། དང་བོ་འདྲ། རང་གཞན་གྱི་དགེ་རྩ་ལ་རབ་ཏུ་དགའ་བ་ཡིད་ལ་བྱེད་པའོ། །ཞེས་གསུངས་པས་སོ། །

གཉིས་པ་དབྱེ་བ་ནི།

ས་བཅུའི་རྗེས་སུ་ཡི་རང་སྒོམ་ལམ་བཅུ་ཡོད་དོ། །

གསུམ་པ་ས་མཚམས་ནི།

ས་དང་པོ་ནས་རྒྱུན་མཐའི་བར་ཏུ་ཡོད་དོ། །བྱང་སེམས་ཀྱི་བསྔོ་ཚུལ་ལམ་བསྔོ་བ་ནི། མདོ་ལུགས་མ་ལས། ཆོས་ཐམས་ཅད་དངོས་པོའི་རང་བཞིན་མེད་པ་དང༌། རྗེས་སུ་ཡི་རང་བ་མི་འགལ་བར་བསྒྲུབ་པ་བྱང་ཆུབ་སེམས་དཔའི་ཐ༷བས་ལ་མཁས་པ་ད༷ང༌། མཚན་མ་ཐམས་ཅད་མི༷་དམི༷གས་པ༷་ད༷ག་གི༷ས། དགེ༷་བ༷འི་རྩ༷་བ་ཐམས་ཅད་ལ༷་ཡི༷་ར༷ང་པ༷་ནི་དེ་བཞིན་ཉིད་ཇི་ལྟ་བཞིན་དུ་རྗེ༷ས་སུ༷་ཡི༷་ར༷ང་བ་ཡི༷ད་ལ་བྱེ༷ད་པའི་དམ་པ༷་བསྒོ༷མ་པ༷འི་ཚུལ་ནི་ཡི༷ན་པ༷ར་སྐབས་འདི༷ར་བརྗོ༷ད་ཅིང་བསྟན་པ་ཉིད་དོ༷། །ཞེས་གསུངས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཉ་ཊཱིཀ་ལས། རྗེས་སུ་ཡི་རང་ཡིད་ལ་བྱེད་པས་ནི། རང་བྱའི་ཡུལ་གཞན་གྱི་བསོད་ནམས་བྱས་པ་དེ་ལ་ཡིད་རང་བ་རང་གི་བསོད་ནམས་གཉིས་བློ་མཉམ་ན་མཉམ་པ་ཉིད་དང་རང་བྱེད་བློ་དམའ་ན་ཆུང་ལ། མཐོ་ན་ཆེ་བར་འཐོབ་པོ་ཞེས་བྱ་བ་འདི་ཡིན་ནོ། །ཡང་ན་བསོད་ནམས་ཆེན་པོ་ཐོབ་པར་མཉམ་ཞེས་སྟོན་པ་ཡིན་ནོ། །ཞེས་གསུངས་པ་ལ། དཔེར་ན་གཞན་གྱི་བསྐལ་ཆེན་གྲངས་མེད་གཅིག་གི་ཚོགས་དང་བྱང་སེམས་ས་དང་པོ་བས་རང་གི་བསྐལ་བ་གྲངས་མེད་གཅིག་གི་ཚོགས་གཉིས་བློ་མཉམ་ན་བསྐལ་ཆེན་གྲངས་མེད་གཅིག་གི་ཚོགས་ཀྱི་དགེ་རྩ་གསར་དུ་ཐོབ་བམ་ཅི། ཐོབ་ན་དེའི་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་རིམ་གྱིས་བསགས་དགོས་པ་ཡིན་མིན་དཔྱད། ཡང་སྔོན་མེད་ལེགས་བཤད་ལས། འདི་ནི་མཉམ་བཞག་སྒྲུབ་པ་སྒོམ་ལམ་ཞེས་བྱ་ཞིང༌། རྗེས་ཐོབ་ཏུ་མོས་པ་དང༌། བསྔོ་བ་དང་རྗེས་སུ་ཡི་རང་གསུམ་ལ་སློབ་དགོས་པ་དེ་ནི་མཚོན་བྱེད་དེ་ཐབས་མཁས་ཀྱི་སྒོ་ཐམས་ཅད་ལ་ཡང་བསླབ་པར་བྱའོ། །ཞེས་གསུངས་པ་ལྟར་མོས་སྔོ་རྗེས་སུ་ཡི་རང་སྒོམ་ལམ་ལ་རྗེས་ཐོབ་ཀྱིས་ཁྱབ་པ་ཡོད་མེད་ཞིབ་པར་དཔྱད་དགོས་སོ། །

བཞི་བ་སྒྲུབ་པ་སྒོམ་ལམ་བཤད་པ།

བཞི་བ་སྒྲུབ་པ་སྒོམ་ལམ་བཤད་པ་ལ།

རྩ་བར། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཀུན་ལ་མངོན་པར་འདུ་མི་བྱེད། །ཆོས་རྣམས་དམིགས་པ་མེད་པར་ནི། །གཏོད་པར་བྱེད་པ་དོན་ཆེན་ཉིད། །ཅེས་སོ། །དེ་ལ་སྤྱི་དོན་དང༌། མཐའ་རགས་ཙམ་དཔྱད་པ་གཉིས་སོ། །དང་པོ་ལ། མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། མཉམ་བཞག་ཡེ་ཤེས་སུ་གྱུར་པའི་ཐེག་ཆེན་སྒོམ་ལམ་དེ། ཐེག་ཆེན་སྒྲུབ་པ་སྒོམ་ལམ་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། འོན་ཀྱང་སྒྲུབ་པ་ནི་ས་དགུའི་མཉམ་གཞག་དང༌། རྣམ་དག་ནི་ས་བཅུ་གཅིག་གི་སྤངས་པ་འགོག་བདེན་ཡིན་གྱི་སྒོམ་ལམ་དངོས་མིན་ཞེས་པ། མདོ་དང་རྗེ་བཙུན་གྱི་དགོངས་པའོ། །ཞེས་དང༌། སྔོན་མེད་ལེགས་བཤད་ལས། འདི་ནི་མཉམ་བཞག་སྒྲུབ་པ་སྒོམ་ལམ་ཞེས་བྱ་ཞིང༌། རྗེས་ཐོབ་ཏུ་མོས་པ་དང༌། ཞེས་སོགས་གསུངས་པའི་ཕྱིར་རོ། །

གཉིས་པ་དབྱེ་བ་ནི།

ས་བཅུའི་སྒྲུབ་པ་སྒོམ་ལམ་བཅུ་དང༌། ཡང་ན་ཐེག་ཆེན་སྒོམ་ལམ་བར་ཆད་མེད་ལམ་དང༌། རྣམ་གྲོལ་ལམ་དང་མཉམ་བཞག་ཕུང་སུམ་པ་དང་གསུམ་ཡོད་དོ། །

གསུམ་པ་ས་མཚམས་ནི། ས་དང་པོའི་སྒོམ་ལམ་ཐོབ་པ་ནས་རྒྱུན་མཐའི་བར་དུ་ཡོད་དོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

སྒྲུབ་པ་སྒོམ་ལམ་ལ་བར་ཆད་མེད་ལམ་གྱིས་ཁྱབ་པར་ཐལ། ཉ་ཊཱིཀ་ལས། ཐེག་ཆེན་གྱི་སྒྲུབ་པ་སྒོམ་ལམ་གྱི་མཚན་ཉིད། ཐེག་ཆེན་འཕགས་པའི་ཟག་མེད་སྒོམ་ལམ་གང་ཞིག་བར་ཆད་མེད་ལམ་དུ་གྱུར་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དེ་ནི་སེང་བཟང་གི་ལུགས་ཡིན་པར་སྣང་ངོ༌། །ལུས་རྣམ་བཞག་གི་སྐབས་ཉ་ཊཱིཀ་ལས། དེའི་ཁྱད་ཆོས་ལྔ་ཡོད་དོ། །ཞེས་གསུངས་པ་དང༌། སྐབས་འདིར་ཉ་ཊཱིཀ་ལས། དེ་སྒྲུབ་པ་སྒོམ་ལམ་གྱི་ངོ་བོ་དང༌། ལྷག་པ་བཞི་ཁྱད་ཆོས་ཡིན་ནོ། །ཞེས་གསུངས་པའི་དོན་མཐུན་པ་ཡིན་ནམ་དཔྱད། སྐབས་འདིར་མདོ་ལུགས་མ་ལས། ཤེར་ཕྱིན་ཟབ་མོ་དེ༷འི༷་ངོ་བོ་ནི་སྐྱོན་དང་མུན་པ་ཐམས་ཅད་བསལ་བས་ཤིན་ཏུ་རྣམ་པར་དག་ཅིང་སྣང་བར་བྱེད་པའི་ངོ༷་བོ༷་ཉི༷ད་དང༌། ཤེར་ཕྱིན་དེ་ཕར་ཕྱིན་གཞན་རྣམས་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ནང་ནས་མཆོ༷ག་ཉི༷ད་དང༌། གཟུགས་སོགས་སྒྲུབ་པ་མེད་པ་ནི་གཟུགས་སོགས་ཀུ༷ན་ལ༷་མངོ༷ན་པ༷ར་འདུ༷་མི༷་བྱེ༷ད་ཅིང་ཆོས་གང་ཡང་ཐོབ་པར་མི་བྱེད་པའི་ཤེར་ཕྱིན་དེ་བསྒྲུབ་པ་དང༌། ཤེར་ཕྱིན་དེས་དམིགས་པའི་ཚུལ་གྱིས་ཆོས་གང་ཡང་ཐོབ་པར་མི་བྱེད་ཀྱི། ཆོ༷ས་རྣ༷མས་དམི༷གས་པ༷་མེད༷་པ༷ར་རྣལ་འབྱོར་པའི་རྒྱུད་གང་ཡིན་པ་དེ་ལ་ཅི་གཏོ༷ད་ཅིང་ཐོབ་པ༷ར་བྱེ༷ད་པ༷་དང༌། བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་ཡིད་ཆེས་པས་གཟུགས་སོགས་བཏགས་པའི་ཆོས་ཐམས་ཅད་ལ་ཡིད་མི་ཆེས་ཤིང༌། བཏགས་པའི་ཆོས་ཐམས་ཅད་མི་དམིགས་པས་ཤེར་ཕྱིན་ལ་ཡིད་ཆེས་པའི་ཕྱིར་ཤེར་ཕྱིན་དེ་ནི་དོ༷ན་དམ་ཆེ༷ན་པོ་ཉི༷ད་ཡིན་ནོ། །ཞེས་ཤེར་ཕྱིན་ཟབ་མོའི་ངོ་བོ་དང༌། ཤེར་ཕྱིན་དེ་ཆོས་རྣམས་ཀྱི་ནང་ནས་མཆོག་ཉིད་སོགས་ཤེར་ཕྱིན་ཟབ་མོ་ལ་སྦྱར་ནས་གསུངས་ལ། མདོ་ལུགས་མའི་གསུང་ཟིན་ལ་ཤེར་ཕྱིན་ནི་རང་བཞིན་ཤེར་ཕྱིན་ལ་བཤད་པས་སྐབས་འདིའི་རྩ་བས་སྒྲུབ་པ་སྒོམ་ལམ་བསྟན་ཚུལ་གང་ཡིན་ཚོལ་དགོས་སོ། །འོན་ཀྱང་ཉ་ཊཱིཀ་ལས་སྒྲུབ་པ་སྒོམ་ལམ་གྱི་ངོ་བོ་དང་དེའི་ཁྱད་ཆོས་བཞི་ལ་བཤད་དེ། དེ་ལས། རྩ་འགྲེལ་གཉིས་ལ། ཐེག་ཆེན་གྱི་སྒྲུབ་པ་སྒོམ་ལམ་ཆོས་ཅན། དེའི་ངོ་བོ་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ཏེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་བདེན་དངོས་ཀྱིས་སྟོང་བར་ཕྱིན་ཅི་མ་ལོག་པར་མཐོང་བའི་ཟག་མེད་ཀྱི་ཤེས་རབ་ཡིན་པས་སོ། །ཤེར་པ་ནི་རྣམ་པར་དག་པས་ན་སྣང་བ་བགྱིད་པའོ། །ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་ཀྱི་སླད་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོན་པའོ། །ཞེས་པའི་བར་རོ། །དེ་སྒྲུབ་པ་སྒོམ་ལམ་གྱི་ངོ་བོ་དང༌། ལྷག་པ་བཞི་ཁྱད་ཆོས་ཡིན་ནོ། །ཞེས་སོགས་གསུངས་སོ། །སྐབས་འདིར་མདོ་ལུགས་མ་ལྟར་ན་སངས་རྒྱས་བསྟེན་དང་སྦྱིན་སོགས་དང༌། །ཞེས་སོགས་ཚིགས་སུ་བཅད་པ་གཉིས་སྒྲུབ་པ་སྒོམ་ལམ་བཤད་པའི་ས་ཁོངས་སུ་བསྡུས་ནས་ཤེར་ཕྱིན་ལ་མོས་པའི་རྒྱུ་སོགས་བཤད་དེ། མདོ་ལུགས་མ་ལས། ཤིན་ཏུ་ཟབ་པས་མོས་པར་དཀའ་བའི་ཤེར་ཕྱིན་དེ་ལ་མོས་པའི་རྒྱུ་གང་ཞེ་ན། སངས་རྒྱས་བསྟེན་དང་སྦྱིན་སོགས་དང༌། །ཐབས་ལ་མཁས་པ་གང་ཡིན་པ། །འདི་ལ་མོས་པའི་རྒྱུ་དག་ཡིན། །ཞེས་སེམས་དང་པོ་བསྐྱེད་ཕྱིན་ཆད་དགེ་བའི་བཤེས་གཉེན་སངས་རྒྱས་གྲངས་མེད་པ་བསྟེན་ཅིང་བསྙེན་བཀུར་བ་དང༌། སྦྱིན་སོགས་ཕ་རོལ་ཕྱིན་དྲུག་སྤྱད་པ་ནི། བསྐལ་པ་དཔག་ཏུ་མེད་པ་ནས་བླ་མེད་བྱང་ཆུབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ཟབ་མོ་འདི་ལ་མོས་རྒྱུ་དང༌།སྦྱིན་སོགས་ལ་མི་དམིགས་པའི་ཚུལ་གྱིས་བརྩོན་ཅིང་ཆོས་ཐམས་ཅད་ཀྱི་འཕེལ་འགྲིབ་མ་མཐོང་བའི་ཐབས་ལ་མཁས་པ་གང་ཡིན་པ། དེ་ནི་བྱང་ཆུབ་སེམས་དཔའ་དབང་རྣོན་ལ་ལས་སེམས་དང་པོ་བསྐྱེད་མ་ཐག་ནས་ཤེར་ཕྱིན་ཟབ་མོ་འདི་ལ་མོས་པའི་རྒྱུ་དག་ཡིན་ནོ། །འོ་ན་མ་མོས་ཤིང་ཤེར་ཕྱིན་ཟབ་མོའི་ཆོས་ཀྱིས་ཕོངས་པའི་རྒྱུ་གང་ཡིན་ཞེ་ན། ཆོས་ཀྱིས་ཕོངས་པའི་རྒྱུ་དག་ནི། །བདུད་ཀྱི་ཐིབས་ཀྱིས་ནོན་པ་དང༌། །ཟབ་མོའི་ཆོས་ལ་མ་མོས་དང༌། །ཕུང་པོ་ལ་སོགས་མངོན་ཞེན་དང༌། །སྡིག་པའི་གྲོགས་པོས་ཡོངས་ཟིན་པའོ། །ཞེས་པ་འདིས་དམ་པའི་ཆོས་སྤོང་བ་ལ་སོགས་པའི་རྒྱུ་བཞི་བསྟན་ཏེ། བདུད་ཀྱི་ཐིབས་ཀྱིས་ནོན་ཞིང་བྱིན་གྱིས་བརླབས་པ་དང༌། དེ་བཞིན་ཉིད་ལ་སོགས་པ་ཡོངས་གྲུབ་ཟབ་མོའི་ཆོས་ལ་ཡིད་མ་ཆེས་ཤིང་མ་མོས་པ་དང༌། ཕུང་པོ་ལ་སོགས་པ་ལ་བདེན་པའི་དངོས་པོར་མངོན་པར་ཞེན་པ་དང༌། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་དང་བཞིའོ། །མདོ་ལས། ཕུང་པོ་ལ་སོགས་མངོན་པར་ཞེན་པ་དང༌། སྡིག་པའི་གྲོགས་པོས་ཟྀན་པ་གཉིས་གཅིག་ཏུ་བྱས་ནས། བདག་བསྟོད་ཅིང་གཞན་སྨོད་པ་ལ་རྒྱུ་བཞི་པར་བྱས་སོ། །བདུད་ཀྱིས་བྱིན་གྱིས་བརླབས་པའི་ངོ་བོ་ནི་བདུད་ལས་འབའ་ཞིག་ལ་དགའ་བའི་སེམས་ཡིན་ནོ། །སྡིག་པའི་གྲོགས་པོས་ཟིན་པའི་ངོ་བོ་ཡང་ཆོས་སྤོང་ལ་སོགས་པའི་སྡིག་པའི་གྲོགས་དེས་ཇི་ལྟར་བསྟན་པ་བཞིན་ཉམས་སུ་ལེན་པའི་སེམས་ཡིན་ནོ། །ཤེར་ཕྱིན་ཟབ་མོ་ལ་མོས་མ་མོས་ཀྱི་རྒྱུ་སྟོན་པའི་སྐབས་དོན་ལས་གྲོལ་པའི་བཤད་པ་བྱས་ཡོད་དོ། །འདི་དག་ཉི་ཁྲིའི་ལེའུ་ཉེར་དྲུག་པའི་ཕྱེད་སྔ་མས་སྟོན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཉ་ཊཱིཀ་ལས་ཚིགས་སུ་བཅད་པ་གཉིས་པོ་འདི་རྣམ་དག་འཆད་པའི་ས་ཁོངས་ལ་མར་སྦྱར་ནས་བཤད་དེ། དེ་ལས། གཉིས་པ་ལ། དེའི་མཐུན་རྐྱེན་འགལ་རྐྱེན་བཤད། འབྲས་བུ་རྣམ་པར་དག་པ་བཤད་པའོ། །ཞེས་སོགས་གསུངས་པའི་དགོངས་པ་ཚོལ་དགོས་སོ། །ཡང་ཉ་ཊཱིཀ་ལས། མོས་པའི་རྒྱུར་བཤད་པས་རྣམ་དག་གི་ཡང་རྒྱུར་གྲུབ་ཀྱི། མོས་པ་ཞེས་པ་རྣམ་དག་ལ་འཆད་པ་ནི་ནོར་བ་ཁོ་ནའོ། །ཞེས་མོས་པའི་རྒྱུར་བཤད་པས་རྣམ་དག་གི་རྒྱུར་གྲུབ་ཚུལ་དང༌། རྣམ་དག་གི་རྒྱུ་ཡོད་མེད་དཔྱད། ཡང་ཉ་ཊཱིཀ་ལས། སྤྱིར་བདུད་ནི་དྲི་མ་དང་བཅས་པའི་སེམས་མ་དག་པ་ལ་གསུངས་ཀྱང༌། འདིར་ནི་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་བདུད་སྡིག་ཅན་གྱྀ་ཐིབས་ཀྱིས་ནོན་པ་སྟེ་བྱིན་གྱིས་བརླབས་པ་སྟེ། ཞེས་གསུངས་པ་ལ་དྲི་བཅས་ཀྱི་སེམས་ཡིན་ན་བདུད་ཡིན་པས་ ཁྱབ་པ་ཡོད་མེད་དཔྱད་པར་བྱའོ། །

ལྔ་བ་རྣམ་དག་བཤད་པ།

ལྔ་བ་རྣམ་དག་བཤད་པ་ལ།

རྩ་བར། འབྲས་བུ་དག་པ་གཟུགས་ལ་སོགས། །ཞེས་པ་ནས། གཉེན་པོ་ཉིད་དུ་འདོད་པ་ཡིན། །ཞེས་སོ། །དེ་ལ་སྤྱི་དོན་དང༌། མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ། སྐབས་འདིའི་རྣམ་དག་གི་མཚན་ཉིད། དབྱེ་བ། གཞི་འབྲས་ཀྱི་ཆོས་ཉིད་ངོ་བོ་གཅིག་པའི་རང་བཞིན་རྣམ་དག་དང༌། ལམ་བདེན་གྱི་ཆོས་ཉིད་གློ་བུར་དྲི་མས་དག་པ་དང༌། སྒོམ་ལམ་དགུ་ཆོས་ཉིད་རང་རང་གི་སྤང་བྱའི་ངོ་སྐལ་གྱིས་དག་པ་དང༌། དེ་ལ་རྩོད་ལན་བཤད་པ་དང་དྲུག དང་པོ་ནི། སྒོམ་ལམ་གྱི་སྤང་བྱ་ཅི་རིགས་དག་པའི་སྤངས་པ་དེ། སྐབས་འདིའི་རྣམ་དག་གི་མཚན་ཉིད་ཡིན་ཏེ། མདོ་ལུགས་མ་ལས།ད་ནི་དག་པ་བཤད་པར་བྱའོ། །མདོ་ལས། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ཞེས་པ་ལ་སོགས་པ་ཉི་ཁྲིའི་ལེའུར་ཉེར་དྲུག་པའི་ཕྱེད་ཕྱི་མ་ལ་སོགས་པ་རྣམས་སོ། །དག་པའི་ངོ་བོ་གང་ཞེ་ན། །དེ་ནི་དེ་བཞིན་ཉིད་ཡིན་ཏེ། །ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཅེས་སངས་རྒྱས་ཉིད་ཀྱིས་གསུངས་པའི་ཕྱིར་རོ། །ཞེས་དང༌། ཉ་ཊཱིཀ་ལས། གཉིས་པ་ཐེག་ཆེན་འཕགས་པའི་ཤིན་ཏུ་དག་པའི་སྒོམ་ལམ་གྱི་མཚན་ཉིད། ཟུར་དང་པོ་འདྲ། རྣམ་གྲོལ་ལམ་དུ་གྱུར་པ་ཞེས་བྱ་བ་སྟེ། མོས་པ་དང་བཅས་པ་ལྔ་བོ་འདི་ནི་སྒོམ་པའི་ལམ་མོ་ཞེས་གསེར་རོ། །འོན་ཀྱང་འདི་གཉིས་ཀྱི་སྔ་མ་རྟོགས་པ་ལམ་བདེན། ཕྱི་མ་སྤངས་པ་འགོག་བདེན་ཏེ་དེ་ལྟར་ཡིན་ཅིང་ཞེས་བྱ་བ་ནི་སྒོམ་པའི་ལམ་སྤངས་རྟོགས་དང་བཅས་པའོ་ཞེས་ཏེ་འོག་ཏུ་འཆད་དོ། །ཞེས་དང༌། ཉ་ཊཱིཀ་ལས། མོས་པ་སྦྱོར་ལམ་ན་ཡོད་པར་འཆད་པ་ནི་དགོངས་པ་གཏན་ནས་མིན་ནོ། །འོན་ཀྱང་སྒྲུབ་པ་ནི་ས་དགུའི་མཉམ་གཞག་དང༌། རྣམ་དག་ནི་ས་བཅུ་གཅིག་གི་སྤངས་པ་འགོག་བདེན་ཡིན་གྱི་སྒོམ་ལམ་དངོས་མིན་ཞེས་པ། མདོ་དང་རྗེ་བཙུན་གྱི་དགོངས་པའོ། །ཞེས་གསུངས་པའི་ཕྱིར་རོ། ། གཉིས་པ་དབྱེ་བ་ནི། ཉ་ཊཱིཀ་ལས། རང་བཞིན་རྣམ་དག་དང་གློ་བུར་རྣམ་དག་གཉིས་ཡོད་དེ། རྩ་བར་བཤད་པ་ལྟར་རང་བཞིན་རྣམ་དག་དང༌། འགྲེལ་བ་ལྟར་གློ་བུར་རྣམ་དག་གཉིས་ཀ་བཤད་དུ་རུང་ངོ༌། །འོན་ཀྱང་ཤླཽ་ཀ་འདིས་རང་བཞིན་རྣམ་དག་དང༌།འོག་མས་གློ་བུར་རྣམ་དག་སྟོན་པར་སྣང་ངོ༌། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་གཞི་འབྲས་ཀྱི་ཆོས་ཉིད་ངོ་བོ་གཅིག་པའི་རང་བཞིན་རྣམ་དག

གསུམ་པ་གཞི་འབྲས་ཀྱི་ཆོས་ཉིད་ངོ་བོ་གཅིག་པའི་རང་བཞིན་རྣམ་དག་ནི།

མདོ་ལུགས་མ་ལས། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང༌། །གཅད་དུ་མེད་པས་དག་པར་བརྗོད། །ཅེས་པ་འདིས་གཞི་འབྲས་ཀྱི་ཆོས་ཉིད་ངོ་བོ་གཅིག་པའི་རང་བཞིན་རྣམ་དག་སྟོན་ནོ། །ཞེས་གསུངས་པ་ལྟར་འབྲ༷ས་བུ༷་མྱང་འདས་ཀྱི་ཆོས་ཉིད་རང་བཞིན་གྱིས་ད༷ག་པ༷་དེ་ཆོས་ཉིད་ཀྱི་གཟུ༷གས་ལ༷་སོ༷གས་རང་བཞིན་གྱིས་ད༷ག་པ༷་དེ་ཉི༷ད་ཡིན་ཏེ༷། ག༷ང་གི༷་ཕྱི༷ར། གཅིག་པའི་ཕྱིར་གཉིས་སུ་མེད་དེ་ཐ་དད་དུ་དབྱེ་བར་མི་ནུས་པའི་ཕྱིར་གཉིས་སུ་བྱར་མེད་བྱེ་བྲག་མེད་པའི་ཕྱིར་སོ་སོ་མ་ཡིན་པར་མ་ཆད་ཅིང་རྟག་པའི་ཕྱིར་ཐ་མི་དད་པའི་སྒོ་ནས་དེ༷་གཉི༷ས་ཐ༷་ད༷ད་མ༷་ཡི༷ན་ཞི༷ང་གཅ༷ད་དུ༷་མེད། གཞོམ་དུ་མེད། གཤིག་ཏུ་མེ༷ད་པ༷ས་དེའི་ཕྱིར་ད༷ག་པའི་ཆོས་ཉིད་དེ་གཉིས་ངོ་བོ་གཅིག་ཡིན་པ༷ར་བརྗོ༷ད་པའོ། །མདོ་ལས། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི། འབྲས་བུ་རྣམ་པར་དག་པ། འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྟེ། ནས། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་སོགས་གསུངས་སོ། །

བཞི་བ་ལམ་བདེན་གྱི་ཆོས་ཉིད་གློ་བུར་དྲི་མས་དག་པ།

བཞི་བ་ལམ་བདེན་གྱི་ཆོས་ཉིད་གློ་བུར་དྲི་མས་དག་པ་ནི།

མདོ་ལུགས་མ་ལས། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། ། ཉམས་ཕྱིར་སློབ་མ་བསེ་རུ་དང༌། །རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། །ཞེས་པ་འདིས་ལམ་བདེན་གྱི་ཆོས་ཉིད་གློ་བུར་གྱི་དྲི་མས་ཀྱང་དག་པར་སྟོན་ཏོ། །ཞེས་གསུངས་པ་ལྟར་སློ༷བ་མ༷་རྒྱུན་ཞུགས་ནས་དགྲ་བཅོམ་བར་གྱི་ཆོས་ཉིད་དེ་རང་རང་གི་ངོ་སྐལ་གྱི་སྤང་བྱས་ད༷ག་པ༷་ཡིན་ཏེ། རང་རང་གི་ངོ་སྐལ་གྱི་སྤང་བྱའི་ཉོ༷ན་མོ༷ངས་ཉ༷མས་ཤིང་མེད་པའི་ཕྱི༷ར་རོ། །བསེ༷་རུ༷་ལྟ་བུ་རང་སངས་རྒྱས་ཀྱི་ཆོས་ཉིད་དེ་རང་རང་གི་ངོ་སྐལ་གྱི་སྤང་བྱས་ད༷ག་པ༷་ཡིན་ཏེ། རང་རང་གི་ངོ་སྐལ་གྱིས་སྤང་བྱ་ཉོ༷ན་མོ༷ངས་དང༌། ཤེ༷ས་བྱ༷འི་སྒྲིབ་པ་ཉམས་ཤིང་སྤངས་པའི་ཕྱིར་རོ། །སར་གནས་ཀྱི་རྒྱ༷ལ་སྲ༷ས་རྣ༷མས་ཀྱི༷་ཆོས་ཉིད་དེ་རང་རང་གི་ངོ་སྐལ་གྱི་སྤང་བྱས་ད༷ག་པ༷་ཡིན་ཏེ༷། རང་རང་གི་ངོ་སྐལ་གྱི་སྤང་བྱ་ལ༷མ་གསུ༷མ་གྱི༷་སྒྲིབ་པ་ཉ༷མས་ཤིང་དག་པའི་ཕྱི༷ར་རོ། །ས༷ངས་རྒྱ༷ས་ཀྱི་དེ་བཞིན་ཉིད་དེ་དུས་དང་རྣ༷མ་པ་ཀུ༷ན་ཏུ་ཤི༷ན་ཏུ༷་རྣམ་པར་དག་པ༷་ཡིན་ཏེ། སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་གཏན་ནས་སྤངས་པའི་ཕྱིར་རོ། །

ལྔ་བ་སྒོམ་ལམ་དགུ་ཆོས་ཉིད་རང་རང་གི་སྤང་བྱའི་ངོ་སྐལ་གྱིས་དག་པ།

ལྔ་བ་སྒོམ་ལམ་དགུ་ཆོས་ཉིད་རང་རང་གི་སྤང་བྱའི་ངོ་སྐལ་གྱིས་དག་པ་ནི།

མདོ་ལུགས་མ་ལས། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་དག་པ་ཡིན། །ཞེས་པ་འདིས་སྒོམ་ལམ་ཆུང་འབྲིང་ལ་སོགས་དགུའི་ཆོས་ཉིད་རང་རང་གི་སྤང་བྱའི་ངོ་སྐལ་གྱིས་དག་པ་སྟོན་ནོ། །ཞེས་པ་ལྟར་ཁམས་གསུམ་ས༷་དགུ༷་ནི། སྒོམ་སྤང་ཆེ༷ན་པོ༷འི༷་ཆེ༷ན་པོ༷་ལ༷་སོ༷གས་པའི་དྲི༷་མ༷འི༷་གཉེ༷ན་པོ༷་ཆུ༷ང་ངུ༷འི་ཆུ༷ང་ངུ༷་ལ༷་སོ༷གས་པ༷འི་སྒོམ་ལ༷མ་གྱི་ཆོས་ཉིད་ནི༷་རང་རང་གི་ངོ་སྐལ་གྱི་ཆོས་ནི་རང་རང་གི་ངོ་སྐལ་གྱི་སྤང་བྱའི་དྲི་མས་ད༷ག་པ༷་ཡི༷ན་ཏེ། རང་རང་གི་སྤང་བྱའི་གཉེན་པོ་དག་ཅིང་གསལ་བ་ཡིན་པའི་ཕྱིར་རོ། །

དྲུག་པ་རྩོད་ལན།

དྲུག་པ་རྩོད་ལན་ནི།

མདོ་ལུགས་མ་ལས། གལ་ཏེ་གཉེན་པོ་ཆུང་ངུས་སྤང་བྱ་ཆེན་པོ་དང་སྤང་བྱ་ཆུང་ངུ་གཉེན་པོ་ཆེན་པོས་སེལ་བར་མི་འོས་པའི་ཕྱིར་དང༌། ཁམས་གཅིག་ན་ཡོད་པའི་གཉེན་པོས་ཁམས་གསུམ་ཅན་གྱི་སྒྲིབ་པ་སེལ་བ་ཡང་མི་འཐད་པའི་ཕྱིར་སྒོམ་ལམ་དེ་དག་མི་རིགས་སོ། །ཞེ་ན། དེ་ལ་ཀླན་ཀ་སྤངས་པ་ཡིས། །ལམ་ནི་འཇལ་དང་གཞལ་བྱ་དང༌། །མཉམ་པ་ཉིད་ཀྱིས་ཁམས་གསུམ་གྱི། །གཉེན་པོ་ཉིད་དུ་འདོད་པ་ཡིན། །ཞེས་དྲི་མ་སེལ་ཚུལ་དང་གཉེན་པོར་འགྱུར་ཚུལ་དུ་གཉིས་ཡོད་པ་དེ་ལ་སྐྱོན་བརྗོད་པའི་ལན་གདབ་དགོས་པས། ཀླན་ཀ་དང་པོ་སྣང་བ་ཆུང་ངུས་མུན་པ་ཆེན་པོ་དང༌། མུན་པ་ཆུང་ངུ་ནི་སྣང་བ་ཆེན་པོས་སེལ་བ་ལ་སོགས་པའི་དཔེས་སྤངས་པ་ཡིས་སྐྱོན་མེད་ལ། ཁམས་གཅིག་ན་ཡོད་པའི་ལམ་ནི་འཇལ་བྱེད་ཡུལ་ཅན་གྱི་ཡེ་ཤེས་དང༌། གཞལ་བྱ་འོད་གསལ་ཆོས་ཀྱི་དབྱིངས་དག་ཡུལ་དང་ཡུལ་ཅན་གཅིག་ཏུ་གྱུར་ཅིང༌། གཉིས་སུ་མེད་པར་མཉམ་པ་ཉིད་དུ་གོམས་པ་ཉིད་ཀྱི་ཁམས་གསུམ་ཅར་གྱི་སྒྲིབ་པ་གཅིག་ཅར་དུ་སེལ་བའི་ཕྱིར་ཁམས་གསུམ་ཅར་གྱི་གཉེན་པོ་གཅིག་ཅར་བ་ཉིད་དུ་འདོད་ཅིང་བསྟན་པ་ཡིན་ནོ། །ཞེས་དང༌། ཉ་ཊཱིཀ་ལས། སྤང་བྱ་ཆེ་འབྲིང་དགུ་དང་གཉེན་པོ་ཆུང་འབྲིང་དགུར་བསྟན་པ་དེ་ལ་ཁ་ཅིག་ན་རེ། དེ་མི་རིགས་ཏེ། གཉེན་པོ་ནི་ཆེན་པོའི་ཆེན་པོ་ནས་སྐྱེ་བར་དང་མི་མཐུན་པའི་ཕྱོགས་སམ་སྤང་བྱ་ནི་ཆུང་ངུའི་ཆུང་ངུ་ནས་འགག་པར་རིགས་སོ་ཞེས་བྱ་བའི་ཀླན་ཀར་འགྱུར་བ་མིན་ནམ་ཞེ་ན། ཞེས་པ་ནས། དེ་ལ་ལན་ནི། དོན་དམ་པར་ནི་ཕན་གནོད་གང་ཡང་མི་བྱེད་པའི་ལན་དང༌། ཀུན་རྫོབ་ཏུ་སྤང་བྱ་ཆེ་རིམ་ནས་འགག་གཉེན་པོ་ཆུང་རིམ་ནས་འཇུག་པ་འཐད་ཀྱི་གཉེན་པོ་ཆེ་རིམ་སྤང་བྱ་ཆུང་རིམ་དུ་མི་འཐད་དེ། དཔེར་ན་གོས་ལ་ཆགས་པའི་དྲི་མ་རགས་པ་སེལ་བ་ལ་འབད་པ་ཆུང་ངུས་ཆོག་ལ། ཕྲ་མོ་སེལ་བ་ལ་བཙོ་བླག་སྟེ་ཁྲུས་མཁན་ཆེ་ཐང་དུ་འབད་པ་དགོས་པ་བཞིན་ཞེས་པའི་དཔེས། ཀླན་ཀ་དེ་སྤངས་པའི་སྒོ་ནས་སོ། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

སྐབས་འདིར་འཕགས་བཞིའི་རྣམ་དག་ལ་ཤིན་ཏུ་བ་ཡིན་མིན་གྱི་ཁྱད་པར་ཡོད་པར་ཐལ། ཉ་ཊཱིཀ་ལས། ལམ་ཤེས་པ་ཉིད་ཀྱི་སྐབས་སུ་བྱང་སེའི་སྤངས་རྟོགས་གཙོ་ཆེར་སྟོན་པས་བྱང་སེའི་རྣམ་དག་གཙོ་བོར་སྨོས་པ་ཡིན་ལ་དེའི་ཞར་ལ་གོ་རིམ་བཞིན་དུ་སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བ་དང༌། ཉན་ཐོས་དང་སོགས་པས་རང་རྒྱལ་གྱི་རྣམ་དག་ཅིག་ཤོས་ཏེ་ཤིན་ཏུ་བ་མིན་པར་བཤད་པ་ཡིན་ནོ། །ཞེས་དང༌། ཉན་ཐོས་ཀྱི་རྣམ་དག་ཆོས་ཅན། ཅིག་ཤོས་ཏེ་རྣམ་དག་ཤིན་ཏུ་བ་མིན་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། སྐབས་འདིའི་འཕགས་བཞིའི་རྣམ་དག་ལ་ཆོས་ཉིད་བཞག་དགོས་པའི་ཕྱིར། དེར་ཐལ། མདོ་ལུགས་མ་ལས། སློ༷བ་མ༷་རྒྱུན་ཞུགས་ནས་དགྲ་བཅོམ་བར་གྱི་ཆོས་ཉིད་དེ་རང་རང་གི་ངོ་སྐལ་གྱིས་སྤང་བྱས་ད༷ག་པ༷་ཡིན་ཏེ། ཞེས་སོགས་དང༌། ཉ་ཊཱིཀ་ལས། རྒྱུན་ཞུགས་སོགས་ཀྱི་གཟུགས་ལ་སོགས་པའི་ཆོས་ཉིད་ཡང་ཁྱོད་ཀྱི་སྤང་བྱ་གློ་བུར་དྲི་མས་རྣམ་པར་དག་པའི་རྣམ་དག་ཡིན་ཏེ། ཞེས་སོགས་གསུངས་པའི་ཕྱིར་ཞེ་ན་དཔྱད། ཡང་ཉ་ཊཱིཀ་ལས། རྩ་བར་བཤད་པ་ལྟར་རང་བཞིན་རྣམ་དག་དང༌། འགྲེལ་བ་ལྟར་གློ་བུར་རྣམ་དག་གཉིས་ཀ་བཤད་དུ་རུང་ངོ༌། །འོན་ཀྱང་ཤླཽ་ཀ་འདིས་རང་བཞིན་རྣམ་དག་དང༌། འོག་མས་གློ་བུར་རྣམ་དག་སྟོན་པར་སྣང་ངོ༌། །ཞེས་པའི་གློ་བུར་རྣམ་དག་ལ་ཀུན་རྫོབ་དོན་དམ་གང་འཇོག་དཔྱད། ཡང་ཁ་ཅིག་སྒོམ་ལམ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་ཡིན་ཁྱབ་མཉམ་ཡིན་པར་ཐལ། ཉ་ཊཱིཀ་ལས།འདིར་སྒོམ་སྤང་གྱ་གཅིག་གི་གཉེན་པོ་གྱ་གཅིག་པོ་སོ་སོར་བར་ཆད་མེད་ལམ་དང་རྣམ་གྲོལ་གཉིས་གཉིས་དང་རྟོགས་པའི་རྣམ་པ་ཐ་མ་ནི་རྣམ་པར་གྲོལ་བའི་ལམ་ཁོ་ན་ཡིན་གྱི་བར་ཆད་མེད་ལམ་མིན་ཞེས་དང༌། གྱ་གཅིག་པ་སངས་རྒྱས་ཀྱི་ས་ཡིན་པར་ཐུབ་དགོངས་སུ་བཤད་པ་ནི་ནོར་ལ་མཐོང་ལམ་སྐད་ཅིག་དང་པོ་ནི། རྣམ་གྲོལ་ལམ་ཡང་ངོ༌། །མཐོང་ལམ་ཐ་མ་སྒོམ་ལམ་དང་པོའི་བར་ཆད་མེད་ལམ་ཡིན་ཞེས་དང༌། སྒོམ་ལམ་བརྒྱད་ཅུ་བོ་སོ་སོར་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་ཡིན་པར་བཤད་པ་ནི་རུང་ངམ་དཔྱད་པར་བྱའོ། །ཞེས་དང༌། ཐ་དད་ནི་སྤང་བྱ་གང་སྤོང་བ་ལ་ལྟོས་ཏེ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་དུ་སོང་བའི་ཆ་ལ་ལྟོས་ཏེ་ངོ་བོ་ཐ་དད། སྔ་མའི་རྣམ་གྲོལ་ཕྱི་མའི་བར་ཆད་མེད་ལམ་དུ་འགྱུར་བ་ལྟ་བུ་ངོ་བོ་གཅིག་གོ །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྙམ་སྟེ། མངོན་པ་གོང་འོག་སོགས་ལས་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་རིམ་གྱིས་སྐྱེ་དགོས་པར་གསུངས་པའི་ཕྱིར་ཏེ། མཛོད་ལས། བཟོད་དང་ཤེས་པ་གོ་རིམ་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །ཞེས་དང༌། མངོན་པ་ཀུན་བཏུས་ལས། སྦྱོར་བའི་ལམ་གང་ཞེ་ན། གང་གིས་ཉོན་མོངས་སྤོང་པའོ། །བར་ཆད་མེད་པའི་ལམ་གང་ཞེ་ན། གང་གི་འོག་ཏུ་བར་ཆད་མེད་པར་ཉོན་མོངས་པ་སྤོང་བར་གྱུར་པའོ། །རྣམ་པར་གྲོལ་བའི་ལམ་གང་ཞེ་ན། གང་གི་ཉོན་མོངས་པ་སྤངས་ནས་རྣམ་པར་གྲོལ་བ་མངོན་དུ་བྱེད་པའོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་དངོས་གཉེན་བར་ཆད་མེད་ལམ་གྱིས་རང་གི་ངོས་སྐལ་གྱི་སྤང་བྱའི་ས་བོན་སྐྱེ་འགྱུར་གྱིས་སྤང་བ་མ་ཡིན་པར་ཐལ། ཉ་ཊཱིཀ་ལས། གཉེན་པོ་མཐོང་སྒོམ་ལམ་གྱིས་སྤང་བྱ་སྤོང་ཚུལ་ལ་མངོན་གྱུར་དངོས་སུ་མི་སྤོང་སྟེ་འདས་པ་འགགས་མ་འོངས་པ་མ་སྐྱེས་ད་ལྟར་བ་དང་ཡང་མཉམ་དུ་མི་འཇུག་པས་སོ། །དེས་ན་ས་བོན་སྤོང་ལ་དེ་ཡང་གཉེན་པོ་དེ་སྐྱེས་པ་དང་དེའི་ངོས་སྐལ་གྱི་སྤང་བྱའི་ས་བོན་འགག་པ་དུས་མཉམ་པའི་ཚུལ་གྱིས་སྤོང་སྟེ། ཀུན་བཏུས་སུ་གཉེན་པོའི་རྣམ་པ་དེ་སྐྱེས་པ་དང་གནས་ངན་ལེན་གྱི་རྣམ་པ་དེ་འགག་པ་ནི་མཉམ་པས་མཉམ་སྟེ་སྣང་བ་དང་མུན་པ་འབྱུང་བ་དང་འགག་པ་བཞིན་ནོ་ཞེས་སོ། །དེ་ལྟར་བྱས་ནས་སྒོམ་ལམ་ཆེན་པོའི་ཆེན་པོ་སྐྱེས་པ་ན་སྒོམ་སྤང་ཆུང་ངུའི་ཆུང་ངུ་འགགས་པས་དང༌། མཐོང་སྤང་སྔར་ནས་སྤངས་པས་ཡེ་ཤེས་དེ་སངས་རྒྱས་ཀྱི་ཡེ་ཤེས་སུ་འགྱུར་ཞེས་ཟེར་ཞིང༌། ཁ་ཅིག་ནི། ཁྱབ་པ་མེད་དེ། རྒྱུད་བླར། སངས་རྒྱས་སའི་སྤང་བྱར་བཤད་པའི་མ་རིག་བག་ཆགས་ཀྱི་ས་དང༌། དགོངས་འགྲེལ་དུ། རྨོངས་གཉིས་གནས་ངན་ལེན་གཅིག་སྟེ། གསུམ་བཤད་པ་རྣམས་ད་གཟོད་སྤོང་དགོས་སོ་ཞེས་དང༌། ཁ་ཅིག སྤང་གཉེན་ལྷན་ཅིག་འཇུག་ཅེས་འདོད་དོ། །འོན་ཀྱང་ལམ་དེ་གཉིས་ཀྱི་སྤང་བྱའི་ས་བོན་ལ་ཡང་ཕྲ་རགས་གཉིས་གཉིས་ཡོད་ཅིང་དེའི་རགས་པ་འགག་པ་དང་གཉེན་པོ་སྐྱེ་བ་དུས་མཉམ་ས་བོན་ཕྲ་མོ་དང་ལྷན་ཅིག་གནས་ནས་རིམ་གྱིས་ཟད་པར་འདོད་པར་བྱ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྦྱོར་ལམ་དང་བར་ཆད་མེད་ལམ་གཉིས་བཤད་ཅིང་དང་པོ་སྒོམ་སྤང་ཆུང་ངུའི་ཆུང་ངུ་ཕལ་ཆེར་སྤོང་བྱེད། གཉིས་པ་ཟད་པར་སྤོང་བྱེད་དུ་བཤད་པའི་རིགས་པས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ལྟར་མི་འཐད་པར་ཐལ། དངོས་གཉེན་གྱི་སྤང་བྱ་སྤང་ཚུལ་སྤང་བྱ་འགག་པ་དང་གཉེན་པོ་སྐྱེ་བ་དུས་མཉམ་པའི་སྒོ་ནས་སྤང་བ་ཡིན་ཏེ། རྒྱན་གྱི་ས་འགྲེལ་ལས། སྤང་བྱ་འགག་པ་དང༌། གཉེན་པོ་སྐྱེ་བ་དུས་མཉམ་པའི་ཚུལ་གྱིས་སྤོང་བའོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། ས་བོན་ཇི་ལྟར་སྤོང་ཚུལ་ནི། མངོན་གྱུར་ལས་མི་སྤོང་བ་འོན་ཀྱང་ཉོན་མོངས་པའི་གནས་ངན་ལེན་ས་བོན་གང་ཡིན་པ་དེ་ལས་སྤོང་ངོ༌། །དེའང་མཐོང་སྤང་དང་སྒོམ་སྤང་གི་ས་བོན་ནམ་གནས་ངན་ལེན་གྱི་རྣམ་པ་གང་གི་གཉེན་པོ་མཐོང་ལམ་དང་སྒོམ་ལམ་གང་བྱུང་ན། གཉེན་པོའི་རྣམ་པ་མཐོང་ལམ་སྐད་ཅིག་དང་པོ་ལྟ་བུ་དང་སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་དེ་འབྱུང་བ་དང༌།སྤང་བྱ་གནས་ངན་ལེན་གྱི་རྣམ་པར་རང་གི་ངོ་སྐལ་དེ་དག་འགོག་པ་ནི་དུས་མཉམ་པས་སྐྱེ་འགག་མགོ་མཉམ་སྟེ་དཔེར་ན་སྣང་བ་དང་མུན་པ་དག་རིམ་པ་ལྟར་འབྱུང་བ་དང་འགགས་པ་དུས་མཉམ་པ་ཇི་ལྟ་བ་བཞིན་ནོ། ། སྤངས་པའི་སྐབས་དོན་བསྟན་པ་ནི། ཉོན་མོངས་པའི་གནས་ངན་ལེན་ས་བོན་གྱི་རྣམ་པ་དང་བྲལ་བས་རྒྱུ་ཟད་པའི་ཕྱིར། རྐྱེན་དང་ཕྲད་ཀྱང་མ་འོངས་པ་ན་དེའི་འབྲས་བུ་ཉོན་མོངས་པ་མངོན་གྱུར་མི་སྐྱེ་བའི་ཆོས་ཅན་དུ་གནས་པ་དེ་ནི་སྤངས་བའོ་ཞེས་པ་སྟེ། རྣམ་འགྲེལ་དུ། བདག་ལྟའི་ས་བོན་སྤངས་བའི་ཕྱིར། །སླར་མི་ཟློག་པ་ཉིད་ཡིན་ནོ། །ཞེས་པ་ལྟར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཉ་ཊཱིཀ་ལས།སྒྲུབ་པ་རྟོགས་པ་ལམ་བདེན། རྣམ་དག་སྤངས་པ་འགོག་བདེན་ཡིན་ལ། ཁ་ཅིག སྤངས་རྟོགས་ཡིན་ཡང་གཉིས་ཀ་ལམ་བདེན་དུ་འདོད་པ་ནི་ནོར་བ་སྟེ། ཐེག་ཆེན་གྱི་སྤངས་རྟོགས་གཉིས་སུ་ཕྱེ་བའི་སྤངས་པ་ནི་འགོག་བདེན་ཉིད་ལ་བཤད་དོ། །ཞེས་པ་ལྟར་སྐབས་འདིར་རྣམ་དག་སྤངས་པ་འགོག་བདེན་ལ་བྱེད་དགོས་སོ། །དེ་མི་རིགས་པར་ཐལ། སྐབས་འདིའི་སྒྲུབ་པ་དང་རྣམ་དག་གཉིས་ཀ་སྒོམ་ལམ་ཡིན་པའི་ཕྱིར། དེར་ཐལ། རྩ་བར། སྒྲུབ་དང་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་སྒོམ་པའི་ལམ། །ཞེས་གསུངས་པའི་ཟེར་ན། ལུང་དེའི་དོན་དེ་ལྟར་མ་ཡིན་པར་སྒོམ་ལམ་གྱི་སྤངས་རྟོགས་ཡིན་པའི་དོན་ཡིན་པའི་ཕྱིར་ཏེ། ཉ་ཊཱིཀ་ལས། འདི་གཉིས་ཀྱི་སྔ་མ་རྟོགས་པ་ལམ་བདེན། ཕྱི་མ་སྤངས་པ་འགོག་བདེན་ཏེ་དེ་ལྟར་ཡིན་ཅིང་ཞེས་བྱ་བ་ནི་སྒོམ་པའི་ལམ་སྤངས་རྟོགས་དང་བཅས་པའོ་ཞེས་ཏེ། ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིའི་རྣམ་དག་དང་རྣམ་དག་སྒོམ་ལམ་གཉིས་ལ་ཁྱད་པར་མེད་པར་ཐལ། སྔོན་མེད་ལེགས་བཤད་ལས། རྣམ་དག་སྒོམ་ལམ་ཞེས་བྱ་བ་ནི། ཉེར་ལྔ་བའི་མདོ་འདིར་དངོས་སུ་མེད་ཀྱང་འཕྲོས་དོན་ཙམ་དུ་ཞོར་ལ་འཕངས་པ་ཡིན་ཏེ། སྒོམ་ལམ་གྱིས་ཐོབ་པའི་རྣམ་དག་གི་མིང་ངོ༌། །ཞེས་གསུངས་པའི་ཕྱིར་ཟེར་ན། རང་མིང་གིས་མ་བཏགས་པའི་དགོས་པ་རྒྱུ་མཚན་ལ་དཔྱད་པར་བྱའོ། །དངོས་པོ་བརྒྱད་ལས་ལམ་ཤེས་ཀྱི་དངོས་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པ་ཡིན་ནོ། །

གསུམ་པ་སྐབས་བསྡུ་བ་ནི།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་གཉིས་པའི་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པའི་སྒོ་ནས་ལམ་ཤེས་ཀྱི་དངོས་པོ་བཤད་ཟིན་ཏོ། །

སྨྲས་པ། འགལ་རྐྱེན་ཞི་བའི་ཆོས་ཀྱི་ཞིང་ས་ལ། །བྱང་ཆུབ་སེམས་ཀྱིས་བརླན་པའི་ས་བོན་ལས། །ཐེག་གསུམ་རྟོགས་རིགས་ལྷ་ཡི་ལྗོན་ཤིང་རྒྱས། །མཐོང་སྒོམ་ཕན་ཡོན་ཡོན་ཏན་ཡལ་འདབ་བཞད། །བསྟོད་བཀུར་བསྔགས་པའི་པདྨ་དཀར་བོས་མཛེས། །སྤངས་རྟོགས་ཆོས་ཀྱི་ལོ་འབྲས་མངོན་པར་གཏམས། །ཐེག་ཆེན་ལྷ་ཡི་ཚོགས་ཀྱི་བགོ་སྐལ་དུ། །ལེགས་བརྩོན་འབྲས་བཟང་དཔལ་ལ་རོལ་བར་སྨོན། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་དངོས་པོསཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པ་ལ།

མཚམས་སྦྱར་བ་དང༌། གཞི་ཤེས་ཀྱི་དངོས་པོ་དགུ་བཤད་པ། སྐབས་བསྡུ་བ་དང་གསུམ། ལམ་ཤེས་བཤད་པའི་རྗེས་སུ་གཞི་ཤེས་བཤད་པ་ནི། མཁྱེན་གསུམ་འཆད་པའི་སྐབས་ལས་ལམ་ཤེས་ཀྱི་གོལ་ས་ཤེས་ཕྱིར་དུ་བསྟན་པའོ། །གཉིས་པ་གཞི་ཤེས་ཀྱི་དངོས་པོ་དགུ་ནི། ཉི་ཁྲིའི་ལེའུ་ཉེར་བདུན་པའི་སྐབས་སུ་ཚུར་རོལ་གྱི་འགྲམ་མམ། ཕ་རོལ་གྱི་འགྲམ་མམ། གཉིས་ཀྱི་དབུས་ན་ཡང་མི་གནས་ན་དེ་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོགས་ཀྱི་དོན་ཐམས་ཅད་ཤེས་པ་ཉིད་ཀྱི་དངོས་པོ་དགུ་རིམ་པ་ལྟར་འབྱུང་བ་བཤད་པ་ལ། གཏན་ལ་དབབ་བྱའི་ཡུལ་གཞི་ཤེས། ཤེར་ཕྱིན་ཟབ་མོའི་རྣལ་འབྱོར། ཀུན་ཤེས་པའི་ཚུལ་མཐོང་བའི་ལམ་གང་ཡིན་པ་དེ་བཤད་པ། མཁྱེན་གསུམ་གྱིས་མཇུག་བསྡུ་བ་དང་བཞི། དང་པོ་ལ་སྲིད་ཞིའི་མཐར་ལྟུང་བ་འགོག་བྱེད་དང༌། འབྲས་ཡུམ་ལ་ཉེ་རིང་གི་ཁྱད་པར། མི་མཐུན་ཕྱོགས་དང་གཉེན་པོའི་གཞི་ཤེས་བཤད་པ་དང་གསུམ། དང་པོ་ལ། རྩ་བར། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་སོ། །དེ་ལ་སྤྱི་དོན་དང༌། མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ་མཚན་ཉིད། དབྱེ་བ། ས་མཚམས་དང༌། སྲིད་ཞིའི་མཐའ་ལྟུང་བ་འགོག་ཚུལ་དང་བཞི། དང་པོ་ནི། ཐབས་ཁྱད་པར་ཅན་གྱིས་ཟིན་པའི་ཤེས་རབ་ཀྱིས་ཚུ་རོལ་ཀྱི་མཐར་མི་གནས་པའི་གཞི་ཤེས་དེ། ཤེས་པས་སྲིད་ལ་མི་གནས་པའི་གཞི་ཤེས་ཀྱི་མཚན་ཉིད། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པས་ཚུ་རོལ་གྱི་མཐའ་ལ་མི་གནས་པའི་གཞི་ཤེས་དེ། འདིར་དངོས་བསྟན་གྱི་ཤེས་པས་སྲིད་ལ་མི་གནས་པའི་གཞི་ཤེས་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། དུས་གསུམ་མཉམ་ཉིད་དུ་ཤེས་པས་སྲིད་པ་ལ་མི་གནས་པའི་གཞི་ཤེས་ཀྱི་མཚན་ཉིད། ཆོས་ཀུན་བདེན་པའི་རང་བཞིན་མེད་པར་རྟོགས་པས་ཚུ་རོལ་ཀྱི་མཐར་མི་གནས་པའི་གཞི་ཤེས། ཞེས་གསུངས་པའི་ཕྱིར་རོ། །ཤེས་རབ་ཁྱད་པར་ཅན་གྱིས་ཟིན་པའི་གཞན་དོན་ཁུར་ཁྱེར་གྱི་བསམ་པས་ཕ་རོལ་གྱི་མཐའ་ལ་མི་གནས་པའི་གཞི་ཤེས་དེ། སྙིང་རྗེས་ཞི་ལ་མི་གནས་པའི་གཞི་ཤེས་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། གཉིས་པ་སྙིང་རྗེ་ཆེན་པོས་ཞི་བ་ལ་མི་གནས་པའི་གཞི་ཤེས་ཀྱི་མཚན་ཉིད། མཁའ་མཉམ་སེམས་ཅན་གྱི་དོན་བྱེད་པའི་བསམ་པས་ཕ་རོལ་གྱི་མཐར་མི་གནས་པའི་གཞི་ཤེས། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དབྱེ་བ་ནི། ཤེས་པས་སྲིད་ལ་མི་གནས་པའི་གཞི་ཤེས་ལ་རང་ཡིན་གྱི་མི་རྟག་བཅུ་དྲུག་རྟོགས་པའི་ཡེ་ཤེས་དང་སྟོང་ཉིད་རྟོགས་པའི་ཡེ་ཤེས་སོགས་ཡོད། སྙིང་རྗེས་ཞི་ལ་མི་གནས་པའི་གཞི་ཤེས་ལ་རང་ཡིན་གྱི་དམིགས་མེད་ལ་དམིགས་པའི་སྙིང་རྗེ་སོགས་གསུམ་ཡོད་དོ། །གསུམ་པ་ས་མཚམས་ནི།

དམན་ལམ་སྔོན་སོང་གི་དྲུག་པ་ལྷག་བསམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་དོ། །

བཞི་པ་སྲིད་ཞིའི་མཐའ་ལྟུང་བ་འགོག་ཚུལ།

བཞི་པ་སྲིད་ཞིའི་མཐའ་ལྟུང་བ་འགོག་ཚུལ་ནི།

ཉ་ཊཱིཀ་ལས། བྱང་འཕགས་མཉམ་གཞག་གི་ཤེར་ཕྱིན་ཆོས་ཅན།ཚུ་རོལ་འཁོར་བ་ཕ་རོལ་མྱང་འདས་ཀྱི་མཐའ་གཉིས་ལ་སྟེ་གཉིས་སུ་གནས་པ་མིན་འཁོར་འདས་དེ་དག་གི་བར་ན་ཡང་མཚན་མར་གཟུང་ནས་གནས་པ་མིན་ཏེ། དུས་གསུམ་གྱི་ཆོས་རྣམས་དོན་དམ་པར་སྐྱེ་བ་སོགས་མེད་པར་མཉམ་པ་ཉིད་དུ་མངོན་སུམ་དུ་ཤེས་པའི་ཡེ་ཤེས་སྙིང་རྗེ་ཆེན་པོ་ཅན་ཡིན་པའི་ཕྱིར་ཞེས་མདོ་ལས་འདོད་དོ། །བྱང་སེའི་ཤེར་པ་ནི་ཚུ་རོལ་གྱི་འགྲམ་མམ། ཕ་རོལ་གྱི་འགྲམ་མམ། གཉིས་ཀའི་དབུས་ན་མི་དམིགས་ཏེ། ཞེས་ནས། རབ་འབྱོར་དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་རོ་ཞེས་སོ། །ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། མདོ་ལས། འདི་ལྟར་གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ། ། ཞེས་གསུངས་པ་ལྟར་མ་ཤེས་པར་སྡུག་བསྔལ་ལ་བདེ་བར་འཛིན་པ་འཁྲུལ་བ་སྟེ་དེ་རྣམས་ནི་སྲིད་པའི་མཐར་ལྷུང་བའོ། །རང་ཉིད་གཅིག་པུ་ཞི་བའི་མྱ་ངན་ལས་འདས་པ་ལ་དགའ་བ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྒྲུབ་པ་ནི་རང་རང་གི་སྡུག་བསྔལ་ཉེ་བར་ལེན་པའི་རྒྱུ་ཉོན་མོངས་པ་རབ་ཏུ་ཞི་བ་ཙམ་ལ་འཇུག་པ་སྟེ། ཞི་བའི་མཐར་ལྷུང་བའོ། །སྙིང་རྗེའི་བདག་ཉིད་ཅན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒྲུབ་པ་ནི་ཤེས་རབ་ཀྱིས་རང་གཞན་གྱི་ཉེ་བར་ལེན་པ་ཀུན་ཞི་བར་བྱེད་པས་སྲིད་པའི་མཐའ་ལ་མི་གནས་ལ། སྙིང་རྗེ་ཆེན་པོས་ཕུང་པོ་ལྷག་མེད་དུའང་མི་ཟད་ཅིང་རྟག་པའི་སྒོ་ནས་གཞན་དོན་རྒྱུན་མི་འཆད་པས་ཞི་བའི་མཐའ་ལའང་མི་གནས་པའི་ཕྱིར་སྔ་མ་དག་ལས་མཆོག་ཏུ་གྱུར་པའོ།།ཞེས་དང༌། རྒྱུད་བླ་ཐོགས་འགྲེལ་གྱི་དོལ་འཆན་ལས། འདི་ནི་འཁོར་འདས་ལ་རྟོག་པས་མི་གནས་པའི་རང་བཞིན་ཡང་དག་པར་རྫོགས་པའི་བྱང་ཆུབ་རྗེས་སུ་ཐོབ་པའི་ཐབས་ཏེ། ཤེས་རབ་ཀྱིས་ནི་བྱང་ཆུབ་སེམས་དཔའ་སྲིད་པ་ལ་སྲེད་པའི་བག་ལ་ཉལ་མཐའ་དག་སྤངས་པས་ན། བྱང་ཆུབ་སེམས་དཔའ་བདག་ལ་ཕན་པའི་ཕྱིར་ཤེས་རབ་ཀྱིས་མྱ་ངན་ལས་འདས་པ་ལ་བརྟེན་པའི་བསམ་པ་ཅན་ཡིན་པས་ཡོངས་སུ་མྱ་ངན་ལས་མི་འདའ་བའི་རིགས་ཅན་བཞིན་དུ་འཁོར་བ་ལ་སྲེད་པས་མི་གནས་ལ། སྙིང་རྗེ་ཆེན་པོས་སྡུག་བསྔལ་བའི་སེམས་ཅན་ཡོངས་སུ་མ་བཏང་པས་ནི། གཞན་ལ་ཕན་པའི་ཕྱིར་སྙིང་རྗེས་འཁོར་བ་ལ་བརྟེན་པའི་སྦྱོར་བ་ཅན་ཡིན་པས། ཞི་བ་བགྲོད་པ་གཅིག་པའི་རིགས་ཅན་གྱི་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་རྟོག་པས་མི་གནས་སོ། །དེ་ལྟར་ན་ཤེས་རབ་དང་སྙིང་རྗེའི་ཆོས་འདི་གཉིས་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་རྩ་བའི་གནས་སུ་བསྟན་པ་ནི། བདག་ལ་སྲེད་པ་མ་ལུས་པ་ཤེས་རབ་ཀྱིས་རྒྱུན་བཅད་དེ། སེམས་ཅན་གྱི་དོན་ལ་སྲེད་ཕྱིར་བརྩེ་ལྡན་རང་གཅིག་པུ་ཞི་བ་འཐོབ་པ་ མིན། དེ་ལྟར་བློ་དང་བརྩེ་བ་སྟེ་བྱང་ཆུབ་ཐོབ་པའི་ཐབས་དེ་གཉིས་ལ་བསྟེན་ནས། ཐེག་ཆེན་གྱི་འཕགས་པ་འཁོར་བ་འམ་མྱ་ངན་ལས་འདས་པ་སྲིད་ཞི་ལ་གནས་པར་གློ་བུར་གྱི་དྲི་མ་དག་པར་བྱ་རྒྱུ་མི་འགྱུར་རོ།།ཞེས་གསུངས་སོ། ། རིགས་ངེས་ཉན་རང་གཉིས་ཡང་དག་པའི་ཤེར་ཕྱིན་ལས་རིང་ཚུལ་ནི། ཉ་ཊཱིཀ་ལས། གནས་སྐབས་རིགས་ངེས་པའི་ཉན་ཐོས་དང་སོགས་པ་རང་རྒྱལ་འཕགས་པ་ཆོས་ཅན།ཡང་དག་པའི་ཤེར་པ་མཚན་ཉིད་པ་རང་རྒྱུད་ལ་ཡོད་པ་དང་རིང་བར་གྱུར་པ་ཡིན་ཏེ། དུས་གསུམ་བདེན་མེད་དུ་མཉམ་པ་ཉིད་ཤེས་པ་རང་རྒྱུད་ལ་མེད་པའི་ཕྱིར། དེས་ན་དེ་ཆོས་ཅན། འཁོར་འདས་གང་རུང་ལ་གནས་པ་ཡིན་པར་ཤེས་པར་བྱའོ། །སེམས་ཅན་ཀུན་ལ་སྙིང་བརྩེ་བའི་སེམས་དང༌། རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཟབ་མོ་དང་བྲལ་བའི་རང་གི་རྟོགས་པ་ཙམ་གྱི་ཤེར་པ་སྟེ་གཞི་ཤེས་ཅན་དུ་གནས་སྐབས་རིགས་ངེས་པ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་ཤེས་རབ་དང་བྲལ་ཏེ། མྱང་འདས་རྟག་པའི་དངོས་པོ་དང་འཁོར་བ་མི་རྟག་སྡུག་བསྔལ་ལ་སོགས་པའི་ཚུལ་གྱིས་སྤང་བྱ་ཡིན་པས་དངོས་པོ་མེད་པར་རམ། གཟུགས་སོགས་དོན་དམ་གྱི་དངོས་པོ། ལྷག་མེད་ཕུང་བོའི་དངོས་པོ་མེད་པར་དམིགས་ཤིང་ཞེན་པ་ཉིད་ཀྱིས་སོ། །དེ་འདྲའི་ལམ་མདོ་བསྟན་བཅོས་སུ་བཤད་པ་མེད་དོ་ཞེ་ན། དེ་འདྲའི་ཤེས་རབ་སྙིང་རྗེ་དང་བྲལ་བས་འཁོར་འདས་ལ་གནས་པའི་ལམ་ཆོས་ཅན། སྐབས་འདིར་མདོ་བསྟན་བཅོས་ལས་མ་བསྟན་པ་མིན་ཏེ། ཀུན་ཤེས་པ་ཉིད་ཀྱི་སྐབས་སུ་གཉེན་པོ་ཀུན་ཤེས་དུས་གསུམ་མཉམ་ཉིད་དུ་ཤེས་པས་འཁོར་འདས་བར་གསུམ་ལ་མི་གནས་པར་དངོས་སུ་བསྟན་པ་ལས་བཟློག་སྟེ་ཤུགས་ལ་བསྟན་པའི་ཕྱིར་རོ། །ཞེས་ཁ་ཆེ་གཞོན་ནུ་དཔལ་ལོ། །ཞེས་གསུངས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

གཞི་ཤེས་སྤང་བྱ་ཡིན་པར་ཐལ། ཉ་ཊཱིཀ་ལས། སྤང་བྱ་གཞི་ཐམས་ཅད་ཡོངས་སུ་ཤེས་པའི་གཞི་ཤེས་ཁོང་དུ་ཆུད་པ་མེད་པར་དེའི་གཉེན་པོ་ལམ་ལེགས་པར་ཡོངས་སུ་ཤེས་པ་མེད་དེ། གཉེན་པོ་ནི་སྤང་བྱ་ལ་ལྟོས་ནས་བཞག་པས་སོ། །ཞེས་དང༌། སྤང་བྱར་མི་འཐད་དེ་གཉེན་པོར་འགྱུར་བས་སོ། །ཞེ་ན། ཆོས་ཅན། མ་དད་པ་ལ་སོགས་པའི་གཉེན་པོ་ཡིན་ཏེ། སངས་རྒྱས་ལ་དམིགས་པའི་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཡིན་པ་ཉིད་ཀྱིས་སོ། །དེ་ལྟ་མོད་ཀྱི་སྤང་བྱ་རྣམ་པ་ཐམས་ཅད་དུ་སྟེ་དྲུངས་འབྱིན་བྱེད་མིན་པས་སམ་གཉེན་པོ་ཁོ་ན་མ་ཡིན་པས་སྤང་བྱར་ཡང་འགྱུར་བ་ལ་འགལ་བ་མེད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ལ་སྤང་བྱ་དང་གཉེན་པོ་གཉིས་ཀྱི་ཡིན་པ་མེད་པར་ཐལ། རྣམ་འགྲེལ་ལས། གང་གི་སྐྱོན་མཐོང་རྣམ་པར་སུན་འབྱིན་གཉེན། །ཞེས་དང༌། གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །འདི་ནི་སྒྲོ་འདོགས་དབེན་པ་ལ། །འཇུག་ཅེས་བྱ་བར་ཤེས་པ་ཡིན། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། ཡུལ་ནི་དགེ་བས་ཡིད་འོང་ན། །དེ་ཡང་ངན་པར་བརྩི་བ་ཡིན། །ཞེས་སོགས་ཀྱིས་ཀུན་འབྱུང་དུ་གྱུར་པའི་དགེ་བ་ཟག་བཅས་རྣམས་གཉེན་པོ་ཡིན་མིན་དཔྱད། བྱང་སེམས་ཀྱི་རྒྱུད་ཀྱི་དུས་གསུམ་མཉམ་ཉིད་དུ་རྟོགས་པའི་བློ་ཆོས་ཅན། འཁོར་བའི་སྐྱོན་མཐོང་བའི་བློ་ཡིན་པར་ཐལ། སྲིད་མཐའ་འགོག་བྱེད་ཡིན་པའི་ཕྱིར། ཁྱབ་སྟེ། སྲིད་མཐའ་འགོག་བྱེད་ལ་འཁོར་བའི་སྐྱོན་མཐོང་བའི་བློ་ཞིག་དགོས་པའི་ཕྱིར་ཏེ། དབུ་མ་སྙིང་པོ་ལས། སྐྱོན་མཐོང་ཕྱིར་ན་སྲིད་པ་མིན། །ཞེས་གསུངས་པའི་ཕྱིར་ཟེར་ན་འཁོར་བའི་སྐྱོན་མཐོང་ཚུལ་ལ་དཔྱད་པར་བྱའོ། །

གཉིས་པ་ཤེར་ཕྱིན་ཟབ་མོ་དེ་ལ་རིང་བ་དང་ཉེ་བའི་ཁྱད་པར་བཤད་པ།

གཉིས་པ་ཤེར་ཕྱིན་ཟབ་མོ་དེ་ལ་རིང་བ་དང་ཉེ་བའི་ཁྱད་པར་བཤད་པ་ལ།

རྩ་བར། དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། །དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། །ཅེས་སོ། །དེ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། མཚན་འཛིན་གྱིས་བཅིང་བའི་ཐེག་དམན་གྱི་གཞི་ཤེས་དེ། ཤེར་ཕྱིན་ལ་རིང་བའི་གཞི་ཤེས་ཀྱི་མཚན་ཉིད། ཐེག་ཆེན་གྱི་ཐབས་ཤེས་ཁྱད་པར་ཅན་གྱི་གཞི་ཤེས་དེ། ཤེར་ཕྱིན་ལ་ཉེ་བའི་གཞི་ཤེས་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། གསུམ་པ་འབྲས་ཡུམ་བསྐྱེད་པའི་ཐབས་མ་ཡིན་པས་འབྲས་ཡུམ་ལ་རིང་བའི་གཞི་ཤེས་ཀྱི་མཚན་ཉིད། མིང་དང་དངོས་པོའི་མཚན་མར་འཛིན་པའི་གཞི་ཤེས། བཞི་པ་འབྲས་ཡུམ་བསྐྱེད་པའི་ཐབས་སུ་གྱུར་པ་ཉིད་ཀྱིས་འབྲས་ཡུམ་ལ་རིང་བ་མིན་པའི་མཚན་ཉིད། ཐེག་ཆེན་གྱི་ཐབས་ཤེས་རབ་ཁྱད་པར་ཅན་གྱི་གཞི་ཤེས། ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་དབྱེ་བ་ནི།

ཤེར་ཕྱིན་ལ་རིང་བའི་གཞི་ཤེས་ལ་ཉན་རང་གི་རྒྱུད་ཀྱི་གཞི་ཤེས་གཉིས། ཤེར་ཕྱིན་ལ་ཉེ་བའི་གཞི་ཤེས་ལ་རང་ཡིན་གྱི་ཐབས་ཤེས་གཉིས་སོ། །

གསུམ་པ་ས་མཚམས་ནི། འབྲས་ཡུམ་ལ་རིང་བའི་གཞི་ཤེས་ནི། ཉན་རང་ཚོགས་ལམ་ནས་དམན་པའི་དགྲ་བཅོམ་ལྷག་མེད་པའི་བར་རོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཤེར་ཕྱིན་ལ་རིང་བའི་གཞི་ཤེས་ཉན་རང་ཁོ་ནའི་རྒྱུད་ལ་ཡོད་པ་མི་འཐད་པར་ཐལ། དེ་བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་ཕྱིར་ཏེ། མདོ་ལུགས་མ་ལས། མིང་དང་མཚན་མ་ལ་ཆགས་པའི་བྱང་ཆུབ་སེམས་དཔའ་དེ༷་ནི༷་ཤེར་ཕྱིན་ལ་མཚ༷ན་མ༷ར་དམི༷གས་པའི་སྒོ༷་ན༷ས་ཐ༷བས་ལ་མཁས་པ་མ༷་ཡི༷ན་པ༷ས། དུས་གསུམ་མཉམ་ཉིད་ཀྱི་ཤེར་ཕྱིན་དེ་རི༷ང་དུ་སྤོང་བ༷་སྟེ༷། ཤེར་ཕྱིན་དེའི་མི་མཐུན་ཕྱོགས་ལ་ཞུགས་པའི་ཕྱིར་རོ། །ཅིར་ཡང་མི་ཞེན་ཅིང་མི་རྟོག་པའི་ཚུལ་གྱིས་དུས་གསུམ་གཅིག་ཆར་ཤེས་པའི་བྱང་ཆུབ་སེམས་དཔའ་དེ༷་ནི༷་སྲིད་ཞི་དང་དུས་གསུམ་པ་མཉམ་པ་ཉིད་ཤེས་པའི་ཤེར་ཕྱིན་དང༌། ཉེ་བའི་ཐ༷བས་ལ༷་མཁ༷ས་པ༷་ཡི༷ས། ཤེར་ཕྱིན་དེ་དང་ཡ༷ང་ད༷ག་པར་ཉེ༷་བ༷་ཉི༷ད་དུ༷་བཤ༷ད་དོ། །ཞེས་དང༌། སྔོན་མེད་ལེགས་བཤད་ལས། གཉེན་པོའི་གཞི་ཤེས་ནི། མཁྱེན་གསུམ་གྱིས་ཟླས་ཕྱེ་བའི་གཞི་ཤེས་དངོས་སམ་བཏགས་པ་བ་གང་དུ་བཞག་ན་ལེགས་ཞེས་དཔྱོད་ལྡན་རྣམས་ཀྱིས་རྣམ་པར་དཔྱོད་ཅིག་དང༌། གཞི་ཤེས་ཀྱི་སྐབས་ཀྱི་མདོ་དང་བསྟན་བཅོས་ཀྱི། གཞུང་གི་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོ་གཞི་ཤེས་ནི་གཉེན་པོའི་གཞི་ཤེས་འདི་ཁོ་ན་ཡིན་ལ། གཞུང་གི་དངོས་བསྟན་ལྟར་ན། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱང་ཉན་རང་གི་དེ་གཙོ་མི་ཆེ་སྟེ། གཙོ་བོར་བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོ་དམིགས་པའི་ལྟ་བ་ཅན་རྣམས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན། མ་ཁྱབ་པ་འདྲ་སྟེ། མི་མཐུན་ཕྱོགས་ཀྱི་གཞི་ཤེས་དངོས་བྱང་སེམས་ཀྱི་རྒྱུད་ལ་མེད་མོད་བྱང་སེམས་ཀྱི་རྒྱུད་ཀྱི་མཚན་འཛིན་གྱིས་བཅིང་བའམ་མཚན་མར་དམིགས་པའི་ལྟ་བ་ནི་ཐབས་ལ་མི་མཁས་པས་ཤེར་ཕྱིན་ལ་རིང་བྱེད་ཡིན་པར་བསྟན་ཏོ། །སྐབས་འདི་དག་ཏུ་འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་དང་གཉེན་པོའི་གཞི་ཤེས་ལ་གཞི་ཤེས་མཚན་ཉིད་པ་མི་དགོས་ཏེ། མཁས་པ་འགའ་ཞིག་ལྟར་གཞི་ཤེས་མཚན་ཉིད་པ་དང་ཐེག་དམན་གྱི་རྟོགས་རིགས་ཞིག་མི་དགོས་པར་ལམ་རང་གི་གོལ་སའི་གཞི་ཤེས་ཀྱིས་མིང་གིས་དེ་དག་བཏགས་པའི་ཕྱིར་ཏེ། ཉ་ཊཱིཀ་ལས། གཉེན་པོ་གཞི་ཤེས་ཞེས་པ་ནི་སྤང་བྱའི་མིང་གིས་བཏགས་པ་སྟེ་འདོད་ཁམས་ཀྱི་ལམ་བདེན་བཞིན་ནོ། །ཞེས་གསུངས་སོ། །འབྲས་ཡུམ་ལ་རིང་བའི་གཞི་ཤེས་ཡིན་ན་བློ་དོན་མི་མཐུན་ཡིན་དགོས་པར་ཐལ། མཚན་འཛིན་གྱི་བློ་ཡིན་དགོས་པའི་ཕྱིར། ཉ་ཊཱིཀ་ལས། གཟུང་འཛིན་གྱིའམ་མིང་དང་དངོས་པོའི་མཚན་མར་དམིགས་པ་ཡིན་པའི་སྒོ་ནས་སོ། །མིང་ལས་ཀྱང་ཆགས་སོ། །མཚན་མ་ལས་ཀྱང་ཆགས་སོ། །ཞེས་སོ། །ཞེས་དང༌། རྒྱུ་མཚན་ནི། དེས་སྤང་བར་བྱ་བ་ཡིན་པའི་ཕྱིར། དེར་ཐལ། ཅི་རིགས་པར་བདག་འཛིན་སོགས་དང་སེར་སྣ་ལ་སོགས་པ་དེ་དག་གི་གཉེན་པོར་འགྱུར་སྲིད་པ་ཡིན་ན་ཡང་དེ་ལས་འཛིན་སྟངས་ཕྱིན་ཅི་ལོག་ཏུ་ཞུགས་པའི་འཛིན་པ་ཡིན་པ་ཉིད་ཀྱིས་སོ། །དེའི་རྒྱུ་མཚན་མཚན་མར་འཛིན་པའི་བློ་ཡིན་པས་སོ། །ཁྱབ་སྟེ། བྱང་པའི་ལམ་སྤྲོས་པ་དང་མཚན་མ་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །ཞེས་དང༌། གཞི་ཤེས་ཀྱི་མཚན་ཉིད་ཀྱི་ཟུར་ལ་ཉ་ཊཱིཀ་ལས། མཚན་འཛིན་གྱི་བློ། ཞེས་གསུངས་པའི་ཕྱིར་ཟེར་ན་གཞི་ཤེས་ཀྱི་མཚན་ཉིད་ཀྱི་ཟུར་ལ་མཚན་འཛིན་གྱི་བློ་ཞེས་པ་དང༌། སྤྱིར་མཚན་འཛིན་གྱི་བློ་གཉིས་མི་འདྲ་བར་སྣང་སྟེ། སྤྱིར་མཚན་འཛིན་གྱི་བློ་ནི་བློ་དོན་མི་མཐུན་ཆོས་ཀྱི་བདག་འཛིན་ཞིག་དགོས་ལ། སྐབས་འདི་དག་ཏུ་མཚན་འཛིན་གྱི་བློ་ནི་སྔ་མའི་མཚན་འཛིན་གྱི་དབང་གིས་ཡུལ་མཚན་མར་སྣང་བ་དང་དེའི་རྩིས་ཟིན་པའི་བློ་ལ་བྱེད་པ་འདྲ་ལ། དཔེར་ན་དོན་སྤྱི་སྣང་བའི་རྟོག་པ་ལ་སྤྱི་འཛིན་རྟོག་པ་དང༌། སྒྲ་དོན་འཛིན་པའི་རྟོག་པ་ཞེས་བརྗོད་པ་བཞིན་ནོ། ། གསུམ་པ་མི་མཐུན་ཕྱོགས་དང་གཉེན་པོའི་གཞི་ཤེས་བཤད་པ་ལ། མདོ་ལས། གཟུགས་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཞེས་སོགས་དང༌། དུས་གསུམ་གྱི་ཆོས་རྣམས་ལ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་ཆོས་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཞེས་དང༌། དམིགས་པའི་ཚུལ་གྱིས་སྦྱིན་སོགས་དང༌། དྲན་པ་ཉེར་བཞག་སོགས་ལ་སྤྱོད་ན་ཆགས་པའོ། །ཞེས་པའི་དོན་རྩ་བར། གཟུགས་སོགས་ཕུང་པོ་སྟོང་ཉིད་དང༌། །དུས་གསུམ་གཏོགས་པའི་ཆོས་རྣམས་དང། ། སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་དང༌། མདོ་ལས། ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་སྤྱོད་པ་ནི་འདི་སྙམ་དུ། བདག་གིས་སྦྱིན་པ་ཞིག་སྦྱིན་ནོ། །འདི་ལ་སྦྱིན་ནོ། །འདི་ལྟ་བུ་ཞིག་སྦྱིན་ནོ་སྙམ་དུ་སེམས་པ་མེད་དོ། །ཞེས་སོགས་ཀྱི་དོན་ནི། རྩ་བར། སྦྱིན་ལ་སོགས་ལ་ངར་འཛིན་མེད། །གཞན་དག་དེ་ལ་འཛུད་བྱེད་པ། །དེ་ནི་ཆགས་པའི་མཐའ་འགོག་པས། །རྒྱལ་ལ་སོགས་པ་ཆགས་པ་ཕྲ། །ཞེས་པ་ནས། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །མི་མཐུན་གཉེན་པོའི་ཕྱོགས་དག་གི །རྣམ་པར་དབྱེ་བ་མ་ལུས་པ། །ཇི་སྐད་བཤད་པ་འདི་ཤེས་བྱ། །ཞེས་སོ། །དེ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་མཚན་ཉིད།དབྱེ་བ། ས་མཚམས་གསུམ། དང་པོ་ནི། བྱང་སེམས་ཀྱིས་རང་རྒྱུད་ལ་སྐྱེད་པར་བྱེད་པ་ལ་འདའ་བྱའི་དམན་པའི་གཞི་ཤེས་དེ། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད། རང་གི་སྤང་བྱ་ཆགས་པའི་མཐའ་མ་ལུས་པ་འགོག་པའི་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་མངོན་རྟོགས་དེ། གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། ལྔ་བ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད། བྱང་སེའི་མཉམ་བཞག་གི་རྟོགས་པའི་སྤང་བྱར་གྱུར་པའི་གཞི་ཤེས། དེ་ལ་གཞི་ལམ་འབྲས་བུ་ལ་མཚན་འཛིན་གསུམ་མོ། །དྲུག་པ་གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད། རང་གི་སྤང་བྱ་ཆགས་པའི་མཐའ་མ་ལུས་པ་འགོག་པའི་གཞི་ཤེས་གང་ཞིག བྱང་སེའི་རྟོགས་པ་ཡིན་པའོ། །ཞེས་གསུངས་པས་སོ། །

གཉིས་པ་དབྱེ་བ་ནི།

མི་མཐུན་ཕྱོགས་ཀྱི་གཞི་ཤེས་ལ་དམན་པའི་ལམ་ལྔ་ཡོད། གཉེན་པོའི་གཞི་ཤེས་ལ་ཐེག་ཆེན་གྱི་ལམ་ལྔ་ཡོད་དོ། །

གསུམ་པ་ས་མཚམས་ནི། འབྲས་ཡུམ་ལ་ཉེ་རིང་དང་འདྲའོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཉ་ཊཱིཀ་ལས།གཞི་ལམ་ལ། འབྲས་བུ་ལ་མཚན་འཛིན་གྱི་སྤང་གཉེན། ཞེས་པ་ནས། གཉིས་པ་ལ། སྤང་གཉེན་གཉིས་ལས། དང་པོ་ལ། ཆགས་པ་ཕྲ་མོ་མི་མཐུན་ཕྱོགས་སུ་བསྟན། དེའི་སྒྲུབ་བྱེད་བསྟན་པའོ། །དང་པོ་ལ། རྩ་བ་ནི། རྒྱལ་བ་ལ་མཚན་མར་འཛིན་པ་དང་སོགས་པ་དགེ་བ་ཐམས་ཅད་མཚན་མར་གཟུང་མདོ་སྟེ་རྫོགས་བྱང་དུ་བསྔོ་བ་ཆོས་ཅན། བྱང་པའི་མཉམ་གཞག་གི་མི་མཐུན་ཕྱོགས་ཏེ། ཆགས་པ་ཕྲ་མོ་ཡིན་པས་སོ། །རྫོགས་པའི་སངས་རྒྱས་མཚན་མར་ཡིད་ལ་བྱེད་ན། ཇི་ཙམ་དུ་མཚན་མར་གྱུར་པ་དེ་ཙམ་དུ་ཆགས་པའོ། །ཞེས་སོགས་སོ། །ཞེས་རྒྱལ་ལ་སོགས་པ་ཆགས་པ་ཕྲ། །ཞེས་པ་འདི་མི་མཐུན་ཕྱོགས་ཀྱི་གཞི་ཤེས་སྟོན་བྱེད་དུ་བཞག་པ་མི་འཐད་དེ། རྩ་བར། སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་པ་ཡན་གྱིས་མི་མཐུན་ཕྱོགས་ཀྱི་གཞི་ཤེས་བཤད་ཟིན་པའི་ཕྱིར་ཏེ། མདོ་ལུགས་མ་ལས། གཟུགས་སོགས་ཕུང་པོ་སྟོང་ཉིད་དང༌། དུས་གསུམ་གཏོགས་པའི་ཆོས་རྣམས་དང། །སྤྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་པ་ནས། དེ་རྣམས་ཀྱིས་མི་མཐུན་ཞེས་པ་དེ་བཤད་ཟིན་ཏོ། །ད་ནི་མཚན་མར་འཛིན་པའི་འདུ་ཤེས་དེའི་གཉེན་པོའི་ཕྱོགས་བཤད་པར་བྱ་སྟེ། ཞེས་གསུངས་པའི་ཕྱིར་རོ། །ཡང་བདེན་པའི་རང་བཞིན་མེད་རྟོགས་ཀྱི་བློ་ཡིན་ན་སྐབས་འདིའི་གཉེན་པོའི་ཕྱོགས་ཡིན་པས་ཁྱབ་པར་ཐལ། ཉ་ཊཱིཀ་ལས། རྩ་འགྲེལ་ནི། ཉན་ཐོས་དང་སོགས་པ་རང་རྒྱལ་གྱི་ལམ་ཆོས་ཅན། མི་མཐུན་པའི་ཕྱོགས་ཡིན་ཏེ། མཚན་འཛིན་ཡིན་པའི་ཕྱིར།བྱང་པ་འཕགས་པའི་མཉམ་བཞག་ཡེ་ཤེས་དང་སོགས་པ་སངས་རྒྱས་ཀྱི་རྟོགས་པ་ཆོས་ཅན། མཚན་འཛིན་གྱི་གཉེན་པོའི་ཕྱོགས་ཡིན་ཏེ། ཆོས་ཐམས་ཅད་དོན་དམ་པར་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པས་སོ། །ཞེས་གོ་རིམ་བཞིན་དུ་སྦྱར་བ་སྟེ།སྤྱིར་མངོན་པར་ཞེན་པའི་བློ་ཐམས་ཅད་འདིར་མི་མཐུན་ཕྱོགས་དང༌། ཞེན་མེད་ཀྱི་བློ་བདེན་པའི་རང་བཞིན་མེད་རྟོགས་ཐམས་ཅད་གཉེན་ཕྱོགས་སོ་ཞེས་པའི་རབ་ཏུ་དབྱེ་བ་མ་ལུས་པ།མདོ་ལས་ཇི་སྐད་བཤད་པ་བཞིན་དུ་བསྟན་བཅོས་འདིར་བཤད་པའི་ཚུལ་དེ་ལྟར་གྱི་སྒོ་ནས་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་སུ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་ཉན་རང་གི་རྒྱུད་ཀྱི་རང་བཞིན་མེད་རྟོགས་ཀྱི་བློ་སོགས་སྐབས་འདིའི་གཉེན་པོའི་ཕྱོགས་ཡིན་མིན་དང་གཞི་ཤེས་ཡིན་ན་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཡིན་པས་ཁྱབ་པ་ཡོད་མེད་དཔྱད་པར་བྱའོ། །

གཉིས་པ་ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་བཤད་པ།

གཉིས་པ་ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་བཤད་པ་ལ།

མདོ་ལས། གཟུགས་སོགས་རྟག་ཅེས་བྱ་བ་དང༌། མི་རྟག་ཅེས་བྱ་བ་ལ་སོགས་པ་དང༌། གཟུགས་སོགས་མ་རྫོགས་ཞེས་བྱ་བ་དང༌། རྫོགས་ཞེས་བྱ་བ་དང༌། གཟུགས་སོགས་ལ་ཆགས་ཞེས་བྱ་བ་དང་མ་ཆགས་ཞེས་བྱ་བར་མི་སྤྱོད་ན་ཤེར་ཕྱིན་ལ་སྤྱོད་དོ། །ཞེས་སོགས་ཀྱི་དོན། རྩ་བར། གཟུགས་སོགས་དེ་མི་རྟག་སོགས་དང༌། །དེ་མ་རྫོགས་དང་རབ་རྫོགས་དང༌། །དེ་ལ་ཆགས་པ་མེད་ཉིད་ལ། །སྤྱོད་པ་བཀག་པས་སྦྱོར་བ་དང༌། །མི་འགྱུར་བྱེད་པོ་མེད་ཉིད་དང༌། །བྱ་དཀའ་རྣམ་གསུམ་སྦྱོར་བ་དང༌། །སྐལ་པ་ཇི་བཞིན་འབྲས་ཐོབ་པས། །འབྲས་ཡོད་འདོད་པ་དེ་དང་ནི། །གཞན་ལས་རག་ལས་མིན་གང་དང༌། །སྣང་བ་རྣམ་བདུན་ཤེས་བྱེད་དོ། །ཞེས་དང༌། མདོ་ལུགས་མ་ལས། རྣལ་འབྱོར་འདི་ཉི་ཁྲིའི་ལེའུ་ཉེར་བརྒྱད་པས་སྟོན་ནོ། །སྐབས་འདིར་ཤེར་ཕྱིན་ཟབ་མོའི་སྦྱོར་བ་གཅིག་དང༌། ཤེར་ཕྱིན་མི་འགྱུར་བ་དང༌། དེ་ལ་བྱེད་པ་པོ་མེད་པ་དང༌། བྱང་ཆུབ་སེམས་དཔའི་བྱ་བ་དཀའ་བ་རྣམ་པ་གསུམ་དང༌། ཤེར་ཕྱིན་དེ་ལ་བསླབས་པས་རྒྱུན་ཞུགས་ལ་སོགས་པའི་འབྲས་བུ་ཡོད་པ་དང༌། ཤེར་ཕྱིན་གྱི་རྣལ་འབྱོར་ཟབ་མོ་ལ་བརྩོན་པ་དེ་གང་ཟག་གཞན་གྱིས་བསྲུང་བ་ལ་རག་མ་ལས་པ་དང༌།རག་མ་ལས་པ་དེའི་ཤེས་བྱེད་དེ་དོན་ཚན་པ་བདུན་སྟོན་ནོ། །ཞེས་སོ། །དེ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ་དངོས་དང༌། དེའི་མཉམ་ཉིད་གཉིས། དང་པོ་ལ་མཚན་ཉིད། དབྱེ་བ། ས་མཚམས་དང་གསུམ། དང་པོ་ལ། གཟུགས་སོགས་ལ་མངོན་ཞེན་བཀག་ནས་བསྒོམ་པའི་བྱང་སེམས་ཀྱི་སྦྱོར་བ་དེ། ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་གྱི་མཚན་ཉིད་ཡིན་ཏེ། མདོ་ལུགས་མ་ལས། ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་ལ་སྦྱར་ནས་དེ་ལྟར་བཤད་པ་ལས་སྦྱོར་ལམ་ཁོ་ན་ལ་སྦྱར་ནས་མ་བཤད་པས་སོ། །

གཉིས་པ་དབྱེ་བ་ནི།

ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་དུ་གྱུར་པའི་ཚོགས་སྦྱོར་མཐོང་སྒོམ་བཞི་ཡོད། ཉ་ཊཱིཀ་གི་གསུང་ཟིན་ལྟར་ན་དབྱེ་ན་བཅུ་ཡོད་དེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་གནས་པ་བཀག་པའི་སྦྱོར་བ་དང༌། གཟུགས་སོགས་དེ་མི་རྟག་སོགས་ཀྱི་སྦྱོར་བ་དང༌། གཟུགས་སོགས་མ་རྫོགས་པ་དང་རྫོགས་པའི་སྦྱོར་བ་སོགས་བཅུ་ཡོད་དོ། །

གསུམ་པ་ས་མཚམས་ནི།

ཐེག་ཆེན་ཚོགས་ལམ་ནས། རྒྱུན་མཐའི་བར་དུ་ཡོད་དོ། །གཉིས་པ་རྣལ་འབྱོར་རྣམ་པར་སྦྱོར་བའི་ཡན་ལག་ཕན་ཡོན་ཆོས་ཐམས་ཅད་མཉམ་པ་ཉིད་བཤད་པ་ལ། མདོ་ལས། ཤེར་ཕྱིན་ལ་སྤྱོད་པས་རྨི་ལམ་དང་སྒྱུ་མ་ལྟ་བུའི་ཆོས་རྣམས་ཡོངས་སུ་ཤེས་ཞེས་སོགས་དང༌། གཟུགས་དང་གཟུགས་བདག་གི་དང༌། གཟུགས་ལ་སོགས་དང་གཟུགས་ཀྱི་མཚན་མར་རློམ་སེམས་སུ་མི་བྱེད་ཞེས་སོགས་ཀྱི་དོན། རྩ་བར། གཟུགས་ལ་སོགས་ལ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས་སོ། །དེ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། གཟུགས་སོགས་བྱེད་པའི་མཚན་ཉིད་སོགས་དངོས་པོར་རློམ་སེམས་སུ་མེད་པའི་མཉམ་ཉིད་དུ་ཡོངས་སུ་ཤེས་པ་དེ། ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་གྱི་ཕན་ཡོན་མཉམ་ཉིད་ཀྱི་མཚན་ཉིད་ཡིན་ཏེ། མདོ་ལུགས་མ་ལས། དེ་ལ་གཟུ༷གས་སོགས་བྱེད་པའི་མཚན་ཉིད་ལ༷་སོ༷གས་པའི་དངོས་པོར་རློ༷མ་སེམས་སུ་མེ༷ད་པ༷་དང༌། གཟུགས་སོགས་བདག་གི་ཞེས་བྱ་བ་རྗེ་ཁོལ་གྱི་དངོས་པོར་རློམ་སེམས་མེད་པ་དང༌། གཟུགས་སོགས་ཞེས་བྱ་བ་ལ་རྟེན་དང་བརྟེན་པའི་དངོས་པོར་རློམ་སེམས་མེད་པ་དང༌། གཟུགས་སོགས་ཀྱི་མཚན་མར་ཞེས་བྱ་བ་བརྡར་བརྟག་པའི་དངོས་པོར་རློམ་སེམས་མེད་པ་སྟེ། རྣ༷མ་པ་བཞི༷་པོ་དེ་ནི་སྦྱོར་བ་དེ༷འི༷་ཕན་ཡོན་ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་དང༌། སྨིག་རྒྱུ་དང༌། སྒྲ་བརྙན་དང༌། མིག་ཡོར་དང༌། ཆུ་ཟླ་དང༌། སྤྲུལ་པ་ལྟ་བུར་མཉ༷མ་པ༷་ཉི༷ད་དུ་ཡོངས་སུ་ཤེས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་དབྱེ་བ་ནི། ལྡོག་ཆས་དབྱེ་ན་བཞི་སྟེ། སྔར་མདོ་ལུགས་མའི་ལུང་བཀོད་པ་ལྟར་རོ། །

གསུམ་པ་ས་མཚམས་ནི། ཚོགས་ལམ་ནས་སངས་རྒྱས་ཀྱི་བར་རོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

སྐབས་འདིའི་གཞི་ཤེས་སྦྱོར་བ་དེ་སྦྱོར་ལམ་ཁོ་ན་ཡིན་པར་ཐལ། ཉ་ཊཱིཀ་ལས། བདུན་པ་གཞི་ཤེས་དངོས་བསྟན་གྱི་སྦྱོར་བའི་མཚན་ཉིད། གཟུགས་སོགས་ལ་མངོན་ཞེན་བཀག་ནས་བསྒོམ་པའི་བྱང་སེའི་སྦྱོར་ལམ།དབྱེ་ན་བཅུའོ། །བོད་རྣམས་ཐེག་ཆེན་སློབ་ལམ་བཞི་ན་ཡོད་ལོ། ཞེས་དང༌། རྩ་བ་དང་འགྲེལ་བ་ལྷན་ཅིག་བཤད་པ་ལ། བྱང་སེམས་སྦྱོར་ལམ་པ་དབང་རྣོན་གྱི་མཉམ་བཞག་གི་ཡུམ་སྦྱོར་ཆོས་ཅན། གཞིའི་ངོ་བོ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་གནས་པ་བཀག་པའི་སྦྱོར་བ་ཡིན་ཏེ། དེ་ལ་མངོན་ཞེན་གྱིས་སྤྱོད་པ་ཉམས་ལེན་བཀག་པའི་རྟོག་མེད་ཀྱིས་ཡུམ་བསྒོམ་པའི་སྦྱོར་བ་ཡིན་པས་སོ། །བྱང་ཆེན་པོ་ཤེར་པ་ལ་སྤྱོད་ཚེ་གལ་ཏེ་གཟུགས་ལ་མི་སྤྱོད་ན་ཤེར་པ་ལ་སྤྱོད། ཅེས་སོགས་རྣམ་མཁྱེན་བར་རོ། །ཞེས་དང༌། ས་མཚམས་ནི།གཞོན་ནུ་དཔལ་ནི། སྦྱོར་བ་བཅུ་དྲོད་རྩེ། མཉམ་ཉིད་བཟོད་མཆོག་ནའོ། །ཞེས་པ་ནི། མཉམ་ཉིད་ཀྱི་སྔ་འགྲེལ་དང༌། ཤེར་འབྱུང་གིས་སྦྱོར་བ་རྣམ་པ་བཅུ་ནི་རེ་རེ་ལ་ཡང་གཟུགས་ལ་སོགས་པའི་མངོན་ཞེན་མེད་པ་ལ་སོགས་པ་རློམ་པ་མེད་པ། རྣམ་པ་བཞིས་རྟོགས་པར་བྱའོ། །ཞེས་པ་དང་འགལ་ལོ། །བོད་བོ་དོང་བ་སོགས་ཕལ་ཆེར། སློབ་ལམ་བཞིར་ཡོད་ཅེས་དང༌། འབུམ་ཕྲག་གསུམ་པ། ས་བདུན་མན་ན་ཡོད་ཟེར་བའང་སློབ་དཔོན་སོགས་ལྟར་ན་མི་འཐད་དེ། སྦྱོར་བའི་མཉམ་པ་ཉིད་སོ་སོར་རྟོགས་ནས་མཐོང་བའི་ལམ་སྒོམ་དགོས་པས། ཞེས་དང༌།སྔར་སྦྱོར་ལམ་ཞེས་སྨོས་ནས་འདིར་མཐོང་ལམ་འཆད་ཅེས་དང༌། ཤེར་འབྱུང་གིས། ནུས་པའི་རྒྱུ་སྦྱོར་བ་རྣམ་པ་བཅུ་ཡོད་ན་འབྲས་བུ་མཐོང་བའི་ལམ་འབྱུང༌། ཞེས་སོ། །དེས་ན་སྦྱོར་ལམ་ན་ཡོད་དོ། །འོན་ཀྱང་དཔྱད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །ཡང་རྩ་བར། གཟུགས་སོགས་དེ་མི་རྟག་སོགས་དང༌། །ཞེས་སོགས་ཀྱིས་གཞི་ཤེས་ཀྱི་སྦྱོར་བ་བཅུ་སོ་སོར་བསྟན་པར་ཐལ། ཉ་ཊཱིཀ་ལས། སྦྱོར་བ་ཡུལ་གྱི་དབྱེ་བས་རྣམ་པ་བཅུར་ཡོད་པ་བསྟན་བཅོས་འདིར་རྗེས་སུ་འགྲོ་བས་ཏེ་ཡོངས་གཅོད་དུ་བསྟན་པས།དེའི་ཤུགས་ཀྱིས་ན་ཉན་ཐོས་ལ་སོགས་པའི་སྦྱོར་བ་བཅུ་ནི་ཇི་སྐད་བཤད་པའི་ཞེན་སྤྱོད་བཀག་པ་སོགས་དེ་དང་དེ་ལས་བཟློག་སྟེ་སྦྱོར་བ་ཡིན་ནོ། །ཞེས་གསེར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་མི་འཐད་པར་ཐལ། མདོ་ལུགས་མ་ལས། འདི་ཐམས་ཅད་སྦྱོར་བར་འཆད་པ་ནི་མི་རིགས་ཏེ། སྦྱོར་བ་ནི་རྣལ་འབྱོར་ཡིན་ལ་འདིར་རྣལ་འབྱོར་མ་ཡིན་པས་དེའི་ཚན་པ་དྲུག་ཡོད་པའི་ཕྱིར་རོ། །སྦྱོར་བ་མ་ཡིན་པ་སྦྱོར་བའི་སྐབས་སུ་སྟོན་པར་མི་འོས་པ་ནི་མ་ཡིན་ཏེ། དོན་གྱི་གཙོ་བོ་མ་ཡིན་ཀྱང་གཙོ་བོ་བསྟན་པའི་ཞར་ལ་སྐབས་སུ་བབ་པའི་དོན་དུ་མ་སྟོན་པ་ནི་ཐམས་ཅད་ལ་མཐུན་སྣང་དུ་གྲུབ་པོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་སྐབས་འདིའི་རྫོགས་མ་རྫོགས་ནི། རིམ་བཞིན་ཡོངས་གྲུབ་དང་ཀུན་བཏགས་ལ་བྱེད་པར་ཐལ། ཉ་ཊཱིཀ་ལས། མ་རྫོགས་པ་ནི་བརྟགས་པའི་གཟུགས་ཏེ། བརྟགས་པ་ལྟར་ངོ་བོ་མེད་པས་མཚན་ཉིད་ཀྱིས་སྟོང་བའི་ཕྱིར་ཡོན་ཏན་གྱི་རྟེན་དུ་མ་རྫོགས་པའོ། །རྫོགས་པ་ནི་ཆོས་ཉིད་ཀྱི་གཟུགས་ཏེ། ཡོན་ཏན་མཐའ་ཡས་པ་དང་ལྡན་པས་སོ། །ཞེས་འགྲེལ་ཆེན་ནོ། །རྫོགས་མ་རྫོགས་ཀུན་བརྟགས་ཀྱི་གཟུགས་དང་ཡོངས་གྲུབ་ལ་འབུམ་ཊཱིཀ་ཏུ་ཡང་བཤད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ལ་ཡང་བརྟག་པར་བྱ་བ་འདི་ཡོད་དེ། མདོ་ལུགས་མ་ལས། དེས་ན་གཟུགས་སོགས་རྟག་པ་དང༌། མི་རྟག་པ་ལ་སོགས་པ་དང༌། སློབ་པའི་ཚེ་ཆོས་ཉིད་ཀྱི་གཟུགས་སོགས་མ་རྫོགས་པ་དང༌། མི་སློབ་པ་འབྲས་བུའི་ཚེ་རྫོགས་པ་དང༌། གཟུགས་དེ་ལ་ཆགས་པ་དང༌།ཆགས་པ་མེད་པ་ཉིད་ལ་དམིགས་པའི་ཚུལ་གྱིས་སྤྱོད་ཅིང་རྣལ་འབྱོར་དུ་བྱེད་པ་བཀག་པས། མི་དམིགས་པའི་ཚུལ་གྱིས་ཆོས་ཉིད་ཡོངས་གྲུབ་ཀྱི་གཟུགས་སོགས་རྣལ་འབྱོར་དུ་བྱེད་ཅིང་སྦྱོར་བ་དང་སྤྱོད་པ་ནི་ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་ཡིན་ནོ། །ཞེས་རྫོགས་མ་རྫོགས་གཉིས་ཀ་ཆོས་ཉིད་ཀྱི་གཟུགས་ལས་ཀུན་བརྟགས་ཀྱི་གཟུགས་ལ་མ་གསུངས་པས་སོ། །ཡང་བྱ་དཀའ་རྣམ་གསུམ་མཁྱེན་གསུམ་ལ་སོ་སོར་བཞག་དགོས་ཏེ། ཉ་ཊཱིཀ་ལས། ཆོས་ཅན། བྱ་དཀའ་རྣམ་གསུམ་གྱི་སྦྱོར་བ་སྟེ་གོ་རིམ་བཞིན་དུ་ཆེད་དུ་བྱ་དཀའ་བ་རྣམ་མཁྱེན། སྦྱོར་བ་བྱ་དཀའ་བ་ལམ་ཤེས། བྱེད་པའམ་ལས་བྱ་དཀའ་བ་གཞི་ཤེས་གསུམ་ལ་ཞེས་སོགས་ཏེ། གོ་རིམ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཀྱི་ཞེས་པའི་དོན་དེའོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་མི་རིགས་པར་ཐལ། མདོ་ལུགས་མ་ལས། ནམ་མཁའ་ལྟ་བུའི་ཤེར་ཕྱིན་དེ་བསྟན་པའི་ཚེ་སེམས་མ་ཞུམ་པ་བྱ་དཀའ་བ་དང༌། ནམ་མཁའ་ལྟ་བུ་དེ་ལ་བརྩོན་པ་བྱ་དཀའ་བ་དང༌། ནམ་མཁའ་ལྟ་བུའི་བྱང་ཆུབ་ལས་མི་ལྡོག་པ་བྱ་དཀའ་བ་སྟེ། བྱ་དཀའ་བ་གསུམ་པོ་དེ་ལ་བྱང་ཆུབ་དེ་སྦྱོར་ཞིང་གོ་ཆ་བགོས་པའོ། །མདོ་ལས། བྱང་ཆུབ་སེམས་དཔའ་ཤེར་ཕྱིན་བསྟན་པའི་ཚེ་མི་ཞུམ་པ་དང་དེ་ལ་བརྩོན་པ་དང༌། བླ་མེད་བྱང་ཆུབ་ལས་མི་ལྡོག་པ་ནི་དཀའ་བ་བགྱིད་པའོ། །ཞེས་གསུངས་པའི་དོན་ཏོ། །དེ་ནས་དེ་ཅིའི་སླད་དུ་ཞེ་ན། ཤེར་ཕྱིན་བསྒོམ་པ་ནི་ནམ་མཁའ་བསྒོམ་པ་སྟེ་ཞེས་སོགས་ཀྱིས་བྱ་དཀའ་བ་གསུམ་པོ་དེ་དཀའ་བའི་རྒྱུ་མཚན་འབའ་ཞིག་མདོ་ལས་བྱུང་ངོ༌། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་ཉ་ཊཱིཀ་ལས། བརྒྱད་པ་འདིར་དངོས་བསྟན་གྱི་སྦྱོར་བ་དེའི་མཉམ་ཉིད་ནི། ཡུལ་ཡུལ་ཅན་གང་དུ་ཡང་རློམ་སེམས་བཀག་ནས་བསྒོམ་པ་གང་ཞིག དངོས་བསྟན་གྱི་སྦྱོར་བ་བཅུའི་མཚུངས་ཆོས་ཏེ། ལྡོག་ཆས་ཕྱེ་ན་བཞིའོ། །ཞེས་གསུངས་མོད་མདོ་ལུགས་མར་སྦྱོར་བའི་མཉམ་ཉིད་སྦྱོར་བའི་ཕན་ཡོན་ལ་བཤད་དོ། །ཡང་ཉ་ཊཱིཀ་ལས། ཕྱི་མ་འདི་རྗེས་ཐོབ་ཀྱི་སྒོམ་པ་གཙོ་ཆེ། བརྒྱད་སྟོང་བ་ལྟར་ན་གཟུང་འཛིན་གྱི་རྣམ་རྟོག་བརྒྱད་ནི་སྦྱོར་བའི་མཉམ་ཉིད་དེ། རྣམ་བརྒྱད་དེ་ཡི་མཉམ་པ་ཉིད་ཅེས་བྱ་ཞེས་སྙིང་ཟླའོ། །ཞེས་སོགས་གསུངས་པ་ལ་ཞིབ་པར་དཔྱད་པར་བྱའོ། །

གསུམ་པ་ཀུན་ཤེས་པའི་ཚུལ་མཐོང་བའི་ལམ་གང་ཡིན་པ་དེ་བཤད་པ།

གསུམ་པ་ཀུན་ཤེས་པའི་ཚུལ་མཐོང་བའི་ལམ་གང་ཡིན་པ་དེ་བཤད་པར་བྱ་བ་ལ།

བདེན་བཞིའི་སྒོ་ནས་མདོར་བསྟན་པ་དང༌། སྐད་ཅིག་མའི་སྒོ་ནས་རྒྱས་པར་བཤད་པ་གཉིས་ལས་དང་པོ་ནི། རྩ་བར། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཆོས་ཤེས་རྗེས་སུ་ཤེས་པ་དང༌། །བཟོད་ཤེས་སྐད་ཅིག་བདག་ཉིད་འདི། །ཀུན་ཤེས་ཚུལ་ལ་མཐོང་བའི་ལམ། །ཞེས་སྡུ༷ག་བསྔ༷ལ་ལ༷་སོ༷གས་པ་ཀུན་འབྱུང་དང་འགོག་པ་དང་ལམ་གྱི་བདེ༷ན་པ༷་བཞི་པོ་རེ་རེ་ལ༷་ཡང་ཆོ༷ས་ཤེ༷ས་པའི་བཟོད་པ་དང་ཆོས་ཤེས་པ་དང༌། རྗེ༷ས་སུུ༷་ཤེ༷ས་པའི་བཟོད་པ༷་ད༷ང༌། རྗེས་སུུ་ཤེས་པ་བཞིའོ། །དེ་ལྟར་ན་ཤེས་པའི་སྐ༷ད་ཅི༷ག་བཞི་བཞི་བཅུ་དྲུག་གི་བད༷ག་ཉི༷ད་འདི༷་ཀུན་ཤེ༷ས་པ་ཉིད་ཀྱི་ཚུ༷ལ་ལམ་རང་བཞིན་ལ༷་མཐོ༷ང་བ༷འི་ལ༷མ་ཡིན་ནོ། །

གཉིས་པ་རྒྱས་པར་བཤད་པ་ནི།

གཟུགས་རྟག་མ་ཡིན་མི་རྟག་མིན། །ཞེས་པ་ནས། ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་སོ། །ཚིག་དོན་གཞན་ལས་ཤེས་པར་བྱའོ། །དེ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ནི། ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཀྱི་ཡེ་ཤེས་དེ། སྐབས་འདིར་དངོས་བསྟན་གྱི་མཐོང་ལམ་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། དགུ་བ་མཐོང་ལམ་སྟེ་དེ་ལ་གཉིས་ལས་གཞི་ཤེས་དངོས་བསྟན་གྱི་མཐོང་ལམ་གྱི་མཚན་ཉིད། སྔར་ལྟར་རམ་གཞིའི་ཆོས་ཉིད་མངོན་སུམ་གྱིས་གསར་དུ་མཐོང་བའི་ཡེ་ཤེས་སོ། ། དབྱེ་ན་བཅུ་དྲུག་གོ །གཞི་ཤེས་ཤུགས་བསྟན་གྱི་མཐོང་ལམ་གྱི་མཚན་ཉིད། གཞི་གང་ཟག་གམ་གཟུང་བ་བདག་མེད་མངོན་སུམ་དུ་གསར་དུ་མཐོང་ཞིང་མཚན་འཛིན་གྱི་བློ། མཐོང་དམིགས་བྱ་བ་མངོན་རྟོགས་ཞེས་པ་ནི་ཐེག་དམན་གྱི་ལུགས་ཁོ་ནའོ། །དེ་ལྟར་ན་ཤུགས་བསྟན་གྱི་དེ༷་འདྲ༷་དེ་ཉན་ཐོས་དང་སོགས་པ་རང་རྒྱལ་གྱི་ཀུ༷ན་ཤེ༷ས་ཉི༷ད་དུ༷་འདོ༷ད་པ་ཡིན་ལ་དངོས་བསྟན་གྱི་དེ་སོགས་པ་བྱང་སེའི་སྟེ་གཉེན་ཕྱོགས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་དབྱེ་བ་ནི། ཤེས་བཟོད་སྐད་ཅིག་བཅུ་དྲུག།

གཉིས་པ་དབྱེ་བ་ནི། ཤེས་བཟོད་སྐད་ཅིག་བཅུ་དྲུག་གོ །

གསུམ་པ་ས་མཚམས་ནི། སྦྱོར་ལམ་རྫོགས་ནས་སྒོམ་ལམ་ཐོབ་ཁའི་བར་དུ་ཡོད་དོ། །སྐབས་འདིར་དངོས་བསྟན་གྱི་མཐོང་ལམ་ཐེག་ཆེན་མཐོང་ལམ་ཡིན་གྱི་ཤུགས་ལ་དམན་པའི་མཐོང་ལམ་བསྟན་པ་ཡིན་ཏེ། མདོ་ལུགས་མ་ལས། བྱང་ཆུབ་སེམས་དཔའི་མཐོང་ལམ་དངོས་སུ་བསྟན་པས་ཐེག་པ་འོག་མའི་མཐོང་ལམ་ཡང་དོན་གྱིས་གོ་བར་བྱ་སྟེ། ཐེག་པ་ཐམས་ཅད་ཀྱི་ཡོན་ཏན་བསྡུས་པའི་ཕྱིར། དེ་ལྟར་བསྟན་པའི་སྐད་ཅིག་མ་རྣམས་ནི་ཀུན་ཤེས་པའི་ངོ་བོར་གྱུར་པ་ཉིད་ཀྱི་མཐོང་ལམ་གྱི་སྐད་ཅིག་མ་བཅུ་དྲུག་བསྟན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཉ་ཊཱིཀ་ལས། ཚུལ་ཇི་ལྟར་བསྟན་ན། མཐོང་ལམ་སྐད་ཅིག་བཅུ་དྲུག་ལས་མ་གཏོགས་པ་མེད་པར་ཤེས་པའི་དོན་དུ་ཕྱོགས་བཅུ་རེ་རེའི་སངས་རྒྱས་སྟོང་སྟོང་དཔང་བོར་མཛད་ནས་སོ། །ཞེས་གྲོལ་སྡེ་གཉིས་སོ། །ཞེས་པ་ལྟར་མཐོང་ལམ་ལ་སྐད་ཅིག་བཅུ་དྲུག་ལས་ལྷག་མེད་པར་བཤད་པ་ལ་དཔྱད་དོ། །ཡང་ཉ་ཊཱིཀ་ལས། དེས་ན་ཕྱི་རོལ་བས་རྟག་པ་སོགས་གང་ཟག་ཏུ་སྒྲོ་བཏགས་པ་བཅུ་དྲུགཉན་ཐོས་པས་མི་རྟག་སོགས་ཆོས་སུ་སྒྲོ་འདོགས་པ་བཅུ་དྲུག་དང་བྲལ་བའི་ཡེ་ཤེས་བཅུ་དྲུག་དངོས་བསྟན་གྱི་མཐོང་ལམ་མོ། །ཞེས་ཐེག་ཆེན་མཐོང་ལམ་ཡིན་ན་སྒྲོ་འདོགས་སོ་གཉིས་དང་བྲལ་བས་ཁྱབ་པ་ཡོད་མེད་དང༌། སྒྲོ་འདོགས་དང་བྲལ་ཞེས་པ་རང་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ལ་མེད་པ་དང་སྤངས་པ་སོགས་གང་ཡིན་དཔྱད་པར་བྱའོ། །ཡང་སྐབས་འདིར་ཉ་ཊཱིཀ་ལས། མདོ་དང་རྒྱན་དུ་གཞི་ཤེས་མཐོང་ལམ་བསྟན་པ་རྫོགས་པའི་སྐབས་འདིར་ཆོས་ཅན། ཉན་ཐོས་ཀྱི་ཟག་མེད་སྒོམ་པའི་ལམ་ནི་དངོས་སུ་མ་བསྟན་པ་ལ་རྒྱུ་མཚན་ཡོད་དེ། ཉན་ཐོས་ཀྱི་ལམ་དང་འབྲས་བུ་ནི་དེའི་རིགས་ཅན་ལ་བསྟན་པའི་དོན་དུ་བྱང་པས་མ་ནོར་བར་ཡོངས་སུ་ཤེས་པར་བྱ་བ་ཡིན་གྱི་ཇི་བཞིན་རྒྱུད་ལ་བསྐྱེད་ནས་མངོན་དུ་བྱ་བ་མ་ཡིན་པའི་རྒྱུ་མཚན་གྱིས་དེ་དངོས་སུ་མ་བསྟན་པས་སོ། །ཉན་ཐོས་རྣམས་ལའང་དེའི་མཐོང་ལམ་བསྟན་པས་གོ་སླ་བས་དངོས་སུ་མ་བསྟན་ནོ་ཞེས་འགྲེལ་ཆེན་ནོ། །འདིར་དངོས་སུ་ནི་དེའི་མཐོང་ལམ་ཡང་མ་བསྟན། ཤུགས་ལ་ནི་མཐོང་ལམ་བསྟན་པས་དེའི་སྒོམ་ལམ་ཡང་བསྟན་པ་ཡིན་པས་སློབ་དཔོན་གྱི་འདི་ལ་སྙིང་བོ་ཙམ་མི་སྣང་བས་རྩོད་སྤོང་མང་བོ་བྱས་ནས་གཞུང་འདི་བཤད་བྱེད་རྣམས་ལ་བརྟག་མི་བཟོད་དོ། །ཞེས་ཉན་ཐོས་ཀྱི་ཟག་མེད་སྒོམ་ལམ་མ་བསྟན་པའི་རྒྱུ་མཚན་དེ་ལ་སེང་བཟང་སོགས་ཀྱི་ལུགས་ལ་ཁྱབ་པ་ཡོད་མེད་དང༌། རང་ལུགས་ལ་མ་བསྟན་པའི་རྒྱུ་མཚན་གང་ཡིན་དཔྱད་པར་བྱའོ། །

བཞི་པ་སྔར་བཤད་པའི་མཁྱེན་པ་གསུམ་གྱི་མཇུག་བསྡུ།

བཞི་པ་སྔར་བཤད་པའི་མཁྱེན་པ་གསུམ་གྱི་མཇུག་བསྡུ་བ་ནི།

རྩ་བར། དེ་ལྟར་འདི་དང་ཡང་འདི་དང༌། །ཡང་འདི་ཡིན་ཏེ་རྣམ་གསུམ་པོ། །འདི་ནི་གནས་སྐབས་གསུམ་པོ་དག །རྫོགས་པར་ཡོངས་སུ་བསྟན་པ་ཡིན། །ཞེས་སྔར་བཤད་པ་དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་ཉིད་འདི་དང༌། ཡང་ལམ་ཤེས་པ་ཉིད་འདི་དང་ཡང་ཐམས་ཅད་ཤེས་པ་ཉིད་འདི་ཡིན་ཏེ། མཁྱེན་པ་རྣམ་པ་གསུམ་པོ་ཡོངས་སུ་བསྟན་པ་འདི་ནི། མཁྱེན་པའི་གནས་སྐབས་གསུམ་པོ་དག་ཀྱང་རྫོགས་པར་ཡོངས་སུ་བསྟན་པ་ཡིན་པར་མདོ་ལུགས་མ་ལས་བཤད་དོ། །ཉ་ཊཱིཀ་གི་གསུང་ཟིན་ལ་དེ་དང་ཅུང་མི་འདྲ་སྟེ། ཇི་སྐད་དུ། རྩ་བ་ནི། གཞི་ཤེས་བཤད་པ་རྫོགས་རྗེས་སུ་རབ་འབྱོར་ཤེར་པ་འདི་ནི་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན། སྟོན་པར་བྱེད་པ་མ་ཡིན། ཞེས་ནས། འདས་མ་འོངས་ད་ལྟར་བྱུང་བ་མ་ཡིན། ཞེས། དེ་ལྟར་ཚིག་བཅུ་དགུ་ཡང་ཡང་སྒྲ་དང་པོ་ལ་ཡང་ཞེས་དག་ལྡན་བསྟན་པ་འདི་དང༌། དེ་ལྟར་སོགས་ཀྱི་དོན་ཡིན་པས་གསུམ་པོ་དག་ལ་སྦྱར་རོ་ཞེས་པས། རབ་འབྱོར་ཤེར་པ་འདི་ནི་འདོད་པའི་ཁམས་ལས་འདའ་བར་བྱེད་པའམ་གནས་པར་བྱེད་པ་མ་ཡིན། ཞེས་སོགས། ཡང་བསྟན་པ་འདི་དང༌།རབ་འབྱོར་ཤེར་པ་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་སྟེར་བའམ་འཕྲོག་པར་བྱེད་པ་མ་ཡིན། ཞེས་སོགས་བཤད་པ་འདི་གང་ཡིན་པ་སྟེ། རིམ་པ་རྣམ་པ་གསུམ་པོ་འདི་ནི་གོ་རིམ་བཟློག་པས་གཞི་ཤེས་ལམ་ཤེས་རྣམ་མཁྱེན་གྱི་གནས་སྐབས་གསུམ་པོ་དག་མཇུག་རྫོགས་པར་ཡོངས་སུ་བསྟན་པ་མཇུག་སྡུད་ཡིན་ནོ་ཞེས་པ། ཨཱརྱ་དག་ལྡན་གྱི་དོན་དཔྱིས་ཕྱིན་པ་སྟེ་གཞན་གྱིས་བློ་ཁ་མ་ཕྱོགས་པར་སྣང་ངོ༌། །འགྲེལ་བ་ལ། བཤད་མ་ཐག་པའི་ཚུལ་དུའམ་བཤད་པ་ལྟར་གྱི་རིམ་པས་དོན་ཐམས་ཅད་ཡོངས་སུ་རྫོགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདི་དང༌། ཆོས་ཐམས་ཅད་ལ་མི་གནས་པའི་ལམ་ཤེས་པ་ཉིད་འདི་དང༌། རྣམ་རྟོག་ཐམས་ཅད་བཀག་པའི་གཞི་ཐམས་ཅད་ཤེས་པ་ཉིད་འདི་སྟེ། རྣམ་པ་གསུམ་པོ་དག་སྔར་བཤད་པ་དེ་ལྟར་གྱི། རབ་འབྱོར། མཐའ་གཉིས་རྣམ་དག སྤྱོད་པ་ཁྱད་པར་གྱི་ལེའུ་གསུམ་གྱིས་ཡོངས་སུ་རྫོགས་པར་མཛད་པ་ཡིན་ནོ་ཞེས་སམ། དོན་བསྡུ་བའི་མདོ་གསུམ་གྱིས་ཞེས་འགོར་སྦྱར་ཏེ། ལེའུ་གསུམ་གྱི་དོན་མཁྱེན་གསུམ་ཞེས་སྦྱར་རོ། །ཞེས་གསུངས་པའི་ཕྱིར་རོ། །དངོས་པོ་བརྒྱད་ལས་གཞི་ཤེས་ཀྱི་དངོས་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པ་ཡིན་ནོ། །

གསུམ་པ་སྐབས་བསྡུ་བ་ནི།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་གསུམ་པའི་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པའི་སྒོ་ནས་བཤད་ཟིན་ཏོ། །

སྨྲས་པ། ཐབས་ཤེས་ཉི་ཟླས་སྲིད་ཞིའི་མུན་པ་འཇོམས། །འབྲས་ཡུམ་ཉེ་རིང་སྤང་གཉེན་བླང་དོར་ལམ། །གཞི་ཤེས་སྦྱོར་བ་དེ་ཡི་མཉམ་པ་ཉིད། །བདེན་མཐོང་དངོས་པོ་བརྗོད་པའི་འདབ་བརྒྱའི་དཔྱིད། །བློ་ལྡན་སྐལ་ལྡན་ཚོགས་རྣམས་མགྲོན་དུ་འབོད། །ཐབས་ཤེས་ཆོས་ཀྱི་ལམ་བརྟག་ལ་ཞུགས་ནས། །སྐུ་བཞིའི་འབྲས་བུ་གཡུར་དུ་ཟ་བ་ཉིད། །མངོན་དུ་བྱས་ནས་འགྲོ་རྣམས་དོན་བརྩོན་སྨོན། །ཞེས་བར་སྐབས་ཀྱིས་ཚིགས་སུ་བཅད་པའོ། །

གཉིས་པ་མཁྱེན་གསུམ་གཏན་ལ་ཕེབས་ནས་ཉམས་སུ་ལེན་པའི་འཇུག་པ་སྦྱོར་བ་བཤད་པ་ལ།

དེ་ལྟར་ཡུམ་གྱི་མཚན་ཉིད་མཁྱེན་གསུམ་གཏན་ལ་ཕབ་ནས། དེའི་རྟོགས་པ་རྒྱུད་ལ་སྐྱེད་པའི་ཐབས་སུ་ཡུམ་གྱི་རྣལ་འབྱོར་ཉམས་སུ་ལེན་པའི་སྦྱོར་བ་བཤད་པ་ལ། དབང་ཐོབ་པའི་དོན་དུ་བསྒོམ་པ་རྣམ་ཀུན། དབང་ཐོབ་པའི་ཚུལ་གྱིས་བསྒོམ་པ་རྩེ་སྦྱོར། བརྟན་པ་ཐོབ་པའི་དོན་དུ་བསྒོམ་པ་མཐར་གྱིས་པ། བརྟན་པ་མཐར་ཕྱིན་པ་སྐད་ཅིག་མའི་དངོས་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པ་དང་བཞིའོ། །

དང་པོ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་དངོས་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པ་ལ།

སྐབས་ཀྱི་མཚམས་སྦྱར། སྦྱོར་བའི་ཆོས་རྒྱས་པར་བཤད།སྐབས་བསྡུ་བའོ། །དང་པོ་ནི། དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་གསུམ་བཤད་ཟྀན་ནས། ད་ནི་མཁྱེན་གསུམ་གྱི་རྣམ་པ་རྣམས་རྫོགས་པར་སྒོམ་པ་ལ་དབང་ཐོབ་པའི་ཆེད་དུ་རྣམ་ཀུན་མངོན་པར་རྫོགས་པར་བསྒོམ་དགོས་པས་དེ་འཆད་པར་བྱའོ། །མཁྱེན་པ་གསུམ་ལ་དབང་བསྒྱུར་ཐོབ་པའི་ཕྱིར་དུ་མཁྱེན་གསུམ་བསྡུས་ནས་བསྒོམ་པའི་བྱང་ཆུབ་སེམས་དཔའི་སྦྱོར་བ་དེ། རྣམ་རྫོགས་སྦྱོར་བའི་མཚན་ཉིད། དབྱེ་ན་སློབ་ལམ་བཞིའམ་སྦྱོར་བ་ཉི་ཤུ། ས་མཚམས་ནི་ཚོགས་ལམ་ནས་རྒྱུན་མཐའི་བར་ཆད་མེད་ལམ་བར་ནའོ། །དེ་ལྟར་འཐད་དེ། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། དེས་ན་ཐེག་ཆེན་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད། ཅེས་དང༌། དེས་ན་མཚན་ཉིད། མཚོན་བྱ། གཞི་གསུམ་ལས། དང་པོ་ནི། མཁྱེན་པ་གསུམ་ལ་དབང་གྱུར་ཐོབ་པའི་ཕྱིར་དུ་མཁྱེན་གསུམ་བསྡུས་ནས་བསྒོམ་པའི་བྱང་ཆུབ་སེམས་དཔའི་སྦྱོར་བ། ཞེས་དང༌། གསུམ་པ་ནི། ཐེག་ཆེན་སློབ་ལམ་བཞིའམ་སྦྱོར་བ་ཉི་ཤུའོ། །ཞེས་གསུངས་སོ། །སྐབས་འདིར་ཉ་ཊཱིཀ་ལས། དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་གསུམ་ཐོས་བསམ་གྱི་ཤེས་རབ་ཀྱིས་བསྡུས་པ་དང་རྒྱས་པར་ཡོངས་སུ་ཤེས་པར་གྱུར་པའི་གང་ཟག་གིས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དོན་སྒོམ་པར་བྱེད་དགོས་སོ། །ཅིའི་དོན་དུ་ན་ནི་སྟེ་ངེས་པར་དབང་དུ་བྱ་བས་དེ་བསྒོམས་པས་རང་གི་རྒྱུད་ལ་བསྐྱེད་པས་རྟོགས་པ་རང་དབང་ཐོབ་པར་བྱ་བའི་ཕྱིར་དུ་སྟེ་ཐོས་བསམ་གྱི་ཤེས་རབ་མི་བརྟན་པས་རང་དབང་ཅན་མིན་ལ། བསྒོམས་པ་ལས་རང་དབང་དུ་འགྱུར་བས་སོ། །དེ་ལྟར་ཤེས་རབ་གསུམ་འབྲེལ་བར་བྱ་དགོས་ཏེ། མི་ཕམ་པའི་ཞལ་སྔ་ནས། གལ་ཏེ་ཐོས་པ་ཙམ་གྱི་དོན། །མཐོང་འགྱུར་བསྒོམ་པ་དོན་མེད་འགྱུར། །གལ་ཏེ་བསྒོམས་པས་དོན་མཐོང་འགྱུར། །དེ་ཚེ་ཐོས་པ་དོན་མེད་འགྱུར། །ཞེས་དང༌། མཁྱེན་པ་གསུམ་ལ་དབང་གྱུར་ཐོབ་པའི་ཕྱིར་དུ་མཁྱེན་གསུམ་བསྡུས་ནས་བསྒོམ་པའི་བྱང་ཆུབ་སེམས་དཔའི་སྦྱོར་བ་སྟེ། ཞེས་པའི་དོན་ལ་སྔར་མཁྱེན་གསུམ་གྱི་སྐབས་སུ་ཐོས་བསམ་ལས་སྒོམ་དགོས་པ་བསྟན་མ་བསྟན་དང༌།མཁྱེན་གསུམ་གྱི་རྣམ་པ་སྒོམ་པ་ལ་དབང་གྱུར་ཐོབ་རྗེས་ཀྱི་རྣམ་རྫོགས་སྦྱོར་བ་དེ། དབང་གྱུར་ཐོབ་ཕྱིར་དུ་སྒོམ་པ་ཡིན་མིན་དཔྱད། ཡང་ཉ་ཊཱིཀ་ལས། དེ་ལྟར་ན་མཁྱེན་པ་གསུམ་ལ་དབང་གྱུར་ཐོབ་པའི་ཕྱིར་དུ་མཁྱེན་གསུམ་བསྡུས་ནས་བསྒོམ་པའི་སྦྱོར་བ་ནི། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྦྱོར་བ་ཡིན་པས་འདིར་འཆད་དོ། །ཞེས་གསུངས་པའི་བསྡུས་སྒོམ་གྱི་དོན་ནི། མཁྱེན་གསུམ་གྱི་རྣམ་པ་འཛིན་སྟངས་ཀྱི་ཡུལ་དུ་བསྡུས་ནས་བསྒོམ་པའི་རིགས་གནས་ཀྱི་བྱང་སེམས་ཀྱི་མངོན་རྟོགས་དེ་ཡིན་ནོ། །

གཉིས་པ་སྦྱོར་བའི་ཆོས་རྒྱས་པར་བཤད་པ་ལ་བཅུ་གཅིག

གཉིས་པ་སྦྱོར་བའི་ཆོས་རྒྱས་པར་བཤད་པ་ལ་བཅུ་གཅིག་སྟེ།

དམིགས་པར་གྱུར་པའི་རྣམ་པ། རྗེས་སུ་སྒྲུབ་པའི་སྦྱོར་བ། སྐྱེ་རྒྱུ་ཡོན་ཏན། མི་སྐྱེ་བའི་རྒྱུ་སྐྱོན།ཤེས་བྱ་མཚན་ཉིད། ཚོགས་ལམ་ཀྱི་ངོ་བོ་ཐར་པ་ཆ་མཐུན། སྦྱོར་ལམ་གྱི་ངོ་བོ་ངེས་འབྱེད་ཆ་མཐུན། སློབ་པ་ཕྱིར་མི་ལྡོག་གི་མཚན་ཉིད། སྲིད་ཞི་མཉམ་ཉིད་ཀྱི་ཏིང་ངེ་འཛིན། སངས་རྒྱས་ཀྱི་ཞིང་དག་པ་བླ་ན་མེད་པ་ཉིད་དུ་སྒྲུབ་པ། ཐབས་ལ་མཁས་པའི་ངོ་བོ་ཡོངས་སུ་འདྲེས་པ་ཤེས་པའི་ཡེ་ཤེས་བཤད་པའོ། །དང་པོ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ་ལས། དང་པོ་ལ། རྩ་བར། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །ཅེས་སོ། །དེའི་དོན་བཤད་པ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ་རྣམ་པའི་མཚན་ཉིད། མཚན་གཞི། དབྱེ་བ་བཤད་པ་དང་གསུམ། དང་པོ་ནི། སྦྱོར་བའི་བསྒོམ་བྱར་གྱུར་པ་དེ། སྐབས་འདིའི་རྣམ་པའི་མཚན་ཉིད་ཡིན་ཏེ། ཉ་ཊཱྀཀ་ལས། རྣམ་པ་ནི། ཡུལ་གཞིའམ་ཡུལ་ཅན་ཡེ་ཤེས་ཀྱི་བྱེ་བྲག་ཐེག་ཆེན་སྦྱོར་བའི་བསྒོམ་བྱར་གྱུར་པ།ཞེས་དང༌། ཉ་ཊཱིཀ་ལས། མཚན་ཉིད་ནི། བདེན་པའི་ཆོས་ཀྱི་རང་བཞིན་དུ་གྱུར་པའི་ཆོས་ཞིག་སྟེ། མི་རྟག་པ་འདུས་བྱས་ཀྱི་མཚན་ཉིད་དུ་བཤད་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིའི་གཞི་ཤེས་ཀྱི་རྣམ་པའི་ཚད་དམ་དོན་ནི། གཞི་ཤེས་སམ་དེའི་སྦྱོར་བའི་བསྒོམ་བྱར་གྱུར་པ། སྐབས་འདིའི་ལམ་ཤེས་ཀྱི་རྣམ་པའི་ཚད་དམ་དོན་ནི། ལམ་ཤེས་སམ་ལམ་ཤེས་ཀྱི་སྦྱོར་བའི་བསྒོམ་བྱར་གྱུར་པ། སྐབས་འདིའི་རྣམ་མཁྱེན་གྱི་རྣམ་པའི་ཚད་དམ་དོན་ནི། རྣམ་མཁྱེན་ནམ་དེའི་སྦྱོར་བའི་སྒོམ་བྱར་གྱུར་པའོ། །དེ་ལྟར་འཐད་དེ། ཉ་ཊཱིཀ་ལས། རད་ཀིར་ནི། གཞིའི་རྣམ་པ་མི་རྟག་སོགས་དང༌། ཡེ་ཤེས་ཀྱི་རྣམ་པ་མི་རྟག་པར་རྟོགས་པ། ཞེས་འཆད་དེ་ལེགས་སོ། །ཞེས་དང༌། དེ་ལས། གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་ཆོས་ཅན། གཞི་ཤེས་ཀྱི་བྱེ་བྲག་གམ་ཆོས་སུ་བསྟན་པས་གཞི་ཤེས་ལས་རྫས་ཐ་དད་པ་མིན་ཏེ། ཉན་རང་རྣམས་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་ཡེ་ཤེས་མཚན་གཞི་དེའི་མཚན་ཉིད་དམ་རང་བཞིན་དུ་གྱུར་པའི་ཆོས་ཞིག་ཡིན་པས་སོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །སྤྱིར་མཁྱེན་པ་གསུམ་པོ་རང་རང་གི་རྣམ་པ་ལ་རང་རང་ཡིན་དགོས་ཀྱང་སྐབས་འདིའི་གཞི་ཤེས་ཀྱི་རྣམ་པ་ལ་མདོའི་དངོས་བསྟན་ལ་ཆོས་ཉིད་དང༌། སྦས་དོན་ལ་མངོན་རྟོགས་དང༌། དོན་རྣམ་དུ་གྱུར་པའི་མི་རྟག་པ་སོགས་ཡོད་པར་སྣང་སྟེ། མདོ་ལུགས་མ་ལས། རྣམ་པ་འདི་རྣམས་སྦྱོར་བ་བཞིས་གང་ལ་བསླབ་པར་བྱ་བའི་ཡུལ་མཁྱེན་པ་གསུམ་གྱི་བདག་ཉིད། གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་དབྱིངས་ཟབ་མོ་གཅིག་གི་རྣམ་པ་ཡིན་པའི་ཕྱིར། ཞེས་དང༌། ཉ་ཊཱིཀ་ལས་རྣམ་པ་ལ་དོན་རྣམ་དང་ཤེས་རྣམ་གཉིས་དང་ཆོས་ཅན་དང་ཆོས་ཉིད་གཉིས་ཡོད་པར་བཤད་པའི་ཕྱིར།

གཉིས་པ་མཚན་གཞི་ནི།

མི་རྟག་པ་སོགས་དང༌། མི་རྟག་པ་རྟོགས་པའི་ཡེ་ཤེས་སོགས་སོ། །གསུམ་པ་དབྱེ་བ་ནི། ཉ་ཊཱིཀ་ལས། མཚན་གཞིའི་དབྱེ་བ་ནི། དོན་རྣམ། ཤེས་རྣམ་གཉིས་ཏེ། དང་པོ་ལ། བདེན་བཞི་ལ་རིམ་བཞིན་དགུ་བཅུ་གཉིས་ཉི་ཤུ་བརྒྱ་སོ་གཉིས་སོ། །གཉིས་པ་ལ། གཞི་ཤེས་ཀྱི་ཉེར་བདུན། ལམ་ཤེས་ཀྱི་སོ་དྲུག རྣམ་མཁྱེན་གྱི་བརྒྱ་དང་བཅུའོ། །ཡང་ན་ཆོས་ཅན་གྱི་རྣམ་པ། ཆོས་ཉིད་ཀྱི་རྣམ་པ་གཉིས་སུ་ཡང་འདུས་སོ། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཡང་སྔོན་མེད་ལེགས་བཤད་ལས། རྣམ་རྫོགས་སྦྱོར་བའི་རྣམ་པ་ཞེས་བྱ་བ་ནི། ཆོས་ཉིད་དོན་དམ་པ་རྣམ་པ་ཐམས་ཅད་པར་གནས་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་འགྲོ་རྒྱུ་རྣམས་ནི། ཡུལ་གྱི་རྣམ་པ་སྟེ། དེང་སང་དོན་རྣམ་ཞེས་གྲགས་པ་དམིགས་ཡུལ་ཡིན་པས། རྣམ་ཀུན་དངོས་མ་ཡིན་ལ། དམིགས་ཡུལ་དེ་རྣམས་ལ་བསྒོམས་པས། མེ་ལོང་ལ་གཟུགས་བརྙན་ཤར་པ་ལྟར་རང་གི་ཤེས་པ་ཡང༌། རྣམ་པ་དེ་དག་དང་མཚུངས་པར་ཤར་བ་ནི། ཡུལ་ཅན་གྱི་རྣམ་པ་སྟེ། དེང་སང་ཤེས་རྣམ་དུ་གྲགས་པ་ཡིན་པས། དེ་ནི་རྣམ་རྫོགས་ཉིད་དང་ངོ་བོ་གཅིག་གོ །དེ་ལ་བསྟན་བཅོས་དང་མདོ་རྒྱས་པ་ལས། གཞི་ཤེས་ལ་བདེན་བཞིའི་རྣམ་པ་ཉེར་བདུན་དང༌། ལམ་ཤེས་ལ་བདེན་བཞིའི་རྣམ་པ་སོ་དྲུག་དང༌། རྣམ་མཁྱེན་ལ་སྣ་ཚོགས་པའི་རྣམ་པ་བརྒྱ་དང་བཅུ་བཤད་པ་ལས། མཁྱེན་པ་དང་པོ་གཉིས་ཀྱི་རྣམ་པ་རྣམས་བདེན་བཞིའི་རྣམ་པར་འདུས་སོ། །དེ་ཡང་བདེན་པ་བཞི་ལ་དམིགས་ནས་ཀུན་རྫོབ་སྒྱུ་མ་ཙམ་གྱི་རྒྱུ་འབྲས་རྟེན་འབྲེལ་འགག་པ་མེད་ཀྱང༌། རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བས་ཁྱད་པར་དུ་བྱས་པ་ཉིད་ལས་ང་བདག་མ་དམིགས་པ་ནི། གཞི་ཤེས་ཀྱི་རྣམ་པ་དང༌།བདེན་བཞིས་བསྡུས་པའི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རྟེན་འབྲེལ་སྒྱུ་མ་ལྟ་བུ་ལ། དོན་དམ་པར་ཅི་ཡང་མ་ཡིན་པ་ནམ་མཁའ་ལྟ་བུ་སྟེ་སྤྲོས་བྲལ་དང༌། རང་གི་ཉམས་སུ་བསྟར་བའི་དགེ་ཆོས་ཐམས་ཅད་ཀྱང༌། སྤྲོས་པ་དང་བྲལ་བའི་རང་བཞིན་ཉིད་དུ་གནས་པ་ནི། ལམ་ཤེས་ཀྱི་རྣམ་པ་དང༌། དོན་དམ་པའི་དབྱིངས་དེ་ནི་ནམ་མཁའ་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་ཞིང༌། སྤྲོས་བྲལ་དེ་ཉིད་རྣམ་པ་ཐམས་ཅད་པར་གདོད་ནས་ཤར་བ་དང༌། ཁྱད་པར་དུ་ཡང་བྱང་ཕྱོགས་དང་ཕར་ཕྱྀན་དང་སྟོབས་བཅུ་སོགས་དགེ་ཆོས་ཐམས་ཅད་ཀྱི་རྣམ་པར་གནས་པ་ནི་རྣམ་མཁྱེན་གྱི་རྣམ་པ་ཡིན་ནོ། །ཞེས་གསུངས་པ་ནི་བྱང་སེམས་ཀྱི་མཁྱེན་གསུམ་ཉམས་ལེན་གྱི་དབང་དུ་བྱས་སམ་དཔྱད་པར་བྱའོ། །ཡང་རྣམ་པའི་མཚན་ཉིད་ལ་ཉ་ཊཱིཀ་ལས། མཚན་ཉིད་ནི། བདེན་པའི་ཆོས་ཀྱི་རང་བཞིན་དུ་གྱུར་པའི་ཆོས་ཞིག་སྟེ། མི་རྟག་པ་འདུས་བྱས་ཀྱི་མཚན་ཉིད་དུ་བཤད་པ་བཞིན་ནོ། །ཞེས་པའི་བདེན་པ་ལ་བདེན་བཞི་གང་རུང་གི་རྣམ་པ་དགོས་པ་ཡིན་མིན་དཔྱད། ཡང་མངོན་རྟོགས་རྒྱན་ལས། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ཞེས་དང༌། ཉ་ཊཱིཀ་ལས། མཚོན་བྱའི་སྒྲ་དོན་ནི། བདེན་པའི་ཆོས་ཀྱི་བྱེ་བྲག་ཏུ་གྱུར་པས་དེའི་རྣམ་པ་སྟེ། ཆོས་བཤེས་ཀྱིས། རྣམ་པ་ནི་བྱེ་བྲག་སྟེ་སངས་རྒྱས་ཀྱི་ས་ལ་སོགས་པ་ལ་ཆོས་ཀྱི་བྱེ་བྲག་ཇི་སྙེད་ཡོད་པའོ་ཞེས་སོ། །ཞེས་པ་ལྟར་ན་སྐབས་འདིར་བསྟན་གྱི་རྣམ་པ་བདེན་པའི་ཆོས་ཀྱི་བྱེ་བྲག་དགོས་པ་ཡིན་མིན་དཔྱད། གཞི་ཤེས་ཀྱི་རྣམ་པ་ལ་གཞི་ཤེས་དགོས་ཏེ། ཉ་ཊཱིཀ་ལས། དེ་གསུམ་ལས་རྫས་ཐ་དད་པར་འགྱུར་ཞེས་རྟོག་ན། གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་ཆོས་ཅན། གཞི་ཤེས་ཀྱི་བྱེ་བྲག་གམ་ཆོས་སུ་བསྟན་པས་གཞི་ཤེས་ལས་རྫས་ཐ་དད་པ་མིན་ཏེ། ཉན་རང་རྣམས་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་ཡེ་ཤེས་མཚན་གཞི་དེའི་མཚན་ཉིད་དམ་རང་བཞིན་དུ་གྱུར་པའི་ཆོས་ཞིག་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཉ་ཊཱིཀ་ལས། དེ་ལྟར་ན་རྩ་འགྲེལ་གཉིས་སུ་དངོས་སུ་ཤེས་རྣམ་བཤད་ཅིང༌། དོན་རྣམ་ཤུགས་ལ་བསྟན་པར་གསལ་ལོ། །ཞེས་སོགས་དོན་རྣམ་དང་ཤེས་རྣམ་དངོས་ཤུགས་ལ་བསྟན་ཚུལ་ལ་དཔྱད། སྐབས་འདིའི་རྣམ་པ་ལ་ཆོས་དབྱིངས་དགོས་ཏེ། མདོ་ལུགས་མ་ལས། རྣམ་པ་འདི་རྣམས་སྦྱོར་བ་བཞིས་གང་ལ་བསླབ་པར་བྱ་བའི་ཡུལ་མཁྱེན་པ་གསུམ་གྱི་བདག་ཉིད། གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་དབྱིངས་ཟབ་མོ་གཅིག་གི་རྣམ་པ་ཡིན་པའི་ཕྱིར། ལམ་ཆོས་སུ་འཆད་པ་དང་བཟང་ངན་དུ་མར་འབྱེད་པ་དང༌། སྒོམ་ཚུལ་སྣ་ཚོགས་ཀྱི་ཆོས་སུ་འཆད་པ་ནི་མདོ་དང་མི་མཐུན་ནོ། །མདོ་ལས། རབ་འབྱོར་ཀྱི་དམ་བཅས་པ་དང་བཅོམ་ལྡན་འདས་ཀྱིས་གཏན་ཚིགས་གསུངས་པའི་སྒོ་ནས་ཤེར་ཕྱིན་གཅིག་འབའ་ཞིག་གི་རྣམ་པ་བསྟན་པའི་ཕྱིར་རོ། །བསྟན་བཅོས་སུ་དམ་བཅར་གསུངས་པ་རྣམས་བྱུང་ངོ༌། །སྐབས་འདི་ཉི་ཁྲིའི་ལེའུ་ཉེར་དགུ་པ་ནས་འབྱུང་ངོ༌། །དྲན་པ་ཉེར་བཞག་ལ་སོགས་པ་རྣམས་ཀྱི་སྒོམ་ཚུལ་ཚོགས་སྒྲུབ་ཀྱི་སྐབས་སུ་འཆད་པ་མདོའི་དགོངས་པ་ཡིན་པས། དེར་མདོ་ཇི་ལྟ་བ་བཞིན་དུ་ཞིབ་ལ་རྒྱས་པར་ཕྱེས་ནས་ཡོད་པ་རྣམས་ལ་བལྟ་བར་བྱའོ། །ཞེས་དང༌། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ཞེས་སོགས་ཀྱི་དོན་ནི། སློབ་པ་ལམ་གྱི་གནས་སྐབས་དང་མ་འདྲེས་པ་གཞི༷་ཤེ༷ས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ༷འི༷་བྱེ༷་བྲ༷ག་རྣ༷མས་སྟོན་པ་ལ་འདིར་རྣ༷མ་པ༷་ཞེ༷ས་བྱ༷་བའི་མིང་གི་བྱེ་བྲག་དེ་རྣམས་ཀྱི་མཚ༷ན་ཉི༷ད་དམ་ངོ་བོ་སྟོན་ཏོ། །དེ༷་རྣམས་ཀྱང་ཀུ༷ན་མཁྱེ༷ན་པ་ཉི༷ད་ནི༷་རྣ༷མ་གསུ༷མ་དུ་ཕྱེ་བའི་ཕྱི༷ར། རྣམ་པར་དེ༷་རྣམས་ནི༷་མཁྱེན་པའི་རྣ༷མ་པ༷་ཚན་པ་གསུ༷མ་དུ༷་འདོ༷ད་ཅིང་སྟོན་ཏོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་པ་འདྲ་སྟེ། ལུང་དེའི་དོན་མདོའི་དངོས་བསྟན་གཙོ་བོའི་དབང་དུ་བྱས་པ་ཡིན་པར་སྣང་ངོ༌། །ཡང་རྣམ་པ་འདི་ཆོས་དབྱིངས་ལ་སྦྱར་ཚུལ་ཡོད་དེ། མདོ་ལུགས་མ་ལས། རྣམ་པ་འདི་རྣམས་ལམ་བདེན་གྱི་གནས་སྐབས་ནི་མ་ཡིན་ཏེ། ལམ་གྱི་བདེན་པ་དང་རྗེས་སུ་མཐུན་པར་ཕྱེ་ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་རྒྱས་པར་བཤད་པ་ལ།

གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་དང༌། ལམ་ཤེས་ཀྱི་རྣམ་པ་སོ་དྲུག་དང༌། རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་བཤད་པ་དང་གསུམ།དང་པོ་ལ། མདོ་ལས། རབ་འབྱོར་གྱིས་གསོལ་བ་ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་མེད་པའི་ཕྱིར་རོ། །ཞེས་པ་ནས། ཡུམ་འདི་ནི་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ། །བཀའ་སྩལ་པ། ཆོས་ཀྱི་དབྱིངས་གནས་པ་ཉིད་ཀྱི་ཕྱིར་རོ། །ཞེས་དང༌། རྩ་བར། མེད་པའི་རྣམ་པ་ནས་བཟུང་སྟེ། །མི་གཡོ་བ་ཡི་རྣམ་པའི་བར། །བདེན་པ་སོ་སོ་ལ་བཞི་དང༌། །ལམ་ལ་དེ་ནི་བཅོ་ལྔར་བཤད། །ཅེས་གསུངས་སོ། །དེའི་དོན་བཤད་པ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ལ་མདོའི་དངོས་བསྟན་དང་སྦས་དོན་གཉིས་ལས་དང་པོ་ནི། མདོའི་དངོས་བསྟན་གྱི་སྐབས་འདིའི་གཞི་ཤེས་ཀྱི་རྣམ་པའི་མཚན་ཉིད་ནི། གཞི་ཤེས་ཀྱི་རྣམ་པ་དང་རྗེས་སུ་མཐུན་པའི་ཆོས་ཀྱི་དབྱིངས་དེའོ། ། དེའི་རྣམ་པའི་གྲངས་ནི་མདོ་ལུགས་མ་ལས། འདི་ལྟ་སྟེ། ནམ་མཁའ་མེད་པའི་ཕྱིར་ཤེར་ཕྱིན་འདི་ནི་མེ༷ད་པ༷འི་ཕ་རོལ་ཏུ་ཕྱིན་པ་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར། ཤེར་ཕྱིན་འདི་ནི་མཉམ་ཉིད་ཀྱི་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར། ཤེར་ཕྱིན་འདི་ནི་དབེན་པའི་དང༌། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་ཐུབ་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། བཞི་ནི་སྡུག་བསྔལ་གྱི་བདེན་པའི་རྣམ་པའོ། །ཕུང་པོ་ལྔ་མེད་པའི་ཕྱིར་ཤེར་ཕྱིན་འདི་ནི་གནས་མེད་པའི་དང༌། དབུགས་ཕྱི་ནང་དུ་རྒྱུ་བ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་ནམ་མཁའི་དང༌། རྟོག་དཔྱོད་དམིགས་སུ་མེད་པའི་ཕྱིར་ཤེར་ཕྱིན་འདི་ནི་བརྗོད་དུ་མེད་པའི་དང༌། མིང་བཞིའི་ཕུང་པོ་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་མིང་མེད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། བཞི་ནི་ཀུན་འབྱུང་གི་བདེན་པའི་རྣམ་པའོ། །ཆོས་ཐམས་ཅད་འགྲོ་བ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་འགྲོ་བ་མེད་པའི་དང༌། ཆོས་ཐམས་ཅད་གཟུང་དུ་མེད་པའི་ཕྱིར།ཤེར་ཕྱིན་འདི་ནི་མི་འཕྲོག་པའི་དང༌། ཆོས་ཐམས་ཅད་བྱང་ཞིང་ཟད་པའི་ཕྱིར༌། ཤེར་ཕྱིན་འདི་ནི་སྐད་ཅིག་མ་མེད་པའི་དང༌། ཆོས་ཐམས་ཅད་སྐྱེ་འགག་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་སྐྱེ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། བཞི་ནི་འགོག་པའི་བདེན་པའི་རྣམ་པའོ། །བྱེད་པ་པོ་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་བྱེད་པ་པོ་མེད་པའི་དང༌། ཤེས་པ་པོ་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་ཤེས་པ་པོ་མེད་པའི་དང༌། སྐྱེ་འཆི་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་འཕོ་བ་མེད་པའི་དང༌། ཆོས་ཐམས་ཅད་འཇིག་པ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་འཇིག་པ་མེད་པའི་དང༌། རྨི་ལམ་མཐོང་བ་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་རྨི་ལམ་གྱི་དང༌། ཉན་པ་དང་བརྗོད་པ་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་སྒྲ་བརྙན་གྱི་དང༌། མེ་ལོང་གི་བཞིན་དམིགས་སུ་མེད་པའི་ཕྱིར།ཤེར་ཕྱིན་འདི་ནི་མིག་ཡོར་གྱི་དང༌། ཆུུ་བབ་པ་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་སྨིག་རྒྱུ་ཡི་དང༌། མཚན་མ་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་སྒྱུ་མའི་དང༌། མ་རིག་པའི་མུན་པ་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་རྨོངས་པ་མེད་པའི་དང༌།ཉོན་མོངས་པ་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་ཉོན་མོངས་མེད་པའི་དང༌། ཉོན་མོངས་པ་མེད་པའི་ཕྱིར་ཤེར་ཕྱིན་འདི་ནི་རྣམ་བྱང་མེད་པའི་དང༌། གནས་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་དམིགས་སུ་མེད་པའི་དང༌། སྤྲོས་པ་ཐམས་ཅད་བཅོམ་པའི་ཕྱིར། ཤེར་ཕྱིན་འདི་ནི་སྤྲོས་པ་མེད་པའི་དང༌། རློམ་སེམས་ཐམས་ཅད་བཅོམ་པའི་ཕྱིར། ཤེར་ཕྱིན་འདི་ནི་རློམ་སེམས་མེད་པའི་དང༌། ཆོས་ཀྱི་དབྱིངས་གནས་པའི་ཕྱིར། ཤེར་ཕྱིན་འདི་ནི་མི༷་གཡོ༷་བ༷འི༷་ཕ་རོལ་ཏུ་ཕྱིན་པ་སྟེ་བཅོ་ལྔ་ནི་ལ༷མ་གྱི༷་བདེ༷ན་པའི་རྣམ་པའོ། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་སྦས་དོན་ནི།

བདེན་པ་དང་པོ་གསུམ་པོ་སོ་སོ་ལ་རྣམ་པ་བཞི་བཞི་སྟེ་བཅུ་གཉིས་དང༌། ལམ་བདེན་ལ་ཡོད་པའི་རྣམ་པ་དེ་ནི་བཅོ་ལྔ་སྟེ་ཉེར་བདུན་བཤད་དོ། །བཅུ་གཉིས་པོ་དོན་རྣམ་དངོས་སུ་དང༌། ལམ་བདེན་གྱི་ཤེས་རྣམ་དངོས་སུ་བསྟན་པའམ་གཉིས་ཀ་ཅི་རིགས་པར་སྦྱར་ཞེས་ཉ་ཊཱིཀ་ལས་གསུངས་སོ། །དེ་ཡང་ཐམས་ཅད་ཤེས་པ་ཉིད་ཀྱི་དབང་དུ་བྱས་ནས་སྡུག་བདེན་གྱི་རྣམ་པ་བཞི་ནི། སྡུག་བདེན་རྟག་པ་མེད་པའམ་སྡུག་བདེན་མི་རྟག་པའི་རྣམ་པ་དང༌། སྡུག་བསྔལ་བའི་རྣམ་པ་དང༌། བདག་ཏུ་བྱེད་པའི་དོན་གཞན་གྱི་བདག་གིས་སྟོང་པའི་རྣམ་པ་དང༌། རང་གི་ངོ་བོར་གྱུར་པའི་བདག་གི་མི་བརྫི་བ་ཞེས་པས་སྡུག་བདེན་གྱི་ཕུང་པོ་རང་ཉིད་བདག་ཏུ་གྲུབ་པས་སྟོང་བའི་བདག་མེད་པའི་རྣམ་པ་དང་སྡུག་བདེན་ལ་རྣམ་པ་བཞིའོ། །ཀུན་འབྱུང་གི་རྣམ་པ་བཞི་ནི། སྤྱིར་ལས་ཉོན་ཐམས་ཅད་དོན་དམ་པར་སྡུག་བསྔལ་འབྱུང་བའི་རྒྱུ་མ་ཡིན་ཡང་སྡུག་བསྔལ་འབྱུང་བའི་རྒྱུ་ཡིན་པའི་རྣམ་པ་དང༌། སྐྱེ་བ་སྔ་ཕྱིའི་སྡུག་བསྔལ་གྱི་ཁྱད་པར་ཀུན་འབྱུང་བའི་རྣམ་པ་ཡིན་པ་དང༌། སྡུག་བསྔལ་དྲག་ཏུ་རབ་ཏུ་སྐྱེ་བའི་རྣམ་པ་དང༌། སྡུག་བསྔལ་གྱི་རྐྱེན་གྱི་རྣམ་པ་ཡིན་པ་དང་ཀུན་འབྱུང་བདེན་པ་ལ་རྣམ་པ་བཞིའོ། །

འགོག་བདེན་གྱི་རྣམ་པ།

འགོག་བདེན་གྱི་རྣམ་པ་བཞི་ནི།

འགོག་པའི་བདེན་པ་དེ་ཉོན་མོངས་འགོག་པའི་རྣམ་པ་ཡིན་པ་དང༌། སྡུག་བསྔལ་ཞི་བའི་རྣམ་པ་དང༌། གྱ་ནོམ་པའི་རྣམ་པ་དང༌། གཏན་ཏུ་ཐར་བའི་ངེས་འབྱུང་གི་རྣམ་པ་བསྟན་པ་དང་འགོག་བདེན་ལ་རྣམ་པ་བཞིའོ། ། ལམ་བདེན་གྱི་རྣམ་པ་ལ། ལམ་གསུམ་ལས་ལམ་དང་པོའི་རྣམ་པ་བཞི་ནི། ཉན་ཐོས་ཀྱི་མཐོང་སྒོམ་ཟག་མེད་ཀྱི་ལམ་ཆོས་ཅན། རང་གི་སྤང་བྱ་གང་ཟག་གི་བདག་འཛིན་ཕྱོགས་ཀྱི་ཉོན་སྒྲིབ་ཀྱི་གཉེན་པོ་ཟག་མེད་དུ་གྱུར་པའི་ལམ་༡རིག་པ་༢སྒྲུབ་པ་༣ངེས་འབྱིན་གྱི་རྣམ་པ་༤ཡིན་ཏེ། བྱེད་པོའི་གང་ཟག་གི་བདགཤེས་པ་པོའི་བདག འཆི་འཕོ་སྐྱེ་བའི་བདག སྐྱོན་འདུལ་བ་པོའི་བདག་མེད་པར་མངོན་སུམ་དུ་རྟོགས་པའི་དམན་ལམ་ཡིན་པའི་ཕྱིར། ལམ་གཉིས་པའི་རྣམ་པ་ལྔ་ནི། དཔེ་ལྔ། དོན་ལྔ་གོ་རིམ་བཞིན་སྦྱར་བ་ནི། ཕྱི་གཟུང་བ་བདེན་པའི་ངོ་བོ་ཉིད་མེད་པ་རྨི་ལམ་༡མ་སྐྱེས་པ་སྒྲ་བརྙན་༢འགག་པ་མེད་པ་མིག་ཡོར་༣གཟོད་མ་ནས་ཞི་བ་སྨིག་རྒྱུ་༤རང་བཞིན་གྱིས་མྱ་ངན་ལས་འདས་པ་སྟེ་སྟོང་བ་སྒྱུ་མའི་རྣམ་པ་༥ལྟ་བུར་མངོན་སུམ་དུ་རྟོགས་པའི་རང་རྒྱལ་དབང་རྣོན་གྱི་སྒོམ་ལམ་རྗེས་ཐོབ་ཀྱི་ཡེ་ཤེས་ཆོས་ཅན། ཕྱི་གཟུང་བ་བདེན་པར་འཛིན་པའི་ཤེས་བྱའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ཏེ། ཕྱི་གཟུང་བ་བདེན་པའི་ངོ་བོ་ཉིད་མེད་པ་རྨི་ལམ་མ་སྐྱེས་པ་སྒྲ་བརྙན་འགག་པ་མེད་པ་མིག་ཡོར་གཟོད་མ་ནས་ཞི་བ་སྨིག་རྒྱུ། རང་བཞིན་གྱིས་མྱ་ངན་ལས་འདས་པ་སྟེ་སྟོང་བ་སྒྱུ་མའི་རྣམ་པ་ལྟ་བུར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། ལམ་གསུམ་པའི་རྣམ་པ་དྲུག་ལ། ཕྱི་གཟུང་བ་ཕྱི་རོལ་དོན་ལ་ལྟོས་པའི་ཀུན་ནས་ཉོན་མོངས་པའི་ཆོས་དོན་དམ་པར་མེད་པར་མངོན་སུམ་དུ་རྟོགས་པའི་རང་རྒྱལ་དབང་རྣོན་གྱི་མཐོང་སྒོམ་གྱི་ལམ་ཆོས་ཅན། རང་གི་སྤང་བྱ་ཕྱི་རོལ་དོན་ལ་ལྟོས་པའི་ཀུན་ནས་ཉོན་མོངས་བདེན་པར་རྣམ་པར་རྟོག་པའི་གཉེན་པོར་གྱུར་པ་༡ཡིན་ཏེ། དེ་ལྟར་རྟོགས་པའི་རང་རྒྱལ་འཕགས་པའི་སློབ་ལམ་ཡིན་པའི་ཕྱིར། དེ་བཞིན་དུ་འདོན་པ་བསྒྱུར་ཏེ། དེ་ལ་ལྟོས་པའི་རྣམ་བྱང་གི་ཕྱོགས་བདེན་མེད་སོགས་༢དང༌། དེ་ལ་ལྟོས་པའི་རྣམ་བྱང་བདེན་པར་རྟོག་ཅེས་སོགས་དང༌། ནམ་མཁའ་བཞིན་དུ་གཟུང་བ་ཕྱི་དོན་བདེན་པ་ལ་ལྟོས་པའི་ཉོན་མོངས་པའི་བག་ཆགས་ཀྱིས་གོས་པ་མེད་པར་རྟོགས་སོགས་༣དང༌། དེ་འདྲའི་ཉོན་མོངས་པའི་བག་ཆགས་ཀྱིས་གོས་པར་རྣམ་རྟོག་སོགས་དང༌། དེ་ལ་ལྟོས་པའི་གཟུགས་ཚོར་སོགས་ཀྱི་སྤྲོས་པ་བདེན་མེད་དུ་རྟོགས་སོགས་༤དང༌། དེ་ལ་ལྟོས་པའི་གཟུགས་ཚོར་ལ་སོགས་པའི་སྤྲོས་པའམ་རབ་དབྱེར་རྣམ་རྟོག་སོགས་དང༌། ཕྱི་གཟུང་བ་བདེན་མེད་མངོན་སུམ་དུ་རྟོགས་པའི་རང་རྒྱལ་དབང་རྣོན་གྱི་མཐོང་ལམ་ཆོས་ཅན། རང་གི་རྟོགས་པ་ལ་རྣམ་པར་རྟོག་པ་སྟེ་རོ་མྱང་བར་བྱེད་པའི་རློམ་པའི་གཉེན་པོ་༥ཡིན་ཏེ། རང་གི་རྟོགས་པ་ལ་རློམས་སེམས་མེད་པའམ་བཅོམ་པའི་ཡེ་ཤེས་ཡིན་པས་སོ། །ཆོས་ཅན། ཕྱི་གཟུང་བ་སྔར་བདེན་པར་ཡོད་པ་ལམ་བསྒོམས་པས་ཡོངས་སུ་ཉམས་པ་སྟེ་ཟད་པ་ཡིན་ནམ་སྙམ་པའི་རྣམ་རྟོག་གི་གཉེན་པོ་༦ཡིན་ཏེ། གཟུང་བ་བདེན་པས་སྟོང་བ་མི་གཡོ་བ་སྟེ་རྟག་ཏུ་གནས་ཤིང་དེ་མངོན་སུམ་དུ་རྟོགས་པས་སོ། །དེ་བཞིན་དུ་གཞི་ཤེས་རྗེས་མཐུན་པ་བྱང་སེའི་ལའང་སྦྱར་ཏེ་སླ་ཞེས་ཉ་ཊཱིཀ་ལས་བཤད་དོ། །དེ་ལྟར་ལམ་གྱི་རྣམ་པ་བཞི་དང་ལྔ་དང་དྲུག་ཡོད་པས་གཞི་ཤེས་ཀྱི་ལམ་ཀྱི་བདེན་པའི་རྣམ་པ་བཅོ་ལྔའོ། །དེ་དག་སྤྱིར་བསྡོམས་ན་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ཉི་ཤུ་རྩ་བདུན་ནོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཉ་ཊཱིཀ་ལས། ལམ་ཟག་མེད་གཉིས་དང་ཟག་བཅས་གཅིག་སྟེ་རྣམ་པ་གསུམ་མོ། །གྲངས་ངེས་ནི། ཉོན་སྒྲིབ་ཀྱི་གཉེན་པོ་ཉིད་དུ་གྱུར་པའི་ཉན་རང་གི་མཐོང་སྒོམ་ཟག་པ་མེད་པའི་ལམ་ཐམས་ཅད་གཅིག་ཏུ་བསྡུས་པ་དང༌། རང་སངས་རྒྱས་ཀྱི་ཤེས་སྒྲིབ་ཀྱི་གཉེན་པོ་ཉིད་དུ་གྱུར་པའི་སྒོམ་པའི་ལམ་ཟག་བཅས་དག་པ་འཇིག་རྟེན་པ་དང་དེའི་སྒོམ་ལམ་ཟག་མེད་དང་མཐོང་ལམ་གཉིས་གཅིག་ཏུ་བསྡུས་པ་དང་གཉིས་ཏེ་དེ་ལྟར་གསུམ་དུ་ཡོད་པ་ཡིན་པས་སོ། །ཞེས་སློབ་དཔོན་གྱིས་ཟག་བཅས་ཟག་མེད་སྒོ་ནས་བཤད་པ་མི་རིགས་ཏེ། ཉ་ཊཱིཀ་ལས། འདིར་ལམ་ཟག་བཅས་བཤད་པ་ནི་རྨི་ལམ་ལ་སོགས་པའི་རྣམ་པ་ཅན་རྗེས་ཐོབ་ཙམ་ལ་དགོངས་སོ། །སྤྱིར་འཕགས་སེང་གཉིས་ཀྱིས་འཕགས་པའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཟག་བཅས་སུ་བཤད་པའི་བརྡ་ཆད་མ་ལེགས་སོ། །ཞེས་གསུངས་པའི་ཕྱིར་རོ། །གཞི་ཤེས་ཀྱི་རྣམ་པར་ཤེས་སྒྲིབ་ཀྱི་གཉེན་པོ་སྟོན་པ་མི་རིགས་སོ་ཞེ་ན། ཉན་ཐོས་ལ་མི་དགོས་ཀྱང་ཐམས་ཅད་ཤེས་པ་ཉིད་ཀྱིས་རང་སངས་རྒྱས་རྣམས་ཀྱང་བསྡུས་པའི་ཕྱིར་དེ་དག་གི་ཤེས་སྒྲིབ་ཀྱི་གཉེན་པོ་བསྟན་དགོས་སོ། །དང་པོ་ཉོན་སྒྲིབ་ཀྱི་གཉེན་པོ་ལ། གསེར་དང་ཆོས་བཤེས་ཀྱིས། ཉན་ཐོས་ཀྱིར་བཤད་ཀྱང༌། ཤེར་འབྱུང་གིས། ཉན་ཐོས་དང་རང་སངས་རྒྱས་དེ་དག་གི་ཉོན་སྒྲིབ་ཀྱི་གཉེན་པོ། ཞེས་བཤད་པ་ལྟར་ངེས་པ་ཡིན་ལ། ཞེས་ཉ་ཊཱིཀ་ལས་གསུངས་སོ། །ཡང་ཉ་ཊཱིཀ་ལས། ལོཙྪ་བ། འདིར་བཤད་ཉན་རང་གི་གཞི་ཤེས་ཀྱི་དམིགས་པར་གྱུར་པའི་ལམ་བདེན་ཉན་རང་གི་གཞི་ཤེས་སུ་མ་འདུས་པར་བཞེད་པའང་ནོར་ཏེ། ཉན་རང་དག་གིས་རང་རྒྱུད་དུ་གཏོགས་པའི་ལམ་ལ་དམིགས་ཀྱི་གཞན་ལ་མི་དམིགས་པར་དབུས་མཐར་གསུངས་སོ། །ཞེས་པས་ལོ་ཙྪ་བས་ཉན་རང་གི་གཞི་ཤེས་ཀྱི་དམིགས་པར་གྱུར་པའི་ལམ་བདེན་ཉན་རང་གི་གཞི་ཤེས་སུ་མ་འདུས་པར་བཞེད་པ་དེ་ཙམ་རང་ལུགས་ཀྱིས་འགོག་པ་མ་ཡིན་པར་ལོ་ཙྪ་བས་ཉན་རང་གི་གཞི་ཤེས་ཀྱི་དམིགས་པའི་གཙོ་བོའི་ལམ་བདེན་ཉན་རང་གི་གཞི་ཤེས་སུ་མ་འདུས་པར་བཞེད་པ་དེ་རང་ལུགས་ཀྱི་དགག་པ་ལས་དེའི་དམིགས་པ་ཙམ་གྱི་ལམ་བདེན་ལ་ཉན་རང་གི་གཞི་ཤེས་སུ་འདུས་པར་བཤད་པ་ནི་མ་ཡིན་པར་སྣང་ངོ༌། །དེ་བཞིན་དུ་དབུ་མཐའི་འགྲེལ་བ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །དམིགས་དང་ཡིད་ལ་བྱེད་པ་དང༌། །ཐོབ་པས་དེ་ནི་ཁྱད་པར་འཕགས་ཏེ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་རང་གི་རྒྱུད་དུ་གཏོགས་པའི་ལུས་ལ་སོགས་པ་དམིགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་གཞན་གྱི་རྒྱུད་དུ་གཏོགས་པ་རྣམས་སོ། །ཞེས་དང༌། རྒྱན་གྱི་ས་འགྲེལ་༤༢༧ལས། ཉན་རང་རྣམས་ནི་རང་གི་ལུས་ལ་སོགས་པ་ལ་དམིགས་པ་ཙམ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ཚོར་བ་དང་སེམས་དང་ཆོས་ལ་དམིགས་ནས་སྒོམ་པས་ཁྱད་པར་འཕགས་པ་དང༌། ཞེས་གསུངས་པ་ཡང་ཉན་རང་གི་ལུས་དྲན་ཉེའི་དམིགས་པའི་གཙོ་བོའི་ལུས་ལ་དགོངས་པ་འདྲའོ། །ཡང་ཉ་ཊཱིཀ་ལས། མདོ་རྒྱན་དུ། ངོ་བོ་ཉིད་མེད་དེ། མ་སྐྱེས་པའི་ཕྱིར། ཞེས་སོགས་ཕྱི་མ་ཕྱི་མ་སྔ་མ་སྔ་མའི་རྒྱུ་མཚན་དུ་གསུངས་སོ། །ཞེས་གསུངས་པ་མི་འཐད་པར་ཐལ། སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྒྱུ་མཚན་ཡིན་པའི་ཕྱིར་ཏེ། ས་བཟང་གི་རྒྱན་འགྲེལ་ལས།དེས་དགོངས་པ་གཞན་ཡང་འགྲུབ་ཚུལ་ནི། ཕྱི་མ་ཕྱི་མའི་རྟེན་ཡིན་པས། །ངོ་བོ་ཉིད་ནི་མེད་པ་ཡི། །སྐྱེ་མེད་འགག་མེད་གཟོད་ནས་ཞི། །རང་བཞིན་མྱ་ངན་འདས་པ་འགྲུབ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་དགོངས་པ་ཤེས་ན་སྐྱེ་བ་མེད་པ་ལ་སོགས་པའི་དགོངས་པའང་འགྲུབ་སྟེ། དེ་ཡང་སྔ་མ་སྔ་མ་རྣམས་ནི་ཕྱི་མ་ཕྱི་མ་རྣམས་ཀྱི་རྟེན་ནམ་རྒྱུ་མཚན་ཡིན་པས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་དཔྱད་ན་ངོ་བོ་ཉིད་ནི་མེད་པ་གང་ཡིན་པ་དེ་ཡིས་སྐྱེ་དགུའི་དངོས་པོ་མ་གྲུབ་པས་ན་སྐྱེ་བ་མེད་པའི་དོན་དང༌། ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

གཉིས་པ་ལམ་ཤེས་ཀྱི་རྣམ་པ།

གཉིས་པ་ལམ་ཤེས་ཀྱི་རྣམ་པ་སོ་དྲུག་ནི།

མདོ་ལས། གསོལ་བ་བཅོམ་ལྡན་འདས།འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་དང༌། རྩ་བར། རྒྱུ་དང་ལམ་དང་སྡུག་བསྔལ་དང༌། །འགོག་པ་ལ་ནི་གོ་རིམ་བཞིན། །དེ་དག་བརྒྱད་དང་བདུན་དང་ནི། །ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། ། ཞེས་སོ། །དེ་ལ་སྤྱི་དོན་དང་མཐའ་དཔྱད་པ་གཉིས། དང་པོ་ལ་མདོའི་དངོས་བསྟན་དང་སྦས་དོན་གཉིས་ལས་དང་པོ་ནི། མདོའི་དངོས་བསྟན་གྱི་སྐབས་འདིའི་ལམ་ཤེས་ཀྱི་རྣམ་པའི་མཚན་ཉིད་ནི། ལམ་ཤེས་ཀྱི་རྣམ་པ་དང་རྗེས་སུ་མཐུན་པའི་ཆོས་ཀྱི་དབྱིངས་དེའོ། །དེའི་གྲངས་ནི། མདོ་ལུགས་མ་ལས། ཆོས་ཐམས་ཅད་མ་ནོར་བར་འཚང་རྒྱ་བར་བྱེད་པའི་ཕྱིར་འདི་ནི་འདོད་ཆགས་དང་བྲལ་བའི་དང༌། ཆོས་ཐམས་ཅད་རྟོག་པ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་ཀུན་ནས་ལྡང་བ་མེད་པའི་དང༌། ཆོས་ཐམས་ཅད་མཚན་མ་མེད་ཅིང་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་ཞི་བ་དང༌། འདོད་ཆགས་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་འདོད་ཆགས་མེད་པའི་དང༌། ཞེ་སྡང་ཡོད་པ་མ་ཡིན་པའི་ཕྱིར། ཤེར་ཕྱིན་འདི་ནི་ཞེ་སྡང་མེད་པའི་དང༌། མི་ཤེས་པའི་མུན་པ་ཐམས་ཅད་སེལ་བའི་ཕྱིར། ཤེར་ཕྱིན་འདི་ནི་གཏི་མུག་མེད་པའི་དང༌། རྟོག་པ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་ཉོན་མོངས་པ་མེད་པའི་དང༌། སེམས་ཅན་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་སེམས་ཅན་མེད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། བརྒྱད་ནི་རྒྱུ་ཀུན་འབྱུང་གི་རྣམ་པའོ། །ཆོས་ཐམས་ཅད་ཀུན་ནས་ལྡང་བ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་སྤངས་པའི་དང༌། མཐའ་རྣམ་པར་སྤོང་བའི་ཕྱིར། ཤེར་ཕྱིན་འདི་ནི་མཐའ་གཉིས་སུ་མི་འགྱུར་བའི་དང༌། ཆོས་ཐམས་ཅད་འདྲེས་པ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་ཐ་མི་དད་པའི་དང༌། ཉན་རང་གི་ས་ལ་འདའ་བར་བྱེད་པའི་ཕྱིར། ཤེར་ཕྱིན་འདི་ནི་ཉམས་པ་མེད་པའི་དང༌། རྟོག་པ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་རྟོག་པ་མེད་པའི་དང༌། ཆོས་ཐམས་ཅད་ཀྱི་ཚད་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་ཚད་མེད་པའི་དང༌། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར༌། ཤེར་ཕྱིན་འདི་ནི་ནམ་མཁའི་ཕ་རོལ་ཏུ་ཕྱིན་པ་སྟེ། བདུན་ནི་ལམ་གྱི་རྣམ་པའོ། །ཆོས་ཐམས་ཅད་འཇིག་པ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་མི་རྟག་པའི་དང༌། ཆོས་ཐམས་ཅད་ཚོལ་བར་སྦྱོར་བ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་སྡུག་བསྔལ་གྱི་ཕ་རོལ་དང༌། ཆོས་ཐམས་ཅད་ཆགས་པ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་བདག་མེད་པའི་དང༌། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་སྟོང་པ་ཉིད་ཀྱི་དང༌། ཆོས་ཐམས་ཅད་གྲུབ་པ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་མཚན་ཉིད་མེད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ལྔ་ནི་སྡུག་བསྔལ་གྱི་རྣམ་པའོ། །ནང་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་བཅུ་དྲུག་དམིགས་སུ་མེད་པ་དང༌། དབེན་པ་དང༌། དངོས་པོ་མེད་པའི་ཆོས་ཉིད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ནང་སྟོང་པ་ཉིད་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་དྲུག་ནི་འགོག་པའི་རྣམ་པའོ། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་སྦས་དོན་གྱི་རྣམ་པ།

གཉིས་པ་སྦས་དོན་གྱི་རྣམ་པ་ལ།

ཀུན་འབྱུང་གི་རྣམ་པ་བརྒྱད་དང༌། ལམ་གྱི་རྣམ་པ་བདུན་དང༌། སྡུག་བདེན་གྱི་རྣམ་པ་ལྔ་དང༌། འགོག་བདེན་གྱི་རྣམ་པ་བཅུ་དྲུག་བཤད་པ་དང་བཞི། དང་པོ་སྤང་གཉེན་གྱི་སྒོ་ནས་བཤད་པ་ལ། ཉ་ཊཱིཀ་ལྟར་ན་འདོད་པའི་ཡོན་ཏན་ཟག་བཅས་མ་ཐོབ་པ་ཐོབ་པར་འདུན་པ་དང༌། ཟག་བཅས་ཀྱི་ཡུལ་ད་ལྟར་བ་ལ་མངོན་པར་ཞེན་པའི་འདོད་ཆགས་དང༌། འཁོར་བའི་ཡང་སྲིད་ལ་མངོན་པར་དགའ་བའི་སྲེད་པ་སྟེ་ཀུན་འབྱུང་གི་རྒྱུའི་རྣམ་པ་གསུམ་མོ། །དང་པོ་དངོས་འབྲས་བཀག་ནས་དངོས་རྒྱུ་འགོག་པ། གཉིས་པ་རྒྱུ་བཀག་ནས་འབྲས་བུ་འགོག་པ་ཡིན་པར་ཉ་ཊཱིཀ་ལས་གསུངས་སོ། །ཕྱི་ནང་གི་དངོས་པོ་ལ་ལྷག་པར་ཆགས་པའི་འདོད་ཆགས་དང༌། མནར་སེམས་པའི་ཞེ་སྡང་དང༌། དེ་ཁོ་ན་དང་རྒྱུ་འབྲས་ལ་རྨོངས་པའི་གཏི་མུག་དང་ཀུན་འབྱུང་བའི་རྣམ་པ་གསུམ་མོ། །ཉོན་མོངས་པ་རྟོག་པ་སྟེ་རབ་སྐྱེའི་རྣམ་པ་གཅིག་གོ །རྟག་གཅིག་སོགས་ཀྱི་སེམས་ཅན་དུ་མངོན་པར་ཞེན་པའི་འཇིག་ལྟ་ནི། རྐྱེན་གྱི་རྣམ་པ་ཡིན་ནོ། །རྣམ་པ་དེ་བརྒྱད་ཀྱི་ཞེན་ཡུལ་མེད་པར་རྟོགས་པའི་གཉེན་པོའི་རྣམ་པ་བརྒྱད་ཡོད་དོ། །དེ་ལྟར་ན་སྡུག་བསྔལ་ཀྱི་རྒྱུ་ཀུན་འབྱུང་བའི་བདེན་པའི་རྣམ་པ་དངོས་འདུན་པ་སོགས་བརྒྱད་དང༌། དེའི་གཉེན་པོའི་ཤེས་རྣམ་བརྒྱད་ཡོད་དོ། ། གཉིས་པ་ལམ་བདེན་གྱི་རྣམ་པ་བདུན་ནི། རབ་ཏུ་སྤངས་པའི་ལམ་གྱི་རྣམ་པ་དང༌། འཁོར་འདས་ཀྱི་མཐའ་གཉིས་དང་མ་འབྲེལ་བས་མཐའ་གཉིས་མི་དམིགས་པའི་རྟོགས་པ་ལམ་གྱི་རྣམ་པ་དང༌། ཆོས་ཐམས་ཅད་ཀྱི་ཆོས་དབྱིངས་ཐ་མི་དད་པ་མངོན་སུམ་དུ་རྟོགས་པའི་ཤེས་རྣམ་ནི། གཉེན་པོ་མ་ལུས་པར་རྟོགས་པའི་རིག་པའི་རྣམ་པ་དང༌། ཉན་རང་གི་ས་ལ་མཆོག་ཏུ་འཛིན་པ་མེད་པར་དེ་ལས་འདའ་བར་བྱེད་པའི་ཟག་མེད་ཡེ་ཤེས་རིག་པའི་རྣམ་པ་དང། ཆོས་གང་ལ་ཡང་ཅིར་ཡང་མི་རྟོག་པའི་ཟག་མེད་ཡེ་ཤེས་ནི། རྟོགས་བྱའི་ཡུལ་ཇི་བཞིན་རྟོགས་པར་བྱེད་པའི་སྒྲུབ་པའི་རྣམ་པ་དང༌། དོན་དམ་པར་ཆོས་ཐམས་ཅད་ཚད་མས་གཞལ་དུ་མེད་པར་རྟོགས་པའི་ཟག་མེད་སྒྲུབ་པའི་རྣམ་པ་དང༌། རྟོགས་པ་དེ་དང་དེ་ལ་ནམ་མཁའ་ལྟར་ཆགས་པ་མེད་པའི་ཟག་མེད་ཀྱི་ཤེས་རྣམ་ནི། མྱང་འདས་སུ་ངེས་པར་འབྱིན་པའི་རྣམ་པའོ། །དེ་ལྟར་ལམ་གྱི་རྣམ་པ་གཉིས་དང༌། རིག་པའི་གཉིས་དང༌།སྒྲུབ་པའི་གཉིས་དང༌། ངེས་འབྱིན་གྱི་གཅིག་སྟེ། དེ་ལྟར་ན་ལམ་གྱི་བདེན་པའི་རྣམ་པ་བདུན་ཡིན་ནོ། །དེ་ཡང་ཉ་ཊཱིཀ་ལས། སྦྱོར་ཊཱིཀ་ལྟར་ཏེ་མདོ་དང་མཐུན་ཏེ། སྔ་མ་གསུམ་ལ་དམ་བཅའ་སྔ་ཕྱི་གཉིས་རེ་དང་རྟགས་གཉིས་རེ་སྣང་ལ། ངེས་འབྱིན་གྱི་ཐད་དུ་དམ་བཅའ་གཅིག་དང་རྟགས་གཅིག་སྣང་ངོ༌། །ཁ་ཅིག་གི་ལྟར་ན། ཕྱི་མ་ལ་རྟགས་མི་ཐོབ་པར་འགྱུར་རོ། །ཞེས་གསུངས་པ་ལྟར་བཤད་ན་ལེགས་པའོ། ། གསུམ་པ་སྡུག་བདེན་གྱི་རྣམ་པ་ལྔ་ནི། ཉ་ཊཱིཀ་ལས། མི་རྟག་སོགས་བཞི་ངོ་བོ་ཉིད་ཀྱི་རྣམ་པ་བཞི་དང༌། ལྔ་བ་དེ་བཞི་དོན་དམ་པར་བདེན་པའི་མཚན་ཉིད་མེད་པའི་རྣམ་པའི་ངོ་བོ་ཉིད་རྣམ་གྲངས་ཀྱི་རྣམ་པ་གཅིག་རྣམས་ཏེ། དེ་ལྟར་ན་སྡུག་བདེན་གྱི་རྣམ་པ་ལྔ་ཡོད་པ་ཡིན་ནོ། །ཞེས་སོ། །

བཞི་བ་འགོག་བདེན་གྱི་རྣམ་པ་བཅུ་དྲུག།

བཞི་བ་འགོག་བདེན་གྱི་རྣམ་པ་བཅུ་དྲུག་ནི།

ཉ་ཊཱིཀ་ལྟར་ན། འགོག་བདེན་གྱི་རྣམ་པ་བཞིའི་འགོག་པའི་རྣམ་པའི་ངོ་བོ་ཉིད་ལ། དངོས་པོ་འགོག་པ་གསུམ་གསུངས་པ་ནི་ཐེག་ཆེན་གྱི་འགོག་བདེན་ཆོས་ཅན། དོན་དམ་པར་ནང་སྟོང་བ་ཉིད་ཀྱི་རྣམ་པ་ཡིན་ཏེ།དོན་དམ་པར་ནང་གི་དངོས་པོ་བདེན་པ་བཀག་པའམ་མི་དམིགས་པའི་ཆོས་ཉིད་ཡིན་པས་སོ། །ཕྱི་སྟོང་གཉིས་ཀའི་སྟོང་བ་ཉིད་ཀྱི་རྣམ་པ་སྟེ། ཕྱི་དང༌། གཉིས་ཀའི་དངོས་པོ་བདེན་པ་དགག་པས་སོགས་འདོན་པ་བསྒྱུར་རོ། །སྟོང་ཉིད་དེ་གསུམ་ཆོས་ཅན། འགོག་པའི་རྣམ་པ་ཡིན་ཏེ། ཕྱི་ནང་གཉིས་ཀའི་བདེན་དངོས་བཀག་པའི་སྟོང་ཉིད་ཡིན་པས་སོ། །བྱང་འཕགས་ཀྱི་ལམ་ཤེས་དངོས་ཆོས་ཅན། ནང་ཕྱི་གཉིས་ཀའི་སྟོང་ཉིད་ཀྱི་རྣམ་པ་ཅན་ཡིན་ཏེ། དོན་དམ་པར་དེ་གསུམ་གྱི་བདེན་དངོས་མེད་རྟོགས་ཀྱི་ཟག་མེད་ཡེ་ཤེས་ཡིན་པས་སོ། །ཇི་ལྟར་ཞི་བའི་རྣམ་པའི་ངོ་བོ་ཉིད་ལ་ནི། མངོན་ཞེན་བརྒྱད་ཀྱི་གཉེན་པོར་བརྟགས་པའི་བདག་ཉིད་འགོག་པ་བརྒྱད་དེ། ཐེག་ཆེན་འགོག་བདེན་ཆོས་ཅན། སྟོང་བ་ཉིད་སྟོང་བ་ཉིད་ཀྱི་རྣམ་པར་གནས་ཏེ། སྟོང་ཉིད་དུ་བལྟ་ཞིང་ཞེན་ནས་ཤེས་པའི་མངོན་ཞེན་དགག་གམ་བཀག་པའི་ཆོས་ཉིད་ཡིན་པས་སོ། །དེ་བཞིན་དུ་དེ་ཆོས་ཅན། ཞེས་དང༌། ཆེན་པོ་སྟོང་བ་ཉིད། ནས་དོར་མེད་སྟོང་ཉིད་ཀྱི་རྣམ་པར་གནས་ཏེ། གོང་དུ་སྣོད་ཀྱི་འཇིག་རྟེན་གྱི་དབྱིབས་དང་ཞེས་སོགས་བྱང་ཕྱོགས་སོགས་རྟོགས་པའི་ཆོས་དོར་མེད་ལ་མངོན་ཞེན་དགག་གམ་བཀག་པའི་ཆོས་ཉིད་ཡིན་པས་སོ། །སྟོང་བ་ཉིད་སྟོང་བ་ཉིད་སོགས་དེ་བརྒྱད་ཆོས་ཅན། ཞི་བའི་རྣམ་པ་ཡིན་ཏེ། སྟོང་བ་ཉིད་དུ་ཞེན་པ་སོགས་མངོན་ཞེན་བརྒྱད་བཀག་པའི་སྟོང་ཉིད་ཟབ་མོ་ཡིན་པས་སོ། །བྱང་སེའི་ལམ་ཤེས་དངོས་ཆོས་ཅན། སྟོང་བ་ཉིད་སྟོང་བ་ཉིད་སོགས་ཀྱི་རྣམ་ཅན་ཡིན་ཏེ། སྟོང་ཉིད་དུ་བལྟ་བ་སོགས་མངོན་ཞེན་བརྒྱད་བཀག་པའི་ལམ་བདེན་ཡིན་པས་སོ། །སོ་སོར་སྦྱར་བར་བྱའོ། །ཇི་ལྟར་གྱ་ནོམ་པའི་རྣམ་པ་ལ། བྱེད་པ་པོ་འགོག་པ་གསུངས་ཏེ། ཐེག་ཆེན་འགོག་བདེན་ཆོས་ཅན། རང་བཞིན་སྟོང་བ་ཉིད་ཀྱི་རྣམ་པར་གནས་ཏེ། བྱེ་བྲག་སྨྲ་བ་སོགས་གཞན་གྱི་ཀུན་བརྟགས་པའི་བྱེད་པ་པོ་དབང་ཕྱུག་ཁྱབ་འཇུག་རྟག་པ་སོགས་སམ་གང་ཟག་དང་ཆོས་བདག་རང་བཞིན་གྱིས་བཀག་པའི་ཆོས་ཉིད་ཡིན་པས་སོ། །ཡང་ན་ཀུན་བརྟགས་པ་དྲི་མ་བདེན་དངོས་ལམ་གྱིས་མེད་པར་བྱེད་པོ་ཞེས་སྦྱར་རོ། །རང་བཞིན་སྟོང་ཉིད་ཆོས་ཅན། གྱ་ནོམ་པའི་རྣམ་པ་ཡིན་ཏེ། བྱེད་པ་པོའི་བདག་གམ་དྲི་མ་བདེན་དངོས་སོགས་ཀྱིས་དབེན་པའི་སྟོང་ཉིད་ཟབ་མོ་ཡིན་པས་སོ། །ལམ་ཤེས་ཆོས་ཅན། དེའི་རྣམ་པ་ཅན་ཡིན་ཏེ། དེ་འདྲའི་བྱེད་པོ་མེད་པར་མངོན་སུམ་དུ་རྟོགས་ཞེས་སོགས་དགོད་དོ། །ཇི་ལྟར་ངེས་པར་འབྱུང་བའི་རྣམ་པ་ལ་ཡུལ་དུ་འཁྲུལ་བའི་བདག་ཉིད་འགོག་པ་གསུམ་གསུངས་ཏེ་ཐེག་ཆེན་འགོག་བདེན་ཆོས་ཅན། ཆོས་ཐམས་ཅད་སྟོང་ཉིད། རང་གི་མཚན་ཉིད་སྟོང་ཉིད། མི་དམིགས་པ་སྟོང་ཉིད་ཀྱི་རྣམ་པར་གནས་ཏེ། བལྟ་བྱ་ལ་གཟུགས་ཞེས་སོགས་སུ་བཏགས་པར་འཁྲུལ་བ་དགག་པ་དང༌། གཟུགས་སུ་རུང་བས་གཟུགས་ཞེས་སོགས་མཚན་ཉིད་དུ་འཁྲུལ་བ་དགག་པ་དང༌། འདས་མ་འོངས་སོགས་དུས་སུ་འཁྲུལ་བ་དགག་གམ་བཀག་པའི་འགོག་བདེན་ཡིན་པས་སོ། །སོ་སོར་སྦྱར་རོ། །ཆོས་ཐམས་ཅད་སྟོང་ཉིད་སོགས་གསུམ་ཆོས་ཅན། ཇི་ལྟར་ངེས་པར་འབྱུང་བའི་རྣམ་པ་ཡིན་ཏེ། ཡུལ་སོགས་སུ་འཁྲུལ་བ་གསུམ་བཀག་པའི་སྟོང་ཉིད་ཟབ་མོ་ཡིན་པས་སོ། །ལམ་ཤེས་ཆོས་ཅན། སྟོང་ཉིད་དེ་གསུམ་གྱི་རྣམ་པ་ཅན་ཡིན་ཏེ། དེ་འདྲའི་འཁྲུལ་ཞིང་ཞེན་པ་གསུམ་བཀག་པའི་ལམ་བདེན་ཡིན་པས་སོ། །གང་ངེས་པར་འབྱུང་པའི་རྣམ་པ་ལ། རང་གི་ངོ་བོ་ཉིད་འགོག་པ་གཅིག་གསུངས་ཏེ། ཐེག་ཆེན་གྱི་འགོག་བདེན་ཆོས་ཅན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་ཀྱི་རྣམ་པར་གནས་ཏེ། ངེས་འབྱུང་གི་རྣམ་པ་དོན་དམ་པར་བདེན་པའི་ངོ་བོ་ཉིད་དགག་གམ་བཀག་པའི་འགོག་བདེན་ཡིན་པས་སོ། །དེ་ཡང་ངེས་འབྱུང་གི་རྣམ་པ་ཆོས་ཅན། དོན་དམ་པར་བདེན་པར་མེད་དེ། དོན་དམ་པར་དངོས་པོ་དངོས་མེད་རང་གཞན་གང་གི་ཡང་ངོ་བོར་མེད་པ་ཡིན་པས་སོ། །སྔ་མར་ཁྱབ་པ་ཡོད་དེ། ཁོ་ནའི་དོན། ངེས་འབྱུང་གི་རྣམ་པ་དོན་དམ་པར་བདེན་པའི་ངོ་བོར་མེད་པའི་སྟོང་ཉིད་དེ་ཙམ་ལ་སྐབས་འདིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་དུ་བཞག་པས་སོ། །སྟོང་ཉིད་ཐ་མ་ཆོས་ཅན། གང་ངེས་པར་འབྱུང་བའི་རྣམ་པར་གནས་ཏེ། ངེས་འབྱུང་གི་རྣམ་པ་ཁོ་ན་བདེན་པའི་ངོ་བོ་བཀག་པའི་སྟོང་ཉིད་ཟབ་མོ་ཡིན་པས་སོ། །ལམ་ཤེས་ཆོས་ཅན། སྟོང་ཉིད་ཐ་མ་དེའི་རྣམ་པ་ཅན་ཏེ།ངེས་འབྱུང་གི་རྣམ་པ་ཉིད་བདེན་པའི་ངོ་བོ་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པས་སོ། །སྟོང་ཉིད་ཀྱི་རྣམ་པ་ཐ་མ་གཅིག་སྟེ། དེ་ལྟར་ན་འགོག་པའི་བདེན་པའི་རྣམ་པ་བཅུ་དྲུག་ཡོད་པ་ཡིན་ནོ། །དེ་ལྟར་ན་སྤྱིར་བསྡོམས་ན་ལམ་ཤེས་ཉིད་ཀྱི་རྣམ་པ་སུམ་ཅུ་རྩ་དྲུག་ཡོད་པ་ཡིན་ནོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

དེ་འདྲའི་བདེན་བཞིའི་གོ་རིམ་མི་འཐད་དེ། གཞན་དང་མི་མཐུན་པས་སོ་ཞེ་ན། འདིར་ཀུན་འབྱུང་ལམ་དང་སྡུག་བསྔལ་འགོག་བདེན་ཞེས་པའི་བདེན་བཞིའི་གོ་རིམ་ཆོས་ཅན། མདོ་བསྟན་བཅོས་གཞན་དུ་སྡུག་ཀུན་འགོག་ལམ། ཞེས་པའི་བདེན་བཞིའི་གོ་རིམ་དང་མི་མཐུན་པས་སྐྱོན་ཅན་མིན་ཏེ། ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་བརྟེན་ནས་ཀུན་འབྱུང་རྒྱུ་ཡིན་ལ། སྡུག་བསྔལ་འབྲས་བུ་ཡིན། གཅིག་ཤོས་རྣམ་བྱང་གི་ཕྱོགས་ལ་བརྟེན་ནས་ལམ་བདེན་རྒྱུ། འགོག་བདེན་འབྲས་བུ་ཡིན་པར་གྱུར་པའི་བདེན་བཞིའི་རྒྱུ་འབྲས་དོན་གྱི་རིམ་པའི་སྒོ་ནས་ཁྱོད་བསྟན་ལ། གཞན་གྱི་དེ་བདེན་པ་མངོན་རྟོགས་ཀྱི་རིམ་པ་ཡིན་པའི་ཕྱིར་རོ། །ཞེས་ཉ་ཊཱིཀ་ལས་གསུངས་སོ། །ཡང་ཉ་ཊཱྀཀ་ལས། དེ་ལྟར་ན་སྡུག་བསྔལ་ཀྱི་རྒྱུ་ཀུན་འབྱུང་བའི་བདེན་པའི་རྣམ་པ་དངོས་འདུན་པ་སོགས་བརྒྱད་དང༌། དེའི་གཉེན་པོའི་ཤེས་རྣམ་བརྒྱད་ཡིན་ནོ། །ཞེས་པའི་གཉེན་པོ་བརྒྱད་དེ་ཀུན་འབྱུང་རྣམ་པའི་སྐབས་འདིའི་ཤེས་རྣམ་ཡིན་མིན་ཅུང་ཟད་དཔྱད། ཡང་ལམ་བདེན་ཀྱི་རྣམ་པ་དང་པོ་ལ་རབ་ཏུ་སྤངས་པའི་ལམ་གྱི་རྣམ་པ་དེ་བཞག་པ་མི་འཐད་དེ།ཉ་ཊཱིཀ་ལས། སེམས་ཅན་ཚད་མེད་པ་ཐམས་ཅད་ལ་སངས་རྒྱས་ཀྱི་གོ་སྐབས་འབྱེད་པའི་ལམ་གྱི་རྣམ་པ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སྐབས་འདིའི་མདོ་ལས། གསོལ་བ་བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རབ་ཏུ་སྤངས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ཀུན་ནས་ལྡང་བ་མེད་པའི་ཕྱིར་རོ། །ཞེས་དང༌། མདོ་ལུགས་མ་ལས། ཆོས་ཐམས་ཅད་ཀུན་ནས་ལྡང་བ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་སྤངས་པའི་དང༌། ཞེས་གསུངས་པའི་ཕྱིར་རོ། །ཡང་ཉ་ཊཱིཀ་ལས། སྔ་མ་གསུམ་ལ་དམ་བཅའ་སྔ་ཕྱི་གཉིས་རེ་དང་རྟགས་གཉིས་རེ་སྣང་ལ། ངེས་འབྱིན་གྱི་ཐད་དུ་དམ་བཅའ་གཅིག་དང་རྟགས་གཅིག་སྣང་ངོ༌། །ཞེས་པ་ལྟར་ངེས་འབྱིན་གྱི་རྟགས་ནི། ཆོས་ཐམས་ཅད་ཆགས་པ་མེད་པའི་ཤེར་ཕྱིན་དེ་ཡིན་ཏེ། ཉི་ཁྲི་༼ཁ་པོད༢༡༩༽ལས། གསོལ་བ། བཅོམ་ལྡན་འདས། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ནམ་མཁའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཆོས་ཐམས་ཅད་ཆགས་པ་མེད་པའི་ཕྱིར་རོ། །ཞེས་དང༌། མདོ་ལུགས་མ་ལས། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་ནམ་མཁའི་ཕ་རོལ་ཏུ་ཕྱིན་པ་སྟེ། བདུན་ནི་ལམ་གྱི་རྣམ་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་མི་འཐད་པར་ཐལ། དེའི་དམ་བཅའ་ལ་ཡང་ཆགས་པ་མེད་པའི་ཕར་ཕྱིན་དེ་བཞག་དགོས་པའི་ཕྱིར་ཏེ། བརྒྱད་སྟོང་བ་ལས། ཆགས་པ་མ་མཆིས་པའི་སླད་དུ་ཆགས་མེད་དེ་ཆགས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དམ་བཅའ་དང་རྟགས་གཉིས་སོ་སོ་ནས་གོ་དོན་མི་འདྲ་བ་ཡོད་དམ་དཔྱད། ཉ་ཊཱིཀ་ལས། གསུམ་པ་ནི། མི་རྟག་སོགས་བཞི་ངོ་བོ་ཉིད་ཀྱི་རྣམ་པ་བཞི་དང༌། ལྔ་བ་དེ་བཞི་དོན་དམ་པར་བདེན་པའི་མཚན་ཉིད་མེད་པའི་རྣམ་པའི་ངོ་བོ་ཉིད་རྣམ་གྲངས་ཀྱི་རྣམ་པ་གཅིག་རྣམས་ཏེ། དེ་ལྟར་ན་སྡུག་བདེན་གྱི་རྣམ་པ་ལྔ་ཡོད་པ་ཡིན་ནོ། །ཞེས་དང་པོ་བཞི་ངོ་བོ་ཉིད་ཀྱི་རྣམ་པ་དང་ཕྱི་མ་རྣམ་གྲངས་ཀྱི་རྣམ་པ་ཡིན་པའི་རྒྱུ་མཚན་གང་ཡིན་དཔྱད། སྟོང་ཉིད་ཐ་མ་དེ་ངེས་འབྱུང་གི་རྣམ་པ་ཁོ་ན་བདེན་པའི་ངོ་བོ་བཀག་པའི་སྟོང་ཉིད་ཟབ་མོ་ཡིན་ཏེ། ཉ་ཊཱིཀ་ལས། སྟོང་ཉིད་ཐ་མ་ཆོས་ཅན། གང་ངེས་པར་འབྱུང་བའི་རྣམ་པར་གནས་ཏེ། ངེས་འབྱུང་གི་རྣམ་པ་ཁོ་ན་བདེན་པའི་ངོ་བོ་བཀག་པའི་སྟོང་ཉིད་ཟབ་མོ་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

གསུམ་པ་རྣམ་མཁྱེན་གྱི་རྣམ་པ་བཤད་པ།

གསུམ་པ་རྣམ་མཁྱེན་གྱི་རྣམ་པ་བཤད་པ་ལ།

ལམ་ཤེས་ཀྱི་རྣམ་པ་བཤད་པ་དེའི་འོག་ཏུ་རྣམ་མཁྱེན་གྱི་རྣམ་པ་འཆད་དོ། །དེ་ཡང་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་ནི། མདོ་ལས། བཅོམ་ལྡན་འདས། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དྲན་པ་ཉེ་བར་བཞག་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་དང་ཚོར་བ་དང༌། སེམས་དང༌། ཆོས་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་པ་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པ་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་བ་བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནས། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོབས་བཅུའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་ཉི་ཤུ་དགུ་པའོ། །ཞེས་པའི་བར་དང༌། རྩ་བར། དྲན་པ་ཉེར་བཞག་ནས་བཟུང་སྟེ། །སངས་རྒྱས་རྣམ་པའི་མཐར་ཐུག་རྣམས། །ལམ་གྱི་བདེན་པའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །སློབ་མ་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་རྣམས་ལ་རིམ་བཞིན་དུ། །སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཞེས་སོ། །དེ་ལ་སྐབས་འདིའི་བྱང་ཕྱོགས་སོ་བདུན་དང༌། སོ་བཞི་དང༌། སོ་དགུ་གསུམ་རིམ་པ་བཞིན་སློབ་མ་ཉན་ཐོས་དང༌། བྱང་སེམས་དང་སངས་རྒྱས་གསུམ་ལ་སོ་སོར་བཞག་དགོས་པར་ཐལ། རྩ་བར། དྲན་པ་ཉེར་བཞག་ནས་བཟུང་སྟེ། །ཞེས་པ་ནས། དག་ཏུ་བཞེད། །ཅེས་དང༌། ཉ་ཊཱིཀ་ལས། གང་ཟག་གང་གི་རྒྱུད་ལ་ཟེར་ན། གོ་རིམ་བཞིན་དུ་སློབ་མ་ཉན་ཐོས་མཚོན་པ་སྟེ་ཐེག་དམན་པ་དང་བྱང་པ་དང་སངས་རྒྱས་རྣམས་ཀྱི་རྒྱུད་ལའོ། །གང་གི་སྒོ་ནས་ན། ཐེག་པ་གསུམ་གྱི་ལམ་གྱི་བདེན་པ་གསུམ་ཡོད་པ་དང་རྗེས་སུ་མཐུན་པར་སྟེ་ཇི་ལྟ་བ་བཞིན་དུ་ཀུན་མཁྱེན་གསུམ་དུ་ཕྱེ་བའི་སྒོ་ནས་སོ། །བུདྡྷ་ཤྲཱིའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཉ་ཊཱིཀ་ལས། ཡང་ན་སངས་རྒྱས་སའི་ཤེས་རྣམ་ཉིད་ལ་དྲན་པ་ཉེར་བཞག་ནས་བཟུང་སྟེ་སངས་རྒྱས་རྣམ་པའི་མཐར་ཐུག་པ་རྣམས་ཏེ། བརྒྱ་དང་བཅུར་བཞེད་དོ། །ཇི་ལྟར་བྱས་པས་ཞེ་ན། རིམ་བཞིན་དུ་སློབ་མ་རྣམས་ལ་སུམ་ཅུ་སོ་བདུན་ཡོད་པ་དང་རྗེས་སུ་མཐུན་པ་མཐར་ཕྱིན་པའི་སོ་བདུན་དང༌། བྱང་པ་རྣམས་ལ་སུམ་ཅུ་སོ་བཞི་ཡོད་པ་དང་རྗེས་མཐུན་པ་མཐར་ཕྱིན་པའི་སོ་བཞི་དང༌། སངས་རྒྱས་རྣམས་ལ་ཐུན་མོང་མིན་པར་ཡོད་པ་སྟོབས་སོགས་སུམ་ཅུ་རྩ་དགུ་དག་ཏུ་བྱས་པས་སོ། །གང་གི་སྒོ་ནས་ན། ཐེག་པ་གསུམ་གྱི་ལམ་གྱི་བདེན་པ་གསུམ་ཡོད་པ་དང་རྗེས་སུ་མཐུན་པར་ཏེ་ཆ་འདྲ་བར་བྱས་ཏེ། སངས་རྒྱས་ས་ལ་ཀུན་མཁྱེན་གསུམ་དུ་ཕྱེ་བ་སྟཻ་རྣམ་བཞག་བྱས་པའི་སྒོ་ནས་སོ་ཞེས་སྦྱར་རོ། །ཞེས་དང༌། བསྡུས་པའི་ཕྱིར་སོ་བདུན་སོ་བཞི་མཐར་ཐུག་པ་རྣམ་མཁྱེན་གྱི་རྣམ་པར་བྱེད་དོ་ཞེས་སོགས་རྩ་བ་ལྟར་བསྙད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་རང་ལུགས་ལ་ཕྱི་མ་འཐད་དམ་སྙམ་མོ། ། ཉ་ཊཱིཀ་ལས། ཡང་ན་ཞེས་འདམ་ག་བྱས་པ་ཡིན་མིན་དཔྱད་དོ། ། རྣམ་མཁྱེན་གྱི་རྣམ་པ་ལམ་གྱི་བདེན་པའི་རྗེས་སུ་མཐུན་པར་ཕྱེ་བ་ལ་གསུམ་ལས།སློབ་མའི་ཐམས་ཅད་ཤེས་པའི་རྣམ་པ་དང་རྗེས་སུ་མཐུན་པའི་རྣམ་པ་སོ་བདུན། བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ཉིད་ཀྱི་རྣམ་པ་དང་རྗེས་སུུ་མཐུན་པའི་རྣམ་པ་སོ་བཞི། སངས་རྒྱས་ཀྱི་རྣམ་མཁྱེན་ཉིད་ཀྱི་རྣམ་པ་དང་རྗེས་སུ་མཐུན་པའི་རྣམ་པ་སོ་དགུ་བཤད་པ་དང་གསུམ།

དང་པོ་ལ། དངོས་བསྟན་གྱི་རིམ་པ་དང༌། སྦས་དོན་གྱི་རིམ་པ་གཉིས།

དང་པོ་ནི། མདོ་ལུགས་མ་ལས། སློབ་མའི་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་དང་རྗེས་སུ་མཐུན་པ། ཡུམ་ཤེར་ཕྱིན་ཆོས་དབྱིངས་ཀྱི་རྣམ་པ་སོ་བདུན་ནི། ལུས་དང༌། ཚོར་བ་དང༌།སེམས་དང༌། ཆོས་དང་དགེ་མི་དགེའི་ཆོས་དང༌། རྫུུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་དམིགས་སུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སོ་བདུན་པོ་དེའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་སོ་བདུན་ནོ། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་སྦས་དོན་ལ།

སྐབས་འདིར་བྱང་ཕྱོགས་ལམ་ཆོས་སུ་བཤད་པ་མི་འཐད་པར་ཐལ། མདོ་ལུགས་མ་ལས། ཆོས་དབྱིངས་ཟབ་མོ་གཅིག་གི་རྣམ་པ་ཡིན་པའི་ཕྱིར། ལམ་ཆོས་སུ་འཆད་པ་དང་བཟང་ངན་དུ་མར་འབྱེད་པ་དང༌། སྒོམ་ཚུལ་སྣ་ཚོགས་ཀྱི་ཆོས་སུ་འཆད་པ་ནི་མདོ་དང་མི་མཐུན་ནོ། །མདོ་ལས། རབ་འབྱོར་ཀྱི་དམ་བཅས་པ་དང་བཅོམ་ལྡན་འདས་ཀྱིས་གཏན་ཚིགས་གསུངས་པའི་སྒོ་ནས་ཤེར་ཕྱིན་གཅིག ཅེས་སོགས་གསུངས་པའི་ཕྱིར་ན་མ་ཁྱབ་པར་སྣང་སྟེ། དེའི་དོན་ནི་གོང་དུ་བཤད་པ་ལྟར་སྐབས་འདི་མདོའི་དངོས་བསྟན་གཙོ་བོའི་རྣམ་པ་རྣམས་ནི་ཆོས་དབྱིངས་ཟབ་མོ་གཅིག་གི་རྣམ་པ་ཡིན་པ་དང༌། ལམ་ཆོས་ཀྱི་རྣམ་པ་རྣམས་ནི་སྐབས་འདིར་མདོ་ལས་དངོས་བསྟན་གཙོ་བོར་བཅས་ནས་མ་བསྟན་པར་ཚོགས་སྒྲུབ་ཀྱི་སྐབས་ཀྱི་མདོ་ལས་རྒྱས་པར་བཤད་པ་ནི་ལུང་དེའི་དགོངས་པ་ཡིན་པ་དང༌། མདོ་ལུགས་མའི་གསུངས་ཟིན་ལ་རྣམ་པ་འདི་དག་ཆོས་དབྱིངས་ཀྱི་རྣམ་པ་ལས་གསལ་ཁ་མེད་ཀྱང་ཉ་ཊཱིཀ་གི་གསུང་ཟིན་དབང་དུ་བྱས་ན་ལམ་ཆོས་ཀྱང་ཡོད་ལ། དེར་མ་ཟད་སྤྱིར་བྱང་སེམས་ཀྱི་ལམ་བདེན་དུ་གྱུར་བའི་བྱང་ཕྱོགས་སོ་བདུན་གྱི་རྣམ་པ་སྒོམ་པར་བྱེད་པས་སྐབས་འདིར་དེ་འཆད་པ་ལ་འགལ་བ་མེད་པར་སྣང་ངོ༌། །བྱང་ཕྱོགས་སོ་བདུན་སྤྱིར་བཤད་ནས་མཐར་ཐུག་གི་བྱང་ཕྱོགས་དེ་དག་སྐབས་འདིའི་རྣམ་པ་ཡིན་པར་ཤེས་པར་བྱའོ། །དེས་ན་སྤྱིར་བྱང་ཕྱོགས་ཀྱི་ཆོས་སོ་བདུན་བཤད་པ་ལ།མཚན་ཉིད། དབྱེ་བསྡུ། ས་མཚམས། གོ་རིམ། ཕྱེ་བ་སོ་སོའི་དོན་བཤད་པ་དང་ལྔ། དང་པོ་བྱང་ཕྱོགས་ཀྱི་མཚན་ཉིད་ཡོད་དེ། ཟད་པ་དང་མི་སྐྱེ་བ་ཤེས་པ་དང་རྗེས་སུ་མཐུན་པའི་ཆོས་དེ་ཡིན་པའི་ཕྱིར་ཏེ། རྒྱན་གྱི་ས་འགྲེལ་ལས། མཛོད་ལས། ཟད་དང་མི་སྐྱེ་ཤེས་པ་ནི། །བྱང་ཆུབ་དེ་དང་མཐུན་པའི་ཕྱིར། །སུམ་ཅུ་རྩ་བདུན་དེ་ཡི་ཕྱོགས། །ཞེས་ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་མི་སློབ་པའི་ཡེ་ཤེས་བྱང་ཆུབ་ཀྱི་ངོ་བོ་ཡིན་ལ། དེའི་རྗེས་སུ་མཐུན་པ་དང་དེའི་རྒྱུར་གྱུར་པས་ན་ཕྱོགས་དང་མཐུན་པ། ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། མཚན་ཉིད་ནི། ཟད་པ་དང་མི་སྐྱེ་བ་ཤེས་པ་དང་རྗེས་སུ་མཐུན་པའི་ཆོས། ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་དབྱེ་བསྡུ་ནི།

དད་དང་བརྩོན་འགྲུས་དྲན་པ་དང༌། །ཏིང་འཛིན་ཤེས་རབ་བཏང་སྙོམས་དགའ། །རྟོག་དང་ཚུལ་ཁྲིམས་ཤིན་ཏུ་སྦྱངས། །ཞེས་པ་བཅུ་ནི་རྫས་སུ་གྲུབ་པ་ཡིན་ལ། གཞན་རྣམས་ནི་དེ་དག་གི་ནང་དུ་འདུ་བས་རྫས་ལོགས་སུ་གྲུབ་པ་མེད་དེ། དྲན་པ་ཉེར་གཞག་ཤེས་རབ་སྟེ། །བརྩོན་འགྲུས་ཡང་དག་འཇོག་ཅེས་བྱ། །རྫུ་འཕྲུལ་རྐང་པ་ཏིང་འཛིན་ནོ། །གཙོ་བོ་སྨོས་པས་དེ་དག་ནི། །སྦྱོར་བྱུང་ཡོན་ཏན་རྣམས་ཀྱང་ཡིན། །ཞེས་པ་ལྟར་ཡིན་པ་དང༌། ཆོས་རབ་ཏུ་འབྱེད་པ་དང་ཡང་དག་པའི་ལྟ་བ་ནི་ཤེས་རབ་ཡིན་པ་དང༌། རྩོལ་བ་ནི་བརྩོན་འགྲུས་ཡིན་ལ་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་ནི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །

གསུམ་པ་ས་མཚམས་ལ།

སྡེ་ཚན་བདུན་ནི་གོ་རིམ་བཞིན། །ལས་ནི་དང་པོ་པ་དག་དང༌། །ངེས་འབྱེད་ཆ་མཐུན་རྣམས་དང་ནི། །སྒོམ་དང་མཐོང་ལ་རབ་ཏུ་ཕྱེ། །ཞེས་བྱེ་སྨྲས་རིམ་པ་ལྟར་ཚོགས་ལམ་དང་དྲོད་དང་རྩེ་མོ་དང་བཟོད་པ་དང་ཆོས་མཆོག་དང་སྒོམ་ལམ་དང༌། མཐོང་ལམ་རྣམས་ན་སྡེ་ཚན་རེ་རེ་ཡོད་པར་འདོད་མོད་འདིར་ནི་ཐེག་ཆེན་པའི་ལུགས་ཀྱིས་ཚོགས་ལམ་ཆུང་ངུ་ན་དྲན་པ་ཉེར་གཞག་བཞི་དང༌། འབྲིང་པོ་ན་ཡང་དག་པར་སྤོང་བ་བཞི་དང༌། ཆེན་པོ་ན་རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། སྦྱོར་ལམ་དང་པོ་གཉིས་ན་དབང་པོ་ལྔ་དང༌། ཕྱི་མ་གཉིས་ན་སྟོབས་ལྔ་དང༌། མཐོང་ལམ་ན་བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། སྒོམ་ལམ་ན་འཕགས་པའི་ལམ་ཡན་ལག་བརྒྱད་ཡོད་པར་བཞེད་པ་དང་མཐུན་པར་འཆད་དོ། །ས་མཚམས་དེ་ལྟར་བཤད་པ་ནི་ས་བཟང་གི་ཀུན་བཏུས་འགྲེལ་བའི་ཚིག་ཟིན་ལྟར་ཡིན་ལ། འོན་ཀྱང་ཚོགས་ལམ་ཆུང་ངུ་ན་ཡང་དག་སྤོང་བ་བཞི་དང་རྫུ་འཕྲུལ་གྱི་རྐང་བ་བཞི་ཡོད་མེད་དང་མཐོང་ལམ་ལ་འཕགས་ལམ་ཡན་ལག་བརྒྱད་ཡོད་དམ་དཔྱད་པར་བྱའོ། །

བཞི་བ་གོ་རིམ་ནི།

སྔ་མ་ལས་ཕྱི་མ་འབྱུང་བ་རྒྱུ་འབྲས་ཀྱི་རིམ་པ་ཡིན་པར་རྒྱན་གྱི་ས་འགྲེལ་ལས་བཤད་དོ། །འོག་ཏུ་ཅུང་ཟད་དཔྱད་པར་འགྱུར་རོ། ། ལྔ་པ་ཕྱེ་བ་སོ་སོའི་དོན་བཤད་པ་ལ། དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་དང་སྡེ་ཚན་བདུན། དང་པོ་དྲན་པ་ཉེར་བཞག་བཤད་པ་ལ། སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ལ། ཀུན་བཏུས་ལྟར་ཕལ་ཆེར་བཤད་ན། དམིགས་པ་དང༌།ངོ་བོ་དང༌། གྲོགས་དང༌། བསྒོམ་པ་དང༌། བསྒོམས་པའི་འབྲས་བུུ་བཤད་པ་དང་ལྔའོ། །དང་པོ་དམིགས་པ་ནི། བྱིས་པ་རྣམས་བདག་གི་རྟེན་ནམ་གནས་སུ་རྟོག་པའི་གཞི་ལུས་དང༌།བདག་གི་ལོངས་སྤྱོད་དུ་རྟོག་པའི་གཞི་ཚོར་བ་དང༌། བདག་གི་ངོ་བོར་རྟོག་པའི་གཞི་སེམས་དང༌། བདག་ཀུན་ནས་ཉོན་མོངས་པར་དང་རྣམ་བྱང་དུ་འགྱུར་བར་འཁྲུལ་གཞི་དད་སོགས་དགེ་བ་དང༌། ཆགས་སོགས་ཉོན་མོངས་པའི་ཆོས་རྣམས་ཡིན་ནོ། །

གཉིས་པ་ངོ་བོ་ནི།

ངོ་བོ་ཤེས་རབ་དང་དྲན་པ་ཅི་རིགས་ཀྱི་མངོན་རྟོགས་དེ་ཡིན་ཏེ། ཀུན་བཏུས་ལས། ངོ་བོ་ཉིད་གང་ཞེ་ན། ཤེས་རབ་དང་དྲན་པའོ། །ཞེས་དང༌། མཛོད་དུ། དྲན་པ་ཉེར་བཞག་ཤེས་རབ་སྟེ། །ཞེས་གསུངས་པས་སོ། །མཚན་ཉིད་ནི། བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་དངོས་པོ་ལ་ལེགས་པར་རྟོག་པའི་ཤེས་རབ་དང་དྲན་པ་གང་རུང་ངམ་དེ་དང་མཚུངས་ལྡན་ཅི་རིགས་ཀྱི་རིགས་སུ་གནས་པ་དེ། དྲན་པ་ཉེར་བཞག་གི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་དངོས་པོ་ལ་ལེགས་པར་རྟོག་པའི་ཤེས་རབ་དང་དྲན་པ་མཚུངས་ལྡན་གཙོ་བོར་གྱུར་པའོ། །ཞེས་གསུངས་པས་སོ། །རིགས་གནས་མ་སྦྱར་ན་སངས་རྒྱས་ཀྱི་དྲན་ཉེ་ལ་མ་ཁྱབ་པར་སྣང་ངོ༌། །ཇི་ལྟར་འཇུག་ན་རང་ཉིད་ལུས་གནས་ངན་ལེན་འདུ་བྱེད་ཀྱི་ཕུང་བོ་ཤེས་པས་སྡུག་བསྔལ་གྱི་མཚན་ཉིད་ཤེས། ཀུན་འབྱུང་གི་གཙོ་བོ་སྲེད་པ། དེའི་རྒྱུ་ཟག་བཅས་ཀྱི་ཚོར་བ་སྡུག་བསྔལ་དུ་ཤེས་པས་ཀུན་འབྱུང་སྤོང་བདག་འཛིན་གྱི་གཞི་སེམས་སྐྱེ་འཇིག་ཅན་དུ་ཤེས་པས་བདག་ཏུ་མངོན་ཞེན་ལྡོག་་ཅིང་འཁོར་བའི་སེམས་འདི་སྡུག་བསྔལ་དུ་ཤེས་པས་བདག་ཆད་པའི་འཇིགས་པས་མྱང་འདས་ལ་སྐྲག་པ་མེད་པས་སྡུག་བསྔལ་འགོག་པའི་ཕྱིར་འགོག་བདེན་ལ་ཞི་བ་ཉིད་དུ་འཇུག་གམ་མངོན་དུ་བྱེད། ཀུན་བྱང་གི་ཆོས་ཆགས་སྡང་སོགས་དང་མི་སྡུག་པ་དང༌། བྱམས་སོགས་སྤང་གཉེན་དུ་ཤེས་ནས་བླང་དོར་ལ་མ་རྨོངས་པའི་ཕྱིར་སྐྱོན་ཐམས་ཅད་སྤོང་བའི་ཐབས་ལམ་བདེན་ལ་མངོན་དུ་ཕྱོགས་སམ་བསྒོམས་པ་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། དབུས་མཐར། གནས་ངན་ལེན་ཕྱིར་སྲེད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། །དྲན་པ་ཉེ་བར་བཞག་པ་བསྒོམ། །ཞེས་པ་ལྟར་ལུས་འདུ་བྱེད་གནས་ངན་ལེན་གྱིས་ཕྱེ་བར་རིག་ནས་སྡུག་བསྔལ་དང༌། ཚོར་བ་སྲེད་པའི་རྒྱུར་རིག་ནས་ཀུན་འབྱུང་དང༌། སེམས་བདག་ཏུ་ཞེན་པའི་གཞིར་རིག་ཅིང་བདག་ཆད་ཀྱིས་དོགས་ནས་མྱང་འདས་ལ་སྐྲག་པ་མེད་པས་འགོག་པ་དང༌།ཆོས་ཉོན་མོངས་རྣམ་བྱང་སྤང་གཉེན་དུ་ཤེས་ཤིང་མ་རྨོངས་པས་ལམ་ལ་འཇུག་པས་ན་འཕགས་པའི་བདེན་པ་བཞི་ལ་འཇུག་པ་དང༌། ཟག་བཅས་ཀྱི་ལུས་ལ་སོགས་པ་བཞིའི་ས་བོན་དང༌། བྲལ་བའི་རིམ་གྱིས་ཐོབ་པའོ། །ཞེས་གསུངས་པའི་ཕྱིར་རོ། །མཚོན་བྱའི་སྒྲ་དོན་ནི། དབྱིག་གཉེན་ནི། ཤེས་རབ་འདིས་དྲན་པ་ཉེ་བར་འཇོག་པས་དྲན་པ་ཉེར་གཞག་སྟེ། ཇི་ལྟར་འཇོག་ན། ཤེས་རབ་ཀྱིས་དོན་ཇི་ལྟར་མཐོང་བ་བཞིན་དུ་དྲན་པས་མངོན་དུ་འཛིན་པའི་ཕྱིར་རོ། །ཞེས་དང༌། བྱེ་བྲག་སྨྲ་བ་ནི། ཤིང་གཤེག་པ་ཁྱེའུས་འཛིན་པ་ལྟར་དྲན་པའི་སྟོབས་བསྐྱེད་པས་ཤེས་རབ་དམིགས་པ་ལ་འཇུག་པས་དེ་སྐད་དོ། །ཞེས་སོ། །མཚན་གཞིའི་དབྱེ་བ་ལ། ལུས་གཙང་ཚོར་བ་བདེ། སེམས་རྟག་ཆོས་བདག་ཏུ་ཕྱིན་ཅི་ལོག་བཞིའི་གཉེན་པོར་ལུས་ཚོར་སེམས་ཆོས་དྲན་པ་ཉེར་བཞག་བཞིར་ངེས་སོ། །དེ་ཡང་འདིར་ཚོགས་ལམ་ཆུང་ངུ་ནས་ས་བཅུའི་བར་རོ། །སྤྱིར་སངས་རྒྱས་ལ་ཡང་ངོ༌། །ཞེས་ཉ་ཊཱིཀ་ལས་སོ། །

གསུམ་པ་གྲོགས་ནི།

དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་ཡིན་ཏེ། ཀུན་བཏུས་ལས། གྲོགས་གང་ཞེ་ན། དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ཞེས་གསུངས་པའི་ཕྱིར།

བཞི་བ་བསྒོམ་ལ།

ཐེག་པ་ཐུན་མོང་གི་ལུགས་དང་ཆེན་པོའི་ལུགས་གཉིས།དང་པོ་ལ། སྤྱིར་བསྟན་པ་དང༌། གཉེན་པོ་བསྒོམ་པ་བྱེ་བྲག་ཏུ་བཤད་པ་དང་གཉིས། དང་པོ་ནི། ནང་དང་ཕྱི་དང་གཉིས་ཀའི་ལུས་ཚོར་སེམས་ཆོས་རྣམས་ལ་ལུས་ཚོར་སེམས་ཆོས་ཀྱི་རྗེས་སུ་བལྟ་བ་ཞེས་མདོ་ལས་ཏེ། ནང་གི་ལུས་ནི་དབང་བོ་གཟུགས་ཅན་ལྔའོ། །ཕྱིའི་ལུས་ནི་ཕྱི་རོལ་གྱི་ཡུལ་ལྔའོ། །གཉིས་ཀའི་ལུས་ནི་རང་གི་དབང་རྟེན་གྱི་ཕྱིའི་སྐྱེ་མཆེད་རྣམས་དང་གཞན་རྒྱུད་ཀྱི་དབང་བོ་གཟུགས་ཅན་ནོ། །ཕྱི་ནང་གི་ལུས་འཇོག་ཚུལ་གསུམ་ཚན་བཞི་མདོ་ལུགས་མར་བཤད་པས་དེར་ཤེས་པར་བྱའོ། །ལུས་ལ་ལུས་ཀྱི་རྗེས་སུ་བལྟ་བ་ནི་རྣམ་པར་རྟོག་པའི་གཟུགས་བརྙན་གྱི་ལུས་དུར་ཁྲོད་ཀྱི་རོ་བམ་པ་རུལ་བ་སོགས་མཐོང་ཞིང་དེར་ཡིད་ལ་བྱས་པ་དང་བདག་གི་ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུའི་རང་བཞིན་ཅན་ཆོས་ཉིད་འདི་ལས་མ་འདས་པའོ། །གནོད་འཇོམས་སུ་འདས་མ་འོངས་ད་ལྟ་བ་གསུམ་ལ་སྦྱར་ལ། འདོད་པའི་ཐ་མལ་གྱི་ཕྱི་ལུས་མངལ་སྐྱེས་སོགས་འདིའི་རང་གི་མཚན་ཉིད་མི་གཙང་ཞིང་སྤྱིའི་མཚན་ཉིད་ཀྱིས་དབུ་བ་གདོས་པ་ལྟ་བུའམ་དེ་བདག་མེད་པར་མཉམ་པ་ཉིད་དུ་བལྟའོ། །ནང་གི་ཚོར་བ་ནང་གི་ལུས་ལ་བརྟེན་ཅིང་དམིགས་ནས་བྱུང་བ་ཡིན་ལ།ཕྱིའི་ཚོར་བ་ཕྱིའི་ལུས་ལ་བརྟེན་ཅིང་དམིགས་ལ། གཉིས་ཀའི་ཚོར་བ་གཉིས་ཀའི་ལུས་ལ་བརྟེན་ཅིང་དམིགས་ནས་བྱུང་བའི་ཚོར་བའོ། ། དེ་བཞིན་དུ་སེམས་རྣམ་ཤེས་དང༌། ཆོས་སེམས་བྱུང་དགེ་མི་དགེ་རྣམས་སོ། །ལུས་ལ་ལུས་ཀྱི་རྗེས་སུ་བལྟ་བ་བཞིན་ཚོར་བ་ལ་ཚོར་བའི་རྗེས་སུ་བལྟ་བ་སོགས་ཅི་རིགས་སུ་སྦྱར་ཏེ། ཟག་བཅས་ཀྱི་ཚོར་བ་རང་གི་མཚན་ཉིད་སྡུག་བསྔལ། སེམས་རྣམ་ཤེས་ཀྱི་རང་མཚན་རང་སྟོབས་ཀྱིས་ཡུལ་སོ་སོར་རྣམ་པར་རིག་པའི་མི་རྟག་པ། ཆོས་སེམས་བྱུང་དགེ་བའི་རང་མཚན་མི་དགེ་བའི་གཉེན་པོར་བླང་བྱ།སེམས་བྱུང་མི་དགེ་བའི་རང་མཚན་འབད་པས་དོར་བྱ་ཡིན་པ་སོགས། སྤྱིའི་མཚན་ཉིད་ཀྱིས་བརྟགས་ན་གཅིག་དང་ཐ་དད་ཀྱི་བདག་མེད་པར་བལྟ་བའོ། །དབུ་མ་པ་ལྟར་ན། སྤྱི་མཚན་གྱིས་བདེན་པར་མི་དམིགས་པ་སྟེ། མཚན་ཉིད་གཉིས་བསྡོམས་ཏེ་བལྟ་བ་ནི། ཨཱརྱས། བདེན་པར་མི་དམིགས་པའི་སྒོ་ནས། མི་གཙང་བར་བལྟ་བ། ཞེས་སོགས་བཤད་དོ། །གཉིས་པ་ནི། ཉེ་བའི་ཉོན་མོངས་དགུའི་གཉེན་པོ་དགུ་སྟེ། ཡིད་ལ་མི་བྱེད་པའི་གཉེན་པོར་འདུན་པ། ལེ་ལོའི་གཉེན་པོར་བརྩོན་འགྲུས། བྱིང་རྒོད་ཀྱི་གཉེན་པོར་རྩོལ་བ། ཞུམ་པའི་གཉེན་པོར་སྤྲོ་བ། ནོད་པས་སྐྱོ་བའི་གཉེན་པོར་མ་ཐན་པ་སྟེ་མི་སྐྱོ་བའོ། །དགེ་བ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོར་ཕྱིར་ནུར་བ་མེད་པ། གདམས་ངག་བརྗེད་པའི་གཉེན་པོར་དྲན་པ། ལྟུང་བས་ཡིད་ལ་བཅགས་པའི་གཉེན་པོར་ཤེས་བཞིན། བརྩོན་པ་འདོར་བའི་གཉེན་པོར་བག་ཡོད་བསྒོམ་མོ། །གཉིས་པ་ནི། སྒོམ་པ་རྣམ་པ་བཅུ་བཞིས་འཕགས་པ་སྟེ། མདོ་རྒྱན་ལེའུ་བཅུ་དགུ་པ་ལས་ཤེས་པར་བྱའོ། ། ལྔ་བ་བསྒོམས་པའི་འབྲས་བུ་ནི། གཙང་བདེ་རྟག་བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་སྤོང་བ་དང༌། བདེན་པ་བཞི་ལ་འཇུག་པ་དང༌། ཟག་བཅས་ཀྱི་ལུས་ཚོར་སོགས་དང་བྲལ་བ་ཐོབ་པོ། །ཚོགས་ལམ་ཆུང་ངུ་བའི་བྱང་སེ་དབང་རྣོན་གྱི་དྲན་པ་ཉེར་བཞག་ཆོས་ཅན། དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ཡིན་ཏེ། ལུས་ཚོར་སེམས་ཆོས་ལ་རང་སྤྱིའི་མཚན་ཉིད་ཀྱིས་བརྟགས་ནས་བསྒོམ་པའི་ཚོགས་ལམ་ཡིན་པས་སོ། །རང་གཞན་གྱི་ལུས་ལ་རང་སྤྱིའི་མཚན་ཉིད་ཀྱིས་བརྟགས་ནས་བསྒོམ་པའི་བྱང་སེམས་ཀྱི་ཚོགས་ལམ་ཆུང་ངུ་བའི་དྲན་པ་ཉེར་བཞག་ཆོས་ཅན། ལུས་དྲན་པ་ཉེར་བཞག་ཡིན་ཏེ། རང་གཞན་གྱི་ལུས་ལ་རང་སྤྱིའི་མཚན་ཉིད་ཀྱིས་བརྟགས་ནས་བསྒོམ་པའི་དྲན་པ་ཉེར་བཞག་ཡིན་པས་སོ། །ཚོར་བ་དྲན་པ་ཉེར་བཞག་སོགས་གསུམ་ལ་རིགས་འགྲེས་སྦྱར་ནས་ཤེས་པར་བྱའོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

སངས་རྒྱས་ཀྱི་དྲན་པ་ཉེར་བཞག་ཆོས་ཅན། བདེན་པ་བཞི་ལ་འཇུག་པར་བྱ་བའི་ཆེད་དུ་སྒོམ་པ་ཡིན་པར་ཐལ། དྲན་པ་ཉེར་བཞག་ཡིན་པའི་ཕྱིར། ཁྱབ་སྟེ། ཉ་ཊཱིཀ་ལས། འདི་ལ་མཚན་ཉིད་ནི། བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་དངོས་པོ་ལ་ལེགས་པར་རྟོག་པའི་ཤེས་རབ་དང་དྲན་པ་མཚུངས་ལྡན་གཙོ་བོར་གྱུར་པའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ་སློབ་པའི་དྲན་པ་ཉེར་བཞག་ལ་བདེན་པ་བཞི་ཅི་རིགས་ལ་འཇུག་ཕྱིར་དུ་སྒོམ་པ་ཡིན་ལ་སངས་རྒྱས་ཀྱི་དྲན་པ་ཉེར་བཞག་ཀྱང་དེའི་རིགས་སུ་གནས་པ་ཡིན་ཞེས་བཤད་ན་ལེགས་སམ་དཔྱད། ཡང་དྲན་པ་ཉེར་བཞག་ལ་དེ་འདྲའི་ཤེས་རབ་དང་དྲན་པ་མཚུངས་ལྡན་དགོས་པར་ཐལ། ཉ་ཊཱིཀ་ལས་བཤད་པའི་མཚན་ཉིད་དེའི་ཕྱིར་ན་མ་ཁྱབ་པོ། ། གཉིས་པ་སྒྲིབ་པ་སྤངས་ཤིང་དགེ་བ་འཕེལ་བའི་དོན་དུ་རྩོལ་བ་བསྐྱེད་པ་ལས་བྱུང་བའི་ལམ་ཡང་དག་པར་སྤོང་བ་བཞི་བཤད་པ་ལ། སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ནི། སྔར་ལྟར་དམིགས་པ་དང༌། ངོ་བོ་དང༌། གྲོགས་དང༌། བསྒོམ་པ་དང༌། བསྒོམས་པའི་འབྲས་བུུ་བཤད་པ་དང་ལྔ། དང་པོ་དམིགས་པ་ནི། མི་དགེ་བ་སྐྱེས་པ་དང་མ་སྐྱེས་པ་དང༌། དགེ་བ་སྐྱེས་པ་དང༌། མ་སྐྱེས་པ་རྣམས་ཡིན་ནོ། ། གཉིས་པ་ངོ་བོ་ནི། བརྩོན་འགྲུས་ཡིན་ཏེ། ཀུན་བཏུས་ལས། ངོ་བོ་ཉིད་གང་ཞེ་ན།བརྩོན་འགྲུས་སོ། །ཞེས་དང༌། མཛོད་ལས། བརྩོན་འགྲུས་ཡང་དག་འཇོག་ཅེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །མཚན་ཉིད་ནི། དྲན་པ་ཉེར་བཞག་བསྒོམས་པས་སྤང་གཉེན་ཤེས་ནས་དེ་གཉིས་ལ་བླང་དོར་བྱ་བའི་ཕྱིར་ཉེས་པའི་གཉེན་པོར་སྒོམ་པའི་བརྩོན་འགྲུས་སམ་དེ་དང་མཚུངས་ལྡན་ཅི་རིགས་ཀྱི་རིགས་གནས་དེ་ཡིན་ཏེ། རྒྱན་ལས། བརྟན་པ་རྣམས་ཀྱི་ཡང་དག་སྤོང༌། །ལུས་ཅན་ཀུན་དང་མཚུངས་པ་མེད། །དྲན་པ་ཉེ་བར་བཞག་པ་ཡི། །ཉེས་པ་རྣམས་ཀྱི་གཉེན་པོར་བསྒོམས། །ཞེས་དང༌། དེའི་ས་འགྲེལ་ལས། མཚན་ཉིད་མདོར་བསྟན་ནི། བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤང་བྱ་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་དང་སྐྱེས་པ་སྤོང་བ་དང༌། གཉེན་པོ་དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པ་དང་སྐྱེས་པ་སྤེལ་བའི་ཆེད་དུ་འདུན་པ་བསྐྱེད་ནས་འབད་ཅིང༌། བརྩོན་འགྲུས་རྩོམ་པའི་ཡང་དག་པར་སྤོང་བ་བཞི་ནི་རང་གཞན་ཐམས་ཅད་ཀྱི་དོན་དུ་སྒོམ་པའི་ཕྱིར་ཉན་རང་ལ་སོགས་པའི་ལུས་ཅན་ཀུན་གྱི་ཡང་དག་སྤོང་བ་དང་མཚུངས་པ་མེད་ཅིང་ཁྱད་པར་དུ་འཕགས་པ་ཡིན་ལ།དེ་ཡང་སྔར་བཤད་པའི་དྲན་པ་ཉེ་བར་བཞག་པ་བཞི་པོའི་མི་མཐུན་ཕྱོགས་བདག་གཉིས་འཛིན་པ་ལ་སོགས་པའི་ཉེས་པ་རྣམས་ཀྱི་གཉེན་པོར་བསྒོམ་པའོ། །དབུས་མཐར། མི་མཐུན་ཕྱོགས་དང་གཉེན་པོ་རྣམས། །རྣམ་པ་ཐམས་ཅད་ཡོངས་ཤེས་ནས། །དེ་དག་སྤང་ཕྱིར་བརྩོན་འགྲུས་ནི། །རྣམ་པ་བཞི་དག་རབ་ཏུ་འབྱུང༌། །ཞེས་སོ། །ཉ་ཊཱིཀ་ལས། མཚན་ཉིད་ནི། དྲན་པ་ཉེར་བཞག་བསྒོམས་པས་སྤང་གཉེན་ཤེས་ནས་དེ་གཉིས་ལ་བླང་དོར་བྱ་བའི་ཕྱིར་ཉེས་པའི་གཉེན་པོར་བསྒོམ་པའི་བརྩོན་འགྲུས་སོ། ། མཚོན་བྱ་ནི། མི་དགེ་བ་ཡང་དག་པར་སྤོང་བས་དེ་སྐད་བརྗོད་དོ། །དགེ་བ་སྐྱེད་པ་སོགས་ཡང་མི་དགེ་བ་སྤོང་བ་ཡིན་ནོ། །མཚན་གཞི་ལ། དབྱེ་བ་དང༌། ས་མཚམས་སོ། །དང་པོ། དྲན་པ་ཉེར་བཞག་བསྒོམས་པ་དེའི་འོག་ཏུ་དངོས་པོ་ལ་བརྟགས་ནས་ཞུགས་པ་ལ་སྒྲིབ་པ་སྤོང་བའི་བརྩོན་འགྲུས་འབྱུང་བས། དེ་ཙམ་ཞིག་དབྱེ་གཞིའོ། །དབྱེ་བ་ནི། མི་དགེ་བ་སྐྱེས་པ་ཡང་དག་པར་སྤོང་བའི་རྒྱུའི་བརྩོན་འགྲུས། མ་སྐྱེས་པ་མི་བསྐྱེད་པའི་རྒྱུའི་བརྩོན་འགྲུས། གོ་རིམ་བཞིན་དུ་དགེ་བ་སྐྱེས་པ་འཕེལ་བའི་རྒྱུའི་བརྩོན་འགྲུས། མ་སྐྱེས་པ་བསྐྱེད་པའི་རྒྱུའི་བརྩོན་འགྲུས་བཞིའོ། །ངོ་བོ་གཅིག་གམ་ཐ་དད་ནི། ངོ་བོ་གཅིག་པ་སྟེ་སྡིག་པ་སྐྱེས་པ་སྤོང་བའང་དགེ་བ་བསྐྱེད་པ་སོགས་ཡིན་པར་ཉ་ཊཱིཀ་ལས་སོ། ། གྲངས་ངེས་ནི། སྡིག་པའི་གཉེན་པོ་སྟོབས་བཞིར་ངེས་པ་ལས་ཏེ། སྡིག་པ་བྱས་པ་ལ་འགྱོད་སེམས་དུག་འཐུངས་བ་ལྟར་ཡིད་ལ་བྱེད་པ་རྣམ་པར་སུན་འབྱིན་པའི་སྟོབས།ད་ཕྱིན་ཆད་སྲོག་གི་ཕྱིར་ཡང་མི་བྱ་སྙམ་ནས་སྤོང་བ་ཉེས་པ་ལས་སླར་ལྡོག་པའི་སྟོབས་ཏེ།དེ་གཉིས་ལས་དང་པོ་གཉིས་སུ་ངེས། སྡིག་པ་བྱས་རྗེས་སུ་སྔར་བླངས་པའི་གསུམ་ལ་སྐྱབས་སུ་འགྲོ་བ་སོགས་མངོན་དུ་བྱེད་ན་རྟེན་གྱི་སྟོབས། དེའི་གཉེན་པོ་བདག་མེད་བསྒོམ་པ་དང་སྡིག་བཤགས་འབད་ནས་བྱེད་པ་སོགས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། དེ་གཉིས་ལས་ཕྱི་མ་གཉིས་སུ་ངེས་སོ། །

གཉིས་པ་ས་མཚམས་ནི།

འདིར་བྱང་སེམས་ལ་ནི་ལམ་བཞི་ཡོད་ལ། སྤྱིར་ཚོགས་ལམ་འབྲིང་ནས་སངས་རྒྱས་བར་ནའོ། །གསུམ་པ་གྲོགས་ནི། དེ་དག་དང་མཚུངས་ལྡན་གྱི་སེམས་དང་སེམས་བྱུང་རྣམས་ཡིན་ནོ། །བཞི་བ་བསྒོམ་པ་ནི། མདོ་ལས། སྡིག་པ་སྐྱེས་པ་སྤང་བའི་ཕྱིར་འདུན་པ་བསྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ །ཞེས་སོགས་གཞན་གསུམ་ལའང་སྦྱར་ཏེ་གསུངས་སོ། །དེ་ཡང་བརྩོན་པའི་དང་བོར་སྡིག་པ་སྤང་དགེ་བ་བསྐྱེད་པ་སོགས་བྱེད་འདོད་པའི་འདུན་པ་བསྐྱེད་དོ། །དེ་ལ་བརྟེན་ནས་ཞི་ལྷག་སོགས་གཉེན་པོ་བསྒོམ་པ་འབད་པའོ། །དེ་ཡང་ཞི་གནས་དང༌། རབ་ཏུ་འཛིན་པ་དང་བཏང་སྙོམས་ཀྱི་རྒྱུ་མཚན་དང་བཅས་པར་བསྒོམས་ཏེ། ཞི་གནས་དང་རབ་ཏུ་འཛིན་པས་ཉེ་ཉོན་ཞུམ་རྒོད་ཀྱི་གཉེན་པོར་བརྩོན་འགྲུས་རྩོམ་མོ། །ཇི་ལྟར་རྩོམ་ན། ཤེས་རབ་ཀྱིས་རབ་ཏུ་འཛིན། ཞི་གནས་ཀྱིས་ཡང་དག་པར་འཇོག་གོ །མཉམ་པ་ཐོབ་ནས་བཏང་སྙོམས་སུ་འཇོག་པར་ཉ་ཊཱིཀ་ལས་གསུངས་སོ། །དགེ་མི་དགེ་ནི་སྤྱིར་དགེ་བ་བཅུ་མི་དགེ་བཅུའོ། །རྒྱན་ལས། འདུན་པ་ལ་ནི་བརྟེན་ནས་སུ། །རྣལ་འབྱོར་རྒྱུ་མཚན་བཅས་བསྒོམ་པ། །ཡང་དག་སྤོང་བ་ཐམས་ཅད་ལ། །གཉེན་པོ་ཞེས་ནི་ངེས་པར་བརྗོད། །ཅེས་དང༌། དེའི་ས་འགྲེལ་ལས། བསྒོམ་ཚུལ་བསྟན་པ་ནི། དེ་ཡང་མདོ་ལས། གང་འདུན་པ་བསྐྱེད་དོ་འབད་དོ་བརྩོན་འགྲུས་རྩོམ་མོ་སེམས་རབ་ཏུ་འཛིན་ནོ་ཡང་དག་པར་རབ་ཏུ་འཇོག་གོ་ཞེས་གསུངས་པ་ལྟར། བརྩོན་འགྲུས་ཀྱི་གནས་དགེ་སྡིག་ལ་བླང་དོར་བྱེད་པར་འདོད་པའི་འདུན་པ་ལ་ནི་བརྟེན་ནས་སུ་ངོ་བོ་ཞི་གནས་ལྷག་མཐོང་ཟུང་དུ་འཇུག་པའི་རྣལ་འབྱོར་དང༌། དེའི་གྲོགས་ཞི་གནས་ཀྱི་རྒྱུ་མཚན་དང་རབ་ཏུ་འཛིན་པའི་རྒྱུ་མཚན་དང་བཏང་སྙོམས་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པ་དང་བཅས་ཏེ་ལྷན་ཅིག་སྒོམ་པ་ལ་འབད་ཅིང་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་དེ་ཡང་ཞི་གནས་དང་རབ་ཏུ་འཛིན་པའི་མི་མཐུན་ཕྱོགས་ཞུམ་པ་དང་རྒོད་པ་སེལ་བའི་གཉེན་པོ་སྟེ། བྱིང་ཞིང་ཞུམ་པར་གྱུར་ན་ཤེས་རབ་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་སེམས་པ་ལ་སོགས་པ་ལྷག་མཐོང་གི་རྒྱུ་མཚན་ཡིད་ལ་བྱེད་པས་སེམས་རབ་ཏུ་འཛིན་ཏོ། ། རྒོད་ཅིང་འཕྲོ་བར་གྱུར་ན་འཁོར་བའི་ཉེས་དམིགས་སེམས་པ་ལ་སོགས་པ་ཞི་གནས་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པས་ནང་དུ་ཡང་དག་པར་རབ་ཏུ་འཇོག་གོ །བྱིང་བ་དང་རྒོད་པ་སྤངས་ནས་ཆ་མཉམ་པར་གྱུར་ན་འབད་པ་དང་རྩོལ་བ་དོར་ནས་འདུ་བྱེད་བཏང་སྙོམས་ཀྱི་ངང་དུ་མཉམ་པར་འཇོག་སྟེ།དེ་བས་ན་ཡང་དག་པར་སྤོང་བའི་དབྱེ་བ་ཇི་སྐད་བཤད་པ་ཐམས་ཅད་ལ་དྲན་པ་ཉེ་བར་བཞག་པ་ལ་སོགས་པའི་མི་མཐུན་ཕྱོགས་སྤོང་བའི་གཉེན་པོ་ཞེས་ངེས་པར་བརྗོད་དོ། །ཞེས་གསུངས་སོ། །བསྒོམ་པའི་དབྱེ་བ་རྒྱན་ལས་རྟོགས་པར་བྱའོ། །བཞི་བོ་དེ་ཆོས་ཅན། རྩོལ་བ་ལས་བྱུང་བའི་ལམ་ཡིན་ཏེ། སྒྲིབ་པ་སྤོང་ཞིང་དགེ་བ་བསྐྱེད་པའི་དོན་དུ་བརྩོན་འགྲུས་རྩོམ་པའི་ལམ་ཡིན་པས་སོ། །ལྔ་བ་བསྒོམས་པའི་འབྲས་བུ་ནི། དང་པོ་གཉིས་ཀྱིས་ནི་མི་མཐུན་ཕྱོགས་མ་ལུས་པར་སྤངས་པ་དང༌། གསུམ་པའི་གཉེན་པོ་འཕེལ། བཞི་བས་གཉེན་པོ་དགེ་བའི་ཆོས་མ་ཐོབ་པ་ཐོབ་པར་བྱེད་དོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཡང་དག་སྤོང་བཞིའི་དམིགས་པ་ལ་ཉ་ཊཱིཀ་ལས། མི་དགེ་བ་སྐྱེས་མ་སྐྱེས་དང༌། དགེ་བ་སྐྱེས་མ་སྐྱེས་སོ། །ཞེས་དགེ་མི་དགེ་མ་སྐྱེས་པའི་མཚན་གཞི་གང་ཡིན་དང༌། ཚིག་གི་འཁྲི་ཚུལ་མི་དགེ་བ་མ་སྐྱེས་པ་སྐྱེ་བ་མི་སྲིད་པས་དེ་མི་སྐྱེ་བ་ལ་འབད་པ་དོན་ཡོད་མེད་དཔྱད། ཡང་དག་སྤོང་བཞི་ལ་བརྩོན་འགྲུས་ཀྱིས་ཁྱབ་པར་ཐལ། གནོད་འཇོམས་ལས། ཡང་དག་པར་སྤོང་བ་བཞི་ཞེས་བྱ་ནི། འདིས་སེམས་ཡང་དག་པར་འཇོག་པས་ན་ཡང་དག་པར་འཇོག་པ་ཞེས་བྱ་སྟེ་བརྩོན་འགྲུས་སོ། །བརྩོན་འགྲུས་དེ་ཡང་སྦྱོར་བའི་བྱེ་བྲག་གི་རྣམ་པ་བཞིར་གྱུར་པས་ན་བཞི་ཞེས་བྱའོ། །ཞེས་དང༌། ཉ་ཊཱིཀ་ལས། མཚན་ཉིད་ནི། དྲན་པ་ཉེར་བཞག་བསྒོམས་པས་སྤང་གཉེན་ཤེས་ནས་དེ་གཉིས་ལ་བླང་དོར་བྱ་བའི་ཕྱིར་ཉེས་པའི་གཉེན་པོར་བསྒོམ་པའི་བརྩོན་འགྲུས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། གཙོ་བོའི་མིང་གིས་མཚུངས་ལྡན་དག་ལ་བཤད་པར་སྣང་བའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། དེ་འདྲའི་བརྩོན་འགྲུས་དང་མཚུངས་ལྡན་དང་བཅས་པ་ཡང་དག་སྤོང་བ་ཡིན་པའི་ཕྱིར། དེར་ཐལ། མཛོད་ལས། གཞན་ནི་འབྲེལ་དང་དམིགས་པ་ལས། །ཞེས་དང༌། དེའི་རང་འགྲེལ་ལས། དེ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ནི་འབྲེལ་བའི་དྲན་པ་ཉེར་བར་བཞག་པ་ཡིན་ནོ། །ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། གཙོ་བོ་སྨོས་པས་དེ་དག་ནི། །སྦྱོར་བྱུང་ཡོན་ཏན་རྣམས་ཀྱང་ཡིན། །ཞེས་པ་ལྟར་ཡིན་པ་དང༌། ཞེས་གསུངས་པའི་ཕྱིར། ཡང་ཉ་ཊཱིཀ་ལས། ངོ་བོ་གཅིག་པ་སྟེ་སྡིག་པ་སྐྱེས་པ་སྤོང་བའང་དགེ་བ་བསྐྱེད་པ་ཡིན་པ་སོགས་སོ། །ཞེས་སོགས་ཀྱིས་ཡང་དག་སྤོང་བཞི་ཡིན་ཁྱབ་མཉམ་ཡིན་མིན་དཔྱད། ཡང་ཉ་ཊཱིཀ་ལས། སྤྱིར་ཚོགས་ལམ་འབྲིང་ནས་སངས་རྒྱས་བར་ནའོ། །ཞེས་དང༌། མཚན་ཉིད་ཀྱི་ཟུར་ལ་ཉ་ཊཱིཀ་ལས། དེ་གཉིས་ལ་བླང་དོར་བྱ་བའི་ཕྱིར་ཉེས་པའི་གཉེན་པོར་བསྒོམ་པའི་བརྩོན་འགྲུས་སོ། །ཞེས་སོགས་ཀྱིས་སངས་རྒྱས་ཀྱི་ས་ན་མི་དགེ་བའི་ཆོས་སྐྱེས་པ་སྤོང་བར་བྱེད་པ་དང༌། དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པར་བྱེད་པ་དང༌། བླང་དོར་བྱ་བའི་ཕྱིར་ཉེས་པའི་གཉེན་པོར་བསྒོམ་པའི་བརྩོན་འགྲུས་ཡོད་མེད་དཔྱད་པར་བྱའོ། །

གསུམ་པ་རྫུ་འཕྲུལ་གྱི་རྐང་པ་བཞི་བཤད་པ།

གསུམ་པ་རྫུ་འཕྲུལ་གྱི་རྐང་པ་བཞི་བཤད་པ་ལ།

སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ལ། དམིགས་པ་དང༌། ངོ་བོ་དང༌། གྲོགས་དང༌། བསྒོམ་པ་དང༌། བསྒོམས་པའི་འབྲས་བུུ་བཤད་པ་དང་ལྔའོ། །དང་པོ་དམིགས་པ་ནི། ཏིང་ངེ་འཛིན་གྱིས་གྲུབ་པའི་རྫུ་འཕྲུལ་བསྒྱུར་བ་ལ་སོགས་པའི་བྱ་བ་ཡིན་ཏེ། ཀུན་བཏུས་ལས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དམིགས་པ་གང་ཞེ་ན། ཏིང་ངེ་འཛིན་གྱིས་གྲུབ་པའི་བྱ་བའོ། །ཞེས་གསུངས་པས་སོ། །

གཉིས་པ་ངོ་བོ་ནི།

ཏིང་ངེ་འཛིན་ཡིན་ཏེ། ཀུན་བཏུས་ལས། ངོ་བོ་ཉིད་གང་ཞེ་ན། ཏིང་ངེ་འཛིན་ཏོ། །ཞེས་དང༌། མཛོད་དུ། རྫུ་འཕྲུལ་རྐང་བ་ཏིང་ངེ་འཛིན། །ཞེས་གསུངས་པས་སོ། །མཚན་ཉིད་ནི། རང་གི་བདག་རྐྱེན་སྤོང་བའི་འདུ་བྱེད་བརྟེན་པ་ལས་བྱུང་བའི་སེམས་གནས་པ་ལས་སུ་རུང་བའི་ཏིང་ངེ་འཛིན་ནམ་དེ་དང་མཚུངས་ལྡན་ཅི་རིགས་དེ། རྫུ་འཕྲུལ་གྱི་རྐང་བའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། མཚན་ཉིད་ནི། རང་གི་བདག་རྐྱེན་སྤོང་བའི་འདུ་བྱེད་བརྟེན་པ་ལས་བྱུང་བའི་སེམས་གནས་པ་ལས་སུ་རུང་བའི་ཏིང་ངེ་འཛིན་ནོ། །དབུས་མཐར། དེར་གནས་ལས་སུ་རུང་བ་ཉིད། །མངོན་ཤེས་སོགས་དོན་རྣམས་ཐམས་ཅད་འབྱོར་བར་འགྱུར། །ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བརྟེན་པའི་རྒྱུ་ལས་བྱུང་བའོ། །ཞེས་སོ། །མཚོན་བྱའི་སྒྲ་བཤད་ན། མངོན་དབུས་མཐའི་འགྲེལ་བཤད་དངོས། ཤེས་ལ་སོགས་པ་དོན་ཐམས་ཅད་འགྲུབ་པར་བྱེད་པ་ནི་རྫུ་འཕྲུལ་ལོ། །དེའི་གནས་ཡིན་པས་རྫུ་འཕྲུལ་གྱི་རྐང་བ་ཞེས་བྱ་སྟེ་རྒྱུ་ཞེས་པའི་ཐ་ཚིག་གོ །ཞེས་བློ་བརྟན་ནོ། །རྫུ་འཕྲུལ་གྱི་རྟེན་ཡིན་པ་སྟེ་འདི་དག་གི་སྟོབས་ཀྱིས་རྫུ་འཕྲུལ་བྱེད་པའི་ཕྱིར། རྫུ་འཕྲུལ་ནི་འཇིག་རྟེན་ལས་འདས་པའི་ཆོས། རྐང་བ་ནི་གཞི་དང་གནས་སུ་གྱུར་པའི་ཕྱིར། ཞེས་གནོད་འཇོམས་དག་ཟླ་གསུམ་ན་བཤད་ཅེས་ཉ་ཊཱིཀ་མཆན་ལས་སོ། །མཚན་གཞི་ལ། དབྱེ་བ་དང༌། ས་མཚམས་སོ། །དང་པོ་ནི། སྒྲིབ་པ་སྤོང་བའི་བརྩོན་འགྲུས་དང་ལྡན་པ་ནི་ཏིང་ངེ་འཛིན་གྱིས་སེམས་ལས་སུ་རུང་བ་ཉིད་དུ་བྱེད་པས། དེར་བྱེད་པའི་རྫུ་འཕྲུལ་རྐང་བ་དབྱེ་གཞིའོ། །གསལ་བའི་དབྱེ་བ་ནི། བྱང་སེམས་ཀྱི་ཚོགས་ལམ་ཆེན་པོ་དབང་རྣོན་གྱི་རྒྱུད་ཀྱི་གུས་སྦྱོར་དང་འདུན་པ་བསྐྱེད་པ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པའི་ཏིང་ངེ་འཛིན་ཆོས་ཅན། འདུན་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་བ་༡ཡིན་ཏེ། གུས་སྦྱོར་དང་འདུན་པ་བསྐྱེད་པ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ལ་རེག་པའི་རྫུ་འཕྲུལ་རྐང་བ་ཡིན་པས་སོ། །དེ་ལྟར་འདོན་པ་བསྒྱུར་ཏེ། རྟག་སྦྱོར་དང་འབད་པ་དང་བརྩོན་འགྲུས་རྩོམ་པ་ལས་སེམས་རྩེ་གཅིག་པ་ལ་རེག་པ་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན༢། སྔོན་ཏིང་ངེ་འཛིན་བསྒོམས་པའི་སེམས་ཀྱི་ས་བོན་མཐུ་རྟས་པས་རང་གི་ངང་གིས་དང༌། སེམས་ཉིད་ཀྱིས་སེམས་ནང་དུ་རབ་ཏུ་འཇོག་ཅིང་འཛིན་སྡུད་པར་བྱེད་པ་ན་སེམས་རྩེ་གཅིག་པ་ལ་རེག་པ་སེམས་ཀྱི་ཏིང་ངེ་འཛིན༣། གཞན་གྱིས་བསྟན་ནས་ཆོས་རབ་ཏུ་རྣམ་འབྱེད་ལ་བརྟེན་ནས་དང་ལྷག་མཐོང་གིས་སེམས་རབ་ཏུ་འཛིན་པ་ན་སེམས་རྩེ་གཅིག་པ་ལ་རེག་པ་དཔྱོད་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་བ༤འོ། །ཞེས་ཀུན་བཏུས་ལས་བཤད་དོ། ། ངོ་བོ་ནི་ཕལ་ཆེར་ཐ་དད་ཡིན་པར་ཉ་ཊཱིཀ་ལས་བཤད་དོ། །གྲངས་ངེས་ནི། གྲོགས་འདུན་སོགས་བཞི་ཡོད་པས། གྲོགས་ཅན་རྫུ་འཕྲུལ་རྐང་བཞིར་ངེས་སོ། །

གཉིས་པ་ས་མཚམས་ནི།

འདིར་བྱང་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་བ་ནི་ལམ་བཞི་ན་ཡོད་ལ། སྤྱིར་ཚོགས་ལམ་ཆེན་པོ་ནས་སངས་རྒྱས་སའི་བར་ན་ཡོད་དོ། །གསུམ་པ་གྲོགས་ནི། འདུན་པ་དང་བརྩོན་འགྲུས་དང་སེམས་དང་དཔྱོད་པ་དང༌། དེ་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་རྣམས་སོ། ། བཞི་བ་བསྒོམ་པ་ནི། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པར་བསྒོམ་པ་སྟེ། ཉེས་པ་ལྔ་ནི། ལེ་ལོ། གདམས་ངག་བརྗེད་པ། བྱིང་རྒོད། དེ་གཉིས་མ་ཞི་བ་ན་གཉེན་པོ་འདུ་མི་བྱེད་པ་ཞི་བ་ན་ཧ་ཅང་འདུ་བྱེད་པ་སྟེ། དབུས་མཐར། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་སོ། །གཉེན་པོ་འདུ་བྱེད་བརྒྱད་ནི། ལེ་ལོའི་གཉེན་པོ་བཞི་སྟེ། རྩོལ་བའི་གནས་འདུན་པ། དེ་ལ་གནས་པ་རྩོལ་བ། འདུན་པའི་རྒྱུ་རྒྱུ་འབྲས་ལ་ཡིད་ཆེས་པའི་དད་པ་སྟེ། དེ་ལས་མངོན་པར་འདོད་པའི་འདུན་པ་འབྱུང་བས་སོ། །རྩོལ་བའི་འབྲས་བུ་ཤིན་ཏུ་སྦྱངས་པ་སྟེ། བརྩོན་འགྲུས་བརྩོམ་པས་གནས་ངན་ལེན་གྱི་རྟོག་པའི་ཉེས་པ་དང་བྲལ་བས་ཡིད་དགའ་བ་སྐྱེས་པས་ལུས་སེམས་ཤིན་ཏུ་སྦྱངས་ཏེ་ལས་སུ་རུང་བའི་ཏིང་ངེ་འཛིན་ཐོབ་པའི་ཕྱིར་རོ། །དབུས་མཐར། གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ཉིད་དུའོ། །ཞེས་གསུངས་སོ། །ལྷག་མ་ནི་ཉེས་པ་བཞིའི་གཉེན་པོ་ཡིན་ཏེ། རིམ་བཞིན་དུ་ཡང་དག་པའི་དམིགས་པའམ་གདམས་ངག་མ་བརྗེད་པའི་དྲན་པ། དྲན་པ་དང་ལྡན་ནས་བྱིང་རྒོད་ལ་བྱིང་རྒོད་དུ་རྟོགས་པའི་ཤེས་བཞིན། རྟོགས་ནས་དེ་སྤོང་བའི་ཕྱིར་ཞི་ལྷག་མངོན་པར་འདུ་བྱེད་པའི་སེམས་པ། བྱིང་རྒོད་ཞི་བ་ན་སེམས་མཉམ་པར་རྣལ་དུ་འཇུག་པའི་བཏང་སྙོམས་སོ། །དབུས་མཐར། དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོགས་པ་དང༌། །དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འཇུག་པའོ། །ཞེས་སོ། །

ལྔ་བ་བསྒོམས་པའི་ནི།

དེ་ལྟར་ཏིང་ངེ་འཛིན་ལེགས་པར་སྦྱངས་པས་རྫུ་འཕྲུལ་སོགས་གང་དང་གང་མངོན་དུ་བྱེད་འདོད་པ་དེ་དང་དེ་ལ་སེམས་གཏད་པས་ཇི་ལྟར་འདོད་པ་བཞིན་དེ་དང་དེ་མངོན་དུ་འགྱུར་རོ། །ཞེས་ཀུན་བཏུས་ལས་བཤད་དོ། །ཐེག་ཆེན་གྱི་དེས་རང་གཞན་གྱི་དོན་འགྲུབ་སྟེ། རྒྱན་ལས། བརྟན་པ་རྣམས་ཀྱི་རྫུ་འཕྲུལ་གྱི། །རྐང་བ་མཚན་ཉིད་མཆོག་ལྡན་བཞི། །བདག་ཉིད་དང་ནི་གཞན་དག་གི །དོན་ཀུན་འགྲུབ་པའི་ཕྱིར་སྐྱེའོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

རྫུ་འཕྲུལ་གྱི་རྐང་བ་ལ་ཏིང་ངེ་འཛིན་གྱིས་ཁྱབ་པར་ཐལ། ཉ་ཊཱིཀ་ལས། མཚན་ཉིད་ནི། རང་གི་བདག་རྐྱེན་སྤོང་བའི་འདུ་བྱེད་བརྟེན་པ་ལས་བྱུང་བའི་སེམས་གནས་པ་ལས་སུ་རུང་བའི་ཏིང་ངེ་འཛིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་པ་སྔར་ཡང་དག་སྤོང་བ་ལྟར་རོ། །ཡང་རྫུ་འཕྲུལ་གྱི་རྐང་བ་བཞི་ཕལ་ཆེར་ངོ་བོ་ཐ་དད་ཡིན་པར་ཐལ། ཉ་ཊཱིཀ་ལས། ཐ་དད་ནི། ཕལ་ཆེར་ངོ་བོ་ཐ་དད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་ཕལ་ཆེར་ཞེས་སྨྲས་པ་དང་ངོ་བོ་ཐ་དད་ཡིན་པའི་རྒྱུ་མཚན་ལ་དཔྱད། ཡང་ཉ་ཊཱིཀ་ལས། གྲངས་ངེས་ནི། གྲོགས་འདུན་སོགས་བཞི་ཡོད་པས། གྲོགས་ཅན་རྫུ་འཕྲུལ་རྐང་བཞིར་ངེས་སོ། །ཞེས་གྲོགས་འདུན་སོགས་བཞི་ཡོད་པས་གྲོགས་ཅན་རྫུ་འཕྲུལ་གྱི་རྐང་བ་བཞིར་ངེས་པ་མི་རིགས་པར་ཐལ། གྲོགས་ལ་འདུན་སོགས་ལས་གཞན་ཡང་དུ་མ་དམིགས་པའི་ཕྱིར་ཟེར་ན་དཔྱད། ཡང་ཉ་ཊཱིཀ་ལས། འདུན་པ་བསྐྱེད་པ་ལ་བརྟེན་ནས། ཞེས་སོགས་གསུངས་པ་ལྟར་ཀུན་བཏུས་ས་འགྲེལ་དང༌། མདོ་ལུགས་མ་སོགས་ལས་འདུན་པ་སོགས་ལ་བརྟེན་པ་ཡིན་པར་གསུངས་པས་དེ་ལྟར་ན་མཚུངས་ལྡན་གྱི་གྲོགས་ཡིན་ཚུལ་ཇི་ལྟར་ཡིན། གྲོགས་ཡང་ཡིན་དགོས་ཏེ། མངོན་པ་ཀུན་བཏུས་ལས། གྲོགས་གང་ཞེ་ན་འདུན་པ་དང་བརྩོན་འགྲུས་དང༌། སེམས་དང༌། དཔྱོད་པ་དང༌། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ཞེས་གསུངས་པའི་ཕྱིར་རོ། ། བཞི་བ་བྱང་ཕྱོགས་ཀྱི་དབང་པོ་ལྔ་བཤད་པ་ལ། སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ལ། དམིགས་པ་དང༌། ངོ་བོ་དང༌། གྲོགས་དང༌། བསྒོམ་པ་དང༌། བསྒོམས་པའི་འབྲས་བུུ་བཤད་པ་དང་ལྔའོ། །དང་པོ་དམིགས་པ་ནི།འཕགས་པའི་བདེན་བཞི་ཡིན་ཏེ། ཀུན་བཏུས་ལས། དབང་པོ་རྣམས་ཀྱིས་དམིགས་པ་གང་ཞེ་ན། འཕགས་པའི་བདེན་པ་བཞི་པོ་རྣམས་སོ། །ཞེས་གསུངས་པས་སོ། །བྱེ་བྲག་ཏུ་ཐེག་ཆེན་གྱི་དད་སོགས་ལྔའི་དམིགས་པ་ནི། རྒྱན་ལས། བྱང་ཆུབ་སྤྱོད་དང་ཐོས་མཆོག་དང༌། །ཞི་གནས་ལྷག་མཐོང་དད་སོགས་ཀྱི། །གཞི་ཡིན་པར་ནི་ཤེས་བྱ་སྟེ། །དོན་སྒྲུབ་བྱེད་པའི་སྐབས་ཀྱིས་སོ། །ཞེས་དང༌། དེའི་ས་འགྲེལ་ལས། དེའི་ཡང་དྲོད་དང་རྩེ་མོར་འབྱུང་བའི་དབང་པོ་ལྔ་ནི། བྱང་ཆུབ་ཆེན་པོ་དང་དེའི་སྤྱོད་པ་དང་ཐོས་པ་མཆོག་ཏུ་གྱུར་པ་དང་ཞི་གནས་དང་ལྷག་མཐོང་རྣམས་ནི་རིམ་པ་ལྟར་དད་པ་དང་སོགས་པ་སྟེ་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་རྣམས་ཀྱི་གཞིའམ་དམིགས་པ་ཡིན་པར་ནི་ཤེས་པར་བྱ་སྟེ། དེ་ཡང་དད་པའི་དབང་པོའི་གཞི་ནི་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་སྟེ། དེ་ལ་དམིགས་ནས་མངོན་པར་ཡིད་ཆེས་པ་དང་རབ་ཏུ་དང་བ་དང་སྒྲུབ་པར་ནུས་པའི་སྒོ་ནས་འཇུག་པ་དང༌། བརྩོན་འགྲུས་ཀྱི་དབང་པོའི་གཞི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟེ། དེ་ལ་དམིགས་ནས་སྤྲོ་བའི་ཚུལ་གྱིས་ས་དང་ཕ་རོལ་ཏུ་ཕྱིན་པ་དང་བསླབ་པ་རིན་པོ་ཆེ་གསུམ་ལ་ཚུལ་བཞིན་དུ་སློབ་པ་དང༌། དྲན་པའི་དབང་པོའི་གཞི་ནི་ཐེག་པ་ཆེན་པོའི་ཆོས་ཟབ་མོ་ཐོས་པ་སྟེ། དེ་ལ་དམིགས་ནས་གདམས་ངག་གི་དམིགས་རྣམ་མི་བརྗེད་པའི་ཚུལ་གྱིས་འཛིན་པ་དང༌། ཏིང་ངེ་འཛིན་གྱི་དབང་པོའི་གཞི་ནི་ཞི་གནས་ཏེ། དེ་ལ་དམིགས་ནས་རྣམ་གཡེང་སྤངས་ཏེ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་དང༌། ཤེས་རབ་ཀྱི་དབང་པོའི་གཞི་ནི་ལྷག་མཐོང་སྟེ། དེ་ལ་དམིགས་ནས་གནས་ལུགས་ཕྱིན་ཅི་མ་ལོག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པའོ། །ངེས་ཚིག་ནི་རང་རང་གི་གཞིའམ་དམིགས་པ་ལྔ་པོ་རྣམས་ཀྱི་དོན་གྲུབ་པ་ལ་དབང་བྱེད་པའི་སྐབས་ཀྱིས་ན་དབང་པོ་ཞེས་སོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ངོ་བོ་ནི། ཀུན་བཏུས་ལས། ངོ་བོ་ཉིད་གང་ཞེ་ན། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་བོ། །ཞེས་གསུངས་པ་ལྟར་ཡིན་ལ། མཚན་ཉིད་ནི། རང་གི་འགྲུབ་པའི་འཕགས་ལམ་ལ་ལྷག་པར་དབང་བྱེད་པའི་མངོན་རྟོགས་དེ། བྱང་ཕྱོགས་ནང་ཚན་གྱི་དབང་པོའི་མཚན་ཉིད། འདིར་བཤད་སློབ་ལམ་བདུན་གྱི་ནང་ཚན་དེའི་མཚན་ཉིད་ནི། ཉ་ཊཱིཀ་ལས། འདིར་བཤད་སློབ་ལམ་བདུན་གྱི་ནང་ཚན་མངོན་པར་རྟོགས་པར་སྦྱོར་བའི་ལམ་ཡིན་པའི་དབང་བོའི་མཚན་ཉིད་ནི། འཕགས་ལམ་ཡང་དག་པར་འགྲུབ་པའི་བདག་པོར་གྱུར་པ་གང་ཞིག སྦྱོར་ལམ་དྲོད་དམ་རྩེ་མོས་བསྡུས་པའོ། །ཨཱརྱའོ། །དབང་བོའི་སྒྲ་བཤད་ནི། འཕགས་ལམ་འགྲུབ་པ་ལ་བདག་པོར་གྱུར་པའམ། འཇིག་རྟེན་ལས་འདས་པའི་ཆོས་ལ་མཆོག་ཏུ་དབང་བྱེད་པས་དབང་བོ་ཞེས་གནོད་འཇོམས་དག་སྙིང་ཟླ་མདོ་རྒྱན་འགྲེལ་ཆེན་བློ་བརྟན་མདོར།ཞེས་སོ། །དབུས་མཐའི་འགྲེལ་བཤད་དུ་ཐར་བའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་ལ་དབང་བྱེད་པས་སོ། །ཞེས་སོ། །ཞེས་གསུངས་སོ། །མཚན་གཞི་ལ་གཉིས་ལས། དབྱེ་བ་ལ། སྤྱིར་ལས་དང་འབྲས་བུ་སོགས་ཡོད་པ་ཉིད་ལ་ཡིད་ཆེས་པའི་དད་པ། དཀོན་མཆོག་གསུམ་སོགས་ཡོན་ཏན་ཅན་ལ་དང་བའི་དད་པ། མྱང་འདས་དང་འཕགས་ལམ་ནི་སྒྲུབ་པར་ནུས་པ་ལ་བསྒྲུབ་པ་དང་བསྒོམ་པར་འདོད་པ་འདོད་པའི་དད་པ་སྟེ་གསུམ་མམ་ཡང་ན་དགེ་མི་དགེ་ལས་ཀྱི་འབྲས་བུ་མྱོང་དགོས་ཞེས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ། བྱང་སེམས་ཀྱི་སྤྱོད་པ། བདག་མེད་གཉིས། སྟོབས་དང་མི་འཇིགས་པ་སོགས་རྒྱ་ཆེ་བའི་ཆོས་ལ་དད་པ་བཞི་དད་པའི་དབང་བོ་དང༌། དེས་ཡིད་ཆེས་པར་གྱུར་པའི་ཆོས་དེ་དག་བརྩོན་འགྲུས་ཀྱིས་སྒྲུབ་པ་བརྩོན་འགྲུས་ཀྱི་དབང་བོ་དང༌། དེས་སྒྲུབས་པའི་ཆོས་དྲན་པས་མི་བརྗེད་པ་དྲན་པའི་དབང་བོ་དང༌། དེས་མ་བརྗེད་པའི་ཆོས་ལ་རྒྱུན་དུ་སེམས་རྩེ་གཅིག་ཏུ་འཇོག་པ་ཏིང་ངེ་འཛིན་གྱི་དབང་བོ་དང༌། དེས་རྩེ་གཅིག་ཏུ་བཞག་པའི་ཆོས་ཀྱི་རང་སྤྱིའི་མཚན་ཉིད་ཤེས་པའི་ཤེས་རབ་ཀྱི་དབང་བོ་དང་ལྔའོ། །ཡང་ན་བྱང་ཆུབ་ལ་ཡིད་ཆེས་པའི་དད་པ། བྱང་སེམས་ཀྱི་སྤྱོད་པ་ལ་སྦྱོར་བའི་བརྩོན་འགྲུས། དམིགས་པ་མ་བརྗེད་པའི་དྲན་པ། ཞི་གནས་ལས་སེམས་མི་འཕྲོ་བའི་ཏིང་ངེ་འཛིན། ལྷག་མཐོང་གིས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་དབང་བོ་དང་ལྔའོ། །དབུས་མཐར། ཐར་བའི་ཆ་དང་མཐུན་བསྐྱེད་ནས། །འདུན་དང་སྦྱོར་བས་དབང་བྱེད་དེ། །དེ་ལྟར་དད་ན་འཁོར་བ་ལས་འབྱུང་བའི་ཕྱིར།བརྩོན་འགྲུས་རྩོམ་ལ་དེ་ལས་བསླབ་པ་གསུམ་བསྒྲུབ་སྟེ། དམིགས་པ་བརྗེད་པར་མ་གྱུར་དང༌། །མི་འཕྲོ་རྣམ་པར་འབྱེད་ཀྱང་ངོ༌། །གསུམ་རིམ་བཞིན་དྲན་པ་ཏིང་ངེ་འཛིན་ཤེས་རབ་བསྒོམ་མོ་ཞེས་བློའོ། །ཞེས་སོ། །དེ་ལྔ་ངོ་བོ་ཐ་དད་ཡིན་ནོ། །གྲངས་ངེས་ནི། དམིགས་པ་ལྔ་ཡོད་པས་དེ་ལ་དབང་བྱེད་པའི་དབང་བོ་ལྔར་ངེས་སོ། །གཉིས་པ་ས་མཚམས་ནི། རྫུ་འཕྲུལ་རྐང་བཞིས་སེམས་ཡོངས་སུ་སྦྱངས་བ་བྱས་པ་ལ་དྲོ་བ་རྩེ་མོའི་སྦྱོར་བ་འབྱུང་བས་དྲོད་ནས་སངས་རྒྱས་ཀྱི་སའི་བར་རོ། །གསུམ་པ་གྲོགས་ནི།དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་ངོ༌། །བཞི་བ་བསྒོམ་པ་ནི། དད་དབང་གིས་བདེན་པ་རྣམས་ལ་ཡིད་ཆེས་པའི་ཚུལ་གྱིས་བསྒོམ། བརྩོན་འགྲུས་ཀྱིས་ཡིད་ཆེས་ནས་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་སྤྲོ་བས་བསྒོམ། དྲན་པས་བདེན་པའི་དམིགས་རྣམ་མི་བརྗེད་པའི་ཚུལ་གྱིས་བསྒོམ། ཏིང་འཛིན་གྱིས་མ་བརྗེད་པའི་དོན་རྩེ་གཅིག་པའི་སྒོ་ནས་བསྒོམ། ཤེས་རབ་ཀྱིས་གང་ལ་མཉམ་པར་བཞག་པའི་བདེན་པའི་དོན་རྣམ་པར་འབྱེད་པའི་ཚུལ་གྱིས་བསྒོམ་པ་ཡིན་ནོ། །ལྔ་བ་བསྒོམ་པའི་འབྲས་བུ་ནི།ཀུན་བཏུས་ལས། འབྲས་བུ་གང་ཞེ་ན། བདེན་པ་མྱུར་དུ་མངོན་པར་རྟོགས་པར་བྱེད་པ་དང༌། དྲོ་བར་གྱུར་པ་དང༌། རྩེ་མོ་དང༌། བཟོད་པ་དང༌། ཆོས་ཀྱི་མཆོག་རྣམས་བསྒྲུབ་པའོ། །ཞེས་གསུངས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

དད་སོགས་དབང་པོ་ལྔའི་དམིགས་པ་སོ་སོར་བཞག་པ་མི་འཐད་པར་ཐལ། གཞི་གྲུབ་ན་དད་སོགས་ལྔ་པོ་རེ་རེའི་དམིགས་པ་ཡིན་པས་ཁྱབ་པའི་ཕྱིར་ཟེར་ན་དཔྱད། ཡང་ཉ་ཊཱིཀ་ལས། ཐ་དད་ནི། ཕལ་ཆེར་ཐ་དད་དེ་སྔ་ཕྱི་རྒྱུ་འབྲས་ཡིན་པས་སོ། །ཞེས་ཕལ་ཆེར་སྨོས་པའི་དོན་དང་རྒྱུ་འབྲས་ཡིན་མིན་དཔྱད། ཡང་ཉ་ཊཱིཀ་ལས། གྲངས་ངེས་ནི། དམིགས་པ་ལྔ་ཡོད་པས་དེ་ལ་དབང་བྱེད་པའི་དབང་བོ་ལྔར་ངེས་སོ། །ཞེས་གསུངས་པ་ལ། འདུན་པ་དང་མོས་པའི་དམིགས་པ་ཡོད་ཀྱང་དབང་པོ་ལྔ་ལས་སྐབས་འདིར་མ་གསུངས་པའི་རྒྱུ་མཚན་གང་ཡིན་དཔྱད་པར་བྱའོ། །ཀུན་བཏུས་ས་འགྲེལ་ལས། ངོ་བོ་གང་ཞེ་ན། ཐར་བ་ཆ་མཐུན་གྱི་དགེ་བའི་རྩ་བ་བསྐྱེད་པ་ལ་དབང་བྱེད་པས་དབང་པོ་ཞེས་བྱའོ། །ཞེས་གསུངས་པ་ལ་ཐར་བ་ཆ་མཐུན་གྱི་སྐབས་སུ་དབང་པོ་མ་སྐྱེས་ན་ཐར་ཆ་ལ་དབང་བྱེད་ཚུལ་ལ་དཔྱད། ཡང་ཀུན་བཏུས་ལས། འབྲས་བུ་གང་ཞེ་ན། བདེན་པ་མྱུར་དུ་མངོན་པར་རྟོགས་པར་བྱེད་པ་དང༌། དྲོ་བར་གྱུར་པ་དང༌། རྩེ་མོ་དང༌། བཟོད་པ་དང༌། ཆོས་ཀྱི་མཆོག་རྣམས་བསྒྲུབ་པའོ། །ཞེས་གསུངས་པ་ལ་དྲོད་རྩེ་གཉིས་དབང་པོའི་འབྲས་བུ་ཡིན་མིན་དཔྱད་པར་བྱའོ། །

ལྔ་པ་སྟོབས་ལྔ་བཤད་པ།

ལྔ་པ་སྟོབས་ལྔ་བཤད་ལ།

སྤྱི་དོན་དང༌། མཐའ་རགས་ཙམ་དཔྱད་པ་དང་གཉིས།དང་པོ་ལ། དམིགས་པ་དང༌། ངོ་བོ་དང༌། གྲོགས་དང༌། བསྒོམ་པ་དང༌། བསྒོམས་པའི་འབྲས་བུུ་བཤད་པ་དང་ལྔའོ། །དང་པོ་དམིགས་པ་ནི། སྔར་དབང་པོའི་སྐབས་དང་འདྲའོ། །གཉིས་པ་ངོ་བོའམ་མཚན་ཉིད་ནི། རང་གི་མི་མཐུན་ཕྱོགས་མ་དད་པ་སོགས་ངེས་པར་བསྲབས་པས་ཚུར་མི་བརྫི་ཞིང་ཕར་འཇོམས་ནུས་པར་གྱུར་པའི་རིགས་གནས་ཀྱི་ལམ་དེ། བྱང་ཕྱོགས་ནང་ཚན་གྱི་སྟོབས་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། སྤྱིར་མཚན་ཉིད་ནི།དབང་བོ་ཉིད་མ་དད་པ་སོགས་མི་མཐུན་ཕྱོགས་ངེས་པར་བསྲབས་པས་ཚུར་མི་བརྫི་ཞིང་ཕར་འཇོམས་ནུས་པར་གྱུར་པའོ། །བྱེ་བྲག་ཏུ་འདིར་བཤད་སློབ་ལམ་བདུན་གྱི་ནང་ཚན་མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་ཡིན་པའི་དེའི་མཚན་ཉིད། དེའི་སྟེང་དུ་བྱང་སེའི་སྦྱོར་ལམ་བཟོད་མཆོག་གང་རུང་གིས་བསྡུས་པའོ། །ཞེས་དང༌། རྒྱན་ལས། མི་མཐུན་ཕྱོགས་ཉམས་ཆུང་བས་ཡང༌། །དེ་དག་ཉིད་ལ་སྟོབས་ཞེས་བྱ། །ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། མི༷་མཐུ༷ན་ཕྱོ༷གས་མ་དད་པ་དང་ལེ་ལོ་དང་བརྗེད་ངས་དང་རྣམ་གཡེང་དང་གཏི་མུག་རྣམས་ཉ༷མས་སྟོབས་ཆུ༷ང་བ༷ས་གཉེན་པོ་ལ་བརྫི་བར་མི་ནུས་ཤིང་གཉེན་པོས་སྤང་བྱ་དེ་རྣམས་ཟིལ་གྱིས་གནོན་པས། སྟོབས་ཀྱི་སྐབས་སུ་ཡ༷ང་ངོ་བོ་སྔར་བཤད་པ་དེ༷་ད༷ག་ཉི༷ད་ལ༷་དད་པའི་སྟོ༷བས་དང་བརྩོན་འགྲུས་ཀྱི་སྟོབས་དང་དྲན་པའི་སྟོབས་དང་ཏིང་ངེ་འཛིན་གྱི་སྟོབས་དང་ཤེས་རབ་ཀྱི་སྟོབས་ཞེ༷ས་བྱ༷་ཞིང༌། ཞེས་གསུངས་པའི་ཕྱིར་རོ། །མཚོན་བྱ་ནི། མི་མཐུན་ཕྱོགས་བསྲབས་པའི་གཉེན་པོ་སྟོབས་དང་ལྡན་པ་དེ་ཡིན་ཏེ། དབུས་མཐའ་ལས། མི་མཐུན་ཕྱོགས་ནི་བསྲབས་པའི་ཕྱིར། །ཞེས་གསུངས་པ་ལྟར་རོ། །ལྷའམ་བདུད་དམ་ཚངས་པ་ཡང་རུང་གང་གིས་ཀྱང་ཆོས་དང་མཐུན་པས་ཐུབ་པར་མི་ནུས་ཤིང་ཉོན་མོངས་པ་ཀུན་ནས་དཀྲིས་པས་ཀྱང་མི་ཚུགས་པར་གྱུར་པ་དེའི་ཚེ་སྟོབས་ཞེས་གནོད་འཇོམས་ལས་གསུངས་སོ། །མཚན་གཞི་ལ་གཉིས་ལས། དབྱེ་བ་ནི། མ་དད་པ་འཇོམས་པ་དད་པའི་སྟོབས། ལེ་ལོ་འཇོམས་པ་བརྩོན་འགྲུས་ཀྱི་སྟོབས། བརྗེད་ངས་འཇོམས་པ་དྲན་པའི་སྟོབས། རྣམ་གཡེང་འཇོམས་པ་ཏིང་ངེ་འཛིན་གྱི་སྟོབས། གཏི་མུག་འཇོམས་པ་ཤེས་རབ་ཀྱི་སྟོབས་ལྔའོ། །ངོ་བོ་གཅིག་གམ་ཐ་དད་དཔྱད་པ་སྔར་བཞིན་ནོ། །གྲངས་ངེས་ནི་སྤང་བྱ་མ་དད་པ་སོགས་ལྔ་ཡོད་པས་དེ་ལྟར་བཞག་གོ །

གཉིས་པ་ས་མཚམས་ནི།

སྦྱོར་ལམ་བཟོད་པ་ནས་སངས་རྒྱས་ཀྱི་བར་ཡོད་དེ།ཉ་ཊཱིཀ་ལས། དྲོ་བ་དང་སོགས་པ་རྩེ་མོ་ཐོབ་པ་ལ་བཟོད་པ་དང་ཆོས་མཆོག་འབྱུང་བས། སྔར་བཤད་ལྟར་གྱི་ཁྱད་ཆོས་ཅན་གྱི་སྟོབས་ལྔ་བཟོད་མཆོག་གི་ངོ་བོ་ཉིད་དོ། །དབུས་མཐར།དབང་བོ་རྣམས་དང་སྟོབས་རྣམས་ལ། །ངེས་འབྱེད་ཆ་མཐུན་གཉིས་གཉིས་སོ། །ཞེས་གསུངས་པའི་ཕྱིར་རོ། ། གསུམ་པ་དང་བཞི་བ་སྔར་དབང་པོའི་སྐབས་བཞིན་ནོ། །

ལྔ་བ་ནི། མི་མཐུན་ཕྱོགས་ལྔ་བོ་སྲབས་པ་དང་ས་ལ་འཇུག་པ་ཡིན་ཏེ། རྒྱན་ལས། དད་སོགས་ས་ལ་འཇུག་པ་སྟེ། །ཀུན་ནས་ཉོན་མོངས་ཅན་དུུ་འདོད། །ཅེས་སོ། །དེའི་ས་འགྲེལ་ལས། དེས་བཟོད་པ་དང་ཆོས་མཆོག་ཏུ་འབྱུང་བའི་སྟོབས་ལྔ་ནི། བཤད་མ་ཐག་པ་བྱང་ཆུབ་ལ་ད༷ད་པ་ལ་སོ༷གས་པ་ལྔ་པོ་དེ་ཉིད་ས༷་དང་པོ་ཐོབ་ཏུ་ཉེ་བས་ན་ས་ལ༷་འཇུ༷ག་པ༷་སྟེ༷། འོན་ཀྱང་མཐོང་སྤང་མ་སྤངས་ཤིང་འཇིག་རྟེན་པའི་ལམ་ཡིན་པས་ཀུ༷ན་ན༷ས་ཉོ༷ན་མོང༷ས་པ་ཅ༷ན་དུ༷འང་འདོ༷ད་ལ། ཞེས་གསུངས་པའི་ཕྱིར་རོ། །སྐབས་དེར་ཉ་ཊཱིཀ་མཆན་ལས། མ་དད་པ་སོགས་མེད་པར་འདོད་ཅེས་བློ་བརྟན་མར་བསྒྱུར་ཞིང་འཆད་དོ། །དབྱིག་གཉེན་དང་བཤད་སྦྱར་དུ་བཤད་པ་མེད་ཅིང་བློ་བརྟན་མར་བྱུང་བ་དང་འགལ་སྣང་ངོ༌། །ཞེས་གསུངས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཐེ་ཚོམ་མི་དལ་ཟད་པ་དང༌། །ཞེས་པའི་ཐེ་ཚོམ་ཟད་པའི་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་སྦྱོར་ལམ་དྲོད་པ་བའི་རང་གི་མི་མཐུན་ཕྱོགས་ཟད་པའི་དད་པ་ཆོས་ཅན། དད་པའི་སྟོབས་ཡིན་པར་ཐལ། དབང་བོ་ཉིད་མ་དད་པ་མི་མཐུན་ཕྱོགས་ངེས་པར་བསྲབས་པས་ཚུར་མི་བརྫི་ཞིང་ཕར་འཇོམས་ནུས་པར་གྱུར་པ་ཡིན་པའི་ཕྱིར། ཁྱབ་སྟེ། བློ་བརྟན་འགྲེལ་ཆེན་ལས། མི་མཐུན་པའི་ཕྱོགས་ཀྱིས་མ་འདྲིས་པར་གཉེན་པོ་འབའ་ཞིག་འབྱུང་བ་ནི་སྟོབས་ཞེས་བྱའོ། །ཞེས་དང༌། ཉ་ཊཱིཀ་ལས།སྤྱིར་མཚན་ཉིད་ནི། དབང་བོ་ཉིད་མ་དད་པ་སོགས་མི་མཐུན་ཕྱོགས་ངེས་པར་བསྲབས་པས་ཚུར་མི་བརྫི་ཞིང་ཕར་འཇོམས་ནུས་པར་གྱུར་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མི་མཐུན་ཕྱོགས་བསྲབས་པའི་དོན་མངོན་གྱུར་དུ་མི་འབྱུང་བ་ལ་བྱེད་དགོས་ཏེ།ཀུན་བཏུས་ས་འགྲེལ་ལས། ལྔ་བོའི་མི་མཐུན་པའི་ཕྱོགས་མ་དད་པ་དང༌། ལེ་ལོ་དང་བརྗེད་ངེས་དང་གཡེང་བ་དང༌། ཤེས་བཞིན་མེད་པ་རྣམས་ངེས་པར་བསྲབས་ཏེ་མངོན་གྱུར་དུ་མི་འབྱུང་བས་གཉེན་པོ་ལ་མི་རྫི་བའི་ཕྱིར། དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་སྟོབས་ཞེས་བྱ་བ་རྣམས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན། འོ་ན་སྦྱོར་ལམ་བཟོད་པའི་དབང་པོ་ལ་སྟོབས་ཀྱིས་མ་ཁྱབ་པར་ཐལ། དེའི་དབང་པོའི་མི་མཐུན་ཕྱོགས་རྣམ་བྱང་གཟུང་རྟོག་མངོན་དུ་གྱུར་པ་ཡོད་པའི་ཕྱིར་ཟེར་ན་དཔྱད་པར་བྱ།སྦྱོར་ལམ་བཟོད་པ་ཐོབ་མ་ཐག་ནས་སྟོབས་ལྔ་མེད་པར་ཐལ། དེ་ལྔ་རིམ་བཞིན་ཐོབ་དགོས་པའི་ཕྱིར། དེར་ཐལ། རྒྱན་གྱི་ས་འགྲེལ་ལས། དེ་རྣམས་ཀྱང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འབྱུང་བ་སྟེ། དབུས་མཐའ་ལས་ཀྱང༌། མི་མཐུན་ཕྱོགས་ནི་བསྲབས་པའི་ཕྱིར། །སྟོབས་ལྡན་འབྲས་བུ་ཕྱི་མ་ཡིན། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། སྦྱོར་ལམ་བཟོད་པ་ཐོབ་མ་ཐག་པའི་དད་སོགས་ལྔ་ལ་སྟོབས་ཀྱིས་མཚན་ཉིད་ཚང་བའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

དྲུག་པ་བྱང་ཆུབ་ཀྱི་ཡན་ལག་བདུན་བཤད་པ།

དྲུག་པ་བྱང་ཆུབ་ཀྱི་ཡན་ལག་བདུན་བཤད་པ་ལ།

སྤྱི་དོན་དང༌། མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ལ། དམིགས་པ་དང༌། ངོ་བོ་དང༌། གྲོགས་དང༌། བསྒོམ་པ་དང༌། བསྒོམས་པའི་འབྲས་བུུ་བཤད་པ་དང་ལྔའོ། །དང་པོ་དམིགས་པ་ནི། ཀུན་བཏུས་ལས། འཕགས་པའི་བདེན་པ་བཞི་པོ་དག་གི་ཡང་དག་པ་ཉིད་ཇི་ལྟ་བའོ། །ཞེས་པ་ལྟར་རོ། །གཉིས་པ་མཚན་ཉིད་ནི། བདེན་པ་མངོན་སུམ་དུ་རྟོགས་པའི་གྲོགས་སུ་གྱུར་བའི་འཕགས་ལམ་དེ། བྱང་ཆུབ་ཡན་ལག་གི་མཚན་ཉིད་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། དེ་ཁོ་ན་ཉིད་དུ་མངོན་པར་བྱང་ཆུབ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་གྲོགས་སུ་གྱུར་པ་ནི་བྱང་ཆུབ་ཀྱི་ཡན་ལག་ཡིན་པས་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་ཞེས་པ་ལ་སོགས་པ་སྦྱར། ཞེས་གསུངས་པའི་ཕྱིར། འདིར་སྨོས་དེའི་མཚན་ཉིད་ནི། ཉ་ཊཱིཀ་ལས། འདིར་སྨོས་སློབ་ལམ་བདུན་གྱི་ནང་ཚན་མངོན་པར་རྟོགས་པའི་ལམ་ཡིན་པའི་བྱང་ཆུབ་ཡན་ལག་གི་མཚན་ཉིད། དང་པོར་དེ་ཁོ་ན་ཉིད་མངོན་སུམ་གྱིས་རྟོགས་པའི་ཡན་ལག་མཐོང་ལམ་གྱིས་བསྡུས་པའོ། །ཞེས་གསུངས་པའོ། །མཚོན་བྱའི་སྒྲ་བཤད་ནི། ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའི་མཐོང་བའི་ལམ་ནི་བྱང་ཆུབ་སྟེ། དེར་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའི་ཡན་ལག་ཏུ་གྱུར་པས་བྱང་ཆུབ་ཡན་ལག་གོ །ཞེས་གནོད་འཇོམས་དག་ཟླ་སོགས་སོ། །དབུས་མཐའི་འགྲེལ་བཤད་དུ། དེ་ཁོ་ན་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ལ་དྲན་པ་ལ་སོགས་པ་དྲུག་གི་བྱང་ཆུབ་དང་མཐུན་པའི་ཕྱིར་དེའི་ཡན་ལག་རྣམས་སོ།། ཞེས་སོ། ། ཟད་མི་སྐྱེ་ཤེས་ཀྱི་བྱང་ཆུབ་ཀྱི་རྒྱུར་གྱུར་པས། ཞེས་མཛོད་སོགས་དང༌། དག་ལྡན། ཟླ་ཟེར་ཡང་ངོ༌། །མདོ་རྒྱན་སོགས་ལྟར་ན། བྱང་ཆུབ་ཀྱི་མཐོང་ལམ་རང་བཞིན་དང་གནས་ལ་སོགས་པའི་སྒོ་ནས་ཡན་ལག་ཏུ་གྱུར་པས་སོ། །མཚན་གཞི་ལ། དབྱེ་བ་དང༌། ས་མཚམས་སོ། །

དང་པོ་ལ། དབྱེ་གཞི་ནི།

བྱང་ཆུབ་ཡན་ལག་ཡིན་ལ། དབྱེ་བ་ནི། ཉ་ཊཱིཀ་ལས། བྱང་ཆུབ་ཡན་ལག་བདུན་གྱི་ནང་ནས་བྱང་ཕྱོགས་སོགས་ཀྱི་དམིགས་རྣམ་མི་བརྗེད་པའི་དྲན་པ་འཁོར་ལོ་རིན་པོ་ཆེ་དང་མཚུངས་པ་གང་ཞིག་དེ་བདུན་ཡན་ལག་ལྔར་བྱས་པའི་ནང་ནས་བྱང་ཆུབ་ཀྱི་གནས་ཀྱི་ཡན་ལག་ཏུ་གྱུར་པ་ནི། དྲན་པ་ཡང་དག་བྱང་ཆུབ་ཡན་ལག་གི་མཚན་ཉིད་དེ། ཤེས་བྱ་མ་རྒྱལ་རྒྱལ་བྱའི་ཕྱིར། །དྲན་པ་དག་ནི་ཀུན་ཏུ་སྤྱོད། །ཅེས་སོ། །དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་བོའི་འཁོར་ལོ་རིན་པོ་ཆེས་གཡུལ་མ་ཕེབས་པ་འཕེབས་པ་ལྟ་བུའོ། ། དེ་བདུན་གྱི་ནང་ནས་ཞེས་དང༌། བྱང་ཆུབ་ཡན་ལག་རེ་རེ་ལ་སྦྱར་ཏེ་བདག་གཉིས་སུ་འཛིན་པའི་རྣམ་རྟོག་གི་མཚན་མ་འཇོམས་པའི་ཤེས་རབ་གླང་བོ་རིན་པོ་ཆེ་དང་མཚུངས་པ་གང་ཞིག དེ་བདུན་དེ་ལྔར་བྱས་པའི་ནང་ནས་བྱང་ཆུབ་ཀྱི་རང་བཞིན་གྱི་ཡན་ལག་ཡིན་པ། ཆོས་རབ་ཏུ་རྣམ་འབྱེད། འདི་ཡི་རྣམ་འབྱེད་རྟོགས་པ་ཡི། །མཚན་མ་ཐམས་ཅད་འཇོམས་པར་བྱེད། །དཔེར་ན་གླང་བོ་རིན་པོ་ཆེས་ཕྱིར་རྒོལ་བ་ཐམས་ཅད་འཇོམས་པར་བྱེད་པ་ལྟ་བུའོ། །ཞེས་སོ། ། མངོན་ཤེས་མྱུར་བར་སྒྲུབ་པའི་བརྩོན་འགྲུས་རྟ་མཆོག་རིན་པོ་ཆེ་དང་མཚུངས་པ་གང་ཞིག དེ་བདུན་དེ་ལྔར་བྱས་པའི་ནང་ནས་ངེས་པར་འབྱུང་བའི་ཡན་ལག་ཡིན་པ། བརྩོན་འགྲུས་དང༌། འདི་ཡི་བརྩོན་འགྲུས་མ་ལུས་པ། །མྱུར་དུ་རྟོགས་པར་བྱ་ཕྱིར་འཇུག །དཔེར་ན་རྟ་རིན་པོ་ཆེས་མྱུར་དུ་ས་ཆེན་པོ་རྒྱ་མཚོའི་མཐའ་ཀླས་པར་འགྲོ་བ་ལྟ་བུའོ། །ཅེས་སོ། །བརྩོན་འགྲུས་བརྩམས་པས་ཆོས་ཀྱི་སྣང་བ་འཕེལ་བས་ལུས་སེམས་དགའ་བས་ཚིམ་པར་བྱེད་པ་ནོར་བུ་རིན་པོ་ཆེ་ལྟ་བུ་གང་ཞིག དེ་བདུན་དེ་ལྔར་བྱས་པའི་ནང་ནས་ཕན་ཡོན་གྱི་ཡན་ལག་ཡིན་པ། དགའ་བ། ཆོས་ཀྱི་སྣང་བ་རྣམ་འཕེལ་བའི། །དགའ་བས་རྟག་ཏུ་རྒྱས་པར་འགྱུར། །དཔེར་ན་ནོར་བུ་རིན་པོ་ཆེས་འཁོར་ལོས་བསྒྱུར་བའི་རྒྱལ་བོ་དགའ་བར་བྱེད་པ་ལྟ་བུའོ། །ཞེས་སོ། །ལུས་སེམས་ཀྱི་གནས་ངན་ལེན་ནི་ལུས་སེམས་ལས་སུ་མི་རུང་བ་སྟེ། ལས་ཐར་བས་ལུས་སེམས་ལས་སུ་རུང་བའི་བདེ་བ་རྗེས་སུ་མྱོང་བར་བྱེད་པས་བཙུན་མོ་རིན་ཆེན་ལྟ་བུ་གང་ཞིག དེ་བདུན་དེ་ལྔར་བྱས་པའི་ནང་ནས་གཞི་གང་གིས་ཉོན་མོངས་མེད་པའི་ཡན་ལག་ཡིན་པ། ཤིན་ཏུ་སྦྱངས་པ། སྒྲིབ་པ་ཀུན་ལས་ཐར་བའི་ཕྱིར། །ཤིན་ཏུ་སྦྱངས་པས་བདེ་བ་ཐོབ། །དཔེར་ན་བུད་མེད་རིན་པོ་ཆེས་གྲང་དུས་དྲོ་དྲོ་དུས་གྲང་བས་ཞེས་བློ་བརྟན་མར། འཁོར་ལོས་བསྒྱུར་བའི་རྒྱལ་བོ་དགའ་བ་ཉམས་སུ་མྱོང་བ་ལྟ་བུའོ། །ཅེས་སོ། །བསམ་པའི་དོན་གནས་གྱུར་པའི་འབྱོར་བ་ཐམས་ཅད་སྒྲུབ་ཅིང་འབྱུང་བའི་ཏིང་ངེ་འཛིན་ཁྱིམ་བདག་རིན་པོ་ཆེ་ལྟ་བུ་གང་ཞིག དེ་བདུན་དེ་ལྔར་བྱས་པའི་ནང་ནས་གནས་གང་ལ་ཉོན་མོངས་མེད་པའི་ཡན་ལག་ཡིན་པ་ནི། ཏིང་ངེ་འཛིན། ཏིང་ངེ་འཛིན་ལས་བསམ་པའི་དོན་འཕྲུལ་གྱི་མིག་དང་ལྷའི་རྣ་བ་སོགས་མངོན་ཤེས་ཀྱི་དཔེར་ན་འཁོར་ལོས་བསྒྱུར་བའི་ཁྱིམ་བདག་རིན་པོ་ཆེ་ལས་རྒྱལ་བོ་ཅི་དང་ཅི་འདོད་པ་ཐམས་ཅད་བསམ་པ་བཞིན་དུ་འགྲུབ་པ་ལྟ་བུའོ། །འབྱོར་བ་ཉེ་བར་སྐྱེ་བར་འགྱུར། །ཞེས་སོ། །རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་དང་བཅས་པས་བྱང་སེ་རྣམས་ཇི་ལྟར་འདོད་བཞིན་རྩོལ་མེད་དུ་གནས་པར་བྱེད་པའི་མི་རྟོག་པའི་བློ་བློན་པོ་རིན་པོ་ཆེ་ལྟ་བུ་གང་ཞིག དེ་བདུན་དེ་ལྔར་བྱས་པའི་ནང་ནས་ཡིད་བདེ་བ་དང་ཡིད་མི་བདེ་བ་གཉིས་ཀྱི་དབང་དུ་མི་འགྱུར་ཞིང་ཆགས་པ་དང་ཁོང་ཁྲོས་སེམས་ཀུན་ཏུ་མི་ཟིན་པས་སམ་བྱིང་རྒོད་སོགས་ཉོན་མོངས་མེད་པའི་ངོ་བོའི་ཡན་ལག་ཡིན་པ་བཏང་སྙོམས་སོ། །དེའི་རྗེས་ཐོབ་དེས་ཡོན་ཏན་ཁྱད་པར་ཅན་དང་ས་མ་ཐོབ་པ་ཐོབ་པར་བྱེད། ཉེས་སྐྱོན་སྤང་དགོས་རྣམས་སྤོང་བར་བྱེད་པས་མི་རྟོག་ཡེ་ཤེས་རྩོལ་མེད་དུ་གནས་པར་བྱེད། ཅེས་དབྱིག་གཉེན་གྱི་དགོངས་པ་ལྟར་བློ་བརྟན་མར་རོ། །བཏང་སྙོམས་ཀྱིས་ནི་ཐམས་ཅད་དུ། །འདི་ནི་ཇི་ལྟར་འདོད་བཞིན་གནས། །རྗེས་ལ་ཐོབ་དང་མི་རྟོག་པའི། །གནས་པ་མཆོག་གིས་རྟག་ཏུ་གནས། །དཔེར་ན་འཁོར་ལོས་བསྒྱུར་བའི་བློན་པོ་རིན་པོ་ཆེས་དཔུང་གི་ཚོགས་ཡན་ལག་བཞི་བ་འབུལ་བར་བྱ་བ་ཡང་འབུལ་ལ་དོར་བར་བྱ་བ་ཡང་འདོར་ཞིང༌། གང་དུ་དཔུང་གི་ཚོགས་ཡན་ལག་བཞི་བ་མ་ལུས་པར་ཕྱིན་པ་དེར་སོན་ནས་ཀྱང་གནས་པར་བྱེད་དོ། །ཞེས་གསུངས་པ་ལྟར་ཡིན་ནོ། །ཡོན་ཏན་དེ་ལྟ༼་བུ་དང་ལྡན་པ༽འི་སེམས་དཔའ་ནི། འཁོར་ལོས་བསྒྱུར་དང་འདྲ་བར་འཇུག །རྟག་ཏུ་རིན་ཆེན་བདུན་ལྟ་བུའི། །བྱང་ཆུབ་ཡན་ལག་རྣམས་ཀྱིས་བསྐོར། །ཞེས་གསུངས་སོ། །ངོ་བོ་ཐ་དད་ནི་ཅི་རིགས་པའོ། །གྲངས་ངེས་ལ། དྲན་པ་ནི། གནས་ཀྱི་ཡན་ལག་ཡིན་ཏེ། དེ་ལ་བརྟེན་ནས་ཆོས་རབ་ཏུ་རྣམ་འབྱེད་སོགས་ཐམས་ཅད་འབྱུང་བའི་བྱང་ཆུབ་ཀྱི་ཡན་ལག་ཡིན་པའི་ཕྱིར། ཆོས་རབ་ཏུ་རྣམ་འབྱེད་ནི། རང་བཞིན་གྱི་ཡན་ལག་ཡིན་ཏེ། བྱང་ཆུབ་ཡང་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་མ་ནོར་བར་ཤེས་པ་ཡིན་ལ་བྱང་ཆུབ་ཡང་ཆོས་རབ་ཏུ་རྣམ་འབྱེད་དེའི་ངོ་བོ་ཡིན་པའི་ཕྱིར། །བརྩོན་འགྲུས་ནི། ངེས་པར་འབྱུང་བའི་ཡན་ལག་ཡིན་ཏེ། བགྲོད་བྱ་མཐར་མ་ཐུག་བར་དུ་ལམ་རྒྱུན་མི་གཅོད་པ་ཡིན་པའི་ཕྱིར། དགའ་བ་ཕན་ཡོན་གྱི་ཡན་ལག་ཡིན་ཏེ། ཆོས་དབྱིངས་མཐོང་བས་སེམས་དགའ་བར་བྱེད་པས་སམ་ལུས་སེམས་ལ་ཕན་འདོགས་པ་ཡིན་པའི་ཕྱིར། ལྷག་མ་གསུམ། ཉོན་མོངས་མེད་པའི་ཡན་ལག་སྟེ། རྒྱུ་གང་གིས་ཉོན་མོངས་མེད་པར་བྱེད་པ་ཤིན་ཏུ་སྦྱངས་པ་སྟེ། ཉོན་མོངས་པའི་རྒྱུའི་གཉེན་པོར་གྱུར་པའི་ཕྱིར་ཉོན་མོངས་མེད་པའི་རྒྱུ་སྟེ། ཆགས་སོགས་ཉོན་མོངས་ཀྱི་རྒྱུ་ལུས་སེམས་ལས་སུ་མི་རུང་བའི་བདག་ཉིད་ཀྱི་གནས་ངན་ལེན་གཅོད་པ་ཡིན་པའི་ཕྱིར། གནས་གང་ལ་གནས་ནས། ཉོན་མོངས་པ་མེད་པར་བྱེད་པ་ཏིང་ངེ་འཛིན་ཏེ། དེ་ལ་གནས་པས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ནས་ཉོན་མོངས་སྤོང་བར་བྱེད་པས་སོ། །ཉོན་མོངས་པ་མེད་པའི་ངོ་བོ་ཉིད་ནི་བཏང་སྙོམས་ཏེ། བྱིང་རྒོད་སོགས་ཉོན་མོངས་མེད་པའི་ངོ་བོར་གནས་པས་སོ། །རྒྱན་དང་དབུས་མཐར། རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་བ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །འདི་ལ་གཞི་དང་གནས་དང་ནི། །ངོ་བོ་ཉིད་དུ་བསྟན་པ་ཡིན། །ཞེས་སོ། །

གཉིས་པ་ས་མཚམས་ནི།

མཐོང་བའི་ལམ་ནས་སངས་རྒྱས་བར་ན་སྤྱིར་ཡོད་ལ།འདིར་བཤད་སློབ་ལམ་བདུན་གྱི་མངོན་པར་རྟོགས་པའི་ལམ་ཡིན་པའི་བྱང་ཆུབ་ཡན་ལག་ཡིན་པ་དེ། མཐོང་ལམ་ནས་ཡོད་དེ། རྒྱན་ལས། སར་ཞུགས་པ་ལ་བྱང་ཆུབ་ཀྱི། །ཡན་ལག་རྣམ་པར་བཞག་པར་བརྗོད། །ཅེས་སོ། །

གསུམ་པ་གྲོགས་ནི།

དེ་དག་དང་མཚུངས་ལྡན་གྱི་སེམས་དང་སེམས་བྱུང་རྣམས་ཡིན་ནོ། །བཞི་བ་བསྒོམ་པ་ནི། མདོར་སོ་བདུན་རེ་རེ་ལ་ཡང་བདེན་བཞི་ལ་དམིགས་པར་གསུངས་ཤིང༌། ཀུན་བཏུས་སུ་སྐབས་འདིར་བདེན་བཞི་ལ་སྦྱར་བ་མཚོན་པའི་དོན་ཡིན་ནོ། །སྡུག་བསྔལ་ལ་སྡུག་བསྔལ་བར་རྟོགས་པས་དེས་དབེན་པ་ཚོལ་ཞིང་གནས། སྲེད་པ་ནི་ཀུན་འབྱུང་སྟེ་དེ་སྡུག་བསྔལ་ཀུན་འབྱུང་བར་དམིགས་པས་དེ་དང་བྲལ་བ་ཚོལ་བས་འདོད་ཆགས་དང་བྲལ་བ་ལ་གནས། འགོག་པ་ལ་སྡུག་བསྔལ་འགགས་པར་དམིགས་པས་དེ་མངོན་དུ་བྱེད་པར་འདོད་པས་འགོག་པ་ལ་གནས། ལམ་ནི་སྡུག་བསྔལ་རྣམ་པར་སྤོང་བས་དེ་ལ་དེ་ལྟར་དམིགས་པ་ནི་དེ་བསྒོམ་པ་ཚོལ་བས་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་ལ་གནས། ཞེས་དྲན་པ་ཡང་དག་ལ་སྦྱར་ནས་ཚུལ་དེ་བཞིན་བཏང་སྙོམས་བར་ལ་ཡང་སྦྱར་བར་ཀུན་བཏུས་སུ་གསུངས་སོ། ། ལྔ་བ་འབྲས་བུ་ནི། མངོན་པ་ཀུན་བཏུས་ལས། འབྲས་བུ་གང་ཞེ་ན། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པའོ། །ཞེས་གསུངས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

མཐོང་ལམ་པ་ཡིན་ན་བྱང་ཆུབ་ཀྱི་ཡན་ལག་བདུན་ལྡན་པས་ཁྱབ་པར་ཐལ། རྒྱན་ལས། ཡོན་ཏན་དེ་ལྟའི་སེམས་དཔའ་ནི། །འཁོར་ལོས་བསྒྱུར་དང་འདྲ་བར་འཇུག །རྟག་ཏུ་རིན་ཆེན་བདུན་ལྟ་བུའི། །བྱང་ཆུབ་ཡན་ལག་རྣམས་ཀྱིས་བསྐོར། ཞེས་དང༌། མདོ་ལུགས་མ་ལས། ཆོས་མཆོག་གི་ངོ་བོ་ལྔ་པོ་ཤིན་ཏུ་འཕེལ་ན་དེ་མ་ཐག་ཏུ་བྱང་ཆུབ་ཀྱི་ཡན་ལག་བདུན་འབྱུང་སྟེ། མཐོང་བའི་ལམ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཡན་ལག་ཏུ་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཡིན་ན་དགའ་བ་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བསམ་གཏན་དང་པོའི་ཉེར་བསྡོགས་དང་བསམ་གཏན་བཞི་བའི་སེམས་རྟེན་བྱས་པའི་མཐོང་ལམ་ལ་གནས་པ་ལ་དགའ་བ་བྱང་ཆུབ་ཀྱི་ཡན་ལག་ལྡན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མཛོད་རྩ་ལས། མི་ལྕོགས་མེད་ན་དགའ་མ་གཏོགས། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྙམ་ཏེ། གྲུབ་མཐའ་གོང་མའི་ལུགས་ལ་ཉེར་བསྡོགས་ལ་བདེ་བ་ཡོད་པར་སྣང་སྟེ། ཉན་ས་ལས། དེ་ལ་རབ་ཏུ་དབེན་པའི་ཡིད་ལ་བྱེད་པ་དང་དགའ་བ་སྡུད་པའི་ཡིད་ལ་བྱེད་པ་སྐྱེས་པར་གྱུར་པ་དེའི་ཚེ་ན་ནི། །དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་ལུས་ཚིམ་པར་བྱེད་དོ། ཞེས་གསུངས་པའི་ཕྱིར། འོན་ཀྱང་ཚོར་བདེའི་སེམས་རྟེན་མ་བྱས་པའི་མཐོང་ལམ་ཡོད་མེད་དཔྱད། ཡང་ཉ་ཊཱིཀ་ལས། བྱང་ཆུབ་ཡན་ལག་བདུན་གྱི་ནང་ནས་བྱང་ཕྱོགས་སོགས་ཀྱི་དམིགས་རྣམ་མ་བརྗེད་པའི་དྲན་པ་འཁོར་ལོ་རིན་པོ་ཆེ་དང་མཚུངས་པ་གང་ཞིག དེ་བདུན་ཡན་ལག་ལྔར་བྱས་པའི་ནང་ནས་བྱང་ཆུབ་ཀྱི་གནས་ཀྱི་ཡན་ལག་ཏུ་གྱུར་པ་ནི། དྲན་པ་ཡང་དག་བྱང་ཆུབ་ཡན་ལག་གི་མཚན་ཉིད་དེ། ཞེས་གསུངས་པ་ལ་འཁོར་ལོ་རིན་པོ་ཆེ་མེད་པའི་ས་ཕྱོགས་ལ་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་ཡོད་མེད་ཅུང་ཙམ་དཔྱད་རྒྱུར་སྣང་ངོ༌། །

བདུན་པ་འཕགས་པའི་ལམ་ཡན་ལག་བརྒྱད་བཤད་པ།

བདུན་པ་འཕགས་པའི་ལམ་ཡན་ལག་བརྒྱད་བཤད་པ་ལ།

སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ལ། དམིགས་པ་དང༌། ངོ་བོ་དང༌། གྲོགས་དང༌།བསྒོམ་པ་དང༌། བསྒོམས་པའི་འབྲས་བུུ་བཤད་པ་དང་ལྔའོ། །དང་པོ་དམིགས་པ་ནི། མཐོང་ལམ་གྱིས་ཇི་ལྟར་#div2 མཐོང་བའི་བདེན་པའི་ཡང་དག་པ་ཇི་ལྟ་བ།

མཐོང་བའི་བདེན་པའི་ཡང་དག་པ་ཇི་ལྟ་བ་དེ་ཡིན་ནོ།། གཉིས་པ་ངོ་བོ་འམ་མཚན་ཉིད་ནི།

འཕགས་རྒྱུད་ཀྱི་འཕགས་པའི་ལམ་གྱི་ཡན་ལག་ཏུ་གྱུར་པ་དེ་ཡིན་ལ། འདིར་དངོས་བསྟན་གྱི་དེའི་མཚན་ཉིད་ནི། ཉ་ཊཱིཀ་ལས། མཚན་ཉིད་ནི་འདིར་བཤད་སློབ་ལམ་བདུན་གྱི་རྣམ་དག་ཏུ་ངེས་འབྱིན་ལམ་ཡིན་པའི་འཕགས་ལམ་ཡན་ལག་གི་མཚན་ཉིད། འདིར་བཤད་སྒོམ་སྤང་སྤོང་པ་དང་དེའི་རྣམ་གྲོལ་མངོན་དུ་བྱེད་པའི་སློབ་པའི་འཕགས་ལམ་གྱི་ཡན་ལག་ཏུ་གྱུར་པའོ། །ཞེས་གསུངས་སོ། །སྒྲ་བཤད་ནི་ཉོན་མོངས་ཐམས་ཅད་སྤང་པ་དང༌།རྣམ་གྲོལ་མངོན་སུམ་དུ་བྱ་བའི་ཕྱིར་འཕགས་ལམ་བསྐྱེད་པར་བྱེད་པས་འཕགས་ལམ་ཡན་ལག་གོ །ཞེས་དག་ལྡན་ནོ། །མཚན་གཞི་ལ།དབྱེ་བ་དང༌། ས་མཚམས་སོ། །དང་པོ་ལ་དབྱེ་གཞི་འཕགས་ལམ་ཡན་ལག་གོ །དབྱེ་བ་ནི།ཡང་དག་པའི་ལྟ་བ་དང་རྟོག་པ་དང་ངག་དང་ལས་ཀྱི་མཐའ་དང་འཚོ་བ་དང་རྩོལ་བ་དང་དྲན་པ་དང་ཏིང་ངེ་འཛིན་ནོ། །དེ་རེ་རེའི་དོན་ནི། རྒྱན་གྱི་ས་འགྲེལ་ལས། མཐོང་ལམ་བྱང་ཆུབ་ཀྱི་ཡན་ལག་བདུན་རྫོགས་པ་དེའི་འོག་ཏུ་མཉམ་གཞག་ཆོས་ཉིད་ཡང་དག་པ་ཇི་ལྟ་བར་མངོན་སུམ་དུ་རྟོགས་པ་དེའི་རྗེས་སུ་འཇུག་པ་རྗེས་ཐོབ་ཀྱི་ཡེ་ཤེས་སྐྱེས་ཏེ། ཤེས་རབ་དེ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་ཡང་དག་པའི་ལྟ་བ་དང༌། རང་གིས་མཉམ་པར་བཞག་པའི་ཆོས་ཉིད་རྟོགས་པ་དེ་ཉིད་ཀྱི་རྣམ་པར་བཞག་པ་གཞན་ལའང་སྟོན་པའི་ཚུལ་ཇི་ལྟ་བ་བཞིན་དུ་ཡོངས་སུ་གཅོད་ཅིང་རྟོག་པ་ནི་ཡང་དག་པའི་རྟོག་པ་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་རྣམ་པར་བཞག་པ་ལ་ཚུལ་བཞིན་དུ་འཇུག་པ་ཡང་དེ་ཉིད་ཡིན་པས། ཉོན་མོངས་པ་ཅན་གྱི་རྟོག་པ་སྤངས་པ་དེས་ཟག་མེད་ཕུང་པོ་ལྔ་ལ་སོགས་པའི་དོན་རྟོགས་པའི་ཕྱིར་དང༌། དེ་ནས་གསུམ་ཚན་གཉིས་ནི། ལས་གསུམ་རྣམ་པར་དག་པ་དང༌། །ཞེས་པ་ནི་ཚིག་རྩུབ་ལ་སོགས་པ་ངག་གི་མི་དགེ་བ་མཐའ་དག་སྤངས་ནས་སྐལ་བ་དང་མཐུན་པར་ཆོས་སྟོན་པ་ལ་སོགས་པ་ངག་གིས་ལས་རྣམ་པར་དག་པ་ནི་ཡང་དག་པའི་ངག་དང༌། སྲོག་གཅོད་ལ་སོགས་པ་ལུས་ཀྱི་མི་དགེ་བ་མཐའ་དག་སྤངས་ནས་ལུས་ཀྱི་ལས་རྣམ་པར་དག་པ་ནི་ཡང་དག་པའི་ལས་ཀྱི་མཐའ་དང༌། ལོག་པའི་འཚོ་བ་མཐའ་དག་སྤངས་ནས་ལུས་ངག་གཉིས་ཀའི་ལས་རྣམ་པར་དག་པ་ནི་ཡང་དག་པའི་འཚོ་བ་སྟེ། སྤང་བར་བྱ་བ་ལོག་འཚོ་ལྔ་ནི་རིན་ཆེན་ཕྲེང་བར། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཁ་བསག་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་སྔོན་དུ་སྨྲ་བའོ། །གཞོག་སློངས་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པའོ། །ཐོབ་ཀྱིས་འཇལ་བ་རྙཻད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་པ། །རྙེད་པས་རྙེད་པ་རྣམ་འདོད་པ། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །ཞེས་གསུངས་པ་ལྟར་རོ། །ཡང་དག་པའི་རྩོལ་བ་ནི་ཆོས་ཉིད་རྟོགས་པ་དེ་ཡུན་རིང་དུ་སྒོམ་པ་ལ་མི་སྐྱོ་ཞིང་སྤྲོ་བའི་སྒོ་ནས་ཤེས་བྱའི་སྒྲིབ་པ་དག་གི་གཉེན་པོར་སྒོམ་པ་དང༌། ཡང་དག་པའི་དྲན་པ་ནི་ཞི་གནས་དང་ལྷག་མཐོང་དང་བཏང་སྙོམས་ཀྱི་རྒྱུ་མཚན་མ་བརྗེད་པའི་སྒོ་ནས་བྱིང་རྒོད་སྤངས་ཏེ་ཟུང་འཇུག་གི་ལམ་མངོན་སུམ་དུུ་བྱ་བའི་སྒྲིབ་པའི་གཉེན་པོར་སྒོམ་པ་དང་ནི། ཡང་དག་པའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ནི་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་མངོན་པར་འགྲུབ་པ་དག་གི་གེགས་སྙོམས་འཇུག་གི་སྒྲིབ་པའི་གཉེན་པོར་སྒོམ་པའོ། །དེ་རྣམས་ཡན་ལག་ཏུ་འགྱུར་བས་དབུས་མཐའ་ལས། ཡོངས་སུ་གཅོད་དང་གོ་བྱེད་དང༌། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་འདི་བརྒྱད་དོ། །ཞེས་གསུངས་པ་ལྟར་བལྟ་བ་ནི་མཐོང་ལམ་དུ་ཇི་ལྟར་མྱོང་བའི་དེ་ཁོ་ན་ཉིད་ངེས་པར་འཛིན་པས་ཡོངས་སུ་གཅོད་པའི་ཡན་ལག་དང༌། རྟོག་པ་ནི་ཇི་ལྟར་རྟོགས་པའི་དོན་ངག་ཏུ་བརྗོད་པའི་ཀུན་སློང་ཡིན་པས་གཞན་ལ་གོ་བར་བྱེད་པའི་ཡན་ལག་དང༌། ངག་གིས་ནི་འདྲི་བ་དང་ལུང་སྟོན་པ་དང་འབེལ་བའི་གཏམ་གྱིས་ཆོས་གཏན་ལ་ཕབ་པ་ན་ལྟ་བ་རྣམ་པར་དག་པར་ཡིད་ཆེས་པ་དང༌། ལས་ཀྱི་མཐས་ནི་ལོངས་སྤྱོད་ལམ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་ཚུལ་ཁྲིམས་རྣམ་པར་དག་པར་ཡིད་ཆེས་པ་དང༌། འཚོ་བས་ནི་ཆོས་གོས་ལ་སོགས་པ་ཇི་ལྟར་གནང་བ་སྤྱོད་ཅིང་བཀག་པ་མི་སྤྱོད་པས་འཚོ་བ་རྣམ་པར་དག་པར་ཡིད་ཆེས་པའི་ཡན་ལག་དང༌། རྩོལ་བ་དང་དྲན་པ་དང་ཏིང་ངེ་འཛིན་གསུམ་ནི་རང་རང་གི་མི་མཐུན་ཕྱོགས་ཤེས་བྱ་དང་ལམ་དང་ཡོན་ཏན་ཁྱད་པར་ཅན་གྱི་སྒྲིབ་པའི་གཉེན་པོའི་ཡན་ལག་གོ །ཞེས་གསུངས་སོ། །

གཉིས་པ་ས་མཚམས་ནི།

མཐོང་ལམ་ནས་སངས་རྒྱས་ཀྱི་བར་ན་ཡོད་དོ། ། གསུམ་པ་གྲོགས་ནི། དེ་དག་དང་མཚུངས་ལྡན་གྱི་སེམས་དང་སེམས་བྱུང་ངོ༌། ། བཞི་བ་བསྒོམ་པ་ནི། བྱང་ཆུབ་ཡན་ལག་བཞིན་ནོ། ། ལྔ་བ་བསྒོམས་པའི་འབྲས་བུ་ནི། ཀུན་བཏུས་ལས། འབྲས་བུ་གང་ཞེ་ན། ཡོངས་སུ་གཅོད་པ་དང༌། གཞན་གོ་བར་བྱེད་པ་དང༌། གཞན་ཡིད་ཆེས་པར་བྱེད་པ་དང༌། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང༌། ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང༌། ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པ་རྣམ་པར་དག་པ་དང༌། ཞེས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཉ་ཊཱིཀ་ལས། མཚན་ཉིད་ནི་འདིར་བཤད་སློབ་ལམ་བདུན་གྱི་རྣམ་དག་ཏུ་ངེས་འབྱིན་ལམ་ཡིན་པའི་འཕགས་ལམ་ཡན་ལག་གི་མཚན་ཉིད། འདིར་བཤད་སྒོམ་སྤང་སྤོང་པ་དང་དེའི་རྣམ་གྲོལ་མངོན་དུ་བྱེད་པའི་སློབ་པའི་འཕགས་ལམ་གྱི་ཡན་ལག་ཏུ་གྱུར་པའོ། །ཞེས་དེ་འདྲའི་སློབ་པའི་འཕགས་ལམ་ཡན་ལག་སྦྱོར་ལམ་དང་མཐོང་ལམ་ཡོད་མེད་དཔྱད། ཡང་དག་པའི་ངག་དང་ལས་ཀྱི་མཐའ་སོགས་གསུམ་ཤེས་པ་མ་ཡིན་པར་ཐལ། ཀུན་བཏུས་ས་འགྲེལ་ལས། གྲོགས་གང་ཞེ་ན།ངག་ལ་སོགས་པ་ལ་ནི། དམིགས་རྣམ་མེད་པས་མི་རྩི་ཤིང་ལྟ་བ་ལ་སོགས་པ་གཞན་དེ་དག་དང་མཚུངས་པར་ལྡན་པའི་སེམས་ཟག་མེད་ཡིད་ཀྱི་རྣམ་ཤེས་དང༌། སེམས་ལས་བྱུང་བའི་ཆོས་ཀུན་འགྲོ་ལྔ་ལ་སོགས་པ་རྣམས་སོ། །ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། རྟོག་པ་ནི་ཇི་ལྟར་རྟོགས་པའི་དོན་ངག་ཏུ་བརྗོད་པའི་ཀུན་སློང་ཡིན་པས་གཞན་ལ་གོ་བར་བྱེད་པའི་ཡན་ལག་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། བྱང་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་ལམ་དང་ཤེས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། ལམ་དང་གཟུངས་དང་ས་བཅུ་དང༌། །ཞེས་པའི་ལམ་ཡིན་པའི་ཕྱིར་ཏེ། མདོ་ལུགས་མ་ལས། ལམ་དང་ཞེས་པ་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་དང༌།ཞེས་དང༌། འཕགས་པ་སློབ་པ་རྣམས་ཀྱིས་ཉོན་མོངས་པ་ཐམས་ཅད་སྤང་བ་དང་རྣམ་པར་གྲོལ་བ་མངོན་སུམ་དུ་བྱ་བའི་ལམ་ཡིན་པའི་ཕྱིར། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །བརྒྱད་པོ་ནི། ཡང་དག་པའི་ལྟ་བ་དང༌། རྟོག་པ་དང༌། ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་དང༌། རྩོལ་བ་དང༌། དྲན་པ་དང༌། ཏིང་ངེ་འཛིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་ཉ་ཊཱིཀ་ལས། ལྟ་རྟོག་རྩོལ་གསུམ་ཤེས་རབ། ངག་མཐའ་འཚོ་གསུམ་ཚུལ་ཁྲིམས། དྲན་ཏིང་ཏིང་ངེ་འཛིན་གྱི་ཕུང་བོའོ། །ཞེས་གནོད་འཇོམས་ཐུབ་དགོངས་སོ། །ཞེས་ངག་མཐའ་འཚོ་གསུམ་ཚུལ་ཁྲིམས་ཡིན་ཚུལ་ལ་ཅུང་ཟད་དཔྱད་པར་བྱ། ཡང་ཉ་ཊཱིཀ་ལས། བདེན་པ་མཐོང་བ་ཡོངས་སུ་ཤེས་པའི་མཐོང་ལམ་ཐོབ་པ་ལ་སྒོམ་པའི་ལམ་འབྱུང་བས་འཕགས་ལམ་ཡན་ལག་སྒོམ་ལམ་གྱི་ཡན་ལག་ཡིན་པས་དེ་ན་ཡོད་དེ། དེ་ཡང་སྔར་བཤད་ལྟར་ཁྱད་ཆོས་བྱའོ། །སྤྱིར་མཐོང་ལམ་ནས་སངས་རྒྱས་ཀྱི་བར་ན་ཡོད་དོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། དེ་ལྟར་ན་བརྒྱད་ཀ་ཚོགས་པ་ནི་སྒོམ་ལམ་གྱི་ངོ་བོ་ཡིན་ལ། ཆ་ཤས་སོ་སོ་ལ་དེའི་ཡན་ལག་ཅེས་བྱའོ། །ཞེས་སོགས་ཀྱི་དོན་ལ་བརྒྱད་ཀ་ཚོགས་པ་སྒོམ་ལམ་ཡིན་མིན་ས་མཚམས་མཐོང་སྒོམ་གང་ནས་ཡོད་པ་དང༌། སྐབས་འདིར་བསྟན་གྱི་དབང་དུ་བྱས་ན་དེ་ལ་སྒོམ་ལམ་གྱིས་ཁྱབ་པ་ཡོད་མེད་དཔྱད། མཐོང་ལམ་པ་ཡིན་ན་བྱང་ཕྱོགས་སོ་བདུན་ཐོབ་པས་ཁྱབ་པར་ཐལ། རྒྱན་ལས། རྒྱལ་སྲས་བྱང་ཆུབ་ཕྱོགས་མཐུན་པ། །རྣམ་པ་སྣ་ཚོགས་ཐམས་ཅད་ནི། །རྟག་ཏུ་མཐོང་བའི་ལམ་དེ་དང༌། །ལྷན་གཅིག་ཏུ་ནི་ཐོབ་པར་འདོད། །ཅེས་དང༌། དེའི་དབྱིག་འགྲེལ་ལས། བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དྲན་པ་ལ་སོགས་པ་སྣ་ཚོགས་པ་ཐམས་ཅད་མཐོང་བའི་ལམ་དེ་དང་ལྷན་ཅིག་ཐོབ་པར་རིག་པར་བྱའོ། །ཞེས་དང༌། ཉ་ཊཱིཀ་ལས།སྤྱིར་མཐོང་ལམ་ནས་སངས་རྒྱས་ཀྱི་བར་ན་ཡོད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན།དེ་མི་འཐད་པར་ཐལ། རྒྱན་གྱི་ས་འགྲེལ་ལས། གྲོགས་ཀྱི་ཁྱད་པར་ནི། རྒྱལ་བའི་སྲས་པོ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་མཚུངས་ལྡན་གྱི་སེམས་སེམས་བྱུང་དང་བཅས་པ་འཆད་པར་འགྱུར་བ་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱི་ནང་ནས་བྱང་ཆུབ་ཀྱི་ཡན་ལག་བདུན་ནི་དུས་རྟག་ཏུ་མཐོང་བའི་ལམ་དེ་དང་ལྷན་ཅིག་ཏུ་ནི་ཐོབ་པར་འདོད་ཅིང༌། སྟོབས་ལྔ་མན་ཆད་སྔར་ལས་ཀྱང་ཁྱད་པར་དུ་འཕགས་པ་ཐོབ་པ་དང༌། འཕགས་ལམ་བརྒྱད་ནི་རྗེས་ཐོབ་སྒོམ་ལམ་ལ་མྱུར་དུ་འཐོབ་པ་ལ་དགོངས་ནས་ཐམས་ཅད་ལྷན་ཅིག་ཐོབ་ཅེས་གསུངས་པའོ། །ཞེས་དང༌། མཐོང་ལམ་ན་བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། སྒོམ་ལམ་ན་འཕགས་པའི་ལམ་ཡན་ལག་བརྒྱད་ཡོད་པར་བཞེད་པ་དང་མཐུན་པར་འཆད་དོ། །གོ་རིམ་ནི་སྔ་མ་ལས་ཕྱི་མ་འབྱུང་བ་རྒྱུ་འབྲས་ཀྱི་རིམ་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་ཉ་ཊཱིཀ་ལས། དྲན་པ་ཉེར་བཞག་བཞི་ནས་ཡན་ལག་བརྒྱད་ཀྱི་བར་བཤད་པ་དེ་ལྟར་ན་སློབ་མ་ཉན་ཐོས་རྣམས་ལ་ཀུན་ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་གྱི་རྣམ་པ་ཆོས་སུ་འཛིན་པ་ཅན་སོ་བདུན་ཡོད་ལ། ཆོས་སུ་བདེན་པར་མི་འཛིན་པའི་བྱང་པའི་སྔར་བཤད་ལྟར་སོ་བདུན་ཡོད་པ་རྣམ་མཁྱེན་གྱི་རྒྱུའི་རྣམ་པ། སངས་རྒྱས་སའི་མཐར་ཕྱིན་པའི་སོ་བདུན་ནི་རྣམ་མཁྱེན་གྱི་ཤེས་རྣམ་དངོས་སོ། །ཞེས་སྦྱར་རོ། །ཞེས་རྣམ་པ་གསུམ་གསུངས་པ་ལས་སྐབས་འདིའི་སློབ་མ་ཉན་ཐོས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་པ་སོ་བདུན་ནི་སངས་རྒྱས་ཀྱི་རྒྱུད་ཀྱི་སོ་བདུན་ལ་བྱེད་དགོས་པར་སྣང་ངོ༌། །

གཉིས་པ་བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ཉིད་ཀྱི་རྣམ་པ་དང་རྗེས་སུ་མཐུན་པའི་རྣམ་པ།

གཉིས་པ་བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ཉིད་ཀྱི་རྣམ་པ་དང་རྗེས་སུ་མཐུན་པའི་རྣམ་པ་སོ་བཞི་ལ།

དངོས་བསྟན་གྱི་རིམ་པ་དང༌། སྦས་དོན་གྱི་རིམ་པ་གཉིས། དང་པོ་ནི། མདོ་ལུགས་མ་ལས། གཉིས་པ་བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ཉིད་ཀྱི་རྣམ་པ། རྗེས་སུུ་མཐུན་པ་ཡུམ་ཤེར་ཕྱིན་ཆོས་དབྱིངས་ཀྱི་རྣམ་པ་སོ་བཞི་ནི། དབེན་པ་དང༌། ཞི་བ་དང༌། སྨོན་པ་མེད་པ་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་རྣམ་ཐར་གསུམ་གྱི་དང༌། རྣམ་པར་ཐར་པ་བརྒྱད་དང༌། སྙོམས་འཇུག་དགུ་དང༌། བདེན་པ་བཞི་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་དེ་དག་གི་དང་སྦྱིན་པ་དང་སེར་སྣ་ལ་སོགས་པ་ཕར་ཕྱིན་བཅུ་དང༌། བཟློག་ཕྱོགས་བཅུ་དམིགས་སུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕར་ཕྱིན་བཅུའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་སྟེ། དེ་ལྟར་སུམ་ཅུ་རྩ་བཞིའོ། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་སྦས་དོན་གྱི་རིམ་པ།

གཉིས་པ་སྦས་དོན་གྱི་རིམ་པ་ནི།

ཉ་ཊཱིཀ་ལས། ལམ་ཤེས་པ་ཉིད་ཀྱི་རྣམ་པ་ལའང་བྱང་པའི་དང༌། སངས་རྒྱས་ཀྱི་གཉིས་ཡོད་པ་ལ། རྒྱུའི་རྣམ་པ་དང་འབྲས་བུའི་རྣམ་པར་གོ་བར་བྱ་ཞིང༌། དང་པོའི་དབང་དུ་བྱས་པ་ལ་ལམ་དྲུག་སྟེ། ཞེས་གསུངས་པ་ལྟར་གཉེན་པོའི་ལམ་མམ་རྣམ་ཐར་སྒོ་གསུམ་དང༌། སྤྲུལ་བའི་ལམ་གསུམ་དང༌། མཐོང་ཆོས་ལ་བདེར་གནས་ཀྱི་ལམ་ལྔ་དང༌། འཇིག་རྟེན་ལས་འདས་པའི་ལམ་དགུ་དང༌། སྤོང་བའི་ལམ་བཞི་དང༌། སངས་རྒྱས་ཉིད་ཀྱི་ལམ་གྱི་རྣམ་པ་བཅུ་བཤད་པ་དང་དྲུག དང་པོ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ནི། ཉ་ཊཱིཀ་ལས། རྣམ་པར་ཐར་བའི་སྒོ་གསུམ་སྟེ། མྱ་ངན་ལས་འདའ་བར་འགྱུར་ཞིང་འཁོར་བ་ལས་ཐར་བའི་སྒོ་ཡིན་པས་རྣམ་པར་ཐར་བའི་སྒོ་ཞེས་སྒྲ་སྦྱོར་བམ་གཉིས་ལས་སོ། །ཞེས་གསུངས་སོ། ། དེ་གསུམ་ནི། བདེན་བཞི་མི་རྟག་བཅུ་དྲུག་ལ་གོ་རིམ་བཞིན་དུ་སྦྱར་ན་ཕུང་བོའི་སྟོང་བ་དང་བདག་མེད་པའི་རྣམ་པ་མངོན་སུམ་དུ་རྟོགས་པའི་བྱང་འཕགས་དབང་རྣོན་གྱི་ཏིང་ངེ་འཛིན་ཆོས་ཅན། རྣམ་པར་ཐར་བའི་སྟོང་ཉིད་ཀྱི་ཏིང་ངེ་འཛིན་ཡིན་ཏེ། ཕུང་བོའི་སྟོང་བ་དང་བདག་མེད་པའི་རྣམ་པ་མངོན་སུམ་དུ་རྟོགས་པའི་བྱང་འཕགས་ཀྱི་ཏིང་ངེ་འཛིན་ཡིན་པའི་ཕྱིར། དེ་ཆོས་ཅན། བདག་ཏུ་ལྟ་བ་དང་དེས་བྱས་པ་བདག་གིར་ལྟ་བའི་གཉེན་པོ་ཡིན་ཏེ། རྟགས་སྔ་མ་ལྟར་བཀོད་པའོ། །ཕུང་བོའི་སྟོང་བ་དང་བདག་མེད་གཉིས་ཆོས་ཅན། རྣམ་པར་ཐར་པའི་སྒོ་སྟོང་བ་ཉིད་ཡིན་ཏེ། ཐ་དད་དང་གཅིག་པའི་བདག་གིས་སྟོང་བའི་སྟོང་ཉིད་ཡིན་པས་སོ། །དེ་མངོན་སུམ་དུ་རྟོགས་ན་ཐར་བར་འགྱུར་བས་རྣམ་ཐར་གྱི་སྒོ་ཞེས་བྱའོ། །ཐེག་ཆེན་འགོག་བདེན་གྱི་རྣམ་པ་བཞི་ཆོས་ཅན། རྣམ་པར་ཐར་བའི་སྒོ་མཚན་མ་མེད་པ་ཡིན་ཏེ། གཟུང་འཛིན་བདེན་འཛིན་གྱི་རྣམ་རྟོག་གི་མཚན་མ་ཅི་རིགས་ལམ་བདེན་གྱིས་མེད་པར་བྱས་པའི་སྤངས་པ་ཕུན་ཚོགས་ཡིན་པས་སོ། །ཐེག་ཆེན་ལམ་བདེན་གྱི་རྣམ་པ་བཞི་ཆོས་ཅན། རྣམ་ཐར་ཀྱི་སྒོ་མཚན་མེད་ཡིན་ཏེ། གཟུང་འཛིན་བདེན་འཛིན་གྱི་རྣམ་རྟོག་གི་མཚན་མ་སེལ་བྱེད་ཀྱི་ཟག་མེད་ཡེ་ཤེས་ཀྱི་ཆ་ཡིན་པས་སོ། །ཐེག་ཆེན་འགོག་ལམ་གྱི་རྣམ་པ་ལ་སེམས་རྩེ་གཅིག་ཏུ་གནས་པའི་བྱང་འཕགས་ཀྱི་ཏིང་ངེ་འཛིན་དེ་ཆོས་ཅན། རྣམ་པར་ཐར་བའི་སྒོ་མཚན་མེད་ཀྱི་ཏིང་ངེ་འཛིན་ཡིན་ཏེ། རྣམ་རྟོག་གི་མཚན་མ་མེད་པའི་བྱང་འཕགས་ཀྱི་ཏིང་ངེ་འཛིན་ཡིན་པས་སོ། །དེ་ཆོས་ཅན། བདག་ལྟ་རྒྱུར་ཡོད་པ་ཅན་ནམ་འབྲས་བུར་ཡོད་པ་ཅན་གྱི་གཟུང་འཛིན་བདེན་འཛིན་གྱི་རྣམ་རྟོག་གི་གཉེན་པོ་ཡིན་ཏེ། དེ་འདྲའི་རྣམ་རྟོག་གི་མཚན་མ་ཞི་བའི་ཐེག་ཆེན་འཕགས་པའི་རྟོགས་པ་ཡིན་པས་སོ། །ཟག་བཅས་ཀྱི་མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་དང༌། ཀུན་འབྱུང་བདེན་པའི་རྣམ་པའི་ངོ་བོ་ཉིད་དེ་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་སོགས་ཆོས་ཅན། རྣམ་པར་ཐར་སྒོ་སྨོན་མེད་ཀྱི་དམིགས་པ་ཡིན་ཏེ། སྐྱོན་དང་བཅས་པས་དོར་བྱ་ཡིན་པས་སོ། །དེ་རྣམས་མངོན་སུམ་དུ་རིག་པའི་བྱང་འཕགས་དབང་རྣོན་གྱི་ཏིང་ངེ་འཛིན་ཆོས་ཅན། རྣམ་པར་ཐར་བའི་སྒོ་སྨོན་མེད་ཀྱི་ཏིང་ངེ་འཛིན་ཡིན་ཏེ། དེ་འདྲའི་བྱང་འཕགས་ཀྱི་ཏིང་ངེ་འཛིན་ཡིན་པའི་ཕྱིར། དེ་ཆོས་ཅན། ཁམས་གསུམ་པ་ལ་བླང་བྱར་སྨོན་པའི་གཉེན་པོ་ཡིན་ཏེ། ཁམས་གསུམ་སྡུག་བསྔལ་དུ་མངོན་སུམ་དུ་རིག་པའི་སློབ་ལམ་ཡིན་པའི་ཕྱིར། དེ་ལྟར་བདེན་བཞི་མི་རྟག་སོགས་བཅུ་དྲུག་ལ་སྦྱར་ནས་བཤད་པ་དེ་ཀུན་བཏུས་སུ་གསུངས་པ་འཕགས་པས་ཉི་སྣང་དུ་བཤད། དེ་བཞིན་དུ་འགྲེལ་ཆུང་དོན་གསལ་དང་ཉ་ཊཱིཀ་ལས་བཤད་དོ། །དེ་ཡང་མངོན་པ་ཀུན་བཏུས་ལས། རྣམ་པ་བཅུ་དྲུག་ནང་ནས་སྟོང་བ་ཉིད་ཀྱི་རྣམ་པ་དུ་ཞེ་ན་གཉིས་སོ། །སྨོན་པ་མེད་པའི་རྣམ་པ་དུ་ཞེ་ན་དྲུག་གོ །མཚན་མ་མེད་པའི་རྣམ་པ་དུ་ཞེ་ན་བརྒྱད་དོ། །ཞེས་སོ། །རྒྱན་ལྟར་ན་རྒྱན་དང་དེའི་ས་འགྲེལ་ལས། སྤྱོད་ཡུལ་གྱི་དབྱེ་བ་ནི། ཏིང་འཛིན་གསུམ་གྱི་སྤྱོད་ཡུལ་ནི། །བདག་མེད་རྣམ་པ་གཉིས་པོ་དང༌། །བདག་ཏུ་འཛིན་པའི་རྟེན་དང་ནི། །དེ་རྟག་ཉེར་ཞི་ཡིན་ཤེས་བྱ། །སྟོང་པ་ཉིད་དང་སྨོན་པ་མེད་པ་དང་མཚན་མ་མེད་པ་སྟེ། ཏིང་ངེ་འཛིན་གསུམ་གྱི་སྤྱོད་ཡུལ་ལམ་དམིགས་པ་ནི་གོ་རིམ་བཞིན་དུ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་ཀུན་བཏགས་གང་ཟག་དང་ཆོས་ཀྱི་བདག་མེད་པ་རྣམ་པ་གཉིས་པོ་ལ་དམིགས་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་བདག་ཏུ་འཛིན་པའི་རྟེན་ནམ་འཁྲུལ་པའི་གནས་གཞན་དབང་ཉེར་ལེན་གྱི་ཕུང་པོ་ལྔ་སྨོན་པར་བྱ་བའི་གནས་མ་ཡིན་པ་དང་ནི། མཚན་མ་མེད་པའི་ཏིང་ངེ་འཛིན་ནི་ཀུན་བཏགས་གཞན་དབང་དེ་དག་རྟག་ཏུ་ཉེ་བར་ཞི་བ་ཡོངས་གྲུབ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ལ་དམིགས་ནས་འཇུག་པ་ཡིན་པར་ཤེས་པར་བྱའོ། །འཛིན་ཚུལ་གྱི་དབྱེ་བ་ནི། དེ་ནི་གཟུང་འཛིན་ངོ་བོའི་ཕྱིར། །རྣམ་པ་གསུམ་དུ་ཤེས་པར་བྱ། །རྣམ་པར་མི་རྟོག་རྒྱབ་ཀྱིས་ཕྱོགས། །རྟག་ཏུ་དགའ་དང་ལྡན་པའོ། །ཏིང་འཛིན་གསུམ་པོ་དེ་ནི་བདག་མེད་གཉིས་དང་ཉེར་ལེན་ཕུང་པོ་ལྔ་དང་དེ་དག་ཉེ་བར་ཞི་བ་གསུམ་ནི་གཟུང་བ་ཡུལ་གྱི་ངོ་བོ་དང༌། སྟོང་པ་ཉིད་དང་སྨོན་པ་མེད་པ་དང་མཚན་མ་མེད་པ་གསུམ་ནི་འཛིན་པ་ཡུལ་ཅན་གྱི་ངོ་བོ་ཡིན་པའི་ཕྱིར་ཡུལ་གསུམ་པོ་དེ་རྣམས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཡུལ་ཅན་ཏིང་ངེ་འཛིན་རྣམ་པ་གསུམ་དུ་ཤེས་པར་བྱ་ཞིང༌། དེ་དག་ཀྱང་རིམ་པ་བཞིན་དུ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་ཀུན་བཏགས་བདག་གཉིས་ཀྱིས་སྟོང་བར་རྟོགས་ནས་གང་ཟག་དང་ཆོས་ཀྱི་བདག་གཉིས་སུ་རྣམ་པར་མི་རྟོག་པ་དང༌། སྨོན་པ་མེད་པ་ནི་བདག་ཏུ་འཛིན་པའི་རྟེན་གཞན་དབང་ཉེར་ལེན་གྱི་ཕུང་པོ་སྡུག་བསྔལ་གྱི་རང་བཞིན་ལ་ཆགས་པ་མེད་པར་རྒྱབ་ཀྱིས་ཕྱོགས་ཏེ་མི་སྨོན་པ་དང༌། མཚན་མ་མེད་པ་ནི་དེ་དག་ཉེ་བར་ཞི་བ་ཡོངས་གྲུབ་ཆོས་ཀྱི་དབྱིངས་དྲི་མ་དང་བྲལ་བའི་མྱ་ངན་ལས་འདས་པ་ལ་དུས་རྟག་ཏུ་དགའ་བ་དང་མཚུངས་པར་ལྡན་པའོ། །དེ་དག་གི་དགོས་པ་ནི། ཡོངས་སུ་ཤེས་དང་སྤང་བ་དང༌། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྟོང་ཉིད་ལ་སོགས་ཏིང་འཛིན་རྣམས། །དོན་རྣམ་གསུམ་དུ་ཡོངས་སུ་བསྒྲགས། །ཞེས་ཀུན་ཏུ་བརྟགས་པའི་བདག་ཉིད་མེད་པར་ཡོ༷ངས་སུ༷་ཤེ༷ས་པར་བྱ་བ་ད༷ང༌། བདག་ཏུ་འཛིན་པའི་རྟེན་གཞན་དབང་ཉེར་ལེན་གྱི་ཕུང་པོ་སྤ༷ང་བར་བྱ་བ༷འི་ཕྱིར་ད༷ང༌། དེ་དག་ཉེ་བར་ཞི་བ་ཡོངས་གྲུབ་ཀྱི་ཆོས་ཀྱི་དབྱིངས་དྲི་མ་དང་བྲལ་བ་མངོ༷ན་སུ༷མ་དུ༷་ནི༷་བྱ༷་བ༷འི་ཕྱི༷ར་སྟོ༷ང་པ་ཉི༷ད་དང་ལ༷་སོ༷གས་པ་སྟེ་སྨོན་པ་མེད་པ་དང་མཚན་མ་མེད་པའི་ཏི༷ང་ངེ༷་འཛི༷ན་རྣམས་དོ༷ན་རྣ༷མ་པ་གསུ༷མ་པོ་འགྲུབ་པའི་ཆེད་དུ༷་ཡོ༷ངས་སུ༷་བསྒྲ༷གས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་མཛོད་ལྟར་ན་ཇི་སྐད་དུ། མཚན་མེད་ཞི་བའི་རྣམ་པ་ཅན། །སྟོང་ཉིད་བདག་མེད་སྟོང་ཉིད་དུ། །འཇུག་པའོ་སྨོན་པ་མེད་པ་ནི། །དེ་ལས་གཞན་བདེན་རྣམ་པ་དང༌། །ཞེས་པའི་དོན་ནི། མདོ་ལས། སྟོང་ཉིད་དང༌། མཚན་མེད་དང༌། སྨོན་མེད་ཀྱི་ཏིང་ངེ་འཛིན་གསུམ་གསུངས་ན། དེ་གང་ཞེ་ན། ཡུལ་མྱང་འདས་སམ་འགོག་བདེན་ནི་ཡུལ་ལྔ་དང་ཕོ་མོ་དང་འདུས་བྱས་ཀྱི་མཚན་ཉིད་གསུམ་མམ་བཞིའི་མཚན་མ་སྟེ་བཅུ་དང་བྲལ་བས་མཚན་མེད་ཡིན་ལ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ཡིན་པས་མཚན༷་མ་མེད༷་པའི་ཏིང་ངེ་འཛིན་ནི་མཚན་མ་ཐམས་ཅད་ཞི༷་བ་འགོག་བའི༷་རྣམ༷་པ༷་བཞི་དང་མཚུངས་པར་ལྡན་པ་དང༷༌། སྟོང༷་པ་ཉིད༷་ཀྱི་ཏིང་ངེ་འཛིན་ནི་སྟོང་བའམ་བདག༷་མེད༷་ལ་དམིགས་ནས་སྡུག་བསྔལ་གྱི་བདེན་པའི་བདག་མེད་པ་དང་སྟོང༷་པ་ཉིད༷་དུ༷་འཇུག༷་པའི་རྣམ་པ་ཉིད་དང་མཚུངས་པར་ལྡན་པ༷འོ༷། །སྨོན༷་པ༷་མེད༷་པ༷འི་ཏིང་ངེ་འཛིན་ནི༷་ཡུལ་སྨོན་བྱ་མ་ཡིན་པའི་འདུས་བྱས་ལ་དམིགས་ནས་ཡིད་འབྱུང་པའི་རྣམ་པ་ཅན་ཡིན་ལ། སྟོང་པ་དང་བདག་མེད་པས་ཀྱང་སྡུག་བསྔལ་གྱི་བདེན་པ་ལ་སྟོང་པ་དང་བདག་མེད་ཀྱིས་རྣམ་པར་དམིགས་མེད་ཀྱི་དེ་གཉིས་ནི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཡིན་པས་མྱང་འདས་ཀྱི་མཚན་ཉིད་ཀྱང་ཡིན་ན། དེ་དག་གིས་མྱང་འདས་ལས་ཡིད་མི་འབྱུང་བ་ལྟར་སྡུག་བསྔལ་ལས་ཀྱང་ཡིད་མི་འབྱུང་ལ་འགོག་བདེན་གྱིས་ཀྱང་ཡིད་མི་འབྱུང་གི མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་གཉིས་དང་ཀུན་འབྱུང་གི་བདེན་པ་དང་དེ་དག་མ་ཟད་ལམ་གྱི་བདེན་པའང་རེ་ཞིག་བླང་བྱ་ཡིན་ཡང་འདུས་བྱས་ཡིན་པས་ཆུར་བརྒལ་བའི་གཟིངས་ལྟར་ལྷག་མེད་དུ་འཇུག་པ་ན། ངེས་པར་འདོད་པས་སྤང་བྱར་གསུངས་པས་སྡུག་བསྔལ་གྱི་བདེན་པའི་རྣམ་པ་ཕྱི་མ་གཉིས་དང༌། འགོག་བདེན་གྱི་རྣམ་པ་བཞི་སྟེ་དྲུག་པོ་དེ༷་དག་ལས༷་གཞན༷་པ་སྡུག་བསྔལ་གྱི་བདེན༷་པའི་རྣམ༷་པ་དང་པོ་གཉིས་དང༌། ཀུན་འབྱུང་དང་ལམ་གྱི་བདེན་པའི་རྣམ་པ་བརྒྱད་དེ་རྣམ་པ༷་བཅུ་དང༷་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ནི་སྨོན་མེད་ཀྱི་ཏིང་ངེ་འཛིན་ནོ། །གནོད་འཇོམས་སྐབས་སུ། ཀུན་བརྟགས་པ་རྣམས་མཚན་ཉིད་མེད་པར་མཐོང་བ་ནི་སྟོང་བ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། ། ཡོངས་སུ་གྲུབ་པ་ལ་ཞི་བའི་མཚན་ཉིད་དུ་མཐོང་བ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཏོ། །གཞན་གྱི་དབང་ལ་མི་མཐུན་པར་མཐོང་བ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །ཞེས་པ་ལྟར་མདོ་ལུགས་མ་ལས། རྣམ་པར་ཐར་པའི་སྒོ་གསུམ་ནི། ཀུན་བཏགས་པའི་ཆོས་ཐམས་ཅད་རང་གི་མཚན་ཉིད་མེད་པའི་ཕྱིར་ཡོངས་སུ་གྲུབ་པ་སྟོང་པ་ཉིད་དུ་སོ་སོར་རྟོག་པའི་རྩེ་གཅིག་ཏུ་གནས་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །ཡོངས་སུ་གྲུབ་པའི་ཆོས་ཐམས་ཅད་སྤྲོས་པའི་མཚན་མ་མེད་པར་སོ་སོར་རྟོག་པའི་སེམས་རྩེ་གཅིག་ཏུ་གནས་པ་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་ཏོ། །ཆོས་ཉིད་རང་བཞིན་གྱིས་དག་པ་ལ་བསོད་ནམས་དང༌། བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་ལས་འདུ་བྱེད་པ་མེད་པར་སོ་སོར་རྟོག་པའི་སེམས་པ་རྩེ་གཅིག་པ་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་ཀུན་བཏགས་པ་རྣམས་མཚན་ཉིད་མེད་པར་མཐོང་བ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །ཡོངས་སུ་གྲུབ་པ་ལ་ཞི་བའི་མཚན་ཉིད་དུ་མཐོང་བ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཏོ། །ཞེས་གསུངས་སོ། །རྒྱུ་འབྲས་ངོ་བོ་གསུམ་ལ་སྦྱར་བ་དང་བྱ་བྱེད་ལས་གསུམ་ལ་སྦྱར་བ་ཡོད་དེ། མཐོང་ལམ་ཕྱིར་མི་ལྡོག་པའི་སྐབས་སུ་ཉ་ཊཱིཀ་ལས། ཆོས་ཐམས་ཅད་དོན་དམ་པར་ངོ་བོ་རྒྱུ་འབྲས་ཀྱིས་སྟོང་བའི་རྣམ་ཐར་སྒོ་གསུམ་གྱི་ངོ་བོ་སྟེ་སྟོང་ཉིད་མཚན་མེད་སྨོན་མེད་ཡིན་པས། ཞེས་དང༌། འཕགས་པ་ཡུལ་འཁོར་སྐྱོང་གི་ཞུས་པའི་མདོ་ལས། སྟོང་བ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་པས། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་གྱིས། །རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། །ཅེས་སོགས་རྣམ་ཐར་སྒོ་གསུམ་བཤད་ཚུལ་མང་ངོ༌། །གཏན་ལ་དབབ་པ་བསྡུ་བ་ལས། གང་དུ་སྟོང་བ་ཉིད་དང་སྨོན་པ་མེད་པ་དང༌། མཚན་མ་མེད་པ་བྱེ་བྲག་མེད་པར་གསུངས་པ་དེར་ནི་དེ་དག་ཐོས་པ་དང་བསམ་པ་དང་སྒོམ་པ་ལས་བྱུང་བ་ཉིད་ཡིན་པར་བལྟ་བར་བྱའོ། །གང་དུ་དེ་དག་ཏིང་ངེ་འཛིན་གྱི་སྒྲ་ཁོ་ནར་གསུངས་པ་དེར་ནི་དེ་དག་བསྒོམས་པ་ལས་བྱུང་བ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཉིད་ཡིན་པར་བལྟ་བར་བྱའོ། །གང་དུ་དེ་དག་རྣམ་པར་ཐར་བའི་སྒོའི་སྒྲར་གསུངས་པ་དེར་ནི་དེ་དག་འཇིག་རྟེན་ལས་འདས་པ་ཉིད་ཡིན་པར་བལྟ་བརབྱའོ། །ཞེས་ཏིང་ངེ་འཛིན་དང་རྣམ་ཐར་གྱི་སྒྲ་སྦྱར་མ་སྦྱར་གྱི་ཁྱད་ཡོད་པར་བཤད་དོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཉ་ཊཱིཀ་ལས། མདོ་བསྟན་བཅོས་གཞན་གྱི་ལུགས་དང༌། མདོ་དང་བསྟན་བཅོས་འདིའི་ལུགས་གཉིས་སོ། །ཞེས་སོགས་ཀྱིས་མདོ་སྡེ་རྒྱན་གྱི་བཤད་ཚུལ་དེ། མདོ་བསྟན་བཅོས་གཞན་གྱི་ལུགས་ཡིན་པའི་རྒྱུ་མཚན་དང༌།འགྲེལ་བ་དོན་གསལ་ལས་བཤད་ཚུལ་དང་ཡུམ་གསུམ་གནོད་འཇོམས་ལས་བཤད་པ་དེ་མདོ་བསྟན་བཅོས་འདིའི་ལུགས་ཡིན་པའི་རྒྱུ་མཚན་གང་ཡིན་དང་རྒྱན་དང་གནོད་འཇོམས་གཉིས་ཀར་མཚན་ཉིད་གསུམ་ལ་སྦྱར་བ་ཙམ་འདྲ་བ་ཡིན་མིན་སོགས་སྐབས་འདིའི་བཤད་བྱ་རྩ་བའི་མདོ་དང་ཡུམ་གསུམ་གནོད་འཇོམས་སོགས་ལ་ལྟ་ནས་དཔྱད་པར་བྱའོ། །ཡང་ཉ་ཊཱིཀ་ལས། ཡུལ་རྣམ་ཐར་སྒོ་གསུམ་ཞེས་གསུང་བ་ནི་ཤིན་ཏུ་ནོར་ཏེ། ཉེར་ལེན་ཕུང་བོ་རྣམ་པར་ཐར་བའི་སྒོར་ཅི་ལྟར་རིགས། འགྲེལ་བ་གང་ལས་བཤད། ཅེས་གསུངས་པ་ལ་ཡུལ་དེ་ལ་ཡུལ་ཅན་གྱི་མིང་གིས་བཏགས་མི་རིགས་པའི་རྒྱུ་མཚན་ཡོད་མེད་དཔྱད། ཡང་ཉ་ཊཱིཀ་ལས། རྣམ་པར་ཐར་བའི་སྒོ་གསུམ་སྟེ། མྱ་ངན་ལས་འདའ་བར་འགྱུར་ཞིང་འཁོར་བ་ལས་ཐར་བའི་སྒོ་ཡིན་པས་རྣམ་པར་ཐར་བའི་སྒོ་ཞེས་སྒྲ་སྦྱོར་བམ་གཉིས་ལས་སོ། །ཞེས་རྣམ་པར་ཐར་བའི་སྒོ་དུ་མ་གསུང་བ་མི་འཐད་པར་ཐལ། དབུ་མ་བཞི་བརྒྱ་བ་ལས། ཞི་སྒོ་གཉིས་པ་མེད་པ་དང༌། ཞེས་གསུངས་པའི་ཕྱིར་ཟེར་ན་རྣམ་ཐར་གྱི་སྒོ་ཡིན་པའི་ཚད་ལ་དཔྱད། ཡང་ཉ་ཊཱིཀ་ལས། རྣམ་པར་ཐར་བའི་སྟོང་ཉིད་ཀྱི་ཏིང་ངེ་འཛིན་ཡིན་ཏེ། དེ་ལྟར་གྱི་བྱང་འཕགས་ཀྱི་ཏིང་ངེ་འཛིན་ཡིན་པས་སོ། །ཞེས་སོགས་ཀྱིས་བྱང་འཕགས་ཀྱི་ཏིང་ངེ་འཛིན་ལ་སྦྱར་བའི་རྒྱུ་མཚན་ལ་དཔྱད། ཡང་ཉ་ཊཱིཀ་ལས། གཏན་ལ་དབབ་པ་བསྡུ་བར། སྟོང་ཉིད་མཚན་མེད་སྨོན་མེད་ཅེས་པ་ཙམ་གསུངས་པ་ནི་ཐོས་བསམ་སྒོམ་པ་གང་རུང་གིས་ཤེས་པ་དང༌། སྟོང་ཉིད་ཀྱི་ཏིང་ངེ་འཛིན་ཞེས་སོགས་ཀྱིས་གསུངས་པ་ནི་སྒོམ་བྱུང་འཇིག་རྟེན་འདས་མ་འདས་གང་རུང་ཁོ་ནས་ཤེས་པ་དང༌། རྣམ་ཐར་གྱི་སྒྲས་གསུངས་པ་ནི་སྒོམ་བྱུང་འདས་པ་ཁོ་ནར་བཤད་དོ། །ཞེས་པས་རྣམ་ཐར་ལ་འདས་ལམ་དགོས་མིན་དཔྱད་དོ། །

གཉིས་པ་སྤྲུལ་བའི་ལམ་གསུམ་བཤད་པ།

གཉིས་པ་སྤྲུལ་བའི་ལམ་གསུམ་བཤད་པ་ལ།

སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ནི། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར། སྡུག་པའི་རྣམ་ཐར་གསུམ་མོ། །དེ་ཡང་མངོན་པ་འོག་མ་ལྟར་ན་མཛོད་དུ། གཟུགས་མེད་ཅེས་བྱ་ཁམས་གསུམ་གྱི། །རྟེན་ཅན་ལྷག་མ་མི་ལས་སྐྱེས། །ཞེས་གཟུགས་མེད་ཀྱི་རྣམ་ཐར་ཁམས་གསུམ་ག་དང༌། དང་པོ་གསུམ་མིའི་རྟེན་ལ་སྐྱེ་བར་གསུངས་སོ། །ངོ་བོ་ནི། རྣམ་པར་ཐར་བརྒྱད་དང་པོ་གཉིས། །མི་སྡུག་བསམ་གཏན་གཉིས་ན་ཡོད། །གསུམ་པ་མཐའ་ན་དེ་མ་ཆགས། །གཟུགས་མེད་མཉམ་གཞག་དགེ་རྣམས་སོ། །ཞེས་རྣམ་ཐར་དང་པོ་གཉིས་ནི་མི་སྡུག་པའི་རྣམ་པ་ཅན་བསམ་གཏན་དང་པོ་གཉིས་ན་ཡོད་པ་དང༌། གསུམ་པ་ནི་བསམ་གཏན་བཞི་པ་ན་ཡོད་ཅིང་ངོ་བོ་མ་ཆགས་པ་ཡིན་པ་དང༌། གཟུགས་མེད་ཀྱི་རྣམ་ཐར་བཞི་ནི་དེའི་ས་བའི་མཉམ་གཞག་དགེ་བ་ཁོ་ན་ཡིན་པར་གསུངས་སོ། །མངོན་པ་གོང་མ་ལྟར་ན་རང་གི་བདག་རྐྱེན་དུ་གྱུར་བའི་རབ་མཐའི་བསམ་གཏན་ལ་བརྟེན་ནས་སྙོམས་འཇུག་གི་སྒྲིབ་པ་ཅི་རིགས་ལས་གྲོལ་ཞིང་སྤྲུལ་སྒྱུར་སྣ་ཚོགས་སྟོན་པར་ནུས་པས་རིགས་གནས་ཀྱི་སྙོམས་འཇུག་དེ། སྤྲུལ་བའི་ལམ་གྱི་མཚན་ཉིད། རྣམ་ཐར་བརྒྱད་ལས་གཟུགས་ཅན་གྱི་རྣམ་ཐར་གསུམ་ལ་སྤྲུལ་བའི་ལམ་ཞེས་གསུངས་ལ། དེ་གསུམ་ལས། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཇི་ལྟ་བུ་ཞེ་ན། དགོས་ཆེད་དམ་ངེས་ཚིག་ནི་ས་ལ་སོགས་པའི་དམིགས་པ་གསེར་ལ་སོགས་པའི་གཟུགས་སུ་སྤྲུལ་པ་དང་དབང་སྒྱུར་བར་བྱེད་པའི་སྒྲིབ་པ་ལས་རྣམ་པར་ཐར་བར་བྱ་བའི་ཕྱིར། །གནས་རབ་མཐའི་བསམ་གཏན་བཞི་པ་ལ་བརྟེན་ཏེ་ལྟ་བ་པོ་བདག་ལ་གཟུགས་སུ་འདུ་ཤེས་པ་དང་མ་བྲལ་བར་གཟུགས་ཀྱི་འདུ་ཤེས་ཉེ་བར་གཞག་པས་ཀྱང་རུང་སྟེ། དམིགས་ཡུལ་རང་བཞིན་པར་སྣང་བའི་གཟུགས་ཆེ་ཆུང་དང་བཟང་ངན་ལ་སོགས་པ་རྣམས་ལ། རྣམ་པ་ཆུང་ངུ་ལ་ཆེན་པོ་དང་ཆེན་པོ་ལ་ཆུང་ངུ་དང་མཛེས་པ་ལ་མི་མཛེས་པ་དང་མི་མཛེས་པ་ལ་མཛེས་པ་ལ་སོགས་གང་སྤྲུལ་འདོད་པར་མོས་པ་ལྟ་བའི་གནས་པ་ངོ་བོ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང༌། གྲོགས་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱིའི་གཟུགས་རྣམས་ལ་ལྟ་བ་ཇི་ལྟ་བུ་ཞེ་ན། ལྟ་བ་པོ་བདག་ལ་གཟུགས་སུ་འདུ་ཤེས་པ་དང་བྲལ་བའམ་མིན་ཡང་རབ་མཐའི་བསམ་གཏན་བཞི་བ་ལ་བརྟེན་ནས་རང་ལ་གཟུགས་མེད་ལ་མིང་བཞིའི་འདུ་ཤེས་ཉེ་བར་བཞག་པས་ཀྱང་རུང་སྟེ། དམིགས་ཡུལ་རང་བཞིན་པར་སྣང་བའི་གཟུགས་བཟང་ངན་ལ་སོགས་པ་རྣམས་ལ་རྣམ་པ་གང་སྤྲུལ་བར་འདོད་པར་མོས་པ་ལྟ་བའི་གནས་པ་ངོ་བོ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གྲོགས་མཚུངས་ལྡན་སོགས་སྔ་མ་བཞིན་ནོ། །སྡུག་པའི་རྣམ་པར་ཐར་བ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པ་ཇི་ལྟ་བུ་ཞེ་ན། དགོས་ཆེད་ནི་སྡུག་ཅིང་མཛེས་པ་དང་མི་སྡུག་ཅིང་མི་མཛེས་པ་ལ་སྤྲུལ་བར་འདོད་པའི་རྗེས་ཆགས་དང་སྤྲུལ་པར་མི་འདོད་པ་ལེ་ལོའི་ཀུན་ནས་ཉོན་མོངས་པ་འབྱུང་བའི་སྒྲིབ་པ་ལས་རྣམ་པར་ཐར་བར་བྱ་བའི་ཕྱིར་གནས་རབ་མཐའི་བསམ་གཏན་བཞི་པ་ལ་བརྟེན་ཏེ་དམིགས་པ་རང་གིས་སྡུག་པ་དང་མི་སྡུག་པའི་གཟུགས་སྤྲུལ་བ་རྣམས་ལ། རྣམ་པ་དཔེར་ན་དངུལ་བུམ་ནི་ཟངས་བུམ་ལ་ལྟོས་ནས་སྡུག་པ་དང་གསེར་བུམ་ལ་ལྟོས་ནས་མི་སྡུག་པ་ཡིན་གྱི་མ་ལྟོས་པར་རིགས་གཅིག་པ་ལ་སྡུག་མི་སྡུག་གི་བློ་མི་འབྱུང་ངོ་སྙམ་དུ་ཕན་ཚུན་ལྟོས་པའི་འདུ་ཤེས་དང༌། དེ་བཞིན་དུ་ཟངས་བུམ་ལ་ལྟོས་པའི་སྡུག་པ་ལ་གསེར་ལ་ལྟོས་པའི་མི་སྡུག་པ་ངོ་བོ་གཅིག་ཏུ་འབྲེལ་ཞིང་མི་སྡུག་པ་ལའང་སྡུག་པ་རྗེས་སུ་འབྲེལ་བའམ་སེམས་ཅན་ལ་སྡུག་པར་གྲགས་པའང་ལྤགས་པ་ཙམ་དུ་ཟད་དེ་དེའང་སྐྲ་ལ་སོགས་པའི་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གི་ནང་དུ་འདུས་པའི་ཕྱིར་སྡུག་མི་སྡུག་ནི་ཕན་ཚུན་རྗེས་སུ་འབྲེལ་བའོ་སྙམ་པའི་འདུ་ཤེས་དང༌། དེ་ལྟར་སྡུག་མི་སྡུག་གི་གཟུགས་ཐམས་ཅད་ཕན་ཚུན་བསྲེས་ཏེ་མདོ་ལས་སྡུག་པའོ་ཞེས་མོས་པར་འགྱུར་བ་ནི་གསུམ་པའོ་ཞེས་པ་ལྟར་ཐམས་ཅད་སྡུག་པ་ཉིད་དུ་རོ་གཅིག་པའི་འདུ་ཤེས་ཐོབ་ནས་དེ་དག་ལ་གནས་པ་ངོ་བོ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གྲོགས་མཚུངས་ལྡན་རྣམས་དང་བཅས་པ་སྔ་མ་བཞིན་ནོ། །དེ་ནི་ཀུན་བཏུས་ས་འགྲེལ་དང་ཉ་ཊཱིཀ་ལྟར་བཤད་པའོ། །ས་མཚམས་ནི། རབ་མཐའི་བསམ་གཏན་ཐོབ་པའི་སོ་སྐྱེ་ནས་སངས་རྒྱས་ཀྱི་སའི་བར་རོ། །དེ་ཡང་ཐེག་དམན་ཡིན་ན་ལུས་མངོན་བྱེད་དང་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་ཐེག་དམན་དགྲ་བཅོམ་པ་དང༌། ཐེག་ཆེན་གྱི་དབང་དུ་བྱས་ན་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་རོ། །སྐབས་འདིའི་རྣམ་མཁྱེན་གྱི་རྣམ་པའི་རྣམ་ཐར་གསུམ་ནི་སངས་རྒྱས་ཀྱི་ས་ལ་སྦྱར་དགོས་མོད་སྤྱིར་རྣམ་ཐར་གསུམ་ཤེས་པའི་ཆེད་དུ་འདིར་སྤྱིར་བཤད་པའོ། །གཞན་ལ་ཡང་ཤེས་པར་བྱའོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

རྣམ་ཐར་དང་པོ་གཉིས་བསམ་གཏན་བཞི་བ་ལ་བརྟེན་པ་མི་འཐད་པར་ཐལ། མདོ་ལུགས་མ་ལས། རྣམ་པར་ཐར་པ་བརྒྱད་ལ། དང་པོ་གཉིས་ནི་མི་སྡུག་པ་བསམ་གཏན་དང་པོ་གཉིས་པའི་རང་བཞིན་ནོ། །གསུམ་པ་ནི་བསམ་གཏན་བཞི་པའི་རང་བཞིན་ཆགས་པ་མེད་པའི་ངོ་བོ་ཉིད་དོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་མཛོད་ལྟར་རམ་ཉན་ཐོས་ལྟར་བཤད་པ་ཡིན་ཏེ། ཉ་ཊཱིཀ་ལས། ནང་གི་གཟུགས་ལ་དམིགས་པའི་ཕྱིར་གཟུགས་ཅན་ཞེས་བརྗོད་དོ། །ཕྱི་རོལ་གྱི་གཟུགས་ལ་དམིགས་པའི་ཕྱིར་གཟུགས་ལ་ལྟ་བ་ཞེས་བརྗོད་དོ། །ཞེས་གནོད་འཇོམས་དག་ལྡན་ནོ། །དེ་གཉིས་སུ། འདོད་པའི་ཁ་དོག་ལ་ཆགས་པའི་གཉེན་པོར་བསམ་གཏན་དང་པོ་ལ་འཇུགཅེས་ཉན་ཐོས་ལྟར་འཆད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མདོ་ལུགས་མ་ལས་བཤད་པ་དེ་གནོད་འཇོམས་ལྟར་བཤད་པ་ཡིན་པའི་ཕྱིར་ཟེར་ན། དེ་ཡང་མི་རིགས་པར་ཐལ། མཛོད་ལྟར་ན་རྣམ་ཐར་དང་པོ་བསམ་གཏན་དང་པོ་ཁོ་ན་དང་རྣམ་ཐར་གཉིས་པ་བསམ་གཏན་གཉིས་པ་ཁོ་ན་ལ་རྟེན་པ་ཡིན་པ་གང་ཞིག མདོ་ལུགས་མ་ལས་བཤད་པ་དེ་ལྟར་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཉ་ཊཱིཀ་ལས། ས་གང་ལ་རྟེན་ན། བསམ་གཏན་དང་པོ་ཁོ་ན་ལ་སྟེ། འདོད་པའི་ཁ་དོག་ལ་ཆགས་པའི་གཉེན་པོར་གྱུར་པའི་མི་སྡུག་པའི་རྣམ་པ་ཅན་གྱི་རྣམ་ཐར་ཡིན་པས་སོ། །ཞེས་དང༌། གཉིས་པ་ལའང་ཉན་ཐོས་ལྟར་ན། གང་ཟག་སྔར་བཞིན་དང༌། ས་ནི་བསམ་གཏན་དང་པོའི་ཁ་དོག་ལ་ཆགས་པའི་གཉེན་པོ་ཡིན་པས་བསམ་གཏན་གཉིས་པ་ཁོ་ནར་ཡོད་དེ། དང་པོ་གཉིས། མི་སྡུག་བསམ་གཏན་གཉིས་ན་ཡོད། །ཞེས་སོགས་ཞིབ་ཏུ་ཤེས་དགོས་སོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ།མདོ་ལུགས་མ་ལས། དེ་ལ་འདོད་པ་ན་སྤྱོད་པའི་ཁ་དོག་ལ་ཆགས་པའི་གཉེན་པོར་ནང་གི་སོགས་ལ་དམིགས་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ནས་དེའི་འོག་ཏུ་ཕྱི་རོལ་གྱི་རྣམ་པར་སྔོས་པ་ལ་སོགས་པ་ལ་དམིགས་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བའོ། །དེ་བཞིན་དུ་བསམ་གཏན་དང་པོའི་ས་པའི་ཁ་དོག་ལ་ཆགས་པའི་གཉེན་པོར་རིམ་པ་ལྟར་བསམ་གཏན་དང་པོ་དང་གཉིས་པ་ལ་སྙོམས་པར་འཇུག་པ་ཡང་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཡིན་ནོ། །ནང་གི་དབང་གི་གཟུགས་ཅན་ཕྱི་རོལ་གྱི་དབང་གིས་གཟུགས་རྣམས་ལ་ཞེས་བྱའོ། །ནང་གི་ལ་མ་དམིགས་པར་ཕྱི་རོལ་གྱི་རྣམ་པར་སྔོས་པ་སོགས་འབའ་ཞིག་ལ་དམིགས་ནས་སྔ་མ་བཞིན་དུ་འདོད་པ་དང་བསམ་གཏན་དང་པོའི་ས་པའི་ཁ་དོག་ལ་ཆགས་པའི་གཉེན་པོར་རིམ་པ་ལྟར་བསམ་གཏན་དང་པོ་དང་གཉིས་པ་ལ་སྙོམས་པར་འཇུག་པ་ནི་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། ། རྩ་བར་འདོད་མི་ནུས་ཏེ། མངོན་པ་ཀུན་བཏུས་ལས། ཡོན་ཏན་ལྷག་མ་རྣམས་ནི་ཉན་ཐོས་སམ་བྱང་ཆུབ་སེམས་དཔའའམ་དེ་བཞིན་གཤེགས་པ་ཡང་རུང་སྟེ་རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པ་ལ་བརྟེན་ནས་མངོན་པར་སྒྲུབ་པོ། །ཞེས་དང༌། དེའི་ས་འགྲེལ་ལས། གནས་བསམ་གཏན་བཞི་པ་ལ་བརྟེན་ཏེ། ཞེས་དང༌། ཉ་ཊཱིཀ་ལས། སེམས་ཡང་བསམ་གཏན་བཞི་བ་ལ་བརྟེན་ནོ། །ཞེས་དང༌། བདག་རྐྱེན་བསམ་གཏན་བཞི་བ་ལ་བརྟེན་ནས་ཞེས་འགོར་སྦྱར་ཏེ། ཞེས་གསུངས་སོ་ཞེ་ན་དཔྱད། ཡང་རྣམ་ཐར་དང་པོ་གཉིས་གཟུགས་མེད་ཀྱི་སྙོམས་འཇུག་ལ་བརྟེན་པ་ཡོད་པར་ཐལ། འགྲེལ་བར། གནས་གཟུགས་མེད་ཀྱི་སྙོམས་འཇུག་ལ་བརྟེན་པ། ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། འགྲེལ་བར་གཟུགས་མེད་ལ་བརྟེན་པར་ཡང་བཤད་པས། ཞེས་གསུངས་པའི་ཕྱིར་དང༌། དེ་ལ་མི་བརྟེན་པའི་རྒྱུ་མཚན་མེད་པའི་ཕྱིར་ཟེར་ན། དེ་མི་འཐད་པར་ཐལ། ཉ་ཊཱིཀ་ལས། བོད་རྣམས། གཟུགས་མེད་ཀྱི་སེམས་དང་བཞི་བ་གཉིས་ཀ་ལ་བརྟེན་དགོས་ཟེར་བ་ནི། འཁྲུལ་གཞི་ཨཱརྱ་དང་ཀུན་བཏུས་འགྲེལ་བར། གཟུགས་མེད་ལ་བརྟེན་ཞེས་པ་སྣང་ཡང་དེ་ལྟར་ངེས་པ་ཅན་དགོངས་པ་མིན་ཏེ། ཕྱིར་རམ་ཅེས་སོགས་གདམས་ཀ་ཅན་གཉིས་ཀས་སྨོས་པས་སོ། །གཟུགས་མེད་ཀྱི་སེམས་ཐོབ་ཀྱང་དེ་དུས་མངོན་དུ་མི་བྱེད་པར་ས་སྡེར་བཤད་དོ། །ཞེས་དང༌། སའི་དངོས་གཞི་ལས། གཟུགས་ཀྱི་འདོད་ཆགས་དང་ནི་བྲལ་ལ་གཟུགས་མེད་པའི་སྙོམས་པར་འཇུག་པ་ནི་མངོན་དུ་མི་བྱེད་ལ་དེའི་འདུ་ཤེས་དང་ནི་ལྡན་ཏེ། ཞེས་གསུངས་པའི་ཕྱིར། ཨཱརྱས་ཉི་སྣང་དང་ཀུན་བཏུས་འགྲེལ་བར་གདམས་ཀ་མཛད་པའི་དགོངས་པ་ནི། གཟུགས་མེད་ཀྱི་སྙོམས་འཇུག་ཐོབ་པས་སྒོམ་པ་ཡོད་པ་དང་ཕྱི་མ་ལ་གཟུགས་མེད་ཀྱི་སྙོམས་འཇུག་ཐོབ་ན་གཟུགས་ཀྱི་འདུ་ཤེས་གཞིག་སླ་བ་ལ་དགོངས་པ་ཡིན་པར་གསེར་ཕྲེང་ལས་གསུངས་པ་ལྟར་ཡིན་ནམ་དཔྱད། ཡང་མདོ་ལུགས་མ་ལས། སྙོམས་པར་འཇུག་པའི་སྐད་ཅིག་ལ་སྡུག་པ་སོགས་ཀྱི་རྟོག་པ་མེད་ཀྱང་སྔར་འཇུག་པའི་དབང་གིས་དེ་སྐད་བྱའོ། །ཞེས་པ་ལྟར་གྱི་རྟོག་པ་ཡོད་མེད་དཔྱད། ས་མཚམས་བྱང་འཕགས་ཀྱི་རྒྱུད་ལ་བཞག་དགོས་པར་ཐལ། ཉ་ཊཱིཀ་ལས། འདིར་ལམ་ཤེས་ཀྱི་རྣམ་པ་ཡིན་པས་ཐེག་ཆེན་འཕགས་པ་སློབ་པ་ལ་ཡོད་དེ། ཆོས་བཤེས་ཀྱིས། མཐོང་བ་དང་སྒོམ་པའི་ལམ་གྱི་མཚན་ཉིད། ཅེས་དང༌། འདིར་ནི་བྱང་འཕགས་ཀྱི་དེ་གཉིས་གཟུང་ངོ༌། །སོགས་བཤད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དེ་ནི་ཐེག་ཆེན་གྱི་དབང་དུ་བྱས་ན་ལམ་ཤེས་ལ་བྱང་འཕགས་ཀྱི་ལམ་གྱིས་ཁྱབ་པར་འདོད་པའི་ལུགས་དང་ཆོས་བཤེས་ཀྱི་རང་ལུགས་ཡིན་ནམ་སྙམ། རང་ལུགས་ལ་སོ་སྐྱེས་ཀྱི་རྒྱུད་ལ་བཞག་དགོས་ཏེ། བསྡུ་བར། དེ་ལ་འཕགས་པ་ནི་གཟུགས་ཀྱི་མཚན་མ་དང་དེ་བཞིན་ཉིད་ཡིད་ལ་བྱེད་པས་ཟིལ་གྱིས་མནན་ནས་ཤེས་ཤིང་ཟིལ་གྱིས་མནན་ནས་མཐོང་ངོ༌། །སོ་སོའི་སྐྱེ་བོས་ཇི་ལྟར་ཟིལ་གྱིས་གནོན་ཅེ་ན། སྨྲས་པ། འདུ་ཤེས་གཉིས་ཀྱིས་ཏེ་གཟུགས་སྡུག་པ་དང་མི་སྡུག་པ་གཅིག་ལ་གཅིག་ལྟོས་པའི་འདུ་ཤེས་དང་གཅིག་ལ་གཅིག་ལྟོས་པའི་ཕྱིར་གཅིག་ལ་གཅིག་འབྲེལ་བའི་འདུ་ཤེས་དང་གཅིག་ལ་གཅིག་འབྲེལ་བའི་ཕྱིར་གཟུགས་སྡུག་པ་དང་མི་སྡུག་པ་ལ་སྡུག་པར་རོ་གཅིག་པའི་འདུ་ཤེས་ཀྱིས་སོ། །དེ་ལྟར་སོ་སོའི་སྐྱེ་བོ་རྣམས་ཀྱི་ཟིལ་གྱིས་གནོན་པ་ཐ་མ་སྟེ་དེ་ནི་འཕགས་པ་རྣམས་དང་ཐུན་མོང་ཡང་ཡིན་ནོ་ཞེས་གསུངས་པས་སོ། །ཉ་ཊཱིཀ་ལས་རང་ལུགས་འཐད་ལྡན་གྱི་ས་མཚམས་བཤད་མ་བཤད་དཔྱད་པར་བྱའོ། །མདོ་ལུགས་མ་ལས། གཟུགས་མེད་ཀྱི་རྣམ་ཐར་བཞི་ནི་སྔར་བཤད་པ་དེ་ཉིད་དོ། །འདུ་ཤེས་དང་ཚོར་བ་འགག་པའི་སྙོམས་པར་འཇུག་པ་ནི་རྣམ་པར་ཐར་བ་བརྒྱད་དོ། །མཐར་གྱི་གནས་པའི་སྙོམས་པར་འཇུག་པ་དགུ་ནི་བསམ་གཏན་བཞི་གཟུགས་མེད་བཞི་འགོག་པའི་སྙོམས་འཇུག་གོ །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་མཐོང་ཆོས་ལ་བདེར་གནས་ཀྱི་ལམ་ལྔ།

གསུམ་པ་མཐོང་ཆོས་ལ་བདེར་གནས་ཀྱི་ལམ་ལྔ་ནི།

གཞན་དོན་གྱི་ཆེད་དུ་བྱ་བ་ཅན་རང་དོན་མཐོང་བའི་ཆོས་ཚེ་འདི་ལ་སེམས་སམ་ལུས་བདེ་བར་གནས་པའི་ལམ་ལ་གཟུགས་མེད་ཀྱི་རྣམ་ཐར་བཞི་དང་འགོག་པའི་རྣམ་ཐར་དང་གཉིས་ལས། དང་པོ་བཞི་ནི། ཐར་བ་འཕགས་པའི་ཟག་མེད་ཀྱི་བློ་དང་རང་རང་གི་རོ་མྱང་བ་ལས་གྲོལ་བར་མཐུན་པར་གནས་པའི་ལམ་གྱི་རང་བཞིན་ལ་གཟུགས་མེད་པའི་སྙོམས་པར་འཇུག་པའི་རྣམ་པར་ཐར་བ་བཞི་སྟེ། སྦྱོར་བའི་དུས་སུ་གཟུགས་མེད་ཞི་བའི་རྣམ་ཐར་ལ་ཆགས་ཤིང་རོ་མྱང་བའི་སྒྲིབ་པ་ལས་གྲོལ་བའི་ཕྱིར་དུ་བསྒོམས་པས་དེ་ལས་གྲོལ་བས་ཟག་མེད་དང་རྗེས་སུ་མཐུན་པ་ཡིན་ནོ། །

གཉིས་པ་འགོག་པའི་རྣམ་ཐར།

གཉིས་པ་འགོག་པའི་རྣམ་ཐར་ནི།

ཆགས་སོགས་སམ་སེམས་སེམས་བྱུང་རགས་པ་ཉེ་བར་ཞི་བར་གནས་པའི་ལམ་གྱི་རང་བཞིན་ལ་ཚོགས་བདུན་འཁོར་གྱི་འདུ་ཤེས་དང་ཚོར་བའི་སྒྲིབ་པ་འགོག་པས་བདུན་འཁོར་བཅས་བཀག་པར་འགྱུར་པའི་འགོག་པའི་རྣམ་པར་ཐར་བ་སྟེ་སྦྱོར་བའི་དུས་དེ་འདྲ་དེ་འགོག་པའི་སྒྲིབ་པ་ལས་ཐར་བའི་ཕྱིར་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་རྣམ་ཐར་ལ་བརྟེན་ཏེ་ཕྱིས་དེ་ལ་གནས་པ་ལས་འདས་ནས་ཐར་བ་དང་མཐུན་པར་གནས་པ་ཚོགས་བདུན་འཁོར་བཅས་འགོག་པའི་རྣམ་ཐར་གྱི་རྣམ་པ་གཅིག་སྟེ་དེ་ལྟར་ན་མཐོང་ཆོས་བདེ་བར་གནས་པའི་ལམ་མམ་རྣམ་ཐར་ལྔའོ། ། སྔ་མ་གསུམ་དང་བསྡོམས་པས་རྣམ་པར་ཐར་བ་བརྒྱད་དོ། །འདི་དང་འགོག་སྙོམས་ཀྱི་ཁྱད་ནི་འདི་དེའི་སྒྲིབ་པ་ལས་གྲོལ་བའི་ཆ་ལ་བཞག འགོག་སྙོམས་ནི་དེ་གཉིས་བཀག་པ་ལ་ཞུགས་པའི་ཆ་སྟེ་དོན་གཅིག་ཅེས་ཉ་ཊཱིཀ་ལས་གསུངས་སོ། །སེ་ར་རྗེ་བཙུན་པ་སོགས་ཀྱིས་དེ་གཉིས་དོན་མི་གཅིག་པར་བཤད་དོ། །འགོག་སྙོམས་ཀྱི་དེ་གཉིས་དོན་གཅིག་ཀྱང་གཟུགས་མེད་ཀྱི་རྣམ་ཐར་དང་གཟུགས་མེད་ཀྱི་སྙོམས་འཇུག་ཁྱད་ཡོད་དེ། ཉ་ཊཱིཀ་ལས། སྤྱིར་རྣམ་ཐར་དུ་སྨོས་པའི་གཟུགས་མེད་བཞི་དང༌། གཟུགས་མེད་ཀྱི་སྙོམས་འཇུག་བཞིའི་ཁྱད་ནི། སྔ་མ་རྣམ་གྲོལ་ལམ་དག་པ་ཁོ་ན་དང༌། ཕྱི་མ་ལ་བར་ཆད་མེད་ལམ་དང་ཉོན་མོངས་ཅན་ཡང་ཡོད་དོ། །ཞེས་གསུངས་པའི་ཕྱིར། ཉོན་མོངས་ཅན་ཡོད་མེད་དཔྱད། སྤྱིར་ལུས་ཀྱི་འབྱུང་བ་ཆེན་པོའམ་སེམས་སེམས་བྱུང་དམིགས་པ་ལ་ཆ་མཉམ་དུ་བྱེད་པས་སྙོམས་འཇུག་དང༌། རང་སའི་ཀུན་དཀྲིས་ལས་ཐར་ཞིང་དེ་དང་མ་འདྲེས་པའི་ཆ་ནས་རྣམ་ཐར་འཇོག་པའོ། ། བཞི་བ་འཇིག་རྟེན་ལས་འདས་པའི་ལམ་ལ་མཐར་གནས་སྙོམས་འཇུག་དགུའོ། །འཇིག་རྟེན་ལས་འདས་པའི་ལམ་ཡིན་པའི་སྙོམས་འཇུག་དགུ་བོ་ཉིད་འདིར་གཟུང་ངོ༌། །ཐ་མ་གཉིས་ཡིན་པའི་འདས་ལམ་མི་སྲིད་དམ་སྙམ་ན་སངས་རྒྱས་སར་སྙོམས་འཇུག་དགུ་བཤད་ཅིང༌། སེང་གེ་རྣམ་བསྒྱིངས་ཀྱི་མཐོང་ལམ་རྩེ་མོ་ལའང་དགུ་བཤད་ལ། དེ་ཟག་བཅས་ཞེས་ནི་མི་རུང་སྟེ་བརྗོད་པར་བྱེད་པའི་ལུང་མེད་པའི་ཕྱིར་རོ། །ཁྱད་པར་འགོག་སྙོམས་ཀྱི་རྒྱུ་མཚན་འོག་ཏུ་འཆད་དོ། །དགུ་གང་ཞེ་ན། བསམ་གཏན་བཞི་དང་གཟུགས་མེད་བཞི་སྟེ་ངོ་བོ་ཙམ་སྔར་བཤད་ཟིན་ཅིང་འདས་ལམ་ཡིན་པའི་བརྒྱད་དོ། །སྤྱིར་རྣམ་ཐར་དུ་སྨོས་པའི་གཟུགས་མེད་བཞི་དང༌། གཟུགས་མེད་ཀྱི་སྙོམས་འཇུག་བཞིའི་ཁྱད་ནི།སྔ་མ་རྣམ་གྲོལ་ལམ་དག་པ་ཁོ་ན་དང༌། ཕྱི་མ་ལ་བར་ཆད་མེད་ལམ་དང་ཉོན་མོངས་ཅན་ཡང་ཡོད་དོ། །ཞེས་ཉ་ཊཱིཀ་ལས་གསུངས་སོ། ། འགོག་པའི་སྙོམས་པར་འཇུག་པ་བཤད་པ་ལ། གང་ཟག་གང་གིས་སྙོམས་པར་འཇུག་པ་བཤད་པ། སེམས་གང་ལས། ཡིད་བྱེད་གང་གིས། དགག་བྱ་གང་འགོག ངོ་བོ། དུས་ཇི་སྲིད་དུ། རྟེན་གང་གིས་སྙོམས་པར་འཇུག་པ་བཤད་པ་དང་བདུན། དང་པོ་ནི། མཛོད་ལྟར་ན། ཕྱིར་མི་འོང་ལུས་མངོན་བྱེད་དམ་དགྲ་བཅོམ་གཉིས་ཀའི་ཆ་ལས་རྣམ་གྲོལ་ཀྱིས་ཏེ། མཛོད་དུ། འགོག་པ་ཐོབ་པའི་ཕྱིར་མི་འོང༌། །ལུས་ཀྱིས་མངོན་སུམ་བྱེད་པར་འདོད། །ཅེས་དང༌། འགོག་ཐོབ་གཉིས་ཀ་ལས་རྣམ་གྲོལ། །ཞེས་སོ། །སོ་སྐྱེ་རྒྱུན་ཞུགས་ཕྱིར་འོང༌། སྲིད་རྩེའི་སེམས་མ་ཐོབ་པའི་ཕྱིར་མི་འོང༌། དགྲ་བཅོམ་ཤེས་རབ་ཀྱིས་རྣམ་གྲོལ་རྣམས་ཀྱིས་འཇུག་མི་ནུས་ཏེ། སྲིད་རྩེའི་སེམས་དང་འཕགས་ལམ་ཚོགས་པ་མེད་པས་སོ། །ཐེག་ཆེན་ལྟར་ན། ཐེག་ཆེན་འཕགས་པའི་གང་ཟག་ཅི་རིགས་ཀྱིས་འཇུག་སྟེ་མཐོང་ལམ་ནའང་རྣམ་ཐར་བརྒྱད་ཡོད་པར་རྩེ་སྦྱོར་དུ་བཤད་དོ། །འོ་ན་ས་བཅུ་བར། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ས་དྲུག་པ་ཡན་ཆད་འགོག་པ་ལ་སྙོམས་པར་འཇུག་ལ་ས་བདུན་པ་ལ་ནི་སེམས་ཀྱི་སྐད་ཅིག་གཅིག་ལ་འཇུག་སྟེ་འགོག་པ་མངོན་དུ་བྱས་པ་ཞེས་ནི་མི་བྱའོ། །ཞེས་པ་དང་འགལ་ཞེ་ན། དེ་ནི་སྤྲོས་པ་ཐམས་ཅད་བཀག་པའི་དེ་བཞིན་ཉིད་ལ་འབད་པ་ཆུང་ངུས་འཇུག་མི་འཇུག་གི་དབང་དུ་བྱས་པས་མི་འགལ་ལོ། །ཐུབ་དགོངས་ཀྱི་དོན་ནོ། །ཞེས་ཉ་ཊཱིཀ་ལས་གསུངས་མོད་ས་བདུན་པར་འབད་པ་ཆུང་ངུས་དེ་ལ་འཇུག་ནུས་མི་ནུས་དཔྱད་པར་བྱའོ། །

གཉིས་པ་སེམས་གང་གིས་སྙོམས་པར་འཇུག་པ་བཤད་པ།

གཉིས་པ་སེམས་གང་གིས་སྙོམས་པར་འཇུག་པ་བཤད་པ་ནི།

ཆོས་མངོན་པ་བ་དག་གི་ལུགས་ཀྱིས་སྲིད་རྩེའི་སེམས་ཤིན་ཏུ་ཕྲ་བས་དེ་དགག་སླ་བས་དང་པོ་དེ་ལ་བརྟེན་ནས་འཇུག་སྟེ། མཛོད་དུ།ཕྲ་བས་ཕྲ་བའི་མཇུག་ཐོགས་སུ། །ཞེས་སོ། །ཐེག་ཆེན་ལྟར་ན།དེ་ལྟར་ཡང་དང་པོ་སྲིད་ལ་ཕྱིས་འདོད་སེམས་ལས་འཇུག་སྟེ། ཐོད་རྒལ་གྱི་མདོ་ལས་དེ་ལས་ལངས་ནས་འགོག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་ཡང་བསམ་གཏན་དང་པོ་ལའོ། །དེ་ལས་ལངས་ནས་འགོག་པ་ལའོ། །དེ་ལས་ལངས་ནས་བསམ་གཏན་གཉིས་པའོ། །ཞེས་པའི་ཚུལ་གྱིས་འགོག་པ་དང་སྤེལ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་དུ་སྙོམས་པར་འཇུག་པར་གསུངས་པས་སོ། །ཁམས་ནི། བསྡུ་བར། སྐྱེ་བ་ལས་ནི་ཀུན་གཞིའི་རྣམ་ཤེས་རྣམ་པར་མ་བཞག་ན་དང་པོ་འདིར་བསྐྱེད་ཅིང༌། དེའི་འོག་ཏུ་གཟུགས་ཀྱི་ཁམས་སུ་མངོན་དུ་བྱེད་ཅིང༌། མངོན་དུ་བྱེད་པ་དེ་ནི་གཟུགས་ལ་རག་ལས་པའི་ཕྱིར་རོ། །ཀུན་གཞིའི་རྣམ་ཤེས་རྣམ་པར་བཞག་པ་ན་མངོན་དུ་བྱེད་པ་ཐམས་ཅད་དུ་འགྲོ་བར་བལྟ་བར་བྱའོ། །ཞེས་གསུངས་པ་ལྟར་སྔར་མ་ཐོབ་པ་མིའི་ནང་དུ་བསྐྱེད་ཅིང༌། ཐོབ་ཟིན་ནས་ཁམས་གསུམ་པོ་ཅི་རིགས་པར་མངོན་དུ་བྱེད་དེ། འདིར་གཟུགས་མེད་དུ་མངོན་དུ་མི་བྱེད་པར་གསུངས་པ་ནི་ཀུན་གཞི་ཁས་མི་ལེན་པ་ཉན་ཐོས་སྡེ་པ་དང་སྒོ་བསྟུན་པའོ། །ཞེས་ཀུན་བཏུས་ས་འགྲེལ་ལས་བཤད་དོ། །

གསུམ་པ་ཡིད་བྱེད་གང་གིས་སྙོམས་པར་འཇུག་པ་བཤད་པ།

གསུམ་པ་ཡིད་བྱེད་གང་གིས་སྙོམས་པར་འཇུག་པ་བཤད་པ་ནི།

ཚོགས་དྲུག་གམ་བདུན་གྱི་འཁོར་གྱི་ཁ་ཕྱིར་བལྟས་པའི་ཚོར་འདུ་ཞི་ནས་བདེ་བར་འདོད་པའི་ཡིད་ལ་བྱེད་པས་སོ། །ཁྱད་པར་བྱང་སེམས་རང་གིས་ཤེས་ནས་གཞན་ལ་བསླབ་པའི་ཕྱིར་དང༌། སངས་རྒྱས་ནི་ཐོབ་པའི་ཡོན་ཏན་མངོན་དུ་བྱེད་པའོ། །མདོ་ལས། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་དྲུག་པ་ཡན་ཆད་འགོག་པ་ལ་སྙོམས་པར་འཇུག་ཅིང༌། ས་བདུན་པ་ལ་སེམས་ཀྱིས་སྐད་ཅིག་ལ་འགོག་པ་ལ་འཇུག་ཅིང་ལྡངས་ཏེ་འགོག་པ་མངོན་དུ་བྱས་པ་ཞེས་ནི་མི་བྱའོ། །ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཏིང་ངེ་འཛིན་གྱི་རྩལ་སྦྱོང་བ་ལ་སོགས་པའི་ཆེད་དུ་སྙོམས་པར་འཇུག་ལ། གཞན་སྣང་དུ་རྫོགས་པའི་སངས་རྒྱས་ཀྱང་སྙོམས་པར་འཇུག་པ་དང་བཞེངས་པའི་རྣམ་པར་སྟོན་པའོ། །ཞེས་ཀུན་བཏུས་ས་འགྲེལ་ལས་བཤད་དོ། །

བཞི་བ་དགག་བྱ་གང་འགོག་པ་བཤད་པ།

བཞི་བ་དགག་བྱ་གང་འགོག་པ་བཤད་པ་ནི།

ཉན་ཐོས་པ་ནི། སེམས་སེམས་བྱུང་ཐམས་ཅད་བཀག་པས་རིག་པ་ཡེ་མེད་དུ་འདོད་ལ། ལྡང་བ་ནི་འདི་ཙམ་ན་ལྡང་ཞེས་འཕེན་པའི་སྟོབས་ཀྱིས་ལྡང་ཞིང་ལྡང་སེམས་ཀྱི་དེ་མ་ཐག་རྐྱེན་ནི་འཇུག་ཁའི་སེམས་སོ་ཟེར་རོ། །མངོན་པ་གོང་མར།ཀུན་གཞི་འཁོར་བཅས་མ་གཏོགས་སེམས་སེམས་བྱུང་ཐམས་ཅད་འགོག་པར་བཤད་དེ། སེམས་དང་སེམས་ལས་བྱུང་བ་བརྟན་པ་མ་ཡིན་པ་༼ཚོགས་དྲུག་འཁོར་བཅས་སོ། །༽རྣམས་དང་བརྟན་པ་༼ཉོན་ཡིད་འཁོར་བཅས་༽དེ་དག་ལས་ཀྱང་ཁ་ཅིག་འགོག་པའོ། །ཞེས་སོ། ། ཀུན་བཏུས་ས་འགྲེལ་ལས། ཀུན་གཞིའི་རྣམ་ཤེས་མེད་ན། སྙོམས་འཇུག་གཉིས་ལ་བཞུགས་པའི་གང་ཟག་གི་རྣམ་པར་ཤེས་པ་ཐམས་ཅད་ལུས་ལས་འདས་པར་འགྱུར་ཏེ། གཉི་གས་ཚོགས་དྲུག་ནི་བཀག་ཅིང༌། ཁ་ཅིག་ཉོན་ཡིད་ཀྱང་མེད་པར་འདོད་ལ། ཡོད་ཀྱང་འགོག་པའི་སྙོམས་འཇུག་ཏུ་བཀག་ཕྱིར་རོ། །དེ་ལྟར་ན་ནི་ཤི་འཕོས་པར་འགྱུར་ཏེ། རྣམ་ཤེས་ཐམས་ཅད་ལུས་ལས་འདས་པའི་ཕྱིར་རོ། །འདོད་པར་མི་ནུས་ཏེ། བཅོམ་ལྡན་འདས་ཀྱིས། དྲོད་དང་མ་བྲལ་ཞིང་སྲོག་གི་དབང་པོ་དང་མ་བྲལ་བས།དེའི་རྣམ་པར་ཤེས་པ་ལུས་དང་མ་བྲལ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་གསུངས་སོ། །མངོན་པ་གོང་མར་ཀུན་གཞི་ལས་རིག་པ་མེད་པར་བཤད་པ་རང་ལུགས་ལ་འཐད་དམ་མི་འཐད་འཐད་ན་འགོག་སྙོམས་པའི་རྒྱུད་ལ་ཀུན་གཞི་རྣམ་ཤེས་ལས་གཞན་པའི་གཞན་བྱུང་གི་ཤེས་པ་ཡོད་མེད་དཔྱད། ཀུན་གཞིའི་རྣམ་ཤེས་ཡོད་པས་སེམས་ལྡན་ཏེ། མཆོད་སྦྱིན་མའི་མདོར། དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་དེའི་རྣམ་པར་ཤེས་པ་ལུས་ལས་འདས་པ་ལགས་སམ་ལུས་དང་མ་བྲལ་བ་ལགས་ཞེས་ཞུས་པས་དེའི་རྣམ་པར་ཤེས་པ་ལུས་དང་མ་བྲལ་བའོ། །ཞེས་སོ། །མདོ་འདི་ཚད་མར་བྱས་ནས་གནས་བརྟན་པའི་སྡེ་བ་དང་བཙུན་པ་དབྱིག་བཤེས་ཡང་སེམས་ལྡན་དུ་འདོད་པར་བཤད་དོ། །

ལྔ་བ་ངོ་བོ་བཤད་པ་ནི།

འདས་ལམ་ལ་བརྟེན་ནས་སེམས་སེམས་བྱུང་རགས་པ་ཉེ་བར་ཞི་བར་གནས་པའི་ལམ་གྱི་རང་བཞིན་ལ་ཚོགས་བདུན་འཁོར་གྱི་འདུ་ཤེས་དང་ཚོར་བའི་སྒྲིབ་པ་འགོག་པས་བདུན་འཁོར་བཅས་བཀག་པར་འགྱུར་བའི་རིགས་གནས་ཀྱི་སྙོམས་འཇུག་དེ། འགོག་པའི་སྙོམས་འཇུག་གི་མཚན་ཉིད་ཡིན་ཏེ། ཀུན་བཏུས་ལས།འགོག་པའི་སྙོམས་པར་འཇུག་པ་ནི་འཇིག་རྟེན་ལས་འདས་པ་སྟེ། ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། འགོག་པ་ཞེས་པ་སྙོམས་འཇུག་གི་སེམས་ཀྱིས། ཀུན་གཞིའི་གནས་སྐབས་ལ་ཚོགས་བདུན་འཁོར་དང་བཅས་པ་སྐྱེ་བའི་ས་བོན་ལ་གནོད་པ་བྱས་པ་སྟེ། དུས་ཇི་སྲིད་འདོད་ཀྱི་བར་དུ་ཚོགས་བདུན་མི་འབྱུང་བར་འགོག་པའོ། ། ཞེས་གསུངས་ལ། ཉ་ཊཱིཀ་ལས། མཛོད་དུ་རིག་པ་ཡེ་མེད་ལུས་ཀྱི་གནས་སྐབས་ལྡན་མིན་འདུ་བྱེད་དུ་བཤད་དོ། །ཀུན་བཏུས་སུ། ངོ་བོ་ཉེ་བར་ཞི་བའི་དགེ་བ་ཞིག་ཏུ་བཤད་ཅིང་ངོས་འཛིན་མི་སྣང་ངོ༌། །འདིར་རྒྱ་བོད་ཕལ་ཆེར། ཉན་ཐོས་དང་ཆ་མཐུན་པར་ཀུན་གཞི་འཁོར་བཅས་མིན་པ་རིག་པ་མེད་པར་འཆད་པ་ནི་ནོར་ཏེ། སངས་རྒྱས་ཀྱི་འགོག་སྙོམས་ཡང་རིག་པ་མེད་དམ་ཅི།ཐེག་ཆེན་ཐུན་མོང་མིན་པ་ལྟར་ན། ཏིང་ངེ་འཛིན་ཁྱད་པར་ཅན་ཞིག་སྟེ། སའི་སྙིང་བོ་འཁོར་ལོ་བཅུ་བ་ལས། བྱང་པ་རྣམས་འགོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། ཏིང་ངེ་འཛིན་ལ་གནས་ནས་ཚོར་བ་གསུམ་དང་འདུ་ཤེས་གསུམ་ཡོངས་སུ་གཅོད་དེ། མངོན་པར་འདུ་བྱེད་པ་དང་གཡོ་བའི་སེམས་ཀྱི་སྤྱོད་པ་མེད་པར་ཚོར་བ་དང་འདུ་ཤེས་དང་སེམས་པ་དང་རེག་པ་དང་ཡིད་ལ་བྱེད་པ་ཀུན་གཅོད་པར་འགྱུར་རོ། །ཞེས་སོ། །འདུ་ཤེས་གསུམ་ནི། སོ་སྐྱེ་ཉན་རང་གི་འདུ་ཤེས་སོ། །དེ་ལྟ་མིན་ན་སངས་རྒྱས་དང་བྱམས་པ་དང་འཕགས་སེང་གིས་ལམ་ཤེས་ཀྱི་ཤེས་རྣམ་ཡིན་པའི་འགོག་སྙོམས་འདིར་བཤད་པ་ལ་ཇི་སྐད་སྨྲ།འོ་ན། མདོ་དེར་ཚོར་བ་སོགས་ཀུན་འགྲོ་གཅོད་པར་བཤད་པ་དང་འགལ་ཞེ་ན། ཁ་ཕྱིར་བལྟས་པའི་རྣམ་ཤེས་ཚོགས་བདུན་འཁོར་བཅས་འགོག་པ་ལ་དགོངས་ཀྱི། སོར་བཞག་ན་ཀུན་གཞིའི་འཁོར་བཅས་ཚོར་སོགས་བཀག་དགོས་པར་འགྱུར་རོ། །དེས་ན་བྱང་འཕགས་ཀྱིས་ཏིང་ངེ་འཛིན་དེ་ལ་ཞུགས་དུས་དེའི་རྒྱུད་ལ་རྣམ་ཤེས་ཡེ་ཤེས་སུ་ཕྱེ་བའི་རྣམ་ཤེས་ལས་ཀུན་གཞི་འཁོར་བཅས་ཡོད་ཀྱི། རྣམ་ཤེས་གཞན་མངོན་གྱུར་མེད་ཅེས་སྟོན་གྱི་ཀུན་གཞི་མིན་པའི་རིག་པ་ཡེ་མེད་དུ་སྟོན་པ་མིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཀུན་བཏུས་ས་འགྲེལ་ལས། ངོ་བོ་ནི། འགོག་པ་ཞེས་པ་སྙོམས་འཇུག་གི་སེམས་ཀྱི་དུས་གཞན་ན་དགག་བྱ་དེ་དག་མངོན་གྱུར་དུ་མི་འབྱུང་བར་བྱས་པའི་ཀུན་གཞིའི་གནས་སྐབས་ཀྱི་བྱེ་བྲག་སྟེ། ཚོགས་དྲུག་གི་ས་བོན་མགོ་གནོན་པའི་ཚུལ་གྱིས་སྤོང་བའོ། །བསྡུ་བར། ངོ་བོ་ཉིད་ལས་ནི་དགེ་བའོ་ཞེས་པ་དང༌། མཛོད་ལས། དགེ་བའོ་སྐྱེས་ནས་མྱོང་འགྱུར་ཉིད། །ཅེས་པ་ནི། འཇུག་པ་དགེ་བ་ལ་དགོངས་པ་སྟེ། འདིར་ནི་ཞུགས་པ་ལུང་མ་བསྟན་ཡིན་པས་ཀུན་གཞིའི་གནས་སྐབས་སུ་མི་འགལ་ལོ། །ཞེས་གསུངས་པ་མི་རིགས་པར་ཐལ། ཉ་ཊཱིཀ་ལས། ཁ་ཅིག་ཀུན་གཞིའི་རྣམ་ཤེས་ཀྱི་གནས་སྐབས་ཁོ་ན་ལ་བཏགས་པར་འདོད་པ་ནི། འདི་དགེ་བ་ཁོ་ན་མིན་པར་ཐལ་བ་གཅིག་བུས་འཇོམས་ཞེས་གསུངས་པའི་ཕྱིར་ཟེར་ན་ཀུན་བཏུས་རང་ལུགས་དང་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་གཉིས་མི་འདྲ་བར་སྣང་ངོ༌། །

དྲུག་པ་འགོག་པ་ལ་སྙོམས་པར་འཇུག་པའི་དུས་ཇི་སྲིད་དུ་སྙོམས་པར་འཇུག་པ་བཤད་པ།

དྲུག་པ་འགོག་པ་ལ་སྙོམས་པར་འཇུག་པའི་དུས་ཇི་སྲིད་དུ་སྙོམས་པར་འཇུག་པ་བཤད་པ་ནི།

ཉི་མའི་སྙིང་བོར་བྱང་སེམས་ནི་ཉི་མ་གཅིག་ནས་བདུན་གྱི་བར་དུ་སྙོམས་པར་འཇུག་སྟེ་དུས་རིང་མོ་ཞིག་ཏུ་སྙོམས་པར་ཞུགས་པ་ན་བྱང་ཆུབ་སེམས་པའི་སྤྱོད་པ་ལས་དམན་པར་འགྱུར་རོ། །ཞེས་བཤད་པས་ཞག་བདུན་པས་ལྷག་པ་མི་འཇུག་ཟེར་རོ། །སྙིང་རྗེ་པད་དཀར་ལས། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་འགོག་པ་ལ་སྙོམས་པར་ཞུགས་པའི་སེམས་ཀྱིས་བར་གྱི་བསྐལ་བ་བཅུ་བོ་འདི་དག་འདའ་བར་བྱེད་དོ། །ཞེས་བཤད་པ་དང་འགལ་ཞིང་སྔར་གྱི་ལུང་ནི། འགོག་པ་སེམས་མེད་དུ་འདོད་པ་རྣམས་དྲངས་པའི་དོན་ཡིན་ཞེས་ཉ་ཊཱིཀ་ལས་བཤད་ལ། དེ་ལ་བརྟེན་ནས་འགོག་པ་སེམས་མེད་དུ་འདོད་པ་རྣམས་དྲངས་ཚུལ་ལ་དཔྱད། དེས་ན་ཉན་ཐོས་ལྟར་ན། བློ་ཡིས་ཇི་ཙམ་འཕངས་པ་དེ་ཙམ་དུ་འཇུག སངས་རྒྱས་བྱང་སེམས་ཇི་ལྟར་བཞེད་པ་བཞིན་དུ་འཇུག་གོ །ཐེག་པ་ཆེ་ཆུང་གི་འགོག་སྙོམས་མིང་འདྲ་ཡང་དོན་མི་འདྲ་བའི་ཁྱད་གནམ་ས་བཞིན་ནོ། །ཞེས་ཉ་ཊཱིཀ་ལས་སོ། །

བདུན་པ་རྟེན་གང་གིས་སྙོམས་པར་འཇུག་པ་བཤད་པ།

བདུན་པ་རྟེན་གང་གིས་སྙོམས་པར་འཇུག་པ་བཤད་པ་ནི།

དང་པོར་མིའི་རྟེན་ལ་འཇུག་སྟེ། ཚོར་འདུ་རགས་པས་སྐྱོ་བ་སྐྱེ་སླ་བས་སོ། །ཕྱིས་གཟུགས་ཀྱི་རྟེན་ལ་ཡང་སྟེ།མཛོད་དུ། གཉིས་ཀ་འདོད་དང་གཟུགས་རྟེན་ཅན། ། འགོག་པ་དང་པོ་མིའི་ནང་དུ། །ཞེས་སོ། །སྔར་སྲིད་རྩེའི་སེམས་ཕྲ་བས་དེ་ལ་འཇུག་པར་བཤད་པ་ནི། དངོས་སུ་འཇུག་པའི་ཉེ་བའི་རྒྱུ་ཡིན་ལ་སྐྱོ་བ་ནི་དེའི་ཡང་སྔོན་དུ་འགྲོ་བ་ཡིད་ལ་བྱེད་པའི་རྒྱུ་ཡིན་ནོ། །ཀུན་བཏུས་སུ། གཟུགས་མེད་པའི་ཁམས་སུ་ནི་འདི་མངོན་དུ་འགྱུར་བ་མེད་དེ། ཞི་བའི་རྣམ་པར་ཐར་བའི་རྣམ་པར་སྨིན་པས་གནས་པ་རྣམས་ནི་འབད་པའི་རྩོལ་པ་མེད་པའི་ཕྱིར་རོ། །ཞེས་པ་ནི། ཀུན་གཞི་ཁས་མི་ལེན་པའི་ལུགས་ཏེ། བསྡུ་བར། སྐྱེ་བ་ལ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མ་བཞག་ན་ནི། དང་པོར་འདིར་བསྐྱེད་ཅིང་དེའི་འོག་ཏུ་གཟུགས་ཀྱི་ཁམས་སུ་མངོན་དུ་བྱེད་དེ། མངོན་དུ་བྱེད་པ་དེ་ནི་གཟུགས་ཀྱི་ལུས་ལ་རག་ལས་པ་ཡིན་པའི་ཕྱིར་རོ། །ཀུན་གཞིའི་རྣམ་པར་ཤེས་པ་བཞག་ན་ནི། མངོན་དུ་བྱེད་པ་ཐམས་ཅད་དུ་འགྲོ་བ་ཡིན་པར་བལྟ་བར་བྱའོ། །ཞེས་སོ། །འདིས་ཀྱང་འགོག་པའི་སྙོམས་འཇུག་རིག་པ་ཡོད་པར་དང་ཏིང་ངེ་འཛིན་དུ་འགྲུབ་པའོ། །

ལྔ་བ་སྤོང་བའི་ལམ་ནི།

ཆོས་བཤེས་ཀྱིས་སྤོང་ལམ་ས་བཅུ་བའི་མཐའི་བར་ཆད་མེད་པའི་ལམ་ལ་བཞེད་ཀྱང་ཐུབ་དགོངས་སུ། མཐོང་བའི་ལམ་ལ་བར་ཆད་མེད་པའི་ལམ་བཞི་དང༌། ཞེས་ཏེ། བུདྡྷ་ཤྲཱི་ཡང་སྡུག་བསྔལ་ཆོས་བཟོད། ཅེས་སོགས་གསུངས་པ་ལྟར་མཐོང་ལམ་བར་ཆད་མེད་ལམ་བཞི་ལ་བཤད་དགོས་ལ། སྐབས་འདིའི་རྣམ་མཁྱེན་གྱི་རྣམ་པའི་སྤོང་ལམ་བཞི་ནི་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱི་རྒྱུན་དུ་གྱུར་བའི་སངས་རྒྱས་ཀྱི་སའི་ཡེ་ཤེས་ལ་བཤད་དགོས་པར་སྣང་ངོ༌། །དེ་ཡང་སློབ་པའི་ཐེག་ཆེན་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱི་སྤོང་ལམ་གྱི་རྒྱུན་དུ་གྱུར་པའི་སྡུག་བདེན་གྱི་སྟོང་ཉིད་རྟོགས་པའི་མཐར་ཐུག་གི་མཁྱེན་པ་དེ། རྣམ་མཁྱེན་དུ་གྱུར་པའི་སྡུག་བསྔལ་ཆོས་བཟོད་ཀྱི་སྤོང་ལམ་གྱི་ཤེས་རྣམ་དང༌། བྱང་སེམས་ཀྱི་རྒྱུད་ཀྱི་དེ་དང་དམིགས་རྣམ་མཚུངས་པའི་སྡུག་བསྔལ་གྱི་སྟོང་ཉིད་རྟོགས་པའི་རྟོག་པ་དང་རྟོག་མེད་ཀྱི་ཡེ་ཤེས་ནི། རྣམ་མཁྱེན་དུ་གྱུར་པའི་དེའི་སྦྱོར་བའི་ཤེས་རྣམ་སྟེ། ལྷག་མ་གསུམ་དེས་འགྲེས་སྦྱར་བར་བྱའོ། །

དྲུག་པ་སངས་རྒྱས་ཉིད་ཀྱི་ལམ་གྱི་རྣམ་པ།

དྲུག་པ་སངས་རྒྱས་ཉིད་ཀྱི་ལམ་གྱི་རྣམ་པ་བཅུ་ནི།

མཐར་ཕྱིན་པའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་ཞེས་བྱ་སྟེ། ཆོས་བཤེས་ཀྱིས་སངས་རྒྱས་ཉིད་ཀྱི་ལམ་ནི་འབྲས་བུའི་མཚན་ཉིད་དོ། །ཞེས་སོ། །ཡང་ན་ཉན་རང་དང་མ་འདྲེས་པས་དེ་ཉིད་ཀྱི་ལམ་ཕྱིན་བཅུ་ཞེས་སྦྱར་ཏེ་བུདྡྷ་ཤྲཱིའི་དོན་ནོ། །དེ་ལྟར་ན་བྱང་པ་རྣམས་ལ་ལམ་ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་གྱི་རྣམ་པ་སུམ་ཅུ་རྩ་བཞིའོ། །ཞེས་ཉ་ཊཱིཀ་ལས་སོ། །མཐར་ཕྱིན་པའི་སོ་བཞི་ནི་རྣམ་མཁྱེན་གྱི་རྣམ་པའོ། །སོ་བདུན་བྱང་སེམས་ཀྱིས་ཀྱང་སྒོམ་ལ་སོ་བཞིའི་ནང་ནས་རྣམ་ཐར་སྒོ་གསུམ་ནས་སྤོང་ལམ་གྱི་བར་ཉན་ཐོས་ཀྱིས་སྒོམ་པ་ཡོད་ན་ཅིའི་ཕྱིར་དེ་གཉིས་ཉན་ཐོས་དང་བྱང་སེམས་ལ་ཡོད་པ་དང་རྗེས་སུ་མཐུན་པ་ཡིན་པར་འཇོག་ཅེ་ན། གཙོ་ཕལ་དང་བདག་མེད་གཉིས་རྟོགས་པ་གཙོ་ཕལ་ཡོད་པ་སོགས་ཀྱིས་འཇོག་པར་གསེར་ཕྲེང་ལས་གསུངས་ཀྱང་དེ་ཡང་དཀའ་བར་སྣང་བས་མཁས་པ་རྣམས་ཀྱིས་སླར་དཔྱད་པར་བྱའོ། །

གསུམ་པ་སངས་རྒྱས་ཀྱི་རྣམ་མཁྱེན་ཉིད་ཀྱི་རྣམ་པ་དང་རྗེས་སུ་མཐུན་པའི་རྣམ་པ་སོ་དགུ་བཤད་པ།

གསུམ་པ་སངས་རྒྱས་ཀྱི་རྣམ་མཁྱེན་ཉིད་ཀྱི་རྣམ་པ་དང་རྗེས་སུ་མཐུན་པའི་རྣམ་པ་སོ་དགུ་བཤད་པ་ལ།

དངོས་བསྟན་གྱི་རིམ་པ་དང༌། སྦས་དོན་གྱི་རིམ་པ་གཉིས།དང་པོ་ནི། མདོ་ལུགས་མ་ལས། གསུམ་པ་སངས་རྒྱས་ཀྱི་རྣམ་མཁྱེན་ཉིད་ཀྱི་རྣམ་པ་དང་རྗེས་སུ་མཐུན་པ་ཡུམ་ཤེར་ཕྱིན་ཆོས་ཀྱི་དབྱིངས་ཀྱི་རྣམ་པ་སོ་དགུ་ནི། ཆོས་ཐམས་ཅད་ཐུབ་པ་མེད་པའི་ཕྱིར་ཤེར་ཕྱིན་འདི་ནི་སྟོབས་བཅུ་དང༌། ལམ་ཤེས་ཀྱི་ཡེ་ཤེས་ཞུམ་པ་མེད་པའི་ཕྱིར་ཤེར་ཕྱིན་འདི་ནི་མི་འཇིགས་པ་བཞི་དང༌། རྣམ་མཁྱེན་ཉིད་ཆགས་ཐོགས་མེད་པའི་ཕྱིར་ཤེར་ཕྱིན་འདི་ནི་སོ་སོ་ཡང་དག་པར་རིག་པ་བཞི་དང༌། ཉན་རང་གི་ཆོས་ཐམས་ཅད་ལས་འདས་པའི་ཤེར་ཕྱིན་འདི་ནི་མ་འདྲེས་བ་བཅོ་བརྒྱད་ཀྱི་དང༌། བརྗོད་པ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་ཕྱིར། ཤེར་ཕྱིན་འདི་ནི་དེ་བཞིན་གཤེགས་པའི་དང༌། ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་ཕྱིར། ཤེར་ཕྱིན་འདི་ནི་རང་བྱུང་གི་དང༌། ཆོས་ཐམས་ཅད་འཚང་རྒྱ་བའི་ཕྱིར་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལྟར་སུམ་ཅུ་རྩ་དགུའོ། །དེ་རྣམས་བསྡོམས་པས་བརྒྱ་དང་བདུན་ཅུ་རྩ་གསུམ་ནི་རྒྱུ་སྦྱོར་བ་བཞིས་གང་ལ་བསླབ་པར་བྱ་བའི་ཡུལ་མཁྱེན་པ་གསུམ་གྱི་ངོ་བོ་གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་དབྱིངས་ཟབ་མོ་གཅིག་རྣམ་པ་ངོ་བོ་ལ་བཟང་ངན་ལ་སོགས་ཀྱི་ཁྱད་པར་མེད་ཅིང༌། རྣམ་པ་སྡུག་བསྔལ་ལ་སོགས་པ་སྣ་ཚོགས་སུ་སྣང་བ་པྲ་ཕབ་པ་དང་མཚུངས་པའོ། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་སྦས་དོན་གྱི་རིམ་པ་བཤད་པ།

གཉིས་པ་སྦས་དོན་གྱི་རིམ་པ་བཤད་པ་ལ།

སྟོབས་སོགས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་སོ་དགུའི་ལམ་ཆོས་ཅན། གཞན་དང་ཐུན་མོང་མ་ཡིན་པའི་ལམ་ཁོ་ན་ཡིན་ཏེ། ཤིན་ཏུ་ཕུལ་དུ་བྱུང་ཞིང་མཐར་ཕྱིན་པའི་ལམ་ཡིན་པའི་ཕྱིར་རོ། །དེ་ལ།ཡོན་ཏན་གྱི་དབྱེ་བ་དང༌། རང་བཞིན་དེ་བཞིན་ཉིད་དང༌། གང་གི་ཡིན་པ་རང་བྱུང༌། གང་གི་དོན་དུ་ཡིན་པ་སངས་རྒྱས་ཉིད་ཀྱི་རྣམ་པ་བཤད་པ་དང་བཞིའོ། །དང་པོ་ལ་ཡང་བཞི་སྟེ།སྟོབས་བཅུ། མི་འཇིགས་བཞི། སོ་སོ་ཡང་དག་རིག་བཞི། མ་འདྲེས་བཅོ་བརྒྱད་བཤད་པའོ། །དང་པོ་ནི། ཐུན་མོང་མིན་པའི་ལམ་གཅིག་པོ་དེ་ལ་སྟོབས་ལ་སོགས་པའི་དབྱེ་བ་ཡོད་པས་སྟོབས་ནི། རྣམ་མཁྱེན་གྱི་ཡེ་ཤེས་དངོས་མཚན་གཞི་དེ་པའི་སྟོབས་སུ་མཚོན། གཞན་གྱིས་ཚུར་ཅུང་ཟད་ཀྱང་བརྫི་བར་མི་ནུས་ཤིང་གཞན་རྣམས་ཤིན་ཏུ་ཟིལ་གྱིས་གནོན་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་ཅི་རིགས་པའི་མཐར་ཐུག་གི་མཁྱེན་པ་ཡིན་པ། ཞེས་རེ་རེ་ལ་སྦྱར་རོ། །བྱེ་བྲག་སོ་སོ་ལ་ཡང་འདོན་པ་བསྒྱུར་རོ། ། རྒྱུད་བླ་མ་ལས། གནས་དང་གནས་མིན་ལས་རྣམས་ཀྱི། །རྣམ་སྨིན་དང་ནི་དབང་པོ་དང༌། །ཁམས་རྣམས་དང་ནི་མོས་པ་དང༌། །ཀུན་འགྲོའི་ལམ་དང་བསམ་གཏན་སོགས། །ཉོན་མོངས་དྲི་མ་མེད་པ་དང༌། །གནས་ནི་རྗེས་སུ་དྲན་པ་དང༌། །ལྷ་ཡི་མིག་དང་ཞི་བ་དག །མཁྱེན་པའི་སྟོབས་ནི་རྣམ་པ་བཅུ། །ཞེས་གསུངས་པ་ལྟར་སྟོབས་བཅུ་ལས་སྟོབས་དང་པོ་གནས་དང་གནས་མིན་མཁྱེན་པའི་སྟོབས་ནི། ཉེས་སྤྱོད་ཀྱི་རྣམ་སྨིན་མི་འདོད་པ་གནས་འདོད་པ་གནས་མིན། སེར་སྣས་དབུལ་བ་གནས་ལོངས་སྤྱོད་ཆེན་པོ་གནས་མིན། སྦྱིན་པས་ལོངས་སྤྱོད་ཆེན་པོ་གནས་དབུལ་བ་གནས་མིན་ཞེས་སོགས་དང༌། བརྒྱད་པའི་གང་ཟག་རྒྱུན་ཞུགས་འབྲས་བུ་མ་ཐོབ་པར་སྟན་ལས་ལྡང་བ་གནས་མིན་ཐོབ་ནས་ལྡང་བ་གནས།ཞེས་སོགས་རྒྱ་ཆེར་མདོ་དང་གནོད་འཇོམས་སོགས་ལས་སོ། །དེ་ལྟར་མཁྱེན་པའི་མཐར་ཐུག་གི་སྟོབས་དེ་གནས་དང་གནས་མིན་མཁྱེན་པའི་སྟོབས་༡ཡིན་ནོ། །གནས་གནས་མིན་སྲིད་མི་སྲིད་ཅེས་སྒྲ་སྦྱོར་བམ་གཉིས་སོ། །རྒྱུ་དུས་གསུམ་གྱི་ལས་བསགས་པའི་འབྲས་བུ་གང་དང་གང་དུ་རྣམ་པར་སྨིན་པ་མཁྱེན་པའི་མཐར་ཐུག་གི་སྟོབས་དེ་ལས་དང་རྣམ་སྨིན་མཁྱེན་པའི་སྟོབས་༢དང༌། དེ་བསགས་པའི་རྒྱུ་དང་ཕྱོགས་གང་དུ་དེ་བྱེད་པའི་གནས་དང་བདེ་སྡུག་སོགས་རྣམ་སྨིན་དང་ཆགས་སྡང་རྨོངས་སོགས་ཉོན་མོངས་པ་རྣམས་རང་རང་ལ་གནས་ཤིང་རང་རང་ལ་མོས་པ་དང༌། རེ་རེ་ལ་གནས་ཤིང་གཞན་རེ་ལ་མོས་པ་དང༌། གཞན་གཉིས་སོགས་ལ་མོས་པ་སོགས་མཐུན་པ་དང༌། མི་མཐུན་པ་མི་དགེ་བ་ལ་གནས་ནས་དགེ་བ་ལ་མོས་སོགས་སྦྱོར་བ་ཆུང་ལ་མོས་པ་རྒྱ་ཆེ་བ་སོགས་མོས་པ་སྣ་ཚོགས་པ་མཁྱེན་པའི་རྒྱལ་བའི་སྟོབས་དེ་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་༣དང༌། འཇིག་རྟེན་གྱི་ཁམས་གཟུགས་གཟུགས་མེད་དག་མ་དག་གམ་བསོད་ནམས་བསོད་ནམས་མིན་པ་མི་གཡོ་བའི་ལས་སོགས་བསྐྱེད་པའི་འཇིག་རྟེན་གྱི་བསམ་པའི་ཁམས་སམ་རྟེན་དང༌། ཉོན་མོངས་རྣམ་བྱང་ས་ཆུ་སོགས་ཀྱི་འདུས་བྱས་མ་བྱས་ཀྱི་ཁམས་སོགས་མཁྱེན་པའི་རྒྱལ་བའི་ཡེ་ཤེས་དེ་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་༤དང༌། དད་བརྩོན་སོགས་ཀྱི་དབང་བོ་མཆོག་སྟེ་རྣོན་པོ་དང་མཆོག་མིན་འབྲིང་དང་ཐ་མའོ་ཞེས་སོགས་རྒྱ་ཆེར་ཏེ་དེ་དག་མཁྱེན་པའི་རྒྱལ་བའི་སྟོབས་དེ་དབང་པོ་མཆོག་དང་མཆོག་མིན་མཁྱེན་པའི་སྟོབས་༥དང༌། ངན་སོང་མཐོ་རིས་བྱང་ཆུབ་གསུམ་པོ་ཐམས་ཅད་དུ་འགྲོ་བའི་ལམ་ལོག་པ། ཡང་དག་འདོད་ཆགས་ཀྱི་གཉེན་པོའི་ལམ་སོགས་དང༌། མངོན་ཤེས་མྱུར་ལ་སླ། བུལ་ལ་དཀའ་བའི་ལམ་སོགས་མཁྱེན་པའི་སྟོབས་དེ་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་༦དང༌། བསམ་གཏན་རྣམ་ཐར་ཏིང་ངེ་འཛིན་སྙོམས་པར་འཇུག་པ་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་ཚུལ་མིན་ཡིད་ལ་བྱེད་པས་སྲིད་པའི་དོན་དུ་བསྔོ་བ་དང་རོ་མྱང་བ་དང་དམིགས་པར་ཡིད་བྱེད་དང་ལྷག་མཐོང་ངམ་སེམས་ཅན་སྨིན་པར་བྱེད་པའི་ཕྱིར་རམ་མངོན་ཤེས་སྒྲུབ་པའམ། མི་དམིགས་པར་ཡིད་ལ་བྱེད་པ་རྣམ་པར་བྱང་བ་དང༌། སེང་གེ་རྣམ་བསྒྱིངས་ཐོད་རྒལ་སོགས་ཀྱི་ལྡང་བ་མཁྱེན་པ་དེ་བསམ་གཏན་དང་རྣམ་ཐར་སོགས་མཁྱེན་པའི་སྟོབས་༧དང༌། སྔོན་གྱི་གནས་རང་གཞན་གྱི་སྐྱེ་བ་སྔ་མ་དུ་མ་དན་རྟགས་དང་བཅས་པར་རྗེས་སུ་དྲན་པའི་མཁྱེན་པ་དེ་སྔོན་གྱི་གནས་རྗེས་སུ་མཁྱེན་པའི་སྟོབས་༨དང༌། འཇིག་རྟེན་ཁམས་ཀྱི་འཇིག་ཆགས་དང་སྣང་མི་སྣང་གི་སེམས་ཅན་ཐམས་ཅད་ཀྱི་གང་ནས་འཆི་འཕོ་དང་གང་དུ་སྐྱེ་བ་མ་ལུས་པར་མཁྱེན་པ་དེ་ལྷའི་མིག་གི་མངོན་ཤེས་མཁྱེན་པའི་སྟོབས་སམ་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་༩དང༌།ཟག་པ་ཉོན་མོངས་པ་ཐམས་ཅད་བག་ཆགས་དང་བཅས་པར་ཟད་ཅིང་བྱང་བར་གཟིགས་པའམ་ཟག་པ་ཉོན་མོངས་རྣམས་ཟད་པ་དང་དེ་གང་གིས་ཟད་པའི་ལམ་གཉིས་ཀ་ཡང་ཟག་པ་ཟད་པ་མཁྱེན་པའི་མཐར་ཐུག་གི་ཡེ་ཤེས་དེ་ཟག་ཟད་མཁྱེན་པའི་སྟོབས་༡༠དང་སྟོབས་བཅུ་པོ་ཤེས་པར་བྱའོ། །དེ་དག་གིས་ལས་བཞི་བྱེད་དེ། ཕྱུགས་གསོད་པ་དང་མེར་འཇུག་པ་ལ་སོགས་པ་བདེ་འགྲོའི་ཐབས་སུ་སྟོན་པར་བྱེད་པས་བདེ་འགྲོའི་ཐབས་ལ་བསླུ་བར་བྱེད་པའི་བདུད་དེ་འཇོམས་པས། དང་པོས་བདེ་འགྲོའི་ཐབས་ལ་སླུ་བའི་བདུད་འཇོམས། གཉིས་པས་ལྷ་སོགས་སྐྱབས་མིན་པ་ལ་སྐྱབས་སུ་སླུ་བའི་བདུད་འཇོམས། བདུན་པས་ཟག་བཅས་ཀྱིས་འདག་པར་སྨྲ་བའི་བདུད་འཇོམས། གཞན་རྣམས་ཀྱིས་ལས་དང་པོ་བ་རྣམས་ལ་དེའི་མི་བསྔགས་པ་བསྒྲགས་པས་ཐེག་ཆེན་གྱིས་ངེས་པར་འབྱུང་བ་ལ་སླུ་བའི་བདུད་འཇོམས་སོ། །ཐབས་དང་སྐྱབས་དང་དག་པ་དང༌། ། ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་འཇོམས་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་སོ། །སྟོབས་བཅུ་ལས་དྲུག་དང་གསུམ་དང་གཅིག་གིས་རིམ་བཞིན་དུ་ཤེས་བྱའི་སྒྲིབ་པ་དང་སྙོམས་འཇུག་གི་སྒྲིབ་པ་དང་ཉོན་མོངས་པའི་སྒྲིབ་པ་གསུམ་སེལ་བ་ཡིན་ཏེ། རྒྱུད་བླ་མ་ལས། སྟོབས་སོགས་རྣམས་ལས་སྟོབས་དྲུག་དང༌། །གསུམ་དང་གཅིག་གིས་རིམ་པ་བཞིན། །ཤེས་བྱ་སྙོམས་པར་འཇུག་པ་དང༌། །བག་ཆགས་བཅས་པ་ཀུན་བསལ་བས། །གོ་ཆ་བརྩིགས་པ་ཤིང་བཞིན་དུ། །ཕུག་དང་གཞིག་དང་གཅད་ཕྱིར་རོ། །ཞེས་དང༌། རྒྱུད་བླ་ས་འགྲེལ་ལས། རྒྱལ་བའི་སྟོབས་བཅུ་པོ་གང་ཡིན་པ་དེ་རྣམས་ནི་རྫས་ཀྱི་དངོས་པོ་རྡོ་རྗེ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་སྟེ། དེ་ཡང་འཆད་པར་འགྱུར་བ་ལྟར་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པའི་སྟོབས་དང་པོ་དྲུག་གིས་ཤེས་བྱའི་སྒྲིབ་པ་གོ་ཆ་སྲ་བ་དང་འདྲ་བ་རྣམས་འབིགས་པར་བྱེད་པའི་ཕྱིར་རྡོ་རྗེ་དང་མཚུངས་ཤིང༌། བསམ་གཏན་ལ་སོགས་པ་མཁྱེན་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། ལྷའི་མིག་གི་མངོན་པར་ཤེས་པའི་སྟོབས་གསུམ་གྱིས་སྙོམས་པར་འཇུག་པའི་སྒྲིབ་པ་རྩིག་པ་བརྟན་པོ་དང་འདྲ་བ་འཇིག་པར་བྱེད་པའི་ཕྱིར་ན་རྡོ་རྗེ་དང་མཚུངས། ཟག་པ་ཟད་པ་མཁྱེན་པའི་སྟོབས་གཅིག་གིས་ཉོན་མོངས་པའི་སྒྲིབ་པ་ཤིང་ནགས་ཐིབས་པོ་དང་འདྲ་བ་རྣམས་གཅོད་པར་བྱེད་པའི་ཕྱིར་རྡོ་རྗེ་དང་མཚུངས་སོ་ཞེས་བྱ་བའི་དོན་ནོ། །ཞེས་གསུངས་པའི་ཕྱིར། སྟོབས་བཅུའི་སེལ་བྱ་སོ་སོར་སྦྱར་བའི་རྒྱུ་མཚན་གང་ཡིན་དཔྱད་པར་བྱའོ། །

གཉིས་པ་མི་འཇིགས་པ་བཞི་ནི།

རྒྱུད་བླ་མ་ལས། ཆོས་ཀུན་རྫོགས་པར་བྱང་ཆུབ་དང༌། །གེགས་ནི་འགོག་པར་བྱེད་པ་དང༌། །ལམ་སྟོན་པ་དང་འགོག་སྟོན་ལ། །མི་འཇིགས་པ་ནི་རྣམ་པ་བཞི། །ཞེས་པ་ལྟར་མི་འཇིགས་པ་བཞི་ལས། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་ནི། སངས་རྒྱས་ཀྱིས་བསམ་གཏན་ལ་བརྟེན་ནས་རང་དོན་ལས་བརྩམས་ཏེ་ཀྱེ་མ་ང་ནི་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཤེས་བྱ་ཀུན་མཁྱེན་པར་བདག་ཉིད་ཀྱིས་ཞལ་གྱིས་འཆེས་པ་ལ་ཆོས་མཐུན་གྱི་རྒོལ་བ་པོ་མེད་པ་ཡང་དག་པར་འབྱོར་བའི་མཐར་ཐུག་གི་ཡེ་ཤེས་དེའོ། ། དེ་རྟོགས་པ་ཕུན་ཚོགས་སུ་དམ་བཅས་པའོ། །མདོ་ལས། ཀྱེ་མ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་འདི་ལ་ཆོས་འདི་དག་མངོན་པར་སངས་མ་རྒྱས་སོ་ཞེས་འདི་ན་དགེ་སྦྱོང་ངམ་བྲམ་ཟེའམ་ལྷའམ་བདུད་དམ་ཚངས་པའམ་གཞན་སུ་ཡང་རུང་བ་ཆོས་དང་མཐུན་པར་རྒོལ་བའམ་རྒོལ་པའི་མཚན་མ་ཡང་དག་པར་རྗེས་སུ་མ་མཐོང་བས་བདག་བདེ་བ་ཐོབ་པ་དང་བག་ཚ་བ་མེད་པ་དང་མི་འཇིགས་པ་རྣམ་པར་སྤྱོད་པས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོག་གོ །ཞེས་སོ། །ཟག་པ་ཟད་པའམ་སྤངས་པ་ཕུན་ཚོགས་ལ་མི་འཇིགས་པ་ནི། བསམ་གཏན་ལ་བརྟེན་ནས་རང་དོན་ལས་བརྩམས་ཏེ་བདག་ཉིད་ཀྱི་ཟག་པའམ་སྒྲིབ་པ་ཀུན་ཟད་པ་ཉིད་དུ་ཞལ་གྱིས་བཞེས་པ་ལ་ཟག་པ་འདི་དག་མ་ཟད་དོ། །ཞེས་ཆོས་མཐུན་གྱི་རྒོལ་བ་པོ་མེད་པའི་མཐར་ཐུག་གི་ཡེ་ཤེས་དེའོ། །དེ་གཉིས་རང་དོན་གྱི་དམ་བཅའའོ། །བར་ཆད་ཀྱི་ཆོས་ལ་མི་འཇིགས་པ་ནི། བསམ་གཏན་ལ་བརྟེན་ནས་གཞན་དོན་ལས་བརྩམས་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐར་བའི་བར་ཆད། ཤེས་སྒྲིབ་ཀུན་མཁྱེན་པའི་བར་ཆད་བྱེད་པ་ཉིད་དུ་བརྗོད་པ་ལ་ཆོས་མཐུན་གྱི་རྒོལ་བ་གཞན་མེད་པའི་མཐར་ཐུག་གི་ཡེ་ཤེས་དེའོ། །ངེས་པར་འབྱུང་བའི་ལམ་བསྟན་པ་ལ་མི་འཇིགས་པ་ནི། བསམ་གཏན་ལ་བརྟེན་ནས་གཞན་དོན་ལས་བརྩམས་ཏེ། ཐམས་ཅད་ཤེས་པ་ཉིད་ཀྱི་ལམ་ཉན་རང་བྱང་ཆུབ་ཏུ། ལམ་ཤེས་རྫོགས་བྱང་དུ་ངེས་པར་འབྱུང་བའི་ལམ་བསྟན་པ་ལ་ཆོས་མཐུན་གྱི་རྒོལ་བ་གཞན་མེད་པའི་མཐར་ཐུག་གི་ཡེ་ཤེས་དེའོ། །དེ་གཉིས་གཞན་དོན་ནོ། །རྒྱན་ལས། རང་གཞན་དོན་དུ་ཡེ་ཤེས་དང༌། །སྤངས་དང་ངེས་འབྱུང་གེགས་བྱེད་པ། །སྟོན་མཛད་མུ་སྟེགས་གཞན་དག་གིས། །མི་བརྫི་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །

གསུམ་པ་སོ་སོ་ཡང་དག་རིག་བཞི།

གསུམ་པ་སོ་སོ་ཡང་དག་རིག་བཞི་ནི།

ཆོས་རྣམས་ཀྱི་མིང་གི་རྣམ་གྲངས་མཐའ་ཡས་པ་རྣམས་ཐོགས་པ་མེད་པར་ཤེས་པ་ཆོས་སོ་སོ་ཡང་དག་པར་རིག་པ་དང༌། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་དང་དགོངས་པའི་དོན་རྣམས་ཐོགས་པ་མེད་པར་ཤེས་པ་དོན་སོ་སོ་ཡང་དག་པར་རིག་པ་དང༌། ཡུལ་སོ་སོའི་སྐད་རིགས་མི་འདྲ་བ་སྣ་ཚོགས་པ་དང་ཆོས་ཀྱི་ངེས་པའི་ཚིག་རྣམས་ཤེས་པ་ངེས་ཚིག་སོ་སོ་ཡང་དག་པར་རིག་པ་དང༌། རྫས་ཡོད་བཏགས་ཡོད་ལ་སོགས་པ་ཆོས་ཀྱི་རབ་ཏུ་དབྱེ་བ་རྣམས་ཐོགས་པ་མེད་པར་ཤེས་པས་སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །ཞེས་རྒྱན་གྱི་ས་འགྲེལ་ལས་གསུངས་སོ། །རྒྱན་ལས། རྟེན་དང་བརྟེན་པ་བཤད་བྱ་དང༌། །གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བ། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་རྟེན་མིང་གི་རྣམ་གྲངས་མཐའ་ཡས་པའི་ཆོས་དང༌། བརྟེན་པ་རང་རང་གི་མཚན་ཉིད་དམ་དགོངས་པའི་དོན་སོ་སོ་ཡང་དག་པར་རིག་པ་གཉིས་ནི་བཤད་པར་བྱ་བ་དང༌། གསུང་ངེས་པའི་ཚིག་སྣ་ཚོགས་པ་དང་མཁྱེན་པ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་གཉིས་ནི་འཆད་པར་བྱེད་པ་ཡིན་ལ། དེ་དག་ལ་བློ་གྲོས་རྟག་ཏུ་ཐོགས་པ་མི་མངའ་བའི་སྒོ་ནས་དམ་པའི་ཆོས་ལེགས་པར་སྟོན་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའོ། །

བཞི་བ་མ་འདྲེས་བཅོ་བརྒྱད་བཤད་པ།

བཞི་བ་མ་འདྲེས་བཅོ་བརྒྱད་བཤད་པ་ལ།

རྒྱུད་བླ་མ་ལས། འཁྲུལ་དང་ཅ་ཅོ་མི་མངའ་སྟེ། །སྟོན་ལ་དྲན་པ་ཉམས་མི་མངའ། །མཉམ་པར་མ་བཞག་ཐུགས་མི་མངའ། །འདུ་ཤེས་སྣ་ཚོགས་ཀྱང་མི་མངའ། །མ་བརྟགས་བཏང་སྙོམས་མི་མངའ་སྟེ། །འདུན་པ་བརྩོན་འགྲུས་དྲན་པ་དང༌། །ཏིང་འཛིན་ཤེས་རབ་རྣམ་གྲོལ་གྱི། །ཡེ་ཤེས་གཟིགས་པ་ཉམས་མི་མངའ། །ལས་རྣམས་ཡེ་ཤེས་སྔོན་འགྲོ་དང༌། །དུས་ལ་ཡེ་ཤེས་བསྒྲིབས་པ་མེད། །དེ་ལྟར་བཅོ་བརྒྱད་འདི་དང་གཞན། །སྟོན་པའི་མ་འདྲེས་ཡོན་ཏན་ཡིན། །ཞེས་པ་ལྟར་ཉན་རང་དགྲ་བཅོམ་པ་རྣམས་ལ་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་ན། གླང་པོ་ཆེ་རྟ་བ་ལང་ཁྱི་གཏུམ་པོ་དང་ཚེར་མ་སྡིག་སྦྲུལ་སོགས་དང་སྟག་གཟིག་གི་གནོད་པ་སོགས་འབྱུང་བར་འགྲོ་བ་དང་མཆོང་རྒྱུགས་སོགས་ལུས་ཀྱི་འཁྲུལ་བ་མངའ་ལ། དེ་བཞིན་གཤེགས་པ་རྣམས་ལ་འཁྲུལ་བ་དེ་དག་མེད་པས་སྐུའི་སྤྱོད་པ་མ་འདྲེས་༡པ་དང༌། ཉན་རང་དགྲ་བཅོམ་པ་ལ་རྟ་གད་དང་ནགས་སྟུགས་པོར་ལམ་སྟོར་བའམ། ཁང་སྟོང་སོགས་སུ་སྒྲ་ཆེན་པོ་འབྱིན་པ་སོགས་ངག་གི་སྐྱོན་མངའ་ལ། དེ་པ་རྣམས་ལ་དེ་འདྲའི་ཅ་ཅོ་མེད་པ་གསུང་གི་སྤྱོད་པ་མ་འདྲེས་༢པ་དང༌། ཉན་རང་དགྲ་བཅོམ་ལ་བརྗེད་པས་བྱ་བ་ཤོར་བ་དང་དུས་ལས་ཡོལ་བ་མངའ་ལ། དེ་པ་རྣམས་ལ་སེམས་ཅན་གྱི་དོན་སོགས་མཛད་པ་ཐམས་ཅད་དམ་བཅས་པ་ལྟར་དྲན་པས་དྲན་པ་ཉམས་པའམ་བསྙེལ་བ་མི་མངའ་༣བ་དང༌། ཉན་རང་དགྲ་བཅོམ་རྣམས་སྙོམས་པར་ཞུགས་པའི་ཚེ་མཉམ་པར་བཞག་གི་གཞན་གྱི་ཚེ་མིན་ལ། དེ་པ་ནི་སྙོམས་པར་ཞུགས་ཀྱང་རུང་མ་ཞུགས་ཀྱང་དུས་ཐམས་ཅད་དུ་མཉམ་པར་བཞག་པས་ཐུགས་མཉམ་པར་མ་བཞག་པ་མི་མངའ་བ་༤དང༌། ཉན་རང་དགྲ་བཅོམ་རྣམས་ཕུང་བོ་ལ་གཅིག་ཏུ་མི་མཐུན་པ་དེ་མེད་པའི་མྱང་འདས་ལ་ཞི་བའི་འདུ་ཤེས་སུ་འགྱུར་གྱི། དེ་པ་རྣམས་ལ་དེ་མེད་པས་འཁོར་འདས་ལ་བླང་དོར་ཐ་དད་དུ་འཛིན་པ་ཉིད་ཀྱི་འདུ་ཤེས་མི་མངའ་བ་༥དང༌། ཇི་ལྟར་ཉན་རང་དགྲ་བཅོམ་རྣམས་སོ་སོར་མ་བརྟགས་པར་སེམས་ཅན་གྱི་དོན་ཡལ་བར་འདོར་གྱི་དེ་པ་རྣམས་ལ་དེ་མེད་པས་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་༦བཞི་ཐུགས་ཀྱི་སྤྱོད་པ་མ་འདྲེས་པ་སྟེ། སྤྱོད་པ་མ་འདྲེས་པ་དྲུག་དང༌། རྟོགས་པ་མ་འདྲེས་པ་དྲུག་ནི། དེ་པའི་དབང་བོ་རྟེན་དང་འབྲས་བུར་བཅས་པ་སྟེ། རྟེན་ནི་འདུན་པའོ། །འབྲས་བུ་ནི་རྣམ་གྲོལ་ལོ། །དབང་བོ་ནི་བརྩོན་འགྲུས་སོགས་སོ། །ཉན་རང་དགྲ་བཅོམ་རྣམས་སངས་རྒྱས་ཀྱི་ས་དང་མཛད་པ་ལ་འདུན་པ་མེད་ཀྱི་ཉན་རང་གི་བྱ་བ་ཉིད་ལ་འདུན་ནོ། ། དེས་ན་སངས་རྒྱས་ཀྱི་འདུན་པ་སོགས་མེད་པས་མ་ཐོབ་པའི་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་སོ། །དེ་པ་ནི་ཁྱད་པར་ཅན་གྱི་ཆོས་མ་ཐོབ་པ་མི་མངའ་སྟེ་འདི་ལྟར་བྱམས་པ་དང་སྙིང་རྗེ་དང༌། ཆོས་འཆད་པ་དང༌། སེམས་ཅན་སྨིན་པར་བྱེད་པ་དང༌། བྱང་ཆུབ་ཀྱི་སེམས་བླང་བ་དང་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅོད་པའི་འདུན་པ་༧དང༌། གདུལ་བྱ་འགུགས་པ་དང་ཆོས་ཉན་པ་རྣམས་ལ་མི་སྒྲུབ་པ་མེད་པའི་བརྩོན་འགྲུས་༨དང༌། དྲན་པས་མ་རྟོགས་པར་མཛད་མི་དགོས་པར་ཆོས་སྟོན་ནུས་པའི་དྲན་པ་༩དང༌། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དེ་བཞིན་ཉིད་ལ་ཏིང་ངེ་འཛིན་ཅེས་བྱ་སྟེ་དེ་ཉམས་པ་མེད། ཅེས་གནོད་འཇོམས་ཏེ། ཐུབ་དགོངས་ཡང་དེར་མངོན་མོད་ཀྱི། དེ་བཞིན་ཉིད་མཉམ་པ་ཉིད་ཐུགས་སུ་ཆུད་པའི་ཏིང་ངེ་འཛིན་༡༠དང༌། ཆོས་ཐམས་ཅད་ལ་གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པའི་ཡེ་ཤེས་དང་སེམས་ཅན་ལ་ཆོས་རབ་ཏུ་གསལ་བར་བྱེད་པའི་ཡེ་ཤེས་སོགས་ནས་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་མཁྱེན་པའི་ཤེས་རབ་༡༡ཉམས་པ་མི་མངའ་བ་དང༌། ཆགས་པ་དང་ཉོན་སྒྲིབ། འཛིན་པ་ཐམས་ཅད་དང་བྲལ་བ་དང་འབྲས་བུ་ཕུན་ཚོགས་དང་མི་གནས་པའི་མྱང་འདས་སུ་འཇུག་པས་རྣམ་པར་གྲོལ་བ་༡༢སྟེ། དེ་བཞིན་གཤེགས་པ་ལ་ཐོབ་པས་མ་ཐོབ་པའི་ཡོངས་སུ་ཉམས་པ་མི་མངའ་བ་རྣམ་པ་དྲུག་དང༌། སྐུ་མཚན་དཔེ་དང་འོད་འགྱེད་པ་སྤྱན་འབྱེད་པ་གསུང་བཞིན་པའམ་མི་གསུང་བར་བཞུགས་སམ་འཆགས་པ་སོགས་སྤྱོད་ལམ་གྱིས་སེམས་ཅན་རྣམས་བཏུལ་བར་མཛད་པ་སྐུའི་འཕྲིན་ལས༡༣། ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་གིས་སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་སྒྲུབ་པའི་འབྲས་བུ་ཅན་གྱི་ཆོས་སྟོན་པ་གསུང་གི་འཕྲིན་ལས༡༤། དེ་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྗེས་སུ་སོན་པ་ཆོས་ཐམས་ཅད་ངེས་པར་རྟོགས་པ།ཏིང་ངེ་འཛིན་ཐམས་ཅད་ལ་གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པ། དམིགས་པ་ལས་འདས་པ་ཐུགས་ཀྱི་འཕྲིན་ལས་༡༥རྣམས། དང་པོར་ཡེ་ཤེས་ཀྱིས་ཀུན་ནས་བསླང་སྟེ་བྱུང་བས་དེ་སྔོན་དུ་འགྲོ་ཞིང་ཡེ་ཤེས་དང་ལྷན་ཅིག་རྒྱུ་བས་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་འཕྲིན་ལས་མ་འདྲེས་པ་རྣམ་པ་གསུམ་དང༌། འདས་མ་འོངས་ད་ལྟར་བྱུང་བའི་ཤེས་བྱ་ཐམས་ཅད་ལ་བརྩལ་བ་ཙམ་གྱིས་རྟོགས་པས་མ་ཆགས༡༦། ཐམས་ཅད་རྟོགས་པས་མ་ཐོགས་སམ། ཉོན་སྒྲིབ་སྤངས་པས་ཇི་ལྟ་བ་རྟོགས་པས་མ་ཆགས༡༧། ཤེས་སྒྲིབ་སྤངས་པས་ཇི་སྙེད་པ་རྟོགས་པས་མ་ཐོགས་པ་༡༨སྟེ། རྒྱུད་བླར། ཉོན་མོངས་སྤངས་ཕྱིར་ཆགས་པ་མེད། །ཤེས་བྱའི་སྒྲིབ་ཀུན་དག་བྱས་ཕྱིར། །ཐམས་ཅད་དུ་ནི་ཐོགས་པ་མེད། །ཅེས་སོ། །དེ་ལྟ་བུའི་ཡེ་ཤེས་མ་འདྲེས་པ་རྣམ་པ་གསུམ་སྟེ། དེ་ལྟར་སངས་རྒྱས་ཀྱི་ཆོས་སློབ་པ་དང་མ་འདྲེས་པ་བཅྭོ་བརྒྱད་དོ། །རྒྱན་ལས། སྤྱོད་པ་དང་ནི་རྟོགས་པ་དང༌། །ཡེ་ཤེས་དང་ནི་འཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་སོ། །བྱེ་བྲག་སྨྲ་བ་ནི། མཛོད་ལས། སངས་རྒྱས་ཆོས་ནི་མ་འདྲེས་པ། །སྟོབས་༼བཅུ་མི་འཇིགས་པ་བཞི།༽ ལ་སོགས་པ་༼བསྲུང་བ་མེད་པ་གསུམ་ཐུགས་རྗེ་ཆེན་པོ་སྟེ། ༽བཅོ་བརྒྱད་དོ། །ཞེས་སོ། །

གཉིས་པ་རང་བཞིན་དེ་བཞིན་ཉིད་ཀྱི་རྣམ་པ།

གཉིས་པ་རང་བཞིན་དེ་བཞིན་ཉིད་ཀྱི་རྣམ་པ་ནི།

སངས་རྒྱས་བྱུང་བ་གང་ཡང་དེ་བཞིན་ཉིད་མི་སྟོན་པ་མེད་པས་དེ་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་འོག་ནས་བཤད་པའི་རང་བྱུང་གི་ཡེ་ཤེས་འདུས་མ་བྱས་དོན་དམ་པ་སྟེ། སྡོང་བོ་བཀོད་པར། འཇིག་རྟེན་ཁམས་ནི་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང༌། །ནམ་མཁའ་འཇིག་པར་འགྱུར་བ་མེད། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་གསུངས་སོ། ། གསུམ་པ་གང་གི་ཡིན་པ་རང་བྱུང་གི་རྣམ་པ་ནི། ཆོས་ནི་འདུས་བྱས་མ་བྱས་སོ། །དེ་ཐམས་ཅད་ལ་དབང་བསྒྱུར་བ་ནི་སྤང་བ་དང་མངོན་དུ་བྱ་བ་དང་བསྟན་པ་དང་བཅབ་པ་དང༌། བསྐྱེད་པ་དང་དགག་པ་དང་བསྐལ་བ་སྐད་ཅིག་ཏུ་བྱ་བ་དང་སྐད་ཅིག་བསྐལ་བར་བྱིན་གྱིས་རློབ་པ་ལ་སོགས་པའོ། །དེ་ནི་རང་བྱུང་གི་མཐུའོ། །རང་བྱུང་གང་ཞེ་ན། རང་བྱུང་གི་ཡེ་ཤེས་སོ། །དེ་ཡང་གཉིས་ཏེ། ཆོས་དབྱིངས་དང་དེ་ཇི་བཞིན་ཐུགས་སུ་ཆུད་པ་སྲིད་པ་ཐ་མ་པས་ཐོབ་པའི་རྣམ་མཁྱེན་གྱི་ཡེ་ཤེས་སོ། །དེ་ལ་རང་བྱུང་དང་པོ་སྔར་བསྟན་པ་སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་དོ། །འདིར་གཉིས་པ་གཟུང་སྟེ། ཚེ་དེ་ལ་སློབ་དཔོན་མེད་པར་རང་ཉིད་ཀྱིས་བརྙེས་པས་རང་བྱུང་སྟེ། མདོ་ལས། ཉེར་འགྲོ་ང་ནི་སངས་རྒྱས་ཏེ། །ང་ལ་སློབ་དཔོན་སུ་ཡང་མེད། །ཅེས་པ་ལྟར་རོ། །སྐབས་འདིར་དེ་ཙམ་གྱིས་རང་བྱུང་དུ་བཞག་གི་རྒྱུ་རྐྱེན་གྱིས་མ་བྱས་པར་བྱུང་བ་མིན་པས་རང་བྱུང་རྗེས་མཐུན་པའོ། །དེ་སྔར་བཤད་ལྟར་མངའ་བསྒྱུར་བ་སྟེ་བསྐལ་བ་མང་པོར་གོམས་པའི་མཐུ་ལས་ཏེ། གོམས་ན་སླ་བར་མ་གྱུར་པའི། །དངོས་དེ་གང་ནའང་ཡོད་མ་ཡིན། །ཞེས་པ་ལྟར་རོ། །ཡུན་དེ་སྲིད་དུ་བསོད་ནམས་བསགས་པའི་མཐུ་ལས་ཀྱང་སྟེ། རྒྱ་རོལ་དུ། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་པ་ལྟར་རོ། །འདིས་རང་བྱུང་དང་པོ་ཤེས་པས་དེའི་མཐུས་ཇི་ལྟར་བཞེད་པ་ལྟར་མངའ་བསྒྱུར་བས་ཆོས་དབྱིངས་ཤེས་པ་མངའ་བསྒྱུར་བའི་གཙོ་བོའོ། །ཡང་ན་གཉིས་ཀ་མངའ་བསྒྱུར་མཚན་ཉིད་པ་དང་དང་པོ་རང་བྱུང་མཚན་ཉིད་པར་ཡང་ཤེས་པར་བྱའོ། །དེ་བཞིན་ཉིད་ཀྱི་ཤེས་རྣམ་ལ་དེ་བཞིན་ཉིད་རྟོགས་པའི་མཐར་ཐུག་གི་ཡེ་ཤེས་དེ་འཇོག་གམ་དཔྱད་དོ། །བཞི་བ་གང་གི་དོན་དུ་ཡིན་པ་སངས་རྒྱས་ཉིད་ཀྱི་རྣམ་པ་ནི། ཇི་སྙེད་པའི་རྣམ་པ་ཐམས་ཅད་མངོན་པར་ཏེ་མངོན་སུམ་དུ་རྫོགས་པའི་སྐད་དོད་ཡང་དག་པར་ལ་འཇུག་པའི་ཡང་དག་པར་ཆུབ་པ་སྟེ་རྟོགས་ཤིང་ཁོང་དུ་ཆུབ་པ་ནི་སངས་རྒྱས་ཉིད་ཀྱི་རྣམ་པ་སྟེ། ཞེས་པ་རྣམས་ཆོས་བཤེས་སོ། །དེས་ན་ཐ་མ་འདི་ཇི་སྙེད་པ་མཁྱེན་པ་སྟེ་སྔ་མ་གཉིས་དང་རྣམ་པ་ཐ་མ་གསུམ་སྟེ། དེ་ལྟར་ན་སྟོབས་སོགས་ཀྱི་རྣམ་པ་རྣམས་ཇི་ལྟར་རབ་ཏུ་དབྱེ་བ་དང་འདི་རྣམས་ཀྱི་ངོ་བོའམ་རང་བཞིན་གང་ཡིན་པ་དེ་བཞིན་ཉིད་དང༌། དེ་རྣམས་ལ་མངའ་བསྒྱུར་བ་གང་ཡིན་པ་རང་བྱུང་དང༌། གང་གི་དོན་དུ་ཡིན་པ་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ།སངས་རྒྱས་རྣམས་ཀྱིས་རྣམ་མཁྱེན་གྱི་ལམ་གྱི་རྟེན་ཅན་གྱི་ཐུན་མོང་མིན་པའི་རྣམ་པ་སུམ་ཅུ་རྩ་དགུའོ། །ཞེས་ཉ་ཊཱིཀ་ལས་བཤད་དོ། །

གསུམ་པ་དོན་བསྡུ་ནི།

མདོར་ན་རྣམ་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ན་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཡོད་དོ། །དོན་རྣམ་ཤེས་རྣམ་ཕྱེ་ན་དེ་གཉིས་འགྱུར་རོ། །སྐབས་འདིར་ཉ་ཊཱིཀ་ལས་འགྲེལ་བའི་དོན་བཤད་སྐབས་རྣམ་པའི་དོན་བསྡུ་ཟག་བཅས་ཟག་མེད་ཀྱི་སྒྲ་སྦྱར་ནས་གསུངས་ཀྱང་འདིར་མ་སྤྲོས་སོ། །གཉིས་པ་རྗེས་སུ་སྒྲུབ་པའི་སྦྱོར་བ་བཤད་པ་ལ་གཉིས་ཏེ། སྦྱོར་པ་པོ་གང་ཟག སྦྱོར་བའི་ངོ་བོ་བཤད་པའོ། །དང་པོ་ནི། རྣམ་པའི་འོག་ཏུ་སྦྱོར་བ་འཆད་པ་ནི། རྣམ་པ་རྣམས་སྒོམ་དགོས་ན་སྦྱོར་བས་སྒོམ་དགོས་པས་སྦྱོར་བ་འཆད་ལ། དེ་ཡང་སྦྱོར་བ་སྒོམ་པ་པོའི་གང་ཟག་མེད་པར་སྒོམ་མི་ནུས་པའི་རྒྱུ་མཚན་གྱིས་སྦྱོར་བ་སྒོམ་པ་པོའི་གང་ཟག་འཆད་དོ། །དེ་ཡང་མདོ་ལུགས་མ་ལས། ད་ནི་གཞི་ཤེར་ཕྱིན་གྱི་ཡུལ་མཁྱེན་པ་གསུམ་པོ་དེ་ལ་རྒྱུ་སྦྱོར་བ་བཞིའི་སློབ་པ་པོའི་གང་ཟག་ཤེར་ཕྱིན་གྱི་གཞུང་ཉན་པ་ལ་སོགས་པའི་སྣོད་ལྡན་ལ་བཤད་པར་བྱའོ། །ཉི་ཁྲིའི་ལེའུ་སུམ་ཅུ་པ་ལས། ཤེར་ཕྱིན་འདི་གང་གི་རྣ་ལམ་དུ་གྲགས་པ་དེ་ནི་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་པ་དང༌། དགེ་བའི་རྩ་བ་བསྐྱེད་པའོ། །ཞེས་སོགས་ཀྱི་དོན། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱི་མགོན་བཅས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །ཞེས་ཤེར་ཕྱིན་མཉན་པའི་སྣོད་ནི། སྔོན་གྱི་ས༷ངས་རྒྱ༷ས་རྣ༷མས་ལ༷་ལྷ༷ག་པ༷ར་བསྙེན་བཀུར་བྱ༷ས་པ་དང༌། སངས་རྒྱས་དེ༷་ལ༷ས་དགེ༷་བའི༷་རྩ༷་བ༷་བསྐྲུ༷ན་ཅིང་བསྐྱེད་པ་དང༌། དགེ༷་བ༷འི་བཤེ༷ས་གཉེན་གྱི༷ས་ཡོངས་སུ་ཟིན་པའི་སྒོ་ནས་མགོ༷ན་དང་བཅ༷ས་པ༷་ནི་ཤེར་ཕྱིན་ཟབ་མོ་འདི༷་མཉ༷ན་པ༷འི༷་སྣོ༷ད་ལྡན་གྱི་གང་ཟག་ཡི༷ན་ནོ༷། ། ཤེར་ཕྱིན་ཟབ་མོ་འདི་ཐོས་ནས་མི་སྐྲག་ཅིང་སློབ་པའི་སྣོད་དུ་རུང་བའི་རྒྱུ་གང་ཞེ་ན། སངས་རྒྱས་བསྟེན་དང་ཀུན་འདྲི་དང༌། སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པས། །ལེན་དང་འཛིན་པ་ལ་སོགས་པའི། །སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས་པ་ལ་སྔོན་གྱི་ས༷ངས་རྒྱ༷ས་རྣམས་དགེ་བའི་བཤེས་གཉེན་དུ་བསྟེ༷ན་པ་ད༷ང༌། དེ་དག་ལ་ཤེར་ཕྱིན་གྱི་དོན་ཀུ༷ན་མ་ཤེས་པར་ལ་འདྲི༷་ཞིང་ནུས་པའི་སྒོ་ནས་ཤེས་པ་ད༷ང༌། སྐལ་པ་མང་པོར་སྦྱི༷ན་པ་ད༷ང་ཚུ༷ལ་ཁྲི༷མས་ལ་སོ༷གས་པ་ཕར་ཕྱིན་རྣམས་ལ་སྔར་སྤྱོ༷ད་པ༷༷འི་རྒྱུས། ད་ལྟ་མི་སྐྲག་ཅིང་དད་པས་དང་དུ་ལེན་པ་དང༌། ཚིག་དོན་འཛིན་པ་དང༌། ལ་སོགས་པ་དོན་ཁོང་དུ་ཆུད་པར་བྱེད་པ་དང༌། སྒོམ་པའི་སྣོ༷ད་དུ༷་རུང་བར་ད༷མ་པ༷་སངས་རྒྱས་ལ་སོགས་པ་རྣ༷མས་བཞེ༷ད་དོ༷། །ཞེས་གསུངས་པ་ལྟར་རོ། །ཉ་ཊཱིཀ་ལས་ཤོ་ལོ་ཀ་སྔ་མས་ད་ལྟ་ཤེར་ཕྱིན་ཉན་པས་སྣོད་རུང་ཡིན་པས་སངས་རྒྱས་རྣམས་ལ་ལྷག་པར་བྱས་པ་སོགས་ཡིན་པ་དང༌། ཤོ་ལོ་ཀ་ཕྱི་མས་ད་ལྟ་ལེན་པ་མི་བརྗེད་པ། ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་ཡིན་པས་གོ་རིམ་བཞིན་སྔོན་སངས་རྒྱས་བརྟེན་པ་དང་དོན་ཀུན་འདྲི་བ་དང་སྦྱིན་སོགས་ལ་སྤྱོད་པ་ཡིན་པར་གསུངས་སོ། །དེས་ན་སྔོན་གྱི་བསོད་ནམས་ཀྱིས་སྟོབས་ཀྱིས་ཡུམ་ཉན་པ་ལ་སོགས་པའི་སྣོད་དུ་གྱུར་པའི་སྐྱེས་བུ་དེ། སྦྱོར་བ་སྒོམ་རུང་གི་གང་ཟག་གི་མཚན་ཉིད། དབྱེ་ན་བཞི་ཡོད་དེ། ཉ་ཊཱིཀ་ལས། ཡུམ་གྱི་སྦྱོར་བ་པོ་གང་ཟག་ནི་སྔོན་དུ་ཚོགས་བསགས་པས་ཡུམ་ཉན་པ་ལ་སོགས་པའི་སྣོད་དུ་གྱུར་པའི་སྐྱེས་བུ་སྟེ། དབྱེ་ན་ཉན་པ། འཛིན་པ། མི་བརྗེད་པ། ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་བཞིའོ། །ཞེས་གསུངས་པའི་ཕྱིར། སངས་རྒྱས་རྣམས་ལ་ལྷག་པར་བྱས། །ཞེས་པའི་དོན་ཉ་ཊཱིཀ་ལས་སྔོན་གྱི་སངས་རྒྱས་རྣམས་ལ་གཙུག་ལག་ཁང་འབུལ་བ་ལ་སོགས་པ་བསྙེན་བཀུར་བྱས་པ་ཡིན་ཏེ། ཞེས་དང༌། སངས་རྒྱས་བསྟེན་དང་ཞེས་པའི་དོན་སྔོན་སངས་རྒྱས་མང་བོ་ལ་ལུས་སོགས་ཀྱི་བསྙེན་བཀུར་གྱིས་མཉེས་པར་བྱས་ནས་བསྟེན་པ་ཡིན་ཏེ། ཞེས་གསུངས་པས་དེ་གཉིས་ལ་ཁྱད་ཡོད་མེད་དང་ཤེར་ཕྱིན་མཉན་པ་དང་ལེན་པ་དང་མི་བརྗེད་པར་འཛིན་པ་དང་ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་རུང་རྣམས་ཡིན་ཁྱབ་མཉམ་ཡིན་མིན་དང་ཚིག་དོན་འཛིན་པ་དང་དོན་ཁོང་དུ་ཆུད་པར་བྱེད་པ་དང་ཚུལ་བཞིན་ཡིད་ལ་བྱེད་པ་གསུམ་གྱི་ཁྱད་པར་གང་ཡིན་དང་མི་བརྗེད་པ་དང་ཚིག་དོན་འཛིན་པ་གཉིས་ཀྱི་ཁྱད་ཡོད་མེད་ཉ་ཊཱིཀ་ལས། ཉན། ལེན། མི་བརྗེད། ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་དོ། །ཞེས་དང༌། མདོ་ལུགས་མ་ལས། ད་ལྟ་མི་སྐྲག་ཅིང་དད་པས་དང་དུ་ལེན་པ་དང༌། ཚིག་དོན་འཛིན་པ་དང༌། ལ་སོགས་པ་དོན་ཁོང་དུ་ཆུད་པར་བྱེད་པ་དང༌། སྒོམ་པའི་སྣོ༷ད་དུ༷་རུང་བར་ད༷མ་པ༷་སངས་རྒྱས་ལ་སོགས་པ་རྣ༷མས་བཞེ༷ད་དོ༷། །ཞེས་སོགས་ཀྱིས་དཔྱད་པར་བྱའོ། །

གཉིས་པ་སྦྱོར་བའི་ངོ་བོ་བཤད་པ།

གཉིས་པ་སྦྱོར་བའི་ངོ་བོ་བཤད་པ་ལ།

སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། མདོ་ལས། བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་སྤྱོད་པའི་ཚེ། གཟུགས་ལ་མི་གནས་ཏེ། གང་གི་ཚེ་གཟུགས་ལ་མི་གནས་དེའི་ཚེ་གཟུགས་ལ་བརྩོན་པར་བྱེད་དོ། །ཞེས་སོགས་ཀྱི་དོན་རྩ་བར། གཟུགས་ལ་སོགས་ལ་མི་གནས་ཕྱིར། དེ་ལ་སྦྱོར་བ་བཀག་པའི་ཕྱིར། །དེ་ཡི་དེབཞིན་ཉིད་ཟབ་ཕྱིར། །དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། །དེ་དག་ཚད་ནི་མེད་ཕྱིར་དང༌། །ཚེགས་ཆེན་ཡུན་རིང་རྟོགས་པའི་ཕྱིར། །ལུང་བསྟན་ཕྱིར་མི་ལྡོག་ཉིད་དང༌། །ངེས་འབྱུང་བར་ཆད་མེད་བཅས་དང༌། བྱང་ཆུབ་ཉེ་དང་མྱུར་བ་དང༌། །གཞན་དོན་འཕེལ་མེད་འགྲིབ་མེད་ཕྱིར། །ཆོས་དང་ཆོས་མིན་སོགས་མི་མཐོང༌། །གཟུགས་སོགས་བསམ་མི་ཁྱབ་མི་མཐོང༌། །གཟུགས་སོགས་དེ་ཡི་མཚན་མ་དང༌། །དེ་ཡི་ངོ་བོར་རྣམ་མི་རྟོག །འབྲས་བུ་རིན་ཆེན་སྦྱིན་བྱེད་དང༌། དེ་ནི་དག་པ་མཚམས་དང་བཅས། །ཞེས་སོ། ། རང་ཡུལ་གྱི་བསྒོམ་བྱའི་རྣམ་པ་སྒོམ་པའི་སེམས་དཔའི་མངོན་རྟོགས་དེ། སྐབས་འདིའི་སྦྱོར་བའི་མཚན་ཉིད། དེ་ལ་དབྱེ་ན་ཉི་ཤུ་ཡོད་དེ། ཉ་ཊཱིཀ་ལས། སྦྱོར་བ་ནི། གསུམ་ལ་དབང་གྱུར་ཐོབ་པའི་ཕྱིར་དུ་བསྒོམ་བྱའི་རྣམ་པ་རྣམས་བསྡུས་ཏེ་སྒོམ་པའི་རྣལ་འབྱོར་རོ། །དབྱེ་ན་ཉི་ཤུའོ། །ཞེས་གསུངས་པའི་ཕྱིར། ཉ་ཊཱིཀ་ལྟར་ན་རང་བཞིན་གྱི་ལྔ། གནས་སྐབས་ཀྱི་བཅོ་ལྔའོ། །དང་པོ་ནི། སྦྱོར་ལམ་པའི་ཡུམ་སྦྱོར་ཆོས་ཅན།༡གཟུགས་སོགས་ལ་མི་གནས་པའི་སྦྱོར་བ་ཡིན་ཏེ། གནས་བྱ་གཟུགས་ལ་སོགས་པ་ལ་བདེན་པའི་ངོ་བོ་ཉིད་མེད་ཅིང་སྟོང་བས་དེ་ལ་ཞེན་ནས་མི་གནས་པ་སྟེ་གནས་པ་བཀག་སྟེ་བསྒོམ་པའི་ཡུམ་སྦྱོར་ཡིན་པའི་ཕྱིར། གཞན་ལ་རིགས་འདྲ།༢གཟུགས་ལ་སོགས་པ་ལ་དེ་ཁོ་ནར་མི་སྦྱོར་བའི་སྦྱོར་བ་འམ་རྣལ་འབྱོར་བཀག་པའི་སྦྱོར་བ། ༣ གཟུགས་སོགས་དེའི་དེ་བཞིན་ཉིད་ཟབ་པར་རྟོགས་པའི་སྦྱོར་བ། ༤གཟུགས་སོགས་ཀྱི་རང་བཞིན་དེ་བཞིན་ཉིད་གཏིང་དཔག་དཀའ་བའི་སྦྱོར་བ། ༥དེ་བཞིན་ཉིད་ཚད་མེད་པ་རྟོགས་པའི་སྦྱོར་བ་སྟེ་རང་བཞིན་གྱི་སྦྱོར་བ་ལྔའོ། ། རང་བཞིན་གྱི་སྦྱོར་བ་ལྔར་བུདྡྷ་ཤྲཱི་དང་འབྲོམ་སོགས་ཀྱིས་བཤད་པའི་ལུགས་ལྟར་བྱས་པའོ། །ཨཱརྱ་ཕྱི་མ་འདི་གསུམ་ཆུང་འབྲིང་ཆེན་པོར་བཤད་ཅིང༌། འགྲེལ་ཆེན་དུ་ཡང་ཨཱརྱས་དེ་ལྟར་བཤད་དོ་ཞེས་གྲངས་སོ། །ཞེས་ཉ་ཊཱིཀ་ལས་སོ། །གཉིས་པ་གནས་སྐབས་ཀྱི་བཅོ་ལྔ་ལས། དང་པོ་ཉ་ཊཱིཀ་ལས། ཆོས་སྤོང་གི་ལས་འབྲིང་བོ་ཙམ་མ་སྤངས་པའི་ཚོགས་ལམ་ཕལ་བའི་ཡུམ་སྦྱོར་ཆོས་ཅན། ༦ཚེགས་ཆེན་པོས་ཡུན་རིང་མོ་ཞིག་ནས་རྟོགས་པ་སྟེ་མངོན་པར་རྫོགས་པར་འཚང་རྒྱ་བར་རུང་བའི་སྦྱོར་བ་ཡིན་ཏེ། ཡུམ་ཟབ་གཏིང་དཔག་དཀའ་ཚད་མེད་པ་ལ་ཟབ་པས་དང་པོ་དངང་ཞིང་སྐྲག་པ་དང༌། གཏིང་དཔག་བཀའ་བས་དེ་ལྷག་པར་འཕེལ་ནས་ཀུན་ཏུ་སྐྲག ཚད་མེད་པས་བདེན་ཞེན་ངེས་པར་གནས་ནས་གཏིང་ཚུགས་པས་སྐྲག་པས་ཟིན་པར་འགྱུར་སྲིད་པའི་ལས་དང་པོ་བའི་ཡུམ་སྦྱོར་ཡིན་པས་སོ། །ཨཱརྱའོ། །དེ་འཕགས་པས་ལས་དང་པོ་བར་བཤད་དོ། །ཞེས་གསུངས་སོ།༧ལུང་བསྟན་པ་འཐོབ་པའི་སྦྱོར་བ། ༨ཕྱིར་མི་ལྡོག་པ་ཉིད་ཀྱི་སྦྱོར་བ། ༩ངེས་པར་འབྱུང་བའི་སྦྱོར་བ། ༡༠བར་ཆད་མེད་པའི་སྦྱོར་བ། ༡༡ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བའི་སྦྱོར་བ། ༡༢མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ། ༡༣གཞན་དོན་གྱི་སྦྱོར་བ། ༡༤འཕེལ་བ་དང་འགྲིབ་པ་མེད་པའི་སྦྱོར་བ། ༡༥ཆོས་དང་ཆོས་མ་ཡིན་པ་ལ་སོགས་པར་མི་མཐོང་ཞིང་མི་དམིགས་པའི་སྦྱོར་བ། ༡༦གཟུགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པོ་ཞེས་པའི་རྣམ་པ་འགོག་པའི་སྦྱོར་བ། ༡༧གཟུགས་ལ་སོགས་པའི་དངོས་པོར་རྣམ་པར་མི་རྟོག་པའི་སྦྱོར་བ། ༡༨འདི་ལྔ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ས་བརྒྱད་པ་ན་ཡོད་དེ། སྦྱོར་བ་ངོ་བོ་གཅིག་ཉིད། གཞན་དོན་བྱེད་པ། འཕེལ་འགྲིབ་མེད་པར་རྟོགས་པ། མཐའ་གཉིས་ལ་མི་གནས་པ། ཆོས་ཉིད་དུ་མི་རློམ་པ། ཆོས་ཅན་དུ་མི་རྟོག་པའི་ཆ་ནས་ཕྱེ་བའོ། །འབྲས་བུ་རིན་པོ་ཆེ་སྦྱིན་པའི་སྦྱོར་བ། ༡༩རྣམ་པར་དག་པའི་སྦྱོར་བ། ལས་དང་པོ་བའི་ཡུམ་སྦྱོར་ཆོས་ཅན། ༢༠ས་མཚམས་ཀྱི་སྦྱོར་བ་ཡིན་ཏེ། རིན་པོ་ཆེ་ལ་བར་ཆད་མང་བའི་དཔེས་ལོ་བསྐོར་དུ་དང་ཟླ་བ་དང་ཞག་ལ་སོགས་པར་དུས་ཚིགས་བཅད་ནས་ཡུམ་བྲི་བསྒོམ་སོགས་ལ་མངོན་པར་བརྩོན་པ་མི་འདོར་བའི་སྦྱོར་བ་ཡིན་པས་སོ། །དེ་ལྟར་ན་བཅོ་ལྔ་སྟེ་སྦྱོར་བ་དེ་ནི་ཉི་ཤུ་ཡིན་ནོ། །ཤཱནྟི་བས་ཉེར་གསུམ་དུ་བཤད་དེ། ཟབ་སྦྱོར་སོགས་གསུམ་ལ་རྣལ་འབྱོར་བཀག་པ་རེ་རེ་དང་བཅས་པའོ། །ས་མཚམས་ལ་དང་པོ་ལྔ་སྦྱོར་ལམ་ནས་དང༌། དེ་ནས་གཅིག་ཚོགས་ལམ། དེ་ནས་བཞི་རིམ་བཞིན་དྲོད་སོགས་བཞི་ལ། དེ་ནས་གཅིག་མཐོང་ལམ། དེ་ནས་གཅིག་ས་གཉིས་པ། དེ་ནས་ལྔ་ས་བརྒྱད་པ། དེ་ནས་གཅིག་ས་དགུ་བ། དེ་ནས་གཅིག་རྒྱུན་མཐའ། དེ་ནས་གཅིག་ལས་དང་པོ་ནས་བཞག་པར་བུདྡྷ་ཤྲཱིས་གསུང་སྒྲོས་བར་མ་ཆད་དུ་ཡིན་པ་དང༌། ཆོས་བཤེས་ནི། ངེས་འབྱེད་ཆ་མཐུན་བཞི་ཅར་གྱི་ཐུན་མོང་དུ་སྦྱར་རོ། །ཞེས་སོ། །ཤེར་འབྱུང་གིས། སྦྱོར་ལམ་ལ་ལྔ། མཐོང་ལམ་ལ་གཅིག སྒོམ་ལམ་ལ་ཆུང་ངུ་སོགས་ཀྱིས་དགུ ཁྱད་པར་ལམ་ལ་གསུམ། བར་ཆད་མེད་ལམ་ལ་གཉིས་ཏེ་ལམ་ལྔས་བསྡུས། ཞེས་སོ། །དེ་ལ་ལྔ་ནི་ཚོགས་ལམ་གྱིས་བསྡུས་ལ། བཅོ་ལྔ་ནི་སྦྱོར་ལམ་ནས་ས་བཅུ་བའི་བར་གྱིས་བསྡུས་སོ། །ཞེས། ཁ་ཆེ་གཞོན་ནུ་དཔལ་ལོ། །ས་མཚམས་བཞག་ཚུལ་གྱི་འདོད་པ་དེ་དག་ཉ་ཊཱིཀ་ལས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

སྦྱོར་བ་ཉི་ཤུ་བཤད་པ་མི་འཐད་པར་ཐལ། མདོ་ལུགས་མ་ལས། འདི་ཐམས་ཅད་སྦྱོར་བར་འཆད་པ་མདོ་དང་མི་མཐུན་ནོ། །མདོ་ལ་སྦྱོར་བ་གཅིག་དང་ལྷག་མ་སྦྱོར་བ་དང་འབྲེལ་ཞིང་སྐབས་སུ་བབ་པའི་གཞན་དང་གཞན་རྣམས་བསྟན་པའི་ཕྱིར་རོ། །སྐབས་འདིའི་སྦྱོར་བ་ནི་ཤེར་ཕྱིན་ཟབ་མོ་རྣལ་འབྱོར་ཡིན་ལ་དེ་ལ་ཉིན་མཚན་གྱི་རྣལ་འབྱོར་དུ་བྱེད་པ་ཙམ་མ་གཏོགས་པ་རིགས་མི་འདྲ་བ་དུ་མ་ནི། གསུང་རབ་ཁྱད་འཕགས་རྣམས་སུ་གསུངས་པ་མེད་དོ། ། དེས་ན་འདིར་གཟུགས་ལ་སོགས་ལ་མི་གནས་ཞེས་སོགས་ཚིག་རྐང་པ་གཉིས་ཀྱི་སྦྱོར་བ་དང༌། དེའི་དེ་བཞིན་ཉིད་ཞེས་པ་ནས་ཚད་ནི་མེད་ཕྱིར་དང་ཞེས་པའི་བར་གྱིས་བསྒོམ་པའི་ཤེར་ཕྱིན་དེ་ཟབ་པ་དང༌།གཏིང་དཔག་དཀའ་བ་དང༌། ཚད་མེད་པར་སྟོན་ལ། ཚེགས་ཆེན་ཞེས་པའི་ཚིག་རྐང་གཅིག་གིས་ཤེར་ཕྱིན་ཟབ་མོ་དེ་སྣོད་མིན་ལ་བསྟན་པའི་ཉེས་དམིགས་དང་ལུང་བསྟན་ཞེས་པ་ནས་གཞན་དོན་ཞེས་པའི་བར་གྱིས་སྣོད་ལྡན་གྱིས་ཉམས་སུ་བླངས་པའི་ཕན་ཡོན་དང༌།འཕེལ་མེད་ནས་བསམ་མི་ཁྱབ་མི་མཐོང་གི་བར་གྱིས་ཤེར་ཕྱིན་བསྒོམ་པ་ཡོངས་སུ་རྫོགས་པར་བྱེད་པའི་ཚད་དང༌། གཟུགས་སོགས་ནས་རྣམ་པར་མི་རྟོག་གི་བར་གྱིས་ཡུན་རིང་བོ་ནས་ཕར་ཕྱིན་དྲུག་ལ་སྦྱང་པའི་རྟགས་དང༌། འབྲས་བུ་རིན་ཆེན་སྦྱིན་བྱེད་ཀྱིས་ཤེར་ཕྱིན་དེས་སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་སྦྱིན་པར་བྱེད་པ་དང༌། དེ་ནི་དག་པ་ཞེས་པས་ཤེར་ཕྱིན་དེ་ཆོས་དག་པ་ཐམས་ཅད་ཀྱི་ཕུང་པོ་ཡིན་པ་དང༌། མཚམས་དང་བཅས་ཞེས་པས་ཤེར་ཕྱིན་ལ་ཆོས་སྤྱོད་ཀྱི་རིམ་པ་ལ་སོགས་པའི་དུས་མཚམས་བསྟན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་པ་ཡིན་པར་སྣང་སྟེ། མདོ་དང་མངོན་རྟོགས་རྒྱན་གྱི་ཚིག་ཟིན་ལ་ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་གཅིག་ལས་མ་གསུངས་པ་ལ་དགོངས་པའི་ཕྱིར། དེ་ལྟ་མ་ཡིན་ན་སྦྱོར་བ་ཉི་ཤུ་དང་སྦྱོར་བའི་དབྱེ་བ་མེད་དགོས་པ་ལ་དེ་མི་རིགས་ཏེ། སྦྱོར་བ་ཉི་ཤུ་ལས་གནས་པ་བཀག་པའི་སྦྱོར་བ་སོགས་རེ་རེ་ནས་ཡོད་པ་དང་མི་རྟག་པ་རྟོགས་པའི་སྦྱོར་བ་སོགས་སྦྱོར་བ་དུ་མ་ཡོད་པའི་ཕྱིར་རོ། །ཉ་ཊཱིཀ་ལས། རྩ་འགྲེལ་ལྷན་གཅིག་སྟེ། རང་བཞིན་གྱི་ལྔ། གནས་སྐབས་ཀྱི་བཅོ་ལྔའོ། །ཞེས་དང་པོ་ལྔ་རང་བཞིན་གྱི་དབྱེ་བ་དང་ཕྱི་མ་བཅོ་ལྔ་གནས་སྐབས་ཀྱི་དབྱེ་བ་ཡིན་པའི་རྒྱུ་མཚན་ལ་དཔྱད། ཡང་ཉ་ཊཱིཀ་ལས། སྦྱོར་ལམ་པའི་ཡུམ་སྦྱོར་ཆོས་ཅན། གཟུགས་སོགས་ལ་མི་གནས་པའི་སྦྱོར་བ་ཡིན་ཏེ། གནས་བྱ་གཟུགས་ལ་སོགས་པ་ལ་བདེན་པའི་ངོ་བོ་ཉིད་མེད་ཅིང་སྟོང་བས་དེ་ལ་ཞེན་ནས་མི་གནས་པ་སྟེ་གནས་པ་བཀག་སྟེ་བསྒོམ་པའི་ཡུམ་སྦྱོར་ཡིན་པའི་ཕྱིར། ཞེས་པའི་རྟགས་བཀོད་པ་ལྟར་ན་གཟུགས་སོགས་བདེན་མེད་རྟོགས་པའི་བྱང་སེམས་ཚོགས་ལམ་པ་ལ་ཡོད་པ་འདྲའོ། །ཡང་ཉ་ཊཱིཀ་ལས། ཚེགས་ཆེན་པོས་ཡུན་རིང་མོ་ཞིག་ནས་རྟོགས་པ་སྟེ། མངོན་པར་རྫོགས་པར་འཚང་རྒྱ་བར་རུང་བའི་སྦྱོར་བ་ཡིན་ཏེ། ཡུམ་ཟབ་གཏིང་དཔག་དཀའ་ཚད་མེད་པ་ལ་ཟབ་པས་དང་པོ་དངང་ཞིང་སྐྲག་པ་དང༌། གཏིང་དཔག་བཀའ་བས་དེ་ལྷག་པར་འཕེལ་ནས་ཀུན་ཏུ་སྐྲག ཚད་མེད་པས་བདེན་ཞེན་ངེས་པར་གནས་ནས་གཏིང་ཚུགས་པས་སྐྲག་པས་ཟིན་པར་འགྱུར་སྲིད་པའི་ལས་དང་པོ་བའི་ཡུམ་སྦྱོར་ཡིན་པས་སོ། །དེ་ལྟ་བུ་ལ་སྟོང་ཉིད་རྟོགས་པའི་སྦྱོར་བ་ཡོད་མེད་དཔྱད། ཡང་ཉ་ཊཱིཀ་ལས། བྱང་སེ་མཐོང་ལམ་པ་དབང་རྣོན་གྱི་ཡུམ་སྦྱོར་ཆོས་ཅན། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བའི་སྦྱོར་བ་ཡིན་ཏེ།ཞེས་གསུངས་པས་བྱང་སེམས་དབང་རྣོན་མཐོང་ལམ་དེ་རྫོགས་བྱང་ལ་ཉེ་བ་ཡིན་ནམ་དཔྱད། ཡང་ཉ་ཊཱིཀ་ལས། ས་མཚམས་དེ་དག་བུདྡྷ་ཤྲཱིའི་གསུང་སྒྲོས་བར་མ་ཆད་དུ་སྣང་ངོ༌། །ཞེས་ས་མཚམས་དེ་ལྟར་རང་ལུགས་འཐད་དམ་ཅི། མི་འཐད་ན་ཉ་ཊཱིཀ་ལས་རྩ་འགྲེལ་གྱི་དོན་བཤད་སྐབས་དེ་ལྟར་བཤད་པའི་རྒྱུ་གང་ཡིན། འཐད་ན་གོང་དུ་བཤད་པ་ལྟར་སྦྱོར་བ་དང་པོ་སོགས་ཚོགས་ལམ་ནས་མེད་དགོས་པ་ལ་དེ་ཡང་མི་རིགས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

གསུམ་པ་སྐྱེ་རྒྱུ་ཡོན་ཏན་བཤད་པ།

གསུམ་པ་སྐྱེ་རྒྱུ་ཡོན་ཏན་བཤད་པ་ལ།

སྦྱོར་བའི་ཡོན་ཏན་རྣམས་ཤེས་ན་སྦྱོར་བ་གོམས་པར་བྱེད་པས་ན་སྦྱོར་བའི་ཡོན་ཏན་བཤད་པར་བྱའོ། །དེ་ཡང་མདོ་ལས། བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ཟབ་མོ་འདི་འདྲི་ཀློག་ཁ་ཏོན་བྱེད་སྒོམ་པ་ལ་བར་ཆད་བྱེད་པར་མི་ནུས་སོ། །ཞེས་སོགས་ཀྱི་དོན།བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཡོན་ཏན་རྣམ་པ་བཅུ་བཞིའོ། །ཞེས་གསུངས་སོ། །ཐེག་ཆེན་གྱི་སྦྱོར་བ་སྒོམ་སྟོབས་ཀྱིས་ཐོབ་པའི་ཐེག་ཆེན་ལམ་ཞུགས་ཀྱི་རྒྱུད་ཀྱི་ཡོན་ཏན་དེ། ཐེག་ཆེན་སྦྱོར་བའི་ཡོན་ཏན་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། སྦྱོར་བའི་ཡོན་ཏན་ནི། སྦྱོར་བ་བསྒོམ་པའི་གནས་སྐབས་སམ། མཐར་ཐུག་གི་ཐོབ་བྱའི་འབྲས་བུ། དབྱེ་ན་བཅུ་བཞིའོ། །ཞེས་གསུངས་པའི་ཕྱིར། སྐབས་འདིའི་ཡོན་ཏན་དེ་སྦྱོར་བའི་རྒྱུ་དང་འབྲས་བུ་གཉིས་ལ་སྦྱར་མཁན་ཡོད་ཀྱང་རང་ལུགས་ལ་མདོ་ལུགས་མ་ལས། ཡོན་ཏན་འདི་དག་ཡུམ་གྱི་ཆོས་སྤྱཽད་ཐམས་ཅད་ཀྱི་ཕན་ཡོན་དུ་མདོ་ལས་གསུངས་པ་སྟེ། བདུད་ཀྱི་མཐུ་བཅོམ་ཞིང་ནུས་པ་མེད་པ་དང་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པས་མཁྱེན་ཅིང་ལ་སོགས་པ་ཡོན་ཏན་རྣམ་པ་བཅུ་བཞིའོ། །ཞེས་གསུངས་པས་སྦྱོར་བ་སྒོམ་པའི་ཕན་ཡོན་ནམ་ལེགས་པའི་འབྲས་བུ་བཤད་དགོས་སོ། ། དབྱེ་ན། སྦྱོར་བ་སྒོམ་པའི་གང་ཟག་ལ་བདུད་རྣམས་ཀྱིས་བར་ཆད་ཀྱི་ལས་ཅི་རྩོམ་ཀྱང་དེ་ལ་སངས་རྒྱས་དང་བྱང་སེམས་དང་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་དགོངས་པས་བདུ༷ད་རྣམས་ཀྱི༷་གནོད་པས་མི་ཚུགས་ཤིང་དེ་དག་གི་མཐུ༷་སྟོབས་བཅོ༷མ་པའི་ཡོན་ཏན་༡དང༌། སངས་རྒྱས་ཀྱིས་བྱིན་གྱིས་རླབས་པ་དང་ཐུགས་ཀྱིས་དགོངས་ཤིང་མཁྱེན་པའི་ཡོན་ཏན་༢དང༌། སངས་རྒྱས་དང་འཕྲད་ནས་དངོས་སུ་བྱིན་གྱིས་རླབས་པ་མངོན་སུམ་དུ་མཛད་ཅིང་གཟིགས་པའི་ཡོན་ཏན་༣དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བའི་ཡོན་ཏན་༤དང༌། དོན་ཆེན་པོ་སོགས་ཀྱི་ཡོན་ཏན་༥དང༌། བྱང་ཕྱོགས་ནས་བྱང་ཕྱོགས་སུ་བརྒྱུད་དེ་རྒྱ་མཚོའི་བར་དུ་དར་བར་ལུང་བསྟན་པ་ལྟ་བུ་སྦྱོར་བ་སྒོམ་པའི་གང་ཟག་དེ་གང་དུ་སྐྱེ་བའི་ཡུལ་དེ་སངས་རྒྱས་ཀྱིས་ལུང་བསྟན་པ་དེར་སྐྱེ་ཞིང་ཡུལ་དེར་ཤེར་ཕྱིན་དར་བར་བྱེད་པ་ནི་ཡུལ་དཔྱད་པའི་ཕན་ཡོན་༦དང༌། སྦྱོར་བ་སྒོམ་པས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་སོགས་ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་རང་རྒྱུད་ལ་མ་ཐོབ་པ་རྫོགས་པར་འགྱུར་བ་ནི་ཡོན་ཏན་རྫོགས་པའི་ཡོན་ཏན་༧དང༌། གདུལ་བྱ་ཐེག་དམན་དུ་མི་ལྟུང་བར་ཐེག་ཆེན་དུ་གཞུག་པའི་ཐབས་སྟོན་པ་ལ་མཁས་པ་ནི་སྨྲ་བའི་སྐྱེས་བུ་ཉིད་ཀྱི་ཡོན་ཏན་༨དང༌། རྣམ་མཁྱེན་དང་ཐེག་ཆེན་གྱི་ལམ་ལས་སེམས་མི་ཕྱེད་པའི་ཡོན་ཏན་༩དང་དགུ། ད་ལྟ་ཤེར་ཕྱིན་ནམ་སྦྱོར་བ་སྒོམ་པ་ལ་དགའ་བ་རྒྱ་ཆེན་པོ་ཐོབ་པས་སྐྱེ་བོ་མང་པོ་ལ་བླ་མེད་རྫོགས་བྱང་གི་དགེ་རྩ་བསྐྲུན་པར་བྱེད་པ་ནི་ཉན་རང་དང་དགེ་རྩ་ཐུན་མོང་མ་ཡིན་པའི་ཡོན་ཏན་༡༠དང༌། སེམས་ཅན་གྱི་དོན་སྒྲུབ་པའི་དམ་བཅའ་སྒྲུབ་པའི་ཡོན་ཏན་༡༡དང༌། སེམས་ཅན་མ་ལུས་པའི་དོན་སྒྲུབ་པ་དང༌། སྤངས་རྟོགས་མཐར་ཐུག་པ་དང༌། འབྲས་བུ་རྒྱ་ཆེན་པོ་འཛིན་པའི་ཡོན་ཏན་༡༢དང༌། ཚེ་རབས་གཞན་དུ་སྔར་གྱི་དམ་བཅའ་དྲན་ནས་ཕར་ཕྱིན་དྲུག་གི་སྒོ་ནས་སེམས་ཅན་གྱི་དོན་སྒྲུབ་པ་ཐོབ་པ་ནི་སེམས་ཅན་གྱི་དོན་སྒྲུབ་པའི་ཡོན་ཏན་༡༣དང༌། སྦྱོར་བ་ཉམས་སུ་ལེན་པ་ལ་བརྩོན་པ་མ་དོར་བའི་མཐུས་ཚེ་རབས་གཞན་རྣམས་སུ་ཤེར་ཕྱིན་རྙེད་པར་འགྱུར་བ་ནི་འདོད་དོན་ངེས་པར་ཐོབ་པའི་ཡོན་ཏན་༡༤ཏེ། སྦྱོར་བའི་ཡོ༷ན་ཏ༷ན་རྣ༷མ་པ༷་བཅུ༷་བཞི༷འོ༷། །ས་མཚམས་ཐེག་ཆེན་ཚོགས་ལམ་ནས་སངས་རྒྱས་ཀྱི་སར་ཡོད་དོ། །ཉ་ཊཱིཀ་གིས་འགྲེལ་བའི་དོན་བཤད་སྐབས་སུ། འོག་མ་རྒྱུའི་ཡོན་ཏན་བཅུ་བཞི་གོང་མ་འབྲས་བུའི་ཡོན་ཏན་བཅུ་བཞི་གྲངས་བཞིན་དུ་སྦྱར་ན། སྦྱོར་བ་བསྒོམ་པའི་སྐབས་སུ་ཞེས་རྒྱུ་ཀུན་གྱི་མགོར་སྦྱར། ཡོན་ཏན་ཞེས་པ་གཉིས་ཀའི་མཇུག་ཏུ་སྦྱར་རོ། །སྦྱོར་ལམ་རྩེ་མོ་པའི་བྱང་སེ་ཆོས་ཅན། ཡུམ་བསྒྲུབ་པ་ལ་བདུད་ཀྱིས་བར་ཆད་བྱེད་པའི་ནུས་མཐུ་བཅོམ་པའི་ཡོན་ཏན་འཐོབ་ཏུ་རུང་སྟེ། དེ་མི་འབྱུང་བར་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པའི་བྱང་སེ་ཡིན་པས་སོ། ། ཞེས་སོགས་སོ། །ཞེས་པ་ནས། བཅུ་བཞི་ཚན་པ་གཉིས་པོ་དེ་དག་ཕྱིན་ཅི་མ་ལོག་པའི་ཡུམ་གྱི་སྦྱོར་བ་ལ་མངོན་པར་དགའ་བའི་སྔར་བཤད་སྒོམ་པ་པོ་ལ་རྒྱུའི་ཡོན་ཏན་བཅུ་བཞི་ཐོབ་པས་འབྲས་བུའི་ཡོན་ཏན་བཅུ་བཞི་འབྱུང་ཞིང་དེ་ཡང་རྗེས་སུ་མཐུན་པར་བསླབ་པར་བྱ་བས་ཡོན་ཏན་གྲངས་རྣམ་པ་བཅུ་བཞིའོ། །ཞེས་རྒྱུ་དང་འབྲས་བུ་གཉིས་ལ་སྦྱར་ཚུལ་གསུངས་མོད་རང་ལུགས་འཐད་ལྡན་མ་ཡིན་ནམ་དཔྱད་པར་བྱའོ། །

བཞི་བ་མི་སྐྱེ་བའི་རྒྱུ་སྐྱོན་བཤད་པ།

བཞི་བ་མི་སྐྱེ་བའི་རྒྱུ་སྐྱོན་བཤད་པ་ལ།

ད་ནི་ཐེག་པ་ལ་གསར་དུ་ཞུགས་པ་ཆོས་ཀྱི་རོ་མ་མྱོང་བས་ཡུམ་གྱི་ཆོས་སྤྱོད་ལ་བར་ཆད་ཀྱི་སྐྱོན་འབྱུང་བ་བཤད་པར་བྱ་སྟེ། སྡུད་པ་ལས། ཐེག་པ་གསར་དུ་ཞུགས་པའི་སེམས་ཅན་བློ་ཆུང་བ། །གང་ཞིག་དཀོན་པའི་རིན་ཆེན་འདི་ནི་མ་རྙེད་པ། །དེ་ལ་བར་ཆད་བྱ་ཕྱིར་བདུད་ནི་སྤྲོ་བར་འགྱུར། །ཞེས་དང༌། ཉི་ཁྲིའི་ལེའུ་སོ་གཅིག་པ་དང་སོ་གཉིས་པའི་སྐབས་ན་རིགས་ཀྱི་བུ་དང་བུ་མོ་བླ་མེད་བྱང་ཆུབ་ཏུ་སྤྱོད་པ་ལ་བར་ཆད་ཇི་ལྟ་བུ་མཆིས་ཞེས་སོགས་ཀྱི་དོན་འཆད་པ་ལ། རྩ་བར། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་བྱ། །ཞེས་སོ། །དེའི་དོན་མདོ་ལུགས་མ་ལས། དེས་ན་སྤོབས་པ་ཧ་ཅང་འཕྱིས་པ་དང༌། ཧ་ཅང་མྱུར་བ་དང༌། གླལ་བ་དང༌། རྒོད་པ་དང༌། ཕན་ཚུན་སྡིགས་པ་དང༌། གཡོ་བ་དང་ཡི་གེ་གཞན་ལ་ཆགས་པ་དང༌།འདིའི་རོ་མ་མྱོང་ནས། སྟན་ལས་ལངས་ཏེ། འགྲོ་བ་དང༌། གླལ་ཞིང་ལུང་འབོག་པ་ལ་སོགས་པ་ཆོས་སྤྱོད་པའི་བར་ཆད་ཀྱི་སྐྱོ༵ན་ནི༷་བཅུ༷་ཚ༷ན་བཞི༷་སྟེ། བཞི་བཅུར་བཅ༷ས་པ༷འི་སྟེང་དུ་དྲུག་དང་བཞི་བཅུ་རྩ་དྲུ༷ག་དུ༷་ངེ༷ས་པ༷ར་རྟོ༷གས་པ༷ར་བྱ༷་ཞིང་སྤངས་པར་བྱའོ། །བདུད་ལས་འདི་རྣམས་མ་སྤྲན་ན་སྐྱོན་གྱི་དབང་དུ་འགྲོ་ཞིང་སྤྲན་ན་མི་འགྲོ་བའི་གདུལ་བྱ་ལ། སངས་རྒྱས་ཀྱི་དགེ་བའི་བཤེས་གཉེན་གྱི་བྱ་བ་བདུད་ལས་སྤྲན་པར་མཛད་པ་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱ་སྟེ། སྤང་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །ཐེག་ཆེན་གྱི་སྦྱོར་བ་སྐྱེ་གནས་འཕེལ་བ་གསུམ་པོ་ཅི་རིགས་ལ་གེགས་བྱེད་པའི་བདུད་ལས་སུ་བཤད་པ་དེ། སྐབས་འདིའི་སྐྱོན་གྱི་མཚན་ཉིད་ཡིན་ཏེ།ཉ་ཊཱིཀ་ལས། སྦྱོར་བའི་སྐྱོན་ནི། སྦྱོར་བ་སྒོམ་པ་པོ་འགའ་ཞིག་གིས་སྦྱོར་བ་བསྒོམ་པའི་བར་དུ་གཅོད་བྱེད་ཀྱི་ལས། ཡང་ན་ཡུམ་ལ་ཐོས་བསམ་བསྒོམ་པ་གང་རུང་གི་བར་ཆད་དུ་གྱུར་པའི་ལས། དབྱེ་ན་ཞེ་དྲུག་གོ །ཞེས་གསུངས་པའི་ཕྱིར། སྐྱོན་འདི་དག་སྦྱོར་བའི་སྐྱོན་ཡིན་ཏེ། མཚན་ཉིད་དེའི་ཕྱིར། འདོད་ན། དེ་མི་རིགས་པར་ཐལ། མདོ་ལུགས་མ་ལས། སྐྱོན་འདི་དག་སྦྱོར་བའི་སྐྱོན་དུ་འཆད་པ་ནི་མདོ་དང་མི་མཐུན་ཏེ། མདོ་ལས། ཆོས་སྤྱོད་ཐམས་ཅད་ཀྱི་བར་ཆད་དུ་གསུངས་ཤིང་ཁྱད་པར་དཔོན་སློབ་མི་འགྲིག་པ་ཇི་སྙེད་འབྱུང་བ་ཐམས་ཅད་འཆད་ཉན་གྱི་སྐྱོན་དུ་གསུངས་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ས་མཚམས་ནི། ཉ་ཊཱིཀ་ལས། འདི་དག་ལས་དང་པོ་བའི་ས་ནས་སྒོམ་ལམ་ཕལ་བའི་བར་དུ་ལྡན་མོད་ཀྱི་གཙོ་ཆེར་ཚོགས་སྦྱོར་ལ་བཞག་ཅེས་ཆོས་བཤེས་སོ། །ཞེས་གསུངས་སོ། །ཉ་ཊཱིཀ་གི་འགྲེལ་བའི་དོན་བཤད་སྐབས་སུ་བསལ་བྱ་སྐྱོན་གྱི་དབྱེ་བ། དེ་སེལ་བྱེད་གཉེན་པོའོ། །དང་པོ་ལ་འགལ་རྐྱེན་ཉེ་བར་གནས་པ་ཉེར་གསུམ། མཐུན་རྐྱེན་མ་ཚང་བ་ཉེར་གསུམ་མོ། །དང་པོ་ནི། བཅུ་ཚན་དང་པོ་གཉིས་དང་ཐ་མ་གསུམ། གཉིས་པ་ནི་གཞན་རྣམས་སོ། ། ཞེས་གསུངས་ལ། དབྱེ་བ་རེ་རེ་ནས་ཤེས་པར་འདོད་ན་ཉ་ཊཱིཀ་སོགས་གཞན་དུ་ཤེས་པར་བྱའོ། །སྐྱོན་ཞེ་དྲུག་པོ་གང་རུང་ཡིན་ན་བདུད་ལས་ཡིན་པས་ཁྱབ་པར་ཐལ། མདོ་ལུགས་མ་ལས། དེ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱ་སྟེ། སྤང་བར་བྱའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། བདུད་ལས་དང་བྱེད་ལས་འདྲ་བ་ཡོད་པས་བདུད་ལས་སུ་བཤད་པ་ལ་དགོངས་པ་ཡིན་པར་སྣང་བས་སོ། །སྦྱོར་བའི་སྐྱོན་དང་བར་ཆད་ཡིན་པའི་ཚད་ལ་དཔྱད་པར་བྱའོ། །

ལྔ་བ་ཤེས་བྱ་མཚན་ཉིད་བཤད་པ།

ལྔ་བ་ཤེས་བྱ་མཚན་ཉིད་བཤད་པ་ལ།

བསྡུས་ཏེ་མདོར་བསྟན་པ་དང༌། ཕྱེ་སྟེ་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། རྩ་བར། གང་གིས་མཚོན་དེ་མཚན་ཉིད་དུ། །ཤེས་བྱ་དེ་ཡང་རྣམ་པ་གསུམ། །ཤེས་པ་ཁྱད་པར་བྱེད་པ་སྟེ། །ངོ་བོ་ཉིད་གང་མཚོན་བྱ་ཡང༌། །ཞེས་སོ། །དེ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ་ནི། ཉ་ཊཱིཀ་ལྟར་ན། ལམ་ཅི་རིགས་ཀྱི་རྟོགས་པ་ཁྱད་པར་ཅན་འཕྲིན་ལས་ངོ་བོ་ཉིད་གང་རུང་མཚོན་བྱེད་དམ་གོ་བྱེད་ཀྱི་ཐེག་ཆེན་གྱི་ཡོན་ཏན་དེ། སྐབས་འདིར་བསྟན་གྱི་སྦྱོར་བའི་མཚོན་པར་བྱེད་པའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། ལྔ་བ་སྦྱོར་བའི་མཚན་ཉིད་ནི།སྦྱོར་བ་རྣམས་ཀྱི་རྟོགས་པ་ཁྱད་པར་ཅན་འཕྲིན་ལས་ངོ་བོ་ཉིད་གང་ཡང་རུང་བ་མཚོན་བྱེད་ཡིན་པ། ཡང་ན་སྦྱོར་བ་རྣམས་རྒྱུའམ་ཁྱད་པར་ཅན་ནམ་སྦྱོར་བའི་ངོ་བོ་མཚོན་བྱེད་གང་ཡང་རུང་བ། དབྱེ་ན་དགུ་བཅུ་རྩ་གཅིག་གོ །ཞེས་གསུངས་སོ། །སྤྱི་རིགས་ནས་གང་གིས་གང་མཚོན་པར་བྱེད་པ་དེ་དེའི་མཚན་ཉིད་ཅེས་སྒྲས་བརྗོད་པར་ཤེས་པར་བྱ་ཞིང༌། དེ་ལ་ཚུལ་དུ་མ་ཡོད་དེ། རང་ཉིད་ཐུན་མོང་མིན་པར་མཚོན་པར་བྱེད་པ་རང་གི་མཚན་ཉིད་དང༌།དེ་དང་གཞན་ཐུན་མོང་དུ་མཚོན་པར་བྱེད་པ་སྤྱིའི་མཚན་ཉིད་དེ། རིམ་བཞིན་ཚ་སྲེག་གིས་མེ་དང་མི་རྟག་བདག་མེད་སོགས་ཀྱིས་དུ་མ་མཚོན་པ་བཞིན་ནོ། །ཡང་གསུང་རབ་སྤྱི་དང་བསྟུན་ན་རང་བཞིན་གྱི་མཚན་ཉིད་ནི། མི་རྟག་པ་འདུས་བྱས་ཀྱི་མཚན་ཉིད་ཡིན་པ་སོགས་དང༌། དེ་མ་ཡིན་ལས་འབྱེད་པའི་མཚན་ཉིད་སྐད་ཅིག་མས་མི་རྟག་པ་མཚོན་པ་ལྟ་བུ་སྟེ་རྟག་པ་ལས་འབྱེད་པ་ལྟ་བུའོ། །དེ་རྣམས་ལས་སྐབས་འདིར་རང་བཞིན་གྱི་མཚན་ཉིད་གཟུང་ངོ༌། །དེ་ལ་བྱེད་སྒྲུབ་བམ་སྐབས་འདིའི་མཚན་ཉིད་དང༌། ལས་སྒྲུབ་བམ་སྐབས་འདིའི་མཚོན་བྱ་གཉིས་ལས། དང་པོ་ནི། སྐབས་འདིའི་གང་གིས་མཚོན་པར་བྱེད་པའི་མཚན་ཉིད། དེ་ཡང་རྣམ་པ་གསུམ་སྟེ། ཤེས་མཚན། ཁྱད་མཚན། བྱེད་མཚན་རྣམས་སོ། །དེ་ཡང་སློབ་ལམ་གྱི་ཤེས་པ་ཞེ་བརྒྱད་པོ་དེ་ཆོས་ཅན། ཐེག་ཆེན་གྱི་མཁྱེན་གསུམ་སྦྱོར་བའི་ཤེས་མཚན་ཡིན་ཏེ། དེའི་ཐུན་མོང་མིན་པའི་རྟོགས་པ་མཚོན་པར་བྱེད་པས་སོ། །དེ་ཡིན་ཏེ། དེས་རྒྱལ་བའི་ཡུམ་གྱི་ཆེ་བའི་ཡོན་ཏན་ཤེས་པར་དོན་མཐུན་དུ་རྟོགས་པར་བྱེད་པས་སོ། །ཚུལ་ཇི་ལྟར་མཚོན་ཚུལ་ནི། ཐེག་ཆེན་གྱི་མཁྱེན་གསུམ་སྦྱོར་བའམ་ཐེག་ཆེན་གྱི་དེ་གསུམ་རེ་རེ་ཆོས་ཅན། རྒྱལ་ཡུམ་གྱི་ཆེ་བའི་ཡོན་ཏན་ཤེས་པའམ་རྟོགས་པའི་ཁྱད་པར་དང་ལྡན་ཏེ། ཡུམ་ཤེར་ཕྱིན་འདི་ནི་དེ་པ་བསྐྱེད་པ་ཞེས་སོགས་ཤེས་ཤིང་རྟོགས་པ་ཡིན་པའི་ཕྱིར། ཡུམ་ཤེར་ཕྱིན་རྒྱུར་ཡོད་པ་ལས་དེ་པས་སྟོང་ཉིད་སོགས་མཁྱེན་ཞེས་སོགས་ཤེས་ཤིང་རྟོགས་པ་ཡིན་པའི་ཕྱིར། དེ་རྒྱུར་ཡོད་པ་ལས་དེ་པ་བདེ་བར་གནས་ཞེས་སོགས་ཤེས་ཤིང་རྟོགས་པ་ཡིན་པའི་ཕྱིར། རིམ་བཞིན་ཆོས་ཅན་གསུམ་ལ་སྦྱར་རོ། །ཐེག་ཆེན་སློབ་ལམ་གྱི་ཤེས་པ་བཅུ་དྲུག་པ་ཕྲག་གཉིས་ཀྱིས་རིམ་བཞིན་བྱང་སེའི་གཞི་ཤེས་ལམ་ཤེས་དང༌། སངས་རྒྱས་སའི་བཅུ་དྲུག་གིས་རྣམ་མཁྱེན་གྱི་རྟོགས་པ་མཚོན་པས་དེ་དང་དེའི་ཤེས་མཚན་དུ་སྦྱར་ལ་བསྙད་དོ། །དེ་དང་དེའི་རྟོགས་པའི་ཆ་ཉིད་ལ་ཤེས་པའི་མཚན་ཉིད་ཅེས་ཏེ་ཤེས་པ་ཡང་ཡིན་ལ་མཚོན་པར་བྱེད་པ་ཡང་ཡིན་པས་ཤེས་མཚན་ནམ་སྐབས་འདིའི་ཤེས་པ་མཚོན་པར་བྱེད་པས་ན་ཤེས་མཚན་ནོ། །གཞན་གསུམ་ལའང་ཚུལ་དེའོ། །ཡང་བསམ་གྱིས་མི་ཁྱབ་སོགས་བཅུ་དྲུག་གིས་ཁྱད་པར་དུ་བྱས་པའི་ཤེས་བཟོད་སྐད་ཅིག་བཅུ་དྲུག་ཆོས་ཅན། ཐེག་ཆེན་མཐོང་ལམ་གྱི་ཁྱད་པར་གྱི་མཚན་ཉིད་ཡིན་ཏེ། དེ་ཐེག་དམན་མཐོང་ལམ་ལས་ཁྱད་པར་འཕགས་པར་མཚོན་པར་བྱེད་པས་སོ། །ཚུལ་ཇི་ལྟར་མཚོན་པ་ནི། ཐེག་ཆེན་མཐོང་ལམ་ཆོས་ཅན། ཐེག་དམན་མཐོང་ལམ་ལས་ཁྱད་པར་དུ་འཕགས་ཏེ། དེ་འདྲའི་ཤེས་བཟོད་བཅུ་དྲུག་ཅན་གྱི་མཐོང་ལམ་ཡིན་པས་སོ། །ཞེས་པའི་ཚུལ་གྱིས་སོ། །དེ་དངོས་སུ་བསྟན་པས་ཐེག་ཆེན་སྒོམ་ལམ་དང་མཐར་ཕྱིན་པའི་ལམ་ཁྱད་པར་འཕགས་པར་དོན་གྱིས་འགྲུབ་པོ། །ཡང་ཕན་བདེ་སྐྱོབ་པ་སོགས་བཅུ་གཅིག་ཆོས་ཅན། ཐེག་ཆེན་གྱི་མཁྱེན་གསུམ་མམ་དེའི་སྦྱོར་བའི་བྱེད་མཚན་ཡིན་ཏེ། དེ་འབྲས་བུ་འབྱིན་ནུས་སམ་འཕྲིན་ལས་ཁྱད་པར་བ་དང་ལྡན་པར་མཚོན་པར་བྱེད་པས་སོ། །ཇི་ལྟར་མཚོན་ན། དེ་གསུམ་ཆོས་ཅན། འབྲས་བུ་འབྱིན་པའི་ནུས་པའམ་འཕྲིན་ལས་ཁྱད་པར་བ་དང་ལྡན་ཏེ། ཕན་བདེ་སྐྱོབ་པ་སོགས་བཅུ་གཅིག་བསྒྲུབ་པར་མཛད་པས་སོ། །ཞེས་པའི་ཚུལ་གྱིས་སོ། །དེས་ན་ཤེས་ཁྱད་བྱེད་པ་ཆོས་ཅན། དེ་གསུམ་གྱི་བྱེད་སྒྲུབ་གྱི་མཚན་ཉིད་ཡིན་ཏེ། རིམ་པ་བཞིན་དུ་དེའི་རྟོགས་པ་དང༌། ཁྱད་པར་འཕགས་པའི་ཆ་དང༌། དེའི་མཛད་པ་མཚོན་པར་བྱེད་པས་སོ། ། གཉིས་པ་ལས་སྒྲུབ་ནི། དེར་མ་ཟད་སྐབས་འདིའི་མཚོན་པར་བྱ་བ་གང་ཡིན་པ་དེའོ། །དེ་ཡང་ངོ་བོ་ཉིད་ཅེས་བྱ་བ་སྟེ་མཚན་ཉིད་བཞིའོ་ཞེས་དག་ལྡན་ནོ། །ངོ་བོ་ཉིད་མཚན་ཆོས་ཅན། མཁྱེན་གསུམ་མམ་དེའི་སྦྱོར་བའི་མཚན་ཉིད་ཡིན་ཏེ། དེའི་ཐུན་མོང་མིན་པའི་རང་བཞིན་གྱི་ཆོས་ཡིན་པས་སོ། །སྔ་མ་གསུམ་ལའང་ཚུལ་དེ་སྦྱར་རོ། །ཞེས་ཉ་ཊཱིཀ་ལས་སོ། །དེ་ཡང་ཉོན་མོངས་རྟགས་སོགས་ཀྱིས་དབེན་པ་སོགས་བཅུ་དྲུག་ཆོས་ཅན། དེ་གསུམ་གྱི་ངོ་བོ་ཉིད་མཚན་ཡིན་ཏེ། དེའི་རང་བཞིན་བྱེད་སྒྲུབ་ཀྱིས་ཐུན་མོང་མིན་པར་མཚོན་པར་བྱ་བའི་གཞིར་མཚོན་པར་བྱེད་པས་སོ། ། ཇི་ལྟར་ན། དེ་གསུམ་གྱི་སྦྱོར་བ་ཆོས་ཅན།སྦྱོར་བའི་ངོ་བོ་ཉིད་དང་ལྡན་ཏེ། དབེན་པ་བཞི་ལ་སོགས་པའི་ངོ་བོ་ཉིད་བཅུ་དྲུག་ཅན་ཡིན་པས་སོ། ། ཞེས་པའི་ཚུལ་གྱིས་སོ། །ཤེས་མཚན་སངས་རྒྱས་ཁོ་ན་ལ་ཡོད་པ་མ་ཡིན་ཏེ། ཉ་ཊཱིཀ་མཆན་ལས། སངས་རྒྱས་ཁོ་ནར་མི་འཐད་ཅིང་སངས་རྒྱས་ལ་ཡང་ཡོད་པ་འཐད་དོ། །ཞེས་གསུངས་པའི་ཕྱིར། མདོ་ལུགས་མའི་གསུངས་ཟིན་ལ་སངས་རྒྱས་ཁོ་ན་ལ་སྦྱར་ནས་བཤད་དོ། །སྐབས་འདིའི་མཚོན་སྦྱོར་གྱི་རྟགས་དེ་ལ་འབྲས་རྟགས་དང་རང་བཞིན་གྱི་རྟགས་གཉིས་ཡོད་དེ། ཉ་ཊཱིཀ་ལས། འོན་ཀྱང་ཁོ་བོས་བཤད་པ་དང་ཚུལ་གཉིས་ཀ་ཤེས་དགོས་སོ། །ཞེས་གསུངས་པའི་ཕྱིར། མཐར་ཐུག་གི་ཤེས་པ་ཞེ་བརྒྱད་ཆོས་ཅན། མཁྱེན་གསུམ་སྦྱོར་བའི་མཚན་ཉིད་ཡིན་ཏེ། རང་རྒྱུ་སྦྱོར་བས་ཁྱོད་བསྐྱེད་ནུས་སུ་མཚོན་པར་བྱེད་པས་སོ། །ཚུལ་ཇི་ལྟར་མཚོན་པ་ནི། མཐར་ཐུག་གི་ཤེས་པ་ཞེ་བརྒྱད་ཆོས་ཅན། རང་རྒྱུ་སྦྱོར་བ་དང་བཅས་པ་ཡིན་ཏེ། དེ་བཞིན་གཤེགས་པ་འབྱུང་བ་སོགས་ཅི་རིགས་ཤེས་པའི་མི་སློབ་ལམ་ཡིན་པའི་ཕྱིར། ཡང་ན་རང་རྒྱུ་སྦྱོར་བ་ལ་ཁྱོད་བསྐྱེད་པའི་ནུས་པ་ཡོད་དེ། ཞེས་ཆོས་ཅན་དང་རྟགས་སྔར་ལྟར་བཀོད་དོ། །མཁྱེན་གསུམ་མམ་དེའི་སྦྱོར་བའི་མཚན་ཉིད་ནི་རྣམ་པ་བཞིར་ཤེས་པར་བྱའོ། །བཞི་གང་ན། བྱེད་སྒྲུབ་གསུམ་དང༌། ལས་སྒྲུབ་ཀྱི་མཚན་ཉིད་གཅིག་ལས། དང་པོ་ནི། ཤེས་པ་དང་ཁྱད་པར་དང་བྱེད་པ་ཆོས་ཅན། དེ་གསུམ་གྱི་བྱེད་པར་སྒྲུབ་པའི་མཚན་ཉིད་ཡིན་ཏེ། འདིས་གསུམ་གྱི་སྦྱོར་བ་རྣམས་རིམ་བཞིན་རྟོགས་པ་ཁྱད་པར་བ། ཁྱད་པར་འཕགས་པ། མཛད་པ་ཁྱད་པར་བ་ཅན་དུ་མཚོན་པར་བྱེད་པས་སོ། །ཚུལ་ཇི་ལྟར་མཚོན་ན་སྔར་བཤད་ལྟར་རོ། །དེ་ཡང་ལས་སུ་བྱ་བ་དེ་མཚོན་པར་བྱེད་པས་བྱེད་སྒྲུབ་ཀྱི་མཚན་ཉིད་དོ། །དག་ལྡན་ལས། འདིས་མཚོན་པར་བྱེད་པས་ན་ཞེས་བྱ་བ་བྱེད་པར་སྒྲུབ་པའི་མཚན་ཉིད་གསུམ། ཞེས་སོ། ། གཉིས་པ་ལས་སྒྲུབ་ནི། ཡང་ལས་སུ་སྟེ་བྱ་བའི་ཡུལ་དུ་བསྒྲུབ་པར་བྱ་བ་ཡིན་པས་མཁྱེན་གསུམ་གྱི་སྦྱོར་བ་རྣམས་བྱེད་སྒྲུབ་ཀྱིས་མཚོན་པར་བྱ་བ་ཡིན་པས་ངོ་བོ་ཉིད་ཀྱི་མཚན་ཉིད་དེ་བཞིའོ། །ངོ་བོ་ཉིད་མཚན་ཆོས་ཅན། ལས་སུ་བསྒྲུབ་པའི་མཚན་ཉིད་ཡིན་ཏེ། གསུམ་པོ་དེ་རྣམས་བྱེད་སྒྲུབ་ཀྱི་མཚན་ཉིད་ཀྱིས་མཚོན་བྱར་མཚོན་པར་བྱེད་པས་སོ། །མཚོན་པར་བྱེད་པ་དང་རྣམ་པར་འཇོག་པར་བྱེད་ཅེས་པ་ནི། ཤེས་ཤིང་གོ་བར་བྱེད་པ་ལ་མིང་བརྟགས་པ་ཡིན་ལ་གོ་བར་བྱེད་ཚུལ་སྔར་བཞིན་མི་འདྲ་བ་མང་ངོ། ། གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ། སྐབས་འདིའི་མཚན་ཉིད་ཡིན་ན་མཚན་ཉིད་དགོས་པར་ཐལ། ཉ་ཊཱིཀ་ལས། སྔ་རབས་དག མཚན་ཉིད་ཡིན་ན་རིགས་མི་མཐུན་ལས་འབྱེད་པ་ཁོ་ནར་རྣམ་བཞག་བྱས་པ་སོགས་ནོར་བའི་ཕྲེང་བ་དུ་མ་སྣང་སྟེ།དེང་སང་ཡང་དེ་ཉིད་མཆོག་ཏུ་རློམས་ཏེ་མཁས་པར་ང་རྒྱལ་བ་དག་ནི་ཕྱག་དར་ཁྲོད་ཀྱི་མི་གཙང་བའི་གོང་བུ་ཞིག་ཡིད་བཞིན་གྱི་ནོར་བུར་རློམ་པ་དང་ཁྱད་མེད་དོ། །ཞེས་དང༌།ཀུན་བཏུས་ས་འགྲེལ་ལས། འགའ་ཞིག་མཚན་ཉིད་ཅེས་བྱ་བ་དེ་མིན་ལས་འབྱེད་པ་ཁོ་ནའོ་ཞེས་འདོད་པ་ནི་མི་འཐད་དེ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལུང་དེ་དག་གི་དོན་ནི་སྤྱིར་མཚན་ཉིད་ཅེས་པའི་སྒྲ་སྦྱར་བ་དང་རྣམ་གྲངས་པའི་མཚན་ཉིད་ལ་མཚན་མཚོན་གཞི་གསུམ་དུ་ཕྱེ་བས་མཚན་ཉིད་དང་རིགས་མི་མཐུན་པ་ལས་འབྱེད་པའི་མཚན་ཉིད་ཡིན་པས་མ་ཁྱབ་པའི་དོན་ཡིན་པར་སྣང་བའི་ཕྱིར་ཏེ། ཀུན་བཏུས་ས་འགྲེལ་ལས། གསུང་རབ་དང་དགོངས་འགྲེལ་རྣམས་སུ་མཚན་ཉིད་ཀྱི་རྣམ་གྲངས་སྣ་ཚོགས་པ་གསུངས་པའི་ཕྱིར་རོ། །ཞེས་དང༌། ཉ་ཊཱིཀ་ལས། མཁས་པའི་དབང་བོ་བཅོམ་རལ་དང་དཔང་ལོ་ཙཱ་བ་ནི། མཚན་མཚོན་གཞི་གསུམ་བྱ་བ་མི་འཐད་དེ། རྒྱ་གར་མཁས་པས་མཚོན་བྱ་མཚན་གཞི་གཅིག་ཏུ་བཤད་པ་དང༌། སྐད་དོད་གཅིག་པ་དང་དོན་འདྲ་བས་སོ་གསུང་ངོ༌། །མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་དང་བྲལ་བའི་མཚན་ཉིད་ཀྱི་དབང་དུ་བྱས་ན་གསུམ་དུ་རིགས་ཏེ་སྐད་ཅིག་མ་དེ་བུམ་པའི་སྐྱོན་གསུམ་བྲལ་གྱི་མཚན་ཉིད་མིན་པས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྤྱིར་མཚན་ཉིད་ཅེས་པའི་སྒྲ་སྦྱར་བ་དུ་མ་ཡོད་དེ། ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། མཚན་ཉིད་ཅེས་བྱ་བ་རང་རང་གི་མཚོན་བྱ་དེ་ཇི་ལྟར་རིགས་པར་ཐུན་མོང་དང་ཐུན་མོང་མ་ཡིན་པར་མཚོན་པར་བྱེད་པ་ཡིན་ལ། ཞེས་དང༌། ཉ་ཊཱིཀ་ལས། སྤྱི་རིགས་ནས་གང་གིས་གང་མཚོན་པར་བྱེད་པ་དེ་དེའི་མཚན་ཉིད་དུ་ཤེས་པར་བྱ་ཞིང༌། དེ་ལ་ཚུལ་དུ་མ་ཡོད་དེ། ཞེས་དང༌། གཞི་ལམ་འབྲས་གསུམ་དྲིས་ལན་ཡིད་ཀྱི་མུན་སེལ་ལས། མཚོན་པར་བྱེད་པའི་མཚན་ཉིད་དེ་མཚོན་ཞེས་པ་གོ་བའམ་རྟོགས་སམ་ཤེས་ཟེར་བའི་དོན་ཡིན། དཔེར་ན་ཤེས་པར་བྱེད། གོ་བར་བྱེད། རྟོགས་པར་བྱེད་པས་མཚན་ཉིད་ཅེས་པའི་བརྡའ་བྱས་པ་ཡིན། གོ་བའམ་ཤེས་པར་བྱེད་ཚུལ་མང་པོ་ཡོད་པས་མཚན་ཉིད་ཅེས་པ་མང་བོ་ལ་བཤད་དེ། ཆོས་ཐ་དད་པ་མང་པོ་ཐུན་མོང་དུ་ཤེས་པར་བྱེད་པས་སྤྱིའི་མཚན་ཉིད། ཆོས་སོ་སོ་བ་རང་རང་ཐུན་མོང་མ་ཡིན་པར་གོ་བར་བྱེད་པ་རང་གི་མཚན་ཉིད། རང་རང་གནས་ཚུལ་ལྟར་གྱི་གནས་ལུགས་དེ་དང་དེར་ཤེས་པར་བྱེད་པ་རང་བཞིན་གྱི་མཚན་ཉིད། ཆོས་ཅན་རེ་རེའང་རིགས་མ་ཡིན་དུ་མ་ལས་ལོག་པའི་ཆོས་དུ་མར་ཤེས་པར་བྱེད་པ་རྣམ་པར་དབྱེ་བའི་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཐེག་ཊཱིཀ་ལས། ད་ལྟ་སྤྱི་ལ་གྲགས་པའི་མ་ཁྱབ་པ་དང༌། ཁྱབ་ཆེས་པ་དང༌། མི་སྲིད་པའི་སྐྱོན་གསུམ་དང་བྲལ་བའི་ངོ་བོ་ལ་སྒྲོ་འདོགས་གཅོད་པའི་མཚན་ཉིད། ཅེས་དང༌། ཉ་ཊཱིཀ་ལས། མ་ཁྱབ་ཁྱབ་ཆེས་དོན་ལྡོག་མི་སྲིད་གསུམ་དང་བྲལ་བའི་མཚན་ཉིད་ཀྱི་དབང་དུ་བྱས་ན་གསུམ་དུ་རིགས་ཏེ་སྐད་ཅིག་མ་དེ་བུམ་པའི་སྐྱོན་གསུམ་བྲལ་གྱི་མཚན་ཉིད་མིན་པས་སོ། །ཞེས་པའི་རིགས་པའི་བསྟན་བཅོས་སུ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་དང་བྲལ་བའི་མཚན་ཉིད་དང་མཚོན་བྱའི་མཚན་ཉིད་ནི། གཏན་ཚིགས་ཀྱི་དོན་བསྡུས་ལས། མཚན་ཉིད་དང་མཚོན་བྱ་ལ། མཚན་ཉིད་ནི་རིམ་པ་ལྟར། རྣམ་འཇོག་ཆོས་གསུམ་ཚང་བ་དང༌། རྣམ་བཞག་ཆོས་གསུམ་ཚང་བའོ། །ཞེས་གསུངས་སོ། །སྐབས་འདིའི་མཚན་ཉིད་དེ་སྦྱོར་བའི་མཚན་ཉིད་ལ་འཆད་པ་དང༌། ཤེས་ཁྱད་བྱེད་གསུམ་སྐབས་འདིའི་མཚན་ཉིད་བཤད་པ་མི་འཐད་པར་ཐལ། མདོ་ལུགས་མ་ལས། ཆོས་གང་གིས་མཚན་གཞི་གང་མཚོན་པར་བྱེད་པ་དེ་མཚོན་བྱ་དེའི་མཚན་ཉིད་དུ་ཤེས་པར་བྱའོ། །གང་གིས་མཚོན་དེ་མཚན་ཉིད་དུ། །ཤེས་བྱ་དེ་ཡང་རྣམ་པ་གསུམ། །ཤེས་པ་ཁྱད་པར་བྱེད་པ་སྟེ། །ངོ་བོ་ཉིད་གང༌། ཞེས་པ་ལ་ཆོས་ག༷ང་གི༷ས་མཚན་གཞི་གང་མཚོ༷ན་པར་བྱེད་པ་དེ༷་མཚོན་བྱ་དེའི་མཚ༷ན་ཉི༷ད་དུ༷་ཤེ༷ས་པར་བྱ༷འོ། །འདིར་མཚོན་བྱ་དེ༷་ཡ༷ང་རྣ༷མ་པ༷་གསུ༷མ་ཡོད་པ་ནི་ཤེ༷ས་པ༷་དང༌། ཁྱ༷ད་པ༷ར་དང་བྱེ༷ད་པ༷་སྟེ༷། མཚོ༷ན་བྱའོ། །མཚན་ཉིད་བཞི། གང་གིས་ངོ༷་བོ༷་ཉི༷ད་དུ་མཚོན་པ་ག༷ང་ཡིན་པ་དེ་ཡ༷ང་མཚོ༷ན་བྱ༷་བཞི་པར་བཞེད་པ་ཡིན་ནོ། །མཚན་ཉིད་འདི་དག་སྦྱོར་བའི་མཚན་ཉིད་དུ་འཆད་པ་ནི་བྱམས་མགོན་དང་དངོས་སུ་འགལ་ཞིང་མདོ་དང་མི་མཐུན་ལ། རྟོག་དཔྱོད་མི་ལྡན་པ་རྣམས་རྨོངས་པར་བྱེད་པས་བཤད་པར་བས་སོ། །བྱམས་པ་མགོན་པོས་ནི་མཚན་ཉིད་བཞི་པོ་འདི། མཚོན་བྱ་བཞི་པོ་ཤེས་པ་དང༌། ཁྱད་པར་དང༌། བྱེད་པ་དང༌། ངོ་བོ་ཉིད་ཡིན་པར་ཤིན་ཏུ་གསལ་བར་གསུངས་པ་དེ་བོར་ནས། འདི་དག་སྦྱོར་བའི་མཚན་ཉིད་ཏུ་སྟོན་པ་དེ་རིགས་སམ་ཤེས་ལྡན་དག རྒྱལ་བ་རྒྱལ་ཚབ་དག་ལ་ཡིད་ཆེས་པར་གྱིས་ལ་རྟོག་དཔྱོད་མཛོད་ཅིག ཁོ་བོ་ནི་སངས་རྒྱས་དང་ས་བཅུ་པ་རྣམས་དང༌། མི་མཐུན་ན་སུ་ལ་ཡང་ཡིད་རྟོན་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཉ་ཊཱིཀ་གི་སྐབས་སུ་ཤེས་ཁྱད་བྱེད་གསུམ་སྐབས་འདིའི་མཚན་ཉིད་ལ་བཤད་པའི་ཕྱིར། དེར་ཐལ།ཉ་ཊཱིཀ་ལས། རྩ་བ་ལ། སྤྱི་རིགས་ནས་ག༷ང་གི༷ས་གང་མཚོ༷ན་པར་བྱེད་པ་དེ༷་དེའི་མཚ༷ན་ཉི༷ད་དུ༷་ཤེ༷ས་པ༷ར་བྱ༷་ཞིང༌། ཞེས་པ་ནས། དེ་རྣམས་ལས་སྐབས་འདིར་རང་བཞིན་གྱི་མཚན་ཉིད་གཟུང་ངོ༌། །དེ་ལ་བྱེད་སྒྲུབ་དང༌། ལས་སྒྲུབ་གཉིས་ལས། དང་པོ་ལ། གང་གིས་མཚོན་པར་བྱེད་པའི་མཚན་ཉིད་དེ༷་ཡ༷ང་རྣ༷མ་པ༷་གསུ༷མ་སྟེ། གང་ན་ཤེ༷ས་པ༷་ཁྱ༷ད་པ༷ར་བྱེ༷ད་པ༷་སྟེ༷་དེ་རྣམས་སོ། །ཞེས་པ་ནས། དེར་མ་ཟད་མཚོ༷ན་པར་བྱ༷་བ་གང་ཡིན་པ་དེ་ཡ༷ང་མཚན་ཉིད་དེ་ལས་སུ་སྒྲུབ་པའོ། །དེ་ཡང་ངོ༷་བོ༷་ཉི༷ད་ཅེས་བྱ་བ་སྟེ་མཚན་ཉིད་བཞིའོ་ཞེས་དག་ལྡན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་རྩ་བའི་ཚིག་དོན་བཤད་ཚུལ་གཉིས་ཀ་རང་ལུགས་སུ་བཞག་པ་ལ་འགལ་བ་མེད་དམ་དཔྱད་དོ། །ཡང་ཉ་ཊཱིཀ་ལས། ཤེས་པ་ཞེ་བརྒྱད་ཆོས་ཅན། མཁྱེན་གསུམ་སྦྱོར་བའི་མཚན་ཉིད་ཡིན་ཏེ། དེ་ཁྱོད་སྐྱེད་བྱེད་དུ་མཚོན་པར་བྱེད་པས་སོ། །དེའི་རྒྱུ་མཚན་ནི་ཁྱོད་དེའི་འབྲས་བུར་གོ་བར་བྱེད་པས་སོ། །ཞེས་ཁྱོད་དེའི་འབྲས་བུར་གོ་བར་བྱེད་ན་དེ་ཁྱོད་སྐྱེད་བྱེད་དུ་མཚོན་དགོས་པ་ཡིན་མིན་དཔྱད། ཡང་ཉ་ཊཱིཀ་ལས། ཇི་ལྟར་ན། ཆོས་ཅན། དེའི་འབྲས་བུའི་ཐ་སྙད་བྱར་རུང་སྟེ། དེས་ཕན་བཏགས་ནས་དེའི་རྗེས་སུ་འགྲོ་ལྡོག་བྱེད་པས་སོ། །ཞེས་པས་ཏེ་སངས་རྒྱས་ས་ན་ཤེས་པ་དེ་དག་ཡོད་པར་མཐོང་བ་ན་རྒྱུ་མེད་དུ་མི་འབྱུང་བས་རྒྱུ་མཁྱེན་གསུམ་སྦྱོར་བ་ལས་སྐྱེ་བར་ཤེས་པའོ། །བྱེད་མཚན་ལའང་ཚུལ་དེ་ལྟར་བཞེད་དོ། །ཞེས་པའི་མཚོན་ཚུལ་དེ་འབྲས་རྟགས་ཀྱིས་མཚོན་ཚུལ་ཡིན་མིན་དཔྱད་དོ། །ཡང་ཉ་ཊཱིཀ་ལས། དེ་ཡང་ལས་སུ་བྱ་བ་དེ་མཚོན་པར་བྱེད་པས་བྱེད་སྒྲུབ་ཀྱི་མཚན་ཉིད་དོ། །དག་ལྡན་ལས། འདིས་མཚོན་པར་བྱེད་པས་ན་ཞེས་བྱ་བ་བྱེད་པར་སྒྲུབ་པའི་མཚན་ཉིད་གསུམ་ཞེས་སོ། །ཞེས་སྤྱིར་མཚོན་བྱེད་དམ་གོ་བྱེད་ཡིན་ན་བྱེད་སྒྲུབ་ཡིན་པས་ཁྱབ་པ་ཡོད་མེད་དཔྱད། དེ་བཞིན་དུ་མཚོན་པར་བྱ་བ་ཡིན་ན་ལས་སྒྲུབ་ཡིན་པས་ཁྱབ་པ་ཡོད་མེད་དཔྱད་པར་བྱའོ།

གཉིས་པ་ཕྱེ་སྟེ་རྒྱས་པར་བཤད་པ་ལ་བཞི་སྟེ།

གཉིས་པ་ཕྱེ་སྟེ་རྒྱས་པར་བཤད་པ་ལ་བཞི་སྟེ།

ཤེས་མཚན། ཁྱད་མཚན། བྱེད་མཚན། ངོ་བོ་ཉིད་མཚན་ནོ། །དང་པོ་ལ། སྤྱིར་བཤད་པ་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ་མཁྱེན་གསུམ་གྱི་སྐབས་ཀྱི་ཤེས་མཚན་གསུམ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་གཞི་ཤེས་ཀྱི་སྐབས་ཀྱི་ཤེས་མཚན་བཤད་པ་ལ། རྩ་བ་ལ། དེ་བཞིན་གཤེགས་པ་འབྱུང་བ་དང༌། །འཇིག་རྟེན་འཇིག་མེད་བདག་ཉིད་དང༌། །སེམས་ཅན་སེམས་ཀྱི་སྤྱོད་པ་དང༌། ། དེ་བསྡུས་པ་དང་ཕྱིར་བལྟས་དང༌། །མི་ཟད་པ་ཡི་རྣམ་པ་དང༌། །ཆགས་བཅས་སོགས་དང་རྒྱ་ཆེན་དང༌། །ཆེན་པོར་གྱུར་པ་ཚད་མེད་དང༌། །རྣམ་ཤེས་བསྟན་དུ་མེད་པ་དང༌། །སེམས་ལྟར་མེད་དང་ཤེས་པ་དེ། །གཡོ་བ་ལ་སོགས་ཞེས་བྱ་དང༌། དེ་ལས་གཞན་ཡང་དེ་དག་ནི། །དེ་བཞིན་ཉིད་ཀྱི་རྣམ་པར་ཤེས། །ཐུབ་པས་དེ་བཞིན་ཉིད་རྟོགས་ཏེ། །གཞན་ལ་བསྟན་པ་ཞེས་བྱ་འདི། །ཐམས་ཅད་ཤེས་པ་ཉིད་སྐབས་ཀྱི། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །ཞེས་སོ། །ཡུམ་ཤེར་ཕྱིན་ལས་དེ༷་བཞི༷ན་གཤེ༷གས་པ༷་འཇིག་རྟེན་དུ་འབྱུ༷ང་བ༷ར་རྟོགས་པ༡། ཡུམ་ཤེར་ཕྱིན་རྒྱུར་ཡོད་པ་ལས་དེ་པས། ཕུང་བོ་ལྔའི་འཇི༷ག་རྟེ༷ན་དོན་དམ་པར་མེད་པས་དོན་དམ་པར་འཇི༷ག་པ་མེ༷ད་པར་རྟོགས་པ༢། སེ༷མས་ཅ༷ན་འདོད་ཆགས་སྤྱོད་པ་ལ་སོགས་པའི་སེ༷མས་ཀྱི༷་སྤྱོ༷ད་པ༷་མང་བོ་ཁོང་དུ་ཆུད་པའི་ཤེས་པ༣། སེམས་དེ༷་ནང་དུ་དམིགས་པ་ལ་བསྡུ༷ས་པ༷་ད༷ང༌། སེམས་ཕྱི༷ར་བལྟ༷ས་ཏེ་རྣམ་པར་གཡེང་བ་རྟོགས་པའི་ཤེས་པ༤། བསྡུས་གཡེང་གི་སེམས་འདོད་ཆགས་ཟད་པས་འདོད་ཆགས་དང་བྲལ་བ། དེ་ལས་གཞན་པའི་ཉོན་མོངས་ཞེ་སྡང་སོགས་སྤངས་པས་སྤོང་བ་དེ་གཉིས་ཀྱི་གཞི་ཕུང་བོ་སྤངས་པས་འགོག་པའི་ཁམས་རྣམས་ཀྱིས་མི༷་ཟ༷ད་པ༷འི༷་རྣ༷མ་པ༷་ཤེས་པ༥།དོན་དམ་པར་མ་དམིགས་པའི་ཚུལ་གྱིས་སེམས་འདོད་ཆ༷གས་དང་བཅ༷ས་པ་དང་བྲལ་བ་ཤེས་པ༦། ཞེ་སྡང་བཅས་པ་དང་བྲལ་བ་ཤེས་པ། ༧སེམས་གཏི་མུག་དང་བཅས་པ་དང་བྲལ་བ་ཤེས་པ༨། སེམས་རྒྱ༷་ཆེ༷ན་པོ་ཤེས་པ༩། སེམས་ཆེ༷ན་པོ༷ར་གྱུ༷ར་པ༷་ཤེས་པ༡༠། སེམས་ཚ༷ད་མེ༷ད་པ་ཤེས་པ༡༡། སེམས་བསྟ༷ན་དུ༷་མེ༷ད་པ༷་ཤེས་པ༡༢། སེ༷མས་དོན་དམ་པར་དེ་པའི་སྤྱན་ལྔ་ལའང་ལྟ༷ར་མེ༷ད་པ་ཤེས་པ༡༣། ཤེ༷༷ས་པ༷འམ་སེམས་དེ༷་གཡོ༷་བ༷་ལ༷་སོགས་པ་ཤེས་པ༡༤། གཡོ་བ་སྒྲུབ་པའི་སྒོ་ནས་འཇུག་པ་བཅུམ་པ་དང་འདུ་བ་ནི་དགག་པའི་སྒོ་ནས་འཇུག་པ། བཀྲམ་པ་ནི་གཉིས་ཀའི་སྒོ་ནས་ཏེ། བདག་དང་འཇིག་རྟེན་རྟག་མི་རྟག་གཉིས་ཀ་གཉིས་ཀ་མིན་པར་འདོད་པ་སྔོན་གྱི་མཐའ་ལ་བརྟེན་པ་བཞི། བདག་དང་འཇིག་རྟེན་མཐའ་དང་ལྡན་མི་ལྡན་གཉིས་ཡིན་གཉིས་མིན་དུ་འདོད་པ་ཕྱི་མའི་མཐའ་ལ་བརྟེན་པ་བཞི། དེ་པ་གྲོངས་ནས་འབྱུང་མི་འབྱུང་གཉིས་ཀ་གཉིས་མིན་ཏུ་ལྟ་བ་མྱང་འདས་ལ་བརྟེན་པ་བཞི་སྟེ། དང་པོ་རྣམས་གྲངས་ཅན་གྱི་ལྟ་བ་གཡོ་བ། གཉིས་པ་རྣམས་རྒྱང་ཕན་གྱི་ལྟ་བ་འདུ་བ། གསུམ་པ་རྣམས་གཅེར་བུ་པའི་ལྟ་བ་བཀྲམ་པ། བཞི་བ་རྣམས་གནས་མ་བུ་པའི་ལྟ་བ་བཅུམ་པའོ། །ཡང་ལུས་སྲོག་ལ་བརྟེན་པ་གཉིས་ཏེ། ལུས་དེ་ཉིད་སྲོག་དེའོ། །སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ། །ཞེས་པ་སྟེ། དང་པོ་གཅེར་བུ་པ་སྟེ། ཁྱད་པར་འཕགས་པའི་བསྟོད་པར། གཅེར་བུ་ལུས་ཀྱི་ཚད་བཞིན་དུ། །སྲོག་ནི་ཞུམ་དང་རྒྱས་པར་སྨྲ། །ཞེས་སོ། །རིག་བྱེད་མཐའ་པའང་འདོད་དེ། འདི་ཐམས་ཅད་ནི་བདག་པོ་ཞེས་འདོད་པར་རྒྱལ་བ་ཅན་དང་ཡ་མ་རིས་བཤད་དོ། །གཉིས་པ་གྲངས་ཅན་ཏེ་སྲོག་བདག་ཤེས་པ་དང་ལུས་སྲོག་ཐམས་ཅད་བེམ་པོར་འདོད་པས་སོ། །དེ་རྣམས་གྲངས་ཅན་པ་སོགས་ཀྱིས་སྟོན་པ་ལ་ཞུས་པ་ན་ཐམས་ཅད་བདག་ལས་བརྩམས་ཏེ་འདྲི་བར་མཁྱེན་ནས་གཞི་མ་གྲུབ་ལ་ཁྱད་ཆོས་མི་འཐད་དོ་ཞེས་དགོངས་ནས་ལུང་མ་བསྟན་པས་ལུང་མ་བསྟན་གྱི་ལྟ་བ་ཞེས་ཟེར་ཏེ་བཅུ་བཞིའོ། །རིན་ཆེན་ཕྲེང་བར། འཇིག་རྟེན་མཐའ་དང་ལྡན་ནམ་ཞེས། །ཞུས་ན་རྒྱལ་བ་མི་གསུང་ཞུགས། །གང་ཕྱིར་དེ་ལྟར་ཟབ་པའི་ཆོས། །སྣོད་མིན་འགྲོ་ལ་མི་གསུངས་པ། །དེ་ཡི་ཕྱིར་ན་མཁས་རྣམས་ཀྱིས། །ཀུན་མཁྱེན་ཐམས་ཅད་མཁྱེན་པར་ཤེས། །ཞེས་སོ། །སེམས་ནི་སྒྲུབ་པ་སྟེ་ཡོད་ཅེས་བྱའོ། །གཡོ་བ་ནི་རྟག་པར་བལྟ་བའོ། །དང་འདུ་བ་ནི་དགག་པས་ཏེ་མེད་ཅེས་བྱའོ། །ནི་ཆད་པར་ལྟ་བའོ། །དང་བཀྲམ་ནི་གཉིས་ཀ་སྟེ་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེས་སོ། །པ་ནི་སྒྲོ་འདོགས་པའོ། །དང་བཅུམ་ནི་གཉིས་ཀ་འགག་པ་སྟེ་ཡོད་པའང་མིན་མེད་པའང་མིན་ཞེས་བྱའོ་ཞེས་དག་ལྡན་ཟླ་ཟེར་རོ། །པ་ནི་སྐུར་བ་འདེབས་པའོ། །ཞེས་འབུམ་ཊཱིཀ་འཇོམས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་ཏུ་རབ་ཏུ་མཁྱེན་ཏོ། །ཞེས་སོ། །སེམས་གཡོ་བ་སོགས་དང༌། དེ་ལས་གཞན་ཕུང་བོ་ལྔ་བོའི་དེ༷་བཞི༷ན་ཉི༷ད་གཅིག་ཉིད་དེ་དོན་དམ་པར་སྤྲོས་པ་དང་བྲལ་བའི་རྣ༷མ་པ༷ར་ཤེ༷ས་པ༡༥། ཐུ༷བ་པ་དེ་པ༷ས་ཆོས་ཐམས་ཅད་ཀྱི་དེ༷་བཞི༷ན་ཉི༷ད་ཇི་བཞིན་རྟོ༷གས་ཏེ༷་གཞ༷ན་ལ༷་བསྟ༷ན་ཅིང་བརྡ་བཏགས་པ༷་ཤེས་པ༡༦་སྟེ་ཤེས་པའི་རྣམ་པའི་བྱེ་བྲག་བཅུ་དྲུག་གིས་ཡུམ་ཤེར་ཕྱིན་གྱིས་དེ་པའི་རྟོགས་པ་བཅུ་དྲུག་བསྐྱེད་པའི་ཚུལ་བཞིན་དུ་བྱང་སེམས་ཀྱི་ཐ༷མས་ཅ༷ད་ཤེ༷ས་པ༷་ཉི༷ད་ཀྱི༷་སྦྱོར་བ་རྣམས་ཀྱིས་ཀྱང་དེས་དེ་བསྐྱེད་དོ་ཞེས་མ་ནོར་བར་མཚོན་པར་བྱེད་པས་ཤེ༷ས་པ༷འི་མཚ༷ན་ཉི༷ད་ཐམས་ཅད་ཤེས་པ་ཉིད་ཀྱིས་བསྡུ༷ས་པ༷་བཅུ་དྲུག་ཡི༷ན་ཞེས་ཉ་ཊཱིཀ་ལས་སོ། །གཉིས་པ་ལམ་ཤེས་ཀྱི་སྒོ་ནས་ཤེས་མཚན་བཤད་པ་ལ། མདོ་ལས། ཤེར་ཕྱིན་ཟབ་མོ་འདི་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། འདུ་བྱ་བ་མེད་པ་དང༌། སྐྱེ་འགག་མེད་པ་དང༌། ཉོན་མོངས་རྣམ་བྱང་མེད་པའི་མཚན་ཉིད་དོ། །ཞེས་སོགས་ཀྱི་དོན། རྩ་བར། སྟོང་ཉིད་མཚན་མ་མེད་པ་དང༌། །སྨོན་པ་རྣམ་པར་སྤངས་པ་དང༌། །སྐྱེ་མེད་འགག་པ་མེད་སོགས་དང༌། །ཆོས་ཉིད་རྣམ་པར་འཁྲུག་མེད་དང༌། །འདུ་མི་བྱེད་དང་རྣམ་མི་རྟོག །རབ་དབྱེ་མཚན་ཉིད་མེད་ཉིད་ལ། །ལམ་ཤེས་ཉིད་ཀྱི་སྐབས་ཀྱི་ནི། །ཤེས་པའི་མཚན་ཉིད་ཡིན་པར་བཞེད། །ཅེས་པའོ། །དེ་ལ་དབྱེ་ན་ཤེས་མཚན་བཅུ་དྲུག་དོན་དམ་པར་ངོ་བོས་དབེན་པས་སྟོ༷ང་བ་ཤེས་པ༡། དོན་དམ་པར་རྒྱུའི་མཚ༷ན་མ༷་མེ༷ད་པ༷་ཤེས་པ༢། དོན་དམ་པར་འབྲས་བུ་ལ་སྨོ༷ན་པ༷་མེད་པར་རྟོགས་པ༣། སྐྱེ༷་བ་མེ༷ད་པ་ཤེས་པ༤།འག༷ག་པ༷་མེ༷ད་པ་ཤེས་པ༥། དོན་དམ་པར་ཆགས་སོ༷གས་ཀུན་ནས་ཉོན་མོངས་པ་མེད་པ་ཤེས་པ༦། དད་སོགས་རྣམ་པར་བྱང་བ་མེད་པ་ཤེས་པ༧། སྒྱུ་མ་སོགས་བཞིན་དུ་དོན་དམ་པར་དངོས་པོའི་ཆོས་མེད་པ་ཤེས་པ༨། བདེན་པའི་ངོ་བོ་ཉིད་མེད་པ་ཤེས་པ༩། དོན་དམ་པར་གནས་པའི་རྟེན་མེད་པས་དོན་དམ་པར་མི་གནས་པ་ཤེས་པ༡༠། དོན་དམ་པར་མཚན་ཉིད་ཐམས་ཅད་དང་བྲལ་བས་ནམ་མཁའི་མཚན་ཉིད་ཤེས་པ༡༡། གསེར་ནི། ཐ་མ་གསུམ་རིམ་བཞིན། མྱང་འདས་དང་ཆོ༷ས་དབྱིངས་དང་དེ་བཞིན་ཉི༷ད་ཀྱི་ཡེ་ཤེས་ལ་བཤད་དོ། །ཆོས་ཀུན་བདེན་པས་སྟོང་བའི་ཆོས་ཉིད་ལྷ་དང་བདུད་ལ་སོགས་པས་དེ་མིན་དུ་རྣ༷མ་པ༷ར་འཁྲུ༷ག་ཅིང་བསྒྱུར་ཏུ་མེ༷ད་པ་ཤེས་པ༡༢། ཆོས་ཉིད་གཟུགས་ནས་རྣམ་མཁྱེན་གྱི་བར་གྱིས་མངོན་པར་འདུ༷་མི༷་བྱེ༷ད་དམ་མ་བྱས་པ་ཤེས་པ༡༣། ཆོས་ཉིད་དེ་ཟག་པ་ཡོད་མེད། འཇིག་རྟེན་ལས་འདས་མ་འདས་འདུས་བྱས་མ་བྱས་སོགས་སུ་རྣ༷མ་པར་མི༷་རྟོ༷ག་པར་ཤེས་པ༡༤།མཚན་ཉིད་མེད་པར་སངས་རྒྱས་ནས་གཟུགས་སོགས་ཀུན་རྫོབ་ཀྱི་མཚན་ཉིད་ཀྱི་ར༷བ་ཏུ་དབྱེ༷་བ་ཤེས་པ༡༥། དོན་དམ་པར་མཚ༷ན་ཉི༷ད་ཀྱི་ཆོས་ཐམས་ཅད་མེ༷ད་པར་ཤེས་པ༡༦་སྟེ་ཤེས་པའི་རྣམ་པའི་ཁྱད་པར་བཅུ་དྲུག་གིས་ལ༷མ་ཤེ༷ས་པ་ཉི༷ད་ཀྱི༷་སྦྱོར་བ་དག་མ་ནོར་བར་མཚོན་པར་བྱེད་པས་ན་ཤེ༷ས་པ༷འི་མཚ༷ན་ཉི༷ད་དེ་ལམ་ཤེས་པ་ཉིད་ཀྱིས་བསྡུས་པ་བཅུ་དྲུག་ཡི༷ན་ནོ་ཞེས་ཉ་ཊཱིཀ་ལས་སོ། །

གསུམ་པ་རྣམ་མཁྱེན་གྱི་སྐབས་ཀྱི་ཤེས་མཚན་བཤད་པ།

གསུམ་པ་རྣམ་མཁྱེན་གྱི་སྐབས་ཀྱི་ཤེས་མཚན་བཤད་པ་ལ།

མདོ་ལས། སངས་རྒྱས་ཀྱི་ཤེར་ཕྱིན་འདི་ལ་རྟེན་ཅིང་སྤྱོད་དོ། །ཞེས་སོགས་ཀྱི་དོན། རྩ་བར། དེ་ནི་ཉིད་ཀྱི་ཆོས་བརྟེན་ནས། །གནས་དང་གུས་པར་བྱ་བ་དང༌། །བླ་མ་ཉིད་དང་མཉེས་པ་དང༌། །དེ་ལ་མཆོད་དང་བྱེད་མེད་དང༌། །ཀུན་ཏུ་འཇུག་མཁྱེན་གང་ཡིན་དང༌། །མ་མཐོང་སྟོན་པར་མཛད་པ་དང༌། །འཇིག་རྟེན་སྟོང་ཉིད་རྣམ་པ་དང༌། །བརྗོད་དང་ཤེས་མཛད་མངོན་སུམ་མཛད། བསམ་མི་ཁྱབ་དང་ཞི་ཉིད་སྟོན། །འཇིག་རྟེན་འདུ་ཤེས་འགོག་པ་ལ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། །ཞེས་སོ། །དེ་ལ་དབྱེ་ན་བཅུ་དྲུག དེ་པ་དེ༷་ནི༷་ཉི༷ད་ཀྱི༷་ཆོ༷ས་ཡུམ་ཤེར་ཕྱིན་རྒྱུར་ཡོད་པ་ལ་བརྟེ༷ན་ན༷ས་མཐོང་ཆོས་ལ་བདེ་བར་གན༷ས་པ་རྟོགས་པའྀ་ཤེས་མཚན༡། ཡུམ་འདི་ཡོན་ཏན་དང་ལྡན་པར་གཟུང་བ་གུ༷ས་པ༷ར་བྱ༷་བ༷་སྟེ་བྱེད་པ་ཤེས་པ༢། ཡུམ་ཡོན་ཏན་གྱིས་ལྕི་བའི་བླ༷་མ་ཉི༷ད་དུའམ་གོང་མར་བྱ་བའམ་བྱེད་པ་ཤེས་པ༣། བསྙེན་བཀུར་གྱིས་མཉེ༷ས་ཤིང་དགྱེས་པ༷ར་བྱ་བར་ཤེས་པ༤།ཡུམ་དེ༷་ལ༷་མེ་ཏོག་ལ་སོགས་པས་མཆོ༷ད་པར་བྱ་བར་ཤེས་པ༥། ཡུམ་ལ་བརྟེན་ནས་ཆོས་ཐམས་ཅད་དོན་དམ་པར་བྱེ༷ད་པ་པོ་མེ༷ད་པར་ཤེས་པ༦། ཡུམ་ལ་བརྟེན་ནས་ཤེས་བྱ་ཀུ༵ན་ཏུ༵་ཡེ་ཤེས་འཇུ༷ག་པར་མཁྱེ༷ན་པ་ག༷ང་ཡི༷ན་ཤེས་པ༧། ཡུམ་ཉིད་དེ་པ་ལ་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མཚན་མ་ཅིར་ཡང་མ༷་མཐོ༷ང་བའི་ཡེ་ཤེས་ཉིད་དོན་དམ་པ་མཐོང་བའོ་ཞེས་སྟོན་པར་མཛད་པ་ཤེས་པ༨། ཡུམ་ཉིད་དེ་པ་ལ་ཕུང་བོ་ལྔ་སོགས་རྣམ་མཁྱེན་བར་དོན་དམ་པར་སྟོང་བ་ཉིད་ཀྱི་རྣམ་པར་འཇིག་རྟེན་དུ་སྟོ༷ན་པ༷ར་མཛ༷ད་པ༷ར་ཤེས་པ༩། ཡུམ་ཉིད་དེ་པ་དང་པོར་གདུལ་བྱར་བསྡུས་པའི་སྐབས་སམ་ཕྱོགས་གཅིག་ལ་ཞུགས་པའི་དུས་སུ་འཇིག་རྟེན་བདག་སོགས་ཀྱིས་སྟོང་བ་ཉིད་དུ་བརྗོད༷་པར་མཛད་པ་ཤེས་པ༡༠། །ཡུམ་ཉིད་དེ་པ་ཡོངས་སུ་སྨིན་པར་གྱུར་པའམ་ཆེད་དུ་བྱ་བ་ལ་ཞུགས་པའི་དུས་སུ་འཇིག་རྟེན་སྟོང་ཉིད་དུ་ཤེ༷ས་པར་མཛ༷ད་པ་ཤེས་པ༡༡། ཡུམ་ཉིད་དེ་པ་རྣམ་པར་གྲོལ་བའི་་དུས་སུའམ་མངོན་སུམ་ལ་ཞུགས་པའི་དུས་སུ་འཇིག་རྟེན་སྟོང་ཉིད་དུ་མངོ༷ན་སུ༷མ་དུ་མཐོང་བར་མཛ༷ད་པ་ཤེས་པ༡༢། ཡུམ་ཉིད་དེ་པ་ལ་འཇིག་རྟེན་བསམ་གྱིས་མི༷་ཁྱ༷བ་པ་ཉིད་དུ་སྟོན་པར་མཛད་པ་ཤེས་པ༡༣། ཡུམ་ཉིད་དེ་པ་ལ་འཇིག་རྟེན་ཉོན་མོངས་པ་དང་ཉེ་ཉོན་ཞི་ཞིང་མཚན་མ་དང་རྣམ་རྟོག་མེད་དེ་ཞི༷་བ་ཉི༷ད་དུ་སྟོ༷ན་པ་ཤེས་པ༡༤། ཡུམ་ཉིད་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བར་བསྟན་ནས་དེ་ཐུགས་སུ་ཆུད་པས་དེ་པར་གྱུར་པས་འཇི༷ག་རྟེ༷ན་འགོག་པ་ཤེས་པ༡༥། ཡུམ་ཉིད་དེ་པ་ལ་འཇིག་རྟེན་འདི་དང་ཕ་རོལ་གྱི་མཚན་མར་འཛིན་པའི་འདུ༷་ཤེ༷ས་འགོ༷ག་པ༷་ཤེས་པ༡༦སྟེ་འདི་རྣམས་རྟོགས་པ་ཉིད་ཀྱི་ཤེས་པའི་རྣ༷མ་པ༷་སློབ་ལམ་བཅུ་དྲུག་གིས་རྣ༷མ་མཁྱེ༷ན་ཉིད་ཀྱི་སྦྱོར་བ་དག་མཚོན། མཐར་ཐུག་པ་བཅུ་དྲུག་གིས་རྣམ་མཁྱེན་ཉིད་མཚོན་པར་བྱེད་པས་ན་ཤེ༷ས་པ༷འི་མཚ༷ན་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བསྡུས་པ་ཡིན་ནོ། །ཞེས་ཉ་ཊཱིཀ་ལས་གསུངས་སོ། །ཇི་ལྟ་བ་བཞིན་དུ་ཤེས་པའི་མཚན་ཉིད་དམ་རང་བཞིན་བཤད་ཟིན་ཏོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཤེས་མཚན་རྣམས་སངས་རྒྱས་དང་སློབ་ལམ་གཉིས་ཀ་ལ་འཇོག་དགོས་པར་ཐལ། ཉ་ཊཱིཀ་ལས། ཤེས་མཚན་སངས་རྒྱས་ཀྱི་ས་ཁོ་ན་ལ་སྦྱོར་བ་ནོར་ཞིང་སངས་རྒྱས་ལ་ཡང་ཡོད་ལ་དེ་དེས་བསྐྱེད་ཅེས་པ་ཨཱརྱ་སོགས་ཀྱི་དགོངས་པར་རུང་སྟེ། ཞེས་དང༌།ཉ་ཊཱིཀ་མཆན་ལས། སངས་རྒྱས་ཁོ་ནར་མི་འཐད་ཅིང་སངས་རྒྱས་ལ་ཡང་ཡོད་པ་འཐད་དོ། །ཞེས་གསུངས་པའི་ཕྱིར། དེ་མི་རིགས་པར་ཐལ། ཤེས་མཚན་སངས་རྒྱས་ཁོ་ན་སྦྱར་ནས་མདོ་ལུགས་མ་ལས་བཤད་པའི་ཕྱིར་ཏེ།མདོ་ལུགས་མ་ལས། ཤེས་པའི་མཚན་ཉིད་རྒྱས་པར་བཤད་པ་ནི། འབྲས་བུའི་མཁྱེན་པ་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་ཇི་ལྟ་བ་དང་ཇི་སྙེད་པ་ཤེས་པའི་མཚན་ཉིད་སྟོན་པ་ལ། ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྙམ་སྟེ། མདོའི་དངོས་བསྟན་གཙོ་བོའི་དབང་དུ་བྱས་པ་འདྲའོ། །ཡང་རྩ་བར། ཐམས་ཅད་ཤེས་པ་ཉིད་སྐབས་ཀྱི། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །ཞེས་དང༌། མདོ་ལུགས་མ་ལས། དང་པོ་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཀྱི་ཤེས་པའམ་མཁྱེན་པའི་མཚན་ཉིད། ཅེས་དང༌། གཉིས་པ་སངས་རྒྱས་ཀྱི་སའི་ལམ་ཤེས་ཀྱི་སྐབས་ཀྱི་མཁྱེན་པའི་མཚན་ཉིད། ཅེས་དང༌། ཉ་ཊཱིཀ་ལས། གཞི་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཀྱིས་སོ། །ཞེས་པ་ནས། བྱང་སེའི་གཞི་ཤེས་ཆོས་ཅན། ཤེས་པའམ་རྟོགས་པ་ཁྱད་པར་བ་དང་ལྡན་ཏེ། རྒྱལ་ཡུམ་འདི་དེ་པའི་སྟོབས་བཅུ་སོགས་བསྐྱེད་པས་དེ་པ་བསྐྱེད་པར་བྱེད་པའོ་ཞེས་རྟོགས་པས་སོ། །ཞེས་པའི་ཐམས་ཅད་ཤེས་པ་དེ་བྱང་སེམས་ཀྱི་གཉེན་པོའི་གཞི་ཤེས་དང་སངས་རྒྱས་ཀྱི་སའི་ལམ་ཤེས་དེ་ཐེག་ཆེན་རྟོགས་རིགས་སུ་གནས་པའི་རྣམ་མཁྱེན་དང་ཆོས་ཉིད་ཀྱི་གནས་སྐབས་གང་ལ་འཇོག་དཔྱད།ཡང་ཉ་ཊཱིཀ་མཆན་ལས། གཡོ་བ་ནི་རྟག་པར་བལྟ་བའོ། །ཞེས་བཤད་པ་མི་འཐད་པར་ཐལ། མདོ་ལུགས་མ་ལས། ཉི་ཁྲི་ལ་སོགས་སུ་འཕྲོ་བ། འདུུ་བ་བཀྲམ་པ་བཅུམ་པ་ཞེས་བྱ་བ་བཞི་བྱུང་ངོ༌། །དེ་ལ་ལྷག་པར་གཡོ་བ་རྟག་ལྟ་དང༌། བྲལ་བར་གཡོ་བ་ཆད་ལྟ་སྟེ་སྒྲོ་སྐུར་གཉིས་སོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་པའོ། །ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་པོ་རེ་རེའི་འཛིན་སྟངས་ཀྱི་ཡུལ་གང་འཇོག་དེ་དག་གི་འཛིན་སྟངས་ཀྱི་ཡུལ་ཡོད་པ་མི་རིགས་ཏེ། དེ་དག་བདག་འཛིན་དང་རྟག་ཆད་གང་རུང་དུ་ལྟ་བ་དགོས་པའི་ཕྱིར་ཏེ། མདོ་ལུགས་མ་ལས། རྟག་ཆད་ཀྱི་ལྟ་བ་དེ་དག་ཕུང་པོ་ལྔ་ལ་བདག་ཏུ་ཞེན་ཅིང་གནས་པའོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཉ་ཊཱིཀ་ལས། བཞི་བ་རྣམས་གནས་མ་བུ་པའི་ལྟ་བ་བཅུམ་པའོ། །ཞེས་བཞི་བ་རེ་རེ་གནས་མ་བུ་པས་དངོས་སུ་འདོད་མི་འདོད་དཔྱད་དོ། །ཡང་མདོ་ལུགས་མ་ལས། དེ་རྣམས་ཀྱིས་ནི་གློ་བུར་གྱི་དྲི་མ་བག་ཆགས་དང་བཅས་པ་སྤངས་པའི་དེ་བཞིན་ཉིད་སངས་རྒྱས་ཀྱི་སས་སྡུད་པའི་མཁྱེན་པ་གསུམ་གྱི་ངོ་བོ་གནས་ལུགས། ཇི་ལྟ་བ་བཞིན་དུ་ཤེས་པའི་མཚན་ཉིད་དམ་རང་བཞིན་བཤད་ཟིན་ཏོ། །ཞེས་གསུངས་སོ། །

གཉིས་པ་ཁྱད་མཚན་རྒྱས་པར་བཤད་པ།

གཉིས་པ་ཁྱད་མཚན་རྒྱས་པར་བཤད་པ་ལ།

སྤྱི་དང༌། བྱེ་བྲག་ཏུ་བཤད་པ་དང༌།མཐའ་རགས་ཙམ་དཔྱད་པ་དང་གསུམ། དང་པོ་ནི། རྩ་བར། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཁྱད་ཞུགས་བདེན་པའི་སྤྱོད་ཡུལ་ཅན། །སྐད་ཅིག་མ་ནི་བཅུ་དྲུག་གིས། །ཁྱད་པར་མཚན་ཉིད་བཤད་པ་ཡིན། །ཞེས་སངས་རྒྱས་ཀྱི་དོན་བས༷མ་གྱིས་མི༷་ཁྱ༷བ་པའི་དོན་དུ་ཉེ་བར་གནས་པ་ལ་སོ༷གས་པ་ཁྱ༷ད་པ༷ར་དུ་བྱེད་པའི་ཆོས་རྣམས་ཀྱི༷ས་ཁྱ༷ད་བཞུ༷གས་པའི་ཐེག་ཆེན་གྱི་ལམ། བདེ༷ན་པ༷་བཞིའི་ཡུལ་ལ་སྤྱོ༷ད་པའི་ཡུ༷ལ་ཅ༷ན་གྱི་སྐ༷ད་ཅི༷ག་མ༷་ནི༷་བཅུ༷་དྲུ༷ག་མདོ་ལས་བཤད་པ་དག་གི༷ས་ཐེག་དམན་ཀྱིས་ལམ་ལས་ཁྱ༷ད་པ༷ར་དུ་བྱེད་པའི་ཆོས་ཀྱི་མཚ༷ན་ཉི༷ད་དམ་རང་བཞིན་བཤ༷ད་པ༷་ཡི༷ན་ནོ། །བྱང་སེམས་ཀྱི་མཐོང་ལམ་ཆོས་ཅན། ཉན་རང་མཐོང་ལམ་ལས་ཁྱད་པར་འཕགས་ཏེ། བསམ་གྱིས་མི་ཁྱབ་པ་དང་མི་མཉམ་པ་ལ་སོགས་པ་བཅུ་དྲུག་གི་ཁྱད་པར་གྱིས་ཁྱད་ཞུགས་པའི་སྡུག་བསྔལ་ལ་སོགས་པའི་བདེན་པའི་སྤྱོད་ཡུལ་ཅན་ཆོས་ཤེས་པའི་བཟོད་པ་དང་ཆོས་ཤེས་པ། རྗེས་སུ་ཤེས་པའི་བཟོད་པ་དང་རྗེས་སུ་ཤེས་པའི་མཚན་ཉིད་ཀྱི་སྐད་ཅིག་མ་ནི་བཅུ་དྲུག་ཅན་ཡིན་པའི་ཕྱིར་རོ། ། གཉིས་པ་ཁྱད་མཚན་བཅུ་དྲུག་བྱེ་བྲག་ཏུ་བཤད་པ་ནི། མདོ་ལས། ཤེར་ཕྱིན་འདི་སངས་རྒྱས་ཀྱི་དོན་བསམ་གྱིས་མི་ཁྱབ་པ་དང་མི་མཉམ་པ་དང་མཉམ་པ་དང་གཞལ་དུ་མེད་པ་དང༌། བགྲང་དུ་མེད་པའི་དོན་དུ་ཉེ་བར་གནས་ཞེས་སོགས་ཀྱི་དོན། རྩ་བར། བསམ་མི་ཁྱབ་དང་མི་མཉམ་དང༌། །གཞལ་དང་བགྲང་ལས་ཡང་དག་འདས། །འཕགས་པ་ཀུན་སྡུད་མཁས་པ་ཡིས། །རིག་བྱ་ཐུན་མོང་མིན་ཤེས་ཉིད། །ཤེས་མྱུར་བྲི་དང་གང་མེད་དང༌། །སྒྲུབ་དང་ཡང་དག་འགྲུབ་པ་དང༌། །དམིགས་པ་རྟེན་དང་བཅས་པ་དང། །མཐའ་དག་པ་དང་ཡོངས་འཛིན་དང༌། །རོ་མྱང་མེད་དང་ཁྱད་པར་ནི། །བཅུ་དྲུག་བདག་ཉིད་ཤེས་བྱ་སྟེ། །གང་གིས་ལམ་ནི་གཞན་དག་ལས། །ཁྱད་དུ་འཕགས་པས་ཁྱད་འཕགས་ལམ། །ཞེས་སོ། །བྱེ་བྲག་སོ་སོ་ལ། བསམ༷་གྱིས་མི༷་ཁྱ༷བ་པའི་ཆོས་ཉིད་མངོན་སུམ་དུ་རྟོགས་པ་དེ༡། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་དེ་ཉན་རང་གི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ལས་ཁྱད་པར་འཕགས་པར་སྒྲུབ་པར་བྱེད་པའོ། །གཞན་ལ་རིགས་འདྲ། སྡུག་བདེན་གྱི་མི་མཉམ་པའི་ཆོས་ཉིད་རྟོགས་པའི་ཡེ་ཤེས༢། སྡུག་བདེན་གྱི་ཆོས་ཉིད་ཚད་གཞ༷ལ་བ་ལས་འདས་པའི་ཆོས་ཉིད་རྟོགས་པ༣། གྲངས་ཀྱིས་བགྲ༷ང་བ་ལ༷ས་ཡ༷ང་ད༷ག་པར་འད༷ས་པའི་ཆོས་ཉིད་རྟོགས་པ༤། ཀུན་འབྱུང་ཆོས་བཟོད་སོགས་ནི། འཕ༷གས་པ༷འི་གང་ཟག་གི་ཡོན་ཏན་ཀུ༷ན་སྡུ༷ད་པར་བྱེད་པ༥། ཇི་ལྟ་ཇི་སྙེད་ཤེས་པའི་མཁས་པ་རིག་བྱའི་ཀུན་འབྱུང་གི་ཆོས་ཉིད་ཤེས་པ༦། ཉན་རང་སོགས་དང་ཐུ༷ན་མོ༷ང་མི༷ན་པའི་སྤྱོད་ཡུལ་གྱི་ཀུན་བདེན་གྱི་ཆོས་ཉིད་ཡོངས་སུ་ཤེ༷ས་པ༧། ཐེག་ཆེན་རང་གི་ལུགས་ཀྱི་དབང་དུ་བྱས་པའི་མངོན་པར་ཤེ༷ས་དང་རྣམ་མཁྱེན་གྱི་ཡེ་ཤེས་མྱུ༷ར་དུ་སྒྲུབ་པ༨། འགོག་པ་ཆོས་བཟོད་སོགས་ནི། ཡུམ་ལས་ཐེག་པ་གསུམ་གྱི་འབྲས་བུ་འབྱུང་ཡང་རང་བཞིན་གྱི་མི་རྟོག་ཅིང་མི་འགྱུར་བ་བྲི་༷ག༷ང་མེ༷ད་པའི་ཆོས་ཉིད་ཤེས་པ༩། ཆོས་སྨྲ་བ་མི་གཏོང་ཞིང་འཁོར་གསུམ་རྣམ་པར་དག་པའི་ཤེས་རབ་ཀྱིས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲག་ཏུ་རབ་ཏུ་བསྒྲུ༵བ་པ༡༠། ཡང་དག་པའི་སྦྱོར་བས་བསྐལ་བ་དུ་མར་བསྒྲུབས་པའི་བསོད་ནམས་དང་ཡེ་ཤེས་ཡང་དག་པར་འགྲུབ་པ༡༡། ཆོས་ཐམས་ཅད་ལ་ཅིར་ཡང་རྣམ་པར་མི་རྟོག་པར་དམི༷གས་པ༷༡༢། ལམ་ལ་ཆོས་བཟོད་སོགས་ནི། ཤེར་ཕྱིན་དང་ཐབས་མཁས་སོགས་ཀྱིས་སེམས་ཅན་སྨིན་པའི་རིམ་གྱིས་འཚང་རྒྱ་བར་འགྱུར་བའི་ལམ་གྱི་སེམས་ཀྱི་ཆོས་དབྱིངས་དེ་བྱང་སེམས་ཀྱི་ལམ་གྱི་རྟེ༷ན་བཅས་པ༡༣། སྨོན་ལམ་དང་ཡེ་ཤེས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུའི་ཚོགས་པ་མཐ༷འ་ད༷ག་ཚང་བ༡༤། ཐེག་ཆེན་དགེ་བའི་བཤེས་གཉེན་གྱི་ཐབས་མཁས་ཀྱིས་སྲིད་ཞི་ལས་ཡོ༷ངས་སུ་འཛི༷ན་པ༡༥། དོན་དམ་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པས་ཆགས་ཤིང་མངོན་པར་ཞེན་པ་མེད་ཅིང་སྦྱིན་སོགས་ལ་འཁོར་གསུམ་གྱི་རོ༷་མྱ༷ང་བ་མེ༷ད་པའི་རྟོགས་པ༡༦་སྟེ། དེ་ལྟར་བཅུ་དྲུག་གི་བདག་ཉིད་ཅེས་བྱ་བ་ནི་གོ་རིམ་བཞིན་དུ་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞིའི་ཡུལ་ཅན་གྱི་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་རྣམས་ཀྱི་ཁྱད་པར་གྱི་ཆོས་ཡིན་པས་དེས་ཁྱད་པར་དུ་བྱས་པའི་ཤེས་བཟོད་བཅུ་དྲུག་རིམ་བཞིན་ཤེས་པར་བྱ་ཞེས་ཉ་ཊཱིཀ་ལས་གསུངས་སོ། །ཁྱད་པར་གྱི་ཆོས་གང་གིས་བྱང་ཆུབ་སེམས་དཔའི་ལམ་ནི་གཞན་ཉན་རང་དག་གི་ལམ་ལས་ཆོས་བཅུ་དྲུག་གིས་ཁྱད་པར་དུ་འཕགས་པས་ཉན་རང་ལས་ཁྱད་པར་ཆེ་བའི་ལམ་ཡིན་ནོ། །འདིར་ཐེག་ཆེན་གྱི་མཐོང་ལམ་ཁྱད་འཕགས་སུ་བསྟན་པས་སྒོམ་ལམ་ཁྱད་འཕགས་སུ་དོན་གྱིས་གོ་བ་ཡིན་པར་མདོ་ལུགས་མ་ལས་གསུངས་སོ། །

གསུམ་པ་མཐའ་རགས་ཙམ་དཔྱད་པ།

གསུམ་པ་མཐའ་རགས་ཙམ་དཔྱད་པ་ལ།

མདོ་ལུགས་མ་ལས། གཉིས་པ་འབྲས་བུའི་མཁྱེན་པ་གསུམ་དེ་ཐོབ་བྱེད་ཀྱི་ལམ་ཁྱད་པར་ཅན་གྱི་ཁྱད་པར་གྱི་མཚན་ཉིད་བཤད་པ་ལ། ཞེས་པའི་འབྲས་བུའི་མཁྱེན་གསུམ་དེ་གཞི་ཤེས་ཉན་རང་དང་ལམ་ཤེས་བྱང་སེམས་ཁོ་ནའི་རྒྱུད་ལ་འཇོག་པའི་ལུགས་ལ་གང་འཇོག་དཔྱད། ཡང་རྩ་བར། འཕགས་པ་ཀུན་སྡུད་མཁས་པ་ཡིས། །རིག་བྱ་ཐུན་མོང་མིན་ཤེས་ཉིད། །ཅེས་དང༌། མདོ་ལུགས་མ་ལས།བདེན་པ་བཞིའི་ཡུལ་ལ་སྤྱོད་པའི་ཡུལ་ཅན་གྱི་སྐད་ཅིག་མ་ནི་བཅུ་དྲུག་མདོ་ལས་བཤད་པ་དག་གིས་ཐེག་དམན་ཀྱིས་ལམ་ལས་ཁྱད་པར་དུ་བྱེད་པའི་ཆོས་ཀྱི་མཚན་ཉིད་དམ་རང་བཞིན་བཤད་པ་ཡིན་ནོ། །ཞེས་སོགས་ཀྱིས་ཁྱད་མཚན་བཅུ་དྲུག་གི་ཡུལ་ལ་ཆོས་ཉིད་ཀྱིས་ཁྱབ་པ་ཡོད་མེད་དཔྱད། ཡང་མདོ་ལུགས་མ་ལས། གྲུ་ཞིག་པ་ཤིང་དུམ་ལ་བརྟེན་པ་དང༌།བུམ་པ་སོ་བཏང་པའི་དཔེ་གཉིས་ཀྱིས་ཉན་རང་གི་ས་གཉིས་ལས་འདའ་བའི་སླད་དུ་ཤེར་ཕྱིན་ལ་ལྷག་པའི་དམིགས་པའི་ཁྱད་པར་དེ་བཞི་ནི་འགོག་པའི་བདེན་པའི་ཡུལ་ཅན་གྱི་སྐད་ཅིག་མ་བཞིའོ། །གྲུ་ལེགས་པར་བཅོས་པ་དང༌། མི་རྒད་པོ་སྐྱེས་བུ་གཉིས་ལ་རྟེན་པའི་གཉིས་ཀྱིས་ཤེར་ཕྱིན་དང་ཐབས་མཁས་པ་གཉིས་ཀྱིས་རྟེན་དང་བཅས་པས་ས་གཉིས་ལས་འདའ་བའི་དང༌། ཞེས་ཁྱད་མཚན་བཅུ་གཉིས་པ་དང་བཅུ་གསུམ་པ་གཉིས་ལ་དཔེ་གཉིས་གཉིས་གསུངས་ལ། དེ་གཉིས་ལ་དཔེ་རེ་རེ་ལས་ལྷག་ཉ་ཊཱིཀ་ལས་མ་གསུངས་ཏེ།དེ་ལས། ཆོས་ཐམས་ཅད་ལ་ཅིར་ཡང་རྣམ་པར་མི་རྟོག་པར་དམིགས་པ་སྟེ། གྲུ་ཞིག་པ་ཤིང་ལེབ་སོགས་འཛིན་ན་རྒྱ་མཚོ་ལས་ཐར་བའི་དཔེས། འཁོར་བའི་རྒྱ་མཚོ་ལས་རྒལ་བའི་དོན་གྱིས་གསུངས་སོ། །ཞེས་ཨཱརྱའོ། །བར་མ་དོར་བྱང་ཆུབ་ལས་ཉམས་པར་མི་འགྱུར་རོ། །ཞེས་སོགས་སོ། །ལམ་ལ་ཆོས་བཟོད་སོགས་ནི། ལམ་གྱི་རྟེན་བྱང་པ་སྟེ་ཤེར་ཕྱིན་དང་ཐབས་མཁས་སོགས་ཀྱིས་སེམས་ཅན་སྨིན་པའི་རིམ་གྱིས་འཚང་རྒྱ་བར་འགྱུར་བ་སྟེ་བུམ་པ་ལེགས་པར་ཚོས་པར་ཆུ་བླུགས་ཏེ་ཁྱིམ་དུ་སོང་ན་བར་མ་དོར་མི་འཇིག་པ་བཞིན་ཞེས་དག་ལྡན་ཏེ་རད་ཀིར་ཡང་ངོ༌། །ཞེས་སོགས་གསུངས་སོ། །ཁྱད་མཚན་འདི་མཁྱེན་གསུམ་གྱི་སྐབས་ལ་སོ་སོར་མ་བཤད་པའི་རྒྱུ་མཚན་གཞི་ཤེས་སོགས་ཐེག་དམན་ལས་ཁྱད་པར་མ་འཕགས་པའི་རྒྱུ་མཚན་གྱིས་ཡིན་ན་སྐབས་འདིའི་ཤེས་མཚན་ལ་གཞི་ཤེས་མཚན་ཉིད་པ་ཞིག་མེད་ལ་བཏགས་པ་བའི་དབང་དུ་བྱས་ན་ཁྱད་མཚན་དུ་གྱུར་པའི་གཞི་ཤེས་བཏགས་པ་བ་ཡོད་པས་ཤེས་མཚན་དང་རྒྱུ་མཚན་མཚུངས་པ་ཡིན་མིན་དཔྱད་པར་བྱའོ། །

གསུམ་པ་བྱེད་མཚན་རྒྱས་པར་བཤད་པ།

གསུམ་པ་བྱེད་མཚན་རྒྱས་པར་བཤད་པ་ལ།

སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས་ལས། དང་པོ་ནི། མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་ལས་ཕན་པ་དང་བདེ་བ་དང་མགོན་དང་སྐྱབས་སུ་འགྱུར་བར་བྱའོ་ཞེས་བླ་མེད་བྱང་ཆུབ་ཏུ་ཞུགས་སོ་ཞེས་སོགས་ཀྱི་དོན། རྩ་བར། ཕན་དང་བདེ་དང་སྐྱོབ་པ་དང༌། །མི་རྣམས་ཀྱིས་ནི་སྐྱབས་དག་དང༌། །གནས་དང་དཔུང་གཉེན་གླིང་དང་ནི། །ཡོངས་འདྲེན་པ་ཞེས་བྱ་བ་དང༌། །ལྷུན་གྱིས་གྲུབ་དང་ཐེག་གསུམ་གྱི། །འབྲས་བུ་མངོན་སུམ་མི་བྱེད་བདག །ཐ་མ་རྟེན་གྱི་མཛད་པ་སྟེ། །འདི་ནི་བྱེད་པའི་མཚན་ཉིད་ཡིན། །ཞེས་སོ། །དེའི་དོན་མདོ་ལུགས་མ་ལྟར་ན། ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་ཞེས་པའི་དོན་ལམ་ཤེས་ཀྱི་བྱེད་པ་དགུ་འདི་ནས་གསུངས་སོ། །དེ་ལ་སེམས་ཅན་འགྲོ་བ་རྒྱུད་ལྔ་ནས་བཏོན་ཅིང་མྱང་འདས་ལ་འགོད་པའི་བསམ་པ་ཕ༷ན་པ་༡ད༷ང༌། སྡུག་བསྔལ་ལས་གྲོལ་ཞིང་མྱ་ངན་འདས་ལ་འགོད་པའི་བསམ་པ་ནི་བདེ༷་བ་༢ད༷ང༌། སྡུག་བསྔལ་ཐམས་ཅད་སྤངས་པའི་ཕྱིར་ཆོས་སྟོན་པའི་བསམ་པ་ནི་མགོན་ནམ་སྐྱོ༷བས་པ༷་༣ད༷ང༌། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་བཀྲོལ་ཞིང་ཕུང་པོ་མ་ལུས་པའི་མྱང་འདས་ལས་འགོད་པའི་བསམ་པ་ནི་སྐྱ༷བས་༤ད༷ང༌། ཆོས་ཐམས་ཅད་ལ་འདྲེ་བ་མེད་པར་བྱ་བའི་ཕྱིར་ཆོས་སྟོན་པའི་བསམ་པ་ནི་གན༷ས་༥ད༷ང༌། གཟུགས་སོགས་ཀྱི་ཕ་རོལ་གང་ཡིན་པ་དེ་གཟུགས་སོགས་མ་ཡིན་པར་ཆོས་སྟོན་པའི་བསམ་པ་ནི་དཔུ༷ང་གཉེ༷ན་༦དང༌། གླིང་བཞིན་དུ་ཐོག་མཐའ་ཡོངས་སུ་ཆད་པ་ཞི་བ་དང་བཟང་པོའི་ཆོས་སྟོན་པའི་བསམ་པ་ནི་གླི༷ང་༧ད༷ང༌། གཟུགས་སོགས་སྐྱེ་འགག་ཉོན་མོངས་རྣམ་བྱང་མེད་པ་ཡོངས་སུ་གྲུབ་ཀྱི་ཆོས་སྟོན་པའི་བསམ་པ་ནི་ཡོ༷ངས་སུ་འདྲེ༷ན་པ༷་༨ཞེ༷ས་བྱ༷་བ༷་ད༷ང༌། གཞན་དོན་དུ་གཟུགས་སོགས་ཆོས་ཐམས་ཅད་ནམ་མཁའི་ངང་ཚུལ་ཅན་དུ་ལྷུ༷ན་གྱི༷ས་གྲུ༷བ་པ་ཞེས་བྱ་བར་ཆོས་སྟོན་པ༩་ད༷ང༌། ཞེན་པའི་སྒོ་ནས་ཐེ༷ག་པ་གསུ༷མ་གྱི༷་འབྲ༷ས་བུ༷་མངོ༷ན་སུ༷མ་དུ་མི༷་བྱེ༷ད་པ་དེ་གཉིས་ཀའི་བད༷ག་ཉིད་ནི་བྱེད་པ་དགུའི་ཐ༷་མ༷་རྟེ༷ན་གྱི༷་མཛ༷ད་པ༷འམ་བྱེད་པ་སྟེ༷། དེ་ལྟར་བསྟན་པ་དགུ་པ་འདི༷་ནི༷་ལམ་གྱི་བྱེ༷ད་པ༷འི་ངོ་བོ་འམ་མཚ༷ན་ཉི༷ད་ཡི༷ན་ནོ། །མདོ་ལས་བྱང་ཆུབ་སེམས་དཔའི་འཇིག་རྟེན་གྱི་རྟེན་དུ་འགྱུར་བར་བྱའོ། །ཞེས་བླ་མེད་པའི་བྱང་ཆུབ་ཏུ་ཞུགས་སོ། །ཞེས། ཁྲི་བརྒྱད་སྟོང་པར་འབྱུང་ངོ༌། །རྟེན་ཞེས་པའི་འདི་ཉིད་ཉི་ཁྲི་ལ་སོགས་སུ་ལམ་དང་བསྡུས་དོན་འགྲེལ་པར་བགྲོད་པ་ཞེས་པར་འབྱུང་ངོ༌། །ཉི་ཁྲིའི་ལོགས་སུ་གནས་ཞེས་པ་སྟེ་རྟེན་ཞེས་པར་བསྒྱུར་ནས་ཡོད་དེ། མཐའི་མཛད་པ་ཞེས་པ་ནི། ཕན་དང་བདེ་དང་ཞེས་པ་ལ་སོགས་ཐམས་ཅད་ལ་སྦྱར་རྒྱུར་སྣང་ངོ༌། ། བྱེད་པ་འདི་རྣམས་ཁྲི་བརྒྱད་སྟོང་པའི་ལེའུ་ཞེ་དྲུག་པ་ན་ཡོད་ཅིང་ཉི་ཁྲིའི་ལེའུ་སོ་དྲུག་པས་སྟོན་ཏོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཉ་ཊཱིཀ་ལས། བྱང་སེའི་གཞི་ཤེས་ཆོས་ཅན། མི་རྣམས་ཏེ་སྐལ་ལྡན་གྱི་གདུལ་བྱ་ལ་མ་འོངས་པའི་ཕན་པ་ཉེ་བར་སྒྲུབ་སྟེ། དེ་རྣམས་རྒྱུད་ལྔ་ནས་བཏོན་ནས་མྱང་འདས་ལ་འགོད་པས་སོ། །ཞེས་པ་ནས། ཕན་པ་ལ་སོགས་པའི་བྱེད་པ་གསུམ་ཆོས་ཅན། བྱང་སེའི་གཞི་ཐམས་ཅད་ཤེས་པ་ཉིད་ཀྱི་བྱེད་པ་ཡིན་ཏེ་དེའི་མཛད་པ་འཕྲིན་ལས་ཡིན་པས་སོ། །ཨཱརྱ་ནི་དང་པོ་དགུ་ཅར་གཞི་ཤེས་ཀྱི་བྱེད་པར་འཆད་དོ། །ཞེས་སོགས་ནས། དེ་ལྟར་ན་བྱེད་པའི་རྣམ་པ་བཅུ་གཅིག་པོ་དག་གིས་ཇི་ལྟ་བ་བཞིན་དུ་སྟེ་མ་ནོར་བར། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་མཚོན་པར་བྱེད་པས་ན་མཁྱེན་གསུམ་སྦྱོར་བའི་བྱེད་པའི་མཚན་ཉིད་ཡིན་ནོ། །མཐར་ཐུག་པའི་བཅུ་གཅིག་པོ་རྣམ་མཁྱེན་དངོས་ཀྱིའོ། །ཞེས་ཉ་ཊཱིཀ་དུ་ལྷུན་གྱིས་གྲུབ་པ་དང༌། ཐེག་གསུམ་གྱི་འབྲས་བུ་མངོན་དུ་མི་བྱེད་པ་དང༌། ཐ་མ་རྟེན་གྱི་མཛད་པ་གསུམ་སོ་སོར་བགྲེང་ནས་དང་པོ་གསུམ་བྱང་སེམས་ཀྱི་གཞི་ཤེས་དང༌། དེ་ནས་བདུན་ལམ་ཤེས་དང༌། དེ་གཅིག་རྣམ་མཁྱེན་གྱི་བྱེད་པ་ལ་སྦྱར་བ་མི་འཐད་པར་ཐལ། མདོ་ལུགས་མ་ལས། འདིར་གཞན་དག་བྱེད་པ་བཅུ་གཅིག་ཏུ་འཆད་པ་ནི་མདོ་དང་མི་མཐུན་ནོ། །མདོ་ལས། བྱེད་པ་དགུ་གསུངས་པ་ནི། ཁྲི་བརྒྱད་སྟོང་པ་ལས་རབ་ཏུ་གསལ་ལོ། །དབུ་མ་པ་དབྱིག་གཉེན་གྱིས་ཀྱང༌། མདོ་དང༌། མཐུན་པ་བྱེད་པ་དགུ་གསུངས་སོ། །མཁྱེན་གསུམ་སོ་སོ་ལ་བྱེད་པ་བགོས་ནས་སྦྱོར་བ་དང༌། ཐ་མ་རྣམ་མཁྱེན་གྱི་མཛད་པ་ཡིན་ཟེར་བ་ལ་ཡང་ཡིད་ཆེས་པའི་ཤེས་བྱེད་མེད་ཀྱི་སྟེང་དུ། མདོ་དང་འགལ་བར་སྣང་ངོ༌། །ཞེས་གསུངས་པའི་ཕྱིར་ཟེར་ན་མདོའི་ཚིག་ཟིན་ལ་བྱེད་པ་བཅུ་གཅིག་ཏུ་བྱས་ནས་མ་གསུངས་ཀྱང་སྤྱིར་བཅུ་གཅིག་ཡོད་པ་འཐད་དམ་དཔྱད་དོ། །

བཞི་བ་ངོ་བོ་ཉིད་མཚན་རྒྱས་པར་བཤད་པ།

བཞི་བ་ངོ་བོ་ཉིད་མཚན་རྒྱས་པར་བཤད་པ་ལ།

སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ནི། ཉི་ཁྲིའི་ལེའུ་སོ་བདུན་པ་ལས། བྱང་ཆུབ་སེམས་དཔའ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། དེ་དག་གི་མཚན་མ་དང༌། དེ་དག་གི་རྣམ་པས་དབེན་པའི་རང་བཞིན་དུ་འགྱུར་རོ། །ཞེས་སོགས་ཀྱི་དོན། རྩ་བར། ཉོན་མོངས་རྟགས་དང་མཚན་མ་དང༌། །མི་མཐུན་ཕྱོགས་དང་གཉེན་པོ་དག །དབེན་དང་དཀའ་དང་ངེས་པ་དང༌། །ཆེད་དུ་བྱ་དང་མི་དམིགས་དང༌། །མངོན་པར་ཞེན་པ་བཀག་པ་དང༌། །དམིགས་པ་ཞེས་བྱ་གང་ཡིན་དང༌། །མི་མཐུན་ཐོགས་པ་མེད་དང་དེ། །གཞི་མེད་འགྲོ་མེད་སྐྱེ་མེད་དང༌། །དེ་བཞིན་ཉིད་ནི་མི་དམིགས་དང༌། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚན་གཞི་ལྟ་བུར་མཚོན་པས་ན། །མཚན་ཉིད་བཞི་པར་བཞེད་པ་ཡིན། ཞེས་པ་ལ་ཆགས་སོགས་ཉོ༷ན་མོ༷ངས་ཀྱིས་དབེན་པའི་ངོ་བོ་ཉིད་༡དང༌། ཆགས་སོགས་ལ་སྤྱོད་པའི་རྟ༷གས་ཀྱིས་དབེན་པ་༢ད༷ང༌།མཚ༷ན་མ༷་སྟེ་ཆགས་སོགས་ཀྱི་དམིགས་པས་དབེན་པ་༣ད༷ང༌། མི༷་མཐུ༷ན་ཕྱོ༷གས་ད༷ང་གཉེ༷ན་པོའི་སྤྲོས་པ་ད༷ག་གི༷ས་དབེ༷ན་པ་རྣམ་མཁྱེན་གྱི་ངང་ཚུལ་༤ད༷ང༌། སེམས་ཅན་གྱི་དོན་དུ་གོ་ཆ་བགོས་ཀྱང་སེམས་ཅན་མི་དམིགས་པ་ནི། ངལ་བ་དང་དུ་ལེན་པས་དཀ༷འ་བ་བགྱིད་པ་༥ད༷ང༌། སེམས་ཅན་ཐམས་ཅད་མྱ་ངན་འདས་པ་ལ་འགོད་པའི་གོ་ཆ་བགོས་པ་དེ་ཉན་རང་གི་སར་མི་ལྟུང་བར་ངེ༷ས་པ༷་༦ད༷ང༌། ཉི་ཚེ་བ་མ་ཡིན་པ་སེམས་ཅན་ཐམས་ཅད་དང་རྣམ་མཁྱེན་གྱི་ཡེ་ཤེས་ཀྱི་ཆེ༷ད་དུ༷་གོ་ཆ་བྱ༷་བ་༧ད༷ང༌། ཤེར་ཕྱིན་བསྒོམ་པ་ནི་ནམ་མཁའ་བསྒོམ་པའི་ཕྱིར་ཤེར་ཕྱིན་ལ་བསྒོམ་པ་དང་བསྒོམ་བྱ་དང༌། སྒོམ་པ་པོ་མི༷་དམིགས་པ་༨དང༌། སྦྱིན་སོགས་རྣམ་བྱང་གི་ཆོས་ཐམས་ཅད་ལ་མངོ༷ན་པ༷ར་ཆགས་ཤིང་ཞེན་པ་བཀ༷ག་པ༷་༩ད༷ང༌། འདི་ནས་ཉི་ཁྲིའི་ལེའུ་སོ་བརྒྱད་པས་སྟོན་ནོ། །ཤེར་ཕྱིན་ཟབ་མོ་འདི་མཁས་ཤིང་མཛངས་པས་དམི༷གས་ཤིང་རིག་པ༷ར་བྱ་བ་སྔར་ཁྱད་པར་གྱིས་མཚན་ཉིད་ཀྱི་སྐབས་སུ་བསྟན་པ་ག༷ང་ཡི༷ན་པ་དེ་ཉིད་༡༠ད༷ང༌། གཟུང་འཛིན་ཐམས་ཅད་བྲལ་བས་འཇིག་རྟེན་ཐམས་ཅད་བྲལ་བས་འཇིག་རྟེན་ཐམས་ཅད་ཡིད་ཆེས་པར་དཀའ་བའི་ཆོས་འཇིག་རྟེན་ཐམས་ཅད་མི༷་མཐུ༷ན་པ་༡༡དང༌། འཇིག་རྟེན་དང་མི་མཐུན་ཡང་སྦྱིན་སོགས་རྣམ་བྱང་གི་ཆོས་ཐམས་ཅད་དང་མཐུན་པའི་ཆོས་ནི་གཟུགས་སོགས་ལ་ཐོ༷གས་པ༷་མེ༷ད་པ་༡༢ད༷ང༌། དེ་བཞིན་ཉིད་ཀྱི་ཤེར་ཕྱིན་ཟབ་མོའི་ཆོས་འདི་ལ་དངོས་པོའི་རྟེན་ནམ་གཞི༷་མེ༷ད་པ་༡༣དང༌།འཕགས་པ་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱི་ངོ་བོ་གྱུར་པའི་ཤེར་ཕྱིན་འདི་ལ་སྤྲོས་བཅས་ཀྱི་འགྲོ༷་འོང་མེ༷ད་པ་༡༤དང༌། སྐྱེ་བའི་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱི་ངོ་བོར་གྱུར་པའི་ལམ་ཤེས་ཀྱི་ཤེར་ཕྱིན་འདི་ཆོས་གང་གི་ཡང་རྗེས་སུ་སྐྱེ༷་བ་མེ༷ད་པ་༡༥ད༷ང༌། ཆོས་དབྱིངས་ཟབ་མོའི་ཤེར་ཕྱིན་འདི་ལ་མཚན་མའི་ཚུལ་གྱིས་གཟུགས་སོགས་དང་དེའི་དེ༷་བཞི༷ན་ཉི༷ད་ནི༷་མི༷་དམི༷གས་པ་༡༦ད༷ང༌། མཚན་ཉིད་ངོ༷་བོ༷་ཉི༷ད་བཅུ༷་དྲུ༷ག་གི་བད༷ག་ཉི༷ད་རིལ་པོ་གཅིག་ཏུ་གྱུར་པ་འདིས་མཚ༷ན་གཞི༷་ལ་ཐ་དད་པ་ལྟ༷་བུ༷ར་མཚོ༷ན་བྱ་ལམ་ཤེས་ཀྱི་ངོ་བོ་ཉིད་མཚོན་པར་བྱེད་པ༷ས་ནི། སྤྱྀར་མཚན་ཉིད་བཞི་སྟོན་པའི་སྐབས་ཡིན་པ་ལ། སྔར་གསུམ་བཤད་ནས་ངོ་བོ་ཉིད་ཀྱི་མཚ༷ན་ཉི༷ད་འདི་བཞི༷་པ༷ར་བཞེད་པ༷་ཡི༷ན་ནོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཉ་ཊཱིཀ་ལས། རྩ་བ་ལ། ངོ་བོ་ཉིད་བཅུ་དྲུག་གི་བདག་ཉིད་ཆོས་ཅན། མཚན་ཉིད་བཞི་བ་ངོ་མཚན་ཏེ་གཉིས་སུ་ཕྱེ་བའི་ལས་སྒྲུབ་ཀྱི་མཚན་ཉིད་ཡིན་པར་བཞེད་པ་ཡིན་ཏེ། མཁྱེན་གསུམ་མམ་དེའི་སྦྱོར་བ་བྱེད་སྒྲུབ་ཀྱིས་མཚོན་པར་བྱ་བའི་གཞིར་མཚོན་པར་བྱེད་པས་ནའོ། །ཞེས་པ་ནས། བྱང་འཕགས་ཀྱི་གཞི་ཤེས་མཉམ་བཞག་ཆོས་ཅན། རང་གི་ངོ་བོ་ཉོན་མོངས་དྲག་པོའི་ངོ་བོས་དབེན་ཏེ། རང་གི་ངོ་བོ་འདོད་ཆགས་ཞེ་སྡང་ལ་སོགས་པའི་ཉོན་མོངས་པས་སྟོང་བའོ། །ཞེས་པ་ནས། ཚུལ་དེ་ལྟར་ན་ངོ་བོ་ཉིད་བཅུ་དྲུག་གིས་ཇི་ལྟ་བ་བཞིན་དུ་སྟེ་མ་ནོར་བར་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་མཚན་ཉིད་དང་ལྡན་པ། མཚན་གཞི་ལྟ་བུར་མཚོན་པར་བྱེད་པས་དེ་ལྟར་ན་བཞི་བ་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་བཞེད་དོ། །ཐ་མ་བདུན་མཐར་ཐུག་པ་རྣམ་མཁྱེན་དངོས་ཀྱི་ངོ་བོ་ཉིད་དོ། །ཞེས་སྦྱར་རོ། །ཞེས་སྐབས་འདིར་མཁྱེན་གསུམ་ལ་སྦྱར་ནས་བཤད་པ་དང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་མཚོན་པར་བྱེད་པར་བཤད་པ་མི་རིགས་པར་ཐལ། མདོ་ལུགས་མ་ལས། ཁ་ཅིག་གིས་ངོ་བོ་ཉིད་འདི་རྣམས་མཁྱེན་གསུམ་ལ་སོ་སོར་སྦྱར་ནས་འཆད་པ་ནི་ཤེས་བྱེད་ཡིད་ཆེས་པ་མི་སྣང་ངོ༌། །སྤྱིར་མཚན་ཉིད་དེ་རྣམས་ཀྱིས་སྦྱོར་བ་མཚོན་པ་དང་ཁྱད་པར་ངོ་བོ་ཉིད་ཀྱི་བཅུ་དྲུག་གིས་མཁྱེན་གསུམ་གྱི་སྦྱོར་བ་མཚོན་པར་འཆད་པ་ནི་མདོ་དང་གཞུང་གི་དོན་ལས་གོལ་བ་ཡིན་ནོ། །དེས་ན་མཁྱེན་པ་གསུམ་ག་བསྒོམ་པའི་སྦྱོར་བ་དེ་ཉིད་མཁྱེན་པ་གསུམ་ག་སྒོམ་པའི་སྦྱོར་བ་ཡིན་པས་མཁྱེན་གསུམ་གྱི་སྦྱོར་བ་སོ་སོར་ངེས་པ་མེད་པའི་ཕྱིར་དེ་དག་གི་སྦྱོར་བ་སོ་སོར་མཚོན་པའི་མཚན་ཉིད་ནི་རྒྱལ་བ་དང༌། རྒྱལ་ཚབ་ལ་སོགས་པ་ཆོས་ཀྱི་བདག་པོ་རྣམས་ཀྱིས་མ་གསུངས་སོ། །འོ་ན་སྐབས་གསུམ་པ་དང༌། འདིར་བཤད་པའི་ཁྱད་པར་ཅི་ཞེ་ན།དེ་ནི་དགོས་པ་དང༌། གདུལ་བྱ་གཞན་དང་གཞན་ལ་བརྟེན་ནས་སྦྱོར་བའི་དོན་གཅིག་ཉིད་ཟློས་ནས་གསུངས་པ་ཡིན་ཏེ། དཔལ་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས། སླར་ཡང་དོན་གཞན་ལ་བརྟེན་ནས་དོན་དེ་ཉིད་ནི་ཟློས་པ་ཡིན། ཞེས་གསུངས་པའི་དོན་ཏོ། །དེ་བཞིན་དུ་སྦྱོར་ལམ་དང་མཐོང་སྒོམ་ལ་སོགས་པ་ཡང་ཡང་གསུངས་པ་རྣམས་ཀྱང་དགོས་པའི་དབང་གིས། སྒྲ་མ་ཟློས་ཀྱང༌། དོན་བཟློས་པ་ཡིན་པར་ཤེས་པར་བྱའོ། །ཟློས་པ་ལ་ཡང་སྒྲ་ཟློས་པ་དང༌། དོན་ཟློས་པ་དང༌། སྐྱོན་ཅན་དང་སྐྱོན་མེད་དེ་བཞི་ཡོད་པར་རྟོགས་པ་དགོས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །དེ་ལྟར་ཤེས་པ་ཞེ་བརྒྱད། ཁྱད་པར་བཅུ་དྲུགབྱེད་པ་དགུ ངོ་བོ་ཉིད་བཅུ་དྲུག་ཡོད་པ་དེ་ལྟར་ན་མཚན་ཉིད་ཐམས་ཅད་སྤྱིར་ཕྱོགས་གཅིག་ཏུ་བསྡོམས་ན་ནི་མཚན་ཉིད་བརྒྱད་ཅུ་རྩ་དགུའོ། །བྱེད་མཚན་བཅུ་གཅིག་ཡོད་པ་ལྟར་ན་དགུ་བཅུ་རྩ་གཅིག་ཏུ་འགྱུར་རོ། །བདག་གིས་དེ་ལྟར་བཤད་པ་ནི་མདོ་ལུགས་མ་དང་ཉ་ཊཱིཀ་གི་དགོངས་པ་རགས་བསྡུས་ཙམ་བཤད་ཁུལ་བྱས་པ་ཡིན་ལ། འོན་ཀྱང་སྐབས་འདིའི་ཤེས་མཚན་ཁྱད་མཚན་བྱེད་མཚན་ངོ་བོ་ཉིད་མཚན་རྣམས་སློབ་ལམ་ཁོ་ན་ལ་བཤད་ནས་ལམ་ཤེར་ཕྱིན་མཚོན་བྱེད་དུ་བཤད་པ་དང༌། ཤེས་མཚན་སངས་རྒྱས་ས་ཁོ་ན་ལ་བཤད་པ་དང༌། སློབ་མི་སློབ་གཉིས་ཀ་ལ་ཡོད་པ་དང་མཚོན་ཚུལ་སྣ་ཚོགས་བཤད་པས་མཁས་པ་རྣམས་ཀྱིས་མདོ་དང་བསྟན་བཅོས་ཀྱི་དགོངས་པ་མ་ནོར་བ་ཤེས་པར་བྱའོ། །འདིར་ཤེར་ཕྱིན་ནི་ཆོས་ཀྱི་དབྱིངས་ཡིན་ལ་དེ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བ་ལ་དེ་བཞིན་གཤེགས་པ་བསྐྱེད་ཅེས་པའི་ཐ་སྙད་མཛད་དོ། །དེས་ན་ཤེར་ཕྱིན་དང་ཆོས་ཀྱི་དབྱིངས་དང་དེ་བཞིན་གཤེགས་པ་གསུམ་གཅིག་གོ །མདོ་ལུགས་མའི་སྐབས་གཉིས་པ་ལས། ལམ་ཤེས་དེའི་རང་བཞིན་ནམ། ངོ་བོ་ནི་ཉོན་མོངས་རྟགས་དང་མཚན་མ་དང༌། །མི་མཐུན་ཕྱོགས་དང་གཉེན་པོ་དག །དབེན་དང་ཞེས་པ་ལ་སོགས་པའི་ངོ་བོ་ཉིད་དུ་བསྟན་པ་གང་ཡིན་ཏེ། སྐབས་འདི་ཉིད་དུ་ཡང་མོས་སྤྱོད་ཀྱི་ས་ནས་གཟུང་སྟེ་མཐོང་སྒོམ་གྱི་ལམ་རིམ་གྱིས་སྟོན་པར་འགྱུར་བ་དག་གོ །ལམ་ཤེས་དེའི་བྱེད་ལས་ནི་ཕན་དང་བདེ་དང་སྐྱོབ་པ་ལ་སོགས་པ་འཇིག་རྟེན་གྱི་དོན་བསྒྲུབ་པར་མཛད་པ་གང་ཡིན་པ་དེ་ཉིད་ཡིན་ནོ། །ཞེས་སོ། །

དྲུག་པ་ཚོགས་ལམ་ཀྱི་ངོ་བོ་ཐར་པ་ཆ་མཐུན་བཤད་པ།

དྲུག་པ་ཚོགས་ལམ་ཀྱི་ངོ་བོ་ཐར་པ་ཆ་མཐུན་བཤད་པ་ལ།

མདོ་ལས། མཚན་མ་དང་བྲལ་བར་སྦྱིན་སོགས་སྦྱོང་ཞིང་སྒོམ་པ་ནི་ཐབས་མཁས་པའོ། །ཞེས་སོགས་ཀྱི་དོན་དང༌། རྩ་བར། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །ཅེས་པའི་དོན་མདོ་ལུགས་མ་ལས། མཚ༷ན་མ་མེ༷ད་པའི་ར༷བ་ཏུ༷་སྦྱི༷ན་པ་དང༌། ཚུལ་ཁྲིམས་ལ༷་སོ༷གས་པ་ཡ༷ང་ད༷ག་པ་ཕྱིན་ཅི་མ་ལོག་པར་སྒྲུ༷བ་པའི་ཐབས་ལ༷་མཁ༷ས་པ༷་ཚོགས་ལམ་གྱི་ངོ་བོ་ནི༷།གཞི་ཤེར་ཕྱིན་ཆོས་ཀྱི་དབྱིངས་ཟབ་མོའི་རྣ༷མ་པ༷་བརྒྱ་དང་བདུན་ཅུ་རྩ་གསུམ་ཐ༷མས་ཅ༷ད་མངོན་སུམ་དུ་རྫོགས་པར་རྟོ༷གས་པའི་སྦྱོར་བ་སྟོན་པའི་སྐབས་འདི༷་ལ༷། ཐ༷ར་པ༷འི་ཆ༷་ད༷ང་མཐུ༷ན་པ༷ར་འདོ༷ད་ཅིང་བསྟན་ཏོ། །ཞེས་སོ། །དེའི་སྐབས་སུ་མདོའི་དངོས་བསྟན་གཙོ་བོའི་ཐར་ཆ་བཤད་པ་ཡིན་ལ། སྤྱིར་ཐར་བ་ཆ་མཐུན་བཤད་པ་ལ། སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ་རྟེན་དང་བརྟེན་པ་གཉིས། དང་པོ་ལ་ལུས་རྟེན་དང་སེམས་རྟེན་གཉིས། དང་པོ་ནི།ལས་ཉོན་རྣམ་སྨིན་གསུམ་གྱི་སྒྲིབ་པ་ཅན་མ་གཏོགས་པའི་གླིང་གསུམ་གྱི་མི་ཁོ་ན་ལ་དང་པོར་སྐྱེ་ཞིང༌། སྐྱེས་ཟིན་འདོད་ལྷ་ལའང་ཡོད་པར་བྱེ་བྲག་ཏུ་སྨྲ་བ་འདོད་དོ། །མི་ཡི་ནང་ནས་འཕེན་པར་བྱེད། །ཅེས་གསུངས་སོ། །ཐེག་ཆེན་ལྟར་ན། སེམས་བསྐྱེད་སྐྱེར་རུང་གི་ལྷ་མི་དང་དུད་འགྲོ་སོགས་ལའང་དང་པོ་སྐྱེ་བ་ཡོད་དོ། ། གཉིས་པ་སེམས་རྟེན་ནི། ཐོས་བསམ་གཙོ་ཆེ་བས་འདོད་སེམས་ལ་གཙོ་ཆེར་བརྟེན་ཅིང༌། བསམ་གཏན་ས་དྲུག་ལ་བརྟེན་པའང་ཡོད་པར་འདོད་དེ། དེར་ཆོས་རྒྱུན་ཏིང་ངེ་འཛིན་འཐོབ་པ་ཡོད་པའི་ཕྱིར་རོ། །ཞེས་ཉ་ཊཱིཀ་ལས་སོ། །

གཉིས་པ་བརྟེན་པ་ཐར་བ་ཆ་མཐུན།

གཉིས་པ་བརྟེན་པ་ཐར་བ་ཆ་མཐུན་ལ།

མཚན་ཉིད། སྒྲ་བཤད། དབྱེ་བ་བཤད་པ་དང་གསུམ་ལས། དང་པོ་ནི། སོ་སོའི་ངེས་འབྱེད་ཆ་མཐུན་མ་སྐྱེས་གོང་གི་མྱང་འདས་ཀྱི་རྒྱུར་གྱུར་པའི་ལམ་དེ། ཐར་བ་ཆ་མཐུན་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། ཐར་བའི་ཆ་དང་མཐུན་པའི་མཚན་ཉིད། སོ་སོའི་ངེས་འབྱེད་ཆ་མཐུན་མ་སྐྱེས་གོང་གི་མྱང་འདས་ཀྱི་རྒྱུར་གྱུར་པའི་དགེ་བ། ཐེག་ཆེན་གྱི་ནི་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་ཞེས་སྦྱར་རོ། །ཉན་རང་ལ་ཡང་ངོ༌། །ཞེས་གསུངས་པའི་ཕྱིར། ཐེག་པ་རང་རང་གི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དྲོད་མ་ཐོབ་ཀྱི་བར་གྱི་དགེ་བ་གང་ཞིག་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པའམ། ལས་དང་པོ་པ་རྣམས་ཀྱིས་ཐར་བའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྒྱུད་ཡོན་ཏན་གྱི་ཚོགས་ཀྱིས་འགེངས་ཤིང་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ། ཚོགས་ལམ་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། སོ་སོའི་ངེས་མཐུན་མ་སྐྱེས་གོང་གི་དགེ་ཚོགས་གང་ཞིག བྱང་ཆུབ་ཏུ་བགྲོད་པའི་གོ་སྐབས་ཕྱེ་ཤུལ་ལོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་སྒྲ་བཤད་ནི།

དགེ་བ་དུ་མ་ལྷན་གཅིག་པའམ་འདུས་པས་ཚོགས་བྱང་ཆུབ་ཏུ་ཕྱིན་པར་བྱེད་པས་ལམ་ཡིན་པས་ཚོགས་ལམ་མོ། །ཐར་ཆ་ནི། འཁོར་བ་ལས་ཐར་བ་མྱང་འདས་ཐོབ་པ་ལ་ཕན་པས་ཐར་བ་ཆ་མཐུན་ཏེ། ཐར་བ་བླ་ན་མེད་པ་ཡིན། ཞེས་པ་ལྟར་རོ། །ཞེས་ཉ་ཊཱིཀ་་ལས་གསུངས་ལ། རྒྱན་གྱི་ས་འགྲེལ་ལས། ངེས་ཚིག་ནི་རྒྱུད་ཡོན་ཏན་གྱི་ཚོགས་ཀྱིས་འགེངས་ཤིང་ཐར་པར་འགྲོ་བའི་གཞི་ཡིན་པས་ན་ཚོགས་ལམ་ཞེས་པའོ། །ཞེས་གསུངས་སོ། །

གསུམ་པ་དབྱེ་བ་ནི།

ཚོགས་ལམ་ཆུང་འབྲིང་ཆེ་གསུམ་མོ། །ཡང་ན་རང་ཡིན་གྱི་ཐོས་བསམ་སྒོམ་གསུམ་ཡོད་དོ། །ངོ་བོ་ནི། ཀུན་བཏུས་སུ། ཚོགས་ཀྱི་ལམ་གང་ཞེ་ན།སོ་སོ་སྐྱེ་བོའི་ཚུལ་ཁྲིམས་དང༌། དབང་བོའི་སྒོ་བསྡམས་པ་དང༌། ཟས་ཀྱི་ཚོད་ཤེས་པ་དང༌།ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང༌། དྲན་ཤེས་བཞིན་དུ་གནས་པར་མངོན་པར་དགའ་བའོ། །ཡང་རྒྱུར་གྱུར་པའི་དགེ་བ་གཞན་དང༌། ཐོས་པ་ལས་བྱུང་བ་དང༌། བསམ་པ་ལས་བྱུང་བ་དང༌། སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱང་རུང་སྟེ། ཞེས་སོ། །སྐབས་འདིར་རྩ་བར་དད་སོགས་ཆོས་ལྔ་བཤད་པ་ནི། རྩ་བར། སངས་རྒྱས་སོགས་དམིགས་དད་པ་དང༌། ། སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང༌། །བསམ་པ་ཕུན་ཚོགས་དྲན་པ་དང༌། །རྣམ་པར་མི་རྟོག་ཏིང་འཛིན་དང༌། །ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ་དང་རྣམ་ལྔ། །རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་དང༌། མདོ་ལུགས་མ་ལས། ས༷ངས་རྒྱ༷ས་ལ་སོ༷གས་པ་དཀོན་མཆོག་གསུམ་དང་ཐེག་ཆེན་གྱི་ཆོས་ལ་དམི༷གས་པའི་ད༷ད་པ་ཕུན་སུམ་ཚོགས་པ༷་ད༷ང༌། སྦྱི༷ན་པ་དང་ཚུལ་ཁྲིམས་ལ་སོ༷གས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོ༷ད་པའི་ཡུ༷ལ་ཅན་གྱི་བརྩོ༷ན་འགྲུ༷ས་ཕུན་སུམ་ཚོགས་པ་ད༷ང༌། ཐོས་པའི་ཆོས་ཀྱི་ཚིག་དོན་མི་བརྗེད་པར་འཛིན་པའི་བས༷མ་པ༷འི་ཤེས་རབ་ཕུན་སུ༷མ་ཚོ༷གས་པའི་དྲ༷ན་པ༷་ད༷ང༌། སྒོམ་པའི་ཤེས་རབ་ཆོས་ཐམས་ཅད་ལ་རྣ༷མ་པ༷ར་མི༷་རྟོ༷ག་པའི་ཏི༷ང་ངེ་འཛི༷ན་ད༷ང༌། བདེན་གཉིས་ཀྱིས་བསྡུས་པའི་ཆོ༷ས་རྣ༷མས་ཀྱི་ཡིན་ལུགས་ཀྱི་རྣ༷མ་པ༷་ཐ༷མས་ཅ༷ད་ཕྱིན་ཅི་མ་ལོག་པ་ཉིད་དུ༷་ཤེ༷ས་པ༷འི་ཤེ༷ས་ར༷བ་ད༷ང་རྣ༷མ་པ་ལྔ༷་ཡིན་ནོ། །གང་གི་ཕྱིར་མཚན་འཛིན་དང་བཅས་པས་དད་སོགས་དེ་དག་དབང་པོ་རྟུལ་པོའི་ལམ་དང་མཚན་འཛིན་དང་བྲལ་བས་དད་སོགས་དེ་དག་དབང་པོ་རྣོན་པོའི་ལམ་དུ་འགྱུར་བ་དེའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོ༷གས་པ༷འི་བྱ༷ང་ཆུ༷བ་ནི་མཚན་མ་དང་དམིགས་པ་མེད་པར་སྦྱོར་པའི་དབང་པོ་རྣོ༷ན་པོ༷་ཐབས་ལ་མཁས་པ་ཡི༷ས་རྟོ༷གས་པར་སླ༷་བ་དང་དམིགས་པ་དང་མཚན་མ་ལ་སྤྱོད་པའི་དབང་པོ་རྟུ༷ལ་པོ༷་ཐབས་ལ་མཁས་པ་དང་བྲལ་བས་རྟོ༷གས་པར་དཀ༷འ་བར་བཞེ༷ད་དོ། །བླ་མེད་བྱང་ཆུབ་ཀྱི་ངོ་བོར་གྱུར་པའི་གཟུགས་སོགས་ཆོས་ཐམས་ཅད་དམིགས་པ་དང་མཚན་མའི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ཡིན་ནོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཉ་ཊཱིཀ་གི་ས་བཅད་ཀྱི་སྐབས་སུ་ཟག་བཅས་ཐར་ཆ་ཞེས་དང༌། ཉ་ཊཱིཀ་སྐབས་དང་པོར་སྤྱིར་ཟག་བཅས་སྦྱོར་ལམ་ཙམ་ལ་དགོངས། ཞེས་གསུངས་པའི་ཟག་བཅས་དེ་དངོས་བཏགས་གང་ལ་བྱེད་དཔྱད། ཡང་ཉ་ཊཱིཀ་ལས། སོ་སོའི་ངེས་མཐུན་མ་སྐྱེས་གོང་གི་དགེ་ཚོགས་གང་ཞིག བྱང་ཆུབ་ཏུ་བགྲོད་པའི་གོ་སྐབས་ཕྱེ་ཤུལ་ལོ། །ཞེས་དང༌། ཐར་བའི་ཆ་དང་མཐུན་པའི་མཚན་ཉིད། སོ་སོའི་ངེས་འབྱེད་ཆ་མཐུན་མ་སྐྱེས་གོང་གི་མྱང་འདས་ཀྱི་རྒྱུར་གྱུར་པའི་དགེ་བ། ཐེག་ཆེན་གྱི་ནི་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་ཞེས་སྦྱར་རོ། །ཞེས་དང༌། ངེས་འབྱེད་ཆ་མཐུན་གྱི་མཚན་ཉིད་ཉ་ཊཱིཀ་ལས། དེའི་མཚན་ཉིད་ནི། ཚོགས་ལམ་གྱི་རྗེས་ཀྱི་སོ་སྐྱེའི་སྒོམ་བྱུང་གི་ཡེ་ཤེས་གང་ཞིག བདེན་པ་མངོན་སུམ་དུ་རྟོགས་པ་དང་རྗེས་སུ་མཐུན་པ། ཞེས་དང༌། ཐར་ཆའི་རྗེས་ཀྱི་ཐར་ལམ་གང་ཞིག བདེན་པ་མངོན་རྟོགས་ལ་སྦྱོར་བའི་སོ་སྐྱེའི་ལམ། ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། ཚོགས་ལམ་གྱི་མཚན་ཉིད་ནི། རང་རང་གི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དྲོད་མ་ཐོབ་ཀྱི་བར་གྱི་དགེ་བ་གང་ཞིག་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པའོ། །ཞེས་དང༌། མཚན་ཉིད་ནི། ཚོགས་ལམ་རྫོགས་ནས་མཐོང་ལམ་མ་ཐོབ་བར་གྱི་དགེ་བ་གང་ཞིག་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པའོ། །ཞེས་སོགས་ཀྱིས་ཚོགས་ལམ་རྟོགས་ན་ངེས་འབྱེད་ཆ་མཐུན་དང་སྦྱོར་ལམ་རྟོགས་དགོས་པ་ཡིན་ནམ་ཅི། སྦྱོར་ལམ་རྟོགས་ན་ཚོགས་ལམ་དང་ཐར་བ་ཆ་མཐུན་རྟོགས་དགོས་པ་ཡིན་ནམ་ཅི། དགོས་ན་རྟོག་པ་ཕན་ཚུན་རྟེན་པར་ཐལ་བ་ཡོད་མེད་དཔྱད། གོ་སྒྲུབ་དེ་ཚོགས་ལམ་གྱི་རྣམ་དབྱེ་ཡིན་པར་ཐལ། རྒྱན་གྱི་ས་འགྲེལ་ལས། རྣམ་དབྱེ་ནི་ལས་དང་པོ་པའི་ས་དང་དད་པའི་ས་དང་ཐར་པ་ཆ་མཐུན་དང་གོ་ཆའི་སྒྲུབ་པ་ལ་སོགས་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་ཉ་ཊཱིཀ་ལས། ཚོགས་ལམ་ཆུང་འབྲིང་ཆེ་གསུམ་སྟེ་དེར་དྲན་པ་ཉེར་བཞག ཡང་དག་སྤོང་བཞི་རྫུ་འཕྲུལ་རྐང་བཞི་རིམ་བཞིན་བསྒོམ་མོ། །ཞེས་གསུངས་པ་ལྟར་ན་ཚོགས་ཆུང་འབྲིང་ཆེ་གསུམ་དང་པོར་སྐྱེས་པ་བར་དུ་སྐྱེས་པ་ཐ་མར་སྐྱེས་པ་ལ་བཞག་དགོས་ལ། དེ་ལྟར་ན་ཉ་ཊཱིཀ་ལས། འདིར་ཐར་ཆ་ཆུང་འབྲིང་ཆེ་གསུམ་ནི། ཐེག་པ་གསུམ་གྱི་ལ་འགྲེལ་ཆེན་དང་འདིར་བཤད་ལ། མདོར། བྱང་སེ་ཐེག་པ་གསུམ་གྱི་རིགས་ཅན་ལ་བཤད་སྣང་ངོ༌། །ཞེས་པའི་ཆུང་འབྲིང་ཆེ་གསུམ་སྐབས་འདིར་བསྟན་ལས་སྤྱིར་སྦྱར་དུ་ཡོད་མེད་དཔྱད། ཡང་ཉ་ཊཱིཀ་ལས། འདི་ཕྱིར་མི་ལྡོག་ཡིན་ནམ་མིན་ཞེ་ན། ཕྱིར་མི་ལྡོག་ནི་བཞི་སྟེ། བྱང་ཆུབ་ལས། ཉན་ཐོས་དང་ཐུན་མོང་དུ་ཐར་ལམ་ནས་བཟོད་པའི་བར་རོ། །བྱང་ཆུབ་ཁྱད་པར་ཅན་ལས་ཐེག་ཆེན་དྲོད་ནས་འཇིག་རྟེན་ལས་འདས་པའི་ས་ལས་ས་དང་པོ་ནས་སོ། །རྩོལ་བ་མེད་པ་ལས་ཕྱིར་མི་ལྡོག་པའོ། །མི་གཡོ་བ་ལའོ་ཞེས་ཆོས་བཤེས། དེ་ལྟར་སྤྱིར་ཐར་ཆ་ཙམ་ཐེག་པ་ཁྱད་པར་ཅན་གྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་མ་ངེས་པས་ཕྱིར་མི་ལྡོག་ཏུ་མ་བརྗོད་དོ། །ཞེས་ཕྱིར་མི་ལྡོག་བཞི་པོ་གང་རུང་ཡིན་ན་ཕྱིར་མི་ལྡོག་ཡིན་དགོས་པ་ཡིན་མིན་དང་ཕྱིར་མི་ལྡོག་ཡིན་ན་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་དགོས་པ་ཡིན་མིན་དཔྱད། ཡང་ཉ་ཊཱིཀ་ལས། ཐར་ཆ་འདིའི་རྟགས་ནི། ཨཱ༵རྱ། ཆོས་ཀུན་བདེན་མེད་ལ་སེམས་མི་ཞུམ་མམ་མི་དངང༌། མི་འགོང་ངམ་མི་སྐྲག ཡིད་ལ་འགྱོད་པ་མེད་པའམ་སྐྲག་པར་མི་འགྱུར་བ་གསུམ་བཤད་དེ་མདོ་དོན་དབྱིག་གཉེན། སྲིད་མདོ་གཞན་གྱི་དོན། ཞིའི་སྐྱོན་ཡོན་ཐོས་ན་བ་སྤུ་ལྡང་བ་དང་མཆི་མ་འཁྲུག་པ་སོགས་བཤད་དོ། །ཞེས་པའི་རྟགས་དེ་དག་ལྡན་ན་ཐར་བ་ཆ་མཐུན་ཐོབ་པའི་ཁྱབ་པ་ཡོད་མེད་དཔྱད། ཡང་རྩ་བར། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་པའི་དབང་པོ་རྣོ་རྟུལ་ནི། གོ་རིམ་བཞིན་ཐེག་ཆེན་གྱི་དབང་པོ་དང་ཐེག་དམན་གྱི་དབང་པོ་གཉིས་ལ་བཤད་དགོས་པར་ཐལ། ཉ་ཊཱིཀ་ལས། ཐེག་ཆེན་གྱི་དད་སོགས་ཀྱིས་རྫོགས་བྱང་ཐོབ་སླ་ལ་ཐེག་དམན་གྱི་ཐར་ཆས་དེ་ཐོབ་པར་མི་ནུས་པ་ནི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས་དགག་པར་མི་ནུས་སོ། །དེ་དངོས་སུ་བསྟན་པས་ཤུགས་ཀྱིས་ན་དད་སོགས་རང་བཞིན་གྱིས་འབྲིང་བོ་རྣམས་ཀྱིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་རྟོགས་པའམ་ཐོབ་པར་བྱེད་ལ་རང་བཞིན་གྱིས་ཆུང་ངུ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་བྱང་ཆུབ་རྟོགས་སོ་ཞེས་བྱ་བ་འདི་འཕངས་པ་ཡིན་ནོ། ། འདིར་ཐར་ཆ་ཆུང་འབྲིང་ཆེ་གསུམ་ནི། ཐེག་པ་གསུམ་གྱི་ལ་འགྲེལ་ཆེན་དང་འདིར་བཤད་ལ། མདོར། བྱང་སེ་ཐེག་པ་གསུམ་གྱི་རིགས་ཅན་ལ་བཤད་སྣང་ངོ༌། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་མི་འཐད་པར་ཐལ། སྐབས་འདིའི་དབང་པོ་རྣོ་རྟུལ་མཚན་འཛིན་མེད་པ་དང་ཡོད་པའི་དབང་པོ་ལ་བྱེད་དགོས་པའི་ཕྱིར་ཏེ། མདོ་ལུགས་མ་ལས། བླ་ན་མེད་པ་ཡང་དག་པར་རྫོ༷གས་པ༷འི་བྱ༷ང་ཆུ༷བ་ནི་མཚན་མ་དང་དམིགས་པ་མེད་པར་སྦྱོར་པའི་དབང་པོ་རྣོ༷ན་པོ༷་ཐབས་ལ་མཁས་པ་ཡི༷ས་རྟོ༷གས་པར་སླ༷་བ་དང་དམིགས་པ་དང་མཚན་མ་ལ་སྤྱོད་པའི་དབང་པོ་རྟུ༷ལ་པོ༷་ཐབས་ལ་མཁས་པ་དང་བྲལ་བས་རྟོ༷གས་པར་དཀ༷འ་བར་བཞེ༷ད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན། ཉ་ཊཱིཀ་ལས་མཚན་གཞི་དང་འབྲེལ་ནས་བཤད་པས་དགོངས་པ་གཅིག་ཏུ་འགྲོ་ཚུལ་ཡོད་དམ་དཔྱད་པར་བྱའོ། །དབང་པོ་རྣོ་རྟུལ་གཉིས་ཀྱི་ཚད་དང་དེ་གཉིས་འགལ་བ་ཡིན་མིན་དཔྱད་པར་བྱའོ། །

བདུན་པ་སྦྱོར་ལམ་གྱི་ངོ་བོར་ངེས་འབྱེད་ཆ་མཐུན་བཤད་པ།

བདུན་པ་སྦྱོར་ལམ་གྱི་ངོ་བོར་ངེས་འབྱེད་ཆ་མཐུན་བཤད་པར་བྱ་སྟེ།

དེ་ཡང་སྔར་སྐབས་དང་པོར་སྤྱི་དོན་བཤད་ཟིན་ལ། འདིར་ཚིག་དོན་ཙམ་བཤད་ན། དེ་ལ་དྲོད་དང༌། རྩེ་མོ་དང༌། བཟོད་པ་དང༌། ཆོས་མཆོག་དེ་བཞི་རིམ་པ་ལྟར་འབྱུང་བ་ནི་མདོ་ལས། སེམས་ཅན་ཐམས་ཅད་ལ་མཉམ་པ་དང༌། བྱམས་པ་དང༌། སྙིང་རྗེའི་སེམས་ཀྱིས་དམིགས་པར་བྱའོ། །ཞེས་སོགས་ཀྱི་དོན། རྩ་བར། དྲོ་བ་རྣམས་ཀྱིས་དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །དེ་དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དག་ནི་བཅུར་བཤད་དོ། །བདག་ཉིད་སྡིག་པ་ལས་ལྡོག་ཅིང༌། །སྦྱིན་ལ་སོགས་ལ་གནས་པས་གཞན། །དེ་དག་ལ་ནི་འགོད་པ་དང༌། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །རྩེ་གྱུར་དེ་བཞིན་བཟོད་པ་ནི། །རང་གཞན་རྟེན་ཅན་བདེན་ཤེས་པ། ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། །ཞེས་པ་ལ་སྦྱོར་ལམ་དྲོ༷་བ༷་ཆུང་ངུ་འབྲིང་ཆེན་པོ་རྣ༷མས་ཀྱི༷་དམི༷གས་པ༷་ནི་སྐབས་འདི༷ར་སེ༷མས་ཅ༷ན་ཐ༷མས་ཅ༷ད་ཡི༷ན་པ༷ར་བསྔ༷གས་པ་སྟེ་བསྟན་པའི་ཕྱིར། སྐབས་དང་པོར་བསྟན་པ་དང་མི་གཅིག་གོ །སེམས་ཅན་དེ༷་ད༷ག་ཉི༷ད་ལ༷་ཚུལ་ཇི་ལྟར་དམིགས་ནས། བྱང་ཆུབ་ཀྱི་སེ༷མས་རང་གཞན་མཉ༷མ་པ་ཉིད་དམིགས་པ་དང༌། བྱམས་སྙིང་རྗེའི་སེམས་དང༌། ང་རྒྱལ་དང་གཡོ་བ་མེད་པའི་སེམས་དང༌། ཕན་པའི་སེམས་དང༌། ཁོང་ཁྲོ་མེད་ཅིང་མི་འཚེ་བའི་སེམས་དང༌། ཕ་མའི་སེམས་དང༌། ཕུ་ནུའི་སེམས་དང༌། གྲོགས་པོའི་སེམས་དང༌། གཉེན་གྱི་སེམས་དང༌། རུས་གཅིག་པའི་སེམས་ཀྱིས་དམིགས་པ་ལ་སོ༷གས་པ་དམིགས་ཚུལ་གྱི་རྣ༷མ་པ༷ར་དག་ནི་བཅུ༷ར་བཤ༷ད་དོ༷། །སྦྱོར་ལམ་རྩེ་མོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། བད༷ག་ཉི༷ད་མི་དགེ་བ་བཅུའི་སྡི༷ག་པ༷་ལ༷ས་ལྡོ༷ག་ཅི༷ང་སྦྱི༷ན་པ་ལ༷་སོགས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ༷་གན༷ས་པས། སེམས་ཅན་གཞ༷ན་སྡིག་པ་སྤོང་བ་དང༌། སྦྱིན་སོགས་སྤྱོད་པ་དེ༷་ད༷ག་ལ༷་ནི༷་འགོ༷ད་པ༷་ད༷ང༌། སྡིག་པ་སྤོང་བ་དང་སྦྱིན་སོགས་དེ་དག་གི་བསྔ༷གས་པ༷་བརྗོ༷ད་པ༷་དང༌། སྡིག་པ་སྤངས་པ་དང་སྦྱིན་སོགས་ལ་སྤྱོད་པར་བྱེད་བཞིན་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུ༷ན་པས་དགའ་བར་བྱེད་པ༷་ཉི༷ད་རྩེ༷་མོར་གྱུ༷ར་པ་ཡིན་ནོ། །རྩེ་མོར་རང་གཞན་གཉི་གའི་དོན་ལ་བརྩོན་པ་དེ༷་བཞི༷ན་དུ་སྦྱོར་ལམ་བཟོ༷ད་པ༷་ནི༷་རང་ཉིད་སྡུག་བསྔལ་ཤེས་པར་བྱེད། ཀུན་འབྱུང་སྤོང་བར་བྱེད།འགོག་པ་མངོན་སུམ་དུ་བྱེད། ལམ་བསྒོམ་པར་བྱེད་པ་དང༌། སེམས་ཅན་གཞན་ཡང་དེ་དག་ལ་བསྐུལ་ཞིང་འགོད་པ་དང༌། དེ་དག་གི་ལེགས་པ་བརྗོད་པ་དང༌། གཞན་དང་དེ་དག་ལ་ཞུགས་པ་དེ་དག་གི་ལེགས་པར་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པའི་ཕྱིར།ར༷ང་གཞ༷ན་གཉིས་ཀ་ལ་བརྟེ༷ན་པ་ཅ༷ན་གྱི་བདེ༷ན་པ་བཞིའི་ཡུལ་ཅན་གྱི་ཤེ༷ས་པ༷་ཡིན་ནོ། །སྦྱོར་ལམ་ཆོ༷ས་མཆོ༷ག་ཀྱང༌། རྩེ་མོ་དང་བཟོད་པ་དེ༷་བཞི༷ན་དུ་རང་ཉིད་སེ༷མས་ཅ༷ན་རྣ༷མས་སྨི༷ན་པར་བྱེ༷ད་སོ༷གས་པས་བསྡུས་པ་སངས་རྒྱས་ཀྱི་ཞིང་དག་པར་བྱེད། མངོན་ཤེས་དང༌།རྣམ་མཁྱེན་གྱི་ཡེ་ཤེས་བསྐྱེད་པར་བྱེད། ཆོས་ཕུན་སུམ་ཚོགས་པ་དམ་པའི་ཆོས་གནས་པ་འཛིན་པར་བྱེད། གཞན་ཡང་དེ་དག་ལ། བསྐུལ་ཞིང་འགོད་པ་དང༌། དེ་དག་གི་ལེགས་པ་བརྗོད་པ་དང༌། གཞན་གང་དེ་དག་ལ་ཞུགས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཞེས་བྱ་བ་རྣམས་ཀྱི༷ས་ཤེ༷ས་པ༷ར་བྱ༷འོ། །སྐབས་འདིའི་གཙོ་བོའི་སྦྱོར་ལམ་ནི་ཕལ་ཆེར་བསམ་སྦྱོར་གཉིས་ལས་བསམ་པའི་ཆ་ནས་བསྟན་པ་དང་མཉམ་རྗེས་གཉིས་ལས་རྗེས་ཐོབ་ལ་བཤད་དགོས་ཏེ། ཉ་ཊཱིཀ་ལས། བསམ་པ་ཕུན་ཚོགས་ཅན་ངེས་འབྱེད་ཆ་མཐུན། ཞེས་དང༌། ཐེག་ཆེན་གྱི་རྗེས་ཐོབ་ཡིན་པའི་ངེས་འབྱེད་ཆ་མཐུན་གྱི་མཚན་ཉིད། དམིགས་ཡུལ་སེམས་ཅན་ཀུན་ལ་དམིགས་ནས་རྣམ་པ་དེ་དག་ལ་སེམས་མཉམ་པ་ལ་སོགས་པ་གང་རུང་ཅན་གྱི་སྦྱོར་ལམ་རྗེས་ཐོབ། དབྱེ་ན་བཅུ་གཉིས་སོ། །ཞེས་དང༌། དེ་ལྟར་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྗེས་ཐོབ་དམིགས་རྣམ་གྱི་སྒོ་ནས་བཤད་པ་ཡིན། ཞེས་གསུངས་པའི་ཕྱིར་རོ། །མདོ་ལུགས་མ་ལས་དྲོད་ཆུང་འབྲིང་ཆེ་གསུམ་གྱི་དམིགས་རྣམ་སོ་སོར་མ་ཕྱེ་ལ་ཉ་ཊཱིཀ་ལས་ཆུང་འབྲིང་ཆེ་གསུམ་ལ་སོ་སོར་སྦྱར་ནས་བཤད་དོ། །སྐབས་འདིར་ཉ་ཊཱིཀ་ལས། རྩོད་པ་ནི། མངོན་པར་རྟོགས་པ་དྲུག་ཏུ་རེ་རེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་མཐོང་སྒོམ་ཅིའི་ཕྱིར་བཤད་ཅེ་ན། ཞེས་འགྲེལ་ཆེན་ཏེ་ལན་འདི་ཇི་བཞིན་ནོ། ། ལན་ལ། སྐབས་དང་པོ་གསུམ་གྱི་ལམ་གསུམ་མཚན་ཉིད་པ་ཡིན་ཏེ། ཞེས་པ་ནས། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་སྦྱོར་བ་དང་པོ་གསུམ་གྱི་སྐབས་ལ་སྟེ་སྐབས་སུ་ནི། སྦྱོར་མཐོང་གི་མིང་ཅན་གྱི་དག་སའི་མངོན་རྟོགས་ལ་ངེས་པར་འབྱེད་པའི་ཆ་དང༌། སོགས་པ་མཐོང་ལམ་གྱི་ཐ་སྙད་དང༌། སྒོམ་ལམ་ཡང་ས་དགུ་ནང་ཚན་དུ་ཡོད་པའི་སྒོམ་ལམ་གྱི་ཐ་སྙད་དུ་བཏགས་པ་ཙམ་སྟེ་མདོར་ན་བཏགས་པ་བ་ཉིད་དུ་གསུངས་པ་ཡིན་པར་ཤེས་པར་བྱའོ། །གང་ལ་བཏགས་ཞེ་ན། སྤངས་རྟོགས་གང་དག་གི་ཡོན་ཏན་རྣམ་པ་ཐམས་ཅད་དུ་ཁྱད་པར་དུ་འཕགས་པའི་ཁྱད་པར་གྱི་ལམ་གྱིས་བསྡུས་པའི་ཟག་པ་མེད་པའི་ཡེ་ཤེས་ཆུང་ངུ་བརྒྱད་པའི་ཆུང་ངུ་སོགས་གསུམ་ལ་རྣམ་ཀུན་གྱི་སྦྱོར་མཐོང་སྒོམ་གསུམ། འབྲིང་དགུ་བའི་གསུམ་ལ་རྩེ་མོའི་སྦྱོར་མཐོང་སྒོམ་གསུམ། ཆེན་པོ་བཅུ་བའི་གསུམ་ལ་མཐར་སྦྱོར་གྱི་སྦྱོར་མཐོང་སྒོམ་པའི་མིང་གིས་བཏགས་སོ། །ཞེས་པ་འགྲེལ་ཆེན་དང་འདིའི་དགོངས་པའོ། །ཞེས་རྩོད་ལན་སློབ་དཔོན་སེང་བཟང་གི་ལུགས་སམ་འགྲེལ་ཆེན་དང་འགྲེལ་ཆུང་དོན་གསལ་གྱི་དགོངས་པ་ཡིན་པར་བཤད་དོ། །དེ་རང་ལུགས་ལ་མི་འཐད་པ་ནི། ཉ་ཊཱིཀ་ལས། འོན་ཀྱང་དེ་དག་ཨ་བྷ་ཡས་བཀག་ཅིང་རྗེ་བཙུན་དང་ཨཱརྱ་སོགས་ཀྱི་དགོངས་པ་མིན་ལ། རང་གི་ཁས་བླངས་སྔ་ཕྱི་འགལ་བ་སོགས་སྐྱོན་དུ་མ་དང་བཅས་ཏེ། ཞེས་གསུངས་པའི་ཕྱིར། དེས་ན་རང་ལུགས་སྐབས་དང་པོ་དྲུག་ཏུ་སྦྱོར་མཐོང་སྒོམ་གསུམ་ལན་དྲུག་ཏུ་གསུངས་ཀྱང་བརྗོད་ཚུལ་དང་དགོས་པ་མི་འདྲ་བས་བཟློས་པའི་སྐྱོན་མེད་ཅེས་བཤད་དགོས་པར་སྣང་ངོ༌། །

བརྒྱད་པ་སློབ་པ་ཕྱིར་མི་ལྡོག་གི་མཚན་ཉིད་བཤད་པ།

བརྒྱད་པ་སློབ་པ་ཕྱིར་མི་ལྡོག་གི་མཚན་ཉིད་བཤད་པ་ལ།

སྤྱིར་བསྡུས་ཏེ་བསྟན་པ་དང༌། སོ་སོར་ཕྱེ་སྟེ་བཤད་པ་གཉིས་ལས། དང་པོ་ནི། མདོ་ལས། ཉི་ཁྲིའི་ལེའུ་སོ་དགུ་པར། དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ཞུགས་ནས་དོན་དང་ལྡན་པར་སྨྲ་ཞིང༌། ལེགས་བཤད་ཚོལ་བའི་རྣམ་པ་དང་ཚུལ་དང་མཚན་མ་དེ་དག་ལྡན་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རིག་པར་བྱའོ། །ཞེས་པའི་དོན། རྩ་བར། ངེས་འབྱེད་ཡན་ལག་ནས་བཟུངས་ཏེ། མཐོང་དང་གོམས་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་སོ། །དེའི་དོན་མདོ་ལུགས་མ་ལས། ངེ༷ས་པར་འབྱེ༷ད་པའི་ཡ༷ན་ལ༷ག་སྦྱོར་ལམ་ན༷ས་ཐོག་མ་བཟུ༷ངས་ཏེ༷། མཐོ༷ང་བའི་ལམ་ད༷ང༌། སྒོ༷མ་པ་གོམས་པ་བྱེད་པ༷འི་ལ༷མ་ད༷ག་ལ༷་འཆད་འགྱུར་གྱི་རྟགས་འདི་དག་དང་ལྡན་པའི་བྱ༷ང་ཆུ༷བ་སེ༷མས་དཔ༷འ་ག༷ང་ད༷ག་གན༷ས་པ་དེ༷་དག་ནི་སྐབས་འདི༷ར་ཐེག་ཆེན་ལ་སློབ་པའི་ཕྱི༷ར་མི༷་ལྡོ༷ག་པ༷འི་ཚོ༷གས་དགེ་འདུན་དཀོན་མཆོག་ཡིན་ནོ། །ཞེས་གསུངས་སོ། ། དེ་དག་གི་དོན་འཆད་པ་ལ། སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ལ་མཚན་ཉིད། དབྱེ་བ། ས་མཚམས་དང་གསུམ། ད་ཕྱིན་ཆད་ཐེག་དམན་དུ་མི་ལྟུང་བར་ངེས་པའི་ཐེག་ཆེན་པ་དེ། རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད། ད་ཕྱིན་ཆད་ཐེག་དམན་དུ་མི་ལྟུང་བར་ངེས་པའི་བྱང་སེམས་དེ། སློབ་པ་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད། ད་ཕྱིན་ཆད་ཐེག་དམན་དུ་མི་ལྟུང་བར་ངེས་པའི་སྐབས་འདིའི་རྟགས་ཐོབ་པའི་བྱང་སེམས་དེ། འདིར་དངོས་བསྟན་གྱི་སློབ་པ་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། སློབ་པ་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་ཚོགས་ཏེ་དགེ་འདུན་གྱི་མཚན་ཉིད། ད་ཕྱིན་ཆད་ཐེག་དམན་དུ་མི་ལྟུང་ངེས་པའི་རྟགས་ཐོབ་བའི་བྱང་སེམས་ཏེ་སྦྱོར་མཐོང་སྒོམ་གསུམ་པ་གསུམ་མོ། །ཞེས་གསུངས་པའི་ཕྱིར།དང་པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་པའི་བྱང་སེམས་ཚོགས་ལམ་པ་དེ་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ཅིང་སྐབས་འདིར་བསྟན་གྱི་ཕྱིར་མི་ལྡོག་པའི་རྟགས་མ་ཐོབ་པ་ཡིན་ཏེ། ཚིག་གསལ་ལས། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་འདི་ཡང་ཕྱིར་མི་ལྡོག་པ་བརྗོད་མོད་ཀྱང་རང་གི་རྟོགས་པ་དང་མཚམས་པར་གཞན་ཡིད་ཆེས་པར་བྱེད་པའི་ཡོན་ཏན་རྣམས་འདི་ལ་མེད་པས་ན་དེའི་ཕྱིར་དང་རང་ལ་དངོས་པོ་ངེས་ཀྱང་ངེས་པར་བྱེད་པའི་རྟགས་བཟུང་སླ་བ་ཡང་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཕྱིར་མི་ལྡོག་པའི་དགེ་འདུན་གྱི་གོ་དོན་ནི། མཐར་ཐུག་བླ་མེད་བྱང་ཆུབ་ཏུ་ངེས་པ་ཙམ་མ་ཡིན་པར་རྫོགས་བྱང་ཐོབ་བྱེད་ལས་ལམ་གཞན་གྱི་བར་མ་ཆད་པར་རྫོགས་བྱང་དུ་ངེས་པའི་དགེ་འདུན་དེ་ཡིན་ལ། དེ་སྒྲུབ་པར་བྱེད་པའི་རྟགས་ཕྱིར་མི་ལྡོག་པའི་རྟགས་ཞེས་བྱ་སྟེ། ཉ་ཊཱིཀ་ལས། ཡང་འདིར་མཐར་ཐུག་ཕྱིར་མི་ལྡོག་ཏུ་བསྒྲུབ་པ་ཙམ་མིན་གྱི་བར་མ་ཆད་པར་ལམ་དམན་པར་མི་འཇུག་པར་རྫོགས་བྱང་དུ་འགྲོ་བར་དཔོག་པའོ། །ཞེས་གསུངས་པའི་ཕྱིར་རོ། །ཐེག་ཆེན་རིགས་ངེས་དབང་པོ་རྣོ་རྟུལ་ཐམས་ཅད་ཐེག་ཆེན་ཚོགས་ལམ་མ་ཟད་ཐེག་ཆེན་ལམ་མ་ཞུགས་ནས་ཀྱང་རྫོགས་བྱང་ལས་ལྡོག་ནས་ཐེག་དམན་དུ་ཞུགས་པ་མི་སྲིད་ལ། གང་ཟག་གི་ཁྱད་པར་འགའ་ཞིག་རིགས་མ་ངེས་པ་ཡིན་ཀྱང་ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་ཐོབ་པས་ཐེག་ཆེན་ལས་ཉམས་པ་མི་སྲིད་པས་དེ་འདྲ་དག་ཚོགས་ལམ་ནས་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ཀྱང༌། གཞན་དག་གིས་ཕྱིར་མི་ལྡོག་པ་ཡིན་པར་དཔོགས་ནུས་པའི་ལུས་ངག་ཡིད་གསུམ་གྱི་རྟགས་ཁྱད་པར་ཅན་འདྲེན་ནུས་པའི་ཐབས་ཤེས་བརྟན་པོ་ཆེས་ཁྱད་པར་བ་མ་ཐོབ་པས་སྐབས་འདིར་དངོས་བསྟན་གྱི་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་དགེ་འདུན་དུ་མི་འཇོག་པར་འདྲའོ། ། དེས་ན་སེམས་བསྐྱེད་ཀྱི་སྔོན་ནས་སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་ཆེ་བ་དང༌། ཐེག་ཆེན་གྱི་ལམ་རྒྱ་ཆེ་བ་བསྐྱེད་པའི་བཟོད་པའི་བཟོད་པ་རྒྱ་ཆེ་བ་དང༌། ཐེག་ཆེན་གྱི་ལམ་རྒྱ་ཆེན་པོ་ལ་མོས་པ་དང༌། སྦྱིན་སོགས་དགེ་བ་རྒྱ་ཆེ་བ་དང་ལྡན་པ་རྣམས་ཡོད་ཀྱང་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་མི་འཇོག་སྟེ། དེས་ཐེག་ཆེན་གྱི་རིགས་སད་པར་དཔོགས་ཀྱི་རྫོགས་བྱང་ལས་མི་ལྡོག་པའི་དགེ་འདུན་མི་དཔོགས་པའི་ཕྱིར། སྟོང་ཉིད་ཀྱི་གཏམ་ཐོས་པས་མིག་ནས་མཆི་མ་འཁྲུགས་པ་དང་ལུས་ཀྱི་བ་སྤུ་གཡོ་བ་སོགས་ཀྱིས་སྟོང་ཉིད་རྟོགས་པའི་བག་ཆགས་སམ་རིགས་སད་པར་རྟོགས་ནུས་ཀྱི་རྫོགས་བྱང་ལས་མི་ལྡོག་པར་མི་རྟོགས་པ་དང༌། ཡང་འཁོར་བའི་ཉེས་དམིགས་དང་ཐར་བའི་ཕན་ཡོན་དང༌། གང་ཟག་གི་བདག་མེད་ཀྱི་གཏམ་ཐོས་པས་སྤུ་ཟིང་ཞེས་བྱེད་པ་དང་མཆི་མ་འཁྲུགས་པ་སོགས་ཀྱིས་ཀྱང་ཐར་བའི་བག་ཆགས་རྒྱུད་ལ་སྐྱེས་པ་ཙམ་རྟོགས་ཀྱི་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ཡིན་པར་མི་རྟོགས་པས་རྟགས་དེ་གསུམ་ཀྱང་ཕྱིར་མི་ལྡོག་པའི་རྟགས་མ་ཡིན་ཞེས་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་གསུངས་ལ།སྐབས་འདིར་བསྟན་གྱི་ཕྱིར་མི་ལྡོག་པའི་རྟགས་ནི། ཐེག་ཆེན་གྱི་རིགས་སད་པ་ལ་སོགས་པ་རྟོགས་བྱེད་ཀྱི་ལུས་ངག་གི་རྣམ་རྟགས་འདྲེན་ནུས་པའི་ཐབས་ཤེས་ཙམ་ཡང་མ་ཡིན་གྱི་ཕྱིར་མི་ལྡོག་པའི་རྟགས་ཀྱི་གཙོ་བོའི་ཐབས་ཤེས་ནི། བསམ་པའི་སྒོ་ནས་རང་ཁོ་ནའི་དོན་དུ་ཐར་བ་དོན་གཉེར་གྱི་བསམ་པ་མངོན་གྱུར་སྐྱེ་བའི་གོ་སྐབས་བཅོམ་པ་དང༌། སྦྱོར་བའི་སྒོ་ནས་སྟོང་ཉིད་རྟོགས་པའི་ཡེ་ཤེས་སོགས་ཤེས་རབ་ཁྱད་པར་ཅན་དང་ཐབས་གཞན་དོན་ཁུར་ཁྱེར་གྱི་སྙིང་རྗེ་སྟེ་ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་ཆེས་ཁྱད་པར་བ། རང་ལས་རྟོགས་པ་དམན་པས་ཀྱང་རང་ཉིད་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་དགེ་འདུན་དུ་དཔོག་པར་བྱེད་ཐུབ་པ་ཅན་གྱི་ལུས་ངག་ཡིད་གསུམ་གྱི་རྣམ་འགྱུར་ཆེས་ཁྱད་པར་བ་འདྲེན་ནུས་པ་དེ་སྐབས་འདིར་དངོས་བསྟན་གྱི་ཕྱིར་མི་ལྡོག་པའི་རྟགས་ཡིན་ཏེ། དཔེར་ན་རྟགས་ཞེ་བཞིའི་ནང་གི་དྲོད་ཀྱི་རྟགས་དང་པོ་གཞན་དག་དང་མི་འདྲ་བའི་གཟུགས་སོགས་ལ་བདེན་ཞེན་ཅི་རིགས་པ་ལྡོག་པའི་ཤེས་རབ་ཁྱད་པར་ཅན་དང་ཐབས་སྙིང་རྗེ་ཁྱད་པར་ཅན་ཐོབ་པའི་སྟོབས་ཀྱིས་སྟོང་ཉིད་ཀྱི་གཏམ་ཐོས་པ་ན་ལུས་སྤུ་ཟིང་བྱེད་པ་སོགས་ལུས་ཀྱི་རྟགས་དང༌། དེ་ལ་བསྟོད་བསྔགས་བརྗོད་པ་ཆེས་ཁྱད་པར་བ་ལྟ་བུ་ངག་གི་རྟགས་དང༌།བདེན་མེད་ཉམས་སུ་ལེན་པ་དང་ཡིད་ལ་འཛིན་པ་ལ་དགའ་སྣང་ཆེ་བ་རྟགས་དེ་ལས་གཞན་དག་གིས་ཀྱང་ནང་གི་ཐབས་ཤེས་ཀྱི་རྟོགས་པ་གོ་ནུས་པ་ཅན་འདྲེན་ནུས་པ་སྟེ་དེ་ཡང་འཁོར་བའི་སྡུག་བསྔལ་ཡིད་ལ་ཤར་བ་ཙམ་གྱིས་མིག་ནས་མཆི་མ་འཁྲུགས་པ་སོགས་དྲངས་བ་ལྟ་བུ་ཡང་མ་ཡིན། སྟོང་ཉིད་རྟོགས་པ་ཙམ་དང་ཐབས་ཤེས་ཀྱི་རྟོགས་པ་ཡོད་པ་ཙམ་རྟོགས་བྱེད་ཀྱང་མ་ཡིན་པར་ནམ་ཡང་འགྱུར་ལྡོག་མེད་པའི་ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་ཡོད་པར་དཔོག་ནུས་ཀྱི་རྟགས་ཁྱད་པར་བ་ཡིན་པས་རང་ལས་དམའ་བའི་གང་ཟག་གིས་ཀྱང་ལུས་ངག་ཡིད་གསུམ་གྱི་རྟགས་ཁྱད་པར་ཅན་དེའི་སྒོ་ནས་རྫོགས་བྱང་ལས་མི་ལྡོག་པར་བྱེད་པའི་ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་ཡོད་པར་དཔོག་དེ་དཔོག་པ་ལས་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་དཔོག་ནུས་པ་ལྟ་བུ་ནི་སྐབས་འདིར་ཕྱིར་མི་ལྡོག་གི་རྟགས་ཡིན་གྱི། དེ་ལྟར་དཔོག་ནུས་ཀྱི་ལུས་ངག་གི་རྣམ་འགྱུར་འདྲེན་མི་ནུས་པའི་ཐབས་ཤེས་བརྟན་པོ་མི་ལྡོག་པ་ཅན་ཡོད་ཀྱང་དེ་སྐབས་འདིའི་དངོས་བསྟན་གྱི་ཕྱིར་མི་ལྡོག་པའི་རྟགས་སུ་འཇོག་པ་མ་ཡིན་པའི་ཕྱིར། དེས་ན། སྟོང་ཉིད་ཀྱི་གཏམ་ཐོས་པས་མིག་ནས་མཆི་མ་འཁྲུགས་པ་སོགས་ལུས་ངག་གི་རྣམ་འགྱུར་ལའང་ནང་གི་ཀུན་སློང་གི་ཁྱད་པར་གྱིས་སྟོང་ཉིད་རྟོགས་པ་ཙམ་གོ་བྱེད་དང་མི་ལྡོག་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་ཡོད་པར་གོ་བྱེད་སོགས་མི་འདྲ་བ་མང་པོ་ཡོད་པར་ཤེས་དགོས་སོ། །དེ་ལྟར་གོ་བྱེད་ཀྱི་རྟགས་ལ་ཞེ་བཞི་ཡོད་ཅིང༌། དེ་རེ་རེ་ལའང་མདོ་ལས། རྣམ་པ་དང༌། རྟགས་དང༌། མཚན་མ་དང༌། གསུམ་རེ་གསུངས་པའི་རྟགས་ཞེ་བཞི་པོ་དེ་དག་གིས་དྲངས་པའི་ལུས་ཀྱི་རྣམ་འགྱུར་ནི་རྣམ་པ་དང༌། ངག་གི་རྣམ་འགྱུར་ནི་རྟགས་དང༌། ལམ་དེ་དག་ལེན་འཛིན་ལ་དགའ་བའི་ཡིད་དང་ཡིད་ཀྱིས་ཉམས་སུ་ལེན་པ་ནི་མཚན་མ་ཡིན་ནོ། །རྟགས་ཞེ་བཞིས་རྟགས་རྒྱུད་ལྡན་གྱི་གང་ཟག་དེ་ཕྱིར་མི་ལྡོག་པར་དཔོག་པ་ལ་འབྲས་རང་གི་རྟགས་གཉིས་ཀྱིས་དཔོག་པར་བྱེད་པ་འགྲེལ་ཆེན་ལས་གསུངས་པ་ནི། ནུས་པའི་མཐུ་ཡིས་འབྲས་སྐྱེ་བར། །ཞེས་སོགས་ལྟར།རང་རྒྱུད་ལྡན་གྱི་གང་ཟག་གིས་རང་རྒྱུད་ཀྱི་གཟུགས་སོགས་ལ་བདེན་ཞེན་ཅི་རིགས་པ་ཆེས་ཁྱད་པར་ཅན་དུ་ལྡོག་པའི་རྟགས་ལས་རང་ཉིད་ཕྱིར་མི་ལྡོག་པ་ཡིན་པར་དཔོག་པ་ལྟ་བུ་ནི་རང་བཞིན་གྱི་རྟགས་ཀྱིས་དཔོག་པ་ཡིན་ཏེ། དཔག་བྱེད་ཀྱི་རྟགས་བདེན་ཞེན་ཅི་རིགས་ལྡོག་པ་དེ་དང་དཔག་བྱ་ཕྱིར་མི་ལྡོག་པའི་གང་ཟག་གཉིས་རང་བཞིན་གཅིག་ཡིན་པའི་ཕྱིར། ཆོས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་དང༌། ཞེས་སོགས་ལྟར། རྟགས་ཐོབ་པའི་གང་ཟག་གི་རྣམ་རྟགས་མཚན་མའི་རྟགས་ལས་གང་ཟག་གཞན་དག་གིས་གང་ཟག་དེ་ལ་ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་ཡོད་པར་དཔོག དེ་དཔོག་པས་ཕྱིར་མི་ལྡོག་པར་དཔོག་པ་ནི་འབྲས་རྟགས་ཀྱིས་དཔག་པ་སྟེ། ནང་གི་བདེན་ཞེན་ལྡོག་པའི་འབྲས་བུ་ཕྱིའི་ལུས་ངག་གི་རྟགས་ཀྱིས་དཔོག་པ་ཡིན་པའི་ཕྱིར་རོ། །ཕྱི་མ་འདི་ལ་རྣམ་རྟགས་མཚན་མའི་རྟགས་ཀྱིས་ཐབས་ཤེས་བརྟན་པོ་རྟོགས་པ་འབྲས་རྟགས་དང༌། ཐབས་ཤེས་བརྟན་པོའི་རྟགས་ཀྱིས་ཕྱིར་མི་ལྡོག་པར་རྟོགས་པ་རང་བཞིན་གྱི་རྟགས་སུ་སོ་སོར་དབྱེ་ཡང་རུང༌། གཞན་ཡང་རྒྱུད་གཞན་སྒྲུབ་པ་ལས། རང་ལུས་བློ་སྔོན་འགྲོ་བ་ཡི། ཞེས་སོགས་ལྟར་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་གང་ཟག་གིས། རང་ལ་རྟགས་གང་ཐོབ་པ་དེ་དང་མཐུན་པའི་ལུས་ངག་གི་རྣམ་རྟགས་འབྱུང་བ་རང་གིས་མྱོང་བས་གྲུབ་ནས། རང་དང་མཐུན་པའི་ལུས་ངག་གི་རྣམ་རྟགས་ཡོད་པའི་གང་ཟག་གཞན་དེ། དེའི་རྣམ་རྟགས་ལས་ཕྱིར་མི་ལྡོག་པར་ངེས་པ་ཡང་འབྲས་རྟགས་ཀྱིས་དཔོག་པ་ཡིན་ནོ། །

གཉིས་པ་དབྱེ་ན།

སྤྱིར་རང་ཡིན་གྱི་ཐེག་ཆེན་ཚོགས་ལམ་པ་སོགས་ལམ་ལྔ་ལ་གནས་པ་ཡོད། རྩ་བར། ངེས་འབྱེད་ཡན་ལག་ནས་བཟུངས་ཏེ། །མཐོང་དང་གོམས་པའི་ལམ་དག་ལ། །ཞེས་སོགས་ཀྱིས་དངོས་བསྟན་གྱི་ཕྱིར་མི་ལྡོག་པའི་དགེ་འདུན་ལ་ངེས་འབྱེད་ཡན་ལག་དང་མཐོང་སྒོམ་གསུམ་ལ་གནས་པ་ཡོད་དོ། །ཕྱིར་མི་ལྡོག་པའི་རྟགས་ལ་ལུས་ངག་ཡིད་གསུམ་ཡོད། རང་དོན་གྱི་རྟགས་དང་གཞན་དོན་གྱི་རྟགས་གཉིས་ཡོད།ཡང་ན་འབྲས་རང་གཉིས་ཡོད་དོ། །སྦྱོར་བ་ནི། འབྲས་རང་གི་སྦྱོར་བ་གཉིས་ཡོད། བྱང་སེམས་སྦྱོར་ལམ་པ་ཆོས་ཅན། རང་ཉིད་ཕྱིར་མི་ལྡོག་པ་དེ། གཟུགས་སོགས་འདུ་ཤེས་ལྡོག་པའི་ཐབས་ཤེས་ཀྱི་རྒྱུན་བརྟན་པའི་རྟོགས་པ་ཁྱད་པར་ཅན་ལྡན་པའི་ཆོས་ཡིན་པའི་ཕྱིར་ཞེས་པ་རང་བཞིན་གྱི་རྟགས་སྦྱོར་ཡིན་ལ། ཆོས་ཅན་དང་ཆོས་སྔར་བཞིན་གཟུགས་སོགས་འདུ་ཤེས་ལྡོག་པའི་སྟོབས་ཀྱིས་ཁྱོད་ལ་ལུས་ངག་གི་རྟགས་མཚན་ཁྱད་པར་ཅན་ལྡན་པའི་ཕྱིར་ཞེས་པ་འབྲས་རྟགས་ཀྱི་སྦྱོར་བ་ཡིན་ནོ། །ཡང་ན་བྱང་སེམས་མཐོང་ལམ་རྗེས་ཐོབ་ཆོས་ཅན། རང་ཉིད་ཕྱིར་མི་ལྡོག་པ་ཡིན་ཏེ། སྐད་ཅིག་མ་གཅིག་ལ་ལུས་བརྒྱ་སྤྲུལ་བ་དང་ཆོས་བརྒྱ་སྟོན་ནུས་པའི་ལུས་ངག་གི་རྟགས་མཚན་ཁྱད་པར་ཅན་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཞན་ལ་རིགས་འདྲའོ། །སྦྱོར་བ་ཉ་ཊཱིཀ་ལས། བྱང་པ་དབང་རྣོན་ངེས་འབྱེད་ཆ་མཐུན་བཞི་ལ་གནས་པ་ཆོས་ཅན། རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་སློབ་པའི་ཚོགས་ཏེ་དགེ་འདུན་ཡིན་ནོ། །གཟུགས་སོགས་ལ་བདེན་ཞེན་མངོན་གྱུར་ལྡོག་པ་ལ་སོགས་པ་ཉི་ཤུ་བོ་དེ་རྟོགས་པ་སྟེ་ཐོབ་པའི་སྒོ་ནས་གནས་པས་སོ། །མཐོང་བའི་ལམ་ལ་གནས་པ་དབང་འབྲིང་ནི་རྟགས་བཅུ་དྲུག་པོ་དེ་དང༌། སྒོམ་པའི་ལམ་འོག་ནས་འཆད་པར་འགྱུར་བ་དག་ས་ལ་གནས་པ་ནི་ཟབ་མོ་བརྒྱད་པོ་རྟོགས་པའི་ཚུལ་གྱིས་གནས་པས་སོ་ཞེས་སྦྱར་རོ། །ཞེས་གསུངས་སོ། ། གསུམ་པ་ས་མཚམས་ནི། ཐེག་ཆེན་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད། མངོན་རྟོགས་རྒྱན་གྱི་དངོས་བསྟན་གྱི་ཕྱིར་མི་ལྡོག་པའི་དགེ་འདུན་ཐེག་ཆེན་སྦྱོར་ལམ་ནས་རྒྱུན་མཐའི་བར་ནའོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ས་བརྒྱད་པ་མ་ཐོབ་པར་དམན་ལམ་དུ་ལྟུང་བ་ཡོད་པར་ཐལ། རྒྱུད་རྡོ་རྗེ་རྩེ་མོ་ལས། ཇི་སྲིད་ས་བརྒྱད་མ་ཐོབ་པར། །དེ་སྲིད་ཐེག་པ་དམན་པས་འཇིགས། །ཞེས་དང༌། ཉ་ཊཱིཀ་ལས། ས་བཅུ་བའི་ལུང་དེ་ས་བདུན་པའི་རྟོགས་པ་དང་ཡོན་ཏན་སྟོན་པའི་སྐབས་ཡིན་པས་དེའི་ཆེ་བ་བརྗོད་པ་དང་ས་བདུན་པ་ཐོབ་ནས་རེ་རེ་ཙམ་གནས་སྐབས་ཉན་རང་དུ་ལྟུང་བ་སྲིད་ཀྱི་ཕལ་ཆེར་མི་ལྟུང་ཞིང་དྲུག་པ་མན་དུ་ཉན་རང་དུ་གནས་སྐབས་ལྟུང་བ་མང་བོ་ཡོད་པས་དེ་དག་གིས་ཉན་རང་ཟིལ་གྱིས་གནོན་མི་ནུས། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྙམ་སྟེ། ལུང་དེ་དག་གིས་ས་བརྒྱད་པ་མ་ཐོབ་པར་རང་དོན་ལ་གཞོལ་བའི་རྐྱེན་ཙམ་ཉེ་བར་ཡོད་པ་སྲིད་ལ་ས་བརྒྱད་པ་ནས་དེ་མེད་པས་སོ། །གོང་དུ་འདོད་མི་ནུས་ཏེ། ཚོགས་ལམ་འབྲིང་ནས་གསེར་ལྟ་བུའི་སེམས་བསྐྱེད་ཐོབ་པའི་ཕྱིར། ཁྱབ་སྟེ། ཉ་ཊཱིཀ་ལས། ཕྱིན་དྲུག་རྫོགས་པར་བྱེད་པའམ་དྲུག་གིས་བསྡུས་པའི་ཕན་བདེའི་བསམ་པ་དང་ལྡན་པ་ནི། བཞུ་བརྟུལ་ཅི་བྱས་ཡང་རྫས་ཀྱི་ངོ་བོ་མི་འགྱུར་བ་གསེར་བཟང་པོ་ལྟ་བུ་སྟེ། རྫོགས་པའི་བྱང་ཆུབ་ཐོབ་ཀྱི་བར་དུ་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པ་ལས་མི་འགྱུར་བའི་ཕྱིར་རོ། །མདོ་བྱང་ཆུབ་རྒྱས་བཤད་བཞིན་ནོ། །ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། བསམ་པ་དང་མཚུངས་པར་ལྡན་པ་ནི། བསྲེག་གཅད་བརྡར་བ་ལ་སོགས་པས་མི་འགྱུར་བ་བཟང་པོའི་གསེར་དང་འདྲ་བ་སྟེ། སེམས་ཅན་ཐམས་ཅད་ལ་གཏན་དུ་ཕན་པ་དང་འཕྲལ་དུ་བདེ་བར་འདོད་པའི་བསམ་པ་བཟང་པོ་ནམ་ཡང་མི་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེ་ཡང་མི་རིགས་པར་ཐལ། དབང་རྟུལ་ས་བརྒྱད་མ་ཐོབ་པར་ཕྱིར་མི་ལྡོག་པའི་རྟགས་མི་ཐོབ་པའི་ཕྱིར། དེར་ཐལ། རྒྱུད་བླ་ས་འགྲེལ་ལས། དེ་ལ་རིགས་ཀྱི་ཁྱད་པར་ནི། དབང་པོ་རྣོན་པོ་སྦྱོར་ལམ་དང༌། འབྲིང་པོ་མཐོང་ལམ་དང༌། རྟུལ་པོ་སྒོམ་ལམ་ས་བརྒྱད་པ་ནས་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཐོབ་ཅིང་སངས་རྒྱས་སུ་རིགས་སུ་ངེས་ལ། དེ་དག་གི་སྔ་རོལ་དུ་ནི་མ་ངེས་པ་སྟེ། མཐར་ཕྱིན་པའི་བྱང་ཆུབ་ཏུ་འགྲོ་བ་ལ་རྐྱེན་གྱིས་མི་འཕྲོག་པ་དང་རེ་ཞིག་རྐྱེན་གྱིས་འཕྲོག་པ་ལ་གནས་པའོ། །ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། ཡུམ་དང་དེའི་རྒྱན་ལས། དབང་པོ་རྣོན་པོས་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་གསུངས་པ་ལ་སོགས་པ་རྣམས་སོ། །ཞེས་དང༌། ཉི་སྣང་ལས། ཕྱིར་མི་ལྡོག་པར་བཀོལ་བ་ནི་དབང་པོ་རྣོན་པོའི་ལམ་ཁོ་ནས་དེ་ཐོབ་པའི་ཕྱིར། ཞེས་དང༌། ཟླ་ཟེར་ལས། དབང་པོ་འབྲིང་ནི་ས་རབ་ཏུ་དགའ་བ་ལས་ཏེ། ནས། དབང་པོ་རྟུལ་པོ་ནི་ས་མི་གཡོ་བ་ལས་ཏེ། །ཞཻས་གསུངས་པའི་ཕྱིར་ཟེར་ན་དགོངས་པ་བཙལ་བར་བྱའོ། །ཐེག་ཆེན་མཐོང་ལམ་པ་དང་སྒོམ་ལམ་པ་དབང་རྟུལ་ཞིག་མེད་པར་ཐལ། ས་དང་པོ་པ་ཡིན་ན་དབང་རྣོན་ཡིན་དགོས་པའི་ཕྱིར་ཏེ།དེ་ཡིན་ན་སྐད་ཅིག་མ་གཅིག་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པའི་ཕྱིར། ཁྱབ་སྟེ།དབང་པོ་རྣོ་རྟུལ་བློའི་འཇུག་པ་མྱུར་བུལ་གྱིས་བཞག་པའི་ཕྱིར། དེས་ན་ཉ་ཊཱིཀ་ལས། ས་ཐོབ་ནས་དབང་བོ་རྣོ་རྟུལ་མེད་ཅིང་ཕྱིར་མི་ལྡོག་ཏུ་ཀ་ཤིས་བཤད་ཅིང་དོན་ལ་གནས་ཞེས། བཅོམ་རལ་ལོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །སློབ་པ་ཕྱིར་མི་ལྡོག་གི་དགེ་འདུན་ཚོགས་སྦྱོར་ནས་འཇོག་མི་རིགས་པར་ཐལ། དེ་ལ་ཐེག་ཆེན་འཕགས་པ་དགོས་པའི་ཕྱིར། དེར་ཐལ། སངས་རྒྱས་མིན་པའི་དགེ་འདུན་དཀོན་མཆོག་གི་མཚན་ཉིད་ལ་ཉ་ཊཱིཀ་ལས། སངས་རྒྱས་མིན་པའི་དེའི་མཚན་ཉིད་ནི་རིག་གྲོལ་གྱི་ཡོན་ཏན་གྱི་འཕགས་པ་སློབ་པ་ཕྱིར་མི་ལྡོག་ཅེས་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དགེ་འདུན་དང་དགེ་འདུན་དཀོན་མཆོག་གི་ཁྱད་པར་བྱེད་པ་མི་འཐད་པར་ཐལ། ཐེག་ཆེན་ངེས་འབྱེད་ཆ་མཐུན་ལ་གནས་པ་ལ་དགེ་འདུན་དཀོན་མཆོག་ཡོད་པའི་ཕྱིར་ཏེ། མདོ་ལུགས་མ་ལས། ངེ༷ས་པར་འབྱེ༷ད་པའི་ཡ༷ན་ལ༷ག་སྦྱོར་ལམ་ན༷ས་ཐོག་མ་བཟུ༷ངས་ཏེ༷། མཐོ༷ང་བའི་ལམ་ད༷ང༌། སྒོ༷མ་པ་གོམས་པ་བྱེད་པ༷འི་ལ༷མ་ད༷ག་ལ༷་འཆད་འགྱུར་གྱི་རྟགས་འདི་དག་དང་ལྡན་པའི་བྱ༷ང་ཆུ༷བ་སེ༷མས་དཔ༷འ་ག༷ང་ད༷ག་གན༷ས་པ་དེ༷་དག་ནི་སྐབས་འདི༷ར་ཐེག་ཆེན་ལ་སློབ་པའི་ཕྱི༷ར་མི༷་ལྡོ༷ག་པ༷འི་ཚོ༷གས་དགེ་འདུན་དཀོན་མཆོག་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ས་མཚམས་ཚོགས་ལམ་ནས་བཤད་པ་མི་འཐད་པར་ཐལ། རྩ་བར། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །ཞེས་སོགས་གསུངས་པའི་ཕྱིར་ན་མ་ཁྱབ་པའོ། །ཡང་རྟོགས་པ་དང་ལུས་ངག་གི་མཚན་མ་གཉིས་ཀ་ལ་ཕྱིར་མི་ལྡོག་པའི་རྟགས་ཡོད་དེ། ཉ་ཊཱིཀ་ལས། འདི་ལ་ཁ་ཅིག གཞན་དཔེར་བྱས་ནས་རང་ལ་དཔོག་པ་དང༌། ཁ་ཅིག་གཞན་ཁོ་ན་ལ་དཔོག་པས་མཉམ་རྗེས་ཀྱི་རྟོགས་པ་རྟགས་སུ་མི་རུང་བས། ལུས་ངག་གི་ཐ་སྙད་ཁོ་ན་རྟགས་ཡིན་ནོ་ཞེས་པ་རྣམས་ནི་ནོར་བ་སྟེ་ངག་ལས་ཤེས་སོ། །ཞེས་པ་ལྟར་ཡིན་ནོ། །ཡང་ཉ་ཊཱིཀ་ལས། ངེས་པའི་དོན་ནི་འདི་ཡིན་ཏེ། དྲོད་ནས་བཟུང་སྟེ་ཇི་སྲིད་རང་ཉིད་གང་དུ་འཚང་རྒྱ་བར་རང་གི་མངོན་ཤེས་སམ་མངོན་སུམ་གྱིས་མི་ཤེས་པ་དེ་སྲིད་དུ་རང་ལའང་གློ་བུར་བའི་རྟགས་ཀྱིས་དཔོག་ཅིང༌། རང་རིག་གིས་གྲུབ་པའི་མཉམ་རྗེས་ཀྱི་རྟོགས་པ་རྟགས་སུ་འགྱུར་ཏེ། ཕྱོགས་ཆོས་རང་གི་རང་རིག་གིས་གྲུབ་ཅིང༌། ཁྱབ་པ་སངས་རྒྱས་ཀྱི་ལུང་གིས་གྲུབ་ནས་སོ། །ཡང་གཞན་སེམས་ཤེས་པའི་མངོན་ཤེས་མེད་པའི་སྐྱེས་བུ་འགས་ཕ་རོལ་བོ་ལ་འདིར་བཤད་མཉམ་བཞག་གམ་རྗེས་ཐོབ་ཀྱི་རྟོགས་པ་ལ་མི་འཁྲུལ་བའི་རྗེས་ཐོབ་ལུས་ངག་གི་རྣམ་རིག་ཁྱད་པར་ཅན་མཐོང་ནས་ཕྱིར་མི་ལྡོག་ཏུ་གཞན་དོན་གྱི་རྟགས་ཀྱིས་དཔོག་སྟེ། ཕྱོགས་ཆོས་གཞན་རིག་གིས་གྲུབ་ཅིང༌། ཁྱབ་པ་སངས་རྒྱས་ཀྱི་ལུང་གིས་ངེས་སོ། །རང་རྒྱུད་ལ་རྟགས་དེ་ལ་ཕྱིར་མི་ལྡོག་གིས་ཁྱབ་པར་ངེས་པའང་ཡོད་མོད་ཀྱི་དེ་ཡང་མཐར་ལུང་ལས་ངེས་པ་ལས་མ་འདས་སོ། །ཞེས་གསུངས་པ་ལྟར་ན་དེ་སྒྲུབ་ཀྱི་བསྒྲུབ་བྱ་ལས་ཁྱབ་པ་རྟོགས་དཀའ་བར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱ་དངོས་སྟོབས་རྗེས་དཔག་གི་ཡུལ་གང་ཞིག ཁྱབ་པ་ལུང་ལ་བརྟེན་ནས་རྟོགས་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སྒྲུབ་ཀྱི་རྟགས་དེ་དངོས་སྟོབས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ལུང་ལ་བརྟེན་ནས་རྟོགས་དགོས་ན་ཤིན་ལྐོག་ཡིན་དགོས་པའི་ཕྱིར། ཇི་སྐད་དུ། རྗེས་དཔག་རང་གི་སྤྱོད་ཡུལ་ལ། །ལུང་ལ་ལྟོས་པ་མེད་པར་བཤད། །ཅེས་དང༌། གནས་གསུམ་པར་ནི་འཕོས་པ་ན། །ལུང་འདྲེན་པ་ནི་མཁས་པའི་ལུགས། །ཞེས་གསུངས་སོ། །

གཉིས་པ་སོ་སོར་ཕྱེ་སྟེ་བཤད་པ།

གཉིས་པ་སོ་སོར་ཕྱེ་སྟེ་བཤད་པ་ལ།

སྦྱོར་ལམ་ཕྱིར་མི་ལྡོག་པ་དང༌། མཐོང་ལམ་ཕྱིར་མི་ལྡོག་པ་དང༌། སྒོམ་ལམ་གྱི་རང་བཞིན་བཤད་པ་དང་གསུམ། དང་པོ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་བོ་ནི། རྩ་བར། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུ་བརྗོད་པ་ཡིས། །ངེས་འབྱེད་ཡན་ལག་ལ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་འདི། །ཞེས་པའི་དོན་མདོ་ལུགས་མ་ལས། གཟུ༷གས་ལ༷་སོ༷གས་པ་ལ༷ས་ལྡོ༷ག་པ་དང༌། ཐེ་ཚོམ་དང༌། མི་ཁོམ་པ་ཟད་པ་ལ་སོ༷གས་པའི་རྟ༷གས་རྣ༷མ་པ༷་ཉི༷་ཤུ༷་མདོ་ལས་བརྗོ༷ད་ཅིང་བསྟན་པ༷་ཡི༷ས། ངེ༷ས་འབྱེ༷ད་ཡ༷ན་ལ༷ག་ལ༷་གན༷ས་པ༷འི་བྱང་ཆུབ་སེམས་དཔའ་བླ་མེད་བྱང་ཆུབ་ལས་ཕྱི༷ར་མི༷་ལྡོ༷ག་པ༷འི་མཚ༷ན་ཉི༷ད་འདི༷་བསྟན་པ། ཞེས་གསུངས་སོ། ། གཉིས་པ་རྒྱས་པར་བཤད་པ་ནི། མདོ་ལས་གཟུགས་སོགས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་འབྲེལ་ལས་ལྡོག་པ་དེ་ནི་བྱང་ཆུབ་སེམས་དཔའི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཞེས་སོགས་ཀྱི་དོན། རྩ་བར། གཟུགས་ལ་སོགས་ལས་ལྡོག་པ་དང༌། །ཐེ་ཚོམ་མི་དལ་ཟད་པ་དང༌། །བདག་ཉིད་དགེ་བ་ལ་གནས་ཤིང༌། །གཞན་དག་དེ་ལ་འགོད་པ་དང༌། །ཞེས་པ་ནས། རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོ་བཟོད་བཅས་དང༌། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག ། ཅེས་གསུངས་སོ། །མདོ་ལས། རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆེན་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཞེས་བྱང་ཆེན་ཙམ་ལས་ཚིག་ཟིན་ལ་མ་གསུངས་ཀྱང་རྗེ་བཙུན་བྱམས་པས་སྦྱོར་ལམ་ནས་སྒོམ་ལམ་བར་གསུངས་སོ། །དེའི་སྐབས་སུ་བསྟན་པའི་ཐེག་ཆེན་སྦྱོར་ལམ་ཕྱིར་མི་ལྡོག་པའི་རྟགས་ཉི་ཤུ་ཡོད་དེ། གཟུ༷གས་ལ༷་སོ༷གས་པ་ལ་དངོས་པོར་ཞེན་པ་ལས་ལྡོ༷ག་པ༷་༡ད༷ང༌། ཕྱི་རོལ་པའི་ལྟ་བ་ལ་བཟང་པོ་ཡིན་ནམ་སྙམ་པའི་ཐེ༷་ཚོ༷མ་༢དང༌། མི༷་ད༷ལ་བ་དམྱལ་བ་སོགས་མི་ཁོམ་པའི་འགྲོ་བར་སྐྱེ་བ་ཟ༷ད་པ༷་༣ད༷ང༌། བད༷ག་ཉི༷ད་དགེ༷་བ༷་བཅུ་ལ༷་གན༷ས་ཤི༷ང་གཞ༷ན་ད༷ག་དགེ་བ་དེ༷་ལ༷་འགོ༷ད་པ༷་ད༷ང་༤། གཞ༷ན་གྱི༷་དོན་ལ་རྟེ༷ན་པ་ཅ༷ན་གྱི་སྦྱི༷ན་སོ༷གས་སྤྱོད་པ་ད༷ང༌། གཤིས་ལུགས་ཟ༷བ་མོ༷འི་དོ༷ན་ལ༷འང་སོ༷མ་ཉི༷་མེ༷ད་པ་༦དང༌། བྱ༷མས་པའི་ལུ༷ས་ངག་ཡིད་གསུམ་དང་དེའི་ལས་དང་ལྡན་པ་༧དང༌། འདོད་པ་ལ་མོས་པ་དང༌། གནོད་སེམས་དང༌། གཉིད་རྨུགས་དང༌། རྒོད་འགྱོད་ཐེ་ཙོམ་གྱི་སྒྲི༷བ་པ༷་རྣ༷མ་པ༷་ལྔ༷་ད༷ང་མི༷་འགྲོ༷གས་པ་༨ད༷ང༌། བ༷ག་ལ༷་ཉ༷ལ་བ་ཀུ༷ན་འཇོ༷མས་ཤིང་ཐམས་ཅད་དུ་མེད་པ༷་༩ད༷ང༌། འགྲོ་འོང་ལ་སོགས་པ་ཐམས་ཅད་ཀྱི་ཚེ་དྲ༷ན་པ༷་ད༷ང་ཤེ༷ས་བཞི༷ན་གྱིས་ཟིན་པ་༡༠ད༷ང༌། གོ༷ས་ཚགས་ལ༷་སོ༷གས་པ་གཙ༷ང་སྦྲ་དང་ནད་ཉུང་ཞིང་དྲི་ང་བ་མེད་པས་གཙང་བ༷་༡༡ད༷ང༌། ལུ༷ས་ལ༷་སྲི༷ན་བུ༷འི་རིགས་སྟོང་ཕྲག་བརྒྱད་ཅུ་རྣ༷མས་མི༷་འབྱུ༷ང་བ་༡༢དང༌། །ལུས་ངག་སེམས་གསུམ་རྣམ་པར་དག་ཅིང་ཐེག་པ་འོག་མར་གྱ༷་གྱུ༷་མེ༷ད་པའི་སེ༷མས་༡༣དང༌། སྦྱ༷ངས་པའི་ཡོན་ཏན་བཅུ་གཉིས་ནི༷། དགོན་པ་དང༌། བསོད་སྙོམས་པ་དང༌། ཕྱག་དར་ཁྲོད་བ་དང༌། གདན་གཅིག་པ་དང༌། ཟས་ཕྱིས་མི་ལེན་པ་དང༌།དུར་ཁྲོད་པ་དང༌། བླ་གབ་མེད་པ་དང༌། ཤིང་དྲུང་པ་དང༌། ཙོག་བུ་པ་དང༌། གཞི་ཇི་བཞིན་པ་དང༌། ཆོས་གོས་གསུམ་པ་དང༌། ཕྱིང་བ་པ་རྣམས་དེ་དག་དང་དུ་ལེ༷ན་ཅིང་སྤྱོད་པ་༡༤ད༷ང༌། སེ༷ར་སྣ༷་ལ་སོགས་པ་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་ཀྱི་སེམས་མེ༷ད་པ་༡༥ད༷ང༌། ཆོས་དང་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ཤེར་ཕྱིན་ལ་བརྟེན་ནས་ཆོ༷ས་ཉི༷ད་ཀྱི་ངང་ཚུལ་དང་ལྡ༷ན་པ༷ར་འགྲོ༷་ཞིང་སྦྱོར་བ་ཉི༷ད་༡༦ད༷ང༌། ལས་ཀྱི་དབང་གིས་ངན་འགྲོར་མི་སྐྱེ་ཡང་སེ༷མས་ཅ༷ན་གྱི་དོ༷ན་དུ་༷དམྱ༷ལ་བ་ཚོ༷ལ་བར་བྱེད་པ༡༧དང༌། བདུད་དང་བདུད་ཀྱི་སྤྲུལ་པས་ལམ་ལོག་པར་བཀྲི༷་བ༷ར་མི༷་བཏུ༷བ་པ་༡༨ད༷ང༌། ཐེག་ཆེན་གྱི་ལ༷མ་ལས་གཞ༷ན་དམན་པའི་ལམ་ཉེ༷་བ༷ར་སྟོ༷ན་པའི་བདུ༷ད་ཀྱི་སྤྲུལ་བ་དགེ་སློང་གི་ཆ་བྱད་ལ་སོགས་པ་ལ༷་བདུ༷ད་ཅེ༷ས་བྱ༷་བ༷ར་རྟོ༷གས་པ༷་༡༩ད༷ང༌། ས༷ངས་རྒྱ༷ས་དགྱེ༷ས་པ༷འི་སྤྱོ༷ད་པ༷་དེ་བཞིན་གཤེགས་པས་ཇི་སྐད་བསྟན་པ་ལྟར་སྤྱོད་ཅིང་སྦྱིན་སོགས་ལས་མི་ཉམས་པར་བདུད་ལས་ཐམས་ཅད་རིག་པ་༢༠སྟེ། དེ་ལྟར་བསྟན་པའི་རྟ༷གས་ནི༷་ཉི༷་ཤུ༷་པོ་དེ༷་ད༷ག་གང་རུང་ངམ་ཕལ་ཆེར་ཚང་པ་དག་གི༷ས་སྦྱོར་ལམ་དྲོ༷ད་ད༷ང་རྩེ༷་མོ༷་བཟོ༷ད་པ་དང་བཅ༷ས་པ་ད༷ང་ཆོ༷ས་མཆོ༷ག་རྣ༷མས་ལ༷་གན༷ས་པའི་བྱང་ཆུབ་སེམས་དཔའ་ནི༷་བླ་མེད་རྫོ༷གས་པ༷འི་བྱ༷ང་ཆུ༷བ་ལ༷ས་ཕྱིར་མི༷་ལྡོ༷ག་པར་སྒྲུབ་ཅིང་རྟོགས་པར་བྱ་ཞེས་མདོ་ལུགས་མ་ལས་གསུངས་སོ། །ཉ་ཊཱིཀ་ལས་ཐེག་ཆེན་སྦྱོར་ལམ་དྲོད་ཕྱིར་མི་ལྡོག་པའི་རྟགས་བཅུ་གཅིག རྩེ་མོར་དྲུག བཟོད་པ་གཉིས། ཆོས་མཆོག་ལ་གཅིག་སྟེ་སོ་སོར་སྦྱར་ནས་བཤད་པ་མི་འཐད་པར་ཐལ། མདོ་ལུགས་མ་ལས། ཁ་ཅིག་རྟགས་འདི་རྣམས་བགོས་ནས་དྲོད་སོགས་ལ་སོ་སོར་སྦྱོར་བ་ནི་ཡིད་ཆེས་པའི་ཤེས་བྱེད་མི་སྣང་ངོ༌། །ཞེས་གསུངས་པའི་ཕྱིར་ཟེར་ན་ཉ་ཊཱིཀ་ལས་སེང་བཟང་དང་མཐུན་ཙམ་བཤད་པ་ཡིན་པར་སྣང་ངོ། །ཐེག་ཆེན་སྦྱོར་ལམ་པ་ལ་གཟུགས་སོགས་བདེན་ཞེན་ལྡོག་པ་ཡོད་པར་ཐལ། རྩ་བར། གཟུགས་ལ་སོགས་ལས་ལྡོག་པ་དང༌། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་དེ་ནི་གཟུགས་སོགས་ལ་བདེན་ཞེན་མངོན་གྱུར་ལྡོག་པའི་དོན་ཡིན་ཏེ། ཉ་ཊཱིཀ་ལས། གཟུགས་སོགས་ལ་བདེན་ཞེན་མངོན་གྱུར་ལྡོག་པ་ལ་སོགས་པ་ཉི་ཤུ་བོ་དེ་རྟོགས་པ་སྟེ་ཐོབ་པའི་སྒོ་ནས་གནས་པས་སོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་རྒྱུད་ལ་གཟུགས་སོགས་ལ་བདེན་ཞེན་མངོན་གྱུར་གྱི་སྒོམ་སྤང་ཡོད་པའི་ཕྱིར། མཐོང་སྤང་ལ་བྱས་ན་ཐེག་ཆེན་སྦྱོར་ལམ་དྲོད་སོགས་བཞིས་རིམ་བཞིན་མཐོང་སྤང་རྟོག་པ་བཞི་མངོན་གྱུར་ཉམས་པར་བྱེད་དགོས་ལ། གཟུགས་སོགས་བདེན་ཞེན་ཞེས་པའི་གཟུགས་སོགས་ལ་གཟུགས་ནས་རྣམ་མཁྱེན་བར་ཡོད་པ་བཤད་བྱ་རྩ་བའི་མདོ་ལས། བྱང་ཆུབ་སེམས་དཔའ་ཆེན་པོ་གང་གཟུགས་ལས་ཕྱིར་ལོག་པ་དང༌། ནས། རྫོགས་བྱང་ལས་ཕྱིར་མི་ལྡོག་པ་དེ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཞེས་གསུངས་པས་གྲུབ། དེ་ལྟ་ན་དེ་དག་ལ་ཞེན་པའི་རྟོག་པ་མཐོང་སྤང་རྟོག་པ་བཞི་ཡོད་པར་གྲུབ། དེ་ཡོད་ན་ཐེག་ཆེན་སྦྱོར་ལམ་དྲོད་ཀྱིས་དེ་བཞི་མངོན་གྱུར་པ་ལྡོག་པར་བྱེད་མི་ནུས་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་རྩ་བར། ཐེ་ཚོམ་མི་དལ་ཟད་པ་དང༌། །ཞེས་པའི་ཐེ་ཚོམ་དེ་མདོ་ལུགས་མ་ལས། ཕྱི་རོལ་པའི་ལྟ་བ་ལ་བཟང་པོ་ཡིན་ནམ་སྙམ་པའི་ཐེ་ཚོམ། ཞེས་བཤད། ཉ་ཊཱིཀ་ལས། དཀོན་མཆོག་གསུམ་ཀྱི་ཡོན་ཏན་ལ་ཤེས་ནས་མི་ཕྱེད་པའི་དད་པ་ཐོབ་པས། སྐྱབས་གནས་ཐེ་ཚོམ་ཟད། ཅེས་པས་ཐེ་ཚོམ་མངོན་གྱུར་པ་ཟད་པ་ལམ་མ་ཞུགས་དང་ཚོགས་ལམ་ནས་ཡོད་མེད་དཔྱད། རྟགས་འདི་དག་གང་རུང་ངམ་ཕལ་ཆེར་ཚངས་པས་ནི་དྲོད་སོགས་གང་ལ་གནས་ཀྱང་ཕྱིར་མི་ལྡོག་ཏུ་བསྒྲུབ་ནུས་ཏེ། མདོ་ལས། རྟགས་རེ་རེ་སྨོས་པའི་རྗེས་སུ་ཡང་རྣམ་པ་དང་ཚུལ་དང་མཚན་མ་དེ་དག་ལྡན་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་ཅེས་པ་རེ་རེ་བྱུང་བའི་ཕྱིར་རོ། །

གཉིས་པ་མཐོང་ལམ་ཕྱིར་མི་ལྡོག་པ་བཤད་པ།

གཉིས་པ་མཐོང་ལམ་ཕྱིར་མི་ལྡོག་པ་བཤད་པ་ལ།

མདོར་བསྟན་དང་རྒྱས་པར་བཤད་པ་གཉིས། དང་པོ་ནི། རྩ་བར། མཐོང་བའི་ལམ་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །ཞེས་སོ། །དེའི་དོན་མདོ་ལུགས་མ་ལས། མཐོ༷ང་བ༷འི་ལ༷མ་ལ༷་ཆོས་ཤེས་པའི་བཟོ༷ད་པ༷་བཞི་ད༷ང༌། ཆོས་ཤེས་པ་བཞི་དང༌། རྗེས་སུ་ཤེས་པའི་བཟོད་པ་བཞི་དང༌། རྗེས་སུུ་ཤེས་པ་བཞི་སྟེ། དེ་ལྟར་བཟོད་པ་དང་ཤེ༷ས་པ༷འི་སྐ༷ད་ཅི༷ག་མ་བཞི་བཞི་བཅུ༷་དྲུ༷ག་ནི༷་མཐོང་ལམ་པའི་བྱ༷ང་ཆུ༷བ་སེ༷མས་དཔ༷འ་ཕྱིར་མི༷་ལྡོ༷ག་པ༷འི་མཚ༷ན་ཉི༷ད་ཡི༷ན་པ༷ར་ཤེ༷ས་པ༷ར་བྱ༷འོ། །འདིར་ནི་རྟགས་ཀྱང་ཡིན་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཀྱང་ཡིན་པར་སྟོན་ལ། མཚན་ཉིད་ཀྱི་སྐབས་སུ་ནི་ཁྱད་པར་དུ་བྱེད་པའི་ཆོས་ཀྱང་ཡིན་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཀྱང་ཡིན་པར་སྟོན་ཅིང༌། སྐབས་གསུམ་པར་ནི་གཉེན་པོ་གཞི་ཤེས་ཀྱང་ཡིན། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཀྱང་ཡིན་པ་སྟོན་ལ། སྐབས་གཉིས་པར་ནི་ལམ་ཤེས་ཀྱང་ཡིན་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཀྱང་ཡིན་པ་སྟོན་ནོ། །ཞེས་གསུངས་སོ། །སྐབས་འདིར་དེ་འདྲའི་སྐད་ཅིག་བཅུ་དྲུག་མ་ཟད་ཐེག་ཆེན་མཐོང་ལམ་གྱི་རྟོགས་པ་ལྡན་སྟོབས་ཀྱི་ལུས་ངག་གི་རྟགས་མཚན་ཁྱད་པར་ཅན་ཡང་སྐབས་འདིའི་རྟགས་ཡིན་ནོ། །སྦྱོར་བ་ནི་ཉ་ཊཱིཀ་ལས། བྱང་པ་མཐོང་བའི་ལམ་ལ་གནས་པ་དབང་འབྲིང་རྣམས་ཆོས་ཅན། རྫོགས་བྱང་ལས་ཕྱིར་མི་ལྡོག་སྟེ། སྡུག་བསྔལ་ལ་སོགས་པ་བདེན་པ་བཞི་ཡུལ་དུ་ཡོད་པའི་སྒོ་ནས་ཆོས་ཤེས་པའི་བཟོད་པ་བཞི། ཆོས་ཤེས་བཞི། རྗེས་སུ་ཤེས་པའི་བཟོད་པ་བཞི། རྗེས་སུ་ཤེས་པ་བཞི་སྟེ་དེ་འདྲའི་སྐད་ཅིག་མ་བཅུ་དྲུག་ཐོབ་པའི་བྱང་སེ་དབང་འབྲིང་ཡིན་པས་སོ། །ཁྱབ་པ་ཡོད་དེ། དེ་ནི་དེ་རྣམས་ཀྱི་ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་རྒྱས་པར་བཤད་པ།

གཉིས་པ་རྒྱས་པར་བཤད་པ་ནི།

མདོ་ལས། གཟུགས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ །ཞེས་སོགས་ཀྱི་དོན། རྩ་བར། གཟུགས་སོགས་འདུ་ཤེས་ལྡོག་པ་དང༌། །སེམས་བརྟན་ཐེག་པ་དམན་དག་ལས། །རྣམ་ལོག ཅེས་པ་ནས། དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས་སོ། །དེའི་སྐབས་སུ་བསྟན་པའི་ཐེག་ཆེན་མཐོང་ལམ་ཕྱིར་མི་ལྡོག་པའི་རྟགས་བཅུ་དྲུག་ཡོད་དེ། གཟུ༷གས་སོ༷གས་ཀྱི་འདུ༷་ཤེ༷ས་ལ་ལྡོ༷ག་པ༷་༡ད༷ང༌། རྣམ་མཁྱེན་ལ་མོས་པའི་སེ༷མས་བརྟ༷ན་པ་༢དང༌། ཐེ༷ག་པ༷་དམ༷ན་པ་ད༷ག་ལ༷ས་རྣ༷མ་པར་ལོ༷ག་པ་༣དང༌། བས༷མ་གཏ༷ན་དང་པོ་ལ༷་སོ༷གས་པ་སྐྱེ་བ་འཛིན་པ༷འི་ཡ༷ན་ལ༷ག་ཡོ༷ངས་སུ༷་ཟ༷ད་པ༷་༤སྟེ་དེ་བཞི་སྡུག་བསྔལ་གྱི་བདེན་པའི་སྐད་ཅིག་མ་བཞིའོ། ། དྲན་ཤེས་བཞིན་གྱི་སྒོ་ནས་ལུས༷་དང་སེ༷མས་ལྡང་བ་ཡ༷ང་བ༷་༥དང༌། ཁྱིམ་ན་གནས་ཀྱང་འདོ༷ད་ཡོན་ལྔ་སེམས་ཅན་སྨིན་པའི་དོན་དུ་སྦྱིན་པ༷་ལ་གཏོང་ཞིང་སྤྱོ༷ད་པ་ལ༷་ཐ༷བས་ལ་མཁ༷ས་པ་༦ད༷ང༌། འདོད་པ་ལ་མི་སྤྱོད་པར་རྟ༷ག་ཏུ༷་ཚ༷ངས་པ༷ར་སྤྱོ༷ད་པ་༧ད༷ང༌། འཚོ༷་བ༷་རྣ༷མ་པ༷ར་ད༷ག་པ་༨སྟེ་དེ་བཞི་ནི་ཀུན་འབྱུང་གི་བདེན་པའི་སྐད་ཅིག་མ་བཞིའོ། །རིན་ཆེན་འཕྲེང་བར། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་བོ་སྡོམ་པར་བྱེད་པ་སྟེ། །ཁ་གསགས་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་སྔོན་ནི་སྨྲ་བའོ། །གཞོགས་སློངས་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པའོ། །ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར།།མངོན་སུམ་གཞན་ལ་སྨོད་བྱེད་པའོ། །རྙེད་པས་རྙེད་པ་རྣམ་འདོད་པ། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །ཞེས་སོ། །ཕུ༷ང་སོ༷གས་དང་བ༷ར་ཆ༷ད་བྱེ༷ད་པའྀ་གཏམ་ལ་ད༷ང་པོར་སྦྱོ༷ར་བ་ད༷ང༌། རྗེ༷ས་སུུ༷་རྒྱུན་དུ་སྦྱོ༷ར་ཞིང་བརྩོན་པའི་གན༷ས་པ༷་སོ༷་སོ༷ར་བཀ༷ག་པ༷༩ད༷ང༌། གྲོང་གི་ཚོ༷གས་ཀྱི་གཏམ་ད༷ང་དབ༷ང་པོ་མཐོང་པ་པོ་ལ་སོ༷གས་པ་དང་བཅ༷ས་པ༷འི༷་གཏམ་གྱི་སྦྱོར་བ་ལ་བརྩོན་པར་མི་དམིགས་པ་༡༠དང༌། གཡུ༷ལ་འགྱེ༷ད་པ་སོགས་ཀྱི་སྦྱོར་བ་ལ་བརྩོན་པར་མི་གནས་པ་༡༡དང༌། སེ༷ར་སྣ༷་ལ༷་སོ༷གས་པའི་གཏམ་ལ༷་སྦྱོ༷ར་བ་ད༷ང་རྗེ༷ས་སུ༷་སྦྱོ༷ར་བ༷འི༷་གན༷ས་པ༷་སོ༷་སོ༷ར་བཀ༷ག་པ༷་སྟེ་བཞི་ནི་འགོག་པའི་བདེན་པའི་སྐད་ཅིག་མ་བཞིའོ། ། ཁ་ཅིག་གིས་འདིར་མདོ་དང་མི་མཐུན་པའི་བཤད་པ་བློ་རྩེ་གཏད་ས་མེད་པ་བྱས་སྣང་ངོ༌། །ཆོས་ཀྱི་བདག་པོ་དབྱིག་གཉེན་གྱིས་གཏམ་ངན་པའི་སྦྱོར་བ་ལས་ལྡོག་ཅིང་ཡང་དག་པའི་ལས་དང་བསམ་པ་ལ་འཇུག་པ་དང༌། ཞེས་གསུངས་སོ། །མདོ་ལས་གཞན་དུ་ན་ཤེར་ཕྱིན་གྱི་གཏམ་གྱི་སྦྱོར་བ་ལ་བརྩོན་ཞེས་སོ། །ཕྱིར་ལྡོག་པ་དང་ཕྱིར་མི་ལྡོག་པའི་ཆོ༷ས་ནི༷་རྡུ༷ལ་ཙ༷མ་མི༷་དམི༷གས་པ་༡༣དང༌། ར༷ང་གི༷་ཕྱིར་མི་ལྡོག་པའི་ས༷་ལ༷་ངེ༷ས་ཤིང་ཐེ་ཚོམ་མེད་པ༷་ཉི༷ད་༡༤དང༌། ཐེག་པ་གསུམ་གྱི་འཕགས་པ་རང་རང་གི་ས༷་གསུ༷མ་ལ༷་གན༷ས་པ༷་༡༥ད༷ང༌། དམ་པའི་ཆོ༷ས་ཀྱི༷་དོ༷ན་དུ༷་སྲོ༷ག་ཀྱང་གཏོ༷ང་བ༷་སྟེ་༡༦་དེ་བཞི་ལམ་གྱི་བདེན་པའི་སྐད་ཅིག་མ་བཞིའོ། །མདོ་ལུགས་མར་དེ་བཅུ་དྲུག་ལ་ཡེ་ཤེས་ཞེས་སྦྱར་ནས་བཤད་དོ། །དེ་ལྟར་བཤད་པ་དེ༷་འདྲ༷་ཡི་མཐོང་ལམ་སྐ༷ད་ཅི༷ག་མ་བཅུ༷་དྲུ༷ག་ནི༷་བློ༷་ལྡ༷ན་བྱང་ཆུབ་སེམས་དཔའ་མཐོ༷ང་བ༷འི་ལ༷མ་ལ་གན༷ས་པ་རྣམས་ཀྱི༷་བླ་མེད་བྱང་ཆུབ་ལས་ཕྱི༷ར་མི༷་ལྡོ༷ག་པར་སྒྲུབ་པ༷འི་རྟ༷གས་སམ་ཤེས་བྱེད་ད༷ག་ཡི༷ན་ཞེས་པའོ། །གོང་གི་བཅུ་པའི་སྐབས་ཀྱི་དབང་པོ་ནི། ཉ་ཊཱིཀ་ལས། བྲམ་ཟེ་རང་བཞིན་ཉན་གྱི་དབང་དུ་མཛད་ནས་ཉེར་གཉིས་བཀའ་སྩལ་ཏེ། ཡུལ་འཛིན་པར་དབང་བྱེད་པ་མིག་ནས་ཡིད་ཀྱི་བར་དྲུག་གོ །སྐྱེ་བར་རམ་རིགས་ཀྱི་རྒྱུད་ལ་དབང་བྱེད་པ་ཕོ་མོའི་དབང་པོ། རིས་མཐུན་གནས་པར་དབང་བྱེད་པ་སྲོག་དབང༌། དགེ་མི་དགེའི་ལས་ཀྱི་འབྲས་བུ་ལ་ཉེར་བར་སྤྱོད་པར་དབང་བྱེད་པ་བདེ་སྡུག ཡིད་བདེ་མི་བདེ་བཏང་སྙོམས་ཀྱི་དབང་བོ་སྟེ་ཉོན་མོངས་ཕྱོགས་ཀྱི་བཅུ་བཞིའོ། །འཇིག་རྟེན་པའི་རྣམ་དག་ལ་དབང་བྱེད་པ། དད་བརྩོན་དྲན་ཏིང་ཤེས་རབ་ཀྱི་དབང་བོ་ལྔ་སྟེ། དེས་ཉོན་མོངས་རྣམ་པར་མགོ་གནོན་པས་སོ། །འཇིག་རྟེན་འདས་པའི་རྣམ་དག་ལ་དབང་བྱེད་པ། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་བོ་ཀུན་ཤེས་པའི་དབང་པོ། ཀུན་ཤེས་ལྡན་པའི་དབང་བོ་སྟེ། དེ་དག་གིས་བག་ལ་ཉལ་ལེགས་པར་འཇོམས་ཤིང་བཅོམ་པས་སོ། །དེ་བརྒྱད་རྣམ་བྱང་ཕྱོགས་ཀྱི་དབང་བོ་ཡིན་ནོ། །དེ་རྣམས་ལས་སྤྱིར་འདོད་ཁམས་ཀྱི་རྟེན་ལ་ཐམས་ཅད་ཡོད་དུ་རུང་ལ། འདོད་པའི་སས་བསྡུས་ཀྱི་ཐ་མ་གསུམ་མེད་དེ། མཛོད་དུ། དྲི་མེད་མ་གཏོགས་འདོད་པར་གཏོགས། །ཞེས་སོ། །གཞན་རྣམས་ནི། མཛོད་དུ། ཕོ་མོའི་དབང་དང་སྡུག་བསྔལ་དག །མ་གཏོགས་གཟུགས་གཏོགས་གཟུགས་ཅན་དང༌། །བདེ་བའང་མ་གཏོགས་གཟུགས་མེད་གཏོགས། །ཞེས་སོ། །ཞེས་གསུངས་པ་ལྟར་རོ། །རྒྱས་པར་མཛོད་ཀྱི་གནས་གཉིས་པ་ལས་ཤེས་པར་བྱའོ། །དབང་པོ་ཐ་མ་གསུམ་གྱི་ས་མཚམས་ནི། མངོན་པ་འོག་མ་ལྟར་ན་དྲི་མེད་ཀྱི་དབང་པོ་གསུམ་མཐོང་སྒོམ་མི་སློབ་ལམ་གསུམ་ལ་རིམ་བཞིན་བཞག་སྟེ། མཛོད་ལས། མཐོང་སྒོམ་མི་སློབ་ལམ་ལ་དགུ། །གསུམ་ཡིན་གསུམ་ནི་དྲི་མ་མེད། །ཅེས་གསུངས་པའི་ཕྱིར་རོ། །མངོན་པ་གོང་མ་ལྟར་ན་ཀུན་བཏུས་ལས། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་གང་ཞེ་ན། སྦྱོར་བའི་ལམ་དང་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅོ་ལྔ་ལ་དབང་བྱེད་པའོ། །ཀུན་ཤེས་པའི་དབང་པོ་གང་ཞེ་ན་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པ་ལ་བརྟེན་ནས་སློབ་པའི་ལམ་ཐམས་ཅད་ལ་དབང་བྱེད་པའོ། །ཀུན་ཤེས་ལྡན་པའི་དབང་པོ་གང་ཞེ་ན་མི་སློབ་ལམ་ལ་དབང་བྱེད་པའོ། །ཞེས་གསུངས་པ་ལྟར་རོ། །ཡུམ་མདོ་ལྟར་ན་ཉི་ཁྲི་ལས། དེ་ལ་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་གང་ཞེ་ན། སློབ་པའི་གང་ཟག་མངོན་པར་རྟོགས་པར་གྱུར་པ་རྣམས་ཀྱི་དད་པའི་དབང་པོ་སྣང་བ་མེད་ཅིང་འདུལ་བར་བྱེད་པ་གང་ཡིན་པའོ། །ཞེས་དང༌། དེ་ལ་ཀུན་ཤེས་པའི་དབང་པོ་གང་ཞེ་ན། སློབ་པའི་གང་ཟག་ཀུན་ཤེས་པ་དང་ལྡན་པ་རྣམས་ཀྱི་དད་པའི་དབང་པོ་ནས་ཤེས་རབ་ཀྱི་དབང་པོའི་བར་ཏེ། ཞེས་དང༌། དེ་ལ་ཀུན་ཤེས་ལྡན་པའི་དབང་པོ་གང་ཞེ་ན། མི་སློབ་པའི་གང་ཟག་དགྲ་བཅོམ་པ་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་དད་པའི་དབང་པོ་ནས་ཤེས་རབ་ཀྱི་དབང་པོའི་བར་ཏེ། ཞེས་གསུངས་པའི་ཕྱིར་རོ། ། བསྡུ་བ་ལྟར་ན་བསྡུ་བ་ལས། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོའི་དོན་གང་ཞེ་ན། སྨྲས་པ། བདེན་པ་མངོན་པར་རྟོགས་པ་ལ་བརྩོན་པ་དེ་དག་གི་ཕྱོགས་ལ་འདུན་པ་ནས་བཟུང་སྟེ་སྦྱོར་བའི་ལམ་ཐམས་ཅད་ལ་དབང་པོ་ལྔའི་དོན་གང་ཡིན་པ་དེ་ཉིད་དེའི་དོན་ཡིན་པར་ལྟ་བར་བྱའོ། །ཀུན་ཤེས་པའི་དབང་པོའི་དོན་གང་ཞེ་ན། སྨྲས་པ། རྒྱུན་དུ་ཞུགས་པའི་འབྲས་བུ་ནས་བཟུང་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་གྱི་དབང་པོ་ལྔའི་དོན་གང་ཡིན་པ་དེ་ཉིད་དེའི་དོན་ཡིན་པར་ལྟ་བར་བྱའོ། །ཀུན་ཤེས་ལྡན་པའི་དབང་པོའི་དོན་གང་ཞེ་ན། སྨྲས་པ་མི་སློབ་ལམ་ནས་བཟུང་སྟེ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་བར་གྱི་དབང་པོ་ལྔའི་དོན་གང་ཡིན་པ་དེ་ཉིད་འདིའི་དོན་ཡིན་པར་ལྟ་བར་བྱའོ། །ཞེས་དང༌། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ནི། དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་ཐག་རིང་ཞིང་འཇིག་རྟེན་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཟག་པ་དང་བཅས་པ་ཡིན་ལ། དགེ་སྦྱོང་ཚུལ་གྱི་འབྲས་བུ་དང་ཐག་མི་རིང་ཞིང་འཇིག་རྟེན་ལས་འདས་པའི་རྣམ་པར་རྟོག་པ་གང་ཡིན་དེ་ནི་ཟག་པ་མེད་པ་ཡིན་པར་ལྟ་བར་བྱའོ། །ཞེས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་གསུམ་ཇི་ལྟར་རྣམ་པར་བཞག་ཅེ་ན། སྨྲས་པ། མོས་པ་ལ་སྤྱོད་པའི་ས་ནི་དང་པོའི་རྣམ་པར་བཞག་གོ །དེ་ལས་གཞན་ལྷག་པའི་བསམ་པ་རྣམ་པར་དག་པ་ལ་ནི། གཉིས་པའོ། །དེ་བཞིན་གཤེགས་པ་ལ་ནི་དབང་པོ་གསུམ་པ་རྣམ་པར་དག་པར་བལྟ་བར་བྱའོ། །ཞེས་ས་མཚམས་ཀྱི་ཚུལ་དུ་མ་ཡོད་དོ། །མཐོང་ལམ་ཕྱིར་མི་ལྡོག་གི་རྟགས་བཅུ་དྲུག་རང་དོན་དང་གཞན་དོན་གྱི་རྟགས་གང་ཡིན་དང༌། རྒྱུ་འབྲས་ཀྱི་འབྲེལ་བ་དང༌། འབྲས་བུ་ལ་རྒྱུ་ཞེས་བཏགས་པ་སོགས་ནི། ཉ་ཊཱིཀ་ལས། དེ་ལྟར་ན་བཟོད་པ་དང་ཤེས་པའི་སྐད་ཅིག་མ་བཅུ་དྲུག་གིས་བསྡུས་པ་འདི་རྣམས་ནི། བྱང་པ་མཐོང་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་དག་ཏུ་བརྗོད་པ་ཡིན་ནོ། །དེ་ཡང་རང་གིས་རང་ལ་དཔོག་པ་ན་དེ་ཉིད་རྟགས་སུ་འགྱུར་རོ། །དེ་རྣམས་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཡིན་པས་གཞན་གྱིས་མི་རྟོགས་པས། ཇི་ལྟར་གཞན་གྱིས་ཕྱིར་མི་ལྡོག་ཏུ་རྟོགས་པའི་རྟགས་སུ་འགྱུར་ཞེ་ན། ཞེས་གསེར་རོ། །གཞན་གྱིས་གཞན་ལ་དཔོག་པའི་ཚེ་རྒྱུ་མཉམ་རྗེས་ཀྱི་ཡེ་ཤེས་ལ་འབྲས་བུ་གཞན་དོན་གྱི་ཕྱིར་མི་ལྡོག་གི་རྟགས་དངོས་ཀྱི་མིང་གིས་ཉེ་བར་བཏགས་ནས་བཤད་དེ། ཆོས་བཤེས་ཀྱིས། འབྲས་བུ་རྒྱུ་ལ་བཏགས་ཏེ་བརྗོད་དོ། །ཞེས་སོ། །འོ་ན་གསེར་དུ། ཉེ་བར་བཏགས་ནས་ཤེས་པའི་སྐད་ཅིག་མའི་མཚན་ཉིད་ཀྱིས་བཤད་ཅེས་འབྲས་བུ་ལ་རྒྱུ་མིང་བཏགས་པར་བཤད་པ་དང་འགལ་ཞེ་ན། མི་འགལ་ཏེ། མཚན་ཉིད་ཅེས་པ་རྟགས་ལ་ཟེར་བས་མཉམ་བཞག་གི་རྟགས་ཀྱིས་རྟགས་ཞེས་པ་མཉམ་བཞག་ལ་རྟགས་སུ་བཏགས་ཞེས་པ་ཡིན་ལ། དེ་ལྟ་མིན་ན་གཞན་གྱིས་གཞན་ལ་དཔོག་པའི་མཉམ་བཞག་གི་རྟགས་ཁྱེད་ལྟར་ན་ཅི་ལྟར་འཐད། ཁས་བླངས་མཉམ་བཞག་རྟགས་སུ་མི་འགྱུར་རྗེས་ཐོབ་ཐ་སྙད་ཁོ་ན་རྟགས་ཡིན་ཅེས། མ་འགལ་བར་མཛོད་ཅིག བཏགས་པའི་རྒྱུ་མཚན་ནི། མཉམ་བཞག་བཅུ་དྲུག་པོ་རྣམས་ཐོབ་པ་ན་མཉམ་བཞག་རང་དང་གཟུང་འཛིན་གཉིས་ཞེན་མེད་པར་མཐུན་པའི་འབྲས་བུ་གཟུགས་ལ་སོགས་པར་ཞེན་པའི་འདུ་ཤེས་ལྡོག་པ་ལ་སོགས་པའི་རྗེས་ཐོབ་ཀྱི་རྟོགས་པ་བཅུ་དྲུག་འབྱུང་ཞིང་དེ་འདྲའི་མཉམ་རྗེས་ཀྱིས་དེ་གཉིས་ཡོད་པར་མཚོན་ནུས་པའི་རྗེས་ཐོབ་ཏུ་སྐད་ཅིག་རེ་རེ་ལ་ཆོས་སྒོ་བརྒྱ་འབྱེད་ཅིང་ཞིང་བརྒྱར་འགྲོར་ལུས་བརྒྱ་སྟོན། སེམས་ཅན་བརྒྱ་སྨིན་པར་བྱེད་པ་སོགས་ལུས་ངག་གི་ཐ་སྙད་ཕྱིན་ཅི་མ་ལོག་པ་བསྐྱེད་ཅིང་དེ་རྟགས་ཡིན་པའི་ཕྱིར་ན་རྒྱུ་འབྲས་ཀྱི་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་སོ། །རང་དང་མཐུན་པའི་རྗེས་ཐོབ་ཀྱི་རྟོགས་པ་ཅི་འདྲ་ཞེ་ན། དག་པ་འཇིག་རྟེན་པ་སྟེ། བརྡ་ལ་བྱང་བས་མེ་ལོང་གི་གཟུགས་བརྙན་མཐོང་བ་ལྟར་གཟུང་བ་དང་འཛིན་པར་སྣང་ཡང་དེར་བདེན་པར་མངོན་པར་མ་ཞེན་པའི་རྣམ་པ་ཅན་ཡིན་པས། དག་པ་རྗེས་ཐོབ་ཀྱི་སེམས་གཉིས་སྣང་ཅན་གྱིས་བསྡུས་པ་སྟེ་ཡིན་པས་འཇིག་རྟེན་པ་སྟེ་དེ་འདྲའི་རྗེས་ཐོབ་ཀྱི་རྟོགས་པ་ཞིག་གོ །བྱང་སེའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་མཚན་ཉིད་གཟུང་འཛིན་གཉིས་སུ་སྣང་ཞིང་དེར་མ་ཞེན་པའི་ཡེ་ཤེས་ཞེས་བྱ་བའོ། །བཏགས་པའི་དགོས་པ་ནི། རྣལ་འབྱོར་པ་འཕགས་ཆེན་རྣམས་ཀྱི་རྗེས་ཐོབ་བྱ་བ་ལ་འཇུག་པའི་ལུས་ངག་གི་ཐ་སྙད་ནི་དུས་ཐམས་ཅད་དུ་ཤིན་ཏུ་ཞི་བའི་མཉམ་བཞག་གི་རྟོགས་པ་དང་མཐུན་པ་ཁོ་ན་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་དུའོ། །ཡེ་ཤེས་ཤིན་ཏུ་ཞི་བ་ཅན་རྣམས་ཁྲོ་བོ་ལ་སོགས་པ་དྲག་པོ་ཞེ་སྡང་ཅན་སོགས་ཀྱི་རྣམ་པར་སྟོན་པ་མིན་ནམ་ཞེ་ན། མ་རུངས་པ་དང་ཆགས་པ་ཅན་སོགས་ཀྱི་སེམས་ཅན་གདུལ་བའི་དགོས་པའི་དབང་ཡིན་པས་དེ་འདྲ་མ་གཏོགས་པར་ཐམས་ཅད་དུ་ཞེས་སྦྱར་ཏེ། དཔུང་བཟང་གི་རྒྱུད་ལས། གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ཡང༌། །ཆགས་སེམས་ཅན་ལ་ཆགས་པ་ལྟར་སྟོན་དང༌། །གདུལ་བྱའི་དོན་ཕྱིར་ཁྲོ་ལ་ཁྲོར་སྟོན་པའི། །བྱང་ཆུབ་མཆོག་གནས་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །སྤྱིར་བཏང་བ་ལ་དམིགས་བསལ་བ། །བསྟན་བཅོས་ཀུན་ལ་རབ་ཏུ་བསྔགས། །ཞེས་རིན་ཆེན་ཕྲེང་བར་རོ། །དངོས་ལ་གནོད་བྱེད་ནི། དེ་འདྲའི་མཉམ་བཞག་གཞན་དོན་གྱི་རྟགས་དངོས་མིན་པ་དེ་ལྟ་མིན་པར་ཡིན་ན་མཐོང་ལམ་པ་དབང་འབྲིང་ལྷ་སྦྱིན་གྱི་མཉམ་བཞག་གི་ཤེས་བཟོད་བཅུ་དྲུག་ཆོས་ཅན། སོ་སྐྱེ་མཆོད་སྦྱིན་སོགས་གཞན་འགའི་ངོར་དེ་འདྲའི་ལྷ་སྦྱིན་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་ཡིད་ཆེས་པར་བྱེད་པའི་རྟགས་ཡང་དག་ཅི་ལྟར་ཡིན་ཏེ་མིན་པར་ཐལ། དེ་འདྲའི་ལྷ་སྦྱིན་གྱི་མཉམ་བཞག་གི་ཡེ་ཤེས་ཡིན་པས་སོ། །ཁྱབ་སྟེ། རྣལ་འབྱོར་བ་འཕགས་ཆེན་གྱི་རྒྱུད་ལ་ཡོད་པའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་སྐད་ཅིག་མ་རྣམས་རང་གིས་རིག་གི་སོ་སྐྱེ་སོགས་ཀྱིས་མི་རིག་པས་སོ། །གསེར་ཆོས་ཀྱི་དགོངས་པ་ལྟར་རོ། །ཞེས་གསུངས་སོ། །འོན་ཀྱང་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །

གསུམ་པ་སྒོམ་ལམ་གྱི་རང་བཞིན་བཤད་པ།

གསུམ་པ་སྒོམ་ལམ་གྱི་རང་བཞིན་བཤད་པ་ལ།

སྒོམ་ལམ་ཟབ་པ་དང༌། ཇི་ལྟར་བསྒོམ་པའི་ཚུལ་དང༌། དབྱེ་བ་དང༌། གྲངས་མེད་ལ་སོགས་ཀྱི་ཁྱད་པར་དང༌། བྱེད་ལས་དང༌། ཟབ་མོའི་ཆོས་ཉིད་བཤད་པ་དྲུག་ལས། དང་པོ་ནི། ཉི་ཁྲིའི་ལེའུ་ཞེ་གཅིག་པར་བྱང་ཆུབ་སེམས་དཔའ་གང་ལ་གནས་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་བྱེད་པའི་གནས་ཟབ་མོ་ནི་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། འདུ་བྱ་བ་མེད་པ་དང༌། ཞེས་སོགས་ཀྱི་དོན། རྩ་བར། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོའི་སྟོང་པ་ཉིད་ལ་སོགས། །ཟབ་པའི་དེ་ནི་སྒྲོ་འདོགས་དང༌། །སྐུར་པའི་མཐའ་ལས་གྲོལ་བ་ཉིད། །ཅེས་སོ། །དེའི་དོན་རྟོགས་བྱེད་དང་རྟོགས་བྱ་གཉིས་ལ་སྦྱར་ནས་ཟབ་པ་ཡིན་པར་ཉ་ཊཱིཀ་ལས་བཤད་དེ། དེ་ལས། ཐེག་ཆེན་གྱི་སྒོམ་པའི་ལམ་ཟག་མེད་ཆོས་ཅན། ཉན་རང་སྒོམ་ལམ་པས་ཆོས་ཟབ་པ་ཡིན་ནོ། །ཟབ་མོ་དེ་བཞིན་ཉིད་སོགས་མངོན་སུམ་དུ་རྟོགས་ནས་བསྒོམ་པ་དང་ལྡན་པ་སྟེ་ཅན་གྱི་ཡེ་ཤེས་ཡིན་པས་སོ། །ཞེས་པ་ནས། རྟོགས་བྱའི་ཟབ་མོ་གང་ན། སྟོང་བ་ཉིད་དང༌། ནས། དེ་བཞིན་ཉིད་ཡང་དག་མཐའ་སོགས་ཆོས་ཅན། ཟབ་མོ་ཡིན་ཏེ། རྒྱུ་མཚན་ཅི་ན། ཟབ་པ་དེའི་རྒྱུ་མཚན་ནི་སྒྲོ་འདོགས་པ་དང་སྐུར་བའི་མཐའ་ལས་གྲོལ་བའི་དོན་དམ་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེའི་སྐབས་སུ་མདོ་ལུགས་མ་ལས། ལམ་དུས་སུ་ཆོས་ཉིད་དྲི་བཅས་དྲི་མེད་དུ་འགྱུར་བ་ཉིད་ལ་ཆོས་ཉིད་ལ་ཆོས་ཉིད་ཀྱི་མི་རྟག་པའི་དོན་དང༌། ཆོས་ཉིད་ཀྱི་འདུས་བྱས་ཀྱི་དོན་དུ་གསུངས་པའི་ཕྱིར་འདིར་ཆོས་ཀྱི་དབྱིངས་སྒོམ་ལམ་དུ་གསུངས་པ་དང༌། ལམ་འདུས་བྱས་སུ་བསྟན་པ་གཉིས་འགལ་བར་མི་བསམ་མོ། །དེས་ན་བསྒོམ་པའི་ལམ་ནི་ཟབ་པ་ཡིན་ཏེ། ལམ་གྱི་ངོ་བོ་ཟབ་མོ་སྟོང་པ་ཉིད་ལ་སོགས་པ་ཆོས་དབྱིངས་ཀྱི་མཐར་ཐུག་པ་འདི་རྣམས་ཡིན་པའི་ཕྱིར་རོ། །ཟབ་མོའི་དོན་ཅི་ཞེ་ན། ཟབ་པའི་དོན་དེ་ནི་སྒྲོ་འདོགས་དང་སྐུར་པའི་མཐའ་ལས་གྲོལ་བ་ཉིད་དོ། །ཞེས་གསུངས་པའི་སྒོམ་ལམ་གྱི་ངོ་བོ་ཆོས་དབྱིངས་ཡིན་ཞེས་སྣང་ཚུལ་སོགས་གང་གི་དབང་དུ་བྱས་པ་ཡིན་དཔྱད་པར་བྱའོ། །

གཉིས་པ་ཇི་ལྟར་བསྒོམ་པའི་ཚུལ།

གཉིས་པ་ཇི་ལྟར་བསྒོམ་པའི་ཚུལ་ནི།

མདོ་ལས། ཤེར་ཕྱིན་ལ་ཇི་སྐད་བསྟན་པ་བཞིན་དུ་ཤེར་ཕྱིན་དང་ལྡན་པའི་གནས་ཟབ་མོ་འདི་དག་སེམས་པ་དང་འཇལ་བ་དང་རྟོགས་པར་བྱེད་ན་གྲངས་མེད་ཚད་མེད་དཔག་ཏུ་མེད་པའི་དགེ་བ་འཛིན་ཞེས་སོགས་ཀྱི་དོན། རྩ་བར། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་བསྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོག་བསྒོམ་པའི་ལམ། །ཞེས་སོ། །དེའི་དོན་མདོ་ལུགས་མ་ལས། ངེས་འབྱེད་ཡན་ལག་གི་གནས་སྐབས་ཉིད་ལ་ཟབ་མོ་དེ་དག་ལ་ཡང་དང་ཡང་དུ་སེམས་པ་དང༌། མཐོང་བའི་ལམ་གྱི་གནས་སྐབས་སུ་ཟབ་མོ་དེ་དག་ཉིད་ལ་ཡང་དང་ཡང་དུ་འཇལ་བ་དང༌། སྒོམ་པའི་ལམ་གྱི་གནས་སྐབས་སུ་ཟབ་མོ་དེ་དག་ཉིད་ལ་ཡང་དང་ཡང་དུ་ངེས་པར་རྟོག་པའི་བྱེད་པ་ནི། གནས་སྐབས་དེ་དག་ཏུ་ཚུལ་ཇི་ལྟར་བསྒོམ་ན། དེ་ལྟར་སྒོམ་པའི་ལམ་ཡིན་ནོ། །ཞེས་གསུངས་སོ། །དེ་ལ་སྐབས་འདིའི་སེམས་པ་འཇལ་བ་ངེས་རྟོག་གསུམ་སྦྱོར་མཐོང་སྒོམ་གསུམ་སྦྱར་བ་མི་འཐད་པར་ཐལ། ཉ་ཊཱིཀ་ལས། ཐོས་བསམ་སྒོམ་པ་ལས་བྱུང་བའི་ཤེས་རབ་དག་གམ་ཏིང་ངེ་འཛིན་གྱི་སྦྱོར་དངོས་རྗེས་ལས་བྱུང་བའི་ཤེས་རབ་ཀྱིས་གོ་རིམ་བཞིན་དུ་ཡང་དང་ཡང་དུ་སེམས་པ་དང༌། ཡང་ཡང་འཇལ་བ་དང་ཡང་ཡང་ངེས་པར་རྟོག་པའི་ཟག་མེད་ཡེ་ཤེས་ཡིན་པས་སོ། །འདིས་ས་དང་པོ་ཡན་གྱི་ཐོས་བསམ་ཡང་སྒོམ་ལམ་དུ་བསྟན་པས་སྒོམ་ལམ་བསྒོམས་པས་མ་ཁྱབ་པས་སོ། ཞེས་དང༌། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

གསུམ་པ་སྒོམ་ལམ་གྱི་དབྱེ་བ་བཤད་པ།

གསུམ་པ་སྒོམ་ལམ་གྱི་དབྱེ་བ་བཤད་པ་ནི།

རྩ་བར། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡི། །རྣམ་པས་རྣམ་པ་དགུར་བཞེད་དོ། །ཞེས་སོ། །དེའི་དོན་མདོ་ལུགས་མ་ལས། སྒོམ་པའི་ལམ་དེ་ནི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྒྱུན་ཆགས་སུ་བསྒོམ་པ་ཡིན་པའི་ཕྱིར། རྒྱུན་གཅིག་པོ་དེ་ཉིད་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་དུ་ཕྱེ་བ་རྣམས་ཀྱང༌། ཆུང་ངུའི་ཆུ་ངུ་དང༌། ཆུང་ངུའི་འབྲིང་དང༌། ཆུང་ངུའི་ཆེན་པོ་ལ་སོགས་པ་རེ་རེ་ཡང་གསུམ་གསུམ་དུ་དབྱེ་བའི་རྣམ་པས། སྒོམ་ལམ་རྣམ་པ་དགུར་བཅས་བཞེད། ཅེས་གསུངས་སོ། །ཡང་གི་སྒྲས་ནི། ཉ་ཊཱིཀ་ལས། ཡང་གི་སྒྲས་སྤང་བྱ་ཆེ་འབྲིང་དགུ་ཡོད་པ་སྡུད་ཅེས་དག་ལྡན་སོགས་སོ། །ཞེས་གསུངས་སོ། །སྤང་བྱ་སྤང་ཚུལ་ནི། ཉ་ཊཱིཀ་ལས། དེ་ཡང་སྤང་བྱ་ཆེ་རིམ་ནས་དང་གཉེན་པོ་ཆུང་རིམ་ནས་དང་པོར་འཇུག་པ་འཐད་དེ། ཐོག་མ་ཁོ་ནར་ལམ་ཆེན་པོ་མི་སྲིད་པའམ་ལམ་ཆེན་པོ་སྐྱེས་པ་ན་ཉོན་མོངས་ཆེན་པོ་ཡོད་མི་སྲིད་པའི་ཕྱིར་རོ། །གོས་ཀྱི་དྲི་མ་ཆེན་པོ་དང་པོར་བསལ་ནས་ཕྱིས་ཕྲ་མོ་དག་པར་བྱེད་པ་དང༌། ཁང་ནང་ལྟ་བུའི་མུན་པ་ཤིན་ཏུ་ཆེན་པོ་ནི་སྣང་བ་ཆུང་ངུས་སེལ་ལ་རྩིག་ཕུག་ལྟ་བུའི་མུན་པ་ཆུང་ངུ་ནི་སྣང་བ་ཆེན་པོས་སེལ་ཏོ་ཞེས་བྱ་བའི་དཔེས་འགྲུབ་པོ། །སྤྱིར་ཡང་ཆོས་དཀར་པོ་སྟོབས་ཆེ་ནག་པོ་སྟོབས་ཆུང་བས་འཕགས་ལམ་སྐད་ཅིག་ཆུང་ངུས་ཀྱང་ཐོག་མེད་ནས་བརྒྱུད་ཅིང་བརྟས་པའི་ཉོན་མོངས་ཆེན་པོའང་རྩད་ནས་འབྱིན་ཏེ། ཞེས་གསུངས་སོ། །ཡང་ཉ་ཊཱིཀ་ལས། སྒོམ་ལམ་བཅོ་བརྒྱད་དུ་འགྱུར་ཏེ་སྒོམ་སྤང་ཉོན་སྒྲིབ་དགུ་ཡང་ཡོད་པས་སོ་ཞེ་ན། སྐབས་འདི་སྒོམ་སྤང་རྣམ་རྟོག་དགུ་སྤང་གཉེན་ལས་མ་གཏོགས་པའི་སྒོམ་སྤང་ཉོན་སྒྲིབ་དགུའི་དངོས་གཉེན་སྒོམ་ལམ་ཟག་མེད་དགུ་དངོས་སུ་བསྟན་མི་དགོས་ཏེ། བྱང་པ་རྣམས་ཀྱི་ཆེད་དུ་གཉེར་ནས་སྤོང་དགོས་པའི་ཉོན་མོངས་པའི་མིང་ཅན་གྱི་སྤང་བྱའི་གཙོ་བོ་ནི་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཉིད་ཡིན་པས་འདིར་ཡང་བྱང་འཕགས་སྒོམ་ལམ་པས་ཞེས་སོགས་སྒོམ་སྤང་རྣམ་རྟོག་ཅེས་འདོན་པ་བསྒྱུར་རོ། །དེས་ན་དེ་སྤངས་བས་དེ་ཡང་སྤངས་པར་འགྱུར་རོ། །རྒྱན་འགྲེལ་ལས་དེ་སྐད་ཅེས་འབྱུང་བའི་ཕྱིར་རོ། །ཞེས་པས་གཟུང་འཛིན་གྱི་རྟོག་པ་ལ་ཉོན་སྒྲིབ་ཞིག་ཡོད་མེད་དང༌། གཟུང་འཛིན་གྱི་རྟོག་པ་ལ་བདེན་འཛིན་དང་ཤེས་སྒྲིབ་ཀྱིས་ཁྱབ་མ་ཁྱབ་བརྟག་པར་བྱའོ། །

བཞི་པ་གྲངས་མེད་ལ་སོགས་ཀྱི་ཁྱད་པར་བཤད་པ།

བཞི་པ་གྲངས་མེད་ལ་སོགས་ཀྱི་ཁྱད་པར་བཤད་པ་ནི།

མདོ་ལས། བཅོམ་ལྡན་འདས་གྲངས་མ་མཆིས་པ་དང༌། དཔག་ཏུུ་མ་མཆིས་པ་དང། ཚད་མ་མཆིས་པ་ལ་བྱེ་བྲག་ནི་ཅི་མཆིས། ཁྱད་ནི་ཅི་མཆིས་ཞེས་པའི་དོན་རྩ་བར། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བའི། །རྒྱུ་མཐུན་དེ་དག་ཐུབ་པ་བཞེད། །ཅེས་པའི་དོན་མདོ་ལུགས་མ་ལས། དོན་དམ་པ་སྟོང་པ་ཉིད་ཟབ་མོའི་དབྱིངས་ནི་གྲ༷ངས་མེ༷ད་པ་ཡང་དེ་ཡིན། དཔག་ཏུ་མེད་པ་ཡང་དེ་ཡིན། ཚད་མེད་པ་ཡང་དེ་ཡིན་པས། གྲངས་མེད་པ་ལ༷་སོ༷གས་མདོ་ལས་བསྟ༷ན་པ༷་རྣ༷མས་དོན་ད༷མ་པ༷་སྟོང་པ་ཉིད་ཟབ་མོའི་དོ༷ན་ཁོ་ན་ཉིད་དུ༷་གཅིག་པ་ལ་ནི་ཐ་དད་དུ་དབྱེ་བར་བཟོ༷ད་པ་མ༷་ཡི༷ན་ནོ། །ཀུ༷ན་རྫོ༷བ་ཏུ༷་འདུས་བྱས་སམ་འདུས་མ་བྱས་སུ་བགྲང་བར་མི་ནུས་པ་ནི༷་གྲངས་མེད་པ་དང༌།དུས་གསུམ་གྱི་ཆོས་རྣམས་ལ་ཚད་མི་དམིགས་པ་ནི་དཔག་ཏུ་མེད་པ་དང༌། གཞལ་བར་མི་ནུས་པ་ནི་ཚད་མེད་པའོ། །ཞེས་ཐ་དད་ཕྱེས་ནས་བསྟན་པ་ནི། སེམས་ཅན་ལ་ཕན་པ་ཐུགས་བརྩེ་བ་ཆེན་པོའི་འབྲས་བུ་ཡིན་པའི་ཕྱིར་དེ་བཞིན་གཤེགས་པའི་ཐུ༷གས་བརྩེ༷་བ༷་ཆེན་པོའི་རྒྱུ༷་མཐུ༷ན་རྒྱུ་དང་འདྲ་བའི་འབྲས་བུ་གྲངས་མེད་ལ་སོགས་ཐ་དད་དུ་ཕྱེས་ནས་བསྟན་པ་དེ༷་ད༷ག་ཐུ༷བ་པ༷་བཞེ༷ད་དོ། །ཁྲི་བརྒྱད་སྟོང་པ་ལ། གྲངས་མེད་པ་དང༌། དཔག་ཏུ་མེད་པ་དང༌། ཚད་མེད་པ་ཞེས་བྱ་བར་བརྗོད་པ། དེ་ནི་དེ་བཞིན་གཤེགས་པའི་བཤད་པའི་རྒྱུ་མཐུན་པ་བསྟན་པ་ཡིན་ནོ། །ཞེས་སོ། །ཆོས་ཀྱི་བདག་པོ་དབྱིག་གཉེན་གྱིས། གྲངས་དང་ཚད་ལ་སོགས་པ་ནི་ཀུན་བཏགས་པ་རྣམས་ལ་ཡོད་ཀྱི་སྟོང་པ་ཉིད་ཀྱི་དབྱིངས་ལ་ནི་མེད་དེ་འདི་ནི་བྱེ་བྲག་གོ །ཞེས་དང༌། ཀུན་རྫོབ་ཏུ་བཤད་པ་ནི་ཐུགས་རྗེ་ཆེན་པོའི་རྒྱུ་མཐུན་པའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་ལ། དེ་ལྟར་ན་གྲངས་མེད་སོགས་ཆོས་དབྱིངས་ལ་སྦྱར་ལ། ཉ་ཊཱིཀ་ལས། སྒོམ་ལམ་གྱི་འབྲས་བུ་བསོད་ནམས་གྲངས་མེད་ཚད་མེད་སོགས་སྦྱར་ནས་གསུངས་ཏེ། ཉ་ཊཱིཀ་ལས། སྒོམ་ལམ་ཟག་མེད་རང་མཚན་གཅིག་ཆོས་ཅན། ཁྱོད་ཀྱི་འབྲས་བུ་བསོད་ནམས་གྲངས་མེད་ཚད་མེད་ལ་སོགས་ཚིག་ཏུ་བསྟན་པ་རྣམས་དམ་པའི་དོན་དུ་གྲུབ་པར་བཟོད་པ་མ་ཡིན་ཏེ། དོན་དམ་པར་ཆོས་ཐམས་ཅད་སྟོང་བ་ཡིན་པས་སོ། །ཞེས་པ་ནས། སྒོམ་ལམ་གྱི་རིགས་ཆུང་འབྲིང་ཆེ་དགུ་ལས་གྲངས་མང་བ་མེད་ཀྱང་ཁྱོད་ཀྱི་འབྲས་བུ་བསོད་ནམས་གྲངས་མེད་སོགས་བསྟན་པ་འཐད་དེ།དེ་མེད་ཀྱང་ཡང་དག་པའི་ཀུན་རྫོབ་ཏུ་ནི་དེའི་འབྲས་བུ་བསོད་ནམས་གྲངས་མེད་སོགས་ཡོད་ཅིང་ཀུན་རྫོབ་ཏུ་ཡོད་པར་བཤད་པ་ནི་དེ་པའི་ཐུགས་བརྩེ་བ་ཆེན་པོའི་རྒྱུ་མཐུན་པ་ཡིན་པས་སོ། །ཞེས་པ་ནས། དོན་དམ་དུ་མེད་ཀྱང་ཀུན་རྫོབ་ཏུ་བཞེད་པས་སྐྱོན་མེད་ཅེས་སྦྱར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་འབྲས་བུ་བསོད་ནམས་མང་བོ་བསྐྱེད་པས་སྒོམ་ལམ་ལ་རིགས་དགུ་བས་མང་བོ་ཉིད་དུ་ཐལ་བར་མི་འགྱུར་རོ། །དེ་བསྐྱེད་ཀྱང་དགུར་གྲངས་ངེས་པས་སོ་ཞེས་སྦྱར་བར་ཉ་ཊཱིཀ་ལས་བཤད་དོ། །

ལྔ་པ་སྒོམ་ལམ་གྱི་བྱེད་ལས་བཤད་པ།

ལྔ་པ་སྒོམ་ལམ་གྱི་བྱེད་ལས་བཤད་པ་ལ།

དྲི་བ་ཞུས་པ་དང་ལན་གཉིས་ལས། དང་པོ་མདོ་ལས། བརྗོད་དུ་མེད་པའི་སྟོང་ཉིད་དེ་ལ་འཕེལ་འགྲིབ་མེད་ན། དེས་སྦྱིན་སོགས་འཕེལ་འགྲིབ་མེད་པར་འགྱུར་རོ། །དེ་ལྟ་ན་རྣམ་མཁྱེན་མེད་པར་འགྱུར་རོ། །རྣམ་མཁྱེན་མེད་ན་སུ་ཞིག་འཚང་རྒྱ་བར་འགྱུར་ཞེས་ཞུས་པའི་དོན་ནི། རྩ་བར། དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང༌། །སྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ། །ཅེས་སོ། །སྟོང་ཉིད་ཟབ་མོ་དངོས་པོར་བརྗོད་དུ་མེད་ཅིང་མ་གྲུབ་པ་ལ་ཆོས་ནག་པོའི་དབང་གིས་ཉམས་པ་དང་ནི་དཀར་པོའི་དབང་གིས་འཕེལ་བ་ཡང་མི་རུང་བས། དེས་གཟུང་བའི་སྦྱིན་སོགས་ཡང་འཕེལ་འགྲིབ་མེད་ན། འོ་ན་སྟོང་ཉིད་དེ་སྒོམ་པ་ཞེས་བྱ་བའི་ལམ་གྱིས་ནི་སྤང་བྱ་ཇི་ཞིག་ཉམས་ཤིང་གཉེན་པོ་ཇི་ཞིག་འཕེལ་བའི་སྒོ་ནས་བླ་མེད་བྱང་ཆུབ་ཅི་ཞིག་འཐོབ་ཅེས་ཞུས་པ་དང༌། གཉིས་པ་དེའི་ལན་ནི་མདོ་ལས། ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་སྦྱིན་སོགས་འཕེལ་ལོ་སྙམ་དུ་མི་སེམས་ཤིང་མིང་ཙམ་མོ་སྙམ་དུ་སྤྱོད་པའི་ཚེ་སེམས་བསྐྱེད་པ་དེ་དང་དགེ་བ་དེ་དག་བླ་ན་མེད་པའི་བྱང་ཆུབ་ཇི་ལྟ་བ་བཞིན་དུ་བསྔོའོ། །ཞེས་པའི་དོན་ནི། རྩ་བར། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །འདིས་ནི་འདོད་པའི་དོན་སྒྲུབ་བྱེད། །བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །ཅེས་སོ། །དེའི་དོན་མདོ་ལུགས་མ་ལས། སྐབས་འདིའི་བསྔོ་བ་ནི། སྒོམ་ལམ་གྱི་ངོ་བོ་ཡིན་པའི་ཕྱིར། ཐབས་མཁས་པས་རྨི་ལམ་ལྟ་བུའི་དགེ་བ་དེ་དག་བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་བསྔོ་བའི་སྒོམ་ལམ་དེས་ནི་འདོད་པའི་དོན་གྱི་མཆོག་ཏུ་བླ་མེད་བྱང་ཆུབ་བསྒྲུབ་ཅིང་ཐོབ་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །མདོར་ན་ཆོས་དབྱིངས་དང་སྒོམ་ལམ་གང་ལ་ཡང་དོན་དམ་པར་སྤང་བྱ་ཉམས་པ་དང་གཉེན་པོ་འཕེལ་བ་མེད་ཀྱང་ཐ་སྙད་དུ་སྒོམ་ལམ་གྱིས་སྤང་བྱ་ཉམས་པར་བྱེད་པ་དང་གཉེན་པོ་སྒོམ་ལམ་འཕེལ་བ་འཐད་དོ། །ཉ་ཊཱིཀ་ཏུ་རྩ་བར། སེམས་ནི་སྔ་མའི་བྱང་ཆུབ་པར། །ཞེས་པ་ནས། རྣམ་པ་བརྒྱད། །ཅེས་པ་བྱེད་པའི་ས་བཅད་འདིར་བསྡུས་ནས་གོང་དུ་བྱང་ཆུབ་ཐ་སྙད་དུ་ཐོབ་ཅེས་ལན་གསུངས་པ་ལ་ཐ་སྙད་དུ་བྱང་ཆུབ་ཐོབ་པ་མི་རིགས་པའི་རྩོད་ལན་ལ་སྦྱར་ནས་བཤད་པས་དཔྱད་པར་བྱའོ། །

དྲུག་པ་ཟབ་མོའི་ཆོས་ཉིད་བཤད་པ།

དྲུག་པ་ཟབ་མོའི་ཆོས་ཉིད་བཤད་པ་ལ།

དྲི་བ་ཞུས་པ་དང་ལན་གཉིས་ལས་དང་པོ་ནི། རྩ་བར། སེམས་ནི་སྔ་མས་བྱང་ཆུབ་པར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། ཞེས་སོ། །ཐ་སྙད་དུ་ཡང་བྱང་ཆུབ་ཀྱི་སེ༷མས་ཀྱིས་ནི༷་བླ་མེད་བྱང་ཆུབ་བསྐྱེད་པར་མི་རིགས་ཏེ། སེམས་བསྐྱེད་སྔ༷་མ༷་གཅིག་པུས་ཀྱང་བྱ༷ང་ཆུ༷བ་བསྐྱེད་པ༷ར་རི༷གས་པ་མི༷ན་ལ། ཕྱི༷་མ༷་གཅིག་པུས་ཀྱ༷ང་མ༷་ཡི༷ན། ཚོགས་སྦྱོར་མཐོང་སྒོམ་གྱི་སེམས་བསྐྱེད་དང་ལམ་རྣམས་ཅིག་ཆར་སྐྱེ་བ་མེད་པས་སྔ་ཕྱི་མང་པོ་ཅིག་ཆར་འབྱུང་བས་ཀྱང་མ་ཡིན། ཚོགས་སྦྱོར་སོགས་ཀྱི་སེམས་བསྐྱེད་རྣམས་རིམ་ཅན་དུ་འབྱུང་བས་ན་ཕྱི་མ་ཕྱི་མའི་ཚེ་སྔ་མ་སྔ་མ་འགག་ཟིན་པས་ན་རིམ་ཅན་དུ་འབྱུང་བས་ཀྱང་བསྐྱེད་པ་མ་ཡིན་པའི་ཕྱིར། ཞེས་ཟེར་ཏེ། རྟགས་ཕྱི་མ་མ་གྲུབ་ལ་སྔ་མ་གསུམ་ལ་ཁྱབ་པ་མེད་པའོ། །

གཉིས་པ་ལན་ལ།

དཔེའི་སྒོ་ནས་མདོར་བསྟན་པ་དང༌། དོན་གྱི་སྒོ་ནས་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། མེ་ལྕེ་ཕྲད་པ་དང་པོ་གཅིག་པུས་ཀྱང་སྙིང་པོ་དེ་མ་ཚིག ཕྱི་མ་འབའ་ཞིག་གིས་ཀྱང་མི་ཚིག ཕྲད་པ་སྔ་ཕྱི་མ་བརྟེན་པར་མི་ཚིག །འོན་ཀྱང་སྙིང་པོ་དེ་ཚིག་གོ་ཞེས་བྱ་བ། མར་མེ་དཔེའི་ཚུལ་གྱིས་ནི། །ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད།ཅེས་པ་ལ། མར་མེ་ཕྲད་པའི་སྐད་ཅིག་གིས་སྙིང་པོ་ཚིག་པ་ཟབ་པའི་དཔེའི་ཚུལ་གྱིས་སེམས་སྔ་ཕྱི་བག་ཆགས་བརྒྱུད་པར་བྱང་ཆུབ་ཐོབ་པར་བྱེད་པའི་རྟེན་འབྲེལ་ཟབ་མོ་ནི་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཀྱིས་བསྟན་ཏོ། །ཞེས་མདོ་ལུགས་མ་ལས་གསུངས་སོ། །

གཉིས་པ་དོན་གྱི་སྒོ་ནས་རྒྱས་པར་བཤད་པ།

གཉིས་པ་དོན་གྱི་སྒོ་ནས་རྒྱས་པར་བཤད་པ་ནི།

རྩ་བར། སྐྱེ་བ་དང་ནི་འགག་པ་དང༌། དེ་བཞིན་ཉིད་དང་ཤེས་བྱ་དང༌། །ཤེས་དང་སྤྱོད་དང་གཉིས་མེད་དང༌། །ཐབས་མཁས་པ་ལ་ཟབ་པ་ཉིད། །ཅེས་པ་ལ་སེམས་བསྐྱེད་སྔ་མ་འགགས་པ་ནི་ཕྱིར་མི་སྐྱེ་ཡང་སྔ་མ་འགགས་པ་ལ་བརྟེན་ནས་སེམས་བསྐྱེད་པའི་ཕྱི་མ་སྐྱེ་བ་ཟབ་པ་དང༌། འགག་པ་ལ་འགག་པ་གཅིག་པ་མེད་པས་འགགས་པ་དེ་མི་འགག་པའི་ཕྱིར་འགག་པ་ཟབ་པ་དང༌།ཕྲ་ཞིང་རྟོགས་པར་དཀའ་བས་དེ་བཞིན་ཉིད་ཟབ་པ་དང༌། སེམས་དང་སེམས་ཀྱི་ཆོས་ཉིད་དེ་ཉིད་དང་གཞན་དུ་མེད་པས་ཤེས་བྱ་བདེན་པ་གཉིས་ཟབ་པ་དང༌། མཐོང་བྱ་མཐོང་བྱེད་གཉིས་མེད་པས་དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་ཤེས་པ་ཟབ་པ་དང༌། ཅི་ལ་ཡང་མི་སྤྱོད་པའི་ཚུལ་གྱིས་ཤེར་ཕྱིན་ལ་སྤྱོད་པ་ཟབ་པ་དང༌། དེ་བཞིན་ཉིད་ལ་གནས་པ་ལ་གནས་བྱ་གནས་བྱེད་གཉིས་མེད་པས་ཟབ་པ་དང༌། མཚན་མ་དང་མཚན་མ་མེད་ཀྱི་འགྱུ་བ་ཐམས་ཅད་མེད་ཀྱང་སངས་རྒྱས་ཀྱི་ཆོས་མ་རྫོགས་པར་འཚང་རྒྱ་མི་རྒྱ་བ་ནི་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ལ་ཟབ་པ་ཉིད་བཤད་པ་ཡིན་ནོ། །དེ་ལྟར་སྐྱེ་འགག་ལ་སོགས་པའི་ཡིན་ལུགས་ཟབ་མོའི་ཆོས་ཉིད་རྨི་ལམ་དང་མཚུངས་པ་ནི་དངོས་པོར་ཞེན་པའི་བློ་ལས་འདས་པའི་ཕྱིར་ཟབ་པ་ཉིད་དུ་བསྟན་ཏོ། །ཡང་ཉ་ཊཱིཀ་ལས། ཁྱོད་སྐད་ཅིག་མང་བོ་གཅིག་ཅར་འབྱུང་བ་མི་སྲིད་པའི་ཕྱིར་རོ། །རྟགས་གྲུབ་སྟེ། སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ་ཞེས་རྒྱན་འགྲེལ་སོགས་ལས་འབྱུང་བས་སོ། །ཞེས་པས་སེམས་དུ་མ་ཅིག་ཆར་འབྱུང་བ་ཡོད་མེད་དཔྱད། ཡང་ཉ་ཊཱིཀ་ལས། ཁོ་ནས་མ་བསྐྱེད་ཡང་ལྟོས་ནས་རྒྱུན་གྱིས་བྱང་ཆུབ་ཐོབ་པར་བྱེད་དོ། །དེ་མི་འཐད་པ་མིན་ཏེ། རྟེན་འབྲེལ་ཟབ་མོའི་ཆོས་ཉིད་ཡིན་པས་སོ། །ཞེས་གསུངས་པ་ལྟར་ན་སྐབས་འདིའི་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ལ་ཆོས་ཉིད་མི་དགོས་སམ་དཔྱད་དོ། །སྐབས་འདིར་སྒོམ་ལམ་ཕྱིར་མི་ལྡོག་པའི་རྟགས་བསྟན་པ་ཡིན་ཏེ། ཉ་ཊཱིཀ་ལས། དེས་ན་ས་བརྒྱད་པའི་བྱང་པ་ཆོས་ཅན། རྫོགས་བྱང་ལས་ཕྱིར་མི་ལྡོག་སྟེ། ཟབ་མོ་བརྒྱད་མངོན་སུམ་དུ་རྟོགས་པའི་དག་ས་པ་ཡིན་པས་སོ། །ཞེས་སྦྱར་ཏེ་རད་ཀིར་གྱིའོ། །ཞེས་དང༌། དག་སའི་བྱང་པ་ཆོས་ཅན། ཟབ་མོ་བརྒྱད་རྟོགས་པ་འཐད་པ་ཉིད་ཡིན་ཏེ། མཐར་འཛིན་ཅན་གྱིས་བསམ་གྱིས་མི་ཁྱབ་པའི་བདེན་གཉིས་རྣམ་འབྱེད་ཀྱི་རྣམ་པར་ཐར་བ་ཟབ་མོ་ཐོབ་པའི་སྒོ་ནས་སྐྱེ་བ་སོགས་ཕན་ཚུན་འགལ་བར་སྣང་བའི་དོན་བདེན་གཉིས་ལ་ལྟོས་ནས་མི་འགལ་བར་སྒྲུབ་པ་རྟོགས་པའི་དག་ས་པ་ཡིན་པས་སོ། །རྟོགས་པ་ལ་མི་འཁྲུལ་བའི་ལུས་ངག་གི་ཐ་སྙད་ཅི་རིགས་དེ་སྒྲུབ་ཀྱི་གཞན་དོན་གྱི་རྟགས་སུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས་རང་རང་གི་མཚན་ཉིད་ཞར་བྱུང་དང་བཅས་པ་བཤད་ཟིན་ཏོ། །

དགུ་པ་སྲིད་ཞི་མཉམ་ཉིད་ཀྱི་ཏིང་ངེ་འཛིན་བཤད་པ།

དགུ་པ་སྲིད་ཞི་མཉམ་ཉིད་ཀྱི་ཏིང་ངེ་འཛིན་བཤད་པ་ལ།

ཉི་ཁྲིའི་ལེའུ་ཞེ་གཉིས་པ་ལས། བྱང་ཆུབ་སེམས་དཔའ་ཉིན་པར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་པར་ཤེར་ཕྱིན་བསྒོམས་པ་འཕེལ་ན་རྨི་ལམ་བསྒོམས་པས་ཀྱང་འཕེལ་ལོ། །ཞེས་སོགས་ཀྱི་དོན། རྩ་བར། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་པར་མི་རྟོག་པ། །ལས་མེད་ལ་སོགས་ཀླན་ཀ་ཡི། །ལན་ནི་ཇི་སྐད་བཤད་པར་ཟད། །ཅེས་སོ། །དེའི་ཚིག་དོན་མདོ་ལུགས་མ་ལས། སད་པ་དང་རྨི་ལམ་ཁྱད་མེད་པའི་བྱང་ཆུབ་སེམས་དཔའ་སྲིད་ཞིས་བསྡུས་པའི་ཆོ༷ས་རྣ༷མས་དངོས་པོ་མེད་པ་རྨི༷་ལ༷མ་དང་འདྲ༷་བར་མཐོང་བ༷འི་ཕྱི༷ར། སྲི༷ད་ད༷ང་ཞི༷་བའི་དངོས་པོ་ཐ་དད་པར་མི༷་རྟོ༷ག་པ༷་ནི་སྲིད་ཞི་མཉམ་པ་ཉིད་ཡིན་ནོ། །ཐམས་ཅད་རྨི་ལམ་དང་འདྲ་ན་ལ༷ས་མེ༷ད་པ་དང་ལ༷་སོ༷གས་པ་ཤེར་ཕྱིན་སྒོམ་པ་དང་བྱང་ཆུབ་ཏུ་བསྔོ་བ་མེད་པར་འགྱུར་ཞེས་པའི་ཀླ༷ན་ཀ༷འི༷་ལ༷ན་ནི༷་ཤཱ་རིའི་བུས་སྨྲས་པ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གསུངས་ན། དེ་ལ་སོག་པའམ་འབྲི་བར་འགྱུར་བ་མེད་དོ། །ཞེས་དང༌། སད་ནས་རྟོག་ན་ནི་དེ་ལས་སོག་པའམ་འབྲི་བར་ཡང་འགྱུར་རོ། །ཞེས་སོགས་མདོ་ལས་ཇི༷་སྐ༷ད་བཤ༷ད་ཟིན་ཏོ། །ཞེས་གསུངས་སོ། །དེས་ན། འཁོར་འདས་ལ་བླང་དོར་དུ་བདེན་པར་རྟོག་པའི་གཉེན་པོར་འཁོར་འདས་བདེན་པའི་རང་བཞིན་མེད་པར་མཉམ་པར་བསྒོམ་པའི་དག་སའི་སྦྱོར་བ་དེ། འདིར་བསྟན་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། ཆོས་སྐུའི་ཡན་ལག་གམ་རྒྱུ་སྲིད་དང་ཞི་བ་མཉམ་ཉིད་ཀྱི་སྦྱོར་བའི་མཚན་ཉིད། རྣམ་སྦྱོར་གང་ཞིག འཁོར་འདས་ལ་བླང་དོར་དུ་འཛིན་པའི་རྟོག་པའི་གཉེན་པོར་འཁོར་འདས་བདེན་པའི་རང་བཞིན་མེད་པར་མཉམ་པར་བསྒོམ་པ། ཡང་ན་དག་སའི་ཞེས་སམ་རྒྱུན་མཐའི་སྦྱོར་བ་གང་ཞིག་ཅེས་སྦྱར་ཏེ་འོག་ཏུ་འཆད་དོ། །ཞེས་གསུངས་སོ། །ས་མཚམས་ནི། འདིར་བསྟན་གྱི་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་དག་ས་ཁོ་ན་ལ་ཡོད་དེ། ཉ་ཊཱིཀ་ལས། དེས་ན་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཡིན་ཏེ། དེར་མི་རྟོག་པའི་དག་སའམ་བཅུ་བའི་ཡུམ་སྦྱོར་ཡིན་པས་སོ། །ཞེས་པ་ནས། འདི་རྒྱུན་མཐར་ཡོད་པའམ་དག་སར་ ཡོད་དོ། །སློབ་ལམ་ཀུན་ན་ཡོད་ཟེར་བ་ནི་ལུང་དེ་དག་དང་འགལ་ལོ། །ཞེས་གསུངས་པའི་ཕྱིར་རོ། །ཚོགས་ལམ་ནས་ཆོས་སྐུ་ཐོབ་ཕྱིར་དུ་སྲིད་ཞི་མཉམ་ཉིད་སྒོམ་པ་ཙམ་ཡོད་དོ། །རྨི་ལམ་དུ་ལས་བསོག་པ་མེད་པར་ཐལ། མདོ་ལུགས་མ་ལས། རྨི་ལམ་ལ་དངོས་པོ་མེད་པས་ལས་མེད་ལ་སད་ནས་རྟོག་ན་ནི་སད་དུས་ཀྱི་བློ་དེ་ལས་སོགས་པ་དང༌། ཐམས་ཅད་རྨི་ལམ་དང་མཚུངས་པའི་བྱང་ཆུབ་སེམས་དཔའ་ལ་ཤེར་ཕྱིན་བསྒོམ་པ་དང་བསྔོ་བ་ཡོད་མེད་ཀྱིས་སྤྲོས་བ་དང་བྲལ་ཞེས་པ་མདོའི་དགོངས་བར་སྣང་ངོ༌། །འཕགས་པ་འཇམ་དཔལ་གྱི་ཞལ་སྔ་ནས་ཀྱང༌། སེམས་ཅན་ཕན་ལས་བསོད་ནམས་དང༌། །སེམས་ཅན་གནོད་ལས་སྡིག་པ་སྟེ། །ཕན་དང་གནོད་པ་རྣམས་མེད་ན། །ལས་མེད་འབྲས་བུ་མེད་པའོ། །ཞེས་གསུངས་པས། རྒྱལ་བ་སྲས་བཅས་རྣམས་དགོངས་པ་གཅིག་ཏུ་བྱུང་ངོ༌། །ལ་ལ་དག་གིས་རྨི་ལམ་སེམས་ནི་གཉིད་ཀྱིས་ཉམས། །ཞེས་སོགས་ལ་དཀྱོག་བཤད་བྱས་ནས་རྨི་ལམ་དུ་ལས་སོགས་པར་བཤད་པ་ནི་འདི་རྣམས་དང་འགལ་ལོ། །ཞེས་གསུངས་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། རྨི་ལམ་དུ་ལས་བསགས་པ་ཡོད་པའི་ཕྱིར་ཏེ། ཉ་ཊཱིཀ་ལས། སད་པའི་སྐབས་ན་སྦྱོར་དངོས་མཇུག་གིས་བསྡུས་པའི་ལས་ཉམས་འཕེལ་མེད་པར་ཐལ། ཆོས་ཐམས་ཅད་རྨི་ལམ་དང་འདྲ་བའི་ཆོས་ཅན་ཡིན་པས་སོ། །ཁྱབ་སྟེ། དཔེར་ན་རྨི་ལམ་ན་ལས་མེད་པ་བཞིན་ཞེ་ན། དོན་དམ་པར་འདོད་ཅིང༌། དོན་དམ་པར་བདེན་མེད་རྨི་ལམ་དང་འདྲ་བས་ཀུན་རྫོབ་ཏུ་དེ་ལྟར་ཐལ་བ་ལ་ཁྱབ་པ་མེད་དེ། དོན་དམ་པར་ལས་དགེ་སྡིག་མེད་ཀྱང་ཀུན་རྫོབ་ཏུ་བསད་བྱ་གསོད་བྱེད་ལ་སོགས་པར་རྟོག་པའི་སྒོ་ནས་དགེ་སྡིག་གི་ལས་གྲུབ་པས་སོ། །དཔེ་ཡང་མ་གྲུབ་སྟེ། །རྨི་ལམ་དུ་དགེ་སྡིག་སྤྱད་པར་རྨིས་ནས་སད་པའི་སྐབས་སུ་རྗེས་སུ་ཡི་རང་གིས་གསོས་བཏབ་ན་དགེ་བའམ་སྡིག་པར་འགྱུར་བས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གསུངས་པ་དེ་ལྟར་ན་དེ་ལས་སོག་པའམ་འབྲི་བར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་གྱི་ཆོས་གང་ཡང་སོག་པའམ་འབྲི་བར་མི་དམིགས་སོ། །འོན་ཏེ། སད་ནས་རྣམ་པར་རྟོག་ན་ནི་དེ་ལས་སོག་པའམ་འབྲི་བར་ཡང་འགྱུར་རོ། །ཞེས་སོགས་སོ། །ཞེས་དང༌། རྨི་ལམ་དུ་སྦྱིན་སོགས་དགེ་རྩ་སྤྱད་རྨི་ལམ་གྱི་ནང་ཉིད་དུ་རྫོགས་བྱང་དུ་བསྔོས་ན་བསྔོ་བ་ཡང་དག་ཡིན་མིན་ཅིར་འགྱུར་ཞེས་ཤཱ་བུས་རབ་འབྱོར་ལ་དྲིས་པས། ཞེས་པ་ནས། དེ་ལ་རབ་འབྱོར་རང་ཉིད་ཀྱིས་སྔར་ཉིན་པར་དང་རྨི་ལམ་དུ་ལས་བྱས་ནས་སད་རྗེས་སུ་གསོས་བཏབ་ན་ལས་སོག་ཅེས་བསྟན་པས། འདིར་ཡང་མི་དམིགས་པའི་ཚུལ་གྱིས་བསགས་ཤིང་བསྔོས་ན་བསྔོ་བ་ཡང་དག་ཏུ་འགྱུར་ཞེས་ལན་བཏབ་ཟིན་ཅིང༌། མ་འོངས་པའི་སངས་རྒྱས་བརྒྱུད་མར་འབྱུང་བས། དྲིས་ལན་མ་རྫོགས་པར་བསྟན་པའི་ཕྱིར་དུ། བྱམས་པ་མི་དམིགས་པ་བརྙེས་པའི་མཐར་བྱོན་པས་དེ་ལ་དྲིར་བཅུག་ཅིང༌། བྱམས་པས་མི་དམིགས་པའི་ཚུལ་རྒྱས་པར་བསྟན་པས། བསྔོ་བ་ཡང་དག་ཡིན་ཞེས་ཟུར་གྱིས་ལན་བཏབ་པོ། །ཞེས་པ་ནས། རྨི་ལམ་ན་ལས་མེད་པའི་དཔེ་མ་གྲུབ་པར་ཐལ། ཐ་མལ་བའི་རྨི་ལམ་སེམས་ནི་གཉིད་ཀྱིས་ཉམས་ཤིང་མི་གསལ་བས་དེར་བསགས་པའི་ལས་ཀྱི་འབྲས་བུ་དམན་ཞིང་ཆུང་ལ་གཉིད་སད་ཚེ་སེམས་གསལ་ཞིང་མ་འཆོལ་བས་དེའི་ལས་རྣམས་དེ་བས་འབྲས་བུ་ལྷག་པ་དེས་ན་དེ་གཉིས་འབྲས་བུ་འདྲ་བ་སྟེ་མཉམ་པ་མ་ཡིན་ཞེས་བྱ་བ། ཉི་ཤུ་བ་ལས་འབྱུང་བས་སོ། །གཉིས་པ་ནི། དེ་བཞིན་དུ་དཔེ་མ་གྲུབ་པའི་སྒྲུབ་བྱེད་གཞན་སྟོན་ཏེ་རྨི་ལམ་དུ་དགེ་མི་དགེ་སྤྱད་པར་རྨིས་པ་ནི་གཉིད་སད་པའི་གནས་སྐབས་ན་ངོ་མཚར་བས་ཀྱེ་མ་དགེ་མི་དགེ་བྱས་སོ་ལེགས་པར་བྱས་སོ་ཞེས་རྗེས་སུ་ཡི་རང་ན་རྗེས་ཀྱི་གནས་སྐབས་ཀྱི་སེམས་ཀྱིས་དགེ་མི་དགེར་མངོན་པར་ཞེན་པས་གསོས་ཀྱིས་ཡོངས་སུ་གསོས་ཏེ་དགེ་མི་དགེར་འགྱུར་བ་དེའི་ཕྱིར་ཡང་ལས་མེད་དེ་རྨི་ལམ་བཞིན་གྱི་དཔེ་མ་གྲུབ་པོ། །དེས་ན། ཤེས་བྱ་ཆོས་ཅན། འཁོར་འདས་དོན་དམ་པར་བདེན་མེད་དུ་མཉམ་པ་ཉིད་ཡིན་ནོ། །རྨི་ལམ་དང་གཉིད་སད་དུས་དོན་དམ་པར་བདེན་མེད་དུ་མཚུངས་པས་སོ། །ཁྱབ་སྟེ། རྨི་ལམ་དང་འཁོར་བ་སད་པ་དང་མྱང་འདས་མཚུངས་པས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་རྨི་ལམ་དུ་ལས་བསགས་པ་ཡོད་དམ་དཔྱད་དོ། །རྨི་ལམ་དུ་ཡིད་ལས་ཙམ་ཡོད་ཀྱང་ལུས་ངག་གི་ལས་ལམ་རྫོགས་པ་མེད་པ་དང་མངོན་ཞེན་དྲག་པོའི་གསོས་མ་བཏབ་ན་ཡིད་ལས་མི་དགེ་བའི་ལས་ལམ་རྫོགས་པ་མེད་དམ་དཔྱད་པར་བྱའོ། །གནོད་འཇོམས༣༦༩ལས། རྨི་ལམ་དང་གཉིད་ཀྱིས་མ་ལོག་པའི་ཚེ་བྱེ་བྲག་ཡོད་པར་འགྱུར་རོ་ཞེས་གནས་བརྟན་ཤཱ་རིའི་བུས་དགོངས་པའོ། །ཞེས་སོགས་རྒྱས་པར་གསུངས་པས་དེར་ཤེས་པར་བྱའོ། །

བཅུ་པ་སངས་རྒྱས་ཀྱི་ཞིང་དག་པ་བླ་ན་མེད་པ་ཉིད་དུ་སྒྲུབ་པར་བཤད་པ།

བཅུ་པ་སངས་རྒྱས་ཀྱི་ཞིང་དག་པ་བླ་ན་མེད་པ་ཉིད་དུ་སྒྲུབ་པར་བཤད་པ་ལ། རྩ་བར།

སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་ལ། །དེ་ལ་དག་པར་བསྒྲུབ་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད། །ཅེས་སོ། །དེའི་དོན་མདོ་ལུགས་མ་ལས། བྱང་ཆུབ་སེམས་དཔའ་ཕར་ཕྱིན་དྲུག་ལ་སྤྱོད་པའི་ཚེ། ངན་སོང་གསུམ་དང་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་ལ་གནས་པ་དང༌། སེར་སྣ་ལ་སོགས་པའི་འབྲས་བུ་ལ་སྤྱོད་པའི་ཉེས་པ་སྡུག་འཕོངས་སྣ་ཚོགས་ཀྱིས་སེམས་ཅན་གྱི་འཇིག་རྟེན་མ་དག་པ་མཐོང་པ་དེ་བཞིན་དུ། སྣོད་ཀྱི་འཇིག་རྟེན་སའི་རྒྱུ་ལས་གྲུབ་པ་གསེར་དངུལ་ལ་སོགས་དང་མི་ལྡན་པ་གཡང་ས་དང་སྡོང་དུམ་ཚེར་མ་ལུང་ཁུང་ལ་སོགས་པས་མི་སྙོམས་ཤིང་རད་རོད་ཅན་མི་གཙང་བའི་ཉེས་པས་མ་དག་པ་མཐོང་བ་དེ་ལ་མ་བཟོད་ནས། རང་གི་སངས་རྒྱས་ཀྱི་ཞིང་དུ་སྣོད་བཅུད་ཀྱི་ཉེས་པ་དེ་དག་མེད་ཅིང༌། སྣོད་བཅུད་དག་པར་སྒྲུབ་པའི་སླད་དུ་སྦྱིན་སོགས་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ཡིས། རང་གི་སངས་རྒྱས་ཀྱི་ཞིང་དུ་བཅུད་ཀྱི་ཉེས་པ་དེ་དག་མེད་ཀྱི་སྟེང་དུ་མངོན་ཤེས་དང་འོད་དང་བདེ་སྐྱིད་ལ་སོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང༌། སྣོད་ཀྱི་ཉེས་པ་དག་མེད་ཀྱི་སྟེང་དུ་གཞི་བཻཌཱུརྱ་སྔོན་པོའི་རྒྱུ་ལས་གྲུབ་ཅིང༌། ལག་མཐིལ་ལྟར་མཉམ་པ་གསེར་གྱི་བྱེ་མ་བདལ་པ་རྒྱ་ཁྱོན་ཡངས་པ་ཚད་མེད་པ་དེ་ལྟ་དེ་ལྟར་སྒྲུབ་པའི་ཕྱིར་ཕར་ཕྱིན་དྲུག་ལ་སྤྱོད་པ་དེས། རང་གི་སངས་རྒྱས་ཀྱི་ཞིང་ནི་དག་པ་བླ་ན་མེད་པ་ཉིད་འགྲུབ་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར།དེས་ན། མཚན་ཉིད་ནི། རྣམ་སྦྱོར་གང་ཞིག རང་གང་དུ་གསར་དུ་སངས་རྒྱས་པའི་ཞིང་དེར་སྣོད་བཅུད་ཀྱི་ཉེས་པ་མེད་ཅིང་ཡོན་ཏན་དང་ལྡན་པའི་ཕྱིར་དུ་བསྒོམ་པའི་དག་སའི་སྦྱོར་བ་དེ། འདིར་བསྟན་ཞིང་དག་སྦྱོར་བའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། བཅུ་བ་ཉེ་བའི་ཡན་ལག་ལོངས་སྐུའི་རྒྱུ་ཞིང་དག་པ་བླ་ན་མེད་པའམ་མཆོག་ཏུ་གྱུར་པའི་སྦྱོར་བའི་མཚན་ཉིད། རྣམ་སྦྱོར་གང་ཞིགསྣོད་བཅུད་ཀྱི་འཇིག་རྟེན་ཉེས་པ་མེད་ཅིང་ཡོན་ཏན་དང་ལྡན་པའི་ཕྱིར་དུ་བསྒོམ་པ། དེ་ལ་སྣོད་བཅུད་དག་པ་གཉིས་སོ། །ཞེས་གསུངས་པའི་ཕྱིར་རོ། །ལོངས་སྐུའི་ཞིང་སྣོད་བཅུད་ཀྱི་དག་པ་ཐོབ་ཕྱིར་དུ་སྦྱོར་པ་སྒོམ་པ་ཙམ་ཚོགས་ལམ་ནས་ཡོད་དོ། །

ས་མཚམས་ནི།

དག་ས་ལ་བཞག་དགོས་ཏེ། འདིར་བསྟན་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་དང་འདི་གཉིས་ས་མཚམས་མི་མཚུངས་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །སྣོད་བཅུད་ཀྱི་ཞིང་དག་ཚུལ་ནི། ཉ་ཊཱིཀ་ལས། སངས་རྒྱས་ཀྱི་ཞིང་སེམས་ཅན་གྱི་འཇིག་རྟེན་བཀྲེས་སྐོམ་དང་ངན་སོང་དང་མདོག་ངན་ཚེ་ཐུང་མི་དགེ་བཅུ་སྤྱོད་པ་སོགས་ཀྱིས་མ་དག་པ་གང་ཡིན་པ་དེའི་གཉེན་པོར་ལྷའི་ཉེ་བར་སྤྱད་པ་བདུད་རྩི་སོགས་དང༌། ངན་སོང་གི་སྒྲ་མི་གྲག་པ་ལ་སོགས་པའི་དག་པ་བསྐྱེད་ཅིང་བསྒྲུབ་པ་ཡི་སྒོ་ནས་བཅུད་དག་པ་དང༌། ཞིང་སྣོད་ཀྱི་འཇིག་རྟེན་རྡོ་བ་དང་ཚེར་མ་དང་ངམ་གྲོག་གཡང་ས་ལ་སོགས་པས་མ་དག་པ་དེའི་གཉེན་པོར་གསེར་གྱི་ས་ཕྱོགས་དང་སོགས་པ་ལག་མཐིལ་ལྟར་མཉམ་པ་དང་བཻཌཱུརྱས་མིག་མངས་རིས་སུ་བྲིས་པ་སོགས་དག་པ་བསྐྱེད་པའི་སྒོ་ནས་སྣོད་རྣམ་པར་དག་པ་དང༌། ཞེས་གསུངས་པའི་ཕྱིར་རོ། །ཡང་སངས་རྒྱས་ཀྱི་ཞིང་ཡིན་ན་སྣོད་བཅུད་གཉིས་ཀ་དག་པས་ཁྱབ་པར་ཐལ། མདོ་ལུགས་མ་ལས། རང་གི་སངས་རྒྱས་ཀྱི་ཞིང་ནི་དག་པ་བླ་ན་མེད་པ་ཉིད་འགྲུབ་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྤྲུལ་སྐུའི་ཞིང་ལ་ཁྱབ་པར་ཐལ།འདོད་པའི་ཕྱིར། འདོད་ན། མི་མཇེད་འཇིག་རྟེན་གྱི་ཞིང་འདི་ཆོས་ཅན། དེར་ཐལ། དེའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །མི་འགྲུབ་པའི་སྨོན་ལམ་ཡང་ཡོད་དེ། གནོད་འཇོམས་༣༧༢ལས། བྱང་ཆུབ་སེམས་དཔའི་སྨོན་ལམ་འདི་དག་ཐམས་ཅད་ཀྱང་ཐམས་ཅད་ལ་དོན་ཡོད་པ་ནི་མ་ཡིན་གྱི་སོ་སོའི་བསམ་པ་ཐ་དད་པ་ཇི་ལྟ་བ་བཞིན་དུ་སྨོན་ལམ་དག་འབྱུང་སྟེ། ཁ་ཅིག་ནི་རྣམ་པ་ཐམས་ཅད་དུ་སྨོན་ལམ་བཏབ་ཀྱང་ཕྱིས་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ཅུང་ཟད་མི་འགྲུབ་པ་ཡང་ཡོད་དོ། །ཞེས་གསུངས་པའི་ཕྱིར་རོ། །

བཅུ་གཅིག་པ་ཐབས་ལ་མཁས་པའི་ངོ་བོ་ཡོངས་སུ་འདྲེས་པ་ཤེས་པའི་ཡེ་ཤེས་བཤད་པ།

བཅུ་གཅིག་པ་ཐབས་ལ་མཁས་པའི་ངོ་བོ་ཡོངས་སུ་འདྲེས་པ་ཤེས་པའི་ཡེ་ཤེས་བཤད་པ་ལ།

ཉི་ཁྲིའི་ལེའུ་ཞེ་བཞི་པ་ལས། བྱང་ཆུབ་སེམས་དཔའ་རྣམ་ཐར་གསུམ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ལ་ཇི་ལྟར་འདྲེས་པ་བགྱི་ཞིང་སྒོམ་པར་བགྱི་ཞེས་སོགས་ཞུ་བ་ལན་དང་བཅས་པའི་དོན། རྩ་བར། ཡུལ་དང་སྦྱོར་བ་ཅན་འདི་ནི། །དགྲ་རྣམས་ལས་ནི་འདས་པ་དང༌། །མི་གནས་ཇི་བཞིན་ཤུགས་དང་ནི། །ཐུན་མོང་མ་ཡིན་མཚན་ཉིད་དང༌། །མ་ཆགས་པ་དང་མི་དམིགས་དང༌། །མཚན་མ་སྨོན་ལམ་ཟད་པ་དང༌། །དེ་ཡི་རྟགས་དང་ཚད་མེད་པ། །ཐབས་ལ་མཁས་པ་རྣམ་པ་བཅུ། །ཞེས་སོ། །དེའི་དོན་མདོ་ལུགས་མ་ལས། གཞི་ཤེར་ཕྱིན་ཆོས་དབྱིངས་ཀྱི་ཡུ༷ལ་མཁྱེན་པ་གསུམ་ད༷ང༌། ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་གཉིས་སྦྱོ༷ར་ཞིང་ཉམས་སུ་ལེན་པ༷་ཅ༷ན་གྱི་ཐབས་ལ་མཁས་པ་དང་བཅས་པ་འདི༷་ནི༷། སྐྱེས་བུ་དཔའ་པོ་དགྲ༷་རྣ༷མས་བཅོམ་ནས་གཉེན་བཤེས་དང་བཅས་པ་འབྲོག་དགོན་པ་ནས་ཐར་པའི་དཔེས། སེམས་ཅན་མ་བཏང་བའི་སྙིང་རྗེས་ཞི་བའི་དགྲ་དང༌། སྟོང་ཉིད་མ་བཏང་བའི་ཤེས་རབ་ཀྱིས་སྲིད་པའི་དགྲ༷་རྣ༷མས་ལ༷ས་ནི༷་འད༷ས་པའི་ཐབས་ལ་མཁས་པ༷་༡ད༷ང༌། བྱ་བར་སྣང་ལ་རྒྱུུ་བ་གནས་མེད་ཀྱང༌། གནས་པའི་དཔེས། སྟོང་ཉིད་ལ་སྤྱོད་ཀྱང་དེ་ལ་མི༷་གན༷ས་ཤིང་འདྲིས་པར་བྱེད་པའི་ཐབས་ལ་མཁས་པ་༢དང༌། འཕོང་ལ་ཤིན་ཏུ་གོམས་པའི་ཇི༷་ལྟར་འདོད་པ་བཞི༷ན་འཕེན་པའི་དཔེས་ཇི་སྲིད་དགེ་བ་རྣམས་བླ་མེད་བྱང་ཆུབ་ཏུ་མ་སྨིན་པ་དེ་སྲིད་ཡང་དག་པའི་མཐའ་མངོན་དུ་མི་བྱེད་ཅིང་སྨིན་པ་ན་མངོན་སུམ་དུ་བྱེད་པ་ཐབས་མཁས་པ་ཇི་ལྟ་བ་བཞིན་དུ་གོམས་པའི་ཤུ༷གས་ཀྱི་ཐབས་ལ་མཁས་པ་༣ད༷ང༌། ཤེས་རབ་ཀྱིས་ཡང་དག་པའི་མཐའ་ལ་སློབ་ཀྱང༌། བར་མ་དོར་ཞི་བར་མི་ལྟུང་བའི་རྒྱུ་སྙིང་རྗེས་སེམས་ཅན་མ་བཏང་བ་ནི་ཉན་རང་དང་ཐུ༷ན་མོ༷ང་མ༷་ཡི༷ན་པའི་མཚ༷ན་ཉི༷ད་ཀྱི་ཐབས་ལ་མཁས་པ་༤ད༷ང༌། གང་ཟག་གི་བདག་དང་ཕྱིན་ཅི་ལོག་བཞི་ལ་མ༷་ཆ༷གས་པའི་ཐབས་ལ་མཁས་པ༷་༥ད༷ང༌། སེམས་ཅན་ལ་སོགས་པ་གང་ཟག་གི་བདག་དང་གཟུགས་ལ་སོགས་པ་ཆོས་ཀྱི་བདག་མི༷་དམི༷གས་པའི་ཐབས་ལ་མཁས་པ་༦ད༷ང༌། སྐྱེས་པ་བུད་མེད་དང་ཕུང་པོ་ལ་སོགས་པའི་མཚ༷ན་མ༷་ཟད་པའི་ཐབས་ལ་མཁས་པ་༧དང༌། ཁམས་གསུམ་དུ་བརྒྱ་བྱིན་ལ་སོགས་པ་ལ་དགའ་བའི་སྨོ༷ན་ལ༷མ་ཟ༷ད་པའི་ཐབས་ལ་མཁས་པ༷་༨ད༷ང༌། ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་དེ༷འི༷་སངས་རྒྱས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་རྟ༷གས་རྟོགས་པ་སྟོང་ཉིད་ལ་འདྲེས་པར་བྱེད་པ་སྟོན་པའི་ཐབས་ལ་མཁས་པ་༩ད༷ང༌། ལུང་བསྟན་པ་དང་ལུང་མ་བསྟན་པ་དང་ཕྱིར་མི་ལྡོག་པའི་རྣམ་གྲངས་ཚ༷ད་མེ༷ད་པ་ཤེས་པའི་ཐབས་ལ་མཁས་པ་༡༠སྟེ། དེ་ལྟར་ཐ༷བས་ལ༷་མཁ༷ས་པ༷་རྣ༷མ་པ༷་བཅུ༷་ནི་རྣམ་རྫོགས་སྦྱོར་བའི་རང་བཞིན་འདྲེས་པའི་ཤེས་པའི་ཡེ་ཤེས་སྲིད་ཞི་མཉམ་པ་ཉིད་ཡིན་ནོ། །ཞེས་བཤད་དོ། །དེས་ན་མཚན་ཉིད་ནི། སྐབས་འདིའི་ཡུལ་མངོན་སུམ་དུ་བྱ་བ་ལ་དུས་དུས་མིན་ཤེས་པས་རང་འབྲས་སངས་རྒྱས་ཀྱི་འཕྲིན་ལས་ཕུན་ཚོགས་ཐོབ་ཕྱིར་དུ་སྒོམ་པའི་དག་སའི་སྦྱོར་བ་དེ། འདིར་བསྟན་ཐབས་མཁས་སྦྱོར་བའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། སེམས་ཅན་ཡོངས་སུ་སྨིན་པའི་ཡན་ལག་ཐབས་མཁས་སྦྱོར་གྱི་མཚན་ཉིད། རྣམ་སྦྱོར་གང་ཞིག ཡུལ་བཅུ་མངོན་སུམ་དུ་བྱ་བ་ལ་དུས་དུས་མིན་ཤེས་པས་སངས་རྒྱས་ཀྱི་འཕྲིན་ལས་ཕུན་ཚོགས་ཀྱི་རྒྱུར་གྱུར་པ་དབྱེ་ན་བཅུའོ། །ཞེས་གསུངས་པའི་ཕྱིར་རོ། ། སྦྱོར་བ་འདི་གསུམ་ལ་ཉ་ཊཱིཀ་ལས་ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད། གཟུགས་སྐུའི་རྒྱུ་ཞིང་་དག་པ། འཕྲིན་ལས་ཀྱི་རྒྱུ་ཐབས་མཁས་སྦྱོར་ཤེར་འབྱུང་ངོ༌། །ཞེས་གསུངས་ལ། གཞུང་ལ་ལར་ཕྱི་མ་གཉིས་ལ་རིམ་བཞིན་ལོངས་སྐུའི་རྒྱུ་ཞིང་དག་སྦྱོར་བ་སྤྲུལ་སྐུའི་རྒྱུ་ཐབས་མཁས་སྦྱོར་བ་ཞེས་བཤད་དོ། །ས་མཚམས་དག་ས་ལ་སྦྱར་དགོས་པ་འདིར་བསྟན་སྲིད་ཞི་མཉམ་ཉིད་ཀྱི་ས་མཚམས་ཀྱིས་གྲུབ་པའོ། །འོན་ཀྱང་ཉ་ཊཱིཀ་ལས་མཚན་ཉིད་བཞག་པ་དེ་དང༌། མདོ་ལུགས་མ་ལས། ད་ནི་ཐོག་མར་སྒོམ་པ་ནས་ཅི་སྲིད་བསྒོམ་པ་མཐར་ཐུག་གི་པར་དུ་སྦྱོར་བ་འདིའི་ལས་ལ་ཁྱབ་བྱེད་དུ་འཇུག་པར་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་ངོ་བོ་ཡོངས་སུ་འདྲེས་པ་ཤེས་པའི་ཡེ་ཤེས་བཤད་པར་བྱའོ། །ཞེས་སོགས་ཀྱི་སྒོ་ནས་ཅུང་ཟད་དཔྱད་རྒྱུར་སྣང་ངོ༌། །སྐབས་འདིའི་དུས་དང་དུས་མིན་ཤེས་ཞེས་པའི་དུས་དང་དུས་མིན་ནི། མདོ་ལུགས་མ་ལས། དུས་དང་དུས་མ་ཡིན་པ་ཤེས་པའི་ཐབས་ལ་མཁས་པ་ནི། སྟོང་པ་ཉིད་ལ་གནས་བཞིན་དུ་བླ་མེད་བྱང་ཆུབ་ཀྱི་ཚོགས་གཉིས་མ་སྨིན་གྱི་བར་དུ་སྟོང་ཉིད་དམ་པ་དེ་མངོན་སུམ་དུ་མི་བྱེད་པའི་ཚུལ། རྗེས་ཐོབ་ཀྱི་སེམས་ཀྱིས་རྣམ་ཀུན་མཆོག་ལྡན་གྱིས་སྟོང་པ་ཉིད་ལ་འདི་ནི་འདྲེས་པར་བྱ་བའི་དུས་ཡིན་གྱི། མངོན་སུམ་དུ་བྱ་བའི་དུས་མ་ཡིན་ནོ། །ཞེས་སོ་སོར་རྟོག་དང༌། སེམས་དམིགས་པ་ལ་འདོགས་ཏེ་དེས་བར་མ་དོར་སངས་རྒྱས་ཀྱི་ཆོས་ལས་མི་ཉམས་ལ། ཟག་པ་ཟད་པ་ཡང་མངོན་དུ་མི་བྱེད་དོ། །ཞེས་སོགས་དང༌། ཉ་ཊཱིཀ་ལས། དེ་མངོན་སུམ་དུ་བྱ་བའི་དུས་སངས་རྒྱས་པ་ན་དང་དུས་མ་ཡིན་པ་སློབ་པའི་སྐབས་ཏེ་དེ་ལྟར་ཤེས་པའི་ས་བཅུ་བའི་སྦྱོར་བ་ནི་ཐབས་ལ་མཁས་པའི་སྦྱོར་བ་ཡིན་ནོ། །དུས་དུས་མིན་ནི་དེ་ལྟར་མདོ་དོན་ནོ། །ཞེས་གསུངས་པ་ལྟར་རོ། །སྦྱོར་བའི་ཡུལ་བཅུ་ནི། ཉ་ཊཱིཀ་ལས། སྟོང་ཉིད་མཚན་མེད་སྨོན་མེད་གསུམ་བྱང་ཕྱོགས་སོ་བདུན་པོ་ཚན་པ་བདུན་དུ་བགྲང་པས་བཅུ་བོ་དེ་འདིའི་ཡུལ་ཡིན་ནོ། །ཞེས་གསུངས་ལ། དེ་ལྟར་གནོད་འཇོམས་ལས་གསུངས་ཏེ། ཉ་ཊཱིཀ་མཆན་ལས། ཨཱརྱ་དག་ལྡན་རད་ཀིར་ཏེ། གནོད་འཇོམས་ཡང་སྟེ་རྒྱས་འབྲིང་གི་མདོ་དངོས་སོ། །ཞེས་དང༌། གནོད་འཇོམས་ལས། གནས་བརྟན་རབ་འབྱོར་གྱིས་རྣམ་པར་ཐར་བའི་སྒོ་གསུམ་བསྒོམ་པ་དང༌།བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པ་ལ་ཇི་ལྟར་བྱ་བ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་རྣམ་པར་གྲོལ་བ་སྤངས་ཏེ་བསྒོམ་ཞུས་པའོ། །ཞེས་སོ། །དེ་མི་རིགས་པར་ཐལ། མདོ་ལུགས་མར་ཉི་ཁྲིའི་མདོ་བཀོད་པ་ལས། ཉི་ཁྲིའི་ལེའུ་ཞེ་བཞི་པར། བྱང་ཆུབ་སེམས་དཔའ་རྣམ་ཐར་གསུམ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ལ་ཇི་ལྟར་འདྲེས་པ་བགྱི་ཞིང་སྒོམ་པར་བགྱི། ཞེས་དང༌། ཉ་ཊཱིཀ་མཆན་ལས། འབུམ་ཊཱིཀ་ཏུ། སྟོང་ཉིད་སྨོས་ཤིང་བཤད་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་སྦྱོར་རོ། །ཞེས་མ་འདྲེས་པའི་ཆོས་བཅོ་བརྒྱད་བར་གསུངས་པའི་ཕྱིར་ཟེར་ན་བརྟག་པར་བྱའོ། །ཡང་རྩ་བར། དགྲ་རྣམས་ལས་ནི་འདས་པ་དང༌། །ཞེས་པའི་དོན་མདོ་ལུགས་མ་ལས། སེམས་ཅན་མ་བཏང་བའི་སྙིང་རྗེས་ཞི་བའི་དགྲ་དང༌། སྟོང་ཉིད་མ་བཏང་བའི་ཤེས་རབ་ཀྱིས་སྲིད་པའི་དགྲ༷་རྣ༷མས་ལ༷ས་ནི༷་འད༷ས་པའི་ཐབས་ལ་མཁས་པ༷་ད༷ང༌། ཞེས་གསུངས་སོ། །དེ་མི་རིགས་པར་ཐལ། ཉ་ཊཱིཀ་ལས། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་པའི་སྦྱོར་བ་ཆོས་ཅན། བར་དུ་གཅོད་པའི་དགྲ་རྣམས་ལས་འདས་པའི་སྦྱོར་བ་ཡིན་ཏེ། ལྷ་ལ་སོགས་པའི་བདུད་གཞན་གསུམ་ལས་འདའ་བྱེད་ཀྱི་དགེ་བ་ལ་བར་དུ་གཅོད་པ་ལྷའི་བུའི་བདུད། །སྲོག་འགགས་པ་འཆི་བདག་གི་བདུད་དེ་ཚེ་ལ་བར་གཅོད་དོ། །སྡུག་བསྔལ་གྱི་ཕུང་བོ་འདི་ཕུང་བོའི་བདུད་དེ་ལྷག་མེད་ཀྱི་བར་གཅོད་དོ། །ཁམས་གསུམ་གྱི་ཉོན་མོངས་ནི་ཉོན་མོངས་པའི་བདུད་དེ། ལྷག་བཅས་ཀྱི་མྱང་འདས་ལ་བར་གཅོད་དོ། །བདུད་བཞི་དང་ས་གཉིས་ལས་འདས་པས་སོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སྲིད་ཞིའི་དགྲ་ལས་ལོགས་སུ་བདུད་བཞི་མེད་པའི་ཕྱིར་རོ། །དེ་ལྟར་སྦྱོར་བ་དང་པོའི་སྐབས་སུ་འདའ་བྱའི་བདུད་བཞི་ལ་ཕྲ་རགས་གཉིས་གཉིས་ཡོད་པར་སྣང་སྟེ། ལས་ཀྱིས་འཕངས་པའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ནི་ཕུང་པོའི་བདུད་རགས་པ་དང༌། མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ཀྱིས་བླངས་པའི་ཡིད་ལུས་ནི་ཕུང་པོའི་བདུད་ཕྲ་མོ་དང༌། ཉོན་མོངས་པ་ས་བོན་དང་བཅས་པ་ནི་ཉོན་མོངས་པའི་བདུད་རགས་པ་དང༌། ཉོན་མོངས་པའི་བག་ཆགས་ཕྲ་མོ་ཤེས་སྒྲིབ་ཏུ་གྱུར་པ་དེ་ནི་ཉོན་མོངས་པའི་བདུད་ཕྲ་མོ་དང༌། ལས་ཉོན་གྱིས་རང་དབང་མེད་པར་སྲོག་དབང་འགག་པའི་ཆ་ནི་འཆི་བདག་གི་བདུད་རགས་པ་དང༌། དག་ས་བ་དང་ལྷག་མེད་དགྲ་བཅོམ་པས་ལུས་དང་སྐྱེ་བ་གཞན་ལེན་པའི་ཚེ་མ་རིག་བག་ཆགས་ཀྱི་ས་དང་སྐྱེ་བ་དེ་ལ་ཡིད་གཏད་ཙམ་གྱི་རྩོལ་བའི་སེམས་པའི་དབང་གིས་སྔ་མའི་ལུས་ཀྱི་རྣམ་པ་བཏང་བའི་ཆ་ནི་འཆི་བདག་གི་བདུད་ཕྲ་མོ་དང་བསམ་གྱིས་མི་ཁྱབ་པའི་འཆི་འཕོའོ། །ཕུང་པོ་དང་ཉོན་མོངས་དང་འཆི་བདག་གི་བདུད་རགས་པ་གསུམ་ལས་འདའ་བར་བྱེད་པ་ལ་བར་དུ་གཅོད་པའི་འདོད་ལྷ་དང་དེའི་བྱེད་པ་ནི་ལྷའི་བུའི་བདུད་རགས་པ་དང༌། དེ་གསུམ་ཕྲ་མོ་ལས་འདའ་བར་བྱེད་པ་ལ་བར་དུ་གཅོད་པའི་འདོད་ལྷ་དང་དེའི་བྱེད་པ་གཉིས་ནི་ལྷའི་བུའི་བདུད་ཕྲ་མོ་ཡིན་ནོ། །བདུད་བཞི་ལ་ཕྲ་རགས་གཉིས་གཉིས་འཇོག་པ་མི་རིགས་པར་ཐལ། གོང་བཀོད་པའི་ཉ་ཊཱིཀ་མཆན་དང༌། གླེང་གཞིའི་ཟག་པ་ཐམས་ཅད་ཟད་པ་ཞེས་པའི་སྐབས་སུ། གནོད་འཇོམས་༦ལས། འདོད་པའི་ཟག་པ་སྤངས་པས་ལྷའི་བུའི་བདུད་ཆོམས་སོ། །སྲིད་པའི་ཟག་པ་སྤངས་པས་འཆི་བའི་བདུད་ཆོམས་སོ། །མ་རིག་པའི་ཟག་པ་སྤངས་པས་ཉོན་མོངས་པའི་བདུད་ཆོམས་སོ། །ལྟ་བའི་ཟག་པ་སྤངས་པས་ཕུང་པོའི་བདུད་ཆོམས་ཏེ། ཞེས་དང༌། ཉན་ས་ལས།དེ་ལ་ཕུང་པོའི་བདུད་ནི། ཉེ་བར་ལེན་པའི་ཕུང་པོའོ། །ཉོན་མོངས་པའི་བདུད་ནི། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་སོ། །འཆི་བའི་བདུད་ནི་སེམས་ཅན་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དག་དེ་དག་ནས་འཆི་བའི་དུས་བྱེད་པ་གང་ཡིན་པའོ། །ལྷའི་བུའི་བདུད་ནི་ཕུང་པོ་ཉོན་མོངས་པ་དང་འཆི་བདག་གི་བདུད་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་དགེ་བའི་ཕྱོགས་ལ་རབ་ཏུ་བརྩོན་པ་དེ་ལ་བར་ཆད་བྱ་བ་དང་རྣམ་པར་གཡེང་བར་བྱ་བའི་ཕྱིར་འདོད་པའི་ཁམས་སུ་སྐྱེས་པའི་ལྷའི་བུ་དབང་ཕྱུག་ཐོབ་པ་དག་ཉེ་བར་འོང་བ་གང་ཡིན་པ་སྟེ་དེ་ནི་ལྷའི་བུའི་བདུད་ཅེས་བྱའོ། །ཞེས་པ་རྣམས་སུ་བདུད་བཞི་ཕྲ་བ་ཞིག་མ་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། འདུལ་བ་ལུང་ལས། ཁྱོད་ཀྱི་བྱང་ཆུབ་པ་དང་དུས་མཉམ་དུ་བདུད་བཞི་བཅོམ་པ་ལེགས་སམ། ཞེས་དང༌། ཉ་ཊཱིཀ་ལས། བདུད་བཞི་བཅོམ་པ་དང་ལྡན་པས་ཐོགས་མེད་ཡེ་ཤེས་ཞབས་སམ། ཉོན་མོངས་ལས་སྐྱེ་བའི་ཉོན་མོངས་གསུམ་མམ་སྒྲིབ་གཉིས་བཅོམ་པ་དང་ལྡན་པས་བཅོམ་ལྡན་ཏེ། རྒྱུད་རྡོ་རྗེ་རྩེ་མོ་ལས།ཉོན་མོངས་ལས་དང་དེ་བཞིན་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །གང་ཡང་མི་མཐུན་ཕྱོགས་ཆོས་བཅོམ། །དེ་འདིར་བཅོམ་ལྡན་འདས་སུ་བཤད། །ཅེས་སོ། །ཞེས་དང༌།རྒྱུད་བླ་མ་ལས། འཆི་མེད་ཞི་བའི་གནས་ཐོབ་ལ། །འཆི་བདུད་རྒྱུ་བ་མེད་པའི་ཕྱིར། །ཞེས་དང༌། རྒྱུད་བླ་ས་འགྲེལ་ལས། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་མངོན་སུམ་དུ་གྱུར་པ་སྟེ། གཉེན་པོ་མཐར་ཕྱིན་པའི་སྒོ་ནས་ཀྱང་མི་འགྱུར་ཞིང་རྟག་པ་ཡིན་ཏེ། ལས་དང་ཉོན་མོངས་པས་འཆི་འཕོ་བ་མེད་ཅིང་སྐྱེ་འགག་མ་ལུས་པ་ཉེ་བར་ཞི་བའི་མྱ་ངན་ལས་འདས་པ་མཆོག་ལ་གནས་པའི་གོ་འཕང་ཐོབ་པ་འཆི་བདག་གི་བདུད་ནམ་ཡང་རྒྱུ་བ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །བདུད་བཞི་འཇོག་པའི་རྒྱུ་མཚན་ནི། ཉན་ས་ལས། དེ་ལ་གང་དུ་འཆི་བ་དང་གང་གིས་འཆི་བ་དང་འཆི་བ་དེ་གང་ཡིན་པ་དང་བར་ཆད་ཀྱི་དངོས་པོ་གང་གིས་འཆི་བ་ལས་ཡང་དག་པར་མི་འདའ་བར་བྱེད་པ་དེ་དག་གི་དབང་དུ་བྱས་ནས་བདུད་བཞི་རྣམ་པར་བཞག་པ་ཡིན་ཏེ། ཞེས་གསུངས་སོ། །རྩ་བར། ཚད་མེད་པ། །ཞེས་པའི་དོན་མདོ་ལུགས་མ་ལས། གོང་དུ་བཤད་ཟིན་ལྟར་ཡིན་ལ། ཉ་ཊཱིཀ་ལས། ཡུལ་ཚད་མེད་པའི་ཐབས་མཁས་སྦྱོར་ཏེ། རིག་པའི་ཡུལ་ཏེ་གནས་ལྔ་སྒྲ། གཏན་ཚིགས། བཟོ། གསོ་བ། ནང་རིག་སྟེ་རིག་གནས་ཆེ་བ་ལྔ། བསྙན་ངག བཟློས་གར། ཚིག་རྒྱན། མངོན་བརྗོད། སྒྲ་རིག་སྟེ་རིག་གནས་ཆུང་བ་ལྔའོ། །ཐམས་ཅད་ཤེས་པའི་ས་བཅུ་བའི་སྦྱོར་བ་ཡིན་པ་ཉིད་ཀྱིས་སོ། །ཞེས་གསུངས་སོ། །དངོས་པོ་བརྒྱད་ལས་རྣམ་ཀུན་མངོན་རྫོགས་རྟོགས་པའི་དངོས་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པ་ཡིན་ནོ། །གསུམ་པ་སྐབས་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་བཞི་བའི་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པའི་སྒོ་ནས་རྣམ་ཀུན་གྱི་དངོས་པོ་བཤད་ཟིན་ཏོ། །སྨྲས་པ། མཁྱེན་གསུམ་རྣ༷མ་པ༷་ཤེས་བྱའི་སྐར་ཚོགས་ཀུན། །མ་འདྲེས་མཁྱེན་པའི་ཀུན་གསལ་མཁའ་དབྱིངས་ལ། །སེམས་དཔའི་སྦྱོ༷༷ར་བ༷འི་ཆུ་འཛིན་ཕུང་པོ་འཁྲིགས། །རྨད་བྱུང་ཡོ༷ན་ཏ༷ན་རྣམ་མང་འཇའ་ཚོན་བཀྲ །ཉེས་པའི་སྐྱོ༷ན་ཀྱི་དྲི་མ་ནག་ནོག་བྲལ། །མཚ༷ན་ཉི༷ད་བཞི་ཡི་ཆུ་གཏེར་ཕྲེང་བས་མཛེས། །ཐ༷ར་ད༷ང་ངེ༷ས་འབྱེ༷ད་ཆ༷་མཐུ༷ན་སྐྱ་རངས་ལས། །ཕྱི༷ར་མི༷་ལྡོ༷ག་པ༷འི་འོད་སྟོང་མངོན་པར་འཚེར། །སྲི༷ད་ཞི༷་མཉ༷མ་ཉི༷ད་ལ་སོགས་སྦྱོར་གསུམ་གྱི། །ལྷ་ཡི་ཁང་བཟང་ངོ་མཚར་སྟོང་གིས་བརྒྱན། །ཞེས་བར་སྐབས་ཀྱི་ཚིགས་བཅད་དུ་སྨྲས་པའོ། །གཉིས་པ་དབང་ཐོབ་པའི་ཚུལ་གྱིས་བསྒོམ་པ་རྩེ་མོར་ཕྱིན་པའི་དངོས་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པ་ལ། སྐབས་ཀྱི་མཚམས་སྦྱར། རྩེ་སྦྱོར་གྱི་དངོས་པོས་རྒྱས་པར་བཤད་པ། སྐབས་བསྡུ་བའོ། །དང་པོ་ནི། རྣམ་པ་ཐམས་ཅད་མངོན་རྫོགས་རྟོགས་པ་ཐོབ་པའི་བྱང་སེམས་ལ་བསྡུས་བསྒོམ་རབ་ཏུ་གྱུར་པའི་རྩེ་སྦྱོར་གྱི་རྟོགས་པ་འབྱུང་བས་རྩེ་མོའི་མངོན་རྟོགས་འཆད་དོ། །ཚུལ་གང་གིས་ན། རྟགས་དང་ལོག་སྒྲུབ་ལ་སོགས་པ་བསྙད་པ་སྔོན་དུ་འགྲོ་བའི་སྒོ་ནས་སོ། །དེའི་དགོས་པ་ཅི་ཞེ་ན། རྩེ་སྦྱོར་གོ་སླ་བར་བྱ་བའི་ཕྱིར་དུའོ། །ཞེས་ཉ་ཊཱིཀ་ལས་སོ། །ཆོས་ཉིད་ལ་སྒོམ་བྱུང་ཐོབ་པའི་བྱང་སེམས་ཀྱི་རྒྱུད་ཀྱི་མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་རིགས་གནས་ཀྱི་མངོན་རྟོགས་དེ། རྩེ་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། གསུམ་བསྡུས་བསྒོམ་རབ་ཏུ་གྱུར་པའི་སྦྱོར་བ་སྟེ། དེ་རབ་ཅེས་དང༌། རྩེ་མོའི་མངོན་རྟོགས་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རབ་ཀྱི་གནས་སྐབས་སོ་ཞེས་འདིར་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། ། ས་མཚམས་ནི། ཐེག་ཆེན་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་ན་ཡོད་དེ། ཉ་ཊཱིཀ་ལས། བདུན་ཡོད་ལ་ས་མཚམས་དྲོད་ནས་རྒྱུན་མཐའི་བར་ན་ཡོད་དེ་འོག་ཏུ་འཆད་དོ། །ཞེས་གསུངས་སོ། །སྔོན་མེད་ལེགས་བཤད་ལས། ཚོགས་ལམ་ན་རྣམ་རྫོགས་ཡོད་ཀྱི་རྩེ་མོ་མེད་དོ། །བྱང་ཞིང་འཕེལ་བ་སྦྱོར་ལམ་དྲོད་རྩེ་གཉིས་ནས་ཡོད་ཀྱང༌། རྣམ་པ་མང་པོས་རྣམ་པ་མང་པོ་ལ་རྒྱས་ཐེབས་པ་དེ་ན་མེད་པས། རྩེ་སྦྱོར་ཡོད་ཀྱང་མཐར་གྱིས་པ་མེད་དོ། །བཟོད་པ་ནས་ནི་རྒྱས་ཐེབས་ཚུལ་དེ་ཡོད་པའི་ཕྱིར་མཐར་གྱིས་པ་ཡང་ཡོད་དེ། དེ་ནས་བརྩམས་ཏེ་གསུམ་ཀ་སྤེལ་མར་འབྱུང་ངོ༌། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་རྩེ་སྦྱོར་གྱི་དངོས་པོ་རྒྱས་པར་བཤད་པ་ལ་བཞི་སྟེ།

གཉིས་པ་རྩེ་སྦྱོར་གྱི་དངོས་པོ་རྒྱས་པར་བཤད་པ་ལ་བཞི་སྟེ།

རྩེ་མོའི་རྟགས་སོགས་བཞི་བཤད་པ། མཐོང་ལམ་རྩེ་སྦྱོར། སྒོམ་ལམ་རྩེ་སྦྱོར། བར་ཆད་མེད་རྩེ་བཤད་པ་དང་བཞི། དང་པོ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ་རྩེ་མོའི་རྟགས། རྩེ་མོའི་བསོད་ནམས་རྣམ་འཕེལ། རྩེ་མོའི་བྱང་ཆུབ་ཀྱི་སེམས་བརྟན་པ། རྩེ་མོའི་ཏིང་ངེ་འཛིན་གྱི་སེམས་ཀུན་གནས་པ་བཤད་པ་དང་བཞི། དང་པོ་ནི། ཉི་ཁྲིའི་ལེའུ་ཞེ་ལྔ་པ་ལས། བྱང་ཆུབ་སེམས་དཔའི་རྨི་ལམ་ན་ཉན་རང་གི་སེམས་མི་བསྐྱེད་ཅིང་ཆོས་ཐམས་ཅད་རྨི་ལམ་དང་སྒྲ་བརྙན་དང་གཟུགས་བརྙན་དང་སྨིག་རྒྱུ་དང་སྤྲུལ་པ་དང་འདྲ་བ་ཉིད་དུ་བལྟ་ལ་མངོན་པར་འདུ་མི་བྱེད་ན་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །ཞེས་སོགས་ཀྱི་དོན། རྩ་བར། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་སོ། །དེའི་དོན་མདོ་ལུགས་མ་ལས། རྩེ་མོའི་རྣལ་འབྱོར་ཐོབ་པའི་བྱང་ཆུབ་སེམས་དཔའ་སད་དུས་སུ་ཆོས་རྣམས་རྨི་ལམ་དང་འདྲ་བར་ལྟ་བར་མ་ཟད་རྨི༷་ལ༷མ་ན༷་ཡ༷ང་ཆོ༷ས་རྣ༷མས་ཀུ༷ན། རྨི༷་ལ༷མ་དང་སྒྲ་བརྙན་ལྟ༷་བུ༷ར་ལྟ༷་བ་ལ་སོགས་པ་༡དང༌། རྨི་ལམ་ན་དེ་བཞིན་གཤེགས་པ་དགེ་སློང་སོགས་ལྷ་དང་ཀླུ་ལ་སོགས་པ་འཁོར་ཚད་མེད་པ་མངའ་བ་ལ་ཆོས་སྟོན་པ་མཐོང་བ་༢དང༌། ཡང་རྨི་ལམ་དེ་བཞིན་གཤེགས་པ་ནམ་མཁའ་ལ་འཕགས་ཤིང་ཆོས་སྟོན་པ་མཚན་དཔེ་འབར་བ་སྤྲུལ་བ་མང་པོ་འགྱེད་པ་མཐོང་བ་༣དང༌། ཡང་རྨི་ལམ་ན་འཇིག་རྟེན་དུ་མྱ་ངན་དྲག་པོ་སྣ་ཚོགས་བྱུང་བ་མཐོང་ན་མི་འཇིགས་པ་༤དང༌། ཡང་རྨི་ལམ་ན་ངན་སོང་གསུམ་མཐོང་ན་རང་ཉིད་སངས་རྒྱས་པའི་ཞིང་དེར་ངན་སོང་གསུམ་པོ་མེད་པ་ཉིད་དུ་སྤྱད་དོ་སྙམ་པ་༥དང༌། རྨི་ལམ་སད་པའི་ཚེ་གྲོང་མེས་ཚིག་པ་ཞི་བ་ལ་སོགས་པའི་བདེན་ཚིག་འགྲུབ་པ་༦དང༌། གལ་ཏེ་བདག་འཚང་རྒྱ་ན་ཞེས་པའི་བདེན་ཚིག་གིས་སྐྱེས་པའམ་བུད་མེད་གཟུང་བའི་མི་མ་ཡིན་གུད་དུ་འགྲོ་བ་དང༌། བདུད་ལས་སྣ་ཚོགས་རིག་པ་༧དང༌། བྱང་ཆུབ་སེམས་དཔའ་ལ་ལྕི་བའི་ལྟུང་བ་རིག་པ་༨དང། ཉན་རང་གི་སེམས་ཀྱིས་དབེན་པ་བྱང་ཆུབ་སེམས་དཔའ་དགོན་པ་དང༌། ནགས་སུ་གནས་པའི་དོན་དུ་རིག་པ་༩དང༌། བྱང་ཆུབ་སེམས་དཔའ་དེས་དགེ་བའི་བཤེས་གཉེན་གང་ཡིན་དང༌། སངས་རྒྱས་ཀྱི་ཡུམ་གང་ཡིན་རིག་པ་༡༠དང༌། སངས་རྒྱས་ཀྱི་ཞིང་དག་པ་༡༡དང༌། སེམས་ཅན་སྨིན་པར་འདོད་པ༡༢་ལ་སོགས་པ་རྩེ་མོར་ཕྱིན་པའི་སྦྱོར་བ་ཐོབ་པའི་རྟགས་ནི། རྣམ་པ་བཅུ་གཉིས་དག་ཏུ་འདོད། ཅེས་གསུངས་སོ། །དེས་ན། བསྡུས་བསྒོམ་རབ་ཏུ་གྱུར་བར་མཚོན་བྱེད་དུ་གྱུར་བའི་བྱང་སེམས་ཀྱི་སྦྱོར་བ་དེ། རྟགས་ཀྱི་རྩེ་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། སྔར་རྩེ་མོར་ཕྱིན་དང་ཞེས་བཤད་པའི་རྩེ་མོ་དེ་ཡི་རྟགས་སམ་རྟགས་ཀྱི་རྩེ་མོའི་མཚན་ཉིད། བསྡུས་བསྒོམ་རབ་ཏུ་གྱུར་བར་མཚོན་བྱེད་གང་ཞིག བྱང་སེའི་སྦྱོར་ལམ་དྲོད། ཅེས་གསུངས་པའི་ཕྱིར། འོན་ཀྱང་མདོ་ལུགས་མ་ལྟར་ན་སྦྱོར་ལམ་དྲོད་ཅེས་སྦྱར་མི་དགོས་སོ། །དེ་ལ་དབྱེ་ན་བཅུ་གཉིས་སོ། །རྟགས་ཀྱི་རྩེ་སྦྱོར་གྱི་ས་མཚམས་ནི།ཐེག་ཆེན་སྦྱོར་ལམ་ནས་རྒྱུན་མཐའི་བར་དུ་ཡོད་ལ། སྐབས་འདིའི་རྟགས་ནི་སངས་རྒྱས་ཀྱི་སའི་བར་དུ་ཡོད་པར་སྣང་སྟེ། མདོ་ལུགས་མ་ལས། རྟགས་དང་རྣམ་འཕེལ་ལ་སོགས་པ་བཞི་པོ་འདི་རྩེ་སྦྱོར་ཐོབ་ནས་མཐར་ཐུག་གི་བར་གྱི་ཆོས་སུ་གསུངས་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིའི་རྟགས་ནི་རྩེ་སྦྱོར་ཐོབ་པའི་རྟགས་ཡིན་ཏེ། མདོ་ལུགས་མ་ལས། རྩེ་མོར་ཕྱིན་པའི་སྦྱོར་བ་ཐོབ་པའི་རྟགས་ནི། རྣམ་པ་བཅུ་གཉིས་དག་ཏུ་འདོད། །ཅེས་གསུངས་སོ། །སྦྱོར་བ་ནི། ཉ་ཊཱིཀ་ལས། རྩ་བ་ནི། དྲོད་ལ་གནས་པའི་བྱང་སེ་དབང་རྣོན་འགའ་ཆོས་ཅན། རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས་སམ་རྟགས་ཀྱི་རྩེ་སྦྱོར་ཐོབ་པ་ཡིན་ཏེ། སད་དུས་སུ་མ་ཟད་རྨི་ལམ་ན་ཡང་ཆོས་རྣམས་ཀུན་བདེན་མེད་རྨི་ལམ་ལྟ་བུར་ལྟ་བ་ལ་སོགས་རྣམ་པ་བཅུ་གཉིས་གསར་དུ་ཐོབ་པས་སོ། །ཁྱབ་སྟེ། བཅུ་གཉིས་པོ་དེ་དག་དེའི་རྟགས་སུ་སངས་རྒྱས་བཞེད་པས་སོ། །གློ་བུར་བ་དང་གཞན་དོན་གྱི་རྟགས་གཉིས་སུ་ཤེས་དགོས་སོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་རྩེ་མོའི་བསོད་ནམས་རྣམ་འཕེལ་བཤད་པ།

གཉིས་པ་རྩེ་མོའི་བསོད་ནམས་རྣམ་འཕེལ་བཤད་པ་ལ།

ཉི་ཁྲིའི་ལེའུ་ཞེ་ལྔ་པ་ལས།འཛམ་བུ་གླིང་གི་སེམས་ཅན་ཇི་སྙེད་ཡོད་པ་ཐམས་ཅད་མིའི་ལུས་ཐོབ་ནས་སངས་རྒྱས་པར་གྱུར་པ་ལ་ནམ་འཚོའི་བར་དུ་ལ་ལ་ཞིག་གིས་མཆོད་པའི་བསོད་ནམས་ལས། ཤེར་ཕྱིན་འདི་ལ་སྤྱོད་པས་བསོད་ནམས་ཆེས་མང་དུ་འཕེལ། ཞེས་སོགས་ཀྱི་དོན། རྩ་བར།འཛམ་བུ་གླིང་གི་སྐྱེ་བོ་སྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །རྣམ་མང་དུ་ནི་དཔེར་མཛད་ནས། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །ཞེས་སོ། །དེས་ན། བསྡུས་བསྒོམ་རབ་ཏུ་གྱུར་པའི་བསོད་ནམས་ཁྱད་འཕགས་ཀྱི་རྩེ་སྦྱོར་དེ། རྣམ་འཕེལ་གྱི་རྩེ་མོའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། རྣམ་འཕེལ་གྱི་རྩེ་མོའི་མཚན་ཉིད། བསྡུས་བསྒོམ་རབ་ཏུ་གྱུར་པའི་སྦྱོར་ལམ་རྩེ་མོ་གང་ཞིག བསོད་ནམས་ཁྱད་འཕགས་བཅུ་དྲུག་ཅན་ནོ། །ཞེས་གསུངས་སོ། །སྦྱོར་ལམ་ཞེས་པ་གཞན་དང་མཐུན་ཙམ་བྱས་པ་འདྲའོ། །དབྱེ་ན་བཅུ་དྲུག་ཡོད་དེ། མདོ་ལུགས་མ་ལས། འཛ༷མ་བུ༷་གླི༷ང་གི༷་སྐྱེ༷་བོ༷་ཇི་སྙེ༷ད་ཡོད་པ་དེ་སྙེད་ས༷ངས་རྒྱ༷ས་སུ་གྱུར་པ་ལ་འགའ་ཞིག་གིས་ནམ་འཚོའི་བར་མཆོ༷ད་པ༷འི་དགེ༷་བ་དང༌། ལ༷་སོ༷གས་པ་སྟོང་གསུམ་གྱི་སྐྱེ་བོ་ཇི་སྙེད་སངས་རྒྱས་སུ་གྱུར་པ་ལ་ནམ་འཚོའི་བར་དུ་མཆོད་པའི་དགེ་བ་སྟེ་གཉིས་དང༌། འཛམ་བུ་གླིང་གི་སེམས་ཅན་ཇི་སྙེད་པ་མིར་གྱུར་ལ། དེ་དག་ལ་ལ་ཞིག་གིས་དགེ་བ་བཅུ་བསམ་གཏན་ཚད་མེད་གཟུགས་མེད་མངོན་ཤེས་ལྔ་སྟེ་འཇིག་རྟེན་གྱི་ཕུན་ཚོགས་དང༌། རྒྱུན་ཞུགས་དང༌། ཕྱིར་འོང་དང༌། ཕྱིར་མི་འོང་དང༌། དགྲ་བཅོམ་པ་དང༌། རང་བྱུང་དང་བླ་མེད་བྱང་ཆུབ་ལ་བཀོད་དེ་དེ་དག་གི་དགེ་བ་ཡང་རང་གི་སྐབས་སུ་སངས་རྒྱས་སུ་བསྔོ་བ་དང་བཅས་པའི་དགེ་བ་བདུན་དང༌། སྟོང་གསུམ་གྱི་སེམས་ཅན་ཇི་སྙེད་མིར་གྱུར་ལ། དེ་དག་ལ་ལ་ཞིག་གིས་འཇིག་རྟེན་པའི་ཕུན་ཚོགས་ལ་བཀོད་པ་དང༌། རྒྱུན་ཞུགས་པ་དང༌། ཕྱིར་འོང་ལ་དང༌། ཕྱིར་མི་འོང་ལ་དང༌། དགྲ་བཅོམ་པ་ལ་དང༌། རང་བྱང་ཆུབ་ལ་དང༌། བླ་མེད་བྱང་ཆུབ་ལ་བཀོད་ཅིང་དགེ་བ་ཡང་རང་རང་གི་སྐབས་སུ་སངས་རྒྱས་སུ་བསྔོས་པ་དང་བཅས་པའི་བསོད་ནམས་བདུན་ནོ། །དེ་ལྟར་བདུན་ཚན་གཉིས་ཀྱི་སྟེང་དུ་སྔ་མ་གཉིས་དེ་དགེ་བ་བཅུ་དྲུག་གི་རྣ༷མ་པ་མ༷ང་དུ༷་བསྟན་པ་ན་དཔེ༷ར་མཛ༷ད་ན༷ས། རྩེ་སྦྱོར་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཡིད་ལ་བྱེད་པ་དང་མ་བྲལ་བས་ཤེར་ཕྱིན་ལ་སྤྱོད་ཅིང་གཞན་ལ་སྟོན་པ་ནི་དགེ་བའི་རྣ༷མ་པ་ཆེས་མང་དུ་འཕེ༷ལ་བ་བཅུ༷་དྲུ༷ག་གི་བད༷ག་ཉི༷ད་དོ༷། །དེ་ནས་མདོ་ལས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་སྦྱིན་གནས་སུ་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཞེས་སོགས་ཀྱིས་བསོད་ནམས་ཆེ་བའི་རྒྱུ་མཚན་དང༌། ཤེར་ཕྱིན་ལ་རྩེ་གཅིག་ཏུ་བརྩོན་ཚུལ་དང༌། ཆོས་ཟབ་མོའི་ཡིན་ལུགས་ལ་སོགས་པ་སྟོན་ནོ། །ཞེས་གསུངས་སོ། །དེ་བཅུ་དྲུག་བགྲང་ཚུལ་ཉ་ཊཱིཀ་ལས། གཞན་ཞིག་གསུངས་པས་དེར་ཤེས་པར་བྱའོ། །ས་མཚམས་རྟགས་ཀྱི་རྩེ་མོ་དང་འདྲའོ། །སྦྱོར་བ་ནི། ཉ་ཊཱིཀ་ལས། སྦྱོར་ལམ་རྩེ་མོ་ཐོབ་པའི་བྱང་སེ་དབང་རྣོན་ཆོས་ཅན། རྣམ་འཕེལ་གྱི་རྩེ་སྦྱོར་ཐོབ་སྟེ། འདིར་བཤད་བསོད་ནམས་རྣམ་འཕེལ་བཅུ་དྲུག་གསར་དུ་ཐོབ་པས་སོ། །ཞེས་རྩ་འགྲེལ་ལ་དགོད་དོ། །ཞེས་གསུངས་སོ། །

གསུམ་པ་རྩེ་མོའི་བྱང་ཆུབ་ཀྱི་སེམས་བརྟན་པ་བཤད་པ།

གསུམ་པ་རྩེ་མོའི་བྱང་ཆུབ་ཀྱི་སེམས་བརྟན་པ་བཤད་པ་ལ།

ཉི་ཁྲིའི་ལེའུ་ཞེ་བརྒྱད་པར། ལྷའི་དབང་པོས་བཅོམ་ལྡན་འདས་ལ་མེ་ཏོག་གིས་མཆོད་ནས་དགེ་བ་འདིས་བླ་མེད་བྱང་ཆུབ་དུ་དམིགས་པའི་བྱང་ཆུབ་སེམས་དཔའ་དག་གིས། སངས་རྒྱས་ཀྱི་དང༌།རྣམ་མཁྱེན་གྱི་དང༌། རང་བྱུང་གི་དང༌། ཟག་མེད་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག ཅེས་སོགས་ཀྱི་དོན། རྩ་བར། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་པ་བླ་མེད་པ། །སེམས་ཅན་དོན་ཡོངས་མི་གཏོང་བ། །བརྟན་པ་ཞེས་ནི་མངོན་པར་བརྗོད། །ཅེས་སོ། །དེའི་དོན་མདོ་ལུགས་མ་ལས། ཀུ༷ན་མཁྱེ༷ན་པ་ཉི༷ད་གསུ༷མ་གྱི༷་རང་བཞིན་སངས་རྒྱས་ཀྱི་ཆོ༷ས་རྣ༷མས་ཀྱི༷་རྣམ་པ་མ་ལུས་པ་ཡོ༷ངས་སུ༷་རྫོ༷གས་པར་བྱེད་པ༷་བླ༷་ན་མེ༷ད་པའི་དག་པ༷་དང༌། སེ༷མས་ཅ༷ན་ཐམས་ཅད་ཀྱི་དོ༷ན་ཡོ༷ངས་སུ་བློས་མི༷་གཏོ༷ང་བ༷་ཉིད་ཉན་རང་དུ་མི་ལྡོག་པས། དེ་ཉིད་བྱང་ཆུབ་ཀྱི་སེམས་བརྟ༷ན་པ༷་ཞེ༷ས་ནི༷་མངོ༷ན་པ༷ར་བརྗོ༷ད་ཅིང་བསྟན་ཏོ། །ཞེས་གསུངས་སོ། །དེས་ན། ཤེས་རབ་ཀྱིས་མཁྱེན་གསུམ་གྱི་ཆོས་ཡོངས་སུ་རྫོགས་པར་བསྔོས་ཤིང་སྙིང་རྗེས་གཞན་དོན་གྱི་བསམ་པ་བརྟན་པོ་ཅན་གྱི་རྩེ་སྦྱོར་དེ།བརྟན་པའི་རྩེ་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། བརྟན་པའི་རྩེ་མོའི་མཚན་ཉིད།ཤེས་རབ་ཀྱིས་མཁྱེན་གསུམ་གྱི་ཆོས་ཡོངས་སུ་རྫོགས་པར་བསྔོས་ཤིང་སྙིང་རྗེས་གཞན་དོན་གྱི་བསམ་པ་བརྟན་པོ་ཅན་གྱི་སྦྱོར་ལམ་བཟོད་པར་གྱུར་པའོ། །ཞེས་གསུངས་པའི་ ཕྱིར་རོ། །ས་མཚམས་སྔ་མ་དང་འདྲའོ། །

བཞི་བ་རྩེ་མོའི་ཏིང་ངེ་འཛིན་གྱི་སེམས་ཀུན་གནས་པ་བཤད་པ།

བཞི་བ་རྩེ་མོའི་ཏིང་ངེ་འཛིན་གྱི་སེམས་ཀུན་གནས་པ་བཤད་པ་ལ།

མདོ་ལས།སེམས་དང་པོ་བསྐྱེད་པ་དང༌། ཡུན་རིང་པོ་ནས་སྤྱོད་པ་དང༌། ཕྱིར་མི་ལྡོག་པ་དང༌། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་ལ་རྗེས་སུ་ཡི་རང་བའི་བསོད་ནམས་ནི་ཚད་མེད་དོ། །ཞེས་སོགས་ཀྱི་དོན། རྩ་བར། གླིང་བཞི་པ་དང་སྟོང་དག་དང༌། །སྟོང་གཉིས་གསུམ་དག་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །ཞེས་སོ། །དེའི་དོན་མདོ་ལུགས་མ་ལས།ཏིང་ངེ་འཛིན་འདིའི་ངོ་བོ་ཉིད་དུ་རྗེས་སུ་ཡི་རང་བ་འདི་ཡིན་ནོ། །གླི༷ང་བཞི༷་པ༷་ད༷ང་སྟོ༷ང་གི་འཇིག་རྟེན་ད༷ང་སྟོ༷༷ང་གསུ༷མ་གྱི་འཇིག་རྟེན་གྱི་ཁམས་ནི་སྐྲའི་རྩེ་མོ་ཙམ་དུ་བསིལ་བའི་ཚད་ཀྱང་གཟུང་དུ་སྲིད་ཀྱི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་ལ་ནི་ཚད་མེད་དོ། །ཞེས་བྱ་བ་ད༷ག་དཔེ༷ར་མཛ༷ད་ན༷ས། བསོ༷ད་ན༷མས་མ༷ང་པོ༷་ཚད་མེད་པ་གསུང་བ་ཉི༷ད་ཀྱི༷ས་ནི༷། བྱང་ཆུབ་སེམས་དཔའ་དེ་དག་སེམས་བསྐྱེད་ལ་རྗེས་སུ་ཡི་རིང་བ་དང་མཚུངས་ལྡན་ནི། རྩེ་གཅིག་པའི་ཏི༷ང་ངེ་འཛི༷ན་འདི་ཡོ༷ངས་སུ༷་བསྒྲ༷གས་ཤིང་བསྟན་པ༷་ཡི༷ན་ནོ། །ཞེས་གསུངས་སོ། །དེས་ན། བསོད་ནམས་ཕུལ་བྱུང་མཐའ་ཡས་པ་ཅན་གྱི་དེ་ཁོ་ན་ཉིད་ལ་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་གྱི་རྩེ་སྦྱོར་དེ། སེམས་ཀུན་ཏུ་གནས་པའི་རྩེ་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། སེམས་ཀུན་ཏུ་གནས་པའི་རྩེ་མོའི་མཚན་ཉིད། དེ་ཁོ་ན་ཉིད་ལ་སེམས་རྩེ་གཅིག་པའི་སྦྱོར་ལམ་ཆོས་མཆོག་གང་ཞིག བསོད་ནམས་ཕུལ་བྱུང་མཐའ་ཡས་པ་ཅན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

རྟགས་དང་རྣམ་འཕེལ་སོགས་བཞི་རིམ་བཞིན་དྲོད་སོགས་བཞི་ལ་སྦྱར་དགོས་པར་ཐལ། ཉ་ཊཱིཀ་ལས། རྩེ་མོ་དེ་ཡི་རྟགས་སམ་རྟགས་ཀྱི་རྩེ་མོའི་མཚན་ཉིད། བསྡུས་བསྒོམ་རབ་ཏུ་གྱུར་པར་མཚོན་བྱེད་གང་ཞིགབྱང་སེའི་སྦྱོར་ལམ་དྲོད། ཅེས་སོགས་དང༌། རྟགས་ལ་སོགས་པ་བཞི་བོ་དེ་དག་ནི་གོ་རིམ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིའི་ངོ་བོ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །འདིས་འགྲེལ་ཆེན་འགྲེལ་ཆུང་གི་རང་ལུགས་འདིར་མངོན་ཞིང་སྔར་བཤད་བཤད་པའི་རྣམ་གྲངས་སུ་གསལ་ལོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ནི་སེང་བཟང་དང་མཐུན་ཙམ་ལས་རང་ལུགས་ལ་མི་རིགས་པར་ཐལ། མདོ་ལུགས་མ་ལས། རྟགས་དང་རྣམ་འཕེལ་ལ་སོགས་པ་བཞི་པོ་འདི་རྩེ་སྦྱོར་ཐོབ་ནས་མཐར་ཐུག་གི་བར་གྱི་ཆོས་སུ་གསུངས་པའི་ཕྱིར། དྲོད་སོགས་བཞིར་འཆད་པ་ནི་ཤེས་བྱེད་ཡིད་ཆེས་པ་མི་སྣང་ངོ༌། །སྦྱོར་ལམ་བཏགས་པ་བར་བཤད་པ་ལ་ཡང་དགོས་པ་མེད་ཅིང་གནོད་བྱེད་དང་བཅས་སོ། ཞེས་གསུངས་པའི་ཕྱིར་རོ། །སྐབས་སྔ་མ་རྣམས་དང་འདྲ་བར་སྐབས་ལྔ་བ་འདིར་མཐོང་ལམ་གྱི་སྔར་སྦྱོར་ལམ་བསྟན་མ་བསྟན་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །ཡང་རྩེ་མོར་ཕྱིན་པ་དང༌། ལུང་བསྟན་པ་དང༌། ཕྱིར་མི་ལྡོག་པ་གསུམ་དོན་གཅིག་ཡིན་པར་ཐལ། མདོ་ལུགས་མ་ལས། སྐབས་འདིའི་ཆོས་བཅུ་ལས་དང་པོ་རྣམ་རྫོགས་སྦྱོར་བ་དེ་རབ་ཏུ་གྱུར་པ་ནི་རྩེ་མོར་ཕྱིན་པའི་རྣལ་འབྱོར་ཡིན་ལ། རྣལ་འབྱོར་དེ་ཐོབ་ནས་བྱང་ཆུབ་སེམས་དཔའ་སངས་རྒྱས་རྣམས་ཀྱིས་བླ་མེད་བྱང་ཆུབ་ཏུ་ལུང་སྟོན་ཅིང༌། ལུང་བསྟན་པ་ཉིད་ཕྱིར་མི་ལྡོག་པས། རྩེ་མོར་ཕྱིན་པ་དང༌། ལུང་བསྟན་པ་དང༌། ཕྱིར་མི་ལྡོག་པ་གསུམ་དོན་གཅིག་ཉིད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། བྱང་སེམས་ཚོགས་ལམ་ལ་ལུང་བསྟན་ཐོབ་པ་དང་ཕྱིར་མི་ལྡོག་པ་ཡོད་མེད་དང་སངས་རྒྱས་འཕགས་པ་རྩེ་མོར་ཕྱིན་པ་ཡིན་མིན་བརྟག་པར་བྱའོ། །ཡང་ཚོགས་ལམ་ལ་རྩེ་སྦྱོར་ཡོད་པར་ཐལ། ཐབས་མཁས་ཀྱིས་ཟིན་པའི་རྣམ་རྫོགས་སྦྱོར་བ་ཡོད་པའི་ཕྱིར། ཁྱབ་སྟེ། མདོ་ལུགས་མ་ལས། སྐབས་བཞི་པར་རྣམ་རྫོགས་ཀྱི་རྣལ་འབྱོར་དེ་ཐབས་མཁས་ཀྱིས་ཟིན་པའི་ཚེ། རྩེ་མོར་ཕྱིན་པར་སྣང་ངོ༌། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། སྐབས་བཞི་བའི་སྐབས་སུ་བསྟན་པའི་ཐབས་མཁས་སྦྱོར་བ་དེ། དག་ས་ལ་སྦྱར་མི་དགོས་པར་ཐལ། དེའི་སྐབས་ཀྱི་ཐབས་མཁས་དགུ་བ་དང་བཅུ་བ་གཉིས་ལུང་བསྟན་པ་དང་འབྲེལ་ནས་ཕྱིར་མི་ལྡོག་པའི་རྩེ་མོའི་རྟགས་སུ་བཤད་པའི་ཕྱིར་ཏེ། མདོ་ ལུགས་མ་ལས། ཐབས་མཁས་པ་དགུ་པ་དང་བཅུ་པར་ལུང་བསྟན་པ་དང་སྤྲེལ་ནས་ཕྱིར་མི་ལྡོག་པའི་རྟགས་ཉིད་རྩེ་སྦྱོར་གྱི་རྟགས་སུ་གསུངས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པའི་སྒོའོ། །ཡང་རྩེ་མོའི་རྟགས་ཞེས་པ་དང༌། རྟགས་ཀྱི་རྩེ་མོ་ཞེས་པ་གཉིས་ལ་ཁྱད་མེད་པར་ཐལ། ཉ་ཊཱིཀ་ལས། རྩེ་མོ་དེ་ཡི་རྟགས་སམ་རྟགས་ཀྱི་རྩེ་མོའི་མཚན་ཉིད། ཅེས་དང༌། རྟགས་ཀྱི་རྩེ་མོའམ་རྩེ་མོའི་རྟགས་ལ། ཞེས་གསུངས་པའི་ཕྱིར་ཟེར་ན། དེ་མི་འཐད་དེ། རྩེ་མོའི་རྟགས་ཞེས་པ་རྩེ་སྦྱོར་ཐོབ་པའི་རྟགས་ཡིན་ལ། རྟགས་ཀྱི་རྩེ་མོ་ནི་ཕྱིར་མི་ལྡོག་པའི་རྟགས་དང་རྩེ་སྦྱོར་གཉིས་ཀྱི་གཞི་མཐུན་ལ་བྱེད་དགོས་པའི་ཕྱིར་ཏེ། མདོ་ལུགས་མ་ལས། རྩེ་མོར་ཕྱིན་པའི་སྦྱོར་བ་ཐོབ་པའི་རྟགས་ནི། རྣམ་པ་བཅུ་གཉིས་དག་ཏུ་འདོད། ཅེས་དང༌། དེས་ན་རྩེ་མོ་དེའི་རྟགས་དང༌། རྩེ་མོ་དེའི་བསོད་ནམས་རྣམ་པར་འཕེལ་བ་དང༌། རྩེ་མོ་དེའི་བྱང་ཆུབ་ཀྱི་སེམས་བརྟན་པ་དང༌། རྩེ་མོ་དེའི་ཏིང་ངེ་འཛིན་གྱི་སེམས་ཀུན་ཏུ་གནས་པ་ཡིན་ནོ། །ཞེས་དང༌། ཉ་ཊཱིཀ་ལས། རྩེ་མོའི་མངོན་རྟོགས་ཐོབ་པའི་གནས་སྐབས་ཀྱི་ཁྱད་པར་གྱི་རྟགས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་སྐབས་ཐོབ་སོགས་ཀྱིས་དབང་དང་སྒྲ་ནི་བརྗོད་འདོད་རྗེས་འབྲང་ཡིན་པ་ལྟར་རོ། །རྣམ་འཕེལ་བཅུ་དྲུག་བགྲང་ཚུལ་མདོ་ལུགས་མ་ལས། དེ་ལྟར་བདུན་ཚན་གཉིས་ཀྱི་སྟེང་དུ་སྔ་མ་གཉིས་ཏེ་དགེ་བ་བཅུ་དྲུག་གི་རྣམ་པ་མང་དུ་བསྟན་པ་ན་དཔེར་མཛད་ནས། རྩེ་སྦྱོར་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཡིད་ལ་བྱེད་པ་དང་མ་བྲལ་བས་ཤེར་ཕྱིན་ལ་སྤྱོད་ཅིང་གཞན་ལ་སྟོན་པ་ནི་དགེ་བའི་རྣམ་པ་ཆེས་མང་དུ་འཕེལ་བ་བཅུ་དྲུག་གི་བདག་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་དང་ཉ་ཊཱིཀ་གི་བགྲང་ཚུལ་གཉིས་ཅུང་མི་འདྲ་ཡང་དེར་ཤེས་པར་བྱའོ། །འདིར་ཚིག་མང་དོགས་ནས་མ་སྤྲོས་སོ། །ཡང་ཉ་ཊཱིཀ་ལས། ཚུལ་གང་གིས་ན། རྟགས་དང་ལོག་སྒྲུབ་ལ་སོགས་པ་བསྙད་པ་སྔོན་དུ་འགྲོ་བའི་སྒོ་ནས་སོ། །ཞེས་པ་ལ་ལོག་སྒྲུབ་སྔོན་དུ་བཤད་མ་བཤད་དཔྱད། ཡང་ཉ་ཊཱིཀ་ལས། སྦྱོར་ལམ་རྩེ་མོ་ཐོབ་པའི་བྱང་སེ་དབང་རྣོན་ཆོས་ཅན། རྣམ་འཕེལ་གྱི་རྩེ་སྦྱོར་ཐོབ་སྟེ། འདིར་བཤད་བསོད་ནམས་རྣམ་འཕེལ་བཅུ་དྲུག་གསར་དུ་ཐོབ་པས་སོ། །ཞེས་རྩ་འགྲེལ་ལ་དགོད་དོ། །ཞེས་གསུངས་པ་རང་ལུགས་ལ་འཐད་དམ་ཅི། མི་འཐད་ན་རང་ལུགས་ཀྱི་རྩ་བའི་དོན་བཤད་སྐབས་སུ་རྩ་བའི་དོན་བཤད་མ་བཤད་དང༌། སེང་བཟང་གི་ལུགས་ཡིན་ན་སེང་བཟང་རང་ལ་རྟགས་སོགས་བཞི་དྲོད་སོགས་བཞི་སྦྱར་བའི་ཡིད་ཆེས་པའི་ཤེས་བྱེད་གང་ཡིན་དྲིས་ན་ལན་ཇི་ལྟར་ཡིན་དཔྱད་དོ། །ཡང་ཉ་ཊཱིཀ་ལས། ཇི་ལྟར་ན། བཅུ་དྲུག་པོ་སྔ་མ་སྔ་མ་བས་ཕྱི་མ་ཕྱི་མ་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་ཉིད་ཀྱིས་སོ། །བཅུ་དྲུག་གང་ན། སྦྱོར་བ་ལས་གཞན་བརྒྱད། སྦྱོར་བའི་གནས་སྐབས་བརྒྱད་དོ།།དེ་གཉིས་འདྲེས་པར་སྟོན་ཏེ། འཛམ་བུའི་གླིང་དང༌། སོགས་པ་གླིང་བཞི་ནས། སྟོང་གཅིག་སྟོང་གཉིས་སྟོང་གསུམ་གྱི་འཇིག་རྟེན་གྱི་སེམས་ཅན་ཇི་སྙེད་ཀྱིས་དེ་པ་ལ་མཆོད་པ་བས་རང་ཉི་མ་གཅིག་ཙམ་དུ་སྦྱོར་ལམ་རྩེ་མོའི་ཤེར་ཕྱིན་བསྒོམ་ཞིང་ཉིན་གཅིག་ཙམ་གཞན་ལ་ཡུམ་སྟོན་པ་ཆེས་ལྷག་པའི་བསོད་ནམས་རྣམ་འཕེལ་དང་པོ་དང༌། ཞེས་སྔ་མ་སྔ་མ་ལས་ཕྱི་མ་མཆོག་ཏུ་གྱུར་པ་ཡིན་པ་ལྟ་བུ་གསུངས་པ་དང༌། ཡང་ཉ་ཊཱིཀ་ལས། འབུམ་ཊཱིཀ་ཏུ།དང་པོ་བས་གཉིས་པ་དམན་པར་འཆད་ཅིང༌། སྤྱིར་བཅུ་དྲུག་པོ་སྔ་མ་བས་ཕྱི་མ་འཕགས་པར་མི་གསལ་ལོ། །ཞེས་གསུངས་པ་དང༌། གོང་དུ་མདོ་ལུགས་མ་ལྟར་རྣམ་འཕེལ་བཅུ་དྲུག་བཞག་པ་རྣམས་ཀྱིས་རྣམ་འཕེལ་བཅུ་དྲུག་འགལ་བ་དང་ཡིན་ཁྱབ་མཉམ་དང་མུ་བཞི་ཡོད་མེད་སོགས་དཔྱད་པར་བྱའོ། །

གཉིས་པ་མཐོང་ལམ་རྩེ་སྦྱོར་བཤད་པ།

གཉིས་པ་མཐོང་ལམ་རྩེ་སྦྱོར་བཤད་པ་ལ།

སྤང་བྱ་རྣམ་རྟོག གཉེན་པོ་མཐོང་ལམ་བཤད་པ་དང་གཉིས། དང་པོ་ལ། མདོར་བསྟན། རྒྱས་བཤད། བསྡུ་བ་གསུམ། །དང་པོ་ལ་གཉིས་ཏེ། སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་དང་གཉིས། དང་པོ་ལ་གཉིས། གཟུང་རྟོག་མདོར་བསྟན། འཛིན་རྟོག་མདོར་བསྟན་ནོ། །དང་པོ་ནི། རྩ་བར།འཇུག་པ་དང་ནི་ལྡོག་པ་ལ། །གཟུང་བའི་རྣམ་རྟོག་སོ་སོར་ཏེ། །དགུ་ཡི་བདག་ཉིད་ཇི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཤེས་བྱ། །ཞེས་སོ། །དེའི་དོན་མདོ་ལུགས་མ་ལས། ཡུལ་ཡོན་ཏན་ཅན་དུ་མཐོང་བ་ལ་འཇུ༷ག་པའི་རྣམ་པར་རྟོག་པ༷་ད༷ང་ནི༷་སྐྱོན་ཅན་དུ་མཐོང་བ་ལ་ལྡོ༷ག་པའི་རྣམ་པས་རྟོག་པ༷་ལ༷་གཟུ༷ང་བ༷འི་རྣ༷མ་རྟོ༷ག་གཉིས་ཏེ། སོ༷་སོ༷ར་གཉིས་པོ་དེ༷་རེ་རེའི་ཡང་དགུ་དགུ༷འི༷་བད༷ག་ཉི༷ད་དུ་ཡུལ་གྱི་སྒོ་ནས་ཕྱེ་བ་དེ་རྣམས་ཀྱིས་གཟུང་བ་ཇི༷་ལྟ་བ་བཞི༷ན་དུ། ཡུ༷ལ་རྣམས་བདེན་པར་ཡོད་པ་མི༷ན་པ༷འི་བད༷ག་ཉི༷ད་ད༷ག་ཏུ་ཤེ༷ས་པར་བྱ༷འོ། །ཞེས་སོ། །དེས་ན། མཐོང་སྤང་གི་རྣམ་རྟོག་དེ་གཉིས་ཀྱི་མཚན་ཉིད་ནི། གཟུང་བྱའི་ཡུལ་ཡོན་ཏན་ཅན་དུ་བདེན་པར་ཞེན་པའི་རིགས་སུ་གནས་པའི་ཀུན་བཏགས་ཀྱི་རྟོག་པ་དེ། མཐོང་སྤང་འཇུག་པ་གཟུང་རྟོག་གི་མཚན་ཉིད། གང་གཟུང་བྱའི་ཡུལ་སྐྱོན་ཅན་དུ་བདེན་པར་ཞེན་པའི་རིགས་སུ་གནས་པའི་ཀུན་བཏགས་ཀྱི་རྟོག་པ་དེ། མཐོང་སྤང་ལྡོག་པ་གཟུང་རྟོག་གི་མཚན་ཉིད་དོ། །གཉིས་པ་འཛིན་རྟོག་མདོར་བསྟན་པ་ནི། རྩ་བར། སོ་སོར་སྐྱེ་བོ་འཕགས་དབྱེ་བས། །སེམས་ཅན་རྫས་དང་བཏགས་ཡོད་པར། ། རྣམ་རྟོག་འཛིན་པ་དག་ཏུ་འདོད། །དེ་དག་སོ་སོར་དགུ་བདག་ཉིད། །གལ་ཏེ་གཟུང་དོན་དེ་བཞིན་མེད། །དེ་དག་གང་གི་འཛིན་པར་འདོད། །དེ་ལྟར་དེ་དག་འཛིན་པ་ཡི། །ངོ་བོ་སྟོང་བའི་མཚན་ཉིད་དོ། །ཞེས་སོ། །དེའི་དོན་མདོ་ལུགས་མ་ལས། སོ༷་སོ༷འི་སྐྱེ༷་བོ་ད༷ང་འཕ༷གས་པའི་འཛིན་རྟོག་གཉིས་སུ་དབྱེ༷་བ༷ས། སེ༷མས་ཅ༷ན་རྫ༷ས་སུ་ཡོད་པར་རྟོག་པས་སོ་སྐྱེ་འཛིན་རྟོག་ད༷ང༌། སེམས་ཅན་བཏ༷གས་པ་ཙམ་དུ་ཡོ༷ད་པ༷ར་རྣ༷མ་པར་རྟོ༷ག་པ་འཕགས་པའི་འཛི༷ན་པ༷་རྟོག་པ་ད༷ག་ཏུ༷་འདོ༷ད། གཉིས་པ་དེ༷་ད༷ག་སོ༷་སོ༷ར་ཡུལ་གྱི་སྒོ་ནས་དགུ༷་དགུའི་བད༷ག་ཉི༷ད་དུ་འཆད་པར་འགྱུར་རོ། །ག༷ལ་ཏེ༷་གཟུ༷ང་བའི་དོ༷ན་འཛིན་རྟོག་གིས་གཟུང་བ་དེ༷་བཞི༷ན་དུ་རྫས་དང་བཅས་པའི་དངོས་པོར་གྲུབ་པ་མེ༷ད་ན་དེ༷་ད༷ག་དངོས་པོར་གྲུབ་པ་ག༷ང་གི༷་འཛི༷ན་པ༷་མ་འཁྲུལ་པའི་དངོས་པོར་འདོ༷ད་དེ་མི་གྲུབ་པོ། །གཟུང་དོན་དངོས་པོར་མེད་པ་དེ་དེ༷་ལྟ༷ར་འཛིན་པ་དེ༷་ད༷ག་འཛི༷ན་པ༷འི༷་ངོ༷་བོ༷་མ་འཁྲུལ་བས་སྟོ༷ང་པ༷འི་མཚ༷ན་ཉི༷ད་དུ་གྲུབ་པ་ཉིད་དོ༷། །ཞེས་གསུངས་སོ། །དེས་ན་མཐོང་སྤང་འཛིན་རྟོག་དེ་གཉིས་ཀྱི་མཚན་ཉིད་ནི། སེམས་ཅན་རྫས་སུ་བདེན་པར་ཞེན་པའི་རིགས་གནས་ཀྱི་ཀུན་བཏགས་ཀྱི་རྟོག་པ་དེ། མཐོང་སྤང་རྫས་འཛིན་རྟོག་པའི་མཚན་ཉིད། སེམས་ཅན་བཏགས་པར་བདེན་པར་ཞེན་པའི་རིགས་གནས་ཀྱི་ཀུན་བཏགས་ཀྱི་རྟོག་པ་དེ། མཐོང་སྤང་བཏགས་འཛིན་རྟོག་པའི་མཚན་ཉིད་དོ། །དབྱེ་ན་རེ་རེ་ལ་ཡང་རྣམ་པ་དགུ་རེ་ཡོད་དེ། ཡུལ་དགུ་དགུ་ཡོད་པའི་དབྱེ་བས་སོ། །སྐབས་དང་པོའི་ངེས་འབྱེད་ཆ་མཐུན་གྱི་སྐབས་སུ་བཤད་པ་དང་མཐོང་ལམ་རྩེ་སྦྱོར་གྱི་སྐབས་འདིར་བཤད་པའི་རྟོག་པ་གཉིས་འདྲའོ། །སྤྱིར་སྐབས་ལྔ་བ་འདིར་མཐོང་སྒོམ་གཉིས་ཀྱི་སྤང་བྱའི་རྣམ་རྟོག་བཤད་ལ་དབྱེ་བ་དགུ་བཤད་པ་གྲངས་ཙམ་འདྲ་ཡང་དམིགས་པའི་སྒོ་ནས་མི་འདྲའོ། །རྩ་བའི་མདོར་བསྟན་འདི་མཐོང་སྒོམ་གཉིས་ཀྱི་སྤང་བྱའི་རྣམ་རྟོག་མདོར་བསྟན་ལ་བཤད་དུ་རུང་ངོ༌། །ཡང་སྦྱོར་བ་ནི་ཉ་ཊཱིཀ་གི་འགྲེལ་བའི་དོན་བཤད་སྐབས་སུ། དོན་དམ་པར་ཆོས་ཀུན་ཅིར་ཡང་མི་དམིགས་པར་རྟོགས་པའི་ཤེས་རབ་ཐབས་མཁས་དང་བཅས་པའི་ངོ་བོ་ཉིད་དེ་དངོས་པོ་ཆོས་ཅན། བྱང་སེའི་འཇུག་པའི་ཡུལ་ཡིན་ཏེ། བྱང་པའི་བླང་བྱའམ་ཡོན་ཏན་ཁྱད་པར་ཅན་གྱི་ཆོས་ཡིན་པས་སོ། །དེས་ན་དེ་གོ་རིམ་བཞིན་དུ་ལེན་པར་འདོད་པའི་སྒོ་ནས་དོན་ལ་རང་གི་འཇུག་བྱའི་གཟུང་བའོ་སྟེ་ཡུལ་དུ་འཁྲུལ་རྟོག་ནི། འདིར་བཤད་འཇུག་རྟོག་གོ །དངོས་པོ་མཚན་མར་དང་རང་གཅིག་པུའི་དོན་དུ་དམིགས་ཤིང་འཛིན་པའི་སངས་རྒྱས་པའི་ལམ་འབྲས་ཀྱི་ངོ་བོ་ཉིད་དེ་དངོས་པོ་ཆོས་ཅན། བྱང་སེའི་ལྡོག་པའི་ཡུལ་ཡིན་ཏེ། ཉན་ཐོས་དང་སོགས་པ་རང་རྒྱལ་གྱི་བླང་བྱའི་ཆོས་མཚན་འཛིན་ཅན་དེ་ཡིན་པས་སོ། །དེས་ན་དེ་འདོར་བར་འདོད་པའི་སྒོ་ནས་དོན་ལ་ལྡོག་བྱའི་ཡུལ་དུ་འཁྲུལ་རྟོག་ནི་འདིར་བཤད་ལྡོག་རྟོག་གོ །ཞེས་དང༌། བཅོ་བརྒྱད་པོ་ནི་ཆོས་ཅན། ཁྱོད་ཀྱི་གཟུང་བའི་ཡུལ་དེ་དོན་དམ་བདེན་པ་ཇི་ལྟ་བ་བཞིན་མ་ཡིན་པའི་རང་གི་ངོ་བོ་དག་སྟེ་དེར་ཤེས་བྱའོ། །དོན་དམ་ལ་ལྟོས་ཏེ་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར། རྟགས་གྲུབ་སྟེ། དེ་དག་ནི་ཆོས་ཅན། དེ་ཡིན་ཏེ། ཁྱོད་ཀྱི་ཡུལ་འཛིན་པའི་ངོ་བོ་རྫས་འཛིན་བཏགས་འཛིན་ནམ་སྐྱེ་འཕགས་གཉིས་དོན་དམ་པར་བདེན་པས་དབེན་པའི་ངོ་བོ་སྟེ་རང་བཞིན་ཡིན་པས་སོ། །ཁྱབ་སྟེ། གང་གི་ཚེ་རྟོག་པ་དེ་དག་གི་ཡུལ་གྱི་དངོས་པོར་གྱུར་པའི་གཟུང་བའི་དོན་འཛིན་པ་གཉིས་སམ་སྐྱེ་འཕགས་གཉིས་ཁྱོད་ཀྱིས་བརྟགས་པ་དེ་བཞིན་དུ་དོན་དམ་པར་གཟུང་བའི་ངོ་བོར་ཡོད་པ་མ་ཡིན་པ་དེའི་ཚེ་དེ་དག་ཡུལ་བདེན་པ་གང་གི་ཡང་འཛིན་པ་མ་ཡིན་པས་ཁྱབ་པ་དེའི་ཕྱིར་རོ། །ཞེས་གསུངས་སོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

སྐབས་དང་པོའི་སྦྱོར་ལམ་གྱི་སྐབས་སུ་བསྟན་པ་འདིར་བསྟན་གྱི་ཁྱད་པར་སྔར་བཤད་པ་དེ་ནི་མདོ་ལུགས་མ་བཞིན་ནོ། །ཉ་ཊཱིཀ་གི་སྐབས་སུ་སྐབས་འདིར་ཁྱད་པར་དུ་མ་བཤད་དེ། ཉ་ཊཱིཀ་ལས། རྩ་བ་ལ། འདིར་བཤད་རྟོག་པ་བརྒྱད་དང༌། སྐབས་དང་པོའི་སྦྱོར་ལམ་གྱི་ཁྱད་ཆོས་རྟོག་པ་བཞི། གཉེན་ཚོགས་ཀྱི་བརྒྱད་རྣམས་ལ་ཁྱད་པར་ཅི་ཡོད་ན། ཨཱརྱ་ལྟར་ན་སྔར་གྱི་སྦྱོར་ལམ་གྱི་བཞི་བོ་མཐོང་སྤང་ཁོ་ན་ཡིན་ལ། གཞན་ལ་མཐོང་སྒོམ་གཉིས་ཀའི་སྤང་བྱ་ཡོད་དོ། །གཉེན་ཚོགས་ཀྱི་དང་འདི་ལ་ཁྱད་པར་ཡོད་དེ། དེའི་གཟུང་རྟོག་དང་པོ་གཉིས་དངོས་པོ་ཙམ་དང་གཉེན་པོ་ཁོ་ནའི་ཡུལ་ཅན་ཡིན་ལ། འདིའི་གཟུང་རྟོག་དང་པོ་གཉིས་རྣམ་བྱང་ཕྱོགས་འབའ་ཞིག་གི་ཡུལ་ཅན་ཡིན་ཞིང་ཡུལ་ཡང་སྔར་གྱི་གཉིས་པའི་ཡུལ་རྣམ་བྱང་ཕྱོགས་དེ་འབའ་ཞིག་ལ་ཕྱེ་བས་སོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་ལྟར་ནའང་ཁྱད་ཆེའོ། །ངོ་བོ་ལ་ཡང་ཁྱད་ཡོད་དེ་སྔར་གྱི་སྦྱོར་ལམ་གྱི་ཁྱད་ཆོས་དགག་རྟོག་ཏུ་ཕལ་ཆེར་འདོད་ཅིང་འདི་སྒྲུབ་རྟོག་ཡིན་པས་སོ། །འདིར་ཆོས་བཤེས་ཀྱིས། ངེས་འབྱེད་ཆ་མཐུན་རེ་རེ་ཡང་རྣམ་པར་རྟོག་པ་བཞི་བཞི་དང་ལྡན་པར་བསྟན་པ་དང༌། ཞེས་བཤད་པ་ལྟར་ན། འདི་བཞིའི་རགས་པ་དྲོད་ཀྱི་རྗེས་ཐོབ་ཏུ། དེ་བས་ཅུང་ཕྲ་བ་བཞི་རྩེ་མོའི་རྗེས་ཐོབ་ཏུ། དེ་བས་ཀྱང་ཅུང་ཕྲ་བ་བཞི་བཟོད་པའི། དེ་བས་ཀྱང་ཕྲ་བ་བཞི་ཆོས་མཆོག་གི་རྗེས་ཐོབ་ཏུ་ལྡན་པར་འདོད་དགོས་སོ། །ཡང་ན་འདི་བཞི་རིམ་བཞིན་དྲོད་སོགས་བཞིའི་རྗེས་ཐོབ་ཏུ་ལྡན་ནོ་ཞེས་ཁས་བླང་དགོས་པར་མངོན་ནོ། །ཡང་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས། རྟོག་པ་བཞི་བཤད་དེ། རང་བཞིན་གྱི་རྣམ་རྟོག་འདོད་ཆགས་སོགས་དང༌། གཉེན་པོའི་རྣམ་རྟོག་ཕར་ཕྱིན་སོགས་ངན་འགྲོའི་གཉེན་པོ་ལ་རྟོག་པ་དང༌། དེ་ཁོ་ནའི་རྣམ་རྟོག་རྣམ་ཐར་སྒོ་སྟོང་ཉིད་སོགས་ལ་རྟོག་པ། འཐོབ་པའི་རྣམ་རྟོག་སྐུ་གསུམ་གྱིས་བསྡུས་པ་ལ་རྟོག་པ་བཞི་ལས། མཐོང་སྤང་གཟུང་རྟོག་འདི་གཉིས་རང་བཞིན་གྱི་རྣམ་རྟོག་ཡིན་པ་བཞིན་གསུམ་ཅི་རིགས་སུ་སྦྱར་རོ། །འཛིན་རྟོག་གཉིས་ཀྱང་དེ་དང་འདྲ་བ་ལས་འཛིན་རྟོག་ཐ་མ་རང་བཞིན་གྱི་རྣམ་རྟོག་གི་རྒྱུ་ལས་བྱུང་བའི་གཉེན་པོའི་རྣམ་རྟོག་གོ །ཡང་འདིར་བཤད་སྒོམ་སྤང་རྟོག་པ་བཞི་ཡང་རང་བཞིན་གྱི་རྣམ་རྟོག་ཡིན་པ་གཞན་གསུམ་ཅི་རིགས་སོ། །ཞེས་གསུངས་པས་རང་ལུགས་འཐད་ལྡན་ཡིན་མིན་དཔྱད་པར་བྱའོ། །མཐོང་སྤང་གི་རྟོག་པ་དེ་དག་མཐོང་ལམ་བར་ཆད་མེད་ལམ་གྱིས་སྤོང་བ་ཡིན་པར་སྣང་ངོ༌། །ཉ་ཊཱིཀ་དུ་སྤོང་ཚུལ་དེ་ལས་གཞན་དུ་བཤད་དེ། ཉ་ཊཱིཀ་ལས། རྟོག་པ་དེ་དག་སྤོང་ཚུལ་ནི། སྦྱོར་བའི་གནས་སྐབས་སུ་གཅིག་ནས་ཕྱེ་སྟེ་སྤོང༌། འཇུག་པའི་དུས་སུ་བསྡོམས་ཏེ་སྤོང༌། དཔེས་མཚོན་ན། མངོན་པར་རྟོགས་པའི་དོན་ཡིད་ལ་བྱེད་པའི་དུས་སུ་ཉེས་བྱེད་ཀྱི་མི་རྒྱལ་བོའི་ལྟ་བ་པོས་གཟུང་བ་ལྟ་བུའོ། །སྙིང་བོའི་དོན་བསྒོམ་པའི་ཉེར་བསྡོགས་ཀྱི་དུས་སུ་དེ་དག་གཤེད་མའི་ལག་ཏུ་གཏད་པ་ལྟ་བུ། དེའི་འཇུག་པ་དངོས་གཞི་ལ་སོགས་པའི་དུས་སུ་དེ་དག་གི་ཡན་ལག་གཅད་པ་སོགས་ལྟ་བུ། སྙིང་དོན་བསྒོམས་པ་རབ་ཀྱི་མཐའ་བར་ཆད་མེད་ལམ་གྱི་དུས་སུ་དེ་དག་གི་མགོ་བཅད་པ་ལྟ་བུ། སངས་རྒྱས་ཀྱི་ས་ལ་ནི་སླར་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པ་ལྟ་བུའོ། །དྲོད་སོགས་བཞིར་གཟུང་བ་རང་བཞིན་མེད་པ་དང་ཆོས་མཆོག་ཏུ་འཛིན་པ་བདེན་མེད་གོམས་པས་གཟུང་འཛིན་གྱི་རྟོག་པ་ཉམས་སྨད་པས་སྐྱེས་བུ་ལུས་བཀྲུ་སྨན་གྱིས་སྦྱངས་པ་ལྟར་བྱས་ནས་མཐོང་ལམ་གྱི་ཡེ་ཤེས་སྨན་བཅུད་ཀྱིས་ལེན་པ་ལྟ་བུ་སྐྱེའོ་ཞེས་ཆོས་བཤེས་སོ། །ཞེས་པ་ནས། ལམ་འབྲས་བཅས་བདག་གི་འཇུག་བྱར་འཁྲུལ་བའི་དྲོད་ཀྱི་རྗེས་ཐོབ་ཀྱི་རྟོག་པ་མཚན་གཞི། མཐོང་ལམ་རྩེ་སྦྱོར་གྱི་སྤང་བྱ་འཇུག་པ་གཟུང་རྟོག་ཏུ་མཚོན། མཐོང་ལམ་རྩེ་མོའི་ཉེར་བསྡོགས་ཀྱི་གཞོམ་བྱ་གང་ཞིག་སྤྱིར་དེ་ལྟར་འཁྲུལ་བའི་རྟོག་པ་མཚན་ཉིད་དེ། ཇི་ལྟར་གཉིས་དང་གཉིས་མེད་པའི་འདུ་ཤེས་སུ་མི་འགྱུར་བར་བསྔོ། ཞེས་སོ། །ཐེག་དམན་གྱི་ལམ་འབྲས་བཅས་རང་གི་ལྡོག་ཡུལ་ལོ་ཞེས་འཛིན་པའི་རྩེ་མོའི་རྗེས་ཐོབ་ཀྱི་རྟོག་པ་མཚན་གཞི། མཐོང་རྩེའི་སྤང་བྱ་ལྡོག་པ་གཟུང་རྟོག་ཏུ་མཚོན། མཐོང་རྩེའི་འཇུག་པ་བར་ཆད་མེད་ལམ་གྱི་གཞོམ་བྱ་གང་ཞིག སྤྱིར་དེ་ལྟར་འཁྲུལ་བའི་རྟོག་པ་མཚན་ཉིད་དེ།ཤཱ་བུ་ཡུམ་ནི་མི་རྟོག་པའོ། །ཞེས་སོགས་སོ། །ཆོས་བཤེས་ནི། གཟུང་རྟོག་གཉིས་ཉེར་བསྡོགས་ཀྱིས་སྤོང་སྟེ་རགས་པས་ཤེས་སླ་བས་སོ། །འཛིན་རྟོག་གཉིས་འཇུག་པའི་སྐབས་ཀྱིས་སྤོང་སྟེ་ཕྲ་བས་ཉེར་བསྡོགས་ཀྱིས་སྤོང་མི་ནུས་ཏེ། ཞེས་སོ། །ཉེར་བསྡོགས་ནི་མོས་པ་ཡིད་ལ་བྱེད་པ་ལྟ་བུ་ཡིན་ལ། འཇུག་པ་ནི་དེ་ཁོ་ན་ཡིད་ལ་བྱེད་པ་ལྟ་བུའི་ཕྱིར་རོ། །ཞེས་གསུངས་སོ། །གཟུང་རྟོག་གཉིས་ཉེར་བསྡོགས་ཀྱིས་སྤང་པ་ཡིན་མིན་དང་དེ་དག་ལ་བློ་དོན་མི་མཐུན་ཡིན་པས་ཁྱབ་པ་ཡོད་མེད་བརྟག་པར་བྱའོ། །འདི་དག་ལ་བདེན་འཛིན་དགོས་པ་འདྲ་སྟེ། ཉ་ཊཱིཀ་ལས། འདིར་བཤད་གཟུང་རྟོག་བཅོ་བརྒྱད་པོ་ནི་ཆོས་ཅན་དོན་དམ་པའི་གནས་ཚུལ་ལྟར་གྱི་ཡུལ་ཇི་བཞིན་མ་ཡིན་པར་འཛིན་པའི་རང་གི་ངོ་བོ་དག་ཏུ་ཤེས་པར་བྱའོ། །དོན་དམ་ལ་ལྟོས་ཏེ་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར། དེར་ཐལ། རང་གིས་བརྟགས་པ་ལྟར་གྱི་དངོས་པོ་སྟེ་ཡུལ་དོན་དམ་པར་གནས་པ་དང་མ་འབྲེལ་བར་ཏེ་མེད་བཞིན་དུ་དེ་འཛིན་བྱེད་དུ་འཇུག་པ་ཉིད་ཀྱིས་སོ། །ཞེས་དང༌། དེ་འདྲའི་སོ་སྐྱེའི་འཛིན་པའམ་སོ་སྐྱེ་ལ་དོན་དམ་པ་སྟེ་རྫས་འཛིན་དུའམ་རྫས་སུ་བདེན་པའི་དངོས་པོར་མངོན་པར་ཞེན་པ་སྟེ་འཁྲུལ་རྟོག་ཡིན་པས། འཛིན་རྟོག་དང་པོ་རྫས་འཛིན་རྟོག་པ་ཡིན་ལ། ཞེས་གསུངས་པའི་ཕྱིར་རོ། །ཡང་རྩ་བར། སོ་སོར་སྐྱེ་བོ་འཕགས་དབྱེ་བས། །ཞེས་པའི་མདོ་ལུགས་མས་བཤད་ཚུལ་སྔར་བཤད་ཟིན་ལ། ཉ་ཊཱིཀ་ཏུ་བཤད་པའི་རྣམ་གྲངས་དུ་མ་ཞིག་བཤད་དེ། དེ་ཉིད་ལས། འདིར་འཕགས་པའི་དགོངས་པ་འདི་ལྟར་བཤད་དེ། སོ་སོའི་སྐྱེ་བོས་བདག་རྫས་སུ་ཡོད་པར་འཛིན་པས།སོ་སྐྱེའི་བདག་འཛིན་དེ་རྫས་འཛིན་ཡིན་ལ། དེས་ན་སོ་སྐྱེའི་འཛིན་པའི་ནང་ཚན་ལ་དམིགས་པའི་རྟོག་པ་རྫས་རྟོག ཉན་རང་སོགས་འཕགས་པས་བདག་བཏགས་པར་ཡོད་པར་འཛིན་པས། འཕགས་པའི་བདག་འཛིན་ནི་བཏགས་འཛིན་ཡིན་ལ། དེས་ན་འཕགས་པའི་འཛིན་པ་ཅི་རིགས་ལ་དམིགས་པས་བཏགས་འཛིན་རྟོག་པར་འདོད་དོ། །ཁ་ཆེ་གཞོན་ནུ་དཔལ་ནི། འཛིན་པའི་རྟོག་པ་གང་ཟག་རྫས་སུ་ཡོད་པ་ནི། གང་ཟག་གི་རྫས་ཀྱི་བདག་ཏུ་འཛིན་པའོ། །སྐྱེས་བུ་བཏགས་པར་ཡོད་པ་ནི། ཆོས་ཀྱི་བདག་ཏུ་འཛིན་པའོ། །ཞེས་སོ། ཞེས་པ་ནས། དག་སྙིང་རད་ཀིར་དུ། གོ་རིམ་བཞིན་ཏུ་རྫས་སུ་ཡོད་པ་དང་བཏགས་པར་ཡོད་པའི་སེམས་ཅན་ལ་རྣམ་པར་རྟོག་པའི་ཕྱིར་རོ། །དེ་ལ་དང་པོ་ནི། སོ་སོའི་སྐྱེ་བོ་དག་གིའོ། །གཉིས་པ་ནི་འཕགས་པ་དག་གིའོ། །ཞེས་དང༌། དག་ལྡན་དུ། འཛིན་པའི་རྣམ་པར་རྟོག་པ་དང་པོ་སེམས་ཅན་རྫས་སུ་ཡོད་པ་ལ་བརྟེན་པ་ནི། སོ་སོའི་སྐྱེ་བོ་དག་གི་སྟེ་དེ་དག་གིས་མ་སྤངས་པའི་ཕྱིར་དང༌། འཕགས་པ་དག་གི་ནི་མ་ཡིན་ཏེ། དེ་དག་གིས་སྤངས་པའི་ཕྱིར་དང། མཐོང་བས་སྤང་པར་བྱ་པའི་སྐབས་ཡིན་པའི་ཕྱིར་རོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་པ་སེམས་ཅན་བཏགས་པར་ཡོད་པ་ལ་བརྟེན་པ་ནི། འཕགས་པ་དག་གི་སྟེ། དེ་ཉན་ཐོས་དང་རང་སངས་རྒྱས་དག་གིས་མ་སྤངས་པའི་ཕྱིར་དང༌། སོ་སོ་སྐྱེ་བོ་དག་ལ་དང་པོ་ཉིད་ཡོད་པའི་ཕྱིར་རོ། །ཞེས་པས། འདིར་བཤད་རྫས་རྟོག་སོ་སྐྱེའི་དང༌། བཏགས་རྟོག་ཉན་རང་འཕགས་པའི་རྟོག་པར་གསལ་ལ། དེ་དག་ཀྱང་སྤྱིར་མཐོང་རྩེའི་མི་མཐུན་ཕྱོགས་ཡིན་ཞིང་སྤོང་དགོས་པས་མཐོང་སྤང་དུ་བཞག་གོ་ཞེས་སམ། ཡང་ན་རྟོག་པ་གཉིས་ཀྱི་ཡུལ་རྫས་འཛིན་བཏགས་འཛིན་ལ་དགོངས་སོ་ཟེར་དགོས་སོ། །གལ་ཏེ་སོ་སྐྱེས་ཀྱང་ཆོས་ཐམས་ཅད་བདག་མེད་དུ་ཤེས་པས། འཛིན་རྟོག་དང་པོའི་རྣམ་བཞག་མ་ཁྱབ་པོ་ཞེ་ན། དེ་དག་གི་དེ་མོས་པ་ཡིད་བྱེད་ཡིན་ལ་འདིར་ནི་དེ་ཁོ་ན་ཉིད་ཡིད་བྱེད་བརྗོད་པར་འདོད་པས་སྐྱོན་མེད་དོ། །འཕགས་པ་ལ་ཡང་རྫས་འཛིན་ཡོད་དེ། དགེ་སློང་དག་མཚན་མོ་འདས་ནས་ནང་བར་གྱི་དུས་སུ་ངས་སྲོག་ཆགས་ལྕེ་སྤྱང་སྐད་འབྱིན་པའི་སྒྲ་ཐོས་སོ་ཞེས་སོགས་གསུངས་པས་སོ་ཞེ་ན། ཚིག་དེ་ནི་ཐ་སྙད་ཙམ་ཡིན་གྱི་དོན་མིན་པས་སྐྱོན་མེད་དོ། །ཞེས་ཨཱརྱས་གསུངས་པས། རྫས་འཛིན་དང་དེ་ལ་དམིགས་པ་གཉིས་སུ་འབྱེད་དམ་དཔྱད་དོ། །ཆོས་བཤེས་ནི། སོ་སྐྱེ་དོན་ནུས་པའི་རྫས་སུ་བདེན་པར་འཛིན་པའི་རྟོག་པ་རྫས་རྟོག་དང༌།འཕགས་སྐྱེ་བཏགས་ཡོད་ཙམ་དུ་བདེན་པར་འཛིན་པའི་རྟོག་པ་བཏགས་རྟོག་ཏུ་བཞེད་དེ།སོ་སོའི་སྐྱེ་བོ་ཡུལ་དུ་བྱས་ཏེ་སྐྱེས་བུ་རྫས་སུ་ཡོད་པར་འཛིན་པ་དང༌། འཕགས་པའི་གང་ཟག་ཡུལ་དུ་བྱས་ཏེ་དེ་ལ་བཏགས་པར་ཡོད་པར་འཛིན་པ་ཞེས་གཟུང་བ་དང་འཛིན་པར་སྦྱར་རོ། །དེ་ལ་སོ་སོའི་སྐྱེ་བོ་དེ་དག་ནི་སྐྱེས་བུ་ཞེས་བྱ་སྟེ། འཇིག་རྟེན་ལ་གྲགས་པའི་རྗེས་སུ་འབྲངས་པས་སོ། །དེ་དག་རྫས་སུ་ཡོད་པ་ནི་ཡང་དག་པའི་ཀུན་རྫོབ་ཏུ་དོན་བྱ་བ་ལ་མཐུ་དང་ལྡན་པ་ཟླ་བ་གཉིས་ལ་སོགས་པ་ལྟ་བུ་མིན་པའོ། །འཛིན་པ་ནི་འདི་ནི་བདེན་ཏེ་མངོན་དུ་གྱུར་པའི་ཕྱིར་དང༌། ལུང་ལས་ཀྱང༌། འགྲོ་བའི་ལས་དང་རང་བཞིན་དང་དབྱེ་བ་གསུངས་པའི་ཕྱིར་རོ་སྙམ་མོ། །འཕགས་པའི་གང་ཟག་དག་ནི་མྱ་ངན་ལས་འདས་པས་རབ་ཏུ་ཕྱེ་བ་ཡིན་ལ་མྱ་ངན་ལས་འདས་པ་ནི་བཏགས་པ་ཙམ་སྟེ། འདི་སྐད་དུ། དགེ་སློང་དག་ཆོས་ལྔ་བོ་འདི་དག་ནི་བཏགས་པ་ཙམ་སྟེ་འདས། མ་འོང་དང༌། མྱང་འདས་དང༌། སོ་སོར་མ་བརྟགས་པའི་འགོག་པ་དང༌། གང་ཟག་རྣམས་ཏེ་འདི་དག་ནི་མིང་ཙམ་མོ། །ཞེས་སོ། །དེ་ལྟར་འཛིན་པ་ནི་འདི་ནི་བདེན་ཏེ་འདི་ནི་མིང་ཙམ་དུ་ཡོད་པར་གྲགས་པས་གྲུབ་ཅིང་མིང་ཙམ་པོ་དེ་མེད་ན་སུ་ཞིག་ལམ་ལ་ནན་ཏན་བྱེད་ཅེས་མིང་ཙམ་གྱི་ཞེན་པས་འཕགས་པའི་གང་ཟག་རྣམས་ཡོད་པར་དཔོག་པར་བྱེད་པའོ། །ཞེས་དང༌། གལ་ཏེ་འཕགས་པའི་གང་ཟག་བཏགས་ཡོད་ཙམ་དུ་རྟོག་པའང་སྐྱོན་ཡིན་ན་མྱང་འདས་ཀྱང་སྒྱུ་མ་ལྟ་བུ་ཞེས་སོགས་དང་འགལ་ཞེ་ན། དེ་ནི་མཉམ་པར་མ་བཞག་པའི་ཤེས་པ་མངོན་ཞེན་སྲབ་མོའི་དབང་དུ་བྱས་ལ་མཉམ་པར་བཞག་པའི་ཚེ་ནི་སྒྱུ་མ་ཙམ་དུ་རྟོག་པའང་དགག་དགོས། ཞེས་སོ། །བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་ལྟ་ཅི་སྨོས་ཞེས་སོ། །ཕུག་དཀའ་བར་སྣང་ངོ༌། །ཞེས་བཞེད་ཚུལ་དུ་མ་གསུངས་པ་རྣམས་ལས་རང་ལུགས་འཐད་ལྡན་གང་ཡིན་དཔྱད་པར་བྱའོ། །ཡང་རྫས་འཛིན་རྟོག་པ་ཞེས་པ་ནི། རྫས་འཛིན་དམིགས་ཡུལ་དུ་བྱས་ནས་དེ་བདེན་པར་འཛིན་པའི་རྟོག་པ་དང༌། གང་ཟག་ལ་དམིགས་ནས་དེ་རྫས་སུ་བདེན་པར་འཛིན་པའི་རྟོག་པ་ལ་བྱེད་པ་དང་བཤད་ཚུལ་གཉིས་ཡོད། དེ་བཞིན་དུ་བཏགས་འཛིན་ལ་ཡོད་དེ། ཉ་ཊཱིཀ་ལས། སོ་སྐྱེའི་བདག་འཛིན་དེ་རྫས་འཛིན་ཡིན་ལ། དེས་ན་སོ་སྐྱེའི་འཛིན་པའི་ནང་ཚན་ལ་དམིགས་པའི་རྟོག་པ་རྫས་རྟོག ཞེས་སོགས་སྔར་བཀོད་པ་ལྟར་དང༌། ཉ་ཊཱིཀ་སྐབས་དང་པོ་ལས། འདིར་མིང་ཙམ་མིན་པ་ཨཱརྱས་མ་བཤད་ཅིང༌། རྩེ་མོར་བཤད་པ་ལྟར་ན་སོ་སྐྱེས་བདག་རྫས་སུ་ཡོད་པར་འཛིན་པས་སོ་སྐྱེའི་འཛིན་པ་ལ་རྫས་འཛིན་ཟེར། དེ་ལ་དམིགས་པའི་རྟོག་པ་ལ་རྫས་འཛིན་གྱི་རྟོག་པ་ཞེས་བྱ། འཕགས་པས་བདག་བཏགས་པར་འཛིན་པས་འཕགས་པའི་འཛིན་པ་ལ་བཏགས་འཛིན་ཟེར། དེ་ལ་དམིགས་པས་བཏགས་འཛིན་གྱི་རྟོག་པ་ཞེས་བྱ། ཞེས་དང༌། མདོ་ལུགས་མ་ལས། དེ་ལ་གཟུང་བར་འཛིན་པ་ནི། གཟུང་རྟོག་དང༌། འཛིན་པར་འཛིན་པ་ནི་འཛིན་རྟོག་གོ །ཞེས་གསུངས་སོ། །བཤད་ཚུལ་སྔ་མ་འཕགས་པ་གྲོལ་སྡེའི་ལུགས་ཡིན་པ་འདྲའོ། ། ༑ གཉིས་པ་མཐོང་སྤང་གི་རྟོག་པ་བཞི་རྒྱས་པར་བཤད་པ་ལ། སྤྱི་དོན་དང༌། མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་ལ། གཟུང་རྟོག་དང༌། འཛིན་རྟོག་རྒྱས་བཤད་གཉིས། དང་པོ་ལ་འཇུག་པ་གཟུང་རྟོག་དང༌། ལྡོག་པ་གཟུང་ལྡོག་བཤད་པ་གཉིས། དང་པོ་མཐོང་སྤང་གི་འཇུག་པའི་གཟུང་རྟོག་བཤད་པ་ནི། རྩ་བར། ངོ་བོ་ཉིད་དང་རིགས་དང་ནི། །ལམ་ནི་ཡང་དག་འགྲུབ་པ་དང༌། །ཤེས་པའི་དམིགས་པ་མ་འཁྲུལ་དང༌། །མི་མཐུན་ཕྱོགས་དང་གཉེན་པོ་དང༌། །རང་གི་རྟོགས་དང་བྱེད་པ་དང༌། །དེ་ཡི་ལས་བྱའི་འབྲས་བུ་ལ། །འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི། །རྣམ་རྟོག་དེ་ནི་རྣམ་དགུར་འདོད། །ཅེས་སོ། །དེའི་དོན་མདོ་ལུགས་མ་ལས། རྣམ་བྱང་གི་ཆོས་ཐམས་ཅད་བཏགས་པའི་ཆོས་ཀྱི་དབེན་པའི་ངོ༷་བོ༷་ཉི༷ད་༡ད༷༷ང༌། ཐེག་ཆེན་གྱི་རི༷གས་༢ད༷ང་ནི༷། ལ༷མ་ནི༷་བྱང་ཆུབ་ཡ༷ང་ད༷ག་པར་འགྲུ༷བ་པར་བྱེད་པ༷་༣དང༌། ལམ་ཤེ༷ས་པ༷འི་དམི༷གས་པ༷་མ༷་འཁྲུ༷ལ་པ༷་༤ད༷ང༌། མི༷་མཐུ༷ན་ཕྱོ༷གས་༥ད༷ང་གཉེ༷ན་པོ༷་བྱེད་པ་༦ད༷ང༌། བྱང་ཆུབ་སེམས་དཔའ་ར༷ང་གི༷་རྟོ༷གས་པ་༧ད༷ང༌། བྱེ༷ད་པ༷་ལམ་ཤེས་༨ད༷ང༌། ལམ་ཤེས་དེ༷འི༷་བྱེད་ལ༷ས་བྱ༷་བའི་འབྲ༷ས་བུ༷་ཚོགས་གཉིས་༩དེ་རྣམས་ལ༷་འཇུ༷ག་བྱར་འཛིན་པ་རྟེན་རྣམ་པར་བྱང་བ་ལ་རྟེན་པ༷འི་ཕྱོ༷གས་ཀྱི༷་རྟེ༷ན་ཅ༷ན་གྱི༷་གཟུང་བའི་རྣ༷མ་པར་རྟོ༷ག་པ་དེ༷་ནི༷། རྣ༷མ་པ་དགུ༷ར་འདོ༷ད་དོ། །ཞེས་གསུངས་སོ། །

གཉིས་པ་ལྡོག་པའི་གཟུང་རྟོག་བཤད་པ།

གཉིས་པ་ལྡོག་པའི་གཟུང་རྟོག་བཤད་པ་ནི།

རྩ་བར། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །རྟོགས་པ་དམན་པ་ཉིད་དང་ནི། །ཡོངས་སུ་འཛིན་པ་མེད་པ་དང༌། །ལམ་གྱི་རྣམ་པ་མ་ཚང་དང༌། །གཞན་གྱི་རྐྱེན་གྱིས་འགྲོ་བ་དང༌། །ཆེད་དུུ་བྱ་བ་ལོག་པ་དང༌། །ཉི་ཚེ་བ་དང་སྣ་ཚོགས་ཉིད། །གནས་དང་འཇུག་ལ་རྨོངས་པ་དང༌། །རྗེས་ལ་འགྲོ་ཞེས་བྱ་བ་དང༌། །རྣམ་རྟོག་དགུ་ཡི་བདག་ཉིད་འདི། །ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། །ཉན་ཐོས་ལ་སོགས་ཡིད་ལས་འབྱུང༌། །ཞེས་སོ། །དེའི་དོན་མདོ་ལུགས་མ་ལས། ཐབས་མེད་ཤེས་རབ་བྲལ་བས་སྲི༷ད་ད༷ང་ཞི༷་བ༷ར་རྟོག་པའི་མཚན་འཛིན་དུ་ལྟུ༷ང་བ༷འི་ཕྱི༷ར། ཉན་རང་གི་རྟོ༷གས་པ༷་དམ༷ན་པ༷་ཉི༷ད་༡ད༷ང༌། ཐབས་མཁས་ཀྱི་ཤེར་ཕྱིན་གྱི་ཡོ༷ངས་སུ༷་འཛི༷ན་པ༷་མེ༷ད་པ༷་༢ད༷ང༌།སངས་རྒྱས་སྒྲུབ་པའི་ལ༷མ་གྱི༷་རྣ༷མ་པ༷་ཐབས་ཤེས་མ༷་ཚ༷ང་བ་༣ད༷ང༌། དམན་པའི་ལམ་ལ་བརྟེན་པ་དེ་དག་རྣམ་མཁྱེན་དུ་འགྲོ་ན་གཞ༷ན་ཤེར་ཕྱིན་གྱི༷་རྐྱེ༷ན་གྱི༷ས་འགྲོ༷་དགོས་པ༷་༤ད༷ང༌།ཆེ༷ད་དུ༷་གཉེར་བྱ༷འི་འབྲས་བུ་རྣམ་མཁྱེན་ལས་ལྡོ༷ག་པ༷་༥ད༷ང༌། ཡེ་ཤེས་ཉི༷་ཚེ༷་བ༷་༦ད༷ང༌། སྦྱིན་སོགས་ལ་དམིགས་པའི་མཚན་འཛིན་སྣ༷་ཚོ༷གས་པ་ཉི༷ད་༧དང༌། རྣམ་མཁྱེན་དུ་གན༷ས་པ་ད༷ང་དེར་འཇུ༷ག་པའི་ལམ་ལ༷་རྨོ༷ངས་པ༷་༨ད༷ང༌། སྦྱིན་སོགས་ལྔ་ཤེར་ཕྱིན་གྱི་རྗེ༷ས་ལ༷་འབྲང་ནས་རྣམ་མཁྱེན་དུ་འགྲོ༷་༩ཞེ༷ས་བྱ༷་བ༷་དེ་རྣམས་ལ་རྣ༷མ་པར་རྟོ༷ག་པར་བྱེད་པ་དགུ༷འི༷་བད༷ག་ཉི༷ད་འདི༷། དམན་པའི་ལམ་སྐྱོན་དུ་མཐོང་བས་ལྡོ༷ག་པ༷འི་ཕྱོ༷གས་ཀྱི༷་རྟེ༷ན་ཅ༷ན་ཏེ། ལྡོག་པའི་གཟུང་རྟོག་འདི་རྣམས་ཉ༷ན་ཐོ༷ས་ལ༷་སོ༷གས་པའི་དམན་པ་ལ་དམིགས་པའི་ཡི༷ད་ལ༷ས་འབྱུ༷ང་ངོ༌། །ཞེས་གསུངས་སོ། ། གཉིས་པ་འཛིན་རྟོག་རྒྱས་པར་བཤད་པ་ལ་གཉིས། དང་པོ་རྫས་འཛིན་གྱི་རྟོག་པ་བཤད་པ་ནི། རྩ་བར། འཛིན་པ་དང་ནི་འདོར་བ་དང༌། །ཡིད་ལ་བྱེད་དང་ཁམས་རྣམས་ནི། །གསུམ་པོ་དག་དང་ཉེར་འབྲལ་དང༌། །གནས་དང་མངོན་པར་ཞེན་པ་དང༌། །ཆོས་ཀྱི་དངོས་པོ་དག་པ་དང༌། །ཆགས་པ་དང་ནི་གཉེན་པོ་དང༌། །ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ། འཛིན་པ་དང་པོར་ཤེས་པར་བྱ། །ཞེས་སོ། །དེའི་དོན་མདོ་ལུགས་མ་ལས། གཟུགས་སོགས་འཛིན་པ་དང༌། འདོར་བ་དང༌། གཟུགས་སོགས་ཡིད་ལ་བྱེད་པ་༢དང༌།ཡིད་ལ་བྱེད་པས་ཁམས་རྣམས་ནི་གསུམ་པོ་དག་དང་ཉེ་བར་འབྲེལ་ཞིང་འབྲི་བ་༣དང༌། གཟུགས་སོགས་ལ་གནས་པ་༤དང༌། གཟུགས་སོགས་ལ་མངོན་པར་ཞེན་པ་༥དང༌། ཞེན་བྱའི་ཆོས་ཀྱི་དངོས་པོ་བཏགས་པ་༦དང༌། འཁོར་གསུམ་དུ་ཞེན་པའི་ཆགས་པ་༧དང༌། དེའི་གཉེན་པོ་ཤེར་ཕྱིན་གྱི་སྤྱོད་པ་༨དང༌། ཤེར་ཕྱིན་དུ་འདུ་ཤེས་ཤིང་ཆགས་ན་ཡང་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བར་བྱེད་པའི་ཤེར་ཕྱིན་ལས་ཉམས་པ་༩སྟེ། དེ་རྣམས་ལ་རྫས་སུ་འཛིན་པ་ནི་འཛིན་པ་གཉིས་ཀྱི་དང་པོར་ཤེས་པར་བྱའོ། །ཞེས་གསུངས་སོ། །

གཉིས་པ་བཏགས་འཛིན་གྱི་རྟོག་པ་བཤད་པ།

གཉིས་པ་བཏགས་འཛིན་གྱི་རྟོག་པ་བཤད་པ་ནི།

རྩ་བར། ཆེད་བཞིན་ངེས་པར་མི་འབྱུང་དང༌། །ལམ་ལ་ལམ་མིན་ངེས་འཛིན་དང༌། །འགག་དང་བཅས་པའི་སྐྱེ་བ་དང༌། །དངོས་པོ་ལྡན་དང་མི་ལྡན་དང༌། གནས་དང་རིགས་པ་འཇིག་པ་དང༌། །དོན་དུུ་གཉེར་རྒྱུ་མེད་པ་དང༌། །ཕྱིར་རྒོལ་བ་ནི་དམིགས་པ་ལ། །འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །ཞེས་སོ། །དེའི་དོན་མདོ་ལུགས་མ་ལས། ཉན་རང་ལམ་གྱིས་གང་གི་ཆེ༷ད་དུ་དམིགས་པ་བཞི༷ན་རྣམ་མཁྱེན་དུ་ངེ༷ས་པ༷ར་མི༷་འབྱུ༷ང་བ་༡ད༷ང༌། ཤེར་ཕྱིན་གྱིས་ཟིན་པའི་ཕར་ཕྱིན་དྲུག་བྱང་ཆུབ་སེམས་དཔའ་རྣམ་མཁྱེན་དུ་འགྲོ་བའི་ལ༷མ་ཡིན་པ། ཉན་རང་གི་ལམ་ནི་བྱང་ཆུབ་སེམས་དཔའི་ལ༷མ་མ་ཡིན་པ་ཉིད་དུ་ངེ༷ས་པར་འཛི༷ན་པ་༢ད༷ང༌། ཆོས་རྣམས་འག༷ག་པ་ད༷ང་བཅ༷ས་པ༷འི་སྐྱེ༷་བ༷་༣ད༷ང༌། གཟུགས་སོགས་ཀྱི་དངོ༷ས་པོ༷་ལྡ༷ན་པ་ཡང་མ་ཡིན་མི༷་ལྡ༷ན་པ་ཡང་མ་ཡིན་པ་༤ད༷ང༌། གཟུགས་སོགས་ལ་གནས༷་པ༷་༥དང༌། གནས་བྱ་གཟུགས་སོགས་ཀྱི་རི༷གས་ནི༷་གང་ལ་ཡང་གནས་པ་འཇི༷ག་པ༷་༦ད༷ང༌། འཚང་རྒྱ་བར་འདོད་པས་ཕར་ཕྱིན་དྲུག་དོ༷ན་དུ༷་གཉེ༷ར་བ་༧ད༷ང༌། ཐམས་ཅད་ལ་དབང་བསྒྱུར་པའི་རྒྱུ༷་འམ་སྒོ་ཤེར་ཕྱིན་ལས་གཞན་མེ༷ད་པ་༨ད༷ང༌། བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་སྤྱོད་པ་ལ་བདུད་ཀྱི་ཕྱི༷ར་རྒོ༷ལ་བ༷་རྣམས་ནི༷་དམི༷གས་པ༷་༩སྟེ་དེ་རྣམས་ལ༷། བཏགས་པའི་དངོས་པོར་འཛི༷ན་པར་བྱེད་པ༷འི་རྣ༷མ་རྟོ༷ག་ནི་རྫས་འཛིན་ལས་གཞ༷ན་བཏགས་འཛིན་ཡི༷ན་ནོ༷། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།

ཉ་ཊཱིཀ་ལས། བསྡུ་ན། ངོ་བོ་ཉིད་ཀྱི་རྣམ་རྟོག་སོགས་འདིར་བཤད་རྣམ་པ་དགུ་བོ་དེ་ནི་ཆོས་ཅན། མཐོང་རྩེའི་སྤང་བྱ་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི་རྟོག་པར་འདོད་དོ། །མཐོང་རྩེ་ཉེར་བསྡོགས་ཀྱི་གཞོམ་བྱ་གང་ཞིག བྱང་སེས་བླང་བྱའི་ཆོས་ལ་དམིགས་ནས་དོན་ལ་འཇུག་བྱར་འཁྲུལ་རྟོག་ཡིན་པས་སོ། །ཆོས་ཅན་རེ་རེར་ཡང་ངོ༌། །མདོ་ནས་གཉེན་པོ་དངོས་སུ་བསྟན་ནས་ཤུགས་ལ་བཤད་དོ། །ཞེས་དག་ལྡན་ཏེ་དེ་ཁོ་ནའོ། །ཞེས་གསུངས་པའི་ཚིག་ཟིན་ལྟར་ཡིན་ན་སྐབས་དང་པོར་མཐོང་སྤང་རྟོག་པ་བཞི་དྲོད་སོགས་ཀྱིས་རིམ་བཞིན་མངོན་གྱུར་བ་ཉམས་སྨད་པར་བྱེད་ཅེས་པ་དང་འགལ་བ་ཡོད་མེད་དཔྱད། ཡང་རྩ་བར། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །རྟོགས་པ་དམན་པ་ཉིད་དང་ནི། །ཞེས་པའི་དོན་ནི། ཉན་ཐོས་རིགས་ངེས་སྦྱོར་ལམ་པ་སྲིད་ཞི་གང་རུང་ལྟུང་བ་ལ་བྱེད་པར་ཐལ། ཉ་ཊཱིཀ་ལས། རྩ་འགྲེལ་ནི། གནས་སྐབས་ཉན་ཐོས་སུ་རིགས་ངེས་པའི་སྦྱོར་ལམ་པ་ཆོས་ཅན། རྟོགས་པ་དམན་པ་ཅན་ཉིད་ཡིན་ཏེ། སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་གང་རུང་ཞིག་ཏུ་ལྟུང་བའི་རྟོགས་པ་ཅན་ཉིད་ཀྱིས་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེའི་དོན་མདོ་ལུགས་མ་ལས། ཐབས་མེད་ཤེས་རབ་བྲལ་བས་སྲི༷ད་ད༷ང་ཞི༷་བ༷ར་རྟོག་པའི་མཚན་འཛིན་དུ་ལྟུ༷ང་བ༷འི་ཕྱི༷ར། ཉན་རང་གི་རྟོ༷གས་པ༷་དམ༷ན་པ༷་ཉི༷ད་ད༷ང༌། ཞེས་གསུངས་པའི་ཕྱིར་ཟེར་ན་སྲིད་ཞིར་མཚན་འཛིན་དུ་ལྟུང་བའི་ཚད་དང་ཉ་ཊཱིཀ་ཏུ་སྲིད་ཞི་གང་རུང་སྨོས་པའི་རྒྱུ་མཚན་ལ་དཔྱད། ཡང་སྟོང་ཉིད་མ་རྟོགས་པའི་གང་ཟག་གི་རྒྱུད་ཀྱི་བྱང་སེམས་ཀྱི་ལམ་ཆོས་ཅན། སངས་རྒྱས་སུ་འགྲོ་མི་ནུས་པར་ཐལ། འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་མ་ཟིན་པའི་ཕྱིར། ཁྱབ་སྟེ། ཉ་ཊཱིཀ་ལས། འཁོར་གསུམ་མི་རྟོག་པའི་ཤེས་རབ་དང་བྲལ་བའི་སོ་སྐྱེའི་སྦྱིན་སོགས་རྐྱང་བ་ཆོས་ཅན། རང་ཇི་ལྟར་འདོད་པ་བཞིན་དུ་སངས་རྒྱས་སུ་འགྲོ་བ་ཐོགས་ཏེ་འགྲོ་མི་ནུས་ཏེ། འཁོར་གསུམ་མི་རྟོག་པའི་ཤེར་ཕྱིན་ཡང་དག་པར་མ་ཤེས་པ་སྟེ་དེས་མ་ཟིན་པའི་ཐབས་རྐྱང་བ་ཡིན་པ་ཉིད་ཀྱིས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་བམ་དཔྱད་པར་བྱའོ། ། གསུམ་པ་དོན་བསྡུ་ནི། ཚུལ་དེ་ལྟར་ན། བར་ཚིགས་དགུས་རྟོག་པ་རྣམ་པ་བཞི་ཉིད་ལ་སོ་སོར་ཏེ་རེ་རེ་ལ་ཡང་དགུ་དགུ་སྟེ་སོ་དྲུག་ཕྱེ་བའོ། །

གཉིས་པ་གཉེན་པོ་མཐོང་ལམ་བཤད་པ།

གཉིས་པ་གཉེན་པོ་མཐོང་ལམ་བཤད་པ་ལ།

མདོ་ལུགས་མ་ལྟར་བྱང་ཆུབ་གཏན་ལ་དབབ་པ་དང༌། མཐོང་ལམ་ཉིད་བཤད་པ་དང༌། དེ་ནས་ཏིང་ངེ་འཛིན་གཉིས་བཤད་པ་དང་གསུམ་མོ། །དང་པོ་བྱང་ཆུབ་གཏན་ལ་དབབ་པ་ནི། མདོ་ལས་དགེ་སློང་བརྒྱ་དྲུག་ཅུ་པོ་འདི་དག་སྐལ་བ་དཔེ་སྐར་མ་ལྟ་བུ་ལ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་སྟེ། མེ་ཏོག་སིལ་མ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ཤ་སྟག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཞེས་སོགས་ཀྱི་དོན་རྩ་བར། བྱང་ཆུབ་ལ་གཞན་སྟོན་པ་དང༌། །དེ་ཡི་རྒྱུ་ནི་ཡོངས་གཏོད་དང༌། །དེ་ཐོབ་བར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །ཞེས་སོ། །དེའི་དོན་མདོ་ལུགས་མ་ལས། ཤེར་ཕྱིན་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་བླ་མེད་བྱང་ཆུབ་ཐོབ་པར་ངེས་པའི་ཕྱིར། བྱ༷ང་ཆུ༷བ་ལ༷་གཞ༷ན་ཤེར་ཕྱིན་ལ་སྤྱོད་པ་དམ་པས་རྣམ་པར་སྤྱོད་པའི་དགེ་སློང་བརྒྱ་དྲུག་ཅུ་ལུང་སྟོ༷ན་པ༷་ད༷ང༌། བྱང་ཆུབ་དེ་ཐོབ་པའི་དོན་ཏུ་ཤེར་ཕྱིན་ལ་སྤྱོད་དགོས་ཤིང༌། སྤྱོད་པ་ཡང་ཤེར་ཕྱིན་གྱི་ཚིག་དོན་མ་ཉམས་པར་ཐོབ་པ་ལ་རགས་ལས་པས། བྱང་ཆུབ་དེ༷་ཐོབ་པར་བྱེད་པའི༷་རྒྱུ༷་ཤེར་ཕྱིན་ནི༷་ཚིག་དོན་ཆུད་མ་ཟོས་པར་གཟུང་ཞིང་ཁུང་དུ་ཆུད་པར་བྱས་ནས་གཞན་ལ་སྟོན་ཅིང་རྒྱ་ཆེར་སྤེལ་ཅིག་ཅེས་ཀུན་དགའ་བོ་ལ་ཡོངས་སུ་གཏོ༷ད་པ་ད༷ང༌། དེ་ལྟར་གཅད་པ་ལས་ཚིག་དོན་མ་ཉམས་པ་དེ་ཆོས་མཆོག་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ས་ཐོབ་པའི་དགེ་བ་བྱང་ཆུབ་དེ༷་ཐོ༷བ་པ་ལ་བ༷ར་ཆ༷ད་མེ༷ད་པ༷འི་རྒྱུ༷་བསོ༷ད་ན༷མས་ཚད་མེད་དུ་འཕེལ་བའི་མ༷ང་པོ༷་ནི་མཐོང་ལམ་བར་ཆད་མེད་ལམ་གང་ཡིན་པ་དེའི་མཚ༷ན་ཉི༷ད་དོ། །ཞེས་གསུངས་སོ། །སྐབས་འདིར་ཉ་ཊཱིཀ་ཏུ་བྱང་ཆུབ་ལྷན་ཅིག་བྱེད་རྒྱུ་ལ་གསུམ་བཞག་ནས་བཤད་དེ། ཉ་ཊཱིཀ་ལས། རྩ་འགྲེལ་ལ།རྟོགས་པའི་ཆོས་ལ་འགོད་པ་དང༌། རྒྱུ་ལུང་གི་ཆོས་ལ་འགོད་པ་དང༌། རང་གི་རྒྱུད་སྦྱོང་བ་གསུམ། ཞེས་སོགས་གསུངས་པས་རྒྱས་པར་དེར་ཤེས་པར་བྱའོ། །མདོ་ལུགས་མའི་བཤད་ཚུལ་དེ་རྩ་བའི་ཚིག་ཟིན་མཐུན་པས་དེ་མཐུན་བཤད་པ་ཡིན་ནོ། །རྩ་བར། དེ་ཐོབ་བར་ཆད་མེད་པའི་རྒྱུ། །ཞེས་པའི་དོན་མདོ་ལུགས་མ་གོང་དུ་བཀོད་པ་དང༌། ཉ་ཊཱིཀ་ལས། བྱང་ཆུབ་ཆེན་པོ་དེ་ཐོབ་པར་བྱེད་པའི་བར་ཆད་མེད་པའི་རྒྱུ་ཡུམ་མཐོང་ལམ་པ་རང་གིས་སྒོམ་པ་དང་སོགས་པ་ཐོས་བསམ་གཞན་ལ་རྒྱ་ཆེར་འཆད་སྟོན་སོགས་ཆོས་ཅན། དེའི་རྐྱེན་གསུམ་པ་ཡིན་ནོ། །ཞེས་པ་ནས། མཐོང་ལམ་བྱང་ཆེན་གྱི་དེ་མ་ཐག་པའི་རྒྱུར་མི་རིགས་ཏེ། ས་དགུས་བར་དུ་ཆོད་པས་སོ་སྙམ་ན། དེས་ཆོད་ཀྱང་རྒྱུ་གསུམ་གྱི་ངེས་པ་ཁོ་ནར་དེ་བསྐྱེད་པས་སམ་མཐོང་སྤང་རྣམ་རྟོག་སྤངས་མ་ཐག་དེ་ཐོབ་པས་བར་ཆད་མེད་རྒྱུ་ཉིད་ཡིན་ནོ་ཞེས་དག་ལྡན་ནོ། །ཞེས་སོགས་ཀྱིས་སྐབས་འདིའི་བྱང་ཆུབ་ཀྱི་བར་ཆད་མེད་པའི་རྒྱུ་ཆོས་མཆོག་ཆེན་པོ་དང་མཐོང་ལམ་གྱི་དགེ་བ་གང་འཇོག་དཔྱད། བྱང་ཆུབ་ཀྱི་ངོ་བོ་ནི། མདོ་ལུགས་མ་ལས། སྐུ་མེད་པ་དང་བཅས་པ་དང་སྐུ་ཐོབ་པ་དང༌། སྐུ་ཡོངས་རྫོགས་དང་ཞེས་མཐོང་ལམ་དུ་ཆོས་སྐུ་ཐོབ་པ་དང༌། ས་ལྷག་མ་རྣམས་ཀྱིས་ཆོས་སྐུ་ཡོངས་སུ་རྫོགས་པར་གསུངས་པའི་ཕྱིར་རོ། །ས་དང་པོར་ཐོབ་པའི་ཆོས་སྐུ་བྱང་ཆུབ་དེའི་ངོ་བོ་གང་ཞེ་ན། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དོ། །ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམ་བཞིན་དུ་ཤེས་པར་བྱ། །ཞེས་པ་ལ་ཡེ་ནས་ཡོད་པའི་དྲི༷་མ༷་གློ་བུར་དུ་ལམ་གྱིས་ཟ༷ད་པར་བྱས་པ་མ་ཡིན་གྱི། གདོད་མ་ཉིད་ནས་དྲི་མ་ཟད་པ་ད༷ང༌། གདོད་མ་ཉིད་ནས་མི༷་སྐྱེ༷་བ༷འི་གཉིས་མེད་ཡེ༷་ཤེ༷ས་ནི་བྱ༷ང་ཆུ༷བ་འདིའི་ངོ་བོ་ཡིན་ཞེ༷ས་བརྗོ༷ད་ཅིང་བསྟན་ཏེ། གང་གི་ཕྱིར་དྲི་མ་སྔར་ཡོད་གློ་བུར་དུ་ཟ༷ད་པ་མེ༷ད་པའི་ཕྱིར་དྲི་མ་ཟད་པའི་ཡེ་ཤེས་དང༌། སྐྱེ༷་བ་སྔར་ཡོད་གློ་བུར་དུ་སྐྱེ་བ་མེ༷ད་པའི་ཕྱི༷ར་མི་སྐྱེ་བའི་ཡེ་ཤེས་ཞེས་དེ༷་ད༷ག་གོ༷་རི༷མ་བཞི༷ན་དུ༷་སྦྱར་ནས་ཤེ༷ས་པ༷ར་བྱ༷་རྒྱུ་ཡིན་ནོ། །ཞེས་གསུངས་སོ། །སྐབས་འདིར་ཆོས་སྐུ་བྱང་ཆུབ་ཐོབ་ཅེས་པ་མངོན་སུམ་རྟོགས་པ་ལ་བྱེད་པ་ཡིན་པར་སྣང་ངོ༌། །སྤྱིར་བྱང་ཆུབ་དེ་ལ་ཀུན་རྫོབ་དང་དོན་དམ་གཉིས་ལས་མདོ་ལུགས་མར་ཕྱི་མ་སྦྱར་ནས་བཤད་དོ། །དོན་དམ་པའི་བྱང་ཆུབ་ནི། དེ་ལྟར་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོར། ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། །སྔོན་ནས་ཟད་པས་དེ་ཕྱིར་ཟད་ཅེས་བསྟན། །ཞེས་པའི་དོན་དང༌། རྒྱུད་བླ་མར་ཡང༌། རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་དང༌། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང༌། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་སོགས་གསུངས་སོ། །གལ་ཏེ་བྱང་ཆུབ་ཀྱི་རང་བཞིན་ཟད་པ་དང་མི་སྐྱེ་བའི་ངོ་བོ་ནི་མཐོང་ལམ་གྱིས་གློ་བུར་དུ་བྱས་པས་རིགས་སོ་ཞེ་ན་དེ་ལ་སླར་དྲིས་པ་ནི། རྩ་བར། འགོག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། ། སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ། །ཅེས་རྣམ་རྟོག་དང་དེའི་སྐྱེ་བ་ཡེ་ནས་ཡོད་པར་མཐོང་ལམ་གྱི་གློ་བུར་དུ་འགོ༷ག་པ༷་མེ༷ད་པ༷འི་བྱང་ཆུབ་ར༷ང་བཞི༷ན་རྣམ་དག་འདི་ལ༷། མཐོ༷ང་ཞེ༷ས་བྱ༷་བ༷འི་ལ༷མ་གྱི༷་ནུས་པས་སྔར་ཡོད་ཀྱི་རྣ༷མ་པ༷ར་རྟོ༷ག་པའི་རི༷གས་ཅི༷་ཞི༷ག་གློ་བུར་དུ་ཟ༷ད་པར་བྱས། རྣམ་རྟོག་དེའི་སྐྱེ་བ་སྔར་ཡོད་བཀག་ནས་གློ་བུར་དུ་སྐྱེ༷་མེ༷ད་ཀྱི་རྣ༷མ་པ༷ར་བྱང་ཆུབ་ཀྱི་ངོ་བོ་སྔར་མེད་ཅི༷་ཞི༷ག་འཐོ༷བ་པར་བྱས། ཞེས་སླར་དྲིས་པ་ལ། དེའི་ལན་དུ་གཞན་གྱིས་ཆོས་རྣམས་ཀྱང་ཡོད་ལ། ཤེས་བྱ་ལ་ཡང་སྟོན་པ་ཡང༌། །སྒྲིབ་པ་ཟད་པར་བརྗོད་པ་གང༌། །འདི་ལ་ཁོ་བོས་མཚར་དུ་རྩིས། །ཞེས་པའི་དོན་གཞ༷ན་དངོས་སྨྲ་བ་རྣམས་ཀྱི༷ས་སྒྲིབ་པའི་ཆོ༷ས་རྣ༷མས་ཀྱ༷ང་གདོད་ནས་ཡོ༷ད་ལ༷། ཤེ༷ས་བྱ༷་ལ༷་ཡ༷ང་སྟོ༷ན་པ༷་བྱང་ཆུབ་འདིའི་སྒྲི༷བ་པ༷་གདོད་ནས་ཡོད་པ་རྣམས་ལམ་གྱིས་གློ་བུར་དུ་ཟ༷ད་པ༷ར་བྱས་པ་ཡིན། ཞེས་བརྗོ༷ད་པ༷་ག༷ང་ཡིན་པ་འདི༷་སྔོན་མེད་པ་རྨད་དུ་བྱུང་བ་ཆེན་པོ་གཅིག་འདུག་པ་ལ༷་ཞེས་བྱམས་པ་ཁོ༷་བོ༷ས་ངོ་མཚ༷ར་དུ༷་རྩི༷ས་དེ་བཞད་གད་ཀྱི་གནས་སུ་བྱའོ། །དེས་ན་འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གང་གི་ཕྱིར་སྐྱོན་གྱི་རྣམ་པ་གདོད་ནས་ཡོད་མ་མྱོང་བ་ལ་གློ་བུར་དུ་སྐྱོན་བསལ་བ་དང་ཡོན་ཏན་བཞག་དུ་མེད་པ་དེའི་ཕྱིར་བྱང་ཆུབ་འདི༷་ལ༷་སྔར་ཡོད་ཀྱི་སྒྲིབ་པ་དང༌། དེའི་སྐྱེ་བ་ལས་ཀྱི་གློ་བུར་དུ་བས༷ལ་བྱ༷་ཅི༷་ཡ༷ང་མེ༷ད། གློ་བུར་ལམ་གྱིས་བཞ༷ག་པ༷ར་བྱ༷་བ༷་སྔར་མེད་ཀྱི་དྲི་མ་ཟད་པ་དང་སྐྱེ་མེད་ཀྱི་རྣམ་པ་ཅུ༷ང་ཟ༷ད་མེ༷ད་དེ། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། ། དེས་ན་བསལ་བཞག་མེད་པའི་ཡ༷ང་ད༷ག་བྱང་ཆུབ་ཉི༷ད་ལ༷་མི་རྟོག་ཏིང་ངེ་འཛིན་གྱིས་དགག་སྒྲུབ་དང་བསལ་བཞག་མེད་པར་ཡ༷ང་ད༷ག་བལྟ༷་ཞིང་བསྒོམ་ཞེས་ཡང་དག་པའི་ལྟ་བ་བསྟན་ནཽ། ། དེ་ལྟར་བསྒོམ་པ་ལས་ས་དང་པོར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡ༷ང་ད༷ག་མཐོ༷ང་བའི་ལམ་ཐོབ་ན༷ས་འཇིག་རྟེན་གྱི་འཆིང་བ་གློ་བུར་བ་ལས་རྣ༷མ་པ༷ར་གྲོ༷ལ་ཞིང་འཇིག་རྟེན་ལས་འདས་པར་འགྱུར་ཞེས་གྲོལ་ཚུལ་བསྟན་ནོ། །བྱང་ཆུབ་ཆེན་པོ་ནི། ཉ་ཊཱིཀ་ལས། རྩ་བ་ནི།རྟོགས་པ་ཆོས་སྐུ་ཆོས་ཅན། བྱང་ཆུབ་ཆེན་པོ་ཞེས་བརྗོད་པར་བྱ་སྟེ། ཉོན་མོངས་རྣམ་རྟོག་གི་དྲི་མ་ཟད་པ་དང་མི་སྐྱེ་བར་རྟོགས་པའི་ཡེ་ཤེས་མཐར་ཐུག་ཡིན་པས་སོ། །དེར་ཐལ།དེ་དག་དོན་དམ་པར་བདེན་དངོས་སུ་ཡོད་པ་ལམ་གྱིས་ཟད་པ་མེད་པར་རང་བཞིན་གྱིས་ཟད་པ་དང༌། དོན་དམ་པར་རང་བཞིན་གྱིས་མི་སྐྱེའམ་སྐྱེ་མེད་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་ཡིན་པའི་ཕྱིར། ཟད་ཤེས་དང་མི་སྐྱེ་ཤེས་གཉིས་ནི་གོ་རིམ་བཞིན་དུ་ཟད་མེད་སྐྱེ་མེད་དུ་ཤེས་པར་བྱའོ། །ཞེས་གསུངས་སོ། །སྒྲིབ་གཉིས་བདེན་དངོས་མེད་པར་ལུང་གིས་སྒྲུབ་པ་ནི། དབུས་མཐའ་རྣམ་འབྱེད་ལས། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་གསུངས་པའི་ཕྱིར། རིགས་པས་བསྒྲུབ་པ་ནི། ཉ་ཊཱིཀ་ལས། སྒྲིབ་གཉིས་ཆོས་ཅན། ཆོས་འདྲ། དོན་དམ་པར་འཐད་པའི་དངོས་པོར་མེད་པས་སོ། །ནམ་མཁའི་པད་མ་བཞན་དུའོ། །དེ་ཡིན་ཏེ། དོན་དམ་པར་བདེན་པའི་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར། དོན་དམ་པར་རྒྱུ་བདག་གཞན་གཉིས་ཀ་རྒྱུ་མེད་ལས་མི་སྐྱེ་བས་སོ། །རྡོ་རྗེ་གཟེགས་མའོ། །དོན་དམ་པར་འབྲས་བུ་རྫས་སུ་ཡོད་མེད་མི་སྐྱེ་བས་སོ། །སོགས་པ་རྟེན་འབྲེལ་གྱི་རྟགས་དང་མུ་བཞི་སྐྱེ་འགོག་གི་རྟགས་ལ་སོགས་པའི་ཚད་མས་སམ་འཐད་པས་སོ། །ཞེས་གསུངས་པའི་ཕྱིར་རོ། ཡང་རྩ་བར། འགོག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ། །ཅེས་པའི་ལུང་མདོ་ལུགས་མར་རྩོད་པའམ་དྲི་བ་ལ་སྦྱར་བ་མི་འཐད་པར་ཐལ། དེ་དོན་ལ་གནས་པའི་རིགས་པའི་ལན་བཏབ་པ་ཡིན་པའི་ཕྱིར། དེར་ཐལ། ཉ་ཊཱིཀ་ལས། རྩ་བ་ནི། རྩེ་མོའི་མཐོ༷ང་ཞེ༷ས་བྱ༷་བ༷འི་ལ༷མ་གྱི༷ས་ནི༷་ཆོས་ཅན་སྤང་བྱ་རྣམ་རྟོག་གི་རིགས་སྔར་བདེན་པར་ཡོད་པ་ཅི༷་ཞི༷ག་ཟ༷ད་ཅིང་བདེན་དངོས་སླར་སྐྱེ༷་མེ༷ད་རྣ༷མ་པ༷་སྟེ་དངོས་པོ་ཅི༷་ཞི༷ག་ཐོ༷བ་སྟེ་དེ་འདྲ་མེད་པར་ཐལ། སྤང་བྱ་དྲི་མ་སྐྱེས་ཟིན་བདེན་དངོས་འགག་པ་མེད། ད་ལྟར་དུ་མི་སྐྱེ་བའི་ཆོས་ཅན་གྱི་དྲི་མ་བདེན་དངོས་དེ་ལྟར་སྐྱེ་བ་འགོག་པ་མེད་པའི་ཕྱིར། དེ་ཡིན་ཏེ། དྲི་མ་སོགས་དོན་དམ་པར་བདེན་དངོས་ཀྱིས་སྟོང་བའི་རང་བཞིན་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་རྩ་བར། གཞན་གྱིས་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡང༌། །སྒྲུབ་པ་ཟད་པར་བརྗོད་པ་གང༌། །འདི་ལ་ཁོ་བོས་མཚར་དུ་རྩིས། །ཞེས་པའི་དོན་ཉ་ཊཱིཀ་ལས། རྩ་བ་ནི། དངོས་སྨྲ་བ་གཞན་གྱི་ལུགས་ལྟར་ན་རང་རིག་སྐད་ཅིག་མ་དང་རྡུལ་ཕྲ་རབ་སོགས་ཀྱི་ཆོས་རྣམས་ཆོས་ཅན། ཁྱེད་རྣམས་ལ་དངོས་འཛིན་སྤང་དུ་མི་རུང་བར་ཐལ། བདེན་དངོས་སུ་ཡོད་པའི་ཕྱིར། འདོད་ན། སྟོན་པ་སངས་རྒྱས་ཆོས་ཅན། ཤེས་སྒྲིབ་ཟད་པ་མིན་པར་ཐལ། དངོས་འཛིན་མ་སྤངས་པས་སོ། །རྟགས་ཁས་སོ། །མ་ཁྱབ་ན། དེ་མ་སྤངས་ཀྱང་ཤེས་སྒྲིབ་སྤངས་པར་བརྗོད་པ་གང་དེ་ལ་བྱམས་པ་ཁོ་བོས་མཚར་དུ་བརྩིས་ཏེ། འདི་ནི་མི་སྲིད་དོ་ཞེས་འཕགས་པ་བྱམས་པས་དགོངས་སོ། །ཞེས་གསུངས་སོ། །དེ་ལྟར་ན་བྱེ་བྲག་སྨྲ་བས་རང་རིག་སྐད་ཅིག་མ་དང་རྡུལ་ཕྲ་རབ་ལས་གཞན་རྣམས་བདེན་དངོས་སུ་མི་འདོད་པར་ཐལ།ཉ་ཊཱིཀ་གི་ལུང་དེའི་ཕྱིར། འདོད་མི་ནུས་ཏེ། གྲུབ་མཐའི་རྣམ་བཞག་དོན་གསལ་ལས། བྱེ་བྲག་སྨྲ་བས་ཤེས་བྱའི་རྫས། །ཆོས་དང་གང་ཟག་བདེན་འདོད་པ། །ཞེས་དང༌། གཞན་སྟོང་སྙིང་པོ་ལས། ཡུལ་དང་དབང་བོ་བདེན་གྲུབ་ལས་རྣམ་ཤེས་སྐྱེ། ཞེས་གསུངས་པའི་ཕྱིར། འདོད་ན། དབང་པོ་དངོས་པོ་རགས་པ་མ་ཡིན་པར་ཐལ། བདེན་གྲུབ་ཏུ་འདོད་པའི་ཕྱིར། ཁྱབ་སྟེ། གཞན་སྟོང་སྙིང་པོ་ལས། འདས་མ་འོངས་ཀྱི་དངོས་པོ་རྣམས་རང་རང་སོ་སོ་ནས་རྫས་སུ་གྲུབ་པར་འདོད་ཅིང༌། བདེན་གྲུབ་ཀྱི་ཆ་རེ་ཡང་ཡོད་པར་འདོད་ལ། རགས་པའི་དངོས་པོ་དང་རྒྱུན་གྱི་དངོས་པོ་སོགས་ནི་བདེན་མེད་དུ་འདོད་ཅིང༌། ཞེས་གསུངས་པའི་ཕྱིར་ཟེར་ན་བརྟག་པར་བྱའོ། །སྐབས་འདིར་འགྲེལ་བ་དོན་གསལ་ལྟར་ཉ་ཊཱིཀ་ལས་རྣལ་འབྱོར་གྱི་ས་བཞི་བཤད་དེ། ཉ་ཊཱིཀ་ལས། རྣལ་འབྱོར་གྱི་ས་བཞི་འདིར་མངོན་ཏེ། བདག་མེད་ལ། སེམས་ཙམ་ལ། གཉིས་མེད་ལ། རང་བཞིན་མེད་པ་ལ་དམིགས་པའི་རྣལ་འབྱོར་གྱི་སའོ། །ཞེས་གསུངས་སོ། །དང་པོ་བདག་མེད་ལ་དམིགས་པའི་རྣལ་འབྱོར་གྱི་ས་ནི། ཕུང་སོགས་ལ་དམིགས་ནས་གང་ཟག་གི་བདག་མེད་པ་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་དེ་ཡིན་ལ། དེ་བསྒོམས་པས་གང་ཟག་གི་བདག་འཛིན་སྤངས་པའི་འབྲས་བུ་ཐོབ་པའོ། །ཐར་ལམ་རྣམ་དག་གམ་ཉོན་སྒྲིབ་སྤངས་པ་དང་སྲིད་ལས་གྲོལ་བ་ལ་གང་ཟག་གི་བདག་མེད་བསྒོམ་དགོས་ཏེ། ཐེག་མཆོག་དབུུ་མ་ལས། གང་ཟག་བདག་མེད་སྒོམ་པ་ཡོད་མེད་ལས། །སྲིད་ལས་གྲོལ་བ་ཡོད་མེད་རྗེས་སུ་དཔོག །ཅེས་དང༌། དེ་ལྟར་གང་ཟག་བདག་མེད་ནི། །ཐེག་པ་ཆེ་ཆུང་ཀུན་ལ་ཡོད། །ཅེས་དང༌། དེའི་ཟིན་བྲིས་ལས། གང་ཟག་གི་བདག་མེད་སྒོམ་པའི་ཚུལ་འདི་ནི། ཐེག་པ་ཆེ་ཆུང་ཀུན་ལ་ཡོད་པ་ཡིན་ཏེ། འདི་ནི་སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་ཀྱི་ལྟ་བ་ཡིན་པའི་ཕྱིར་རོ། །ཅི་སྟེ་སྤྱིར་འདི་ལྟ་བུ་དང་མི་ལྡན་ན། ཚུལ་ཁྲིམས་བསྲུང་བ་དང་བཟོད་པ་ལ་གནས་པ་སོགས་དགེ་བའི་ལས་ལམ་ཇི་ལྟ་བུ་ཞིག་སྤྱོད་ན་ཡང་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་མ་ཡིན་ཏེ། སྤྱིར་དགེ་བའི་ལས་ལམ་ལ་གནས་པ་ཙམ་དུ་ཟད་དོ། །ཞེས་གསུངས་སོ། །སེམས་ཙམ་ལ་དམིགས་པའི་རྣལ་འབྱོར་གྱི་ས་ནི། དོན་དུ་སྣང་བ་ལ་དམིགས་ནས་ནང་གི་རིག་པ་ཁོ་ན་ཡིན་གྱི་ཕྱི་རོལ་གྱི་དོན་ཡན་གར་བ་ནི་མེད་པ་ལ་རྩེ་གཅིག་ཏུ་ཡིད་ལ་བྱེད་པའི་ཡེ་ཤེས་དེ་ཡིན་ལ། རྒྱུ་མཚན་ནི། ཉ་ཊཱིཀ་ལས། འདིའི་རྒྱུ་མཚན་ནི། སྔོན་པོ་དེའི་བློ་དེ་འཛིན་དབང་ཤེས་ཆོས་ཅན། རང་ལ་སྔོན་པོར་སྣང་བ་དང་རྫས་ཐ་དད་དུ་མི་བདེན་ཏེ། དེ་དང་ལྷན་གཅིག་ནི་དུས་གཅིག་དམིགས་པ་ནི་རྟོགས་པ་ངེས་པ་ནི་ཁྱབ་པ་སྟེ། དུས་གཅིག་རྟོགས་པས་ཁྱབ་ཅེས་པ་སྟེ། གཅིག་རྟོགས་ན་གཅིག་རྟོགས། གཅིག་མ་རྟོགས་ན་གཅིག་ཤོས་ཡང་མི་རྟོགས་པས་ཁྱབ་པས་སོ། །ཟླ་གཉིས་ཀྱི་རྣམ་པ་དཔེར་ཆོས་མཆོག་གིས་སོ། །དམིགས་ངེས་ཡིན་པའི་ཕྱིར། རྟགས་འདི་རང་སངས་རྒྱས་པ་དང་མདོ་སྡེ་བ། སེམས་ཙམ་སྡེ་གཉིས་ཀུན་ཀྱི་ལུགས་ལ་ཡོད་དོ། །ཞེས་དང༌། རྣམ་འགྲེལ་འགྲེལ་བཤད་རིན་ཕྲེང་ལས།བློ་གཅིག་གི་བཟུང་འཛིན་གྱི་རྣམ་པའམ། གཉིས་སུ་སྣང་བས་གཉིས་སུ་བདེན་ཞེ་ན། ཤེས་བྱ་ཆོས་ཅན། དེ་མ་ཡིན་པར་ཐལ། རྣམ་ཤེས་འཁྲུལ་པས་ཟླ་བ་གཉིས་མེད་པར་ཟླ་བ་གཉིས་མཐོང་བས་ཕྱིར། ལྷན་ཅིག་དམིགས་ངེས་ཀྱི་ཁྱབ་པ་སྟོན་ཏེ། སྔོ་སེར་དག་ལ་ཆོས་ཅན། ལྷན་ཅིག་མྱོང་བའི་ངེས་པ་ཡོད་པ་མ་ཡིན་ཏེ། རྫས་ཐ་དད་པའི་ཕྱིར། སྔོ་འཛིན་དབང་ཤེས་དང༌། དེས་དམིགས་པའི་སྔོན་པོ་ཆོས་ཅན། སོ་སོ་རྫས་ཐ་དད་མ་ཡིན་ཏེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། དེར་ཐལ། མྱོང་བ་མེད་པར་དོན་འགའ་དོན་མེད་པའི་མྱོང་བ་ཡང་མྱོང་བར་འགྱུར་བ་མ་མཐོང་བ་དེ་ན་སྟེ། གཅིག་དམིགས་ན་གཅིག་དམིགས་པས་ཁྱབ། གཅིག་མ་དམིགས་ནའང་གཅིག་མ་དམིགས་པས་ཁྱབ་པའི་ཕྱིར། སྔོ་འཛིན་དབང་ཤེས་རང་དུས་ན། སྔོ་འཛིན་དབང་ཤེས་ལས་རྫས་གཞན་མིན་པ་ལྡོག་པ་རབ་ཏུ་དཀའ་བ་ཉིད་ཡིན་ཏེ། དེ་དང་གྲུབ་བདེ་གཅིག་པ་དེ་ཡིས་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །དེ་ལ་དཔྱད་རྒྱུ་དུ་མ་ཡོད་ཀྱང་སྐབས་འདིར་མང་དོགས་ནས་མ་སྤྲོས་པའོ། །སྒོམ་པའི་འབྲས་བུ་གཟུང་བ་ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པ་སྤངས་པ་འཐོབ་པོ། །ལང་གཤེགས་ལས། སེམས་ཙམ་ལ་ནི་རྟེན་ནས་ནི། །ཕྱི་རོལ་དོན་ལ་མི་བརྟག་གོ །ཞེས་སོ། །སྐབས་འདིར་གྲུབ་མཐའི་རྣམ་བཞག་ཆ་ཙམ་ཀུན་དགའ་དཔལ་གྱིས་གསུངས་ཏེ། ཉ་ཊཱིཀ་ལས། དེ་ལ་མུ་སྟེགས་ཞེས་པ་གཙང་སྦྲ་དང་བརྟུལ་ཞུགས་དང་དཀའ་ཐུབ་སོགས་ཀྱིས་ཐར་བར་འཇུག་པའི་འགྲམ་སྟེགས་ཏེ་དེ་གང་ལ་ཡོད་ཅིང་དེ་འཆའ་བ་དེ་མུ་སྟེགས་པའོ། །མཚོ་འགྲམ་ནས་མཚོར་འཇུག་པའི་སྟེགས་འཆའ་བ་དང་འདྲའོ་ཞེས་སྒྲ་སྦྱོར་བམ་གཉིས་བཤད་པ་ལྟར་རོ། །སྒྲིབ་གཉིས་སངས་ཤིང་ཇི་ལྟ་ཇི་སྙེད་ལ་མཁྱེན་པ་རྒྱས་པ་ནི་སངས་རྒྱས་ཏེ། དེའི་ལུགས་ཚད་མར་བྱེད་པ་ནི་སངས་རྒྱས་པའོ། ། དེ་ལ་གྲུབ་མཐའ་སྨྲ་བ་བཞི་ལས། བྱེ་བྲག་ཏུ་སྨྲ་བའི་མཚན་ཉིད་ནི། སངས་རྒྱས་པ་གང་ཞིག བློ་རང་རིག་མེད་པ་དང་ཤེས་པ་རྣམ་མེད་དུ་སྨྲ་བའི་གང་ཟག་གོ །མདོ་སྡེ་པའི་མཚན་ཉིད་ནི། ཉན་ཐོས་པ་གང་ཞིག བློ་རང་རིག་ཡོད་པར་འདོད་པའོ། །སེམས་ཙམ་པའི་མཚན་ཉིད། ཐེག་ཆེན་པ་གང་ཞིག རང་རིག་པའི་འདུས་བྱས་བདེན་དངོས་འདོད་པའོ། །དབྱེ་ན། སེམས་ཙམ་རྣམ་བདེན་པའི་མཚན་ཉིད། ཐེག་ཆེན་སེམས་ཙམ་པ་གང་ཞིག སྒོ་ལྔའི་དོན་སྣང་དོན་དམ་པར་སེམས་སུ་བདེན་པར་འདོད་པའོ། །སེམས་ཙམ་རྣམ་བརྫུན་པའི་མཚན་ཉིད། གང་ཞིག དེ་དོན་དམ་པར་སེམས་སུ་མི་བདེན་པར་འདོད་པའོ། །དབུ་མ་པའི་མཚན་ཉིད། ཐེག་ཆེན་པ་གང་ཞིག དོན་དམ་པར་བདེན་དངོས་ཁས་མི་ལེན་པ།དབྱེ་ན། དབུ་མ་རང་རྒྱུད་པའི་མཚན་ཉིད། དབུ་མ་པ་གང་ཞིག རང་རྒྱུད་ཀྱི་སྦྱོར་ངག་རང་ལུགས་ལ་ཁས་བླངས་ནས་དངོས་སྨྲ་འགོག་པ། ཐལ་འགྱུར་པའི་མཚན་ཉིད། གང་ཞིག རང་ལུགས་ལ་རང་རྒྱུད་ཀྱི་སྦྱོར་ངག་མི་འགོད་པར་ཐལ་འགྱུར་ཡང་དག་གིས་དངོས་སྨྲ་འགོག་པའོ། །ཞེས་གསུངས་སོ། །སྐབས་འདིར་ཉན་ཐོས་ཞེས་པ་དང་ཐེག་ཆེན་ཞེས་པ་གྲུབ་མཐའ་ཐེག་དམན་དང་ཐེག་ཆེན་ལ་བྱེད་དགོས་ཏེ། གཞན་སྟོང་སྙིང་པོ་ལས། སངས་རྒྱས་པའི་གྲུབ་མཐའ་ནི་རྣམ་པ་བཞི་སྟེ་བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་དང༌། སེམས་ཙམ་པ་དང༌། དབུ་མ་པའོ། །དེ་ལ་དང་པོ་གཉིས་ནི་ཐེག་དམན་ཉན་ཐོས་པ་དང༌། ཕྱི་མ་གཉིས་ནི་ཐེག་ཆེན་པའོ། །དེ་རྣམས་ལ་ཐེག་པ་ཆེ་ཆུང་དུ་འཇོག་པ་ཡང༌། ཐེག་པ་ཆུང་ངུའི་སྡེ་སྣོད་སངས་རྒྱས་ཀྱི་བཀའ་མཐར་ཐུག་ཏུ་འདོད་པ་དང༌། ཐེག་པ་ཆེན་པོའི་གསུང་རབ་སྡེ་སྣོད་རྣམས་བཀའ་མཐར་ཐུག་ཏུུ་འདོད་པས་དེ་ལྟར་བཏགས་པ་ཡིན་པས། ཐེག་དམན་སྨྲ་བ་དང་ཐེག་ཆེན་སྨྲ་བ་ཞེས་བྱ་བའི་གྲུབ་མཐའ་ཐེག་དམན་པ་དང༌། གྲུབ་མཐའ་ཐེག་ཆེན་པ་ཞེས་གྲགས་པ་ལྟར་ཡིན་ལ། གང་ཟག་དེ་ཉིད་ཐེག་ཆུང་ངམ་ཐེག་ཆེན་པར་འཇོག་པ་ནི་གྲུབ་མཐའ་ལ་མཐའ་གཅིག་ཏུ་མ་ངེས་ཏེ། ཐེག་པ་ཆེན་པོའི་བསམ་སྦྱོར་རྒྱུད་ལ་སྐྱེས་པ་ནི་ཐེག་ཆེན་པ་ཡིན་ལ། ཐེག་དམན་གྱི་བསམ་སྦྱོར་རྒྱུད་ལ་སྐྱེས་པ་ནི་ཐེག་དམན་པ་ཡིན་ཞིང༌། དེ་གཉིས་གང་ཡང་རྒྱུད་ལ་མ་སྐྱེས་ན་གསུང་རབ་གང་ཀློག་གཞུང་ཅི་བཟུང་གྲུབ་མཐའ་ཇི་ལྟར་བྱེད་ཀྱང་གང་ཟག་ཐེག་ཆེན་པ་ཡང་མ་ཡིན། གང་ཟག་ཐེག་དམན་པ་ཡང་མ་ཡིན་ནོ། །གཞན་ཡང་གྲུབ་མཐའ་ཐེག་ཆེན་འཛིན་ལ། ལམ་ཐེག་དམན་དུ་ཞུགས་པ་ཡང་ཡོད། གྲུབ་མཐའ་ཐེག་དམན་འཛིན་ལ་ལམ་ཐེག་ཆེན་དུ་ཞུགས་པ་ཡང་ཡོད། གཉིས་ཀ་ཐེག་ཆེན་པ་ཡང་ཡོད། གཉིས་ཀ་ཐེག་དམན་པ་ཡང་ཡོད། གྲུབ་མཐའ་འཛིན་ཅིང་ལམ་དུ་མ་ཞུགས་པ་ནི་ཤིན་ཏུ་ཡང་མང་ལ། ལམ་དུ་ཞུགས་པའི་གང་ཟག་ལ་གྲུབ་མཐའ་མེད་པ་ནི་ཡེ་མི་སྲིད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཐལ་རང་གི་མཚན་ཉིད་འདི་ལ་དཔྱད་ཚུལ་སྔར་གཞན་སྟོང་དོགས་གཅོད་དུ་བཤད་ཟིན་པས་དེར་ཤེས་པར་བྱའོ། །གཉིས་མེད་ལ་དམིགས་པའི་རྣལ་འབྱོར་གྱི་ས་ནི། འཛིན་པའི་རྣམ་པ་ཅན་གྱི་རང་རིག་ལ་དམིགས་ནས་ཕྱི་དོན་གྱི་གཟུང་རྣམ་དུ་གྱུར་པའི་ནང་གི་འཛིན་པ་བདེན་པ་མེད་དོ་སྙམ་དུ་རྟོགས་ནས་རྩེ་གཅིག་ཏུ་ངེས་པར་སེམས་ལ་འཇོག་པའི་ཏིང་ངེ་འཛིན་དེ་ཡིན་ཏེ། ཉ་ཊཱིཀ་ལས། དམིགས་པ་དངོས་ནི། འཛིན་པའི་རྣམ་པ་ཅན་གྱི་རང་རིག་པའི་བློའོ། །རྣམ་པ་ནི། ཕྱི་དོན་གྱི་གཟུང་རྣམ་དུ་གྱུར་པའི་ནང་གི་འཛིན་པ་བདེན་པ་མེད་དོ་སྙམ་དུ་རྟོགས་ནས་རྩེ་གཅིག་ཏུ་ངེས་པར་སེམས་ལ་འཇོག་པས་སོ། །མེད་པའི་རྒྱུ་མཚན་ནི། དོན་སྣང་གི་བློ་ཆོས་ཅན། དེ་མེད་དེ། གཟུང་བ་བདེན་པ་མེད་པས་ནའོ། །སུམ་ཅུ་པར། གཟུང་བ་མེད་ན་དེར་འཛིན་མེད། །ཅེས་གསུངས་ལ། འབྲས་བུ་ནི། དེར་འཛིན་སྤངས་པའོ། །རྣལ་འབྱོར་གྱི་ས་འདི་གཉིས་སོ་སོར་འཇོག་པ་སེང་བཟང་གི་འགྲེལ་བ་ལྟར་བཤད་པ་ཡིན་དེ། ཉ་ཊཱིཀ་ལས། འདིས་ཅི་ཡང་བདེན་པར་གྲུབ་པ་མི་འདོད་དོ་སྙམ་ན། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་འདི་ཡང་དག་པར་ཡོད་པའི་ངོ་བོའམ་དངོས་པོ་ཡིན་ནོ་སྙམ་དུ་ངེས་པར་བྱས་ནས་སོ། ། ཐོགས་མེད་སྐུ་མཆེད་སེམས་ཙམ་པར་བསྒྲུབ་འདོད་ནས་འདི་དག་བྱས་པ་སྟེ། བར་བ་གཉིས་གཞུང་སོར་བཞག་གི་དགོངས་པ་ལྟར་ན་བཟློས་པའམ་མི་ཟློས་པར་བྱེད་ན་གསུམ་པ་ལ་བློ་རྩེ་གཏད་ས་དཀའའོ། །ངག་ལས་ཤེས་སོ། །ཞེས་གསུངས་པའི་ཕྱིར་རོ། །རང་ལུགས་སུ་འཐད་མི་འཐད་ལུང་དེ་དང་སེམས་ཙམ་རྣམ་བདེན་བརྫུན་འཇོག་ཚུལ་སོགས་ཀྱིས་དཔྱད་དོ། །རང་བཞིན་མེད་པ་ལ་དམིགས་པའི་རྣལ་འབྱོར་གྱི་ས་ནི། ཉ་ཊཱིཀ་ལས། དམིགས་པ་ནི། འདུས་བྱས་ཀྱི་གཉིས་མེད་ཡེ་ཤེས་དེ་ཡང་ངོ༌། །གཉིས་པ་རྣམ་པ་ནི། ཡང་དག་པར་ན་དངོས་པོ་དངོས་མེད་སོགས་པས་གཉིས་ཡིན་གཉིས་མིན་སོགས་སུ་མཐའ་གཅིག་ཏུ་བརྟག་པའི་ངོ་བོ་དང་བྲལ་བ་ཡིན་ནོ་སྙམ་དུ་རྟོགས་ནས་དོན་དམ་པར་སྤྲོས་བྲལ་བསྒོམ་མོ། །བྲལ་བའི་རྒྱུ་མཚན་ནི། གཉིས་མེད་ཀྱི་ཡེ་ཤེས་ཆོས་ཅན། དོན་དམ་པར་ངོ་བོ་ཉིད་མེད་པ་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར། སྒྱུ་མ་བཞིན་ནོ་ཞེས་པས་སོ། ། ཞེས་གསུངས་པའི་ཕྱིར་རོ། །སྒྲིབ་གཉིས་བདེན་པར་མེད་ཀྱང་མེད་པ་ཡིན་མི་དགོས་ལ། སྒྲིབ་གཉིས་སྒྱུ་མ་ལྟ་བུ་དེ་གཉེན་པོ་སྒྱུ་མ་ལྟ་བུས་སྤང་པ་ཡིན་ཏེ། ཉ་ཊཱིཀ་ལས། བདེན་པ་མེད་ན་སྒྲིབ་པ་སྤོང་བ་མི་འཐད་དོ་སྙམ་ན། མི་འགལ་ཏེ། དཔེར་ན་མི་བདེན་བཞིན་དུ་སྒྱུ་མའི་གླང་བོས་སྒྱུ་མའི་གླང་བོ་གཞན་ཞིག་ཕམ་པར་བྱས་པ་བཞིན་དུའོ། །སྒྱུ་མའི་རྒྱལ་བོ་སྒྱུ་མ་ཡི། །རྒྱལ་བོ་གཞན་གྱིས་ཕམ་བྱས་ལྟར། །གང་དག་གིས་ནི་ཆོས་མཐོང་པའི། །རྒྱལ་སྲས་དེ་དག་ང་རྒྱལ་མེད། །ཅེས་པ་ལྟར་རོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་མཐོང་ལམ་ཉིད་བཤད་པ།

གཉིས་པ་མཐོང་ལམ་ཉིད་བཤད་པ་ནི།

ཉི་ཁྲིའི་ལེའུ་ང་གཅིག་པ་ལས།བྱང་ཆུབ་སེམས་དཔའ་སྦྱིན་སོགས་ཕར་ཕྱིན་རེ་རེ་ལ་གནས་ཤིང་ལྔ་པོ་ཡོངས་སུ་འཛིན་ཞེས་སོགས་ཀྱི་དོན། རྩ་བར། སྦྱིན་པ་ལ་སོགས་རེ་རེ་ནི། །དེ་དག་ཕན་ཚུན་བསྡུས་པ་གང༌། །སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་སོ། །དེའི་དོན་མདོ་ལུགས་མ་ལས། སྦྱིན་པར་གཞན་ལྔ་པོ་བསྡུས་པ་དང༌། ཚུལ་ཁྲིམས་སུ་གཞན་ལྔ་པོ་བསྡུས་པ་ལ་སོགས་པར་ཕར་ཕྱིན་རེ་རེ་ནི་དྲུག་པོ་དེ་དག་རེ་རེས་ལྔ་ལྔ་བསྡུས་པའི་ཚུལ་ཀྱིས་ཕན་ཚུན་ཐམས་ཅད་ཀྱིས་ཐམས་ཅད་བསྡུས་པའི་ཡེ་ཤེས་གང་ཡིན་པ། མཐོང་ལམ་གྱི་སྐད་ཅིག་མ་གཅིག་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིས་བསྡུས་པ་སྟེ། སྐབས་འདིར་མཐོང་བའི་ལམ་དུ་བསྟན་ཏོ། །སྔར་གོ་སྒྲུབ་ཏུ་ནི་རང་རང་ལས་ཕྱེ་བ་དྲུག་དྲུག་རང་རང་ལ་སོ་སོར་བསྡུས་པ་ཡིན་ལ། འདིར་ནི་རང་རང་ལས་མ་ཕྱེ་བར་དྲུག་པོ་རེ་རེས་ལྔ་ལྔ་ཕན་ཚུན་བསྡུས་པའི་ཕྱིར་འདི་གཉིས་སྡུད་ཚུལ་གཅིག་ཏུ་འཆད་པ་མདོ་དང་འགལ་ལོ། །ཞེས་གསུངས་སོ། །དེས་ན། བསྡུས་སྒོམ་རབ་ཏུ་གྱུར་པའི་བྱང་སེམས་ཀྱི་བདེན་པ་མངོན་རྟོགས་དེ། མཐོང་ལམ་རྩེ་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། མཐོང་ལམ་རྩེ་མོའི་མཚན་ཉིད། བསྡུས་བསྒོམ་རབ་ཏུ་གྱུར་པའི་བྱང་སེའི་མཐོང་ལམ། ཞེས་གསུངས་པའི་ཕྱིར་རོ། །རྩ་བར། སྦྱིན་པ་ལ་སོགས་རེ་རེ་ནི། །དེ་དག་ཕན་ཚུན་བསྡུས་པ་གང༌། །ཞེས་པའི་སྒོ་ནས་ཐེག་ཆེན་སྡུག་བསྔལ་ཆོས་བཟོད་དེ་ཕར་ཕྱིན་དྲུག་ཀ་ཡིན་མིན་དང་ཕར་ཕྱིན་དྲུག་ཡིན་ཁྱབ་མཉམ་ཡིན་མིན་དཔྱད་ཚུལ་སྐབས་དང་པོར་བཤད་ཟིན་ལྟར་དཔྱད། ཡང་རྩ་བར། སྐད་ཅིག་གཅིག་པའི་བཟོད་པ་ཡིས། །ཞེས་པའི་བཟོད་པ་ལ་སྡུག་བསྔལ་ཆོས་བཟོད་ཀྱིས་ཁྱབ་པར་ཐལ། མདོ་ལུགས་མ་ལས། མཐོང་ལམ་གྱི་སྐད་ཅིག་མ་གཅིག་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིས་བསྡུས་པ། ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། སྡུག་བསྔལ་ཆོས་བཟོད་ཀྱིས་མཚོན་ནས་སྐད་ཅིག་གཞན་དག་སྟོན་པ་ཡིན་པའི་ཕྱིར་ཏེ། ཉ་ཊཱིཀ་ལས། དེ་ཡང་མང་བས་དམིགས་ཀྱིས་བཀར་བ་ནི། ལམ་ལ་ཆོས་ཤེས་པའི་བཟོད་པ་ཡིས་བསྡུས་པ་སྟེ་སྐད་ཅིག་བཅུ་དྲུག་རྣམས་མིན་ནོ། །ཞེས་ཟླ་ཟེར་རོ། །བཟོད་པ་ལ་གསལ་ཁ་མེད་ཅིང་གཞན་དོན་དེ་ལྟར་སྙིང་མཆོག་ཡང་ངོ༌། །དག་ལྡན་དུ། སྐད་ཅིག་གཅིག་མཐོང་ལམ་སྟེ་དེ་ཡང་བཟོད་པས་བསྡུས་ཀྱིས་ཤེས་པས་མིན་ནོ། །ཞེས་སོ། །ཐུབ་དགོངས་སུ་སེང་བཟང་གིས་སྡུག་བསྔལ་ཆོས་བཟོད་དུ་བཤད་པ་ནོར་བ་ཆེ་སྟེ། སྐབས་ཡང་མིན་ཅིང༌། ཡུམ་བར་མ་དང་བསྟན་བཅོས་སུ་ཡང་དྲུག་དྲུག་ཁོ་ན་དེར་བསྟན་ཅིང་དྲུག་ནི་ལམ་གྱིས་བསྡུས་ཀྱི་སྡུག་བསྔལ་གྱིས་མིན་ནོ། །བསྡུས་པར། ཕར་ཕྱིན་དྲུག་ནི་ལམ་མོ་ཞེས་པས་སོ། །ཞེས་སོ། །འོན་ཀྱང་མཐོང་ལམ་རྩེ་མོ་ནི་མཐོང་སྤང་རྟོག་པ་བརྒྱ་རྩའི་གཉེན་པོ་ཡིན་ཞིང་ལམ་ལ་ཆོས་བཟོད་ཁོ་ན་དེར་མི་འཐད་དོ། །དེས་ན་ཆོས་བཟོད་བཞི་ག་དེར་འགྱུར་དགོས་པ་ལ་སྐྱོན་མཚུངས་ཤིང༌། སློབ་དཔོན་དང་རད་ཀིར་སྡུག་བསྔལ་ཆོས་བཟོད་ཁོ་ནར་བཞེད་པ་ལ་ཡང་དེ་ཁོ་ན་མཐོང་སྤང་རྟོག་པ་བརྒྱ་རྩའི་གཉེན་པོར་འགྱུར་བའི་སྐྱོན་ཡོད་ལ། ཨ་བྷ་ཡའི་སྐྱོན་དེ་མི་འོང་སྟེ། འདིར་སྡུག་བསྔལ་ཆོས་བཟོད་ཉིད་དྲུག་གི་ངོ་བོར་སྟོན་པས་སོ། །དེས་ན་ཆོས་བཤེས་ཀྱིས། སྡུག་བསྔལ་ཆོས་བཟོད་ཅེས་པ་ནི་མཐོང་ལམ་ངེས་པར་གཟུང་པ་སྟེ་སྐད་ཅིག་མ་དེ་ཤས་ཆེར་གྱུར་པ་ཞེས་བྱའོ། །ཞེས་པས་དེ་སྨོས་པ་མཐོང་ལམ་མཚོན་པ་སྟེ་བཅུ་དྲུག་རིལ་བོ་འདོད་དགོས་པར་མངོན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་གོ་སྒྲུབ་དང་འདི་གཉིས་སྡུད་ཚུལ་འདྲ་བར་ཐལ། ཉ་ཊཱིཀ་ལས། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་སོ་སོར་སྔ་མ་གོ་སྒྲུབ་ཏུ་བསྟན་པ་བཞིན་དུ་སྦྱིན་པ་ལ་སོགས་པའི་ངོ་བོ་རེ་རེ་ཡང་ཕན་ཚུན་བསྡུས་ནས་མངོན་དུ་བྱེད་པ་གང་ཡིན་པའི་མཐོང་ལམ་བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་པ་སྟེ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མདོ་ལུགས་མ་ལས། སྔར་གོ་སྒྲུབ་ཏུ་ནི་རང་རང་ལས་ཕྱེ་བ་དྲུག་དྲུག་རང་རང་ལ་སོ་སོར་བསྡུས་པ་ཡིན་ལ། འདིར་ནི་རང་རང་ལས་མ་ཕྱེ་བར་དྲུག་པོ་རེ་རེས་ལྔ་ལྔ་ཕན་ཚུན་བསྡུས་པའི་ཕྱིར་འདི་གཉིས་སྡུད་ཚུལ་གཅིག་ཏུ་འཆད་པ་མདོ་དང་འགལ་ལོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་རྣམ་རྟོག་བཞི་བོ་འདི་དག་ལ་ཉོན་མོངས་པ་ཞིག་ཡོད་པར་ཐལ། མཐོང་ལམ་རྩེ་སྦྱོར་སྐྱེས་པའི་དགོས་པ་བཤད་སྐབས་སུུ་ཉ་ཊཱིཀ་ལས། མཐོང་རྩེའི་རྣམ་གྲོལ་ལམ་པའི་གང་ཟག་ཆོས་ཅན། ཀུན་བརྟགས་ཀྱིས་བསྡུས་པའི་གཟུང་འཛིན་གྱི་རྣམ་པར་རྟོག་པ་སྐྱེད་པར་བྱེད་པའི་བག་ཆགས་འཇོག་ནུས་ཀྱི་ཉོན་མོངས་པ་མངོན་དུ་རྒྱུ་བ་བརྒྱ་རྩ་བརྒྱད་སྤངས་པ་འཐོབ་སྟེ། མཐོང་སྤང་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པས་སོ། །ཁྱབ་སྟེ། དེ་འདྲའི་ཉོན་མོངས་དེ་རྟོག་པ་དེ་དག་གིས་ཁྱབ་བྱར་བསྡུས་པས་སོ། །རྟགས་གྲུབ་སྟེ། མཐོང་ལམ་རྩེ་མོའི་རྣམ་གྲོལ་ལམ་དེ་རང་རྒྱུད་ལ་སྐྱེས་པས་ནའོ། །དེ་ལ་ཁྱབ་སྟེ། སྐྱེས་ན་དེ་འགག་པ་རྟེན་འབྲེལ་གྱི་ཆོས་ཉིད་ཀྱིས་འབྱུང་ངོ༌། །ཞེས་གསུངས་པའི་ཕྱིར་ཟེར་ན་བརྟག་པར་བྱ། །རྟོག་པ་བརྒྱ་རྩ་བརྒྱད་ནི། སྔར་སྐབས་དང་པོར་གྲངས་ཙམ་བཤད་ཟིན་ལ་སྐབས་འདིར་ཉ་ཊཱིཀ་ལས། རྟོག་པ་བརྒྱ་རྩར་ཇི་ལྟར་བྱས་པས་འགྱུར་ཞེ་ན། རྣམ་རྟོག་བཞི་བོ་སོ་སོར་ཏེ་རེ་རེ་ལ་ཡང་དགུ་དགུར་འགྱུར་པ་ཉིད་ཀྱིས་ན། དེ་ཁམས་ཀྱིས་ཕྱེ་ན་འདོད་པར་སོ་དྲུག་དང་གཟུགས་སུ་སོ་དྲུག་གཟུགས་མེད་དུ་ཡང་སོ་དྲུག་གི་དབྱེ་བས་སོ། །ཁམས་གསུམ་གྱི་ཉོན་མོངས་བརྒྱ་རྩ་བརྒྱད་འོང་མོད་རྟོག་པ་བརྒྱ་རྩ་བརྒྱད་ཅི་ལྟར་འོང་སྙམ་ན། ཁམས་དེ་དག་ཏུ་སྐྱེས་པའི་བྱང་སེ་སོ་སྐྱེ་ལ་ཡོད་ཅིང་འཕགས་པ་ལ་ཡང་སྙོམས་པར་འཇུག་པའི་རྒྱུའི་སྒོ་ནས་ལྡན། ཞེས་ཆོས་བཤེས་ཏེ། གཟུགས་མེད་ན་རྟོག་པ་དེ་དག་གི་བག་ཆགས་ཙམ་ཡོད་ཀྱི་མངོན་གྱུར་དཀའའོ། །སྤྱིར་ཚང་བར་བགྲང་པས་བརྒྱ་རྩ་བརྒྱད་ཅེས་པ་སྟེ་ཉོན་མོངས་པ་ཡང་དེ་དང་འདྲའོ། །ཞེས་གསུངས་པའི་ཕྱིར། གཟུགས་མེད་ལ་རྟོག་པ་དེ་དག་མངོན་གྱུར་པ་ཡོད་མེད་དང་ཁམས་གསུམ་གྱི་ཉོན་མོངས་བརྒྱ་རྩ་བརྒྱད་འཇོག་ཚུལ་ལ་དཔྱད་པར་བྱའོ། །

གསུམ་པ་ཏིང་ངེ་འཛིན་གཉིས་བཤད་པ།

གསུམ་པ་ཏིང་ངེ་འཛིན་གཉིས་བཤད་པ་ལ།

སེང་གེ་རྣམ་བསྒྱིངས་པའི་ཏིང་ངེ་འཛིན་བཤད་པ་དང༌། ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་བཤད་པ་དང་གཉིས། དང་པོ་ལ་དངོས་དང༌། རྟེན་འབྲེལ་གྱི་མཐའ་ཅུང་ཟད་དཔྱད་དང་པ་གཉིས།དང་པོ་ནི། རྩ་བར། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང༌། །ལུགས་མི་མཐུན་ལ་རྟོག་པར་བྱེད། །ཅེས་སོ། །སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ནི། བྱང་ཆུབ་སེམས་དཔའ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་བསམ་གཏན་གཉིས་པ་ལའོ། །དེ་ལས་ལངས་ནས་བསམ་གཏན་གསུམ་པ་ལའོ། །དེ་ནས་ལངས་ནས་བསམ་གཏན་བཞི་པ་ལའོ། ། དེ་ལས་ལངས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ལས་ལངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ལས་ལངས་ནས་ཅུང་ཟད་མེད་པའི་སྐྱེ་མཆེད་ལའོ། །དེ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ། །དེ་ལས་ལངས་ནས་འགོག་པ་ལའོ། །ཡང་དེ་ལས་ལངས་ན་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནས་བཟུངས་ཏེ་དེ་ལུགས་ལས་བཟློག་པའི་རིམ་པ་ལྟར་བསམ་གཏན་དང་པོའི་བར་དུ་སྙོམས་པར་འཇུག་པ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ཡིན་ནོ། །དེ་ལྟར་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི། ཞེས་རྟེན་ཅིང་འབྲེལ་འབྱུང་ལུགས་དང་མཐུན་པ་དང༌། རྒ་ཤི་གང་ལས་བྱུང་ན་སྐྱེ་བ། སྐྱེ་བ་གང་ལས་བྱུང་ན་སྲིད་པ། ཞེས་པ་ནས། འདུ་བྱེད་གང་ལས་བྱུང་ན་ཐོག་མའི་མ་རིག་པ་ཞེས་པའི་བར་ཀུན་ཉོན་གྱི་རྟེན་འབྲེལ་ལུགས་འབྱུང་ལྡོག་དང༌། གཉེན་པོ་འཕགས་ལམ་སྐྱེས་པས་མ་རིག་པ་འགག མ་རིག་པ་འགག་ན་འདུ་བྱེད་འགག་ཅེས་པ་ནས། སྐྱེ་བ་འགག་ན་རྒ་ཤི་འགག་ཅེས་པའི་བར་རྣམ་བྱང་ལུགས་དང་མཐུན་པ་དང༌། སྐྱེ་བ་འགག་ན་རྒ་ཤི་འགགཅེས་པ་ནས། མ་རིག་པ་འགག་ན་འདུ་བྱེད་འགག་ཅེས་པའི་བར་རྣམ་བྱང་ལུགས་དང་མི་མཐུན་ལ་སོ་སོར་རྟོག་པར་བྱེད་དོ། །ཉི་ཁྲིའི་ལེ་མངས་རྣམས་སུ་རྟེན་འབྲེལ་འདི་དག་སྟོན་པའི་མདོ་མ་བྱུང་ལ། བསྡུས་དོན་འགྲེལ་པ་ལ་སོགས་ན་མདོ་སྣང་ཞེས་མདོ་ལུགས་མ་ལས་གསུངས་སོ། །ཉ་ཊཱིཀ་ཏུ་མཉམ་བཞག་ཏུ་རྣམ་ཐར་བརྒྱད་དང་མཐར་གནས་སྙོམས་འཇུག་དགུ་ལ་སེངྒེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ནས་རྗེས་ཐོབ་ཏུ་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལྡོག་ཏུ་རྟོག་པར་བྱེད་པར་གསུངས་སོ། །ཡང་ཉ་ཊཱིཀ་ལས། རྗེས་ཐོབ་ནི། དེར་ཞུགས་པའི་རྗེས་ནས་རྟེན་འབྲེལ་ལུགས་མཐུན་དང་ལུགས་མི་མཐུན་ལ་རྟོག་པར་བྱེད་དེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། ཞེས་དང༌། མདོ་ལུགས་མ་ལས། དེ་ལྟར་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། མ་རིག་པ་འགག་ན་འདུ་བྱེད་འགག ཅེས་སོགས་ཀྱི་ཚིག་ཉམས་ལ་སྐབས་འདིར་རྟེན་འབྲེལ་སྒོམ་པ་དེ་སེངྒེ་རྣམ་བསྒྱིངས་མ་ཡིན་པ་ལྟ་བུ་གསུངས་སོ། །སྐབས་འདིར་ཉི་ཁྲི་མདོ་ལས་གསུངས་རིམ་ནི། ཉི་ཁྲི་ག་པོད་༼སྡེ་དགེའི་ཤིང་པར༡༣༡༽ལས། དེ་ལྟར་ན་རྣམ་པར་ཐར་བ་བརྒྱད་པོ་འདི་དག་ལ་ལུགས་དང་མཐུན་པ་དང༌། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ངོ༌། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ལུགས་དང་མཐུན་པ་དང༌། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་ལྡང་སྟེ། ཞེས་དང༌། ༡༣༢ སེངྒེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་སེངྒེ་རྣམ་པར་བསྒྱིངས་པ་དེ་གང་ཞེ་ན། ཞེས་དང༌། ༡༣༣རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་ཐོད་རྒལ་དེ་གང་ཞེ་ན། ཞེས་པ་ནས། བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་དང་པོ་ལས་ལངས་ནས། བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཞེས་པ་ནས། ༡༣༥བསམ་གཏན་དང་པོ་ལས་ལངས་ནས། །མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ། །དེ་ཐོད་རྒལ་གྱི་ཏིང་ངེ་འཛིན་འདི་ལ་གནས་ཤིང་ཆོས་ཐམས་ཅད་མཉམ་པ་ཉིད་རྗེས་སུ་འཐོབ་པར་བྱེད་དེ། ཞེས་གསུངས་སོ། །དེས་ན་སེངྒེ་རྣམ་བསྒྱིངས་གང་ལ་འཇོག་བརྟག་པར་བྱའོ། །

གཉིས་པ་རྟེན་འབྲེལ་གྱི་མཐའ་ཅུང་ཟད།

གཉིས་པ་རྟེན་འབྲེལ་གྱི་མཐའ་ཅུང་ཟད་དཔྱད་ན།

བཅོམ་ལྡན་འདས་ཀྱིས་ས་ལུ་ལྗང་བ་ལ་གཟིགས་ནས། དགེ་སློང་དག་སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ༌། །སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ༌། །ཞེས་དང༌། དོན་དེ་ཉིད་བཤེས་སྤྲིང་དུ། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གིས་འདི་ནི་ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པ་རྣམས་ཀྱི་མཆོག །ཅེས་སོ། །མཁས་པ་ཁ་ཅིག་གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་ཁྱབ་པ་ཁས་ལེན་ཀྱང་རང་ལུགས་ལ་གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་ཁྱབ་པ་མི་བཞེད་དེ།དོན་དམ་བདེན་པ་རྟེན་འབྲེལ་མ་ཡིན་པ་གང་ཞིག ཀུན་རྫོབ་རྣམས་རྟེན་འབྲེལ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྩ་ཤེར་ལས། རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། ། ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། དོན་དམ་སྟོང་ཉིད་རྟེན་འབྲེལ་ལས་འདས་ཀྱང་ཤིན་ཏུ་མཐར་ཐུག་པའི་སྟོང་ཉིད་ཟབ་མོ་ཡིན་པའི་ཕྱིར་རོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། དོན་དམ་ལ་ནི་རྟེན་འབྲེལ་ནམ་ཡང་མེད། །ཅེས་དང༌། དོན་དམ་རྟེན་འབྲེལ་དེ་ནི་རྟེན་འབྱུང་མིན། །ཞེས་དང༌། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། དེས་ན་ངོ་བོ་ཉིད་སྐུ་སོགས་རྟེན་འབྲེལ་མ་ཡིན་པར་སྤྱན་རས་གཟིགས་ཀྱིས་གསུངས་སོ། །ཞེས་སོ། །རྩ་རྟགས་གཉིས་པ་གྲུབ་སྟེ། ཐེག་མཆོག་དབུ་མ་ལས། ཀུན་བརྟགས་གཞན་དབང་རྟེན་འབྲེལ་ཉིད་དུ་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །དེར་མ་ཟད་སྐབས་དུ་མར་རྟེན་འབྲེལ་ཞེས་པ་འདུས་བྱས་ལ་བཤད་པ་ཡོད་དེ། ཁྱེའུ་བཞིའི་ཏྀང་ངེ་འཛིན་ཅེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས། གང་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ནི་མི་རྟག་པའོ། །གང་མི་རྟག་པ་དེ་སྡུག་བསྔལ་བའོ། །ཞེས་དང༌། རྩ་ཤེར་ལས། རྒྱུུ་དང་རྐྱེན་ལས་བྱུང་བ་ནི། །རང་བཞིན་བྱས་པ་ཅན་ཞེས་བྱ། །ཞེས་དང༌། རི་ཆོས་ལས། དོན་དམ་པའི་བདེན་པ་རྟེན་འབྲེལ་ལས་མ་འདས་ན། མཐར་ཐུག་འགོག་པའི་བདེན་པ་ཡང་རྟེན་འབྲེལ་ལས་མ་འདས་པར་འགྱུར་ལ། འདོད་ན་འདུས་བྱས་ལས་མ་འདས་པར་འགྱུར་ཞིང༌། ཞེས་པ་ནས། དེས་ན་འདུས་བྱས་རྟེན་འབྲེལ་གང་ཡིན་པ་སྟོང་ཉིད་ཡིན་པས་ཁྱབ་ཀྱང་སྟོང་ཉིད་གང་ཡིན་ཐམས་ཅད་རྟེན་འབྲེལ་དུ་འདོད་པ་ནི་འཁྲུལ་ཏེ། ཞེས་དང༌། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། རྟེན་ཅིང་འབྲེལ་འབྱུང་གི་ཆོས་ཡིན་ན་རྒྱུ་རྐྱེན་གྱིས་བསྐྱེད་དགོས་ཏེ། འདུས་བྱས་ཡིན་པས་སོ། །ཞེས་དང། ཆོས་ཀྱི་ཤན་འབྱེད་ལས། རྟེན་འབྲེལ་དང་གཞན་དབང་དོན་གཅིག་པའི་ཕྱིར། ། ཞེས་གསུངས་པའི་ཕྱིར་རོ། །རྫོགས་ལྡན་གྱི་ཆོས་སྐད་ལ་ཟབ་དོན་ཉེར་གཅིག་ལས། མངོན་པ་བ་རྣམས་འདུས་མ་བྱས་སུ་འདོད་པའི་ནམ་མཁའ་སོགས། དངོས་མེད་ཐམས་ཅད་ཀྱང་སྐབས་འདིར་འདུས་བྱས་ཡིན་པས། དངོས་པོ་དངོས་མེད་ལ་འདུས་བྱས་ཀྱིས་ཁྱབ། དོན་དམ་འདུས་མ་བྱས་དངོས་ཡིན། ནམ་མཁའ་སོགས་འདུས་མ་བྱས་བཏགས་པ་བ་ཡིན་གསུངས། ཞེས་གསུངས་པའི་ཚིག་ཟིན་ལྟར་ན་རྟེན་འབྲེལ་ལ་འདུས་བྱས་ཀྱིས་ཁྱབ་ལ་མངོན་ཚད་སྤྱིའི་ཆོས་སྐད་ལ་མ་ཁྱབ་ཀྱང་དེ་ཡིན་ན་ཀུན་རྫོབ་ཡིན་པས་ཁྱབ་པ་ཡིན་ནོ། །དེས་ན་རང་ལུགས་ལ་གང་ལ་ལྟོས་ནས་གྲུབ་པ། རྟེན་འབྲེལ་གྱི་མཚན་ཉིད། རང་གི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བའི་དོན་བྱེད་ནུས་པ། དངོས་པོའི་རྟེན་འབྲེལ་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། འདིར་དངོས་པོའི་རྟེན་འབྲེལ་སྟོན་ལ། དེ་ནི་འདུས་བྱས་ཐམས་ཅད་དོ། །མཚན་ཉིད་ནི། གང་ལ་བརྟེན་ནས་སྐྱེ་བའམ་རྒྱུ་རྐྱེན་ལས་སྐྱེར་རུང་བའོ། །དེ་ལ་བཞི་སྟེ། སྐད་ཅིག་མའི་རྟེན་འབྲེལ། འབྲེལ་བ་ཅན་གྱི་རྟེན་འབྲེལ། གནས་སྐབས་པའི་རྟེན་འབྲེལ། རྒྱུན་ཆགས་པའི་རྟེན་འབྲེལ་ལོ། །དང་པོ་ནི།ཤན་པ་སྲོག་གཅོད་པའི་བྱ་རྫོགས་ཀྱི་སྐད་ཅིག་གཅིག་ལ་ཡན་ལག་བཅུ་གཉིས་ཚང་བ་ལྟ་བུ་ལ་བཤད་དོ། །སྲོག་གཅོད་པ་དེའི་ཚེ། ཀུན་ནས་སློང་བའི་རྨོངས་པ་ནི་མ་རིག་པ། དེ་ལྟར་སེམས་པའི་ལས་ནི་འདུ་བྱེད། ཡུལ་སོ་སོར་རིག་པ་རྣམ་ཤེས། དེ་དང་ལྷན་ཅིག་བྱུང་བའི་ཕུང་བོ་གསུམ་མིང༌། གཟུགས་ནི་གཟུགས་སོ། །མིག་སོགས་དྲུག་ནི་སྐྱེ་མཆེད་དྲུགགསུམ་འདུས་པ་རེག་པ། རེག་པ་ཉམས་སུ་མྱོང་བ་ཚོར་བ། ཤ་སོགས་ལ་ཆགས་པ་སྲེད་པ། དེ་དང་མཚུངས་ལྡན་གྱི་ངོ་ཚ་མེད་པ་སོགས་ཀུན་དཀྲིས་རྣམས་ལེན་པ། དེས་ཀུན་ནས་བསླང་བའི་ལུས་ངག་གི་ལས་ནི་སྲིད་པ། སྔར་མེད་པའི་རྫས་བྱུང་བ་སྐྱེ་བ། རྩམས་པའི་ལས་སྨིན་པ་སོགས་རྒ་བ། དེ་ཞིག་པ་ལྟ་བུ་ཤི་བ་ཡིན་ཞེས་ཉ་ཊཱིཀ་ལས་སོ། ། སྐད་ཅིག་མའི་རྟེན་འབྲེལ་བཅུ་གཉིས་འདི་རིམ་ཅན་ནམ་དུས་མཉམ་ཅི་ཡིན། རིམ་ཅན་ཡིན་ན་གོང་རྣམ་ཤེས་དང་མིང་གཟུགས་ལྟ་བུ་ལྷན་ཅིག་འབྱུང་བ་ལྟ་བུར་གསུངས་པ་དང་འགལ་ལ། དུས་མཉམ་ན་ནི། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། སྐད་ཅིག་མའི་རྟེན་འབྲེལ་ནི། བྱ་བ་རྫོགས་པའི་སྐད་ཅིག་མ་གཅིག་ལ། ཡན་ལག་བཅུ་གཉིས་རྫོགས་པར་ཚང་བ་ནི། སྐད་ཅིག་མའི་རྟེན་འབྲེལ་ཡིན་ལ། དེ་ཡང་ཡན་ལག་བཅུ་གཉིས་པོ་ཚང་བ་ཙམ་གྱིས་ཆོག་པ་མ་ཡིན་གྱི། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་སོགས་ཡན་ལག་བཅུ་གཉིས་པོ་རྣམས་རྐྱེན་དང་རྐྱེན་ཅན་དུ་འགྱུར་བ་ཞིག་དགོས་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཉ་ཊཱིཀ་དང་ཐེག་མཆོག་ཟིན་བྲིས་གཉིས་ཀར་ཡན་ལག་བཅུ་གཉིས་ཚང་ཞེས་གསུངས་པས་སྐད་ཅིག་མའི་རྟེན་འབྲེལ་ལ་ཡན་ལག་བཅུ་གཉིས་དངོས་གནས་པའམ་མཚན་ཉིད་པ་ཚང་བ་དགོས་མི་དགོས་བརྟག་གོ །དེ་བཞིན་དུ་ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཚེ་གཅིག་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་རྫོགས་པར་འགྱུར་བ་ནི། མཐོང་ཆོས་མྱོང་འགྱུར་གྱིས་དབང་དུ་བྱས་པ་སྟེ། དཔེར་ན་སྐྱེས་པ་ཞིག་གིས་བུད་མེད་ཀྱི་སྐྱེ་བ་ཐོབ་འདོད་ཀྱི་བསམ་པ་དྲག་པོའི་ལས་ཞིག་བྱས་ནས། ལས་དེ་རྣམ་ཤེས་ལ་དེར་སྐྱེ་བའི་ས་བོན་ཡོངས་སུ་བཞག་ལ། དེའི་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བའི་ཡན་ལག་གི་ས་བོན་རྣམས་ཀྱང་རིམ་གྱིས་ཡོངས་སུ་བཞག་པ་ལས། དུས་ནམ་ཞིག་གི་ཚེ། དེས་བསྙེན་བཀུར་ལ་སྲེད་པ་དང༌། དེའི་ཀུན་ནས་བསླངས་བའི་བསྙེན་བཀུར་བསྒྲུབ་འདོད་ཀྱི་ལེན་པ་པོས་དགྲ་བཅོམ་པའི་དགེ་འདུན་ལྟ་བུ་ཞིག་ལ་འདི་དག་ནི་བུད་མེད་ཀྱི་ཚོགས་པའོ། །ངག་རྩུབ་མོས་སྐུར་བ་བཏབ་པའི་ལས་བྱས་པ་ལས་བུད་མེད་དུ་སྐྱེ་འགྱུར་གྱི་ལས་སྔར་བཞག་པ་དེ་ཉིད་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་ཏེ། མཐོང་བའི་ཆོས་ཉིད་དེ་ལས། མཚན་ཡོངས་སུ་འགྱུར་ཏེ། བུད་མེད་དུ་འགྱུར་བཞིན་པ་ནི་སྐྱེ་བ་དང༌། དེར་གྱུར་ཟིན་པ་ནི་རྒ་ཤིའི་ཡན་ལག་སྟེ། ཚེ་གཅིག་པུ་དེ་ཉིད་ལ་རྫོགས་པ་ལྟ་བུའོ། །ཞེས་གསུངས་པའི་སྐད་ཅིག་མའི་རྟེན་འབྲེལ་བཅུ་གཉིས་པོ་རེ་རེ་ལ་རྟེན་འབྲེལ་དེ་དང་དེའི་མཚན་ཉིད་ཚང་མ་ཚང་དཔྱད་པར་བྱའོ། །

གཉིས་པ་འབྲེལ་བ་ཅན་གྱི་རྟེན་འབྲེལ།

གཉིས་པ་འབྲེལ་བ་ཅན་གྱི་རྟེན་འབྲེལ་ནི།

འདུས་བྱས་ཐམས་ཅད་དེ། མདོ་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན། འདུ་བྱེད་ཐམས་ཅད་དོ། །ཞེས་སོ། །ཀུན་བཏུས་སུ། བརྒྱད་བཤད་པ་ནི་འདིའི་དབྱེ་བར་རུང་སྟེ། བརྒྱད་གང་ན། ༡ མིག་གཟུགས་ལ་བརྟེན་ནས་མིག་ཤེས་འབྱུང་བ་ལྟ་བུ་རྣམ་པར་ཤེས་པ་འབྱུང་བའི་རབ་ཏུ་དབྱེ་བའམ་རྟེན་འབྲེལ།༢ མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་སེམས་ཅན་གྱི་དབང་དུ་བྱས་པ་འཆི་འཕོ་དང་སྐྱེ་བའི་རྟེན་འབྲེལ། ༣ས་བོན་ལས་མྱུ་གུ་དེ་ལས་སྡོང་བུ་ལྟ་བུ་ཕྱི་ལོ་ཐོག་འབྱུང་བའི་རྟེན་འབྲེལ། ༤སེམས་ཅན་གྱི་ཐུན་མོང་གི་ལས་ཀྱིས་ས་ཆུ་འབྱུང་བ་སོགས་འཇིག་པ་དང་ཆག་པའི་རྟེན་འབྲེལ། ༥ ཁམས་གསུམ་པ་རྣམས་ཟས་བཞི་ལ་བརྟེན་ནས་གནས་པ་ལྟ་བུ་ཟས་ཀྱིས་བརྟེན་པའི་རྟེན་འབྲེལ། ༦ ལས་དགེ་མི་དགེ་ལས་བདེ་འགྲོ་ངན་འགྲོར་འགྲོ་བ་འདོད་པ་དང་མི་འདོད་པའི་འགྲོ་བ་རྣམ་པར་འབྱེད་པའི་རྟེན་འབྲེལ། ༧ ཚོགས་ལམ་ལས་སྦྱོར་ལམ་སོགས་རྣམ་པར་དག་པའི་རྟེན་འབྲེལ་བསམ་གཏན་ཐོབ་པ་ལས་མངོན་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་འབྱུང་བ་སོགས་མཐུ་སྟོབས་ཀྱི་རབ་ཏུ་དབྱེ་བའམ་རྟེན་འབྲེལ་དང་བརྒྱད་དོ། །དེ་རྣམས་ནི་འབྲེལ་བ་ཅན་གྱི་རྟེན་འབྲེལ་ཡིན་ཏེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དེ་ལྟར་རྟེན་འབྲེལ་གྱི་རབ་དབྱེ་བརྒྱད་པོ་འདི་རྣམས་ནི་འབྲེལ་བ་ཅན་གྱི་རྟེན་འབྲེལ་ཏེ། བསྐྱེད་བྱ་སྐྱེད་བྱེད་ཀྱི་དབང་དུ་བྱས་པའི་རྟེན་འབྲེལ་ཡིན་ལ། སྤྱིར་ནི་གཞག་བྱ་འཇོག་བྱེད་ལ་ཡང༌། བློ་ངོར་འབྲེལ་བའི་དབང་དུ་བྱས་ན་ནི། འབྲེལ་བ་ཅན་གྱི་རྟེན་འབྲེལ་དུ་འཇོག་ཀྱང༌། དངོས་པོའི་འབྲེལ་བ་ཉིད་གཙོ་ཆེ་བར་བྱ་སྟེ། བསྐྱེད་པའི་རྒྱུ་འབྲས་ལ། འབྲེལ་བ་ཅན་གྱི་རྟེན་འབྲེལ་དུ་བཤད་པའོ། །དེ་ལྟར་བརྒྱད་པོ་དེ་རྣམས་ལ། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་དྲུག་དང༌། རྣམ་པར་བྱང་བའི་རྟེན་འབྲེལ་གཉིས་ཡིན་ལ།དྲུག་པོ་ཡང༌། ནང་བཅུད་ཀྱི་སེམས་ཅན་ལ་བརྟེན་པ་བཞི་དང༌། ཕྱི་སྣོད་ཀྱི་འཇིག་རྟེན་ལ་བརྟེན་པ་གཉིས། ཞེས་གསུངས་སོ། །རྟེན་འབྲེལ་བརྒྱད་ལས་ཟས་ཀྱི་རྟེན་འབྲེལ་ནི། ཐེག་མཆོག་ཟིན་བྲིས་ལས། ཟས་འཚོ་བས་རྣམ་པར་དབྱེ་བས་རྟེན་འབྲེལ་ནི། ཟས་བཞིས་འཚོ་བ་སྟེ། དེ་ཡང་མངོན་པ་མཛོད་ལས། ཁམས་ཀྱི་ཟས་ནི་འདོད་པ་ན། །སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། །གཟུགས་ཀྱི་སྐྱེ་མཆེད་མ་ཡིན་དེས། །རང་དབང་གྲོལ་ལ་མི་ཕན་ཕྱིར། །རེག་དང་སེམས་པ་རྣམ་ཤེས་ནི། །ཟག་བཅས་ཟས་ཡིན་གསུམ་དག་ན། །ཞེས་གསུངས་པ་ལྟར། ཁམས་ཀྱི་ཟས་དང༌། རེག་པའི་ཟས་དང༌། སེམས་པའི་ཟས་དང༌། རྣམ་པར་ཤེས་པའི་ཟས་ཏེ་བཞི་པོ་དེ་རྣམས་འཚོ་བའི་དོན་ཡང༌། འཁོར་བའི་སེམས་ཅན་རྣམས། ཟས་ཕྱི་མ་གསུམ་པོ་དེ་རྣམས། སྔ་མ་སྔ་མ་ལས། ཕྱི་མ་ཕྱི་མ་རིམ་པས། སྐྱེ་བའི་ཚུལ་གྱིས་འཁོར་བའི་གནས་འདིར་རྒྱུན་མི་འཆད་པར་འབྱུང་བས་ན་ཟས་ཀྱི་འཚོ་བའི་རྟེན་འབྲེལ་ཞེས་བྱའོ། །ཞེས་གསུངས་སོ། །

གསུམ་པ་གནས་སྐབས་ཀྱི་རྟེན་འབྲེལ།

གསུམ་པ་གནས་སྐབས་ཀྱི་རྟེན་འབྲེལ་ནི།

ཕྱོགས་གླང་གི་མཛོད་འགྲེལ་གནད་ཀྱི་སྒྲོན་མ་ལས། དེ་ལྟར། སྲིད་པའི་འཁོར་ལོ་ཐོག་མ་མེད། །རྣམ་པ་དེས་ན་ལས་དང་ཉོན་མོངས་པའི་རྒྱུ་ལས་བྱུང་བའི་སྐྱེ་བ་དང༌། ཡང་དེ་ལས་བྱུང་བའི་ལས་དང་ཉོན་མོངས་པ་རྣམས་དང༌། ཡང་དེ་དག་ལས་སྐྱེ་བ་ཡིན་པས་ན་སྲི༷ད་པ༷འི་འཁོ༷ར་ལོ༷་ཐོ༷ག་མ་མེ༷ད་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ཕུང་པོའི་རྒྱུན་སྐྱེ་བའི་གནས་སྐབས་གསུམ་བསྟན་པ་གང་ཡིན་པ་དེ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ཡན་ལག་བཅུ་གཉིས་ཆ་གསུམ་མོ། །དེ་ལ་ཡན་ལག་བཅུ་གཉིས་པོ་ནི་མ་རིག་པ་ནས་རྒ་ཤིའི་བར་རོ། །ཆ་གསུམ་ནི་སྔོན་གྱི་དང༌།ཕྱི་མའི་མཐའ་དང༌། བར་མའི་སྐྱེ་བ་དག་གོ། །དེ་ཡང༌། སྔོན་དང་ཕྱི་མཐའ་གཉིས་གཉིས་དང༌། །བར་དུ་བརྒྱད། མ་རིག་པ་དང་འདུ་བྱེད་རྣམས་ནི་སྔོན་གྱི་མཐར་རོ། །སྐྱེ་བ་དང་རྒ་ཤི་ནི་ཕྱི་མའི་མཐར་རོ། །ལྷག་མ་བརྒྱད་ནི་བར་དུའོ། །དེ་དག་ཀྱང༌། ཡོངས་རྫོགས་ལྡན་ལ། འབྱུང་སྟེ། གང་ཞིག་གནས་སྐབས་འདི་ཐམས་ཅད་ལ་རེག་པ་གང་བར་མ་དོ་ཁོ་ནར་འཆི་བ་ཡང་མ་ཡིན་ལ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཡང་མ་ཡིན་ནོ། །དེ་ལ།མ་རིག་ཉོན་མོངས་སྔོན་གནས་སྐབས། །ཚེ་སྔ་མ་ལ་ཉོན་མོངས་པའི་གནས་སྐབས་གང་ཡིན་པ་དེ་ནི་འདི་ལ་མ་རིག་པ་ཞེས་བྱའོ། །འདུ་བྱེད་དག་ནི་སྔོན་ལས་ཀྱི། །གནས་སྐབས་ཞེས་བྱ་བར་སྦྱར་ཏེ། ཚེ་སྔ་མའི་བསོད་ནམས་ལ་སོགས་པའི་ལས་ཀྱི་གནས་སྐབས་གང་ཡིན་པ་དེ་ནི་འདུ་བྱེད་རྣམས་ཞེས་བྱ་སྟེ། ལས་གང་གིས་འདིར་རྣམ་པར་སྨིན་པའོ། །རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མའི་མངལ་དུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ལ་ཕུང་པོ་ལྔ་ནི་རྣམ་པར་ཤེས་པ་ཡིན་ནོ། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། །མཚམས་སྦྱོར་བའི་སེམས་ཕན་ཆད་ཇི་སྲིད་དུ་སྐྱེ་མཆེད་དྲུག་མ་དོད་ཀྱི་བར་སྐབས་དེ་ནི་མིང་དང་གཟུགས་ཞེས་བྱའོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །སྐྱེ་མཆེད་དྲུག་དོད་ནས་ཇི་སྲིད་དུ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་དང་གསུམ་མ་འདུས་པ་དེ་སྲིད་ཀྱི་གནས་སྐབས་དེ་ནི་སྐྱེ་མཆེད་དྲུག་ཅེས་བྱའོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །རེག་པ་ནི་དེ་སྲིད་དུ་འབྱུང་སྟེ། ཇི་སྲིད་དུ་ཚོར་བ་གསུམ་གྱི་རྒྱུ་བ་ཡོངས་སུ་གཅོད་པར་མི་ནུས་པའི་བར་རོ། །ཡོངས་སུ་གཅོད་ནུས་ནས་ནི། ཚོར་འཁྲིག་ཚུན་ཆད། ཚོར་བའི་གནས་སྐབས་ནི་ཇི་སྲིད་དུ་འཁྲིག་པའི་འདོད་ཆགས་ཀུན་ཏུ་མི་སྤྱོད་པའི་བར་རོ། །སྲེད་པ་ནི། ལོངས་སྤྱོད་འཁྲིག་པའི་ཆགས་ཅན་གྱི། །འདོད་པའི་ཡོན་ཏན་དང༌། འཁྲིག་པའི་འདོད་ཆགས་ཀུན་ཏུ་སྤྱོད་པའི་གནས་སྐབས་ཇི་སྲིད་དུ་ཡུལ་ཡོངས་སུ་ཚོལ་བ་ལ་མ་ཞུགས་པ་ནི་སྲེད་པའོ། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པའི། །གནས་སྐབས་གང་དུ་ཡུལ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་ཚོལ་བ་ལ་ཞུགས་པ་ཐམས་ཅད་དུ་རྒྱུག་པ་དེ་ནི་ལེན་པའོ། །དེ་ལྟར་ཡོངས་སུ་རྒྱུག་པ་ན། དེ་སྲིད་འབྲས་བུ་འབྱུང་བ་ཡི། །ལས་བྱེད་དེ་ནི་སྲིད་པ་ཡིན། །དེ་ཡུལ་རྣམས་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་རྒྱུག་པ་ན་ཡང་སྲིད་པའི་ལས་སོགས་པ་དེ་ནི་དེའི་སྲིད་པ་ཡིན་ནོ། །ལས་དེས་ཀྱང་འདི་ནས་ཚེ་ཕྱི་མར་ཉིང་མཚམས་སྦྱོར་བར་འགྱུར་ཏེ། ཉིང་མཚམས་སྦྱོར་བ། དེ་ནི། སྐྱེ་བ་ཡིན། འདིར་རྣམ་པར་ཤེས་པའི་ཡན་ལག་གང་ཡིན་པ་དེ་ནི་ཚེ་གཞན་དུ་སྐྱེ་བ་ཡིན་ནོ། །དེ་ཕན་ཆད། ཚོར་བའི་བར་ནི་རྒ་ཤི་ཡིན། །སྐྱེ་བ་ཕན་ཆད་ཚོར་བའི་གནས་སྐབས་ཀྱི་བར་ནི་རྒ་ཤི་ཡིན་ཏེ། དེ་ལ་ཡན་ལག་བཞི་པོ་མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་གང་དག་ཡིན་པ་དེ་དག་ཉིད་གཞན་དག་ཏུ་རྒ་ཤི་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བ་མང་པོ་ཡོད་ཀྱང༌། འདི་ནི་གནས་སྐབས་པར་འདོད་ལོ། །གཙོ་བོའི་ཕྱིར་ན་ཡན་ལག་བསྒྲགས། །མ་རིག་པ་ལ་སོགས་པ་གཙོ་བོ་ཡིན་པའི་གནས་སྐབས་སུ་ནི་མ་རིག་པ་ལ་སོགས་པ་དག་ཁོ་ནར་གསུངས་སོ། །སེམས་ཅན་དུ་སྟོན་པ་ཁོ་ནས་རྟེན་ཅིང་འབྲེལ་བ་ཆ་གསུམ་གསུངས་པ་ཡང༌། སྔོན་དང་ཕྱི་མཐའ་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། །ཇི་ལྟར་སྔོན་གྱི་མཐའ་ལས་བར་མ་འབྱུང་བ་དང༌། བར་མ་ལས་ཕྱི་མའི་མཐའ་ཞེས་བྱ་བ་རྨོངས་པ་འདི་རྣམ་པར་བཟློག་པའི་ཕྱིར་ཆ་གསུམ་པ་དང་སེམས་ཅན་དུ་སྟོན་པ་གསུངས་སོ། །ཞེས་གསུངས་སོ། །བྱེ་བྲག་སྨྲ་བ་ལས་གྲུབ་མཐའ་གོང་མའི་མི་བཞེད་པ་ཡིན་ཏེ། མཛོད་རྩ་བ་ལས། འདི་ནི་གནས་སྐབས་པར་འདོད་ལོ། །ཞེས་ལོ་ཞེས་མ་རེངས་པའི་ཚིག་སྨོས་པའི་ཕྱིར་དང༌། ཉ་ཊཱིཀ་ལས། རེ་རེ་ཡང་ཕུང་བོ་ལྔ་བ་མི་རིགས་ཞེས་མཛོད་འགྲེལ་དུ། མདོ་སྡེ་པས་བཀག་ཅིང༌། སྔར་ཁོ་བོས་བྲིས་པ་ལྟར་ལ་རུང་ངོ༌། །ཞེས་གསུངས་པའི་ཕྱིར། འོན་ཀྱང་སྔར་ཁོ་བོས་བྲིས་པ་ལྟར་རུང་ཞེས་པ་གྲུབ་མཐའ་གང་གི་ལུགས་ཡིན་དཔྱད། གནས་སྐབས་པའི་རྟེན་འབྲེལ་ལ་མཛོད་ལས་བཤད་པ་དེ་ལས་གཞན་པའི་བཤད་ཚུལ་གཉིས་ཡོད་དེ། ཐེག་མཆོག་དབུ་མ་ལས། གནས་སྐབས་པའམ་རྒྱུན་ཆགས་གསུམ་དུ་འདོད། །གནས་སྐབས་པ་ཡང་སྐྱེ་བ་གཉིས་དང་གསུམ། །རྟེན་འབྲེལ་ཚར་རེ་རྫོགས་ཚུལ་སོ་སོ་སྟེ། །འཕེན་འགྲུབ་བཞི་ལྡན་རྒྱུ་འབྲས་ཚར་གཅིག་པོ། །སྐྱེ་བ་འདི་གཉིས་གཞན་དང་འདི་མི་བསྲེ། །ས་བོན་འདེབས་དང་གསོ་བ་རྟོགས་ཕྱིར་གསུངས། །ཞེས་དང༌། དེའི་ཟིན་བྲིས་ལས། ཡང་ན་གནས་སྐབས་པ་དང་རྒྱུན་ཆགས་པའི་རྟེན་འབྲེལ་གཉིས་རྣམ་གྲངས་སུ་བྱས་ཏེ། གསུམ་དུའང་དབྱེ་བར་འདོད་དོ། །གནས་སྐབས་པའི་རྟེན་འབྲེལ་དེ་ལ་ཡང་འདོད་པའི་ཁམས་ཀྱི་སྐྱེ་བ་གཉིས་ལ། རྟེན་འབྲེལ་བཅུ་གཉིས་ཚར་གཅིག་རྫོགས་པའི་ཚུལ་དང༌། འདོད་ཁམས་ཀྱི་སྐྱེ་བ་གསུམ་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚར་རེ་རྫོགས་པའི་ཚུལ་གཉིས་བཅོམ་ལྡན་འདས་ཀྱིས་མདོ་ལས་གསུངས་ཏེ། ཞེས་སོགས་གསུངས་པའི་ཕྱིར། འདོད་ན། མཛོད་ལས་བཤད་པ་དེ་ཐེག་མཆོག་དབུ་མའི་སྐབས་སུ་བཤད་པ་ལས་ལོགས་སུ་བཤད་མི་རིགས་པར་ཐལ།དེར་དགོས་པ་གསུངས་སྐབས་སུ་མཛོད་ལུང་དྲངས་ནས་བཤད་པའི་ཕྱིར་ཏེ། ཐེག་མཆོག་དབུ་མ་ལས། ཚེ་གསུམ་ལ་རྫོགས་རྒྱུ་འབྲས་ཚར་གཉིས་པོ། །འཕེན་འགྲུབ་དབྱེ་བ་མེད་པར་བསྲེས་པ་སྟེ། །རྨོངས་པ་རྣམ་གསུམ་བཟློག་ཕྱིར་འདི་ཡང་གསུངས། །ཞེས་དང༌། དེའི་ཟིན་བྲིས་ལས། དེ་ལྟར་གསུངས་པའི་དགོས་པ་ཡང་སེམས་ཅན་རྣམས་ཀྱི་སྔོན་གྱི་མཐའ་ལས་རྨོངས་པ་དང༌། ཕྱི་མའི་མཐའ་ལས་རྨོངས་པ་དང༌། ད་ལྟར་གྱི་མཐའ་ལས་རྨོངས་པ་རྣམས་བཟློག་པའི་ཕྱིར། རྟེན་འབྲེལ་གྱི་རྣམ་བཞག་འདི་ཡང་བཅོམ་ལྡན་འདས་ཀྱིས་མདོ་སྡེ་རྣམས་ལས་རྒྱ་ཆེར་གསུངས་སོ། །རྨོངས་པ་རྣམ་པ་གསུམ་བཟློག་པའི་ཚུལ་ཡང༌། མཛོད་ལས། སྔོན་དང་ཕྱི་མཐའ་གཉིས་གཉིས་དང༌། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ནོ། །ཞེས་གསུངས་པ་ལྟར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཚེ་གསུམ་ལ་འབྲས་བུ་དང་པོ་གསུམ་རིམ་གྱི་ཐོབ་པའི་དབང་དུ་བྱས་ན་ཚེ་དང་པོའི་རྒྱུན་ཞུགས་ཀྱི་རྒྱུད་ལ་གནས་སྐབས་ཀྱི་རྟེན་འབྲེལ་བཅུ་གཉིས་ལས་དུ་ཡོད་སོགས་ཤེས་པར་བྱའོ། །

བཞི་བ་རྒྱུན་ཆགས་པའི་རྟེན་འབྲེལ་བཤད་པ།

བཞི་བ་རྒྱུན་ཆགས་པའི་རྟེན་འབྲེལ་བཤད་པ་ལ།

ཉ་ཊཱིཀ་ལྟར་མཚན་ཉིད། ཡན་ལག་རྣམ་པར་དབྱེ་བ། ཡན་ལག་མདོར་བསྡུ་བ། སྒྲ་དོན། ས་མཚུངས། གོ་རིམ། ལུགས་མཐུན་ལུགས་མི་མཐུན་བཤད་པ་དང་བདུན། དང་པོ་ནི། རྐྱེན་གསུམ་ལས་བྱུང་བ་དེ།འདུས་བྱས་རྟེན་འབྲེལ་གྱི་རང་བཞིན་ནམ་མཚན་ཉིད་ཡིན་ཏེ། རྣམ་པར་འབྱེད་པའི་མདོ་ལས། འདི་ཡོད་པས་འདི་འབྱུང༌། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་སོགས་དང༌། ཀུན་བཏུས་ལས། མཚན་ཉིད་ཀྱིས་ཇི་ལྟ་བུ་ཞེ་ན། གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང༌། མི་རྟག་པའི་རྐྱེན་ལས་བྱུང་བ་དང༌། ནུས་པའི་རྐྱེན་ལས་བྱུང་བའི་ཕྱིར་རོ། །ཞེས་དང༌། ཉ་ཊཱིཀ་ལས། རིགས་མི་མཐུན་ལས་འབྱེད་པའི་མཚན་ཉིད་སྔར་ལྟར་ཏེ། འདིར་ནི་རང་བཞིན་ལ་མཚན་ཉིད་དུ་བརྗོད་པའོ། །དེ་ཡང་རྐྱེན་གསུམ་ལས་བྱུང་བ་སྟེ། ཞེས་གསུངས་པའི་ཕྱིར་རོ། །རྐྱེན་གསུམ་ལས་དང་པོ་ནི། འབྲས་བུ་འབྱུང་བར་བྱ་བའི་ཕྱིར་དུ་བློ་སྔོན་དུ་བཏང་བའི་རྐྱེན་མེད་ཀྱང༌། རྐྱེན་ཡོད་ན་འབྲས་བུ་འབྱུང་བ་སྟེ། དེས་དབང་ཕྱུག་སོགས་ཀྱིས་བློ་སྔོན་དུ་བཏང་ནས་བྱས་པ་སེལ། གཉིས་པ་ནི། རྐྱེན་རྟག་པ་ལས་འབྲས་བུ་མི་འབྱུང་གི སྔར་མེད་དུ་བྱུང་བའི་མི་རྟག་པའི་རྐྱེན་ལས་བྱུང་བ་སྟེ། དེས་གཙོ་བོ་རྟག་པ་སོགས་ཀུན་གྱི་རྒྱུ་ཡིན་པ་བསལ་ལོ། །གསུམ་པ་ནི། གཡོ་བ་མེད་ཅིང་མི་རྟག་ཀྱང་རྐྱེན་གང་རུང་ལས་འབྲས་བུ་ཐམས་ཅད་མི་འབྱུང་གི འབྲས་བུ་དེ་བསྐྱེད་ནུས་པའི་རྐྱེན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་ལྟ་བུ་སྟེ། དེས་ཐམས་ཅད་ཐམས་ཅད་ཀྱི་རྒྱུར་འཛིན་པའི་རྟོག་པ་སེལ་ལོ། །

གཉིས་པ་ཡན་ལག་རྣམ་པར་དབྱེ་བ།

གཉིས་པ་ཡན་ལག་རྣམ་པར་དབྱེ་བ་ནི།

འདུས་བྱས་ཀྱི་རྟེན་འབྲེལ་ལའང་ཕྱི་སྣོད་དང༌། ནང་སེམས་ཅན་གྱི་རྟེན་འབྲེལ་གཉིས་སོ། །སེམས་ཅན་ལའང་ཐེག་བསྡུས་སུ། ངོ་བོ་ཉིད་རྣམ་པར་འབྱེད་པའི་རྟེན་འབྲེལ་ཀུན་གཞི་ལས་ཆོས་ཐམས་ཅད་འབྱུང་བ་དང༌། སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང༌། ཉེ་བར་སྤྱོད་པ་ཅན་གྱི་རྟེན་འབྲེལ་རྣམ་པར་ཤེས་པ་ཚོགས་དྲུག་སྟེ་གསུམ་གསུངས་ཤིང༌། དེའི་དང་པོ་ནི་ཟབ་ཅིང་ཕྲ་བས་ཐེག་ཆེན་པ་ཁོ་ན་ལ་བསྟན་ལ། ཕྱི་མ་དག་ནི་ཐམས་ཅད་ལ་ཐུན་མོང་དུ་བསྟན་ཞེས་ཀུན་བཏུས་ས་འགྲེལ་ལས་གསུངས་སོ། །དེ་ལྟར་བཤད་པ་ལ་ཀུན་གཞིའི་རྣམ་ཤེས་ཐེག་ཆེན་ཁོ་ན་བསྟན་ན་ཐེག་མཆོག་དབུ་མ་ལས། དེ་སོགས་ཐེག་པ་ཆེ་ཆུང་ལུང་མང་ཡོད། །ཅེས་པ་དང་འགལ་མི་འགལ་དཔྱད་དོ། ། སྐབས་འདིར་རྟེན་འབྲེལ་ཡན་ལག་བཅུ་གཉིས་བཤད་པ་ལ་བཅུ་གཉིས་ལས། དང་པོ་ཐོག་མའི་མ་རིག་པ་བཤད་པ་ལ། སྤྱིར་མ་རིག་པ་ལ་བདེན་པའི་གནས་ལུགས་མི་ཤེས་པའི་རིག་པའི་འགལ་ཟླའི་རྨོངས་ཙམ་གྱི་སེམས་བྱུང་དེ། མ་རིག་པའི་མཚན་ཉིད། དེ་ལ་དབྱེ་ན་ལས་རྒྱུ་འབྲས་རྨོངས་བའི་མ་རིག་པ་དང༌། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པའོ། །མཚན་ཉིད་དང་དབྱེ་བ་དེ་ལྟར་འཐད་དེ། ཐེག་མཆོག་ཟིན་བྲིས་ལས། མ་རིག་པའི་ངོ་བོ་ཁྱད་ཆོས་གསུམ་དང་ལྡན་པ་སྟེ། ཤེས་པ་གང་ཞིག་རང་གི་ཡུལ་ལ་དམིགས་པ་དང༌།ཡུལ་དེའི་རྣམ་པ་ཤིན་ཏུ་མི་གསལ་བ་དང༌། དེ་ཉིད་སེམས་རྒྱུད་རབ་ཏུ་མ་ཞི་བ་ཉོན་མོངས་པ་སྐྱེ་བའི་སྒོར་གྱུར་པ་སྟེ། ཁྱད་ཆོས་གསུམ་དང་ལྡན་ནོ། །དེ་ཡང་མ་རིག་པའི་སྐད་དོད་ལ།ཨ་བི་ཏྱ་ཞེས་པ་ཡོད་པ་ལས། བི་ཏྱ་རིག་པ་དང༌། ཨ་ཡིག་ནི་དགག་པའི་དོན་ཏེ། དེ་ཡང་སྤྱིར་རིག་པའི་དགག་སྒྲ་ཙམ་ཞིག རིག་པ་དང་བྲལ་བ་དང༌། རིག་པ་ཆུང་བ་དང༌། རིག་པ་ངན་པ་དང༌། རིག་པ་ལས་གཞན་དུ་འགྱུར་བ་དང༌། རིག་པ་མེད་ཙམ་དང༌། རིག་པ་མ་ཡིན་ཙམ་སྟེ། རྣམ་གྲངས་བདུན་ཙམ་ཞིག་ལ་འཇུག་པར་གསུངས་ཀྱང༌། འདིར་ནི་རིག་པའི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པ་ཞིག་ལ་མ་རིག་པར་འཇོག་པ་ཡིན་ཏེ། རིག་པའི་མི་མཐུན་ཕྱོགས་ཆོས་གཞན་ཞེས་གསུངས་པ་ལྟར་རོ། །སྤྱིར་དེ་ལྟ་བུའི་མ་རིག་པ་དེ་ཡང༌།ཉོན་མོངས་པ་ཅན་གྱི་མ་རིག་པ་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་གཉིས་ལས། ཕྱི་མ་དེ་ནི་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་བྱེད་པ་ཤེས་བྱའི་སྒྲིབ་པ་ཡིན་ལ། དང་པོ་ནི་འཁོར་བའི་རྒྱུར་གྱུར་ཅིང་ཐར་བ་ཐོབ་པ་ལ་སྒྲིབ་པར་བྱེད་པ་ཉོན་མོངས་པའི་སྒྲིབ་པའོ། །ཞེས་གསུངས་པའི་ཕྱིར་རོ། །རང་འབྲས་འཕེན་བྱེད་ལས་ཀྱི་རྒྱུའི་ཀུན་སློང་དུ་གྱུར་བའི་མ་རིག་པ་དེ། ཐོག་མའི་མ་རིག་པའི་མཚན་ཉིད་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། ངོ་བོ་ནི། ཡང་སྲིད་ཀྱི་རྒྱུ་ལས་ཀུན་ནས་སློང་ནུས་གང་ཞིག་རིག་པ་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་སུ་གྱུར་བའི་སེམས་བྱུང་སྒྲིབ་པའི་བདག་ཉིད་དེ། མདོ་འགྲེལ་དུ། ཡོད་པ་དག་ནི་འགོག་པ་དང༌། །གཞན་པ་ཉིད་དང་འདྲ་བ་དང༌། །སྨད་དང་ཉུང་དང་བྲལ་དོན་དང༌། །གཉེན་པོ་རྣམས་ལ་འདི་ཡིན་ནོ། །ཞེས་དགག་སྒྲ་དོན་བདུན་ལ་འཇུག་པར་གསུངས་པ་ལས། འདིར་ནི། རིག་མི་མཐུན་ཆོས་གཞན་མ་རིག །མི་མཛའ་མི་བདེན་ལ་སོགས་བཞིན། །ཞེས་པ་ལྟར་རིག་པའི་མི་མཐུན་པ་ལ་མ་རིག་པ་ཞེས་བརྗོད་པའོ། །ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དེས་ན་ཡན་ལག་བཅུ་གཉིས་ཀྱི་མ་རིག་པ་འདི་ལ། རྩ་བའི་མ་རིག་པ་ནི་ཉོན་ཡིད་ཀྱི་འཁོར་དུ་བྱུང་བའི་བདག་ཏུ་རྨོངས་པ་དེ་ཉིད་ཡིན་ལ། དེ་ནི་ཁ་ནང་ལྟ་བའི་ཤེས་པ་ཡིན་པའི་ཕྱིར། དེས་ཉོན་མོངས་པ་དང་ལས་དངོས་སུ་བསྐྱེད་པར་མི་བྱེད་ལ། ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་ན་བདག་ཏུ་རྨོངས་པ་ཞིག་ཡོད་པ་དེ་ལས་ཉོན་མོངས་པ་ཆགས་སྡང་རྨོངས་པ་གསུམ་སྐྱེ་བ་དང༌། མི་དགེ་པའི་ལས་བསོགས་པ་འབྱུང་བ་ཡིན་ཞིང༌།དགེ་བ་ཟག་བཅས་རྣམས་བདག་ཏུ་རྨོངས་པ་དེས། དེའི་དུས་ཀྱི་ཀུན་སློང་བྱས་ཏེ་བསོག་པ་མ་ཡིན་ལ། དེ་ལས་ཆགས་སྡང་རྨོངས་གསུམ་གྱི་ཉོན་མོངས་པ་གཞན་སྐྱེས་ནས་དེས་ཀུན་ནས་བསླངས་ཏེ་བསགས་པ་ཡང་མ་ཡིན་ཏེ། དགེ་བ་རྣམས་ནི་མཐའ་གཅིག་ཏུ་འདོད་ཆགས་མེད་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་སྟེ། མེད་པ་གསུམ་ལས་སྐྱེ་དགོས་པའི་ཕྱིར་རོ། །དེ་ལྟར་ན་ཡིད་ཤེས་ཀྱི་འཁོར་དུ་བྱུང་བའི་བདག་ལ་རྨོངས་པ་དེའི་གྲོགས་སུ་བདག་ལ་ཆགས་པ་ཞིག་ཡོད་པ་ཡིན་ལ། དེའི་མཐུ་ལས་བདག་ལེགས་སུ་འདོད་པ་ཞིག་སྐྱེ་བ་ཡིན་ཞིང༌། དེ་ཙམ་ཞིག་ནི་མི་དགེ་བ་ཡང་མ་ཡིན་ལ། བདག་ལེགས་པར་འདོད་པས་བསམ་པས་ཀུན་ནས་བསླངས་ཏེ། རང་ཉིད་ཚེ་རབས་གཞན་དང་གཞན་དག་ཏུ་བདེ་ཞིང་སྐྱིད་པར་འདོད་པས། དགེ་བའི་རྩ་བ་རྣམ་པ་གསུམ་བསྐྱེད་དེ། དེས་ཀུན་ནས་བསླངས་ཏེ། ཚུལ་ཁྲིམས་བསྲུང་བ་སོགས་དགེ་བའི་འདུ་བྱེད་སྒྲུབ་པ་ཡིན་ནོ། །དེ་ལྟར་ན་ལས་དེ་ལྟ་བུ་ནི་དེ་དུས་ཀྱི་ཀུན་སློང་རྩ་བ་གསུམ་གྱི་ཀུན་ནས་སློང་བ་ཡིན་ཡང༌། རྒྱུ་དུས་ཀྱི་ཀུན་སློང་མ་རིག་པས་བྱས་པའོ། །དེས་བྱིན་གྱིས་རླབས་པའི་ཕྱིར་ལས་དེ་ལ། མ་རིག་པ་དང་མཚུངས་པར་ལྡན་པའི་ལས་དང༌། དེས་ཀུན་ནས་སློང་བའི་བདག་བདེ་ལེགས་སུ་འདོད་པ་དང༌། རྩ་བ་གསུམ་པོ་ཡང་མ་རིག་པའི་ཡན་ལག་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་མ་རིག་པའི་ཡན་ལག་ལ་མ་རིག་པ་མི་དགོས་ལ་ཐོག་མའི་མ་རིག་པ་ལ་མ་རིག་པ་ཞིག་དགོས་སོ། །མ་རིག་པའི་རྣམ་གྲངས་ནི། ཀུན་བཏུས་ས་འགྲེལ་ལས། མ་རིག་པ་དང་མི་ཤེས་པ་དང་མ་མཐོང་བ་དང་མ་རྟོགས་པ་དང་མུན་པ་དང་རྨོངས་པ་ལ་སོགས་པ་ནི་རྣམ་གྲངས་ཡིན་ལ། ཞེས་གསུངས་སོ། །ཐོག་མའི་མ་རིག་པ་ལ་མཐོང་སྤང་གིས་ཁྱབ་པར་ཐལ། ས་བཟང་གི་ཀུན་བཏུས་ཀྱི་འགྲེལ་བར། སྐབས་འདིའི་མ་རིག་པ་མཐོང་སྤང་དང་སྒོམ་སྤང་དག་ལས་གང་ཡིན་སྙམ་ན། མདོ་འགྲེལ་དུ། བདེན་པ་མཐོང་ལ་འཕེན་པ་མེད། །སྲེད་དང་བྲལ་ན་འབྱུང་བ་མེད། །ཅེས་པ་དང༌། འགྲེལ་པར་ཡང༌། བདེན་པ་མ་མཐོང་བ་རྣམས་ཀྱི་རྒྱུད་ལ་དེ་ཁོ་ནའི་དོན་ལ་རྨོངས་པའི་མ་རིག་པ། ཞེས་པ་དང༌། དོན་གསང་དུ། རྨོངས་པ་ནི་འདིར་མཐོང་བས་སྤང་བར་བྱ་བའི་མ་རིག་པའོ། །ཞེས་གསུངས་པས་མཐོང་སྤང་ཡིན་ཏེ། ཡང་སྲིད་འཕེན་པར་བྱེད་པའི་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །དེ་དག་ནི་རྒྱུད་བླར། འཕགས་པས་ན་དང་རྒ་བ་དང༌། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པ་དང་མཐུན་པ་ཉིད། ཅེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་པ་འདྲ་སྟེ། མདོ་འགྲེལ་སོགས་ལས་བདེན་པ་མཐོང་ལ་འཕེན་པ་མེད་གསུངས་པ་ནི་བདེན་པ་མཐོང་བ་ནས་ལས་གསར་བསགས་མེད་པ་ལ་དགོངས་པ་དང༌། བསྟན་བཅོས་རྒྱུད་བླ་མའི་གསུངས་ཟིན་ལ་འཕགས་པས་ན་བ་སོགས་སྤངས་པར་གསུངས་པའི་དགོངས་པ་ནི་ཐེག་ཆེན་འཕགས་པ་ལ་དགོངས་པ་ཡིན་པའི་ཕྱིར་ཏེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། བདེན་པ་མངོན་སུམ་མཐོང་བ་རྣམས་ལ་ནི། ཡང་སྲིད་འཕེན་བྱེད་ཀྱི་ལས་གསར་བ་གསོག་པ་ཅུང་ཟད་ཀྱང་མེད་དོ། །འདིར་བདེན་པ་མཐོང་བ་ཞེས་པ་ཡང་མ་མཐའི་ས་མཚམས་རྒྱུན་དུ་ཞུགས་པ་ནས་འཇོག་པ་ཡིན་ཏེ། ཐེག་ཆེན་མཐོང་ལམ་ནམ་ཐོབ་པ་དེའི་ཚེ་ནི། འཕེན་བྱེད་ཀྱི་ལས་གསར་བ་བསོགས་པ་ལྟ་ཞོག་ཁམས་གསུམ་འཁོར་བའི་ལས་ཉོན་སྡུག་བསྔལ་ཐམས་ཅད་ཡོངས་སུ་སྤངས་པས། ལུས་ངག་ཡིད་གསུམ་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པ་ཡིན་ལ། རང་རྒྱལ་དགྲ་བཅོམ་དང༌། ཉན་ཐོས་ལ་ཡང་དགྲ་བཅོམ་པ་དང༌། ཕྱིར་མི་འོང་དང༌། ཕྱིར་འོང་རྣམས་ཀྱིས་ཀྱང༌། འཕེན་བྱེད་ཀྱི་ལས་གསར་བ་མི་བསོག་པ་ལྟ་སྨོས་ཀྱང་ཅི་དགོས། བདེན་པ་མངོན་སུམ་དུ་མཐོང་བ་སློབ་པ་རྒྱུན་ཞུགས་རྣམས་ཀྱི་ནང་ན་ཡང་འཁོར་བ་འཕེན་བྱེད་ཀྱི་ལས་གསར་བ་གསོག་པ་འགའ་ཡང་མེད་དོ། །ཞེས་དང༌། རྣལ་འབྱོར་སྤྱོད་པའི་ས་ལས། རྒྱུན་དུ་ཞུགས་པས་ཡན་ལག་དུ་ཞིག་སྤོང་ཞེ་ན། ཐམས་ཅད་ཀྱི་ཕྱོགས་གཅིག་སྟེ་གང་ཡང་རུང་བ་དང༌། རིལ་གྱིས་སྤོང་བ་ནི་མ་ཡིན་ནོ། །ཕྱིར་མི་འོང་བས་ཡན་ལག་དུ་ཞིག་སྤོང་ཞེ་ན། འདོད་པ་ན་སྤྱོད་པ་ཐམས་ཅད་དོ། །དགྲ་བཅོམ་པས་ཡན་ལག་དུ་ཞིག་སྤོང་ཞེ་ན། ཁམས་གསུམ་ན་སྤྱོད་པ་ཐམས་ཅད་དོ། །ཞེས་སོགས་གསུངས་པ་དང༌། ཐོག་མའི་མ་རིག་པའི་རྩ་བའི་མ་རིག་པ་ནི། ཐེག་མཆོག་དབུུ་མའི་ཟིན་བྲིས་ལས་ཉོན་ཡིད་ཀྱི་འཁོར་དུ་བྱུང་བའི་མ་རིག་པ་ཡོད་པར་གསུངས་པས་དེ་ནི་མཐོང་སྤང་ཡིན་པའི་གནས་མེད་པའི་ཕྱིར་རོ། །དེས་ན་སྐབས་འདིའི་མ་རིག་པ་ལ་མཐོང་སྤང་དང་སྒོམ་སྤང་གཉིས་ཀ་ཡོད་དམ་དཔྱད། ཡང་མ་རིག་པ་ལ་རྨོངས་ཙམ་གྱིས་ཁྱབ་སྟེ། ཐེག་མཆོག་ཟིན་བྲིས་ལས།འགའ་ཞིག་མ་རིག་པ་ངོས་འཛིན་འཇིག་ཚོགས་ལ་ལྟ་བར་མཛད་པ་ནི། རྣམ་པ་གསལ་བའི་ཕྱོགས་ནི་སྨོས་པ་ཙམ་ཡིན་གྱི། དེ་ཉིད་མ་རིག་པའི་མཚན་གཞིར་ངོས་འཛིན་ན་ནི། བཅོམ་ལྡན་འདས་ཀྱི་ཉོན་མོངས་པ་བཅུའི་རྣམ་བཞག་གསུངས་པ་གྲངས་མ་ཚང་བར་འགྱུར་ཏེ། འཇིག་ལྟ་དང་མ་རིག་པ་གཉིས་གཅིག་ཡིན་པའི་ཕྱིར་དང༌། དེ་བཞིན་དུ་རྩ་བའི་ཉོན་མོངས་པ་དྲུག་གི་གྲངས་ཀྱང་མ་ཚང་བར་ཐལ་བའི་སྐྱོན་འཇུག་གོ །དེ་ལྟར་ན་འཇིག་ཚོགས་ལ་ལྟ་བ་དེ་ཉིད། མ་རིག་པ་དང་རྗེས་སུ་འབྲེལ་ཞིང༌། དེ་རྣམ་པ་ཤིན་ཏུ་གསལ་བའི་ཕྱིར་རྣམ་པ་གསལ་ཕྱོགས་ནས་སྨོས་པའོ། །ཞེས་གསུངས་པའི་ཕྱིར། འདོད་མི་རིགས་པར་ཐལ། འཇིག་ལྟ་མ་རིག་པ་ཡིན་པའི་ཕྱིར། དེར་ཐལ། རྣམ་འགྲེལ་གྱི་འགྲེལ་བ་རིན་ཆེན་ཕྲེང་བ་ལས། འཇིག་ལྟ་ཆོས་ཅན། མ་རིག་པ་ཡིན་ཏེ། རིག་པ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་མི་མཐུན་ཕྱོགས་དངོས་ཡིན་པའི་ཕྱིར། ཞེས་དང༌། དེས་ན་འཇིག་ལྟ་མ་རིག་པ་འཐད་དེ། ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་ཅུང་ཟད་དཔྱད་རྒྱུར་སྣང་ངོ༌། །

གཉིས་པ་འདུ་བྱེད་ཀྱི་ལས་བཤད་པ།

གཉིས་པ་འདུ་བྱེད་ཀྱི་ལས་བཤད་པ་ལ།

སྤྱིར་ལས་ནི་རང་གི་རིགས་འདྲ་ཕྱི་མ་དང་བདེ་སྡུག་ཅི་རིགས་བསྐྱེད་ནུས་ཀྱི་བྱ་བའི་བདག་ཉིད་དུ་གྱུར་པའི་སྐྱེས་བུའི་ཤེས་རྒྱུད་ཀྱིས་བསྡུས་པའི་ཆོས་དེ། ལས་ཀྱི་ངོ་བོ་ཡིན་ལ། དེ་ལ་དབྱེ་ན་དགེ་མི་དགེ་ལུང་མ་བསྟན་གསུམ་མོ། །ཡང་ལས་ལ་དབྱེ་ན། སེམས་པའི་ལས་བསམ་པའི་ལས་གཉིས། དེ་གཉིས་ངོས་འཛིན་ཀུན་བཏུས་ས་འགྲེལ་ལས། མདོ་ལས། དགེ་སློང་དག་སེམས་པ་ལས་སུ་ང་སྨྲ་སྟེ། བསམ་པ་ཡང་ངོ་ཞེས་གསུངས་པ་ལྟར་སེམས་པ་ཡིད་ཁོ་ནའི་ལས་དང༌། དེས་བསྐྱེད་པའི་བསམ་པ་ལུས་དང་ངག་དང་ཡིད་གསུམ་ཀའི་ལས་ཏེ། གཉིས་པོ་དེས་ལས་ཀྱི་ཀུན་འབྱུང་གི་མཚན་ཉིད་དམ་རང་བཞིན་ཐམས་ཅད་མདོར་བསྡུས་པའོ། །མཛོད་དུ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །དེ་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ངག་དང་ལུས་ཀྱི་ལས། །ཞེས་ཀྱང་བཤད་ལ། ཡེ་ཤེས་བཤེས་གཉེན་ནི། འདི་དང་འདིས་འགྲོ་བར་བྱེད་དོ་ཞེས། ཡང་དག་པར་འཛིན་པའི་སེམས་པ་དང༌། བྱ་མི་བྱ་དཔྱོད་པ་ལ་ཞུགས་པ། ངེས་པའི་སེམས་པ་དང༌། ངེས་ནས་བྱ་བའི་ཚེ། ལུས་ངག་བསྐུལ་བའི་སེམས་པ་གསུམ་ལས། དང་པོ་གཉིས་སེམས་པའི་ལས་དང༌། ཕྱི་མ་བསམ་པའི་ལས་སོ་ཞེས་གསུངས་ཏེ། ལས་སྒྲུབ་པའི་རིགས་དང་ཡང་མཐུན་པའོ། །ཞེས་གསུངས་སོ། །ཡང་དབྱེ་ན་འཕེན་བྱེད་དང་རྫོགས་བྱེད་ཀྱི་ལས་གཉིས། དེ་གཉིས་ཀྱི་ཁྱད་པར་ནི། ཀུན་བཏུས་ས་འགྲེལ་ལས། འཕེན་རྫོགས་ཀྱི་ཁྱད་པར་ངོས་བཟུང་བ་ནི། དགེ་བ་ཟག་པ་དང་བཅས་པ་དང་མི་དགེ་བའི་ལས་ཀྱིས་ནི་རིམ་པ་ལྟར་དགེ་བས་བདེ་འགྲོ་ཁོ་ན་དང་མི་དགེ་བས་ངན་འགྲོ་ཁོ་ནར་སྐྱེ་བ་འཕེན་པར་བྱེད་པའི་ལས་ཞེས་བྱ་བ་དང༌། དགེ་མི་དགེ་གཉིས་ཀས་བདེ་འགྲོ་ངན་འགྲོ་གཉིས་ཀར་འབྲས་བུ་ཡོངས་སུ་རྫོགས་པར་བྱེད་པའི་ལས་སུ་རིག་པར་བྱའོ། །དེ་ལ་འཕེན་པ་ནི་ལས་གང་གིས་གང་དུ་སྐྱེ་བ་དེའི་རྣམ་པར་སྨིན་པའི་ཕུང་པོ་སོ་སོར་མ་འདྲེས་པར་འཕེན་པ་སྟེ། སྐྱེ་རིས་བཟང་ངན་ཐ་དད་པ་ལྟ་བུའོ། །ཡོངས་སུ་རྫོགས་པར་བྱེད་པ་ན་ལས་གང་གིས་གནས་གང་དུ་སྐྱེས་པ་དེ་ན་ཡང་འབྲས་བུ་འདོད་པ། ཚེ་རིང་དེ་བཞིན་ནད་མེད་དང༌། །གཟུགས་དང་སྐལ་བ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཡོན་ཏན་མདོ་སྡེ་རྣམས་ལས་གསུངས། །ཞེས་པ་རྣམས་མྱོང་བ་དང༌། མི་འདོད་པ་དེ་ལས་ལྡོག་པའི་ཚེ་ཐུང་བ་དང་ནད་མང་བ་ལ་སོགས་པ་མྱོང་བ་སྟེ། ཚོན་བཟང་ངན་གྱིས་རྫོགས་པར་བྱས་པ་ལྟ་བུའོ། །དེ་དག་ལའང་མུ་བཞི་སྟེ། འཕེན་བྱེད་དགེ་བས་བདེ་འགྲོ་ལ་འཕངས་ཀྱང་རྫོགས་བྱེད་མི་དགེ་བས་རྫོགས་པས་སྡུག་བསྔལ་མྱོང་ལ་མི་དབུལ་བོ་ལྟ་བུ་དང༌། དེ་ལས་ལྡོག་པ་མི་དགེ་བས་འཕངས་ཀྱང་དགེ་བས་རྫོགས་པ་ཀླུ་འབྱོར་ལྡན་ལྟ་བུ་དང༌། འཕེན་རྫོགས་གཉིས་ཀ་མི་དགེ་བས་བྱས་པ་དམྱལ་བ་ལྟ་བུ་དང༌།གཉི་ག་དགེ་བས་བྱས་པ་འཁོར་ལོས་བསྒྱུར་བ་ལྟ་བུའོ། །ཞེས་གསུངས་སོ། །ཡང་དབྱེ་ན་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་དང་གསུམ། དེ་གསུམ་གྱི་ངོ་བོ་ནི། ཀུན་བཏུས་ས་འགྲེལ་ལས། ལས་ཀྱི་ངོ་བོ་ངོས་བཟུང་བ་ནི། བསོད་ནམས་ཀྱི་ལས་དང༌། བསོད་ནམས་མ་ཡིན་པའི་ལས་དང༌། མི་གཡོ་བའི་ལས་ཞེས་མདོ་ལས་གང་འབྱུང་བ་ལ་བསོད་ནམས་གང་ཞེ་ན་ལས་གང་འདོད་པ་དང་རབ་ཏུ་ལྡན་པའི་ལྷ་དང་མི་འགྲུབ་པའི་དགེ་བའོ། །བསོད་ནམས་མ་ཡིན་པ་གང་ཞེ་ན། ལས་གང་ངན་སོང་གསུམ་འགྲུབ་པའི་མི་དགེ་བའོ། །མི་གཡོ་བའི་ལས་གང་ཞེ་ན། གང་གཟུགས་དང་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ལྷ་རྣམས་འགྲུབ་པའི་དགེ་བ་སྟེ། རང་ས་ལས་གཞན་དུ་རྣམ་སྨིན་མི་གཡོ་ཞིང༌། མཉམ་པར་གཞག་པའི་ས་བ་ཡིན་པ་དང༌། ས་འོག་མའི་སྐྱོན་གྱིས་མི་གཡོ་བའོ། །དེ་དག་ཀྱང་བསོད་ནམས་ཡིན་ཡང་ཁྱད་པར་དུ་བཟང་བས་མི་གཡོ་བ་ཞེས་བརྗོད་པའོ། །ཞེས་སོ། །ཡང་དབྱེ་ན་མཐོང་ཆོས་དང་སྐྱེས་ནས་དང་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་གསུམ། དེ་གསུམ་གྱི་ངོས་འཛིན་ནི། ཀུན་བཏུས་ས་འགྲེལ་ལས། མཐོང་བའི་ཆོས་ལ་མྱོང་བའི་ལས་གང་ཞེ་ན། ལས་གང་ཚེ་དེ་ཉིད་ལ་བྱས་པས་མཐོང་བའི་ཆོས་ཚེ་དེ་ཉིད་ལ་རྣམ་པར་སྨིན་པའི་འབྲས་བུ་རྣམ་པར་སྨིན་ཞིང་མྱོང་བར་འགྱུར་བ་སྟེ། ཞེས་དང༌། གཉིས་པ་སྐྱེས་ནས་མྱོང་བ་འགྱུར་བའི་ལས་གང་ཞེ་ན། ལས་གང་བྱས་པའི་སྐྱེ་བ་དེ་ལ་ཚེ་ཕྱི་མ་སྐྱེ་བ་གཞན་གྱིས་བར་མ་ཆད་པ་ཉིད་ལ་རྣམ་པར་སྨིན་པའི་འབྲས་བུ་རྣམ་པར་སྨིན་ཞིང་མྱོང་བར་འགྱུར་བ་སྟེ། མཚན་གཞི་དཔེར་བརྗོད་པ་འདི་ལྟ་སྟེ་མཚམས་མེད་པ་ལྔའི་ལས་རྣམས་སོ། །ཞེས་དང༌། གསུམ་པ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་གང་ཞེ་ན། ལས་གང་བྱས་པའི་ཚེ་ཕྱི་མ་དེ་ལས་གཉིས་པ་ཕན་ཆད་དུ་རྣམ་པར་སྨིན་པའི་འབྲས་བུ་རྣམ་པར་སྨིན་ཞིང་མྱོང་བར་འགྱུར་བ་སྟེ། ལས་བརྒྱ་བར། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་པ་ལྟ་བུའོ། །ཞེས་གསུངས་སོ། །དེ་གསུམ་ཡང་བསགས་པའི་ཚེ་ལ་ལྟོས་ནས་རྣམ་སྨིན་གྱི་མགོ་རྩོམ་པའི་དབང་དུ་བྱས་པ་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། དུས་གསུམ་པོ་དེ་དག་ཀྱང་མགོ་རྩོམ་པའི་དབང་དུ་བྱས་ནས་གཞག་པ་ཡིན་གྱི། དེ་ཙམ་གྱིས་རྫོགས་པའི་ངེས་པ་ནི་མེད་དེ། རང་རྒྱལ་ལྔ་བརྒྱ་བསད་པས་དམྱལ་བ་ཀྱི་ཧུད་ཅེས་བྱ་བ་མཚམས་མེད་ཀྱི་དམྱལ་བར་ཡང་དང་ཡང་དུ་སྐྱེས་པར་བཤད་པའི་ཕྱིར་རོ། །ཞེས་གསུངས་སོ། །ཡང་ལས་ལ་ངོ་བོ་རྣམ་སྨིན་གྱི་དབྱེ་ན་གསུམ་ཡོད་དེ། ཀུན་བཏུས་ས་འགྲེལ་ལས། ཟག་བཅས་ཀྱི་ལས་ནི་གསུམ་ལས། ངོ་བོ་ནག་ལ་རྣམ་པར་སྨིན་པ་ནག་པའི་ལས་གང་ཞེ་ན། གང་མི་དགེ་བའི་ཞེས་པ་སྟེ། ཉོན་མོངས་པ་ཅན་ཡིན་པ་དང༌། འབྲས་བུ་རྣམ་སྨིན་མི་འདོད་པ་མྱོང་བའི་ཕྱིར་རོ། །དེ་ལས་ལྡོག་པ་དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་གང་ཞེ་ན། ཁམས་གསུམ་པའི་དགེ་བ་ཟག་བཅས་ཏེ། ཉོན་མོངས་པ་ཅན་མ་ཡིན་ཞིང་རྣམ་སྨིན་འདོད་པ་མྱོང་བའོ། །ལས་དཀར་ནག་ཏུ་འདྲེས་པར་གྱུར་ལ་རྣམ་པར་སྨིན་པའང་དཀར་ནག་ཏུ་འདྲེས་པར་གྱུར་པ་གང་ཞེ་ན། ལས་གང་འདོད་པའི་ཁམས་དང་རབ་ཏུ་ལྡན་པའི་དགེ་སྡིག་འདྲེས་མ་ལས་རྣམ་སྨིན་བདེ་སྡུག་འདྲེས་མ་མྱོང་བ་སྟེ། དེ་ཉིད་ལ་ངོ་བོ་གཅིག་ལས་འགལ་ཡང་བསམ་སྦྱོར་གཉིས་ལ་ལྟོས་ནས་འཇོག་པས། གཞན་སླུ་བའི་ཆེད་དུ་སྦྱིན་པ་ལ་སོགས་པ་སྤྱོད་པ་བསམ་པས་ནག་ལ་སྦྱོར་བས་དཀར་བ་དང༌། བུ་དང་སློབ་མ་ལ་སོགས་པ་ལུས་ངག་གིས་ཐོ་འཚམ་ཡང་མི་ཕན་པ་ལས་ཟློག་པར་འདོད་པ་སྦྱོར་བས་ནག་ལ་བསམ་པས་དཀར་བ་དག་ལ་འདྲེས་མ་ཞེས་བྱའོ། །ཞེས་གསུངས་སོ། །ཡང་ལས་གཅིག་གིས་སྐྱེ་བ་དུ་མ་འཕེན་པ་ཡོད་དེ། ཀུན་བཏུས་ས་འགྲེལ་ལས། ལས་གཅིག་གིས་ཚེ་རབས་དུ་མའི་ས་བོན་གསོས་ནས་ལུས་སྐྱེ་བ་དུ་མ་འཕེན་པའི་ལས་ཀྱང་ཡོད་དེ། མཆོད་རྟེན་ལ་ཕྱག་གུས་པ་གཅིག་ཕུལ་བས་ལུས་ཀྱིས་ནོན་པའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་འཁོར་ལོས་བསྒྱུར་བ་ཐོབ་པ་ལྟ་བུའོ། །ལས་དུ་མས་ལུས་སྐྱེ་བ་གཅིག་འཕེན་པའི་ལས་ཀྱང་ཡོད་དེ། མཆོད་སྤྱིན་བརྒྱ་བྱས་པས་བརྒྱ་བྱིན་དུ་སྐྱེས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་པར་ཐལ། ཐེག་མཆོག་ཟིན་བྲིས་ལས། མ་རིག་པས་ཀུན་ནས་བསླངས་པའི་ལས་གཅིག་གིས། རྣམ་སྨིན་གཉིས་བསྐྱེད་ནུས་པར་ཐལ་བར་འགྱུར་རོ། །དེ་ནི་རྣམ་པ་ཀུན་ཏུ་མི་རུང་སྟེ། མཛོད་ལས། ལས་ནི་ཤུན་བཅས་འབྲས་བུ་བཞིན། །དེ་བཞིན་སྨན་དང་མེ་ཏོག་བཞིན། །ཞེས་དཔེ་དང་བཅས་ཏེ་གསུངས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དེ་ནི་མངོན་པ་འོག་མ་ལྟར་ཡིན་ནམ་སྙམ་ལ་འོན་ཀྱང་ཕྱོགས་སྔ་དགག་ཚུལ་ཅི་ལྟར་ཡིན་དཔྱད། ལས་དུ་མས་ཕན་ཚུན་ལྟོས་ནས་ཚེ་རབས་དུ་མའི་ས་བོན་གསོས་པས་ལུས་སྐྱེ་བ་དུ་མ་འཕེན་པའི་ལས་ཀྱང་ཡོད་དེ། ཚུལ་ཁྲིམས་དུ་མ་བསྲུངས་པས་ལྷ་མི་དུ་མ་ཐོབ་པ་ལྟ་བུ་ཉིད་དོ། །འཕངས་པ་རྣམས་རིམ་གྱིས་མྱོང་ཚུལ་ལ། ལུས་དུ་མ་གཅིག་ཅར་མི་རུང་བས། འགྲོ་བ་ལྔ་འགྲུབ་པའི་ལས་མང་པོ་དང་ལྡན་པའི་སེམས་ཅན་ཇི་ལྟར་རིམ་གྱིས་རྣམ་པར་སྨིན་པ་མྱོང་བར་འགྱུར་ཞེ་ན། རྒྱུད་གཅིག་ལ་ལས་ཀྱི་ས་བོན་དུ་མ་ཡོད་པ་དེ་ལ་དགེ་མི་དགེའི་ལས་གང་ཤིན་ཏུ་ལྕི་ཞིང་སྟོབས་ཆེ་བར་གྱུར་པ་དེ་ཐོག་མར་རྣམ་པར་སྨིན་པར་འགྱུར་རོ། །ཡང་ལྕི་ཡང་མཉམ་ན་འཆི་བའི་དུས་ན་གསོས་བཏབ་ནས་གང་མངོན་དུ་གྱུར་པའོ། །ཡང་དེ་དག་མཉམ་ན་གང་ཡུན་རིང་དུ་གོམས་པ་ཤས་ཆེ་བར་གྱུར་པའོ། །ཡང་དེ་རྣམས་མཉམ་ན་གང་ཐོག་མར་སྤྱད་པ་དེའི་འབྲས་བུ་ཐོག་མ་ཉིད་དུ་རྣམ་པར་སྨིན་པར་འགྱུར་རོ། །ཞེས་ཀུན་བཏུས་ས་འགྲེལ་ལས་གསུངས་སོ། །རང་ལུགས་ལ་སེམས་བྱུང་སེམས་པ་ལས་ཀྱི་གཙོ་བོར་བཞག་ཀྱང་ལས་ལ་དེས་མ་ཁྱབ་སྟེ། དགེ་མི་དགེ་ཐམས་ཅད་ལས་ཡིན་པར་རུང་བའི་ཕྱིར་ཏེ། ཀུན་བཏུས་ས་འགྲེལ་ལས། སྤང་བྱ་མི་དགེ་བ་ནི་མི་དགེ་བའི་ལས་ཀྱང་ཡིན་ལ། ངན་འགྲོ་རྣམས་ཀྱི་ལམ་ཡང་ཡིན་པ་བཅུ། ཞེས་དང༌། གཉེན་པོ་དགེ་བ་ནི་དགེ་བཅུའི་ལས་ཡིན་ལ། ཞེས་དང༌། ལམ་རིམ་བདུད་རྩི་ཉིང་ཁུ་ལས། དེའི་ཕྱིར་མི་དགེ་བ་བཅུ་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ནི་དགེ་བ་བཅུའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་དགེ་བའི་ས་བོན་དགེ་བ་ཡིན་པ་མི་འཐད་པར་ཐལ། ཀུན་བཏུས་ས་འགྲེལ་ལས། གནོད་བྱེད་ཀྱང་ཡོད་དེ། ཐེག་བསྡུས་ཀྱི་འགྲེལ་པར། དགེ་མི་དགེ་གཉི་གར་མི་གསལ་བ་སྟེ་ལུང་མ་བསྟན་པའོ། །ཞེས་གསུངས་པའི་ཕྱིར་དང༌། དགེ་མི་དགེས་བཞག་པའི་བག་ཆགས་ཀུན་གཞི་དང་རྫས་གཅིག་པ་དེ་དགེ་མི་དགེ་མཚན་ཉིད་པ་ཡིན་ན། དེ་དག་ངོ་བོ་གཅིག་ཏུ་ཐལ་ཞིང་འགལ་བ་མ་ཡིན་པར་ཡང་ཐལ་བའི་ཕྱིར་དང༌། བསམ་གཏན་དང་པོ་ཡན་ཆད་ནའང་དེའི་བག་ཆགས་ཡོད་པས་མི་དགེ་བ་ཡོད་པར་ཐལ་བ་ལ་སོགས་པའི་ཕྱིར་རོ། །རང་ལུགས་ནི། འཇོག་བྱེད་དགེ་མི་དགེ་ལུང་མ་བསྟན་གང་གིས་བཞག་ཀྱང་བག་ཆགས་ནི་ལུང་མ་བསྟན་ཉིད་ཡིན་ཏེ། ཀུན་གཞི་ལུང་མ་བསྟན་དང་རྫས་གཅིག་པའི་ཕྱིར་རོ། །ཞེས་ཕྱོགས་སྔ་དགག་པ་དང་རང་ལུགས་བཞག་པ་དེའི་ཕྱིར་ཟེར་ན་དཔྱད། རང་འབྲས་རྣམ་སྨིན་འཕེན་བྱེད་ཀྱི་རིགས་གནས་ཀྱི་ལས་དེ། གཉིས་པ་འདུ་བྱེད་ཀྱི་ལས་ཀྱི་མཚན་ཉིད་ཡིན་ཏེ། ས་བཅུ་བར། མ་རིག་པས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་འདུ་བྱེད་དོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། འདུ་བྱེད་དང་ཞེས་པ་ཡང་སྲིད་འཕེན་པར་ནུས་པའི་སྒོ་གསུམ་གྱི་ལས་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་འདུ་བྱེད་རྣམས་སོ། །ཞེས་དང༌། ཉ་ཊཱིཀ་ལས། ཟག་བཅས་ཀྱི་ཕུང་བོ་འགྲུབ་པའི་རྒྱུ་གཏི་མུག་གིས་བསླང་བའི་ལུས་ངག་ཡིད་ཀྱི་ལས་བྱས་ཤིང་བསགས་པ་རྣམས་ནི་འདུ་བྱེད། ཅེས་གསུངས་པའི་ཕྱིར་རོ། །དབྱེ་ན་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་འཕེན་བྱེད་ཀྱི་ལས་གསུམ་ཡོད་དོ། ། གསུམ་པ་རྣམ་ཤེས་ཀྱི་ཡན་ལག་ནི། འཕེན་བྱེད་ལས་ཀྱི་བག་ཆགས་བགོས་པའམ་དེའི་འཕང་འབྲས་སུ་གྱུར་པ་གང་རུང་གི་རྣམ་ཤེས་དེ། གསུམ་པ་རྣམ་ཤེས་ཀྱི་མཚན་ཉིད་ཡིན་ཏེ། རྟེན་འབྲེལ་གྱི་མདོ་ལས། རྣམ་པར་ཤེས་པ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་གོ །ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། རྣམ་པར་ཤེས་པ་དང་ཞེས་པ་ལས་ཀྱི་བག་ཆགས་དང་ལྡན་པའི་ཀུན་གཞི་སྟེ། དེའང་ས་བོན་བཞག་ཙམ་རྒྱུ་དུས་ཀྱི་རྣམ་ཤེས་དང༌། ནུས་པ་བརྟས་ནས་སྐྱེ་གནས་སུ་ཁྲིད་པའི་ཚེ་འབྲས་བུའི་དུས་ཀྱི་རྣམ་ཤེས་སོ། །ཞེས་དང༌། ཉ་ཊཱིཀ་ལས། ལས་དེའི་ས་བོན་དེས་བགོས་པའི་སེམས་སམ་མདོར། ཚོགས་དྲུག་པོ་རྣམ་ཤེས་སུ་བཤད་པ་ལྟར་རམ། ནས། མདོར་ན་འདུ་བྱེད་གསུམ་གྱིས་བསྒོས་པའི་ཤེས་༼ཡིད་ཤེས་སམ་ཀུན་གཞི་༽པ་འདུ་བྱེད་གསུམ་དང་མཐུན་པར་ཁམས་གསུམ་དུ་འགྲོ་བའི་རྒྱུའི་དངོས་པོའམ་རྣམ་སྨིན་གྱི་དངོས་པོར་གྱུར་པའི་རྣམ་ཤེས་ནི་རྣམ་ཤེས་སོ་ཞེས་ཀ་ཤིས་སོ། །ཞེས་གསུངས་སོ། །བར་དོར་འབྲས་དུས་ཀྱི་རྣམ་ཤེས་བཞག་པ་མི་རིགས་ཏེ། རྟེན་འབྲེལ་མདོ་འགྲེལ་ལས། ཅིའི་ཕྱིར་རྣམ་པར་ཤེས་པའི་རྐྱེན་གྱིས་སྲིད་པ་བར་མའི་མིང་དང་གཟུགས་རྣམ་པར་མ་བཞག་པ་ཅེ་ན། འདུ་བྱེད་ནི་སྐྱེས་པའི་དབང་དུ་བྱས་ཏེ། ཞེས་གསུངས་སོ། །འབྲས་དུས་ཀྱི་རྣམ་ཤེས་སྐྱེ་སྲིད་དུ་ཉིང་མཚམས་སྦྱར་ནས་བཞག་པ་ཡིན་ཏེ། རྟེན་འབྲེལ་མདོ་འགྲེལ་ལས། འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་དེ་ཉིད་འདུ་བྱེད་ཀྱིས་རྐྱེན་གྱིས་ཡིན་གྱི་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ནི་མ་ཡིན་ནོ། །ཞེས་དང༌། ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་དང་བཞི་བ་མིང་གཟུགས་དུས་མཉམ་དུ་གྲུབ་ཅིང༌། ཞེས་དང༌། འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་ནི་སྲིད་པ་བར་མའི་རྒྱུན་གྱིས་མའི་མངལ་དུ་འཇུག་པ་ཉིད་ཡིན་པར་རིག་པར་བྱ་སྟེ།དེ་དང་འབྲེལ་བའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལ་ས་བོན་དང་མངོན་གྱུར་གཉིས་རེ་གཉིས་རེ་ཡོད་པར་ཐལ། ཉ་ཊཱིཀ་ལས། འོན་ཀྱང་བཅུ་གཉིས་པོ་ཐམས་ཅད་ལ་རྒྱུ་དང་འབྲས་བུ་གཉིས་སུ་ས་བཅུའི་འགྲེལ་བར་དབྱིག་བཤད་པས་ཀུན་གཞི་ས་བོན་གྱི་ཆ་དང་རྣམ་སྨིན་གྱི་ཆ་ལ་རུང་ངོ༌། །ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དེ་ལྟར་ན་ཡན་ལག་བཅུ་གཉིས་པོ་དེ་རྣམས་ཀྱི་བག་ཆགས་ཀུན་གཞི་ལ་བཞག་པ་མངོན་དུ་མ་གྱུར་པ་དང༌། ས་བོན་ཡོངས་སུ་སྨིན་པ་ལས་ཡན་ལག་བཅུ་གཉིས་མངོན་དུ་འགྱུར་བ་གཉིས་འབྱུང་བ་ཐམས་ཅད་ལ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དེ་ཡང་མི་རིགས་པར་ཐལ། བཅུ་གཉིས་ལས་འཕང་འབྲས་ལ་མངོན་གྱུར་བ་བཞག་པ་དང་གྲུབ་འབྲས་རྣམས་ལ་ས་བོན་བཞག་པ་མི་འཐད་པའི་ཕྱིར། དེར་ཐལ།ཐེག་མཆོག་ཟིན་བྲིས་ལས། མིང་གཟུགས་ལ་སོགས་པ་བཞི་བོ་དེ་རྣམས་འཕངས་པའི་ཡན་ལག་མ་ཡིན་ཏེ། གྲུབ་པའི་ཡན་ལག་ཡིན་པའི་ཕྱིར། གྲུབ་པའི་ཡན་ལག་ཡིན་ཏེ། དེ་དག་ས་བོན་ཙམ་མ་ཡིན་པར་མངོན་པར་གྱུར་པ་ཡིན་པའི་ཕྱིར། དེ་ལ་མངོན་གྱུར་ཡིན་ཡང༌། འཕངས་པའི་ཡན་ལག་མ་ཡིན་པའི་སྐྱོན་མེད་དོ་ཞེས་ཟེར་ན། འཕངས་པའི་ཡན་ལག་གི་མཚན་ཉིད་མ་ཚང་ཡང༌། འཕངས་པའི་ཡན་ལག་ཡིན་ཞེས་སྨྲ་ན་ཧ་ཅང་ཐལ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །

བཞི་བ་མིང་གཟུགས་ནི།

རང་རྒྱུ་གསུམ་པ་རྣམ་ཤེས་སྐྱེ་གནས་སུ་ཞུགས་པ་ལས་གྲུབ་པའི་མིང་བཞི་དང་གཟུགས་ཀྱི་ཕུང་པོ་ཅི་རིགས་ཀྱི་འཕང་འབྲས་དེ། ཡན་ལག་བཞི་པ་མིང་གཟུགས་ཀྱི་མཚན་ཉིད་ཡིན་ཏེ། ས་བཅུ་བ་ལས། རྣམ་ཤེས་དང་ལྷན་ཅིག་འབྱུང་བའི་ལེན་པའི་ཕུང་བོ་བཞི་ནི་མིང་དང་གཟུགས། ཞེས་དང༌། སའི་དངོས་གཞི་ལས།རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་ཀྱང་བྱ་ལ། མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། ད་ལྟར་གྱིས་དུས་ན་ཚེ་ཇི་སྲིད་པར་མདུང་ཁྱིམ་གྱི་ཚུལ་དུ་འཇུག་གོ །ཞེས་དང༌། རྟེན་འབྲེལ་མདོ་འགྲེལ་ལས། མིང་དང་གཟུགས་ནི་སྐྱེ་མཆེད་དྲུག་ལ་ཐུག་པའི་བར་དུུ་ཡིན་གྱི། དེ་ཕན་ཆད་ནི་མ་ཡིན་ནོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། མིང་དང་གཟུགས་ཞེས་པ་ཀུན་གཞིའི་རྣམ་ཤེས་མངལ་དུ་ཞུགས་པ་ལས་གྲུབ་པའི་མིང་བཞི་དང་གཟུགས་ཀྱི་ཕུང་པོ་དབང་པོ་མ་དོད་ཀྱི་བར་རྣམས་སོ། །ཞེས་དང༌། ཉ་ཊཱིཀ་ལས། སྐྱེ་གནས་སུ་མཚམས་སྦྱར་བའི་སྐད་ཅིག་གཉིས་པ་ཕན་ཆད་མེར་མེར་བོ་སོགས་དང༌། དེ་དང་ལྷན་ཅིག་པའི་རྣམ་ཤེས་ནི་མིང་གཟུགས་ཏེ་མིང་ནི་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་སོ། །ཞེས་དབྱིག་གོ །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིའི་མིང་དང་གཟུགས་ཅི་རིགས་ཡིན་ན་བཞི་བ་མིང་གཟུགས་ཡིན་དགོས་པ་འདྲའོ། ། ལྔ་བ་སྐྱེ་མཆེད་ནི། རང་རྒྱུ་མིང་གཟུགས་འཕེལ་བའི་རྣམ་ཤེས་སྐྱེ་བའི་སྒོར་གྱུར་བའི་འཕང་འབྲས་དེ། ལྔ་བ་སྐྱེ་མཆེད་ཀྱི་མཚན་ཉིད་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། སྐྱེ་མཆེད་དྲུག་དང་ཞེས་པ་དེར་མིང་དང་གཟུགས་འཕེལ་བ་ལས་མིག་ལ་སོགས་པའི་དབང་པོ་དྲུག་ཚང་བའོ། །ཞེས་དང༌། ཉ་ཊཱིཀ་ལས། ཟག་བཅས་ཀྱི་མིང་གཟུགས་འཕེལ་བ་རྣམ་ཤེས་སྐྱེ་སྒོར་གྱུར་པ་ནི་སྐྱེ་མཆེད་དྲུག་སྟེ་མིག་ནས་ཡིད་ཀྱི་བར་རོ། །ཞེས་གསུངས་པའི་ཕྱིར་རོ། ། དྲུག་པ་རེག་པ་ནི། རང་རྒྱུ་སྐྱེ་མཆེད་སྨིན་པ་ལས་ཡུལ་དབང་སེམས་གསུམ་འདུས་ནས་བདེ་སྡུག་ཅི་རིགས་ལ་གཅོད་པའི་འཕང་འབྲས་དེ། ཡན་ལག་དྲུག་པ་རེག་པའི་མཚན་ཉིད་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། རེག་པ་དང་ཞེས་པ་གསུམ་འདུས་ནས་བདེ་སོགས་འབྱུང་བ་དང་མཐུན་པའི་དབང་པོའི་འགྱུར་པ་ཡུལ་ཡོངས་སུ་གཅོད་པ་སྟེ་མིག་གི་འདུས་ཏེ་རེག་པ་ལ་སོགས་པའོ། །ཞེས་དང༌། ཉ་ཊཱིཀ་ལས། དེ་རྣམས་སྨིན་པ་ལས་ཡུལ་དབང་རྣམ་ཤེས་རྣམ་གསུམ་ཕྲད་པའི་ཟག་བཅས་ནི་རེག་པའོ། །ས་བཅུ་བར་རོ། །ཞེས་གསུངས་པའི་ཕྱིར་རོ། །དབྱེ་ན། མིག་གི་འདུས་ཏེ་རེག་པ་ནས། ཡིད་ཀྱི་འདུས་ཏེ་རེག་པའི་བར་རེག་པའི་ཚོགས་དྲུག་གོ །བདུན་པ་ཚོར་བ་ནི། རང་རྒྱུ་རེག་པ་ལ་བརྟེན་ནས་བདེ་སྡུག་བར་མ་ཅི་རིགས་ཉམས་སུ་མྱོང་བའི་འཕང་འབྲས་སུ་གྱུར་བའི་ཚོར་བ་དེ། ཡན་ལག་བདུན་པ་ཚོར་བའི་མཚན་ཉིད་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། རེག་པ་ལ་བརྟེན་ནས་སིམ་པ་དང་གདུང་བ་དང་གཉི་ག་མ་ཡིན་པ་ཉམས་སུ་མྱོང་བ་སྟེ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་ལ་སོགས་པའོ། །ཞེས་གསུངས་པའི་ཕྱིར་རོ། །དབྱེ་ན། རང་ཡིན་གྱི་བདེ་སྡུག་བཏང་སྙོམས་གསུམ་ཡོད་དོ། ། བརྒྱད་པ་སྲེད་པ་ནི། རང་རྒྱུ་ཚོར་བས་རང་ཡུལ་ཉམས་སུ་མྱོང་བ་སོགས་ལ་བླང་དོར་ཅི་རིགས་སུུ་ཞེན་པ་དང་ལས་གསོས་འདེབས་ནུས་ཀྱི་གཞི་མཐུན་གྱི་ཆགས་པ་དེ། ཡན་ལག་བརྒྱད་པ་སྲེད་པའི་མཚན་ཉིད་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། སྲེད་པ་དང་ཞེས་པ་ཚོར་བས་བདེ་སོགས་མྱོང་བ་རྣམས་ལ་བླང་དོར་དུ་འདོད་ཆགས་ཤིང་ཞེན་པ་སྟེ། ཞེས་གསུངས་སོ། །དབྱེ་ན། སྲེད་པའི་ཚོགས་དྲུག་ཅེས་ཀླུས་སོ། །ཞེས་ཉ་ཊཱིཀ་ལས་སོ། །དྲུག་ནི་རྣམ་ཤེས་དྲུག་གི་དབང་གིས་སོ། །དེ་ཡང་སྲིད་པ་དང་སྲིད་པའི་ལོངས་སྤྱོད་ལ་རྒྱུན་དུ་སྤྱོད་ཀྱང་ཚྭ་ཆུ་འཐུངས་པ་བཞིན་ངོམས་ཤིང་ཚིམ་པ་མེད་པ་ནི་སྲེད་པ་སྟེ། དུས་གསུམ་གྱི་དབྱེ་བས་གསུམ། ཞེས་སོགས་དང༌། ཡང་ན་མཐོང་སྒོམ་གྱི་སྤང་བྱ་འདོད་ཁམས་ཀྱི་འདོད་ཆགས་ནི་འདོད་སྲེད། དེའི་སྤང་བྱ་ཁམས་གོང་གཉིས་ཀྱི་འདོད་ཆགས་ནི་སྲིད་སྲེད། ཐར་བ་ལ་མངོན་པར་ཆགས་པ་ནི་མི་སྲིད་པར་སྲེད་པ། ལྟ་བ་ལྔ་ནི་ལྟ་བའི་སྲེད་པ་སྟེ་བཞིའོ། །ཞེས་དབྱིག་་གོ ། དགུ་བ་ལེན་པ་ནི། རང་རྒྱུ་སྲེད་པ་འཕེལ་པ་ལས་དངོས་སུ་བླང་དོར་གྱི་སྒོ་ནས་རྩོད་ཅིང་ཡང་སྲིད་ཉེ་བར་ལེན་པར་བྱེད་པའི་ཆགས་པ་དེ། དགུ་བ་ལེན་པའི་མཚན་ཉིད་ཡིན་ཏེ། ཀ་ཤིའི་མདོ་འགྲེལ་ལས། སྡུག་པའི་དངོས་པོ་ལ་སྨོན་པའི་རྣམ་པ་ནི། ལེན་པའོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། ལེན་པ་དང་ཞེས་པ་སྲེད་པ་འཕེལ་བ་ལས་དངོས་སུ་བླང་དོར་གྱི་སྒོ་ནས་རྩོད་ཅིང་ཡང་སྲིད་ཉེ་བར་ལེན་པར་བྱེད་པ་སྟེ། ཞེས་དང༌། ཉ་ཊཱིཀ་ལས། གང་འདོད་པ་ལ་སོགས་པ་ལ་འདུན་ཅིང་ཆགས་པས་སྦྱོར་བ་ནི་ལེན་པ་སྟེ།ཞེས་གསུངས་པས་སོ། །དབྱེ་ན་འདོད་པའི། ལྟ་བའི། ཚུལ་ཁྲིམས་བརྟུལ་ཞུགས་ཀྱི། བདག་ཏུ་སྨྲ་བའི་ཉེར་ལེན་བཞི་སྟེ། འདོད་པའི་འཁྲིག་པ་དང་མུ་སྟེགས་ཀྱི་ཆོས་དང་འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ་གསུམ་དང༌། རྟག་ཆད་ཀྱི་ལྟ་བ་དང༌། ཁྱི་དང་བ་ལང་སོགས་ཀྱི་བརྟུལ་ཞུགས་སོགས་དང༌། བདག་ཡོད་པར་ལྟ་ཞིང་ཆགས་པ་བཞི་རིམ་བཞིན་ནོ། །དབྱིག་གོ །ཞེས་ཉ་ཊཱིཀ་ལས་སོ། །

བཅུ་བ་སྲིད་པ་ནི།

རང་འབྲས་ཡང་སྲིད་བསྐྱེད་པ་ལ་མངོན་དུ་ཕྱོགས་པའི་ནུས་པ་མཐུ་ཅན་དུ་སོང་བའི་ལས་དེ། ཡན་ལག་བཅུ་བ་སྲིད་པའི་མཚན་ཉིད་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། སྲིད་པ་དང་ཞེས་པ་ཀུན་གཞིའི་རྣམ་ཤེས་ཉེར་ལེན་དང་བཅས་པ་ལས། ལས་ཀྱི་ས་བོན་ནུས་པ་མཐུ་ཆེན་དུ་འཕེལ་ནས། ཡང་སྲིད་སྐྱེ་བ་བསྐྱེད་ངེས་སུ་གྱུར་པ་སྟེ། རྟེན་འབྲེལ་མདོ་འབྲེལ་ལས། བག་ཆགས་ཀྱི་གནས་སྐབས་ལ་སྲིད་པའི་མིང་ཐོབ་པ་ཡིན་ནོ། །ཞེས་དང༌། མདོ་ལས། འགྲོ་བ་རྒྱུད་ལྔའི་སྲིད་པ་དང་བར་དོའི་སྲིད་པ་དང་ལས་ཀྱི་སྲིད་པ་རྣམས་གསུངས་པ་ལས། འདི་ནི་ལས་ཀྱི་སྲིད་པ་ཡིན་པས་སོ། །དབྱེ་ན་ཁམས་གསུམ་གྱི་སྲིད་པ་གསུམ་མོ། །ཉ་ཊཱིཀ་ལས། དེ་ལྟར་ལས་འདུ་བྱེད་ཀྱི་ས་བོན་སྲེད་ལེན་གྱིས་མངོན་པར་རླན་པ་དེ་ཉིད་འབྲས་བུ་ཡང་སྲིད་དངོས་སུ་བསྐྱེད་པ་ལ་མངོན་དུ་ཕྱོགས་པའི་ལས་ནི་སྲིད་པ་སྟེ། འདིས་བར་མ་ཆོད་པར་ཡང་སྲིད་པར་འབྱུང་བར་བྱེད་པས་སྲིད་པ་སྟེ་སྲིད་པའི་རྒྱུ་ཡིན་པས་སྲིད་པ་ཞེས་བྱའོ། །སྤྱིར་སྲིད་པ་ལ་དབྱེ་ན། འཆི། བར། སྐྱེ་སྲིད། སྔོན་དུས་སྲིད་པ་བཞིའོ། །ལེན་པ་ལས་བྱུང་བའི་ལས་ཟག་པ་དང་བཅས་པ་ནི་སྲིད་པའོ། །ཞེས་ས་བཅུ་བར་རོ། །ཞེས་གསུངས་པའི་ཕྱིར་རོ། །བཅུ་བ་སྲིད་པ་ལ་ཕལ་ཆེར་ས་བོན་ཞིག་དགོས་པས་ས་བོན་ལ་དགེ་མི་དགེ་འཇོག་དགོས་སམ་གོང་དུ་བཤད་པ་ལྟར་དཔྱད་དོ། །

བཅུ་གཅིག་པ་སྐྱེ་བ་ནི།

རང་རྒྱུ་ལས་ཀྱི་སྲིད་པ་སྟོབས་ལྡན་ལས་མངོན་པར་འགྲུབ་པའི་རྣམ་སྨིན་གྱི་ཕུང་པོ་དེ། ཡན་ལག་བཅུ་གཅིག་པ་སྐྱེ་བའི་མཚན་ཉིད་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། སྐྱེ་བ་དང་ཞེས་པ་ལས་ཀྱིས་སྲིད་པ་སྟོབས་ལྡན་ལས་ཕུང་པོ་གསར་དུ་མངོན་པར་འགྲུབ་པ་སྟེ་སྲོག་དང་བཅས་པར་སྐྱེ་བའོ། །ཞེས་དང༌། སྲིད་པ་དེའི་མཇུག་ཐོགས་སུ་རྣམ་ཤེས་མིང་གཟུགས་ནས་ཚོར་བའི་བར་ནི་ཕུང་བོ་འབྱུང་བས་སྐྱེ་བ་སྟེ། ཞེས་བློ་གྲོས་ཆེན་པོའོ། །ལས་ཀྱི་སྲིད་པའི་རྒྱུ་ལས་ཕུང་བོ་འབྱུང་བ་ནི་སྐྱེ་བའོ། །ཞེས་ཀླུས་ཏེ། ལས་ཀྱི་རྒྱུ་མཐུན་པ་ནི་སྐྱེ་བ་སྟེ་ཕུང་བོ་འབྱུང་བའོ། །ས་བཅུ་བར་རོ། །ཞེས་གསུངས་པའི་ཕྱིར་རོ། །དབྱེ་ན། སྒོ་ང་མངལ་དྲོད་གཤེར་རྫུས་སྐྱེས་བཞིའོ། །ཞེས་ཉ་ཊཱིཀ་ལས་སོ། །བཅུ་གཉིས་པ་རྒ་ཤི་ནི། རང་རྒྱུ་ལས་ཉོན་གྱི་རང་དབང་མེད་པར་ལང་ཚོ་གཞན་དུ་འགྱུར་བའི་ཉེར་ཕུང་དེ། བཅུ་གཉིས་པ་རྒ་བའི་མཚན་ཉིད། རང་རྒྱུ་ལས་ཉོན་གྱི་དབང་གི་སྲོག་དབང་འགག་པའི་ཆའི་ལྡན་མིན་གྱི་ཉེར་ཕུང་དེ། བཅུ་གཉིས་པ་ཤི་བའི་མཚན་ཉིད་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། རྒ་ཤི་ནི། སྐྱེས་ཕྱིན་ཆད་ལང་ཚོ་འགྱུར་བ་དང་བཅས་ཤིང་མཐར་སྲོག་ཀྱང་འགགས་པའོ། །ཞེས་དང༌། ཉ་ཊཱིཀ་ལས། དར་ལ་བབ་པའི་བར་གྱི་ཕུང་བོ་རྣམས་རྙིང་ཞིང༌། སྟོབས། མཐུ། གཟི་བརྗིད། མདངས་སོགས་ཉམས་པ་ནི་རྒ་བ། ཞེས་ཀླུ་དབྱིག་སྟེ། དབྱེ་ན། ཚེ། དབང་པོ། སྟོབས། གཟུགས། དྲན་པ། ཤེས་རབ།བདེ་བ་འགྱུར་བ་སྟེ་བདུན་ནོ། །ཚེ་ཟད་ནས་སྲོག་འགགས་པ་ནི་ཤི་བ། འགག་པ་ནི་འཆི་བ་སྟེ། དབྱེ་ན། དུས། དུས་མིན་འཆི་བ་གཉིས་སོ། །རྒ་ཤི་གཉིས་ཡན་ལག་གཅིག་ཏུ་བྱས་པ་ནི་རྒ་བ་མེད་པར་འཆི་བ་སྲིད་པས་སོ། །ཞེས་རྒྱལ་སྲས་སོ། །ཞེས་གསུངས་སོ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་གནས་སྐབས་ལ་གང་ཟག་ཅེས་བཏགས་པ་ཡིན་པར་ཐལ། མདོ་ལུགས་མ་ལས། འགྲོ་བ་སེམས་ཅན་ཀུན་ཡན་ལག་བཅུ་གཉིས་པོ་འདི་ལ་བཏགས་པ་ཡིན་གྱི། འདི་ལ་རྫས་སུ་གྲུབ་པའི་སེམས་ཅན་དང༌། གང་ཟག་ལ་སོགས་པ་ནི་ཅི་ཡང་མེད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

གསུམ་པ་ཡན་ལག་མདོར་བསྡུ་བ་བཤད་པ།

གསུམ་པ་ཡན་ལག་མདོར་བསྡུ་བ་བཤད་པ་ལ།

རྒྱུ་བདུན། ཡན་ལག་བཞི།ཉོན་མོངས་ལམ་གསུམ། ཉོན་མོངས་གཉིས་སུ་ཡང་བསྡུ་བ་བཤད་པ་དང་བཞི། དང་པོ་ནི། དབུས་མཐར། རྣམ་བདུན་ཡང་དག་མིན་རྟོག་ལས། །ཞེས་ཏེ། དང་པོ་ཕྱིན་ཅི་ལོག་གི་རྒྱུ།གཉིས་པ་འདེབས་པའི། གསུམ་པ་ཁྲིད་པ། བཞི་ལྔ་གཉིས་ཀུན་འཛིན་པ། དྲུག་བདུན་གཉིས་ཉེ་བར་སྤྱོད་པ། དེ་ནས་གསུམ་སྡུད་པའི། ཐ་མ་གཉིས་སྐྱོ་བའི་རྒྱུ་ཞེས་དབྱིག་སྟེ་དབུའི་མཐའི་འགྲེལ་བཤད་དུ་བལྟའོ། །གཉིས་པ་ཡན་ལག་བཞི་ནི། དང་པོ་གསུམ་འཕེན་པའི་ཡན་ལག དེ་འོག་བཞི་འཕངས་པའི་ཡན་ལག སྲེད་ལེན་སྲིད་གསུམ་མངོན་པར་འགྲུབ་བྱེད་ཀྱི་ཡན་ལག སྐྱེ་རྒ་གཉིས་མངོན་པར་གྲུབ་པའི་ཡན་ལག་ཡིན་ཞེས་ཀུན་བཏུས་དང་ཉ་ཊཱིཀ་ལས་གསུངས་སོ། །དེ་བཞི་བཞག་པའི་རྒྱུ་མཚན་ནི། ཀུན་བཏུས་ས་འགྲེལ་ལས། ཡན་ལག་མདོར་བསྡུ་བ་ཇི་ལྟ་བུ་ཞེ་ན། སྔར་བཅུ་གཉིས་སུ་ཕྱེ་པ་དེ་དག་མདོར་བསྡུ་ན་ཡན་ལག་བཞིར་འགྱུར་ཏེ། རྒྱུའི་དུས་ན་གང་གིས་འཕེན་པའི་ཡན་ལག་དང༌། གང་འཕང་བའི་ཡན་ལག་དང༌། འབྲས་བུའི་དུས་ན་གང་གིས་མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་དང༌། གང་མངོན་པར་གྲུབ་པ་ཡན་ལག་གོ །དེ་ལ་འཕེན་པའི་ཡན་ལག་གང་ཞེ་ན་མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའོ། །ཞེས་པ་སྟེ། མ་རིག་པས་ཀུན་ནས་བསླངས་པའི་ལས་ཀྱི་བག་ཆགས་རྣམ་ཤེས་ལ་བགོས་ནས་མིང་གཟུགས་ལ་སོགས་པ་འཕེན་པར་བྱེད་པའི་ཕྱིར་རོ། །འཕངས་པའི་ཡན་ལག་གང་ཞེ་ན། མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བའོ། །ཞེས་པ་སྟེ། སེམས་ཀྱི་བག་ཆགས་ཀྱིས་མིང་གཟུགས་ལ་སོགས་པ་སྔ་མ་ལ་བརྟེན་ནས་ཕྱི་མ་འགྲུབ་པའི་ས་བོན་བརྟས་པར་བྱས་ཤིང་འཕངས་པའི་ཕྱིར་རོ། །མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་གང་ཞེ་ན། སྲེད་པ་དང༌། ལེན་པ་དང༌། སྲིད་པའོ། །ཞེས་པ་སྟེ། ཁམས་གསུམ་པའི་སྲེད་པ་ལས་བྱུང་བའི་རྣམ་ཤེས་ཉེར་ལེན་དང་བཅས་པ་ལ་བརྟེན་པ་ལས་ཀྱི་སྲིད་པ་མཐུ་ཆེན་དུ་གྱུར་བས་སྐྱེ་བ་མངོན་པར་འགྲུབ་པའི་ཕྱིར་རོ། །མངོན་པར་གྲུབ་པའི་ཡན་ལག་གང་ཞེ་ན། སྐྱེ་བ་དང༌།རྒ་ཤིའོ། །ཞེས་པ་སྟེ། ཇི་ལྟར་འཕངས་ཤིང་བསྒྲུབས་པ་ལྟར་འགྲོ་བ་ཐ་དད་པའི་སྐྱེ་བ་གྲུབ་ཅིང༌། དེའི་ཉེས་དམིགས་སུ་རྒ་ཤིའང་འགྲུབ་པའི་ཕྱིར་རོ། །དེ་དག་གིས་ནི་གྲངས་ངེས་ཀྱང་བསྟན་ཞིང༌། ཞེས་གསུངས་སོ། །འདིའི་སྐབས་སུ་ཐེག་མཆོག་དབུ་མ་ལས། ཚེ་གསུམ་ལ་རྫོགས་རྒྱུ་འབྲས་ཚར་གཉིས་པོ། །འཕེན་འགྲུབ་དབྱེ་བ་མེད་པར་བསྲེས་པ་སྟེ། །ཞེས་དང༌། དེའི་སྐབས་ཀྱི་ཟིན་བྲིས་ཀྱི་གསུངས་ཚུལ་ལ་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌།

གསུམ་པ་ཉོན་མོངས་ལམ་གསུམ།

གསུམ་པ་ཉོན་མོངས་ལམ་གསུམ་ནི།

མ་རིག་སྲེད་ལེན་གསུམ་ཉོན་མོངས་པའི་ལམ། འདུ་བྱེད་སྲིད་པ་གཉིས་ལས་ཀྱི་ལམ། ལྷག་མ་རྣམས་སྡུག་བསྔལ་གྱི་ལམ། རིམ་བཞིན་ཉོན་མོངས་པའི་ཉོན་མོངས། ལས་ཀྱི་ཉོན་མོངས། ཚེའི་ཉོན་མོངས་ཡིན་ཏེ། མཛོད་ལས། ཉོན་མོངས་གསུམ་མོ་ལས་གཉིས་སོ། །གཞི་བདུན་དེ་བཞིན་འབྲས་བུ་ཡིན། །ཞེས་དང༌། དབུ་མ་རྟེན་འབྲེལ་སྙིང་པོ་ལས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་བ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །ཞེས་དང༌། རིན་ཆེན་ཕྲེང་བར། ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །དཀྱིལ་འཁོར་ལྟ་བུར་ཕན་ཚུན་དུ། །རྒྱུ་རྐྱེན་དུ་ནི་འཁོར་བར་འགྱུར། །ཞེས་སོ། །

བཞི་བ་ཉོན་མོངས་གཉིས་སུ་ཡང་བསྡུ་བ་བཤད་པ།

བཞི་བ་ཉོན་མོངས་གཉིས་སུ་ཡང་བསྡུ་བ་བཤད་པ་ནི།

ཉོན་མོངས་པའི་ཉོན་མོངས་དང་ལས་ཀྱི་ཉོན་མོངས་གཉིས་རྒྱུའི་ཉོན་མོངས། ཚེའི་ཉོན་མོངས་འབྲས་བུའི་ཉོན་མོངས་ཡིན་ཏེ། དབུས་མཐར། རྣམ་གསུམ་རྣམ་གཉིས་ཀྱང་ཉོན་མོངས། །ཞེས་གསུངས་པའི་ཕྱིར་རོ། །བཞི་བ་སྒྲ་དོན་ནི། སྤྱི་དང༌། བྱེ་བྲག་རྟེན་འབྲེལ་བཅུ་གཉིས་སོ་སོའི་སྒྲ་དོན་དང་གཉིས། དང་པོ་ནི། རྒྱུ་དང་རྐྱེན་ལ་ལྟོས་ནས་འབྲས་བུ་འབྱུང་བ་ནི་རྟེན་འབྲེལ་ཏེ། ཞེས་དང༌། རྟེན་དང་འབྲེལ་དང་འབྱུང་ཞེས་པའི་ཚིག་གསུམ་གྱིས་གསུམ་འགོག་སྟེ། རྟེན་ཞེས་པ་རྒྱུ་རྐྱེན་ལ་བརྟེན་ཏེ་འབྱུང་བ་ཡིན་པས་རྒྱུ་མེད་དུ་སྨྲ་བ་བསལ་ལོ། །འབྲེལ་ཞེས་པའི་སྒྲ་ནི་མཐུན་པ་ལ་བྱ་སྟེ། རྒྱུ་དང་འབྲས་བུ་མཐུན་པ་ལས་སྐྱེ་ཡི་མི་མཐུན་པ་ལས་མིན་པ་སྟེ། དཔེར་ན། མ་རིག་པ་ལས་འདུ་བྱེད་འབྱུང་གི་དབང་ཕྱུག་སོགས་ལས་མིན་པ་བཞིན་ཏེ་དེས་རྒྱུ་མི་འདྲ་བའམ་མི་མཐུན་པའི་རྒྱུ་སྨྲ་བ་འགོག་གོ །འབྱུང་བའི་སྒྲ་ནི་རྒྱུ་འབྲས་བར་ཆད་མེད་པར་འབྱུང་བ་ལ་བྱ་སྟེ་འདིས་མེད་པར་སྨྲ་བ་འགོག་གོ །ཅིའི་ཕྱིར་རྟེན་འབྲེལ་བཤད་ཅེ་ན། འགྲོ་བ་འདི་དག་མ་རིག་པའི་རྐྱེན་ལས་སྐྱེ་ཡི་མི་མཐུན་པའི་རྒྱུ་དང་རྒྱུ་མེད་ལས་མི་སྐྱེ་བར་རམ། འཁོར་བར་འཇུག་ལྡོག་ལ་རྨོངས་པ་བསལ་བའི་ཕྱིར་ལུགས་འབྱུང་བཟློག་བཤད་དོ། །ཞེས་བློ་གྲོས་མི་ཟད་འགྲེལ་བར་དབྱིག་གཉེན་གྱིས་གསུངས་སོ། །

གཉིས་པ་བྱེ་བྲག་རྟེན་འབྲེལ་བཅུ་གཉིས་སོ་སོའི་སྒྲ་དོན།

གཉིས་པ་བྱེ་བྲག་རྟེན་འབྲེལ་བཅུ་གཉིས་སོ་སོའི་སྒྲ་དོན་ནི།

ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ་ལ་སྒྲིབ་པས་སམ་མུན་པ་ཆེན་པོའི་ཕྱིར་མ་རིག་པ། རྣམ་ཤེས་ལ་ལས་ཀྱི་ས་བོན་འདེབས་པའི་ཕྱིར་རམ་མངོན་པར་འདུ་བྱེད་པས་འདུ་བྱེད། སྐྱེ་གནས་སུ་ཁྲིད་པར་བྱེད་པས་སམ་རྣམ་པར་རིག་པས་རྣམ་ཤེས། ལུས་ཀུན་འཛིན་པས་སམ་བརྟེན་པའི་ཕྱིར་མིང་གཟུགས། དབང་བོ་དང་ཡན་ལག་ཉིང་ལག་ཡོངས་སུ་རྫོགས་པར་བྱེད་པས་སམ། སྐྱེ་སྒོའི་ཕྱིར་སྐྱེ་མཆེད། གསུམ་འདུས་ནས་ཡུལ་གཅོད་པས་སམ་རེག་པའི་ཕྱིར་རེག་པ། སྲེད་པས་ཉེ་བར་སྤྱོད་ཅིང་རོ་མྱང་བར་བྱེད་པས་སམ་བསོད་ནམས་སོགས་ལས་ལ་ཉེ་བར་སྤྱོད་པས་སམ། ཚོར་བ་ཉེ་བར་སྤྱོད་ཅིང་མྱོང་བས་ཚོར་བ། ལས་ཀྱིས་བཏབ་པའི་ཡང་སྲིད་སྡུད་པས་སམ་སྐོམ་པའི་ཕྱིར་སྲེད་པ། སྐྱེ་བ་དང་མཐུན་པར་འདོད་ཁམས་སོགས་སུ་སྦྱོར་བས་སམ་ཉེ་བར་ལེན་པས་ལེན་པ། ལས་ཀྱི་རྣམ་སྨིན་ཡང་སྲིད་པར་འབྱིན་པར་མངོན་དུ་གྱུར་པས་སམ་ཡང་སྲིད་དུ་སྐྱེ་བས་སྲིད་པ། མངལ་སོགས་སྐྱེ་རྒ་ན་འཆིས་སྡུག་བསྔལ་བར་བྱེད་པས་སྐྱེ་བ། རྒ་ཤིས་འགྲོ་བ་རྣམས་ཉོན་མོངས་པར་བྱེད་དོ་ཞེས་རེ་རེར་སྦྱར་རོ། །འབྱུང་བའི་ཕྱིར་སྐྱེ་བའོ། །སྨིན་པའི་ཕྱིར་རྒ་བའོ། །འཇིག་པའི་ཕྱིར་འཆི་བའོ། །ཞེས་ས་ལུ་ལྗང་བར་རོ། །

ལྔ་བ་ས་མཚུངས་ནི།

རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚར་གཅིག་པའི་དབང་དུ་བྱས་ན་ས་མཚུངས་དགོས་སམ་ཅི་ཞེ་ན། ས་མཚུངས་པ་དང་ས་ཐ་དད་པར་མ་ངེས་ལ། དེ་ཡང་ཀུན་བཏུས་ས་འགྲེལ་ལས། ས་མཚུངས་ལ་གསུམ་ལས། ཁམས་དང་ས་ལ་རྩི་བ་ནི། ཁམས་གང་ན་རྟེན་འབྲེལ་གང་ཡོད་ཅིང་དེ་རྣམས་ཀྱང་ས་མཚུངས་པའམ་མི་མཚུངས་པ་ཇི་ལྟར་ཡིན་སྙམ་ན། འདོད་པའི་ཁམས་ན་ཡན་ལག་བཅུ་གཉིས་པོ་རྫོགས་པར་ཡོད་ལ།ཁམས་གོང་མ་གཉིས་ན་བཅུ་གཉིས་པོའི་ཕྱོགས་རེ་རེ་ཡོད་དེ། གོང་མ་ན་རྒ་བ་ཇི་ལྟར་ཡོད་ན་འདུ་བྱེད་རྣམས་བརྙིངས་པ་དང་དེངས་པའོ་ཞེས་འཆད་པས་སོ། །གཟུགས་མེད་ན་རྟེན་འབྲེལ་གཟུགས་ཅན་རྣམས་མེད་དོ། །ཁམས་གསུམ་གྱིས་དགུ་པའང་རང་ས་དང་འོག་ས་དང་གོང་ས་གསུམ་མོ། །འཆི་ས་དང་སྐྱེ་ས་དང་གཉི་ག་མ་ཡིན་པ་གསུམ་དུ་འདུའོ། །དེ་ལ་མ་རིག་པ་ལས་གཞན་པའི་ཡན་ལག་བཅུ་གཅིག་ནི་གང་སྐྱེ་བར་འགྱུར་བ་དེའི་ས་པ་ཁོ་ནར་མཚུངས་ཏེ། ས་གཞན་གྱི་ལས་དང་ཉོན་མོངས་པས་ས་གཞན་གྱི་ཕུང་པོ་མངོན་པར་འགྲུབ་པ་མི་སྲིད་པའི་ཕྱིར་དང༌། ས་པ་གཞན་གྱི་རྣམ་སྨིན་ས་པ་གཞན་གྱིས་མྱོང་བར་འགལ་བའི་ཕྱིར་རོ། །དེའང་དོན་གསང་དུ། སྐྱེ་བའི་ས་པ་གང་ཡིན་པ་དེ་མངོན་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་ཡང་ངེས་པར་དེའི་ས་པ་ཁོ་ན་ཡིན་ནོ་ཞེས་པ་ལྟར་རོ། །འོ་ན་མ་རིག་པ་ཡང་གང་དུ་སྐྱེ་བར་དེའི་ས་པར་ངེས་སམ་སྙམ་ན། དེ་ནི་མངོན་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་མ་ཡིན་ཞིང༌། འཕེན་པར་བྱེད་པའི་ཉོན་མོངས་པ་ཡིན་པས་ངེས་པ་མེད་དེ། དོན་གསང་དུ། འཕེན་པར་བྱེད་པའི་ཉོན་མོངས་པ་ནི་མ་ངེས་སོ་ཞེས་བཤད་པས་སོ། །དེས་ན་མ་རིག་པ་ནི། རང་ས་ནས་རང་སར་སྐྱེ་བ་ལ། འདོད་པ་ནས་འདོད་པར་སྐྱེ་པ་ན་འདོད་པར་གཏོགས་པས་ཐམས་ཅད་ས་མཚུངས་ཤིང༌། ས་གོང་མ་བརྒྱད་རང་ས་ནས་རང་སར་སྐྱེ་བ་ལ་ནི་མ་རིག་པ་རང་གི་ས་པ་མེད་དེ། དེ་རྣམས་སུ་སྐྱེ་བ་འཕེན་པའི་ལས་ནི། ཞི་རགས་སུ་སྒོམ་པ་ཡིན་ལ། རང་ཉིད་རང་ས་ཞི་རགས་སུ་སྒོམ་པ་མེད་པའི་ཕྱིར་རོ། །དེས་ན་དང་པོ་ནས་དང་པོར་སྐྱེ་ན་མ་རིག་པ་འདོད་པར་གཏོགས་པ་ལྟ་བུ་རང་རང་གིས་འོག་མར་གཏོགས་སོ། །འོན་ཀྱང་ཞིབ་མོར་ན་ཚངས་རིས་པ་གནས་གཞན་གོང་མ་འདོད་པས། བསམ་གཏན་དང་པོའི་སེམས་དེ་ཉིད་འབྲིང་དང་ཆེན་པོར་སྒོམ་པ་ལས་མདུན་ན་འདོན་དང་ཚངས་ཆེན་དུ་སྐྱེ་བ་ལ་ནི་མ་རིག་པ་རང་གི་ས་པ་སྲིད་དེ། དེ་བཞིན་དུ་གོང་མ་གསུམ་ལའང་མཚུངས་སོ། །འོག་ས་ནས་གོང་དུ་སྐྱེ་བ་ལ་ནི་མ་རིག་པ་རང་གི་ས་པ་མེད་ཅིང༌། འདོད་པ་ནས་སྲིད་རྩེར་སྐྱེ་བ་ལ་མ་རིག་པ་ཅི་ཡང་མེད་པར་གཏོགས་པ་ལྟ་བུ་སྐྱེ་སའི་འོག་མར་ངེས་པ་ཉིད་དོ། །དོན་གསང་དུ། འདོད་ཆགས་དང་མ་བྲལ་བ་རྣམས་ལ་ས་གོང་མའི་ཉོན་མོངས་པ་ཀུན་ཏུ་མི་སྤྱོད་པའི་ཕྱིར་དང༌། ཞེས་པ་ལྟར་གོང་མའི་མ་རིག་པ་མངོན་དུ་མི་འགྱུར་པའི་ཕྱིར་རོ། །གོང་མ་ནས་འོག་མར་སྐྱེ་བ་ལ་ཡང་མ་རིག་པ་སྐྱེ་ས་དང་འཆི་ས་གཉི་གར་གཏོགས་པ་མེད་ཅིང༌། སྲིད་རྩེ་ནས་བཞི་པར་སྐྱེ་བ་ན་མ་རིག་པ་གསུམ་པར་གཏོགས་པ་ལྟ་བུ་སྐྱེ་སའི་འོག་མར་ངེས་ཏེ། གོང་མའི་རྟེན་ལ་འོག་མ་དོན་དུ་མི་གཉེར་བས་འོག་མའི་ལས་གསར་པ་མི་སོག་ལ། དེར་སྐྱེ་བའི་ལས་རྙིང་པ་ནི་འོག་མའི་རྟེན་ལ་སོག་ཅིང༌། དེའང་འོག་མའི་མ་རིག་པས་ཀུན་ནས་སློང་བའི་ཕྱིར་རོ། །འོན་ཀྱང་བསམ་གཏན་དང་པོ་ནས་འདོད་པར་སྐྱེ་བའི་མ་རིག་པ་ནི་སྐྱེ་ས་ཉིད་དུ་གཏོགས་པའོ། །དེ་ལ་རྩོད་པ་སྤང་བ་ནི། འདུ་བྱེད་ལ་སོགས་པ་བཅུ་གཅིག་སྐྱེ་ས་ཁོ་ནར་གཏོགས་ན་གོང་ས་ནས་འོག་སར་སྐྱེ་བ་ལ་འོག་མའི་སྲེད་ལེན་འབྱུང་བས། རྟེན་གོང་མ་པ་ལ་ས་འོག་མའི་ཉོན་མོངས་པ་འབྱུང་བར་འགྱུར་རོ་ཞེ་ན། གོང་མ་ལས་ཉམས་ཁའམ། ཉམས་མ་ཐག་འབྱུང་བས་དེ་ལྟར་འགྱུར་བའི་སྐྱོན་མེད་པར་དོན་གསང་དུ་བཤད་ཅིང༌། མཛོད་དུའང༌། འཆི་འཕོ་དག་ལས་ཉོན་མོངས་ཀུན། །ཞེས་པ་དང་མཐུན་ཏེ། ལྷ་ཚེ་རིང་པོ་འཆི་ཁར་ཐར་པ་ལ་སྐུར་འདེབས་ཀྱི་ལོག་ལྟ་སྐྱེས་པ་ལྟ་བུའོ། །ཞེས་དང། རྟེན་འབྲེལ་མདོ་འགྲེལ་ལས། ས་གང་ཡིན་པའི་ཚོར་བ་གང་ཡིན་པ་དེ་ཡང་ས་དེ་ཉིད་ཀྱི་སྲེད་པའི་རྐྱེན་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །རྣམ་ཤེས་ཀྱི་རྟེན་འབྲེལ་ལ་རང་དང་ཚར་གཅིག་པའི་རྟེན་འབྲེལ་རྣམས་དང་ས་མཚུངས་མི་དགོས་ཏེ། གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་དེ་ཀུན་གཞིའི་རྣམ་ཤེས་ཡིན་པ་གང་ཞིག ཐེག་མཆོག་དབུ་མའི་ཟིན་བྲིས་ཀྱི་ཚིག་ཟིན་ལྟར་ན་ཀུན་གཞི་ཁམས་གསུམ་གང་གི་སས་མ་བསྡུས་པ་ལྟ་བུར་གསུངས་ཤིང་སས་བསྡུས་ཀྱང་རྒྱུ་དུས་ཀྱི་རྣམ་ཤེས་ལ་ས་མཚུངས་མི་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས།

གསུམ་པ་རྣམ་ཤེས་ཀྱི་ཡན་ལག།

གསུམ་པ་རྣམ་ཤེས་ཀྱི་ཡན་ལག་ནི།

ཀུན་གཞི་རྣམ་ཤེས་ཀྱི་སྟེང་དུ་ལས་ཀྱི་བག་ཆགས་ཡོངས་སུ་བཞག་པས་རྣམ་ཤེས་དེ་ཉིད་ཡོངས་སུ་གྱུར་བའི་ཆ་ཡིན་ལ། དེ་ལ་ཡང་རྒྱུ་དུས་ཀྱི་རྣམ་ཤེས་དང༌།འབྲས་བུ་དུས་ཀྱི་རྣམ་ཤེས་གཉིས་སུ་ཡོད་དོ། །ཞེས་དང༌། གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་གྱི་སྐབས་སུ་ཀུན་བཏུས་ས་འགྲེལ་ལས། རྣམ་པར་ཤེས་པ་དང་ཞེས་པ་ལས་ཀྱི་བག་ཆགས་དང་ལྡན་པའི་ཀུན་གཞི་སྟེ། དེའང་ས་བོན་བཞག་ཙམ་རྒྱུ་དུས་ཀྱི་རྣམ་ཤེས་དང༌།ནུས་པ་བརྟས་ནས་སྐྱེ་གནས་སུ་ཁྲིད་པའི་ཚེ་འབྲས་བུའི་དུས་ཀྱི་རྣམ་ཤེས་སོ། །ཞེས་གསུངས་སོ། །རྟགས་གཉིས་པ་གྲུབ་སྟེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཀུན་གཞིའི་རྣམ་ཤེས་ནི་ས་དགུ་བོ་ཕྱོགས་ལྷུང་དང་བྲལ་བ་ཡིན་པས། འདོད་པའི་ཁམས་ཀྱི་རྟེན་ཅན་གྱི་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་ཀུན་གཞི་དེ་འདོད་ཁམས་ཀྱི་སས་བསྡུས་པ་མ་ཡིན་པར་འཇོག་པ་ཡིན། ཞེས་གསུངས་པའི་ཕྱིར། རང་ལུགས་ལ་ཀུན་གཞི་རྣམ་ཤེས་སས་བསྡུས་བཞག་ཀྱང་རྒྱུ་དུས་ཀྱི་རྣམ་ཤེས་རང་དང་ཚར་གཅིག་པའི་རྟེན་འབྲེལ་གཞན་རྣམས་དང་ས་མཚུངས་མི་དགོས་སོ། ། གཞན་ཡང་ཆོས་རྗེ་ཀུན་མཁྱེན་གྱི་ཆོས་ཀྱི་འཇའ་ས་ལས།སེམས་ལའང་ཁམས་གསུམ་གྱི་བསྡུས་པའི་རྣམ་ཤེས་ཚོགས་བརྒྱད་འཁོར་སེམས་བྱུང་ལྔ་བཅུ་རྩ་གཅིག་དང་བཅས་ཐམས་ཅད་སྤངས་བར་བྱ་བའི་དྲི་མ་ཡིན། ཞེས་དང༌། ས་བཟང་གི་ཀུན་བཏུས་ཀྱི་འགྲེལ་བར། མ་རིག་པ་ལས་གཞན་པའི་ཡན་ལག་བཅུ་གཅིག་ནི་གང་སྐྱེ་བར་འགྱུར་བ་དེའི་ས་པ་ཁོ་ནར་མཚུངས་ཏེ། ས་གཞན་གྱི་ལས་དང་ཉོན་མོངས་པས་ས་གཞན་གྱི་ཕུང་པོ་མངོན་པར་འགྲུབ་པ་མི་སྲིད་པའི་ཕྱིར་དང༌། ས་པ་གཞན་གྱི་རྣམ་སྨིན་ས་པ་གཞན་གྱིས་མྱོང་བར་འགལ་བའི་ཕྱིར་རོ། །དེ་ཡང་དོན་གསང་དུ། སྐྱེ་བའི་ས་པ་གང་ཡིན་པ་དེ་མངོན་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་ཡང་ངེས་པར་དེའི་ས་པ་ཁོ་ན་ཡིན་ནོ་ཞེས་པ་ལྟར་རོ། །འོ་ན་མ་རིག་པ་ཡང་གང་དུ་སྐྱེ་བར་དེའི་ས་བར་ངེས་སམ་སྙམ་ན། དེ་ནི་མངོན་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་མ་ཡིན་ཞིང༌། འཕེན་པར་བྱེད་པའི་ཉོན་མོངས་པ་ཡིན་པས་ངེས་པ་མེད་དེ། དོན་གསང་དུ། འཕེན་པར་བྱེད་པའི་ཉོན་མོངས་པ་ནི་མ་ངེས་སོ། ཞེས་སོགས་ཀྱིས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལས་མ་རིག་པ་ལས་གཞན་རྣམས་ས་མཚུངས་དགོས་པར་གསུངས་པའི་དགོངས་པ་ནི། སུམ་ཅུ་པ་ལས། གང་དུ་སྐྱེས་པ་དེ་ཡི་འོ། །ཞེས་པ་ཀུན་གཞི་རྣམ་ཤེས་དང་ཉོན་ཡིད་གཉིས་ཁམས་གང་དུ་སྐྱེ་བ་དེ་ཡི་སས་བསྡུས་ཡིན་པར་སྟོན་བྱེད་དུ་བྱས་ནས་འབྲས་དུས་ཀྱི་རྣམ་ཤེས་ལ་ས་མཚུངས་དགོས་ཞེས་གསུངས་པ་ཡིན་སྙམ། མ་རིག་པ་ལ་ས་མཚུངས་མི་དགོས་པ་ནི། དཔེར་ན་འདོད་རྟེན་ལ་ཁམས་གོང་མ་འཕེན་བྱེད་ཀྱི་ལས་ཞིག་བསགས་ན་དེའི་རྒྱུ་དུས་ཀྱི་ཐོག་མའི་རྩ་བའི་མ་རིག་པ་ནི་ཉོན་ཡིད་ཀྱི་འཁོར་གྱི་མ་རིག་པ་ཡིན་པ་གང་ཞིག གང་དུ་སྐྱེས་པ་དེ་ཡི་འོ། །ཞེས་པ་ལྟར་དེའི་སྐབས་ཀྱི་ཉོན་ཡིད་དང་དེ་དང་མཚུངས་ལྡན་རྣམས་འདོད་པའི་ཁམས་ཀྱི་སས་བསྡུས་ཡིན་ལ་དེ་འདྲའི་ལས་ནི་ཁམས་གོང་མའི་སས་བསྡུས་ཡིན་པས་ས་མི་མཚུངས་པའི་ཕྱིར། ཐོག་མའི་མ་རིག་པ་ལ་ས་མི་མཚུངས་པས་མ་ཁྱབ་སྟེ། འདོད་པ་ནས་རང་ས་ནས་རང་སར་སྐྱེ་བའི་ལས་བསགས་པ་དག་ས་མཚུངས་སོ། །ཁམས་གཞན་ལ་དེ་ཡང་མ་ངེས་པར་བཤད་དེ། ཀུན་བཏུས་ས་འགྲེལ་ལས། དེས་ན་དང་པོ་ནས་དང་པོར་སྐྱེ་ན་མ་རིག་པ་འདོད་པར་གཏོགས་པ་ལྟ་བུ་རང་རང་གིས་འོག་མར་གཏོགས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ཐོག་མའི་རྩ་བའི་མ་རིག་པ་ནི་ཉོན་ཡིད་ཀྱི་འཁོར་གྱི་མ་རིག་པ་ཞིག་འཇོག་དགོས་ཏེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཡན་ལག་བཅུ་གཉིས་ཀྱི་མ་རིག་པ་འདི་ལ། རྩ་བའི་མ་རིག་པ་ནི་ཉོན་ཡིད་ཀྱི་འཁོར་དུ་བྱུང་བའི་བདག་ཏུ་རྨོངས་པ་དེ་ཉིད་ཡིན་ལ། ཞེས་སོགས་གསུངས་སོ། །འོ་ན་སས་བསྡུས་ཀྱི་དོན་གང་ཞེ་ན། དེ་ནི་ཆོས་རྗེ་ཀུན་མཁྱེན་གྱི་ཚོགས་ཆོས་བདེན་བཞིའི་རྣམ་བཤད་ལས་གསུངས་པ་འདི་ལྟ་སྟེ། དེ་ལ་ཁམས་ནི་སྲེད་པའི་རིས་སུ་བཅད་ཅིང་ལྟ་བས་བདག་གིར་བྱས་པ་ཡིན་ལ། ས་ནི་འདོད་པ་ལ་འདོད་ཆགས་དང་བྲལ་བ་ན་བསམ་གཏན་དང་པོ་ཐོབ་པ་ལྟ་བུ་ཆགས་བྲལ་གྱི་རིམ་པ་ཡིན་པས། ས་དགུས་ཁམས་གསུམ་བསྡུས་ཀྱང༌། ཁམས་གསུམ་གྱིས་ནི་ས་དགུ་མ་བསྡུས་ཏེ། བསམ་གཏན་དང་པོ་ནས་ཅི་ཡང་མེད་པའི་བར་ལ་མཐོང་ལམ་ལ་སོགས་པ་བརྟེན་པ་ན། ཁམས་ཟག་བཅས་ཡིན་ཡང་ས་ཟག་མེད་དུ་སྐྱེ་བའི་ཕྱིར་རོ། །ཞེས་སོགས་ལ་བརྟེན་ནས་སས་བསྡུས་ཀྱི་དོན་ལ་དཔྱད་ནས་དེའི་དོན་ཀུན་གཞིའི་རྣམ་ཤེས་ལ་ཚང་བ་ཡིན་ན་སས་བསྡུས་ཡིན་དགོས་ལ། ཀུན་གཞི་སས་བསྡུས་གལ་ཏེ་མ་ཡིན་ན་ཀུན་གཞི་དང་དེའི་འཁོར་རྣམས་ལ་རྟེན་འབྲེལ་བཞི་བ་མིང་གཟུགས་ཀྱི་མིང་བཞིའི་ཕུང་པོ་རེ་ཡོད་པས་རྟེན་འབྲེལ་བཞི་བ་ཡང་སས་མ་བསྡུས་པར་འགྱུར་ཏེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། མིང་གཟུགས་ཀྱི་ཡན་ལག་འདི་ཉིད། ཅེས་པ་ནས། ཚོར་བ་དང༌།འདུ་ཤེས་དང༌། འདུ་བྱེད་ཀྱི་ཕུང་པོ་གསུམ་ནི་ཀུན་གཞི་རྣམ་ཤེས་ཀྱི་འཁོར་དུ་གྱུར་པའི་ཀུན་འགྲོ་ལྔའི་ནང་ཚན་དེ་ཉིད་ཡིན་ལ། རྣམ་ཤེས་ཀྱི་ཕུང་པོ་ནི་ཀུན་གཞི་རྣམ་ཤེས་ཉིད་དོ། །ཞེས་གསུངས་སོ། །རང་བློ་དང་མཐུན་པའི་རིགས་པས་དཔྱད་ན་ཀུན་གཞི་རྣམ་ཤེས་ལ་སས་བསྡུས་འཇོག་དགོས་སྙམ། འོན་ཀྱང་ཐེག་མཆོག་དབུ་མའི་ཟིན་བྲིས་ལས་སས་བསྡུས་མ་ཡིན་པ་ལྟ་བུར་གསུངས་པ་དམིགས་པའི་སྒོ་ནས་ཡིན་ནམ་དེའི་དགོངས་པ་ཚོལ་དགོས་སོ། ། དྲུག་པ་གོ་རིམ་ནི། སྔར་བཤད་རྣམས་ལས་རྟོགས་ནུས་ཀྱང་འདིར་ཅུང་ཟད་བརྗོད་ན།ཚར་གཅིག་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚང་བའི་དབང་དུ་བྱས་ན་ཐོག་མར་མ་རིག་པ། དེ་ནས་འདུ་བྱེད་ཀྱི་ལས། དེ་ནས་རྒྱུ་དུས་ཀྱི་རྣམ་ཤེས། དེ་ནས་སྲེད་པ། དེ་ནས་ལེན་པ། དེ་ནས་སྲིད་པ། དེ་ནས་འབྲས་དུས་ཀྱི་རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། དེ་སྐྱེ་བ། རྒ་ཤི་རྣམས་རིམ་གྱིས་འབྱུང་བ་ཡིན་ཏེ། ས་བཟང་གི་མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་ལས། རྒྱུ་འབྲས་ཚར་དུ་ཡིས་བསྡུས་པ་ནི། བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས། དང་པོ་གཉིས་རྒྱུ་དང༌། རྣམ་ཤེས་ལ་སོགས་པ་ལྔ་འབྲས་བུ་དང༌། སྲེད་ལེན་སྲིད་པ་གསུམ་རྒྱུ་དང༌། རྒ་ཤི་གཉིས་འབྲས་བུ་སྟེ་ཚར་གཉིས་ཀྱིས་བསྡུས་པར་ཡང་འདོད་མོད། འདི་མངལ་སྐྱེས་ཀྱི་སྲིད་པ་གཅིག་གི་མགོ་བརྩམས་ནས་མཇུག་རྫོགས་ཀྱི་བར་ལ་རྒྱུ་འབྲས་ཚར་གཅིག་ཏུའང་འདུ་བ་ཡིན་ཏེ། དེའི་གོ་རིམ་ནི་དང་པོ་གསུམ་གྱི་རྗེས་སུ་སྲེད་ལེན་སྲིད་པ་གསུམ་སྦྱར་བའོ། །ཞེས་པ་ནས། འདིར་ནི་ཡང་སྲིད་འཕེན་བྱེད་སྐྱེས་ནས་མྱོང་འགྱུར་འགའ་ཞིག་ཚེ་གཉིས་ལ་རྫོགས་པ་སྲིད་དེ། ཞེས་དང༌། མདོ་སྡེའི་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ལས། དེ་རྣམས་ཀྱི། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌། །གསུམ་འབྱུང་སྲིད་པའི་འཁོར་ལོ་ཅན། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་གསུངས་པ་ལྟར་ཉོན་མོངས་པ་གསུམ་ལས་གཉིས་འབྱུང་ཞིང༌། ལས་གཉིས་ལས་སྡུག་བསྔལ་བདུན་འབྱུང་ལ། སྡུག་བསྔལ་མྱོང་བཞིན་དུའང་ཉོན་མོངས་པའི་དབང་གིས་ལས་ངན་པ་བསོག་པས་སྒོ་ང་ལས་བྱ་དང་བྱ་ལས་སྒོ་ང་ལྟར་ཕན་ཚུན་འཁོར་བའི་ཚུལ་གྱིས་སེམས་ཅན་རྣམས་སྡུག་བསྔལ་བར་གནས་པ་ལ། ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཡིན་ན་ཐེག་མཆོག་དབུ་མ་ལས། ཚེ་གཅིག་ལ་ཡང་རྫོགས་པ་ཡོད་པ་སྟེ། །གོ་རིམ་དཀྲུག་ན་ཡན་ལག་རྫོགས་པ་འགལ། །ཞེས་དང༌། དེའི་ཟིན་བྲིས་ལས། དེ་ཡང་ཡན་ལག་བཅུ་གཉིས་པོ་རྣམས་གོ་རིམ་མ་འཁྲུགས་པར་རིམ་པ་ཇི་ལྟ་བ་བཞིན་དུ་རྫོགས་པ་ཞིག་དགོས་པ་ཡིན་གྱི། གཞན་འགའ་ཞིག་གི་འདོད་པ་ལྟར་མ་རིག་པའི་རྗེས་སུ་སྲེད་ལེན། དེ་ནས་འདུ་བྱེད་དང༌། དེ་ནས་སྲིད་པ་དང༌། དེ་ནས་རྣམ་ཤེས་དང༌། དེ་ནས་ཚོར་བ་སོགས་འབྱུང་བར་འདོད་པ་ནི་གོ་རིམ་དཀྲུགས་པའི་ཕྱིར་ན། ཡན་ལག་བཅུ་གཉིས་ཀྱི་རིམ་པ་ཚེ་གཅིག་ལ་རྫོགས་པ་འགལ་བའི་ཕྱིར་རོ། །ཞེས་དང༌།འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ཤེས་ཞེས་གསུངས་པ་ཡིན་གྱི། འདུ་བྱེད་ལས་སྲིད་པ་འབྱུང་བ་ལུང་གིས་གནོད་པའི་ཕྱིར་རོ། དེ་བཞིན་དུ་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་གསུངས་པ་ཡིན་གྱི། ལེན་པ་ལས་འདུ་བྱེད་བྱུང་བ་ལུང་དང་འགལ་བ་དང༌། ཞེས་གསུངས་པ་དག་གི་དགོངས་པ་ཇི་ལྟར་ཡིན་ཞེ་ན། དེ་དག་གི་དགོངས་པ་ནི་གནས་སྐབས་ཀྱི་རྟེན་འབྲེལ་དང་མདོའི་སྒྲས་ཟིན་གྱི་རྟེན་འབྲེལ་ལན་ལག་བཅུ་གཉིས་ནི་ཚར་གཅིག་གི་དབང་དུ་བྱས་པ་མ་ཡིན་པར་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ཤེས། རྣམ་ཤེས་ཀྱི་རྐྱེན་གྱིས་མིང་གཟུགས་སོགས་འབྱུང་བ་སྟེ་སྔ་ཕྱི་རིམ་ཅན་དུ་རྐྱེན་དང་རྐྱེན་ཅན་དུ་གསུངས་པ་དང༌། མངོན་དུ་མ་གྱུར་པའི་རྟེན་འབྲེལ་སོགས་ཅི་རིགས་ཀྱི་དབང་དུ་བྱས་པ་ཡིན་ནམ་སྙམ་སྟེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དེ་ལྟར་ན་ཡན་ལག་བཅུ་གཉིས་པོ་དེ་རྣམས་ཀྱི་བག་ཆགས་ཀུན་གཞི་ལ་བཞག་པ་མངོན་དུ་མ་གྱུར་པ་དང་ས་བོན་ཡོངས་སུ་སྨིན་པ་ལས། ཡན་ལག་བཅུ་གཉིས་མངོན་དུ་འགྱུར་བ་གཉིས་འབྱུང་བ་ཐམས་ཅད་ལ་ཤེས་པར་བྱའོ། །ཞེས་གསུངས་པ་དང༌། ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས།དེའི་གོ་རིམ་ནི་དང་པོ་གསུམ་གྱི་རྗེས་སུ་སྲེད་ལེན་སྲིད་པ་གསུམ་སྦྱར་བའོ། །ཞེས་གསུངས་པ་དང༌། གོང་གི་ལུང་དེ་དག་གི་སྐབས་ཐོབ་ལས་ཤེས་ནུས་པའི་ཕྱིར་རོ། །འོན་ཀྱང་རྟེན་འབྲེལ་ལ་ཆོས་ཀྱི་སྤྱན་མངའ་བའི་མཁས་པ་རྣམས་ཀྱིས་སླར་དཔྱད་པར་བྱའོ། །

བདུན་པ་ལུགས་མཐུན་ལུགས་མི་མཐུན་བཤད་པ།

བདུན་པ་ལུགས་མཐུན་ལུགས་མི་མཐུན་བཤད་པ་ནི།

ཀུན་བཏུས་ས་འགྲེལ་ལས། ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པ་ཇི་ལྟ་བུ་ཞེ་ན། ཀུན་ནས་ཉོན་མོངས་པའི་དབང་གིས་འཁོར་བར་འཇུག་ཚུལ་གྱི་ལུགས་དང་མཐུན་པ་ནི་རིམ་པ་ཇི་ལྟ་བ་སྟེ། མདོ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་པ་ནས། མཐར་སྐྱེ་པའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་པ་དང་འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ་ཞེས་པ་ལྟ་བུ་དང༌། ལུགས་དང་མི་མཐུན་པ་དང༌།ཞེས་པ་ནི་རིམ་པ་ལྡོག་པ་སྟེ། རྒ་ཤི་ལ་སོགས་པ་སྐྱེ་བ་ལས་འབྱུང༌། སྐྱེ་བ་སྲིད་པ་ལས་འབྱུང༌། སྲིད་པ་ལེན་པ་ལས་འབྱུང་ཞེས་པ་ནས་འདུ་བྱེད་མ་རིག་པ་ལས་འབྱུང་ཞེས་པའི་བར་ཡིན་ཞིང༌། དེ་དག་ཀྱང་རིམ་པའི་སྒོ་ནས་ཆ་གཉིས་སུ་ཕྱེ་བ་མ་གཏོགས་པ་དོན་ནི་འཁོར་བའི་རྒྱུ་འབྲས་ལ་ཡིད་ཆེས་བསྐྱེད་པར་མཚུངས་པ་ཉིད་དོ། །བདེན་པ་ལ་སྦྱར་ནས་རྒ་ཤི་དང༌། རྒ་ཤི་ཀུན་འབྱུང་བ་དང༌། རྒ་ཤི་འགོག་པ་དང༌། རྒ་ཤི་འགོག་པར་འགྲོ་བའི་ལམ་ཞེས་པ་ལ་སོགས་པ་མས་རིམ་གྱིས་གསུངས་པའི་འགོག་ལམ་ནི་རྣམ་བྱང་ཡིན་ལ་བདེན་བཞི་ཚང་བའི་ཆེད་དུ་ཞར་ལས་བྱུང་བའོ། །དེ་བཞིན་དུ་རྣམ་པར་བྱང་བའི་དབང་གིས་མྱ་ངན་ལས་འདས་པར་འཇུག་ཚུལ་གྱི་ལུགས་དང་མཐུན་པ་ནི་ཡས་རིམ་གྱིས། མ་རིག་པ་འགགས་ན་འདུ་བྱེད་འགག འདུ་བྱེད་འགགས་ན་རྣམ་པར་ཤེས་པ་འགག ཅེས་པ་ནས། མཐར་སྐྱེ་བ་འགགས་ན་རྒ་ཤི་ལ་སོགས་པ་འགག ཅེས་པ་དང༌། ལུགས་དང་མི་མཐུན་པ་ནི་མས་རིམ་གྱིས་གང་མེད་ན་རྒ་ཤི་མི་འབྱུང༌། གང་འགགས་ན་རྒ་ཤི་འགག ཅེས་པ་ལ་སོགས་སྐྱེ་བ་འགགས་ནའོ་ཞེས་པ་ལ་སོགས་པའམ། ཡང་ན་སྐྱེ་བ་འགགས་ན་རྒ་ཤི་འགག སྲིད་པ་འགགས་ན་སྐྱེ་བ་འགག ཅེས་པ་ནས། མ་རིག་པ་འགགས་ན་འདུ་བྱེད་འགག་ཅེས་པའི་བར་ཏེ། རིམ་པ་ཙམ་མ་གཏོགས་པ་ནི་མྱ་ངན་ལས་འདས་པ་འཐོབ་ཚུལ་དུ་གཅིག་པ་ཉིད་དོ། །དེ་ལྟར་རྟོགས་པར་གྱུར་པས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པའི་སྒོམ་ཚུལ་བསྟན་པར་བལྟའོ། །ཞེས་གསུངས་སོ། །མ་རིག་པ་འགག་ན་འདུ་བྱེད་འགག་ཅེས་པ་སོགས་ནི་ལུགས་དང་མི་མཐུན་པ་ཡིན་པར་ཐལ། མདོ་ལུགས་མ་ལས། མ་རིག་པ་འགག་ན་འདུ་བྱེད་འགག་ཅེས་པ་ནས།སྐྱེ་བ་འགག་ན་རྒ་ཤི་འགག་ཅེས་པའི་བར་དུ་ལུགས་དང་མི་མཐུན་པ་ལ་སོ་སོར་རྟོག་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན། འདོད་མི་རིགས་ཏེ། ཀུན་བཏུས་ས་འགྲེལ་ལས།དེ་ལ་ཁ་ཅིག་མ་རིག་པ་འགགས་པས་འདུ་བྱེད་འགག ཅེས་པ་ལ་སོགས་པ་ཀུན་ནས་ཉོན་མོངས་ཀྱི་ལུགས་ལྡོག་ཏུ་འཆད་པ་ནི་མི་རིགས་ཏེ། དེ་ནི་རྣམ་པར་བྱང་བའི་ལུགས་མཐུན་དུ་གསུངས་པའི་ཕྱིར་རོ། །ཞེས་དང༌། ཉ་ཊཱིཀ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ་ཞེས་བྱ་བ་ལ་སོགས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་བའི་བར་ཀུན་ནས་ཉོན་མོངས་ཀྱི་ལུགས་དང་མཐུན་པ་དང༌། ཞེས་པ་ནས། མ་རིག་པ་འགགས་པས་འདུ་བྱེད་འགག་སོགས་རྣམ་བྱང་ལུགས་མཐུན་ནོ། །གང་འགག་ན་རྒ་ཤི་འགག་སྐྱེ་བ་འགག་པས་རྒ་ཤི་འགག་གོ་ཞེས་སོགས་རྣམ་བྱང་ལུགས་མི་མཐུན་ཏེ། ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་འཁོར་བ་སྤངས་ཏེ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་རྣམས་ཀྱིས་ནི་མ་རིག་པ་སྤངས་པའི་ཆེད་དུ་ཡང་དག་པའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། དབུ་མའི་རྩ་བར། མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་ཀུན་ཏུ་འབྱུང་མི་འགྱུར། །མ་རིག་འགགས་པར་འགྱུར་བ་ནི། །ཤེས་པ་དེ་ཉིད་བསྒོམས་པས་སོ། །ཞེས་པ་ལྟར་རོ། །དེ་ལྟར་རྩ་བ་མ་རིག་པ་འགགས་ན་སྡུག་བསྔལ་མཐའ་དག་ལས་གྲོལ་བར་འགྱུར་ཏེ། དེ་དང་དེ་ནི་འགགས་གྱུར་པས། །དེ་དང་དེ་ནི་མངོན་མི་འབྱུང༌། །སྡུག་བསྔལ་ཕུང་པོ་འབའ་ཞིག་པ། །དེ་ནི་དེ་ལྟར་ཡང་དག་འགག།ཅེས་གསུངས་པ་ལྟར་རོ།། །།

གཉིས་པ་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ།

གཉིས་པ་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ལ།

དེ་ལྟར་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་སྨིན་པར་བྱས་ནས་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ནི། ཉི་ཁྲི་ལས། སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་འདི་རྣམ་པར་སྨིན་པར་བྱས་ནས་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །དེ་གང་ཞེ་ན། བསམ་གཏན་དང་པོ་ལ་འཇུག་གོ །ཞེས་སོགས་ཀྱི་དོན། རྩ་བར། འགོག་དང་བཅས་པའི་སྙོམས་འཇུག་དགུར། །ཞེས་པ་ནས། འགོག་པའི་བར་དུ་མི་འདྲར་འགྲོ ། ཞེས་སོ། །དེའི་དོན་མདོ་ལུགས་མ་ལས། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ནས། རིམ་གྱིས་བསམ་གཏན་གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། ཞེས་པ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་ཡང་བསམ་གཏན་དང་པོ་ལའོ། །དེ་ལས་ལངས་ནས་འགོག་པ་ལའོ། །དེ་ལས་ལངས་ནས་བསམ་གཏན་གཉིས་པའོ། །ཞེས་པའི་ཚུལ་གྱིས་འགོག་པ་དང་སྤེལ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་དུ་སྙོམས་པར་འཇུག་གོ །སྲིད་རྩེ་ལས་ལངས་ནས་འགོག་པའོ། །འགོག་པ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ། །དེ་ལས་འགོག་པ་ལའོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པར་ལའོ། །དེ་ལས་སྲིད་རྩེ་ལའོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པ་ལའོ། །དེ་ལས་ཅུང་ཟད་མེད་པའི་སྐྱེ་མཆེད་ལའོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པ་ལའོ། །ཞེས་པ་ནས། དེ་ལས་བསམ་གཏན་དང་པོ་ལ་སྙོམ་པར་འཇུག་གོ །དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་པའོ། །ཞེས་པ་ཐོད་རྒལ་གྱི་ཏིང་ངེ་འཛིན་གྱི་སྙོམས་པར་འཇུག་ལུགས་འདི་ནི་མདོ་ཇི་ལྟ་བ་བཞིན་དུ་བྲིས་པའོ། །ཞེས་གསུངས་སོ། ། བུདྡྷ་ཤྲཱིའི་ལུགས་ལ་སྦྱོར་བ་དང་དངོས་གཞི་གཉིས་ལས་སྦྱོར་བ་ནི། ཉ་ཊཱིཀ་ལས། འགོག་དང་བཅས་པའི་སྙོམས་འཇུག་དགུ་ལ་ལུགས་མཐུན་མི་མཐུན་དུ་འཇུག་པ་གཉིས་སོ་ཞེས་བུདྡྷ་ཤྲཱི་རྐྱང་བའོ། །ཞེས་སོ། །དེ་འདྲའི་སྦྱོར་བ་དེ་རང་ལུགས་ལ་འཐད་མི་འཐད་ཉི་ཁྲི་མདོ་དུ་མ་སྔར་བཀོད་པ་དེ་དག་གིས་དཔྱད། གཉིས་པ་དངོས་གཞི་ལ་ཉ་ཊཱིཀ་ལས། སོང་བ་གཉིས་དང་འོངས་པ་གཅིག་གོ །དང་པོ་ནི། བསམ་གཏན་དང་པོ་ནས་འགོག་པའི་བར་དུ་མཐར་ཆགས་སུ་སྙོམས་པར་འཇུག་པ་ནི་རྣམ་པ་གཉིས་སུ་སོང་བའི་ཡ་གྱལ་སོང་བ་དང་པོའོ། །ཞེས་པ་ནས། དེ་ནས་འགོག་པ་ལས་ལངས་ནས་བསམ་གཏན་དང་པོ་ལའོ། །དེ་ནས་གཅིག་བསམ་གཏན་དང་པོ་བརྒལ་ནས་འགོག་པ་ལའོ། །དེ་ནས་གཉིས་པ་ལའོ། །ཞེས་པ་ནས། འགོག་པ་ལས་འགོག་པར་ལྡང་བ་མི་རིགས་པས་སོ། །དེ་བས་ན་ཉེ་བ་དང་ཤུགས་ཀྱིས་མཐའི་འགོག་པ་དེ་ལས་ལངས་ནས་སྲིད་རྩེ་ལ་དེ་ལས་ལངས་ཏེ་འགོག་པ་ལ། དེ་ནས་འདོད་པར་གཏོགས་པའི་རྣམ་པར་ཤེས་པ་མཉམ་བཞག་མིན་པའི་མཚམས་བཟུང་བ་སྟེ། དེའི་མཐར་འགྲོ་བར་བྱེད་པས་ཏེ་འདོད་སེམས་ལ་གནས་པའི་བར་རོ། །ཞེས་དག་ལྡན་ཏེ། དེའི་ལྟར་ན་བར་བ་འདི་ལ་གནས་བཅུ་དགུ་འོང་ངོ༌། །སྙིང་ཟླ་ཐུབ་ལྟར་ན་སྤེལ་མའི་མཐའི་འགོག་པ་ནས་འདོད་སེམས་སུ་བྱེད་པ་སྟེ་བར་བ་ལ་གནས་བཅུ་བདུན་ནོ། །དང་པོ་ལ་དགུའོ། །ཞེས་སོ། །གྲོལ་སྡེ་གཉིས་ལྟར་ན། མཐའི་འགོག་པ་ནས་སྲིད་རྩེ་དེ་ནས་འདོད་སེམས་ལ་གནས་སོ། །ཞེས་པས་བར་བ་ལ་བཅོ་བརྒྱད་འོང་ངོ༌། །འདིར་རྣམ་པ་གཉིས། ཞེས་པ། གྲོལ་སྡེ་གཉིས་ཀྱིས་ལུགས་དང་མཐུན་མི་མཐུན་གཉིས་ལ་བཤད་དོ། །ཞེས་དང༌། གསུམ་པ་འོངས་པ་གཅིག་སྟེ། བར་བའི་མཐའི་འདོད་སེམས་ནས་འོངས་ནས་འགོག་པ་ལ་དེ་ལས་ལངས་ནས་འདོད་སེམས་ལ། དེ་ནས་འགོག་པ་བོར་ནས་སྲིད་རྩེ་ལ། དེ་ནས་འདོད་སེམས་ལ། མཐར་འགོག་པ་ནས་བགྲང་པའི་བརྒྱད་པ་གཉིས་པ་བརྒལ་ནས་དང་པོ་ལ། དེ་ནས་འདོད་སེམས་སུ་བྱེད་པ་སྟེ་ཐབས་ལ་མཁས་པས་མཉམ་པར་བཞག་པ་ལས་མ་བཞག་པ་མ་བཞག་པ་ལས་བཞག་པར་མི་འདྲ་བར་འགྲོ་བའི་འོང་བ་སྟེ་འདི་ལ་གནས་བཅོ་བརྒྱད་དོ། །ཞེས་སྙིང་ཟླ་ཐུབ་གསུམ་མོ། །དེ་འདྲའི་རིམ་པ་གསུམ་པ་ཅན་གྱི་སྙོམས་འཇུག་ནི་འདིར་ཐོད་རྒལ་དུ་ནི་སྙོམས་པར་འཇུག་པ་ཡིན་ནོ། །ཞེས་གསུངས་སོ། །ཡང་རྩ་བར། འགོག་པའི་བར་དུ་མི་འདྲར་འགྲོ །ཞེས་པའི་དོན་ཉ་ཊཱིཀ་ལས། མཐར་འགོག་པ་ནས་བགྲང་པའི་བརྒྱད་པ་གཉིས་པ་རྒལ་ནས་དང་པོ་ལ།དེ་ནས་འདོད་སེམས་སུ་བྱེད་པ་སྟེ་ཐབས་ལ་མཁས་པས་མཉམ་པར་བཞག་པ་ལས་མ་བཞག་པ་མ་བཞག་པ་ལས་བཞག་པར་མི་འདྲ་བར་འགྲོ་བའི་འོང་བ་སྟེ་འདི་ལ་གནས་བཅོ་བརྒྱད་དོ། །ཞེས་བཤད་པ་མི་འཐད་པར་ཐལ། སྐབས་འདིར་མདོ་ལུགས་མ་ལས། སྙོམས་པར་འཇུག་ལུགས་མདོ་ནས་གསུངས་པ་འདི་དང༌། འགོག་པའི་བར་དུ་མི་འདྲར་འགྲོ། ཞེས་པའི་འདི་གཉིས་ཅུང་མ་འགྲིག་པས། མདོ་དང་བསྟན་བཅོས་འདི་དང༌། འདི་དག་གི་འགྲེལ་པ་འགྱུར་མི་འདྲ་བ་གང་རྙེད་ལ་བལྟ་བར་བྱའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ས་མཚམས་ལ་ནི། ཉ་ཊཱིཀ་ལས། ས་མཚམས་ནི། ཆུ་མིག་པ་ན་རེ། འགྲེས་དང་པོ་གཉིས་ས་གཉིས་པ་ནས་བཅུ་བའི་བར་དང༌། གསུམ་པ་གཉིས་པ་ནས་བདུན་པའི་བར་ན་ཡོད་ཀྱི་བརྒྱད་པ་ཡན་རྟག་ཏུ་མཉམ་པར་བཞག་པས་དེ་མེད་གསུང་ངོ༌། །ཆོས་རྗེ་འཇམ་གསར་ནི། ས་བརྒྱད་པ་ནས། ཞེས་དང༌། ཁ་རག་པ། དབང་བོ་རྟུལ་ན་དྲུག་པ་ནས་རྣོ་ན་གཉིས་པ་ནས། ཞེས་སྨྲ་བ་ནི་སྒྲུབ་བྱེད་ཡང་དག་མེད་པར་མངོན་ནོ། །རྗེ་བུ་རིན་ནི། རྩལ་སྦྱོང་བ་ཡིན་པས་ས་བདུན་མན་ན་སྟེ། བརྒྱད་པ་ཡན་ན་མེད། ཅེས་གསུང་སྟེ། ངེས་པ་མེད་དེ། སངས་རྒྱས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པ་ན་གྲོག་སྦུར་གྱིས་ཀྱང་དེའི་ཐུགས་དགོངས་ཤེས་པར་བཤད་པ་དང༌། བསམ་གཏན་གསུམ་པ་སོགས་ཀྱིས་དང་པོའི་མིག་ཤེས་མངོན་དུ་བྱེད་པར་བཤད་པ་སོགས་བསམ་གྱིས་མི་ཁྱབ་པས་སོ། །དེས་ན་སྒོམ་ལམ་དགུུ་ཅར་དུ་བསྒོམ་མམ་སྙམ་སྟེ་དཔྱད་དོ། །ཞེས་གསུངས་པ་དང༌། དེ་འདྲའི་སྙོམས་འཇུག་ནི་རྩེ་མོའི་སྐབས་འདིར་སྒོམ་པའི་ལམ་ཡིན་ནོ། ། ཞེས་དང༌། ཉ་ཊཱིཀ་མཆན་ལས།དེ་ལྟར་ན་མཐོང་ལམ་ལ་གསུམ་སྟེ་ཕྱིན་དྲུག་གི སེང་གེ་རྣམ་བསྒྱིངས་ཀྱི། རྟེན་འབྲེལ་ལ་རྟོག་པའིའོ། །ཞེས་བོད་དག་འཆད་དེ་ལེགས་སོ། །ཞེས་སོགས་ཀྱིས་སྐབས་འདིར་ཐོད་རྒལ་གྱི་སྙོམས་འཇུག་སྒོམ་ལམ་སྦྱར་བ་མི་འཐད་པར་ཐལ། མདོ་ལུགས་མ་ལས། ཏིང་ངེ་འཛིན་གཉིས་པོ་འདི་དག་ཤེས་རབ་ཀྱི་ཕར་ཕྱིན་ཏུ་གཞན་ལྔ་པོ་བསྡུས་པའི་ནང་ནས་བསམ་གཏན་གྱི་ཕར་ཕྱིན་ཉིད་ཡིན་པར་གསུངས་པའི་ཕྱིར། འདི་གཉིས་ལ་སྒོམ་ལམ་ཡིན་མིན་གྱི་ཁྱད་པར་འབྱེད་པ་མདོ་དང་མི་འགྲིག་གོ །ཞེས་གསུངས་པའི་ཕྱིར། དེས་ན་མདོ་ལུགས་མའི་ས་བཅད་ལྟར་སྐབས་འདིའི་ཐོད་རྒལ་གྱི་སྙོམས་འཇུག་མཐོང་ལམ་རྩེ་སྦྱོར་དང༌། འགྲེལ་བ་ལྟར་ན་དེ་སྒོམ་ལམ་རྩེ་སྦྱོར་དང་སྤྱིར་ཐོད་རྒལ་གྱི་སྙོམས་འཇུག་མཐོང་སྒོམ་གཉིས་ཀར་ཡོད་དོ། །ཡང་ཁ་ཅིག་གྲོག་སྦུར་གྱིས་སྟོན་པའི་ཐུགས་དགོངས་ཤེས་པ་ཡོད་པར་ཐལ། ཉ་ཊཱིཀ་ལས། སངས་རྒྱས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པ་ན་གྲོག་སྦུར་གྱིས་ཀྱང་དེའི་ཐུགས་དགོངས་ཤེས་པར་བཤད་པ་དང༌། ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། སྔོན་མེད་ལེགས་བཤད་ལས། ཡང་དག་པར་ན་སངས་རྒྱས་ཀྱི་རྣམ་པར་ཐར་བ་ནི། སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལས་གཞན་མ་ཡིན་མོད། སྟོན་པའི་གཟུགས་ཀྱི་སྐུ་ནི་གདུལ་བྱའི་སྣང་ངོར་བསྟན་པའི་ངེས་པ་ལས། གང་གདུལ་བྱ་རྣམས་ཀྱིས་ཇི་ལྟ་བུ་ཞིག་མཐོང་བར་འགྱུར་བ། དེ་ལྟ་བུར་བྱིན་གྱིས་བརླབས་པས་དེ་ལྟར་སྣང་བ་ཡིན་ཏེ། ལུང་ལས་ཀྱང༌། སྟོན་པས་འཇིག་རྟེན་པའི་ཐུགས་བསྐྱེད་པའི་ཚེ། སྲོག་ཆགས་གྲོག་སྦུར་ཕྱིན་ཆད་ཀྱིས་ཀྱང་སྟོན་པའི་ཐུགས་ཤེས་སོ་ཞེས་འབྱུང་བ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིར་རྩོད་སྤོང་ལ་ཉ་ཊཱིཀ་ལས། ཐོད་རྒལ་སྙོམས་འཇུག་ནི་ཏིང་ངེ་འཛིན་ཡིན་མོད་མཉམ་བཞག་མིན་པའི་སེམས་དང་ཅི་ལྟར་མི་འགལ་ཞེ་ན། སྙོམས་པར་འཇུག་པ་པོ་འཕོ་བ་ལ་སྙོམས་འཇུག་ཏུ་བཏགས་པས་འགལ་བ་མེད་དོ། །ཞེས་དག་ལྡན་ཏེ། ཐུབ་དགོངས་སུ། སྙོམས་པར་འཇུག་པ་ལས་འཕོ་བ་ལ་དེར་བཏགས། ཞེས་སོ། །ཞེས་པ་ནས།མཛོད་ལས། ས་བརྒྱད་རྣམ་གཉིས་འབྲེལ་བ་དང༌། །གཅིག་རྒལ་སོང་ཞིང་འོངས་ནས་ནི། །རིགས་མི་མཐུན་པ་གསུམ་པར་འགྲོ། །ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན། །ཞེས་ས་བརྒྱད་ལས་མ་བཤད་ཅིང༌། གཅིག་རྒལ་ལས་མ་བཤད་པ་དང་རྒལ་ལུགས་ཡང་འདི་དང་མི་འདྲ་བར་བཤད་པ་དང་འགལ་ཞེ་ན། མིང་མཚུངས་ཀྱང་དོན་མི་འདྲ་སྟེ། ཞེས་གསུངས་པ་ལྟར་ཡིན་ནོ། །དེ་ཡན་ཆད་དུ་མཐོང་ལམ་བརྩེ་སྦྱོར་བཤད་ཟིན་ཏོ། །གསུམ་པ་སྒོམ་ལམ་རྩེ་སྦྱོར་བཤད་པ་ལ། རང་གི་ངོ་བོ། སྒོམ་རྩེའི་སྤང་བྱ་རྣམ་རྟོག་བཞི།སྤང་བྱ་རྣམ་རྟོག་ཟད་པའི་འབྲས་བུ་བཤད་པ་དང་གསུམ། དང་པོ་ནི། སྒོམ་ལམ་རྩེ་སྦྱོར་ནི། བསྡུས་སྒོམ་རབ་ཏུ་གྱུར་པའི་བྱང་སེམས་ཀྱི་རྗེས་ལ་མངོན་རྟོགས་དེ། སྒོམ་ལམ་རྩེ་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། སྒོམ་ལམ་རྩེ་མོའི་མཚན་ཉིད། བསྡུས་བསྒོམ་རབ་ཏུ་གྱུར་པའི་བྱང་འཕགས་ཀྱི་སྒོམ་ལམ་མོ། །ཞེས་གསུངས་པའི་ཕྱིར་རོ། །སྒོམ་ལམ་སྔར་ལན་དུ་མར་བཤད་པས་དེ་ཙམ་ལས་མ་སྤྲོས་སོ། །ཐོད་རྒལ་གྱི་སྙོམས་འཇུག་ནི་མཐོང་ལམ་རྩེ་སྦྱོར་དུ་བཤད་ཟིན་ཏོ། ། གཉིས་པ་སྒོམ་རྩེའི་སྤང་བྱ་རྣམ་རྟོག་བཞི་བཤད་པ་ལ་བཞི་ལས། དང་པོ་འཇུག་པའི་གཟུང་རྟོག་ནི། མདོ་ལས། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཞེས་སོགས་ཀྱི་དོན། རྩ་བར། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱིས། །བཏང་བས་ཡོངས་སུ་མ་བཟུང་དང༌། །དུས་གསུམ་ཡོན་ཏན་མེད་པ་དང༌། །ལེགས་པའི་ལམ་ནི་རྣམ་གསུམ་ལ། །གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། །སྦྱོར་བའི་རྣམ་པ་སྤྱོད་ཡུལ་ཅན། །ཞེས་སོ། །དེ་འཆད་པ་ལ་མདོ་ལུགས་མ་ལས། ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཙམ་དུ་ཤེས་པ་ནི་མདོ༷ར་བསྡུ༷ས་པ་ཤེས་པ་༡དང༌། གཟུགས་ཀྱི་དེ་བཞིན་ཉིད་དང༌། ཚོར་བའི་དེ་བཞིན་ཉིད་ལ་སོགས་པ་ཆོས་ཅན་སོ་སོའི་དེ་བཞིན་ཉིད་ཤེས་པ་ནི་རྒྱ༷ས་པ་ཤེས་པ་༢ད༷ང༌། ནས། ཐབས་མཁས་ཀྱིས་ཟིན་པའི་བྱང་ཆུབ་སེམས་དཔའ་ཇི་སྐད་བསྟན་པའི་ཤེར་ཕྱིན་ལ་ཚུལ་བཞིན་དུ་སློབ་པ་ནི་ས༷ངས་རྒྱ༷ས་ཐམས་ཅད་ཀྱི༷ས་དགོངས་ཤིང་དགེ་བའི་བཤེས་གཉེན་གྱིས་ཟིན་པ་ཡིན་ལ། དེ་ལས་བཟློག་པའི་སྤྱོད་པ་ཅན་ནི་སངས་རྒྱས་ཀྱི་དགེ་བའི་བཤེས་གཉེན་གྱིས་ཡོ༷ངས་སུ༷་མ༷་བཟུ༷ང་བ་༣ད༷ང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དུ༷ས་གསུ༷མ་གྱི་སངས་རྒྱས་འབྱུང་བའི་ཡོ༷ན་ཏ༷ན་མེ༷ད་པ༷་ལས་བཟློག་པ༷་༤༥༦ད༷ང༌། བདེན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་མཁས་པའི་ལེ༷གས་པ་དང་ལྡན་པ༷འི་ལ༷མ་རྣ༷མ་པ་གསུ༷མ་ནི་ཤེར་ཕྱིན་ལ༷་སྤྱོད་པ་མོས་སྤྱོད་ཀྱི་ལམ་༧དང་ཤེར་ཕྱིན་སྒྲུབ་པ་མཚན་མ་མེད་ཅིང་རྩོལ་བ་དང་བཅས་པ་ས་བདུན་པའི་བར་༨དང༌། ཤེར་ཕྱིན་བསྒོམ་པ་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པ་ས་བརྒྱད་པ་ཡན་ཆད་ཀྱི་ལམ་༩ཏེ་གསུམ་པོ་དེ་རྣམས་སོགས་པ། ཡུལ་དགུ་པོ་དེ་རྣམས་ལ་ཡོན་ཏན་ཅན་དུ་མཐོང་བས་གཟུ༷ང་བ༷འི་རྣ༷མ་པར་རྟོ༷ག་པར་བྱེད་པ་འདི༷་གཟུང་རྟོག་གཉིས་ཀྱི་དང་པོ་འཇུག་པའི་གཟུང་རྟོག་གཅི༷ག་སྟེ་ཤེར་ཕྱིན་ལ་སྦྱོ༷ར་བ༷འི་རྣ༷མ་པ༷་དེའི་སྤྱོ༷ད་པ་ཡུ༷ལ་དུ་བྱས་པའི་ཡུལ་ཅ༷ན་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །རྩ་བར། མདོར་བསྡུས་རྒྱས་དང༌། ཞེས་ཆོས་རྒྱས་བསྡུས་ལ་སྦྱར་བ་མི་རིགས་ཏེ། ཉ་ཊཱིཀ་ལས། མདོར་བསྡུས་པ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་དང༌། རྒྱས་པ་ནི་ཆོས་ཅན་སོ་སོའི་དེ་བཞིན་ཉིད་ཡིན་གྱི་ཆོས་རྒྱས་བསྡུས་ལ་བཤད་པ་ནོར། ཞེས་རྗེ་དོལ་གསུང་ངོ༌། །ཞེས་གསུངས་པས་སོ། །རྩ་བར། དུས་གསུམ། ཞེས་པ་སྦྱོར་མཐོང་སྒོམ་གསུམ་སྦྱར་ནས་བཤད་པ་དང༌། རྩ་བར། ལེགས་པའི་ལམ་ནི་རྣམ་གསུམ་ལ། །ཞེས་པ་ཡང་སྦྱོར་མཐོང་སྒོམ་གསུམ་ལ་སྦྱར་ནས་བཤད་དེ། ཉ་ཊཱིཀ་ལས། དུས་གསུམ་སྟེ། དང་པོ་སྦྱོར་ལམ་གྱི་ཡོན་ཏན་མེད་པའི་རྣམ་རྟོག་དང༌། ནས།དུས་གཉིས་པ་མཐོང་ལམ་གྱི་དུས་ཀྱི་ཡོན་ཏན་མེད་རྟོག་སྟེ། ནས། གསུམ་པ་སྒོམ་ལམ་གྱི་ཡོན་ཏན་མེད་པའི་རྟོག་པ་སྟེ། ཡུམ་བསྒོམ་པ་ལ་ཕན་ཡོན་དེ་དག་ཡོད་པར་རིག་པར་བྱའོ་ཞེས་སོ། །རྣམ་དག་ལེགས་པའི་ལམ་རྣམ་གསུམ་གྱི་དང་པོ་སྦྱོར་ལམ་མི་ཤེས་པའི་རྣམ་རྟོག་སྟེ། ཞེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་ལྡོག་པའི་གཟུང་རྟོག་ནི། མདོ་ལས། ཅི་ནས་ཀྱང་སེམས་དང་སེམས་ལས་བྱུང་བའི་ཆོས་མི་རྒྱུ་བ་དེ་ལྟར་ཤེར་ཕྱིན་ལ་སྤྱོད་སྒྲུབ་བསྒོམ་པར་བྱའོ། །ཞེས་སོགས་ཀྱི་དོན། རྩ་བར། གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །སེམས་མི་བསྐྱེད་དང་བྱང་ཆུབ་ཀྱི། །སྙིང་པོ་ཡིད་ལ་མི་བྱེད་དང༌། ཐེག་པ་དམན་པ་ཡིད་བྱེད་དང༌། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། །སྒོམ་དང་སྒོམ་པ་མེད་པ་དང༌། །དེ་དག་ལས་ནི་བཟློག་ཉིད་དང༌། །ཇི་བཞིན་དོན་མིན་རྣམ་རྟོག་པ། །སྒོམ་པའི་ལམ་ལ་ཤེས་པར་བྱ། །ཞེས་སོ། །དེའི་འཆད་པ་ལ་མདོ་ལུགས་མ་ལས། རྟོག་པ་གཉི༷ས་པ༷་ལྡོག་པའི་གཟུང་རྟོག་ནི་སེ༷མས་ཀུན་གཞི་རྣམ་ཤེས་ད༷ང་སེ༷མས་བྱུ༷ང་འཇུག་པའི་རྣམ་ཤེས་རྣ༷མས་ཡུལ་ལ་འཕྲོ་ཞྀང་འཇུ༷ག་པ་ཡུལ་དུ་བྱེད་པ༷འི་ཡུ༷ལ་ཅ༷ན་ཡི༷ན་པར་བཅོམ་ལྡན་འདས་བཞེ༷ད་དེ༷། ཡུལ་དགུ་པོ་ནི་བྱང་ཆུབ་ཀྱི་སེ༷མས་མི༷་བསྐྱེ༷ད་པ་༡ད༷ང༌། བླ་མེད་བྱ༷ང་ཆུ༷བ་ཀྱི༷་སྙི༷ང་པོ༷་ཡི༷ད་ལ༷་མི་བྱེ༵༷ད་པའི་སེམས་སེམས་བྱུང་རྒྱུ་བ་༢ད༷ང༌། ཐེ༷ག་པ༷་དམ༷ན་པ༷་ཡི༷ད་ལ་བྱེ༷ད་པའི་སེམས་སེམས་བྱུང་རྒྱུ་བ་༣ད༷ང༌། རྫོ༷གས་པ༷འི་བྱ༷ང་ཆུ༷བ་ཡི༷ད་ལ་མི༷་བྱེ༷ད་པའི་སེམས་སེམས་བྱུང་༤དང༌། ཤེར་ཕྱིན་བསྒོ༷མ་པས་རྣམ་མཁྱེན་ཐོབ་བམ་སྙམ་པའི་སེམས་སེམས་བྱུང་རྒྱུ་བ་༥ད༷ང༌། སྒོ༷མ་པ་མེ༷ད་པས་ཐོབ་བམ་སྙམ་པ༷་༦ད༷ང༌། དེ༷་ད༷ག་ལ༷ས་ནི༷་བཟློ༷ག་པ་སྒོམ་ཀྱང་བསྒོམ་ལ་བསྒོམས་ཀྱང་མ་བསྒོམས་པས་ཐོབ་བམ་སྙམ་པ་༧དང༌། བསྒོམས་པ་ཡང་མ་ཡིན་ལ་མ་བསྒོམས་པ་ཡང་མ་ཡིན་པས་ཐོབ་བམ་སྙམ་པའི་སེམས་བྱུང་ཉི༷ད་༨ད༷ང༌། དེ་བཞིན་ཉིད་ལ་དེ་ཁོ་ན་ཉིད་ཇི༷་ལྟ་བ་བཞི༷ན་གྱི་དོ༷ན་མ་ཡིན་པར་འཇུག་པའི་སེམས་སེམས་བྱུང་རྣམས་ལ་སྐྱོན་ཅན་དུ་མཐོང་བས་ལྡོག་པའི་རྣ༷མ་པར་རྟོ༷ག་༩པར་བྱེད་པ༷་ནི། བསྒོམ་པའི་ལམ་གྱི་གནས་སྐབས་ལ་སྤང་བྱར་ཤེས་པར་བྱའོ། །ཞེས་གསུངས་པའོ། །དེ་རྣམས་ནི་ལྡོག་པ་གཟུང་རྟོག་མ་ཡིན་པར་ཐལ། ཉ་ཊཱིཀ་ལས། འོན་ཀྱང་འདི་དག་ལྡོག་པ་གཟུང་རྟོག་ཏུ་མི་སྣང་སྟེ། ཨཱརྱ་ལྟར་དེ་དང་དེར་རྣམ་པར་རྟོག་པ་ཉིད་དུ་སྦྱར་ན་ལེགས་ལ་བསྒོམ་མི་བསྒོམ་སོགས་ནི། དམིགས་བཅས་སུ་བསྒོམས་པས་འཚང་རྒྱའམ་སྙམ་པ་དང་དེ་དམིགས་མེད་དུ་བསྒོམས་པས་འཚང་རྒྱའམ་སྙམ་པ་དང་དེ་གཉིས་གང་ཡང་མིན་པར་བསྒོམས་པས་འཚང་རྒྱའམ་སྙམ་པའི་རྟོག་པར་སློབ་དཔོན་དགོངས་ལ་གྲངས་ཡང་དེ་དག་ལས་བཟློག་པ་ལ་གཉིས་ཏེ། བསྒོམས་མ་བསྒོམས་དེ་དག་ལས་བཟློག་པ་དེ་གཉིས་ཀས་འཚང་རྒྱའམ་གཉིས་མིན་གྱི་འཚང་རྒྱའམ་སྙམ་པའི་རྟོག་པར་མདོར་བཤད་པ་ཁོ་ན་ལྟར་ལེགས་ཤིང་བུདྡྷ་ཤྲཱིས་ཀྱང་ངོ༌། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །

གསུམ་པ་འཛིན་པའི་རྣམ་རྟོག་དང་པོ་བཤད་པ།

གསུམ་པ་འཛིན་པའི་རྣམ་རྟོག་དང་པོ་བཤད་པ་ནི།

མདོ་ལས། བདག་གམ། སེམས་ཅན་ནམ། གང་ཟག་གམ། སྲོག་གམ། གང་ཟག་མི་དམིགས་ན། ཇི་ལྟར་བདག་དང༌། སེམས་ཅན་དང༌། སྲོག་དང༌། གང་ཟག་ཁམས་སུ་གདགས་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་དུ་མ་བཏགས་པས་རྣམ་མཁྱེན་ཐོབ་པར་འགྱུར་རོ། །ཞེས་སོགས་ཀྱི་དོན། རྩ་བར། སེམས་ཅན་བཏགས་པའི་སྤྱོད་ཡུལ་དང༌། །ཆོས་བཏགས་པ་དང་སྟོང་ཉིད་མིན། །ཆགས་དང་རབ་འབྱེད་བདག་ཉིད་དང༌། །དངོས་པོར་བྱེད་དང་ཐེག་གསུམ་དང༌། །ཡོན་ནི་དག་པ་མ་ཡིན་དང༌། །སྤྱོད་པ་རྣམ་པར་འཁྲུགས་པ་ལ། །འཛིན་པར་བྱེད་པ་དང་པོར་དེ། །ཤེས་པར་བྱ་བར་བསྒྲགས་པ་ཡིན། །ཞེས་གསུངས་སོ། །དེ་འཆད་པ་ལ་མདོ་ལུགས་མ་ལས།སེ༷མས་ཅ༷ན་བཏ༷གས་པ༷འི་དངོས་པོར་འཛིན་ཅིང་སྤྱོ༷ད་པའི་ཡུ༷ལ་ཅན་༡ད༷ང༌། ཆོ༷ས་ཐམས་ཅད་བཏ༷གས་པ༷འི་དངོས་པོ་༢ད༷ང༌། སེམས་ཅན་དམྱལ་བ་ལ་སོགས་པ་བཏགས་པའི་དངོས་པོ་སྟོ༷ང་པ་མ་ཡིན་པ་ཉི༷ད་༣དང༌། ཅི་ཙམ་དུ་དམིགས་པའི་ཚུལ་གྱིས་སྤྱོད་པ་དེ་ཙམ་དུ་གཟུང་འཛིན་གཉིས་ལ་ཆ༷གས་པ་༤ད༷ང༌། གཟུགས་སོགས་ཆོས་རྣམས་སོ་སོར་ར༷བ་ཏུ་འབྱེ༷ད་པའི་བད༷ག་ཉི༷ད་༥ད༷ང༌། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་མ་མཐོང་བས་དངོ༷ས་པོ༷ར་འདུ་བྱེ༷ད་པ་༦ད༷ང༌། ཐེ༷ག་པ་གསུ༷མ་པོ་རྣམ་པར་དགོད་པ་༧ད༷ང༌། དེ་བཞིན་གཤེགས་པའི་སྤྲུལ་པ་ལ་ཡོ༷ན་ཕུལ་བ་ནི༷་ད༷ག་པ༷་མ༷་ཡི༷ན་པ་༨ད༷ང། ཆོས་ཅན་སོ་སོའི་ཆོས་ཉིད་གུད་དུ་ཕྱེ་བའི་སྤྱོ༷ད་པ༷་ཆོས་ཉིད་རྣ༷མ་པ༷ར་འཁྲུ༷གས་པ༷་༩སྟེ། དེ་རྣམས་ལ༷་དངོས་པོར་འཛི༷ན་པ༷ར་བྱེ༷ད་པ༷་ནི་འཛིན་རྟོག་ད༷ང་པོ༷ར་དེ༷་ཤེ༷ས་པ༷ར་བྱའོ། །ཞེས་བྱ༷་བ༷ར་བསྒྲ༷གས་པ༷་སྟེ་བསྟན་ཏོ། །ཞེས་གསུངས་པ་ལྟར་རོ། །མཐོང་སྤང་རྣམ་རྟོག་ལྟར་རྟོག་པ་གསུམ་པ་ལ་རྫས་འཛིན་རྟོག་པ་ཞེས་བརྗོད་པ་མ་ཡིན་ཏེ། ཉ་ཊཱིཀ་ལས། རྫས་འཛིན་ནི། གཞུང་དང་མ་འགྲིག་སྟེ་སེམས་ཅན་བཏགས་པའི་རྟོག་པ་ཞེས་སོགས་སོ། །འདི་སྐྱེ་འཕགས་གཉིས་ཀ་ལ་རྟོག་པ། འོག་མ་དེའི་རྒྱུ་མཚན་ལ་བརྟེན་པའི་རྟོག་པར་བུདྡྷ་ཤྲཱིས་དོན་བཤད་པ་ལྟར་མདོའི་དོན་དུ་རུང་བས་གང་ཟག་བཏགས་པའི་རྟོག་པ། བཏགས་པའི་རྒྱུ་མཚན་གྱི་རྟོག་པ། ཞེས་གསུངས་པའི་ཕྱིར་རོ། །ཡང་ཉ་ཊཱིཀ་ལས། རྩ་བ་ལ། སྐྱེ་འཕགས་སམ་དེའི་རྟོགས་པའི་ཆོས་ལ་དམིགས་ནས་བཏགས་པ་ཙམ་དུ་འཁྲུལ་བའི་རྟོག་པ་དགུ་མཚན་གཞི། སྒོམ་རྩེའི་སྤང་བྱ་སེམས་ཅན་བཏགས་པ་ལ་བརྟེན་པའི་རྟོག་པར་མཚོན། སྒོམ་རྩེའི་ཉེར་བསྡོགས་ཀྱི་གཞོམ་བྱ་གང་ཞིགསེམས་ཅན་རྣམས་གང་ཟག་ལ་དམིགས་ནས་བཏགས་པ་ཙམ་དུ་འཁྲུལ་བའི་རྟོག་པའོ། །ཞེས་སོགས་རྣམ་རྟོག་བཞིའི་སྐབས་སུ་མཚན་མཚོན་བཤད་པ་རྣམས་རང་ལུགས་སུ་འཐད་པ་ཡིན་མིན་དང་ཉེར་བསྡོགས་དང་བར་ཆད་མེད་ལམ་གྱི་སྤང་བྱ་སོ་སོར་བཤད་པའི་ལྟར་ཡིན་མིན་དཔྱད་པར་བྱའོ། ། བཞི་པ་འཛིན་རྟོག་གཉིས་པ་བཤད་པ་ནི། རྩ་བར། སེམས་ཅན་བཏགས་དང་དེ་རྒྱུ་ཡི། །ཡུལ་ཅན་དེ་ཡིས་རྣམ་འཇོམས་པས། །སྒོམ་པའི་ལམ་དང་འབྲེལ་པ་ཡི། །མི་མཐུན་ཕྱོགས་གཞན་རྣམ་པ་དགུ །ཞེས་པ་སེ༷མས་ཅ༷ན་བཏ༷གས་པའི་དངོས་པོ་ད༷ང༌། དངོས་པོ་དེ༷འི་རྒྱུ༷འི་ཡུ༷ལ་ཅ༷ན་གྱི་འཛིན་རྟོག་ནི། སྒོམ་ལམ་དེ༷་ཡི༷ས་རྣ༷མ་པར་འཇོ༷མས་པ༷ས་ན། གཉེན་པོ་སྒོ༷མ་པ༷འི་ལ༷མ་ད༷ང༌། དེའི་སྤང་བྱར་འབྲེ༷ལ་པ༷་ལམ་དེའི་མི༷་མཐུ༷ན་ཕྱོ༷གས་འཛིན་རྟོག་སྔ་མ་ལས་གཞ༷ན་རྣ༷མ་པ༷་དགུ༷་སྟོན་པ་འདི་ལྟ་སྟེ། བདག་ཉིད་ཇི་བཞིན་ཀུན་མཁྱེན་ནི། །གསུམ་གྱི་སྒྲིབ་པ་རྣམ་གསུམ་དང༌། །ཞི་ལམ་དེ་བཞིན་ཉིད་སོགས་དང༌། །མཚུངས་པར་ལྡན་དང་མི་ལྡན་དང༌། །མི་མཉམ་སྡུག་བསྔལ་ལ་སོགས་དང༌། །ཉོན་མོངས་རྣམས་ཀྱི་རང་བཞིན་དང༌། །གཉིས་སུ་མེད་ལ་ཀུན་རྨོངས་ལ། །རྣམ་པར་རྟོག་པ་ཐ་མར་བཞེད། །ཅེས་པ་མཁྱེན་གསུམ་གྱི་སྤངས་པའི་བད༷ག་ཉི༷ད་ཇི༷་ལྟ་བ་བཞི༷ན་དུ་ཀུ༷ན་མཁྱེ༷ན་ནི༷་གསུ༷མ་གྱི༷་རང་རང་གི་སྤང་བྱའི་སྒྲི༷བ་པ༷་རྣ༷མ་པ་གསུ༷མ་སྤངས་པའི་བྱེ་བྲག་དང༌། ཆོས་ཐམས་ཅད་ཞི༷་བའི་རྣམ་པ་རྣམ་མཁྱེན་གྱི་ལ༷མ་༤དང༌། དེ༷་བཞི༷ན་ཉི༷ད་དང་ཡང་དག་པའི་མཐའ་ལ་སོ༷གས་པ་ད༷ང་ཤེར་ཕྱིན་མཚུ༷ངས་པ༷ར་ལྡ༷ན་པ་མི༷་ལྡ༷ན་པ་༥ད༷ང༌། ཤེར་ཕྱིན་ཉན་རང་བདུད་ཀྱི་རིས་གང་གིས་ཀྱང་མི་ཐུབ་པས་སུ་དང་ཡང་མི༷་མཉ༷མ་པ་༦དང༌། སྡུ༷ག་བསྔ༷ལ་སོ༷གས་བདེན་པ་བཞི་༧ད༷ང༌། ཉོ༷ན་མོ༷ངས་རྣ༷མས་ཀྱི༷་ར༷ང་བཞི༷ན་ཆགས་སོགས་ཀྱི་དེ་བཞིན་ཉིད་༨དང༌། གཟུང་འཛིན་ད༷ང་གཉི༷ས་སུ༷་མེ༷ད་པའི་དོན་༩ཏེ་དེ་རྣམས་ལ༷་ཀུ༷ན་ཏུ་རྨོ༷ངས་པ་རྣམས་ལ༷་རྣ༷མ་པ༷ར་རྟོ༷ག་ཅིང་འཛིན་པར་བྱེད་པ༷་ནི་བསྒོམ་སྤང་གི་འཛིན་རྟོག་གཉིས་ཀྱི་ནང་ནས་ཐ༷་མ༷་ཡིན་པར་མདོ་ལས་བཞེ༷ད་དོ། །ཞེས་གསུངས་སོ། །རྩ་བར། བདག་ཉིད་ཇི་བཞིན་ཀུན་མཁྱེན་ནི། །གསུམ་གྱི་སྒྲིབ་པ་རྣམ་གསུམ་དང༌། །ཞེས་པའི་དོན་ཉ་ཊཱིཀ་ལས། ཀུན་མཁྱེན་གསུམ་གྱི་བདག་ཉིད་ཇི་ལྟ་བ་བཞིན་དུ་རང་རང་དང་ཡུལ་ཡུལ་ཅན་དུ་འབྲེལ་བའི་སྒྲིབ་པ་སྟེ་ཀུན་རྨོངས་རྣམ་པ་གསུམ་སྟེ། ཞེས་གསུངས་སོ། །རྩ་བར། ཞི་ལམ་དེ་བཞིན་ཉིད་སོགས་དང༌། །མཚུངས་པར་ལྡན་དང་མི་ལྡན་དང༌། །ཞེས་པའི་དོན་ཉ་ཊཱིཀ་ལས། ཞི་བ་ཡང་དག་མཐའ་དང་ལམ་ནི་ཤེར་ཕྱིན་དུ་མདོ་དག་ལྡན་སོགས་སོ། །ཞེས་སོ། །རྟོག་པ་དགུ་བ་ལ། ཉ་ཊཱིཀ་ལས། གཉིས་སམ་གཉིས་མེད་ཀྱིས་གཉིས་མེད་ཐོབ་པར་འགྱུར་རམ་སྙམ་པ་ནི་གཉིས་མེད་ལ་ཀུན་རྨོངས་སུ་སྦྱར་ན་ལེགས་ཏེ། མདོར་གཉིས་སུ་མ་མཆིས་པའི་ཆོས་ཀྱིས་གཉིས་སུ་མ་མཆིས་པའི་ཆོས་ཐོབ་པར་བགྱིད་དམ། མིན་ནོ། །འོ་ན་གཉིས་ཀྱི་ཆོས་ཤིག་གཉིས་ཀྱི་ཆོས་ཐོབ་པར་བགྱིད་དམ་ནས་ནམ་གཉིས་ཀྱི་ཆོས་སམ་གཉིས་སུ་མེད་པའི་ཆོས་ཀྱང་མི་དམིགས་ན་ཐོབ་པར་འགྱུར་རོ་ཞེས་སོ་གས་སོ། །ཞེས་གསུངས་སོ། །

གསུམ་པ་སྤང་བྱ་རྣམ་རྟོག་ཟད་པའི་འབྲས་བུ་བཤད་པ།

གསུམ་པ་སྤང་བྱ་རྣམ་རྟོག་ཟད་པའི་འབྲས་བུ་བཤད་པ་ནི།

ཉི་ཁྲིའི་ལེའུུ་ང་བཞི་པ་ལས། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་ཕྱིར་བླ་མེད་བྱང་ཆུབ་ཏུ་ཞུགས་ནས་ཕར་ཕྱིན་དྲུག་ལ་སྤྱོད་ཅིང་རྣམ་མཁྱེན་ཐོབ་པར་བྱེད་པ་དེ་ལ་ལོ་མ་དང༌། མེ་ཏོག་དང༌།འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་རོ། །དེ་ལ་ལོ་མ་ནི་བྱང་ཆུབ་སེམས་དཔའ་ལ་བརྟེན་ནས་སེམས་ཅན་ངན་སོང་ལས་གྲོལ་བའོ། །མེ་ཏོག་ནི་བྱང་ཆུབ་སེམས་དཔའ་བརྟེན་ནས་རྒྱལ་རིགས་བྲམ་ཟེའི་རིགས་ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་དང༌། འདོད་ལྷ་དང༌། གཟུགས་ཁམས་གཟུགས་མེད་ཁམས་ཀྱི་ལྷར་སྐྱེ་བ་དང༌། འབྲས་བུ་ནི་བྱང་ཆུབ་སེམས་དཔའ་ཉིད་རྣམ་མཁྱེན་ཐོབ་ནས་སེམས་ཅན་དེ་དག་ཐེག་པ་གསུམ་གྱི་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ལ་འགོད་ཅིང་ཐོབ་པར་བྱེད། ཅེས་སོགས་ཀྱི་དོན། རྩ་བར། ཡམས་ནད་འདི་རྣམས་ཟད་ནས་ནི། །ཡུན་རིང་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་ཡི། །བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གི་སྦ་བ་ཡིས། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་ཏུ་བརྟེན་པར་བྱེད། །ཅེས་སོ། །དེ་འཆད་པ་ལ་མདོ་ལུགས་མ་ལས། དཔེར་ན་ཡ༷མས་ན༷ད་དང་འདྲ་བའི་རྣམ་རྟོག་འདི༷་རྣ༷མས་སྨན་དང་འདྲ་བའི་ལམ་གྱིས་ཟ༷ད་པར་བྱས་ན༷ས་ནི༷། སྔར་ཐོག་མ་མེད་པ་ནས་འཁོར་བའི་ནད་ཀྱིས་ངལ་ཞིང་དུབ་པ་ལས། ཡུ༷ན་རི༷ང་ཞིག་ལོ༷ན་ན༷ས། ནད་པ་ཡམས་ནད་ལས་གྲོལ་ཞིང་དབུ༷གས་ཕྱི༷ན་པ་བདེ་བའི་གནས་ཐོབ་པ་ལྟ༷ར་གྱུར་པ་དེའི་ཚེ། དུས་དང་རྣ༷མ་པ༷་ཀུ༷ན་ཏུ༷་འགྲོ༷་བ༷འི༷་བདེ༷་བ་མཐའ་དག་སྒྲུ༷བ་པར་བྱེད་པའི་ཡོ༷ན་ཏ༷ན་ཕུ༷ན་སུམ་ཚོ༷གས་པ་ཟད་མི་ཤེས་པ་ཀུ༷ན་དཔེར་ན་རྒྱ༷་མཚོ༷་ཆེ༷ན་པོ་ལ༷་ཆུ༷་བོ༷་ཆེན་པོ་ཚད་མེད་པ་བརྟེན་པ་བཞི༷ན་དུ་འབྲ༷ས་བུ༷་དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་རྐང་གཉིས་རྣམས་ཀྱི་མཆོ༷ག་ཐོབ་པ་དག་གིས་མཛེས་ཤིང་སྦ༷་བའི་བྱང་ཆུབ་སེ༷མས་དཔ༷འ་ཆེ༷ན་པོ༷་དེ༷་ལ༷་ནི༷་དུས་རྣ༷མ་པ༷་ཀུ༷ན་ཏུ༷་བརྟེ༷ན་པ༷ར་བྱེ༷ད་པ་ཡིན་ནོ། །ཞེས་གསུངས་སོ། །འདིའི་འབྲས་བུ་མཐོང་སྒོམ་གཉིས་ཀའི་སྤང་བྱ་རྣམ་རྟོག་ཟད་པ་ལ་བཤད་དེ། མདོ་ལུགས་མ་ལས། གཉེན་པོ་མཐོང་སྒོམ་དག་གིས་སྤང་བྱ་རྣམ་རྟོག་དེ་རྣམས་ཟད་པའི་འབྲས་བུ་བཤད་པ། ཞེས་དང༌། ཉ་ཊཱིཀ་ལས། རྩ་བ་ནི། མཐོང་སྒོམ་གྱི་སྤང་བྱ་རྣམ་རྟོག་འདི་རྣམས་ཡོན་ཏན་ཕུན་ཚོགས་ཀྱི་གེགས་བྱེད་པས་ཡམས་ནད་དེ་དེ་རྣམས་སའི་དབྱེ་བས་རིམ་གྱིས་ཡུན་རིང་བོ་ལོན་པས་དེ་ཟད་ནས་སྔར་དེ་དག་གིས་བརྒྱལ་བ་བཞིན་དུ་གྱུར་པ་ཕྱིས་ཟད་པ་ནི་དཔེར་ན་དབུགས་ཕྱིན་པའམ་འཚོ་བ་རྙེད་པ་ལྟར་གྱུར་པ་ན་སོགས་ཏེ། ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་དཔེ་དོན་སྦྱར་ནས་སེམས་ཅན་གྱི་དོན་སྒྲུབ་པ་ནི། ཉ་ཊཱིཀ་ལས། སེམས་ཅན་ངན་སོང་ལས་འདོན་པའི་ལོ་མ་བདེ་འགྲོར་སྐྱེ་བར་བྱེད་པའི་མེ་ཏོག རྒྱུན་ཞུགས་སོགས་ནས་རྣམ་མཁྱེན་བར་དང་ཡོན་ཕུལ་བ་རྣམས་ཀྱང་མྱང་འདས་ལ་འགོད་པའི་འབྲས་བུ་མཆོག་གིས་སྦ་བ་སྟེ་མཛེས་པ་ཞེས་སོགས་སོ། །ལོ་མ་དང་མེ་ཏོག་དང་འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་རོ། །ཞེས་གསུངས་པའི་ཕྱིར་རོ། ། བཞི་བ་བར་ཆད་མེད་རྩེ་བཤད་པ་ལ། དངོས་དང༌། བསལ་བྱ་ལོག་སྒྲུབ་བཤད་པ་དང་གཉིས། དང་པོ་ལ་མཚན་ཉིད། དམིགས་རྣམ་རྒྱུ་གསུམ། དང་པོ་ནི། མདོ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་ཐམས་ཅད་ཉན་ཐོས་ཀྱི་ས་བདུན། རང་སངས་རྒྱས་ཀྱི་ས་ལ་གནས་པ་དང༌། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པར་གྱུར་ཀྱང༌། དེ་དག་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་ཞུགས་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞེས་སོགས་ཀྱི་དོན། རྩ་བར། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང༌། །བསེ་རུའི་རྟོགས་པ་ཕུན་ཚོགས་དང༌། །བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ། །བཀོད་པའི་དགེ་རྣམས་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །སངས་རྒྱས་ཉིད་ཀྱི་བར་མེད་དེ། །བར་ཆད་མེད་པའི་ཏིང་ངེ་འཛིན། །དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་སོ། །དེའི་དོན་འཆད་པ་ལ། མདོ་ལུགས་མ་ལས། སྟོ༷ང་གསུ༷མ་གྱི་སྐྱེ༷་བོ༷་ཐམས་ཅད་ཉ༷ན་ཐོ༷ས་ཀྱི་རྟོགས་པ་ཕུན་སུམ་ཚོགས་པ་ལ་བཀོད་པའི་དགེ་བ་ད༷ང༌། སྐྱེ་བོ་དེ་རྣམས་བསེ༷་རུ༷་ལྟ་བུའི་རང་རྒྱལ་གྱི་རྟོ༷གས་པ༷་ཕུ༷ན་སུམ་ཚོ༷གས་པ་ལ་བཀོད་པའི་དགེ་བ་ད༷ང༌། དེ་བས་ཀྱང་སྐྱེ་བོ་དེ་རྣམས་བྱ༷ང་ཆུ༷བ་སེ༷མས་དཔ༷འི་སྐྱོ༷ན་མེ༷ད་པ་ལ༷་བཀོ༷ད་པ༷འི་དགེ༷་བ་རྣ༷མས་ཀྱིས་ཏིང་ངེ་འཛིན་ནི་འདིའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞེས་དཔེ༷ར་མཛ༷ད་ན༷ས། བསོ༷ད་ན༷མས་མ༷ང་པོ༷་གསུངས་པ་ཉི༷ད་ཀྱི༷ས་བསྟན་པའི་ཏིང་ངེ་འཛིན་འདི་དང༌། ས༷ངས་རྒྱ༷ས་ཉི༷ད་ཀྱི༷་བ༷ར་ན་སྒྲིབ་པས་ཆོད་པ་མེ༷ད་དོ། །དེ༷་བས་ན་སངས་རྒྱས་དང་བ༷ར་ཆ༷ད་མེ༷ད་པ༷འི་ཏི༷ང་ངེ༷་འཛི༷ན་གང་ཡིན་པ་དེ༷་ནི༷་རྣ༷མ་པ༷་ཀུ༷ན་མཁྱེ༷ན་པའི་ཡེ་ཤེས་ཉི༷ད་ཡིན་ནོ། །ཞེས་གསུངས་སོ། །དེས་ན་བར་ཆད་མེད་པའི་རྩེ་སྦྱོར་ནི། བསྡུས་སྒོམ་རབ་ཏུ་གྱུར་པའི་རང་འབྲས་རྣམ་མཁྱེན་གྱི་དངོས་རྒྱུར་གྱུར་པའི་བར་ཆད་མེད་ལམ་དེ། བར་ཆད་མེད་པའི་རྩེ་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། བར་ཆད་མེད་པའི་ཏིང་ངེ་འཛིན་ནི། བསྡུས་བསྒོམ་རབ་ཏུ་གྱུར་པའི་སྒོམ་ལམ་ཆེན་པོའི་ཆེན་པོ་གང་ཞིག འབྲས་བུ་རྣམ་མཁྱེན་གྱི་དངོས་རྒྱུར་གྱུར་པའོ། །ཞེས་གསུངས་པའི་ཕྱིར་རོ། །ཉ་ཊཱིཀ་ལས། རྩ་བ་ལ། བྱང་སེའི་རྡོར་ཏིང་ཐ་མ་ཆོས་ཅན། བར་ཆད་མེད་པའི་རྩེ་སྦྱོར་ཡིན་ཏེ། རྫོགས་པའི་སངས་རྒྱས་ཉིད་སྐད་ཅིག་གཞན་གྱིས་བར་ཆད་མེད་པར་དངོས་སུ་ཐོབ་བྱེད་ཡིན་པས་སོ། །ཞེས་གསུངས་པ་ལ་ཁྱབ་པ་ཡོད་དམ་མེད་དམ་ཅི། ཡོད་ན་རྒྱུན་མཐའི་རྒྱུད་ཀྱི་སེམས་བསྐྱེད་སོགས་དང་བར་ཆད་མེད་རྩེ་སྐད་ཅིག་རེ་རེ་ནས་དེ་ཡིན་མིན་བརྟག ཁྱབ་པ་མེད་ན་ལུང་དེའི་ཕྱིར་ཟེར་ན་དཔྱད། རྩ་བར། དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་པའི་རྣམ་པ་ཀུན་མཁྱེན་དེ་སངས་རྒྱས་ཀྱི་ས་ལ་སྦྱར་ནས་ཉ་ཊཱིཀ་ཏུ་བཤད་དེ། དེ་ལས། འོ་ན་འབྲས་བུ་སངས་རྒྱས་ཉིད་གང་ཞེ་ན་དེའི་འབྲས་བུ་སངས་རྒྱས་དེ་ནི་རྣམ་པ་ཀུན་མཁྱེན་པ་ཉིད་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱའོ་ཞེས་སོ། །ཞེས་གསུངས་པའི་ཕྱིར། དེས་ན་དེ་ནི་བར་ཆད་མེད་རྩེ་དང་རྣམ་མཁྱེན་གཉིས་གང་ལ་བྱེད་དཔྱད་པར་བྱའོ། །

གཉིས་པ་དམིགས་རྣམ་རྒྱུ་གསུམ་བཤད་པ།

གཉིས་པ་དམིགས་རྣམ་རྒྱུ་གསུམ་བཤད་པ་ལ།

རྣམ་མཁྱེན་འདིའི་དམིགས་པ་ནི་གང༌། བདག་པོ་གང༌། རྣམ་པ་ནི་གང་ཞེ་ན། ཁྲི་བརྒྱད་སྟོང་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པའོ། །དབང་བྱེད་པ་ནི་དྲན་པའོ། །རྣམ་པ་ནི་ཞི་བའོ། །ཞེས་གསུངས་པའི་དོན། རྩ་བར། འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་ དྲན་པ་ཡིན་པར་བཞེད། །རྣམ་པ་ཞི་ཉིད། ཅེས་སོ། །དེ་འཆད་པ་ལ་མདོ་ལུགས་མ་ལས། ཐམས་ཅད་ཀྱི་ཡིན་ལུགས་དངོས་པོ་མེད་པ་ནས་བརྩམས་ནས་སངས་རྒྱས་ཀྱི་མཁྱེན་པ་འཇུག་པའི་ཕྱིར། རྣམ་མཁྱེན་འདི༷འི༷་དམི༷གས་པ༷་ནི་དངོ༷ས་པོ་མེ༷ད་པ་ཡིན་ཏེ༷། རྣམ་མཁྱེན་འདི་སྒྲུབ་བར་བྱེད་པའི་རྒྱུ་ལ་དབང་བྱེད་པའི་བད༷ག་པོ༷་ནི་དྲ༷ན་པ༷འི་དབང་པོ་ཡི༷ན་པ༷ར་མདོ་ལས་བཞེ༷ད་དོ། །རྣམ་མཁྱེན་འདིའི་རྣ༷མ་པ༷་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི༷་བ་ཉི༷ད་ཡིན་ནོ། །ཞེས་གསུངས་སོ། །ཡུམ་གསུམ་གནོད་འཇོམས་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པའོ། །ཞེས་བྱ་བ་ནི་དངོས་པོ་མེད་པ་ལས་བརྩམས་ནས་འཇུག་ཅེས་བྱ་བའི་དོན་ཏེ། དམིགས་པའི་རྐྱེན་ནི་མ་ཡིན་ནོ། །དབང་བྱེད་པ་ནི་དྲན་པའོ་ཞེས་བྱ་བ་ནི་སྔོན་གྱི་རྒྱུའི་དབང་གིས་བརྗོད་ཀྱི། དེའི་ཚེ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །རྩ་བའི་དོན་ཉ་ཊཱིཀ་ལས། རྩ་བ་ལ། ཆོས་ཀུན་བདེན་པའི་དངོས་པོ་མེད་པའི་རང་བཞིན་གྱིས་འོད་གསལ་བའི་ཆོས་ཉིད་ཆོས་ཅན། བསྐྱེད་འབྲས་རྣམ་མཁྱེན་འདིའི་དམིགས་པ་ཡིན་ ཏེ། དེས་རང་གི་རྣམ་པ་ཇི་ལྟར་རྟོགས་བྱ་ཡིན་པས་སོ། །ཞེས་པ་ནས། རྣམ་མཁྱེན་སྙིང་ཟླར་ཡང་རྣམ་མཁྱེན་ཏེ་བར་ཆད་མེད་རྩེ་ཞེས་འཆད། འདིའི་དམིགས་པ་ནི་དངོས་པོ་མེད་པའོ། །དབང་ནི་དྲན་པ།རྣམ་པ་ནི་ཞི་བ་ཞེས་སོགས་སོ། །འགྲེལ་བ་ལ། བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་སྦྱར་ཏེ་གཞན་རྩ་བ་ལྟར་རོ། །ཞེས་གསུངས་སོ། །འདིའི་སྐབས་སུ་རྣམ་མཁྱེན་དང་བར་ཆད་མེད་རྩེ་གཉིས་ལས་གང་གི་དམིགས་རྣམ་རྒྱུ་གསུམ་བཤད་པ་ཡིན་བརྟག་པར་བྱའོ། ། གཉིས་པ་བསལ་བྱ་ལོག་སྒྲུབ་བཤད་པ་ལ། དངོས་དང་སྐབས་འདིར་བདེན་གཉིས་ལ་མཐའ་ཅུང་ཟད་དཔྱད་པ་དང་གཉིས། དང་པོ་ནི། རྩ་བར། འདི་ལ་ནི། །རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། །ཞེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཆོས་ཐམས་ཅད་དངོས་པོ་མེད་པར་མཁྱེན་པ་འདི་ལ་ནི། དངོས་པོར་ཞེན་པའི་གྲུབ་མཐའ་སོ་སོར་རབ་ཏུ་འཛིན་པ་དངོས་སྨྲ་བ་རྣམས། ཆོས་ཐམས་ཅད་དངོས་པོ་མེད་ན། རྣམ་མཁྱེན་ལ་བརྟེན་པའི་ཆོས་བཅུ་དྲུག་པོ་འདི་རྣམས་མི་འཐད་ཅེས་རྒྱུད་མར་རྒོལ་པར་བྱེད་པའི་རྩོད་གཞི་བཅུ་དྲུག་པོ་རྒྱུད་མར་བྱུང་བའོ། །དེས་ན་མཚན་ཉིད་ནི། ཡོད་པ་དང་དོན་དམ་པར་མེད་པ་གཉིས་འགལ་བར་བསམ་ནས་རྩོད་པའི་རྩོད་པ། སྐབས་འདིའི་བསལ་བྱ་ལོག་སྒྲུབ་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། བསལ་བྱ་ལོག་སྒྲུབ་ཀྱི་མཚན་ཉིད། བདེན་གཉིས་འགལ་བར་བསམ་ནས་རྩོད་པའི་རྩོད་པ། ཞེས་གསུངས་པའི་ཕྱིར། དེ་ལ་དབྱེ་ན་བཅུ་དྲུག དེ་ཡང་འདི་ལྟ་སྟེ། རྩ་བར། དམིགས་པ་འཐད་དང་དེ་ཡི་ནི། །ངོ་བོ་ཉིད་ངེས་གཟུང་བ་དང༌། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང༌། །དམ་པའི་དོན་དང་ཀུན་རྫོབ་དང༌། །སྤྱོད་དང་དཀོན་མཆོག་གསུམ་པོ་དང༌། །ཐབས་བཅས་ཐུབ་པའི་རྟོགས་པ་དང༌། །ཕྱིན་ཅི་ལོག་ནི་ལམ་བཅས་དང༌། །གཉེན་པོ་མི་མཐུན་ཕྱོགས་དག་དང༌། །མཚན་ཉིད་དང་ནི་སྒོམ་པ་ལ། །སྨྲ་བ་རྣམས་ཀྱི་ལོག་རྟོག་པ། །རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཅེས་སོ། །དེའི་དོན་མདོ་ལུགས་མ་ལས། གང་གིས་ཕྱིར་རྣམ་མཁྱེན་གྱིས་དམིགས་པའི་ཆོས་ཐམས་ཅད་དངོས་པོ་མེད་ན་རྣམ་མཁྱེན་ལ་རྟེན་པ་ཅན་འདི་རྣམས་མི་འཐད་ཞེས་རྒོལ་བ་དངོས་པོ་སྨྲ་བ་རྣམས་ཀྱི་ལོག་རྟོག་སེལ་དགོས་པའི་ཕྱིར། ལོག་པར་བསྒྲུབ་པ་དེ་དག་གིས་ལན་རྣམས་རིམ་པ་ལྟར་གདབ་པ་ནི། གཟུགས་སོགས་ཆོས་ཐམས་ཅད་ལ་འདུས་བྱས་ཀྱི་ངོ་བོ་མེད་པའི་ཕྱིར།རྣམ་མཁྱེན་གྱི་དམི༷གས་པ༷་དངོས་པོ་མེད་པར་འཐ༷ད་པ་༡ད༷ང༌། ཆོས་ཐམས་ཅད་ཆོས་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། དམིགས་པ་དེ༷འི༷་ནི༷་ངོ༷་བོ༷་དངོས་པོ་མེད་པ་ཉི༷ད་དུ་ངེ༷ས་པར་གཟུ༷ང་བ༷་འཐད་པ་༢ད༷ང༌། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་འདྲེས་པར་བྱེད་པའི་སྦྱིན་སོགས་ལ་སྤྱོད་པ་ཉིད་བྱང་ཆུབ་ཀྱི་ལམ་ཡིན་པའི་ཕྱིར་ལམ་དེས་རྣ༷མ་པ་ཀུ༷ན་མཁྱེ༷ན་པ་ཉི༷ད་ཀྱི་ཡེ༷་ཤེ༷ས་ཐོབ་པར་འཐད་པ་༣ད༷ང༌། དངོས་པོ་མེད་པའི་ངོ་བོ་ཉིད་ལ་བདེན་གཉིས་གཞན་དང་གཞན་དུ་གྲུབ་པ་མེད་ཀྱང་དངོས་པོའི་འདུ་ཤེས་ཅན་གྱིས་དོན་དམ་པ་དངོས་པོ་མེད་པའི་ངོ་བོ་ཉིད་དེ་ཤེས་པར་བྱ་བའི་དོན་དུ་དངོས་པོ་ཡོད་མེད་ཀྱི་ཐ་སྙད་དགོས་པ་ནི་ཀུན་རྫོབ་ལ་རྟེན་པའི་ཕྱིར་ད༷མ་པ༷འི་དོ༷ན་ད༷ང་ཀུ༷ན་རྫོ༷བ་ཀྱི་དབྱེ་བ་འཐད་པ་༤ད༷ང༌། འདི་ནི། ཉི་ཁྲིའི་ལེའུ་ང་ལྔ་པས་སྟོན་ནོ། །ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མི་འགྱུར་བར་གཟུགས་སོགས་དངོས་པོས་སྟོང་ཞེས་བྱ་བར་སྤྱོད་པ་ནི་བྱང་ཆུབ་ཀྱི་དོན་དུ་སྤྱོད་པ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོ༷ད་པའི་འཐད་པ་༥ད༷ང༌། དངོས་པོ་མེད་པའི་ཡང་དག་པའི་དོན་རབ་ཏུ་རྟོགས་པའི་ཕྱིར་སངས་རྒྱས་དཀོ༷ན་མཆོ༷ག་འཐད་པ་༦དང༌། དངོས་པོ་མེད་པ་དེ་བཞིན་ཉིད་ཀྱི་ངོ་བོ་བྱང་ཆུབ་ཡིན་པའི་ཕྱིར་ཆོས་དཀོན་མཆོག་འཐད་པ་༧དང༌། བྱང་ཆུབ་སེམས་དཔའ་རྣམས་དངོས་པོ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་དེ་ལ་སློབ་པའི་ཕྱིར་དགེ་འདུན་དཀོན་མཆོག་འཐད་པ་༨དང༌། འདི་ནི་ཉི་ཁྲིའི་ལེའུ་ང་དྲུག་པ་དང༌། ང་བདུན་པས་ཐབས་ལ་མཁས་པ་སྟོན་ནོ། །ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པའི་ཐབས་མཁས་དང་བྲལ་ནས་རྣམ་མཁྱེན་མི་ཐོབ་པའི་ཕྱིར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་འཇུག་པའི་ཐ༷བས་མཁས་དང་བཅ༷ས་པ་འཐད་པ་༩དང༌། དེ་ནས་སྐབས་འདི་རྫོགས་ཀྱི་བར་ཉི་ཁྲིའི་ལེའུ་ང་བརྒྱད་པས་སྟོན་ཏོ། །དངོས་པོ་མེད་པའི་ངོ་བོ་ཉིད་ལས་མི་གཡོ་བའི་ཡེ་ཤེས་ལ་དངོས་པོ་ཡོད་མེད་ཀྱི་སྦྲོས་པ་མེད་པའི་ཕྱིར་ཐུ༷བ་པ༷འི་མངོན་རྟོ༷གས་འཐད་པ༷་༡༠ད༷ང༌། དངོས་པོ་ངོ་བོ་ཉིད་མེད་པའི་གཟུགས་རྟག་མི་རྟག་སོགས་སུ་ཞེན་པ་ནི་ཕྱིན་ཅི་ལོག་ཏུ་སྤྲོས་པ་ཡིན་པའི་ཕྱིར་ཕྱི༷ན་ཅི༷་ལོ༷ག་འཐད་པ་༡༡ད༷ང༌། བྱང་ཆུབ་སེམས་དཔའ་ནི་ངོ་བོ་ཉིད་མེད་པའི་ལམ་ཐམས་ཅད་སློབ་པའི་ཕྱིར་རྣམ་མཁྱེན་ཐོབ་བྱེད་ཀྱི་ལ༷མ་དང་བཅ༷ས་པ་འཐད་པ་༡༢ད༷ང༌། ལམ་ཐམས་ཅད་ལ་སློབ་ཀྱང་ཤེས་པ་དང་མཐོང་བས་དམན་པའི་ས་བརྒྱད་ལས་འདའ་བའི་ཕྱིར་གཉེ༷ན་པོ༷་ལམ་ཤེས་འཐད་པ་༡༣དང༌། བྱང་ཆུབ་སེམས་དཔའ་རྒྱུན་ཞུགས་ལ་སོགས་ཉན་རང་གི་འབྲས་བུ་མངོན་དུ་བྱེད་པ་སྤོང་བའི་ཕྱིར་ལམ་ཤེས་ཀྱི་མི༷་མཐུ༷ན་ཕྱོ༷གས་ཉན་རང་གི་ས་ད༷ག་འཐད་པ་༡༤ད༷ང༌། དངོས་པོའི་མཚ༷ན་ཉི༷ད་མེད་པའི་དབྱིངས་ཀྱང་གློ་བུར་དུ་གནས་པར་མ་བྱས་ཤིང་ཡེ་ནས་དེ་བཞིན་དུ་གནས་པའི་ཕྱིར་ཆོས་ཐམས་ཅད་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་འཐད་པ་༡༥ད༷ང༌། དངོས་པོར་རྟོག་པའི་སྒོམ་པ་རྣམ་པར་བཤིག་ནས་མཚན་ཉིད་མེད་པར་བསྒོམ་པ་ཉིད་ཤེར་ཕྱིན་བསྒོམ་པ་ཡིན་པའི་ཕྱིར་ཤེར་ཕྱིན་བསྒོ༷མ་པ༷་འཐད་པ་༡༦སྟེ། དེ་རྣམས་ཀྱིས་དེ་དག་ལ་དངོས་པོར་སྨྲ༷་བ༷་རྣ༷མས་ཀྱི༷ས་མི་འཐད་སྙམ་པའི་ལོ༷ག་པར་རྟོ༷ག་པས་ཀུན་ནས་བསླང་བའི་རྩོད་པ་རྣ༷མ་པ༷་ཀུ༷ན་མཁྱེ༷ན་པ་ཉི༷ད་ལ་རྟེ༷ན་པ་ཅ༷ན་གྱི་ཆོས་ལ་རྒོལ་བའི་རྣ༷མ་པ༷་བཅུ༷་དྲུ༷ག་ད༷ག་ཏུ༷་བྱུང་བ་རྣམས་བསལ་བར་བཞེ༷ད་པ་ཡིན་ནོ། །ཞེས་གསུངས་སོ། །སྐབས་འདིར་ཉ་ཊཱིཀ་ལས། རྩ་འགྲེལ་ལྷན་ཅིག་བཤད་དེ། རྣམ་མཁྱེན་གྱི་དམིགས་པ་འཐད་པ་ལ་ལོག་རྟོག་ནི་རྣམ་མཁྱེན་ནམ་བར་ཆད་མེད་རྩེའི་དམིགས་པ་མི་འཐད་པར་ཐལ། འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་དག་དངོས་པོ་སྟེ་རང་བཞིན་མེད་པ་ཉིད་ཀྱིས་སོ་ཞེ་ན། དོན་དམ་དུ་འདོད། ཀུན་རྫོབ་ཏུ་ཡང་ཅང་མེད་ཀྱི་རང་བཞིན་ཡིན་པ་རྟགས་མ་གྲུབ། དོན་དམ་དུ་རང་བཞིན་མེད་པས་དམིགས་པ་མི་འཐད་པའི་ཁྱབ་པ་མེད་དེ། བར་ཆད་མེད་རྩེའམ་རྣམ་མཁྱེན་ཆོས་ཅན། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པས་ཁྱོད་ཀྱི་དམིགས་པ་གཏན་མེད་དུ་མི་འགྱུར་ཏེ། དོན་དམ་པར་བདེན་པའི་དངོས་པོ་མེད་པའི་རྟེན་འབྲེལ་སྒྱུ་མ་ལྟ་བུ་དང་བདེན་སྟོང་གི་ཆོས་དབྱིངས་ཀུན་རྫོབ་ཏུ་ཁྱོད་ཀྱི་དམིཊ་པར་འཐད་པས་སོ། །ཞེས་པ་ནས། རྩོད་པའི་སྐོར་སོང་ནས་ལན་གྱི་སྐོར་ནི། དེ་འདྲའི་ལོག་རྟོག་བཅུ་དྲུག་ཡོད་པ་དེ་བས་ན་ཀུན་རྫོབ་དང་དོན་དམ་པའི་སྒོ་ཅན་གྱི་ཀླན་ཀ་ནི་བདེན་གཉིས་རེ་རེ་ཁོ་ན་ཚད་མར་གཟུང་སྟེ། གཅིག་ཤོས་སུན་བྱུང་ནས་རྣམ་མཁྱེན་མེད་པར་འགྱུར་ཞེས་རྒོལ་བ་རྣམས་ཀྱི་གོ་རིམ་བཞིན་དུ་དོན་དམ་པའི་སྒོ་ཅན་གྱི་ཀླན་ཀ་ལ་ཀུན་རྫོབ་ཀྱི་སྒོ་ནས། ཀུན་རྫོབ་སྒོ་ཅན་ལ་དོན་དམ་སྒོ་ནས་ལན་གདབ་དགོས་ལ། སྤྱིར་འདིར་ཡང་ཀུན་རྫོབ་སྒོ་ཅན་ལ་ཀུན་རྫོབ། དོན་དམ་ལ་དོན་དམ། གཅིག་ལ་གཉིས་ཀ་ལ་ལར་ཡང་དག་དང་ལོག་པའི་ཀུན་རྫོབ་ཀྱི་ལན་སོགས་ཅི་རིགས་པ་ཡོད་དོ། །ཞེས་དང༌། རང་ལུགས་ནི། སྤང་གཉེན་མེད་པར་ཐལ། བླང་དོར་མེད་པའི་ཕྱིར། ལྟ་བུ་ལ་མཚོན་ན། དབུ་མ་པས། ཆོས་ཐམས་ཅད་རང་བཞིན་མེད་བྱས་པ་ལ། འོ་ན། རི་བོང་གི་རྭ་ལྟར་གཏན་མེད་ཡིན་པར་ཁས་ལེན་པ་ཡིན་སྙམ་ནས། བླང་དོར་མེད་པའི་ཕྱིར། ཞེས་ཟེར་བ་དེ། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་སྟེ། ཀུན་རྫོབ་ཀྱི་དབང་དུ་བྱས་པའམ་ཀུན་རྫོབ་ལ་བསམ་ནས་རྩོད་པ་ལ་ཟེར་ལ། དོན་དམ་གྱི་ལན་ནི། ཁོ་བོ་ཅག བླང་དོར་མེད་ཟེར་བ། དོན་དམ་དུ་ཡིན་གྱི་ཀུན་རྫོབ་ཏུ་མིན་པས། རྟགས་མ་གྲུབ་ཅེས་པ་ལྟ་བུའོ། །ཡང་རྩོད་པ་དེ་ལ། དོན་དམ་པར་བླང་དོར་མེད་པའི་ཕྱིར། ཞེས་ཟེར་ན། དོན་དམ་སྒོ་ཅན་ཏེ། དོན་དམ་ལ་བསམས་ནས་རྩོད་པས་སོ། །ལན་ཀུན་རྫོབ་སྒོ་ཅན་ནི་ཁྱབ་པ་མེད་དེ། དོན་དམ་པར་བླང་དོར་མེད་ཀྱང་ཀུན་རྫོབ་ཏུ་སྤང་གཉེན་འཐད་ཅེས་པ་ལྟ་བུའོ། །ཅི་རིགས་པར་ཤེས་པར་བྱའོ། །དེ་ལྟར་ན་བྱང་པ་དགེ་བ་ནི་གཞན་དོན་བྱེད་ཅིང་སངས་རྒྱས་ཏེ་དེ་འདོད་པ་རྣམས་ཀྱིས་བར་ཆད་མེད་པའི་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །ཅི་ཞིག་བྱས་ནས་ཤེ་ན། ཡུལ་གྱི་དབྱེ་བས་ལོག་རྟོག་མཐའ་ཡས་པས་ལན་ཡང་རྣམ་པ་སྟོང་དུ་བཏབ་པས་བསལ་བ་ཞེས་པ་ལན་མི་ཟད་པའི་དོན་ནམ། བཅུ་དྲུག་པོར་མ་ཟད་ལྷ་ཆེན་དང་ཁྱབ་འཇུག་ལ་སོགས་རྒོལ་བ་སྟོང་སྟེ་མཐའ་ཡས་པ་བསལ་བ་སྟེ། གང་གིས་བསལ་ན་བདེན་པ་གཉིས་ལ་བརྟེན་པ་སྟེ་གཉིས་ཀྱི་གནས་ཚུལ་ལྟར་རྟོགས་པའི་ཐབས་ལ་མཁས་པས་སོ། །དེ་འདྲ་དེ་སྔོན་དུ་འགྲོ་བའི་སྒོ་ནས་རྣམ་མཁྱེན་དང་བར་ཆད་མེད་རྩེ་དང་དེའི་དམིགས་རྣམ་སོགས་ལ་འདི་ཡིན་གྱི་གཞན་དུ་མིན་ནོ། །ཞེས་པའི་ངེས་པ་རྣམ་པ་ཐམས་ཅད་དུ་ཡང་དག་པར་ཏེ་བརྟན་པོ་བསྐྱེད་ནས་སོ། །བཅུ་དྲུག་ནི་གདུལ་བྱ་ཉེ་བ་ལ་ལྟོས་ནས་བཤད་ཀྱི་ཡུལ་གྱི་དབྱེ་བས་མཐའ་ཡས་པས་སྟོང་ཞེས་དང་མི་འགལ་ལོ་ཞེས་གསེར་རོ། །ཞེས་གསུངས་སོ། །དེ་ལྟར་སྔོན་མེད་ལེགས་བཤད་ལས། ཡང་ཀུན་རྫོབ་རྣམ་པར་འཇོག་བཞིན་དུ་ཡང་ལོག་གི་དབྱེ་བ་ལ་དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་ཀྱིས་དཔྱོད་པ་འདི་ནི། དོན་དམ་སྒོ་ཅན་གྱི་གླན་ཀ་ཡིན་པས་ལྟ་བ་ངན་པའི་གཞི་ཆེན་པོར་འགྱུར་ལ། །ཞེས་གསུངས་སོ། །དེས་ན་རང་ལུགས་ཀུན་རྫོབ་དོན་དམ་གང་དུ་ཡོད་ན་ཡོད་པ་ཡིན་དགོས་ཏེ། གཞི་ལམ་འབྲས་གསུམ་གྱི་དྲིས་ལན་ཡིད་ཀྱི་མུན་སེལ་ལས། དེ་ལྟར་ན་གཞི་གྲུབ་པ་ཅུང་ཟད་ཙམ་ཡང་མེད་པར་འགྱུར་རོ། །ཞེས་དང༌། བཀའ་བསྡུ་ལྔ་བ་ལས། ལོངས་སྐུའི་རྟེན་ཆོས་སྐུ་ཡོད་པ་མ་ཡིན་ན། སྤྲུལ་སྐུས་གསུངས་པའི་ཆོས་རྣམས་ཡོད་པ་མིན་པར་འགྱུར། སྤྲུལ་སྐུས་གསུངས་པའི་ཆོས་ཡོད་པ་མིན་ན་ཆོས་ལ་བླང་དོར་བྱེད་པའི་དགེ་འདུན་དང་སྐྱེས་བུ་ཡོད་པ་མིན་པར་འགྱུར། ཆོས་ལ་བླང་དོར་བྱེད་མཁན་གྱི་སྐྱེས་བུ་ཡོད་པ་མ་ཡིན་ན་ལས་རྒྱུ་འབྲས་ལ་བླང་དོར་བྱེད་པ་པོ་ཡོད་པ་མིན་པར་འགྱུར། ལས་རྒྱུ་འབྲས་ལ་བླང་དོར་བྱེད་པ་པོ་ཡོད་པ་མིན་ན། ལས་རྒྱུ་འབྲས་ལ་བླང་དོར་བྱེད་པ་ལས་བྱུང་བའི་འབྲས་བུ་མཐོ་རིས་དང་ཐར་བ། འཁོར་བ་དང་ངན་སོང་སོགས་མེད་པར་ཁས་བླང་དགོས་ཏེ། རྒྱང་འཕེན་པའི་གསང་ཚིག་འཛིན་པ་དང་བཟོད་བྱུང་མི་གདའ་འམ། ཞེས་དང༌། ཀུན་རྫོབ་གཟུགས་ཀྱི་སྐུ་ཡོད་པའི་རྒྱུ་མཚན་གྱིས་དེའི་རྟེན་དོན་དམ་ཆོས་སྐུ་ཡོད་པར་བསྒྲུབས། ཞེས་དང༌། རྒྱང་འཕེན་པ་སྐྱེ་བ་སྔ་ཕྱི་དང་ལས་འབྲས་སོགས་ཡོད་པ་ལ་མེད་པར་ལྟ་བས་ཆད་ལྟ་ཟེར་བ་ཡིན་གྱི།ཞེས་དང༌། ཁ་ཅིག་ཀུན་རྫོབ་སྣང་ཙམ་འདི་ཡང་འགོག །ཁ་ཅིག་དོན་དམ་བདེན་པ་མེད་དོ་ལོ། །གཉིས་ཀ་དྲིལ་ནས་ཤེས་བྱ་ཡུལ་ནས་ཕུད། །རི་བོང་རྭ་ལ་སུ་ཞིག་རྩོད་པ་ཡིན། །ཞེས་དང༌། ཀུན་རྫོབ་ཆོས་ཀུན་བདེན་པར་ཤེས་ཀྱང་ཤེས་པ་མ་ཡིན་བརྫུན་པ་སླུ་བའི་ཆོས་ཅན་ཡིན། །ཀུན་རྫོབ་ལས་འབྲས་མེད་པར་ཤེས་ཀྱང་ཤེས་པ་མ་ཡིན་ངན་སོང་གསུམ་དུ་འཕེན་བྱེད་ཡིན། །ཞེས་གསུངས་སོ། །

སྐབས་འདིར་བདེན་གཉིས་ལ་མཐའ་ཅུང་ཟད་དཔྱད་པ།

སྐབས་འདིར་བདེན་གཉིས་ལ་མཐའ་ཅུང་ཟད་དཔྱད་པ་ལ།

བདེན་གཉིས་ཤེས་པའི་ཕན་ཡོན། མ་ཤེས་པའི་ཉེས་དམིགས། བདེན་གཉིས་ཀྱི་རང་བཞིན་ངེས་པར་བྱ་བ་དང་གསུམ།དང་པོ་ནི། དབུ་མ་བདེན་གཉིས་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་སོ། །གཉིས་པ་བདེན་གཉིས་མ་ཤེས་པའི་ཉེས་དམིགས་ནི། དབུ་མ་རྩ་བར། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །གང་དག་བདེན་པ་འདི་གཉིས་ཀྱི། །རྣམ་པར་དབྱེ་བ་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་ནུས། །དམ་པའི་དོན་ནི་མ་རྟོགས་ན། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་སོ། ། གསུམ་པ་བདེན་གཉིས་ཀྱི་རང་བཞིན་ངེས་པར་བྱ་བ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ། གཅིག་དང་ཐ་དད་བཤད་པ་དང་བཞི། དང་པོ་ནི། གཤིས་ལ་རང་གི་ངོ་བོ་བདེན་པས་སྟོང་བའི་རྣམ་ཤེས་ཀྱི་ཡུལ་དེ། ཀུན་རྫོབ་བདེན་པའི་མཚན་ཉིད། གཤིས་ལ་རངགི་ངོ་བོ་བདེན་པས་མི་སྟོང་བའི་འཕགས་པའི་ཡེ་ཤེས་དམ་པའི་ཡུལ་དེ། དོན་དམ་བདེན་པའི་མཚན་ཉིད་ཡིན་ཏེ། དབུ་མའི་མན་ངག་ཁྱད་འཕགས་ལས། རང་གི་ངོ་བོ་བདེན་སྟོང་རྣམ་ཤེས་ཀྱི། །ཡུལ་ནི་ཀུན་རྫོབ་ཙམ་གྱི་མཚན་ཉིད་ཡིན། །རང་གི་ངོ་བོ་བདེན་གྲུབ་འཕགས་པ་ཡི། །ཡེ་ཤེས་སྤྱོད་ཡུལ་དོན་དམ་བདེན་པར་གསུངས། །ཞེས་དང༌། བདེན་གཉིས་གསལ་བའི་ཉི་མ་ལས། རྣམ་ཤེས་ཀྱི་ཡུལ་གང་ཞིག གཤིས་ལ་རང་གི་ངོ་བོ་བདེན་པས་སྟོང་བ་ནི། ཀུན་རྫོབ་བདེན་པའི་མཚན་ཉིད་དང༌། འཕགས་པའི་ཡེ་ཤེས་དམ་པའི་ཡུལ་གང་ཞིགགཤིས་ལ་རང་གི་ངོ་བོ་བདེན་པས་མི་སྟོང་བ་ནི། དོན་དམ་བདེན་པའི་མཚན་ཉིད། ཅེས་དང༌། ཉ་ཊཱིཀ་ལས། དོན་དམ་བདེན་པའི་མཚན་ཉིད། ཆོས་རྣམས་ཀྱི་རང་བཞིན་སྤྲོས་བྲལ་གང་ཞིག་གཉིས་མེད་ཡེ་ཤེས་ཀྱིས་སོ་སོ་རང་རིག་པས་ཤེས་ཀྱི་སྒྲ་རྟོག་སོགས་ཀྱི་དངོས་ཡུལ་ལས་འདས་པ་སྟེ་ཀླུས། གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་དེ་ཁོ་ནའི་མཚན་ཉིད་དོ། །ཞེས་སོ། །ཀུན་རྫོབ་ཀྱི་མཚན་ཉིད། དོན་དམ་པར་མེད་ཅིང་མ་དཔྱད་པའི་བློ་ངོ་ན་སྣང་བའོ། །ཀུན་རྫོབ་བདེན་པའི་མཚན་ཉིད། ཀུན་རྫོབ་གང་ཞིག བག་ཆགས་བརྟན་པའི་བློ་ངོར་གྲུབ་པ་སྟེ། བདེན་གཉིས་ལས། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་གཅིག་ཤོས་ཡིན། །ཞེས་དང༌།ཤེར་འགྲེལ་སྔོན་མེད་ལེགས་བཤད་ལས། རྣམ་ཤེས་འཁོར་བཅས་ཀྱི་སྤྱོད་ཡུལ་ནི། ཀུན་རྫོབ་ཀྱི་མཚན་ཉིད་ཡིན་ལ། རང་གི་ངོ་བོ་ཡང་དག་པར་གྲུབ་ཅིང༌། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་སྤྱོད་ཡུལ་ནི། དོན་དམ་བདེན་པའི་མཚན་ཉིད་དོ། །ཀུན་རྫོབ་བདེན་པ་དང༌། ཐ་སྙད་བདེན་པ་དང༌། རྫུན་པའི་བདེན་པ་རྣམས་དོན་གཅིག ཅེས་གསུངས་སོ། །

གཉིས་པ་སྒྲ་བཤད་ནི།

ཡང་དག་པའི་དོན་ལ་སྒྲིབ་ཅིང་འགེབས་པས་ཡང་དག་སྒྲིབ་པའམ་ཀུན་ནས་འགེབས་པ་སྟེ་བདེན་གཉིས་ལས། གང་ཞིག་གིས་སམ་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་སོ། །བདེན་པ་ནི་མི་བསླུ་བར་སྣང་བའོ། །དོན་ཡང་ཡིན་ལ་མཆོག་གམ་དམ་པ་ཡང་ཡིན་པས་དོན་དམ་མཉམ་བཞག་གི་ཡེ་ཤེས་དམ་པའི་ཡུལ་ཡིན་པས་དམ་པའི་དོན། འཕགས་པའི་ཡེ་ཤེས་དམ་བའི་ཡུལ་དུ་བསླུ་བ་མེད་པས་དམ་པའི་དོན་གྱི་བདེན་པ་སྟེ། ལང་གཤེགས་ལས། ཡེ་ཤེས་དམ་པ་བདག་མེད་པ། །སྣང་བ་མེད་ལ་མི་གཟིགས་སོ། །ཞེས་དང༌། བདེན་གཉིས་ལས། བསླུ་བ་མེད་པའི་རིག་པ་དེ། །དོན་དམ་ཡིན་ཏེ་ཀུན་རྫོབ་མིན། །ཞེས་དང༌། སྔོན་མེད་ལེགས་བཤད་ལས། ཅིའི་ཕྱིར་ཀུན་རྫོབ་ཅེས་བྱ་ན། ཀུན་རྫོབ་ཀྱི་སྐད་དོད། སམ་པྲྀ་ཏའི་སྒྲ་ལས་དྲངས་ནས། ཡང་དག་པ་ལ་སྒྲིབ་བྱེད་མ་རིག་པའི་སྣང་ངོར་གྱུར་པའི་དོན་ཡིན་ལ། ཡང་སམ་ནི་ཀུན་ནས་ཀྱི་དོན་དང་པྲྀ་ཏ་བསླུ་བ་དང༌། སྒྲིབ་པ་དང༌། བརྫུན་གྱི་དོན་ཡིན་པས། ཀུན་ཏུ་བརྫུན་པའོ། །ཞེས་གསུངས་སོ། ། གསུམ་པ་དབྱེ་བ་བཤད་པ་ལ། དོན་དམ་ལ་དབྱེ་ན། རྣམ་གྲངས་པའི་དོན་དམ་དང་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ཏེ། དང་པོ་ནི། དོན་དམ་པར་སྐྱེ་བ་མེད་པ་རང་བཞིན་མེད་པ་ཙམ་སོགས་ཏེ། བདེན་གཉིས་ལས། སྐྱེ་བ་ལ་སོགས་བཀག་པ་ཡང༌། །དོན་དམ་པ་དང་མཐུན་པའི་ཕྱིར། །དོན་དམ་ཡིན་པར་ཁོ་བོ་འདོད། །ཅེས་གསུངས་སོ། །དེས་ན་དེ་དག་དོན་དམ་བདེན་པ་དངོས་མིན་ཏེ་མེད་དགག་ཡིན་པའི་ཕྱིར་དང་ཀུན་རྫོབ་དང་རི་བོང་རྭ་ལ་སོགས་པ་ཀུན་ཁོ་ཡིན་པའི་ཕྱིར་ཞེས་སོགས་ཤེས་པར་བྱའོ། །ཞེས་ཉ་ཊཱིཀ་ལས་གསུངས་སོ། །གཉིས་པ་ནི་དོན་དམ་དངོས་ཏེ། ཆོས་ཉིད་དང་ཡང་དག་མཐའ་སོགས་ཏེ་འདིའི་རྣམ་གྲངས་ནི་དབུས་མཐར། སྟོང་བ་ཉིད་དེ་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །གཞན་མིན་ཕྱིན་ཅི་ལོག་མ་ཡིན། །དེ་འགག་འཕགས་པའི་སྤྱོད་ཡུལ་དང། །འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །རྣམ་གྲངས་དོན་དེ་གོ་རིམ་བཞིན། །ཞེས་རྒྱུ་མཚན་དང་བཅས་ཏེ་གསུངས་སོ། །དེ་ལྟར་སྔོན་མེད་ལེགས་བཤད་ལས། དོན་དམ་དངོས་ལ་ནི་ངོ་བོའི་སྒོ་ནས་དབྱེ་བ་མེད་ཀྱང༌།བློའི་རྟོགས་ཚུལ་གྱི་དབང་དུ་བྱས་ནས། དོན་དམ་གྱི་ཀུན་རྫོབ་དང༌། དོན་དམ་གྱི་དོན་དམ་མོ། །དང་པོ་ནི་སོ་སོ་སྐྱེ་བོའི་ཤེས་པ་ཡིན་ཡང༌། གང་ལ་དམིགས་ཏེ་སྒོམས་ན། གནས་ལུགས་མཐོང་ཞིང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པར་འགྱུར་བ་དེ་ནི། རྗེས་སུ་མཐུན་པའི་དོན་དམ་དང༌། རྣམ་གྲངས་ཀྱི་དོན་དམ་ཞེས་ཀྱང་བྱ་སྟེ། ཞེས་གསུངས་སོ། །ཀུན་རྫོབ་ལ་དབྱེ་ན། ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་ཏེ། དང་པོ་ནི་བག་ཆགས་བརྟན་པའི་ངོར་གྲུབ་པ་བཙོ་བསྲེག་ལ་སོགས་པའི་དོན་བྱེད་ནུས་པ་རྣམས་ཡིན་ལ། གཉིས་པ་ནི་སྣང་ཡང་དོན་མི་ནུས་པ་ཆུ་ཟླ་སོགས་ཏེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་སོ། །སྔོན་མེད་ལེགས་བཤད་ལས། ཀུན་རྫོབ་དེ་ལ་ཡང་དབྱེ་ན་ཀུན་རྫོབ་ཀྱི་ཀུན་རྫོབ་དང༌། ཀུན་རྫོབ་ཀྱི་དོན་དམ་མོ། །དང་པོ་ནི་ལོག་པའི་ཀུན་རྫོབ་སྟེ་ཆུ་ཟླ་ལ་སོགས་པ་རང་གི་ཡུལ་ཅན་གྱི་ཤེས་པ་ལོག་པ་ཙམ་ནི་བསྐྱེད་ནུས་ལ། ཟླ་བར་སྣང་མོད་ཟླ་བའི་དོན་མི་བྱེད་པ་འདི་ལྟ་བུའི་རིགས་དབང་པོ་བསླད་པ་ལས་བྱུང་བ་སྟེ་རྨི་ལམ་དང༌། སྒྱུ་མ་དང༌། ནད་ཀྱིས་འཁྲུགས་པ་དང༌། རབ་རིབ་ལ་སོགས་པ་དང༌། དཔེ་དང་གཏན་ཚིགས་ལ་སོགས་པས་ཡིད་བསླད་པ་ལ་བརྟེན་ནས། གཙོ་བོ་དང༌། བདག་དང༌། དབང་ཕྱུག་ལ་སོགས་པར་འཛིན་པའི་རྣམ་རྟོག་གིས། དེ་དང་དེར་བཏགས་པའི་བཏགས་ཆ་གཙོ་བོ་ལ་སོགས་པའི་དོན་སྤྱི་དང༌། གཞན་ཡང་བ་ལང་རྟས་སྟོངས་པ་ཙམ་ལ་སོགས་པ།དོན་བྱེད་ནུས་པ་དང་བྲལ་བ། འཇིག་རྟེན་ཉིད་དུ་ཡང་འདོད་པའི་འབྲས་བུ་བྱེད་མི་ནུས་པ་རྣམས་སོ། །གཉིས་པ་ནི་ཡང་དག་པའི་ཀུན་རྫོབ་སྟེ། དངོས་སུ་རྣམ་པར་རྟོག་པས་བཏགས་པ་ལ་མ་བལྟོས་ཤིང༌། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་གསལ་སྣང་ཅན། འཇིག་རྟེན་ཉིད་དུ་བླང་དོར་གྱི་གནས་ལ་མི་བསླུ་ཤིང༌། འདོད་པའི་འབྲས་བུའི་དོན་བྱེད་པ་སྟེ་མེས་བསྲེག་པར་བྱེད། ཆུས་གཤེར་བར་བྱེད། མིག་གིས་ནི་གཟུགས་མཐོང༌། རྣ་བས་ནི་སྒྲ་ཐོས། ལམ་དུ་སོང་ན་ནི་དེར་ཕྱིན་པར་འགྱུར། སྡིག་པས་ནི་དམྱལ་བར་འགྲོའོ། །དགེ་བས་ནི་མཐོ་རིས་སུ་འགྲོའོ། །བདག་མེད་བསྒོམས་པས་ནི་ཐར་བ་ཐོབ་བོ། །ཚོགས་རྫོགས་པ་ལས་སངས་རྒྱས་འབྱུང་བ་ལ་སོགས་པ་སྟེ། དེ་ལྟ་བུའི་དངོས་པོ་དང༌། བྱ་བྱེད་དང༌། རྒྱུ་འབྲས་དེ་དག་དོན་དམ་པའི་ངོ་ན་ཅུང་ཟད་ཀྱང་མ་གྲུབ་མོད་ཀྱི། འཇིག་རྟེན་ཉིད་དུ་རྒྱུ་འབྲས་མ་འཁྲུལ་བར་འབྱུང་བ་དང༌། ཉམས་སུ་མྱོང་བ་བརྟན་པོ་དང་བཅས་པ་དང༌། བླང་དོར་གྱི་གནས་དོན་ཡོད་པར་འགྱུར་བའི་ཕྱིར། ཀུན་རྫོབ་དང་ཡང་དག་པ་གཞི་མཐུན་པའི་མིང་གིས་བསྟན་ཏོ། །ཞེས་གསུངས་སོ། །ལོག་པའི་ཀུན་རྫོབ་རྣམས་ཀུན་རྫོབ་ཡིན་ཀྱང་ཀུན་རྫོབ་བདེན་པ་མ་ཡིན་པར་ཐལ། བཀའ་བསྡུ་བཞི་བའི་འགྲེལ་བ་ཕྱོགས་མེད་རིས་མེད་ལས། ཟླ་བ་གཉིས་སྣང་ལ་སོགས་པ་ཀུན་རྫོབ་ཏུ་ཡང་བསླུ་བ་རྣམས་ནི་ལོག་པའི་ཀུན་རྫོབ་དང་ཀུན་རྫོབ་ཙམ་ཞེས་གསུངས་ཀྱི་ཀུན་རྫོབ་ཀྱི་བདེན་པ་ནི་མ་ཡིན་ཏེ། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་སོགས་གང་གསུངས་པའོ། །དེས་ན་ཀུན་རྫོབ་དེ་གཉིས་ཁྱད་པར་ཡོད་ཀྱང་འཁོར་དང་བཅས་པ་ལ་དགོངས་ནས་སྐབས་མང་པོར་ཀུན་རྫོབ་བདེན་པ་ཞེས་པ་དང༌། འཇིག་རྟེན་ཀུན་རྫོབ་ཀྱིས་ཞེས་པ་དང༌། འཇིག་རྟེན་གྱི་བདེན་པས་ཞེས་སོགས་གསུངས་སོ། །ཞེས་དང༌།རི་ཆོས་ལས། ཀུན་བརྟགས་ངོ་བོ་ཉིད་མེད་པ་ནི་རང་གི་མཚན་ཉིད་ཀྱིས་མེད་པ་སྟེ་ཀུན་རྫོབ་ཙམ་མམ་ལོག་པའི་ཀུན་རྫོབ་ཏུ་གྲུབ་པ་ཙམ་ལས་ཀུན་རྫོབ་བདེན་པའམ་ཡང་དག་ཀུན་རྫོབ་ཏུ་ཡང་མ་གྲུབ་བོ། །ཞེས་དང༌། སྔོན་མེད་ལེགས་བཤད་ལས།

ལོག་པའི་ཀུན་རྫོབ།

ལོག་པའི་ཀུན་རྫོབ་ནི།

ཀུན་རྫོབ་ཙམ་པོ་སྟེ། ཀུན་རྫོབ་བདེན་པ་བཏགས་པ་བ་དང༌། ཡང་དག་ཀུན་རྫོབ་ནི། དེ་དངོས་སོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། ཀུན་བརྟགས་ནམ་ཡང་མེད་མོད་འཁྲུལ་ངོར་སྣང༌། །ཀུན་རྫོབ་ཙམ་ལ་ལྟོས་པའི་དབུ་མའོ། ། ཞེས་དང༌། ཐེག་པ་ཆེན་པོའི་ཆོས་ལྔ་བསྟན་པ་ནི། །ཞེས་པ་ནས། དང་པོ་གཉིས་ནི་ཀུན་རྫོབ་ཙམ་ཡིན་ལ། །གསུམ་པ་ཀུན་རྫོབ་བདེན་པ་ཉིད་དུ་བཤད། །ཐ་མ་གཉིས་ནི་དོན་དམ་དངོས་རྣམ་གྲངས། །ཞེས་དང༌།རང་ལུགས་ཀུན་རྫོབ་ཙམ་དང་ཀུན་རྫོབ་བདེན། །ཀུན་བརྟགས་གཞན་དབང་གཉིས་ལ་རིམ་བཞིན་སྦྱོར། །ཞེས་དང༌། ཤེར་འགྲེལ་སྔོན་མེད་ལེགས་བཤད་ལས། ལོག་པའི་ཀུན་རྫོབ་ནི། ཀུན་རྫོབ་ཙམ་པོ་སྟེ། ཀུན་རྫོབ་བདེན་པ་བཏགས་པ་བ་དང༌། ཡང་དག་ཀུན་རྫོབ་ནི་དེ་དངོས་སོ། །ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། བདེན་གཉིས་གསལ་བའི་ཉི་མ་ལས། རྣམ་ཤེས་ཀྱི་ཡུལ་གང་ཞིག གཤིས་ལ་རང་གི་ངོ་བོ་བདེན་པས་སྟོང་བ་ནི།ཀུན་རྫོབ་བདེན་པའི་མཚན་ཉིད་དང༌། འཕགས་པའི་ཡེ་ཤེས་དམ་པའི་ཡུལ་གང་ཞིགགཤིས་ལ་རང་གི་ངོ་བོ་བདེན་པས་མི་སྟོང་བ་ནི། དོན་དམ་བདེན་པའི་མཚན་ཉིད་དེ། བདེན་གཉིས་ལས། ཀུན་རྫོབ་དང་ནི་བདེན་པའི་དོན། །བདེན་གཉིས་ཐུབ་པའི་གསུངས་པ་ལ། །ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་གཅིག་ཤོས་སོ། །ཞེས་དབུ་མ་བདེན་གཉིས་ཀྱི་ལུང་ཤེས་བྱེད་དང་བཅས་ཏེ་གསུངས་པ་དང༌། ཡང་དེ་ལས། གྲངས་ངེས་ནི་ཤེས་བྱ་ཐམས་ཅད་དོན་དམ་དཔྱོད་པའི་རིགས་པའི་དཔྱད་མི་བཟོད་པ་རྣམ་ཤེས་ཀྱི་ཡུལ་དང༌། བཟོད་པ་ཡང་དག་ཡེ་ཤེས་ཀྱི་ཡུལ་གཉིས་སུ་གྲངས་ངེས་པས་དོན་དམ་བདེན་པ་དང༌། ཀུན་རྫོབ་བདེན་པ་གཉིས་སུ་གྲངས་ངེས་སོ། །ཞེས་དང༌། ཤེར་ཕྱིན་སྔོན་མེད་ལེགས་བཤད་ལས། མཚན་ཉིད་གསུམ་བདེན་པ་གཉིས་སུ་འདུས་ལ། ཞེས་དང༌། ཡབ་སྲས་མཇལ་བའི་མདོ་ལས། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་པོ་འདིར་ཟད་དོ། །ཞེས་དང༌། ཏིང་ངེ་འཛིན་གྱི་མདོ་ལས་ཀྱང༌། གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་དང༌། དབུ་མ་རྩ་ཤེར་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ༵་ཡང་དག་བརྟེན། ། ཞེས་དང༌། དེ་ཉིད་ཀྱི་འགྲེལ་བ་ལས། བདེན་པ་གང་ཡིན་ལ་ཕྱེ་ན་དོན་དམ་བདེན་པ་དང༌། ཀུན་རྫོབ་ཏུ་བདེན་པ་གཉིས་ལས་མི་འདའ་ཞིང༌། ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དོན་དམ་པའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་གནས་ལུགས་ཀྱི་དོན་དེ་ནི་འཕགས་པ་རྣམས་ཀྱི་སོ་སོར་རང་གི་རིག་པའི་ངོ་བོར་བྱུང་ཞིང་གནས་ལུགས་ལ་གྲུབ་པས་ན་དོན་དམ་པར་བདེན་པ་དང༌།གློ་བུར་འཁོར་བའི་ཆོས་རྣམས་ནི་བྱིས་པ་རྣམས་ཀྱི་ངོ་བོར་བདེན་པས་ན་ཀུན་རྫོབ་ཏུ་བདེན་པའོ། །ཞེས་དང༌། བླང་དོར་རབ་གསལ་ལས། ཆོས་ཀུན་བདེན་པ་གཉིས་སུ་འདུ་བས་ན། །ཀུན་རྫོབ་དང་ནི་དོན་དམ་བདེན་པ་ཡི། །གནས་ལུགས་ཤེས་ནས་རབ་འབྱམས་ཤེས་བྱ་ལ། །རྣམ་པར་དཔྱད་པ་ཤེས་ལྡན་རྣམས་ཀྱི་ལུགས། །ཞེས་དང༌། ཀུན་བརྟགས་གཞན་དབང་ཀུན་རྫོབ་བདེན་པ་སྟེ། །ཡོངས་གྲུབ་ཆོས་ཉིད་དོན་དམ་བདེན་པ་ལགས། །ཞེས་སོགས་གསུངས་པའི་ཕྱིར། དེས་ན་ཀུན་རྫོབ་ཀྱི་ཆོས་རྣམས་རྣམ་ཤེས་ཀྱི་ཡུལ་ཡིན་པ་ཙམ་གྱིས་ཀུན་རྫོབ་བདེན་པར་འཇོག་སྟེ། བདེན་པ་གཉིས་སུ་ཕྱེ་བའི་ཀུན་རྫོབ་བདེན་པ་དང༌། ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་སུ་ཕྱེ་བའི་ཀུན་རྫོབ་བདེན་པའམ་ཡང་དག་ཀུན་རྫོབ་མི་འདྲ་བའི་ཕྱིར་ཏེ། སྔ་མ་ནི་རྣམ་ཤེས་ཀྱི་ངོར་བདེན་པའམ་རྟོག་པའི་ཞེན་ངོར་དང་མངོན་སུམ་གྱི་སྣང་ངོར་གང་དུ་བདེན་ཡང་ཀུན་རྫོབ་ཏུ་བདེན་པར་འཇོག་དགོས་པ་གང་ཞིགཕྱི་མ་ནི་གསལ་སྣང་ཅན་གྱི་ཤེས་པ་ལ་དོན་བྱེད་ནུས་སུ་སྣང་བ་ལྟར་དོན་བྱེད་ནུས་སུ་བདེན་པ་ལ་བྱེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཐེག་མཆོག་དབུ་མ་ལས། ཀུན་རྫོབ་བདེན་པ་ཀུན་རྫོབ་ཁོ་ནར་བདེན། །དོན་དམ་ཁོ་ནར་བདེན་པ་དོན་དམ་སྟེ། །ཞེན་ངོར་བདེན་པ་སྣང་ངོར་བདེན་པ་གཉིས། །ཀུན་རྫོབ་ཡིན་ཕྱིར། ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། གློ་བུར་འཁོར་བའི་ཆོས་རྣམས་ནི། བྱིས་པ་རྣམས་ཀྱི་ངོ་བོར་བདེན་པས་ན་ཀུན་རྫོབ་ཏུ་བདེན་པའོ། །ཞེས་གསུངས་བའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཐེག་མཆོག་དབུ་མ་ལས། ཐོག་མེད་བསགས་པའི་མ་རིག་བག་ཆགས་ལ། །འཕྲལ་གྱི་འཁྲུལ་རྒྱུས་མ་སླད་གསལ་སྣང་ཅན། །བླང་དོར་བྱ་བའི་ཡུལ་དུ་འོས་པ་ནི། །ཡང་དག་ཀུན་རྫོབ་ཅེས་བྱར་མཁས་རྣམས་འདོད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟ་ན་སྔར་བཀའ་བསྡུ་བཞི་བའི་འགྲེལ་བ་སོགས་སུ། ཀུན་བརྟགས་དང༌། ལོག་པའི་ཀུན་རྫོབ་རྣམས་ཀུན་རྫོབ་བདེན་པ་མ་ཡིན་པ་ལྟ་བུར་གསུངས་པ་ནི། སྤྱིར་དེ་དག་ཀུན་རྫོབ་བདེན་པ་མ་ཡིན་པར་གསུངས་པ་མིན་པར་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་སུ་ཕྱེ་བའི་ཀུན་རྫོབ་བདེན་པའམ་ཡང་དག་ཀུན་རྫོབ་མ་ཡིན་པར་གསུངས་པ་ཡིན་ཞེས་བྱས་ན། བདེན་གཉིས་གསལ་བའི་ཉི་མར་བདེན་གཉིས་ཀྱི་མཚན་ཉིད་བཞག་པ་དང༌། བཀའ་བསྡུ་བཞི་བའི་འགྲེལ་བར་དབུ་མ་བདེན་གཉིས་ཀྱི་ཡང་ལོག་སྟོན་བྱེད་ཀྱི་གཞུང་བཀོད་ཚུལ་སོགས་དང༌། ཡབ་སྲས་མཇལ་བའི་མདོ་སོགས་དང་མཐུན་སྙམ་མོ། །ཀུན་བརྟགས་ཡིན་ན་ཡང་དག་ཀུན་རྫོབ་མ་ཡིན་པས་ཁྱབ་པ་གྲུབ་མ་གྲུབ་སྔོན་མེད་ལེགས་བཤད་དུ་ཡང་དག་ཀུན་རྫོབ་ཀྱི་དོན་དང་མཚན་གཞི་དུ་མ་བཞག་པ་དག་གི་སྒོ་ནས་དཔྱད་པར་བྱའོ། །

བཞི་བ་བདེན་གཉིས་གཅིག་དང་ཐ་དད་བཤད་པ།

བཞི་བ་བདེན་གཉིས་གཅིག་དང་ཐ་དད་བཤད་པ་ལ།

བདེན་གཉིས་ངོ་བོ་གཅིག་དང་ཐ་དད་གང་ཡང་མ་ཡིན་པར་ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ། ཆོས་ཀྱི་ཤན་འབྱེད་ལས། གཞུང་ལུགས་རྣམས་སུ་ཐ་དད་ཀྱི་རྣམ་བཞག་གསུམ་མམ་བཞི་གསུངས་པ་ལས་འདི་སྦྱང་བའི་གཞི་དང་སྦྱང་བྱའི་དྲི་མ་ནི་ངོ་བོ་ཐ་དད་དང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དང༌།མིང་གི་རྣམ་གྲངས་ཙམ་གྱི་ཐ་དད་རྣམས་གང་ཡང་མ་ཡིན་ལ་ཐ་དད་ཀྱང་ཡིན་པའི་ཕྱིར་ཏེ།ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཐ་དད་དོ། །སྦྱང་བྱ་དྲི་མ་དང་སྦྱོང་བྱེད་གཉིས་ཀ་ཀུན་རྫོབ་ཡིན་ཞིང་ཀུན་རྫོབ་ཏུ་ངོ་བོ་ཐ་དད་པ་ཡང་ཡིན་ནོ། །སྦྱང་གཞི་དང་སྦྱང་འབྲས་ནི་གཉིས་ཀ་དོན་དམ་པ་ཡིན་ཞིང་ངོ་བོ་གཅིག་པ་ཡང་ཡིན་ནོ། །ཞེས་གསུངས་སོ། །འོ་ན་གཞུང་དུ་མར་བདེན་གཉིས་གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་ཅན་ཡིན་པར་གསུངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་འདྲ་ཚིག་ཟིན་ཙམ་ལ་གསུངས་པ་རྣམས་ཀུན་རྫོབ་བདེན་པ་དང༌། དོན་དམ་བདེན་པ་གཉིས་ངོ་བོ་གཅིག་པ་ཡང་མ་ཡིན་ཞིང་ངོ་བོ་ཐ་དད་པ་ཡང་མ་ཡིན་པར་གསུངས་པ་ཡིན་ཏེ། དོན་དམ་ཡེ་ཤེས་འགྱུར་བ་མེད་པའི་ཆོས་དབྱིངས་ནི་རང་གི་ངོ་བོས་མི་སྟོང་བར་ཡོད་པ་ཡིན་ཞིང༌། ཀུན་རྫོབ་ཀྱི་ཆོས་རྣམས་གདོད་མ་ནས་རང་གི་ངོ་བོས་གྲུབ་པ་མེད་པའི་ཕྱིར། ཁྱབ་རྟགས་གཉིས་གྲུབ་སྟེ། བཀའ་བསྡུ་བཞི་བ་ལས། བདེན་གཉིས་ངོ་བོ་གཅིག་པ་མི་སྲིད་ལ། །ངོ་བོ་ཐ་དད་པ་ཡང་མ་ཡིན་ཞིང༌། །ཐ་དད་གཏན་ནས་མེད་པའང་མ་ཡིན་ཏེ། །ངོ་བོ་གཅིག་པ་བཀག་པའི་ཐ་དད་དོ། །འདི་ཉིད་ལ་ནི་ངོ་བོ་གཅིག་ཉིད་དང༌། །གཞན་དུ་བརྗོད་དུ་མེད་ཅེས་གསུངས་པ་སྟེ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། ཡེ་ཤེས་འགྱུར་མེད་ངོ་བོས་ཡོད་ན་ཡང༌། །གཅིག་ཤོས་ནམ་ཡང་གྲུབ་པ་མེད་པའི་ཕྱིར། །མེད་ལ་གཅིག་དང་ཐ་དད་གང་ཡང་མེད། །ཅེས་གསུངས་སོ། །དེས་ན་ངོ་བོ་གཅིག་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པར་གཅིག་པ་བཀག་པའི་ཐ་དད་ཀྱི་ཚུལ་འདི་ཉིད་ལེགས་པར་གྲུབ་སྟེ། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། འདིས་ནི་ཆོས་དང་ཆོས་ཉིད་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་པ་དང༌། ཐ་དད་གཏན་མེད་དུ་འདོད་པ་ཡང་བསལ་བ་ཡིན་ཏེ། དེ་གཉིས་ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་པའི་ཕྱིར་རོ། །ཞེས་དང༌། ཆོས་ཉིད་རྣམ་འབྱེད་ལས།གཉིས་པོ་དག་ནི་གཅིག་ཉིད་དང༌། །སོ་སོ་བ་ཡང་མ་ཡིན་ཏེ། །ཡོད་པ་དང་ནི་མེད་པ་དག །ཁྱད་པར་ཡོད་དང་མེད་ཕྱིར་རོ། །ཞེས་དང༌། ཉ་ཊཱིཀ་ལས། དེས་ན་ལུང་དོན་ནི་བདེན་གཉིས་དེ་ཉིད་ཅེས་པ་ཐ་མི་དད་ཀྱི་གཅིག་ཀྱང་མིན། གཞན་ཞེས་པ་རྫས་ལོགས་ལོགས་སུ་ཡོད་ པའི་དོན་གཞན་ཡང་མིན། འོ་ན་གང་ན་ཀུན་རྫོབ་དངོས་པོ་འདི་རྣམས་དང་དོན་དམ་བདེན་པ་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ་གཅིག་དངོས་པོ་གཅིག་འཇིག་མེད་ཡིན་པས་སོ། །ཞེས་སོགས་རྒྱས་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དོན་དམ་པའི་ཡོན་ཏན་རྣམས་གཅིག་གི་རྣམ་བཞག་འཇོག་ཀྱང་དོན་དམ་པར་གཅིག་དང་ཐ་དད་ཀྱི་སྤྲོས་པ་ཀུན་དང་བྲལ་བ་ཡིན་ཏེ། སྦྱོར་དྲུག་ངོ་སྤྲོད་ནང་མ་ལས། འདི་ལ་བརྗོད་པ། དུ་མར་སྣང་ཡང་དུ་མ་མིན། །གཅིག་པའི་རྣམ་བཞག་བྱེད་མོད་ཀྱང༌། །གཅིག་དང་ཐ་དད་ལ་སོགས་པ། །སྤྲོས་པའི་མཚན་མ་ཀུན་ལས་གྲོལ། །ཞེས་བྱ་བ་ཡིན་པས། རྣལ་འབྱོར་བའི་བློ་ངོ་ལ་རྟགས་བཅུ་ཐ་དད་དུ་འཆར་ཏེ། ཐ་དད་དུ་སྣང་བའི་ཆ་ནས་འཁྲུལ་པ་ཡིན་རང་བཞིན་དབྱེ་བ་མེད་པའི་རྟགས་བཅུ་ངོ་བོ་གཅིག་ཅེས་ཐ་སྙད་བྱ་ལ། དོན་དམ་པར་གཅིག་དང་ཐ་དད་གང་ཡང་བཞག་ཏུ་མེད་མོད། ཞེས་པ་ནས། གཅིག་པའི་རྣམ་བཞག་བྱས་ཀྱང་རྣམ་བཞག་འཐད་ལྡན་ཡིན།ཞེས་སོགས་དང༌། ཆོས་ཉིད་ལ་ངོ་བོས་དབྱེ་བ་མེད་ཀྱང་རྣམ་བཞག་འཇོག་པའི་ཚེ་ལྡོག་ཆ་ཙམ་གྱིས་དབྱེ་བས་ཀུན་རྫོབ་ཀྱི་སྣང་བ་ཐ་དད་པའི་ཆོས་ཉིད་དུ་འཇོག་པ་ལ་འགལ་བ་མེད་ཅིང༌། དོན་གྱི་སྙིང་པོ་ནི་འདི་ལྟ་བུ་ཡིན་ཏེ། ཆོས་དབྱིངས་གཅིག་ཉིད་རྣམ་པ་ཐམས་ཅད་པ་ཡིན་པ། ཞེས་གསུངས་སོ། །ཡང་བདེན་གཉིས་ངོ་བོ་ཐ་དད་ན་སྐྱོན་བཞི་དང་གཅིག་ཡིན་ན་སྐྱོན་བཞི་ཡོད་དེ། བདེན་གཉིས་གསལ་བའི་ཉི་མ་ལས། བདེན་གཉིས་ངོ་བོ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ། མདོ་སྡེ་དགོངས་འགྲེལ་དུ་བདེན་གཉིས་ངོ་བོ་གཅིག་ན་བྱིས་པ་རྣམས་ཀྱིས་ཀུན་རྫོབ་མཐོང་བ་ན་དོན་དམ་ཡང་མཐོང་བས་དེ་དག་གྲོལ་ཟིན་པར་འགྱུར་བ་དང༌། ཀུན་རྫོབ་ལ་ཟག་པ་འཕེལ་བ་ལྟར་དོན་དམ་ལ་ཡང་འགྱུར་བས་དོན་དམ་ཉོན་མོངས་པའི་དམིགས་པར་འགྱུར་བ་དང༌། དོན་དམ་ལ་དབྱེ་བ་མེད་པ་ལྟར་ཀུན་རྫོབ་ལ་ཡང་མེད་པར་འགྱུར་བ་དང༌། ཀུན་རྫོབ་རྣམ་ཤེས་ཀྱིས་མཐོང་ཐོས་ལས་ཡོངས་སུ་བཙལ་དུ་མེད་པ་ལྟར་དོན་དམ་ཡང་ཐོས་བསམ་གྱིས་གཞན་དུ་བཙལ་དུ་མེད་པའི་སྐྱོན་བཞི་དང༌། ཅི་སྟེ་གཞན་ཡིན་ན། དོན་དམ་མཐོང་ཡང་ཀུན་རྫོབ་ལ་བདེན་འཛིན་མི་ལྡོག་པར་འགྱུར་བ་དང༌། དོན་དམ་པ་ཀུན་རྫོབ་ཀྱི་ཆོས་ཉིད་མ་ཡིན་པར་འགྱུར་བ་དང༌། ཀུན་རྫོབ་མ་གྲུབ་ཙམ་གྱི་གཞི་དེ་དོན་དམ་མ་ཡིན་པར་འགྱུར་བ་དང༌། གང་ཟག་གཅིག་ལ་ཉོན་མོངས་དང་རྣམ་བྱང་གཉིས་སུ་དུས་གཅིག་ཏུ་དམིགས་པར་འགྱུར་བའི་སྐྱོན་བཞི་འབྱུང་བར་གསུངས་ཤིང༌། ཞེས་གསུངས་སོ། །སྐྱོན་དེ་དག་འབྱུང་ཚུལ་ཞིབ་དུ་དཔྱད་པར་བྱའོ། །སྐབས་འདིར་ཁ་ཅིག་བདེན་གཉིས་གཅིག་དང་ཐ་དད་གང་ཡང་མིན་ཟེར་བ་ལ། ཉ་ཊཱིཀ་ལས། བཀའ་བསྟན་བཅོས་སུ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་གསུངས་པའི་དེ་ནི་ཁ་ཅིག་ཚིག་སོར་བཞག་ཁོ་ནར་བཞེད་པ་ནི་དཔྱད་དགོས་པ་ཞིག་སྟེ། བདེན་གཉིས་གཞི་གྲུབ་མིན་པར་འགྱུར་ཏེ་གཅིག་དང་ཐ་དད་གང་ཡང་མིན་པས་སོ་རྟགས་ཁས་སོ། །མ་ཁྱབ་ན། དབུ་མ་པའི་གཅིག་དང་དུ་བྲལ་གྱི་རྟགས་ལ་སྤྱི་ཁྱབ་མེད་པར་འགྱུར་རོ། །ཀུན་རྫོབ་བདེན་པ་ནི་དོན་དམ་ལས་གཞན་ཡིན་པར་ཐལ། ཕན་ཚུན་གཅིག་གཅིག་ཡིན་མི་སྲིད་ཅིང་བག་ཆགས་བརྟན་པའི་སོ་སྐྱེའི་བློས་ཡོངས་གཅོད་དུ་གྲུབ་པའི་ཕྱིར། མ་ཁྱབ་ན་དོན་དམ་ཡོངས་གཅོད་དུ་བློ་གང་གིས་ཀྱང་མ་གྲུབ་པ་འགལ། ཡང་དོན་དམ་ཡོངས་གཅོད་དུ་ཤེས་བྱ་མིན་གྱི་རྣམ་བཅད་ཙམ་དུ་ཤེས་བྱ་ཡིན་ན། དོན་དམ་བདེན་པ་ཆོས་ཅན། མེད་དགག་ཡིན་པར་ཐལ། རྣམ་གཅོད་ཙམ་དུ་རྟོགས་བྱ་ཡིན་པས་སོ། །དབུ་ཚད་ཀུན་ལས་ཁྱབ་པ་ཡོད་པར་བཤད་དོ། །འཕགས་ཆེན་གྱི་མི་རྟོག་ཡེ་ཤེས་ཆོས་ཅན། དངོས་ཡུལ་དུ་གྱུར་པའི་དོན་དམ་པ་གཅིག་མེད་པར་འགྱུར་ཆོས་ཉིད་ནི་དངོས་ཡུལ་མིན། དེ་དེ་མིན་ན་དེ་ལས་གཞན་དེ་འདྲ་མེད་པས་སོ། །རྟགས་དང་པོ་མ་གྲུབ་ན་ཆོས་ཉིད་ཡོངས་གཅོད་དུ་ཤེས་བྱ་མིན་པ་འགལ། ཀུན་རྫོབ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བརྟགས་ན་མ་རྙེད་པ་ཙམ་དོན་དམ་བདེན་པ་ཡིན་པར་འདོད་པ་ནི་སྔར་གྱི་ལུང་རིགས་ཀྱིས་ཁེགས་ལ། ཞེས་གསུངས་པའི་ཕྱིར་རོ། །གཞི་གྲུབ་ན་གཅིག་དང་ཐ་དད་གང་རུང་ཡིན་པས་ཁྱབ་ན། དོན་དམ་བདེན་པ་ཆོས་ཅན། གཅིག་དང་ཐ་དད་གང་རུང་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། དོན་དམ་པར་གཅིག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྦྱོར་དྲུག་ངོ་སྤྲོད་ནང་མ་ལས། དོན་དམ་པར་གཅིག་དང་ཐ་དད་གང་ཡང་བཞག་ཏུ་མེད་མོད། ཅེས་སོགས་གསུངས་པ་དང་འགལ་བའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །དངོས་པོ་བརྒྱད་ལས་རྩེ་མོར་ཕྱིན་པའི་དངོས་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པ་ཡིན་ནོ། །གསུམ་པ་སྐབས་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་ལྔ་བའི་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པའི་སྒོ་ནས་རྩེ་མོའི་དངོས་པོ་བཤད་ཟིན་ཏོ། །སྨྲས་པ། མཁྱེན་གསུམ་སྒོམ་ལ་དབང་བསྒྱུར་འཁོར་ལོའི་བསྒྱུར། །རྩེ་མོའི་རྒྱལ་སྲིད་བདུན་གྱིས་བརྗིད་པར་བརྒྱན། །བསལ་བྱ་ལོག་སྒྲིབ་རྒོལ་ལས་རྒྱལ་བ་ནི། །བླ་མེད་བྱང་ཆུབ་འདོད་པའི་དགའ་བའི་དཔལ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

གསུམ་པ་བརྟན་པ་ཐོབ་པའི་དོན་དུ་བསྒོམ་པ་མཐར་གྱིས་པའི་དངོས་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པར་བྱ་བ་ལ།

མཚམས་སྦྱར། མཐའ་སྦྱོར་གྱི་དངོས་པོ་རྒྱས་པར་བཤད་པ། སྐབས་བསྡུ་བ་དང་གསུམ། དང་པོ་ནི། གཞན་དོན་དུ་རྫོགས་བྱང་ཐོབ་པར་འདོད་པའི་གང་ཟག་གི་རྫོགས་བྱང་ཐོབ་པའི་རྒྱུ་ལམ་གྱི་ཡེ་ཤེས་ཀྱི་རྣམ་པ་མ་ལུས་པ་ཐམས་ཅད་སྐབས་དང་པོ་གསུམ་དུ་གཙོ་བོར་ཉམས་སུ་བླང་བྱའི་ཡུལ་ཡིན་པའི་ལྡོག་ཆ་ནས་ཐོར་བུར་ཐོར་བུར་བསྟན། སྐབས་བཞི་པས་ཐེག་པ་གསུམ་གྱི་ལམ་མ་ལུས་པའི་རྟོགས་རིགས་ཐམས་ཅད་གཅིག་ཀྱང་མ་ལུས་པ་ཐམས་ཅད་མ་ཚང་ན་རྫོགས་བྱང་གི་རྒྱུ་ཚོགས་མ་ཚང་བས་རྫོགས་བྱང་མི་ཐོབ་པས་རྣམ་པ་མཐའ་དག་ཡོངས་རྫོགས་སྦྱོར་བའི་བསྒོམ་བྱར་བསྡུས་ནས་ཉམས་སུ་ལེན་དགོས་པར་བསྟན། སྐབས་ལྔ་པས་རྣམ་པ་རྫོགས་པར་ཡང་ཡང་བསྒོམས་པས་སྒོམ་པ་ལ་དབང་ཐོབ་པའི་རྣམ་པ་སྒོམ་པའི་རྩེ་མོར་གྱུར་པ་དེ་བསྟན་ནས་སྐབས་དྲུག་པས་རྫོགས་བྱང་ཐོབ་པ་ལ་རྣམ་པ་མ་ལུས་པ་ཚང་བར་བསྒོམ་པ་ཙམ་གྱིས་མི་ཆོག་གི་གོ་རིམ་མ་འཆོལ་བར་གཅིག་རྗེས་སུ་གཅིག་མཐར་ཆགས་སུ་སྒོམ་པ་ཡང་ཡང་གོམས་པར་བྱེད་དགོས་པས་མཐར་སྦྱོར་བསྟན། སྐབས་བདུན་པས་དེ་ཡང་མཐར་རིམ་གྱིས་བསྒོམས་པ་ལ་བརྟེན་ནས་རྣམ་ཀུན་མ་ལུས་པ་སྒོམ་པའི་སྦྱོར་བ་མཐར་ཐུག་དེ་ཐོབ་དགོས་པས་སྐད་ཅིག་སྦྱོར་བསྟན་པ་ཡིན་ལ། དེས་ན་སྐབས་འདིར་གོ་རིམ་མཐར་ཆགས་སུ་སྒོམ་པའི་མཐར་སྦྱོར་བཤད་པ་ཡིན་ནོ། །

དེས་ན་མཐའ་སྦྱོར།

དེས་ན་མཐའ་སྦྱོར་ནི།

མཁྱེན་གསུམ་གྱི་རྣམ་པ་གོ་རིམ་དུ་བསྒོམ་པའི་རིགས་གནས་ཀྱི་སེམས་དཔའི་སྦྱོར་བ་དེ།མཐའ་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། གསུམ་བསྡུས་བསྒོམ་གོ་རིམ་དུ་བསྒོམ་པའི་སྦྱོར་བའམ་སྦྱིན་སོགས་དཀར་ཆོས་བཅུ་གསུམ་གོ་རིམ་གྱིས་བསྒོམ་པའི་སྦྱོར་བ་སྟེ། ཞེས་གསུངས་པའི་ཕྱིར་རོ། །དབྱེ་ན་བཅུ་གསུམ། ས་མཚམས་ནི། ཚོགས་ལམ་ནས་རྒྱུན་མཐའི་སྔ་ལོགས་བར་དུ་ཡོད་དེ། ཉ་ཊཱིཀ་ལས། བཞི་བོ་ནང་ཕལ་ཆེར་ངོ་བོ་གཅིག་ལ་གནས་སྐབས་རྫས་ཐ་དད་པ་ཡང་ཡོད་དེ། ཚོགས་ལམ་ན་རྩེ་སྦྱོར་མེད་ཅིང་རྣམ་ཀུན་དང་མཐར་སྦྱོར་ཡོད་པ་ལྟ་བུའོ། །ཞེས་པ་དང༌། ཉ་ཊཱིཀ་ལས། ས་མཚམས་མ་མཐའ་ཚོགས་ལམ་ནས་དངོས་སུ་བྱུང་ཞིང་ཡ་མཐའ་རྒྱུན་མཐའི་བར་ན་ཡོད་པར་ཨཱརྱས་བཞེད་པར་མངོན་ཏེ་དྲན་པ་ཉེར་བཞག་སོགས་བྱང་ཕྱོགས་རྫོགས་པས་མཐོང་བའི་ལམ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པའི་བར་གྱིས་ནི་སྒོམ་པའི་ལམ་ཡིན་ཏེ་ཞེས་སོ། །སློབ་དཔོན་ལྟར་ན་དྲོད་ནས་ཡོད་དེ་རྩེ་སྦྱོར་ཐོབ་པས་ཞེས་དང༌། སངས་རྒྱས་ཡེ་ཤེས་ཀྱིས།སྦྱོར་བའི་གནས་སྐབས་ནས་བཟུང་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཐུག་གི་བར་དུ་མི་དམིགས་པ་དང་ལྡན་པའི་ཚུལ་ཁྲིམས་རང་དང་གཞན་ལ་ཕན་པའི་ལུས་སྒྲུབ་པའི་ཕྱིར་རོ་ཞེས་ཏེ། ཐུག་གི་བར་ཞེས་པ་སྔ་ལོགས་ཚུན་ཆད་ཀྱི་དོན་ཡིན་པས་རྒྱུན་མཐའི་སྔ་ལོགས་ཚུན་ཆད། ཅེས་དང༌། སློབ་དཔོན་ལྟར་ན་རྩེ་སྦྱོར་ཐོབ་ནས་ཞེས་བསྣན་ཏེ་འདི་མི་ལེགས་སོ། །ཞེས་གསུངས་པའི་ཕྱིར་རོ། །སྒྲ་བཤད་ནི། ཉ་ཊཱིཀ་ལས། བསྡུས་བསྒོམ་མམ་བཅུ་གསུམ་པོ་མཐར་གྱིས་ཏེ་སྔ་མའི་རྗེས་སུ་ཕྱི་མ་འབྲེལ་བར་རིམ་གྱིས་བསྒོམ་པ་ཅན་ཡིན་པས་མཐར་གྱིས་པའོ། །ཞེས་གསུངས་པ་ལྟར་རོ། །མཐར་སྦྱོར་གྱི་ས་མཚམས་དེ་ལྟར་བཞག་པ་མི་འཐད་པར་ཐལ། མདོ་ལས་མཐར་སྦྱོར་གྱི་ས་མཚམས་ལ་སེམས་བསྐྱེད་པ་དང་པོ་ནས་བཟུང་སྟེ། ཞེས་གསུངས་པའི་སེམས་བསྐྱེད་དེ་དོན་དམ་སེམས་བསྐྱེད་བྱས་ནས་དེ་ནི་མཐོང་ལམ་ནས་བཞག་དགོས་པའི་ཕྱིར། དེར་ཐལ། མདོ་ལུགས་མ་ལས། འདིར་སེམས་དང་པོ་བསྐྱེད་པ་ནས་ཞེས་པ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མཐོང་བའི་རྩེ་སྦྱོར་ཐོབ་ནས་བཟུང་སྟེ། ཞེས་པའི་དོན་ཏོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་མཐར་སྦྱོར་གྱི་མ་མཐའི་ས་མཚམས་ཚོགས་ལམ་དང་མཐོང་ལམ་གཉིས་གང་ནས་ཀྱང་བཞག་པ་མི་རིགས་པར་ཐལ། དེ་སྦྱོར་ལམ་བཟོད་པ་ནས་བཞག་དགོས་པའི་ཕྱིར། དེར་ཐལ།སྔོན་མེད་ལེགས་བཤད་ལས། སྦྱོར་ལམ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་དུ་ཡོད་དོ་ཞེས་གསུངས་པ་ལྟར་ན་བདག་གི་རྣམ་པར་རྟོག་པ་ནི་སྦྱོར་ལམ་ཡང་བཟོད་པ་ལ་བྱ་དགོས་པར་སེམས་སོ། །ཞེས་དང༌། ཚོགས་ལམ་ན་རྣམ་རྫོགས་ཡོད་ཀྱི་རྩེ་མོ་མེད་དོ། །བྱང་ཞིང་འཕེལ་བ་སྦྱོར་ལམ་དྲོད་རྩེ་གཉིས་ནས་ཡོད་ཀྱང༌། རྣམ་པ་མང་པོས་རྣམ་པ་མང་པོ་ལ་རྒྱས་ཐེབས་པ་དེ་ན་མེད་པས། རྩེ་སྦྱོར་ཡོད་ཀྱང་མཐར་གྱིས་པ་མེད་དོ། །བཟོད་པ་ནས་ནི་རྒྱས་ཐེབས་ཚུལ་དེ་ཡོད་པའི་ཕྱིར་མཐར་གྱིས་པ་ཡང་ཡོད་དེ། དེ་ནས་བརྩམས་ཏེ་གསུམ་ག་སྤེལ་མར་འབྱུང་ངོ༌། །རྩེ་སྦྱོར་མ་ཐོབ་པའི་སྔོན་དུ་མཐར་གྱིས་པ་ཡོད་པར་འདོད་པ་མི་འཐད་དེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །མདོ་ལུགས་མ་ལས། མཐར་གྱིས་པའི་དོན་ནི་ཆོས་ཐམས་ཅད་དངོས་པོ་མེད་པ་རྨི་ལམ་ལྟ་བུའི་ངོ་བོར་མཐོང་བའི་རྩེ་སྦྱོར་ཐོབ་ནས་ཆོས་ཀྱི་སྐུ་རིམ་གྱིས་རྫོགས་ཤིང་རིམ་གྱིས་རྟོགས་པའི་དོན་ཡིན་ནོ། །ཞེས་པས་མཐོང་ལམ་རྩེ་སྦྱོར་ལ་སྦྱར་བ་ནི་ཆོས་སྐུ་མངོན་དུ་རྟོགས་པ་ལ་སྦྱར་བ་ལས་མ་མཐའི་ས་མཚམས་ངོས་བཟུང་བ་མིན་ཅེས་བཤད་ཚུལ་ཞིག་ཡོད་མེད་དཔྱད། མཐར་སྦྱོར་གྱི་སྒྲ་བཤད་ནི། ཉ་ཊཱིཀ་ལས། བསྡུས་བསྒོམ་མམ་བཅུ་གསུམ་པོ་མཐར་གྱིས་ཏེ་སྔ་མའི་རྗེས་སུ་ཕྱི་མ་འབྲེལ་བར་རིམ་གྱིས་བསྒོམ་པ་ཅན་ཡིན་པས་མཐར་གྱིས་པའོ། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་མཐར་སྦྱོར་གྱི་དངོས་པོ་རྒྱས་པར་བཤད་པ།

གཉིས་པ་མཐར་སྦྱོར་གྱི་དངོས་པོ་རྒྱས་པར་བཤད་པ་ལ།

མདོ་ལས། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལ་མཐར་གྱིས་སྤྱོད་པ་དང༌། མཐར་གྱི་སློབ་པ་དང༌། ནན་ཏན་ཏུ་བྱེད་པ་གང་གིས་འཚང་རྒྱ་བར་འགྱུར་བའི་མཐར་གྱིས་སྤྱོད་པ་དང༌། སློབ་པ་ལ་ནན་ཏན་ཏུ་བྱེད་པ་ཇི་ལྟར་ཡོད་པར་འགྱུར་ཞེས་ཞུས་པ་ལན་དང་བཅས་པའི་དོན།རྩ་བར། སྦྱིན་པ་ཤེས་རབ་བར་དག་དང༌། །སངས་རྒྱས་ལ་སོགས་དྲན་དང་ཆོས། །དངོས་མེད་ངོ་བོ་ཉིད་ཀྱིས་ཏེ། །མཐར་གྱིས་པ་ཡི་བྱ་བར་བཞེད། །ཅེས་སོ། །དེས་ན་མཐར་སྦྱོར་བཅུ་གསུམ་སོ་སོའི་མཚན་ཉིད་ནི། འཁོར་གསུམ་དག་པའི་སྦྱིན་པ་གོ་རིམ་དུ་བསྒོམ་པའི་རིགས་གནས་ཀྱི་སེམས་དཔའི་སྦྱོར་བ་དེ། སྦྱིན་པའི་མཐར་སྦྱོར་གྱི་མཚན་ཉིད། དེ་བཞིན་དུ་ཕར་ཕྱིན་གཞན་ལྔའི་མཐར་སྦྱོར་གྱི་མཚན་ཉིད་རིགས་འདྲ་སྟེ། ཉ་ཊཱིཀ་ལས། མཐར་གྱིས་པའི། དངོས་པོ་བཅུ་གསུམ་ལ་སྦྱིན་པའི་མཐར་སྦྱོར་གྱི། མཐར་སྦྱོར་གང་ཞིག འཁོར་གསུམ་དག་པའི་སྦྱིན་པ་གོ་རིམ་གྱིས་བསྒོམ་པ་སྟེ་ཕར་ཕྱིན་གཞན་ལྔ་ལ་ཡང་སྦྱར་རོ། །ཞེས་གསུངས་པའི་ཕྱིར་རོ། །དོན་དམ་པར་སངས་རྒྱས་ཀྱི་ཡོན་ཏན་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པའི་ཚུལ་གྱིས་དེའི་ཡོན་ཏན་དྲན་པའི་སེམས་དཔའི་སྦྱོར་བ་དེ། སངས་རྒྱས་རྗེས་དྲན་གྱི་མཐར་སྦྱོར་གྱི་མཚན་ཉིད། དེ་བཞིན་དུ་རྗེས་དྲན་གཞན་ལྔའི་མཐར་སྦྱོར་གྱི་མཚན་ཉིད་རིགས་འདྲ་སྟེ། ཉ་ཊཱིཀ་ལས། སངས་རྒྱས་རྗེས་དྲན་གྱི་མཐར་སྦྱོར་གྱི། མཐར་སྦྱོར་གང་ཞིག དོན་དམ་པར་དེ་པའི་ཡོན་ཏན་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པའི་ཚུལ་གྱིས་ཀུན་རྫོབ་ཏུ་ཕྱིན་ཅི་མ་ལོག་པར་དྲན་པ། དེ་བཞིན་དུ་དགེ་མི་དགེ་ལུང་དུ་མ་བསྟན་པའི་ཆོས། སློབ་པ་ཕྱིར་མི་ལྡོག་གི་ཚོགས། སྡོམ་པ་གསུམ། ཆོས་དང་ཟང་ཟིང་གི་སྦྱིན་པ། ལྷར་སྐྱེས་པའི་འཕགས་པ་ཞེས་སྦྱར་ཏེ། ཆོས། དགེ་འདུན། ཚུལ་ཁྲིམས། གཏོང་བ། ལྷ་རྗེས་དྲན་གྱི་མཐར་སྦྱོར་གྱིའོ། །ཞེས་གསུངས་པས་སོ། །ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པར་རྟོགས་ནས་བསྒོམ་པའི་མཐར་སྦྱོར་དེ། དངོས་མེད་ངོ་བོ་ཉིད་ཀྱི་མཐར་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། དངོས་མེད་ངོ་བོ་ཉིད་དུ་ཤེས་པའི་མཐར་སྦྱོར་གྱི། མཐར་སྦྱོར་གང་ཞིག ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པར་རྟོགས་ནས་བསྒོམ་པ། ཞེས་གསུངས་པའི་ཕྱིར་རོ། །རྗེས་དྲན་དྲུག་གི་མཐར་སྦྱོར་གྱི་ངོས་འཛིན་ནི། མདོ་ལུགས་མ་ལས། སངས་རྒྱས་གཟུགས་སོགས་ཕུང་པོ་ལྔ་དང༌། གཟུགས་ཀྱི་སྐུ་དང༌།ཚུལ་ཁྲིམས་སོགས་ཕུང་པོ་ལྔ་དང༌། སྟོབས་བཅུ་ལ་སོགས་པ། རྟེན་འབྲེལ་གྱི་དངོས་པོ་དྲན་པ་མེད་ཅིང་ཡིད་ལ་བྱ་བའི་དངོས་པོ་མེད་པ་སྒྱུ་མ་ལྟ་བུ་ནི། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པའོ། །དེ་ལྟར་དགེ་མི་དགེ་ལ་སོགས་པ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་རྨི་ལམ་ལྟ་བུ་ནི་ཆོས་རྗེས་སུ་དྲན་པ་བསྒོམ་པའོ། །དེ་བཞིན་དུ་ཉན་ཐོས་ཀྱི་དགེ་འདུན་སྐྱེས་བུ་ཟུང་བཞི་དང༌། གང་ཟག་བརྒྱད་པོ་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་སྤྲུལ་པ་ལྟ་བུ་ནི་དགེ་འདུན་རྗེས་སུ་དྲན་པ་བསྒོམ་པའོ། །དེ་བཞིན་དུ་ཚུལ་ཁྲིམས་དྲི་མ་མེད་པ་ལ་གནས་ཏེ། ཚུལ་ཁྲིམས་དེ་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ཆུ་ཟླ་ལྟ་བུ་ནི་ཚུལ་ཁྲིམས་རྗེས་སུ་དྲན་པ་བསྒོམ་པའོ། །དེ་བཞིན་དུ་ལུས་དང༌། ཟང་ཟིང་དང༌། ཆོས་ཀྱི་སྦྱིན་པ་གཏོང་ཡང་དངོས་པོ་གསུམ་དུ་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་དྲི་ཟའི་གྲོང་གི་ལུས་དང་ལོངས་སྤྱོད་ལྟ་བུ་ནི་གཏོང་བ་རྗེས་སུ་དྲན་པ་བསྒོམ་པའོ། །དེ་བཞིན་དུ་འདོད་ལྷ་དང༌། གོང་མ་གཉིས་ན་སྤྱོད་པའི་ཕྱིར་མི་འོང་གི་ལྷ་དེ་དག་དངོས་པོར་དྲན་པར་མེད་ཅིང་དངོས་པོ་ཡིད་ལ་བྱ་བ་མེད་པ་གཟུགས་བརྙན་ལྟ་བུ་དྲན་ཅིང་ཡིད་ལ་བྱེད་པ་ནི་ལྷ་རྗེས་སུ་དྲན་པ་བསྒོམ་པའོ། །གང་གིས་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་མཐར་གྱིས་པའི་ཆོས་སྐུ་རིམ་གྱིས་རྫོགས་པ་དེ་རིམ་གྱིས་རྟོགས་པ་རྒྱ་ཇེ་ཆེར་འཕེལ་བ་ཡིན་གྱི། དེ་ལས་གཞན་དུ་སྨྲ་བ་རྣམས་ནི་མདོ་དང་མི་མཐུན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་པའི་དུས་ནི། ཉ་ཊཱིཀ་ལས། ཆོས་མཆོག་གི་བར་དུ་གྲངས་མེད་གཅིག་དེ་ནས་བརྒྱད་པའི་བར་དུ་གཅིག དེ་ནས་བཅུ་བའི་བར་གཅིག་སྟེ་གྲངས་མེད་གསུམ། ཞེས་གསུངས་པ་དེ་མི་རིགས་པར་ཐལ། རྒྱན་གྱི་ས་འགྲེལ་ལས། མོས་སྤྱོད་ཀྱི་སའི་བར་ལ་གྲངས་མེད་དང་པོ་དང༌། མ་དག་ས་བདུན་གྱི་བར་ལ་གྲངས་མེད་གཉིས་པ་དང༌། དག་པ་ས་གསུམ་གྱི་བར་ལ་གྲངས་མེད་གསུམ་པ་སྟེ། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ་ལ་བརྟེན་ནས་སངས་རྒྱས་ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཉ་ཊཱིཀ་གི་གསུངས་ཟིན་དེ་ཆོས་བཤེས་ཀྱི་ལུགས་ཡིན་པ་འདྲའོ། །དངོས་པོ་བརྒྱད་ལས་མཐར་གྱིས་པའི་དངོས་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་ཟིན་ཏཽ། །

གསུམ་པ་སྐབས་བསྡུ་བ་ནི།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་དྲུག་པའི་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པའི་སྒོ་ནས་མཐར་གྱིས་པའི་དངོས་པོ་བཤད་ཟིན་ཏོ། །

སྨྲས་པ། མཁྱེན་གསུམ་རྣམ་པ་གོ་རིམ་སྒོམ་པའི་རིན་ཆེན་ཕྲེང༌། །ཕྱིན་དྲུག་རྗེས་དྲན་དངོས་མེད་ངོ་བོ་མེད་པ་ཀུན། །སྒོམ་པའི་སེམས་དཔའི་རྣལ་འབྱོར་ལམ་གྱི་འབབ་བརྟག་ལ། །ཐེག་ཆེན་སྐལ་ལྡན་ཚོགས་ཀུན་སྤྲོ་བས་ཞུགས་པར་གྱིས། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །། བཞི་བ་བརྟན་པ་མཐར་ཕྱིན་པ་སྐད་ཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་རྫོགས་པར་བྱང་ཆུབ་པའི་དངོས་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ལ།

མཚམས་སྦྱར། སྐད་ཅིག་མའི་སྦྱོར་བའི་དངོས་པོ་རྒྱས་པར་བཤད་པ། སྐབས་བསྡུ་བ་དང་གསུམ།དང་པོ་ནི། མཁྱེན་གསུམ་གྱི་རྣམ་པ་ཀུན་རིམ་གྱིས་སྒོམ་པ་ལ་བརྟེན་ནས་མཐར་རྣམ་ཀུན་མ་ལུས་པ་སྒོམ་པའི་སྦྱོར་བ་མཐར་ཐུག་པའི་སྐད་ཅིག་སྦྱོར་དེ་ཐོབ་པ་ཡིན་པས་སྐབས་བདུན་པ་འདིར་སྐད་ཅིག་སྦྱོར་བསྟན་པ་ཡིན་ནོ། །དེས་ན་མཚན་ཉིད་ནི། མཁྱེན་གསུམ་བསྡུས་སྒོམ་མཐར་ཐུག་པའི་སྦྱོར་བ་དེ། སྐད་ཅིག་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། དེས་ན་མཚན་ཉིད། མཚོན་བྱ། གཞི་གསུམ་ལས་དང་པོ་ནི། གསུམ་བསྡུས་བསྒོམ་མཐར་ཐུག་པའི་སྦྱོར་བའོ། །ཞེས་གསུངས་པའི་ཕྱིར་རོ། །

སྒྲ་བཤད་ནི།

ཉ་ཊཱིཀ་ལས། མདོར་ན་སེམས་ཀྱི་སྐད་ཅིག་མ་གཅིག་ཁོ་ནས་ཆོས་ཐམས་ཅད་མངོན་སུམ་དུ་ཡང་དག་པར་རྟོགས་པའི་སྦྱོར་བ་ཞེས་པར་རུང་ངོ༌། །ཞེས་གསུངས་སོ། །དབྱེ་བ་དང་ས་མཚམས་ནི། ཉ་ཊཱིཀ་ལས།ངོ་བོ་གཅིག་ཉིད་ཡུལ་དང་དེ་རྟོགས་ཚུལ་གྱི་སྒོ་ནས་ལྡོག་པའི་དབྱེ་བས་བཞི་ཡོད་ཅིང་ས་མཚམས་རྒྱུན་མཐའ་ཁོ་ནར་ཡོད་པར་སྡུད་འགྲེལ་ལ་སོགས་སུའོ། །ལྡོག་པས་དབྱེ་བས་རྣམ་པ་བཞིར་ཅི་ཞིག་ལྟར་བསྟན་ཞེས་འགྲེལ་ཆེན་ལས་སོ། །ཞེས་གསུངས་སོ། །ཡང་སྐད་ཅིག་སྦྱོར་རྒྱུན་མཐའ་ཁོ་ན་ལ་བཞག་པ་མི་འཐད་པར་ཐལ། སྔོན་མེད་ལེགས་བཤད་ལས།སྐད་ཅིག་མའི་སྦྱོར་བ་ཙམ་ཡིན་ཏེ། འདི་ནི་རྒྱུན་མཐའི་སྔོན་རོལ་ནས་ཡོད་ཅིང་སྐད་ཅིག་མའི་མངོན་རྟོགས་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། ཉ་ཊཱིཀ་ལས། མི་འཐད་དེ། སྐད་ཅིག་མའི་སྤྱིར་བསྟན་གྱི་མདོར། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཉེར་བར་སྒྲུབ་པོ། །གློག་ལྟ་བུའི་ཏིང་ངེ་འཛིན་ཉེ་བར་སྒྲུབ་པོ་ཞེས་དང༌། སྐད་ཅིག་མ་གཉིས་པའི་མདོར། དེ་པའི་ཏིང་ངེ་འཛིན་མ་གཏོགས་པར་ཏིང་ངེ་འཛིན་ཐམས་ཅད་ཐོབ་པར་བྱེད་དོ་ཞེས་དང༌། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་མཁྱེན་ཉིད་ཐོབ་པར་བྱེད་དོ་ཞེས་སོགས་དང༌། ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིའི་སྐད་ཅིག་མ་ངོས་འཛིན་ནི། ཉ་ཊཱིཀ་ལས། སྐད་ཅིག་མ་གང་རྡུལ་ཕྲ་བའི་མཐར་ཐུག་པ་གཅིག་གོ་ས་གཅིག་ནས་གཞན་གཅིག་དུ་ལན་གཅིག་འཕོས་པའི་ཡུན་དུས་མཐའིའམ། སྐྱེས་བུ་སྟོབས་ལྡན་གྱིས་ལན་གཅིག་སེ་གོལ་གཏོགས་པའི་ཡུན་ལ་སྐད་ཅིག་དྲུག་ཅུ་རྩ་ལྔ་འདའ་བའིའམ།ཆོས་བཤེས་སུམ་བརྒྱ་དྲུག་ཅུ་རྩ་བརྒྱད་ཟེར་རོ། །སྐྱེས་བུའི་འདོད་དོན་སྒྲུབ་བའི་བྱ་བ་བརྩམས་ནས་དེ་གྲུབ་ཀྱི་བར་ལྟ་བུ་བྱ་རྫོགས་ཀྱི་སྐད་ཅིག་ལ་བྱེད། དང་པོ་གཉིས་ལྟར་ན་ཧ་ཅང་ཡུན་ཐུང་བས་ཇི་ལྟར་དེ་རྫོགས་པར་ནུས། གསུམ་པ་ལྟར་ན་ཏིང་ངེ་འཛིན་འདིའི་དུས་ངེས་པ་མེད་དེ། སྙིང་བོ་བྱང་ཆུབ་དེར་ཡུན་ཇི་སྙེད་ཅིག་བཞུགས་པར་འགྱུར་ཞེ་ན། དང་པོ་གཉིས་ལྟར་ནའང་ཉེས་པ་ཆེན་པོ་མེད་དེ། དུས་མཐའ་གཅིག་ཏུ་བདེན་པ་མེད་ཅིང་རང་གི་བསམ་པའི་དབང་ལ་རག་ལས་ཞེས་བསྟན་ཟིན་པས་འདི་ལྟ་བུའི་རྟོག་པ་སྐྱེ་མ་ཐང་ངོ༌། །ཞེས་གསུངས་པ་ལྟར་རོ། །འོན་ཀྱང་དེ་ལྟར་བསྟན་ཟིན་ཀྱང་དབང་ཐོབ་པས་སྐད་ཅིག་བསྐལ་བར་བྱིན་གྱིས་རློབ་ནུས་པས་སོ། །འདིར་ཕྱོགས་གསུམ་པ་གཟུང་སྟེ་བྱང་ཆུབ་སྙིང་བོར་བཞུགས་པ་ནས་བར་ཆད་མེད་པའི་ཏིང་ངེ་འཛིན་མ་བསྐྱེད་པར་ལྡང་མི་སྲིད་ཅེས་གསུངས་པས། དེར་དེ་ངེས་པར་བསྐྱེད་ལ་དེ་ཡང་རང་བཞིན་དབང་བཙན་པར་བྱས་ན་རང་གི་བཞེད་པ་ལ་རག་ལས་པས་དང༌། དུས་ལ་མངའ་བརྙེས་པས་དུས་མཐའི་སྐད་ཅིག་གི་ཡུན་གྱིས་དེ་བརྙེས་པ་ལ་གནོད་པ་མེད་མོད། གདུལ་བྱའི་དབང་གིས་ངེས་པ་མེད་དེ། པད་དཀར་ལས། དེ་པ་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་བདུད་བཅོམ་ནས་བར་བསྐལ་ལྔ་བཅུར་སྐྱིལ་ཀྲུང་མི་བཤིག་པར་བཞུགས་ནས་སངས་རྒྱས་སོ། །བདག་ཅག་གི་སྟོན་པས་བྱང་ཆུབ་སྙིང་བོར་བཞུགས་པའི་ཞག་དེ་ཉིད་ཀྱི་ཐོ་རངས་སངས་རྒྱས་སོ། །ཞེས་ཏེ་བདུད་བཏུལ་ནས་སངས་རྒྱས་ཀྱི་བར་གྱི་ཏིང་ངེ་འཛིན་དེ་བར་ཆད་མེད་རྩེ་དང་དེ་ཉིད་སྐད་ཅིག་མའོ། །ཞེས་དང༌། སྔོན་མེད་ལེགས་བཤད་ལས། མངོན་རྟོགས་འདི་ནི་རྒྱུན་མཐའི་སྐབས་ཁོ་ན་ཡིན་ཀྱང་བསམ་གྱིས་མི་ཁྱབ་པའི་གནས་ལ་དབང་བསྒྱུར་བ་ཡིན་པས་ན་སྐད་ཅིག་ལ་བསྐལ་བར་སྟོན་པ་སོགས་འབྱུང་བའི་ཕྱིར། དུས་ཡུན་རིང་ཐུང་འདི་ཙམ་ཞེས་བསམ་པར་མི་ནུས་སོ། །ཞེས་གསུངས་སོ། །སྐད་ཅིག་བསྐལ་བར་བྱིན་གྱིས་རློབ་པའི་བསྐལ་བ་ནི་བསྐལ་བའི་ཡུན་ཚད་དང་སྐད་ཅིག་གི་ཡུན་ཚད་ཅན་གང་ཡིན་སོགས་དཔྱད་པར་བྱའོ། །སོ་སྐྱེས་ཀྱི་སྐལ་བའི་ཚོགས་ས་ཐོབ་པ་སོགས་ཀྱིས་སྐད་ཅིག་རེ་རེ་སྒྲུབ་ནུས་ཏེ། ཐེག་མཆོག་དབུ་མ་ལས། སོ་སྐྱེའི་བསྐལ་པའི་བར་གྱི་ཚོགས་ཀྱི་ཚད། །ས་ཐོབ་པས་ནི་སྐད་ཅིག་རེ་རེར་བསྒྲུབ། །བདུན་པ་མན་ཆད་བསྐལ་པ་སྟོང་གི་ཚོགས། །དག་པའི་ས་ལ་གནས་པའི་སྐད་ཅིག་ལའོ། །དབང་བསྐུར་མ་ཐོབ་བསྐལ་པ་གྲངས་མེད་པའི། །ཚོགས་ཀྱང་དེ་ཐོབ་སྐད་ཅིག་རེ་རེར་བསྒྲུབ། །ཅེས་གསུངས་པའི་ཕྱིར་རོ། །

གཉིས་པ་སྐད་ཅིག་མའི་སྦྱོར་བའི་དངོས་པོ་རྒྱས་པར་བཤད་པ།

གཉིས་པ་སྐད་ཅིག་མའི་སྦྱོར་བའི་དངོས་པོ་རྒྱས་པར་བཤད་པ་ལ།

ཆོས་སྐུ་རྫོགས་པར་རྟོགས་པའི་སྐད་ཅིག་སྦྱོར། རྣམ་པར་སྨིན་པའི་སྐད་ཅིག་སྦྱོར། མཚན་ཉིད་མེད་པའི་སྐད་ཅིག་སྦྱོར། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་བཤད་པ་དང་བཞི། དང་པོ་ནི། མདོ་ལས། ཉི་ཁྲིའི་ལེའུ་དྲུག་ཅུ་པ་ལས། སེམས་བསྐྱེད་པ་གཅིག་གིས་སྦྱིན་སོགས་ནས་མཚན་དཔེའི་བར་རྫོགས་པར་བྱེད། ཅེས་དང༌། ཟག་པ་མེད་པའི་སེམས་ལ་གནས་ཤིང་སྦྱིན་པ་གཏོང་ཞེས་སོགས་ཀྱི་དོན། རྩ་བར། སྦྱིན་པ་ལ་སོགས་རེ་རེས་ཀྱང༌། །ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། །ཐུབ་པའི་སྐད་ཅིག་གཅིག་པ་ཡིས། །རྟོགས་པ་འདི་ནི་ཤེས་པར་བྱ། །ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུད། །རྡོག་ཐབས་གཅིག་གིས་བསྐྱོད་པ་ན། །ཐམས་ཅད་གཅིག་ཆར་འགུལ་བ་ལྟར། །སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། །ཞེས་སོ། །དེ་འཆད་པ་ལ། མདོ་ལུགས་མ་ལས། ཡེ་ཤེས་འདི་ནི་ངེས་འབྱུང་བསྒྲུབ་པའི་གནས་སྐབས་བར་ཆད་མེད་པའི་ཏིང་ངེ་འཛིན་ས་བཅུའི་རྒྱུན་མཐའི་སྐད་ཅིག་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི། ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་ཡོངས་སུ་གང་བའི་འོད་གསལ་ཆོས་ཀྱི་སྐུ་སྔ་ཕྱི་མེད་པར་གཅིག་ཆར་དུ་རྟོགས་པར་བྱེད་པ་ཡིན་ནོ། །ཏིང་ངེ་འཛིན་གཅིག་པའི་འདི་ཉིད་རྟོགས་ཚུལ་གྱིས་སྒོ་ནས་བཞིར་བཤད་དོ། །ཡེ་ཤེས་འདིས་ཆོས་སྐུ་རྫོགས་པ་རྟོགས་པ་ནི་ཡེ་ཤེས་སོ། །སྐད་ཅིག་མ་གཅིག་གིས་རྫོགས་པར་གཅིག་ཆར་དུ་རྟོགས་པ་ཡིན་གྱི། འདིར་རིམ་གྱིས་རྟོགས་པ་ནི་མ་ཡིན་ཏེ། ཆོས་སྐུའི་སྒྲིབ་པ་ཐམས་ཅད་ཟད་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་དག་པའི་ངོ་བོར་ཡོངས་སུ་རྫོགས་པའི་ཕྱིར་རོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ནམ་ཞིག་ས་ཡི་མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། །ཞེས་དང༌། གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ནི་བཅག་གྱུར་པ། །དེ་ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། །ཅེས་པའི་དོན་དང༌། ས་ཡོངས་སུ་སྦྱོང་བའི་སྐབས་སུ་ཡང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་ས་བཅུ་པ་ལ་ནི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་དོ། །ཞེས་སོགས་ཀྱི་དོན་ཏོ། །དེས་ན་སྦྱི༷ན་པ༷་དང་ཚུལ་ཁྲིམས་ལ༷་སོ༷གས་པའི་ཡེ་ཤེས་སྐད་ཅིག་མ་རེ༷་རེ༷ས་ཀྱ༷ང་ཟ༷ག་མེ༷ད་ཀྱི་ཆོ༷ས་ནམ་མཁའ་གང་བ་ཀུ༷ན་བསྡུ༷ས་པ༷འི་ཕྱི༷ར། ཐུ༷བ་པ༷འི་རྣམ་མཁྱེན་ཐོབ་པའི་ཡེ་ཤེས་སྐ༷ད་ཅི༷ག་མ་གཅི༷ག་གིས་འོད་གསལ་ཆོས་ཉིད་ཀྱི་སྐུ་རྫོགས་པར་གཅིག་ཆར་དུ་མཁྱེན་པའི་རྟོ༷གས་པ༷་མཐའ་ཐུག་གི་རྟོགས་ཚུལ་འདི༷་ནི༷་ཤེ༷ས་པ༷ར་བྱ༷འོ། །སྔ་ཕྱི་མེད་པར་གཅིག་ཆར་དུ་ཤེས་པ་ནི་དཔེ་ཇི་ལྟ་བུ་ཞེ་ན། ཇི༷་ལྟ༷ར་སྐྱེ༷ས་བུ༷ས་ཟོ༷་ཆུ༷ན་གྱི་རྒྱུ༷ད་རྡོ༷གས་པ་བསྣུན་པའི་ཐ༷བས་གཅི༷ག་གི༷ས་བསྐྱོ༷ད་ཅིང་བསྒུལ་བ༷་ན༷། ཟོ་བ་ཐ༷མས་ཅ༷ད་སྔ་ཕྱི་མེད་པར་གཅི༷ག་ཆ༷ར་དུ་འགུ༷ལ་པ༷་དེ་ལྟ༷ར་ཡེ་ཤེས་སྐ༷ད་ཅི༷ག་མ་གཅི༷ག་གིས་གཅིག་ཆར་དུ་ཤེ༷ས་པ་ནི་དཔེ་དེ༷་བཞི༷ན་ནོ༷། །ཞེས་གསུངས་སོ། །

དེས་ན་མཚན་ཉིད།

དེས་ན་མཚན་ཉིད་ནི།

ཡེ་ཤེས་སྐད་ཅིག་མ་གཅིག་གིས་འོད་གསལ་ཆོས་ཉིད་ཀྱི་སྐུ་རྫོགས་པར་གཅིག་ཆར་དུ་མཁྱེན་པའི་སྦྱོར་བ་མཐར་ཐུག་པའི་སྐད་ཅིག་སྦྱོར་དེ། ཆོས་སྐུ་རྫོགས་པར་རྟོགས་པའི་སྐད་ཅིག་སྦྱོར་གྱི་མཚན་ཉིད་ཡིན་ནོ།།དེ་ཡང་ཉ་ཊཱིཀ་ལས། རྣམ་སྨིན་མིན་པའི་སྐད་ཅིག་མའི་སྦྱོར་བའི་མཚན་ཉིད། རྣམ་སྨིན་མིན་པའི་ཟག་མེད་གཅིག་མངོན་དུ་བྱེད་པ་ན་དེ་དང་རིགས་མཐུན་ཐམས་ཅད་གཅིག་ཅར་མངོན་དུ་བྱེད་པའི་སྐད་ཅིག་མའི་སྦྱོར་བ་སྟེ། ཞེས་གསུངས་པ་ནི་འགྲེལ་བ་དོན་གསལ་ལྟར་ཡིན་པ་ལས་ཡུམ་མདོ་དང་མངོན་རྟོགས་རྒྱན་དུ་རྣམ་པར་མ་སྨིན་པ་སྦྱར་བ་མི་སྣང་ངོ༌། །ཆོས་སྐུ་རྫོགས་པར་རྟོགས་པའི་སྐད་ཅིག་སྦྱོར་ཞེས་མིང་འདོགས་པ་ནི་མདོ་ལུགས་མའི་གསུང་ཟིན་ལ་བརྟེན་ནས་བཤད་པ་ཡིན་ལ།མིང་འདོགས་གཞན་ནི། ཉ་ཊཱིཀ་མཆན་ལས། ཤཱནྟི་རད་ཀིར་གཉིས་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་གཅིག་ལ་མངོན་པར་རྟོགས་པ་ཞེས་མིང་འདོགས་སོ། །ཞེས་གསུངས་སོ། །སྤྱིར་སྐད་ཅིག་སྦྱོར་བཞི་པོ་ལྡོག་པའམ་རྟོགས་ཚུལ་གྱིས་ཕྱེ་བ་ཡིན་ཏེ། མདོ་ལུགས་མ་ལས། ཏིང་ངེ་འཛིན་གཅིག་པའི་འདི་ཉིད་རྟོགས་ཚུལ་གྱི་སྒོ་ནས་བཞིར་བཤད་དོ། །ཞེས་དང༌། ཉ་ཊཱིཀ་ལས། དེ་ལ་ཡང་ངོ་བོ་གཅིག་ལ་མཚན་ཉིད་ཀྱིས་ཏེ་ལྡོག་པས་ཕྱེ་བས་རྣམ་པ་བཞི་ཡོད་པས་དེ་སྟོན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིར་འགྲེལ་བར་རྣམ་སྨིན་ཡིན་མིན་གྱི་ཁྱད་པར་ནི། ཉ་ཊཱིཀ་ལས། དང་པོ་ཕྱི་རོལ་རྒྱུ་རྐྱེན་གྱིས་འདུས་མ་བྱས་པས་རྣམ་སྨིན་མ་ཡིན་པ་ཟག་པ་ཉོན་མོངས་མེད་པའི་ཆོས་ཐམས་ཅད་ནི་ལམ་བདེན་ཏེ། མངོན་པར།་ ཟག་མེད་ལམ་གྱི་བདེན་པ་དང༌། །ཞེས་པ་ནས། ཆོས་བཤེས་ནི། རྣམ་སྨིན་གསུམ་སྟེ། ས་དང་པོ་ལ་འཇིག་རྟེན་ལས་འདས་པར་རྣམ་པར་སྨིན་པ། ས་བརྒྱད་པ་ལ་མཚན་མ་མེད་པར་རྣམ་པར་སྨིན་པ། སངས་རྒྱས་ས་ལ་བསམ་གྱིས་མི་ཁྱབ་ཅིང་ལྷུན་གྱིས་གྲུབ་པར་རྣམ་པར་སྨིན་པ་སྟེ། དེ་དག་ཏུ་ཆོས་ཐམས་ཅད་སྔ་མ་ལས་མི་འདྲ་བར་སྨིན་པས་རྣམ་སྨིན་ནོ། །ཞེས་དང༌། ལས་ཉོན་གྱི་རྣམ་སྨིན་མིན་པའི་སངས་རྒྱས་སའི་ཟག་མེད་ཅེས་སྦྱར་རོ། །ཞེས་གསུངས་སོ། །ཡང་ཉ་ཊཱིཀ་ལས། རྩ་བ་ནི། ཐུབ་པ་རྒྱུན་མཐའི་རྟོགས་པ་འདི་ནི་ཆོས་ཅན། རྣམ་སྨིན་མིན་པའི་སྐད་ཅིག་གཅིག་པའི་སྦྱོར་བ་སྟེ།རྣམ་སྨིན་མིན་པའི་སངས་རྒྱས་སའི་སྦྱིན་སོགས་ཟག་མེད་ཡེ་ཤེས་གཅིག་མངོན་དུ་གྱུར་པ་ན་དེ་ཐམས་ཅད་ཅིག་ཅར་མངོན་དུ་བྱེད་པའི་སྦྱོར་བ་མཐར་ཐུག་ཡིན་པས་སོ། །རྟགས་གྲུབ་སྟེ། སངས་རྒྱས་སའི་རྣམ་སྨིན་མིན་པའི་སྦྱིན་སོགས་ཟག་མེད་རེ་རེས་ཀྱང་དེ་འདྲའི་ཟག་མེད་ཀུན་བསྡུས་པའི་ཕྱིར་ཞེས་ཤེས་པར་བྱའོ། །ཞེས་གསུངས་པ་རང་ལུགས་ལ་འཐད་པ་ཡིན་མིན་དཔྱད་པར་བྱའོ། །ཡང་ཉ་ཊཱིཀ་ལས། རྩ་བ་ནི་ཇི་ལྟར།ནས། འགུལ་བ་ལྟར་རྒྱུན་མཐར་སངས་རྒྱས་སའི་སྦྱིན་སོགས་གཅིག་མངོན་དུ་བྱས་ན་དེ་ཉིད་ཀྱི་སྐད་ཅིག་གཅིག་ལ་དེ་ཀུན་ཤེས་པ་སྟེ་མངོན་དུ་བྱེད་པའང་དེ་བཞིན་ནོ། །ཞེས་མངོན་དུ་བྱེད་རྒྱུའི་ཆོས་དེ་སངས་རྒྱས་ས་ལ་བཤད་དོ། །

གཉིས་པ་རྣམ་པར་སྨིན་པའི་སྐད་ཅིག་སྦྱོར།

གཉིས་པ་རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་ནི།

མདོ་ལས། བྱང་ཆུབ་སེམས་དཔའ་དེ་རྣམ་པར་སྨིན་པ་ལས་བྱུང་བའི་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། རྣམ་སྨིན་ལས་བྱུང་བའི་མངོན་ཤེས་རྣམས་དང༌། རྣམ་སྨིན་ལས་བྱུང་བའི་བྱང་ཆུབ་ཀྱི་ལམ་ངེས་པ་ཉིད་ལ་སྤྱོད་ཅིང༌། ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་ཐོབ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་ཞེས་སོགས་ཀྱི་དོན། རྩ་བར། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས། །དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། །ཞེས་པ་ལ། ས་བཅུ་པའི་མཐར། བར་ཆད་མེད་པའི་ཏིང་ངེ་འཛིན་ཐོབ་པ་ག༷ང་གི་ཚེ༷་རྣམ་བྱང་གི་ཆོ༷ས་དཀ༷ར་པོ་ཐ༷མས་ཅ༷ད་ཀྱི༷་ར༷ང་བཞི༷ན་ཏུ་གྱུར་པ་ནམ་མཁའ་གང་བའི་ཤེས་རབ་ཀྱི་ཕ༷་རོ༷ལ་ཏུ་ཕྱི༷ན་པ་ཆོས་སྐུར་རྣ༷མ་པར་སྨི༷ན་པ་ལྷུན་གྱིས་གྲུབ་པའི་འབྲས་བུ་ཆོ༷ས་ཉི༷ད་ཀྱི་གན༷ས་སྐ༷བས་སུ་རྫོགས་པར་སྒྲིབ་པ་མཐའ་དག་དང་བྲལ་བར་སྐྱེ༷ས་པ་དེ༷འི་ཚེ༷། ཆོས་ཀྱི་སྐུ་རྫོགས་པར་སྐ༷ད་ཅི༷ག་མ་གཅིག་གིས་གཅིག་ཆར་དུ་རྟོགས་པའི་ཡེ༷་ཤེ༷ས་སོ། །དེས་ན་མཚན་ཉིད་ནི། རྣམ་སྨིན་གྱི་དཀར་ཆོས་ཟག་མེད་གཅིག་མངོན་དུ་བྱེད་པ་ན་དེ་དང་རིགས་མཐུན་ཐམས་ཅད་ཅིག་ཅར་མངོན་དུ་བྱེད་པའི་སྐད་ཅིག་མའི་སྦྱོར་བ་དེ། རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་གྱི་མཚན་ཉིད་ཡིན་ནོ། །

གསུམ་པ་མཚན་ཉིད་མེད་པའི་སྐད་ཅིག་སྦྱོར།

གསུམ་པ་མཚན་ཉིད་མེད་པའི་སྐད་ཅིག་སྦྱོར་ནི།

ཉི་ཁྲིའི་ལེའུ་རེ་གཅིག་པར།བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་སྤྱོད་པའི་ཚེ། རྨི་ལམ་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང༌།ཆུ་ཟླ་དང༌། མིག་གཡོར་དང༌། སྒྲ་བརྙན་དང༌། གཟུགས་བརྙན་དང༌། དྲི་ཟའི་གྲོང་ཁྱེར་དང༌། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པ་ཕུང་པོ་ལྔ་ལ་གནས་ཤིང་ཕར་ཕྱིན་དྲུག་ལ་སྤྱོད་དོ། །ཞེས་སོགས་ཀྱི་དོན། རྩ་བར། སྦྱིན་ལ་སོགས་པའི་སྤྱོད་པ་ཡིས། །ཆོས་ཀུན་རྨི་ལམ་འདྲར་གནས་ནས། །ཆོས་རྣམས་མཚན་ཉིད་མེད་པ་ཉིད། །སྐད་ཅིག་མ་ནི་གཅིག་གིས་རྟོགས། །ཞེས་སོ། །དེ་འཆད་པ་ལ་མདོ་ལུགས་མ་ལས། བྱང་ཆུབ་སེམས་དཔའ་དུས་དེར་ཡང་སྦྱི༷ན་པ་ལ༷་སོ༷གས་པ༷འི་སྤྱོ༷ད་པ༷་མི་འདོར་བའི་ཆོ༷ས་ཀུ༷ན་རྨི༷་ལ༷མ་དང་འདྲ༷་བར་རྟོགས་པའི་ཡེ་ཤེས་ལ་གན༷ས་ན༷ས། གཤིས་ལུགས་དོན་དམ་གྱི་ཆོ༷ས་རྣ༷མས་དངོས་པོའི་མཚ༷ན་ཉི༷ད་མེ༷ད་པ༷་སྒྱུ་མ་དང་འདྲ་པ་ཉི༷ད་དུ་རྫོགས་པར། ཡེ་ཤེས་སྐ༷ད་ཅི༷ག་མ༷་གཅི༷ག་གི༷ས་གཅིག་ཆར་དུ་རྟོ༷གས་སོ། །ཞེས་གསུངས་སོ། །དེས་ན་མཚན་ཉིད་ནི། ཀུན་བྱང་མཚན་ཉིད་མེད་པར་གཅིག་མངོན་དུ་བྱེད་པ་ན་དེ་དང་རིགས་མཐུན་པའི་མཚན་ཉིད་མེད་པ་ཐམས་ཅད་གཅིག་ཅར་མངོན་དུ་བྱེད་པའི་སྐད་ཅིག་མའི་སྦྱོར་བ་དེ། མཚན་ཉིད་མེད་པའི་སྐད་ཅིག་སྦྱོར་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། རྩ་བ་ལ། རྒྱུན་མཐའི་ཡེ་ཤེས་ཆོས་ཅན། མཚན་ཉིད་མེད་པའི་སྐད་ཅིག་མ་ཡིན་ཏེ། ཆོས་གཅིག་བདེན་པའི་མཚན་ཉིད་མེད་པ་ཉིད་རྟོགས་པ་ན་དེའི་སྐད་ཅིག་མ་ནི་གཅིག་ཁོ་ན་ལ་ཆོས་རྣམས་ཐམས་ཅད་བདེན་པའི་མཚན་ཉིད་མེད་པ་ཉིད་དུ་རང་གིས་རྟོགས་པས་སོ། །དེ་ལྟར་རྟོགས་པའི་རྒྱུ་ཅི་ན། ཆོས་ཅན། དེ་ལྟར་མངོན་དུ་བྱེད་ནུས་པའི་རྒྱུ་མཚན་ཡོད་དེ། ཕྱིན་ཅི་མ་ལོག་པའི་རྒྱུ་ཆོས་ཀུན་རྨི་ལམ་དང་འདྲ་བར་གནས་པ་སྟེ་རྟོགས་ནས་ངོ་བོའི་རྒྱུ་སྦྱིན་ལ་སོགས་པ་དྲུག་ལ་གྲངས་མེད་གསུམ་སོགས་སུ་སྤྱོད་པ་ཡི་རྒྱུ་མཚན་གྱིས་སོ། །ཆོས་ཐམས་ཅད་མཚན་ཉིད་མེད་པར་ཤེས་པས་ཕར་ཕྱིན་དྲུག་མཚན་ཉིད་མེད་པར་ཤེས་སོགས་སོ། །ཞེས་གསུངས་པའི་ཕྱིར་རོ། །བཞི་བ་གཉིས་སུ་མེད་པའི་སྐད་ཅིག་སྦྱོར་ནི། མདོ་ལས། བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་རྨི་ལམ་དང༌། སྒྲ་བརྙན་དང༌། མིག་ཡོར་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང༌། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཡང་ཇི་ལྟར་ཤེས་ན། རྨི་ལམ་མི་མཐོང༌། རྨི་ལམ་མཐོང་བ་མི་མཐོང༌། སྒྲ་བརྙན་མི་མཐོང༌། སྒྲ་བརྙན་ཉན་པ་མི་མཐོང༌། མིག་ཡོར་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང༌། སྤྲུལ་པ་མི་མཐོང་ངོ༌། །སྤྲུལ་བ་མཐོང་བ་མི་མཐོང་ངོ༌། །ཞེས་སོགས་ཀྱི་དོན། རྩ་བར། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པ་ཡི། །དེ་ཉིད་སྐད་ཅིག་གཅིག་གིས་མཐོང༌། །ཞེས་སོ། །དེ་འཆད་པ་ལ་མདོ་ལུགས་མ་ལས། ཇི་ལྟར་རྨི༷་ལ༷མ་ད༷ང༌། །རྨི་ལམ་དེ༷་མཐོ༷ང་བ་དེ་དག་ཉི༷ད་དངོས་པོ་གཉི༷ས་ཀྱི༷་ཚུ༷ལ་དུ༷་མི༷་མཐོ༷ང་བ་དེས་དེ་ལྟ༷ར་དོན་དམ་འོད་གསལ་ངོ་བོ་ཉིད་སྐུའི་ཆོས་སྐུའི་ཆོ༷ས་རྣ༷མས་གཟུང་འཛིན་གཉི༷ས་སུ༷་མེ༷ད་པ༷འི་ཡེ་ཤེས།དེ༷་ཁོ་ན་ཉི༷ད་ཀྱི་ཆོས་སྐུའི་རྫོགས་པར་ས་བཅུ་རྒྱུན་མཐའི་ཡེ་ཤེས་སྐ༷ད་ཅི༷ག་མ་ནི་གཅི༷ག་གི༷ས་གཅིག་ཆར་དུ་མཐོ༷ང་བ་དེས་ན་ས་བཅུ་པའི་མཐར་ཐུག་པའི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་མཚན་ཉིད་ནི། གཟུང་འཛིན་གཉིས་སུ་མེད་པར་གཅིག་མངོན་དུ་བྱེད་པ་ན་དེ་དང་རིགས་མཐུན་ཐམས་ཅད་གཅིག་ཅར་མངོན་དུ་བྱེད་པའི་སྐད་ཅིག་མའི་སྦྱོར་བ་དེ། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་གྱི་མཚན་ཉིད་དོ། །སྐད་ཅིག་སྦྱོར་དེ་དག་གི་མཚན་ཉིད་ཉ་ཊཱིཀ་ལས། རྣམ་སྨིན་མིན་པའི་སྐད་ཅིག་མའི་སྦྱོར་བའི་མཚན་ཉིད། རྣམ་སྨིན་མིན་པའི་ཟག་མེད་གཅིག་མངོན་དུ་བྱེད་པ་ན་དེ་དང་རིགས་མཐུན་ཐམས་ཅད་གཅིག་ཅར་མངོན་དུ་བྱེད་པའི་སྐད་ཅིག་མའི་སྦྱོར་བ་སྟེ། དེ་བཞིན་དུ་རྣམ་སྨིན་དང༌། མཚན་ཉིད་མེད་པ། གཉིས་སུ་མེད་པའི་སྐད་ཅིག་མའི་མཚན་ཉིད། རྣམ་སྨིན་གྱི་དཀར་ཆོས། ཀུན་བྱང་མཚན་ཉིད་མེད་པར། གཟུང་འཛིན་གཉིས་སུ་མེད་པར་རོ། །དེ་དག་ཀྱང་རྫས་ཐ་དད་ཀྱིས་ཕྱེ་བ་མིན་གྱི་སྤྱིའི་མཚན་ཉིད་ཀྱིས་ཕྱེ་བ་རྣམ་པ་བཞིས་ནི་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐབས་བསྡུས་ནས་བསྟན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིའི་གཉིས་མེད་ཆོས་སྐུའི་ཆོས་རྣམས་ལ་མདོ་ལུགས་མར་བཤད་ལ། ཉ་ཊཱིཀ་ལས། རྩ་བ་ལ། རྒྱུན་མཐའི་ཡེ་ཤེས་ཆོས་ཅན། གཉིས་སུ་མེད་པའི་སྐད་ཅིག་མ་ཡིན་ཏེ། རྨི་ལམ་གྱི་རྟ་གླང་སོགས་དང་ནི་དེ་མཐོང་བ་སྟེ་རྨིས་པའི་ཤེས་པ་ཉིད་དེ་གཉིས་གཟུང་འཛིན་གཉིས་ཀྱི་ཚུལ་དུ་ཁྱོད་ཀྱིས་མི་མཐོང་བ་ལྟར་དུ་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་གཟུང་འཛིན་གཉིས་སུ་མེད་པར་སྐད་ཅིག་གཅིག་གིས་མཐོང་བས་སོ། །ཞེས་སྤྱིར་ཆོས་རྣམས་གཟུང་འཛིན་གཉིས་སུ་མེད་པ་ལ་བཤད་དོ། །དངོས་པོ་བརྒྱད་ལས། སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་དངོས་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པ་ཡིན་ནོ། །གསུམ་པ་སྐབས་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་བདུན་པའི་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པའི་སྒོ་ནས་སྐད་ཅིག་མའི་དངོས་པོ་བཤད་ཟིན་ཏོ། །

སྨྲས་པ།བསྐལ་མང་གོམས་པས་བྱང་ཆུབ་སེམས་དཔའ་ཡིས། །ཟག་མེད་ཆོས་ཀུན་ཅིག་ཆར་རྫོགས་མཁྱེན་པ། །སྐད་ཅིག་སྦྱོར་བའི་མངོན་རྟོགས་འདབ་སྟོང་བཞད། །དེར་བརྟེན་ཆོས་དབྱིངས་ཡེ་ཤེས་མངོན་གྲུབ་ཤོག །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །། གསུམ་པ་བླངས་འབྲས་ཆོས་སྐུའི་ཡན་ལག་རྒྱས་པར་བཤད་པ་ལ།

སྐབས་ཀྱི་མཚམས་སྦྱར་བ། ཆོས་སྐུའི་ཡན་ལག་རྒྱས་པར་བཤད་པ། སྐབས་བསྡུ་བ་དང་གསུམ། དང་པོ་ནི། སྦྱོར་བཞི་ཉམས་སུ་བླངས་བའི་འབྲས་བུ་ཆོས་སྐུ་ཐོབ་པས་སྦྱོར་བཞི་བཤད་པའི་འོག་ཏུ་འབྲས་བུ་ཆོས་སྐུ་བཤད་པ་ཡིན་ནོ། །དེ་ལ་ཆོས་སྐུ་ནི། སྦྱོར་བ་བསྒོམས་པའི་སྟོབས་ཀྱིས་ཐོབ་བྱ་མཐར་ཐུག་པའི་ཟག་མེད་ཀྱི་ཆོས་དེ། ཆོས་སྐུའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། ཡུམ་གྱི་སྦྱོར་བ་བསྒོམས་པའི་འབྲས་བུ་མཐར་ཐུག་གང་ཞིག་ཟག་མེད་ཀྱི་ཆོས་ཀྱི་ཡན་ལག་ཅན་ཏེ། ཞེས་གསུངས་པའི་ཕྱིར་རོ། །དབྱེ་ན་སྐུ་བཞི། ས་མཚམས་སངས་རྒྱས་ཀྱི་ས་ཁོ་ན་ལ་ཡོད་དོ། །

གཉིས་པ་ཆོས་སྐུའི་ཡན་ལག་རྒྱས་པར་བཤད་པ།

གཉིས་པ་ཆོས་སྐུའི་ཡན་ལག་རྒྱས་པར་བཤད་པ་ལ།

སྐུ་བཤད་པ་དང༌།འཕྲིན་ལས་བཤད་པ་དང་གཉིས། དང་པོ་ལ་མདོ་སྡེའི་རྒྱན་ལས། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང༌། །གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་གཉིས་པོའི་རྟེན་ཡིན་ནོ། །ཞེས་གསུངས་པ་ལྟར་ངོ་བོ་ཉིད་སྐུ། ལོངས་སྤྱོད་རྫོགས་སྐུ། སྤྲུལ་སྐུ་བཤད་པ་དང་གསུམ། དང་པོ་དངོས་དང༌། ཡེ་ཤེས་ཆོས་སྐུ་བཤད་པ་དང་གཉིས།དང་པོ་ནི། རྩ་བར། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་སོ། །དེ་འཆད་པ་ལ་མདོ་ལུགས་མ་ལས། ཐུབ་པ་ཡང་ཡིན་ལ། །ངོ་བོ་ཉིད་ཀྱི་སྐུ་ཡང་ཡིན་པས་ན། །ཐུ༷བ་པ༷འི་ངོ༷་བོ༷་ཉི༷ད་སྐུ༷་གང་ཡིན་པ་དེ་ནི༷་ཟ༷ག་པ༷་མེ༷ད་པ༷འི་བྱང་ཆུབ་ཕྱོགས་མཐུན་ལ་སོགས་པ་མཐར་ཐུག་པའི་ཆོ༷ས་ག༷ང་ད༷ག་ཐོ༷བ་པར་གྱུ༷ར་པའི་ངོ་བོ། །སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས། རྣ༷མ་པ་ཀུ༷ན་ཏུ་རྣ༷མ་པར་ད༷ག་པ༷་དེ༷་ད༷ག་བཅོས་མ་གློ་བུར་བ་མ་ཡིན་གྱི། ར༷ང་བཞི༷ན་པའི་སྐུ་གཉུག་མའི་མཚ༷ན་ཉི༷ད་ཅ༷ན་ཡིན་ནོ། །ཞེས་གསུངས་སོ། །དེས་ན། དག་པ་གཉིས་ལྡན་གྱི་ཆོས་དབྱིངས་ཡེ་ཤེས་དེ། ངོ་བོ་ཉིད་སྐུའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། ངོ་བོ་ཉིད་ཀྱི་སྐུའི་མཚན་ཉིད་དག་པ་གཉིས་ལྡན་གྱི་ཆོས་དབྱིངས་ཡེ་ཤེས་ཏེ། རྒྱུད་བླར། ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བ། །ཞེས་གསུངས་པའི་ཕྱིར་རོ། །ངོ་བོ་ཉིད་སྐུ་ལ་སྐུ་གསུམ་མཛད་པ་དང་བཞི་དབྱེ་བ་ཡིན་པར་ཐལ། མདོ་ལུགས་མ་ལས།དེ་ལ་ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །ཞེས་པའི་ཚིགས་སུ་བཅད་པའི་འདི་ལ། མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་བཤད་པ་མཛད་པ་ནི། ངོ་བོ་ཉིད་ཀྱི་སྐུ་དེ་སྐུ་གསུམ་མཛད་པ་དང༌། བཞིར་ངེས་པར་བྱམས་པས་གསུངས། ཞེས་གསུངས་པས། ངོ་བོ་ཉིད་ཀྱི་སྐུ་ནི་དབྱེ་གཞི་དང་སྐུ་ལྷག་མ་གསུམ་མཛད་པ་དང་བཅས་པ་རྣམས་དེ་ལས་ཕྱེ་བའི་ཡ་ཀྱལ་ཡིན་པར་སྣང་ངོ༌། །སྐབས་འདིར་ཡང་ཐོག་མར་ངོ་བོ་ཉིད་ཀྱི་སྐུ་བསྟན་ནས་དེ་ལས་གྱིས་པ་སྐུ་གསུམ་མཛད་པ་དང་བཞིར་གསུངས་པས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། ལུང་དེའི་དོན་ནི་མདོའི་དངོས་བསྟན་གཙོ་བོ་དོན་དམ་པའི་སྐུ་བཞི་མཛད་ལ་དེ་ལྟར་རྣམ་བཞག་མཛད་པ་ལས་སྤྱིར་སྐུ་གསུམ་ངོ་བོ་ཉིད་སྐུའི་དབྱེ་བ་ཡིན་པར་བཤད་པ་མ་ཡིན་ནོ། །ཡང་སྐུ་གསུམ་ངོ་བོ་ཉིད་སྐུའི་དབྱེ་བ་ཡིན་པར་ཐལ། སྐུ་གསུམ་དོན་དམ་པའི་སྐུ་ཡིན་པའི་ཕྱིར། དེར་ཐལ། མདོ་ལུགས་མ་ལས། སྐུ་རྣམས་བདེན་པ་གཉིས་སུ་བསྟན་པ་ནི། ངོ་བོ་ཉིད་ཀྱི་སྐུ་དང་ཆོས་ཀྱི་སྐུ་གཉིས་དོན་དམ་པ་ཆོས་ཉིད་ཀྱི་སྐུ་འབའ་ཞིག་ཡིན་ལ། གཟུགས་སྐུ་གཉིས་ནི་སངས་རྒྱས་རང་ཉིད་ཀྱི་ཆ་ནས་དོན་དམ་པ་ཆོས་ཉིད་ཀྱི་སྐུ་འབའ་ཞིག་ཡིན་ཡང༌། གདུལ་བྱའི་སེམས་ཅན་གྱིས་ཆོས་ཅན་དངོས་པོའི་སྐུར་མཐོང་བའི་ཆ་ནས་ཀུན་རྫོབ་པའི་སྐུ་དང༌། བཏགས་པའི་སྐུ་དང༌། བརྡའི་སྐུ་ལ་སོགས་པར་གསུངས་སོ། །དེས་ཆོས་ཉིད་ཀྱི་ལོངས་སྐུ་དང༌། སྤྲུལ་སྐུ་དེ་ཉིད་གདུལ་བྱ་དངོས་པོར་འཛིན་པའི་བག་ཆགས་ཤས་ཆེ་བ་རྣམས་ལ་དངོས་པོའི་སྐུ་སྣ་ཚོགས་པར་སྣང་ཡང་དངོས་པོའི་སྐུ་ནི་གདགས་གཞི་དེ་ཉིད་ལ་བརྟགས་པ་ཙམ་དུ་ཟད་ཀྱི། དོན་ལ་ནི་གཟུགས་སྐུའི་རྣམ་པར་སྣང་ཡང་ཆོས་སྐུ་ཉིད་ཡིན་པའི་ཕྱིར་རོ། །དཔེར་ན་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས། ཏིང་ངེ་འཛིན་གྱི་ངང་ནས་ཆོས་སྐུའི་སངས་རྒྱས་མང་པོ་གཟིགས་པ་རྣམས་ཏིང་ངེ་འཛིན་ལས་ལངས་པའི་ཚེ་དངོས་པོའི་སྐུར་བཟུང་ནས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་དྲིས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཉིད་ཀྱི་སྐུ་ཡིན་པར་ངོ་སྤྲད་པ་བཞིན་ནོ། །ཞེས་དང༌། གསེར་འོད་དམ་པ་ལས། གཟུགས་སྐུ་གཉིས་སངས་རྒྱས་ཀྱི་སྐུར་བཏགས་པ་བར་གསུངས་པ་དང༌། ལང་ཀར་གཤེགས་པར། ཆོས་ཀྱི་སངས་རྒྱས་སངས་རྒྱས་ཡིན། །ལྷག་མ་དེ་ཡི་སྤྲུལ་པའོ། །ཞེས་དང༌། རྒྱུད་བླར་གཟུགས་སྐུ་གཉིས་བརྡའི་སྐུར་གསུངས་པ་དང༌། དབུ་མ་རྩ་ཤེར། དེ་བཞིན་གཤེགས་པ་བརྟག་པ་དང༌། མྱ་ངན་ལས་འདས་པ་བཏགས་པའི་རབ་ཏུ་བྱེད་པས་སངས་རྒྱས་ཀྱི་དངོས་པོ་བཀག་པ་རྣམས་སེམས་ཅན་རྣམས་ཀྱི་མཐོང་བའི་བཏགས་ཆ་རེ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་མ་ཡིན་ན་གསུང་རབ་མང་པོར་ནང་འགལ་དུ་འགྱུར་བའི་ཕྱིར་རོ། །ཞེས་དང༌། ཆོས་སྐུའི་རྣམ་འགྱུར་ཡིན་པས་དོན་ལ་ཆོས་སྐུ་མ་ཡིན་པའི་གཟུགས་སྐུ་མེད་ཅེས་པའི་དོན་ཏོ། །ཞེས་དང༌། སེམས་ཅན་གྱི་བསམ་པ་དགེ་བའི་བག་ཆགས་མི་འདྲ་བའི་དབང་གིས་དངོས་པོ་སྣ་ཚོགས་ཀྱི་སྐུར་མཐོང་བ་འདི་ལོངས་སྐུ་བཏགས་པ་བ་ཡིན་ནོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། དེ་བཞིན་རང་སྣང་ཞིང་དང་སྐུ་དང་འཁོར། །མཆོད་པ་གསུང་དབྱངས་བཅས་པ་ལོངས་སྐུ་དངོས། །སྟུག་པོའི་ཞིང་ན་ངེས་པ་ལྔ་ལྡན་པ། །དེ་ནི་གཞན་དོན་སྣང་ཚུལ་ལོངས་སྤྱོད་རྫོགས། །གནས་གཙང་ཆེན་པོར་སྤྲུལ་བའི་སྐུ་རེ་ལས། །འཛམ་གླིང་སོགས་སུ་བྱེ་བ་ཕྲག་བརྒྱ་སྟོན། །མཆོག་གི་སྤྲུལ་སྐུ་རྩ་བ་ཡན་ལག་གཉིས། ཞེས་དང༌། ཤེར་འགྲེལ་སྔོན་མེད་ལེགས་བཤད་ལས། སངས་རྒྱས་རང་སྣང་གི་དོན་གནས་ཚུལ་གྱི་སྤྲུལ་སྐུ་དངོས་ཡིན་ཞིང༌། ས་བཅུའི་སེམས་དཔའ་ལ་སྣང་བ་དེ་དངོས་མ་ཡིན་ཡང་ཕྱོགས་མཐུན་དུ་བསྡུ་ལ། ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ། དེ་ནི་གོང་ལྟར་དོན་དམ་པའིགཟུགས་སྐུའི་དབང་དུ་བྱས་པའོ། །ཡང་གཟུགས་སྐུ་གཉིས་དོན་དམ་པའི་སྐུ་མ་ཡིན་པར་མ་ཟད་སངས་རྒྱས་ཙམ་ཡང་མ་ཡིན་པར་ཐལ། ཚུལ་གཉིས་རྣམ་འབྱེད་ལས། གཟུགས་སྐུ་གདུལ་བྱ་གཞན་སྣང་གིས་བསྡུས་ཀྱི་སངས་རྒྱས་མ་ཡིན་པར་བཞེད་པ་དང༌། ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། དོན་དམ་པའི་སངས་རྒྱས་མ་ཡིན་ཞེས་པའི་དོན་ཡིན་ནོ། །འདོད་མི་ནུས་ཏེ། བསྟན་བཅོས་རྒྱུད་བླ་མ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ཡི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག །བདག་ཉིད་ཀྱི་ནི་འབྱོར་བའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡའ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྒྱུད་བླའི་ལུང་འདི་རི་ཆོས་སུ་དྲངས་ནས་འདི་ལྟར་གསུངས་ཏེ། འདི་དག་གིས་ནི་ཁ་ཅིག་ཆོས་སྐུའང་བསྐྱེད་འབྲས་ཀུན་རྫོབ་ཏུ་འདོད་པ་དང༌། ཁ་ཅིག་གཟུགས་སྐུ་ཡང་བྲལ་འབྲས་དོན་དམ་དུ་འདོད་པ་བསལ་བ་ཡིན་ནོ། །ཞེས་པ་ནས། ཁ་ཅིག་ཆོས་སྐུའང་སེམས་ཅན་རྣམས་ལ་དང་པོ་ནས་མེད་པར་འདོད་པ་དང༌། ཁ་ཅིག་གཟུགས་སྐུའང་སེམས་ཅན་རྣམས་ལ་དང་པོ་ནས་ཡོད་པར་འདོད་པ་ཡང་ཤིན་ཏུ་འཁྲུལ་ཏེ། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །ཞེས་དང༌། དེ་ལྟར་སྐུ་གསུམ་མམ་སྐུ་བཞི་གང་ལྟར་བཞག་ཀྱང་གཟུགས་སྐུ་གཉིས་ནི་ཀུན་རྫོབ་བརྡའི་སྐུ་སྟེ། ཞེས་དང༌། འདིར་ལོངས་སྤྱོད་རྫོགས་པ་དང་སྤྲུལ་བའི་སྐུ་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་ན་ཐུབ་པའི་བཀའ་ལ་མི་རྨོངས་པར་འགྱུར་རོ། །དེ་ལ་གཟུགས་སྐུ་རྣམ་པ་གཉིས་ནི་ཀུན་རྫོབ་ཀྱི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་བའི་སྐུ་སྟེ་ཐུན་མོང་དུ་རབ་ཏུ་གྲགས་པའོ། །ཞེས་དང༌། ཆོས་རྗེ་ཀུན་མཁྱེན་གྱི་རྒྱུད་བླའི་འགྲེལ་བར། སངས་རྒྱས་ཞེས་པའང་རང་དོན་ཕུན་སུམ་ཚོགས་པ་དང༌། གཞན་དོན་ཕུན་སུམ་ཚོགས་པ་མཐར་ཕྱིན་པས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ཡང་རྟེན་རང་དོན་དོན་དམ་པ་ཆོས་ཀྱི་སྐུ་དང་ནི། དེ་ལ་བརྟེན་པའི་གཞན་དོན་ཀུན་རྫོབ་གཟུགས་ཀྱི་སྐུ་དེ་ཉིད་དེ།སྐུ་གཉིས་ཀྱི་བདག་ཉིད་ཅན་ཡིན་ཞིང༌། དེ་དག་ལ་ཡོད་པ་ལ་བརྟེན་པའི་ཡོན་ཏན་ལ་ཕྱེ་ནའང་ཆོས་སྐུ་ལ་ཡོད་པ་བྲལ་བའི་འབྲས་བུའི་ཡོན་ཏན་སུམ་ཅུ་རྩ་གཉིས་དང༌། གཟུགས་སྐུ་ལ་ཡོད་པ་རྣམ་པར་སྨིན་པའི་འབྲས་བུ་ནི་ཡོན་ཏན་སུམ་ཅུ་རྩ་གཉིས་ཏེ། གཉིས་ཀ་བསྡོམས་པ་ལས་ཡོན་ཏན་གྱི་དབྱེ་བ་དྲུག་ཅུ་རྩ་བཞི་པོ་འདི་དག་ཡིན་ནོ། །ཞེས་དང༌། དྲིས་ལན་ཡིད་ཀྱི་མུན་སེལ་ལས། དེས་ན་རྫོགས་པའི་སངས་རྒྱས་ཀྱི་ལོངས་སྤྲུལ་གཉིས་པོ་ཡང་སངས་རྒྱས་ཀྱི་སས་བསྡུས་ཀྱི་ཡོན་ཏན་ཁོ་ནར་ངེས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་བདག་གི་རྣམ་པར་རྟོག་པ་ལ་རེ་ཞིག་འདི་ལྟར་ཁས་ལེན་པར་བྱ་སྟེ། ཀུན་རྫོབ་གཟུགས་སྐུ་སངས་རྒྱས་མ་ཡིན་པ་ཚིག་ཟིན་ལ་གསུངས་པ་ནི། དོན་གྱི་གནས་ལུགས་ལ་སངས་རྒྱས་མ་ཡིན་པར་དགོངས་པ་དང༌། ཀུན་རྫོབ་གཟུགས་སྐུ་གཉིས་གཟུགས་སྐུ་བཏགས་པ་བ་གསུངས་ཟིན་ལ་བཤད་པ་ནི། དོན་དམ་པའི་སྐུ་བཞི་གཙོ་བོར་བསྟན་པའི་དབང་དུ་བྱས་ནས་དེ་སྐད་གསུངས་པའོ། །གཟུགས་སྐུ་གཉིས་སངས་རྒྱས་དངོས་ཡིན་ཡང་སངས་རྒྱས་མ་ཡིན་པ་ལྟ་བུར་གསུངས་པ་ནི་གནས་ལུགས་དོན་དམ་པའི་སངས་རྒྱས་མ་ཡིན་པ་དང་སངས་རྒྱས་རང་སྣང་ལ་སངས་རྒྱས་མ་ཡིན་པར་དགོངས་པ་ཡིན་ནམ་སྙམ། དེ་ལྟར་མ་ཡིན་ན་ཀུན་རྫོབ་གཟུགས་སྐུ་སངས་རྒྱས་ལ་མ་ཐོབ་དགོས་ལ། དེ་ལྟར་ན་ཐོབ་བྱ་ནི་ཡིན་པས་སེམས་ཅན་ལ་ཐོབ་དགོས་ལ། དེ་འདོད་ན། སེམས་ཅན་ལ་སངས་རྒྱས་ཡོད་ཀྱང་སངས་རྒྱས་ཡིན་མི་དགོས་པའི་རྒྱུ་མཚན་དུ། རི་ཆོས་ལས། སེམས་ཅན་ཐམས་ཅད་ལ་ཀུན་རྫོབ་ཀྱི་སངས་རྒྱས་ཡོད་པར་ཁས་མ་བླངས་པའི་ཕྱིར། ཞེས་གསུངས་པ་འབྲེལ་མེད་དུ་འགྱུར་རོ། །གཞན་ཡང་ཀུན་རྫོབ་གཟུགས་སྐུ་གཉིས་སངས་རྒྱས་མ་ཡིན་ན་ཀུན་རྫོབ་ཀྱི་མེ་ལོང་ཡེ་ཤེས་སོགས་ཡེ་ཤེས་བཞི་དང༌། མཐར་ཕྱིན་པའི་ལམ་བདེན་སོགས་སངས་རྒྱས་ཀྱི་རྒྱུད་ལ་མེད་པར་འགྱུར་བ་དང༌། རི་ཆོས་ལས། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་ལ་ནི།འདུས་བྱས་ཀྱང་ཡོད་ཅིང་འདུས་མ་བྱས་ཀྱང་ཡོད་པས་ཀུན་རྫོབ་ཀྱང་ཡོད་ལ། ཞེས་པ་ནས།གཞན་བྱུང་ཡེ་ཤེས་བཞི་དང་རང་བྱུང་ཡེ་ཤེས་ལྔ་སྟེ། ཞེས་དང༌། ཀུན་རྫོབ་གཟུགས་སྐུ་བསྐྱེད་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་དགོས། ཞེས་དང༌། ཤེར་འགྲེལ་སྔོན་མེད་ལེགས་བཤད་ལས། ལམ་བདེན་དངོས་ནི། མཐོང་སྒོམ་མི་སློབ་ལམ་གསུམ་གྱིས་བསྡུས་པའི་ཡེ་ཤེས་གསར་བྱུང་རྒྱུ་རྐྱེན་ལས་སྐྱེས་པ་རྣམས་ཡིན་ལ། ཞེས་གསུངས་པ་དང༌། ཀུན་རྫོབ་ཀྱི་སངས་རྒྱས་སངས་རྒྱས་མིན་ན་ཀུན་གཞི་ཡེ་ཤེས་ལྔའི་རབ་ཏུ་དབྱེ་བ་ལས། ཀུན་གཞི་ཡིན་ལ་སངས་རྒྱས་མིན་པ་ཡོད། །སངས་རྒྱས་ཡིན་ལ་ཀུན་གཞི་མིན་པ་ཡོད། །གཉིས་ཀ་ཡིན་ལ་གཉིས་ཀ་མིན་པ་ཡོད། །ཅེས་མུ་བཞི་གསུངས་པ་ཡང་མེད་པར་འགྱུར་བ་སོགས་འགལ་བ་དུ་མར་འགྱུར་བས་ཞིབ་ཏུ་དཔྱད་པར་བྱའོ། །ཁྱད་པར་དུ་གཟུགས་སྐུ་གཉིས་སངས་རྒྱས་ཡིན་པར་ཉ་དབོན་ཀུན་དགའ་དཔལ་གྱིས་མཛད་པའི་གཞི་ལམ་འབྲས་གསུམ་ལས་བརྩམས་པའི་དྲིས་ལན་ཡིད་ཀྱི་མུན་སེལ་ལས་ལུང་རིགས་ཞིབ་རྒྱས་ཀྱིས་བཤད་ཡོད་པས་རྒྱས་པར་དེར་བལྟ་བར་བྱའོ། །

གཉིས་པ་ཡེ་ཤེས་ཆོས་སྐུ་བཤད་པ།

གཉིས་པ་ཡེ་ཤེས་ཆོས་སྐུ་བཤད་པ་ལ།

ཡེ་ཤེས་ཆོས་སྐུ་སྤྱིར་བསྟན་པ། དེའི་བྱེ་བྲག་འགའ་ཞིག་བསྟན་པ། གནས་སྐབས་ཆ་ལ་རྩོད་པ་སྤང་བ་དང་གསུམ། དང་པོ་ནི། གནས་གྱུར་པའི་མཐར་ཐུག་པའི་འདུས་བྱས་ཡེ་ཤེས་ཀྱི་ཚོགས་དེ། སྐུ་བཞི་ཕྱེ་བའི་ཡེ་ཤེས་ཆོས་སྐུའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། གནས་གྱུར་པའི་འདུས་བྱས་ཡེ་ཤེས་ཀྱི་ཚོགས་མཐར་ཐུག་པ། དབྱེ་ན་སྡེ་ཚན་ཉེར་གཅིག གསལ་བ་བརྒྱ་ཞེ་བཞིའོ། །ཞེས་གསུངས་པའི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཚོགས་དེ། ཡེ་ཤེས་ཆོས་སྐུའི་མཚན་ཉིད་ཡིན་ནོ། །མེ་ལོང་ཡེ་ཤེས་སོགས་ལྔ་ཡོད། ལྔ་པོ་དེ་ཡང་རྒྱན་གྱི་ས་འགྲེལ་ལས། ངོ་བོའི་དོན་ནི། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་དག་པའི་མཚན་ཉིད་དེ། །དངོས་པོ་ཤེས་པ་དེ་ལ་དམིགས། །དབང་ཟད་མི་ཤེས་མཚན་ཉིད་དོ། །ཞེས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་སོགས་པའི་ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ། སྤང་བྱ་གློ་བུར་གྱི་དྲི་མ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་བག་ཆགས་དང་བཅས་པས་རྣམ་པར་དག་པའི་མཚན་ཉིད་ཅན་ཏེ་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་དངོས་པོ་མཐའ་དག་མངོན་སུམ་དུ་ཤེས་པ་ཡིན་ཞིང༌། ཆོས་ཀྱི་དབྱིངས་དེ་ལ་དམིགས་ནས་མཉམ་གཞག་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དེ་བཞིན་ཉིད་ཀྱི་ངང་དུ་ཇི་ལྟར་བཞེད་པ་བཞིན་མཉམ་པར་འཇོག་པ་ལ་དབང་ཟད་མི་ཤེས་པ་དང༌། རྗེས་ཐོབ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཆོས་ཅན་མཐའ་དག་ཕྱིན་ཅི་མ་ལོག་པར་མཁྱེན་པ་ལ་དབང་ཟད་མི་ཤེས་པའི་མཚན་ཉིད་དང་ལྡན་པ་ཉིད་དོ། །ཞེས་དང༌། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་སངས་རྒྱས་ཐམས་ཅད་ལ་མངའ་བ་ཡེ་ཤེས་བཞིའི་དང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཆོས་ཉིད་དེ་བཞིན་ཉིད་ལ་རྟག་ཏུ་མཉམ་པར་བཞག་པས་མི་གཡོ་བ་དང་ཡེ་ཤེས་གཞན་གྱི་རྟེན་དུ་གྱུར་པ་སྟེ། ཡེ་ཤེས་ཕྱི་མ་གསུམ་ནི་ཆོས་ཅན་སྣ་ཚོགས་ལ་འཇུག་པས་ཡུལ་ལ་གཡོ་བ་དང་ཡེ་ཤེས་དང་པོ་དེ་ལ་བརྟེན་པ་ཡང་ཡིན་ཞིང༌། དེ་དག་ཀྱང་མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། སོ་སོར་རྟོག་པའི་ཡེ་ཤེས་དང༌། བྱ་བ་གྲུབ་པའི་ཡེ་ཤེས་ཁོ་ནའོ། །ཙནྡྲ་གོ་མིས་ཀྱང༌། གང་ཡང་ཀུན་གཞི་རྣམ་པར་ཤེས། །མེ་ལོང་ཡེ་ཤེས་ཉིད་གྱུར་པ། །ཞེས་པ་དང༌། ཉོན་མོངས་ཅན་ཡིད་གནས་གྱུར་པ། །མཉམ་ཉིད་ཡེ་ཤེས་བརྗོད་པར་བྱ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །ཡིད་ཀྱི་རྣམ་ཤེས་ཉིད་དེའོ། །ཞེས་པ་དང༌། དབང་པོ་ལྔ་ཡི་རྣམ་ཤེས་གང༌། །དེ་ནི་དོན་ཀུན་ཡོངས་འཛིན་ཕྱིར། །སེམས་ཅན་ཀུན་གྱི་དོན་དུ་ནི། །བྱ་བ་གྲུབ་པ་ཙམ་ཉིད་ཐོབ། །ཅེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །ངོ་བོ་ལ་བཞི་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ལའང་གཉིས་ཀྱི་དོན་དངོས་ནི། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་ལ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཞེས་ཀུན་གཞིའི་རྣམ་པར་ཤེས་པ་གནས་པ་མེད་པ་དང་ཡུལ་གྱི་སྒོ་ནས་ཕྱོགས་རེར་ཡོངས་སུ་མ་ཆད་པས་ཡུལ་དང་དུས་ཐམས་ཅད་མངོན་སུམ་དུ་མཁྱེན་པ་དང༌། དུས་ཀྱི་སྒོ་ནས་རེས་འགའ་བ་མ་ཡིན་པས་རྟག་ཏུ་རྒྱུན་མི་འཆད་པར་ལྡན་པ་དང༌། རྟག་ཏུ་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་སྤངས་པས་ཤེས་བྱ་མ་ལུས་པ་ཀུན་ལ་མ་རྨོངས་པ་ཡང་ཡིན་ལ། ཡུལ་གྱི་རྣམ་པ་འཆར་བ་ལ་ལྟོས་པ་མེད་པའི་རྟག་ཏུ་དེ་དག་ལ་མངོན་དུ་ཕྱོགས་པ་ཡང་མིན་པ་སྟེ། མེ་ལོང་ལྟར་དང་བའི་ཡེ་ཤེས་ལ་ཤེས་བྱའི་གཟུགས་བརྙན་སྣང་ཡང་འདིའོ་ཞེས་རྣམ་པར་རྟོག་པའང་མི་མངའ་བའོ། །མིང་དོན་ནི། ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་དེ། །ཞེས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ཀྱི་རྣམ་པ་ཀུན་འབྱུང་བ་ཉིད་ཀྱི་རྒྱུ་མཚན་ཡིན་པའི་ཕྱིར་ཡེ་ཤེས་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་ཆེན་པོ་དང་འདྲ་ཞིང༌། ལོངས་སྐུའི་རྟེན་ཡིན་པས་བརྟེན་པའི་མིང་གིས་བཏགས་ཏེ། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཅེས་ཀྱང་གསུངས་ལ། དཔེར་ན་མེ་ལོང་གཟུགས་བརྙན་སྣ་ཚོགས་འཆར་བའི་རྟེན་ཡིན་པ་བཞིན་དུ་ཡེ་ཤེས་ཕྱི་མ་གསུམ་གཟུགས་བརྙན་དང་འདྲ་བ་འབྱུང་བའི་རྟེན་ཡིན་པའི་ཕྱིར་དེ་ཉིད་ལ་མེ་ལོང་ཡེ་ཤེས་ཞེས་ཀྱང་བྱའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལའང་གཉིས་ལས། ངོ་བོ་ནི།མཉམ་ཉིད་ཡེ་ཤེས་སེམས་ཅན་ལ། །བསྒོམ་པ་དག་པ་ལས་འདོད་དེ། །མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །ཅེས་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་སེམས་ཅན་ཐམས་ཅད་ལ་དམིགས་ནས་ཚོགས་སྦྱོར་དུ་མོས་པ་ཡིད་ལ་བྱེད་པས་བསྒོམས་ཤིང༌། ས་དང་པོར་བདག་གཞན་མཉམ་པ་ཉིད་མངོན་སུམ་དུ་རྟོགས་ནས་ས་བཅུ་པའི་བར་དུ་སྒོམ་པ་གོང་ནས་གོང་དུ་རྣམ་པར་དག་པར་བྱས་པ་ལས་ཐོབ་པར་འདོད་དེ། སྲིད་ཞིའི་མཐའ་ལ་མི་གནས་པའི་ཞི་བ་མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་སར་ཞུགས་པ་ནི་འཁོར་འདས་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་པ་ཐོབ་པ་ཡིན་པར་འདོད་དོ། །ཁྱད་པར་ནི། དུས་རྣམས་ཀུན་ཏུ་བྱམས་པ་དང༌། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །ཞེས་ཡོན་ཏན་གྱི་ཁྱད་པར་དུས་རྣམས་ཀུན་ཏུ་རྒྱུན་མི་འཆད་པར་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་བཞེད་པའི་བྱམས་པ་ཆེན་པོ་ཚད་མེད་པ་དང༌། སྡུག་བསྔལ་དང་བྲལ་བར་བཞེད་པའི་ཐུགས་རྗེ་ཆེན་པོ་ཚད་མེད་པ་དག་དང་ལྡན་ཞིང༌། མཛད་པའི་ཁྱད་པར་སེམས་ཅན་རྣམས་ལ་ཁམས་དང་བསམ་པ་དང་མོས་པ་ཇི་ལྟ་བ་བཞིན་དུ་ཁ་ཅིག་གིས་ནི་དེ་བཞིན་གཤེགས་པ་སྔོན་པོར་མཐོང་ཁ་ཅིག་གིས་ནི་སེར་པོར་མཐོང་ཞེས་བྱ་བ་ལྟ་བུ་སངས་རྒྱས་ཀྱི་{་ནི་མཐའ་ཡས་པ་ངེས་པར་སྟོན་པས་གདུལ་བྱ་སྨིན་པར་མཛད་པའོ། །སོ་སོར་རྟོག་པའི་ཡེ་ཤེས་ལའང་གཉིས་ལས། ངོ་བོ་ནི། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །ཞེས་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་སོ་སོར་རྟོག་པའི་ཡེ་ཤེས་ནི་ཤེས་བྱ་ཇི་ལྟ་བ་དང༌། ཇི་སྙེད་པ་ཀུན་ལ་རྟག་ཏུ་མི་ཐོགས་པའི་སྒོ་ནས་འབད་པ་མེད་པར་དུས་གཅིག་ལ་གསལ་བར་མཁྱེན་པ་སྟེ། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ལ་སོགས་པ་ཡོན་ཏན་ཟད་མི་ཤེས་པ་རྣམས་ཀྱི་འབྱུང་གནས་ཡིན་པར་རིན་པོ་ཆེའི་གཏེར་ཆེན་པོ་དང་འདྲ་བ་ཁོ་ན་ཡིན་ནོ། །བྱེད་ལས་ནི། འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་པ་ཐམས་ཅད་སྟོན་མཛད་ཅིང༌། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །ཞེས་བྱང་ཆུབ་སེམས་དཔའ་ས་ལ་གནས་པ་ལ་སོགས་པའི་འཁོར་གྱི་དཀྱིལ་འཁོར་རྒྱ་ཆེན་པོ་རྣམས་སུ་ནི། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞིང་ཁམས་རྣམ་པར་དག་པ་ལ་སོགས་པ་འབྱོར་བའི་ཁྱད་པར་ཕུན་སུམ་ཚོགས་པ་ཐམས་ཅད་སྟོན་པར་མཛད་ཅིང༌། གདུལ་བྱ་རྣམས་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པའི་ཆོས་ཐེག་པ་ཆེན་པོ་ལ་སོགས་པའི་ཆར་ནི་རྒྱུན་མི་འཆད་པར་རབ་ཏུ་འབེབས་པས་སེམས་ཅན་གྱི་དོན་མཛད་པའོ། །བྱ་བ་གྲུབ་པའི་ཡེ་ཤེས་ལའང་གཉིས་ལས།

ངོ་བོ་ནི།

བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང༌། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་དོན་སྒྲུབ་པའོ། །ཞེས་སྒོ་ལྔའི་རྣམ་ཤེས་གནས་གྱུར་པ་བྱ་བ་གྲུབ་པའི་ཡེ་ཤེས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་ཀུན་ཏུ་ཚུལ་ལམ་རྣམ་འཕྲུལ་སྣ་ཚོགས་ཤིང་གྲངས་དང་ཚད་དཔག་ཏུ་མེད་པ་བསམ་ཡས་ཏེ། བློས་བསམ་གྱིས་མི་ཁྱབ་པའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་མང་པོ་ཡིས་སེམས་ཅན་མ་ལུས་པ་ཀུན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པར་མཛད་པའོ། །ཁྱད་པར་ནི། སངས་རྒྱས་སྤྲུལ་པ་དེ་རྟག་ཏུ། །མཛད་པ་གྲུབ་པའི་བྱེ་བྲག་དང༌། །གྲངས་དང་ཞིང་གིས་རྣམ་ཀུན་དུ། །བསམ་མི་ཁྱབ་པར་ཤེས་པར་བྱ། །ཞེས་བྱ་བ་གྲུབ་པའི་ཡེ་ཤེས་ལ་བརྟེན་ནས་སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་སྟོན་པ་དེ་ནི་དུས་རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་གྱི་དོན་མཛད་པ་སྒྲུབ་པའི་བྱེ་བྲག་དང་གྲངས་དང་ཚད་འདི་ཙམ་ཞེས་བྱ་བ་དང༌། ཕྱོགས་བཅུའི་ཞིང་ཁམས་འདི་ཙམ་དུ་འཇུག་ཅེས་བྱ་བ་ལ་སོགས་པའི་ཁྱད་པར་དག་གིས་རྣམ་པ་ཀུན་ཏུ་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པར་ཤེས་པར་བྱའོ། །

འབྱུང་ཚུལ་བསྟན་པ་ནི།

འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་བསྟན་ཕྱིར་དང༌། །བྱ་བ་སྒྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང༌། །ཞེས་སློབ་ལམ་དུ་དམ་པའི་ཆོས་ཐོས་པ་རྣམས་འཛིན་པའི་ཕྱིར་ཏེ། རྒྱུ་དེ་ལས་མེ་ལོང་ལྟ་བུ་དང༌། དེ་བཞིན་དུ་བྱམས་པ་ཆེན་པོ་དང་ལྡན་པས་བདག་གཞན་ཐམས་ཅད་ལ་སེམས་མཉམ་པ་ཉིད་གོམས་པའི་ཕྱིར་མཉམ་པ་ཉིད་དང༌། ཡང་དག་པའི་ཆོས་ཐོས་པ་རྣམས་གཞན་ལ་ཕྱིན་ཅི་མ་ལོག་པར་རབ་ཏུ་བསྟན་པའི་ཕྱིར་སོ་སོར་རྟོག་པ་དང༌། སེམས་ཅན་གྱི་དོན་བྱ་བ་རྣམས་སྒྲུབ་པ་ལ་བརྩོན་པར་བྱས་པ་ཉིད་ཀྱི་ཕྱིར་བྱ་བ་གྲུབ་པ་སྟེ། ཡེ་ཤེས་བཞི་པོ་ཡང་དག་པར་འབྱུང་བས་རྒྱུ་དེ་དག་ལ་ཡང་བསླབ་པར་བྱའོ་ཞེས་གསུངས་སོ། །རྒྱན་གྱི་ས་འགྲེལ་གྱི་ཚིག་ཟིན་ཇི་ལྟ་བ་བཞིན་བཀོད་པའོ། །ཉ་ཊཱིཀ་ལས། བཞི་བ་ནི། རྟོགས་པ་ཆོས་སྐུ་ཆོས་ཅན། དེ་བཞིན་ཉིད་ཙམ་ཁོ་ན་མིན་ཏེ། མེ་ལོང་ཡེ་ཤེས་ཀྱི་དངོས་པོ་ཡིན་པས་སོ། །ལོངས་སྐུ་ཆོས་ཅན། དེ་གཉིས་ཙམ་ཁོ་ན་མིན་ཏེ། སོགས་པ་མཉམ་ཉིད་སོར་རྟོག་ཡིན་པས་སོ། །སྤྲུལ་སྐུ་ཆོས་ཅན། དེ་བཞི་ཁོ་ན་མིན་ཏེ། བྱ་གྲུབ་ཡེ་ཤེས་ཡིན་པས་སོ། །ཞེས་གསུངས་པ་ནི་མེ་ལོང་ཡེ་ཤེས་སོགས་བཏགས་བ་ལ་བྱེད་དམ་དཔྱད་པར་བྱའོ། །ཡང་ན་དབྱེ་ན་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་ཡོད་དོ། །ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་གང་ཞེ་ན། རྩ་བར། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང༌། །ཟད་པར་བཅུ་ཡི་བདག་ཉིད་དང༌། །ཟིལ་གྱི་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང༌། །ཉོན་མོངས་མེད་དང་སྨོན་མཁྱེན་དང༌། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང༌། །དབང་བཅུ་དང་ནི་སྟོབས་བཅུ་དང༌། །མི་འཇིགས་པ་ནི་བཞི་དག་དང༌། །བསྲུང་བ་མེད་པ་རྣམ་གསུམ་དང༌། །དྲན་པ་ཉེར་བཞག་རྣམ་གསུམ་དང༌། །བསྙེལ་བ་མི་མངའི་ཆོས་ཉིད་དང༌། །བག་ཆགས་ཡང་དག་བཅོམ་པ་དང༌། །སྐྱེས་ལ་ཐུགས་རྗེ་ཆེན་པོ་དང༌། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང༌། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་སོ། །སྐབས་འདིར་འབྲས་བུ་ཆོས་ཀྱི་སྐུས་བསྡུས་པའི་དྲན་པ་ཉེར་བཞག་ལ་སོགས་པ་བྱ༷ང་ཆུ༷བ་ཀྱི་ཕྱོ༷གས་དང་མཐུ༷ན་པའི་ཆོས་སུམ་ཅུ་རྩ་བདུན་དང༌། ཚ༷ད་མེ༷ད་ད༷ང༌། རྣམ་ཐར་དང༌། སྙོམས་འཇུག་དགུ་སོགས་ཟག་མེད་ཀྱིཆོས་སྡེ་ཚན་ཉེར་གཅིག་ལ་བྱེད་དགོས་སོ། །སྤྱིར་བྱང་ཕྱོགས་སོ་བདུན་སོགས་སྔར་བཤད་ཟིན་པ་རྣམས་ནི་མི་སྤྲོའོ། །སྡེ་ཚན་ལྔ་བ་ཟད་པར་གྱི་ཏིང་ངེ་འཛིན་བཤད་པ་ལ། ངོ་བོ། དབྱེ་བ། རྟེན། སྦྱོང་ཚུལ། གྲུབ་པའི་ཚད། མཚན་མ། བྱེད་པ། སྐྱེ་མཆེད་གཞན་ལ་ཟད་པར་མི་འཇོག་པའི་རྒྱུ་མཚན་དང་བརྒྱད། དང་པོ་ནི།ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱིས་དམིགས་པ་ས་ལ་སོགས་པ་གང་ཡིན་པ་དེ་དག་རྣམ་པ་ཐམས་ཅད་དུ་མ་ལུས་ཤིང་ཟད་པར་རྒྱས་ཤིང་ཁྱབ་པར་བྱེད་པར་གནས་པ་ངོ་བོ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང༌། གྲོགས་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་བཅས་པ་ནི་ཟད་པར་གྱི་སྐྱེ་མཆེད་ཅེས་བྱའོ། །ཉ་ཊཱིཀ་ཏུ་ངོ་བོ་ཞི་ལྷག་ཏུ་ཐོགས་མེད་ཀུན་བཏུས་དང༌། མཛོད་དུ། བརྒྱད་མ་ཆགས་པའི་དགེ་བ། ཕྱི་མ་གཉིས་ནི་གཟུགས་མེད་ཀྱི་ནམ་མཁའ་རྣམ་ཤེས་དག་པ་བར་བཤད་དོ། །ཞེས་གསུངས་སོ། །

གཉིས་པ་དབྱེ་བ་ནི།

ཟད་པར་ས་དང་ཆུ་དང་མེ་དང་རླུང་དང༌། ཟད་པར་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང༌། ཟད་པར་ནམ་མཁའ་དང་རྣམ་པར་ཤེས་པ་ཞེས་ཀུན་བཏུས་ས་འགྲེལ་དུ་གསུངས་སོ། ། གསུམ་པ་རྟེན་ནི། མཛོད་དུུ་དང་པོ་བརྒྱད་བསམ་གཏན་བཞི་བའི་དངོས་གཞི་དང་ཐ་མ་གཉིས་གཟུགས་མེད་དང་པོ་གཉིས་བརྟེན་པར་བཤད་དེ། མཛོད་ལས། ཟད་པར་བཅུའོ་བརྒྱད་མ་ཆགས། །བསམ་གཏན་མཐའ་ན་སྤྱོད་ཡུལ་ནི། །འདོད་པའོ་གཉིས་ནི་གཟུགས་མེད་དག །ཅེས་སོ། །ཨཱརྱས། རྟོག་དཔྱོད་ཞི་བས་བསམ་གཏན་གཉིས་པ་ལ་བརྟེན་པར་བཤད་དོ། །ཞེས་ཉ་ཊཱིཀ་ཏུ་གསུངས་ལ། ཀུན་བཏུས་ས་འགྲེལ་ལས། གནས་བསམ་གཏན་བཞི་པ་ལ་བརྟེན་ཏེ། ཞེས་བསམ་གཏན་བཞི་བ་ལ་བརྟེན་པར་བཤད་དོ། །

བཞི་པ་སྦྱོང་ཚུལ་ལ་ནི།

སའི་སྦྱོང་ཚུལ་ནི་བསམ་གཏན་ལ་བརྟེན་ནས་དམིགས་རྟེན་མེད་པར་སྦྱོར་བའི་དུས་སུ་སས་ཁྱབ་པར་མོས་པའི་ཡིད་བྱེད་སྔོན་དུ་བཏང་ནས་དངོས་གཞིའི་དུས་སུ་ས་ཞེས་པའི་མིང་ཙམ་ལ་དམིགས་ནས་གོམས་པར་བྱེད་པའོ། །གཞན་དགུའི་རིམ་བཞིན་སྣོད་ཆུ་གཙང་མོས་བཀང་བ་དང༌། མེ་འབར་བ་འཐུག་པོ་དང༌། བུ་ག་སོགས་ནས་རླུང་ལུས་ལ་རེག་པ་དང༌། ཚོན་སྔོན་པོ་སེར་དམར་དཀར་བོས་དཀྱིལ་འཁོར་བྱས་པ་དང༌། མཐོ་གང་སོར་བཞི་བའི་བུ་ག་ནམ་མཁའ་དང༌། བུམ་ནང་དུ་མར་མེ་བཞག་པའི་འོད་རྩིག་ངོས་ལ་ཕོག་པའི་སྣང་བ་དེ་རྣམས་དམིགས་རྟེན་དུ་བྱས་ཏེ། བསམ་གཏན་ལ་བརྟེན་ནས་ཆུ་ལ་སོགས་པས་ཐམས་ཅད་ལ་ཁྱབ་པར་མོས་པ་ཡིད་བྱེད་སྔོན་དུ་བཏང་ནས་དངོས་གཞིའི་དུས་སུ་ཆུ་ལ་སོགས་པའི་མིང་ཙམ་ལ། དམིགས་ནས་གོམས་པར་བྱེད་པའོ། །ཞེས་ཉ་ཊཱིཀ་ལས་སོ། དེར་ཟད་པར་སའི་ཏིང་འཛིན་གསར་སྒྲུབ་ཀྱི་དམིགས་རྟེན་མེད་པར་བཤད་པའི་རྒྱུ་མཚན་གང་ཡིན། གཞུང་གཞན་དུ་ས་སྣུམ་ཞིང་ཁོད་སྙོམས་པ་དེའི་དམིགས་རྟེན་དུ་བཤད་པས་དཔྱད་དོ། ། ལྔ་བ་གྲུབ་པའི་ཚད་ནི། དེ་ལྟར་གོམས་པས་སྔར་དམིགས་རྟེན་དུ་བྱས་པའི་རིགས་མཐོང་བ་ན་ཇི་ལྟར་མོས་པ་བྱས་པ་བཞིན་དུ་ས་ལ་སོགས་པས་ཡུལ་ཐམས་ཅད་ལ་ཁྱབ་པར་སྣང་བའོ། །

དྲུག་པ་འགྲུབ་མ་འགྲུབ་ཀྱི་མཚན་ལྟས།

དྲུག་པ་འགྲུབ་མ་འགྲུབ་ཀྱི་མཚན་ལྟས་ནི།

ཟད་པར་ས་སོགས་ལ་རིམ་བཞིན་ས་ཚ་སྒོ་ཅན་སྣང་བ་དང༌། ཆུ་སྦུ་བ་ཅན་དང༌། མེ་ཆད་ཅིང་འབར་བ་དང༌། རླུང་འཚུབས་ཤིང་གཡོ་བ་དང༌། སྔོ་སེར་དམར་དཀར་བཞི་ཁ་དོག་གཞན་དང་འདྲེས་པའམ་ཡང་ན་ཉ་ཊཱིཀ་ལྟར་སྔོན་པོ་སོགས་བཞི་ལ་མེ་ཏོག་གེ་སར་དང་སྡོང་བུ་མེད་པ་ས་ལས་འབྱར་བ་ལྟ་བུར་སྣང་སྔོན་པོ་སོགས་ལྟ་བུ་དང༌། ནམ་མཁའ་ལ་དམིགས་རྒྱ་བསྐྱེད་ཀྱང་བུ་གའི་ནམ་མཁའ་རང་སར་སྣང་བ་དང༌། རྣམ་ཤེས་ལ་རྩིག་ངོས་ཀྱི་འོད་རང་ས་ལྟར་སྣང་བ་ནི་མ་འགྲུབ་པའི་མཚན་མ་དང༌།འགྲུབ་པའི་མཚན་མ་ནི་རིམ་བཞིན་ས་སྣུམ་ཞིང་འཇམ་ལ་རྒྱ་ཆེ་བ་དང༌། ཆུ་ཤིན་ཏུ་དྭངས་ཤིང་འཁྱིལ་བ་དང༌། མེ་མི་གཡོ་ཞིང་གསལ་ཞིང་འབར་བ་དང༌། རླུང་འཇམ་ཞིང་འཁྱིལ་བ་མི་གཡོ་བ་དང༌། སྔོན་པོ་སོགས་བཞི་ནི་ནམ་མཁར་འཕགས་ཏེ་ནོར་བུ་ལྟར་དྭངས་ཤིང་ཁ་དོག་གཞན་དང་མ་འདྲེས་པ་དང༌། དམིགས་རྟེན་བུ་གའི་ནམ་མཁའ་དེ་ནམ་མཁར་འཕགས་ཏེ་གཟུགས་ཐམས་ཅད་སྟོང་པ་ནམ་མཁའ་ལྟར་སྣང་བ་དང༌། དམིགས་རྟེན་སྣང་འོད་ནམ་མཁར་འཕགས་ཏེ་གཟུགས་ཐམས་ཅད་གསལ་འོད་ཀྱི་སྣང་བ་འཐུག་པོས་གཡོགས་པ་ལྟར་སྣང་བ་ནི་འགྲུབ་པའི་མཚན་མའོ། །འགྲུབ་མ་འགྲུབ་ཀྱི་མཚན་མ་ལ་ཉ་ཊཱིཀ་ཏུ་འཛིན་པའི་མཚན་མ་དང་སྣང་བའི་མཚན་མ་ཞེས་གསུངས་སོ། ། ཉ་ཊཱིཀ་ལས། སའི་མཚན་མ་མ་བཤད་དོ། །ཞེས་མ་བཤད་པའི་རྒྱུ་མཚན་ལ་དཔྱད་དོ། །བདུན་པ་བྱེད་པ་ནི། ཟད་པར་ས་ལ་དབང་འབྱོར་པས་ཆུ་ལ་སོགས་པའང་སར་སྤྲུལ་ཞིང་མི་བྱིང་བར་འགྲོ་བ་དང༌། ཆུས་ས་ལ་སོགས་པའང་ཆུར་སྤྲུལ་ནས་འཛུལ་བར་ནུས་པ་དང༌། མེས་ཆུ་ལ་སོགས་པའང་མེ་འབར་ཞིང་མེའི་ཆར་འབེབས་པ་དང༌། རླུང་གིས་རླུང་ལྟར་མགྱོགས་པར་འགྲོ་ཞིང་རླུང་གི་ཆར་འབེབས་པ་དང༌། སྔོན་པོས་བཻ་ཌཱུརྱ་ལ་སོགས་པར་སྒྱུར་བ་དང༌། སེར་པོས་གསེར་ལ་སོགས་པར་སྒྱུར་བ་དང༌། དམར་པོས་མུ་ཏིག་དམར་པོ་ལ་སོགས་པར་སྒྱུར་བ་དང༌། དཀར་པོས་ཟླ་བ་ཆུ་ཤེལ་ལ་སོགས་པར་སྒྱུར་བ་དང༌། ནམ་མཁས་རི་ལ་སོགས་པའང་ནམ་མཁར་སྤྲུལ་ནས་ཐོགས་མེད་དུ་འགྲོ་འོང་བྱེད་པ་དང༌། རྣམ་པར་ཤེས་པས་གཉིད་རྨུགས་ལ་སོགས་པ་སེལ་ཞིང་ཉོན་མོངས་པ་མེད་པ་དང་བསམས་ནས་ཤེས་པ་ལ་སོགས་པ་འགྲུབ་པར་བྱེད་ཅེས་ཀུན་བཏུས་ས་འགྲེལ་དུའོ། །ཉ་ཊཱིཀ་དུ། རིམ་པ་ལྟར་ཆུ་དང་ནམ་མཁའ་ལ་སོགས་སར་སྤྲུལ་ནས་རྐང་བའི་འགྲོ་སོགས་དང༌། ས་ལ་བྱི་འཛུལ་བྱེད་སོགས་དང༌། ཤི་དུས་ལུས་སྲེག་སོགས་དང༌། རླུང་ལྟར་མགྱོགས་པར་འགྲོ། ཞེས་སོགས་གསུངས་སོ། །

བརྒྱད་པ་སྐྱེ་མཆེད་གཞན་ལ་ཟད་པར་མི་འཇོག་པའི་རྒྱུ་མཚན།

བརྒྱད་པ་སྐྱེ་མཆེད་གཞན་ལ་ཟད་པར་མི་འཇོག་པའི་རྒྱུ་མཚན་ནི།

ཉ་ཊཱིཀ་ལས། གཟུགས་མེད་ཅི་ཡང་སྲིད་རྩེ་ལ་མི་བཞག་སྟེ་འདི་གྲུབ་པ་ན་སྣང་བའི་མཚན་མ་གསལ་བོ་སོགས་གསལ་བ་དགོས་པ་ལ་དེ་གཉིས་ཧ་ཅང་སེམས་ནང་དུ་བསྡུས་ཤིང་མི་གསལ་བས་སོ། །དབང་བོ་ལྔ་ལ་མི་བཞག་སྟེ་ཕྱི་རོལ་དུ་སྤྲོ་མི་ནུས་པས་སོ། །དྲི་རོ་ལ་མི་བཞག་སྟེ་གཟུགས་སུ་སྤྲོ་མི་ནུས་པས་སོ། །སྒྲ་ལ་མིན་ཏེ་རྒྱུན་མེད་པས་སོ། །ཨཱརྱས། རྒྱུན་མི་འཆད་པར་ཁྱབ་པར་སྤྲོ་བས་ན་ཟད་པར་གྱི་སྐྱེ་མཆེད་དོ། །ཞེས་པས་སོ། །འདི་སྒྲ་བཤད་ཡིན་ནོ། །མདོར་ན་ས་ལ་སོགས་པར་མོས་པའི་རྣམ་པ་བར་མེད་ཅིང་མཚམས་མེད་པར་རྒྱས་པར་བྱེད་པས་ན་ཟད་པར་གྱི་སྐྱེ་མཆེད་དོ། །ཟད་པར་ནི་མཐའ་དག་གོ །ཉན་རང་རང་དོན་དུ་བསྒོམ་ཞིང་རང་ལ་གྲུབ་པོ། །གསུངས་ཡང་ཕལ་ཆེ་བ་སྟེ་གཞན་ལ་ཡང་སྟོན་པར་གསུངས་སོ་ཞེས་རལ་གྲིའོ། །བྱང་པ་གཞན་དོན་དུ་བསྒོམས་ཞིང་གཉིས་ཀ་ལ་གྲུབ་པོ། །འདིར་ནི་དེ་མཐར་ཕྱིན་པའི་དབང་གིས་མཐའ་དག་པར་སྤྲུལ་ནུས་ཤིང་གཞན་ལ་སྣང་བར་བྱེད་པའི་ཡེ་ཤེས་མཐར་ཐུག ཞེས་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག་ནམ་མཁའ་དང་རྣམ་ཤེས་ལ་ཟད་པ་འཇོག་མི་རིགས་པར་ཐལ། རིམ་བཞིན་གཟུགས་དང་ཕྱི་རོལ་དུ་སྤྲོ་མི་ནུས་པའི་ཕྱིར། ཁྱབ་སྟེ། ཉ་ཊཱིཀ་ལས། དབང་བོ་ལྔ་ལ་མི་བཞག་སྟེ་ཕྱི་རོལ་དུ་སྤྲོ་མི་ནུས་པས་སོ། །དྲི་རོ་ལ་མི་བཞག་སྟེ་གཟུགས་སུ་སྤྲོ་མི་ནུས་པས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། སྒྲ་ལ་ཟད་པ་མི་འཇོག་པའི་རྒྱུ་མཚན་ཉ་ཊཱིཀ་ལས། སྒྲ་ལ་མིན་ཏེ་རྒྱུན་མེད་པས་སོ། །ཞེས་གསུངས་པ་མི་འཐད་དེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། བྱེ་བྲག་སྨྲ་བ་རྣམས་སྒྲ་ལ་རྒྱུན་མེད་པར་འདོད་པ་ཡིན་ཡང༌། སྒྲ་ལ་རྒྱུན་ནི་ཡོད་པ་ཡིན་ཏེ། སྒྲ་ཐག་རིང་བོར་འཇུག་པ་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །དེས་ན་ཐེག་པ་ཆེན་པོའི་སྐབས་འདིར་རྡུལ་ཕྲན་ཡང་རྡུལ་རྫས་དགུ་དང་ལྡན་པར་དོན་གྱི་ཁས་ལེན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །སྡེ་ཚན་དྲུག་པ་ཟིལ་གནོན་ནི། ཉ་ཊཱིཀ་ལས། ཟིལ་གནོན་བརྒྱད་ནི། བདག་རྐྱེན་བསམ་གཏན་བཞི་བའི་དངོས་གཞི་ལ་བརྟེན་ནས་ནང་རང་ལ་གཟུགས་ཅན་དུ་འདུ་ཤེས་པས་ཕྱི་རོལ་ཀྱི་གཟུགས་ཆུང་ངུ་ཁ་དོག་བཟང་ངན་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་བའི་ཟིལ་གནོན་ནི་ཟིལ་གནོན་དང་པོའོ། །དེ་བཞིན་དུ་ཕྱིའི་གཟུགས་ཆེན་པོ་ལ་སྦྱར་བ་གཉིས་པ། ནང་གཟུགས་མེད་པར་འདུ་ཤེས་པས་སོ་སོར་ཆུང་ངུ་ལ་སྦྱར་བ་གསུམ་པ། ཆེན་པོ་ལ་སྦྱར་བ་བཞི་བ་སྟེ་བཞི་དང༌། ཆུང་ངུ་བཅུད་ཀྱི། བཟང་ངན་ལྷ་མིའི། ཆེན་པོ་སྣོད།བཟང་ངན་ནི་མཛེས་མི་མཛེས་ཤེས་པ་ཞི་གནས་ཀྱིས།་མཐོང་བ་ལྷག་མཐོང་གིས་སོ། །དང་པོ་གཉིས་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་ཁྱད་པར་ཅན་དུ་གྱུར་པའི་རྒྱུན་ཕྱི་མའོ། །ཕྱི་མ་གཉིས་གཟུགས་མེད་གཟུགས་ལྟ་བའིའོ། །ནང་གཟུགས་མེད་པར་འདུ་ཤེས་པ་དག་ཁོ་ནས་ཕྱི་རོལ་ཀྱི་གཟུགས་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོར་ལྟ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན། ཟར་མའི་མེ་ཏོག་གམ་ཡུལ་ཝ་ར་ན་སིའི་རས་ཕུན་སུམ་ཚོགས་པ་སྔོན་པོ། ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱིའི་སྔོན་པོ་སོགས་ལ་ལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ་དེ་ལྟར་འདུ་ཤེས་པ་འདི་ནི་ལྔ་བའོ། །དེ་བཞིན་དུ་སེར་བོ་དོང་ཁའི་མེ་ཏོག་དང་རས་དང་སྦྱར་བ་དྲུག་པ། དམར་བོ་བན་ངྷུ་ཛི་བ་ཀའི་མེ་ཏོག་དང་རས་དང་སྦྱར་བ་བདུན་པ། དཀར་བོ་སྐར་མ་བ་ཝ་སངས་དང་རས་དང་སྦྱར་བ་བརྒྱད་པའོ། །དེ་ལ་སྔོན་པོ་ནི་བསྟན་པའོ། །ཁ་དོག་སྔོན་པོ་ནི་ལྷན་སྐྱེས་སོ། །སྔོན་པོ་ལྟར་སྟོན་པ་ནི་སྦྱོར་བྱུང་འོད་སྔོན་འབྱུང་བ་ནི། དེ་གཉིས་ཀ་འོད་འཕྲོ་ཞིང་མདངས་གསལ་བའོ། །མེ་ཏོག་ལྷན་སྐྱེས། རས་སྦྱར་བའི་དཔེ། ཟིལ་གྱིས་མནན་ནས་ནི་དབང་བསྒྱུར་ནས་སོ། །དེ་ལྟར་འདུ་ཤེས་པ་ནི། ཟིལ་གྱིས་ནོན་ནམ་མ་ནོན་ཡང་རུང་སྟེ་མངོན་པའི་ང་རྒྱལ་གྱི་འདུ་ཤེས་མེད་པའོ། །དེ་བཞི་ནི། ཁྱད་པར་སྡུག་པའི་རྣམ་ཐར་ལས་བརྒྱུད་པའི་རྒྱུན་ཕྱི་མ་ཁྱད་པར་བའོ། །དེ་ལ་རྣམ་ཐར་གྱིས་དམིགས་པ་ལ་མོས་པར་བྱེད། ཟིལ་གནོན་གྱིས་དམིགས་པ་ལ་དབང་བསྒྱུར། ཟད་པར་གྱིས་དམིགས་པས་ཁྱབ་པར་བྱེད་ཅིང་རྣམ་ཐར་རྣམས་རྫོགས་པར་གྲུབ་པར་བྱེད་དོ། །ཞེས་ཀུན་བཏུས་སོ། །དེ་དག་ངོ་བོ་ཞི་ལྷག་ཏུ་འཕགས་པ་ཐོགས་མེད་དོ། །ཞེས་གསུངས་སོ། །སྐབས་འདིར་རྣམ་ཐར་ཟིལ་གནོན་ཟད་པར་གསུམ་གྱི་ཁྱད་པར་མདོ་ལུགས་མ་ལས། འདིར་རྣམ་ཐར་ཟིལ་གནོན་ཟད་པར་གྱི་ཁྱད་པར་ནི། སྒྲིབ་པ་ཐམས་ཅད་ལས་ངེས་པར་གྲོལ་བ། རྣམ་པར་ཐར་པ་དང༌། ཉིད་ཀྱི་ཐུགས་ལ་མངའ་བསྒྱུར་བས་ཇི་ལྟར་བཞེད་པ་བཞིན་དུ་བྱིན་གྱིས་རློབ་པ་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པ་དང༌།ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཀྱིས་ཁྱབ་པ་ཟད་པར་གྱི་སྐྱེ་མཆེད་དེ། ཐུབ་པའི་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན། །ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །ཞེས་གསུངས་སོ། །དེ་གསུམ་ཡོངས་སུ་རྫོགས་པར་མངའ་བ་ནི་སངས་རྒྱས་ཡིན་ཏེ། ཀུན་བཏུས་ས་འགྲེལ་ལས། གསུམ་པོ་དེ་དག་ཀྱང་ཕལ་བ་རྣམས་ཀྱིས་ཕྱོགས་རེ་ཙམ་ཐོབ་པ་ཡིན་ལ། ཡོངས་སུ་རྫོགས་པར་མངའ་བ་ནི་སངས་རྒྱས་ཉིད་དེ། ཐུབ་པ་སྒྲིབ་ཀུན་ངེས་པར་གྲོལ། །ཞེས་སོགས་གསུངས་སོ། །བདུན་པ་ཉོན་མོངས་མེད་པའི་སེམས་དང༌། བརྒྱད་པ་སྨོན་གནས་མཁྱེན་པ་གཉིས་འོག་ཏུ་སྟོན་ནོ། །སྡེ་ཚན་བཅུ་གཅིག་པ་རྣམ་པ་ཐམས་ཅད་དག་པ་བཞི་ནི། མདོ་ལུགས་མ་ལས། རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པ་བཞི་ནི། ལུས་ལེན་པ་དང༌། གནས་པ་དང༌། གཏོང་བ་ལ་མངའ་བརྙེས་པས་ལུས་ཡོངས་སུ་དག་པ་དང༌། སྤྲུལ་པ་དང་བསྒྱུར་བ་ལ་མངའ་བརྙེས་པས་དམིགས་པ་ཡོངས་སུ་དག་པ་དང༌། ཏིང་ངེ་འཛིན་ལ་མངའ་བརྙེས་པས་ཐུགས་ཡོངས་སུ་དག་པ་དང༌། ཡེ་ཤེས་ལ་མངའ་བརྙེས་པས་མཁྱེན་པ་ཡོངས་སུ་དག་པ་སྟེ་བཞིའོ། །ལེན་དང་གནས་དང་གཏོང་པ་དང༌། །སྤྲུལ་དང་ཡོངས་སུ་བསྒྱུར་བ་དང༌། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །སྡེ་ཚན་བཅུ་གཉིས་པ་དབང་བཅུ་ནི། དབང་བཅུ་ནི། ཚེ་དང༌། སེམས་དང༌། ཡོ་བྱད་དང༌། ལས་དང༌། སྐྱེ་བ་དང༌། མོས་པ་དང༌། སྨོན་ལམ་དང༌། རྫུ་འཕྲུལ་དང༌། ཡེ་ཤེས་དང༌། ཆོས་ལ་དབང་བ་སྟེ་བཅུའོ། །སྡེ་ཚན་བཅོ་ལྔ་པ་བསྲུང་བ་མེད་པ་གསུམ་ནི། མདོ་ལུགས་མ་ལས། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་སྤྱོད་པ་ཤིན་ཏུ་དག་པས་སྤྱོད་པ་མ་དག་པ་གཞན་གྱི་ཤེས་ཀྱིས་དགོངས་ནས་བསྲུང་བ་དེ་མེད་པའི་ཕྱིར་འཁོར་གྱི་ནང་ན་བག་རྐྱང་སྟེ་གསུང་བ་དང༌། ཞེས་པ་ལྟར་སྐུ་གསུང་ཐུགས་གསུམ་ལ་སྦྱར་བའི་གསུམ་མོ། །སྡེ་ཚན་བཅུ་དྲུག་པ་ནི། མདོ་ལུགས་མ་ལས། ཆོས་ཉན་པ་ལ་གུས་པ་དང༌། མ་གུས་པ་དང༌། ཆ་མཉམ་པའི་འཁོར་གསུམ་ལ་ཆགས་པ་དང༌། ཁོང་ཁྲོ་བ་དང༌། ཆ་མཉམ་པའི་གཡེང་བ་གསུམ་གྱིས་དྲན་པ་མི་བསྙེལ་བའི་ཕྱིར་བཏང་སྙོམས་ཀྱིས་དྲན་པ་ཉེ་བར་བཞག་པ་རྣམས་གསུམ་སྟེ། བསྲུང་མེད་བསྙེལ་བའི་མི་མངའ་བ། །འཁོར་གྱི་ནང་ནས་བག་བརྐྱངས་གསུང༌། །ཀུན་ནས་ཉོན་མོངས་གཉིས་སྤངས་པ། འཁོར་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །ཞེས་གསུངས་སོ། །སྡེ་ཚན་བཅུ་བདུན་པ་ནི། མདོ་ལུགས་མ་ལས། བསྙེལ་ནས་སེམས་ཅན་གྱི་དུས་ལས་འདའ་བ་མི་སྲིད་པ་མཛད་པ་རྟག་ཏུ་འབྲས་བུ་ཡོད་པ་ནི་བསྙིལ་བ་མི་མངའ་བའི་ཆོས་ཉིད་དེ། སེམས་ཅན་ཀུན་གྱི་བྱ་བ་ལ། །ཁྱོད་ནི་དུས་ལས་མ་འདའ་བས། །མཛད་པ་རྟག་ཏུ་དོན་མངའ་བ། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །སྡེ་ཚན་བཅོ་བརྒྱད་པ་ནི། མདོ་ལུགས་མ་ལས། ཉོན་མོངས་ཟད་ཀྱང་བག་ཆགས་མ་བཅོམས་པས། ཉན་རང་ལ་ལུས་ཀྱི་འགྱུར་བ་དང༌། གླང་པོ་འཁྲུལ་བ་དང༌། ཐུབ་པ་ལ་སོགས་ཀུན་མཁྱེན་མིན་པའི་སྤྱོད་པ་ཡོད་པ་ལྟར་དེ་བཞིན་གཤེགས་པ་ལ་གནས་པ་དང་རྒྱུ་བ་ལ་རྟག་ཏུ་ཀུན་མཁྱེན་མ་ཡིན་པའི་སྤྱོད་པ་མི་མངའ་བ་ནི་བག་ཆགས་ཡང་དག་པར་བཅོམ་པ་སྟེ་ཀུན་མཁྱེན་ཁྱོད་ལ་རྒྱུ་བ་དང༌། གནས་པ་ཀུན་ལ་རྟག་པར་ནི། །ཀུན་མཁྱེན་མིན་སྤྱོད་མི་མངའ་བ། །ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ། །ཞེས་གསུངས་སོ། །སྡེ་ཚན་བཅུ་དགུ་བ་ཐུགས་རྗེ་ཆེན་པོ་ནི། སུ་ནི་དར་སུ་ནི་རྒུད་ཅེས་པའི་ཚུལ་གྱིས་འཇིག་རྟེན་ལ་ཉིན་ལན་གསུམ་མཚན་ལན་གསུམ་སོ་སོར་གཟིགས་པ་ནི་སྐྱེ་བོ་ལ་ཐུགས་རྗེ་ཆེན་པོ་སྟེ་འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་ཏུ་ནི་སོ་སོར་གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན་པ། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །སྡེ་ཚན་ཉེར་གཅིག་པ་རྣམ་མཁྱེན་ནི། མདོ་ལུགས་མ་ལས། སྐུ་གསུམ་གྱིས་བྱང་ཆུབ་ཆེན་པོ་བརྙེས་ནས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་ཐམས་ཅད་གཅོད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། སྐུ་གསུམ་དག་གིས་བྱང་ཆུབ་ཆེ། །རྣམ་པ་ཀུན་བརྙེས་ཐམས་ཅད་དུ། །སེམས་ཅན་ཀུན་གྱི་ཐེ་ཙོམ་དག །གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ནི། ཆོས་ཐམས་ཅད་ཀྱི་སྙིང་པོར་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཡིན་ཏེ། དཀོན་མཆོག་སྤྲིན་ལས། དེ་ནི་དེ་བཞིན་ཉིད་ཅེས་བྱའོ། །ཡང་དག་པའི་མཐའ་ཞེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་ཞེས་སོ། །མཐར་ཐུག་འོད་གསལ་ཆོས་ཀྱི་སྐུ་ཞེས་བྱ་བ་དེ་རྣམས་ངོ་བོ་ཉིད་ཀྱི་སྐུས་བསྡུས་པའི་ཟག་མེད་ཀྱི་ཆོས་དེ་དག་ཡིན་པར་བརྗོད་པ་ཡིན་ནོ། །ཞེས་གསུངས་སོ། །སྐབས་འདིར་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་ངོ་བོ་ཉིད་སྐུ་ལ་སྦྱར་ཚུལ་ཞིག་ཡོད་ཀྱང་སྤྱིར་སྡེ་ཚན་ཉེར་གཅིག་ལ་ཟག་མེད་འདུས་བྱས་རེ་ཡོད་དོ། །ཡེ་ཤེས་ཆོས་སྐུ་ཡང་དེ་བཞིན་ནོ། །ཡང་ཉ་ཊཱིཀ་ལས།ཆོས་བཤེས་ཀྱིས། སྐུ་བཞིར་བཞག་ཚེ་ཆོས་ཅན་གྱི་སྐུ་ལ་ཆོས་སྐུ། གསུམ་དུ་བཞག་ཚེ་ཆོས་ཉིད་ཀྱི་སྐུ་ལ་ཆོས་སྐུར་བྱའོ། །ཞེས་སོ། །ཟླ་ཟེར་དུ། ཆོས་ཀྱི་སྐུ་སྟེ་ཚོགས། ཞེས་དང༌། དག་ལྡན་དུ། ཆོས་ཉིད་ཀྱི་སྐུར་བརྗོད། ཅེས་དང༌། རད་ཀིར། ཆོས་ཀྱི་ཕུང་བོར་བརྗོད་ཅེས་འཆད་དོ། །ཞེས་གསུངས་པ་རང་ལུགས་ལ་འཐད་ན་སྐུ་གསུམ་དུ་བཞག་པའི་ནང་མི་སློབ་ལམ་མ་འདུས་པར་འགྱུར་བས་དཔྱད་པར་བྱའོ། ། གཉིས་པ་ཡེ་ཤེས་ཆོས་སྐུའི་བྱེ་བྲག་འགའ་ཞིག་བསྟན་པ་ལ་གཉིས་ལས།དང་པོ་ཉོན་མོངས་མེད་གནས་མཁྱེན་པ་ནི། རྩ་བར། ཉན་ཐོས་ཉོན་མོངས་མེད་པ་ཡི། །མི་ཡི་ཉོན་མོངས་ཡོངས་སྤོང་ཉིད། །གྲོང་སོགས་སུ་དེའི་ཉོན་མོངས་རྣམས། །རྒྱུན་གཅོད་རྒྱལ་བའི་ཉོན་མོངས་མེད། །ཅེས་པའི་དོན་མདོ་ལུགས་མ་ལས། ཉ༷ན་ཐོ༷ས་ཀྱི་ཉོ༷ན་མོ༷ངས་པ་མེ༷ད་པ༷་ནི་མི༷འི༷་ཉོ༷ན་མོ༷ངས་པ་སྐྱེ་བའི་རྐྱེན་སྤོ༷ང་བ་ཙམ་དང༌། ཉོན་མོངས་སྐྱེས་པ་རྣམས་ཀྱི་གཉེན་པོ་མི་བྱེད་པ་ཉི༷ད་དོ། །གྲོ༷ང་ལ་སོ༷གས་པ་རྣམས་སུ༷་སེམས་ཅན་ཕ་རོལ་པོ་དེ་དང་དེ༷འི་ཉོ༷ན་མོ༷ངས་རྣ༷མས་སྐྱེས་པ་དང༌། སྐྱེ་འགྱུར་རྒྱུ༷ན་གཅོ༷ད་པའི་མཐུ་ཡོད་པའི་ཏིང་ངེ་འཛིན་དེ་རྒྱ༷ལ་བ༷འི་ཉོ༷ན་མོ༷ངས་པ་མེ༷ད་པའོ། །ཇི་སྐད་དུ། སེམས་ཅན་དག་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་འདུལ། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །ཐུགས་རྗེ་བཅས་ཁྱོད་ལ་ཕྱག་འཚལ། །ཞེས་གསུངས་སོ། །

གཉིས་པ་སྨོན་ནས་ཤེས་པའི་ཡེ་ཤེས་བཤད་པ།

གཉིས་པ་སྨོན་ནས་ཤེས་པའི་ཡེ་ཤེས་བཤད་པ་ནི།

རྩ་བར། སངས་རྒྱས་སྨོན་ནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤངས་དང༌། །ཐོགས་པ་མེད་དང་རྟག་གནས་དང༌། །འདྲི་བ་ཀུན་ལན་འདེབས་པར་བཞེད། །ཅེས་པའི་དོན་འཆད་པ་ལ་མདོ་ལུགས་མ་ལས། བདེན་གཉིས་ཀྱིས་བསྡུས་པའི་ཤེས་བྱ་གང་ཡང་རུང་བ་འགའ་ཞིག་ཤེས་པར་སྨོན་དེ་ཤེས་པ་ནི་སྨོན་ལམ་སྔོན་དུ་སོང་བས་སྨོན་ནས་ཤེས་པའོ། །སངས་རྒྱས་ཀྱི་སྨོན་ནས་མཁྱེན་པ་ནི་ལྷུན་གྱིས་གྲུབ་པར་མངོན་དུ་གྱུར་པ་དང༌། ཆགས་པ་སྤངས་པ་དང༌། ཤེས་བྱ་ལ་ཐོགས་པ་མེད་པ་དང༌། རྟག་ཏུ་མཉམ་བཞག་ལ་གནས་པ་དང༌། འདྲི་བ་ཀུན་གྱི་ལན་འདེབས་པ་ཉིད་ཀྱིས་ཆོས་ལྔས་ཁྱད་པར་དུ་འཕགས་པར་བཞེད་དོ། །གཞན་དག་ནི་དེ་ལས་བཟློག་པའོ། །ཇི་སྐད་དུ། ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ནི། །མཉམ་པར་བཞག་ཅིང་འདྲི་ཀུན་གྱི། །ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །

གསུམ་པ་གནས་སྐབས་ཆ་ལ་རྩོད་པ་སྤང་བ།

གསུམ་པ་གནས་སྐབས་ཆ་ལ་རྩོད་པ་སྤང་བ་ལ།

དངོས་དང༌། ཞར་བྱུང་འཕགས་སེང་གིས་སྐུ་བཞིའི་གྲངས་རྩོད་ཚུལ་དང་གཉིས། དང་པོ་ནི། གལ་ཏེ་སངས་རྒྱས་སེམས་ཅན་གྱི་དོན་ལ་བསྙེལ་བ་མེད་པར་ཀུན་ཁྱབ་ཏུ་རྟག་པར་བཞུགས་པ་ཡིན་ན། སེམས་ཅན་ཐམས་ཅད་ལ་མི་སྣང་བའི་རྒྱུ་མཚན་ཅི་ཞེ་ན། རྩ་བར། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ༌། །ཞེས་པའི་དོན་མདོ་ལུགས་མ་ལས། སངས་རྒྱས་མཐོང་བའི་རྒྱུ༷་དད་པ་ལ་སོགས་པའི་དགེ་བ་ནི༷་ཡོ༷༷ངས་སུ༷་སྨི༷ན་པར་གྱུ༷ར་པ་དེ་ན༷ས། སྐུ་ལ་སོགས་པའི་འཕྲིན་ལས་ག༷ང་ད༷ང་གདུལ་བྱ་ག༷ང་ལ༷་འདུལ་བའི་རྣམ་པ་ག༷ང་ད༷ང་ནི༷། དུས་ག༷ང་གི་ཚེ༷་འདུལ་བའི་བྱ༷་བ༷་ལ་ཕ༷ན་པར་གྱུ༷ར་པ༷་དེའི་ཚེ་འཇིག་རྟེན་དུ་བྱོན་པའི་སངས་རྒྱས་དེ༷་སྣང་བ་ད༷ང་གདུལ་བྱ་དེ༷་ལ༷་གདུལ་བའི་རྣམ་པ་སྐུ་དང་གསུང་གི་རྣམ་འགྱུར་སྣ་ཚོགས་པ་དེ༷་སྣ༷ང་ངོ༷༌། །ཞེས་གསུངས་སོ། །ཡང་གལ་ཏེ་སངས་རྒྱས་འཇིག་རྟེན་དུ་བྱོན་ནས་སེམས་ཅན་ཡིན་ནོ་ཅོག་ཐམས་ཅད་ལམ་ལ་འགོད་དམ་ཞེ་ན། ལན་ནི། རྩ་བར། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །ཞེས་པའི་དོན་མདོ་ལུགས་མ་ལས། དཔེ་ཇི་ལྟར་ལྷ༷འི༷་རྒྱ༷ལ་པོ༷ས་ཕྱོགས་རིས་མེད་པར་ཆ༷ར་ཕ༷བ་ཀྱ༷ང༌། མེས་ཚིག་པ་ལྟ་བུ་ས༷་བོ༷ན་དུ་མི༷་རུ༷ང་བ་ལ་འདོད་པའི་འབྲས་བུ་མི༷་འཁྲུ༷ང་བ་ལྟ༷ར། ས༷ངས་རྒྱ༷ས་རྣ༷མས་ནི༷་འཇིག་རྟེན་དུ་བྱོ༷ན་ནས་དམ་ཆོས་བདུད་རྩིའི་ཆར་པ་ཀུན་ལ་ཕབ་པར་འགྱུ༷ར་ཀྱ༷ང༌། ཆོས་ཀྱི་སྐ༷ལ་བ༷་མེ༷ད་པ༷ས་བསྟན་པ་བདུད་རྩིའི་རོ་བཟ༷ང་པོ་མི༷་མྱོ༷ང་ངོ༌། །ཞེས་གསུངས་སོ། །གདུལ་བྱ་ལ་སྐལ་པ་ཡོད་ན་དུས་ནམ་ཡང་འཕྲིན་ལས་ཀུན་ཁྱབ་ཏུ་འཇུག་པ་ཡིན་ཏེ། རྩ་བར། དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །ཞེས་གོང་དུ་གསུངས་པ་དེ༷་ལྟ༷ར་སྐུ་གསུང་ཐུགས་ཀྱི་མཛ༷ད་པ༷་རྒྱ༷་ཆེ༷་བ་ནམ་མཁའ་དང་མཚུངས་པའི་ཕྱི༷ར། ས༷ངས་རྒྱ༷ས་ཀྱིས་ནམ་མཁའ་ཁྱ༷བ་པ༷ར་ངེ༷ས་པ༷ར་བརྗོ༷ད་དོ། །མཛད་པ་དེ་ཉིད་ནི་དུས་ནམ་ཡང་ཟད་པ་མེད་པའི་ཕྱིར་ཆོས་ཀྱི་སྐུ་རྟ༷ག་པ༷་ཞེ༷ས་ཀྱ༷ང་བརྗོ༷ད་པ༷་ཡི༷ན་པའི་ཕྱིར་རོ། །

གཉིས་པ་ཞར་བྱུང་འཕགས་སེང་གིས་སྐུ་བཞིའི་གྲངས་རྩོད་ཚུལ།

གཉིས་པ་ཞར་བྱུང་འཕགས་སེང་གིས་སྐུ་བཞིའི་གྲངས་རྩོད་ཚུལ་ནི།

ཉ་ཊཱིཀ་ལས། སྐུ་གསུམ་དུ་འདོད་པའི་འཆད་ལུགས་དགོད། བཞིར་འདོད་པས་དེ་ལ་གནོད་བྱེད་བརྗོད་པའི་ཚུལ། དེའི་སྐྱོན་སྤོང་ལན་དང་བཅས་པའོ། །དང་པོ་ནི། ཨཱརྱ་སོགས་གསུམ་དུ་བཞེད་པ་གཞན་དག་སོགས་ཏེ། དེ་ཉིད་ཀྱང་ངྷཱརྨྨ་ཏཱ་ཀཱ་ཡ་ཞེས་ཆོས་ཉིད་ཀྱི་སྐུ་ཡིན་པར་བརྗོད་རྒྱུ་ལ་སྡེབ་སྦྱོར་གྱི་དབང་གིས་ངོ་བོའི་རྐྱེན་ཏཱ་ཕྱིས་ཏེ་མི་མངོན་པར་བྱས་ནས་ངྷཱརྨྨ་ཀཱ་ཡ་ཞེས་བྱས་ནས་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་ཞེས་བསྟན་ནོ་སོགས་སོ། །གཉིས་པ་ནི། གཞན་སྐུ་བཞིར་འདོད་པ་དག་ན་རེ། ཀུན་རྫོབ་ཏུ་ལོངས་སྤྲུལ་སོགས་དོན་ཁྱད་པར་ཅན་སྣང་བ་བསྐྱེད་པའི་སྒོ་ནས་ཆོས་སྟོན་སོགས་མཛད་པ་གནས་མ་ལུས་པར་གྱུར་པས་གྱུར་པ་གཉིས་མེད་ཀྱི་སེམས་སེམས་བྱུང་གི་ཚོགས་རྣམས་ཆོས་ཅན། སངས་རྒྱས་ཀྱི་སྐུ་རྫས་ཡོད་མིན་པར་ཐལ། གསུམ་གྱིས་ཇི་ལྟར་བསྡུ་སྟེ། གསུམ་གང་ཡང་མིན་པས་སོ། །ཁྱབ་པ་ཁས་ཏེ། དེ་དག་གི་ལྟར་ན་སྐུ་གསུམ་དུ་གྲངས་ངེས་པས་སོ། །འདོད་མི་ནུས་ཏེ། གདོན་མི་ཟ་བར་སངས་རྒྱས་ཀྱི་སྐུར་ཁས་བླང་དགོས་ཏེ། སངས་རྒྱས་ཀྱི་འཕྲིན་ལས་ཀྱི་རྒྱུར་གྱུར་པའི་ཡེ་ཤེས་ཀྱི་ཚོགས་མཐར་ཐུག་ཡིན་པས་སོ། །རྩ་རྟགས་གྲུབ་སྟེ། རིམ་བཞིན་འདུས་བྱས་ཡིན་པའི་ཕྱིར། སློབ་པའི་ནང་ནས་བྱང་འཕགས་ཁོ་ནའི་དངོས་ཀྱི་སྤྱོད་ཡུལ་མིན་པའི་ཕྱིར། སོ་སྐྱེ་ཉན་ཐོས་ཀྱི་དངོས་ཡུལ་མིན་པའི་ཕྱིར་རོ་ཞེས་ལན་མི་ཐེབས་པས་བཞིར་དབྱེ་བ་མི་འཐད་རྒྱུ་མེད་ཅིང་གཞུང་འདིའི་དགོངས་པར་མི་སྣང་ངོ༌། །ཟེར་རོ། །གསུམ་པ་ལ་གཉིས་ཏེ། དང་པོའི་ཕྱོགས་ཀྱི་སྐྱོན་སྤོང༌། དེའི་ལན་ནོ། །དང་པོ་ནི། གསུམ་དུ་འདོད་པ་ཁ་ཅིག་ན་རེ། འདིར་ཆོས་སྐུར་བརྗོད་ཅེས་པས་ཆོས་སྐུ་བཞི་བར་བསྟན་ན་གོང་གི་ལུས་སུ་ངོ་བོ་ཉིད་སོགས་ཏེ་ཞེས་བྱ་བའི་སྒྲ་འབྱུང་བར་རིགས་ཏེ། ལུས་དང་ཡན་ལག་རིམ་པ་མཐུན་པར་རིགས་པས་སོ། །དེ་ལྟར་མི་འབྱུང་བས་སོགས་སོ། །གཉིས་པ་ནི། གཞན་བཞིར་འདོད་པ་དག་ན་རེ། དོན་ལ་དེ་ལྟར་ཡིན་ཀྱང་དགོས་པ་སོགས་ནས་ངོར་ཆོས་སྐུ་མཛད་བཅས་ཞེས་དེ་སྐད་གསུངས་པ་ཡིན་ནོ། །དགོས་པ་གང་ཞེ་ན། རྟོགས་པ་ཡེ་ཤེས་ཁོ་ན་མཛད་པ་དང་སྦྱར་ནས་མཛད་པ་ཐམས་ཅད་ཆོས་སྐུའི་མཛད་པར་ཤེས་པའི་ཕྱིར་དུའོ། །

ཡན་ལག་རྒྱས་བཤད་འདིར་ལོངས་སྤྲུལ་གྱི་གོང་དུ་བསྟན་པ།

ཡན་ལག་རྒྱས་བཤད་འདིར་ལོངས་སྤྲུལ་གྱི་གོང་དུ་བསྟན་པ་ནི།

སྐུ་མཆོག་གི་རིམ་པ་བཞིན་བསྟན་པས་ལུས་དང་རིམ་པ་མ་མཐུན་ཡང་སྐྱོན་མེད་དོ། །བཞི་ཡིན་པ་ལ་སྐྱོན་མེད་པ་དེའི་ཕྱིར། ཕྱོགས་གཞན་སྔགས་ལས། སྐུ་བཞིར་གསུངས་པ་ཐམས་ཅད་མི་འགལ་སོགས་སོ། །ཞེས་ཉ་ཊཱིཀ་གི་གསུངས་ཙམ་དཔྱད་གཞིར་བཀོད་པ་ལས་མ་སྤྲོས་པ་ཡིན་ནོ། །དེ་དག་གི་དོན་ལ་དཔྱད་པར་བྱའོ། །ཡང་རྩ་བར། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །ཞེས་སོགས་དོན་ཉ་ཊཱིཀ་ལས། བཞི་བོ་གང་ན། ངོ་བོ་ཉིད་ལོངས་སྤྱོད་རྫོགས་སྐུ་སྤྲུལ་བ་མཛད་པ་བཞིར་ཨཱརྱ་སོགས་སོ། །སྐུ་བཞིར་སེང་བཟང་སོགས་སོ། །ཞེས་བཤད་དོ། །དེ་གཉིས་ལས་རང་ལུགས་གང་འཐད་ཅེ་ན། ཉ་ཊཱིཀ་ལས། འདིར་སྨོས་ཚིགས་བཅད་འདིའི་དོན་ནི་ཨཱརྱ་སོགས་ལྟར་ཡིན་གྱི་སློབ་དཔོན་གྱི་ལྟར་མིན་ཏེ། དུས་འཁོར་འགྲེལ་ཆེན་དུ། སྐུ་གསུམ་མཛད་པ་དང་བཞིར་ངེས་པར་བྱམས་པས་གསུངས་པ། ངོ་བོ་ཉིད་ལོངས་ཞེས་སོགས་ནས་བརྗོད་ཅེས་སོ་ཞེས་གསུངས་སོ། །འདིར་ཆོས་སྐུ་ཞེས་པའི་གཞུང་ཚིག་སྐུ་བཞིར་ཕྱེ་བའི་ཆོས་སྐུ་ལ་བྱས་ནས་དབྱེ་བའི་ཡ་གྱལ་དུ་བགྲང་ན་ཚིགས་བཅད་འདིས་རྣམ་པ་བཞིར་བརྗོད་པའི་དབྱེ་གཞི་མ་ཟིན་པས་དབྱེ་གཞི་མེད་པའི་དབྱེ་བ་བྱས་པར་འགྱུར་ཞིང་གོང་མ་བདུན་རྣམ་མཁྱེན་ནས་སྐད་ཅིག་མའི་བར་རེ་རེ་ཞིང་སྨོས་ནས་འདིར་མ་སྨོས་པས་ལུས་སམ་སྐབས་བསྡུ་བའི་ངོ་བོ་དངོས་སུ་ཆད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་ལོངས་སྐུ་བཤད་པ།

གཉིས་པ་ལོངས་སྐུ་བཤད་པ་ལ།

མདོ་ལུགས་མར་མདོར་བསྟན་རྒྱས་བཤད་དུ་བྱས་ནས་བཤད་པས་དེ་ལྟར་བཤད་པ་ལ་འགལ་བ་མེད་མོད། འདིར་ཉ་ཊཱིཀ་ལྟར་ལོངས་སྐུའི་ངོ་བོ་བཤད། མཚོན་བྱེད་མཚན་དཔེ་བཤད་པ་དང་གཉིས། དང་པོ་ནི། རྩ་བར། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པའི་དོན་འཆད་པ་ལ། མཚན་དཔེས་བརྒྱན་པའི་བད༷ག་ཉི༷ད་ཀྱི་གཟུགས་སྐུ་གནས་འོག་མིན་ཁོ་ནར་བཞུགས་པ་འདི༷་ཆོས་ཅན། ཐུབ་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། འཁོར་ས་བཅུའི་བྱང་སེམས་ཁོ་ན་དང་ལྷན་གཅིག་ཏུ་ཐེ༷ག་ཆེ༷ན་གྱི་ཆོས་ལ་རྫོགས་པར་ཉེ༷་བར་ལོ༷ངས་སྤྱོ༷ད་ཕྱིར༷། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚ༷ན་སུ༷མ་ཅུ༷་རྩ༷་གཉི༷ས་ཀྱིས་བརྒྱན་པ་དཔེ༷་བྱ༷ད་བཟང་བོ་བརྒྱ༷ད་ཅུ༷ས་བརྒྱན་པ་བྱང་ཆེན་པོ་རྣམས་ལ་ཐེག་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་བླ་ན་མེད་པའིདགའ་བདེ་ཚིམ་རབ་ཏུ་དགའ་བ་མཛད་པར་འགྱུར་རོ། །ཞེས་ཉ་ཊཱིཀ་ལས་སོ། །དེས་ན། ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་དང་པོའི་གཟུགས་སྐུ་མཐར་ཐུག་དེ། ལོངས་སྐུའི་མཚན་ཉིད་ཡིན་ཏེ། མདོ་ལུགས་མ་ལས། ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་ནི། གཉིས་མེད་ཡེ་ཤེས་ཀྱི་ངོ་བོ་གྱུར་པའི་མཚན་ནི་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུའི་བདག་ཉིད་དུ་གྱུར་པ་འདི་ཐེག་པ་ཆེན་པོའི་ཆོས་རྫོགས་པར་ཉེ་བར་ལོངས་སྤྱོད་པའི་སྐུ་ཡིན་པའི་ཕྱིར། ཐུབ་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པར་མདོ་ལས་བཞེད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ན་དེའི་མཚན་ཉིད་ཉ་ཊཱིཀ་ལས། གཉིས་པ་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད། སངས་རྒྱས་ཀྱི་གཟུགས་སྐུ་ངེས་པ་ལྔ་ལྡན་ཏེ། གནས་ངེས་པ་འོག་མིན་ཆེན་པོ་སྟེ་དེ་ཡང་གཙང་མའི་གནས་འོག་མིན་ཕལ་བའི་སྟེང་ན་ཡོད་དེ། ལང་གཤེགས་ལས། གཙང་མའི་གནས་དག་སྤངས་པ་ཡི། །འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་བ་པོ་གཅིག་འདིར་འཚང་རྒྱ། །ཞེས་སོ། །དེ་ལྟར་ཞི་འཚོ་ཀ་ཤི་ཡང་ངོ། །བཀའ་བཅད་དུ། འོག་མིན་ཕལ་བ་དེའི་ལོགས་གཅིག་ན་གྲོང་ལས་དགོན་པ་ལྟར་ཡོད་པར་འདོད་དོ། །ངོ་བོའམ་སྐུ་ངེས་པ་མཚན་དཔེས་བརྒྱན་པ། འཁོར་ངེས་པ་ཨ་བྷ་ཡ་ཟླ་གྲགས་སེང་བཟང་སོགས་ས་བཅུའི་བྱང་སེམས། ཆོས་བཤེས་ས་བཅུ་བའི་བྱང་སེམས་ཁོ་ན་བློ་བརྟན་ཡང་མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ཆོས་བགྲོ་བ་མྱོང༌། ཞེས་དབུས་མཐའི་འགྲེལ་བཤད་དུའོ། །དུས་ངེས་པ་སྐུ་དེ་ཉིད་ཀྱིས་འཁོར་བ་ཇི་སྲིད་པར་བཞུགས། ཆོས་ངེས་པ་ཐེག་ཆེན་ཁོ་ནའོ། །ཞེས་དང༌།རྒྱན་གྱི་ས་འགྲེལ་ལས། འོག་མིན་ཆེན་པོར་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ནའང་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་སྣང་བས་ཐེག་པ་ཆེན་པོའི་ཆོས་ཁོ་ན་ལ་རྒྱུན་མི་འཆད་པར་ཉེ་བར་སྤྱོད་པ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། ཞེས་གསུངས་སོ། །ངེས་པ་ལྔ་ལྡན་གྱི་དོན་ལ་ལོངས་སྐུ་ཡིན་ན་མཚན་དཔེའི་རྒྱན་པའི་ཁྱབ་ཅེས་པ་ལ་ལོངས་སྐུའི་མཚན་གཞིའི་ཡེ་ཤེས་དེ་མཚན་དཔེའི་རྒྱན་པ་ཡིན་མིན་དང་ལོངས་སྐུ་ཡིན་མིན་དཔྱད། ཡང་ལོངས་སྐུ་ཡིན་ན་དུས་འཁོར་བ་ཇི་སྲིད་དུ་བཞུགས་པས་ཁྱབ་ན་སྤྲུལ་སྐུའི་རྒྱུར་གྱུར་པའི་ལོངས་སྐུ་དང་སྐད་ཅིག་དང་པོའི་ལོངས་སྐུ་སོགས་ཀྱིས་དཔྱད། ཡང་ལོངས་སྐུ་ཡིན་ན་གནས་ངེས་པ་འོག་མིན་དུ་བཞུགས་པས་ཁྱབ་ན་ངོ་བོ་ཉིད་སྐུས་ཐམས་ཅད་ལ་ཁྱབ་ཀྱང་ལོངས་སྐུས་མ་ཁྱབ་པ་དང༌། གསང་བ་བསམ་གྱིས་མི་ཁྱབ་པ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་པ་སོགས་ཀྱིས་དཔྱད། ཡང་ལོངས་སྐུ་ཡིན་ན་འཁོར་ངེས་པ་ས་བཅུ་བྱང་སེམས་ཀྱི་སྐོར་བ་ཡིན་པས་ཁྱབ་ན། ཐེག་བསྡུས་ལས། ལོངས་སྤྱོད་རྫོགས་པའི་སྐུ་ཅིའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་མ་ཡིན་ཞེ་ན། རྒྱུ་དྲུག་གི་ཕྱིར་ཏེ། དེ་གཟུགས་ཀྱི་སྐུར་སྣང་བ་དང༌། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཚད་མེད་པ་དག་ན་ཐ་དད་པར་སྣང་བ་དང༌། མོས་པ་ཇི་ལྟ་བ་བཞིན་དུ་མཐོང་བས་མ་ངེས་པའི་ངོ་བོ་ཉིད་དུ་སྣང་བ་དང༌། གཞན་དང་གཞན་དུ་སྣང་བས་གཡོ་བའི་ངོ་བོ་ཉིད་དུ་སྣང་བ་དང༌། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་ལྷ་ལ་སོགས་པ་འཁོར་སྣ་ཚོགས་དང་འདྲེས་པས་འདྲེས་པར་སྣང་བ་དང༌། ཀུན་གཞི་རྣམ་པར་ཤེས་པ་དང་འཇུག་པའི་རྣམ་པར་ཤེས་པ་གཉིས་གནས་གྱུར་པ་མི་རིགས་པར་སྣང་བའི་ཕྱིར་ལོངས་སྤྱོད་པ་ཉིད་ངོ་བོ་ཉིད་ཀྱི་སྐུར་མི་རིགས་སོ། །ཞེས་པའི་དོན་ལ་བརྟག་པར་བྱའོ། །ཡང་མདོ་ཕར་ཕྱིན་ཐེག་པ་ལྟར་ན་འདོད་ཁམས་སུ་གསར་དུ་འཚང་མི་རྒྱ་བར་འོག་མིན་སྡུག་པོ་བཀོད་པ་སོགས་ལོངས་སྐུའི་ཞིང་དུ་འཚང་རྒྱ་བ་ཡིན་ཏེ། རྒྱུད་ལས།གཙང་མའི་གནས་ནི་རབ་སྤངས་ནས། །འོག་མིན་སྡུག་པོ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་བ་པོ་དེ་འདིར་འཚང་རྒྱ། །ཞེས་དང༌། ལང་གཤེགས་ལས། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་རྣམ་པར་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་ཏུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ། །ཞེས་དང༌། སྡུག་པོ་བཀོད་པའི་མདོ་ལས། སངས་རྒྱས་ཐམས་ཅད་འོག་མིན་ཏུ། །སངས་རྒྱས་མ་གྱུར་འདོད་ཁམས་སུ། །སངས་རྒྱས་མཛད་པ་མི་མཛད་དོ། །ཞེས་དང༌། ཞང་སྟོན་གྱི་རྒྱུད་བླའི་འགྲེལ་བ་ལས། འོག་མིན་སྟུག་པོ་བཀོད་པ་ལ་སོགས་པ་ལོངས་སྐུའི་ཞིང་དུ་སངས་རྒྱས་འཐོབ་སྟེ།ཐུབ་པ་ཆེན་པོ་བཞིན་ནོ། །སངས་རྒྱས་ཐམས་ཅད་འོག་མིན་དུ་སངས་རྒྱས་འཐོབ་པ་ནི་མིན་ཏེ། མདོ་རྒྱན་དུ། ལོངས་སྤྱོད་རྫོགས་པ་ཁམས་ཀུན་དུ། །འཁོར་ཡོངས་བསྡུ་དང་ཞིང་དང་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང༌། །མཛད་པ་དག་གིས་ཐ་དད་དོ། །ཞེས་པས་ལོངས་སྐུའི་ཞིང་ཁམས་ཐ་དད་ལ། སོ་སོའི་ལོངས་སྐུའི་ཞིང་དུ་འཐོབ་པ་ནི་ངེས་པ་སྟེ་ཐུབ་པ་ཆེན་པོ་བཞིན་ནོ། །འོག་མིན་འདི་ཡང་གཟུགས་ཁམས་ཀྱི་འོག་མིན་མིན་ཏེ། ཕལ་པོ་ཆེར།སྟོང་གསུམ་མི་མཇེད་འདི་ལ་སོགས་པ་མང་པོ་ནང་དུ་འདུས་པའི་འོག་མིན་དུ་ཐུབ་པའི་ལོངས་སྐུ་རྣམ་སྣང་སངས་རྒྱས་ཐོབ་པར་བཤད་པས་སོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་མཚོན་བྱེད་མཚན་དཔེ་བཤད་པ།

གཉིས་པ་མཚོན་བྱེད་མཚན་དཔེ་བཤད་པ་ལ།

མཚན་བཟང་བཤད་པ། དཔེ་བྱད་བཤད་པ་གཉིས་ལས་དང་པོ་ནི། ཕྱག་ཞབས་འཁོར་ལོའི་མཚན་དང་རུ་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་པ་དང༌། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང༌། །སོར་མོ་རིང་དང་རྟེང་ཡངས་སྐུ་ཆེ་དྲང༌། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡ་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །ལྤགས་པ་གསེར་མདོག་ལྤགས་པ་སྲབ་པ་དང༌། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང༌། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེ་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང༌། །སྐུ་ནི་ནྱ་ཀྲོ་རྡ་ལྟར་ཆུ་ཞེང་གབ། གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང༌། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང༌། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང༌། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་པ་མདོ་ལས་མཚན་འདི་རྣམས་བསྟན་པ་དང་བཤད་པ་དང་རྒྱུ་དང་འབྲས་བུ་སྟེ་རྣམ་པ་བཞིས་བསྟན་ཏོ། །དེ་ལ་སྔོན་གྱི་ལས་སྨོས་པས་ནི། མཚན་འདི་དག་སྒྲུབ་བྱེད་ཀྱི་རྒྱུ་དང༌། སྔ་ལྟས་སྨོས་པས་ནི། མཚན་འདི་དག་གི་འབྲས་བུ་བསྟན་པར་ཤེས་པར་བྱའོ། །བླ་མ་བསུ་བསྐྱལ་དང༌། ཆོས་ཉན་པ་ལ་སྡོད་པ་དང༌། མཆོད་རྟེན་ལ་སོགས་པ་ལ་སྟི་སྟངས་བྱས་པས། ཕྱ༷ག་དང་ཞ༷བས་རྩིབས་སྟོང་བའི་འཁོ༷ར་ལོ༷འི་མཚ༷ན་བ་སོ་ལ་རྐོས་པ་ད༷ང་འདྲ་བ་ལྡན་པ་སྟེ། དེ་ནི་འཁོར་ཤིན་ཏུ་མང་བོའི་སྔ་ལྟས་སོ། ཡིད་དམ་ལ་བརྟན་པས་ཞབས་རུ༷ས་སྦ༷ལ་བཞིན་དུ་གནས་པ་སྟེ། དེ་ནི་མི་གཡོ་ཞིང་བརྟན་པའི་སྔ་ལྟས་སོ། །བསྡུ་པ་བཞི་གོམས་པར་བྱས་པས་ཕྱ༷ག་ད༷ང་ཞ༷བས་ཀྱི་སོ༷ར་མོ་ངང་བའི་རྒྱལ་པོ་ལྟར་དྲ༷་བ༷ས་འབྲེ༷ལ་བ༷་སྟེ། དེ་ནི་འཁོར་མྱུར་དུ་འདུ་བའི་སྔ་ལྟས་སོ། །བཟའ་བཏུང་ཞིམ་ཞིང་ཉམས་སུ་བདེ་བ་བྱིན་པས་ཕྱ༷ག་ནི༷་ཞ༷བས་དང་བཅ༷ས་པ་འཇ༷མ་ཞི༷ང་གཞོ༷ན་ཤ༷་ཆ༷གས་པ་དང༌། ཐུབ་པ་འདི༷འི༷་སྐུ༷་འདི་ནི༷་ཞབས་གཉིས་དང་ཕྱག་གཉིས་དང་ཕྲག་པ་གཉིས་དང་ལྟག་པ་སྟེ་བདུ༷ན་ད༷ག་མཐོ༷་བ༷་ད༷ང༌། མཚན་དེ་གཉིས་ནི། བཟའ་བ་དང་བཅའ་བ་དང་བཏུང་བ་ཞིམ་ཞིང་ཉམས་སུ་བདེ་བ་འཐོབ་པའི་སྔ་ལྟས་སོ། །བཅིངས་པ་ལས་བགྲོལ་སྲོག་སྐྱབས་སྲོག་གཅོད་སྤངས་པས་ཕྱག་ཞབས་ཀྱི་སོ༷ར་མོ༷་རི༷ང་བ་ད༷ང་རྟི༷ང་པ་ཡངས་པ་དང༌། སྐུ་ཆེ༷་ཞིང་དྲ༷ང་བ་སྟེ། དེ་ནི་སྐུ་ཚེ་རིང་བའི་སྔ་ལྟས་སོ། །དགེ་བའི་ཆོས་བླངས་བ་དང༌། གཟུང་བ་སྤེལ་ཞིང་མ་འགྲིབ་པར་བྱས་པས་ཞ༷བས་ཀྱི་འབུ༷ར་སྐྱོང་མི༷་མངོ༷ན་པ་དང༌། བ་སྤུ༷འི་རྩེ་མོ་ནི༷་གྱེ༷ན་དུ༷་ཕྱོ༷གས་པ་སྟེ། དེ་ནི་མི་མ་་ཉམ་པའི་ཆོས་དང་ལྡན་བའི་སྔ་ལྟས་སོ། །རིག་པ་དང་བཟོའི་ལས་རང་གིས་བླངས་བ་དང༌། གཞན་ལ་བྱིན་པས་བྱི༷ན་པ༷་རི་དྭགས་ཨེ༷་ན༷་ཡ༷་ཤ་བའི་བྱིན་པ་འདྲ༷་བ་སྟེ། དེ་ནི་མྱུར་དུ་འཛིན་པའི་སྔ་ལྟས་སོ། །ནོར་ལ་སེར་སྣ་མ་བྱས་པས། མ་བཏུད་ཀྱང་བཏུད་ཀྱང་བརླ་དྲང་བོར་སླེབ་པའི་ཕྱ༷ག་རི༷ང་ཞིང་མཛེ༷ས་པ་སྟེ། དེ་ནི་ཡོ་བྱད་ལ་མངའ་བརྙེས་པ་དང༌། དུལ་བའི་སྔ་ལྟས་སོ། །མཛའ་བ་མ་ཕྱེ་བ་དང་ཕྱེ་བའི་སེམས་ཅན་ཚངས་སྤྱོད་ལ་སྐུལ་བ་དང༌། གསང་ཚིག་བསྲུངས་པས། འདོ༷མས་ཀྱང་སྦ༷་ཞིང་གསང་བར་བྱ་བ༷་གླང་པོ་ཆེ་བཞིན་དུ་སྦུ༷བས་སུ༷་ནུ༷བ་པ༷འི་མཆོ༷ག་སྟེ། དེ་ནི་བུ་མང་བའི་སྔ་ལྟས་སོ། །གོས་སྟན་དང་གཞལ་མེད་ཁང་དང་གནས་བཟང་པོ་བྱིན་པས་ལྤ༷གས་པ༷་གསེ༷ར་གྱི་མདོ༷ག་ལྟར་སྣུམ་པ་དང༌། ལྤ༷གས་པ༷་སྲ༷བ་པ༷་སྟེ། དེ་དག་ནི་གདན་ན་བཟའ་ཁང་བ་གཞལ་མེད་ཁང་གནས་བཟང་པོ་འཐོབ་པའི་སྔ་ལྟས་སོ། །འདུ་འཛི་སྤངས་པ་དང་མཁན་སློབ་ཕ་མ་ལ་སོགས་ལ་ཚུལ་བཞིན་བཀུར་སྟི་ལ་སོགས་བྱས་པས་བ་སྤུ༷་ནི༷་བུ་ག་རེ༷་རེ༷་ན༷ས་གཡ༷ས་སུ་ལེ༷གས་པར་འཁྱིལ་བ་འཁྲུ༷ངས་པ་ད༷ང༌། ཞ༷ལ་གྱི་སྨིན་མའི་དབུས་དཀར་ཞིང་ཤིན་ཏུ་ཕྲ་བ་སུམ་ཅུ་རྩ་གཉིས་མཛོ༷ད་སྤུ༷་གཡས་སུ་འཁྱིལ་བ་ཟླུམ་པོས་བརྒྱ༷ན་པ་སྟེ། དེ་ནི་མཉམ་པ་ཉིད་མེད་པའི་སྔ་ལྟས་སོ། །མི་སྨོད་པ་སྙམ་པར་སྨྲ་ཞིང་ལེགས་བཤད་མཐུན་པར་འཛིན་པས་རོ༷་སྟོ༷ད་སེ༷ང་གེ༷འི་རོ་སྟོད་འདྲ༷་བ་དང༌། སྐུ་འདི༷འི༷་དཔུ༷ང་པ༷འི་མགོ༷་ལྷུན་མཛེས་ཤིང་ཟླུ༷མ་པ་སྟེ། འདི་ནི་ཐུབ་པ་མེད་པའི་སྔ་ལྟས་སོ། །ནད་པ་རྣམས་ལ་སྨན་དཔྱད་རིམ་གྲོ་དང༌། རྩི་དང་ཕན་པའི་ཟས་བྱིན་པས་ཐ༷ལ་གོ༷ང་མགྲིན་པ་ཟླུམ་ཞིང་ཐོང་ཀ་རྒྱ༷ས་པ་དང༌། ཐུབ་པ་འདི༷་ལ༷་རླུང་མཁྲིས་བད་ཀན་གྱིས་མ་ཉམས་པའི་རྩའི་མཆོག་རྣམས་མངའ་བས་རོ༷་མི༷་ཞི༷མ་པ༷་ཡ༷ང་རོ༷་མཆོ༷ག་ཏུ་སྣ༷ང་བ་སྟེ། དེ་ནི་ནད་ཉུང་བའི་སྔ་ལྟས་སོ། །སྐྱེད་མོས་ཚལ་དང་འཁོར་བཟའ་བཏུང་དང༌། ཟམ་སྟེགས་བྱེད་པ་དང༌། གཙུག་ལག་ཁང་ལ་སོགས་བ་གཏོང་ཞིང་བྱིན་པས་སྐུ༷་ནི༷་ཆུ་ཞེང་མཉམ་པ་སྟེ། ནྱ༷་གྲོ༷་ཏ༷་ལྟ༷ར་ཆུ༷་ཞེ༷ང་ག༷བ་བ་དང༌། དབུ་གཙུ༷ག་ཏོ༷ར་དང་ལྡ༷ན་པ་སྟེ། དེ་ནི་མངའ་ཐང་ཆེན་པོ་མངའ་བའི་སྔ་ལྟས་སོ། །ཡུན་རིང་བོར་ཚིག་སྙན་ཅིང་འཇམ་ལ་ཉམས་སུ་བྱེད་བ་སྨྲས་པས་ལྗ༷གས་དབུ་སྐྲ་དང༌། སྙན་གྱི་བར་དུ་སླེབ་ལ་དཔྲལ་བ་ཡང་ཁེབས་པས་རི༷ང་ལ་ཡངས་ཤིང་མཛེ༷ས་པ་ད༷ང༌། ཚ༷ངས་པའི་དབྱ༷ངས་ནང་དུ་ཇི་ལྟ་བ་བཞིན་དུ་ཡང་ཐོབ་པ་སྟེ། དེ་གཉིས་ནི་ཡན་ལག་ལྔ་ལྡན་གྱི་གསུང་མངའ་བའི་སྔ་ལྟས་སོ། །ཡན་ལག་ལྔ་ནི་ཡོངས་སུ་ཤེས་ཤིང་ཤེས་པར་འགྱུར་བ་དང༌། མཉན་ན་དགའ་བ་དང༌། ཟབ་ཅིང་དབྱངས་རྗེས་སུ་འབྱུང་བ་དང༌། གདངས་མི་ཕྲ་བ་དང༌། མི་འཁྲུགས་ཤིང་གསལ་བའོ། །ཡུན་རིང་པོ་ནས་ཚིག་འཁྱལ་བ་སྤངས་ཤིང་དུས་སུ་སྨྲས་པས་འགྲ༷མ་པ༷་སེ༷ང་གེ༷འི་དང་འདྲ༷་བ་སྟེ། དེ་ནི་ཚིག་ཀུན་གྱིས་ཉན་པའི་སྔ་ལྟས་སོ། །འཚོ་བ་ཡོངས་སུ་དག་པས་ཚེ༷མས་ཤི༷ན་ཏུ༷་དཀ༷ར་བ་ད༷ང༌། ཚ༷ད་མཉ༷མ་པ་སྟེ། དེ་ནི་འཁོར་སྔ་ནས་བསགས་པའི་སྔ་ལྟས་སོ། །ཡུན་རིང་བོ་ནས་བདེན་ཞིང་ཕྲ་མ་མེད་པའི་ཚིག་སྨྲས་པས། ཚེམས་ཐ༷གས་བཟ༷ང་བ་ད༷ང༌། གྲ༷ངས་ནི་༷བཞི༷་བཅུ༷་ཐ༷མ་པ༷་ཚ༷ང་བ༷་སྟེ། དེ་ནི་འཁོར་དབྱེར་མི་ཕྱེད་པའི་སྔ་ལྟས་སོ། །ཆགས་སྡང་རྨོངས་པ་མེད་པའི་མིག་གིས་བལྟས་པས། སྤྱ༷ན་ནི༷་དཀར་བ་དང༌། མཐོ༷ན་མཐི༷ང་གི་ཤན་ཕྱེད་པ་དང༌། སྤྱ༷ན་གྱི་རྫི་མ་བ་ཁྱུ༷་མཆོ༷ག་གི༷་རྫི་མ་དང་འདྲ༷་བ༷་སྟེ། དེ་ནི་ཀུན་ནས་མཛེས་པའི་སྔ་ལྟས་སོ། །བཤད་མ་ཐག་པ་འདི༷་ད༷ག་གྲངས་སུ༷མ་ཅུ༷་རྩ༷་གཉི༷ས་ཚངས་པའི་མཚ༷ན་བཟང་པོ་སྟེ། འདི་ལ་མཚན་ནི་གང་གང་གི། སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན་པའི་དགེ་བ། དེ་དང་དེ་ནི་རབ་རྫོགས་པས། འབྲས་བུ་མཚན་ནི་འདི་དག་ཡང་དག་འགྲུབ་པོ། མཚན་གྱི་རྒྱུའི་དགེ་བ་ནི། བླ་མ་སྐྱེལ་བ་ལ་སོགས་པ་དང༌། དམ་བཅས་ཡང་དག་བླངས་པ་བརྟན་པ་དང༌།བསྡུ་བ་བསྟེན་དང་གྱ་ནོམ་པའི། །དངོས་པོ་སྦྱིན་དང་གསད་བྱ་བ། །ཐར་བར་བྱེད་དང་དགེ་བ་ནི། །ཡང་དག་བླངས་པ་སྤེལ་ལས་སོ། །འབྲས་བུ་མཚན་རྣམས་ཀྱི་སྒྲུབ་བྱེད་རྒྱུའི་མཚན་ཉིད་དེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་སྔར་བཤད་པ་དེ་རྣམས་ཤེས་པར་བྱའོ། །

གཉིས་པ་དཔེ་བྱད་བཟང་པོ་བཤད་པ།

གཉིས་པ་དཔེ་བྱད་བཟང་པོ་བཤད་པ་ནི།

རྩ་བར། ཐུབ་པའི་སེན་མོ་ཟངས་མདོག་དང༌། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང༌། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང༌། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང༌། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང༌། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང༌། །གོམ་སྙོམས་པ་དང་སྤྱན་གཉིས་ནི། དག་དང་གཞོན་ཤ་ཅན་ཉིད་དང༌། སྐུ་ཞུམ་མེད་དང་རྒྱས་པ་དང༌། ཤིན་ཏུ་གྲིམས་པའི་སྐུ་ཉིད་དང༌། ཡན་ལག་ཤིན་ཏུ་རྣམ་འབྱེས་དང༌། གཟིགས་པ་སྒྲིབ་མེད་དག་པ་དང༌། དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང༌། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང༌། །ཀུན་ནས་བལྟ་ན་སྡུག་པ་དང༌། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་ནག་བག་མེད་པ་དང༌། །ཕྱག་ནི་ཤིང་བལ་ལྟར་འཇམ་དང༌། །ཕྱག་རིས་མདངས་ཡོད་ཟབ་རིང་དང༌། ། ཞལ་ནི་ཧ་ཅང་མི་རིང་དང༌། །མཆུ་ནི་བིམ་པ་ལྟར་དམར་དང༌། །ལྗགས་མཉེན་པ་དང་སྲབ་པ་དང༌། །དམར་དང་འབྲུག་གི་སྒྲ་ཉིད་དང༌། གསུང་མཉེན་པ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང༌། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང༌། །མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྡུག །པད་མའི་འདབ་མ་འདྲ་བ་དང༌། །སྨིན་ཚུགས་རིང་དང་འཇམ་པ་དང༌། །སྣུམ་དང་སྤུ་ནི་མཉམ་པ་དང༌། །སྙན་རིང་རྒྱས་དང་སྙན་མཉམ་དང༌། །ཉམས་པ་རྣམ་པར་སྤངས་པ་དང༌། ། དཔྲལ་བ་ལེགས་པར་འབྱེས་པ་དང༌། །དབྱེས་ཆེ་བ་དང་དབུ་རྒྱས་དང༌། །དབུ་སྐྲ་བུང་བ་ལྟར་གནག་དང༌། །སྡུག་འཇམ་མ་འཛིངས་མི་བཤོར་དང༌། །དྲི་ཞིམ་སྐྱེས་བུའི་ཡིད་འཕྲོག་དང༌། །དཔལ་གྱི་བེའུ་དང་བཀྲ་ཤིས་དང༌། གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་པ་དཔེ་བྱད་བཟང་པོ་འདི་རྣམས་ལ། །བཅོམ་ལྡན་འདས་རྣམས་ལ་ཡོན་ཏན་འདི་དང་འདི་མངའ་བས། དཔེ་བྱད་འདི་དང་འདི་མངའ་བ་ཡིན། ཞེས་པའི་རྒྱུ་མཚན་རེ་རེ་མདོ་ལས་བྱུང་བ་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་ནི་མངོན་པར་འདུ་བྱ་བ་ཐམས་ཅད་ལས་དབེན་པ་སྟེ། ཐུ༷བ་པ༷འི་སེ༷ན་མོ༷་ཟ༷ངས་ཀྱི་མདོ༷ག་ལྟར་འདུག་པ་ད༷ང༌། སེམས་ཅན་ལ་ཕན་པ་དང༌། བདེ་བའི་ཐུགས་མངའ་པས་སེན་མོའི་མདོ༷ག་སྣུ༷མ་པ་དང༌། རིགས་རྒྱུད་མཐུན་པར་བྱུང་བས་སེན་མོ་མཐོ༷་བ་ད༷ང༌། ཁ་ན་མ་ཐོ་བ་མེད་པས་སོ༷ར་མོ༷་རྣ༷མས་ཟླུ༷མ་པ་དང༌། དགེ་བ་ཤིན་ཏུ་ཚོགས་པས་སོར་མོ་རྒྱ༷ས་པ་དང༌། རིམ་ཀྱིས་གྲུབ་པས་སོར་མོ་བྱི༷ན་གྱི༷ས་ཕྲ༷་བ༷་ད༷ང༌།འཕྲིན་ལས་དང༌། འཚོ་བ་ཤིན་ཏུ་དབེན་པས་རྩ༷་མི༷་མངོ༷ན་པ་ད༷ང༌། ཉོན་མོངས་ཀྱི་མདུད་པ་བཀྲོལ་བས་མདུ༷ད་པ༷་མེ༷ད་པ་དང༌། དབེན་པའི་ཆོས་མངའ་བས་ལོ༷ང་བུ༷་མི༷་མངོ༷ན་པ་དང༌།མཉམ་པ་ཐམས་ཅད་ལས་འདས་པས་ཞ༷བས་མཉ༷མ་པ་ད༷ང༌། མིའི་སེ༷ང་གེ༷་ཡིན་པས་སེང་གེའི་སྟབས་སུ་གཤེགས་པ་དང༌། མིའི་གླང་པོ་ཆེ་ཡིན་པས་གླ༷ང་ཆེ༷ན་གྱི་སྟབས་སུ་གཤེགས་པ་དང༌། ནམ་མཁའ་ལ་བཞུད་པས་བྱ༷་ངང་པའི་རྒྱལ་པོའི་སྟབས་སུ་གཤེགས་པ་ད༷ང༌། མིའི་ཁྱུ༷་མཆོ༷ག་ཡིན་པས་ཁྱུ་མཆོག་གི་སྟ༷བས་སུ་གཤེ༷གས་པ་དང༌། མཐུན་པའི་ལམ་མངའ་བས་གཡ༷ས་ཕྱོ༷གས་སུ་གཤེགས་པ་ད༷ང༌། ལྟ་ན་མཛེས་པ་མཛེ༷ས་པར་གཤེ༷གས་པ་དང༌། ཐུགས་ཡོན་པོ་མི་མངའ་པས་དྲ༷ང་པོར་གཤེགས་པ་ད༷ང༌། དག་པའི་ཡོན་ཏན་སྟོན་པས་སྐུ་ཤིན་ཏུ་ལེགས་པའི་འཁྲི༷ལ་བ༷ག་ཆ༷གས་པ་དང༌། སྡིག་པ་ཤིན་ཏུ་སྦྱངས་པས་སྐུ་བྱི༷་དོ༷ར་བྱ༷ས་པ་འདྲ༷་བ་དང༌། ཆོས་རིམ་གྱིས་སྟོན་པས་སྐུ་རིམ་པ་ནས་རི༷མ་པ༷ར་འཚ༷མ་པ་དང༌། སྐུ་གསུང་ཐུགས་གཙང་བས་སྐུ་ཤིན་ཏུ་གཙ༷ང་བ་ད༷ང༌། རང་བཞིན་གྱིས་ཐུགས་འཇམ་པས་སྐུ་ཤིན་ཏུ་འཇ༷མ་པ་ད༷ང༌། རང་བཞིན་གྱིས་ཐུགས་དག་པས་སྐུ་ཤིན་ཏུ་ད༷ག་པ༷འི་སྐུ༷་དང༌། ཆོས་དང་འདུལ་བ་ཤིན་ཏུ་རྫོགས་པས་དཔེ་བྱད་ཡོ༷ངས་སུ༷་རྫོ༷གས་པ༷་ད༷ང༌། ཡོན་ཏན་ཡངས་ཤིང་བཟང་བ་སྟོན་པས་སྐུ༷འི༷་ཁོ་༷ལ༷ག་ཡ༷ངས་ཤི༷ང་བཟ༷ང་བ་དང༌། སེམས་ཅན་ཐམས་ཅད་ལ་མཉམ་པའི་ཐུགས་མངའ་བས་གོ༷མ་པ་སྙོ༷མས་པ༷་ད༷ང༌། གཟིགས་པ་ཤིན་ཏུ་དག་པས་སྤྱ༷ན་གཉི༷ས་ནི༷་ད༷ག་པ་ད༷ང༌། འཇམ་པའི་ཆོས་སྟོན་པས་སྐུ་གཞོ༷ན་ཤ༷་ཅ༷ན་ཉི༷ད་ད༷ང༌། རྟག་ཏུ་ཞུམ་པ་མེད་པའི་ཐུགས་མངའ་བས་སྐུ༷་ཞུ༷མ་པ་མེ༷ད་པ་ད༷ང༌། མི་དགེ་བའི་རྩ་བ་ཐམས་ཅད་བྱང་བས་སྐུ་ཤི༷ན་ཏུ༷་རྒྱས་པ་དང༌། ཡང་སྲིད་བཅོམ་ཞིང་ཟད་པས་ཤིན་ཏུ་གྲི༷མས་ཤིང་མཁྲེགས་པ༷འི་སྐུ༷་ཉི༷ད་ད༷ང༌། རྟེན་འབྲེལ་གྱི་ཡ༷ན་ལ༷ག་ལེགས་པར་སྟོན་པས་ཡན་ལག་དང་ཉིང་ལག་ཤི༷ན་ཏུ༷་སྤ་བར་རྣ༷མ་པར་མཛེ༷ས་པ་ད༷ང༌། གཟིགས་པ་ཤིན་ཏུ་དག་པས་གཟི༷གས་པ༷་རབ་རིབ་སྒྲི༷བ་པ་མེ༷ད་ཅིང་ད༷ག་པ༷་ད༷ང༌། ཚུལ་དང་ལྡན་པའི་སློབ་མ་མངའ་བས་དཀུ༷་ཟླུ༷མ་པ་དང༌། འཆོར་བའི་ཉེས་པ་ཐམས་ཅད་ཤིན་ཏུ་སྦྱངས་པས་ཕྱལ་སྐ༷བས་ཕྱི༷ན་པ་དང༌། ང་རྒྱལ་གྱི་དེའུ་བཅོམ་པས་ཕྱལ་མ༷་རྙོ༷ངས་པ་ད༷ང༌། ཆོས་ཟད་པ་བཟློག་པས་ཕྱ༷༷ལ་ཕྱམ་མེ༷་བ༷་ད༷ང༌། ཆོས་ཤིན་ཏུུ་ཟབ་མོ་ཐུགས་སུ་ཆུད་པས་ལྟེ༷་བ༷་ཟ༷བ་པ་ད༷ང༌། མཐུན་པར་འཛིན་པའི་སློབ་མ་མངའ་བས་ལྟེ་བ་གཡ༷ས་ཕྱོ༷གས་སུ་འཁྱི༷ལ་པ༷་ད༷ང༌། སློབ་མ་ཀུ༷ན་ན༷ས་མཛེས་པའི་དགེ་འདུན་མངའ་བས་ཀུན་ནས་བལྟ༷་ན༷་སྙིང་དུ་སྡུ༷ག་པ༷་ད༷ང༌། ཐུགས་ཤིན་ཏུ་གཙང་བས་ཀུ༷ན་སྤྱོ༷ད་ཤིན་ཏུུ་གཙ༷ང་བ་ད༷ང༌། ཆོས་ནག་པོ་དང་བྲལ་བའི་ཆོས་དང་འདུལ་བ་མངའ་བས་སྐུ༷་ལ༷་སྨེ༷་བ༷་ན༷ག་བ༷ག་མེ༷ད་པ༷་ད༷ང༌། ཤིང་བལ་ལྟར་ཡང་པ་འཐོབ་པའི་ཆོས་སྟོན་པས་ཕྱ༷ག་ཤི༷ང་བ༷ལ་ལྟ༷ར་འཇ༷མ་པ་ད༷ང༌།དགེ་སྦྱོང་ཆེན་པོ་བརྙེས་པས་ཕྱ༷ག་གི་རི༷་མོ་སྣུམ་པའི་མད༷ངས་ཡོ༷ད་པ་དང༌། ཟ༷བ་ཅིང་བརྟན་པར་བཞུགས་པས་ཕྱག་གི་རི་མོ་ཟབ་པ་དང༌། བཟོད་པའི་ཆོས་སྟོན་པས་ཕྱག་གི་རི་མོ་རི༷ང་བ་ད༷ང༌། བསླབ་པའི་གནས་ཧ་ཅང་མི་རིང་བར་འཆའ་བས་ཞ༷ལ་གྱི་སྒྲོས་ནི༷་ཧ༷་ཅ༷ང་མི༷་རི༷ང་བ་ད༷ང༌། གཟུགས་བརྙན་འཇིག་རྟེན་དུ་བཀྱེ་བས་མཆུ༷་ནི༷་བི༷མ་པ༷་ལྟ༷ར་དམ༷ར་ཞིང་གཟུགས་བརྙན་སྣང་བ་ད༷ང༌། འཇམ་ཞིང་དུལ་བས་ལྗ༷གས་མཉེ༷ན་པ༷་ད༷ང༌། ཡོན་ཏན་ཕྲ་བའི་ཚོགས་དང་ལྡན་པས་ལྗགས་ཤིན་ཏུ་སྲ༷བ་པ༷་ད༷ང༌། བྱིས་བའི་སྐྱེས་བུ་འདོད་ཆགས་ཅན་གྱིས་ཆོས་དང་འདུལ་བ་གཏིང་དཔག་དཀའ་བས་ལྗགས་ཤིན་ཏུུ་དམ༷ར་བ་ད༷ང༌། གླང་པོ་དང་འབྲུག་གི་སྒྲ་ལྟ་བུར་བསྙིངས་པ་མི་མངའ་བས་འབྲུ༷ག་གི༷་སྒྲ༷་དབྱངས་དང་ལྡན་པ་ཉི༷ད་ད༷ང༌། སྙན་ཅིང་འཇམ་པར་སྨྲ་བའི་སློབ་མ་མངའ་བས་གསུ༷ང་མཉེ༷ན་ཅིང་འཇམ་པ༷་ད༷ང༌། སྲིད་པར་ཀུན་ཏུ་སྦྱོར་བས་ལས་འདས་པས་ཚེམས་མཆེ༷་བ༷་ཟླུ༷མ་པ་དང༌། སྐྱེ་བོ་རྣོ༷་བ་རྣམས་འདུལ་བས་ཚེམས་མཆེ་བ་རྣོ་བ་ད༷ང༌། ཆོས་དང་འདུལ་བ་ཤིན་ཏུུ་དཀར་བས་ཚེམས་མཆེ་བ་ཤིན་ཏུུ་དཀ༷ར་བ་ད༷ང༌། སའི་ཕྱོགས་མཉམ་པ་ལ་བཞུགས་པས་མཆེ་བ་མཉ༷མ་པ༷་ད༷ང༌། རིམ་གྱིས་རྟོགས་པའི་ཆོས་སྟོན་པས་མཆེ་བ་བྱི༷ན་གྱི༷ས་ཕྲ༷་བ་ད༷ང༌། ཤེས་རབ་ཀྱི་རི་བོ་མཐོན་པོ་ལ་བཞུགས་པས་ཤ༷ངས་མཐོ༷་བ་ད༷ང༌། འདུལ་བའི་སྐྱེ་བོ་གཙང་མ་མངའ་བས་ཤངས་མཆོ༷ག་ཏུ༷་ད༷ག་ཅིང་གཙང་བ་ད༷ང༌། སངས་རྒྱས་ཀྱི་ཆོས་ཡངས་པ་མངའ་བས་སྤྱ༷ན་རིང་ཞིང་ཡ༷ངས་པ༷་ད༷ང༌། སེམས་ཅན་གྱི་ཚོགས་ཤིན་ཏུ་བསགས་པས་རྫི༷་མ༷་སྟུ༷ག་པ་དང༌། ལྷ་དང་ལྷ་མ་ཡིན་དང་ན་ཆུང་མཆོག་རྣམས་ཀྱིས་དགའ་བར་བྱ་བ་ཡིན་པས་སྤྱན་པ༷ད་མ༷འི་འད༷བ་མ༷་འདྲ༷་བ༷་ད༷ང༌། རྟག་ཏུ་ཡངས་པ་གཟིགས་པས་སྨི༷ན་མའི་ཚུ༷གས་རི༷ང་བ་ད༷ང༌། འཇམ་པོས་འདུལ་བ་ལ་མཁས་པས་སྨིན་མ་འཇ༷མ་པ༷་ད༷ང༌། དགེ་བའི་སྣུམ་གྱིས་སྣུམ་པའི་སྐྱེ་བོ་འདུལ་བས་སྨིན་མ་སྣུ༷མ་པ་ད༷ང༌། སྐྱོན་ཐམས་ཅད་མཁྱེན་པས་སྨིན་པའི་སྤུ༷་མཉ༷མ་པ༷་ད༷ང༌། ཆོས་ཡངས་ཤིང་དོན་དང་ལྡན་པ་མངའ་བས་སྙ༷ན་ཤལ་རི༷ང་ཞིང་ལེགས་པར་རྒྱ༷ས་པ་ད༷ང༌། ཉོན་མོངས་པའི་རྒྱུད་ལས་རྒྱལ་བས་སྙ༷ན་མཉ༷མ་པ་ད༷ང༌། སེམས་ཅན་བསམ་པ་མ་ཉམས་པ་འདུལ་བས་སྙན་གྱི་དབང་པོ་ཉ༷མས་པ༷་རྣ༷མ་པ༷ར་སྤ༷ངས་པ༷་ད༷ང། ལྟ་བའི་རྣམ་པ་ཐམས་ཅད་བྱང་བས་དཔྲ༷ལ་བ༷་ལེ༷གས་པ༷ར་གྲུབ་པ་དང༌། ཕས་ཀྱི་རྒོལ་བ་ཤིན་ཏུ་འདུལ་བས་དཔྲལ་བ་དབྱེ༷ས་ཆེ༷་བ༷་སྟེ་ཡངས་པ་ད༷ང༌། སྨོན་ལམ་དམ་པ་རྫོགས་པས་དབུ༷་རྒྱ༷ས་པ་ད༷ང༌། ཡུལ་གྱི་བུང་པ་བཟློག་པས་དབུ༷་སྐྲ༷་བུ༷ང་བ༷་ལྟ༷ར་གན༷ག་པ་ད༷ང༌། མཐོང་སྒོམ་གྱིས་སྤང་བྱའི་བག་ལ་ཉལ་བ་ཟད་པས་དབུ་སྐྲ་སྟུ༷ག་པ་དང༌། ཐུགས་འཇམ་པོས་བསྟན་པའི་སྙིང་པོ་ཐུགས་སུ་ཆུད་པས་དབུ་སྐྲ་འཇ༷མ་པ་དང༌། རྟག་ཏུ་མ་འཁྲུགས་པའི་ཐུགས་དང་ལྡན་པས་དབུ་སྐྲ་མ༷་འཛི༷ངས་པ་དང༌།བརླང་བའི་གསུང་དང་བྲལ་བས་དབུ་སྐྲ་མི༷་བཤོ༷ར་བ་སྟེ་མི་རྩུབ་པ་ད༷ང༌། བྱང་ཆུབ་ཀྱི་ཡན་ལག་སྤོས་ཀྱི་མེ་ཏོག་གིས་སྐྱེ་བོ་མཐུན་པར་སྒྲུབ་པས་དབུ་སྐྲ་དྲི༷་ཞི༷མ་ཞིང་སྐྱེ༷ས་བུ༷འི་ཡི༷ད་འཕྲོ༷ག་པར་བྱེད་པ་ད༷ང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕྱག་དང་ཞབས་དཔ༷ལ་གྱི༷་བེ༷འུ༷་ད༷ང་བཀྲ༷་ཤི༷ས་ད༷ང་དགའ་བ་འཁྱི༷ལ་བ༷ས་བརྒྱ༷ན་པ༷་སྟེ། དེ་རྣམས་ནི་ས༷ངས་རྒྱ༷ས་ཀྱི་དཔེ༷་བྱ༷ད་བཟ༷ང་པོ༷་བརྒྱད་ཅུར་མདོ་ལས་བཞེ༷ད་པ་ཡིན་ནོ། །མཚན་གྱི་རྒྱུ་གཙོ་ཆེ་བ་དང་ཆར་ཕྱེ་བ་ནི།ཉ་ཊཱིཀ་ལས། དེ་དག་གི་རྒྱུ་ནི། གཙོ་ཆེ་བར་བཟོད་ཕར་ཏེ། སྡུད་པར། བཟོད་ལ་གནས་པའི་ལུས་ནི་ཡོངས་སུ་དག་འགྱུར་ཏེ། །སུམ་ཅུ་རྩ་གཉིས་མཚན་དང་མཐུ་སྟོབས་ཕ་མཐའ་ཡས། །ཞེས་སོ། །ཆར་ཕྱེ་ན་དྲུག་ཀའི་འབྲས་བུ་སྟེ། དཔེར་ན། མཛོད་སྤུ་ལ་དཀར་བ་དང༌། གཡས་འཁྱིལ་དང༌། མཛེས་པ་དང༌། རིང་བ་དང༌། འཁྱིལ་ལེགས་པ་དང༌། འོད་དང་ལྡན་པ་རྣམས་རིམ་བཞིན་ཕྱིན་དྲུག་གི་འབྲས་བུར་མདོ་བསྐལ་བཟང་ལས་སོ། །གཙོ་བོ་མཚན་གྱི་རྒྱུ་གང་ཡིན་པ་དེའི་འཁོར་དཔེ་བྱད་ཀྱི་ཡང་སྟེ་གང་གང་གི་འཁོར་ཡིན་པ་ནི། ཆོས་བཤེས་ལས་ཤེས་སོ། །ཞེས་གསུངས་སོ། །སྤྱིར་མཚན་དཔེ་ལ་བདེན་གཉིས་དང་གྲངས་ངེས་དང་འདུས་བྱས་དང་འདུས་མ་བྱས་གཉིས་ཡོད་དེ། མདོ་ལུགས་མ་ལས། མཚན་དཔེ་འདི་ལ་བདེན་པ་གཉིས་ཀྱི་དབྱེ་བ་ཤེས་པར་བྱ་སྟེ། གཤིས་ལུགས་ཆོས་ཉིད་ཀྱི་མཚན་དཔེ་དོན་དམ་དང༌། སེམས་ཅན་གྱི་མཐོང་ལུགས་དངོས་པོའི་མཚན་དཔེ་ཀུན་རྫོབ་པའོ། །མཚན་དང་དཔེ་བྱད་ལ་གྲངས་ངེས་བསྟན་པ་ནི། སེམས་ཅན་གྱི་བསམ་པའི་དབང་གིས་ཡིན་གྱི། དོན་ལ་ནི་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པར་སོར་འཕྲེང་གི་མདོ་ལས་གསུངས་སོ། །འདི་དག་གིས་སྐྱེས་བུ་ཆེན་པོར་མཚོན་པས་ན་མཚན་ནོ། །དེ་ལ་འཁོར་ལོས་བསྒྱུར་བའི་མཚན་ནི་འདུས་བྱས་ཡིན་ལ། སངས་རྒྱས་ཀྱི་མཚན་ནི་སོ་སོར་རང་རིག་པའི་ཡེ་ཤེས་འདུས་མ་བྱས་པ་ཡིན་ཏེ། ཞེས་གསུངས་སོ། །འོན་ཀྱང་སངས་རྒྱས་ཀྱི་མཚན་བཟང་ལ་འདུས་མ་བྱས་ཀྱིས་མ་ཁྱབ་བོ། །ཡང་སངས་རྒྱས་ལ་སྣང་གནས་མི་མཐུན་པ་དང་ཀུན་རྫོབ་སྣང་བ་ཡོད་པར་ཐལ། རོ་མི་ཞིམ་པ་རོ་མཆོག་ཡིན་པར་སྣང་བའི་ཕྱིར། དེར་ཐལ། རྩ་བར། འདི་ལ་རོ་མི་ཞིམ་པ་ཡང་རོ་མཆོག་སྣང༌། །ཞེས་དང༌། ཉ་ཊཱིཀ་ལས། འདི༷འི་ལྗགས་ལ༷་ནད་ཀྱིས་མ་ཉམས་ཤིང་རོ༷་མི༷་ཞི༷མ་པ༷་རྟ་ཆག་ལྟ་བུ་ཡང་རོ༷་མཆོ༷ག་ཏུ་སྣ༷ང་བ་སྟེ། ཞེས་དང༌། མདོ་ལུགས་མ་ལས།ཐུབ་པ་འདི༷་ལ༷་རླུང་མཁྲིས་བད་ཀན་གྱིས་མ་ཉམས་པའི་རྩའི་མཆོག་རྣམས་མངའ་བས་རོ༷་མི༷་ཞི༷མ་པ༷་ཡ༷ང་རོ༷་མཆོ༷ག་ཏུ་སྣ༷ང་བ་སྟེ། དེ་ནི་ནད་ཉུང་བའི་སྔ་ལྟས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་ཉ་ཊཱིཀ་ལས། དེ་ལྟའི་ལོངས་སྐུ་ཡང་མྱ་ངན་ལས་འདའ་ཞིང་སངས་རྒྱས་མིན་པས་དེར་མི་ཤེས་ཏེ་བརྒྱ་བྱིན་འཕོ་བ་བཞིན་ནོ། །ཞེས་སོགས་དང༌། མྱ་ངན་ལས་མི་འདའ་ཞེས་སོགས་ཏེ། ཞིབ་ཏུ་ཆོས་བཤེས་ལྟའོ། །ཞེས་པས་ལོངས་སྐུ་ལ་མྱ་ངན་ལས་འདས་པ་ཡོད་མེད་ལེགས་པར་བརྟག་པར་བྱའོ། །

གསུམ་པ་སྤྲུལ་སྐུ་བཤད་པ།

གསུམ་པ་སྤྲུལ་སྐུ་བཤད་པ་ལ

རྩ་བར། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག ། མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་སོ། །དེ་འཆད་པ་ལ་མདོ་ལུགས་མ་ལས། སྣ་ཚོགས་པའི་སྤྲུལ་པ་གང་གིས་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ། འགྲོ་བ་སེམས་ཅན་ཐམས་ཅད་གང་ལ་གང་འདུལ་དེར་སྟོན་པའི་ཚུལ་གྱིས་གནས་སྐབས་དང༌། མཐར་ཐུག་གི་ཕན་པའི་རྣམ་པ་སྣ་ཚོགས་པ་དག་མཉམ་པ་སྟེ་གཅིག་ཆར་དུ་མཛད་པའི་སྐུ་གང་ཡིན་པ་དེ་ནི་ཐུབ་པའི་གཟུགས་སྐུ་གཉིས་ལས་སྤྲུལ་པའི་སྐུ་ཡིན་ནོ། །དཔེར་ན་མེ་ལ་ལར་འབར་བར་སྣང་ཞིང་ལ་ལར་ཞི་བར་སྣང་བ་དང༌། ཞི་བར་སྣང་བ་ལས་སླར་ཡང་འབར་བར་སྣང་བ་ལྟར། སྐུ་འདི་ནི་སྣང་བ་ལས་ནི་སྣང་བ་དང༌། ལ་ལར་མི་སྣང་བ་ལས་སླར་ཡང་ལ་ལར་སྣ་ཚོགས་སུ་སྟོན་པའི་ཕྱིར་ཇི་སྲིད་འཁོར་བ་གནས་ཀྱི་བར་དུ་རྒྱུན་མི་འཆད་པ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་མཚན་ཉིད་ནི། མཐོང་སྤང་གི་མ་དག་པའི་གདུལ་བྱ་ལ་དངོས་སུ་སྣང་ནུས་པའི་གཟུགས་སྐུ་གཉིས་པ་དེ། སྤྲུལ་སྐུའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ནི། སངས་རྒྱས་ཀྱི་གཟུགས་སྐུ་གང་ཞིག མཐོང་སྤང་གིས་མ་དག་པའི་གདུལ་བྱའི་དོན་དངོས་སུ་མཛད་པ། ཞེས་གསུངས་སོ། །དབྱེ་ན། དབུ་མ་མདོ་སྡེའི་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པས། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཡིན་ནོ། །ཞེས་པ་ལྟར་བཟོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། བྱང་ཆུབ་ཆེན་པོའམ་མཆོག་གི་སྤྲུལ་སྐུ་དང་གསུམ། དེ་དག་གི་མཚན་གཞི་ནི། ཉ་ཊཱིཀ་ལས། དབྱེ་ན་དྲི་ཟའི་རྒྱལ་བོ་རབ་དགའ་གདུལ་བའི་དོན་དུ་དྲི་ཟར་སྤྲུལ་བ་ལྟ་བུ་བཟོ་དང༌། སོར་ཕྲེང་ཅན་དུ་སྟོན་པ་ལྟ་བུ་སྐྱེ་བ་ལྷོ་ཕྱོགས་ཀྱི་སངས་རྒྱས་གཅིག་གི་སྤྲུལ་བར་སོར་ཕྲེང་གི་མདོར་བཤད་དོ། །ཡང་ན་དམ་པ་ཏོག་དཀར་ལྟ་བུའམ་ཀ་ཕི་ན་འདུལ་བའི་དོན་དུ་འཁོར་ལོས་བསྒྱུར་རྒྱལ་དུ་བསྟན་པ་ལྟ་བུའོ། ། འོག་མིན་དུ་སངས་རྒྱས་ནས་འདིར་མཛད་པ་བཅུ་གཉིས་སྟོན་པ་བྱང་ཆུབ་ཆེན་པོའི་སྤྲུལ་པ་དང་འགྲེལ་ཆེན་དུ་མྱ་ངན་ལས་འདས་པའང་སྤྲུལ་བའི་སྐུར་འདོད་དོ། །ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། དྲི་ཟའི་རྒྱལ་པོ་རབ་དགའ་གདུལ་བའི་དོན་དུ་རྒྱུད་མངས་སྦྲེང་བ་དང༌། གཞན་ཡང་ཤིང་མཁན་དང་རྫ་མཁན་ལ་སོགས་པར་ཡང་སྟོན་པ་བཟོའི་སྤྲུལ་བ་དང༌། བྲམ་ཟེ་དང་རྒྱལ་རིགས་ལ་སོགས་པ་དང་རི་བོང་དང་རུ་རུ་ལ་སོགས་པའི་སྐྱེ་བར་ཡང་སྟོན་པ་སྐྱེ་བའི་སྤྲུལ་པ་དང༌། རྡོ་རྗེའི་གདན་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་བྱང་ཆུབ་ཆེན་པོའི་སྤྲུལ་པ་དང༌། ཞེས་གསུངས་སོ། །མཆོག་གི་སྤྲུལ་སྐུའི་མཛད་པ་བཅུ་གཉིས་ནི། རྒྱུད་བླ་ཐོགས་འགྲེལ་གྱི་མཆན་ལས། སྤྲུལ་སྐུ་ནི་ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་ཉིན་མཚན་དང་ལན་དྲུག་ཏུ་སོ་སོར་གཟིགས་ནས་ནི། །ཆོས་ཀྱི་སྐུ་ཉིད་ཀྱི་རྣམ་འགྱུར་ཡིན་པས་ངོ་བོ་དེ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བའི་རབས་སྣ་ཚོགས་གང་ལ་གང་འདུལ་གྱི་ཚུལ་དུ་མངོན་པར་སྐྱེ་བ་དང༌། །སྤྲུལ་པ་དེ་རྣམས་ཀྱི་གཙོ་བོ་མཆོག་གི་སྤྲུལ་པའི་མཛད་པ་བཅུ་གཉིས་ནི་དགའ་ལྡན་ནས་ནི་འཕོ་བ་དང༌།གཅིག ལྷུམས་སུ་འཇུག་པ་དང་གཉིས་བལྟམ་པ་དང༌། གསུམ། ཡི་གེ་ལ་སོགས་བཟོ་ཡི་གནས་ལ་མཁས་པ་དང་བཞི། བཙུན་མོའི་འཁོར་གྱིས་བསྐོར་ནས་རྒྱལ་པོའི་ཁབ་ཏུ་དགྱེས་པར་རོལ་བ་དང༌།ལྔ། ངེས་པར་འབྱུང་བ་དང་དྲུག་ལོ་དྲུག་ཏུ་དཀའ་བ་སྤྱོད་པ་དང༌།བདུན། བྱང་ཆུབ་ཀྱི་སྙིང་པོར་བྱང་ཆུབ་ཤིང་དྲུང་དུ་གཤེགས་པ་དང༌། བརྒྱད། བདུད་ཀྱི་སྡེ་འཇོམས་པ་དང་དགུ་རྫོགས་པར་ནི། །བྱང་ཆུབ་པ་དང་བཅུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་བཅུ་གཅིག མྱ་ངན་ལས་འདས་པར་གཤེགས་པའི་མཛད་པ་དང་བཅུ་གཉིས་པོ་རྣམས། །ཡོངས་སུ་མ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ། །དུས་སྲིད་པ་ཇི་སྲིད་གནས་ཀྱི་པར་དུ་སྟོན། །ཞེས་གསུངས་སོ། །ངོ་བོ་ཉིད་སྐུ་རང་དོན་གྱི་སྐུ་དང་གཟུགས་སྐུ་གཉིས་གཞན་དོན་གྱི་སྐུ་ཡིན་ཏེ། རྒྱུད་བླ་ཐོགས་འགྲེལ་གྱི་མཆན་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། དོན་དམ་དེ་ཉིད་སྣང་བ་ལ་བརྟེན་ནས་དངོས་པོར་འཛིན་པའི་གཞན་སྣང་ལ་ལྟོས་ཀུན་རྫོབ་སྐུ་ཉིད་དེ་རིམ་པ་ལྟར། བྲལ་བའི་འབྲས་བུ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། སྐུ་གཉིས་ཀྱི་ཡོན་ཏན་གྱི་དབྱེ་བ་དྲུག་ཅུ་རྩ་བཞི་འོག་ནས་འབྱུང་བ་འདི་དག །ཅེས་གསུངས་པའི་ཕྱིར། དེ་མ་ཡིན་པར་ཐལ། སྐུ་བཞི་པོ་རང་དོན་གྱི་སྐུ་ཡིན་པའི་ཕྱིར་ཏེ། ཉ་ཊཱིཀ་ལས། རང་དོན་གྱི་དབྱེ་བ། གཞན་དོན་གྱི་དབྱེ་བའོ། །ཞེས་ཤེར་འབྱུང་ངོ༌། དང་པོ་ལ་བཞི་སྟེ། ངོ༌། ཆོས། རྫོགས། སྤྲུལ་ལོ། །ཞེས་གསུངས་པའི་ཕྱིར་ཟེར་ན་སྔར་གདམས་ངག་གི་སྐབས་སུ་དཔྱད་པ་ལྟར་བརྟག་པར་བྱའོ། ། གཉིས་པ་འཕྲིན་ལས་བཤད་པ་ལ། དུས་ཀྱི་སྒོ་ནས་མདོ་བསྟན་པ་དང་གྲངས་ཀྱི་སྒོ་ནས་རྒྱས་པར་བཤད་པ་དང་གཉིས། དང་པོ་ནི། རྩབར། དེ་བཞིན་འཁོར་བ་ཇི་སྲིད་འདི།ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་སོ། །དེ་འཆད་པ་ལ་མདོ་ལུགས་མ་ལས། སྤྲུལ་བའི་སྐུ་སྣ་ཚོགས་པས་འཁོར་བ་སྲིད་དུ་གཅིག་ཆར་གཞན་དོན་མཛད་པ་དེ༷་བཞི༷ན་དུ་ཡུན་འཁོ༷ར་བ༷་ཇི༷་སྲི༷ད་གནས་ཀྱི་བར་དུ་ཐུག་པ་འདི༷འི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལ༷ས་ནི༷་རྒྱུ༷ན་མི༷་འཆ༷ད་པ༷ར་འདོ༷ད་ཅིང་བསྟན་ཏོ། །ཇི་ལྟར་སེམས་ཅན་གྱི་ལུས་ངག་ཡིད་ཀྱི་ལས་ནི་རྣམ་ཤེས་ཀྱི་རྗེས་སུ་འགྲོ་ཞིང་རྣམ་ཤེས་ཀྱི་རྗེས་སུ་འབྲང་བ་ལྟར། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ལས་དག་ཀྱང་ཡེ་ཤེས་ཀྱི་རྗེས་སུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་མཚན་ཉིད་ནི། རང་ཐོབ་བྱེད་སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོ་སྟོབས་ལས་ཐོབ་པའི་རྣམ་དཀར་གྱི་ཡོན་ཏན་དེ། སངས་རྒྱས་ཀྱི་འཕྲིན་ལས་ཀྱི་མཚན་ཉིད།ཡང་ན་རང་ཐོབ་བྱེད་རྟོགས་པ་ཆོས་སྐུ་ལ་བརྟེན་ནས་འདུལ་བྱའི་དོན་བསྒྲུབ་པའི་རྣམ་དཀར་གྱི་ལས་དེ། སངས་རྒྱས་ཀྱི་འཕྲིན་ལས་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། ཆོས་སྐུའི་མཛད་པ་འཕྲིན་ལས་ནི། རྟོགས་པ་ཆོས་སྐུས་སྐལ་ལྡན་གདུལ་བྱའི་དོན་བསྒྲུབས་པའམ་སྒྲུབ་པའི་བྱ་བ། དབྱེ་ན་བྱེད་པ་པོ་ལ་དང༌།བྱ་བ་ལ་ཡོད་པའི་གཉིས་ལས། དང་པོའི་མཚན་ཉིད།སངས་རྒྱས་ཀྱི་འཕྲིན་ལས་གང་ཞིག རྒྱུན་མི་འཆད་ཅིང་ལྷུན་གྱིས་གྲུབ་པར་འཇུག་པ། གཉིས་པའི་མཚན་ཉིད་ཟུར་དང་པོ་འདྲ། སངས་རྒྱས་ཀྱི་གདུལ་བྱས་ཐོབ་པའི་དགེ་ལེགས་ཅི་རིགས་པ། ཞེས་དང༌། བསྟན་བཅོས་རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཞེས་དང༌། ཐེག་མཆོག་དབུ་མ་ལས། ཐུགས་རྗེ་དེ་ལས་འཕྲིན་ལས་ཟད་མེད་འབྱུང༌། །འགྲོ་རྣམས་སྡུག་བསྔལ་ཆུང་དང་ཟད་པར་མཛད། །ཅེས་གསུངས་པའི་ཕྱིར་རོ། །ཡང་ན་རྒྱུད་བླ་མར་དཔེ་དགུས་འཕྲིན་ལས་གསུངས་ལ། དེ་ཡང་མི་རྟོག་བཞིན་དུ་སྐུའི་སྣང་བ་སྟོན་པ་བརྒྱ་བྱིན་གྱི་དཔེ་དང༌། འབད་པ་མེད་པར་ཆོས་གསུང་པ་ལྷའི་རྔའི་དཔེ་དང༌། མཁྱེན་བརྩེས་ཀུན་ལ་ཁྱབ་པ་སྤྲིན་གྱི་དཔེ་དང༌། ཆོས་སྐུ་ཀུན་ལ་མ་གཡོས་པ་བཞིན་དུ་སྤྲུལ་པ་སྟོན་པ་ཚངས་པའི་དཔེ་དང༌། ཡེ་ཤེས་ཀྱི་སྣང་བ་འཕྲོ་བ་ཉི་མའི་དཔེ་དང༌། ཐུགས་ཀྱི་གསང་བ་ཡིད་བཞིན་ནོར་བུའི་དཔེ་དང༌། གསུང་གི་གསང་བ་སྒྲ་བརྙན་གྱི་དཔེ་དང༌། སྐུ་ཡི་གསང་བ་ནམ་མཁའི་དཔེ་དང༌། འགྲོ་བའི་དཀར་པོའི་ཆོས་ཀྱི་གཞི་རྟེན་དུ་གྱུར་པས་གཞིའི་དཔེ་སྟེ་དགུས་གསུངས་སོ། །སེམས་ཅན་གྱི་རྣམ་དཀར་གྱི་མཛད་པ་དེ་སངས་རྒྱས་ཀྱི་མཛད་པ་དང་སེམས་ཅན་གཉིས་ཀའི་མཛད་པ་ཡིན་མིན་དཔྱད། ཡང་འཕྲིན་ལས་དང་མཛད་པ་གཉིས་མི་འདྲ་བར་ཐལ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། གོང་དུ་སངས་རྒྱས་རང་སྣང་གི་མཛད་པ་དང་འཕྲིན་ལས་གཉིས་ཐ་དད་དུ་བསྟན་བ་དེ་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། མཛད་པ་དང་འཕྲིན་ལས་གཉིས་ངོ་བོ་གཅིག་ཀྱང་ལྡོག་ཆ་ཐ་དད་པར་འཇོག་སྟེ། འཕྲིན་ལས་ནི་བྱ་བ་དང་མཛད་པ་ནི་བྱེད་པར་འཇོག་གོ །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། དགེ་བ་ཡིན་ན་སངས་རྒྱས་ཀྱི་འཕྲིན་ལས་ཡིན་པས་ཁྱབ་སྟེ། སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་རྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང༌། །ཞེས་དང༌། དེའི་ས་འགྲེལ་ལས། དཔེ་ཇི་ལྟར་ན་ཉི་མ་ནུབ་པའི་མཚན་མོ་ཟླ་བའང་མེད་པའི་མུན་ནག་སྐར་མའི་སྣང་བ་ཙམ་ཡང་མེད་པའི་སྤྲིན་རུམ་ཤིན་ཏུ་འཐུག་པོས་ཁེབས་པ་ན། གློ་བུར་དུ་གློག་འགྱུ་བའི་འོད་ཀྱིས་སྐད་ཅིག་ཙམ་རབ་ཏུ་སྣང་བའི་དངོས་པོ་ཅུང་ཟད་སྟོན་པ་ལྟར་དོན་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་གྱི་མཐུ་ཡིས་བརྒྱ་ལམ་རེས་འགའ་ཞིག་ན་འཁོར་བའི་མུན་པར་གནས་པའི་འཇིག་རྟེན་པ་རྣམས་ལ་རང་གཞན་གྱི་དོན་དུ་དམ་པའི་ཆོས་ལ་འཇུག་པར་བྱའོ་སྙམ་པའི་བསོད་ནམས་ཀྱི་བློ་གྲོས་ཀྱི་སྣང་བ་ཐང་འགའ་ཙམ་འབྱུང་བ་སྲིད་ཀྱི་ཕལ་ཆེར་མི་འབྱུང་ཞིང་བྱུང་ཡང་ཡུན་རིང་དུ་མི་གནས་པས་ཤིན་ཏུ་དཀོན་པ་རྙེད་པའི་དུས་སུ་སྐྱེས་བུ་ཆེན་པོའི་སྤྱོད་པ་ལ་འབད་པར་རིགས་སོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་གྲངས་ཀྱི་སྒོ་ནས་རྒྱས་པར་བཤད་པ།

གཉིས་པ་གྲངས་ཀྱི་སྒོ་ནས་རྒྱས་པར་བཤད་པ་ནི།

སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ལ་སྐབས་འདིར་རྣམ་པ་ཉི་ཤུུ་རྩ་བདུན་དུ་ཕྱེ་ནས་གསུངས་པ་འདི་ལྟ་སྟེ། རྩ་བར།འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམ་བཞི་ལ་འགོད་པ་དང༌། ། ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང༌། །སེམས་ཅན་རྣམས་དོན་ཇི་བཞིན་གྱི། དོན་དང་ཕ་རོལ་ཕྱིན་དྲུག་དང༌། །སངས་རྒྱས་ལམ་དང་རང་བཞིན་གྱིས། །སྟོང་པ་ཉིད་དང་གཉིས་ཟད་དང༌། བརྡ་དང་དམིགས་པ་མེད་པ་དང༌། །ལུས་ཅན་རྣམས་ནི་ཡོངས་སྨིན་དང༌། །བྱང་ཆུབ་སེམས་དཔའི་ལམ་དང་ནི། །མངོན་པར་ཞེན་པ་བཟློག་པ་དང༌། །བྱང་ཆུབ་ཐོབ་དང་སངས་རྒྱས་ཞིང༌། །རྣམ་པར་དག་དང་ངེས་པ་དང༌། །སེམས་ཅན་དོན་ནི་ཚད་མེད་དང༌། །སངས་རྒྱས་བསྟེན་སོགས་ཡོན་ཏན་དང༌། །བྱང་ཆུབ་ཡན་ལག་ལས་རྣམས་ནི། ཆུད་མི་ཟ་དང་བདེན་མཐོང་དང༌། །ཕྱིན་ཅི་ལོག་ནི་སྤངས་པ་དང༌། །དེ་གཞི་མེད་པའི་ཚུལ་དང་ནི༌། །རྣམ་པར་བྱང་དང་ཚོགས་དང་ནི། །འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང༌། །མྱ་ངན་འདས་ལ་འགོད་པ་སྟེ། །ཆོས་ཀྱི་སྐུ་ཡི་འཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་སོ། །དེ་འཆད་པ་ལ་མདོ་ལུགས་མ་ལས། འདིར་དེ་ལ་འགོད་པ་དང་དེ་ལ་སྦྱོར་བ་དང་དེ་ལ་བཀྲི་བ་དང་དེ་ལ་འདྲེན་པ་དང་དེ་ལ་བསྐུལ་པ་དང་དེ་ལ་གཞུག་པ་དང་དེ་ལ་གདམས་པ་ཞེས་པ་དག་རྣམ་གྲངས་སུ་རིག་པར་བྱའོ། །ངན་སོང་དང་ལྷའི་འགྲོ༷་བ་རྣ༷མས་རིམ་གྱིས་ཞི༷་བ༷་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པ་ལ་འགོད་པའི་འཕྲིན་ལ༷ས་༡ད༷ང༌། མིའི་འགྲོ་བ་རྣམས་བསྡུ༷་བའི་དངོས་པོ་རྣ༷མ་བཞི༷་ལ༷་འགོ༷ད་པ༷འི་འཕྲིན་ལས་༢ད༷ང༌། ཀུ༷ན་ན༷ས་ཉོ༷ན་མོ༷ངས་པ་དང་བཅ༷ས་པ༷འི༷་རྣ༷མ་པ༷ར་བྱ༷ང་བ༷འི་ཆོས་དག་སྒྱུ་མ་ལྟ་བུར་རྟོ༷གས་པ༷་ལ་འགོད་པའི་འཕྲིན་ལས་༣ད༷ང༌། སེ༷མས་ཅ༷ན་རྣ༷མས་ཡང་དག་པའི་མཐའི་དོ༷ན་ཇི༷་ལྟ་བ་བཞི༷ན་གྱི༷་དོ༷ན་ལ་འགོད་པ་༤ད༷ང༌། སྒྱུ་མ་ལྟ་བུའི་ཕ༷་རོ༷ལ་ཏུ་ཕྱི༷ན་དྲུ༷ག་གི་སྤྱོད་པ་ལ་འགོད་པ་༥ད༷ང༌། ས༷ངས་རྒྱ༷ས་ཀྱི་ལ༷མ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འགོད་པ་༦ད༷ང༌། ཆོས་ཐམས་ཅད་ར༷ང་བཞི༷ན་གྱི༷ས་སྟོ༷ང་པ༷་ཉི༷ད་དུ་ཤེས་པ་ལ་འགོད་པ་༧ད༷ང༌། གཉི༷ས་ཆོས་ཐམས་ཅད་གདོད་ནས་ཟ༷ད་པར་ཁོང་དུ་ཆུད་པ་ལ་འགོད་པ་༨ད༷ང༌། རང་བཞིན་གྱིས་སྟོང་ཡང་ཆོས་ཀྱི་རྣམ་དབྱེ་བྱེད་པའི་ཚེ་བཏགས་པའི་ཐ་སྙད་འཇིག་རྟེན་གྱི་བརྡ༷་ཉེ་བར་བཟུང་བ་ལ་འགོད་པ་༩ད༷ང༌། སྦྱིན་སོགས་ཀྱི་སྤྱོད་པ་འཁོར་གསུམ་དུ་དམི༷གས་པ༷་མེ༷ད་པ༷་ལ་འགོད་པ་༡༠ད༷ང༌།ལུ༷ས་ཅ༷ན་རྣ༷མས་དགེ་བའི་རྩ་བ་ཡོ༷ངས་སུ་སྨི༷ན་པ་ལ་འགོད་པའི་ལས་༡༡ད༷ང༌། རྒྱལ་སྲས་ཀྱིས་མི་བསླབ་པའི་ཆོས་གང་ཡང་མེད་པའི་ཆོས་ཐམས་ཅད་བྱ༷ང་ཆུ༷བ་སེ༷མས་དཔ༷འི་ལ༷མ་དུ་ཤེས་པ་ལ་འགོད་པ་༡༢ད༷ང༌། སེམས་ཅན་རྣམས་དངོས་པོར་མངོ༷ན་པ༷ར་ཞེ༷ན་པ༷འི་རློམས་སེམས་བཟློ༷ག་པ༷་ལ་གདམས་པའི་ལས་༡༣ད༷ང༌། བྱ༷ང་ཆུ༷བ་ལ་བསླབས་པས་མ་འདྲེས་པའི་བར་རྫོགས་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བྱང་ཆུབ་འཐོ༷བ་པ་ལ་འགོད་པ་༡༤ད༷ང༌། རང་གཞན་གྱི་ལུས་ངག་ཡིད་ཀྱི་གནས་ངན་ལེན་དག་པ་ནི་ས༷ངས་རྒྱ༷ས་ཀྱི་ཞི༷ང་རྣ༷མ་པ༷ར་ད༷ག་པ་ལ་འགོད་པ་༡༥ད༷ང༌། སེམས་དང་བོ་བསྐྱེད་པ་ནས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཕུང་པོར་ངེ༷ས་པ༷་ལ་འགོད་པ་༡༦ད༷ང༌། བྱང་ཆུབ་སེམས་དཔའ་སེ༷མས་ཅ༷ན་གྱི་དོ༷ན་ནི༷་ཚ༷ད་མེ༷ད་པ་འགྲུབ་པ་ལ་འགོད་པ་༡༧ད༷ང༌། བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་ས༷ངས་རྒྱ༷ས་བསྙེན་བཀུར་དང་ཆོས་ཉན་པ་དང་མངོན་ཤེས་ཀྱི་ཕར་ཕྱིན་གྲུབ་པ་ལ་སོ༷གས་པའི་ཡོ༷ན་ཏ༷ན་ལ་འགོད་པ་༡༨ད༷ང༌། བྱ༷ང་ཆུ༷བ་བསྒྲུབ་པའི་ལམ་སྦྱིན་སོགས་ཀྱི་ཡ༷ན་ལ༷ག་འཁོར་གསུམ་དུ་མི་རྟོག་པའི་དགེ་བ་ལ་འགོད་པ་༡༩དང༌། སངས་རྒྱས་ཀྱིས་དོན་བྱས་པའི་སེམས་ཅན་གྱི་དགེ་བ་ཕྱིས་ཆུད་ཟོས་ཤིང་འཁོར་བར་ལྟུང་བ་མ་ཡིན་པའི་ལ༷ས་དགེ་བ་རྣ༷མས་ནི༷་ཆུ༷ད་མི༷་ཟ༷་བ་ལ་འགོད་པ་༢༠ད༷ང༌། འཕགས་པའི་བདེ༷ན་པ་བཞི་མཉམ་པ་ཉིད་དུ་མཐོ༷ང་བ་ལ་འགོད་པ་༢༡ད༷ང༌། སེམས་ཅན་རྣམས་ཕྱི༷ན་ཅི༷་ལོ༷ག་བཞི་པོ་ནི༷་སྤ༷ངས་བ༷་ལ་འགོད་པ་༢༢ད༷ང༌། ཕྱིན་ཅི་ལོག་དེ༷འི་གཞི༷འམ་གནས་སུ་གྱུར་པའི་དངོས་པོ་མེ༷ད་པ༷འི་དཔེའི་ཚུ༷ལ་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་མཐོང་བ་ལ་འགོད་པ་༢༣ད༷ང༌། རྣ༷མ་པ༷ར་བྱ༷ང་བ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འགོད་པ་༢༤ད༷ང༌། སྒྱུ་མ་ལྟ་བུའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོ༷གས་ལ་འགོད་པ་༢༥ད༷ང༌། འདུ༷ས་བྱ༷ས་དང་འདུ༷ས་མ༷་བྱ༷ས་ཀྱི་མཉམ་པ་ཉིད་གང་ཡིན་པ་དོན་དམ་པ་དེ་ལ༷་ཐ་དད་ཡོངས་སུ་མི་ཤེས་པ་ལ་འགོད་པ་༢༦དང༌། གང་གིས་ཀྱང་མ་སྤྲུལ་བའི་སྟོང་བ་ཉིད་སྐྱེ་མེད་འགག་མེད་མི་མཉམ་བའི་མྱ༷་ང༷ན་འད༷ས་པ་ལ༷་འགོ༷ད་པ༷འི་འཕྲིན་ལས་༢༧ཏེ༷།དེ་ལྟར་ན་ཆོ༷ས་ཉིད་ཀྱི༷་སྐུ༷འི་མཛད་པ་འཕྲི༷ན་ལ༷ས་བཤད་མ་ཐག་པ་འདི་སྐབས་འདིར་དབྱེ་བ་རྣ༷མ་པ༷་ཉི༷་ཤུ༷་རྩ་བདུ༷ན་དུ༷་བཅོམ་ལྡན་འདས་བཞེ༷ད་དོ། །ཞེས་གསུངས་སོ། །དེར་ཆོས་ཉིད་ཀྱི་འཕྲིན་ལས་ལ་སྦྱར་ཡང་དེ་ཁོ་ན་སྦྱར་བ་ངེས་བཟུང་བྱ་མི་དགོས་སོ། །ཉ་ཊཱིཀ་ཏུ་འགྲེལ་བ་ལྟར་འཕྲིན་ལས་དང་པོ་རྟེན་དང་བར་བ་རྣམས་ཚོགས་སྦྱོར་མཐོང་སྒོམ་བཞི་ལ་སོ་སོར་དང་ཐ་མ་འབྲས་བུར་སྦྱར་ནས་བཤད་དེ། ཉ་ཊཱིཀ་ལས། ལམ་གྱི་རྟེན། ལམ། ལམ་འབྲས་ལ་འགོད་པའོ། །ཞེས་སོགས་གསུངས་པའི་ཕྱིར། འོན་ཀྱང་རང་ལུགས་ལ་འཐད་པ་ཡིན་མིན་བརྟག་པར་བྱའོ། །འཕྲིན་ལས་བཅོ་ལྔ་པའི་སྐབས་སུ་རྒྱལ་ཚབ་འཛིན་པའམ་འོད་ཟེར་ཆེན་པའི་དབང་བསྐུར་ཐོབ་ཚུལ་ནི། ཉ་ཊཱིཀ་ལས། འདིར་དབང་བསྐུར་བའི་ཚུལ་ས་བཅུ་བར་གསུངས་པ་བཤད་ན། ས་བཅུ་བ་ཐོབ་མ་ཐག་གི་ཚེ་ཏིང་ངེ་འཛིན་གྲངས་མེད་པ་འབུམ་ཕྲག་བཅུ་ཇི་སྙེད་པའི་ཐ་མ་ལ་བྱང་པའི་ཏིང་ངེ་འཛིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པར་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བ་མངོན་དུ་འགྱུར་ཏེ་དེ་ཐོབ་མ་ཐག་ནས་དབང་བསྐུར་འཐོབ་པོ། །འདི་ལ་ལྔ་སྟེ། སྟན་གང༌། ལུས་ཀྱི་ཚད་ཇི་ཙམ་པ། འཁོར་གང༌། མཚན་མ་གང་བྱུང་བ། གང་གིས་ཇི་ལྟར་དབང་བསྐུར་བའོ། །དང་པོ་ནི།སྟོང་གསུམ་འབུམ་ཕྲག་བཅུའི་གཏོས་དང་མཉམ་པའི་རིན་པོ་ཆེའི་རྒྱལ་བོའི་པད་མ་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ་དང༌། དེའི་འཁོར་དུ་སྟོང་གསུམ་དང་མཉམ་པའི་རིན་པོ་ཆེའི་པད་མ་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱིས་གང་བར་སྣང་བའོ། །དེ་དག་སྐབས་འདི་དང་བསྟུན་ན་སྣོད་དག་པའི་སྣང་བའོ། །གཉིས་པ་ནི། གང་ན་དེ་ལ་རང་གི་ལུས་ཀྱང་དེ་དང་འཚམ་ཞིང་རྐྱེན་དུ་བབ་པར་གནས་སོ། །གསུམ་པ་ནི། འཁོར་གྱི་པད་མ་ལ་ས་དགུ་བ་མན་གྱི་བྱང་པས་བསྐོར་ཏེ་འཁོད་པར་སྣང་སྟེ་བྱང་ཆེན་དེ་བལྟ་ཞིང་ཏིང་ངེ་འཛིན་འབུམ་ཕྲག་བཅུ་བཅུ་ལ་སྙོམས་པར་འཇུག་གོ །སྐབས་འདི་དང་བསྟུན་ན་བཅུད་དག་པའི་སྣང་བའོ། །བཞི་བ་ནི། འོད་ཟེར་བྱུང་བ་སྟེ་འདི་ལ་གསུམ་སྟེ། ཕན་འདོགས་པའི་ལས་ཅན། སྤྲོན་པའི། འགུགས་པའི་ལས་ཅན་ནོ། །དང་པོ་ནི། བྱང་ཆེན་དེའི་ཞབས་མཐིལ་གཉིས།པུས་མོ་གཉིས། ལྟེ་ཁུང༌། རྩིབ་ལོགས་གཉིས། ཕྱག་མཐིལ་གཉིས་ཏེ་ལྔ་ལས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་བྱུང་ནས་རིམ་བཞིན་དུ་དམྱལ་བ། དུད་འགྲོ། ཡི་དྭགས། མི་བཞི་དང༌། ལྷ་ལྷ་མིན་གྱི་གནས་རྣམས་སྣང་བར་བྱས་ནས་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་དོ། །ཡང་ཕྲག་པ་གཉིས། རྒྱབ་མགུལ་གཉིས། ཞལ་ནས་འོད་ཟེར་སྔར་བཞིན་དུ་བྱུང་བས། རིམ་བཞིན་ཕྱོགས་བཅུའི་ཉན་ཐོས་དང༌། རང་རྒྱལ་དང༌། སེམས་དང་པོ་བསྐྱེད་པ་ཡན་ནས་ས་དགུ་བའི་བར་གྱི་གནས་རྣམས་སྣང་བར་བྱས་ནས། ཆོས་སྣང་བའི་སྒོ། ཞི་བའི་ཏིང་ངེ་འཛིན་གྱི་སྒོ། ཐབས་ཤེས་རབ་ལ་མཁས་པའི་ཚུལ་ཉེ་བར་བསྒྲུབ་པོ། །དེ་དག་གིས་སྡུག་བསྔལ་བསལ་ཏེ་ཡོན་ཏན་བསྐྱེད་པའི་སྒོ་ནས་ཕན་བཏགས་སོ། །དེ་ནི་མཆོད་པས་ཕན་འདོགས་པ་སྟོན་ཏེ། དེའི་མཛོད་སྤུ་ནས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་བྱུང་སྟེ། ཕྱོགས་བཅུའི་བདུད་ཀྱི་གནས་ཐམས་ཅད་མོག་མོག་པོར་བྱས་ནས་དབང་བསྐུར་ཐོབ་པའི་བྱང་པ་རྣམས་སྣང་བར་བྱས་ཏེ་དེ་དག་གི་ལུས་སུ་ནུབ་པར་བྱེད་དོ། །སྤྱི་བོ་ནས་སྟོང་གསུམ་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་འོད་ཟེར་ཕྱུང་སྟེ། ཕྱོགས་བཅུའི་དེ་པའི་དཀྱིལ་འཁོར་ཐམས་ཅད་སྣང་བར་བྱས་འཇིག་རྟེན་ལན་བཅུ་བསྐོར་ནས་སྟེང་གི་བར་སྣང་ལ་འོད་ཟེར་གྱི་དྲ་བའི་དཀྱིལ་འཁོར་དུ་བྱས་ཏེ་དེ་པ་མཆོད་པ་དང་རིམ་གྲོ་བསམ་གྱིས་མི་ཁྱབ་པས་དགུ་བ་མན་གྱི་མཆོད་པས་ཆ་ཙམ་དུ་ཡང་མི་འགྲོ་བ་བྱེད་དོ། །གཉིས་པ་ནི།དེ་ལྟར་བྱས་ནས་དེ་པ་རྣམས་ཀྱི་ཞབས་མཐིལ་དུ་ནུབ་པར་བྱེད་དོ། །དེ་ནས་རྒྱལ་བ་སྲས་བཅས་དེ་དག་གིས་བྱང་ཆེན་དེ་དབང་བསྐུར་བའི་དུས་ལ་བབ་པར་ཐུགས་སུ་ཆུད་པར་གྱུར་ཏོ། །གསུམ་པ་ནི། དེ་ནས་བྱང་པ་ས་དགུ་བ་ལ་གནས་པའི་བར་གྱི་བྱང་པ་མཐའ་ཡས་པ་ཕྱོགས་བཅུའི་ནས་ལྷགས་ནས་བྱང་པ་དེ་བསྐོར་ཞིང་མཆོད་ནས་དེ་ལ་བལྟ་ཞིང་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་ལ་འཇུག་གོ །བྱང་པ་དབང་ཐོབ་རྣམས་ཀྱི་དཔལ་བེའུ་དང་རྡོ་རྗེ་དང་བཀྲ་ཤིས་ལས་བདུད་ཀྱི་དགྲ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འོད་ཟེར་ཆེན་པོ་གཅིག་འཁོར་འོད་ཟེར་གྲངས་མེད་པར་འབུམ་ཕྲག་བཅུ་བཅས་བྱུང་སྟེ་ཕྱོགས་བཅུ་སྣང་བར་བྱས། ཆོ་འཕྲུལ་མུ་མེད་པ་བསྟན་ཏེ་བྱང་པ་དེའི་དཔལ་བེའུ་དང་རྡོ་རྗེ་དང་བཀྲ་ཤིས་སུ་ནུབ་པར་གྱུར་ཏེ། དེ་མ་ཐག་ཏུ་བྱང་པ་དེའི་མཐུ་སྟོབས་ཡང་སྔར་བས་འབུམ་འགྱུར་བས་ལྷག་པར་འཕེལ་ལོ། །རྡོ་རྗེ་སོགས་དེ་རྣམས་བྱང་པའི་སྙིང་ཁ་ན་ཡོད་ཅེས་དབྱིག་གོ། །ལྔ་བ་ནི། དེ་ནས་དེ་པ་རྣམས་ཀྱི་མཛོད་སྤུ་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་མངོན་ཤེས་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་འཁོར་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་ཡང་བྱུང་སྟེ་ཕྱོགས་བཅུ་མ་ལུས་པར་སྣང་བར་བྱས་འཇིག་རྟེན་ལན་བཅུ་བསྐོར། དེ་པའི་ཆོ་འཕྲུལ་ཆེན་པོ་བསྟན་བྱང་པ་མང་བོ་བསྐུལ། ཞིང་རབ་འབྱམས་རྣམ་པ་དྲུག་ཏུ་བསྐྱོད། ངན་སོང་ཞི། བདུད་གནས་མོག་མོག་པོར་བྱས་པ་སོགས་བྱང་པའི་འཁོར་གྱི་དཀྱིལ་འཁོར་གྱི་སྟེང་ནས་བསྐོར་ཏེ་བཀོད་པ་ཆེན་པོ་བསྟན་ནས་བྱང་པ་དེའི་སྤྱི་བོར་ནུབ་པར་གྱུར་ཏོ། །འཁོར་གྱི་འོད་ཟེར་རྣམས་དེར་འདུས་པའི་འཁོར་གྱི་བྱང་པ་རྣམས་ཀྱི་སྤྱི་བོར་ནུབ་པོ། །དེ་མ་ཐག་བྱང་པ་དེ་དག་གིས་སྔོན་མ་ཐོབ་པའི་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་འཐོབ་པོ། །ཞེས་དང༌། རྒྱན་དང་དེའི་ས་འགྲེལ་ལས།རྒྱལ་ཚབ་འཛིན་ཚུལ་ནི། སངས་རྒྱས་ཀུན་གྱིས་འོད་ཟེར་ཆེན་པོའི་དབང་བ{ར་བྱིན། །དེ་ནི་ཆོས་ལ་དབང་བ་ཀུན་དང་ཡང་དག་ལྡན། །སངས་རྒྱས་འཁོར་གྱི་དཀྱིལ་འཁོར་སྟོན་པའི་རྣམ་པ་ཤེས། །བསླབ་པ་བཅའ་བས་ཚར་གཅོད་ཕན་འདོགས་བྱེད་ལ་བརྩོན། །ཞེས་དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སྲས་དེ་ནར་སོན་པ་ན་རྒྱལ་ཚབ་ཏུ་དབང་བ{ར་བ་ཐོབ་པ་དང༌། རྒྱལ་པོའི་བྱ་བ་ལ་དབང་ཐོགས་པ་མེད་པ་དང༌། རྩོད་པ་བརྟགས་ཏེ་འདུལ་བའི་ཐབས་ལ་མཁས་པ་དང་ངན་པ་ཚར་གཅོད་ཅིང་བཟང་པོ་རྗེས་སུ་འཛིན་པའི་སྒོ་ནས་རྒྱལ་སྲིད་ལེགས་པར་སྐྱོང་བ་དེ་བཞིན་དུ། ས་བཅུ་པ་ལ་གནས་པ་ན་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པར་དབང་བ{ར་བ་དང་ལྡན་པ་ཞེས་བྱ་བ་མངོན་དུ་གྱུར་མ་ཐག་ཏུ། སྟོང་གསུམ་འབུམ་ཕྲག་བཅུའི་གཏོས་དང་མཉམ་པའི་པདྨ་རིན་པོ་ཆེ་ལས་གྲུབ་པ་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་སྙེད་ཀྱི་པདྨའི་འཁོར་གྱིས་བསྐོར་བ་འབྱུང་བར་འགྱུར་ཏེ། ཞེས་སོགས་གསུངས་པའི་ཕྱིར་རོ། །སྐབས་བརྒྱད་པ་འདི་ཉི་ཁྲིའི་ལེའུ་རེ་གཉིས་པའི་སྟོད་ཅུང་སོང་བ་ནས་བཟུང་སྟེ། ལེའུ་བདུན་བཅུ་རྩ་གཅིག་པ་ཆོས་ཉིད་མི་འགྱུར་བའི་ལེའུ་རྫོགས་མཚམས་ཀྱི་བར་གྱིས་སྟོན་ནོ། །དངོས་པོ་བརྒྱད་ལས་ཆོས་ཀྱི་སྐུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པ་ཡིན་ནོ། །

གསུམ་པ་སྐབས་བསྡུ་བ་ནི།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་བརྒྱད་པའི་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པའི་སྒོ་ནས་ཆོས་སྐུའི་དངོས་པོ་བཤད་ཟིན་ཏོ། །

སྨྲས་པ། གློ་བུར་ཆུ་འཛིན་དག་པའི་ངོ་བོ་ཉིད་སྐུའི་ཀུན་གསལ་ལ། །རྣམ་ཀུན་མཁྱེན་པའི་ཡེ་ཤེས་ཟག་མེད་རྒྱུ་སྐར་སྣ་ཚོགས་བཀྲ །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་འོད་སྟོང་ངོམས་པར་ཆར། །་འདུལ་སྤྲུལ་བའི་འོད་ཟེར་འབུམ་གྱིས་འཛིན་མའི་ཕྱོགས་ཀུན་ཁྱབ། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

གསུམ་པ་དོན་བསྡུས་གཞན་དང་གཞན་གྱིས་མཇུག་བསྡུས་ཏེ་བསྟན་པ།

གསུམ་པ་དོན་བསྡུས་གཞན་དང་གཞན་གྱིས་མཇུག་བསྡུས་ཏེ་བསྟན་པ་ལ་གཉིས་ལས།

དང་པོ་དོན་དྲུག་ཏུ་བསྡུས་པ་ནི། རྩ་བར། མཚན་ཉིད་དེ་ཡི་སྦྱོར་བ་དང༌། །དེ་རབ་དེ་ཡི་གོ་རིམ་དང༌། །དེ་མཐའ་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་གཞན་ཏེ་རྣམ་པ་དྲུག །ཅེས་གང་ལ་བསླབ་པར་བྱ་བའི་གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཆོས་ཀྱི་དབྱིངས་སྐབས་དང་པོ་གསུམ་གྱི་གནས་སྐབས་སམ་ཐེག་དམན་དང་བྱང་སེམས་སངས་རྒྱས་ཀྱི་མངོན་རྟོགས་དེ་དང་དེ་མཐུན་པའི་མཁྱེན་པ་གསུམ་གྱི་མཚ༷ན་ཉིད་དང༌། གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགོག་བདེན་ཟབ་མོའི་མཁྱེན་པ་གསུམ་གྱི་མཚན་ཉིད་དེ༷འི༷་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་པོ་ཀུན་མངོན་སུམ་དུ་རྫོགས་པར་རྟོགས་པའི་རྣལ་འབྱོར་དང༌། རྣལ་འབྱོར་དེ༷་ར༷བ་ཏུ་གྱུར་པ་ཆོས་ཐམས་ཅད་དངོས་པོ་མེད་པ་རྨི་ལམ་ལྟ་བུའི་ངོ་བོར་མཐོང་བ་རྩེ་མོའི་རྣལ་འབྱོར་དང༌། ཆོས་ཐམས་ཅད་དངོས་པོ་མེད་པ་སྒྱུ་མ་ལྟ་བུའི་ངོ་བོར་ཁོང་དུ་ཆུད་པ་ནི་རྣལ་འབྱོར་རབ་ཏུ་གྱུར་པ་དེ༷འི་ངང་ནས་ལམ་བགྲོད་པས་རིམ་གྱིས་ཆོས་སྐུ་རྫོགས་པའི་གོ༷་རི༷མ་མཐར་གྱིས་པའི་རྣལ་འབྱོར་ད༷ང༌། ཆོས་སྐུ་ཡོངས་སུ་རྫོགས་པས་རིམ་པ་དེ༷་མཐ༷ར་ཐུག་པ་ཡེ་ཤེས་སྐད་ཅིག་མ་གཅིག་ཆར་དུ་ཆོས་སྐུ་རྫོགས་པའི་རྣལ་འབྱོར་དང༌། རྣལ་འབྱོར་དེ༷འི༷་འབྲས་བུ་རྣ༷མ་པར་སྨི༷ན་པ་ལྷུན་གྱིས་གྲུབ་པའི་ཆོས་སྐུ་སྟེ། དེ་རྣམས་ནི༷་ཤེར་ཕྱིན་གྱི་དོ༷ན་བསྡུ༷ས་པའི་ཚུལ་སྔར་བསྟན་པ་ལས་གཞ༷ན་རྣ༷མ་པ༷་དྲུ༷ག་ཡིན་ནོ། །རྩ་བར། མཚན་ཉིད་ཅེས་པའི་དོན་ཉ་ཊཱིཀ་ལས། རྩ་བ་ནི། མཁྱེན་གསུམ་ཆོས་ཅན། འཕགས་བཞིའི་མངོན་རྟོགས་ཐམས་ཅད་ཀྱི་མཚན་ཉིད་དེ་རང་བཞིན་ཡིན་ཏེ། སྦྱོར་བཞི་ཆོས་སྐུ་ཁྱོད་ཀྱི་གནས་སྐབས་ལ་བཞག་པས་སོ། །ཨཱརྱའི་དགོངས་པའོ། །ཡེ་ཤེས་ཞབས་ནི། བླང་དོར་གྱི་མཚན་ཉིད་དོ། །ཞེས་སོ། །གཞི་ལམ་རྣམ་གསུམ་མཚོན་པར་བྱེད་པས་མཚན་ཉིད་ཅེས་གསེར་དོན་ཏེ་ཡུལ་གཟུགས་སོགས་མཚོན་པས། ཞེས་སོ། །རད་ཀིར་ནི། སྦྱོར་བ་བཞིར་མཚོན་པས་མཚན་ཉིད། ཅེས་གསུངས་སོ། ། གཉིས་པ་དོན་གསུམ་དུ་བསྡུས་ནས་བསྟན་པ་ནི། རྩ་བར། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །སྦྱོར་བ་བཞིའི་བདག་ཉིད་དང༌། །ཆོས་སྐུ་འཕྲིན་ལས་འབྲས་བུ་ནི། །དོན་བསྡུས་གཞན་དེ་རྣམ་པ་གསུམ། །ཞེས་པ་བྱང་ཆུབ་སེམས་དཔའ་གང་ལ་བསླབ་བར་བྱ་བའི་ཡུ༷ལ་ཆོས་ཉིད་ཀྱི་གནས་སྐབས་མཁྱེན་པ་རྣ༷མ་པ༷་གསུ༷མ་པོ༷་ད༷ང༌། དེ་སྒྲིབ་བ་དང་བྲལ་བར་བྱེད་པའི་རྒྱུ༷་སྦྱོ༷ར་བ༷་བཞི༷འི༷་བད༷ག་ཉི༷ད་ད༷ང༌། ཆོ༷ས་ཀྱི་སྐུ༷་འཕྲི༷ན་ལ༷ས་དང་བཅས་པ་བྲལ་བའི་འབྲ༷ས་བུ༷་སྟེ། དེ་དག་ནི༷་ཤེར་ཕྱིན་གྱི་དོ༷ན་བསྡུ༷ས་ཚུལ་སྔར་བསྟན་པ་རྣམས་ལས་གཞ༷ན་རྣ༷མ་པ༷་གསུ༷མ་དུ་བསྡུས་པའི་ཚུལ་ཡིན་ནོ། །དེ་རྣམས་ཀྱིས་དོན་བསྡུས་གཞན་དང་གཞན་གྱི་མཇུག་བསྡུས་ཏེ་བསྟན་པ་དང༌། དེའི་གོང་དུ་དགོས་འབྲེལ་བསྟན་ནས་དངོས་པོ་བརྒྱད་ཀྱིས་ཤེར་ཕྱིན་བཤད་པ་དང༌། དེའི་གོང་དུ་བསྟན་བཅོས་ལ་འཇུག་པའི་སྒོ་འདོད་པའི་ལྷ་ལ་ཕྱག་འཚལ་བ་དང་གསུམ་གྱིས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་མདོ་ཇི་ལྟ་བ་བཞིན་དུ་རྒྱལ་བས་བསྟན་པ་འབའ་ཞིག་གི་དབང་དུ་བྱས་ནས་བཤད་པ་ཡིན་ཞེས་མདོ་ལུགས་མ་ལས་གསུངས་པ་ལྟར་ཡིན་ནོ། །དེ་ལྟར་བཤད་པ་དེ་རྣམས་ནི་མདོ་ལུགས་མ་དང་ཉ་ཊཱིཀ་སོགས་ཀྱི་ཚིག་ཟིན་གལ་ཆེ་བ་མང་པོ་རང་སོར་བཞག་ནས་བཀོད་པའོ། །སྐབས་མང་པོར་དཔྱད་པའི་སྒོ་ཙམ་ལས་ཕྲ་ཞིབ་ཀྱིས་ཁས་ལེན་འཛིན་ཚུལ་མང་དུ་མ་སྤྲོས་པ་ནི་ཆོས་གྲྭའི་རྩོད་པ་ལ་གནོད་སྙམ་ནས་རྒྱས་པར་མ་བྲིས་པ་ཡིན་ནོ། །འོན་ཀྱང་སྤྱི་དོན་གྱི་སྐབས་སུ་བཤད་པ་དེ་དག་ནི་རང་ལུགས་འཐད་ལྡན་དུ་བྱས་ནས་བཤད་པ་ཡིན་པས་བློ་ལྡན་གཟུར་གནས་རྣམས་ཀྱིས་ཡིད་དགའ་བར་ཀྱིས་ལ་ཐོས་བསམ་སྒོམ་གསུམ་གྱྀ་སྒོ་ནས་འཇུག་པར་བྱའོ།། །།

གསུམ་པ་མཇུག་གི་དོན།

གསུམ་པ་མཇུག་གི་དོན་ལ།

མཛད་པ་པོ་དང༌། གང་གིས་བསྒྱུར་བའི་ཚུལ་ལོ། །དང་པོ་ནི། ཤེ༷ས་ར༷བ་ཀྱི༷་ཕ༷་རོ༷ལ་ཏུ༷་ཕྱི༷ན་པ༷འི་མ༷ན་ང༷ག་གི༷་བསྟ༷ན་བཅོ༷ས་མངོ༷ན་པ༷ར་རྟོ༷གས་པ༷འི་རྒྱ༷ན་ཅེ༷ས་བྱ༷་བ༷་འདི་ནི་དགའ་ལྡན་གྱི་རྒྱལ་ཚབ་རྗེ༷་བཙུན༷་བྱ༷མས་པ༷་མགོ༷ན་པོ༷ས་མཛ༷ད་པ༷འོ༷། ། གཉིས་པ་གང་གིས་བསྒྱུར་བའི་ཚུལ་ནི། རྒྱ༷་ག༷ར་གྱི༷་མཁ༷ན་པོ༷་བི༷རྱ༷་ཀ༷་ར༷་པྲ༷་བྷ༷་སྟེ་རིག་པའི་འབྱུང་གནས་འོད་ཟེར་རམ་རིག་བྱེད་འོད་ཟེར་དང༷༌། ཞུ༷་ཆེ༷ན་གྱི༷་ལོ༷་ཙཱ༷་བ༷་བནྡེ་ནི་བཙུན་པའམ་ཕྱག་འོས་མཚན་ཀ་བ་དཔ༷ལ་བརྩེ༷གས་ཀྱིས༷་སམ་སྐྲི་ཏིའི་སྐད་ལས་བོད་སྐད་དུ་བསྒྱུ༷ར་ཅི༷ང་ཞུ༷ས་ཏེ༷་འཆད་ཉན་གྱིས་ལེགས་པར་གཏ༷ན་ལ༷་ཕ༷བ་པ༷་ལ༷ས། སླ༷ད་ཀྱིས་ཏེ་དུས་ཕྱིས༷་རྒྱ༷་ག༷ར་གྱི༷་མཁ༷ན་པོ༷་དཔལ་གོ༷་མི༷་འཆི༷་མེ༷ད་ཟླ་བ་ད༷ང༌། འཇམ་དཔལ་རྩ་རྒྱུད་ལས།ཤར་ཕྱོགས་རྒྱ་མཚོ་བརྟེན་ནས་ནི། །དེ་འདིར་འབྲོག་གི་མཐར་ཐུག་པར། །བློ་ལྡན་ལོ་ཧི་ཏ་ལས་གཞན། །བྱང་དུ་དེ་བཞིན་ཁ་བ་ཅན། །ཞེས་ལུང་བསྟན་པའི་ཡར་འབྲོག་ཏུ་འཁྲུངས་པའི་ལོ༷་ཙྪ༷་བ༷་དགེ༷་སློ༷ང་བློ༷་ལྡ༷ན་ཤེ༷ས་ར༷བ་ཀྱི༷ས་བསྒྱུ༷ར་ཅི༷ང་ཞུ༷ས་ཏེ༷་འཆད་ཉན་གྱིས་ལེ༷གས་པ༷ར་གཏ༷ན་ལ༷་ཕ༷བ་པ༷འོ༷།། །།

སྨྲས་པ།རྒྱལ་ཡུམ་དགོངས་དོན་ཀུན་གསལ་ཡངས་པ་ལ། །མ་ནོར་མ་འདྲེས་བློ་གྲོས་འདབ་ཤོག་རྒྱས། །ཡུམ་དོན་ཤིང་རྟ་འདྲེན་པའི་རྒྱ་བོད་ཀྱི། །པཎ་གྲུབ་ཕུལ་བྱུང་པད་དཀར་ཚལ་དུ་དངར། །རྒྱལ་དང་རྒྱལ་སྲས་མ་ལུས་གཤེགས་པའི་ལམ། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་པའི་གཞུང༌། །རྒྱལ་སྲས་ཤེས་རབ་རྒྱལ་མཚན་དགོངས་པ་བཞིན། །མངོན་རྒྱན་སྤྱི་དོན་མཐའ་དཔྱད་དང་བཅས་བཤད། །་གེས་སྒྲོ་བསྐུར་དུག་ཆུས་མ་བསླད་པར། །རྒྱལ་དང་རྒྱལ་སྲས་མན་ངག་བདུད་རྩི་ཡིས། །མདོ་རྒྱན་དགོངས་དོན་གསེར་ལྡན་འཛིན་མའི་གཞིར། །ཟུར་གནས་བློ་ལྡན་ཚོགས་ལ་དཔག་བསམ་ཤིང༌། །མཛེས་མཛེས་སྙན་པའི་ཚིག་གིས་མ་བརྒྱན་པར། །ལྷུག་ལྷུག་གསལ་བའི་ངག་གིས་ཞིབ་པར་བཤད། །དེ་ཕྱིར་བདག་འདྲའི་བློ་གྲོས་དམན་པ་ལ། །ཡུམ་དོན་རྟོགས་ལ་ཕན་པར་འགྱུར་ཡང་སྲིད། །ཕར་ཕྱིན་དགོངས་དོན་ཟབ་ཅིང་བརླིང་པ་ལ། །འགྲེལ་ཚུལ་དུ་མས་ཕན་ཚུན་འཛིངས་བྱས་པས། །མ་རྟོགས་ལོག་རྟོག་འཁྲུལ་པ་ཅི་མཆིས་པ། །མཁས་པ་ཆོས་ཀྱི་སྤྱན་ལྡན་ཡོངས་ལ་འཆགས། །འདི་བཤད་པ་ལས་བྱུང་བའི་རབ་དཀར་དགེ་ཚོགས་ཅི་མཆིས་པ། །མ་ལུས་འགྲོ་རྣམས་བདེན་འཛིན་ཞགས་པས་བཅིངས་པ་ལས་གྲོལ་ཏེ། །མི་བཟད་འཇིགས་པ་དུ་མས་གཙེས་པའི་འཁོར་བའི་བཙོན་ར་ལས། །མྱུར་དུ་ཐར་ནས་སྐུ་གསུམ་ཆོས་སྐུའི་རྒྱལ་སར་འཇུག་པར་ཤོག །བདག་ཀྱང་ཚེ་རབས་ཀུན་ཏུ་ཐེག་མཆོག་གི །་བའི་བཤེས་ཀྱིས་རྗེས་བཟུང་རྒྱལ་སྲས་ལམ། །མཐའ་དག་སྙིང་སྟོབས་མཆོག་གིས་སྒྲུབ་པ་ལ། །སྐད་ཅིག་ཙམ་ཡང་ལྷོད་པར་མ་གྱུར་ཅིག །ཅེས་རྒྱལ་ཚབ་བྱམས་པ་མགོན་པོས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་བ་སྤྱི་དོན་ཚིག་དོན་མཐའ་རགས་ཙམ་དཔྱད་པ་དང་བཅས་པའི་ཕར་ཕྱིན་རིན་ཆེན་ཕྲེང་བ་ལུང་རིགས་གཏེར་མཛོད་སྐལ་བཟང་ཡིད་ཀྱི་མཛེས་རྒྱན་ཞེས་བྱ་བ་འདི་ནི་ཤུག་ནང་དགོན་གྱི་རྡོ་རྗེ་སློབ་དཔོན་དཀོན་གསལ་གྱིས་དངོས་རྫས་དར་བཅས་ཡང་ཡང་མདོ་ལུགས་མའི་འགྲེལ་བ་ཞིག་འབྲི་དགོས་ཞེས་བཀས་བསྐུལ་བ་དང༌། གཙང་བའི་རྡོ་རྗེ་སློབ་དཔོན་གཙང་སྤྲུལ་འཇིགས་མེད་རྡོ་རྗེས་གྲུ་ཚད་དང་ལྡན་པའི་ཆོས་རྗེ་ཀུན་མཁྱེན་གྱི་གསེར་སྐུ་སོགས་དངོས་རྫས་དུ་མ་བཅས་བཀས་བསྐུལ་བ་དང༌། ལྕམ་མདའ་དགོན་པའི་མཁན་དཀོན་འཕྲིན་གྱིས་འཇམ་དཔལ་མཚན་བརྗོད་དང༌། དངོས་རྫས་དུ་མ་བཅས་བསྐུལ་བ་དང༌། གཞན་ཡང་སློབ་ཚོགས་དུ་མས་ཡང་ཡང་བསྐུལ་ངོར་མདོ་ལུགས་མ་དང་ཉ་ཊཱིཀ་གཉིས་གཞིར་བཟུང་ནས་མཚན་ལྡན་བླ་མ་དམ་པའི་བཀའ་དྲིན་ལས་གཞུང་ལུགས་སྨྲ་བ་ལ་སྤོབས་པ་ཅུང་ཟད་ཐོབ་པའི་རྒྱལ་ཁམས་པ་དངོས་གྲུབ་དཔལ་ལམ་དབྱངས་ཅན་ངག་གི་རོལ་མཚོས་ཇོ་ནང་རང་ལུགས་ཀྱི་འཆད་ཉན་ལ་ཕན་ཕྱིར་དང་རང་གི་ཡིད་ལ་གོམས་ཕྱིར་དུ་བྲིས་པའོ། །འདིས་ཀྱང་འགྲོ་རྣམས་འཚེ་མེད་རྒྱལ་བསྟན་ལ་ཞུགས་ནས་སྐུ་བཞིའི་གོ་འཕང་མྱུར་མངོན་སྨོན། མདྒ་ལཾ། བྷ་ཝན་དུ།དགེའོ། །བཀྲ་ཤིས།། །།


no previousགཉིས་པ་རྣམ་མཁྱེན་གྱི་རྒྱུ་ལམ་ཤེས་བཤད་པ།no next