Nitartha Digital Library
Tibetan
གསུང་འབུམ་པོད་དྲུག་པ། མཛོད་ཀྱི་དོགས་དཔྱོད།


  collapse section
ཆོས་མངོན་པ་མཛོད་ཀྱི་དོགས་གཅོད་ལམ་བཟང་གསལ་བའི་སྒྲོན་མེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousཆོས་མངོན་པ་མཛོད་ཀྱི་དོགས་གཅོད་ལམ་བཟང་གསལ་བའི་སྒྲོན་མེ།no next

ཆོས་མངོན་པ་མཛོད་ཀྱི་དོགས་གཅོད་ལམ་བཟང་གསལ་བའི་སྒྲོན་མེ།

ཆོས་མངོན་པ་མཛོད་ཀྱི་དོགས་གཅོད་ལམ་བཟང་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ

རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བསོད་ནམས་གཏེར་ལས་མཚན་དཔེས་སྤྲས་པའི་ལྟ་བས་མི་ངོམས་སྐུ། །གསུང་དབྱངས་དྲུག་ཅུས་འགྲོ་རྣམས་ལམ་བཟང་གསལ་བར་སྟོན་པའི་གསུང༌། །སྒྲིབ་ཀུན་གྲོལ་བའི་བྱམས་བརྩེ་བྱེ་བས་གཏམས་པའི་ཀུན་མཁྱེན་ཐུགས། །མཉམ་མེད་ཤཱཀྱ་སེང་གེའི་ཞབས་པད་གཙུག་ན་བསྟེན་བགྱིའོ། །ཚེ་རབས་དུ་མར་བྱམས་བརྩེས་ཉེར་བསྐྱངས་བའི། །སངས་རྒྱས་ཀུན་ལས་ལྷག་པའི་དྲིན་ཅན་རྗེ། །བླ་མེད་བྱང་ཆུབ་མ་ཐོབ་བར་དུ་བདག །

ཁྱེད་ལ་སྐྱབས་སུ་མཆིའོ་བརྩེ་བས་སྐྱོངས། །

སྔོན་བྱོན་དམ་པས་ཆོས་མངོན་མཛོད་ཀྱི་འགྲེལ། །རྒྱས་བསྡུས་གོ་སླ་རྣམ་མང་བྱས་ཟིན་མོད། །འདིར་ནི་བློ་གསལ་འགའ་ལ་ཕན་པའི་ཕྱིར། །དོགས་གཅོད་རགས་རིམ་ཅུང་ཟད་སྤྲོ་བར་བྱ། །

དེ་ལ་འདིར་སྤངས་རྟོགས་ཡང་དག་པར་རྫོགས་པའི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་གང་གིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ། མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་གདུལ་བྱའི་ཁམས་དབང་མོས་པ་ལྟར་སྡེ་སྣོད་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ། །དེ་ནས་བདེ་བར་གཤེགས་པ་མྱ་ངན་ལས་འདས་ནས་དུས་རིང་པོ་སོང་བ་ན་རང་དང་གཞན་གྱི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཀུན་མཁྱེན་གཉིས་པ་སློབ་དཔོན་དབྱིག་གཉེན་འཛམ་གླིང་འདིར་བྱུང་བ་ཡིན་ལ། དེ་ཡང་འཇམ་དཔལ་རྩ་རྒྱུད་ལས།དེ་འོག་རྣམ་པར་གྲགས་པ་ནི། །ལྷོ་ཡི་ཕྱོགས་སུ་བྲམ་ཟེ་ནི། །ཡི་གེའི་དང་པོ་བ་བསྟན་པ། །སངས་རྒྱས་བསྟན་ལ་དེ་གཙོ་བྱེད། །ཅེས་གསུངས་པ་ལྟར་རོ། །སློབ་དཔོན་དེས་ཆོས་མངོན་པའི་དགོངས་འགྲེལ་ཆེན་མོ་ཆོས་མངོན་པ་མཛོད་མཛད་དོ། །གཞུང་འདིར་གཙོ་བོ་མཛོད་རྩ་འགྲེལ་དང༌། ཕྱོགས་ཀྱི་གླང་པོས་མཛད་པའི་མཛོད་འགྲེལ་གནད་ཀྱི་སྒྲོན་མ་དང༌། མཆིམས་མཛོད་དམ་མཛོད་འགྲེལ་མངོན་པའི་རྒྱན་རྣམས་ཀྱི་ལུང་གི་གསུངས་ཚུལ་ལ་དོགས་གཅོད་རགས་བསྡུས་བྱས་ཏེ་བརྗོད་པར་བྱའོ། །

འགྱུར་ཕྱག་གི་སྐབས་ཀྱི་དོགས་གཅོད།

འགྱུར་ཕྱག་གི་སྐབས་ཀྱི་དོགས་གཅོད་ནི།

མཛོད་འགྲེལ་ཟླ་བའི་འོད་ཟེར་ལས། རྒྱལ་སྲས་མི་ཕམ་འཇམ་དབྱངས་ལ་ཕྱག་འཚལ། །ཞེས་དང༌། མདོ་ལུགས་མ་ལས། གཞུང་འདི་ནི་ས་བཅུ་པས་མཛད་པ་ཡིན་པའི་ཕྱིར། དགོས་འབྲེལ་ཡང་ས་བཅུ་པ་རྣམས་ཀྱི་རྗེས་སུ་འབྲང་སྟེ་བསྟན་པར་བྱ་དགོས་སོ། །ཞེས་བྱང་སེམས་ཀྱི་དབང་དུ་བྱས་ནས་གསུངས་པ་ལ། མཛོད་འགྲེལ་ཟླ་བའི་འོད་ཟེར་ལས། ཉོན་མོངས་སོགས་ཉེས་པའི་རྩུབ་རེག་མཐའ་དག་དང་བྲལ་བས་ན་འཇམ༷་པ་དང༌། ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་ཅིག་ཆར་དུ་མཁྱེན་ཅིང་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་སོགས་ལ་དབང་འབྱོར་བས་ན་དཔ༷ལ་དང༌། བགྲེས་རྒུད་སོགས་ཀྱི་སྐྱོན་དང་བྲལ་ཞིང་མཚན་དཔེས་བརྒྱན་པའི་སྐུ་དང༌། ཞེས་དང༌། གཞན་སྟོང་དབུ་མའི་རྒྱན་ལས། གསང་སྔགས་རྒྱུད་ལས་དཀྱིལ་འཁོར་གཙོ་བོར་བསྟན། །མདོ་སྡེ་ཕལ་ཆེར་དུ་ཡང་བསྟན་པ་དང༌། །སངས་རྒྱས་ཀུན་གྱི་ཉེ་བའི་སྲས་གྱུར་དང༌། །ཚུལ་སྟོན་ལ་ཡང་ས་བཅུའི་དབང་ཕྱུག་ཡིན། །ཉན་ཐོས་རྣམས་ཀྱང་རྒྱལ་ཚབ་ཡིན་པར་འདོད། །ཅེས་དང༌། དམ་པའི་དོན་དུ་མི་ཕམ་མགོན་པོ་ཡང༌། །བསྐལ་པ་ཚད་མེད་སྔོན་ནས་མངོན་བྱང་ཆུབ། །ཅེས་གསུངས་པའི་ཕྱིར་ཟེར་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་ཡོད་དམ་དཔྱད་དོ། །སློབ་དཔོན་དབྱིག་གཉེན་ལུང་སྟོན་བྱེད་ཀྱི་ལུང་སྔར་བཀོད་པ་མཆིམས་མཛོད་སོགས་ལྟར་ཡིན་ལ། དེ་དང་ཚིག་ཅུང་མི་འདྲ་བ་གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྦྱོར་ལས། གཞན་ཡང་དབྱིག་གཉེན་སོགས་ཀྱི་སྐབས་སུ། ཡང་དེ་ཉིད་ལས། གཞན་གྱི་གྲུབ་མཐའ་སུན་འབྱིན་པ། །ཚོང་བ་སྔོན་དང་སྨན་པ་སྔོན། །གཉིས་ཀ་སྦྱིན་བྱེད་སྣ་ཚོགས་བྱེད། །ཡི་གེ་པ་ཞེས་སྡོམ་བརྩོན་གྲགས། །ཞེས་པས་སློབ་དཔོན་དབྱིག་གཉེན་དང༌། །ཞེས་གསུངས་སོ། །ཡང་འགྱུར་ཕྱག་གི་སྐབས་སུ་ཟླ་བའི་འོད་ཟེར་ལས། འདི་ནི་སྔོན་གྱི་ལོ་པཎ་རྣམས་ཀྱིས་བཀས་བཅད་དང་མཐུན་པར་སྡེ་སྣོད་ངོས་འཛིན་གྱི་ཕྱག་ཏུ་གྲགས་པ་ལྟར་རོ། །ཞེས་གསུངས་པ་ལ་ཁོ་ན་རེ། དེ་མི་རིགས་ཏེ། ཉ་ཊཱིཀ་ལས། འདི་དག་སྡེ་སྣོད་ངོས་འཛིན་དུ་འཆད་པ་ནི་ནོར་ཏེ་ངག་ལས་ཤེས་སོ། །ཞེས་དང༌། རྒྱན་གྱི་ས་འགྲེལ་ལས།འདི་ལ་ཁ་ཅིག་ཐམས་ཅད་མཁྱེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། འཇམ་དཔལ་གཞོན་ནུར་གྱུར་པ་རྣམས་ལ་ཕྱག་འཚལ་བས་རིམ་པ་ལྟར་འདུལ་བ་དང་མདོ་སྡེ་དང་མངོན་པའི་སྡེ་སྣོད་རྣམས་སུ་མཚོན་ནོ་ཞེས་ཀྱང་གསུངས་མོད། སྔོན་དེ་ལྟར་བཀས་བཅད་པ་སྲིད་ཀྱང་ད་ལྟ་དེའི་ངེས་པ་མེད་དེ། སྒྱུར་བ་པོ་གང་ལ་དད་པའི་ལྷ་དང་རྒྱུད་དང་སྒྲུབ་ཐབས་ཕལ་ཆེར་བརྗོད་བྱ་དང་མཐུན་པར་ཕྱག་འཚལ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་མི་འཐད་པར་ཐལ། མཛོད་ཀྱི་འགྱུར་ཕྱག་འདི་ལྟ་བུ་སྡེ་སྣོད་ངོས་འཛིན་གྱི་འགྱུར་ཕྱག་ཏུ་མ་བཞག་ན་གཞན་འཇོག་རྒྱུ་མི་རྙེད་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ།། །།

མཆོད་བརྗོད་ཀྱི་སྐབས་ཀྱི་དོགས་གཅོད།

མཆོད་བརྗོད་ཀྱི་སྐབས་ཀྱི་དོགས་གཅོད་ནི།

མཛོད་ལས། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་པ། །ཞེས་སོགས་ཀྱི་མཆོད་པར་བརྗོད་ཡུལ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁྱབ་པར་ཐལ། རང་འགྲེལ་༤༣ལས། གང་ཞིག་ཅེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ནས། ཞེས་དང༌། ཕྱོགས་གླང་གི་མཛོད་འགྲེལ་གནད་ཀྱི་སྒྲོན་མ་ལས། གང་ཞིག་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ནས་སྨྲས་པའོ། །འདིའི་འམ་འདིས་མུན་པ་བཅོམ་པས་མུན་པ་བཅོམ་པའོ། །ཐམས་ཅད་ལ་མུན་པ་རྣམ་པ་ཐམས་ཅད་དུ་བཅོམ་པས་ཀུན་ལ་མུན་པ་གཏན་བཅོམ་པའོ། །མི་ཤེས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་གེགས་སུ་གྱུར་པའི་ཕྱིར་མུན་པ་སྟེ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཉེན་པོ་བརྙེས་ནས་ཤེས་བྱ་ཐམས་ཅད་ལ་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་གཏན་ནས་ཡེ་བཅོམ་པ་སྟེ། དེའི་ཕྱིར་ཀུན་ལ་མུན་པ་གཏན་བཅོམ་པའོ། །རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱང་ཉོན་མོངས་པ་ཅན་གྱི་རྨོངས་པ་དང་བྲལ་བའི་ཕྱིར་ཀུན་ལ་མུན་པ་བཅོམ་པར་ནི་འདོད་མོད་ཀྱི་གཏན་ནས་ནི་མ་ཡིན་ཏེ།འདི་ལྟར་དེ་དག་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་དོ། །ཞེས་དང༌།རྒྱལ་སྲས་མ་ལས། དེ་ནི་སྤངས་ཀྱང་དེ་དག་ལ་མིག་ལ་སོགས་པ་བཞིན་དུ་ཀུན་ཏུ་འབྱུང་གི་སངས་རྒྱས་བཅོམ་ལྡན་འདས་ལ་ནི་སྤངས་ཟིན་ཕན་ཆད་ཀུན་ཏུ་མི་འབྱུང་སྟེ། ཞེས་དང༌། མདོ་ལས། ང་ནི་ཆོས་གཅིག་ཡོངས་སུ་མ་ཤེས་ཤིང་མ་སྤངས་པར་སྡུག་བསྔལ་གྱི་མཐར་བྱེད་པར་མི་སྨྲའོ། །ཞེས་དང༌། མཛོད་འགྲེལ་མངོན་པའི་རྒྱན་ལས། གང༷་ཞིག༷་ཅེས་པ་སྤྱི་སྒྲ་ཡིན་ཡང་འདིར་ཁྱད་པར་གྱི་སྒྲ་དང་སྦྱར་བས་སངས་རྒྱས་བཅོམ་ལྡན་འདས་སུ་ཤེས་ཏེ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཉན་རང་དགྲ་བཅོམ་པ་དབང་རྣོན་གྱིས་ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པའི་སྒྲིབ་པ་གཉིས་ཀ་སྤངས་པ་གང་ཞིགདེ་འདྲའི་དབང་རྣོན་ལ་སླར་ལྡོག་པ་མེད་པའི་ཕྱིར། རྟགས་ཕྱི་མ་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ཡིན་པས་གྲུབ་ལ། རྟགས་དང་པོ་གྲུབ་སྟེ། མཆིམས་མཛོད་༧ལས། དེ་དག་གིས་ཉོན་སྒྲིབ་ནི་ངོ་བོའང་སྤངས་ལ། ཤེས་སྒྲིབ་ནི་འདུན་པའི་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་སྤངས་ཏེ། མདོ་ལས། དགེ་སློང་དག་ཁྱེད་ཀྱིས་མིག་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་དེ་སྤོངས་ཤིག་དང༌། དེ་ལྟ་ན་ཁྱེད་ཀྱིས་མིག་དེ་སྤངས་པར་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །དེས་ན་སྒྲིབ་པ་དེ་དག་སྤངས་པ་ཙམ་ཡིན་མོད་ཀྱི་འོན་ཀྱང་གཏན་ནས་སྤངས་པ་མ་ཡིན་ཏེ། དེ་ནི་ཡེ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་ལ་བརྗོད་ལ་ཉན་ཐོས་ལ་སོགས་པ་ལ་ནི། དེ་དག་ཀུན་ཏུ་འབྱུང་བའི་ཕྱིར་རོ་ཞེས་བྱ་བའོ། །དེས་ན་ཤེས་བྱ་ཐམས་ཅད་སྒྲིབ་པ་ཐམས་ཅད་གཏན་ནས་བཅོམ་པས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ལ། ཞེས་དང༌། རྒྱལ་སྲས་མ་ལས། དེ་ནི་དེ་ལྟར་ཡིན་པ་བདེན་ཏེ་དེ་དག་གིས་ཉོན་མོངས་ཅན་བཞིན་དུ་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་ཡང་སྤངས་པ་ཁོ་ན་ཡིན་ན།དེ་ནི་སྤངས་ཀྱང་དེ་དག་ལ་མིག་ལ་སོགས་པ་བཞིན་དུ་ཀུན་ཏུ་འབྱུང་གི་སངས་རྒྱས་བཅོམ་ལྡན་འདས་ལ་ནི་སྤངས་ཟིན་ཕན་ཆད་ཀུན་ཏུ་མི་འབྱུང་སྟེ། ཞེས་དང༌། གང་སྤེལ་ལས།སྤངས་པའི་བྱེ་བྲག་གི་རྣམ་པ་ལྔའོ། །ཞེས་དང༌། གནས་ལྔ་བའི་མཇུག་ཏུ། དམིགས་པ་ཡོངས་སུ་ཤེས་པ་དང༌། །དེ་ལ་དམིགས་པ་ཡང་དག་པར། །ཟད་དང་དམིགས་པ་སྤངས་པས་སོ། །ཞེས་དང༌། རང་འགྲེལ་༤༩༧ལས། ཇི་ཙམ་གྱིས་ན་ཉོན་མོངས་པ་སྤངས་པ་བརྗོད་ཅེ་ན། རང་གི་རྒྱུད་ལ་ཡོད་པ་ནི་ཐོབ་པ་ཆད་པས་སོ། །གཞན་གྱི་རྒྱུད་ལ་ཡོད་པ་ནི། ཉོན་མོངས་པ་དང༌། གཟུགས་མེད་པ་ཐམས་ཅད་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་ཆོས་ནི་དེ་དག་ལ་དམིགས་པའི་ཉོན་མོངས་པ་རང་གི་རྒྱུད་ལ་ཡོད་པ་སྤངས་པའོ། །ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་སྤངས་པ་ཕུན་ཚོགས་ལ་སྒྲིབ་པ་མཐའ་དག་ཟད་པ་དགོས་པར་ཐལ། མཆིམས་མཛོད་༦༩༡ལས། ཉོན་མོངས་ཀུན། གཏན་ཏུ་སྤངས་དང་བག་ཆགས་བཅས། །ཏིང་འཛིན་སྙོམས་འཇུག་སྒྲིབ་ཀུན་སྤངས། །རྣམ་བཞི་སྤངས་པ་ཕུན་ཚོགས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དེ་མི་རིགས་པར་ཐལ། རྩ་བར།བྲལ་བའོ་སོ་སོ་སོ་སོ་ཡིན། །ཞེས་སོགས་ཀྱིས་དཔྱད། དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ཡིན་ན་ཡོན་ཏན་གང་ལས་མི་ཉམས་པས་ཁྱབ་པ་མེད་པར་ཐལ། གནས་དྲུག་པ་ལས།ཐོབ་དང་མ་ཐོབ་ཉེར་སྤྱད་ལས། །ཡོངས་ཉམས་རྣམ་པ་གསུམ་ཞེས་བྱ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །གསུང་རབ་ལས་སངས་རྒྱས་དང་བཅོམ་ལྡན་འདས་ཞེས་བཤད་པ་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་དེ། རྒྱལ་སྲས་མ་ལས། འདུལ་བ་རྣམ་པར་བཤད་པ་བྱེད་པ་རྣམས་ནི་མུ་བཞིར་བྱེད་དེ། སངས་རྒྱས་ཡིན་ལ་བཅོམ་ལྡན་འདས་མ་ཡིན་པ་ཡོད་དེ། རང་སངས་རྒྱས་ནི་རང་བྱུང་ཡིན་པས། ཞེས་པ་ནས། བཅོམ་ལྡན་འདས་ཞེས་བྱའོ། །ཞེས་དང༌། བཅོམ་ལྡན་འདས་ཡིན་ལ་སངས་རྒྱས་མ་ཡིན་པ་ཡོད་དེ། སྲིད་པ་མཐའ་མའི་བྱང་ཆུབ་སེམས་དཔའ་ནི་ཡེ་ཤེས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་དང༌། མངོན་པར་རྫོགས་པར་སངས་མ་རྒྱས་པའི་ཕྱིར་རོ། །ཞེས་དང༌།གཉིས་ཀ་ཡིན་པ་ཡང་ཡོད་དཻ། ཞེས་པ་ནས། ཁྱད་པར་གཉིས་ཀ་སྨོས་སོ། །ཞེས་དང༌། གང་སྤེལ་ལས། གཉིས་ཀ་བརྗོད་པ་ནི་སངས་རྒྱས་ཀྱི་སྒྲ་ཉེ་བའི་ཚིག་དང་བྲལ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་གསུམ་ཆར་ལ་འཇུག་སྟེ། ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ཡང་མི་རིགས་པར་ཐལ། སངས་རྒྱས་ཡིན་ན་མི་སློབ་པ་ཡིན་དགོས་པ་གནས་བཞི་བ་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང༌། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་གསུངས་པ་དང༌། བཅོམ་ལྡན་འདས་ཡིན་པ་ལ་བདུད་བཞི་བཅོམ་དགོས་པའི་ཕྱིར་ཟེར་ན་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །རང་འགྲེལ་ལས། འདིའི་འམ་འདིས་མུན་པ་བཅོམ་པས་མུན་པ་བཅོམ་པའོ། །ཞེས་དང༌། རྒྱལ་སྲས་མ་ལས། དྲུག་པའི་འབྲུ་མང་པོ་སྦྱར་ན་ནི་ལམ་གྱིས་བཅོམ་པའོ་ཞེས་ལམ་བྱེད་པ་པོ་ཡིན་པར་ཁོང་ནས་དྲང་ངོ༌། །ཞེས་གསུམ་པ་བྱེད་ཚིག་གི་དབང་དུ་བྱེད་ན་སློབ་ལམ་པ་ཞིག་ཡོད་པར་ཐལ། རྒྱལ་སྲས་མ་ལས།གསུམ་པའི་འབྲུ་མང་པོ་སྦྱར་ན་ནི་ལམ་གྱིས་ཞེས་བྱ་བ་བྱེད་པ་ཡིན་པར་ཁོང་ནས་དྲང་ངོ༌། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་མཛོད་འགྲེལ་མངོན་པའི་རྒྱན་ལས། དཔེར་ན་བྲམ་ཟེ་རྣམས་ཀྱི་ནང་ནས་ཁ་དོག་དཀར་ཤམ་གོས་དཀར་གྱོན་པ་གང་ཡིན་པ་དེ་ཁྲིད་ལ་ཤོག་ཅེས་བརྗོད་ན་བྲམ་ཟེ་ལྷ་སྐྱིད་ཁོ་ན་ལ་གོ་བ་བཞིན་ནོ། །ཞེས་གསུངས་པ་ལ་ཁ་དོག་དཀར་ཤམ་པ་དང་གོས་དཀར་པོ་གྱོན་པའི་བྲམ་ཟེ་ཡིན་ན་བྲམ་ཟེ་ལྷ་སྐྱིད་ཡིན་པས་ཁྱབ་པ་མེད་ན་དེ་ལྟར་བརྗོད་པས་དེ་ཁོ་ན་ལ་གོ་བའི་རྒྱུ་མཚན་མེད་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་མངོན་པའི་རྒྱན་ལས། གཞན་དོན་ཕུན་སུམ་ཚོགས་པ་ནི། འཁོར༷་བ༷འི། ཞེས་པ་ནས། འགྲོ༷་བ༷་རྣམས་དྲང༷ས་པར་མཛ༷ད་པ༷་ནི་དེ་ལས་ཐར་བར་མཛད་པའོ། །ཞེས་གཞན་དོན་ཕུན་ཚོགས་རྒྱུད་ལྡན་གྱི་ལམ་མ་ཞུགས་དང་མཐོང་སྒོམ་པ་ཡོད་པར་ཐལ། འགྲོ་བ་དྲངས་པར་དེ་དག་ལའང་ཡོད་པའི་ཕྱིར་ཏེ། རྒྱལ་སྲས་མ་ལས། འཁོར་བ་ལས་གྲོལ་བ་ནི་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱི་སྒོ་ནས་འདོད་ཆགས་ལ་སོགས་པའི་གཉེན་པོ་སྒོམ་པའི་རིམ་གྱིས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མཆིམས་མཛོད་ལས། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ནི། ཤེས་བྱའི་སྒྲིབ་པ་སྟེ། འགྲེལ་བ་ལས། འདི་ལྟར་དེ་དག་ལ་སངས་རྒྱས་ཀྱི་ཆོས་དང༌། ཡུལ་དང༌། དུས་ཤིན་ཏུ་བསྐལ་བ་དང༌། དོན་རབ་ཏུ་དབྱེ་བ་མཐའ་ཡས་པ་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་དོ། །ཞེས་དང༌། མུན་པ་ནི། ཡང་དག་པའི་དོན་མཐོང་བ་ལ་གེགས་སུ་གྱུར་བའི་ཕྱིར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྟེ་མུན་པ་དང་འདྲ་བའི་ཕྱིར་རོ། །ཞེས་གསུངས་པ་ལ་བྱེ་བྲག་སྨྲ་བས་ཉོན་མོངས་ཅན་མ་ཡིན་པའི་སྒྲིབ་པ་འདོད་ཀྱང་ཤེས་སྒྲིབ་མི་འདོད་ཅེས་མཁས་པ་དུ་མས་གསུངས་ལ། དེར་མ་ཟད་སྟོབས་བཅུའི་ནང་གི་ལས་དང་འབྲས་བུའམ་རྣམ་སྨིན་མཁྱེན་པའི་སྟོབས་སོགས་ཀྱིས་ཆོས་ཐམས་ཅད་མ་རྟོགས་པར་ཐལ། གནས་བདུན་པ་ལས།ལས་འབྲས་ལ་བརྒྱད། ཅེས་སོགས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཡེ་ཤེས་ཕུན་ཚོགས་ཡིན་པའི་ཕྱིར། ཁྱབ་སྟེ། མཆིམས་མཛོད༦༩༡ལས། མ་བསྟན་མཁྱེན་དང་ཐམས་ཅད་མཁྱེན། །རྣམ་ཀུན་མ་འབད་མཁྱེན་པ་བཞི། །ཡེ་ཤེས་ཕུན་ཚོགས། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མི་ཤེས་པའི་རྒྱུ་བཞི་ཉོན་མོངས་ཅན་མ་ཡིན་པའི་སྒྲིབ་པ་ཡིན་པར་ཐལ། མཆིམས་མཆན་༦ལས། ཟག་བཅས་ལའང་གཉིས་ལས་ཉོན་མོངས་ཅན་ནི། མུན་པ་དང་པོ་ཉིད་ཡིན་པས་ཉོན་མོངས་ཅན་མ་ཡིན་པ་དགེ་བ་ཟག་བཅས་དང་མ་སྒྲིབ་ལུང་མ་བསྟན་གྱི་བྱེ་བྲག་འོག་ནས་འབྱུང་བའི་མི་ཤེས་པའི་རྒྱུ་བཞི་བོ་ལྟ་བུ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཛོད་འགྲེལ་ཟླ་ཟེར་ལས། དེས་ན་མི་ཤེས་པ་བཞི་པོ་དེ་ནི་ཉོན་མོངས་ཅན་མ་ཡིན་པའི་མུན་པ་ཡིན་གྱི་མི་ཤེས་པའི་རྒྱུ་བཞི་པོ་ནི་མི་ཤེས་པའི་མུན་པ་ནི་མ་ཡིན་ཏེ། ཡིན་ན་སངས་རྒྱས་ཀྱི་ཟག་མེད་ཀྱི་ཕུང་པོ་ལྔ་ཡང་མི་ཤེས་པའི་མུན་པར་ཐལ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །བྱེ་སྨྲས་བག་ཆགས་ཁས་ལེན་པར་ཐལ། མཆིམས་མཛོད་༦ལས། གཏན་ནས་བཅོམ་པ་ནི་གཉེན་པོ་བརྙེས་པས་ཕྱིས་ཡེ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའོ། །འདིས་ནི་ཉན་ཐོས་ལ་སོགས་པ་ལས་སྤངས་པ་ཁྱད་པར་ཅན་དུ་བསྟན་ཏེ། དེ་དག་ལ་ཉོན་༼མོངས་པ་ཅན་གྱི་མུན་པ་༽སྒྲིབ་པ་སྤངས་པ་ཙམ་ཡོད་ཀྱང་༼བག་ཆགས་དང་བཅས་པ་མ་སྤངས་པས་༽ཉམས་པ་སྲིད་པའི་ཕྱིར་དང༌། ༼ཉོན་མོངས་པ་ཅན་མ་ཡིན་པའི་༽ཤེས་སྒྲིབ་ནི་རྣམ་པ་ཐམས་ཅད་དུ་མ་སྤངས་པའི་ཕྱིར་རོ། །ཞེས་དང༌། གནས་བཞི་བའི་རྩ་བ་ལས། བསྒོམ་པའོ་སེམས་ལ་བསྒོ་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ལས་བག་ཆགས་ཞེས་པ་ནི། གྲུབ་མཐའ་གོང་མའི་འདོད་པའི་བག་ཆགས་དང་མི་འདྲ་སྟེ། མཆིམས་མཛོད་༦༨༩ལས། ཉན་ཐོས་ཀྱི་ནི་ཆགས་སྡང་གི་བག་ཆགས་མ་སྤངས་ལ་སངས་རྒྱས་ཀྱིས་སྤངས་པའི་ཕྱིར་རོ། །དེ་ལ་བག་ཆགས་ནི་རྒྱལ་བོའི་སྲས་དང་གང་སྤེལ་ནི་ཉན་ཐོས་ལ་སྔོན་ཉོན་མོངས་པ་སྤྱད་པའི་མཐུས་ལུས་ངག་གི་གཡོ་བར་འགྱུར་བའི་རྒྱུ་ནུས་པའི་ཁྱད་པར་སེམས་ལ་ཡོད་པ་ལ་འདོད་ཅིང༌། ཞེས་གསུངས་པ་དང༌། དེ་༧༦༠ལས། བྱེ་བྲག་ཏུ་སྨྲ་བས་བག་ཆགས་ཀྱི་རྣམ་བཞག་མི་འདོད་པས་སྔོན་བསམ་གཏན་གོམས་པའི་སྐལ་མཉམ་གྱི་རྒྱུ་ལས་འབྱུང་བ་ལ་འདོད་དོ། །ཞེས་གསུངས་པ་དང༌།བྱེ་སྨྲས་ཐོབ་པ་ཁས་བླངས་བའི་སྒོ་ནས་ལས་ཆུད་ཟོས་སུ་མི་འགྲོ་བའི་ལན་གསུངས་ཡོད་པའི་ཕྱིར་རོ། །ཡང་མཆིམས་མཆན་༦ལས། ཉོན་མོངས་ཅན་མ་ཡིན་པ་དགེ་བ་ཟག་བཅས་དང་མ་སྒྲིབ་ལུང་མ་བསྟན་གྱི་བྱེ་བྲག་འོག་ནས་འབྱུང་བའི་མི་ཤེས་པའི་རྒྱུ་བཞི་བོ་ལྟ་བུ་ཡིན།ཞེས་པའི་ཉོན་མོངས་ཅན་མ་ཡིན་པའི་དགེ་བ་ཟག་བཅས་ཡིན་པར་གྱུར་བའི་མི་ཤེས་པ་བཞི་བོ་རེ་རེ་ཡོད་མེད་དང༌། མི་ཤེས་པ་དེ་རྨོངས་པ་ཡིན་མིན་དང༌། མི་ཤེས་པ་ལ་དགེ་བ་ཡོད་མེད་དཔྱད། མི་ཤེས་པའི་རྒྱུ་བཞི་མ་སྒྲིབ་ལུང་མ་བསྟན་དང་ཉོན་མོངས་ཅན་མ་ཡིན་པའི་སྒྲིབ་པའི་གཞི་མཐུན་ཡིན་མིན་དང༌། མི་ཤེས་པའི་རྒྱུ་བཞི་ཞེས་པ་རྒྱུ་དང་རྒྱུ་མཚན་གང་ལ་སྦྱར་རྒྱུ་ཡིན་དཔྱད་དོ། །རྩ་བར། དོན་བཞིན་སྟོན་པ། ཞེས་པའི་སྐབས་སུ། རང་འགྲེལ་ལས། རྫུ་འཕྲུལ་དང་དམ་པ་སྦྱིན་པའི་མཐུས་ནི་མ་ཡིན་ནོ། །ཞེས་དང༌། ཆེད་དུ་བརྗོད་པའི་ཚོམས་ལས། སྲེད་པའི་ཟུག་ངུ་གཅོད་མཛད་པའི། །ལམ་ནི་ཁྱོད་ལ་ངས་བསྟན་བྱ། །ཁྱོད་ཉིད་ཀྱིས་ནི་བསྒྲུབ་བྱ་སྟེ། །དེ་བཞིན་གཤེགས་པ་སྟོན་མཛད་ཡིན། །ཞེས་དང༌།དེའི་འགྲེལ་བ་ལས། ཐུབ་རྣམས་སྡིག་པ་ཆུ་ཡིས་འཁྲུ་བར་མི་མཛད་ལ། །འགྲོ་བའི་སྡུག་བསྔལ་ཕྱག་གིས་ཀྱང་ནི་སེལ་མི་མཛད། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་བས་མ་ཡིན་ཏེ། །ཆོས་ཉིད་ཞི་བ་བསྟན་པས་གྲོལ་བར་མཛད་པ་ཡིན། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས།བརྩེ་བས་བསྟན་པའི་ཕྱག་བརྐྱངས་ནས། །ཐར་བའི་ས་བོན་བསྐྲུན་པ་ཡི། །སེམས་ཅན་རྣམས་ནི་ངན་འགྲོ་དང༌། །སྲིད་པ་དག་ལས་འདྲེན་པར་མཛད། །ཅེས་གསུངས་པ་ཡིན་ནོ། །འོ་ན་སངས་རྒྱས་ཀྱིས་རྫུ་འཕྲུལ་བསྟན་ནས་སེམས་ཅན་དྲངས་པ་མེད་པར་ཐལ། ལུང་དེ་དག་གི་དོན་གྲུབ་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། རང་གིས་ལམ་མ་སྒོམ་པར་རྫུ་འཕྲུལ་ཙམ་གྱིས་གྲོལ་མི་ནུས་པའི་ཕྱིར་ཏེ། རྒྱལ་སྲས་མ་ལས། སངས་རྒྱས་རྣམས་ཀྱང་རེས་འགའ་གདུལ་བྱ་རྣམས་ལ་རྫུ་འཕྲུལ། ཞེས་པ་ནས། འོན་ཀྱང་དེ་དག་དད་པར་བྱ་བ་ཙམ་དུ་ཟད་ཀྱི། འཁོར་བ་ལས་གྲོལ་བ་ནི་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱི་སྒོ་ནས་འདོད་ཆགས་ལ་སོགས་པའི་གཉེན་པོ་སྒོམ་པའི་རིམ་གྱིས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དོན་བཞིན་སྟོན་པ་དང༌། འཁོར་བའི་འདམ་ལས་འགྲོ་བ་དྲངས་པ་གཉིས་སམ་གཞན་དོན་ཕུན་སུམ་ཚོགས་པ་དང༌། གཞན་དོན་སྒྲུབ་པའི་ཐབས་འཕྲིན་ལས་ཕུན་ཚོགས་གཉིས་ཀྱི་ཁྱད་པར་ལ་དཔྱད་པར་བྱའོ།། །།

རྩོམ་པར་དམ་བཅའི་སྐབས་ཀྱི་དོགས་གཅོད་།

རྩོམ་པར་དམ་བཅའི་སྐབས་ཀྱི་དོགས་གཅོད་ནི།

མཛོད་འགྲེལ་ཟླ་བའི་འོད་ཟེར་ལས། རང་རྩོམ་པ་པོ་སེམས་ཅན་གྱི་བཀའི་དགོངས་འགྲེལ་དུ་གྱུར་པའི་ངག་རྣམ་དག་དེ། བཀའ་དང་བསྟན་བཅོས་གཉིས་སུ་ཕྱེ་བའི་བསྟན་བཅོས་ཀྱི་མཚན་ཉིད། ཅེས་གསུངས་པ་མི་རིགས་པར་ཐལ། བྱེ་བྲག་སྨྲ་བའི་ལུགས་ལ་བསྟན་བཅོས་དང་མིང་ཚིག་སོགས་ལ་ལྡན་མིན་འདུ་བྱེད་ཡོད་པས་ངག་ཡིན་མི་དགོས་པའི་ཕྱིར་ཏེ། ཕྱོགས་གླང་གི་མཛོད་འགྲེལ་གནད་ཀྱི་སྒྲོན་མ་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུང་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས། །གང་དག་གི་ལྟར་ན་སངས་རྒྱས་ཀྱི་གསུང་ཚིག་གི་རང་བཞིན་ཡིན་པ་དེ་དག་གི་ལྟར་ན་དེ་དག་ནི་གཟུགས་ཀྱི་ཕུང་པོས་བསྡུས་སོ། །གང་དག་གི་ལྟར་ན་མིང་གི་རང་བཞིན་ཡིན་པ་དེ་དག་གི་ལྟར་ན་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མཆིམས་མཛོད་༡༡ལས། འཕགས་པ་ལྷས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་པ། །ཞེས་སོགས་གསུངས་པ་ལ། ལུང་དེ་འཕགས་པ་ལྷས་མཛད་པ་མ་ཡིན་པར་ཐལ། གཞུང་ཆེན་དུ་མར་རྣམ་བཤད་རིགས་པའི་ལེའུ་ལྔ་བའི་ལུང་ཡིན་པར་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ།། །།

མཚན་དོན་བཤད་པའི་སྐབས་ཀྱི་དོགས་གཅོད་།

མཚན་དོན་བཤད་པའི་སྐབས་ཀྱི་དོགས་གཅོད་ནི།

མཆིམས་མཛོད་༩ལས། ཆོས་མངོན་པའི་ངོ་བོ་དང་དབྱེ་བ་དང་འཁོར་དང་བཅས་ན་ཕུང་བོ་དུ་ཡིན་པ་དང་ངེས་ཚིག་བཞི་ལས། དང་པོ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་འཁོར་དང་བཅས་པ་ཡིན་ལ། ཞེས་གསུངས་པ་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་འཁོར་དང་བཅས་པ་ཡིན་ན་མངོན་པ་ཡིན་པས་ཁྱབ་པ་ཡོད་མེད་དཔྱད། མཆིམས་མཛོད༩ལས། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས༷་རབ༷་དྲི༷་མ་༼སྟེ་ཟག་པ་༽མེད༷་པ་རྗེ༷ས་སུ་འབྲ༷ང་བའི་འཁོར་ཕུང་པོ་ལྔའམ་བཞི་དང་བཅས༷་པའོ། །དྲི་མ་ཞེས་པ་འདིར་ཟག་པ་ལ་འདོད་དོ། །དེས་ན་ཟག་མེད་ཀྱི་ཤེས་རབ་མཐོང་སྒོམ་མི་སློབ་པའི་ལམ་གསུམ་གྱི་འཁོར་དུ་སྐྱེས་པ་རྗེས་སུ་འབྲང་བ་དང་བཅས་པ་ནི་དོན་དམ་པའི་ཆོས་མངོན་པའོ། །ཞེས་དང༌། མཆིམས་མཆན་༡༠ལས། འདིར་རྣམ་ཤེས་ཤེས་རབ་ཀྱི་རྗེས་འབྲང་གི་འཁོར་དུ་བསྟན་ཀྱང་སྤྱིར་སེམས་དང་སེམས་བྱུང་གི་གཙོ་འཁོར་འཆོལ་བར་མི་འགྱུར་ཏེ། ཆོས་རབ་ཏུ་རྣམ་འབྱེད་ལ་ལྟོས་པའི་ཕྱིར་དཔེར་ན་མིའི་གཙོ་བོ་རྒྱལ་བོ་ཡིན་ཡང་ཡི་གེ་འབྲི་བའི་ཚེ་ཡིག་མཁན་གཙོ་བོ་བཞིན་ནོ། །ཞེས་གསུངས་པ་ལ་དོན་དམ་པའི་ཆོས་མངོན་པར་གྱུར་བའི་ཚོར་བ་འཁོར་ཕུང་པོ་ལྔའམ་བཞི་དང་བཅས་པ་ཡིན་མིན་དང༌། དོན་དམ་པའི་ཆོས་མངོན་པའི་གཙོ་སེམས་དང་ཤེས་རབ་གཉིས་གང་གཙོ་བོ་ཡིན་མིན་དཔྱད། བདག་ཅག་གི་སྟོན་པ་དོན་དམ་པའི་ཆོས་མངོན་པ་ཡིན་ནམ་ཅི། ཡིན་ན་དེའི་དོན་ཚང་བ་ཡིན་མིན་དང༌། དེ་དོན་དམ་པའི་ཆོས་མངོན་པ་མ་ཡིན་ན་ཟག་བཅས་ཡིན་པར་འགྱུར་ལ་དེ་ལྟ་ན་སྤང་བྱར་འགྱུར་བས་དཔྱད།ཡང་དོན་དམ་པའི་ཆོས་མངོན་པ་ལ་ཕུང་པོ་ལྔ་དང་བཅས་པས་མ་ཁྱབ་པར་ཐལ། ཕུང་པོ་ལྔའམ་བཞི་ཞེས་གདམ་ག་སྦྱར་བ་དང༌། མཆིམས་མཛོད་༡༢ལས། གཟུགས་མེད་སྒོམ་བྱུང་ནི་ཕུང་པོ་བཞི་བ་ཡིན་ཏེ། རྗེས་སུ་འབྲང་བའི་གཟུགས་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྩ་བར། གཟུགས་མེད་ཁམས་ན་གཟུགས་མེད་དོ། །ཞེས་པ་ལྟར་གཟུགས་མེད་འཕགས་རྒྱུད་ཀྱི་ལམ་བདེན་ལ་གཟུགས་ཕུང་དང་མ་བཅས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བའི་གནས་བཞི་བར། ཟག་མེད་འཕགས་པའི་སེམས་ཅན་རྣམས། །ཞེས་དང༌། ཟག་མེད་གང་དུ་སྐྱེས་པའི་ཡིན། །ཞེས་གསུངས་པའི་ཕྱིར་ཟེར་ན། ལྡན་ཡང་ཡོད་མི་དགོས་ཟེར་ན། གཟུགས་མེད་དགྲ་བཅོམ་པ་ལ་ལྡན་པའི་ཟག་མེད་ཀྱི་སྡོམ་པ་གང་ཡིན། སྔར་ཞུགས་ལམ་གྱི་རྒྱུད་ཀྱི་དེ་རྩ་བར། ཞུགས་ལ་སྔོན་ལམ་བཏང་བ་དང༌། །ཞེས་པ་ལྟར་བཏང་ཟིན་དེ་ལས་གཞན་འཇོག་དཀའ་བའི་ཕྱིར་ཟེར་ན་དཔྱད།ཡང་མཛོད་འགྲེལ་གནད་ཀྱི་སྒྲོན་མ་ལས། བརྡར་བཏགས་པ་ཡང༌། དེ་ཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང༌། །གང་དང་ནི་ཐོས་པ་དང་བསམ་པ་དང་སྒོམ་པ་ལས་བྱུང་བའི་ཤེས་རབ་ཟག་པ་དང་བཅས་པ་དང༌། །སྐྱེས་ནས་ཐོབ་པ་རྗེས་སུ་འབྲང་བ་དང་བཅས་པའོ། །ཞེས་དང༌། མཆིམས་མཛོད་༡༢ལས། དོན་དམ་པའི་ཆོས་མངོན་པ་དེ༷་ཐོབ༷་པར་བྱ༷་བའི་ཕྱིར༷་ཞུགས་པའི་རྒྱུ་སྐྱེས་ཐོབ་དང་བསམ་པ་དང་སྒོམ་པ་ལས་བྱུང་བའི་ཤེས་རབ་ཟག་བཅས་རྗེས་འབྲང་དང་བཅས་པ་གང༷་དང༷༌། དེ་དག་རྗོད་པར་བྱེད་པའི་བསྟན༷་བཅོས༷་གང༷་ཡིན་པ་ནི་བརྡར་བཏགས་པའི་ཆོས་མངོན་པའོ། །ཞེས་དང༌། དང་པོ་ནི། དོན་དམ་པ་དང༌། ཕྱི་མ་དག་ནི་འབྲས་བུའི་མིང་གིས་རྒྱུ་ལ་བཏགས་པ་དང༌། བརྗོད་བྱའི་མིང་གིས་རྗོད་བྱེད་ལ་བཏགས་པ་ཡིན་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེའི་སྒྲ་ཡིན། །ཞེས་བཤད་པ་ལྟར་རོ། །ཞེས་དང༌། མདོ་ལུགས་མ་ལས། སེམས་ཅན་དང༌། སངས་རྒྱས་དང་སློབ་པའི་གནས་སྐབས་ཐམས་ཅད་ལ་ནམ་མཁའ་ལྟར་ཁྱབ་པའི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་གཉིས་མེད་ཡེ་ཤེས་དོན་དམ་པའི་དེ་བཞིན་གཤེགས་པ་ཉིད། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། ཤེར་ཕྱིན་དངོས་ཡིན་ཞིང༌། གཞུང་གི་ཚོགས་དང་ལམ་ནི་ཤེར་ཕྱིན་བཏགས་པ་བ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེའི་སྒྲ་ཡིན། །ཞེས་གསུངས་པ་དེ་ཁོ་ན་ལྟར་ཡིན་ནོ། །དེ་བཞིན་གཤེགས་པ་ཞེས་པས་འབྲས་བུ་ཁོ་ན་ལ་གོ་བར་ཡང་མི་བྱ་སྟེ། ཆོས་ཀྱི་དབྱིངས་ཉིད་དེ་བཞིན་གཤེགས་པ་ཡིན་པའི་ཕྱིར་རོ། །ཞེས་དང༌། ཉ་ཊཱིཀ་ལས། ཡུམ་གསུམ་གནོད་འཇོམས་སུ། ཞེས་པ་ནས། སངས་རྒྱས་སའི་རྡོར་ཏིང་ཤེར་ཕྱིན་དངོས་དང་དེ་ལས་གཞན་གཞུང་ལམ་འབྲས་བུ་ཀུན་བཏགས་པ་བར་བཞེད་དོ། །ཞེས་དང༌། ཤེར་སྙིང་ཚིག་འགྲེལ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་དོན་མང་པོ་ལ་འཇུག་ཀྱང་དངོས་དང་གཙོ་བོ་ནི། ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་གཉིས་མེད་ཀྱི་ཡེ་ཤེས་བདེ་གཤེགས་སྙིང་པོ་དེ་ཡིན་ལ། ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། དེ་ལྟ་བུའི་ཤེར་ཕྱིན་མཚན་ཉིད་པ་དེ་ནི་གཞི་ཤེར་ཕྱིན་དང་འབྲས་བུ་ཤེར་ཕྱིན་དང་མཐར་ཐུག་པ་སྟེ། ངོ་བོ་དབྱེར་མེད་པའི་དེ་བཞིན་ཉིད་དོ། །དེ་ལ་དོན་དུ་བྱེད་པའི་ལམ་དང་དེ་དག་སྟོན་པའི་གཞུང་ལ་ནི་བཏགས་པ་ཙམ་སྟེ། ཞེས་དང༌། དེ་ལས། དེ་བཞིན་ཉིད་ཀྱི་རྣམ་གྲངས་སུ་གཏོགས་པ་ཇི་སྙེད་གསུངས་པ་ཐམས་ཅད་ལ་ཡང་གཞུང་དང་ལམ་གང་ཡིན་པ་བཏགས་པ་བ་དང་གཞི་དང་འབྲས་བུ་ངོ་བོ་དབྱེར་མེད་གང་ཡིན་པ་ཐམས་ཅད་མཚན་ཉིད་པ་ཉིད་དུ་དོན་ལ་གནས་ཏེ། ཞེས་གསུངས་སོ། །དེ་དང་གསུངས་ཟིན་མི་འདྲ་བར་ཉ་ཊཱིཀ་ལས་གསུངས་ཏེ། དེ་ལས། དེས་ན་ཆོས་ཉིད་ཤེར་ཕྱིན་གྱི་གཙོ་བོ་དང་གཞུང་ལམ་འབྲས་བུ་གསུམ་ཕལ་བའོ། །དེ་ལས་ཀྱང་སངས་རྒྱས་སའི་མི་རྟོག་ཡེ་ཤེས་གཙོ་བོ་དང་གཞན་ཕལ་བ་ཡིན་པས་རང་བཞིན་མེད་རྟོགས་ཀྱི་ཐེག་ཆེན་གྱི་སློབ་ལམ་མཉམ་བཞག་ཀུན་ཤེར་ཕྱིན་ཕལ་བ་ཡིན་ཅིང་ཤེར་ཕྱིན་ཕལ་བ་ལ་ཡང་ཤེར་ཕྱིན་གྱི་མཚན་ཉིད་ཚང་བས་སློབ་ལམ་ན་ཤེར་ཕྱིན་ཡོད་དོ། །ཕྱོགས་གླང་ཡང་གཙོ་ཕལ་དུ་དགོངས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་ནི་གཉིས་ཏེ། གཙོ་བོ་དང་ཕལ་བའོ་ཞེས་དཀོན་མཆོག་འབངས་ཀྱིས་བཤད་ལ་མི་ཕལ་བས་ཀྱང་མིའི་གོ་ཆོད་པ་བཞིན་ནོ། །ཞེས་གསུངས་སོ། །མཆིམས་མཛོད་༡༡ལས། ཤེས་རབ་གསུམ་ནི་སྦྱོར་བྱུང་ཡིན་པའི་ཕྱིར་དང༌། དབང་ཤེས་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ། །ཞེས་པ་ལྟར་ཤེས་རབ་གསུམ་ལ་སྦྱོར་བྱུང་གིས་ཁྱབ་ན་སྐྱེ་བ་སྔ་མ་ལ་གསུང་རབ་ཀྱི་དོན་ལ་གོམས་པ་བྱས་ནས་སྐྱེས་མ་ཐག་ཏུ་ཐོབ་པའི་ཤེས་རབ་ཡོད་མེད་དང༌། སྐྱེས་ཐོབ་ཀྱི་ཤེས་རབ་ཀྱིས་མིང་དོན་ལ་དམིགས་པ་ཡོད་ན་དེ་ཐོས་བསམ་སྒོམ་པའི་ཤེས་རབ་ཅི་རིགས་སུ་འགྱུར་ཏེ། གནས་དྲུག་པའི་རྩ་བ་ལས། ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ཀ་དོན་ཡུལ་ཅན། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་མཆིམས་མཛོད་༡༣ལས། ཅིའི་ཕྱིར་མཛོད་ཅེས་བྱ་ཞེ་ན། བསྟན་བཅོས་འདི༷ར་མངོན་པ་སྡེ་བདུན་དང་བྱེ་བྲག་ཏུ་བཤད་པའི་དོན་དེ༷་དག་དོན༷་དུ༷་ཡང༷་དག༷་པར་ཏེ་གཅེས་གཅེས་རྣམས་ཆུད༷་པའི་ཕྱིར༷་མངོན་པའི་མཛོད་དེ་རལ་གྲི་གང་དུ་གཞུག་པ་དེ་ནི་རལ་གྲིའི་ཤུབས་ཡིན་པ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་བསྟན་བཅོས་འདི༷འི༷་འབྱུང་བའི་གནས༷་མངོན་པ་སྡེ་བདུན་དང་བྱེ་བྲག་ཏུ་བཤད་པ་ཆེན་པོ་དེ༷་ཡིན༷་པས༷་ན་ཆོས༷་མངོན༷་པའི་མཛོད༷་ཅེས་བྱ་སྟེ། མངོན་པའི་མཛོད་ནས་བྱུང་བའི་ནོར་ཡིན་པའི་ཕྱིར་དཔེར་ན་རལ་གྲི་གང་ནས་འབྱིན་པ་དེ་ནི་དེའི་ཤུབས་ཡིན་པའམ་མཛོད་ནས་ཕྱུང་བའི་ནོར་ལའང་འདི་བདག་གི་མཛོད་ཡིན་ནོ་ཞེས་བརྗོད་པ་བཞིན་ནོ། །ཞེས་པས་སྐབས་ནས་བསྟན་པའི་དཔེ་དོན་སྦྱར་ཚུལ་དང་མངོན་པ་སྡེ་བདུན་སྐབས་འདིའི་མཛོད་ཡིན་མིན་དཔྱད་པར་བྱའོ།། །།

དགོས་སོགས་ཆོས་བཞིའི་སྐབས་ཀྱི་དོགས་གཅོད།

དགོས་སོགས་ཆོས་བཞིའི་སྐབས་ཀྱི་དོགས་གཅོད་ནི།

བསྟན་བཅོས་ཀྱི་དགོས་སོགས་གསུངས་པའི་དགོས་པ་ནི། ཉ་ཊཱིཀ་ལས། དགོས་འབྲེལ་ངག་ལས་བསྟན་བཅོས་ཀྱི་ལུས་ལ་དགོས་སོགས་ཆོས་བཞི་ཡོད་པར་ངེས་པའམ་བསྟན་བཅོས་དགོས་པ་གཉིས་ཀྱི་རྒྱུར་ངེས་པ་སྟེ་དེ་ཡང་དབང་རྟུལ་གྱི་དབང་དུ་བྱས་ན་འཐད་དོ། །དེ་ལྟར་ན་བསྟན་བཅོས་རྩོམ་པའི་སྐབས་སམ་བྱ་བ་འགོག་པ་བཟློག་པ། གཞུང་བཀོད་པ་མཛེས་པ། དབང་རྣོན་ལ་དེ་འདྲའི་དོན་འགྱུར་བསྐྱེད་པ། དབང་རྟུལ་ལ་དེ་འདྲའི་ངེས་པ་སྐྱེས་པ། བསྟན་བཅོས་ལ་དགོས་མེད་ཀྱི་ལོག་རྟོག་བཟློག་པ། འབྲེལ་མེད་སོགས་ཀྱི་ལོག་རྟོག་བཟློག་པ། དུལ་ལྷས་སུམ་ཅུ་པའི་འགྲེལ་བཤད་དུ་བཤད་པ་ལྟར་ཉན་པ་པོ་སྤྲོ་བ་བསྐྱེད་པ་ཐམས་ཅད་དེའི་དགོས་པའམ་བྱ་བའི་འབྲས་བུ་ཡིན་ལ། དེ་ལས་རྟོགས་ལྡན་བསྟན་བཅོས་ལ་ཐོས་སོགས་ཀྱིས་འཇུག་པ་ཉིང་དགོས་སམ་བྱ་བའི་འབྲས་བུའི་འབྲས་བུ་ཡིན་ནོ། །ཞེས་དང༌། ས་བཟང་ཀུན་བཏུས་འགྲེལ་བ་ལས། དབང་པོ་རྟུལ་པོས་ཡིད་ཆེས་པའི་ཚུལ་གྱིས་རྟོགས་ལ་རྣོན་པོས་དོན་འགྱུར་གྱི་ཐེ་ཚོམ་ཚུལ་གྱིས་རྟོགས་པ་ལ་སོགས་པའི་དོན་དུའོ། །ཞེས་པ་ནས།དེ་ལ་ཚིག་ཙམ་གྱི་ལོག་རྟོག་ཟློག་པར་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། འདི་ལས་ཚུལ་གསུམ་པའི་རིགས་པ་བརྒྱུད་ནས་སྐྱེ་སྲིད་པའི་ཕྱིར་དང༌། དེ་དག་གི་ལོག་རྟོག་ནི་བརྗོད་བྱ་བདེན་ལྡན་དུ་སྟོན་པའི་ངག་གིས་ཀྱང་ཟློག་པར་ནུས་པའི་ཕྱིར། ཞེས་དང༌། མཛོད་འགྲེལ་མངོན་པའི་རྒྱན་ལས། སྒྲ་མི་རྟག་ཅེས་བརྗོད་པས་རྟག་འཛིན་གྱི་ལོག་རྟོག་སེལ་བར་ནི་འདོད་མོད་ཀྱི། འོན་ཀྱང་བྱས་པ་ལ་སོགས་པའི་རྟགས་དང་དཔེ་ལ་སོགས་པ་ནི་ཐེ་ཚོམ་དང་མ་རྟོགས་པ་བསལ་ནས་ཡང་དག་པའི་ཚད་མའི་རྟོགས་པ་བསྐྱེད་པའི་ཕྱིར་ཡིན་པས་འགལ་བ་མེད་དོ། །ཞེས་དང༌། འདུལ་བ་མཚོ་ཊཱིཀ་ལས། ངག་གི་ཐོས་བྱུང་ཤེས་རབ་ཀྱི་བློ་ཡུལ་དུ་ལོག་རྟོག་བསལ་ནུས་པས། ཞེས་པ་ནས། ཚད་མས་བསྡུས་པའི་བློ་ཡུལ་དུ་ལོག་རྟོག་བསལ་མི་ནུས་པས། དགོས་སོགས་ཆོས་བཞི་ཡོད་སྟོན་གྱི་ངག་ཆོས་ཅན། ངག་གི་དོན་ལ་ངེས་ཤེས་བསྐྱེད་མི་ནུས་པར་ཐལ། ངག་དང་དོན་ལ་འབྲེལ་བ་མེད་པའི་ཕྱིར་རོ་ཞེ་ན། ཚད་མས་བསྡུས་པའི་ངེས་ཤེས་བསྐྱེད་མི་ནུས་པར་ཐལ་ཟེར་རམ། ཐོས་བྱུང་གི་ངེས་ཤེས་བསྐྱེད་མི་ནུས་པར་ཐལ་ཟེར་དང་པོ་ལྟར་ན་འདོད་ཅིང་གཉིས་པ་ལྟར་ན་ཁྱབ་པ་མ་གྲུབ་བོ། །ཞེས་དང༌། ཆོས་མཆོག་གི་ཚད་མ་བརྟག་པ་ལས། གང་ཕྱིར་དོན་གཉེར་འཇིག་རྟེན་འདི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་སོགས་སོ། ། དེ་དག་ལ་ཡང་རྣམ་འགྲེལ་ལས། བསྒྲུབ་པར་བྱ་བ་བརྗོད་པ་ཡིས། །བརྒྱུད་པ་ཡིས་ཀྱང་ནུས་པ་མེད། །ཅེས་དང༌། ནང་གི་ཡན་ལག་ནུས་པ་ནི། །ཚུལ་གསུམ་དག་ལ་ཡང་དག་གནས། །དེ་ལ་དྲན་པ་བསྐྱེད་པ་ནི། །དེ་ཉིད་ཚིག་ལ་ཡང་དག་གནས། །ཞེས་སོགས་ཀྱིས་དཔྱད་པར་བྱའོ། །མཛོད་འགྲེལ་ཟླ་ཟེར་ལས། དེ་ཡང་ཆོས་རྣམས་ཞེས་སོགས་ཀྱིས་བསྟན་བཅོས་ཀྱི་ལུས་ལ་ཡོད་པའི་དགོས་འབྲེལ་བསྟན་ཏེ། ཇི་ལྟར་བསྟན་ཅེ་ན། ཟག་བཅས་དང་ཟག་པ་མེད་པའི་ཆོས་རྣམས་ཞེས་པས་བསྟན་བཅོས་འདིའི་བརྗོད་བྱ་བསྟན། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱའི་རྒྱུད་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་བསྐྱེད་པ་ནི་དགོས་པ་ཡིན་ལ། དེ་ནི་རབ་ཏུ་རྣམ་འབྱེད་ཅེས་པས་བསྟན། དེ་ལ་བརྟེན་ནས་མཐར་མྱང་འདས་ཐོབ་པ་ནི་ཉིང་དགོས་ཡིན་ལ། དེ་ནི་མེད་པར་ཉོན་མོངས་རྣམས། །ཞེས་པ་ནས། དེ་བས་ཞེས་པའི་བར་གྱིས་ཤུགས་ལ་བསྟན་ཏོ། །འབྲེལ་བ་ནི་ཉིང་དགོས་དགོས་པ་ལ་རག་ལས།དགོས་པ་བརྗོད་བྱ་ལ་རག་ལས་པ་ནི་དེ་བྱུང་འབྲེལ་ཏེ་དེ་ཡང་ཤུགས་ལ་བསྟན་ཏོ། །ཡང་ན་བརྗོད་བྱ་དང་རྗོད་བྱེད་འབྲེལ་བས་ན་འབྲེལ་བ་ཞེས་ཀྱང་བྱའོ། །ཞེས་གསུངས་པ་ལ་ཉིང་དགོས་ཤུགས་ལ་བསྟན་པ་ཡིན་མིན་དང་དགོས་པ་བརྗོད་བྱ་ལ་རག་ལས་པ་ཡིན་མིན་དང༌། སྐབས་འདིའི་འབྲེལ་བ་དེ་བྱུང་འབྲེལ་ཡིན་ཚུལ་བཅས་ལ་དཔྱད་དགོས་ཏེ། མཆིམས་མཛོད༢༠ལས། དེས་ན་ཆོས་རྣམས་ཞེས་བྱ་བས་བརྗོད་བྱ་དང༌། རབ་ཏུ་རྣམ་འབྱེད་ཅེས་བྱ་བས་དགོས་པ་དང༌། མེད་པར་ཞེས་པ་ནས། དེ་བས་དེ་ཕྱིར་ཞེས་པའི་བར་གྱིས་བཟློག་པས་དགོས་པའི་དགོས་པ་བསྟན་ལ། འབྲེལ་པ་ནི་ཤུགས་ལ་བསྟན་པར་ལྟའོ་ཞེས་བརྗོད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཁྱབ་སྟེ། འབྲེལ་བ་གཅིག་པུ་ཤུགས་ལ་བསྟན་ཞེས་གསུངས་པའི་ཕྱིར་རོ། །རྩ་བར། དེ་བས་དེ་ཕྱིར་སྟོན་པས་གསུངས་སོ་ལོ། །ཞེས་ལོ་ཞེས་པས་མཛོད་རང་གི་བཤད་བྱ་རྩ་བ་མངོན་པ་སྡེ་བདུན་ལ་མ་རངས་པ་སྨོས་པ་ཡིན་མིན་དང༌།རང་གི་བཤད་བྱ་རྩ་བའི་སྡེ་བདུན་ཁས་ལེན་མི་ལེན་དཔྱད། མཆིམས་མཛོད་༡༣ལས། ཅིའི་ཕྱིར་ཆོས་མངོན་པ་ཞེས་བྱ་ཞེ་ན། ཞེས་པ་ནས། མདོ་སྡེ་རྒྱན་ལས། མངོན་དུས་ཕྱིར་དང་ཡང་ཡང་དང༌། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་གསུངས་པ་ལྟར་གྱི་རེ་རེའི་དོན་ཚང་ན་མངོན་པ་ཡིན་པས་ཁྱབ་པ་ཡོད་མེད་དཔྱད་པར་བྱའོ། །མཆིམས་མཛོད་༡༥ལས། ཡི་གེ་དུ་མ་འདུས་པ་ལས་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དང༌། དེ་འདུས་པ་ལས་དོན་གྱི་ཁྱད་པར་སྟོན་པའི་ཚིག་དང༌། དེ་འདུས་པ་ལས་ངག་དང༌། དེ་འདུས་པ་ལས་རབ་ཏུ་བྱེད་པ་དང༌། དེ་འདུས་པ་ལས་བསྟན་བཅོས་འགྲུབ་བོ་ཞེས་བཙུན་པ་སྤྱན་རས་གཟིགས་བརྟུལ་ཞུགས་འཆད་དོ། །ཞེས་པ་ལྟར་ངག་དང་བསྟན་བཅོས་ལ་དེ་ལྟར་དགོས་པ་ཡིན་མིན་དཔྱད་དོ། །མཆིམས་མཛོད་༡༨ལས། ༼དེས་ན་དགོས་པ་དང་བཅས་པར་གྲུབ་པོ། །དེར་མ་ཟད་ཆོས་མངོན་པ་སྡེ་བདུན་པོ་འདི་དག་ནི་དང་པོར་ཡིད་ཆེས་པའི་གནས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །༽དེ་ཡང་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་དགྲ་བཅོམ་ཆེན་པོ་རྣམས་ཀྱིས་ཀྱང་སངས་རྒྱས་ལ་མ་བརྟེན་པར་ཐོག་མར་ཆོས་ཀྱི་མཚན་ཉིད་བསྟན་པ་དང་རབ་ཏུ་དབྱེ་བར་མི་ནུས་པས་ཆོས་མངོན་པ་དེ་ནི་སྟོན་པ་བཅོམ་ལྡན་འདས་ཉིད་ཀྱིས་གདུལ་བྱའི་བསམ་པ་དང་དྲི་བ་ལ་ལྟོས་ནས་ལུང་དེ་དང་དེ་ལས་དང་པོ་སིལ་བུར་གསུངས་པ་རྣམས་བཙུན་པ་ཀ་ཏྱའི་བུ་ལ་སོགས་པ་དགྲ་བཅོམ་པ་རྣམས་ཀྱིས་ཡེ་ཤེས་ལ་འཇུག་པ་ལ་སོགས་པར་ནི་ཕྱིས་བསྡུས་པ་ཡིན་ཏེ།དཔེར་ན་བཙུན་པ་ཆོས་སྐྱོབ་ཀྱིས་ཀྱེ་མ་འདུས་བྱས་རྣམས་མི་རྟག་ཅེས་བྱ་བ་ལ་སོགས་པ་ཆེད་དུ་བརྗོད་པའི་སྡེ་སྟོན་པས་གདུལ་བྱའི་དབང་གིས་མདོ་དེ་དང་དེར་སིལ་བུར་གསུངས་པ་རྣམས་སྡེ་ཚན་དུ་བྱས་ཀྱང་སྟོན་པའི་གསུང་ཡིན་པ་བཞིན་ནོ། །དེའི་ཕྱིར་ཆོས་མངོན་པ་ནི་སངས་རྒྱས་ཀྱིས་གསུངས་པ་ཁོ་ན་ཡིན་ཏེ། དགྲ་བཅོམ་པ་རྣམས་ཀྱིས་བསྡུས་པའི་ཕྱིར་མདོ་སྡེ་དང་འདུལ་བ་བཞིན་ནོ། །རྟགས་མ་གྲུབ་པའང་མ་ཡིན་ཏེ། འཕགས་པ་འོད་སྲུང་གིས་བསྡུས་པའི་ཕྱིར་རོ། །ཞེས་ཟེར་རོ། །ལོ་ཞེས་བྱ་བ་ནི་ཕ་རོལ་གྱི་འདོད་པ་སྟོན་པར་བྱེད་པ་ཡིན་ཏེ། མདོ་སྡེ་པ་རྣམས་ན་རེ་འདི་ནི་བྱེ་བྲག་ཏུ་སྨྲ་བ་ཆོས་མངོན་པ་བ་རྣམས་ཀྱི་གཞུང་ལུགས་ཡིན་གྱི་ཁོ་བོ་ཅག་ནི་མི་འདོད་དེ། འདུས་མ་བྱས་རྫས་སུ་སྨྲ་བ་ལ་སོགས་པ་རིགས་པ་དང་འགལ་བ་དུ་མ་སྣང་བའི་ཕྱིར་རོ། །དེ་ཡང་ཆོས་མངོན་པ་བྱེད་པ་ནི་མང་བོ་ཞིག་གྲགས་ཏེ་དེའི་ཕྱིར་དེ་དག་ཀྱང་དགྲ་བཅོམ་པ་དག་གིས་བྱས་པ་ཡིན་གྱི་བཅོམ་ལྡན་འདས་ཀྱི་གསུང་བསྡུས་པ་ནི་མ་ཡིན་ནོ། །དེ་ཡང་གང་ཞིག་གང་གིས་བྱས་པ་ནི། །ཡེ་ཤེས་ལ་འཇུག་ཀ་ཏྱའི་བུས། །རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཆོས་ཀྱི་ཕུང་བོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོའུ་འགལ་བུས། །འགྲོ་བའི་རྣམ་གྲངས་གསུས་པོ་ཆེས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །ཞེས་བྱ་བ་ནི་སློབ་དཔོན་རྒྱལ་བོའི་སྲས་གྲགས་པའི་བཤེས་གཉེན་གྱི་གཞུང་ལས་བྱུང་བ་སྡོམ་དུ་བསྡུས་པའོ། །སློབ་དཔོན་གང་སྤེལ་ནི་འགྲོ་བའི་རྣམ་གྲངས་ཤཱ་རིའི་བུས་བྱས་པར་འཆད་དོ། །དེས་ན་ཁོ་བོ་ཅག་ནི་མདོ་ཚད་མར་བྱེད་ཀྱི་བསྟན་བཅོས་ནི་མ་ཡིན་ནོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བས་འོ་ན་མདོ་ལས་དགེ་སློང་སྡེ་སྣོད་གསུམ་པ་ཞེས་འབྱུང་བའི་སྡེ་སྣོད་གསུམ་དུ་རྣམ་པར་བཞག་པ་མེད་པར་འགྱུར་ཏེ། ༼སྡེ་བདུན་པོ་༽འདི་ལས་གཞན་པའི་མངོན་པའི་སྡེ་སྣོད་ནི་མི་སྣང་བའི་ཕྱིར་རོ་ཞེས་སྨྲས་པ་དང༌། མདོ་སྡེ་བ་ན་རེ་༼སྡེ་བདུན་བཀའ་ཡིན་མིན་དཔྱོད་ཅིག མངོན་པ་སངས་རྒྱས་ཀྱིས་མ་གསུངས་བར་ངེད་མི་འདོད་པས་དེས་ན་༽མདོ་སྡེའི་ཁྱད་པར་གང་དག་ལས་དོན་དམ་པ་གཏན་ལ་འབེབས་ཤིང་ཆོས་ཀྱི་མཚན་ཉིད་རྗོད་པར་བྱེད་པ་དེ་དག་ཉིད་ལ་ཆོས་མངོན་པའི་སྡེ་སྣོད་དུ་རྣམ་པར་འཇོག་གོ་ཞེས་ཟེར་རོ། །ཞེས་གསུངས་པ་ལས་མདོ་སྡེ་བས་མངོན་པ་སྡེ་བདུན་དགྲ་བཅོམ་པ་དྲུག་གིས་བྱས་པར་འདོད་ན་དགྲ་བཅོམ་པའི་རྒྱུད་ལ་གཞི་གྲུབ་ན་རྫས་གྲུབ་ཡིན་པས་ཁྱབ་པ་ཁས་ལེན་པའི་དམ་བཅའ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དགྲ་བཅོམ་པ་ཡིན་ན་ལོག་རྟོག་སྤངས་ཟིན་པས་ཁྱབ་པའི་ཕྱིར་ཟེར་ན་དཔྱད། ཡང་གོང་དུ་མཆིམས་མཛོད་བཀོད་པ་ལྟར་མདོ་སྡེ་བའི་ལུགས་ལ་དགྲ་བཅོམ་པ་བདུན་གྱིས་བྱས་ཟེར་བ་མི་རིགས་པར་ཐལ།རྒྱ་གར་ཆོས་འབྱུང་༧༥་ལས། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལུགས་ལྟར་ན་མངོན་པ་སྡེ་བདུན་བཀར་འདོད་པས་དགོངས་འགྲེལ་གྱི་བསྟན་བཅོས་ཀྱི་ཐོག་མ་ནི། བྱེ་བྲག་བཤད་པ་ཡིན་པར་འདོད་ལ། མདོ་སྡེ་བ་རྣམས་ལྟར་ན་བྱེ་བྲག་ཏུ་བཤད་པའི་སྔོན་ལ་བྱུང་བའི་མངོན་པ་སྡེ་བདུན་ཡང་ཉན་ཐོས་སོ་སོའི་སྐྱེ་བོ་དག་གིས་བྱས་ནས། སྟོན་པའི་གསུང་ཤཱ་རིའི་བུ་ལ་སོགས་པས་བསྡུས་པར་ཁ་འཕངས་པའི་འདོད་པས་དགོངས་འགྲེལ་གྱི་བསྟན་བཅོས་ཀྱི་ཐོག་མ་སྡེ་བདུན་ཡིན་ནོ། །སློབ་དཔོན་འགའ་ཞིག་ནི། སྡེ་བདུན་ཉིད་དང་པོར་སངས་རྒྱས་ཀྱི་བཀའ་ཡིན་ཡང་བར་དུ་ཉན་ཐོས་སོ་སོ་སྐྱེ་བོ་དག་གིས་བྱས་པའི་ཚིག་བཅུག་པའང་ཡིན་དུ་རུང་སྟེ། སྡེ་པ་ཐ་དད་པའི་མདོ་སྡེ་འགའ་ཞིག་བཞིན་ནོ། །ཞེས་པ་ནས། འདོད་པ་ཕྱི་མ་འདི་འཐད་འཐད་འདྲ་ཡང་སློབ་དཔོན་ཆེན་པོ་དབྱིག་གཉེན་ནི་མདོ་སྡེ་པའི་འདོད་པ་དང་མཐུན་པ་བཞེད་བཞེད་འདྲ་བས་རེ་ཞིག་དེ་ལྟར་ཁས་བླང་ངོ༌། །འགའ་ཞིག་བཀའ་མ་ཡིན་ཏེ། ནོར་བ་དུ་མ་ཡོད་པའི་ཕྱིར་ཤཱ་རིའི་བུ་ལ་སོགས་པས་བྱས་སོ་ཞེས་སྨྲ་བ་ཤིན་ཏུ་བླུན་པོའི་གཏམ་སྟེ། ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ།། །།

རྩ་བར།

རྩ་བར།

ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་སོགས་ཀྱི་དོགས་གཅོད་ནི།མཆིམས་མཛོད་༢༡ལས། དེ་དག་ལ་ཟག་པ་རྣམས་དམིགས་པ་དང་མཚུངས་ལྡན་གྱིས་དུས་ཀུན་ཏུ་རྒྱས་པར་འགྱུར་བའི་ཕྱིར། ཞེས་དང༌། མཛོད་འགྲེལ་ཟླ་ཟེར་ལས། ཟག་བཅས་ནི་གང༌། ཟག་མེད་ནི་གང་ཞེ་ན། ལམ༷་བདེན་མ༷་གཏོག༷ས་པའི༷་འདུས༷་བྱས༷་སྡུག་ཀུན་གྱིས་བསྡུས་པ་རྣམས༷་ནི་ཟག༷་པ་དང་བཅས༷་པ་ཡིན་ཏེ། གང༷་གི་ཕྱིར༷་ཞེ་ན། དེ༷་དག༷་ལ༷་ཟག༷་པ་རྣམ༷ས་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་དུས་ཀུན༷་ཏུ༷་རྒྱས༷་པར༷་འགྱུར༷་བ་དེའི་ཕྱིར། ཞེས་དམིགས་པ་དང་མཚུངས་ལྡན་གཉིས་ཀའམ་གང་རུང་སྨོས་པའི་དགོས་པ་ལ་དཔྱད། རྩ་བར། ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་ཆོས་ཞེས་པས་བདག་མེད་བསྟན་པར་ཐལ། གང་སྤེལ་ལས། ཆོས་ཀྱི་སྒྲ་ནི་བདག་མེད་པ་གསལ་བར་བྱེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། འདུས་བྱས་ཆོས་རྣམས་ཞེས་པའི་ཆོས་ཞེས་པས་ཡང་བདག་མེད་བསྟན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཞེས་བརྗོད་ན་བདག་མེད་བསྟན་པས་ཁྱབ་པར་ཐལ་ལོ་ཞེ་ན་དཔྱད། ཡང་མཛོད་འགྲེལ་གནད་ཀྱི་སྒྲོན་མ་ལས། ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་ཞེས་སྨོས་སོ། །ལམ་གྱི་བདེན་པ་མ་གཏོགས་པ་འདུས་བྱས་ཀྱི་ཆོས་གཞན་རྣམས་ནི་ཟག་པ་དང་བཅས་པ་དག་གོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེ་དག་ལ། ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཞེས་བྱ་སྟེ། འདི་རྣམས་ལ་ཟག་པ་རྣམས་རྒྱས་པར་འགྱུར་ཏེ། འགོག་པ་དང་ལམ་གྱི་བདེན་པ་དག་ལ་དམིགས་པ་ཡིན་དུ་ཟིན་ཀྱང་རྒྱས་པར་ནི་མི་འགྱུར་རོ། །ཟག་པ་དང་བཅས་པ་རྣམས་བཤད་ཟིན་ཏོ། །ཞེས་ལམ་མ་གཏོགས་པའི་འདུས་བྱས་ཡིན་ན་ཟག་བཅས་ཡིན་པས་ཁྱབ་པར་ཐལ། ལུང་དེའི་ཕྱིར།འདོད་ན། སྟོན་པ་དང༌། སངས་འཕགས་སོགས་ཆོས་ཅན། ཟག་བཅས་ཡིན་པར་ཐལ། ལམ་མ་གཏོགས་པའི་འདུས་བྱས་ཡིན་པའི་ཕྱིར། འདོད་ན། སྤང་བྱ་ཡིན་པར་འགྱུར་ལ། མ་གྲུབ་ན། ལམ་བདེན་དུ་གཏོགས་ཚུལ་གང་ཡིན་དཔྱད། དེ་དག་ཟག་མེད་མ་ཡིན་པར་ཐལ། ཟག་མེད་བཞི་གྲངས་ངེས་པ་གང་ཞིག དེ་བཞི་གང་ཡང་མ་ཡིན་པའི་ཕྱིར། རྟགས་ཕྱི་མ་སླ། དང་པོ་གྲུབ་སྟེ། མཛོད་འགྲེལ་གནད་ཀྱི་སྒྲོན་མ་ལས། ཟག་མེད་ལམ་གྱི་བདེན་པ་དང༌། །འདུས་མ་བྱས་རྣམ་གསུམ་ཡང་སྟེ། །རྣམ་པ་གསུམ་གང་ཞེ་ན། ནམ་མཁའ་དང་ནི་འགོག་པ་གཉིས། །གཉིས་གང་ཞེ་ན། སོ་སོར་བརྟགས་པས་འགོག་པ་དང༌། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་སྟེ། དེ་ལྟར་ན་ནམ་མཁའ་ལ་སོགས་པ་འདུས་མ་བྱས་གསུམ་པོ་དེ་དག་དང་ལམ་གྱི་བདེན་པ་ནི་ཟག་པ་མེད་པའི་ཆོས་རྣམས་ཏེ། དེ་དག་ལ་ཟག་པ་རྒྱས་པར་འགྱུར་བ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །རྩ་བར།སྤང་བྱ་མིན་པའི་རྣམ་གཉིས་འདོད། །ཅེས་པ་ལྟར་ཟག་མེད་དུ་གྱུར་བའི་ཐོབ་པ་ལམ་བདེན་ཡིན་ན་དོན་དམ་པའི་ཆོས་མངོན་པ་ཡིན་དགོས་ལ། དེ་ལྟར་ན་ཟག་མེད་ཤེས་རབ་རྗེས་འབྲང་ཡིན་དགོས་ལ། འདོད་ན་འགོག་སྙོམས་པ་སོགས་ཀྱི་རྒྱུད་ལ་དེ་འདྲའི་ཐོབ་པ་ཡོད་པས་དཔྱད། ཡང་མཛོད་འགྲེལ་ཟླ་ཟེར་ལས། ཟག༷་པ་དང་བཅས༷་པ་དང་ཟག༷་པ༷་མེད༷་པའི་ཆོས༷་རྣམ༷ས་ཞེས་བྱའོ། །དེ་གཉིས་ནི་ཕན་ཚུན་རྣམ་བཅད་དང་ཡོངས་གཅོད་ཀྱི་སྒོ་ནས་འགལ་བ་ཡིན་ཏེ། དེ་གཉིས་ལས་གཞན་པའི་ཕུང་པོ་གསུམ་པའི་ཆོས་གཞན་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་པ་ནི་རྟགས་ཆོས་གོ་བཟློག་པར་ཐལ། མཆིམས་མཛོད་༢༡ལས། དེ་གཉིས་ནི་ཕན་ཚུན་རྣམ་པར་གཅོད་པའི་འགལ་བ་ཡིན་པའི་ཕྱིར་ཕུང་པོ་༼གསུམ་པ་༽གཞན་མེད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། སངས་རྒྱས་ཀྱི་གཟུགས་ཕུང་སྡུག་བདེན་ནམ་ཟག་བཅས་ཡིན་པར་ཐལ། རང་འགྲེལ་༣༥༩ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་སྟེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང༌། །མྱ་ངན་འདས་ལ་སྐྱབས་སུ་འགྲོ །གང་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དེ་ནི་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་ལ་སྐྱབས་སུ་འགྲོ་བ་ཡིན་ཏེ། གང་དག་གཙོ་བོར་གྱུར་བའི་སྐུ་དེ་སངས་རྒྱས་ཞེས་བརྗོད་པའམ། ཡང་ན་གང་དག་བརྙེས་པའི་ཐམས་ཅད་ཐུགས་སུ་ཆུད་པར་སྤྱོད་པའི་ཕྱིར་སངས་རྒྱས་ཡིན་པའོ། །དེ་དག་ཀྱང་གང་ཞེ་ན། ཟད་པ་ཤེས་པ་ལ་སོགས་པ་འཁོར་དང་བཅས་པ་ཡིན་ནོ། །གཟུགས་ཀྱི་སྐུ་ནི་སྔ་མ་དང་ཕྱི་མ་ལ་བྱེ་བྲག་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་པར་ཐལ། སངས་རྒྱས་ཀྱི་རྟེན་གཟུགས་ཕུང་སངས་རྒྱས་ཡིན་པར་མ་བཀག་པའི་ཕྱིར་ཏེ། རང་འགྲེལ་༣༦༠ལས། གལ་ཏེ་མི་སློབ་པའི་ཆོས་དག་ཁོ་ན་སངས་རྒྱས་ཡིན་ན་ཇི་སྲིད་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་མཚམས་མེད་པར་འགྱུར། བྱེ་བྲག་ཏུ་སྨྲ་བ་རྣམས་ནི་ན་རེ། རྟེན་ལ་གནོད་པ་བྱས་པའི་དེ་དག་ལ་ཡང་གནོད་པ་བྱས་པ་ཡིན་ཞེས་ཟེར་རོ། །བསྟན་བཅོས་ལས་ནི་མི་སློབ་པའི་ཆོས་ཁོ་ན་སངས་རྒྱས་ཡིན་ནོ་ཞེས་དེ་སྐད་དུ་མི་འབྱུང་ངོ༌། །འོ་ན་ཇི་སྐད་འབྱུང་ཞེ་ན། སངས་རྒྱས་སུ་བྱེད་པའི་ཆོས་ཞེས་འབྱུང་སྟེ། དེའི་ཕྱིར་རྟེན་སངས་རྒྱས་ཉིད་དུ་མ་བཀག་པས་དེ་ནི་ཀླན་ཀར་མི་རུང་བ་ཉིད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་བྱེ་མདོའི་གྲུབ་མཐའི་ཁྱད་ཡིན་ནམ་དཔྱད། །ཡང་སངས་འཕགས་སོགས་ཟག་བཅས་མ་ཡིན་པར་ཐལ། དེ་དག་ལ་དམིགས་ནས་ཟག་པ་རྒྱས་པར་མི་འགྱུར་བར་མཐོང་ཐོས་དྲན་རེག་ལ་དགེ་བ་ཡོད་པའི་ཕྱིར་ཏེ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་གྱིས་ཉོན་མོངས་པ་ཞི་བར་བྱེད་པའི་ཕྱིར་ཏེ། རྣམ་བཤད་རིགས་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོའི་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་པའི་ཕྱིར་ཟེར་ན།འོ་ན་སངས་འཕགས་ཀྱི་མིག་ཟག་མེད་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། རྩ་བར། བཅུ་ནི་སྒོམ་པས་སྤང་བྱ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ཟག་བཅས་ཟག་མེད་གཉིས་ཀའི་ཡིན་པ་ཡོད་པར་ཐལ། རྩ་བར། ཉོན་མོངས་ཕྲ་རྒྱས་བཅས་རྣམ་གཉིས། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། །རྒྱལ་སྲས་མ་ལས། དངོས་པོ་གང་ཞིག་བདག་ཏུ་ལྟ་བ་དང་སྲེད་པ་དག་གིས་བདག་གིར་བྱས་པ་དེ་ལ་ནི་ཕྲ་རྒྱས་གཞན་དག་ཀྱང་རྒྱས་པར་ནུས་ཏེ། རས་གཤེར་བ་ལ་རྡུལ་ཆགས་པ་ལྟ་བུུ་ཡིན་ན་ཟག་པ་མེད་པ་ནི་དེ་ལྟ་བུ་མ་ཡིན་ལ། ཞེས་དང༌།རྩ་བ་ལས། ཟག་མེད་གོང་མའི་སྤྱོད་ཡུལ་མིན། །བདག་གིར་མ་བྱས་གཉེན་པོའི་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །ཡང་རྒྱལ་སྲས་མ་ལས། ཆོས་ཐམས་ཅད་ཟག་པ་རྣམས་ཀྱི་དམིགས་པ་ཡིན་ནོ་ཞེས་བྱ་བ་ནི་ཆོས་མངོན་པ་བ་མ་ཡིན་ཏེ། ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དག་ཟག་པའི་དམིགས་པ་མ་ཡིན་པའི་ཕྱིར། ཞེས་གསུངས་པ་ལ། འོ་ན་ཆོས་ཐམས་ཅད་ཟག་མེད་ཡིན་པར་ཐལ། ཟག་བཅས་ཟག་མེད་གང་རུང་གང་ཞིག ཟག་བཅས་མ་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ།། །།

འདུས་མ་བྱས་རྒྱས་པར་བཤད་པའི་སྐབས་ཀྱི་དོགས་གཅོད།

འདུས་མ་བྱས་རྒྱས་པར་བཤད་པའི་སྐབས་ཀྱི་དོགས་གཅོད་ནི།

བྱེ་སྨྲའི་ལུགས་ལ་འདུས་མ་བྱས་གསུམ་དུ་གྲངས་ངེས་པར་ཐལ། རྩ་བར། འདུས་མ་བྱས་རྣམ་གསུམ་ཡང་སྟེ། །ཞེས་དང༌། མཆིམས་མཛོད་ལས། གལ་ཏེ་དེ་བཞིན་ཉིད་ཀྱང་འདུས་མ་བྱས་མ་ཡིན་ནམ་ཅིའི་ཕྱིར་རྣམ་པ་གསུམ་དུ་བརྗོད་ཅེ་ན། དེ་བཞིན་ཉིད་ནི་བདག་མེད་པ་ལ་འདོད་ན་ཆོས་ཀྱི་བདག་མེད་ནི་སྡེ་བ་དག་གིས་མི་འདོད་ལ། གང་ཟག་གི་བདག་མེད་ནི།བདེན་པ་བཞིའི་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ལ་འདོད་པས་ན་འགོག་བདེན་གྱི་རྣམ་པ་རྣམས་ནི་སོ་སོར་བརྟགས་འགོག་གི་ངོ་བོ་ཉིད་ཡིན་ལ། བདེན་པ་གསུམ་གྱི་རྣམ་པ་རྣམས་ནི་འདུས་བྱས་ཀྱི་བདག་ཉིད་ཡིན་པའི་ཕྱིར། དེ་བཞིན་ཉིད་ཅེས་བྱ་བའི་འདུས་མ་བྱས་ལོགས་པ་ནི་མེད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། བདག་མེད་དང་སྤྱི་མཚན་དང་ཤེས་བྱ་སོགས་འདུས་བྱས་འདུས་མ་བྱས་གང་ཡིན་དང་ཟག་བཅས་ཟག་མེད་གང་ཡིན་དཔྱད། མཆིམས་མཛོད་ལས། དེ་ལ་ནམ་མཁའ་ནི། མཚན་ཉིད་མི་སྒྲིབ་པ་ཅན་དེ་བསྒྲིབ་བྱ་སྒྲིབ་བྱེད་གཉིས་དང་བྲལ་བའི་ཕྱིར་རོ། །དེས་ན་སྒྲིབ་པ་བྲལ་བ་གཟུགས་ཅན་གྱི་གོ་འབྱེད་པ་ནི་ནམ་མཁའོ། །འོ་ན་ནི་སེམས་ལ་སོགས་པ་འདུ་བྱེད་ཐོགས་མེད་དང་འགོག་པ་གཉིས་ཀྱང་ནམ་མཁར་འགྱུར་ཏེ་སྒྲིབ་པ་མེད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། རྣལ་འབྱོར་བ་རྣམས་ཀྱི་ཏིང་ངེ་འཛིན་གྱི་མཐུས་གཞན་དག་གི་འགྲོ་བ་དང་སྡོད་པ་ལ་སོགས་པ་དང་སེམས་སོ་ན་གནས་པ་ལ་སོགས་པ་ལ་སྒྲིབ་པའི་ཕྱིར་དང༌། ཞེས་པ་ནས། ཞེས་ལན་འདེབས་མོད་ཀྱི་དེ་ལྟ་ན་ནམ་མཁའ་ལའང་མི་སྒྲིབ་པ་མ་ཚང་བར་འགྱུར་ཏེ། རླུང་ལ་སོགས་པ་ཐུར་ཏུ་ལྟུང་བ་ལ་གེགས་སུ་གནས་པའི་ཕྱིར་རོ། །དེར་མི་གནས་ན་ནམ་མཁའ་རླུང་གི་རྟེན་དུ་མ་གྲུབ་པར་ཐལ་བ་འདི་བྱེ་བྲག་ཏུ་སྨྲ་བས་སྤང་དགོས་སོ། །ཞེས་པ་ནས། བྱེ་བྲག་ཏུ་སྨྲ་བ་ནི་མདོ་ལས། ཀྱེ་གོའུ་ཏ་མ་ས་ཅི་ལ་བརྟེན་ལགས། ཞེས་པ་ནས། བྲམ་ཟེ་རླུང་ནི་ནམ་མཁའ་ལ་བརྟེན་ནོ། །ཞེས་གསུངས་པས་སེམས་ལ་ནམ་མཁའི་མཚན་ཉིད་དེ་ཚང་མ་ཚང་དང་ནམ་མཁའ་ལ་སྐབས་འདིའི་སྒྲིབ་པའི་མཚན་ཉིད་ཚང་མ་ཚང་དཔྱད། མཆིམས་མཛོད་༢༤ལས། སོ༷་སོར༷་བརྟག༷ས་པའི༷་འགོ༷ག་པ༷་གང༷་ཡིན་པ་དེ་ནི་བར་ཆད་མེད་པའི་ལམ་གྱིས་བསྡུས་པའི་ཟག་མེད་ཤེས་རབ་ཀྱིས་ཐོབ་པར་བྱ་བ་དགག་བྱ་ཟག་བཅས་དང་བྲ༷ལ་བ༷་རྟག་ཅིང་དགེ་བའི་རྫས་ཏེ། ཞེས་པ་ནས། འོ་ན་འཇིག་རྟེན་པའི་ལམ་གྱིས་ཐོབ་པར་བྱ་བའི་འགོག་པ་སོ་སོར་བརྟགས་འགོག་མ་ཡིན་པར་འགྱུར་རོ་ཞེ་ན། འཇིག་རྟེན་པའི་ལམ་ཁོ་ནས་ཐོབ་པར་བྱ་བའི་འགོག་པ་ནི་མེད་ཀྱི་དེ་ནི་འཇིག་རྟེན་ལས་འདས་པས་ཀྱང་ཐོབ་པར་བྱ་བ་ཡིན་ཏེ། དེས་ན་མཚན་ཉིད་མ་ཁྱབ་པ་མེད་དོ་ཞེས་འཆད་མོད་ཀྱི་འོན་ཀྱང་གཉེན་པོའི་སྟོབས་ཀྱིས་ཟག་བཅས་དང་བྲལ་བའོ། །ཞེས་བྱ་བ་ནི་ལེགས་པ་ཡིན་ནོ། །ཞེས་གསུངས་པ་མི་འཐད་པར་ཐལ། འཇིག་རྟེན་གྱི་ལམ་ཁོ་ནས་ཐོབ་པའི་སོ་སོར་བརྟག་འགོག་ཡོད་པའི་ཕྱིར། དེར་ཐལ། སོ་སྐྱེས་ཞི་རགས་ཀྱི་ལམ་གྱིས་ཐོབ་མ་ཐག་པའི་འགོག་པ་དེ་ཡིན་པའི་ཕྱིར། དེར་ཐལ། རྩ་བར། སྤང་བྱ་མིན་པའི་རྣམ་གཉིས་འདོད། །ཅེས་དང༌། རྩ་བར།ལན་ཅིག་དུ་ཟད་དེ་དག་གི། །བྲལ་བའི་ཐོབ་པ་ཡང་དང་ཡང༌། །ཞེས་དང༌། མཆིམས་མཛོད་༢༥ལས། དེའི་ཕྱིར་འགྲེལ་བ་ལས་ཀྱང་སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་རྣམས་ལ་སོ་སོར་རྟོག་པ་ནི་བརྟགས་པ་སྟེ་ཤེས་རབ་ཀྱི་བྱེ་བྲག་གོ་ཞེས་འབྱུང་བ་ནི་ཕལ་ཆེ་བའམ་གཙོ་བོ་ཡིན་པའི་ཕྱིར་ཏེ། གཞན་དུ་ན་འཇིག་རྟེན་པའི་ལམ་གྱིས་ཐོབ་པ་སོ་སོར་བརྟགས་པའི་འགོག་པར་མི་འགྱུར་རོ་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །བྱེ་བྲག་སྨྲ་བས་མྱང་འདས་ཀྱི་དོན་ནི། གཉེན་པོ་བློ་ཤེས་རབ་ཀྱི་སྟོབས་ཀྱིས་རང་གི་སྤང་བྱ་སྤངས་པའི་རྟག་རྫས་སུ་གྲུབ་པའི་ཐར་བ་དེ་བཞག་སྟེ། ཉ་ཊཱིཀ་ལས། ཁ་ཅིག་མ་ཤི་བའི་དགྲ་བཅོམ་པའི་གང་ཟག་དེ་ལྷག་བཅས་ཀྱི་མྱང་འདས། ཤི་ནས་ལྷག་མེད་ཅེས་ཟེར་བ་ནི་གྲུབ་མཐའ་གང་དང་ཡང་མི་མཐུན་ཏེ་ཉན་ཐོས་བྱེ་བྲག་ཏུ་སྨྲ་པ་ནི་མྱང་འདས་མཚན་ཉིད་པ་རྟག་པའི་རྫས་སུ་འདོད་དེ། ཐར་བ་ནི་རྟག་པ་དང་དགེ་བ་ཡིན་པ་དེའི་ཕྱིར་བླ་ན་མེད་པ་ཡིན་ཞེས་དང༌། ལྡན་པའི་རྫས་ཀྱང་ཇི་སྙེད་པ། །བྲལ་བའི་རྫས་ཀྱང་དེ་སྙེད་དོ། །ཞེས་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། བྱེ་བྲག་ཏུ་སྨྲ་བ་དགག་བྱ་དང་གྲངས་མཉམ་པའི་དགག་པ་རྫས་གྲུབ་ཏུ་འདོད་ཅིང༌། ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ཡང་ཟད་སྡོམ་ཐོབ་ཚུལ་དང༌། དགྲ་བཅོམ་པའི་རྒྱུད་ཀྱི་འགོག་བདེན་ཡིན་ན་ཉོན་སྒྲིབ་སྤངས་པའི་འགོག་བདེན་ཡིན་པས་ཁྱབ་པ་ཡོད་མེད་དཔྱད། ཡང་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། གསུམ་པ་འགོག་བདེན་ལ། མངོན་པ་མཛོད་དུ། ཆོས་སྐྱེ་བའི་གེགས་བྱེད་པ་མིན་གྱི་ད་ལྟར་གནས་པའི་གེགས་བྱེད་པ་མི་རྟག་པའི་འགོག་པ་དང༌། དགག་བྱ་སེམས་སེམས་བྱུང་སྐྱེ་བ་ལ་གེགས་བྱེད་ཀྱང་རེ་ཞིག་ཡིན་གྱི་གཏན་དུ་མིན་པ་སྐྱེ་བའི་འགོག་པ་འདུ་ཤེས་མེད་པ་དང༌། སྙོམས་འཇུག་གི་འགོག་པ་སྙོམས་འཇུག་གཉིས་དང༌། དགག་བྱ་ད་ལྟར་དུ་སྐྱེ་བ་ལ་གཏན་ཏུ་གེགས་བྱེད་པ་སོ་སོར་བརྟགས་མིན་གྱི་འགོག་པ་དང༌། སོ་སོར་བརྟགས་འགོག་སྟེ་ལྔ་ཆར་འགོག་བདེན་མཚན་ཉིད་པར་བྱེ་བྲག་སྨྲ་བ་འདོད་ལ། མདོ་སྡེ་བ་ནི་སོ་སོར་བརྟགས་འགོག་འགོག་བདེན་མཚན་ཉིད་པ་དང༌། གཞན་བཞི་ནི་བཏགས་པ་པར་འདོད་དོ། །ཞེས་བྱེ་བྲག་སྨྲ་པས་དེ་ལྔ་ཆར་འགོག་བདེན་མཚན་ཉིད་པར་འདོད་པར་ཚིག་ཟིན་ལ་གསུངས་ཀྱང་མཛོད་འགྲེལ་བ་འགྲེལ་བཤད་རྣམས་སུ་འགོག་པ་ཡིན་པར་གསུངས་ཀྱང་འགོག་བདེན་ཡིན་པར་གསུངས་པ་མེད་པས་དེ་ལྟར་ཡིན་ནམ་སྙམ་མོ། །གཞན་ཡང་བརྟགས་འགོག་སོ་སོའི་ཐོབ་ཚུལ་སོགས་གནས་གཉིས་པའི་ཐོབ་པ་བཤད་སྐབས་དང་གནས་ལྔ་བའི་མཇུག་ཏུ་སྤངས་པ་ཡོངས་ཤེས་བཤད་པའི་སྐབས་སུ་ཤེས་པར་བྱའོ། །ཡང་མཆིམས་མཛོད་༢༧ལས། ༼མུ་བཞི་ལས་དང་པོ་ནི།༽ཟག་བཅས་འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པ་ན་འབྱུང་བར་འགྱུར་བ་ལྟ་བུ་སྟེ། དེ་དག་ཟག་བཅས་ཡིན་པས་གཉེན་པོའི་སྟོབས་ཀྱིས་དགག་བྱ་ཡིན་པ་བརྟགས་འགོག་ནི་འཐོབ་པར་རུང་ལ། བརྟགས་མིན་ནི་ཐོབ་པར་མི་ནུས་ཏེ་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་༼དང་བརྟགས་མིན་ནི་སྐྱེ་བ་ལ་གཏན་ཏུ་གེགས་བྱེད་པའི་ཕྱིར༽རོ། །སོ་སོར་བརྟགས་མིན་གྱི་འགོག་པ་ཁོ་ན་འཐོབ་པའི་དགག་བྱ་ནི་ཟག་མེད་ཡེ་མི་སྐྱེ་བའི་ཆོས་ཅན་ཏེ། ཟག་མེད་ཡིན་པའི་༼ཉེས་པ་མེད་ཅིང་སྤང་བྱ་མིན་པས༽གཉེན་པོའི་སྟོབས་ཀྱིས་དགག་བྱ་མ་ཡིན་པའི་ཕྱིར་དང༌། རྐྱེན་མ་ཚང་བའི་གཏན་དུ་མི་སྐྱེ་བའི་ཕྱིར་༼དང་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་༽རོ། ། གཉིས་ཀ་ཡིན་པ་ནི་ཟག་བཅས་ཡེ་མི་སྐྱེ་བ་དང༌། གཉིས་ཀ་མ་ཡིན་ནི་༼འདུས་མ་བྱས་༽ཟག་མེད་༼འདུས་བྱས་༽སྐྱེ་བའི་ཆོས་ཅན་ལྟ་བུའོ། །ཞེས་གསུངས་པའི་ནང་གི་ཟག་མེད་ཡེ་མི་སྐྱེ་བའི་ཆོས་ཅན་དང་ཟག་བཅས་ཡེ་མི་སྐྱེ་བའི་ཆོས་ཅན་གཉིས་རྒྱུད་ལྡན་གྱི་གང་ཟག་ཡོད་མེད་དང༌། གྲུབ་མཐའ་གོང་མ་ལྟར་ཟག་བཅས་སྐྱེ་བའི་ཆོས་ཅན་ལ་བརྟག་མིན་འགོག་ཐོབ་པ་ཡོད་མེད་རིགས་པས་དཔྱད། ཡང་མཆིམས་མཛོད་༢༨ལས། འདིར་སློབ་དཔོན་རྒྱལ་བོའི་སྲས་ཀྱིས་སོ་སོར་བརྟགས་འགོག་སྔོན་ལ་ཐོབ་པ་ལ་ཅིག་ཤོས་ཕྱིས་ཐོབ་པ་དགྲ་བཅོམ་པ་གཟུགས་གཅིག་ལ་མིག་དང་ཡིད་གཡེངས་པ་ན་དེ་ལས་གཞན་པའི་གཟུགས་ལ་སོགས་པ་ཡུལ་ལྔ་འཛིན་པའི་ཤེས་པ་རྣམས་ལྟ་བུའོ། །སོ་སོར་བརྟགས་མིན་སྔར་ཐོབ་ལ་ཅིག་ཤོས་ཕྱིས་འཐོབ་པ་ནི་བཟོད་པ་ཐོབ་པ་རྣམས་ཀྱི་ངན་སོང་གི་འགྲོ་བ་ལྟ་བུའོ། །གཉིས་ཀ་ལྷན་གཅིག་ཐོབ་པ་ནི་མཐོང་བས་ཐོབ་པ་རྣམས་ཀྱི་སྒོམ་སྤང་ཆེན་པོའི་ཆེན་པོ་སྤངས་པ་ལྟ་བུའོ། །གཉིས་ཀ་མི་ཐོབ་པ་ནི་དེ་ལས་གཞན་པ་ལྟ་བུའོ་ཞེས་བྱ་བའི་མུ་བཞི་ཡང་བཤད་དོ། །ཞེས་སོ་སོར་བརྟགས་མིན་སྔར་ཐོབ་ལ་ཅིག་ཤོས་ཕྱིས་འཐོབ་པ་ནི་བཟོད་པ་ཐོབ་པ་རྣམས་ཀྱི་ངན་སོང་གི་འགྲོ་བ་ལྟ་བུ་ཞེས་པའི་ངན་འགྲོ་བ་རྒྱུད་ལྡན་ལ་བཟོད་པ་བ་འཇོག་མི་འཇོག་དང༌། དེ་འདྲའི་ངན་འགྲོ་བ་དེ་མི་སྐྱེ་བའི་ཆོས་ཅན་མ་ཡིན་ན་སོ་སོར་བརྟགས་མིན་གྱི་ཐོབ་གཞི་མ་ཡིན་པར་འགྱུར་བ་སོགས་གང་ཡིན་དཔྱད། རྩ་བར། མྱ་ངན་འདས་སོགས་གོང་ནས་གོང༌། །ཐོབ་པ་ལ་ནི་དབང་བྱེད་ཕྱིར། །ཀུན་ཤེས་བྱེད་དང་ཀུན་ཤེས་དང༌། །དེ་བཞིན་ཀུན་ཤེས་ལྡན་དབང་པོ། །ཞེས་དང༌། མཆིམས་མཛོད་༡༠༤ལས། ལྷག་མེད་ཀྱི་མྱང་འདས་འཐོབ་པ་ལ་དབང་བྱེད་པའི་ཕྱིར་ཀུན་ཤེས་ལྡན་པའི་དབང་པོར་བཞག་གོ། །ཞེས་གསུངས་པ་ལ་སྐབས་འདིར་ཅུང་ཟད་དཔྱད་རྒྱུ་ཡོད་ཀྱང་གནས་གཉིས་པར་འཆད་པར་འགྱུར་རོ། ། གྲུབ་མཐའ་གོང་མའི་ལུགས་ལ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་བའི་སྤང་བྱ་ཁས་ལེན་པར་ཐལ། མངོན་པ་ཀུན་བཏུས་ལས། གང་ཞིག་གང་ལས་སྤོང་ཞེ་ན། འདས་པ་ནི་འགགས་པའི་ཕྱིར་མ་ཡིན་ནོ། །མ་འོངས་པ་ནི་མ་བྱུང་བའི་ཕྱིར་མ་ཡིན་ནོ། །ད་ལྟར་བྱུང་བ་ནི་ལམ་དང་མཉམ་དུ་མི་འཇུག་པའི་ཕྱིར་མ་ཡིན་ནོ། །འོན་ཀྱང་ཉོན་མོངས་པའི་གནས་ངན་ལེན་གང་ལ་ཡོད་པ་དེ་ལས་སྤོང་ངོ༌། །གནས་ངན་ལེན་གྱི་རྣམ་པ་གང་གི་གཉེན་པོ་གང་བྱུང་བ་གཉེན་པོའི་རྣམ་པ་དེ་འབྱུང་བ་དང༌། གནས་ངན་ལེན་གྱི་རྣམ་པ་དེ་འགོག་པ་ནི་མཉམ་པས་མཉམ་སྟེ། སྣང་བ་དང་མུན་པ་འབྱུང་བ་དང་འགག་པ་བཞིན་ནོ། །གནས་ངན་ལེན་གྱི་རྣམ་པ་དང་བྲལ་བས་མ་འོངས་པ་ན་ཉོན་མོངས་པ་མི་སྐྱེ་བའི་ཆོས་ཅན་དུ་གནས་པ་དེ་ནི་སྤོང་བའོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་ལས།མིག་གི་ཁམས་ཀྱི་མཚན་ཉིད་གང་ཞེ་ན། གྲངས་ངེས་ཀྱི་སྐབས་སུ་ཁམས་ཀྱི་དོན་ཉེར་སྤྱོད་འཛིན་པ་ལ་བཤད་པ་ལྟར། འདས་པའི་མིག་གང་གིས་འདས་པའི་གཟུགས་རྣམས་མཐོང་བར་གྱུར་པ་ཉེར་སྤྱོད་བཟུང་ཟིན་པ་དང༌། ད་ལྟར་བའི་མིག་གིས་ད་ལྟར་བའི་གཟུགས་ལ་ལྟ་བ་ཉེར་སྤྱོད་འཛིན་བཞིན་པ་དང་གཉིས་ནི་མིག་ཀྱང་ཡིན་ལ་ཁམས་ཀྱང་ཡིན་པ་ཞེས་གཞི་མཐུན་པར་སྦྱར་ཞིང༌། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ།། །།

ཡང་རྩ་བར། འདུས་བྱས་ཆོས་རྣམས་དེ་དག

ཡང་རྩ་བར། འདུས་བྱས་ཆོས་རྣམས་དེ་དག་ཀྱང༌།།

འདུས་བྱས་ཆོས་རྣམས་དེ་དག་ཀྱང༌། །ཞེས་པའི་སྐབས་ཀྱི་དོགས་གཅོད་ནི། འདུས་བྱས་ཀྱི་མཚན་ཉིད་ལ། རྒྱུ་རྐྱེན་ལས་སྐྱེས་པ། ཡང་ན་མཆིམས་མཛོད་༣༢ལས། འདུས་བྱས་ནི་རྐྱེན་རྣམས་འཕྲད་ཅིང་འདུས་ནས་བྱས་པ་སྟེ་རྐྱེན་གཅིག་གིས་བསྐྱེད་པ་ནི་འགའ་ཡང་མེད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན། འོ་ན་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་གྱི་འདུས་བྱས་དེ་འདུས་བྱས་མ་ཡིན་པར་འགྱུར་རོ་ཞེ་ན། དེ་ལ་མཆིམས་མཛོད་༣༢ལས། འདུས་བྱས་ནི་རྐྱེན་རྣམས་འཕྲད་ཅིང་འདུས་ནས་བྱས་པ་སྟེ་རྐྱེན་གཅིག་གིས་བསྐྱེད་པ་ནི་འགའ་ཡང་མེད་དོ། །འོ་ན་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་རྣམས་ཇི་ལྟར་འདུས་བྱས་ཡིན་ཞེ་ན། སྐྱེ་བར་འགྱུར་བའི་ཆོས་ཅན་དེ་དང་རིགས་མཐུན་ཞིང་རང་གི་མཚན་ཉིད་འདྲ་བའི་ཕྱིར་འདུས་བྱས་ཞེས་བྱ་སྟེ། ནུ་མ་ལས་བྱུང་བའི་འོ་མ་དང་རིགས་མཐུན་པས་མི་འཇོ་བ་བཞོན་གྱི་ལུས་ལ་གནས་པ་ལའང་འོ་མ་ཞེས་བརྗོད་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་དེ་སྐྱེ་བར་འགྱུར་བའི་ཆོས་ཅན་དེ་དང་རིགས་མཐུན་ཞེས་ པའི་རིགས་མཐུན་ཚུལ་དང༌། དེ་ལ་འདུས་མ་བྱས་པའི་མཚན་ཉིད་ཚང་བ་ཡིན་མིན་དང༌།རྩ་བར། གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་འདུས་བྱས་ཡིན་ན་རྐྱེན་གཉིས་ལས་སྐྱེ་བས་ཁྱབ་པ་ཡོད་མེད་ལ་དཔྱད། ཟག་བཅས་མིང་གི་རྣམ་གྲངས་ཀྱི་སྐབས་སུ་རྩ་བར། ལྟ་གནས་སྲིད་པ་དེ་དག་ཡིན། །ཞེས་དང༌། གནད་སྒྲོན་ལས། འདི་ལ་ལྟ་བ་རྒྱས་པར་འགྱུར་བའི་སྒོ་ནས་གནས་པས་ན་ལྟ་བའི་གནས་སོ། །ཞེས་གསུངས་པ་ལས་ལྟ་བ་ལས་ཉོན་མོངས་པ་གཞན་གྱི་གནས་ཡིན་པར་མ་གསུངས་པའི་རྒྱུ་མཚན་ནི། མཆིམས་མཛོད་༣༥ལས། གལ་ཏེ་ཟག་བཅས་ཀྱི་དངོས་པོ་ལ་ཉོན་མོངས་པ་ཐམས་ཅད་རྒྱས་པར་འགྱུར་བ་ཡིན་ན་དེ་ལ་ལྟ་བ་ཁོ་ནའི་གནས་ཞེས་ཅིའི་ཕྱིར་བརྗོད་ཅེ་ན། ཉོན་མོངས་པ་གཞན་རྣམས་ཀྱང་རྒྱས་པར་འགྱུར་མོད་ཀྱི་འོན་ཀྱང་འདིར་ལྟ་བ་ཁོ་ནའི་གནས་སུ་བརྗོད་པ་ནི་གང་ཞིག་ཟག་བཅས་ཀྱི་དངོས་པོ་ཐམས་ཅད་ལ་དུས་ཐམས་ཅད་ཀྱི་ཚེ་རྣམ་གྲངས་མེད་པར་བརྟན་པར་འཛིན་པ་དེ་ལ་གནས་ཞེས་བརྗོད་པ་ཡིན་ན་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་ནི་ཉོན་མོངས་པ་རང་གི་མཚན་ཉིད་པ་ཡིན་པས་ཐམས་ཅད་ལ་མ་ཡིན་ལ། དུས་ཐམས་ཅད་ཀྱི་ཚེའང་མ་ཡིན་ཏེ། གང་ལ་དེ་སྐྱེས་མ་སྤངས་པའི་ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །མ་རིག་པ་ནི་དུས་ཐམས་ཅད་ཀྱི་ཚེ་ཡིན་ཀྱང་རྣམ་གྲངས་མེད་པར་ཕྱོགས་གཅིག་ཏུ་ནི་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པ་རྣམས་འདོད་ཆགས་ལ་སོགས་པ་བཞིན་དུ་རྟོགས་པའི་ཕྱིར་རོ། །ཐེ་ཚོམ་ལ་ནི་གཞན་རྣམས་ཡོད་ཀྱང་བརྟན་པར་འཛིན་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གང་སྤེལ་གྱིས། དུས་ཀུན་པ་དང་ཐམས་ཅད་ལ། །རྣམ་གྲངས་མེད་དང་མི་གཡོ་བ། །ལྟ་ཡིན་དེ་ལྟར་ཆགས་སོགས་དང༌། །མ་རིག་པ་དང་ཐེ་ཚོམ་མིན། །ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར། འདོད་ཆགས་ཀྱིས་ཟག་བཅས་ཐམས་ཅད་ལ་དམིགས་པ་མ་ཡིན་པར་བཤད་པ་མི་འཐད་པར་ཐལ། དེས་ཟག་བཅས་ཐམས་ཅད་ལ་དམིགས་པའི་ཕྱིར། དེར་ཐལ། ཟག་བཅས་ཡིན་ན་ཁམས་གསུམ་ཅི་རིགས་ཀྱི་སས་བསྡུས་པས་ཁྱབ་པ་གང་ཞིག ཁམས་དེ་དང་དེའི་སས་བསྡུས་པའི་དོན་ནི་ཁམས་དེ་དང་དེའི་སྲེད་པས་རིས་སུ་བཅད་ཅིང་ལྟ་བས་བདག་གིར་བྱེད་པ་ལ་འཇོག་དགོས་པའི་ཕྱིར་ཟེར་བ་དང༌། ཡང་འདོད་པ་ལ་འདོད་ཆགས་དང་བྲལ་བའི་མིའི་རྒྱུད་ཀྱི་ཟག་བཅས་ཀྱི་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། ལྟ་གནས་ཡིན་པར་ཐལ། ཟག་བཅས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། འཇིག་ལྟ་དང་མཐར་ལྟའི་དམིགས་པ་ཡིན་པར་ཐལ། ལྟ་གནས་གང་ཞིག ལྟ་བ་གཞན་གསུམ་གྱིས་ཁྱོད་ལ་དམིགས་ཚུལ་མེད་པའི་ཕྱིར། འདོད་མི་ནུས་ཏེ།གཞན་རྒྱུད་ཀྱི་འཇིག་མཐར་གྱིས་མི་དམིགས་པ་གང་ཞིག རང་རྒྱུད་ལ་དེ་གཉིས་མེད་པའི་ཕྱིར་ཟེར་བ་དག་ལ་དཔྱད་པར་བྱའོ།། །།

ཡང་རྩ་བར། གཟུགས་ནི་དབང་བོ་ལྔ་དང་དོན།། ཞེས་སོགས་ཀྱི་སྐབས་ཀྱི་དོགས་གཅོད།

ཡང་རྩ་བར། གཟུགས་ནི་དབང་བོ་ལྔ་དང་དོན།། ཞེས་སོགས་ཀྱི་སྐབས་ཀྱི་དོགས་གཅོད།

གཟུགས་ནི་དབང་བོ་ལྔ་དང་དོན། །ཞེས་སོགས་ཀྱི་སྐབས་ཀྱི་དོགས་གཅོད་ནི། གཟུགས་སུ་རུང་བ། གཟུགས་ཕུང་གི་མཚན་ཉིད་ཡིན་པར་ཐལ། མཆིམས་མཛོད་༣༦ལས། གཟུགས་ཀྱི་ཕུང་པོར་མཚོན་པའི་མཚན་ཉིད་ནི་གཟུགས་སུ་རུང་བ་ཉིད་དོ། །དེའི་དོན་གཟུགས་ཅན་འཕྲད་པ་ལས་རྣམ་པར་འགྱུར་བ་མི་འདྲ་བ་སྐྱེ་བའི་གནོད་པ་བྱར་རུང་བའོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་ཕུང་དང་གཟུགས་ཀྱི་མཚན་ཉིད་སོ་སོར་ཡོད་པའི་ཕྱིར་ཟེར་ན་དཔྱད། རྩ་བར། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །མིག་ལ་སོགས་གཟུགས་དང་བ་རྣམས། །ཞེས་པའི་སྐབས་སུ་མཆིམས་མཛོད་༣༧ལས། གཟུགས་ལ་སོགས་པ་ཡུལ་ལྔ་པོ་གང་དག་སྨོས་པ་དེ་དག་རྣམས་ཀྱི་རྣམ་པར་ཤེས་པའི་རྟེན་གཟུགས་ཅན་དང་བ་རྣམས་ནི་མིག་ལ་སོགས་པའི་དབང་པོ་སྟེ། མདོ་ལས་དགེ་སློང་མིག་ནི་ནང་གི་སྐྱེ་མཆེད་དེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་གཟུགས་དང་བའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་མིག་ལ་སོགས་པ་གང་དག་སྨྲོས་པ་དེ་དག་རྣམས་ཀྱི་རྣམ་པར་ཤེས་པ་རྟེན་གཟུགས་ཅན་དང་བ་རྣམས་ཏེ། རབ་ཏུ་བྱེད་པ་ལས། མིག་གི་དབང་པོ་གང་ཞེ་ན། མིག་གི་རྣམ་པར་ཤེས་པའི་རྟེན་གཟུགས་ཅན་དང་བའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །སློབ་དཔོན་རྒྱལ་པོའི་སྲས་ནི་ལུགས་སྔ་མ་མདོ་སྡེ་བ་དང་མཐུན་ལ། ཕྱི་མ་ནི་འཇིག་རྟེན་པ་དང་མཐུན་ནོ་ཞེས་འཆད་ལ། གང་སྤེལ་ནི་ལུགས་སྔ་མ་ནི་འཇིག་རྟེན་ལ་གྲགས་པའི་དབང་དུ་བྱས་ལ་ཕྱི་མ་ནི་གསུང་རབ་ལ་གྲགས་པ་ཡིན་ནོ། །ཞེས་འཆད་དོ། །ཞེས་དེ་སྒྲའི་སྙེག་གཞི་འཇོག་ཚུལ་གཉིས་ལས་རང་ལུགས་ལ་ཕྱི་མ་འཐད་དེ། མཆིམས་མཆན་ལས། འོན་ཀྱང་གཟུགས་ལ་སོགས་པ་ལ་ནི་ཡིད་ཤེས་ཀྱིས་ཀྱང་དམིགས་པས་གཟུགས་ཀྱི་རྣམ་ཤེས་ཞེས་བརྗོད་ན་ཡིད་ཤེས་དང་སྒོ་ལྔའི་རྣམ་ཤེས་ཀྱི་དབྱེ་བ་མི་ཤེས་ལ། མིག་ལ་སོགས་པའི་རྣམ་ཤེས་ཞེས་བརྗོད་ན་ཡིད་ཤེས་ལས་ཐ་དད་དུ་གྲུབ་པས་ཕྱི་མ་ཉིད་འཐད་དོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྔ་མ་མདོའི་དགོངས་པ་ཡིན་པ་དང༌། རྩ་བར། མིག་ལ་སོགས་གཟུགས་དང་བ་རྣམས། །ཞེས་ཁྱད་པར་སྦྱར་པས་ཡིད་ཤེས་ལས་ཐ་དད་དུ་གྲུབ་པའི་ཕྱིར་ཟེར་ན་དཔྱད། རྩ་བར། དེ་དག་རྣམས་ཀྱྀ་རྣམ་ཤེས་རྟེན། །མིག་ལ་སོགས་གཟུགས་དང་བ་རྣམས། །ཞེས་པ་ལྟར་ན་དེ་ལ་རྟེན་བཅས་ཀྱིས་ཁྱབ་པར་ཐལ་ལོ། །འདོད་མི་ནུས་ཏེ། མཆིམས་མཛོད་ལས། དེ་དག་ལ་རབ་ཏུ་དབྱེ་བ་ནི་རྟེན་བཅས་དང་དེ་མཚུངས་གཉིས་གཉིས་སུ་དབྱེའོ། །ཞེས་གསུངས་པ་དང༌། རྩ་བར། ཆོས་ཞེས་བྱ་བ་ནི། །རྟེན་པ་དང་བཅས་ལྷག་མ་ནི། །དེ་དང་མཚུངས་པ་དག་ཀྱང་ཡིན། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། རྟེན་བཅས་དེ་མཚུངས་ཀྱི་མཚན་གཞི་གང་ཡིན་རྣམས་ལ་དཔྱད་པར་བྱའོ། །མཆིམས་མཛོད་༣༨ལས། གྲིབ་མ་ནི། གང་ན་གཟུགས་རྣམས་སྣང་བ་སྟེ། རྣམ་བཤད་རིགས་པ་ལས་ཀྱང་གང་གིས་ཡུལ་ཉི་མ་དང་བར་དུ་ཆོད་པ་ན་གཟུགས་རྣམས་གསལ་བར་བྱེད་པའོ་ཞེས་བཤད་དོ། །ཞེས་པའི་གྲིབ་མ་ནི་གང་ལ་འཆར་སའི་ས་གཞི་དང་གང་གི་ལུས་ཀྱི་ཁ་དོག་གང་ཡིན་ལ་དཔྱད། དབྱིབས་གཟུགས་ཀྱི་སྐྱེ་མཆེད་ཀྱི་དབྱེ་བ་ཡིན་པར་ཐལ། རྩ་བར། གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དབྱིབས་ཀྱི་བྱེ་བྲག་ལ་བྱེད་དགོས་པའི་ཕྱིར་ཏེ། རྒྱལ་སྲས་མ་ལས། དབྱིབས་ཞེས་བྱ་བ་ནི་དབྱིབས་ཀྱི་བྱེ་བྲག་གོ །ཞེས་གསུངས་པའི་ཕྱིར་ཟེར་ན་འོ་ན་དབྱིབས་ཀྱི་བྱེ་བྲག་ཅིག་ལས་སྤྱིར་དབྱིབས་མིག་ཤེས་ཀྱིས་མ་རྟོགས་པར་ཐལ་ལོ་ཟེར་ན་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །མཆིམས་མཛོད་༣༨ལས། དམར་པོ་དང་འདུས་པའི་སྔོན་པོ་ཤས་ཆེ་བ་ལ་ནག་པོ་དང༌། ཞེས་པ་ལྟར་ནག་པོ་ཡན་ལག་གི་ཁ་དོག་ཡིན་མིན་དཔྱད། ཡང་གཟུགས་ཀྱི་སྐྱེ་མཆེད་དང་ཁ་དོག་གཉིས་སུ་ཡོད་ལ་དབྱིབས་སུ་མེད་པ་སོགས་མུ་བཞི་ཡོད་དེ། མུ་དང་པོ་ནི། རང་འགྲཻལ་ལས། གཟུགས་ཀྱི་སྐྱེ་མཆེད་དང་ཁ་དོག་ཏུ་ཡོད་ལ་དབྱིབས་སུ་མེད་པ་ཡང་ཡོད་དེ། སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་གྲིབ་མ་དང་ཉི་མ་དང་སྣང་བ་དང་མུན་པ་ཞེས་བྱའོ། །ཞེས་སོ། །མུ་གཉིས་པ་ནི། རང་འགྲཻལ་ལས། དབྱིབས་སུ་ཡོད་ལ་ཁ་དོག་ཏུ་མེད་པ་ཡང་ཡོད་དེ། རིང་པོ་ལ་སོགས་པའི་ཕྱོགས་ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་དོ། །ཞེས་དང༌། གང་སྤེལ་ལས། རིང་པོ་ལ་སོགས་པའི་ཕྱོགས་ཞེས་བྱ་བ་ནི། རིང་པོ་དང་ཐུང་ངུ་དང་ལྷམ་པ་དང་ཟླུམ་པོ་དང་མཐོན་པོ་དང་དམའ་བ་དང་ཕྱ་ལེ་བ་དང་ཕྱ་ལེ་བ་མ་ཡིན་པ་རྣམས་ཀྱི་ཕྱོགས་གཅིག་གོ །ཞེས་སོ། །རིང་པོ་ལ་སོགས་པའི་ཕྱོགས་ལུས་ཀྱི་རྣམ་པར་རིག་བྱེད་ཅེས་པའི་དོན་མཆིམས་མཛོད་༣༩ལས། ༼སེམས་ཀྱིས་ཀུན་ནས་བསླང་བའི་༽ལུས་ཀྱི་རིག་བྱེད་ཀྱི་ངོ་བོར་གྱུར་བ༼ལུས་ཀྱི་ལས༽རིང་པོ་ལ་སོགས་པ་བརྒྱད་དང༌། ཞེས་གསུངས་ལ། མཁས་པ་ཁ་ཅིག་གིས་ལུས་ཤེས་ཀྱིས་གཟུང་བྱ་ལ་བཤད་དོ། །མུ་གསུམ་པ་ནི། རང་འགྲེལ་ལས། གཉིས་ཀར་ཡོད་པ་ཡང་ཡོད་དེ། གཟུགས་ཀྱི་སྐྱེ་མཆེད་ལྷག་མའོ། །ཞེས་དང༌།རྒྱལ་སྲས་མ་ལས། གཟུགས་ཀྱི་སྐྱེ་མཆེད་ལྷག་མའོ་ཞེས་བྱ་བ་ནི། རིང་པོ་ལ་སོགས་པ་བསལ་བ་གང་ཡིན་པ་དང་སྤྲིན་དང་དུ་བ་དང་རྡུལ་དང་ཁུག་སྣ་དག་གོ །ཞེས་གསུངས་པའི་ཕྱིར། རིང་པོ་སོགས་མིག་ཤེས་དང་ལུས་ཤེས་གཉིས་ཀྱི་བཟུང་བྱ་ཡིན་མིན་དང༌། འོག་ཏུ་གནས་བཞི་བར་གནད་སྒྲོན་ལས། མདོ་སྡེ་བ་རྣམས་ན་རེ་དབྱིབས་ནི་རྫས་སུ་མེད་དེ། གལ་ཏེ་ཡོད་ན་ནི། གཉིས་གཟུང་འགྱུར། མིག་གིས་མཐོང་ན་ཡང་རིང་པོའོ་སྙམ་དུ་ཤེས་པར་འགྱུར་ལ། ལུས་ཀྱིས་རེག་ནའང་ཤེས་པར་འགྱུར་བས་གཟུགས་ཀྱི་སྐྱེ་མཆེད་ལ་ནི་གཉིས་ཀྱིས་འཛིན་པ་མེད་དོ། །གང་ཡང་ཐོགས་པ་དང་བཅས་པའི་གཟུགས་ཅུང་ཟད་ཡོད་པ་དེ་ནི་གདོན་མི་ཟ་བར་རྡུལ་ཕྲ་རབ་ལ་ཡོད་པ་ཡིན་ན། དེ་རྡུལ་ལ་མེད། རིང་པོ་ལ་སོགས་པའི་དབྱིབས་ནི་རྡུལ་ཕྲ་རབ་ལ་མེད་དོ། །ཞེས་གསུངས་པ་དག་ལ་དཔྱད། སེམས་ཅན་དུ་སྟོན་པའི་སྒྲ་ཡིན་ན་ངག་གི་རིག་བྱེད་ཀྱི་སྒྲ་ཡིན་དགོས་པར་ཐལ། རང་འགྲེལ་ལས།སེམས་ཅན་དུ་སྟོན་པ་ནི་ངག་གི་རྣམ་པ་རིག་བྱེད་ཀྱི་སྒྲའོ། །གཞན་ནི་སེམས་ཅན་དུ་སྟོན་པ་མ་ཡིན་པའོ། །ཞེས་དང༌། རྒྱལ་སྲས་མ་ལས། སེམས་ཅན་དང་སེམས་ཅན་མ་ཡིན་པར་སྟོན་པ་ཞེས་བྱ་བ་ནི། ངག་གི་རྣམ་པ་རིག་བྱེད་ཀྱི་སྒྲ་དང༌། དེ་ལས་མ་གཏོགས་པ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རང་འགྲེལ་ལས། སྒྲ་ཙམ་ཁོ་ན་ངག་མིན་གྱི་སྒྲ་གང་གི་དོན་གོ་བར་འགྱུར་བའི་སྒྲ་དེ་ངག་ཡིན་ནོ། །ཞེས་དང༌། མཆིམས་མཛོད་༤༠ལས། སེམས་ཅན་དུ་སྟོན་པ་མ་ཟིན་པའི་འབྱུང་བའི་རྒྱུ་ལས་བྱུང་བ་ནི་སུམ་ཅུ་རྩ་གསུམ་གྱི་ལྷའི་རྔ་ལས་ཚིགས་སུ་བཅད་པ་འབྱུང་བ་ལ་སོགས་པ་ལྟ་བུའོ། །འཕགས་པ་ཐོགས་མེད་ཀྱིས་ཟིན་པ་དང་མ་ཟིན་པ་གཉིས་ཀའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་རྔའི་སྒྲ་ལྟ་བུའོ། །ཞེས་གསུངས་པ་ནི་བྱེ་བྲག་ཏུ་སྨྲ་བས་མི་འདོད་དེ། འབྲས་བུའི་གཟུགས་གཅིག་འབྱུང་བ་བཞི་ཚན་གཉིས་ལ་བརྟེན་པར་མི་འདོད་པའི་ཕྱིར་རོ། །འོན་ཀྱང་རྔ་དང་ལག་པ་གཉིས་ཀ་ལས་འབྱུང་བ་ནི་དེ་དག་རྐྱེན་ཙམ་ཡིན་གྱི་རྟེན་ནི་མ་ཟིན་པའི་འབྱུང་བ་ཆེན་པོ་ཡིན་ནོ་ཞེས་བྱ་བ་འདི་འདོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་མཆིམས་མཛོད་༤༤ལས། འདུ་ཤེས་མེད་པ་པ་རྟེན་གཟུགས་ཁམས་པ་ཡིན་༼པས་རིག་བྱེད་མིན་པ་མེད་༽ཕྱིར་དང༌། ༼འདུ་ཤེས་མེད་པ་པ་༽མཉམ་བཞག་སེམས་བཅས་མ་ཡིན་པས་རིག་བྱེད་མ་ཡིན་པ་མི་སྲིད་པའི་ཕྱིར་དང༌། ཞེས་གསུངས་པ་ལ་གཟུགས་ཁམས་པ་ལ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཡོད་མེད་དཔྱད་པར་བྱའོ།། །།

རིག་མིན་གྱི་གཟུགས་ཀྱི་དོན་བཤད་པ།

རིག་མིན་གྱི་གཟུགས་ཀྱི་དོན་བཤད་པ་ལ།

རྩ་བར། གཡེངས་དང་སེམས་མེད་པ་ཡི་ཡང༌། །དགེ་དང་མི་དགེ་རྗེས་འབྲེལ་གང༌། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །ཅེས་སོགས་ཀྱི་སྐབས་ནས་བསྟན་པའི་རིག་མིན་གྱི་གཟུགས་ཀྱི་མཚན་ཉིད་ཀྱི་ཟུར་ལ་ཁྱད་པར་བཞི་ལྡན་གྱི་གཟུགས་དང་རིགས་འདྲ་ཞེས་བཤད་པ་མི་འཐད་པར་ཐལ། ཟག་མེད་ཀྱི་སྡོམ་པ་དེ། དེ་དང་རིགས་འདྲ་ཡིན་ན་ཟག་མེད་ཡིན་པར་རིགས་འདྲ་དགོས་ལ་མི་འདྲ་བའི་ཕྱིར། དེར་ཐལ། རྩ་བར། ཉོན་མོངས་ཅན་དང་རྣམ་སྨིན་སྐྱེས། །ལྷག་དང་དང་པོ་འཕགས་རིམ་བཞིན། །རྣམ་སྨིན་ཀུན་འགྲོ་དེ་གཉིས་དང༌། །སྐལ་མཉམ་མ་གཏོགས་ལྷག་ལས་སྐྱེས། །ཞེས་དང༌། གནད་སྒྲོན་ལས། ཆོས་ཉོན་མོངས་པ་རྣམས་ནི་རྣམ་པར་སྨིན་པའི་རྒྱུ་མ་གཏོགས་པ་ལྷག་མ་རྣམས་ལས་སྐྱེའོ། །རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་ནི་ཀུན་འགྲོའི་རྒྱུ་མ་གཏོགས་པ་ལྷག་མ་རྣམས་ལས་སོ། །ཆོས་ལྷག་མ་རྣམས་ནི་རྣམ་པར་སྨིན་པ་དང༌། ཀུན་ཏུ་འགྲོ་བའི་རྒྱུ་དག་མ་གཏོགས་པ་ལྷག་མ་རྣམས་ལས་སོ། །ཟག་པ་མེད་པའི་དང་པོ་རྣམས་ནི་དེ་དག་དང་སྐལ་བ་མཉམ་པའི་རྒྱུ་མ་གཏོགས་པ་ལྷག་མ་རྣམས་ལས་སྐྱེའོ། །ཞེས་གསུངས་སོ། །རིག་མིན་གྱི་གཟུགས་ཀྱི་ཁྱད་པར་གཡེངས་དང་སེམས་མེད་ཅེས་སྨོས་པས་ལུས་ལ་སོགས་པའི་རིག་བྱེད་སེལ་བར་ཐལ། མཆིམས་མཛོད་༤༤ལས། འདིར་རྒྱུན་རྗེས་སུ་འབྲེལ་བ་ནི་ཐོབ་ནས་མ་བཏང་གི་བར་དུའོ། །དེ་ལ་གཡེངས་པ་དང་སེམས་མེད་པའི་ཚེ་རྒྱུན་འབྲེལ་པས་ནི་ལུས་ལ་སོགས་པའི་རིག་བྱེད་སེལ་ཞིང༌། ཞེས་གསུངས་པའི་ཕྱིར། འདོད་ན། རིག་མིན་གྱི་གཟུགས་ཡིན་ན་གཡེངས་བ་དང་སེམས་མེད་ཀྱི་སྐབས་སུ་ཡོད་པས་ཁྱབ་པར་ཐལ། འདོད་པའི་ཕྱིར།འདོད་མི་ནུས་ཏེ། བསམ་གཏན་གྱི་སྡོམ་པ་དང་ཟག་མེད་ཀྱི་སྡོམ་པ་གཉིས་སེམས་མེད་སོགས་ན་མེད་པའི་ཕྱིར་ཏེ། རྩ་བར། ཐ་མ་གཉིས་ནི་སེམས་རྗེས་འབྲང༌། །ཞེས་གསུངས་པའི་ཕྱིར། གཞན་ཡང་གཡེངས་དང་སེམས་མེད་ཅེས་པས་ལུས་ཀྱི་རིག་བྱེད་སེལ་བ་མ་ཡིན་པར་ཐལ། དེས་ངག་གི་རིག་བྱེད་སེལ་ཞིང་རྗེས་འབྲེལ་གང་ཞེས་པས་ལུས་ཀྱི་རིག་བྱེད་སེལ་བའི་ཕྱིར་ཏེ། གང་སྤེལ་ལས། གཡེང་དང་སེམས་མེད་པའི་ཡང་ཞེས་བྱ་བ་ནི་ངག་གི་རྣམ་པར་རིག་བྱེད་ལས་ཁྱད་པར་དུ་བྱེད་པ་སྟེ། ངག་གི་རྣམ་པར་རིག་བྱེད་ནི་སེམས་མེད་པ་དང་གཞན་གྱི་སེམས་དང་ལྡན་པ་ལ་མི་འབྱུང་སྟེ་རྒྱུན་ཆད་པའི་ཕྱིར། ཞེས་དང༌། གང་སྤེལ་ལས། རྗེས་འབྲེལ་གང་ཞེས་བྱ་བ་ནི་ལུས་ཀྱི་རྣམ་པ་རིག་བྱེད་ལས་ཁྱད་པར་དུ་བྱེད་པའོ། །ཞེས་དང༌། རྒྱལ་སྲས་མ་ལས། རྗེས་འབྲེལ་གང་ཞེས་བྱ་ཆོས་གང་ཞིག་རྟག་ཏུ་རྒྱུན་དང་ལྡན་པ་ཞེས་པའི་ཐ་ཚིག་སྟེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མཆིམས་མཛོད་༤༤ལས། དགེ་མི་དགེ་ཉིད་དུ་ངེས་པས་ནི་མིག་ལ་སོགས་པ་སེལ་ལ། ཞེས་པ་ལ་དམ་བཅའ་བའི་རྒྱུད་ཀྱི་རིག་མིན་གྱི་གཟུགས་ཆོས་ཅན། དགེ་མི་དགེ་གང་རུང་ཡིན་པར་ཐལ། རིག་མིན་གྱི་གཟུགས་ཡིན་པའི་ཕྱིར་ཟེར་ན་དཔྱད། མཆིམས་མཛོད་༤༤ལས།འབྱུང་བ་ཆེན་པོ་དག་རྒྱུར་བྱས་པས་ནི་ཐོབ་པའི་རྒྱུན་བསལ་ནས་གཟུགས་ཉིད་དུ་ཤེས་པར་བྱེད་དོ། །ཞེས་པ་ལ། རིག་མིན་གྱི་གཟུགས་ལུས་ཀྱི་ཕྱོགས་གང་ན་ཡོད་པ་དང་དེའི་རྒྱུར་གྱུར་བའི་འབྱུང་བ་གང་འཇོག་དཔྱད། སློབ་དཔོན་འདུས་བཟང་གིས་དབྱིག་གཉེན་གྱིས་རིག་མིན་གྱི་མཚན་ཉིད་བཞག་པ་ལ་སྐྱོན་དུ་མ་བརྗོད་དེ། མཆིམས་མཛོད་༤༥ལས།དོན་འདི་ལ་སློབ་དཔོན་དགེ་འདུན་བཟང་བོ་ནི། འདི་ལ་མ་ཚང་བསྟན་བཅོས་འགལ། །ཉམས་དང་དེ་མིན་དེ་ཉིད་ཐལ། །ཡང་སྒྲ་ལྷག་བརྗོད་ཁྱད་པར་དུ། །བྱ་བ་ཁྱད་པར་མ་བྱས་སོ། །ཞེས་སུན་འབྱིན་པར་བྱེད་དེ། འདི་ལྟར་རྒྱུན་དུ་འབྲེལ་བ་ཡིན་ན་རིག་བྱེད་མ་ཡིན་པའི་སྐད་ཅིག་དང་པོ་རྒྱུན་མ་ཡིན་པའི་ཕྱིར་དེ་ལ་མཚན་ཉིད་མ་ཚང་བ་དང༌། རྒྱུན་རྫས་སུུ་མེད་པའི་ཕྱིར་དེ་རྫས་སུ་མ་གྲུབ་པར་འགྱུར་ན་བསྟན་བཅོས་ལས་རྫས་སུ་བཤད་པ་དང་འགལ་བ་དང༌། གཡེངས་བ་དང་སེམས་མེད་པའི་རྗེས་སུ་འབྲེལ་བ་དགོས་ན་ཏིང་ངེ་འཛིན་ལས་བྱུང་བའི་རིག་བྱེད་མ་ཡིན་པ་༼ལ་མེད་པས་དེ་༽དེར་མི་འགྱུར་བས་ཉམས་པ་དང༌། མ་གཡེངས་བ་དང་སེམས་དང་བཅས་པའི་ཚེ་འབྲེལ་༼པར་ཡོད་༽པས་ཉེས་པ་མེད་དོ་ཞེས་འདོད་ན་༼དགེ་མི་དགེ་བའི་༽རིག་བྱེད་ཀྱང་རིག་བྱེད་མ་ཡིན་པར་ཐལ་བས་ན་དེ་མིན་པས་དེ་ཉིད་དུ་ཐལ་བ་དང༌། སེམས་གཡེང་པ་ན་འབྲེལ་བར་བསྟན་པས་སེམས་དང་བཅས་པའི་ཚེ་འབྲེལ་བར་གོ་བའི་ཕྱིར། ༼རང་འགྲེལ་གྱི་༽ཡང་གི་སྒྲ་ལྷག་པ་བརྗོད་པ་དང༌། ༼སེམས་མེད་ལ་ཡོད་པས་ནི་དགེ་བའི་རིག་བྱེད་མིན་པ་ཁྱད་པར་དུ་བསྟན་དགོས་ཏེ་མི་དགེ་བ་མ་སྤངས་ན་སྙོམས་འཇུག་གཉིས་མི་འབྱུང་བས་༽བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་ཞེས་བྱ་བའི་ཁྱད་པར་མ་བསྟན་པའི་ཕྱིར་ཐུན་མོང་མ་ཡིན་པའི་བྱ་བ་ཁྱད་པར་དུ་མ་བྱས་སོ་ཞེས་བརྗོད་ནས། ༼སློབ་དཔོན་རྒྱལ་བོའི་སྲས་ཀྱིས་སྐད་ཅིག་མ་དང་བོ་རྒྱུན་མིན་ན་ཕྱི་མའང་མིན་པས་རྒྱུན་མི་སྲིད་པར་ཐལ་བ་དང༌། རྒྱུན་རྗེས་སུ་འབྲེལ་བར་འབྱུང་བ་རྫས་སུ་གྲུབ་པ་བསྟན་བཅོས་དང་མི་འགལ་བ་དང༌། མ་གཡེངས་སེམས་བཅས་ཀྱི་རྗེས་སུ་བྱེད་པས་མཉམ་བཞག་ལ་ཁྱབ་པ་དང༌། རིག་བྱེད་ལ་ནི་ལུང་མ་བསྟན་ཡོད་པས་ཁོ་རང་དགེ་མི་དགེ་ཁོ་ནར་ངེས་པས་ཁྱབ་ཆེས་པ་མེད་ལ། ཁམས་གཟུགས་ཅན་བཅུ་ཁོ་ན་ཐོགས་བཅས་སུ་བཤད་པས་ཁོ་ཐོགས་མེད་དུ་གྲུབ་པས་བྱ་བས་ཁྱད་པར་དུ་བྱས་སོ་ཞེས་འཆད་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར་རོ། །བྱེ་སྨྲའི་ལུགས་ལ་རྒྱུན་རྫས་སུ་མ་གྲུབ་ན་གཞི་གྲུབ་ན་རྫས་གྲུབ་ཡིན་པས་ཁྱབ་པ་ཁས་བླངས་པ་དང་འགལ་ལ། རྫས་སུ་གྲུབ་ན་བསྟན་བཅོས་དང་འགལ་བའི་སྐྱོན་བརྗོད་ཚུལ་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་༣༣ལས། ལྡན་མིན་འདུ་བྱེད་ཀྱིས་བསྡུས་པ་རྣམས་ཀྱང་གཟུགས་དང་སེམས་དང་སེམས་ལས་བྱུང་བ་རྣམས་ལས་ཐ་དད་རྫས་སུ་གྲུབ་པར་འདོད་ཅིང༌། འདུས་མ་བྱས་ཀྱིས་བསྡུས་པ་ཡང༌། རྒྱུ་རྐྱེན་གྱིས་མ་བསྐྱེད་པ་རྟག་པའི་རྫས་སུ་གྲུབ་པར་འདོད་ལ་གཟུགས་ལ་སོགས་པར་ལྔ་བོ་ཐམས་ཅད་སོ་སོར་རྫས་སུ་གྲུབ་པར་འདོད་ཅིང༌། ཕུང་བོའི་ཆ་ནི་འགའ་ཞིག་བཏགས་ཡོད་དུ་ཡང་འདོད་དོ། །ཞེས་གསུངས་སོ། །སྐད་ཅིག་གཉིས་པ་ནས་སྡོམ་པ་གཏོང་ངེས་ཀྱི་རིག་མིན་གྱི་གཟུགས་ལ་རྒྱུན་མཆོག་རྗེས་སུ་འབྲེལ་བའི་ཁྱད་པར་ཚང་ཚུལ་ལ་དཔྱད།ཡང་འདུན་བཟང་དང་ཁ་ཆེ་བྱེ་སྨྲ་གཉིས་ཀའི་ལུགས་ལ་སྐྱོན་ཡོད་མེད་ནི། མཆིམས་མཛོད་༤༦ལས། སློབ་དཔོན་འདུན་བཟང་༽རང་གི་ལུགས་ཀྱི། བྱས་པ་དང་ཡང་མི་འདྲ་བའི། །སེམས་པའང་སེམས་མེད་པ་ལ་གང༌། །ལུང་བསྟན་ཐོགས་པ་མེད་པའི་གཟུགས། །དེ་ནི་རྣམ་རིག་བྱེད་མིན་འདོད་ཅེས་དེའི་མཚན་ཉིད་འཇོག་པར་བྱེད་དོ། །ལུགས་གཉིས་ཀ་ལྟར་ནའང་མ་གཡེངས་སེམས་བཅས་ཀྱི་རྗེས་སུ་བྱེད་པས་དེར་འདོད་ན་རིག་བྱེད་ཀྱང་དེར་ཐལ་བ་དང༌། སེམས་མེད་ཀྱིའང་རྗེས་སུ་བྱེད་པས་དེར་འདོད་ན་ཏིང་ངེ་འཛིན་ལས་སྐྱེས་པའི་སྡོམ་པ་གཉིས་དེ་མ་ཡིན་པར་ཐལ་བའི་ཉེས་པ་སོ་ན་གནས་སོ། །དེས་ན་ཐོགས་པ་མེད་པའི་གཟུགས་ཞེས་བརྗོད་ན་སྐྱོན་མེད་དོ། །ཞེས་གསུངས་པས་དཔྱད་པར་བྱའོ། །དེ་ལས།ཐོགས་པ་མེད་པའི་གཟུགས་ཞེས་བརྗོད་ན་སྐྱོན་མེད། །ཅེས་པ་ནི་གྲུབ་མཐའ་བྱེ་བྲག་སྨྲ་བའི་ལུགས་ལྟར་རྩ་བའི་ཚིག་ཟིན་དུ་བཞག་ཟིན་གོང་མའི་ལུགས་ལ་རིག་མིན་གྱི་གཟུགས་གཟུགས་མཚན་ཉིད་པ་མི་བཞེད་པའི་ཕྱིར་ན་གྲུབ་མཐའ་སུའི་ལུགས་ཡིན་པར་དཔྱད་དོ། །རིག་མིན་གྱི་གཟུགས་སྒྲུབ་བྱེད་གནས་བཞི་བའི་དབུར་འཆད་པར་འགྱུར་རོ། །ཇོ་ནང་རང་ལུགས་ལ་སྔོན་མེད་ལེགས་བཤད་ལས། རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་ཞེས་པ་ནི། སྡོམ་པ་དང་སྡོམ་མིན་དང༌། དགེ་བའི་བརྟུལ་ཞུགས་ཙམ་པོ་རྣམས་ལ་ཟེར་ཏེ། འདི་མིང་གི་སྒོ་ནས་གཟུགས་ཕུང་དུ་བསྡུ་ཡང་གཟུགས་སེམས་གཉིས་འདུས་ཀྱི་གནས་སྐབས་ལ་བཏགས་པ་ཙམ་ཡིན་པས་དངོས་པོ་བཏགས་པ་བའི་ནང་ཚན་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཐོགས་མེད་ཀྱི་གཟུགས་ཡིན་ན་རྣམ་རིག་མ་ཡིན་པས་གཟུགས་ཡིན་པས་ཁྱབ་ན་རྡུལ་ཕྲ་རབ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། གཟུགས་ཅན་བཅུ་བོ་གང་ཡང་མ་ཡིན་པའི་ཕྱིར། ཁྱབ་སྟེ། མཆིམས་མཛོད་༤༦ལས། ཁམས་གཟུགས་ཅན་བཅུ་ཁོ་ན་ཐོགས་བཅས་སུ་བཤད་པས་ཁོ་ཐོགས་མེད་དུ་གྲུབ་པས་བྱ་བས་ཁྱད་པར་དུ་བྱས་སོ་ཞེས་འཆད་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་མཆིམས་མཛོད་༤༦་ལས། དེ་དག་ལས་འབྲས་བུའི་གཟུགས་རྣམས་འབྱུང་བའི་ཕྱིར་དང༌། སེམས་ཅན་གྱི་ལས་ཀྱི་དབང་གིས་ཐོག་མ་མེད་པའི་འཁོར་བ་ནས་ནམ་ཡང་མ་བྱུང་མ་མྱོང་བས་ན་འབྱུང་བའོ། །ཞེས་པའི་ཚིག་དོན་ལ་དཔྱད། མཆིམས་མཛོད་༤༧ལས། འདིར་བྱེ་བྲག་སྨྲ་བ་༼འབྱུང་བ་རེ་རེ་ལའང་གཞན་གསུམ་གསུམ་གྱི་ལས་དམིགས་ཤིང་ལས་ནི་ངོ་བོ་ལ་མ་འཁྲུལ་བས།༽འབྱུང་བ་གཅིག་གི་ཚོགས་པ་ནའང་བཞི་ག་ཡོད་པ་ཉིད་དུ་འདོད་ལ། ཞེས་གསུངས་པ་ལ་ཆུ་ཕོར་བ་གང་གི་གོ་སར་མེ་ཕོར་བ་གང་ཡོད་མེད་གང་ཡིན་སོགས་འོག་ཏུ་གནས་གཉིས་པའི་སྐབས་སུ་དཔྱད་པར་འགྱུར་རོ། །མཆིམས་མཛོད༤༧ལས། ས་ལ་སོགས་པའི་མཚན་ཉིད་གང་ཞེ་ན། སྲ་ཞིང་འཐས་པ་དང༌། རླན་ཞིང་གཤེར་བ་དང༌། དྲོ་བ་ཉིད་དང༌། ཡང་ཞིང་གཡོ་བ་རྣམས་ཏེ་གོ་རིམ་བཞིན་ནོ། །ཞེས་གསུངས་པ་ལ། འོ་ན་རྡོ་ཆོས་ཅན། ས་ཡིན་པར་ཐལ། སྲ་ཞིང་འཐས་པ་ཡིན་པའི་ཕྱིར་སོགས་སྤྲོ། ཆུ་ཚ་བོ་ཆོས་ཅན། མེ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར་སོགས་སྤྲོ། མེ་དམར་འབར་བ་ཆོས་ཅན། རླུང་ཡིན་པར་ཐལ། ཡང་ཞིང་གཡོ་བ་ཡིན་པའི་ཕྱིར་ཞེས་སོགས་སྤྲོ། ཡང་བ་ཡིན་ན་འབྱུང་འགྱུར་ཡིན་དགོས་པར་ཐལ། ཡང་བ་འབྱུང་འགྱུར་ཡིན་པའི་ཕྱིར་སོགས་སྤྲོ་བར་བྱའོ།། །།

གཟུགས་སེམས་ལས་གཞན་པའི་ཕུང་སོགས་བཤད་པའི་སྐབས་ཀྱི་དོགས་གཅོད།

གཟུགས་སེམས་ལས་གཞན་པའི་ཕུང་སོགས་བཤད་པའི་སྐབས་ཀྱི་དོགས་གཅོད་ནི།

རྩ་བར། ཚོར་བ་མྱོང་བའོ། །ཞེས་པའི་སྐབས་སུ་མཆིམས་མཛོད་༤༨ལས། གལ་ཏེ་སེམས་དང་སེམས་བྱུང་གཞན་ལ་མྱོང་བ་ཡོད་ན་དེ་དག་ཀྱང་ཚོར་བར་འགྱུར་ལ། མེད་ན་རིག་པ་ཙམ་དུ་མི་འགྱུར་རོ་ཞེ་ན། རང་སྟོབས་ཀྱིས་མྱོང་བའི་བདག་ཉིད་མ་ཡིན་ཡང་གཞན་སྟོབས་ཀྱིས་མྱོང་བ་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེས་ལན་འདེབས་པར་བྱེད་དོ། །ཞེས་དང༌། ༥༡དོན་གྱི་རང་གི་ངོ་བོ་རང་སྟོབས་ཀྱིས་མཐོང་བ་ནི་སེམས་དང༌། ཁྱད་པར་རང་སྟོབས་ཀྱིས་མཐོང་བ་ནི་སེམས་ལས་བྱུང་བ་ཡིན་ནོ། །ཞེས་པ་ནས། དེས་ན་རང་སྟོབས་ཀྱིས་དོན་གྱི་ངོ་བོ་འཛིན་པ་ན་རང་སྟོབས་ཀྱིས་ཁྱད་པར་མི་སྣང་ཡང་གཞན་སྟོབས་ཀྱིས་སྣང་བའི་ཕྱིར་སྐྱོན་གཉིས་ཀ་ལས་གྲོལ་ལོ། །ཞེས་དང༌། དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེའི་ཁྱད་པར་སེམས་ལས་བྱུང༌། །ཞེས་དང༌། གཏན་ཚིགས་བསྡུས་དོན་ལས། སེམས་སེམས་བྱུང་གི་མཚན་ཉིད་ནི་རིམ་པ་ལྟར། དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་ཅིང་དོན་གྱི་ཁྱད་པར་གཞན་སྟོབས་ཀྱིས་རིག་པའི་བློ་དང༌། དོན་གྱི་ཁྱད་པར་རང་སྟོབས་ཀྱིས་རིག་ཅིང་དོན་གྱི་ངོ་བོ་གཞན་སྟོབས་ཀྱིས་རིག་པའི་བློ་ཞེས་པའོ། །ཞེས་དང༌། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། རང་སྟོབས་ཀྱིས་ཡུལ་གྱི་ངོ་བོ་རྣམ་པར་རིག་ཅིང་ཤེས་པར་བྱེད་པས་རྣམ་པར་ཤེས་པའི་ཕུང་པོའོ། །ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་དེ་གཉིས་ཀྱི་ཁྱད་པར་སོ་སོར་རང་སྟོབས་ཀྱིས་དོན་གྱི་ངོ་བོ་དང་ཁྱད་པར་འཛིན་པས་ཁྱད་འབྱེད་པ་མི་རིགས་ཏེ། མཆིམས་མཛོད་༡༣༢ལས། ཁ་ཅིག་ནི་དོན་གྱི་ཁྱད་པར་རང་སྟོབས་ཀྱིས་འཛིན་པ་སྟེ། གཞན་སེམས་ཀྱི་སྟོབས་ཀྱིས་ངོ་བོའང་འཛིན་པའི་ཕྱིར་དང༌། དེ་བཞིན་དུ་སེམས་ཀྱང་རང་སྟོབས་ཀྱིས་ངོ་བོ་འཛིན་ལ། སེམས་བྱུང་གི་སྟོབས་ཀྱིས་ཁྱད་པར་ཡང་འཛིན་པའི་ཕྱིར་ཞེས་འདོད་དོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་༧༩ལས། གསུམ་པ་རང་སྟོབས་གཞན་སྟོབས་ཀྱིས་འབྱེད་པ་ནི། འགའ་ཞིག་སེམས་སེམས་བྱུང་གཉིས་ཀས་ངོ་བོ་དང་ཁྱད་པར་གཉིས་ཀ་འཛིན་མོད་ཀྱི། སེམས་ཀྱིས་དོན་གྱི་ངོ་བོ་འཛིན་པ་ནི་རང་སྟོབས་ཀྱིས་ཡིན་ལ། ཁྱད་པར་འཛིན་པ་ནི་གཞན་སེམས་བྱུང་དང་གྲོགས་སྟོབས་ཀྱིས་ཡིན་ཞིང༌། སེམས་བྱུང་གིས་ཁྱད་པར་འཛིན་པ་ནི་རང་སྟོབས་ཀྱིས་ཡིན་ལ།ངོ་བོ་འཛིན་པ་ནི་གཞན་སེམས་དང་གྲོགས་སྟོབས་ཀྱིས་ཡིན་ཏེ། དེ་དག་གི་རང་སྟོབས་ནི་མེའི་ཚ་བ་ལྟར་རང་རྒྱུ་ལས་དེའི་ངོ་བོ་ཉིད་དུ་སྐྱེས་པ་ཆོས་ཉིད་ཡིན་ཞིང༌། གཞན་སྟོབས་ནི་ཆུའི་ཚ་བ་ལྟར་གྲོགས་ཀྱི་དབང་གིས་སྐྱེས་པའོ། །དེས་ན་རང་སྟོབས་ཀྱིས་རང་རང་གི་ཡུལ་འཛིན་པའི་ཆ་ནས་མི་མཚུངས་པའི་ཁྱད་པར་རྣམ་པར་བཞག་ལ། གཞན་སྟོབས་ཀྱིས་༼སེམས་སེམས་བྱུང་གཉི་གས་ངོ་བོ་ཁྱད་པར་༽གཉིས་ཀའི་རྣམ་པ་འཛིན་པའི་ཆ་ནས་རྣམ་པ་མཚུངས་པའང་ཉམས་པ་མེད་དོ་ཞེས་གསུང་ངོ༌། །དེའང་མཐའ་གཅིག་ཏུ་ངེས་པ་མེད་དེ་ཡིད་ཤེས་ཀྱིས་༼མིག་ཤེས་དང་འགྲོགས་ནས་༽གཟུགས་འཛིན་ལྟ་བུ་སེམས་ཀྱིས་དོན་གྱི་ངོ་བོ་འཛིན་པ་དང༌། འདུ་ཤེས་ཀྱིས་དད་པ༼འི་དང་འགྲོགས་ནས་ཏེ།༽ ཡུལ་འཛིན་པ་ལྟ་བུ་སེམས་བྱུང་གི་དོན་གྱི་ཁྱད་པར་འཛིན་པ་ཡང༌། གཞན་དང་འགྲོགས་སྟོབས་ཀྱིས་འཛིན་པས་ན་གཞན་སྟོབས་སུ་ཐལ་བའི་ཕྱིར་དང༌། སེམས་ཀྱིས་ཀུན་འགྲོ་ལྔའི་ཡུལ་འཛིན་པའང་རང་རྒྱུད་ལས་དེའི་ངོ་བོ་ཉིད་དུ་སྐྱེས་པ་ན་རང་སྟོབས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཤེས་རིག་གཞན་དང་འགྲོགས་ནས་ཡུལ་འཛིན་པས་གཞན་སྟོབས་སུ་འཇོག་ན་སེམས་ཀྱིས་དོན་གྱི་ངོ་བོ་འཛིན་པ་ཐམས་ཅད་གཞན་སྟོབས་སུ་ཐལ་བར་འགྱུར་ཏེ། སེམས་ལས་བྱུང་བ་མེད་པར་ནི། །སེམས་ནི་ནམ་ཡང་མི་འབྱུང་སྟེ། །ཉི་མ་དང་ནི་འོད་ཟེར་བཞིན། །དེ་རྣམས་ཉིད་དང་ལྷན་ཅིག་བྱུང༌། །ཞེས་པ་ལྟར་སེམས་བྱུང་དང་འགྲོགས་པའི་སྟོབས་ཀྱིས་ངེས་པར་འཛིན་པའི་ཕྱིར་རོ། །བཞི་པ་གྲུབ་མཐའ་ཐ་དད་ཀྱིས་འབྱེད་པ་ནི། ཁ་ཅིག་སེམས་དང་སེམས་བྱུང་རྣམ་པ་མི་མཚུངས་པར་བཤད་པ་སེམས་ཙམ་པའི་ལུགས་ཡིན་ལ། མཚུངས་པར་བཤད་པ་བྱེ་བྲག་ཏུ་སྨྲ་བའི་ལུགས་ཡིན་པས་སྐྱོན་མེད་དོ་ཞེས་གསུངས་པའང་མི་འཐད་དེ། དེ་ལ་བཟློག་ན༼ས་སྨྲས་ན་རིགས་པ་༽མཚུངས་པའི་ཕྱིར་དང༌། གཉིས་ཀའང་རྣལ་འབྱོར་སྤྱོད་པའི་གཞུང་དུ་གྲགས་པའི་ཕྱིར་རོ། །ལྔ་པ་སྣང་རྟོགས་ཐ་དད་ཀྱིས་འབྱེད་པ་ནི། ཁ་ཅིག་སེམས་སེམས་བྱུང་གཉི་ག་ལ་ངོ་བོ་དང་ཁྱད་པར་གཉིས་ཀ་སྣང་བས་རྣམ་པ་མཚུངས་པར་འཇོག་ཅིང༌། སེམས་ཀྱིས་ངོ་བོ་ཁོ་ན་རྟོགས་ཤིང་སེམས་བྱུང་གིས་ཁྱད་པར་ཁོ་ན་རྟོགས་ཀྱི། ཕན་ཚུན་གཅིག་གིས་གཅིག་གི་ཡུལ་མི་རྟོགས་པས་མི་མཚུངས་པར་ཡང་འཇོག་གོ །ཞེས་གསུངས་པའང་མི་རིགས་ཏེ། རྣམ་པ་ནི་ཤེས་པའི་འཛིན་སྟངས་ཡིན་པས་གཅིག་གིས་གཅིག་གི་ཡུལ་མ་རྟོགས་ན་དེ་གཉིས་རྣམ་པ་མཚུངས་པར་འགལ་བའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། སེམས་དང་སེམས་བྱུང་གཉིས་ཀས་གཟུགས་ལ་སོགས་པའི་རྣམ་པ་མཐུན་པར་འཛིན་པས་རྣམ་པ་མཚུངས་པར་བཞག་ཅིང༌། གཟུགས་སོགས་ཀྱི་ངོ་བོའི་རྣམ་པ་དང་ཁྱད་པར་གྱི་རྣམ་པ་མི་འདྲ་བར་འཛིན་པས། མི་མཚུངས་པའི་ཁྱད་པར་ཡང་རྣམ་པར་འཇོག་སྟེ། དཔེར་ན་མིག་ཤེས་ཀྱིས་གཟུགས་ཀྱི་ངོ་བོ་རྣམ་པ་འཛིན་པ་ན། དེའི་འཁོར་རེག་པས་གཟུགས་ཀྱི་ཁྱད་པར་སྡུག་མི་སྡུག་ལ་སོགས་པའི་རྣམ་པ་འཛིན་ཞིང༌། ཚོར་བས་ཕན་གནོད་ལ་སོགས་པའི་རྣམ་པ་འཛིན་ལ། འདུ་ཤེས་ཀྱིས་ཐ་སྙད་སྣ་ཚོགས་སུ་གདགས་པར་བྱ་བའི་མཚན་མའི་རྣམ་པ་འཛིན་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། བྱེ་བྲག་སྨྲ་བའི་ལུགས་ལ་སེམས་སེམས་བྱུང་ཕན་ཚུན་མཚུངས་ལྡན་གྱི་རྒྱུ་འབྲས་ཡིན་པས་རང་སྟོབས་ཀྱིས་དོན་གྱི་ངོ་བོ་འཛིན་པ་སོགས་མི་འཐད་པའི་ཕྱིར་ཟེར་ན་དེ་རྣམས་དཔྱད། ཚོར་བས་བདེ་སྡུག་བཏང་སྙོམས་ཅི་རིགས་མྱོང་དགོས་ན་སངས་འཕགས་ཀྱིས་རིགས་དྲུག་གི་སྡུག་བསྔལ་མྱོང་བར་ཐལ་ལོ། །ཞེ་ན་ལན་ཇི་ལྟར་འདེབས་པ་དང༌། ལྕེ་ཤེས་ཀྱིས་མྱོང་ཞེས་པ་དང༌། སྔོ་འཛིན་མིག་ཤེས་ཀྱིས་མྱོང་ཞེས་པ་དང༌། རང་མྱོང་གཞན་མྱོང་ཞེས་པ་སོགས་མྱོང་བའི་ཐ་སྙད་སྦྱར་བ་དུ་མ་ཡོད་པས་དེ་དག་སོ་སོའི་དོན་དང༌། མི་སྐྱེ་བའི་ཆོས་ཅན་གྱི་ཚོར་བ་ལ་ཚོར་བའི་མཚན་ཉིད་ཚང་མ་ཚང་དང་དེས་ཡུལ་མྱོང་མ་མྱོང་སོགས་ལ་དཔྱད་དོ། །འདུ་བྱེད་ཀྱི་ཕུང་པོའི་མཚན་ཉིད། གཟུགས་སོགས་ཕུང་པོ་བཞི་ལས་གཞན་པའི་འདུས་བྱས་དེ་ཡིན་ཏེ། རྩ་བར། འདུ་བྱེད་ཕུང་པོ་བཞི་ལས་གཞན། །ཞེས་དང༌། མཆིམས་མཛོད་༤༩ལས། འདུ༷་བྱེ༷ད་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་རྣམ་ཤེས་ཀྱི་ཕུ༷ང་པོ༷་བཞི༷་ལ༷ས་གཞ༷ན་པའི་འདུས་བྱས་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། འདུ་བྱེད་ཀྱི་ཕུང་པོ་རྟོགས་ན་ཕུང་པོ་ལྔ་རྟོགས་པས་ཁྱབ་པ་ཡོད་མེད་དང༌། འདུ་བྱེད་ཀྱི་ཕུང་པོ་མ་ཡིན་པའི་ཚོར་བ་ཡོད། དེ་ཡོད་ན་དེ་མ་ཡིན་པའི་འདུ་བྱེད་ཀྱི་ཕུང་པོ་དགོས་སམ་ཅི། དགོས་ན་འདུ་བྱེད་ཀྱི་ཕུང་པོ་དེ་འདུ་བྱེད་ཀྱི་ཕུང་པོ་མ་ཡིན་པའི་ཚོར་སོགས་བཞི་ལས་གཞན་པའི་འདུ་བྱེད་ཀྱི་ཕུང་པོ་ཡིན་མིན་ཅི། དཔེར་ན་སངས་རྒྱས་ཀྱི་རྒྱུད་ཀྱི་སྒྲིབ་གཉིས་སྤངས་པའི་འགོག་བདེན་ཞེས་པའི་སྐབས་སུ་དེའི་རྒྱུད་ཀྱི་སྒྲིབ་གཉིས་བཞག་ནས་དེ་སྤངས་པ་ལ་ཁས་ལེན་འགྲོའམ་སྤྱིར་སྒྲིབ་གཉིས་སྤངས་པའི་འགོག་བདེན་དེའི་རྒྱུད་ལ་ཡོད་པར་ཁས་ལེན་འགྲོ་བ་ཡིན་ནམ་དཔྱད། མཆིམས་མཛོད་༥༢ལས། རྣ༷མ་པར་ཤེ༷ས་པའི་མཚན་ཉིད་ནི། ཡུལ་གྱི་ངོ་བོ་རང་སྟོབས་ཀྱིས་སོ༷་སོ༷ར་རྣ༷མ་པར་རི༷ག་པ༷འོ། །ཞེས་གསུངས་པ་ལ་སྔོ་འཛིན་མིག་ཤེས་ཀྱིས་ཡུལ་སོ་སོར་རིག་ན་ཡུལ་གཉིས་ཡོད་དགོས་པ་ཡིན་མིན་དང༌། ཡུལ་གྱི་ངོ་བོ་ཞེས་པ་རང་ཡུལ་དུ་གྱུར་བའི་དོན་གྱི་ངོ་བོ་ཞེས་ཟེར་དགོས་སམ་དང༌། མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཡུལ་སོ་སོར་རིག་པ་མིན་ནམ་དཔྱད། ཀུན་བཏུས་ལྟར་ན་མིག་དང་མིག་གི་ཁམས་གཉིས་ལ་མུ་བཞི་ཡོད་པའི་ཁམས་དང་ཁམས་བཅོ་བརྒྱད་ཀྱི་ཁམས་གཉིས་མི་འདྲ་བ་ཡིན་མིན་དང༌། བྱེ་སྨྲ་རང་གི་ལུགས་ལ་ཁམས་ཀྱི་དོན་རིགས་འཛིན་པ་ལ་བྱེད་ན་སྒྲ་སོགས་གཟུགས་ཁམས་ཡིན་པར་འགྱུར་ལ་ཁམས་བཅོ་བརྒྱད་ཀྱི་གཟུགས་ཁམས་ནི་གཟུགས་ཀྱི་སྐྱེ་མཆེད་ལ་བྱེད་དགོས་པས་དཔྱད། ཡིད་ཁམས་ཡིན་ན་འདས་པ་ཡིན་དགོས་པར་ཐལ། རྩ་བར། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། མཆིམས་མཛོད༥༤ལས། ཡིད་འདས་མ་ཐག་པས་ད་ལྟ་བ་དང་སེམས་བྱུང་བསལ་ལོ། །ཡིད་ད་ལྟ་བ་ནི་བརྟན་པ་ཡིན་ཡང་དེ་ཉིད་དུས་གཞན་ན་ཁམས་ཏེ་བུ་དེ་ཉིད་གཞན་གྱི་ཕར་འགྱུར་བ་ལྟ་བུའོ། །རྣམ་ཤེས་ལྔ་ནི་རང་རང་གི་རིགས་འདྲ་ཕྱི་མ་བསྐྱེད་པས་ཁམས་སོ་སོ་ཡིན་ལ། རྒྱུན་འགག་པའི་རྗེས་སུ་རང་རང་གི་ཡུལ་ལ་འཇུག་པའི་ཡིད་སྐྱེད་པས་ཡིད་ཀྱི་ཁམས་སུ་འཇོག་གོ །ཞེས་པ་ནས། ཆོས་ཁམས་ནི་ཡིད་ཀྱི་ཐུན་མོང་མིན་པའི་སྤྱོད་ཡུལ་ལོ། །རྣམ་པར་ཤེས་པ་དྲུག་ནི་སྤྱིར་ཡིད་ཀྱི་ཁམས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །མཆིམས་མཛོད༥༦ལས། མིག་ལ་སོགས་པ་གཉིས་གཉིས་ཡོད་པ་བདེན་མོད་ཀྱི་གཉིས་པོ་ཡང་མིག་གི་རང་བཞིན་དུ་རིགས་འདྲ་བའི་ཕྱིར་དང༌། སྤྱོད་ཡུལ་གཟུགས་སུ་འདྲ་བའི་ཕྱིར་དང༌། འབྲས་བུ་གཟུགས་འཛིན་པའི་རྣམ་པར་ཤེས་པ་འདྲ་བའི་ཕྱིར་ན་ཁམས་གཅིག་ཉིད་དུ་བཤད་དེ། རྣ་བ་ལ་སོགས་པ་ལའང་དེ་བཞིན་དུ་ཤེས་པར་བྱའོ། །ཞེས་གསུངས་པ་ལ་མིག་གཡས་གཡོན་གཉིས་ཀྱི་འབྲས་བུ་མིག་ཤེས་འདྲ་བར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། མིག་གཡས་པས་དཀར་པོ་ཙམ་དང་མིག་གཡོན་པས་དམར་པོ་ཙམ་མཐོང་བ་ཡོད་པ་མྱོང་བས་གྲུབ་པའི་ཕྱིར་ཟེར་ན་དཔྱད། དུ་མ་སྤུངས་པ་དེ། ཕུང་པོའི་མཚན་ཉིད་ཡིན་ཏེ། མཆིམས་མཛོད༥༧ལས། མཚན་ཉིད་བསྟན་པ་ལ་ཆོས་དུ་མ་སྤུངས་པའི་དོན་ནི་ཕུང་པོའི་མཚན་ཉིད་ཡིན་ཏེ། དངོས་པོའི་ཆོས་དུ་མ་ཚོགས་ཤིང་འདུས་པའི་ཕྱིར། ཞེས་དང༌། མཛོད་རང་འགྲེལ་༥༩ལས། མདོ་ལས། གཟུགས་གང་ཡིན་པ་ཅི་ཡང་རུང་འདས་པའམ་མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའི་འམ། རགས་པའམ། ཕྲ་བའམ། ངན་པའམ་གྱ་ནོམ་པའམ། ཐག་རིང་བ་ན་ཡོད་པ་གང་ཡིན་པའམ། ཉེ་བ་ན་ཡོད་པ་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་གཟུགས་ཀྱི་ཕུང་བོ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་འབྱུང་བའི་ཕྱིར་སྤུངས་བའི་དོན་ནི་ཕུང་བོའི་དོན་ཏོ་ཞེས་བྱ་བར་གྲུབ་པོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རང་འགྲེལ་༦༠ལས། གལ་ཏེ་སྤུངས་བའི་དོན་ཕུང་བོའི་དོན་ཡིན་ན་ཕུང་བོ་རྣམས་བཏགས་པའི་ཡོད་པར་འགྱུར་ཏེ། རྫས་སུ་མ་འདུས་པ་ཡིན་པའི་ཕྱིར་སྤུངས་པ་དང་གང་ཟག་བཞིན་ནོ། །མ་ཡིན་ཏེ་རྫས་ཀྱི་རྡུལ་ཕྲ་རབ་གཅིག་པུུ་ཡང་ཕུང་བོ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་གཅིག་པུ་ལ་སྤུངས་བ་ཉིད་མེད་པས་སྤུངས་བའི་དོན་ནི་ཕུང་བོའི་དོན་ཏོ་ཞེས་བརྗོད་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་རྫས་རྡུལ་ཕྲ་རབ་སོགས་གཟུགས་ཕུང་མ་ཡིན་པར་ཐལ།རང་འགྲེལ་༦༠ལས། དེ་ནི་མདོ་དང་འགལ་ལོ། །མདོ་ལས་ནི་སྤུངས་བའི་དོན་ཁོ་ནར་གསུངས་ཏེ། གཟུགས་གང་ཅི་ཡང་རུང་བ་འདས་པའམ། མ་འོངས་པའམ་ཞེས་རྒྱས་པར་གསུངས་སོ། །དེར་ནི་གཟུགས་འདས་པ་ལ་སོགས་པ་སོ་སོར་ཕུང་བོ་ཡིན་པར་ཤེས་ཏེ། གཟུགས་འདས་པ་ལ་སོགས་པ་འདི་ཐམས་ཅད་རེ་རེ་ཞིང་གཟུགས་ཀྱི་ཕུང་བོ་ཡིན་ནོ་ཞེ་ན། དེ་ལྟར་ནི་ཤེས་པར་མི་ནུས་ཏེ། དེ་ཐམས་ཅད་གཅིག་ཏུ་བསྡུས་ནས་ཞེས་འབྱུང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །མཛོད་རང་འགྲེལ་ལས་གསུངས་ཚུལ་དུ་མ་བཤད་པ་དག་སྒོ་མང་གི་ཡིག་ཆར་བྱེ་མདོའི་རྩོད་པ་རྩོད་ལན་ལ་སྦྱར་ནས་གསུངས་སོ། །མཆིམས་མཛོད་ལས་རྡུལ་ཕྲ་རབ་སོགས་ཕུང་པོ་ཡིན་པར་བཤད་པ་ཡིན་ཏེ། མཆིམས་མཛོད་༥༧ལས། གལ་ཏེ་ཆོས་དུ་མ་སྤུངས་པ་ཕུང་བོ་ཡིན་ན་སྐད་ཅིག་དང་རྡུལ་ཕྲ་མོ་གཅིག་ཕུང་བོ་མ་ཡིན་པར་འགྱུར་ཏེ། དེའི་མཚན་ཉིད་མེད་པའི་ཕྱིར་རོ་ཞེ་ན། བྱ་བའི་ཁུར་ཁྱེར་བའི་དོན་ནམ་ཡོངས་སུ་ཆད་པའི་དོན་ནི་ཕུང་བོའི་དོན་ཡིན་པ་ལ། དེས་ན་རྡུལ་ཕྲ་རབ་ཡང་ཕུང་བོ་ཡིན་ཏེ་རང་གི་བྱ་བའི་ཁུར་ཁྱེར་ནུས་པའི་ཕྱིར་དང༌། གཟུགས་ཀྱི་ཕུང་པོར་ཡོངས་སུ་ཆད་པའི་དོན་ཡིན་པས་སོ། །དེས་ན་རྡུལ་ཕྲ་རབ་དང་འདས་སོགས་རེ་རེའང་ཕུང་བོ་ཡིན་ཏེ། དཔེར་ན་སྐྲ་དང་སྤུ་དག་གོ་ཞེས་སྐྲ་ལ་སོགས་པ་རེ་རེ་ཡང་ཁམས་ཡིན་པར་བསྟན་པ་བཞིན་ནོ་ཞེས་ལན་འདེབས་པ་དང༌། ཡང་ན་དེ་དག་ཀྱང་ལྡོག་པའི་ཆ་དུ་མ་སྤུངས་པའམ། ཡང་ན་དེ་དག་ཚོགས་པ་ཕུང་བོ་ཡིན་གྱི་གཅིག་པུ་ནི་ཕུང་བོ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ཕུང་བོའང་བཏགས་པའི་ཡོད་པ་ཉིད་དུ་བཤད་དེ། བྱེ་བྲག་ཏུ་བཤད་པ་ལས། གལ་ཏེ་ཆོས་མངོན་པ་བ་ཞིག་ཕུང་བོ་བཏགས་པའི་ཡོད་པར་ལྟ་ན་ནི་དེ་རྡུལ་ཕྲ་རབ་ཁམས་གཅིག་དང་སྐྱེ་མཆེད་གཅིག་དང་ཕུང་པོ་གཅིག་ཡིན་ནོ་ཞེས་སྨྲའོ་ཞེས་བཤད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །མ་རིག་པ་དང་ཆགས་པ་སོགས་ཕུང་པོ་ལོགས་སུ་བསྟན་རིགས་པར་ཐལ། དེ་དག་འཁོར་བའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར། ཁྱབ་སྟེ། ཚོར་བ་དང་འདུ་ཤེས་གཉིས་ཕུང་པོ་ལོགས་སུ་བཞག་པའི་རྒྱུ་མཚན་འཁོར་བའི་རྒྱུ་ཡིན་པས་རྒྱུ་མཚན་གྱིས་ཡིན་པའི་ཕྱིར་ཏེ། རྩ་བར། འཁོར་བའི་རྒྱུ་ཕྱིར། ཞེས་དང༌། མཆིམས་མཛོད་༦༡ལས། དེ་དག་འཁོར༷་བའི༷་རྒྱུའི༷་གཙོ་བོ་ཡིན་པའི་ཕྱིར༷་རོ། །ཞེས་ཤེས་པར་བྱ་བའི་ཕྱིར་དང༌། རགས་པ་ལ་སོགས་པ་འོག་ནས་འཆད་པའི་རིམ༷་པར་སྟོན་པའི་རྒྱུ༷་མཚན་བཞི་ཡོད་པའི་ཕྱིར༷་ཡང་སེམ༷ས་ལས་བྱུང༷་བ་གཞན་རྣམ༷ས་ལས༷་ཚོར༷་བ༷་དང༷་འདུ༷་ཤེས༷་ནི་ལོ༷གས་ཤིག༷་ཏུ་ཕུང༷་པོར༷་བཅོམ་ལྡན་འདས་ཀྱིས་རྣམ་པར་བཞག༷་གོ་ཞེས་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། རྩ་བར། ད་ལྟའི་དོན་ཕྱིར་དང་པོ་ལྔ། །ཞེས་དང༌། ཡུལ་དང་མ་ཕྲད་གསུམ་གཞན་དུ། །ཞེས་པའི་སྐབས་སུ་མཆིམས་མཛོད་༦༤ལས། སྐྱེ་མཆེད་དྲུག་གི་གོ་རིམ་ནི་སྐྱེ་མཆེད་དྲུག་ལས་ད་ལྟར་བའི་དོན་འཛིན་པའི་ཕྱིར། མིག་ལ་སོགས་པ་གཟུགས་ཅན་ལྔ་སྔོན་ལ་བསྟན་ལ།ཡིད་ནི་དུས་གསུམ་དང་དུས་མ་ཡིན་པ་འདུས་མ་བྱས་ཀྱི་ཡུལ་ཅན་ཡང་ཡིན་པའི་ཕྱིར་ཕྱིས་བཤད་དོ། །ཞེས་གསུངས་པ་ལ་འོ་ན་མིག་སོགས་ཀྱི་ཡུལ་ལ་འདས་པ་དང་མ་འོངས་པ་མེད་པར་ཐལ། ལུང་དེའི་ཕྱིར། འདོད་ན། འདས་པའི་གཟུགས་ཀྱི་སྐྱེ་མཆེད་སོགས་མིག་ཤེས་ཀྱིས་གཟུང་བྱ་མ་ཡིན་པར་ཐལ་ལོ་ཟེར་ན་དཔྱད་དོ། །ཁམས་ཀྱི་དོན་རིགས་འཛིན་པ་ལ་བྱེད་ན་སྒྲ་སོགས་གཟུགས་ཁམས་སུ་ཐལ་ལ། འདོད་ན། མཆིམས་མཛོད་༦༤ལས།མིག་གི་ཡུལ་ཁོ་ན་ལ་གཟུགས་ཀྱི་སྐྱེ་མཆེད་དང་ཁམས་དང༌། ཡིད་ཀྱི་ཡུལ་ཁོ་ན་ལ་ཆོས་ཀྱི་སྐྱེ་མཆེད་དང་ཁམས་ཞེས་བརྗོད་དེ། ཞེས་པ་ནས། ཡིད་ཀྱི་ཡུལ་གཅི༷ག་པུ་ནི༷་ཆོ༷ས་ཀྱི་སྐྱེ་མཆེད་དང་ཁམས་ཞེ༷ས་བྱ༷་བ༷ར་བརྗོ༷ད་དོ། །ཞེས་གསུངས་པ་དང་འགལ་བར་འགྱུར་རོ། །ལུང་དེའི་གསུངས་ཟིན་ལྟར་ན་མིག་སོགས་དབང་པོ་ལྔ་ཆོས་ཁམས་སུ་ཐལ། དེ་དག་ཡིད་ཤེས་ཁོ་ནས་ཡུལ་ཡིན་པའི་ཕྱིར་ཟེར་ན་དཔྱད། ས་ལས་གྲུབ་པའི་རི་དང་སའི་གོང་བུ་སོགས་མིག་གི་ཡུལ་དུ་བསྟན་དུ་ཡོད་ན། རྩ་བར། བསྟན་ཡོད་འདི་ནི་གཟུགས་གཅིག་པུ། །ཞེས་པ་དང་འགལ་ལ། མེད་ན་མངོན་སུམ་དང་འགལ་བའི་ཕྱིར་ཟེར་ན་དཔྱད། སྤོས་དྲི་ལྟ་བུ་དྲི་གཅིག་སྣ་ཤེས་གཉིས་ཀྱིས་འཛིན་པ་མེད་པར་ཐལ། དྲི་དེ་དང་སྣ་གཉིས་ཕྲད་ནས་ཡུལ་འཛིན་དགོས་པའི་ཕྱིར་ཏེ། མཆིམས་མཛོད་༦༤ལས། སྣ་དང་ལྕེ་ནི་ཕྲད་ནས་འཛིན་པས་ཡུལ་ཉེ་བ་ཁོ་ན་ལ་འཇུག་པའི་ཕྱིར་ཕྱིས་བཤད་དོ། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། མཆིམས་མཛོད་༩༠ལས། དེ་དག་ནི་ལྷས་སྦྱིན་གྱི་སྣའི་དབང་བོ་དང་ཕྲད་ན་དེས་སྣའི་རྣམ་ཤེས་སོགས་སྐྱཻད་ལ། འོན་ཏེ་མཆོད་སྦྱིན་གྱི་སྣའི་དབང་བོ་ལ་སོགས་པ་དང་ཕྲད་ན་དེས་སྣའི་རྣམ་ཤེས་ལ་སོགས་པ་སྐྱེད་ཀྱི་གང་ཟག་གཅིག་ཁོ་ནའི་རྣམ་ཤེས་ཁོ་ན་སྐྱེད་པའི་ངེས་པ་མེད་པའི་ཕྱིར་དང༌། སྣའི་ནང་ན་གནས་པའི་སྲིན་བུ་ཕྲ་མོ་ལ་སོགས་པའི་སྣའི་རྣམ་ཤེས་ལ་སོགས་པའང་སྐྱེད་པ་སྲིད་པས་གང་གི་སྣའི་དབང་བོ་ལ་སོགས་པ་དང་ཕྲད་པ་དེ་ཁོ་ནས་སྣའི་རྣམ་ཤེས་སོགས་སྐྱེད་པར་ངེས་པ་མེད་པའི་ཕྱིར་དང༌། ཞེས་གསུངས་པའི་ཕྱིར་རོ། །ཡང་རྩ་བར། ཡང་ན་ཇི་ལྟར་གནས་རིམ་བཞིན། །ཞེས་གསུངས་པ་ལ་མིག་དང་སྣ་གཉིས་གནས་ས་མཐོ་དམན་གྱི་རིམ་པ་ཡོད་མེད་དཔྱད་པར་བྱའོ། །

ཆོས་གཞན་བསྡུ་བའི་ཚུལ་གྱི་དོགས་གཅོད།

ཆོས་གཞན་བསྡུ་བའི་ཚུལ་གྱི་དོགས་གཅོད་ནི།

བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་ཆོས་ཕུང་ཡིན་ན་འདུ་བྱེད་ཀྱི་ཕུང་པོ་ཡིན་པས་ཁྱབ་པར་ཐལ། རྩ་བར། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། གཟུགས་དང་འདུ་བྱེད་དག་ཏུ་འདུས། །ཞེས་དང༌། མཆིམས་མཛོད་༦༦ལས། ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་དག་གང་རྣམས་ཐུབ་པ་སངས་རྒྱས་ཀྱིས་གསུངས་པ་དེ་དག་ནི་མདོ་སྡེ་པས་རྣ་བའི་ཡུལ་དུ་གྱུར་པའི་ཚིག་གམ་སྟེ་ཚིག་གི་རང་བཞིན་དང་བྱེ་བྲག་ཏུ་སྨྲ་བས་ཡིད་ཀྱི་ཡུལ་དུ་གྱུར་པ་མིང་གི་རང་བཞིན་ཡིན་པར་འདོད་པས་དེ་དག་ནི་རིམ་པ་ལྟར་གཟུགས་ཀྱི་ཕུང་བོ་དང་འདུ་བྱེད་ཀྱི་ཕུང་བོ་དག་ཏུ་འདུས་ལ། ཞེས་གསུངས་པའི་ཕྱིར། འདོད་ན། བྱེ་བྲག་སྨྲ་བའི་ལུགས་ལ་ཆོས་ཕུང་ལ་སྒྲ་རང་མཚན་པ་ཞིག་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཕུང་དེ་དག་སངས་རྒྱས་ཀྱིས་གསུངས་ཚེ་འཁོར་གྱི་གདུལ་བྱ་རྣམས་ཀྱིས་མ་ཐོས་པར་ཐལ་ལོ་ཟེར་ན་དཔྱད། ཡང་ཆོས་ཕུང་གཟུགས་སུ་འདོད་པ་དང་འདུ་བྱེད་ཀྱི་ཕུང་པོར་འདོད་པ་རིམ་བཞིན་བྱེ་མདོ་སོ་སོའི་འདོད་པ་ལ་སྦྱར་བ་མི་འཐད་པར་ཐལ། བྱེ་སྨྲས་དེ་གཟུགས་དང་འདུ་བྱེད་ཀྱི་རང་བཞིན་དུ་འདོད་པའི་ཕྱིར་ཏེ། འཕགས་པ་འཇམ་དཔལ་སོགས་ཀྱིས་མཐུན་པར་ཇི་སྐད་དུ། འདུ་བྱེད་བེམ་པོ་ཡོད་མ་ཡིན། །དུས་གསུམ་རྗེས་འགྲོ་དག་ཀྱང་མེད། །ཐོགས་པ་མེད་པའི་གཟུགས་ཡོད་མིན། །ཞེས་པ་མདོ་སྡེ་པ་ཡི་རིག །ཞེས་མདོ་སྡེ་བས་འདུ་བྱེད་ལ་བེམ་པོ་མེད་པར་བསྟན་པས་བྱེ་སྨྲའི་ལུགས་ལ་དེ་ཡོད་པར་བསྟན་པའི་ཕྱིར་དང༌། ཉ་ཊཱིཀ་༡༠ལས། བྱེ་བྲག་ཏུ་སྨྲ་བ་མངོན་པ་པ་རྣམས་མིང་ཚིག་གཉིས་ཀའི་རང་བཞིན་ཡིན་པས་འདུ་བྱེད་དང་གཟུགས་ཕུང་གཉིས་ཀར་འདུས་པར་འདོད་ཅེས་མཛོད་འགྲེལ་བ་འགྲེལ་བཤད་ལས་སོ། །ཞེས་གསུངས་པའི་ཕྱིར། ཡང་བྱེ་བྲག་སྨྲ་བས་ཆོས་ཕུང་བརྒྱད་ཁྲི་ལས་བརྒྱད་ཁྲི་བཞི་སྟོང་མི་འདོད་པར་ཐལ། མཆིམས་མཛོད་༦༦ལས། སྡེ་བ་གཞན་གྱི་ལུང་ལས་ཀྱང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་གསུངས་པའི་ཕྱིར་རོ། །དེས་ན་བརྒྱད་ཁྲིར་འདོད་པ་ནི་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ཁོ་ནའི་ལུགས་ཡིན་པར་མངོན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན་བྱེ་བྲག་སྨྲ་བས་ཀུན་དགའ་བོའི་མདོ་ལས། ཀུན་དགའ་བོས་བདག་གིས་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་ལྷག་གཅིག་ནི་བཅོམ་ལྡན་འདས་ལས་མངོན་སུམ་དུ་བཟུང་ངོ༌། །གཉིས་ནི་དགེ་སློང་དག་ལས་སོ། །ཞེས་དང༌། མཆིམས་མཛོད་༦༦ལས། རྣམ་བཤད་རིགས་པ་ལས་ཀྱང༌། ཉན་ཐོས་ཀྱི་ཐེག་པ་ལ་ཡང་བརྒྱད་ཁྲིར་མ་འདུས་ཏེ། ཀུན་དགའ་བོའི་མདོ་ལས། བརྒྱད་ཁྲི་ལྷག་གཅིག་བཅོམ་ལྡན་འདས་ལས་བཟུང་ཞིང་གཉིས་ནི་དགེ་སློང་དག་ལས་སོ་ཞེས་གསུངས་པ་དེ་དག་ཀྱང་ཀུན་དགའ་བོས་ལོ་ཉི་ཤུ་ལྷག་གཅིག་སྟོན་པའི་རིམ་གྲོ་པ་བྱེད་པ་ནས་ཐོས་པ་ཡིན་གྱི་རིམ་གྲོ་མི་བྱེད་པའི་གོང་དུ་གསུངས་པ་རྣམས་ནི་དེས་མ་བཟུང་བར་ཤེས་ལ། དེའི་གོང་དུ་ཆོས་ཉུང་ངུ་གསུངས་པ་ཡང་མི་འཐད་པས་དགེ་སློང་དག་ལས་བཟུང་བ་དེ་དག་ཁོ་ན་སྔར་གསུངས་པ་ཡིན་ནོ་ཞེས་བྱ་བར་ཡང་མི་རིགས་པའི་ཕྱིར་རོ་ཞེས་པ་ལྟར་ཁས་ལེན་མི་ལེན་དཔྱད། ཡང་གནད་སྒྲོན་ལས། ཡང་གཞན་དག་ན་རེ། ཕུང་པོ་ལ་སོགས་པ་གཏམ་རེ་ཡིན་ཞེས་ཟེར་ཏེ། ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པའི་གཏམ་རྒྱུད་རེ་རེ་ནི་ཆོས་ཀྱི་ཕུང་པོའོ་ཞེས་ཟེར་རོ། །ཞེས་དང༌། མཆིམས་མཛོད་༦༧ལས། གཞན་དག་ན་རེ་ཕུང་བོ་དང་སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པའི་དོན་གྱི་སྡེ་ཚན་རེ་སྟོན་པའི་གཏམ་རྒྱུད་རེ་རེ་ཆོས་ཀྱི་ཕུང་བོ་རེ་རེ་ཡིན་གྱི་ཚིགས་སུ་བཅད་པའི་གྲངས་ངེས་པ་ནི་མེད་དོ་ཞེས་འདོད་དོ། །ཞེས་པ་ལྟར་ཡིན་ན་མཛོད་དང་བདེན་བཞིའི་ཆོས་འཁོར་དེ་ཆོས་ཕུང་བརྒྱད་ཁྲིའམ་དུ་མའི་ཡིན་པ་ཡིན་ནམ་དཔྱད། རྩ་བར། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་དང༌། གནད་སྒྲོན་ལས། འདི་སྐད་དུ་སེམས་ཅན་རྣམས་ཀྱི་སྤྱོད་པ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་ལ་སོགས་པ་སྤྱོད་པ་ཐ་དད་པ་བརྒྱད་ཁྲི་ཡོད་དེ། དེ་དག་གི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་གསུངས་སོ་ཞེས་བརྗོད་དོ། །ཞེས་དང༌། མཆིམས་མཛོད་༦༧ལས།འོ་ན་དེ་དག་ཅིའི་ཕྱིར་བསྟན་ཞེ་ན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་ལྟ་བ་དང་ཐེ་ཚོམ་ལ་སོགས་པའི་སྤྱོད་པ་ཐ་དད་པ་བརྒྱད་ཁྲི་རྣམས་ཀྱི་གཉེན་པོར་ཆོས་ཀྱི་ཕུང་བོའང་དེ་དང་མཐུན་པར་གསུངས་སོ། །ཞེས་གསུངས་པ་དཔེར་ན་འདོད་ཆགས་ལྟ་བུའི་སྤང་བྱ་གཅིག་གི་གཉེན་པོ་རྫོགས་པར་བསྟན་པ་ལ་དེའི་རྩ་བ་བདག་འཛིན་དང་བཅས་པའི་གཉེན་པོར་རྫོགས་པར་བསྟན་དགོས་སམ་ཅི། དགོས་ན་ཉོན་མོངས་པ་བརྒྱད་ཁྲིའི་གཉེན་པོ་རྫོགས་པར་བསྟན་དགོས་སམ་ཅི། དགོས་ན་ཆོས་ཕུང་གཅིག་བསྟན་ན་ཐམས་ཅད་བསྟན་དགོས་པར་ཐལ་ལོ་ཞེས་དཔྱད་པའི་སྒོ་རེ་སྣང་ངོ༌། །མཆིམས་མཛོད་༦༨ལས།དྲིན་ལན་བསབ་པའི་མདོ་ལས་ཀྱང་ལྷས་སྦྱིན་གྱིས་མདོ་སྡེ་སྤོས་ཀྱི་གླང་བོ་ཆེའི་ཁལ་དྲུག་ཁྲི་རྙེད་ཁ་ཏོན་ཤེས་ཞེས་གསུངས་པའི་ཕྱིར་རོ། །ཞེས་པ་ལ་ལྷས་སྦྱིན་གྱིས་རིམ་དང་ཅིག་ཆར་དུ་ཁ་ཏོན་བྱས་པ་གང་ཡིན་དཔྱད། མཆིམས་མཛོད༦༩་ལས། རེ་ཞིག་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་བོ་ཞེས་བྱ་བ་ལྔ་ནི་བྱེ་བྲག་ཏུ་སྨྲ་བ་ལྟར་ན་གཟུགས་ཀྱི་ཕུང་བོ་དང་འདུ་བྱེད་ཀྱི་ཕུང་བོར་བསྡུས་ཏེ། ཚུལ་ཁྲིམས་ནི་ལུས་ངག་གི་སྤོང་བདུན་ཡིན་པས་གཟུགས་སུ་འདོད་ཅིང༌། གཞན་ནི་ཚོར་བ་དང་འདུ་ཤེས་ལས་གཞན་པའི་སེམས་ལས་བྱུང་བའི་ཁྱད་པར་ཡིན་ཏེ། ཞེས་པ་ནས། མདོ་སྡེ་པ་ལ་སོགས་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོའང་སེམས་པའི་ཁྱད་པར་ལ་འདོད་པའི་ཕྱིར་ཐམས་ཅད་ཀྱང་འདུ་བྱེད་ཀྱི་ཕུང་བོས་བསྡུས་པར་འདོད་དོ། །ཞེས་གསུངས་པ་ལ་བྱེ་བྲག་སྨྲ་བས་ཚུལ་ཁྲིམས་ལ་གཟུགས་ཀྱིས་ཁྱབ་པར་ཐལ། དེ་ལས། ཚུལ་ཁྲིམས་ནི་ལུས་ངག་གི་སྤོང་བདུན་ཡིན་པས་གཟུགས་སུ་འདོད་ཅིང༌། ཞེས་གསུངས་པའི་ཕྱིར། འདོད་ན། ཡིད་ཀྱི་མི་དགེ་བ་གསུམ་སྤངས་པའི་ཚུལ་ཁྲིམས་ལ་གཟུགས་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ལ་གཟུགས་ཀྱིས་ཁྱབ་པ་ཁས་ལེན་པར་ཐལ་ལོ།འདོད་ན། ཡིད་ཀྱི་ཚུལ་ཁྲིམས་ལ་གཟུགས་སུ་བཞག་ཚུལ་ཞིག་ཡོད་པར་ཐལ་ལོ་ཟེར་ན་དཔྱད། རྣམ་གྲོལ་གྱི་ཕུང་བོ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཉིས་འགལ་བར་ཐལ། དེ་གཉིས་སོ་སོར་མོས་པ་དང་ཤེས་རབ་ལ་བྱེད་དགོས་པའི་ཕྱིར་ཏེ། མཆིམས་མཛོད་༦༩ལས།རྣམ་གྲོལ་གྱི་ཕུང་བོ་ནི་མོས་པ་ཡིན་ལ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ནི་ཤེས་རབ་ཀྱི་བྱེ་བྲག་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཟད་པ་དང་མི་སྐྱེ་བ་ཤེས་པའི་མོས་པ་ཆོས་ཅན། དེ་གཉིས་ཀ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་ཀ་ཡིན་པའི་ཕྱིར་ཏེ། རྩ་བར། བྱང་ཆུབ་ཇི་སྐད་བཤད་ཤེས་པ། །ཞེས་དང༌། མཆིམས་མཛོད་༦༤༨ལས། རྣམ་གྲོལ་འདུས་བྱས་དེ་ཉིད་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་ལྔའི་ནང་ནས་རྣམ་པར་གྲོལ་བའི་ཕུང་པོའང་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་འདོད་དོ། །ཞེས་དང༌། བྱང་ཆུབ་སྔར་ཇི་སྐད་བཤད་པའི་ཟད་པ་དང་མི་སྐྱེ་བ་ཤེས་པ་གང་ཡིན་པ་དེ་ཉིད་ཡང་དག་པའི་ཤེས་པ་ཡིན་ལ་དེ་ཡང་དག་པའི་ལྟ་བ་ནི་མ་ཡིན་ཏེ། ཟད་དང་མི་སྐྱེའི་བློ་ལྟ་མིན། །ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །ཡང་དག་པའི་ཤེས་པ་དེ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོའང་ཡིན་ཏེ། རང་གི་བྱང་ཆུབ་ཤེས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །མཆིམས་མཛོད་༧༠ལས། སྡིག་པ་བཤགས་པ་དང་རྗེས་སུ་ཡི་རང་བ་དང་གསོལ་བ་གདབ་པའི་ཕུང་བོ་ཞེས་བྱ་བའང་འདུ་བྱེད་ཀྱི་ཕུང་བོས་བསྡུས་ཏེ། འགྱོད་པ་དང་དད་པ་དང་འདུན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་འཁོར་དང་བཅས་ན་ནི་ཕུང་བོ་བཞིས་བསྡུས་སོ། །ཞེས་དང༌། རྩ་བར། ལ་ལ་དག་ཏུ་འགྱོད་པ་བསྣན། །ཞེས་གསུངས་པ་ལ་འོ་ན་འགྱོད་པ་ལ་དགེ་བ་ཞིག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། གནས་གཉིས་པར། གཉིད་ནི་ཀུན་ལ་མི་འགལ་ཕྱིར། །གང་ལ་ཡོད་པ་དེ་བསྣན་ནོ། །ཞེས་གཉིད་ལས་འགྱོད་པ་མ་སྨོས་པའི་རྒྱུ་མཚན་ལ་ཅུང་ཟད་དཔྱད། མཆིམས་མཛོད་༧༠ལས། གཞན་ཡང་ཡང་དག་པར་ངེས་པའི་ཕུང་བོ་དང་ལོག་པར་ངེས་པའི་ཕུང་བོ་དང་མ་ངེས་པའི་ཕུང་བོ། ཞེས་གསུངས་པ་ནི་ཕུང་བོ་ལྔས་བསྡུས་པ་ཡིན་ཏེ། འཕགས་དང་མཚན་མེད་བྱེད་པ་དག །ཡང་དག་ལོག་པ་ཉིད་དུ་ངེས། །ཞེས་འཕགས་པ་དང་མཚན་མེད་བྱེད་པ་དང་དེ་ལས་གཞན་པའི་གང་ཟག་གི་དབང་དུ་བྱས་ནས་གསུངས་པའི་ཕྱིར་རོ། །ཞེས་དེ་གསུམ་ལ་གང་ཟག་གིས་ཁྱབ་ན་ཕུང་པོ་ལྔས་བསྡུས་ཚུལ་གང་ཡིན། གང་ཟག་ལ་ཕུང་བོ་ལྔ་ཡོད་པས་གང་ཟག་ཕུང་པོ་ལྔས་བསྡུས་ན་དམ་བཅའ་བ་ལ་རྣ་བ་ཡོད་པས་དེས་བསྡུས་པར་འགྱུར་རོ་ཞེས་ཟེར་བ་དང༌། སྐབས་འདིའི་བསྡུས་ཚུལ་ནི། རྩ་བར། རང་གི་ངོ་བོ་ཉིད་ཀྱིས་ཏེ། །གཞན་གྱི་དངོས་དང་མི་ལྡན་ཕྱིར། །ཞེས་གསུངས་པ་དག་ལ་དཔྱད།ཡང་མཆིམས་མཛོད་༧༡ལས། འདུ་ཤེས་མེད་པའི་སེམས་ཅན་རྣམས་ལྟ་བུ་སྟེ་སྐྱེ་མཆེད་དང་པོ་ཡིན་ནོ། །ཞེས་པ་ནས། འདུ་ཤེས་མེད་པ་ནི་སྐྱེ་མཆེད་བཅུས་བསྡུས་ཏེ། དེ་ནི་དྲི་རོ་མ་གཏོགས་པའི་གཟུགས་ཅན་བརྒྱད་དང་ཡིད་དང་ཆོས་ཀྱི་རང་བཞིན་ཡིན་པའི་ཕྱིར། ཞེས་གསུངས་པ་ལའང་འདུ་ཤེས་མེད་པའི་སེམས་ཅན་ནི་གང་ཟག་ཡིན་པས་དེས་བསྡུས་པའི་སྐྱེ་མཆེད་བཅུ་བཞག་ཚུལ་ལ་དཔྱད། རྩ་བར། སྣང་དང་མུན་པ་དག་ཡིན་ལོ། །ཞེས་དང༌། མཆིམས་མཛོད༧༢་ལས། སྒོ་དང་སྐར་ཁུང་ལ་སོགས་པའི་བུ་ག་ནི་ནམ༷་མཁའི༷་ཁམ༷ས་ཤེས༷་པར་བྱ༷་སྟེ། དེ་ཡང་ཉིན་མོ་སྣང༷་བ་དང༷་མཚན་མོ་མུན༷་པ༷་དག༷་གི་རང་བཞིན་ཡིན༷་པའི་ཕྱིར་གཟུགས་ཀྱི་ཁམས་ཀྱིས་བསྡུས་སོ་ལོ༷། །འདི་ནི་བྱེ་བྲག་སྨྲ་བའི་འདོད་པ་སྟེ། ཐོགས་བཅས་ཀྱི་ཉེ་འཁོར་བ་ཡིན་ནོ་ཞེས་ཟེར་རོ། །ཞེས་བྱེ་བྲག་སྨྲ་བ་ལ་མ་རངས་པ་སྨོས་པ་ཡིན་ན་སློབ་དཔོན་རང་གི་ལུགས་ལ་སྐྱེས་བུའི་གདགས་གཞིའི་ཁམས་དྲུག་ཡོད་དགོས། དེ་ཡོད་དགོས་ན་མདོ་ལས། དགེ་སློང་དག་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་དང༌། ཁམས་དྲུག་ལ་བརྟེན་ནས་མའི་མངལ་དུ་འཇུག་པར་འགྱུར་རོ། །ཞེས་པའི་ཁམས་དྲུག་གི་ནང་གི་ནམ་མཁའི་ཁམས་གང་ལ་བྱེད་པ་དང༌། སྐབས་འདིའི་རྣམ་ཤེས་ལ་ཟག་བཅས་དགོས་གསུངས་པ་ལ་མ་རངས་པའི་ཚིག་མ་བརྗོད་པའི་རྒྱུ་མཚན་སོགས་ལ་དཔྱད་པར་བྱའོ། །ཁམས་མང་རེ་གཉིས་ཀྱི་སྡོམ་ནི། ཁམས་ནི་བཅོ་བརྒྱད་ས་ཆུ་མེ་རླུང་བཞི། །ནམ་མཁའི་ཁམས་དང་རྣམ་ཤེས་ཁམས་དེ་དྲུག །འདོད་ཆགས་གནོད་སེམས་རྣམ་འཚེ་ངེས་འབྱུང་ཁམས། །གནོད་མེད་ཁམས་དང་མི་འཚེའི་ཁམས་ཏེ་དྲུག །སྡུག་བསྔལ་བདེ་བ་ཡིད་མི་བདེ་བའི་ཁམས། །ཡིད་བདེ་བཏང་སྙོམས་མ་རིག་ཁམས་ཏེ་དྲུག །ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་བཞི། །འདོད་ཁམས་གཟུགས་དང་གཟུགས་མེད་ཁམས་ཏེ་གསུམ། །གཟུགས་དང་གཟུགས་མེད་འགོག་པའི་ཁམས་ཀྱང་གསུམ། །འདས་དང་མ་འོངས་ད་ལྟའི་ཁམས་ཀྱང་གསུམ། །དམན་པ་གྱ་ནོམ་བར་མའི་ཁམས་གཞན་གསུམ། །དགེ་དང་མི་དགེ་ལུང་མ་བསྟན་ཁམས་གསུམ། །སློབ་དང་མི་སློབ་དེ་གཉིས་མིན་ཁམས་གསུམ། །ཟག་བཅས་ཟག་མེད་ཁམས་གཉིས་འདུས་བྱས་ཁམས། །འདུས་མ་བྱས་ཁམས་གཉིས་ཏེ་རེ་གཉིས་འདོད། །བཅོ་བརྒྱད་དྲུག་ཚན་གསུམ་དང་བཞི་ཚན་གཅིག །གསུམ་ཚན་དྲུག་དང་གཉིས་ཚན་གཉིས་བཅས་པས། །ཁམས་མང་རེ་གཉིས་ལེགས་པར་བཤད་པ་ཡིན། །བཅོ་བརྒྱད་འདུ་བ་བཅུ་གཅིག་དང༌། །ཆོས་ཁམས་ཡིན་པ་བཅུ་བདུན་དེ། །ཆོས་ཡིད་རྣམ་ཤེས་གསུམ་ཡིན་ལྔ། །བཅུ་བཞི་འདུ་བ་གཟུགས་ཁམས་གཉིས། །བཅུར་འདུ་དགེ་དང་མི་དགེ་གཉིས། །རྣམ་ཤེས་ཁམས་སུུ་རྣམ་ཤེས་གཉིས། །ཞེ་བཞི་བཅོ་བརྒྱད་འདུ་ཚུལ་དུ། །ཆོས་མངོན་མཐར་སོན་མཁས་པས་སྨྲས། །ཞེས་གསུངས་སོ། །བཅོ་བརྒྱད་འདུ་བ་བཅུ་གཅིག་བཤད་པ་ནི་གང་སྤེལ་ལྟར་བཤད་པའོ། །དེའི་ནང་ནས་དུས་གསུམ་རེ་རེའི་ངོ་བོར་གྱུར་བའི་ཁམས་བཅོ་བརྒྱད་ཡོད་དེ། མཆིམས་མཛོད་༧༣ལས། དེ་ནས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཁམས་གསུམ་གསུངས་པ་ནི་ཁམས་བཅོ་བརྒྱད་པོ་ཐམས་ཅད་ཀྱིས་བསྡུས་སོ། །ཞེས་གསུངས་པས་སོ། །དེ་ལ་མ་འོངས་པ་མི་སྐྱེ་བའི་སེམས་ཁམས་བདུན་སོགས་གང་ལྟར་བཞག་པ་དང༌། ཆོས་ཁམས་ལ་མ་འོངས་པ་ཡོད་ན་རྩ་བར། ཆོས་ཞེས་བྱ་བ་ནི། །རྟེན་པ་དང་བཅས། ཞེས་གསུངས་པ་དང༌། སྐབས་འདིའི་བསྡུས་ཚུལ་དེ་གང་ཡིན་སོགས་ལ་དཔྱད། རྟེན་བཅས་དེ་མཚུངས་སླར་དཔྱད་པར་བྱའོ། །སྐབས་འདིར་ངན་པ་སོགས་ཁམས་གསུམ་ལ་སོ་སོར་བཤད་པ་ཡིན་ཏེ། རྒྱལ་སྲས་མ་༥༡ལས། ངན་པ་ལ་སོགས་པའི་ཁམས་གསུམ་ནི་འདོད་པའི་ཁམས་ལ་སོགས་པ་ཁོ་ན་ཡིན་པས་འདི་དག་གིས་བསྡུས་པ་ནི་བཤད་ཟིན་ཏོ། །ཞེས་དང༌། མཆིམས་མཛོད༧༣ལས། དེའི་རྗེས་ལ་ངན་པ་དང་བར་མ་དང་གྱ་ནོམ་པའི་ཁམས་གསུམ་གསུངས་པ་ནི་འདོད་པའི་ཁམས་ལ་སོགས་པ་གསུམ་པོ་ཉིད་ཡིན་ནོ། །ཞེས་གསུངས་སོ། །འདོད་མི་ནུས་ཏེ། གང་སྤེལ་༥༨ལས། འདས་པའི་ཁམས་དང༌། མ་འོངས་པའི་ཁམས་དང༌། ད་ལྟར་བྱུང་བའི་ཁམས་ཏེ། འདི་དག་ནི་རེ་རེ་ཞིང་ཁམས་བཅོ་བརྒྱད་དག་ཏུ་འདུའོ། །ཡང་ཁམས་གསུམ་སྟེ། དམན་པའི་ཁམས་དང༌། གྱ་ནོམ་པའི་ཁམས་དང༌། བར་མའི་ཁམས་ཏེ། གསུམ་པོ་འདི་དག་ཀྱང་ཅི་རིགས་པར་བཅོ་བརྒྱད་དག་ཏུ་འདུའོ། །ཞེས་གསུངས་པའི་ཕྱིར་རོ་ཟེར་ན་དཔྱད། ཡང་མཆིམས་མཛོད་༧༣ལས། ཁམས་ནི་བཅོ་བརྒྱད་འབྱུང་བ་བཞི། །དུས་གསུམ་ཚོར་བ་ལ་སོགས་བཞི། །ཟག་བཅས་ཟག་མེད་འདུས་བྱས་དང༌། །འདུས་མ་བྱས་དང་འགོག་ཁམས་ཏེ། །བཤད་ཟིན་སོ་བཞིའོ། །ས་སོགས་ལས་གཞན་དྲུག་ཚན་དང༌། །དུས་གསུམ་འགོག་པ་ལས་གཞན་པའི། །གསུམ་ཚན་འཆད་འགྱུར་ཉེར་དྲུག་གོ། །ཞེས་པ་ལྟར་དུས་གསུམ་བཤད་ཟིན་ཡིན་ན་རྩ་བར། དེ་དག་ཉིད་དུས་གཏམ་གཞི་དང༌། །ཞེས་པས་བཤད་དགོས་ལ། དེ་ལྟར་ཡིན་ན་ཚོར་བ་བཤད་སྐབས་སུ་སྡུག་བསྔལ་བདེ་བ་ཡིད་མི་བདེ་བའི་ཁམས་སོགས་དང༌། ཟག་བཅས་བཤད་སྐབས་སུ་འདོད་ཆགས་རྣམ་འཚེ་སོགས་བཤད་པར་ཐལ། དུས་ཞེས་པས་དུས་གསུམ་བཤད་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར་ཟེར་ན་དཔྱད། བྱེ་སྨྲའི་ལུགས་ལ་འདུས་མ་བྱས་ཀྱི་ནམ་མཁའ་དེ་ནམ་མཁའི་ཁམས་ཡིན་པར་ཐལ། ནམ་མཁའ་དང་ཁམས་གཉིས་ཀ་ཡིན་པའི་ཕྱིར། ཁྱབ་སྟེ། ཆོས་དེ་དང་དེའི་ཁམས་ཡིན་པའི་ཚད་ཡོད་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ།། །།

ཁམས་ཀྱི་རབ་དབྱེ་བཤད་སྐབས་ཀྱི་དོགས་གཅོད།

ཁམས་ཀྱི་རབ་དབྱེ་བཤད་སྐབས་ཀྱི་དོགས་གཅོད་ནི།

མཛོད་འགྲེལ་གནད་སྒྲོན་ལས། ཐོགས་པ་དང་བཅས་པ་རྣམས་ནི་དུ། ཐོགས་པ་མེད་པ་རྣམས་ནི་དུ་ཞེ་ན། ཐོགས་དང་བཅས་པ་གཟུགས་ཅན་བཅུ། །གཟུགས་ཀྱི་ཕུང་པོས་བསྡུས་པའི་ཁམས་བཅུུ་གང་དག་བཤད་པ་དེ་དག་ནི་སྒྲིབ་པ་ལ་ཐོགས་པས་ཐོགས་པ་དང་བཅས་པ་རྣམས་སོ། །ཞེས་དང༌།མཆིམས་མཛོད་༧༥ལས། མིག་ལ་སོགས་པའི་རྡུལ་ཕྲན་རྣམས་གཅིག་གི་གོ་སར་གཅིག་འོང་བ་ལ་གེགས་བྱེད་པར་གནས་པའི་ཕྱིར་རོ། །ཁམས་ལྷག་མ་བརྒྱད་ནི་དེ་ལྟ་མ་ཡིན་པའི་ཕྱིར་ཐོགས་པ་མེད་པར་གྲུབ་བོ། །ཞེས་གསུངས་སོ། །དེ་ལ་ཡང་རྡུལ་ཕྲ་རབ་ཆོས་ཅན། ཐོགས་མེད་ཡིན་པར་ཐལ། ལྷག་མའི་ཁམས་ཡིན་པའི་ཕྱིར་ཏེ། ཆོས་ཁམས་ཡིན་པའི་ཕྱིར། ཁྱབ་སྟེ། ཆོས་ཁམས་ལ་ཐོགས་བཅས་ཡོད་ན་རྩ་བར་བཤད་རིགས་ཏེ། དཔེར་ན། རྩ་བར། ཆོས་ཀྱི་ཕྱེད་ཀྱང་མ་ཟིན་དགུ། །ཞེས་པ་ལྟར་ཡིན་པའི་ཕྱིར་ཟེར་བ་དང༌། བར་དོ་བའི་དབང་པོ་ལྔ་ཆོས་ཅན། ཐོགས་བཅས་ཡིན་པར་ཐལ། གཟུགས་ཅན་བཅུའི་གྲངས་སུ་གཏོགས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གནད་སྒྲོན་ལས། དབང་པོ་ཀུན་ཚང༌། དབང་པོ་ལྔ་ཆར་ཚང་བའོ། །ཐོགས་མེད་ལྡན། འདི་ལ་གང་དུ་ཡང་ཐོགས་པ་མེད་པའོ། །ཞེས་དང༌། མཆིམས་མཛོད་༢༤༨ལས། ནམ་མཁའ་ཡངས་ཤིང་རྟེན་འོད་ལྟར་དང་བས་འགར་ཡང་ཐོགས་པ་མེད་པའི་ཕྱིར་རོ། །ཞེས་པ་ནས། རི་དང་བྲག་ལ་སོགས་པ་ལའང་ཐོགས་པ་མེད་པ་དང་ལྡན་པ་ཡིན་ཏེ། རྡོ་བ་དང་བྲག་སྲ་བ་ལ་སོགས་པའི་དཀྱིལ་ནའང་སྲིན་བུ་ལ་སོགས་པ་དམིགས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ་ཟེར་ན་དེ་དག་ལ་དཔྱད། མཛོད་འགྲེལ་གནད་སྒྲོན་ལས། ལུང་མ་བསྟན་བརྒྱད་དེ་དག་ཉིད། །གཟུགས་སྒྲ་མ་གཏོགས་དབང་པོ་ལྔ་པོ་རྣམས་དང༌། དྲི་དང༌། རོ་དང༌། རེག་བྱའི་ཁམས་རྣམས་ཏེ་བརྒྱད་པོ་དེ་དག་ནི་དགེ་བ་དང་མི་དགེ་བའི་ངོ་བོར་ལུང་བསྟན་དུ་མེད་པའི་ཕྱིར་ལུང་མ་བསྟན་དག་གོ །གཞན་རྣམ་གསུམ། སེམས་ཀྱི་ཁམས་བདུན་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་དག་ནི་དགེ་བ་ཡིན་ནོ། །ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་དག་ནི་མི་དགེ་བ་ཡིན་ནོ། །གཞན་དག་ལུང་དུ་མ་བསྟན་པ་ཡིན་ནོ། །ཆོས་ཀྱི་ཁམས་ནི་མ་ཆགས་པ་ལ་སོགས་པའི་ངོ་བོ་ཉིད་དང་མཚུངས་པར་ལྡན་པ་དང༌། ཀུན་ནས་བསླང་བ་དང༌། སོ་སོར་བརྟགས་པས་འགོག་པ་ནི་དགེ་བའོ། །ཆགས་པ་ལ་སོགས་པའི་ངོ་བོ་དང་མཚུངས་པར་ལྡན་པ་དང༌། ཀུན་ནས་བསླང་བ་ནི་མི་དགེ་བའོ། །གཞན་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །གཟུགས་དང་སྒྲའི་ཁམས་ནི་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱིས་བསྡུས་པ་དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་སེམས་ཀྱིས་ཀུན་ནས་བསླང་བ་དག་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དག་གོ། །ཞེས་དང༌། མཆིམས་མཛོད་༧༦ལས། དེ་དག་གི་མཚན་ཉིད་ཐོབ་པ་དང་བཅས་པའང་དགེ་བའོ། །མི་དགེ་བ་དང་ལུང་མ་བསྟན་ལའང་དེ་བཞིན་དུ་ཤེས་པར་བྱའོ། །ཞེས་དང༌། དགེ་མི་དགེའི་མཚན་ཉིད་ནི། རིམ་པ་ལྟར་དམ་པས་བསྔགས་ཤིང་གནོད་མེད་ཀྱི་འབྲས་བུ་སྐྱེད་པ་དང༌། དེ་ལས་བཟློག་པའོ། །ཡིད་དུ་འོང་ཡིད་དུ་མི་འོང་དང་ཞེས་པ་ཡིད་དུ་འོང་བ་ནི་བདེ་བ་ལ་བཤད་པའི་ཕྱིར་རོ། །ཞེས་གསུངས་པ་ལ། འོ་ན་དགེ་བའི་ཐོབ་པ་དགེ་བ་ཡིན་ན་ཟག་མེད་ཀྱི་ཐོབ་པ་ཟག་མེད་ཡིན་པར་ཐལ། མཚུངས་པའི་ཕྱིར། འདོད་མི་ནུས་ཏེ། གནས་གཉིས་པ་ལས། སྤང་བྱ་མིན་པའི་རྣམ་གཉིས་འདོད། །ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད། དབང་ཤེས་ལ་དགེ་བ་འཇོག་ན་དེ་ལ་ལམ་མི་འཇོག་པའི་རྒྱུ་མཚན་གང་ཡིན་དཔྱད། གཟུགས་སྒྲ་ལ་དགེ་བ་ཡོད་ན་དགེ་བས་ཀུན་ནས་བསླང་བའི་ལུས་དབང་སོགས་དབང་པོ་ལ་དགེ་བ་ཡོད་མེད་དཔྱད། དགེ་མི་དགེའི་རྒྱུའི་ཀུན་སློང་ལ་དགེ་སོགས་གསུམ་རེ་གསུམ་རེ་ཡོད་ཚུལ་གནས་བཞི་བར། རབ་ཏུ་འཇུག་བྱེད་དགེ་སོགས་ལས། །རྗེས་འཇུག་བྱེད་ཀྱང་རྣམ་གསུམ་འགྱུར། །ཞེས་སོགས་ཀྱི་སྐབས་སུ་སླར་དཔྱད་པར་བྱའོ། །ཡང་རྩ་བར། འདོད་ཁམས་གཏོགས་པ་ཐམས་ཅད་དོ། །དྲི་དང་རོ་དང་སྣ་དང་ནི། །ལྕེ་ཡི་རྣམ་ཤེས་ཁམས་མ་གཏོགས། །ཞེས་དང༌། མཛོད་འགྲེལ་གནད་སྒྲོན་ལས། དེ་ན་དྲི་དང་རོ་དག་མེད་དེ། གཉིས་ནི་ཁམས་ཀྱི་ཟས་ཡིན་པའི་ཕྱིར་ལ། དེ་ལ་འདོད་ཆགས་དང་བྲལ་བ་རྣམས་ཀྱང་དེར་སྐྱེ་བའི་ཕྱིར་རོ། །དེ་ལྟ་བས་ན་དམིགས་པ་མེད་པའི་ཕྱིར་སྣ་དང་ལྕེའི་རྣམ་པར་ཤེས་པ་དག་ཀྱང་མེད་དོ། །ཞེས་གསུངས་པ་ལ་དྲི་རོ་གང་རུང་ཡིན་ན་ཁམ་ཟས་ཡིན་པས་ཁྱབ་པར་ཐལ། ཁམ་ཟས་ལ་ཆགས་པ་བྲལ་བས་དེ་གཉིས་ལ་ཆགས་པ་དང་བྲལ་བ་སྒྲུབ་པ་ཡིན་པའི་ཕྱིར། འདོད་ན། དུག་ཏུ་གྱུར་བའི་དྲི་རོ་ཆོས་ཅན། དེར་ཐལ། དེའི་ཕྱིར། གོང་གི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ། མཆིམས་མཛོད་༧༧ལས། འོ་ན་རེག་བྱའང་མེད་པར་འགྱུར་རོ་ཞེ་ན།དེ་ལ་ནི་ཁམ་གྱི་ཟས་དང་ཟས་མ་ཡིན་པ་གཉིས་ཡོད་པས་ཁམ་ཟས་སུ་གྱུར་བའི་རེག་བྱ་མེད་ཀྱང་དབང་པོ་ལ་སོགས་པའི་གཟུགས་ཀྱི་རྟེན་འབྱུང་བ་དང་གོས་ཀྱི་རེག་བྱ་ལ་སོགས་པ་ཡོད་པའི་ཕྱིར་རོ། །ཞེས་གསུངས་སོ། །ཁམས་གོང་མ་དྲི་རོ་མེད་པའི་རྒྱུ་མཚན་དེ་གཉིས་ལ་ཆགས་པ་བྲལ་བས་ཡིན་པར་གསུངས་ལ་འོ་ན་འདོད་ཉོན་སྤངས་པའི་འདོད་པའི་གང་ཟག་ལ་འདོད་པའི་མིག་སྣ་སོགས་མེད་པར་ཐལ། དེ་ལ་ཆགས་པ་དང་བྲལ་བའི་ཕྱིར་ཟེར་བ་ཡོད་དོ། །ཁམས་གོང་མ་ལ་རེག་བྱ་མེད་པར་ཐལ། རེག་བྱ་ཁམ་ཟས་ཡིན་པའི་ཕྱིར།དེར་ཐལ། གནས་གསུམ་པའི་རྩ་བ་ལས། ཁམ་ཀྱི་ཟས་ནི་འདོད་པ་ན། །སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། གཞན་གནས་གསུམ་པར་དཔྱད་པར་འགྱུར་རོ། །

རྩ་བར།

དེ་གསུམ་ཟག་བཅས་ཟག་པ་མེད། །ལྷག་མ་དག་ནི་ཟག་བཅས་སོ། །ཞེས་པའི་སྐབས་སུ། །དམྱལ་བའི་སྡུག་བསྔལ་ལ་ཟག་པ་རྒྱས་ཚུལ་དང༌། ངོ་བོ་སྤང་ཁ་མའི་ཉོན་མོངས་དེས་ཟག་བཅས་ཀྱི་ཆོས་ལ་དམིགས་པ་ན་རང་གི་ངོ་བོ་རྒྱས་པ་ཡིན་མིན་དང༌།མིན་ན་ཟག་བཅས་ཡིན་པ་ལ་ཉོན་མོངས་གང་གིས་དམིགས་ན་རྒྱས་པར་འགྱུར་བ་མི་དགོས་པར་འགྱུར་ལ། དེ་ལྟར་ཡིན་ན། གཤེར་པའི་རས་ལ་རྡུལ་བཞིན་ནོ། །ཞེས་སྒྲུབ་ཚུལ་སོགས་ལ་དཔྱད། རྩ་བར། རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ་ཡིན། །ཐ་མ་གསུམ་ནི་རྣམ་གསུམ་མོ། །ཞེས་དང༌། མཆིམས་མཛོད་༧༩ལས། རྟོག་པ་ལ་རྟོག་པ་གཉིས་པ་མེད་པའི་ཕྱིར། ཞེས་དང༌། དཔྱོད་པ་ལ་དཔྱོད་པ་གཉིས་པ་མེད་པའི་ཕྱིར་དང༌། མཚུངས་ལྡན་མ་ཡིན་པ་དག་རྟོག་དཔྱོད་གཉིས་ཀ་དང་མི་ལྡན་པའི་ཕྱིར་རོ། །ཞེས་གསུངས་པ་ལ། རྟེན་བཅས་ཀྱི་མིག་དབང་ལ་མིག་ཤེས་དང་བཅས་པ་ཡིན་ན་རྟོག་དཔྱོད་དང་བཅས་པ་མ་ཡིན་པའི་རྒྱུ་མཚན་ལ་དཔྱད། འདོད་སེམས་ཡིན་ན་ཞིབ་པར་ཡུལ་ལ་འཇུག་པས་ཁྱབ་པ་ཡོད་དམ་མེད། མེད་ན་འདོད་སེམས་ཡིན་ན་རྟོག་དཔྱོད་དང་བཅས་པས་ཁྱབ་པར་བསྟན་པ་དང་འགལ་ལ། ཡོད་ན་གཙང་བའམ་རགས་པ་ཁོ་ནས་ཡུལ་ལ་འཇུག་པའི་བློ་མེད་པར་འགྱུར་བས་དཔྱད། རྣམ་པར་ཤེས་པའི་ཁམས་ལྔ་བོ་གང་རུང་ཡིན་ན་རྟོག་དཔྱོད་དང་བཅས་པས་ཁྱབ་པར་ཐལ། རྩ་བར། རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ་ཡིན། །ཞེས་གསུངས་པའི་ཕྱིར། འདོད་ན། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་གྱི་དབང་ཤེས་གསུམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཆན་༧༩ལས། དངོས་གཞི་བསམ་གཏན་ཁྱད་པར་ཅན་གྱི་དབང་ཤེས་གསུམ་ནི་རྟོག་མེད་དཔྱོད་ཙམ་མོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མཆིམས་མཛོད་༨༠ལས། མདོ་ལས། དགེ་སློང་དག་མིག་གི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་མ་ཡིན་ནོ། །ཞེས་རྟོག་བྲལ་དུ་བཤད་པ་དང་འགལ་ཞེ་ན། རྟོག་པ་ནི་རྣམ་པ་གསུམ་སྟེ་ངོ་བོ་ཉིད་ཀྱི་རྟོག་པ་དང༌། ངེས་པར་རྟོག་པའི་རྟོག་པ་དང་རྗེས་སུ་དྲན་པའི་རྟོག་པའོ། །དེ་ལ་དབང་པོའི་རྣམ་ཤེས་རྣམས་ནི་ངེ༷ས་པ༷ར་རྟོག༷་པ་དང༷་རྗེས༷་སུ་དྲན༷་པའི༷་རྣམ༷་པར༷་རྟོག༷་པས༷་རྣམ༷་པར་མི༷་རྟོག༷་པར་བཤད་པ་ཡིན་གྱི་ངོ་བོ་ཉིད་ཀྱི་རྟོག་པ་དང་བྲལ་བར་བཤད་པ་ནི་མིན་ནོ། །འོ་ན་རྟོག་པ་དེ་དག་གང་ཞེ་ན།ངོ་བོ་ཉིད༷་ཀྱི་རྟོག་པ་ནི་སེམས་བྱུང་གི་སྐབས་སུ་འཆད་པར་འགྱུར་ལ། ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྟོག་པ་དེ༷་དག༷་ནི་རིམ་པ་བཞིན་དུ་ཡིད༷་ཀྱི༷་རྣམ་ཤེས་དང་མཚུངས་པར་ལྡན་པའི་ཤེས༷་རབ༷་ཡུལ་ལ་རྣམ་པར་གཡེང༷་བ་དང༌། ཡིད༷་ཀྱི༷་རྣམ་ཤེས་དང་མཚུངས་པར་ལྡན་པའི་མིང་ལ་མ་ལྟོས་པར་དོན་དྲན༷་པ༷་མཉམ་པར་བཞག་མ་བཞག་ཐམ༷ས་ཅད༷་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ལ་ཡིད་ཀྱི་ཤེས་རབ་རྣམ་པར་གཡེང་བ་ནི་དེ་དང་མཚུངས་པར་ལྡན་༼པ་མཉམ་གཞག་མིན་༽པའི་ཐོས་པ་དང་བསམ་པ་ལས་བྱུང་བ་དང་སྐྱེས་ནས་ཐོབ་པའོ། །ཞེས་རྟོག་པ་གསུམ་གསུངས་པའི་ནང་གི་སྤྱིར་རྟོག་བཅས་ཞེས་པའི་རྟོག་པ་གང་ལ་བྱེད། བྱེ་བྲག་སྨྲ་བས་སྒྲ་སྤྱི་དོན་སྤྱི་གྲུབ་མཐའ་གོང་མ་ལྟར་མི་བཞེད་པས་ཡུལ་སྣང་བའི་བློ་ཐམས་ཅད་གསལ་སྣང་ཅན་ཡིན་པས་ཁྱབ་པ་ཡོད་མེད་དང་བློ་ཡིན་ན་རྟོག་བཅས་ཡིན་པས་ཁྱབ་པ་མེད་དམ་ཅི། མེད་ན་མ་ཁྱབ་པ་ལ་གང་འཇོག་དཔྱད། ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྟོག་པའི་དོན་མཆིམས་མཛོད་ཀྱི་ལུང་དེས་དེ་ལྟར་གསུངས་པ་ལ། འོ་ན་རྗེས་དྲན་གྱི་རྟོག་པ་ཆོས་ཅན། ཁྱོད་དུ་གྱུར་བའི་བསམ་བྱུང་དང་ཐོས་བྱུང་ཡོད་པར་ཐལ། ཁྱོད་དུ་གྱུར་བའི་མཉམ་པར་མ་བཞག་པའི་ཤེས་པ་ཡོད། དེ་ཡོད་ན་ཐོས་བསམ་མེད་པའི་རྒྱུ་མཚན་མེད་པའི་ཕྱིར། འདོད་ན། དེ་འདྲའི་ཐོས་བྱུང་དང་བསམ་བྱུང་གི་རྗེས་དྲན་གྱི་རྟོག་པ་ཆོས་ཅན། མིང་ལ་མ་ལྟོས་པར་དོན་འཛིན་པའི་བློ་ཡིན་པར་ཐལ། རྗེས་དྲན་གྱི་རྟོག་པ་ཡིན་པའི་ཕྱིར། ཁྱབ་པ་གོང་གི་མཆིམས་མཛོད་ཀྱི་ལུང་དེས་གྲུབ། འདོད་མི་ནུས་ཏེ། གནས་དྲུག་པའི་རྩ་བ་ལས། ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ཀ་དོན་ཡུལ་ཅན། །ཞེས་གསུངས་པའི་ཕྱིར། ཡང་ངེས་རྟོག་ཆོས་ཅན། ཁྱོད་ཡིན་ན་མཉམ་པར་བཞག་པའི་ས་པ་མ་ཡིན་པས་ཁྱབ་པར་ཐལ། ཁྱོད་ལ་ཐོས་བྱུང་དང་བསམ་བྱུང་དང་སྐྱེས་ཐོབ་ཀྱི་ཤེས་རབ་ལས་གཞན་སྒོམ་བྱུང་མེད་པའི་ཕྱིར། རྟགས་གོང་གི་ལུང་གིས་གྲུབ། འདོད་ན། སྦྱོར་ལམ་དྲོད་སོགས་ཀྱིས་བསྡུས་པའི་ཤེས་རབ་ཆོས་ཅན། ངེས་རྟོག་མ་ཡིན་པར་ཐལ། སྒོམ་བྱུང་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། ཁྱོད་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་མ་ཡིན་པར་ཐལ། ངེས་རྟོག་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་བར། རྣམ་ཤེས་ལྔ་དང་མཚུངས་སྐྱེས་བློ། །ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། །ཞེས་དང༌། དེའི་ཐད་ཀྱི་མངོན་རྒྱན་ལས། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི། ཡིད་ཀྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་ཤེས་རབ་དགེ་བ་ཟག་བཅས་ཁོ་ན་ཡིན་གྱི་མིག་ལ་སོགས་པའི་རྣམ་ཤེས་ལྔ་དང་མཚུངས་ལྡན་དུ་སྐྱེས་པའི་བློ་སྟེ་ཤེས་རབ་དགེ་བ་ནི་ཇི་ལྟར་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་མ་ཡིན་ཏེ། དེ་ནི་ངེས་པར་རྟོག་པ་ཡིན་ན་དེ་དག་ནི་ངེས་པར་རྟོག་པ་མེད་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ།ཡིད་ཤེས་འཁོར་གྱི་ཟག་བཅས་དགེ་བའི་ཤེས་རབ་ཡིན་པའི་ཕྱིར། ཁྱབ་སྟེ། མངོན་རྒྱན་ལས། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི། ཡིད་ཀྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་ཤེས་རབ་དགེ་བ་ཟག་བཅས་ཁོ་ན་ཡིན་གྱི། ཞེས་དང༌། དེ་༩༣ལས། དེ་ལ་དང་པོ་ལྔ་ནི་ཉོན་མོངས་ཅན་དང་དྲུག་པ་ནི་དགེ་བ་ཟག་བཅས་དང༌། ཕྱི་མ་གཉིས་ནི་སྒོམ་སྤང་གི་ས་བོན་དང་བཅས་པ་དང༌། དེ་མེད་པའི་ཟག་མེད་ཡིན་པས། ཞེས་ཡིད་ཤེས་འཁོར་གྱི་ཤེས་རབ་ཟག་བཅས་དགེ་བ་ཐམས་ཅད་ལྟ་བ་དྲུག་པ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡིན་པར་བཤད་པའི་ཕྱིར་ཟེར་ན་དཔྱད། མཆིམས་མཛོད་༨༠ལས། ཁམས་བཅོ་བརྒྱད་ལས་གཅིག་ཏུ་དམིག༷ས་པ་དང་བཅས༷་པའི་ཁམས་ནི་སེམ༷ས་ཀྱི༷་ཁམ༷ས་བདུན༷་ཡིན་ནོ༷། །ཆོས༷་ཀྱི༷་ཁམས་ཀྱི་ཕྱེད༷་སེམས་ལས་བྱུང་བ་རྣམས་ཀྱང༷་དམིགས་པ་དང་བཅས་པ་ཡིན་ནོ། །ཁམས་ལྷག་མ་ཕྱེད་དང་བཅུ་གཅིག་ནི་མཚུངས་ལྡན་མིན་པས་དམིགས་པ་མེད་པར་གྲུབ་པོ། །ཞེས་གསུངས་པ་ལ། བྱེ་བྲག་སྨྲ་བས་དབང་པོ་ཚད་མར་འདོད་པ་གང་ཞིག དེ་འདོད་ན་དབང་པོ་དམིགས་བཅས་མ་ཡིན་པས་རྒྱུ་མཚན་མེད་པའི་ཕྱིར་ཟེར་བ་དང༌། སེམས་ཀྱི་ཁམས་བདུན་པོ་གང་རུང་ལ་དམིགས་བཅས་ཀྱིས་ཁྱབ་ན་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་གྱི་སེམས་ཁམས་བདུན་གྱིས་ཡུལ་འཛིན་པར་ཐལ། དམིགས་བཅས་ཡིན་པའི་ཕྱིར། ཁྱབ་པ་གོང་གི་ལུང་དེ་དང༌། མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པས་ཀྱང་གྲུབ་པའི་ཕྱིར་ཟེར་བ་དག་ལ་དཔྱད། མཆིམས་མཛོད་༨༡ལས། དེ་ལ་དབང་པོ་ལྔ་འདས་པ་དང་མ་འོངས་པ་ནི་མ་ཟིན་པ་དང༌། ད་ལྟར་བྱུང་བ་དག་ནི་ཟིན་པ་དག་ཡིན་ནོ། །ཞེས་དང༌། འདིར་འདས་མ་འོངས་ཀྱི་མིག་སོགས་དབང་པོ་ལྔ་མ་ཟིན་པ་ཡིན་ནོ་ཞེས་བཤད་པ་ནི་བྱེ་བྲག་སྨྲ་བས་ཀུན་བཏགས་པ་སྟེ། ཞེས་གསུངས་པ་ལ་འདས་པ་དང་མ་འོངས་པའི་དབང་པོ་རྒྱུད་ལྡན་གྱི་གང་ཟག་མེད་ན་དེ་དག་རྒྱུད་ཀྱིས་མ་བསྡུས་པར་འགྱུར་ལ། དེ་འདྲའི་གང་ཟག་ཡོད་ན་དེ་ལ་ཕན་གནོད་བྱེད་པ་ཡོད་མེད་དང༌། མཆིམས་མཛོད་༨༡ལས། འདིར་ཟིན་པའི་དོན་ནི་དབང་པོ་ལ་ཕན་གནོད་བྱས་པའི་དབང་གིས་ཚོར་བ་བདེ་སྡུག་སྐྱེད་པའི་ཕྱིར་སེམས་དང་སེམས་བྱུང་རྣམས་ཀྱི་རྟེན་གྱི་དངོས་པོ་ལ་ཉེ་བར་བཟུང་བ་སྟེ་འཇིག་རྟེན་ན་སེམས་དང་བཅས་པ་ཞེས་བརྗོད་པར་བྱ་བ་གང་ཡིན་པའོ། །ཞེས་གསུངས་པ་ལ་ཡིད་ཤེས་ཀྱི་འཁོར་དུ་བྱུང་བའི་སེམས་བྱུང་ལ་དེ་འདྲའི་ཟིན་པའི་དོན་ཚང་བས་ཟིན་པའི་ཁམས་སུ་འགྱུར་ལ་དེ་ལྟ་ན་རྩ་བར། བརྒྱད་པོ་དེ་དག་རྣམས་དང་སྒྲ། །ཞེས་གསུངས་པ་དང་འགལ་བར་འགྱུར་བ་དང༌། བསམ་གཏན་གསུམ་པ་ཡན་ཕན་གནོད་བྱས་པ་ལས་བདེ་སྡུག་འབྱུང་བ་མེད་ན་ཟིན་པའི་ཁམས་མེད་པར་འགྱུར་བ་དང༌། སངས་འཕགས་ལ་བདེ་སྡུག་འབྱུང་བ་ཡོད་མེད་དང༌། འགོག་སྙོམས་པ་ལ་སེམས་མེད་པས་དེའི་ལུས་ལ་ཕན་གནོད་བྱས་པ་ལས་བདེ་སྡུག་འབྱུང་བ་ཡོད་མེད་དང༌། བཟི་ཁབ་བརྒྱབས་ནས་བཤའ་བཅོས་བྱས་པ་ལ་བདེ་སྡུག་འབྱུང་བ་ཡིན་མིན་དང༌། ནང་གི་ཁམས་དང་རྟེན་བཅས་དང་ཟིན་པའི་ཁམས་གསུམ་གྱི་དོན་སོ་སོར་ངོས་འཛིན་བྱས་ནས་དེ་དག་དོན་གཅིག་ཡིན་མིན་སོགས་ལ་དཔྱད་པར་བྱའོ། །ཡང་རྩ་བར། རེག་བྱ་རྣམ་པ་གཉིས་ཡིན་ཏེ། །ཞེས་པའི་སྐབས་སུ་འབྱུང་བ་དང་འབྱུང་འགྱུར་འགལ་མི་འགལ་བརྟག་པར་བྱ། རིག་མིན་གྱི་གཟུགས་ཆོས་ཅན། རྡུལ་ཕྲན་བསགས་པ་མ་ཡིན་པར་ཐལ། མཆིམས་མཛོད་༨༢ལས། མིག་ལ་སོགས་པའི་ཁམས་གཟུག༷ས་ཅན༷་བཅུ༷་ནི༷་གཅིག་ཏུ་རྡུལ་ཕྲན་བསག༷ས་པ༷འོ༷། །ལྷག་མ་བརྒྱད་ནི་བསགས་པ་མིན་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། རང་རྒྱུ་འབྱུང་བ་བཞི་ལས་གྲུབ་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར་ན་དཔྱད། མེ་རྡུལ་བདུན་ཙམ་འདུས་པ་དེ་བསགས་རྡུལ་ཡིན་མིན་དཔྱད། ནང་གི་ཁམས་ཡིན་ན་གཅོད་བྱེད་དང་བཅད་བྱ་མ་ཡིན་པས་ཁྱབ་པར་ཐལ། མཆིམས་མཛོད་༨༢ལས། གཟུགས་དྲི་རོ་རེག་བྱ་ཞེས་བྱ་བ་ཕྱི༷་རོལ༷་གྱི༷་ནི༷་ཁམ༷ས་བཞི༷་པོ་དེ་དག་ཉིད་ནི་གཅད་པར་བྱ་བ་ཡིན༷། ཞེས་པ་ནས། ཇི་ལྟར་ཕྱི་རོལ་གྱི་ཁམས་བཞི་པོ་དག་གཅོད་བྱེད་དང་གཅད་བྱ་ཡིན་པ་དེ༷་བཞི༷ན་དུ་མེས་བསྲེག༷་པར་བྱ༷་བ་དང་སྲང་གིས་འཇལ༷་བར་བྱེད༷་པ༷འང༷་དེ་དག་ཁོ་ནའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཕྱི་རོལ་ཞེས་དམིགས་ཀྱིས་དགར་བ་དང༌། ཁོ་ན་ཞེས་ངེས་བཟུང་ལན་གཉིས་སུ་གསུངས་པའི་ཕྱིར་ཟེར་ན་དཔྱད། མིག་བཅར་བ་དང་སྣ་གཅོད་པ་དང་ཐོགས་པ་མེད་པར་ཐལ། མཆིམས་མཛོད་༨༢ལས། དབང་པོ་རྣམས་ནི་གཅོད་པར་བྱ་བའང་མ་ཡིན་ཏེ། འོད་ལྟར་དང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་བརྟག་གོ །ཡང་མིག་སོགས་ནང་གི་ཁམས་ཡིན་ན་རྣམ་སྨིན་དང་རྒྱས་བྱུང་གཉིས་ཀ་ཡིན་པར་ཐལ། རྩ་བར། རྣམ་པར་སྨིན་ལས་སྐྱེས་པ་དང༌། །རྒྱས་ལས་བྱུང་བ་ནང་གི་ལྔ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། གཉིས་ཀ་ཡོད་པའི་དོན་ཡིན་ཟེར་ན། འོ་ན་མིག་སོགས་ལྔ་ལའང་གཟུགས་དྲི་རོ་རེག་བྱ་བཞི་ལ་རྩ་བར། གཞན་རྣམ་གསུམ། ཞེས་དང༌། མཆིམས་མཛོད་༨༥ལས། ཁམས་ལྷག་མ་གཞ༷ན་གཟུགས་དྲི་རོ་རེག་བྱ་རྣམ་པ་བཞི་ནི་རྣམ་སྨིན་ལས་བྱུང་བ་ལ་སོགས་པ་རྣམ་པ་གསུམ་ག་ཡོད་དེ། དབང་པོའི་ཚོགས་པ་ན་ཡོད་པ་ལ་རྣམ་པ་གསུམ་ག་དང༌། ཕྱི་རོལ་ནི་རྒྱུ་མཐུན་ལས་བྱུང་བར་གནས་སོ། །ཞེས་གསུངས་པ་བཞིན་གསུངས་རིགས་པ་ལས་མ་གསུངས་པའི་ཕྱིར། རྣམ་སྨིན་དང་རྒྱས་བྱུང་གི་གཞི་མཐུན་མེད་དེ། མཛོད་རང་འགྲེལ་༡༠༥ལས། མིག་ལ་སོགས་པ་བདུན་ནི་རྒྱས་པ་ལས་བྱུང་བ་རྣམས་ནི་རྣམ་པར་སྨིན་པ་མ་ཡིན་ནོ། །ལྷག་མ་རྣམས་ནི་རྣམ་པར་སྨིན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །མ་འོངས་པ་མི་སྐྱེ་བའི་ཆོས་ཅན་གྱི་འདུས་བྱས་ཆོས་ཅན། རྒྱུ་མཐུན་ལས་བྱུང་བར་ཐལ། ཟག་མེད་སྐད་ཅིག་དང་པོ་མ་ཡིན་པའི་འདུས་བྱས་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་འགྲེལ་གནད་སྒྲོན་ལས། ཐ་མ་གསུམ། སྐད་ཅིག་མ་སྟེ།ཐ་མ་དེ་དག་ཡིད་ཀྱི་ཁམས་ལ་སོགས་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཚོགས་ལ་སྐད་ཅིག་མ་གཅིག་རྒྱུ་མཐུན་པ་ལས་བྱུང་བ་མ་ཡིན་པར་འགྱུར་ཏེ། ཞེས་དང༌། མཆིམས་མཛོད་མཆན༨༥ལས། འདི་དུས་མཐའ་མའི་སྐད་ཅིག་ཡིན་ལ། སྡུག་བསྔལ་ཆོས་བཟོད་བྱ་རྫོགས་ཀྱི་སྐད་ཅིག་ཡིན་པས་དེ་ཡང་དུས་མཐའི་སྐད་ཅིག་གཉིས་པ་ཕན་ཆད་རྒྱུ་མཐུན་ལས་བྱུང་བ་ཡིན་ནོ། །ཞེས་པ་ནས། ཟག་མེད་སྐད་ཅིག་དང་པོ་མ་ཡིན་པའི་འདུས་བྱས་ཐམས་ཅད་ནི་རྒྱུ་མཐུན་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། རྒྱུ་མཐུན་གྱི་རྒྱུ་ལ་ཉེར་ལེན་མི་དགོས་ན་ཟག་མེད་དང་པོའི་རྒྱུ་མཐུན་གྱི་རྒྱུ་ལ་རྒྱུད་ཐ་དད་པའི་རྒྱུད་ཀྱི་ཟག་མེད་བཞག་ན་ཆོག་སྙམ། དགོས་ན་བསམ་གཏན་དང་པོའི་དངོས་གཞིའི་སེམས་རྟེན་བྱས། དེ་ལས་ལངས་ནས་གསར་ཐོབ་ཀྱི་ཟག་མེད་བསམ་གཏན་གཉིས་པའི་སེམས་རྟེན་བྱས་པའི་སྒོམ་ལམ་ཟག་མེད་ཀྱི་རྒྱུ་མཐུན་དང༌། དགྲ་བཅོམ་ལས་ཉམས་མ་ཐག་པའི་ཉོན་མོངས་ཀྱི་རྒྱུ་མཐུན་དང་ཉེར་ལེན་ལ་གང་འཇོག་དང༌། ཟག་མེད་དང་འཕགས་ལམ་དང༌། ཆོས་དེའི་རྒྱུ་མཐུན་གྱི་རྒྱུུ་ཡིན་ན་ཆོས་དེ་དང་འདྲ་དགོས་པས་དངོས་ཀྱི་སྐྱེ་བ་སྔ་མ་བ་གླང་ཡིན་པའི་མིའི་བར་དོ་གྲུབ་མ་ཐག་པའི་རྒྱུ་མཐུན་གྱི་རྒྱུ་ལ་གང་འཇོག་སོགས་དཔྱད། རྒྱས་པའི་རྒྱུ་བཞི་ནི། མཆིམས་མཛོད་༨༣ལས། དེ་ལ་རྒྱས་པའི་རྒྱུ་ནི་བཞི་སྟེ། ཟས་དང་བསྐུ་མཉེ་དང་དྲིལ་ཕྱིས་ལ་སོགས་པའི་ལེགས་པར་བྱ་བ་དང༌། གཉིད་དང་ཏིང་ངེ་འཛིན་ཉིད་དོ། །ཞེས་གསུངས་ལ། རྒྱས་བྱུང་ནི་རྒྱས་པའི་རྒྱུ་བཞི་པོ་ཅི་རིགས་ཀྱིས་རྒྱས་པ་ལ་བྱེད་ཟེར་ན། མཐོང་སྒོམ་མི་སློབ་ཀྱི་ཤེས་རབ་ཆོས་ཅན། རྒྱས་བྱུང་ཡིན་པར་ཐལ། རྒྱས་པའི་རྒྱུ་བཞི་པོ་གང་རུང་གིས་རྒྱས་པར་བྱས་པ་དེ་ཡིན་པའི་ཕྱིར། དེར་ཐལ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རྒྱས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཁམས་ཡིན་པའི་ཕྱིར། ཁྱབ་སྟེ། ཐོགས་མེད་ཀྱི་ཁམས་བརྒྱད་དང༌། ཆོས་ཁམས་ལ་རྒྱུ་མཐུན་ལས་བྱུང་བ་དང༌། རྣམ་སྨིན་ལས་བྱུང་བ་གཉིས་མ་གཏོགས་རྒྱས་བྱུང་བཞག་མི་རུང་བ་ཡིན་པའི་ཕྱིར། རྩ་བར། རྣམ་པར་སྨིན་ལས་བྱུང་བ་དང༌། །རྒྱས་ལས་བྱུང་བ་ནང་གི་ལྔ། །རྒྱུ་མཐུན་ལས་བྱུང་རྣམ་སྨིན་སྐྱེས། །ཐོགས་པ་མེད་བརྒྱད་གཞན་རྣམ་གསུམ། །ཞེས་དང༌། མཆིམས་མཛོད་༨༥ལས། རྒྱུ་མཐུན་ལས་བྱུང་བ་དང་རྣམ་སྨིན་ལས་སྐྱེས་པ་ནི། སེམས་ཀྱི་ཁམས་བདུན་དང༌། ཆོས་ཀྱི་ཁམས་ཏེ་ཐོགས་པ་མེད་པ་བརྒྱད་པོ་དེ་དག་ཡིན་ཏེ། སྐལ་མཉམ་དང་ཀུན་འགྲོའི་རྒྱུས་བསྐྱེད་པ་དང་རྣམ་སྨིན་གྱི་རྒྱུས་བསྐྱེད་པ་དག་ཡོད་པའི་ཕྱིར་དང༌། རྒྱས་བྱུང་ནི་མེད་དེ། བརྒྱད་པོ་དེ་དག་བསགས་པར་མི་གནས་པས་གཟུགས་ཅན་རྒྱས་པ་མེད་པའི་ཕྱིར། ཞེས་སོགས་གསུངས་པའི་ཕྱིར་ཟེར་ན། རྒྱས་བྱུང་ལ་བསགས་པར་གནས་པའི་གཟུགས་ཅན་རྒྱས་པ་དགོས་སམ་དཔྱད། མཛོད་འགྲེལ་གནད་ཀྱི་སྒྲོན་མ་༢༢ལས། མིག་དང་ནི། རྣམ་ཤེས་ཁམས་དག་སོ་སོ་དང༌། །ལྷན་ཅིག་ཏུ་ཡང་ཐོབ་པ་ཡོད། །རེ་ཞིག་སོ་སོ་ནི་མིག་གི་ཁམས་དང་ཡིན་ལ་མིག་གི་རྣམ་པར་ཤེས་པའི་ཁམས་དང་མ་ཡིན་པ་ཡང་ཡོད་དེ། འདོད་པའི་ཁམས་ན་རིམ་གྱིས་མིག་གི་དབང་པོ་ཐོབ་པའོ། མིག་གི་རྣམ་པར་ཤེས་པའི་ཁམས་དང་ཡིན་ལ། མིག་གི་ཁམས་དང་མ་ཡིན་པ་ཡང་ཡོད་དེ། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པས་གཟུགས་ལྟ་ཞིང་མིག་གི་རྣམ་པར་ཤེས་པ་མངོན་དུ་བྱེད་པ་ནའོ། །ལྷན་ཅིག་ཏུ་ཡང་ནི་གཉིས་ཀ་དང་ལྡན་པ་འཐོབ་པ་ཡང་ཡོད་དེ། གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་འདོད་པའི་ཁམས་དང་ཚངས་པའི་འཇིག་རྟེན་དུ་སྐྱེས་པ་ནའོ། །གཉིས་ཀ་དང་མ་ཡིན་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །ཞེས་གསུངས་པ་ལ་འོ་ན་བསམ་གཏན་གཉིས་པ་ལ་མིག་ཤེས་དགེ་བ་ལ་འདས་ཐོབ་དང་མ་འོངས་པའི་ཐོབ་པ་མེད་པའི་རྒྱུ་མཚན་གང་ཡིན་དང༌། མིག་མེད་པའི་རྒྱུད་ལ་མིག་ཤེས་ཐོབ་པ་ཡོད་ན་དེ་ལ་ལྡན་པའི་མིག་ཤེས་རྒྱུད་ལ་ཡོད་པའི་གང་ཟག་སུ་འཇོག་དཔྱད། མཛོད་འགྲེལ་གནད་ཀྱི་སྒྲོན་མ་༢༢ལས། ནང་གི་བཅུ་གཉིས་གཟུགས་ལ་སོགས། །མ་གཏོགས་པ་རྣམ་པར་ཤེས་པ་དྲུག་དང་རྟེན་དྲུག་གོ །མིག་ལ་སོགས་པ་ནི་སེམས་ཀྱི་རྟེན་ཉིད་དུ་ཉེ་བ་ཉིད་ཀྱི་ཕྱིར་ནང་གིའོ། །སེམས་ནི་ངར་འཛིན་པའི་རྟེན་ཡིན་པའི་ཕྱིར་བདག་ཏུ་ཉེ་བར་གཏོགས་པའོ། །གཟུགས་ལ་སོགས་པ་ཡུལ་གྱི་ཁམས་དྲུག་པོ་དག་ནི་ཕྱིའི་ཡིན་ནོ། །ཞེས་གསུངས་པ་ལྟར་ན་མིག་སོགས་བཅུ་གཉིས་ལ་ནང་གི་གཟུགས་ཀྱིས་ཁྱབ་པ་དང་གཟུགས་སོགས་ཡུལ་དྲུག་ལ་ཕྱིའི་ཁམས་ཀྱིས་ཁྱབ་པར་ཐལ། ལུང་དེའི་ཕྱིར། འདོད་མི་ནུས་ཏེ། ནང་གི་ཡུལ་དྲུག་དང་མ་འོངས་པ་མི་སྐྱེ་བའི་མིག་སོགས་གཞི་གྲུབ་དེ་ཟིན་པའི་ཁམས་མ་ཡིན་པ་གོང་དུ་བཤད་ཟིན་པའི་ཕྱིར་ཟེར་ན་དཔྱད།མཆིམས་མཛོད་༨༨ལས། འདིར་ནང་དང་ཕྱི་ནི་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་དང་མ་བསྡུས་པ་ལ་བརྗོད་པར་འདོད་ཀྱི། ཞེས་གསུངས་པ་དང༌། གོང་དུ་ཟིན་པའི་ཁམས་བཤད་སྐབས་སུ་མཆིམས་མཛོད་ལས། སེམས་དང་སེམས་བྱུང་རྣམས་ཀྱི་རྟེན་གྱི་དངོས་པོ་ལ་ཉེ་བར་བཟུང་བ་སྟེ་འཇིག་རྟེན་ན་སེམས་དང་བཅས་པ་ཞེས་བརྗོད་པར་བྱ་བ་གང་ཡིན་པའོ། །ཞེས་གསུངས་པ་གཉིས་ཀྱི་དོན་འདྲའམ་ཅི། འདྲ་ན་སེམས་ཀྱི་ཁམས་བདུན་མ་ཟིན་པ་ཡིན་ལ་ནང་གི་ཁམས་ཡིན་པས་མི་འཐད་ལ། མི་འདྲ་ན་དེ་གཉིས་ཀྱི་དོན་སོ་སོར་འཇོག་དགོས་སོ། །ཡང་ཆོས་ཁམས་ཡིན་ན་རྟེན་བཅས་ཡིན་པས་ཁྱབ་པར་ཐལ། མཆིམས་མཛོད༨༨ལས། ཁམས་བཅོ་བརྒྱད་པོ་དེ་དག་ལས་ཆོས༷་ཀྱི་ཁམས་ཞེས༷་བྱ༷་བ༷་ནི༷་གཅིག་ཏུ་བརྟེན༷་པ༷་དང༷་བཅས༷་པ་ཞེས་བྱ་བ་ཡིན་ཏེ། འཕགས་པའམ་སོ་སོའི་སྐྱེ་བོ་ཡང་རུང་སྟེ་དེ་དག་གི་ཡིད་ཀྱི་རྣམ་ཤེས་སྐྱེ་བའི་བྱ་བ་བྱེད་པའི་ཕྱིར། ཞེས་པ་ནས། ཁམས་ལྷག༷་མ༷་བཅུ་བདུན་པོ་དག་ནི༷་དེ༷་དང༷་མཚུང༷ས་པ༷་དག༷་ཀྱང༷་ཡིན༷་ནོ། །ཀྱང་སྒྲས་དེ་དག་ལ་རྟེན་དང་བཅས་པའང་ཡོད་དོ་ཞེས་བསྡུས་པའི་ཕྱིར་རོ། །འོ་ན་རྟེན་བཅས་དང་དེ་མཚུངས་ཀྱི་ཁྱད་པར་གང་ཞེ་ན། ཁམས་གང༷་ཞིག༷་རང༷་གི༷་བྱ་བའི་ལས༷་མི༷་བྱེད༷་པ་དེ་དང་མཚུངས་པ་དང༌། བྱེད་པ་དེ་ནི་རྟེན་བཅས་ཏེ། །ཞེས་གསུངས་པའི་ཕྱིར། འདོད་ན། མ་འོངས་པ་མི་སྐྱེ་བའི་སེམས་བྱུང་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། མ་འོངས་པ་མི་སྐྱེ་བའི་ཆོས་ཅན་གྱི་མིག་ཤེས་དེ་དེ་མཚུངས་ཡིན་པ་གང་ཞིག དེ་གཉིས་རིགས་པ་མཚུངས་པའི་ཕྱིར། དང་པོ་གྲུབ་སྟེ། ཁམས་ལྷག་མ་བཅུ་བདུན་རེ་རེ་ལ་དེ་མཚུངས་ཡོད་པའི་ཕྱིར། དེར་ཐལ། རྩ་བར། ལྷག་མ་ནི། །དེ་དང་མཚུངས་པ་དག་ཀྱང་ཡིན། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། མཛོད་འགྲེལ་གནད་ཀྱི་སྒྲོན་མ་༢༣ལས། ཡང་གང་དག་བརྟེན་པ་དང་བཅས་པས་མ་ཡིན་པ་དེ་དག་ནི་རིགས་མཐུན་པར་འདྲ་བའི་ཕྱིར་དེ་དང་མཚུངས་པ་དག་གོ །ཞེས་དེ་མཚུངས་ལ་རྟེན་བཅས་དང་རིགས་མཐུན་དགོས་མི་དགོས་དང༌། །གཞི་གྲུབ་ན་རང་གི་ལས་བྱེད་པས་ཁྱབ་པ་ཡོད་མེད་དཔྱད། མཆིམས་མཛོད་༩༡ལས། ཡང་ཁམས་བཅོ་བརྒྱད་པོ་དེ་དག་ལས་མིག་སོགས་གཟུགས་ཅན་གྱི་ཁམས་བཅུ༷་ནི༷་སྒོམ༷་པས༷་སྤང༷་བར་བྱ༷་བ་ཡིན༷་ཏེ། ཟག་བཅས་ཡིན་པའི་ཕྱིར་དང་བདེན་པ་ལ་ལོག་པར་མི་རྟོག་པའི་ཕྱིར་དང༌། དེ་དང་འབྲེལ་བའང་མ་ཡིན་པས་མཐོང་སྤང་ཡང་མ་ཡིན་པའི་ཕྱིར་རོ། །ཞེས་དང༌། སོ་སོའི་སྐྱེ་བོ་ཉིད་ནི་ཉོན༷་མོང༷ས་ཅན༷་མིན༷་པའི་ཕྱིར་མཐོང༷་བས་སྤང༷་བར་བྱ་བ་ཡང་མིན༷་ཏེ། ཞེས་པ་ནས། མཐོང་སྤང་མིན་ཏེ། དེ་ནི་བདེན་པ་ལ་ལོག་པར་མི་རྟོག་ཅིང་དེའི་རྗེས་འབྲང་དང་ཐོབ་པའང་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ལུང་སྔ་མ་ལ་ཐོབ་པ་རྗེས་འབྲེལ་མ་ཡིན་པས་མ་ངེས་སམ་དཔྱད། མཐོང་སྤང་གི་ཐོབ་པ་ཉོན་མོངས་ཅན་མ་ཡིན་ན་མཐོང་སྤང་མ་ཡིན་པར་འགྱུར་བས་དེ་ཉོན་མོངས་ཅན་ཡིན་ཚུལ་ལ་དཔྱད། མཐོང་སྒོམ་གྱི་སྤང་བྱའི་གཞི་མཐུན་མེད་པར་ཐལ། རྩ་བར། བཅུ་ནི་བསྒོམ་པས་སྤང་བྱ་ཡིན། །ལྔ་ཡང་ཐ་མ་གསུམ་རྣམ་གསུམ། །ཞེས་སོགས་རྩ་འགྲེལ་དག་གིས་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། གནས་ལྔ་བའི་རྩ་བ་ལས། ལྷག་སྐྱེས་མཐོང་དང་སྒོམ་གཉིས་ཀྱིས། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱ་བ་མང་ཡང་འཆད་པར་འགྱུར་རོ། །མིག་ལྟ་བ་ཡིན་པར་ཐལ། མཆིམས་མཛོད་༩༢ལས། ཡང་ཁམས་བཅོ་བརྒྱད་ལས་མིག༷་གི་ཁམས་དང༷་ཆོས༷་ཀྱི༷་ཁམ༷ས་ཀྱི་ཕྱོག༷ས་གཅིག་ནི༷་ལྟ༷་བ༷་ཡིན༷་ཏེ༷། མིག་ནི་གཟུགས་ལ་ལྟ་བའི་ཕྱིར་དང༌། ཆོས་ཁམས་ཀྱི་ཕྱོགས་གཅིག་ནི་ཡུལ་ལ་ངེས་པར་རྟོག་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེ་མི་འཐད་པར་ཐལ། ཡང་དག་པར་རྟོག་པ་མེད་པ་དང༌། ཡོངས་སུ་ཚོལ་བའི་བསམ་པ་ཅན་མ་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་འགྲེལ་གནད་སྒྲོན་༢༠༥ལས། ཇི་ལྟར་བཟོད་པ་རྣམས་ལྟ་བ་ཡིན་གྱི་ཤེས་པ་རྣམས་མ་ཡིན་པ་དེ་བཞིན་དུ། ཟད་དང་མི་སྐྱེའི་བློ་ལྟ་མིན། །ཡང་དག་པར་རྟོག་པ་མེད་པ་དང༌། ཡོངས་སུ་ཚོལ་བའི་བསམ་པ་ཅན་མ་ཡིན་པའི་ཕྱིར་རོ། །དེ་ལས་གཞན་འཕགས་བློ་གཉིས་ཀ །བཟོད་པ་དང༌། ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ལས་གཞན་པ་ཟག་པ་མེད་པའི་ཤེས་རབ་ནི་ལྟ་བ་དང་ཤེས་པ་ཡང་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །མིག་ལྟ་བ་མ་ཡིན་པར་ཐལ། དེ་ལ་དེ་ཡིན་མིན་གཉིས་ཡོད་པའི་ཕྱིར། མ་ཁྱབ་ན་དབང་པོ་ཡང་ལྟ་བ་ཡིན་པར་ཐལ་ལོ། །རྟགས་གྲུབ་སྟེ། མཆིམས་མཛོད་༩༣ལས། དེས་ན་མིག་ཐམས་ཅད་ཀྱིས་ལྟའམ་ཞེ་ན་རྣམ་ཤེས་བརྟེན༷་པ་དང་བཅས༷་པའི་མིག་གིས་མཐོང་གི་དེ་མཚུངས་ཀྱིས་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མིག་ལྟ་བ་ཡིན་པའི་རྒྱུ་མཚན་གཟུགས་ལ་ལྟ་བའི་རྒྱུ་མཚན་གྱིས་ཡིན་ཏེ། མཆིམས་མཛོད་༩༣ལས། མིག༷་གིས༷་ནི་གཟུག༷ས་རྣམ༷ས་མཐོང༷་བའི་ཕྱིར་ལྟ་བ་ཞེས་བྱའི་ངེས་པར་རྟོག་པའི་ཕྱིར་ན་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན་དམ་བཅའ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཟེར་ན་ཞིབ་ཆ་ཅུང་ཟད་དགོས་སོ། །མཆིམས་མཛོད་༩༣ལས། དེ་ལྟར་ན་མིག་ལ་བརྟེན་པའི་རྣམ་ཤེས་ཁོ་ནས་མཐོང་བར་འགྱུར་རོ་ཞེ་ན། མིག་དེ༷་ལ༷་བརྟེན༷་པའི༷་རྣམ༷་ཤེས༷་ཁོ་ནའི་མཐོང་བ་ནི་མིན༷་ཏེ། གང༷་གི་ཕྱིར༷་ཞེ་ན་རྣམ་ཤེས་ཀྱིས་མཐོང་ན་དེ་ནི་ཐོགས་མེད་ཡིན་པས་རྩིག་པ་ལ་སོགས་པས་བར༷་དུ༷་ཆོད༷་པ༷འི༷་གཟུགས་ཀྱང་མཐོང་བར་འགྱུར་ན་རྩིག་པ་ལ་སོགས་པའི་སྒྲིབ་པས་བར་དུ་ཆོད་པའི་གཟུག༷ས་ནི༷་མཐོང༷་བ༷་མིན༷་པའི་ཕྱིར༷་རོ། །ལོ༷་ཞེས་བྱ་བ་ནི་མདོ་སྡེ་བས་དེ་འགོག་པར་བྱེད་དེ། རྣམ་ཤེས་ཀྱིས་མཐོང་ཡང་བསྒྲིབས་པ་ཐམས་ཅད་ལ་འཇུག་པར་མི་འགྱུར་ཏེ། ༼མུན་པ་སོགས་༽སྒྲིབ་བྱེད་ཀྱིས་བར་དུ་ཆོད་པ་ལ་རྒྱུ་མ་ཚང་བས་རྣམ་ཤེས་མི་སྐྱེ་བའི་ཕྱིར་དང༌། རྒྱུ་ཚང་ན་ཆུ་དང་ཤེལ་དང་ལྷང་ཚེར་སོགས་ཀྱིས་བར་དུ་ཆོད་པ་ལའང་རྣམ་ཤེས་སྐྱེ་བའི་ཕྱིར་རོ། །ཞེས་གསུངས་པ་ལ་བྱེ་བྲག་སྨྲ་བ་རང་གི་ལུགས་ལ་ཤེལ་སོགས་ཀྱིས་བར་དུ་ཆོད་པའི་གཟུགས་མིག་གིས་མི་མཐོང་ན་མངོན་སུམ་དང་འགལ་ལ་མཐོང་ན་བྱེ་མདོ་གཉིས་ལ་ཁྱད་མེད་དུ་འགྱུར་བའི་ཕྱིར་ཟེར་བ་དང༌། མིག་ཤེས་ཀྱིས་གཟུགས་མི་མཐོང་ན་རྣམ་ཤེས་སོ་སོ་རྣམ་རིག་པ། །ཞེས་པ་དང་འགལ་ལ། མཐོང་ན་རྩ་བར། དེ་ལ་བརྟེན་པའི་རྣམ་ཤེས་མིན། །ཞེས་གསུངས་པ་དང་མི་འགལ་ལམ་དཔྱད། མདོ་སྡེ་བའི་ལུགས་ལ་མཆིམས་མཛོད་༩༣ལས། མདོ་ལས་མིག་གིས་གཟུགས་རྣམས་མཐོང་ནས་ཞེས་གསུངས་པ་དང་འགལ་ལོ་ཞེ་ན་དེ་ནི་མིག་ལ་བརྟེན་པའི་རྣམ་ཤེས་ཀྱིས་མཐོང་བ་ལ་མིག་གིས་མཐོང་ཞེས་བཤད་པ་ཡིན་ཏེ། ཞེས་དང༌། མཛོད་འགྲེལ་ཟླ་ཟེར་ལས། མིག་ལ་བརྟེན་པའི་རྣམ་ཤེས་ཀྱིས་མཐོང་བ་ལ་མིག་གིས་མཐོང་ཞེས་སྨྲ་བ་ཡིན་གྱི་མིག་གིས་མཐོང་བ་ནི་མ་ཡིན་ནོ་ཞེས་བཞེད་དོ། །ཞེས་གསུངས་པ་ལ། མདོ་སྡེ་བས་དེ་ལྟར་བཤད་ཀྱང་དོན་ལ་མིག་གིས་གཟུགས་མི་མཐོང་བར་ཁས་ལེན་མི་ལེན་དཔྱད། གོང་དུ་ཅུང་ཟད་དཔྱད་པ་ལྟར་ཡིད་དབང་ཡིན་ན་འདས་པ་ཡིན་དགོས་པར་ཐལ། མཆིམས་མཛོད༩༥ལས། ཡང་ཁམས་དེ་དག་ལས་ཐ༷་མ༷་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན༷་ནི་རང་དུས་ན་འདས༷་པ་འགག་མ་ཐག་པའི་ཡིད་ཁོ་ན་ཡིན་ལ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཡིད་ཁམས་ལ་དུས་གསུམ་ཡོད་པའི་ཕྱིར། མཆིམས་མཛོད་༧༣ལས། དེ་ནས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཁམས་གསུམ་གསུངས་པ་ནི་ཁམས་བཅོ་བརྒྱད་པོ་ཐམས་ཅད་ཀྱིས་བསྡུས་སོ། །ཞེས་གསུངས་པས་སོ། །འདོད་ན། ཡིད་དབང་ཡིན་ན་ཡིད་ཤེས་ཀྱི་རྟེན་བྱེད་པས་མ་ཁྱབ་པར་ཐལ། དེ་ལ་འདས་མ་འོངས་གཉིས་ཡོད་པའི་ཕྱིར། འདོད་མི་རིགས་ཏེ། ཡིད་དབང་གི་དོན་རྩ་བར། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་གསུངས་སོ་ཟེར་བ་དང༌། རྩ་བར། ཐ་མ་མིན་མཚུངས་དེ་མ་ཐག །ཞེས་དགྲ་བཅོམ་ཐ་མའི་ཡིད་དེ་མ་ཐག་རྐྱེན་མ་ཡིན་པར་བཤད་པའི་རྒྱུ་མཚན་རང་གི་དེ་མ་ཐག་འབྲས་མེད་པའི་རྒྱུ་མཚན་གྱིས་ཡིན་ནམ་ཅི། དེ་ཡིན་ན་རང་འབྲས་ཡིད་ཤེས་མེད་ན་ཡིད་དབང་མ་ཡིན་པ་མི་དགོས་པའི་རྒྱུ་མཚན་གང་ཡིན་དང༌། མཆིམས་མཛོད་༩༥ལས། འདིར་འགྲེལ་བ་ལས་དེ་ཉིད་ཀྱི་ཕྱིར་གང་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་དངོས་པོ་ཡིན་པ་དེ་དེའི་མཚུངས་པ་དེ་མ་ཐག་པའི་རྐྱཻན་གྱི་དངོས་པོ་ཡང་ཡིན་ནམ་ཞེ་ན། མུ་བཞི་སྟེ་ཞེས་འབྱུང་བས་རྣམ་ཤེས་ལྔ་ལ་ལྟོས་ནས་དབང་པོ་གཟུགས་ཅན་ལྔ་ནི་རྣམ་ཤེས་ལྔའི་རྟེན་གྱི་དངོས་པོ་ཡིན་གྱི་སེམས་དང་སེམས་ལས་བྱུང་བ་མ་ཡིན་པས་མཚུངས་པ་དེ་མ་ཐག་རྐྱེན་གྱི་དངོས་པོ་ནི་མ་ཡིན་པས་མུ་དང་བོ་དང༌། ཆོས་ཀྱི་ཁམས་ཀྱི་སེམས་བྱུང་འདས་མ་ཐག་པ་ནི། སེམས་དང་སེམས་བྱུང་སྐྱེས་པ་རྣམས། །མཐའ་མ་མིན་མཚུངས་དེ་མ་ཐག་ཅེས་འབྱུང་བས་མུ་གཉིས་པ་༼ཡིན་ཏེ་རྣམ་ཤེས་དྲུག་རྟེན་དབང་བོ་དྲུག་ཏུ་ངེས་པས་༽དང༌། འདས་མ་ཐག་པའི་ཡིད་ནི་གཉིས་ཀ་ཡིན་པས་མུ་གསུམ་པ་དང༌། ཕྱིའི་ཁམས་གཟུགས་ཅན་ལྔ་དང་ཆོས་ཀྱི་ཁམས་མཚུངས་ལྡན་མ་ཡིན་པ་རྣམས་ནི་གཉིས་ཀ་མ་ཡིན་པས་མུ་བཞི་བའོ། །ཡིད་ཀྱི་རྣམ་ཤེས་ལ་ལྟོས་ནས་ཡིད་སྔ་མ་རྟེན་དང་དེའི་མཚུངས་པ་དེ་མ་ཐག་རྐྱེན་གྱི་དངོས་པོ་གཉིས་ཀ་ཡིན་པས་མུ་གསུམ་པ་དང༌། མུ་གཉིས་པ་དང་བཞི་བ་ནི་སྔར་བཤད་པ་དང་འདྲ་ལ། མུ་དང་པོ་ནི་མེད་དེ། ཡིད་ཤེས་ཀྱི་རྟེན་གང་ཡིན་པ་དེ་དེའི་མཚུངས་པ་དེ་མ་ཐག་རྐྱེན་ཀྱང་ཡིན་པའི་ཕྱིར་རོ། །ཞེས་སོགས་ལ་དཔྱད་པར་བྱའོ། །མུ་དང་པོ་ནི་མེད་དེ། ཞེས་གསུངས་པ་མི་འཐད་པར་ཐལ། དགྲ་བཅོམ་ཐ་མའི་ཡིད་ཀྱི་རྣམ་ཤེས་དེ་དང་སྲོག་དབང་གཉིས་ཡིད་ཤེས་ཀྱི་རྟེན་པ་གང་ཞིག དེ་མ་ཐག་རྐྱེན་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། མཆིམས་མཛོད་༡༤༩ལས། མདོ་ལས་སེ༷མས་དང་ཡི༷ད་ད༷ང་རྣ༷མ་པར་ཤེ༷ས་པ་ཞེས་གསུངས་པ་ནི་དོན་གཅིག་ལ་མིང་གི་རྣམ་གྲངས་ཀྱིས་བརྗོད་པ་ཡིན་ཏེ། ཞེས་དང༌། རྩ་བར། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པར་འདོད། །ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མཆིམས་མཛོད་༩༦ལས། དེ་ལྟ་བས་ན་མིག་གི་རྣམ་ཤེས་ལ་སོགས་པའི་རྟེན༷་ནི༷་མིག༷་ལ༷་སོག༷ས་པ༷་ཡིན་ནོ། །གང་གི་ཕྱིར་མིག་གི་རྣམ་ཤེས་ལ་སོགས་པའི་རྟེན་དབང་པོ་དེ་དག་ཁོ་ན་ཡིན༷་པ་དེ༷འི་ཕྱིར༷་དང༌། དབང་པོ་དེ་དག་རྒྱུད་གཅིག་དང་ཐ་དད་ལ་ལྟོས་ནས་རྣམ་ཤེས་སྐྱེད་པའི་ཐུན༷་མོང༷་མ༷་ཡིན༷་པའི་རྒྱུ་ཡིན་པའི་ཕྱིར༷། མིག་གི་རྣམ་ཤེས་ཞེས་བྱ་བ་ལ་སོགས་པ་བདག་རྐྱེན་དབང་པོ་དེ༷་དག༷་གི༷་སྒོ་ནས་ནི༷་རྣམ༷་པར་ཤེས༷་པ་བསྟན༷་ཏེ་རྔའི་སྒྲ་དང་ནས་ཀྱི་མྱུ་གུ་ཞེས་བྱ་བ་ལྟ་བུའོ། །གཟུགས་ལ་སོགས་པའི་ཡུལ་དང་ཡིད་ནི་མིག་ལ་སོགས་པའི་རྣམ་ཤེས་དང་ཡིད་ཀྱི་རྣམ་ཤེས་གཉིས་ཀའི་ཐུན་མོང་གི་རྒྱུ་ཡིན་པའི་ཕྱིར་དེ་དག་གིས་ནི་མ་བསྟན་ཏེ། ཞེས་སོགས་གསུངས་པ་ལ། དབང་པོའི་རྣམ་ཤེས་དེ་དག་ལ་མིག་གི་རྣམ་ཤེས་ཞེས་སོགས་བརྗོད་མི་རིགས་པར་ཐལ། མིག་ནི་ཡིད་ཤེས་དང་མིག་ཤེས་གཉིས་ཀའི་ཐུན་མོང་གི་རྒྱུ་ཡིན་པ་ལ་སོགས་པའི་ཕྱིར་ཟེར་ན་དཔྱད། མཛོད་འགྲེལ་གནད་སྒྲོན་༢༥ལས། ལྷག་མ་སྣ་དང༌། ལྕེ་དང༌། ལུས་ཞེས་བྱ་བ། གསུམ་གཞན་དུ། ཡུལ་དང་ཕྲད་པ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་ཡུལ་དང་འཕྲད་ཅེས་གསུངས་པ་ལ་མཆིམས་མཛོད་༡༢༤ལས། རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་མེད་པའི་ཕྱིར་ཕན་ཚུན་རེག་པ་ནི་མེད་ཀྱི་གཅིག་ལ་དུ་མས་བསྐོར་བའི་བར་དང་བཅས་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ཟེར་ན་ཞིབ་ཆ་གཞུང་དེར་གསལ།ཕྱི་ཡི་དོན་ལྔ་ཆོས་ཅན། དབང་ཤེས་དང་ཡིད་ཤེས་གཉིས་ཀྱི་ཤེས་བྱ་ཡིན་པར་ཐལ། མཛོད་འགྲེལ་གནད་སྒྲོན་༢༨ལས། གཉིས་ཀྱི་རྣམ་ཤེས་ཕྱི་ཡི་ལྔ། །གཟུགས་ལ་སོགས་པའི་ཡུལ་རྣམས་ནི་མིག་ལ་སོགས་པ་ལ་བརྟེན་པའི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པས་ཤེས་པར་བྱ་བའོ། །ལྷག་མ་ཁམས་བཅུ་གསུམ་དག་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཀྱིས་ཤེས་པར་བྱ་བའོ་ཞེས་བརྗོད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཡིད་ཤེས་ཁོ་ནའི་ཡུལ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཁམས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཁམས་ལས་ཁམས་ལྷག་མ་གང་རུང་ཡིན་པར་ཐལ་ལོ། །ཞེ་ན་དཔྱད་པར་བྱའོ། །

སྨྲས་པ།བདེ་གཤེགས་ཐུགས་རྗེའི་ཐུགས་བསྐྱེད་བླ་མེད་ཀྱིས། །སྙིགས་མའི་སེམས་ཅན་གདུལ་ཆེད་བདེན་བཞིའི་ཆོས། །ཐུན་མོང་འཁོར་ལ་བཀའ་བསྩལ་ཐོག་མ་རུ། །ཕུང་ཁམས་སྐྱེ་མཆེད་རྣམ་བཞག་གསལ་བར་བྱས། །དེ་ལྟར་ཆོས་མངོན་རྒྱ་མཚོའི་མངའ་བདག་མཆོག །སློབ་དཔོན་དབྱིག་གཉེན་བློ་གྲོས་འོད་སྟོང་ལས། །སླར་ཡང་རང་སྤྱིའི་གནས་ཀུན་གསལ་བར་བྱས། །དལ་འབྱོར་དོན་ལྡན་འདོད་རྣམས་འཇུག་པར་རིགས། །ཞེས་མཛོད་རྩ་འགྲེལ་གྱི་དོགས་གཅོད་ལམ་བཟང་གསལ་བའི་སྒྲོན་མེ་ཞེས་བྱ་བའི་གནས་དང་པོའི་བཤད་པ་རྫོགས་སོ།། །།

སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ།

སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །

ད་ནི་གནས་གཉིས་པའི་དོགས་གཅོད་འགའ་ཞིག་བརྗོད་པར་བྱའོ། ། ༈ དབང་པོ་ཉེར་གཉིས་བཤད་སྐབས་ཀྱི་དོགས་གཅོད་ནི། དབང་པོའི་མཚན་ཉིད་ནི། མཆིམས་མཛོད༡༠༡ལས། དེའི་དོན་ནི་ལྷག་པར་དབང་བྱེད་པ་ཡིན། ཞེས་པ་ནས། དབང་པོའི་མཚན་ཉིད་ནི། གང་ཞིག་གང་ལ་ཐུན་མོང་མ་ཡིན་པར་དབང་བྱེད་པ་ཡིན་ནོ། །ཞེས་གསུངས་པ་ལ། འོ་ན་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དང་དེ་མཚུངས་ཀྱི་དབང་པོ་རྣམས་ཆོས་ཅན། རང་གི་དོན་ལ་ལྷག་པར་དབང་བྱེད་པར་ཐལ། དབང་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར་བ་དང༌། གཞི་གྲུབ་ན་རང་གི་དོན་ལ་ལྷག་པར་དབང་བྱེད་པས་ཁྱབ་པ་ཡོད་མེད་ནི་ལུགས་འདིར་གཞི་གྲུབ་ན་དངོས་པོ་ཡིན་པས་ཁྱབ་པ་ཁས་ལེན་པ་དང༌། རྩ་བར། གང་ཞིག་རང་གི་ལས་མི་བྱེད། །ཅེས་སོགས་ཀྱིས་དཔྱད། མིག་སོགས་ལྔ་པོ་གང་རུང་ཡིན་ན་ལུས་མཛེས་པ་དང་སྲུང་བ་དང་མིག་གི་རྣམ་ཤེས་སོགས་བསྐྱེད་པ་དང༌། ཐུན་མོང་མ་ཡིན་པའི་ཡུལ་ལ་དབང་བྱེད་པ་སྟེ་དོན་བཞི་ལ་དབང་བྱེད་པས་ཁྱབ་པར་ཐལ། རྩ་བར། ལྔ་པོ་རྣམས་ནི་དོན་བཞི་ལ། །དབང་བྱེད། ཅེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མིག་སོགས་ཡོད་ན་མཛེས་པས་ཁྱབ་པ་མེད་ལ། དེ་མ་ཟད་མཆིམས་མཛོད་༡༠༢ལས། ལོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བའི་འདོད་པར་མ་རངས་པ་སྟེ། ལུས་མཛེས་པར་ནི་དབང་རྟེན་གྱིས་བྱེད་པའི་ཕྱིར་དང་ལུས་སྲུང་བ་དང་ཐ་སྙད་ཐུན་མོང་མ་ཡིན་པའང་དབང་པོ་ལ་བརྟེན་པའི་རྣམ་ཤེས་ཀྱིས་བྱེད་པའི་ཕྱིར། ཞེས་མདོ་སྡེ་བ་ལྟར་དབང་པོ་མིག་གིས་མི་མཐོང་ན་མཛེས་པར་བྱེད་ཚུལ་མེད་ལ། རང་སྲོག་གཅོད་པའི་གང་ཟག་གི་དབང་པོས་ལུས་མི་སྲུང་པའི་ཕྱིར་དང༌། མིག་མེད་ན་མི་མཛེས་པས་ཁྱབ་པ་མ་ངེས་ཏེ་དཔེར་ན་ལྷ་བཟོ་མཁས་པས་བྱས་པའི་སྐུ་འདྲ་དང་གཟུགས་མེད་པ་བཞིན་ཞེས་ཟེར་ན་དཔྱད། བསམ་གཏན་གྱྀ་ས་བའི་སྣ་དབང་དང་ལྕེ་དབང་གཉིས་ཀྱིས་དོན་བཞི་བོ་གང་ལ་དབང་མི་བྱེད་པའི་ཕྱིར་ཟེར་ན་རྩོད་པར་བྱ། མིག་གིས་མིག་ཤེས་ཀྱི་བདག་རྐྱེན་བྱེད་པའི་རྒྱུ་མཚན་གྱིས་དབང་པོ་ཡིན་ན་འདུས་བྱས་ཕལ་ཆེར་གྱིས་རང་འབྲས་ཀྱི་བདག་རྐྱེན་བྱེད་པས་དབང་པོ་ཡིན་པར་འགྱུར་བར་ཐལ་ལམ་དཔྱད། ཕོ་དབང་དང་མོ་དབང་གང་རུང་ལྡན་ན་སེམས་ཅན་གྱི་བྱེ་བྲག་ཕོ་མོ་གང་རུང་ཡིན་པས་ཁྱབ་པ་ཡོད་པར་ཐལ། མཛོད་འགྲེལ་གནད་སྒྲོན་༣༠ལས། བཞི་རྣམས་གཉིས་ལ་ལོ། །རེ་ཞིག་ཕོ་དང་མོའི་དབང་པོ་དག་ནི་སེམས་ཅན་གྱི་བྱེ་བྲག་དང༌། ཁྱད་པར་དག་ལ་དབང་བྱེད་དེ། དེ་ལ་སེམས་ཅན་གྱི་བྱེ་བྲག་ནི་མོ་དང་ཕོ་ཞེས་བྱ་བའོ། །སེམས་ཅན་གྱི་ཁྱད་པར་ནི་ནུ་མ་ལ་སོགས་པའི་དབྱིབས་དང་ང་རོ་དང་སྤྱོད་པ་ཞན་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཚན་གཉིས་མ་ནིང་གཞི་གྲུབ་པའི་ཕྱིར་དང༌། ཕོ་མོ་གང་རུང་ཡིན་ན་ཕོ་མཚན་མོ་མཚན་གང་རུང་ལྡན་པར་མ་ངེས་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། མཆིམས་མཛོད་༡༠༢ལས། མདོ་ལས་ཕོ་ཚངས་པ་བྱེད་པའི་གནས་ཡོད་ཀྱི་བུད་མེད་ཚངས་པ་བྱེད་པའི་གནས་མེད་དོ། །ཞེས་གསུངས་པས་ཕོ་མོའི་དབང་པོ་མེད་པའི་གཟུགས་ཁམས་པའི་ལྷ་དང་བསྐལ་བ་དང་པོའི་མིའང་ཕོ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་གྲུབ་མཐའི་ཁྱད་ཡོད་མེད་སོགས་ལ་དཔྱད། ཚོར་བས་ཀུན་ནས་ཉོན་མོངས་པར་དབང་བྱེད་དེ། མཛོད་འགྲེལ་གནད་སྒྲོན་༣༠ལས། ཚོར་བ་རྣམས་ཀྱིས་ནི་ཀུན་ནས་ཉོན་མོངས་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར། །འདོད་པ་མི་འཐད་པར་ཐལ། ཚོར་བ་ལས་གཞན་མ་རིག་པ་སོགས་ཀྱིས་ཀུན་ཉོན་ལ་དབང་བྱེད་པའི་ཕྱིར་ཟེར་བ་དང༌། ཉོན་མོངས་པ་དུག་གསུམ་སོགས་དབང་པོ་ཡིན་པར་ཐལ། ཀུན་ནས་ཉོན་མོངས་ལ་དབང་བྱེད་པའི་ཕྱིར་ཟེར་བ་དང༌། དྲི་མེད་ཀྱི་དབང་པོའི་ངོ་བོར་གྱུར་བའི་ཚོར་བས་ཀུན་ཉོན་ལ་དབང་མི་བྱེད་པས་སྤྱིར་ཚོར་བས་ཀུན་ཉོན་དབང་བྱེད་ཅེས་གསུངས་པའི་དགོངས་པ་གང་དུ་གནས་པ་ཡིན་པ་སོགས་ལ་དཔྱད། དད་པ་དབང་པོ་ཡིན་ཚུལ་ནི་དེས་རྣམ་བྱང་ལ་དབང་བྱེད་པས་ཡིན་ཏེ། མཆིམས་མཛོད༡༠༣ལས། དད༷་པ་ལ་སོག༷ས་པའི་དབང༷་པོ༷་ལྔ་ནི་རྣམ༷་པར༷་བྱང༷་བ་ལ༷་དབང༷་བྱེད༷་པའི་ཕྱིར༷། ཞེས་གསུངས་པའི་ཕྱིར། འདོད་ན། རྣམ་བྱང་ལ་དབང་བྱེད་ན་དབང་པོ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དགེ་བའི་ས་མང་བཅུ་རེ་རེ་ནས་དབང་པོ་ཡིན་པར་ཐལ་ལོ་ཟེར་ན་དཔྱད། ཡང་མཛོད་རང་འགྲེལ་༩༩ལས། ངག་གི་ཚིག་སྨྲ་བར་བྱ་བ་ལ་དབང་བོ་ཉིད་མ་ཡིན་ཏེ། སློབ་པའི་ཁྱད་པར་ལྟོས་པའི་ཕྱིར་རོ། །ལག་པ་དང་རྐང་བ་དང་ལེན་པ་དང་འགྲོ་བ་ལས་གཞན་མ་ཡིན་པའི་ཕྱིར་ཏེ། དེ་དག་ཉིད་དེ་དག་ཡིན་ཏེ། གཞན་དང་གཞན་དུ་འབྱུང་བ་ལ་ལེན་པ་དང་འགྲོ་བ་ཞེས་བྱའོ། །སྦྲུལ་ལ་སོགས་པ་ལ་ལག་པ་དང༌། རྐང་བ་མེད་པ་བཞིན་དུ་ཡང་ལེན་ཞིང་འགྲོ་བའི་ཕྱིར་རོ། །རྐུབ་ཀྱང་རྟུག་པར་བྱ་བ་ལ་དབང་བོ་ཉིད་མ་ཡིན་ཏེ། ནམ་མཁའ་ལ་གནས་པའི་རྫས་ལྕི་བ་ཐམས་ཅད་དུ་ལྟུང་བའི་ཕྱིར་དང༌། དེ་རླུང་གིས་ཀྱང་བྲོ་བར་བྱེད་པའི་ཕྱིར་རོ། །འདོམས་ཀྱང་ཀུན་ཏུ་དགའ་བར་བྱེད་པ་ལ་དབང་བོ་ཉིད་མ་ཡིན་ཏེ། དགའ་བ་དེ་ནི་མོ་དང་ཕོའི་དབང་བོས་བྱས་པ་ཡིན་པའི་ཕྱིར་རོ། །ལྐོག་མ་དང་སོ་དང་མིག་གི་ལམ་དང་ཚིགས་རྣམས་ཀྱང་མིད་པ་དང༌། བཅའ་བ་དང་འབྱེད་པ་དང་འཛུམ་པ་དང་བསྐུམས་པ་དང་བརྐྱང་བའི་བྱ་བ་དག་ལ་དབང་པོ་ཉིད་ཡིན་པའམ། རྒྱུར་གྱུར་པ་ཐམས་ཅད་རང་གི་བྱ་བ་ལ་དབང་བོ་ཉིད་ཡིན་པར་ཐལ་བར་འགྱུར་བས་ངག་ལ་སོགས་པ་དབང་བོ་ཉིད་ཡིན་པར་རིགས་པ་མ་ཡིན་ནོ། །ཞེས་ཕྱོགས་སྔ་མའི་འདོད་པ་ལ་ངག་སོགས་མེད་ན་བྱ་བ་དེ་དག་མེད་པས་ཁྱབ་པ་མེད་པས་ངག་སོགས་དབང་པོ་མ་ཡིན་པར་སྒྲུབ་པ་ཡིན་ན་རང་ལུགས་ལ་དབང་པོ་ཉེར་གཉིས་དེ་དག་མེད་ན་དབང་པོ་དེ་དག་གི་བྱ་བ་མེད་པས་ཁྱབ་པ་ཡོད་མེད་སྔར་ལྟར་དཔྱད་པར་བྱའོ། །སྒྲ་ཉན་པའི་བྱ་བ་ཡང་རྣ་ཤེས་ཁོ་ནའམ་རྣས་ཐུན་མོང་མ་ཡིན་པའི་བྱ་བ་མ་ཡིན་པར་ཐལ། བ་གླང་སྤྱོད་ཀྱི་མི་དང་འཛམ་གླིང་གི་སྦྲུལ་གྱི་མིག་གིས་སྒྲ་ཉན་ཅིང་ཐོས་པར་དྲན་ཉེར་ལས་བཤད་པ་དང༌། ལམ་མ་ཞུགས་ཀྱི་དད་སོགས་དབང་པོ་ལྔས་རྣམ་བྱང་ལ་དབང་བྱེད་ཚུལ་དག་ལ་དཔྱད་དོ། །ཡང་ཤེས་རབ་དེ་རྣམ་བྱང་གི་དབང་པོ་ཡིན་ན་ཉོན་མོངས་པ་དང་མཚུངས་ལྡན་དུ་སོང་བའི་ཤེས་རབ་དེ་རྣམ་བྱང་གི་དབང་པོ་ཡིན་ཚུལ་ཡོད་དགོས་ལ་དེ་མེད་པའི་ཕྱིར་ཟེར་བ་དང༌། མཛོད་འགྲེལ་གནད་སྒྲོན་ལས། དགེ་བ་བརྒྱད། དད་པ་ལ་སོགས་པ་གཅིག་ཏུ་དགེ་བ་རྣམས་སོ། །ཞེས་དང༌། མཆིམས་མཛོད་༡༠༦ལས། དད་སོགས་ལྔ་དང་སྲོག་གི་དབང་པོ་སྟེ་དྲུག་ནི་འོག་ནས་འཆད་པར་འགྱུར་བས། ཞེས་འོག་ནས་འཆད་ས་དེ་སེམས་ཀྱི་ས་མང་སོགས་བཤད་སྐབས་ཡིན་ན་དེའི་སྐབས་ནས་བཤད་པའི་ཤེས་རབ་སོགས་དང་ཤེས་རབ་ཀྱི་དབང་པོ་སོགས་ལ་ཁྱད་ཡོད་མེད་དག་ལ་དཔྱད། དྲི་མེད་ཀྱི་དབང་པོ་གསུམ་རྣམ་བྱང་ལ་དབང་བྱེད་པ་མ་ཡིན་ཏེ། གང་སྤེལ་ལས། དེ་དག་ཁོ་ན་རྣམ་པར་བྱང་བ་ལ་དབང་བྱེད་ཀྱི་རྣམ་པར་བྱང་བའི་བདག་ཉིད་ཡིན་པའི་ཕྱིར་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་དག་ནི་མ་ཡིན་ནོ། །ཞེས་ངེས་པར་བྱ་བའི་ཕྱིར་ཡང་སྨོས་སོ། །ཞེས་གསུངས་པའི་ཕྱིར། དེ་ལ་འོ་ན་མཐོང་ལམ་གྱི་ངོ་བོར་གྱུར་བའི་དད་སོགས་དབང་པོ་ལྔ་རྣམ་བྱང་ལ་དབང་བྱེད་པ་མ་ཡིན་པར་འགྱུར་ཏེ་རྣམ་བྱང་གི་བདག་ཉིད་ཡིན་པས་སོ་ཟེར་ན་དཔྱད། སྲོག་གི་དབང་པོ་ཡིན་ན་རིས་མཐུན་གནས་པར་བྱེད་པས་མ་ཁྱབ་པར་ཐལ། སྲོག་དབང་འགག་ཁ་མའི་སྲོག་དབང་གིས་མ་ངེས་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། མཛོད་འགྲེལ་གནད་སྒྲོན་༣༡ལས། སྲོག་གི་དབང་པོ་ནི་རིས་མཐུན་པར་གནས་པར་བྱ་བ་དང༌། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མཆིམས་མཛོད་༡༠༤ལས། མྱ༷་ངན༷་འདས༷་སོག༷ས་ཞེས་བྱ་བ་ལ། གོང༷་ནས༷་གོང༷་དང་མྱང་འདས་འཐོབ། །སོགས་པ་ལ་ནི་དབང་བྱེད་ཕྱིར། །ཞེས་སྦྱར་ཏེ། རང་གི་གོང་མ་ཀུན་ཤེས་པའི་དབང་པོ་འཐོབ༷་པ༷་ལ༷་ནི༷་དབང༷་བྱེད༷་པའི་ཕྱིར༷་ཀུན༷་ཤེས༷་པར་བྱེད༷་པའི་དབང་པོ་དང༷༌། གོང་མ་ཀུན་ཤེས་ལྡན་པའི་དབང་པོ་འཐོབ་པ་ལ་དབང་བྱེད་པའི་ཕྱིར་ཀུན༷་ཤེས༷་པའི་དབང་པོ་དང༷༌། དེ༷་བཞིན༷་དུ་གོང་མ་ལྷག་མེད་མྱང་འདས་འཐོབ་པ་ལ་དབང་བྱེད་པའི་ཕྱིར་ཀུན༷་ཤེས༷་དང་ལྡན༷་པའི་དབ༷ང་པོ༷ར་བཞག་གོ །ཞེས་གསུངས་པ་ལ། འོ་ན་མཐོང་ལམ་ཡང་སྒོམ་ལམ་འཐོབ་པ་ལ་དབང་བྱེད་པས་དབང་པོ་འཇོག་དགོས་པར་འགྱུར་བ་དང༌། ལུགས་འདིར་ལྷག་མེད་པའི་གང་ཟག་མེད་པས་ལྷག་མེད་མྱང་འདས་ཐོབ་པ་རྒྱུད་ལྡན་ལ་སུ་འཇོག་དགོས། ཐོབ་པ་ཡིན་ན་རྒྱུད་ཀྱིས་བསྡུས་པ་དགོས་པ་ནི། རྩ་བར། ཐོབ་དང་མ་ཐོབ་རང་རྒྱུད་དུ། །ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་དཔྱད། །མཐོང་སྒོམ་མི་སློབ་ལམ་གསུམ་ལ་དྲི་མེད་དམ་ཟག་མེད་ཀྱིས་ཁྱབ་པར་ཐལ། རྩ་བར། མཐོང་སྒོམ་མི་སློབ་ལམ་ལ་དགུ། །གསུམ་ཡིན་གསུམ་ནི་དྲི་མ་མེད། ། ཅེས་གསུངས་པའི་ཕྱིར། འདོད་ན། སྒོམ་ལམ་ལ་ཟག་བཅས་ཟག་མེད་གཉིས་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་རིགས་ཏེ། གནས་དྲུག་པའི་རྩ་བར། སྒོམ་པའི་ལམ་ནི་རྣམ་གཉིས་ཏེ། །མཐོང་ཞེས་བྱ་བ་ཟག་པ་མེད། །ཅེས་སོགས་གསུངས་པའི་ཕྱིར་ཟེར་བ་ལ། འོ་ན་སྒོམ་ལམ་ཟག་བཅས་སྒོམ་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཕྱི་རོལ་བའི་རྒྱུད་ལ་ལམ་ཡོད་པར་ཐལ། སྒོམ་ལམ་ཡོད་པའི་ཕྱིར་ཏེ། སྒོམ་ལམ་ཟག་བཅས་ཡོད་པའི་ཕྱིར། མ་ཁྱབ་ན། ཟག་བཅས་སྒོམ་ལམ་གྱི་སྤང་བྱ་ཡིན་ན་སྒོམ་ལམ་གྱི་སྤང་བྱ་ཡིན་མི་དགོས་པར་འགྱུར་ལ། དེ་ལྟ་ན་རྩ་བར། ལྷག་སྐྱེས་མཐོང་དང་སྒོམ་གཉིས་ཀྱིས། །ཞེས་པ་དང་འགལ་བར་འགྱུར་རོ། །སྒོམ་ལམ་ཡོད་ན་ལམ་ཡོད་མི་དགོས་ཟེར་ན་སྒོམ་ལམ་ལམ་མ་ཡིན་པར་འགྱུར་ལ། དེ་ལྟ་ན་སྒོམ་ལམ་ལམ་གྱི་དབྱེ་བ་མ་ཡིན་པ་དང་མཐོང་སྒོམ་སྐྱེ་རིམ་མེད་པར་ཐལ་བ་ཡོད་མེད་དཔྱད། སྲོག་ཡིན་ན་རྣམ་སྨིན་དང་ཚེ་གཉིས་ཀ་ཡིན་པས་ཁྱབ་པར་ཐལ། རྩ་བར། སྲོག་ནི་རྣམ་སྨིན། ཞེས་དང༌། མཛོད་འགྲེལ་གནད་སྒྲོན་༣༣ལས། རྣམ་པར་སྨིན་པ་ཡིན་པ་རྣམས་ནི་དུ། མ་ཡིན་པ་རྣམས་ནི་དུ་ཞེ་ན། རེ་ཞིག་གཅིག་ཏུ། ཞེས་དང༌། མཆིམས་མཛོད༡༠༨ལས། ཡང་དབང་པོ་དེ་དག་ལས་སྲོག་ནི་གཅིག་ཏུ་རྣམ་པར་སྨིན་པ་ཁོ་ན་ཡིན་ཏེ། མཐོ་རིས་ན་དགེ་བ་ཟག་བཅས་དང་ངན་འགྲོ་ན་མི་དགེ་བས་འཕངས་བའི་ཕྱིར་རོ། །ཞེས་དང༌། རྩ་བར། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་སྨིན་ཡིན་ན་ཅི་འདོད་དུ་བསྒྱུར་མི་ནུས་པ་དགོས་ལ་སྲོག་གི་འདུ་བྱེད་བྱིན་གྱིས་བརླབས་ནས་ཚེའི་འདུ་བྱེད་བཏང་བ་ཡོད་པའི་ཕྱིར་ཏེ། བསྟན་བཅོས་ལས། ཚེའི་འདུ་བྱེད་དག་ཇི་ལྟར་འཇོག་པར་བྱེད་ཅེ་ན། དགེ་སློང་དགྲ་བཅོམ་པ་རྫུ་འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པས་དགེ་སློང་ངམ། གང་ཟག་ལ་ལྷུང་བཟེད་དམ། ཆོས་གོས་སམ། དགེ་སློང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་ཕུལ་ནས། དེ་བསམས་ཏེ་རབ་ཀྱི་མཐའ་བའི་བསམ་གཏན་བཞི་བ་ལ་སྙོམས་པར་འཇུག་ཅིང༌། དེ་དེ་ལས་ལངས་ནས་བདག་གི་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེ་ཚེའི་རྣམ་པར་སྨིན་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་པར་བྱེད་ཅིང་ཚིག་ཏུ་ཡང་སྨྲ་བར་བྱེད་དེ། དེའི་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེའི་ཚེའི་རྣམ་པར་སྨིན་པར་འགྱུར་རོ། །ཞེས་དང༌། ལུང་ཕྲན་ཚེགས་ལས། བཅོམ་ལྡན་འདས་ཀྱི་སྲོག་གི་འདུ་བྱེད་དག་བྱིན་གྱིས་བརླབས་ནས་ཚེའི་འདུ་བྱེད་དག་གཏོང་ངོ༌། །ཞེས་དང༌། མཆིམས་མཛོད་༡༡༡ལས། བྱེ་བྲག་ཏུ་སྨྲ་བ་ན་རེ། བདུད་བཞི་ལས་རྒྱལ་བར་བྱ་བའི་ཕྱིར་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་ནི་ཉོན་མོངས་པ་དང་ལྷའི་བུའི་བདུད་ལས་རྒྱལ་ལོ། །ཡངས་པ་ཅན་དུ་སྐུ་ཚེ་བྱིན་གྱིས་བརླབས་པས་འཆི་བདག་གི་བདུད་ལས་རྒྱལ་ལོ། རྩྭ་ཅན་དུ་སྐུ་ཚེ་བཏང་བས་ཕུང་བོའི་བདུད་ལས་རྒྱལ་བའི་ཕྱིར་རོ་ཞེས་ཟེར་རོ། །ཞེས་གསུངས་པའི་ཕྱིར་རོ་ཟེར་བ་དང༌། སྲོག་ལ་རྣམ་སྨིན་གྱིས་ཁྱབ་ན་ཟས་ལ་བརྟེན་ནས་རྒྱས་པ་ཡོད་མེད་དཔྱད། མཆིམས་མཛོད་༡༡༢ལས། ཀུན་ནས་མནར་སེམས་ཀྱི་གཞི་དགུ་མེད་པའི་ཕྱིར་ཡིད་མི་བདེ་བ་མེད་དོ། །ཞེས་གསུངས་པ་ལ་ཁམས་གོང་མ་ན་ཀུན་ནས་མནར་སེམས་ཀྱི་གཞི་དགུ་ཡོད་མེད་ཚིག་གི་རོལ་རྩེད་སྤྲོ་བར་བྱའོ། །མིག་དབང་ལ་རྣམ་སྨིན་ཡིན་མིན་གཉིས་ཡོད་པ་མ་ཟད་དེ་གཉིས་འགལ་དགོས་ཏེ། མཛོད་རང་འགྲེལ་༡༠༥ལས། མིག་ལ་སོགས་པ་བདུན་ནི་རྒྱས་པ་ལས་བྱུང་བ་རྣམས་ནི་རྣམ་པར་སྨིན་པ་མ་ཡིན་ནོ། །ལྷག་མ་རྣམས་ནི་རྣམ་པར་སྨིན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །འདོད་ན། གང་ཟག་གཅིག་ལ་མགོ་གཅིག་ཡོད་ན་གཉིས་ཡོད་པས་ཁྱབ་པར་ཐལ་ཞེས་ཟེར་བ་དང༌། རྒྱས་བྱུང་དང་རྣམ་སྨིན་གྱི་མིག་གཉིས་གོ་ས་ཐ་དད་ཡིན་ན་རང་ཅག་གིས་མངོན་སུམ་དུ་སོ་སོར་དམིགས་དགོས་ཀྱང་མ་དམིགས་ལ། གོ་ས་གཅིག་ཏུ་ཡོད་ན་ཐོགས་བཅས་ཀྱི་གཟུགས་མ་ཡིན་པར་འགྱུར་རོ་ཞེ་ན་དཔྱད་དོ། །མཛོད་འགྲེལ་གནད་སྒྲོན་༣༤ལས། དགེ་བ་བརྒྱད། དད་པ་ལ་སོགས་པ་གཅིག་ཏུ་དགེ་བ་རྣམས་སོ། །ཞེས་དབང་པོ་ཉེར་གཉིས་ལས་བརྒྱད་དགེ་བ་ཡིན་པར་གསུངས་ལ། དེ་མ་ཟད་མ་ཆགས་པ་དང་མཚུངས་ལྡན་ཡིན་དགོས་པར་ཐལ། གང་སྤེལ་ལས། མ་ཆགས་པ་ལ་སོགས་པ་མཚུངས་པར་ལྡན་པའི་ཕྱིར་དགེ་བ་ཁོ་ནའོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དྲི་མེད་ཀྱི་དབང་པོ་ཡིན་ན་མ་ཆགས་པ་དང་མཚུངས་ལྡན་ཡིན་མི་དགོས་ཏེ། ཟག་མེད་མཐོང་སྒོམ་གྱི་ཚོགས་པར་གཏོགས་པའི་ཟག་མེད་ཀྱི་སྡོམ་པ་དང༌། དེ་དག་གི་ཐོབ་པས་མ་ངེས་པའི་ཕྱིར་ཟེར་ན་དཔྱད་དོ། །མཆིམས་མཛོད་༡༡༣ལས། མཐོང་སྒོམ་གཉིས༷་ཀྱིས༷་སྤང༷་བར་བྱ༷་བ་ནི་ཡིད༷་མི༷་བདེ༷་བ་སྟེ། དེ་ནི་ཟག་བཅས་སུ་ངེས་ཤིང་སྤང་བྱ་གཉིས་ཀ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །མིག་སོགས་གཟུགས་ཅན་གྱི་དབང་པོ་བདུན་དང་སྲོག་དང་སྡུག་བསྔལ་གྱི་དབང་པོ་དང་དགུ༷་ནི༷་སྒོམ༷་པས༷་སྤང་བར་བྱ་བ་ཡིན་ཏེ། ཟག་བཅས་སུ་ངེས་ཤིང་དྲུག་པ་ལས་མ་སྐྱེས་ལ་མཐོང་སྤང་མ་ཡིན་པའི་ཕྱིར་རོ། །དད་པ་ལ་སོགས་པ་ལྔ༷་པོ༷་ནི༷་ཟག་བཅས་སྒོམ་པས་སྤང་བར་བྱ་བའང་ཡིན་ལ། ཟག་མེད་ནི་སྤང༷་བར༷་བྱ༷་བ་མིན༷་པ་ཡང༷་ཡིན་ཏེ། །ཞེས་གསུངས་པ་དང༌། རྩ་བར། ལྷག་སྐྱེས་མཐོང་དང་སྒོམ་གཉིས་ཀྱི། །ཞེས་གསུངས་པ་དག་གིས་མཐོང་སྤང་དང་སྒོམ་སྤང་གི་ཚད་ལ་དཔྱད་པར་བྱའོ། །མཛོད་འགྲེལ་གནད་སྒྲོན༣༦ལས། གོང་མར་གཅིག །གཟུགས་མེད་པའི་ཁམས་སུ་དང་པོ་ཉིད་དུ་སྲོག་གི་དབང་པོ་གཅིག་ཁོ་ན་རྣམ་པར་སྨིན་པ་འཐོབ་པོ། །ཞེས་གཟུགས་མེད་པས་སྲོག་གི་དབང་པོ་གཅིག་པུ་གསར་ཐོབ་ཡིན་པར་གསུངས་པས་དེས་རྙེད་པའི་རྣམ་སྨིན་དུ་གྱུར་བའི་ཡིད་དབང་དང་གསུམ་པ་རྣམ་ཤེས་ཡོད་མེད་དཔྱད། རྩ་བར། གཟུགས་མེད་དག་ཏུ་འཆི་བ་ནི། །སྲོག་དང་ཡིད་དང་བཏང་སྙོམས་ཉིད། །འགག་པར་འགྱུར་རོ། །ཞེས་པས་བསྟན་པའི་གཟུགས་མེད་ནས་འཆི་བའི་དབང་པོ་གསུམ་འགག་མ་ཐག་པ་ལ་སུ་འཇོག་དཔྱད། མཆིམས་མཛོད་༡༡༣ལས། འདིར་དབང་པོ་ཐམས་ཅད་ཀྱི་རྙེད་ཚུལ་སྟོན་པ་མ་ཡིན་གྱི་རྣམ་པར་སྨིན་པའི་དབང་པོ་དག་འཐོབ་པའི་ཚུལ་འཆད་དེ། ཞེས་གསུངས་པ་ལྟར་སྐབས་འདིར་རྣམ་སྨིན་གྱི་དབང་པོ་ལས་གཞན་པའི་དབང་པོའི་རྙེད་ཚུལ་མ་གསུངས་པའི་རྒྱུ་མཚན་གང་ཡིན་ལ་དཔྱད། མཆིམས་མཛོད་༡༡༣ལས། དེ་ཡང་འདོད༷་པར༷་ཉིང་མཚམས་སྦྱོར་བ་ན་སྐྱེ་གནས་དང་པོ་གསུམ་གྱིས་ནི་དང༷་པོར༷་རྣམ༷་སྨིན༷་གྱི་དབང་པོ་གཉིས༷་གསར་དུ་རྙེད༷་དེ༷། ལུས་ཀྱི་དབང་པོ་དང་སྲོག་གི་དབང་པོ་དག་གོ །ཡིད་ལ་སོགས་པ་རྣམ་པར་སྨིན་པར་མ་ངེས་པའི་ཕྱིར། ཞེས་གསུངས་པ་ལྟར་དེ་གསུམ་གྱིས་ཡིད་དབང་རྣམ་སྨིན་རྙེད་པ་མེད་པ་ནི་སྐྱེ་བའི་སྲིད་པ་ཉོན་མོངས་ཅན་ཡིན་པ་དང༌། རྣམ་སྨིན་ནི་མ་སྒྲིབ་ལུང་མ་བསྟན་ཡིན་པས་དམིགས་བསལ་མ་གཏོགས་ཐོབ་པ་སྔར་སྐྱེས་མེད་པས་ཡིན་ནམ་དཔྱད། རྩ་བར། འབྲས་བུ་ཐ་མ་གཉིས་དགུས་འཐོབ། །གཉིས་ནི་བདུན་དང་བརྒྱད་དང་དགུས། །བཅུ་གཅིག་དག་གིས་དགྲ་བཅོམ་ཉིད། །འགའ་ཞིག་སྲིད་ཕྱིར་བཤད་པ་ཡིན། །ཞེས་དང༌། རང་འགྲེལ་༡༡༢ལས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐར་གྱིས་འཐོབ་ལ་དེ་ཡང་འཇིག་རྟེན་པའི་ལམ་གྱིས་འཐོབ་པ་ན་ནི། དེ་དད་པ་ལ་སོགས་ལྔ་དང༌། བཏང་སྙོམས་དང་ཡིད་ཀྱི་དབང་པོ་དང་དབང་པོ་བདུན་དག་གིས་འཐོབ་པོ། །ཞེས་པ་ནས། ཕྱིར་མི་འོང་བའི་འབྲས་བུ་མཐར་གྱིས་འཐོབ་ལ་དེ་ཡང་འཇིག་རྟེན་པའི་ལམ་གྱིས་འཐོབ་དེ་དབང་པོ་བདུན་གྱིས་ཐོབ་སྟེ། ཞེས་སོགས་གསུངས་པ་ལྟར་འབྲས་བུ་རིམ་གྱིས་པའི་འཇིག་རྟེན་པའི་ལམ་གྱིས་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ལ་དབང་པོ་བདུན་ཙམ་གྱིས་ཐོབ་པས་ཁྱབ་ཟེར་ན། དེ་ལ་ཁྱབ་པ་མེད་པར་ཐལ། དེ་འདྲའི་ཕྱིར་མི་འོང་དབང་རྣོན་ལ་དད་སོགས་ལྔ་དང་ཡིད་དབང་དང་ཚོར་བ་བཏང་སྙོམས་དང་ཡིད་བདེ་དང་བརྒྱད་ཀྱིས་ཐོབ་པ་ཡོད་པའི་ཕྱིར་ཏེ། གང་སྤེལ་ལས།དབང་པོ་རྣོན་པོ་ཁོ་ན་རྣམ་པར་གྲོལ་བའི་ལམ་དགུ་བ་ལ་ཉེར་བསྡོགས་ནས་བསམ་གཏན་ལ་འཇུག་པར་ནུས་ཀྱི་རྟུལ་པོ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེ་མ་ཟད་མཛོད་རང་འགྲེལ་༡༣༥ལས། སློབ་པའི་ཆོས་རྣམས་ཀྱི་ཐོབ་པ་ནི་སློབ་པ་ཁོ་ན་ཡིན་ནོ། །མི་སློབ་པ་རྣམས་ཀྱི་ནི་མི་སློབ་པ་ཁོ་ན་ཡིན་ནོ། །ཞེས་པ་ལྟར་དེའི་རྒྱུད་ལ་ཟག་མེད་ལམ་བདེན་གྱི་ཐོབ་པ་ཡོད་པས་ལམ་བདེན་ཡོད། དེ་ཡོད་ན་དེ་ཐོབ་བྱེད་ལ་མི་ཡོང་པའི་རྒྱུ་མཚན་དཀའ་བའི་ཕྱིར་དང༌། འཕགས་རྒྱུད་ཀྱི་ཞི་རགས་ཀྱི་ལམ་དེ་ལམ་བདེན་མ་ཡིན་པས་རྒྱུ་མཚན་དཀའ་བས་དེ་ལམ་བདེན་ཡིན་ན་ཟག་མེད་ཡིན་དགོས། དེ་དགོས་ན་དེའི་ངོ་བོར་གྱུར་བའི་ཟག་མེད་ཀྱི་དབང་པོ་ལྔ་པོ་དེ་དག་འབྲས་བུ་ཐོབ་བྱེད་མ་ཡིན་པའི་རྒྱུ་མཚན་གང་ཡིན་དང༌།དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ན་དགེ་སྦྱོང་ཚུལ་གྱིས་ཐོབ་དགོས། དེ་དགོས་ན་དགེ་སྦྱོང་ཚུལ་ནི་དྲི་མེད་དམ་ཟག་མེད་ཡིན་དགོས་པ། རྩ་བར། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །ཞེས་གསུངས་པ་དང༌། གནས་དྲུག་པའི་མཆིམས་མཛོད་༦༡༧ལས། གལ་ཏེ་ཟག་མེད་ཀྱི་ལམ་ཁོ་ན་དགེ་སྦྱོང་གི་ཚུལ་ཡིན་ན་ཆགས་བྲལ་སྔོན་འགྲོས་འཇིག་རྟེན་པའི་ལམ་གྱིས་འབྲས་བུ་བར་བ་གཉིས་ཐོབ་པ་སྲིད་པས་དེ་དག་ཇི་ལྟར་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཡིན་ཞེ་ན།འཕགས་པ་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འབྲས་བུ་བར་བ་གཉིས་ནི་སྒོམ་ལམ་ཟག་བཅས་མཐོང་ལམ་ཟག་མེད་ཀྱི་སྤངས་པ་བསྲེས་ནས་ཐོབ་པའི་ཕྱིར་དང༌། འབྲས་བུ་བར་བ་གཉིས་ཀྱིས་བསྡུས་པའི་ཟག་མེད་ཀྱི་ཐོབ་པ་གཅིག་འཛིན་པའི་ཕྱིར་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཡིན་ནོ། །ཞེས་གསུངས་པས་སོ། །བྲལ་ཐོབ་འཛིན་པའི་དབང་པོ་དེ་དག་འབྲས་བུ་ཐོབ་བྱེད་ཡིན་མིན་དཔྱད། མཛོད་འགྲེལ་གནད་ཀྱི་སྒྲོན་མ་༡༢༠ལས། བདེ་ལུས་ལྡན་ལ་བཞི་དག་དང༌། །གང་བདེ་བ་དང་ལུས་དག་དང་ལྡན་པ་དེ་ནི་དབང་པོ་བཞི་སྟེ། དེ་གསུམ་དང་འདི་དག་གི་གཅིག་ལྷག་པས་སོ། །ཞེས་གསུངས་པའི་མཚན་གཞི་ནི། མཆིམས་མཛོད་༡༢༠ལས། དེ་ལ་བདེ་བ་དང་ལྡན་ལ་ལུས་དང་མི་ལྡན་པ་ནི་བསམ་གཏན་གསུམ་པའི་སས་བསྡུས་པའི་བདེ་བ་ཟག་མེད་ཐོབ་པའི་འཕགས་པ་ཕྱིར་མི་འོང་དང་དགྲ་བཅོམ་པ་གཟུགས་མེད་པར་སྐྱེས་པ་ཡིན་པའི་ཕྱིར་རོ། །ཞེས་དང༌། རྩ་བར། ཀུན་ཤེས་ལྡན་པ་ཡི། དབང་བོ་ལྡན་ལ་བཅུ་གཅིག་ལྡན། །ཞེས་གསུངས་པ་ལ། དེ་འདྲའི་གཟུགས་མེད་དགྲ་བཅོམ་པ་ལ་ལྡན་པའི་བསམ་གཏན་གསུམ་པ་ཟག་མེད་དེ་དགྲ་བཅོམ་ཞུགས་པའི་རྒྱུད་ཀྱི་དེ་འཇོག་ན་རྩ་བར། ཞུགས་ལ་སྔོན་ལམ་བཏང་བ་དང༌། །ཞེས་དང༌། འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། །ཞེས་པ་ལྟར་བཏང་ཟིན་ལ། དེ་ལས་གཞན་དེ་ལ་ལྡན་པའི་བདེ་བ་འཇོག་རྒྱུ་མེད་པའི་ཕྱིར་ཟེར་ན། མཆིམས་མཛོད་མཆན་༤༢༥ལས། དེ་ཡང་དགྲ་བཅོམ་པ་ཡིན་ན་ནི་ཞུགས་ལམ་བཏང་བས་མ་འོངས་པ་ཁོ་ན་དང་ལྡན་ནོ། །ཞེས་འཆད་དོ། །ཞེས་པ་ལྟར་མ་འོངས་པ་དང་ལྡན་ཚུལ་ཡོད་དམ་ཅི། ཡོད་ན་དེ་ལ་ལྡན་པའི་མ་འོངས་པའི་ཆོས་རྒྱུད་ལ་ཡོད་པའི་གང་ཟག་ཡོད་མེད་དཔྱད་པར་བྱའོ། །སྡུག་བསྔལ་གྱི་དབང་པོ་དང་ལྡན་པ་ལ་ངེས་ལྡན་གྱི་དབང་པོ་བདུན་ཙམ་ལས་གཞན་མེད་པར་ཐལ། མཛོད་འགྲེལ་གནད་སྒྲོན༣༨ལས། སྡུག་བསྔལ་ལྡན། བདུན་དང༌། གང་ཞིག་སྡུག་བསྔལ་གྱི་དབང་པོ་དང་ལྡན་པ་དེ་ནི་གདོན་མི་ཟ་བར་ལུས་དང༌། སྲོག་དང༌། ཡིད་དག་དང༌། ཚོར་བའི་དབང་པོ་བཞི་དང་བདུན་དང་ལྡན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྡུག་བསྔལ་གྱི་དབང་པོ་ལྡན་ན་སྔར་གྱི་དེ་བདུན་དང༌། ཡིད་མི་བདེ་བ་དང་བརྒྱད་ལྡན་པས་ཁྱབ་པའི་ཕྱིར་ཟེར་ན། རྟགས་མ་གྲུབ་སྟེ། མཆིམས་མཛོད་༡༢༠ལས། ཡིད་མི་བདེ་བ་ནི་འདོད་པ་ལ་འདོད་ཆགས་དང་བྲལ་བ་ལ་མི་ལྡན་པའི་ཕྱིར་དང༌། ཚོར་བ་གཞན་དག་ནི་དགེ་བ་དང་ཉོན་མོངས་ཅན་གྱི་ཐོབ་པ་ཅི་རིགས་པར་ལྡན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་མི་རིགས་པར་ཐལ། ཡིད་མི་བདེ་བ་ལ་དགེ་མི་དགེ་གཉིས་ཡོད་པ་གང་ཞིག ཟག་བཅས་ཀྱི་དགེ་བ་དེ་ཁམས་གོང་དུ་སྐྱེས་པས་གཏོང་བ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྩ་བར། དགེ་བ་བརྒྱད་ཡིད་མི་བདེ་བ། །རྣམ་གཉིས་ཡིད་དང་ཚོར་གཞན་ནི། །རྣམ་གསུམ་གཞན་ནི་རྣམ་པ་གཅིག །ཅེས་དང༌། མཛོད་འགྲེལ་གནད་སྒྲོན་ལས། ཡིད་མི་བདེ་བ། རྣམ་གཉིས།དགེ་བ་ཡང་ཡིན། མི་དགེ་བ་ཡང་ངོ༌། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། མཛོད་གནས་བཞི་བ་ལས། འདོད་གཏོགས་དགེ་བ་གཟུགས་མིན་ནི། །རྩ་ཆད་གོང་དུ་སྐྱེས་པ་ལས། །ཞེས་འདོད་པར་གཏོགས་པའི་དགེ་བ་གཟུགས་ཅན་མིན་པའི་གཏོང་རྒྱུ་ལ་གཉིས་ལས་གཞན་མ་གསུངས་པ་གང་ཞིག འདོད་པའི་ཆགས་བྲལ་བ་དེ་ལ་དེ་གཉིས་གང་ཡང་མ་བྱུང་བའི་ཕྱིར་ཟེར་ན་རྩོད་པར་བྱའོ།། །།

གཟུགས་ཅན་གྱི་སྐྱེ་ཚུལ་བཤད་པའི་སྐབས་ཀྱི་དོགས་གཅོད།

གཟུགས་ཅན་གྱི་སྐྱེ་ཚུལ་བཤད་པའི་སྐབས་ཀྱི་དོགས་གཅོད་ནི།

མཆིམས་མཛོད་༡༢༤ལས། གཟུགས་དང་སེམས་དང༌། སེམས་ལས་བྱུང་བ་དང༌། མི་ལྡན་པའི་འདུ་བྱེད་དང་འདུས་མ་བྱས་སོ། །དེ་ལ་བྱེ་བྲག་ཏུ་སྨྲ་བ་ནི་དེ་ཐམས་ཅད་རྫས་སུ་ཡོད་པར་འདོད་དེ།ཐམས་ཅད་ཡོད་པར་སྨྲ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལ་བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་རྫས་ཡོད་དང་རྫས་གྲུབ་ཁྱད་པར་ཡོད་མེད་དཔྱད། སེམས་ཙམ་པའི་ལུགས་ལ་རྡུལ་མེད་པར་ཐལ། མཆིམས་མཛོད་༡༢༧ལས། རྣལ་འབྱོར་སྤྱོད་པ་པ་རྣམས་ནི། ཞེས་པ་ནས།རྡུལ་ཆ་མེད་ནི་རྫས་སུ་མེད་དོ། །རགས་པའང་དོན་དུ་མེད་དེ། རྡུལ་ཕྲ་རབ་བསགས་པ་ཡིན་པའི་ཕྱིར་དང༌། ཆ་དང་བཅས་པའི་ཕྱིར་རོ། །དེའི་ཕྱིར་བག་ཆགས་ཀྱི་སྟོབས་ཀྱིས་རྣམ་པར་ཤེས་པ་ཉིད་གཟུང་འཛིན་གཉིས་སུ་སྣང་བ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །འདོད་མི་ནུས་ཏེ། འབྱུང་བཞིའི་རྡུལ་ཡོད་པའི་ཕྱིར་ཏེ། ཀུན་བཏུས་ལས། འདུས་པ་གང་ལ་འབྱུང་བ་གང་དམིགས་པ་དེ་ནི་དེ་ན་ཡོད་དོ། །ཞེས་བརྗོད་པར་བྱའོ། །འབྱུང་བ་གཅིག་ལས་གྱུར་བའི་འདུས་པའང་ཡོད། འབྱུང་བ་གཉིས་ལས་གྱུར་བའང་ཡོད་པ་ནས་འབྱུང་བ་ཐམས་ཅད་ལས་གྱུར་བའང་ཡོད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། བསགས་རྡུལ་ཕྲ་རབ་ནི། རགས་པའི་གཟུགས་ཡིན་པར་ཐལ། མཛོད་འགྲེལ་ཟླ་བའི་འོད་ཟེར་ལས། འདིར་ཆ་མེད་དུ་འདོད་པའི་རྡུལ་ཕྲ་རབ་ནི་རྫས་རྡུལ་ཕྲ་རབ་ཉིད་ལ་འདོད་དགོས་པར་མ་ཟད་སྤྱིར་ན་ཡང་རྡུལ་ཕྲ་རབ་ཅེས་པ་རྫས་རྡུལ་ཉིད་ལ་བསམ་དགོས་ཏེ། བསགས་རྡུལ་ཕྲ་རབ་ནི་རགས་པ་གཞན་ལ་ལྟོས་ནས་ཕྲ་རབ་ཏུ་བཏགས་པ་ལས་ཕྲ་རབ་དངོས་མིན་ཏེ། དེ་ལས་ཕྲ་བ་ཡོད་པའི་ཕྱིར་དང༌། རྡུལ་ཕྲ་རབ་ཅེས་པ་ཕྲ་བའི་རབ་ཀྱི་མཐར་ཐུག་པ་ལ་བྱེད་དགོས་པའི་ཕྱིར་རོ། །སྤྱིར་བསགས་རྡུལ་ཕྲ་རབ་དེ་རགས་པའི་གཟུགས་ཡིན་ཀྱང་སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད་ཅེས་པའི་དངོས་བསྟན་གྱི་ཕྲ་བའི་གཟུགས་ཡིན་ཏེ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རང་འགྲེལ་༡༡༧ལས། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཐམས་ཅད་ལས་ཕྲ་བའི་གཟུགས་ནི་བསགས་པའི་རྡུལ་ཕྲ་རབ་ཅེས་བྱ་སྟེ། དེ་ལས་ཆེས་ཆུང་བ་ནི་མི་མངོན་ནོ། །ཞེས་དང༌། མཆིམས་མཛོད་མཆན་༡༢༨ལས། རྫས་ཀྱི་རྡུལ་ཕྲན་ནི་ཤར་ལ་སོགས་པའི་ཆ་མེད་པའོ། །བསགས་པའི་རྡུལ་ཕྲན་ནི་དེ་ལས་ཕྲ་བའི་འདུས་པ་གཞན་མེད་པའོ། །ཞེས་དང༌། གང་སྤེལ་ལས། ཐམས་ཅད་པས་ཕྲ་བ་བསགས་པའི་གཟུགས་ནི་རྡུལ་ཕྲ་རབ་ཅེས་བྱ་སྟེ་ཞེས་བྱ་བ་ལ་རྡུལ་ཕྲ་རབ་ནི་གཉིས་ཏེ། རྫས་ཀྱི་རྡུལ་ཕྲ་རབ་དང་བསགས་པའི་རྡུལ་ཕྲ་རབ་པོ། །ཞེས་གསུངས་པའི་ཕྱིར་ཟེར་ན། འོ་ན་བསགས་རྡུལ་ཕྲ་རབ་ཡིན་པའི་ཉི་ཟེར་གྱི་རྡུལ་ཆོས་ཅན། གཟུགས་ཅན་གྱི་ཆུང་བའི་མཐར་ཐུག་པ་ཡིན་པར་ཐལ། བསགས་རྡུལ་ཕྲ་རབ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། བསགས་རྡུལ་ཕྲ་རབ་ཡིན་པའི་ཉི་ཟེར་གྱི་རྡུལ་ཡོད་པའི་ཕྱིར་ཏེ། མཆིམས་མཛོད་༡༢༨ལས།འདོ༷ད་པའི་ཁམས་ན༷་ལུས་སོགས་ཀྱི་དབ༷ང་པོ༷་མེ༷ད་པ༷་ད༷ང༌། སྒྲ༷་མེ༷ད་པའི་བསགས་པའི་རྡུལ་རྡུལ་ཕྲ༷་ར༷བ་ཉི་ཟེར་གྱི་རྡུལ་ཆུང་ངུ་ལྟ་བུ་ལ་བསགས་པ་མ་ཡིན་པའི་རྡུལ་ཆ་ཤས་མེད་པའི་རྫས་འབྱུང་བ་བཞི་དང་གཟུགས་དྲི་རོ་རེག་བྱ་སྟེ་བརྒྱད་ངེས་པར་ལྷན་ཅིག་སྐྱེའོ། །བསགས་པའི་རྡུལ་སྨོས་པ་ནི་རྡུལ་ཕྲ་རབ་ཆ་མེད་པ་ནི་གཅིག་པུར་གནས་པའི་ཕྱིར་རྫས་གཞན་འདུས་པ་མེད་དོ་སྙམ་དུ་བསམ་པའོ། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། ཉི་ཟེར་གྱི་རྡུལ་ཡིན་ན་རགས་པའི་གཟུགས་ཡིན་དགོས་པའི་ཕྱིར་ཏེ། གནས་གསུམ་པའི་རྩ་བ་ལས། ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང༌། །ཉི་ཟེར་རྡུལ་དང་སྲོ་མ་དང༌། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། གཞན་ཡང་བསགས་རྡུལ་ཕྲ་རབ་ནི། གཟུགས་ཅན་བཅུ་པོ་གང་རུང་ཡིན་པར་ཐལ། བསགས་པ་ཡིན་པའི་ཕྱིར།ཁྱབ་སྟེ། རྩ་བར། གཟུགས་ཅན་བཅུ་ནི་བསགས་པའོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དག་ལ་དཔྱད། ཡང་བྱེ་སྨྲའི་ལུགས་ལ་འབྱུང་བཞི་གཅིག་ཡོད་ན་དེའི་ཚོགས་པ་ན་འབྱུང་བ་གསུམ་ག་ཡོད་པ་ཁས་ལེན་ཏེ། མཆིམས་མཛོད་༤༧ལས། འདིར་བྱེ་བྲག་སྨྲ་བ་༼འབྱུང་བ་རེ་རེ་ལའང་གཞན་གསུམ་གསུམ་གྱི་ལས་དམིགས་ཤིང་ལས་ནི་ངོ་བོ་ལ་མ་འཁྲུལ་བས།༽འབྱུང་བ་གཅིག་གི་ཚོགས་པ་ནའང་བཞི་ག་ཡོད་པ་ཉིད་དུ་འདོད་ལ། ཞེས་དང༌། དེ་༡༢༨ལས། བྱེ་བྲག་སྨྲ་བ་ན་རེ། དཔེར་ན་ཁབ་དང་སྡོང་བུའི་ཚོགས་ལ་རེག་པ་དང༌། ཕྱེ་དང་ལན་ཚྭའི་རོ་ལྟར་དམིགས་མ་དམིགས་ནི་ཤས་ཆེ་ཆུང་ཡིན་གྱི་ཐམས་ཅད་ལའང་ཚང་བར་ཡོད་དེ། འཛིན་པ་དང་སྡུད་པ་དང་སྨིན་པ་དང་གཡོ་བའི་བྱེད་པ་དང་ལྡན་པའི་ཕྱིར། རྐྱེན་དང་ཕྲད་ན་ལྕགས་ལ་སོགས་པའི་སྲ་བའང་གཤེར་བ་ལ་སོགས་པར་མངོན་སུམ་དུ་སྣང་བའི་ཕྱིར་རོ། །ཞེས་ཟེར་རོ། །བྱེ་བཤད་ལས་ཀྱང༌། ཕན་ཚུན་ཐ་དད་དུ་མི་འཇུག་པར་ཅིས་མངོན་ཞེ་ན། ལས་ལས་མངོན་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན་ས་སྐམ་པོ་ཕོར་བ་གང་གི་གོ་ས་ན་ཆུ་དང་མེ་ཕོར་བ་གང་ཡོད་ན་སླར་ཆུ་ཕོར་བ་གང་བླུག་ན་ཕོར་བ་གཉིས་སུ་འགྱུར་བ་དང༌། གྲང་རེག་གིས་ཁྱབ་པའི་གཞིར་མེས་ཁྱབ་པར་འགྱུར་བ་དང༌། དེ་དག་གོ་ས་གཅིག་ཏུ་ཡོད་ན་གང་སྤེལ་ལས། དེ་ལ་རྫས་ཀྱི་རྡུལ་ཕྲ་རབ་ནི་ཐམས་ཅད་པས་ཕྲ་བ་ཐོགས་པ་དང་བཅས་པའི་གཟུགས་ཀྱི་ཡན་ལག་ཞེས་བྱའོ། །ཞེས་རྫས་རྡུལ་ཕྲ་རབ་ཐོགས་བཅས་ཡིན་པར་གསུངས་པ་ལྟར་ཐོགས་བཅས་ཡིན་པས་གནོད་ལ། གོ་ས་ཐ་དད་ན་རྡུལ་བརྒྱད་འདུས་པའི་བསགས་རྡུལ་དང་རྫས་རྡུལ་ཕྲ་རགས་ཡོད་དགོས་པ་ཡིན་མིན་དང༌།འབྱུང་བ་ཐམས་ཅད་ལ་འབྱུང་བཞི་ཚང་བར་ཡོད་ན་ཤས་ཆེ་ཆུང་འཇོག་ཚུལ་དང༌། རྩ་བར།ཐོགས་དང་བཅས་པ་གཟུགས་ཅན་བཅུ། །ཞེས་དང༌། རྣམ་གསུམ་དྲི་མེད་གཟུགས་གསུངས་དང༌། །ཞེས་གསུངས་པས་ཐོགས་བཅས་ཀྱི་གཟུགས་ཡིན་ན་གཟུགས་ཅན་བཅུ་པོ་གང་རུང་ཡིན་དགོས་པ་ཡིན་མིན་སོགས་ལ་དཔྱད། རྡུལ་ཕྲ་རབ་རྣམས་བར་བཅས་མ་རེག་པ་ཡིན་ཏེ། མཆིམས་མཛོད་༡༢༤ལས། དེ་ལ་གཟུགས་ནི་གཟུགས་ཀྱི་ཕུང་པོ་སྟེ་རྡུལ་ཕྲ་རབ་དང་རགས་པ་དང་དེ་གཉིས་མ་ཡིན་པའོ། །རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་མེད་པའི་ཕྱིར་ཕན་ཚུན་རེག་པ་ནི་མེད་ཀྱྀ་གཅིག་ལ་དུ་མས་བསྐོར་བའི་བར་དང་བཅས་པ་ཡིན་ཏེ། རེག་ན་ནི་ཕྱོགས་ཐམས་ཅད་ཀྱིས་རེག་ན་ཕན་ཚུན་འདྲེས་པར་འགྱུར་ལ། ཕྱོགས་རེས་རེག་ན་ཆ་བཅས་སུ་ཐལ་བའི་ཕྱིར་རོ་ཞེས་འདོད་དེ། ཞེས་གསུངས་པའི་ཕྱིར་རོ། །དེ་ལ་བར་བཅས་ཡིན་ན་བར་ན་རྡུལ་རྫས་གཞན་ཤོང་མི་ཤོང་དཔྱད། མདོ་སྡེ་བའི་ལུགས་ལ་རྡུལ་ཕྲ་རབ་རྣམས་ཕན་ཚུན་མ་རེག་པར་བར་མེད་ཡིན་པར་ཐལ། མཆིམས་མཛོད་༡༢༦ལས། མདོ་སྡེ་པ་རྣམས་ནི་རྡུལ་ཕྲ་རབ་རྣམས་བར་མེད་པར་གནས་པ་ལ་རེག་པར་འདུ་ཤེས་པ་ཡིན་གྱི་རེག་པ་ནི་མ་ཡིན་ཏེ། ཆ་བཅས་སུ་ཐལ་བའི་ཕྱིར་རོ། །བར་དང་བཅས་ནའང་བར་དེར་རྡུལ་གཞན་འཇུག་པ་ལ་སུས་གེགས་བྱེད་དེ། ཉིན་མོ་སྣང་བ་དང་མཚན་མོ་མུན་པའི་རྡུལ་ནི་དེ་དག་གི་བར་དུ་གནས་པར་རིགས་པའི་ཕྱིར་དང་མི་གནས་ན་དེ་དག་སྣང་བྱེད་དང་སྒྲུབ་བྱེད་དུ་མ་གྲུབ་པར་ཐལ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། བར་མེད་དུ་གནས་པ་ལས་ལོགས་སུ་རེག་ཚུལ་ཞིག་ཡོད་བར་ཐལ་ལོ། །ཞེས་ཟེར་ན་དཔྱད་པར་བྱའོ།། །།

མཚུངས་ལྡན་གྱི་སྐྱེ་ཚུལ་བཤད་པའི་སྐབས་ཀྱི་དོགས་གཅོད།

མཚུངས་ལྡན་གྱི་སྐྱེ་ཚུལ་བཤད་པའི་སྐབས་ཀྱི་དོགས་གཅོད་ནི།

འདུས་བྱས་ཡིན་ན་སྐྱེ་རྒ་གནས་འཇིག་བཞི་ལྡན་པས་ཁྱབ་པར་ཐལ། མཛོད་རྩ་བར། ཐམས་ཅད་འདུས་བྱས་མཚན་ཉིད་དང༌། །ཞེས་དང༌། མཆིམས་མཛོད་༡༣༡ལས། འདུས་བྱས་ཐམས་ཅད་ནི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་ལ་སོགས་པ་བཞི་དང་ངེས་པར་ལྷན་གཅིག་ཏུ་སྐྱེའོ། །ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའོ། །ཞེས་གསུངས་པའི་ཕྱིར། འདོད་ན། འདས་པའི་འདུས་བྱས་རྣམས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། འདས་པ་ཞིག་ཟིན་པའི་ཕྱིར་ཏེ། རང་འགྲེལ་༤༩༨ལས། འདས་པ་ནི་ཞིག་པའི་ཕྱིར་རིང་བ་ཡིན་ནོ་ཞེས་བྱ་བ་ནི་རིགས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། གཏི་མུག་མེད་པའི་དགེ་རྩ་དང༌། རྩ་ཉོན་གྱི་ལྟ་བ་དང༌། ཆོས་མངོན་པ་ལས་བྱུང་བའི་ཉོན་མོངས་པའི་ས་མང་པོ་པ་ཤེས་བཞིན་མ་ཡིན་པ་གསུམ་ཤེས་རབ་ཡིན་པ་དང་སེམས་བྱུང་བདུན་ཅུ་རྫས་ཡོད་དང་བདུན་བཏགས་ཡོད་ཡིན་ཏེ། མཆིམས་མཛོད་༡༣༢ལས། གཏི་མུག་མེད་པའི་དགེ་རྩ་དང༌། རྩ་ཉོན་གྱི་ལྟ་བ་དང༌། ཆོས་མངོན་པ་ལས་བྱུང་བའི་ཉོན་མོངས་པའི་ས་མང་པོ་པ་ཤེས་བཞིན་མ་ཡིན་པ་དང༌། བརྗེད་ངེས་དང༌། རྣམ་པར་གཡེང་བ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། ལོག་པར་མོས་པ་ལྔ་སྟེ་བདུན་དང༌། ཞེས་དང༌། སྡེ་ཚན་ལྔ་དང༌། མ་ངེས་པ་བརྒྱད་དེ་བཞི་བཅུ་རྩ་དྲུག་དང༌། གཞི་ཕྲན་ཚགས་ཀྱི་ཉི་ཤུ་རྩ་བཞི་སྟེ་བདུན་ཅུ་རྫས་ཡོད་དང༌། ལྷག་མ་བདུན་བཏགས་ཡོད་ཡིན་ཏེ། དང་པོ་གསུམ་ཤེས་རབ་དང༌། ཕྱི་མ་བཞི་རིམ་པ་ལྟར་དྲན་པ་དང་ཏིང་ངེ་འཛིན་དང་ཡིད་ལ་བྱེད་པ་དང༌། མོས་པ་རྣམས་ལ་བཏགས་པ་ཡིན་ཏེ། ཤེས་རབ་དགེ་བ་ཁོ་ན་གཏི་མུག་མེད་པ་དང༌། ཤེས་རབ་ཉོན་མོངས་ཅན་ཁོ་ན་ཤེས་བཞིན་མ་ཡིན་པ་ཡིན་ལ། ཞེས་གསུངས་པའི་ཕྱིར་དང༌། མཆིམས་མཛོད་༡༤༡ལས། བྱེ་བྲག་ཏུ་སྨྲ་བ་རྨུགས་པ་ནི་ཏིང་ངེ་འཛིན་དང་རྗེས་སུ་མཐུན་པའི་ཕྱིར་མངོན་པ་ལས་མ་སྨོས་ལ། བརྗེད་ངེས་ལ་སོགས་པ་ནི་དྲན་པ་ལ་སོགས་ལ་བཏགས་པ་ཡིན་པའི་ཕྱྀར་འདིར་མ་སྨོས་སོ་ཞེས་བྱ་བར་འདོད་ལ། སློབ་དཔོན་ནི་རྨུགས་པའང་རྒོད་པ་དང་འདྲ་བར་ཏིང་ངེ་འཛིན་དང་མི་མཐུན་པས་འདིར་སྨོས་སོ་ཞེས་བྱ་བར་བཞེད་དོ། །ཞེས་གསུངས་པའི་ཕྱིར། གཏི་མུག་མེད་པ་སྐབས་འདིར་མ་བཤད་པའི་རྒྱུ་མཚན་ཡོད་དེ། དེ་བཏགས་ཡོད་ཡིན་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། འདོད་ན། འོ་ན་རྣམ་འཚེ་ཆོས་ཅན། སྐབས་འདིར་མ་བཤད་པར་ཐལ། བཏགས་ཡོད་ཡིན་པའི་ཕྱིར། དེར་ཐལ།སེམས་བྱུང་བཏགས་ཡོད་བདུན་ཙམ་མ་ཡིན་པར་དགུ་ཡོད་པའི་ཕྱིར་ཏེ། བྱེ་བྲག་སྨྲ་བས་སེམས་བྱུང་བཏགས་ཡོད་དགུ་འདོད་པའི་ཕྱིར། དེར་ཐལ། མཆིམས་མཛོད༡༣༢ལས།སྔ་རབས་པ་དག་འཆད་མོད་ཀྱི་ལེགས་པར་དཔྱད་ན་༼རྣམ་པར་མི་འཚེ་བ་དང༌། རྣམ་འཚེ་གཉིས་ཀ་ཞེ་སྡང་མེད་པ་དང་ཁོང་ཁྲོ་ལ་བཏགས་པར་བྱས་ན་འཐད་དེ། ཞེས་པ་ནས། བྱེ་བྲག་སྨྲ་བ་ལྟར་ན་བཏགས་ཡོད་དགུར་བྱས་ན་འཐད་པར་སེམས་སོ། །༽ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། ཡང་གཏི་མུག་མེད་པ་ཆོས་ཅན། རྫས་ཡོད་ཡིན་པར་ཐལ། ཤེས་རབ་ཡིན་པའི་ཕྱིར་ཟེར་བ་དག་ལ་དཔྱད། ཀུན་བཏུས་ལྟར་རྫས་བཏགས་ཀྱི་དོན་ནི། མཆིམས་མཛོད་༡༣༤ལས། སྡེ་ཚན་དྲུག་ཏུ་བཤད་པ་ལས་སྡེ་ཚན་དང་བོ་གཉིས་དང་གསུམ་པའི་གཏི་མུག་མེད་པ་དང༌། བག་ཡོད་བཏང་སྙོམས་རྣམ་པར་མི་འཚེ་བ་སྟེ་བཞི་མ་གཏོགས་པ་ལྷག་མ་བདུན་དང༌། ལྟ་བ་ལས་གཞན་པའི་རྩ་ཉོན་ལྔ་སྟེ་ཉི་ཤུ་རྩ་གཉིས་ནི་བརྗོད་པ་སྒྲ་དང་རྒྱུ་མཚན་གཞན་ལ་མ་ལྟོས་པར་བློ་ཡུལ་དུ་གྱུར་བས་རྫས་ཡོད་དང༌། ལྷག་མ་ཉི་ཤུ་རྩ་དགུ་ནི་རྒྱུ་མཚན་དེ་ལས་བཟློག་པས་བཏགས་ཡོད་ཡིན་༼པའམ། ཁ་ཅིག་ན་རེ་གང་ཞིག་རང་གི་ངོ་བོ་ལོགས་སུ་གྲུབ་པ་ནི་རྫས་ཡོད་དང༌། གང་ཞིག་ལས་རང་བཞིན་ལོགས་སུ་གྲུབ་པ་མེད་པ་ལོགས་སུ་བརྗོད་པ་ནི་བཏགས་ཡོད་ཡིན་ནོ་ཞེས་ཟེར་༽ཏེ། འདི་ལྟར་གཏི་མུག་མེད་པ་དང་ལྟ་བ་དང་ཤེས་བཞིན་མ་ཡིན་པ་གསུམ་ནི་ཤེས་རབ་ཁོ་ན་དང༌། ཞེས་གསུངས་སོ། །འོན་ཀྱང་བྱེ་བྲག་སྨྲ་བས་རྫས་བཏགས་ཀྱི་དོན་གང་ཡིན་དང༌། བུམ་པ་དང་གང་ཟག་སོགས་རྫས་བཏགས་ཀྱི་དོན་དེ་ཚང་མ་ཚང་དང༌། ཤེས་རབ་ལ་གོང་གི་རྫས་ཡོད་ཀྱི་དོན་ཚང་བ་ཡིན་ནམ་དཔྱད། གྲུབ་མཐའ་གོང་མའི་ལུགས་ལ་འདུས་བྱས་ཀྱི་ཤེས་པ་དང་གཟུགས་ཡིན་ན་རྫས་ཡོད་ཡིན་དགོས་སམ་ཅི། དགོས་ཟེར་ན། དེ་མི་དགོས་པར་ཐལ།སེམས་བྱུང་བཏགས་ཡོད་པ་ཡིན་ན་སྤྱིར་བཏགས་ཡོད་ཡིན་དགོས་པའི་ཕྱིར་ཏེ། ཀུན་བཏུས་ཀྱི་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། རྫས་ཡོད་དང་བཏགས་ཡོད་ཀྱི་འཇོག་ཚུལ་ནི། དོན་བྱེད་ནུས་པ་དང༌། རིགས་པའི་གྲུབ་པ་དང་བརྟན་པ་དང་རང་སྐྱ་ཐུབ་པའི་རྫས་ཡོད་བཞི་ལས། འདིར་ཕྱི་མ་ཁོ་ནས་རྫས་ཡོད་དུ་འཇོག་སྟེ། གཞན་དུ་ན་ཐམས་ཅད་ཀྱང་དོན་བྱེད་ནུས་པ་དང་རིགས་པའི་གྲུབ་པའི་ཕྱིར་རྫས་ཡོད་དུ་ཐལ་ཞིང༌། འཇིག་ཚོགས་ལྟ་བའང་བརྟན་པའི་ཕྱིར་རྫས་ཡོད་དུ་ཐལ་བར་འགྱུར་རོ། །དེ་བཞིན་དུ་བཏགས་ཡོད་ཀྱང་བཞི་ལས། གནས་སྐབས་ལ་བཏགས་པ་ལྡན་མིན་འདུ་བྱེད་ལྟ་བུ་དང༌། མེད་བཞིན་དུ་སྒྲོ་བཏགས་པ་བདག་དང་རི་བོང་གི་རྭ་ལྟ་བུ་དང༌། དེ་ལས་གཞན་པ་ལ་བཏགས་པ་བུམ་པ་ལྟ་བུ་མ་ཡིན་གྱི། ཆ་ལ་བཏགས་པ་གདགས་གཞིའི། །ཞེས་དང༌། བསྡུ་བ་ལས། གང་ཅི་ཡང་རུང་སྟེ། དེ་ལས་གཞན་པ་དག་ལ་མི་ལྟོས་ཤིང༌། དེ་ལས་གཞན་པ་དག་ལ་མི་བརྟེན་པར་རང་གི་མཚན་ཉིད་འདོགས་པར་བྱེད་པ་དེ་ནི་མདོར་ན་རྫས་སུ་ཡོད་པ་ཡིན་པར་རིག་པར་བྱའོ། །གང་ཅི་ཡང་རུང་སྟེ། དེ་ལས་གཞན་པ་དག་ལ་ལྟོས་ཤིང༌། དེ་ལས་གཞན་པ་དག་ལ་བརྟེན་ནས་རང་གི་མཚན་ཉིད་འདོགས་པར་བྱེད་པ་དེ་ནི། མདོར་ན་བཏགས་པའི་ཡོད་པ་ཡིན་པར་རིག་པར་བྱ་ཡི་རྫས་སུ་ཡོད་པ་ནི་མ་ཡིན་ཏེ། ཞེས་དང༌། ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། མཚན་ཉིད་ནི། ཆོས་གང་ཞིག་རང་གི་ངོ་བོ་ཡིད་ཀྱི་དབང་པོའམ་བློའི་ཡུལ་དུ་གྱུར་བ་དེ་བརྗོད་པ་དང་སྒྲ་དང་མིང་ལ་སོགས་པའི་ཐ་སྙད་ལའང་མི་ལྟོས་ཤིང༌། དེ་ལས་གཞན་རྟགས་དང་དཔེ་དང་མཚན་ཉིད་ལ་སོགས་པ་རྣམ་པར་འཇོག་བྱེད་དོན་གཞན་ལ་མི་ལྟོས་པ་ནི་རྫས་སུ་ཡོད་པའོ། །དེའང་བུམ་པ་བློ་ཡུལ་དུ་བྱུང་བ་ལྟོ་ལྟིར་གྱི་གཟུགས་ལ་ལྟོས་པ་ལྟ་བུ་མ་ཡིན་པར་གཟུགས་སོགས་དོན་རང་མཚན་མངོན་སུམ་དུ་མཐོང་བ་ལྟ་བུ་སྟེ། ཞེས་དང༌། ཆོས་གང་ཡིད་ཀྱི་དབང་པོའམ་བློའི་ཡུལ་དུ་གྱུར་བ་དེ་བརྗོད་པ་སྒྲ་དང་མིང་ལ་སོགས་པ་ལ་ལྟོས་ཤིང༌། དེ་ལས་གཞན་གདགས་གཞི་ལ་སོགས་པ་རྣམ་པར་འཇོག་བྱེད་རྒྱུ་མཚན་ལ་ལྟོས་པ་དང་བཅས་པ་ནི་བཏགས་པའི་ཡོད་པའི་མཚན་ཉིད་ཅན་ཏེ། ཕུང་པོ་ལ་གང་ཟག་ཏུ་བཏགས་པའམ། ལྟོ་ལྟིར་བ་ལ་བུམ་པར་བཏགས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་རོ། །འདོད་མི་ནུས་ཏེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དེ་ལ་རྫས་ཀྱི་དངོས་པོ་ནི་འབྱུང་བའི་རྡུལ་ལ་སོགས་པ་རྣམས་བེམ་པོའི་རྫས་དང༌། ཡུལ་གྱི་རྣམ་པ་ཤེས་པ་ལ་འཆར་ཞིང་རྣམ་པར་རིག་པ་ལ་ནི་ཤེས་པའི་རྫས་ཞེས་འཇོག་གོ། །ཞེས་གསུངས་པའི་ཕྱིར་རོ་ཟེར་ན་དཔྱད། སེམས་པ་ཡིན་ན་ཡུལ་དྲུག་ལ་དམིགས་པ་དང་ཡིད་ལས་ཡིན་པས་ཁྱབ་པར་ཐལ། མཆིམས་མཛོད་༡༣༦ལས། སེམས་པ་ནི་གང་ཞིག་ཡོད་ན་ཁབ་ལེན་གྱིས་ལྕགས་ལྟར་ཡུལ་དྲུག་ལ་དམིགས་ནས་སེམས་མངོན་པར་འདུ་བྱེད་ཅིང་སེམས་དམིགས་པ་ལ་གཡོ་བར་བྱེད་པ་ཡིད་ཀྱི་ལས་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། ཡུལ་དྲུག་ཅི་རིགས་ལ་དམིགས་པའི་དོན་ཟེར་ན་དམིགས་ཡུལ་མེད་པའི་སེམས་པས་མ་ངེས་པའི་ཕྱིར་ཟེར་བ་དང༌། གོང་དུ་འདོད་ན། སྲོག་གཅོད་བཞིན་པའི་སྐབས་ཀྱི་སྲོག་གཅོད་འདོད་ཀྱི་སེམས་པ་དེ་ཡིད་ལས་ཡིན་མིན་དག་ལ་དཔྱད། འདུན་པ་ཡིན་ན་དམིགས་པའི་ཡུལ་དོན་དུ་གཉེར་བ་དང༌། བརྩོན་འགྲུས་རྩོམ་པའི་ལས་བྱེད་པས་ཁྱབ་པར་ཐལ། མཆིམས་མཛོད་༡༣༦ལས། འདུན་པ་ནི་ཡུལ་དྲུག་ལ་དམིགས་ནས་བྱེད་འདོད་པ་སྟེ་དམིགས་པའི་ཡུལ་དོན་དུ་གཉེར་བའོ། །དབྱེ་བ་ནི་འདས་པ་ལ་ཕྲད་པ་དང༌། ད་ལྟ་བ་ལ་མི་འབྲལ་དང༌། མ་འོངས་པ་ལ་དོན་དུ་གཉེར་བར་འདུན་པ་སྟེ། བརྩོན་འགྲུས་རྩོམ་པའི་ལས་ཅན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཞེ་སྡང་དང་མཚུངས་ལྡན་གྱི་འདུན་པ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཟེར་ན་དཔྱད། དྲན་པ་ཡིན་ན་ཡུལ་མི་བརྗེད་པས་ཁྱབ་པར་ཐལ། མཆིམས་མཛོད་༡༣༧ལས། དྲན་པ་ནི་མི་བརྗེད་པ་སྟེ། དབྱེ་ན་ཉོན་མོངས་ཅན་དེ་མ་ཡིན་པ་གཉིས་སོ། །ལས་ནི་དམིགས་པ་ལ་སེམས་མི་གཡེང་བར་བྱེད་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་འདོད་མི་ནུས་ཏེ། ས་མང་ཡིན་པས་སོ་ཟེར་ན་དཔྱད། རང་འགྲེལ་༡༢༣ལས། གང་དག་ས་མང་པོ་པ་ཡིན་པ་དེ་དག་ཉོན་མོངས་པའི་ས་མང་པོ་བ་ཡང་ཡིན་ནམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི་ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་དང༌། འདུན་པ་དང༌། རེག་པའོ། །གཉིས་པ་ནི་མ་དད་པ་དང༌། ལེ་ལོ་དང༌། མ་རིག་པ་དང༌། རྒོད་པ་དང༌། བག་མེད་པའོ། །གསུམ་པ་ནི་དྲན་པ་ལ་སོགས་པ་ཉོན་མོངས་པ་ལྔ་ཅན་ཇི་སྐད་བཤད་པ་རྣམས་སོ། །བཞི་བ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་འབྱུང་ངོ༌། །ཞེས་དང༌། མཆིམས་མཛོད་༡༣༩ལས། བཅུ་བོ་འདི་དག་ནི་རྟག་ཏུ་དགེ་བའི་སེམས་ཐམས་ཅད་ལ་འབྱུང་བའི་ཕྱིར་དགེ་བའི་ས་མང་པོ་དག་ཅེས་བྱའོ། །ཞེས་དང༌། མཆིམས་མཛོད་༡༣༧ལས། བཅུ་བོ་དེ་དག་ནི་སེམས་ཐམས་ཅད་ལ་འབྱུང་བའི་ཕྱིར་སེམས་ཀྱི་ས་མང་པོ་པ་ཞེས་བྱའོ། །ཞེས་དང༌། མཆིམས་མཛོད་༡༤༢ལས། སློབ་དཔོན་གང་སྤེལ་དང་དབྱིག་བཤེས་ཀྱི་ཊཱི་ཀ་ལས།རྟོག་དང་དཔྱོད་དང་འགྱོད་པ་དང༌། །གཉིད་དང་ཁོང་ཁྲོ་ཆགས་རྣམས་དང༌། །ང་རྒྱལ་ཐེ་ཚོམ་ཞེས་བྱ་བ། །བརྒྱད་ནི་ངེས་པ་མིན་པར་བཤད། །ཅེས་གསུངས་པ་དག་ཀྱང་སེམས་ལས་བྱུང་བའི་དབྱེ་བ་ཅིའི་ཕྱིར་མ་བཤད་ཅེ་ན། ངེས་པ་རྣམས་དངོས་སུ་བཤད་པ་ཉིད་ཀྱིས་དེ་དག་མ་ངེས་པར་ཤུགས་ལ་གོ་བའི་ཕྱིར་བཤད་དོ། །ཇི་ལྟར་མ་ངེས་ཤེ་ན། རེ་ཞིག༼སྡེ་ཚན་དང་པོ་བཞི་ནི་མ་ངེས་ཏེ། རིམ་པ་ལྟར་རོ། །༽ས་མང་པོ་པ་ནི་མ་ཡིན་ཏེ་སེམས་ཐམས་ཅད་ཀྱི་འཁོར་དུ་མི་འབྱུང་བའི་ཕྱིར་རོ། །དགེ་བའི་ས་བའང་མ་ཡིན་ཏེ། དགེ་བ་ཐམས་ཅད་ཀྱི་འཁོར་དུ་མི་འབྱུང་བའི་ཕྱིར་རོ། །ཉོན་མོངས་པའི་ས་པའང་མ་ཡིན་ཏེ། ཉོན་མོངས་པ་ཅན་གྱི་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བར་མ་ངེས་པའི་ཕྱིར་རོ། །མི་དགེ་བའི་ས་བའང་མ་ཡིན་ཏེ། མི་དགེ་བ་ཐམས་ཅད་ཀྱི་འཁོར་དུ་འབྱུང་བར་མ་ངེས་པའི་ཕྱིར་རོ། །ཉོན་མོངས་པ་ཆུང་ངུའི་ས་བའང་མ་ཡིན་ཏེ། ཞེས་སོགས་ལུང་དེ་དག་གི་སྒོ་ནས་ས་མང་གི་ཚད་དང་ཉོན་མོངས་པའི་ས་མང་གི་དོན་ལ་དཔྱད་པ་དང༌། རང་ཉིད་གང་དུ་གཏོགས་པའི་སེམས་བྱུང་གི་སྡེ་ཚན་དེ་སེམས་ཀུན་གྱི་འཁོར་དུ་འགྲོ་བའི་སྒོ་ནས་ས་མང་གི་དོན་འཇོག་ནའང་སེམས་བྱུང་གི་སྡེ་ཚན་དུ་གཏོགས་པའི་སེམས་བྱུང་ཡོད་མེད་དང༌། རིགས་འདྲ་སྦྱར་ན་ཡང་ཟག་མེད་ཀྱི་ཚོར་བ་དེ་ཚོར་བ་དང་རིགས་འདྲ་བ་མ་ཡིན་པའི་ཕྱིར་ཞེས་ཟེར་བ་དང༌། གོང་གི་གསུངས་ཟིན་ལྟར་ན་སྐབས་འདིར་མ་ངེས་པའི་སེམས་བྱུང་བརྒྱད་མ་བཤད་པར་འགྱུར་རམ་ཅི་འགྱུར་ན་སྐབས་འདིར་སེམས་བྱུང་ཞེ་དྲུག་མ་བསྟན་པར་འགྱུར་རོ་ཟེར་བ་སོགས་ལ་དཔྱད། མ་ངེས་པའི་སེམས་བྱུང་བརྒྱད་ཉོན་མོངས་ཆུང་ངུའི་ས་མང་དུ་མ་འདུས་པའི་ཚུལ་ནི། མཆིམས་མཛོད་༡༤༢ལས། རྟོག་དཔྱོད་ལ་གསུམ་ཆར་དང༌། འགྱོད་པ་ལ་དང་པོ་དང༌། གཉིད་ལ་དང་པོ་གཉིས་དང་ཆགས་སྡང་ལ་ཐ་མ་གཉིས་དང་ང་རྒྱལ་དང་ཐེ་ཚོམ་ལ་བར་བ་མེད་པས་མ་རིག་པ་ཙམ་དང་སྒོམ་སྤང་ཙམ་དང་ཡིད་ཙམ་དང་མཚུངས་པར་ལྡན་པ་ཁོ་ན་མ་ཡིན་པའི་ཕྱིར། ཞེས་གསུངས་པ་ལྟར་ཡིན་ལ། འོ་ན་འགྱོད་པ་ཆོས་ཅན། ཁྱོད་ལ་ཉོན་མོངས་ཆུང་ངུའི་ས་བར་འཇོག་པའི་རྒྱུ་མཚན་གཉིས་པ་དེ་ཚང་བར་ཐལ། ཁྱོད་ལ་རྒྱུ་མཚན་དང་པོ་མ་གཏོགས་ཕྱི་མ་གཉིས་ཚང་བའི་ཕྱིར། འདོད་ན། ཁྱོད་ལ་སྒོམ་སྤང་ཁོ་ན་ཡིན་པ་དེ་ཚང་བར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་དུ་གྱུར་བའི་མཐོང་སྤང་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མཐོང་སྤང་ལོག་ལྟ་དང་ཡིད་མི་བདེ་བ་གཉིས་མཚུངས་ལྡན་དུ་འགྲོ་བ་ཡོད་པ་གང་ཞིག ཡིད་མི་བདེ་བ་དང་འགྱོད་པ་མཚུངས་ལྡན་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། གནས་ལྔ་བའི་རྩ་བ་ལས། མེད་ལྟ་ཡིད་བདེ་སྡུག་བསྔལ་དང༌། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཡིད་མི་བདེ་བ་ལ་དགེ་མི་དགེ་གང་རུང་དུ་ངེས་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཟེར་བ་སོགས་མདོར་ན་འགྱོད་པ་འདི་མཐོང་སྤང་ལོག་ལྟ་དང་མཚུངས་ལྡན་དུ་འགྲོ་བ་ཡོད་ན་དེ་ལ་སྤང་བྱ་རིས་ཀྱི་ཆུང་བ་སྒོམ་སྤང་ཁོ་ན་ཡིན་པ་དེ་མ་ཚང་ལ། ཁྱོད་ལོག་ལྟ་དང་མཚུངས་ལྡན་དུ་འགྲོ་བ་མེད་ན་མེད་ལྟ་ཡིད་བདེ་དང་སྡུག་བསྔལ་ཏེ་ཡིད་མི་བདེ་གཉིས་ཀ་དང་མཚུངས་ལྡན་འགྲོ་བ་ཡོད་པར་གསུངས་པ་དང་འགལ་བས་ཁྱོད་ལ་རྒྱུ་མཚན་དང་པོ་མ་ཟད་གཉིས་པ་མ་ཚང་ངོ་ཞེས་དྭོགས་སོ། །མཆིམས་མཛོད་༡༤༦ལས། གང་དག་བསམ་གཏན་དང་པོ་ན་མེད་པ་དེ་དག་དང་དེ་དག་དུ་མ་ཟད་རྟོ༷ག་པ༷འ༷ང་བས༷མ་གཏ༷ན་དང་པོའི་ཁྱ༷ད་པ༷ར་ཅ༷ན་ན་མེད་ཅིང༌། ཞེས་གསུངས་པ་ལ་སྔར་ལྟར་དང་པོའི་ཁྱད་པར་ཅན་གྱི་མིག་ཤེས་རྟོག་དཔྱོད་དང་བཅས་མ་བཅས་དཔྱད། མཆིམས་མཛོད་༡༤༦ལས། ཡང་ཞེས་པས་དེ་དག་ན་གཡོ་སྒྱུ་གཉིས་ཀྱང་མེད་དོ་ཞེས་སྟོན་སྟེ། གང་ན་རྒྱལ་རིགས་དང་བྲམ་ཟེ་དང༌། ཁྱིམ་བདག་དང༌། དགེ་སྦྱོང་དང༌། རྒྱལ་ཆེན་བཞི་དང༌།སུམ་ཅུ་རྩ་གསུམ་དང༌། བདུད་དང༌། ཚངས་པའི་འཁོར་ཏེ་འཁོར་བརྒྱད་པོ་དེ་དག་དང་འབྲེལ་བ་དེ་ན་གཡོ་སྒྱུ་ཡོད་ཀྱི་བསམ་གཏན་གཉིས་པ་ཡན་ཆད་ན་འཁོར་དང་འབྲེལ་བ་མེད་པའི་ཕྱིར་རོ། །ཞེས་གསུངས་པ་ལ་གཙོ་འཁོར་ཡོད་ན་གཡོ་སྒྱུ་ཡོད་པས་ཁྱབ་པ་དང༌།དེ་མེད་ན་གཡོ་སྒྱུ་མེད་པས་ཁྱབ་པ་ཡོད་མེད་དཔྱད། མཆིམས་མཛོད་མཆན་༡༤༧ལས།དེ་ཡང་དད་པ་དང་དགའ་བ་ལ་ཆོས་དང་གང་ཟག་ལ་ལྟོས་ནས་མུ་བཞི་སྟེ། དང་པོ་ཆོས་ལ་དམིགས་པའི་མུ་བཞི་ལ། བདེན་པ་དང་པོ་གཉིས་ལ་ཡིད་ཆེས་པ་ནི་དད་པ་ཡིན་ལ་དགའ་བ་མིན་ཏེ། དེ་གཉིས་ལ་དགའ་བྱ་མིན་པས་སོ། །དགའ་བ་ཉོན་མོངས་ཅན་ནི་གཉིས་པ་སྟེ་སྲེད་པ་ཡིན་པས་སོ། །གསུམ་པ་ནི་འགོག་ལམ་ལ་དམིགས་པའི་དད་པ་སྟེ་ཡིད་ཆེས་ཤིང་དགའ་བྱ་ཡིན་པས་སོ། །བཞི་བ་ནི་དེ་དག་མིན་པའི་སེམས་བྱུང་དང་ལྡན་མིན་སོགས་སོ། །གང་ཟག་ལ་དམིགས་པའི་དགའ་གུས་ཀྱི་མུ་བཞི་ནི་བུ་དང་ཆུང་མ་ལ་སོགས་པ་ལ་དགའ་བ་ནི་དགའ་བ་ཡིན། གུས་པ་མིན་པའི་མུ་དང་པོའོ། །གཉིས་པ་ནི་གཞན་གྱི་བླ་མ་ལ་སོགས་ལ་གུས་པ་དང༌། གསུམ་པ་ནི་རང་གི་བླ་མ་སོགས་ལ་གུས་པ་དང༌། བཞི་བ་ནི་སྡང་བའི་ཡུལ་གྱི་སེམས་ཅན་ལ་དམིགས་པ་ལྟ་བུའོ། །འདི་གཉིས་ཁྱད་ཆེ་སྟེ། གུས་པ་ནི་དགེ་བ་ཁོ་ན་ཡིན་ལ་དགའ་བ་ལ་དགེ་བ་དང་འདོད་ཆགས་གཉིས་ཡོད་པས་སོ། །ཞེས་གསུངས་པ་ལ་འོ་ན་བསམ་གཏན་གཉིས་པའི་སེམས་རྟེན་བྱས་པའི་སྡུག་ཀུན་གཉིས་རྟོགས་པའི་ཡེ་ཤེས་ཆོས་ཅན། ཁྱོད་དུ་གྱུར་བའི་དགའ་བ་མེད་པར་ཐལ། སྡུག་ཀུན་ལ་དམིགས་པའི་དགའ་བ་མེད་པའི་ཕྱིར། རྟགས་གོང་གི་ལུང་གིས་གྲུབ། འདོད་མི་ནུས་ཏེ། བསམ་གཏན་གཉིས་པའི་དངོས་གཞི་ཡན་ལག་ལ་དགའ་བ་དང་ལྡན་པའི་ཕྱིར་ཏེ། རྩ་བར། གཉིས་པ་ལ་ནི་ཡན་ལག་བཞི། །རབ་དང་དང་ནི་དགའ་ལ་སོགས། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། བསམ་གཏན་གཉིས་པའི་ཡན་ལག་ལ་དགའ་བ་གཉིས་ཡོད་པར་ཐལ། དེའི་ཡན་ལག་ཏུ་གྱུར་བའི་དད་པ་དང་ཚོར་བ་གཉིས་ཀ་དགའ་བ་ཡིན་པའི་ཕྱིར། རྟགས་སྔར་གྱི་ལུང་དེ་དག་དང་སྐབས་འདིའི་རྩ་བ་ལས། དགའ་དད་གུས་ཉིད་ངོ་ཚ་ཤེས། །ཞེས་དང༌། གནས་བརྒྱད་པ་ལས། ལུང་རྣམ་གཉིས་ཕྱིར་དགའ་ཡིད་བདེ། །ཞེས་གསུངས་པའི་དོན་གྲུབ་པའི་ཕྱིར་ཟེར་ན་དཔྱད། བསམ་གཏན་གསུམ་པ་ཡན་ཆད་ལ་དགའ་བ་ཡོད་པར་ཐལ། འགོག་ལམ་ལ་དམིགས་པའི་དད་པ་དེ་དགའ་དད་གཉིས་ཀ་ཡིན་པ་གང་ཞིག དེ་ཡོད་པའི་ཕྱིར་ཏེ། མཛོད་རང་འགྲེལ་༡༢༨ལས། གཉིས་ཀ་ཡིན་པ་ནི། འགོག་པ་དང་ལམ་ལ་དམིགས་པའི་དད་པ་ལྟ་བུའོ། །ཞེས་སོགས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། དཔྱོད་དང་དགའ་དང་བདེ་དང་ལྡན། །ཡན་ལག་སྔ་སྔ་སྤངས་པ་ཡི། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མཆིམས་མཛོད་༡༤༨ལས། དགའ་བ་དང་གུས་པ་དེ་གཉིས་ཀྱང་འདོད་པ་དང་གཟུགས་ཀྱི་ཁམས་དག་ན་ཡོད་དོ་ཞེས་བྱ་བའང་གང་ཟག་ལ་དམིགས་པའི་དབང་དུ་བྱས་པ་ཡིན་ཏེ། ༼དེ་གཉིས་ནི་ལུས་ངག་གི་ལས་ཡིན་པས་སོ། །༽ཆོས་ལ་དམིགས་པའི་དེ་གཉིས་ནི་གཟུགས་མེད་ནའང་ཡོད་པའི་ཕྱིར་རོ། །ཞེས་གསུངས་པ་ལ་གཟུགས་མེད་པ་ལ་གང་ཟག་ཕན་ཚུན་གུས་པ་ཡོད་མེད་སོགས་ལ་དཔྱད་པར་བྱའོ། །ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ལྔ་པོ་དེ་རྣམས་བྱ་རྫོགས་ཀྱི་སྐད་ཅིག་མ་རེ་རེའི་ནང་དུ་ཅིག་ཆར་དུ་འབྱུང་བའམ་རིམ་ཅན་གང་རུང་དུ་འབྱུང་བའི་ཚུལ་གྱི་ཚང་བ་རེ་ངེས་པར་འབྱུང་ལ། ཞེས་སོགས་དང༌། འཇམ་པའི་དབྱངས་དངོས་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་བསྡུས་གྲྭའི་སྤྱི་དོན་ལས། མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་སྐྱེ་འགགས་གནས་གསུམ་ཅི་རིགས་པ་དུས་མཉམ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དེའི་དོན་ཡིན་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། རེག་པའི་རྒྱུ་ལས་ཚོར་བ་འབྱུང་བ་ལྟ་བུ་སྐྱེ་བ་དུས་མི་མཉམ་ཡང་གནས་པ་དང་འགགས་པ་དུས་མཉམ། ཞེས་དང༌། སེམས་ཀུན་གྱི་འཁོར་དུ་ཀུན་འགྲོ་ལྔ་ངེས་པར་ཚང་དགོས་ཏེ། དེ་ལྔ་པོ་གང་མ་ཚང་ན་སེམས་ཀྱིས་ཡུལ་ལ་ལོངས་སྤྱོད་པ་མི་རྫོགས་པའི་ཕྱིར། ཞེས་སོགས་ཀྱིས་གྲུབ་མཐའ་གོང་མའི་ལུགས་ལ་ཀུན་འགྲོའི་དོན་གང་ཡིན་དཔྱད།མཆིམས་མཛོད་ལས། དབུས་མཐའི་ཊཱི་ཀ་ལས་ནི། དེ་དག་ཀྱང་རྟེན་དང་དམིགས་པ་དང་དུས་དང་རྫས་མཚུངས་པ་ཉིད་ཀྱིས་མཚུངས་པར་ལྡན་པ་ཡིན་གྱི་རྣམ་པར་ཤེས་པ་དང་ཁྱད་པར་མེད་པར་ཐལ་བར་འགྱུར་བས་རྣམ་པ་མཚུངས་པ་ནི་མ་ཡིན་ནོ། །ཞེས་སེམས་དང་སེམས་བྱུང་རྣམ་པ་མི་མཚུངས་པར་བཤད་དེ། ཞེས་གསུངས་པ་ལ་རྣམ་པ་མཚུངས་པ་མ་ཡིན་ནོ་ཞེས་པའི་དོན་འཚོལ་བར་བྱའོ། །

མཚུངས་ལྡན་མ་ཡིན་པ་བཤད་པའི་སྐབས་ཀྱི་དོགས་གཅོད།

མཚུངས་ལྡན་མ་ཡིན་པ་བཤད་པའི་སྐབས་ཀྱི་དོགས་གཅོད་ནི།

མཆིམས་མཛོད་༡༥༢ལས། གཉིས་པ་རིགས་པ་ནི་ཐོབ་པ་རྫས་སུ་མེད་ན་འཕགས་པས་འཇིག་རྟེན་པའི་ལམ་མངོན་དུ་བྱས་ན་སོ་སྐྱེ་དང་སྤངས་རྟོགས་ཁྱད་མེད་དུ་ཐལ་ཏེ་འདས་ལམ་མངོན་གྱུར་མེད་ཅིང་འདས་ལམ་གྱི་ཐོབ་པ་རྫས་གྲུབ་ཀྱང་མེད་པར་སོ་སྐྱེ་དང་སྤངས་རྟོགས་ཁྱད་མེད་པར་ཐལ་ཏེ། འདས་ལམ་མངོན་གྱུར་མེད་ཅིང་འདས་ལམ་གྱི་ཐོབ་པ་རྫས་གྲུབ་ཀྱང་མེད་པར་སོ་སྐྱེ་དང་མཚུངས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ན་བྱེ་བྲག་སྨྲ་བའི་ལུགས་ལ་བློ་དང་ལམ་ལ་མངོན་གྱུར་བ་ལས་ལྐོག་གྱུར་བ་མི་འདོད་པ་འདྲའོ། །མཆིམས་མཛོད་༡༥༣ལས། ཐོབ་པ་དང་མ་ཐོབ་པ་ནི་སོ་སོ་རང་རང་གི་རྒྱུད་དུ་གཏོགས་པའི་ཆོས་རྣམས་ཀྱི་དེ་དག་འབྱུང་གི་གཞན་གྱི་རྒྱུད་དུ་གཏོགས་པ་དང་སེམས་ཅན་གྱི་རྒྱུད་དུ་མ་གཏོགས་པས་ནི་མ་ཡིན་ཏེ། ཞེས་དང༌། འགོག་པ་གཉིས་ཀྱི་ཐོབ་པ་ནི་གང་ཟག་གི་རྒྱུད་ལ་འབྱུང་ངོ༌། །ཞེས་དམིགས་ཀྱིས་བསལ་བ་སྟོན་ཏེ། ཞེས་གསུངས་པ་ལ། འོ་ན་རྒྱུད་དུ་མ་གཏོགས་པའི་ཟས་གོས་ཐོབ་པ་ཡོད་མེད་དཔྱད་དོ། །མཆིམས་མཛོད་༡༥༣ལས། གང་ལ་ཐོབ་པ་མེད་པ་དེ་ལ་ནི་མ་ཐོབ་པ་ཡང་མེད་ལ། གང་ལ་ཐོབ་པ་ཡོད་པ་དེ་ལ་མ་ཐོབ་པ་ཡང་ཡོད་དོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་ཡིན་ནོ། །ཞེས་གསུངས་པ་ལྟར་ཐོབ་པ་ཡོད་ན་མ་ཐོབ་པ་ཡོད་པས་ཁྱབ་པ་ཡོད་ན། རྩ་བར། བཏང་སྙོམས་དང་ནི་སྲོག་དང་ནི། །ཡིད་དང་ལྡན་ལ་ངེས་གསུམ་ལྡན། །ཞེས་གསུངས་པ་ལྟར་གྱི་ངེས་ལྡན་གྱི་དབང་པོ་གསུམ་མ་ཐོབ་པའི་གང་ཟག་ཡོད་མེད་དང༌། གང་ཟག་ཡིན་ན་སོ་སོར་བརྟག་མིན་འགོག་པ་ཐོབ་པས་ཁྱབ་པ་ཡོད་ན་རྩ་བར། དེ་ཐོབ་དང༌། །ཞེས་པ་ལྟར་མ་ཐོབ་པ་དེ་ཐོབ་པས་བཏང་བས་དེ་མ་ཐོབ་པ་ཡོད་མེད་དང༌། ཟག་བཅས་ཀྱི་ཐོབ་པ་ཡོད་ན་དེའི་མ་ཐོབ་པ་སུ་ལ་ཡོད་པ་སོགས་ལ་དཔྱད། དུས་གསུམ་གྱི་ཐོབ་པ་མུ་དགུ་ནི། རང་འགྲེལ་ལས། ཆོས་འདས་པ་རྣམས་ཀྱི་ཐོབ་པ་འདས་པ་ཡང་ཡོད་མ་འོངས་པ་དང་ད་ལྟར་བྱུང་བ་ཡོད་ལ། དེ་བཞིན་དུ་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་ཡང་སོ་སོར་རྣམ་པ་གསུམ་གསུམ་མོ། །ཞེས་དང༌། མཆིམས་མཛོད་༡༥༣ལས། གང་ལ་ཐོབ་པ་མེད་པ་དེ་ལ་ནི་མ་ཐོབ་པ་ཡང་མེད་ལ། གང་ལ་ཐོབ་པ་ཡོད་པ་དེ་ལ་མ་ཐོབ་པ་ཡང་ཡོད་དོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་ཡིན་ནོ། །ཐོབ་པ་དེ་ཡང་ཐོབ་པར་བྱ་བའི་ཆོས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་སྟེ་དུས་གསུམ་པའི་ཐོབ་པའང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་གསུམ་དུ་འགྱུར་ཏེ་༼ཐོབ་བྱའི་ཆོས་སྟོབས་ཅན་ཁ་ཅིག་ལ་ཐོབ་པ་དུས་གསུམ་པ་སྲིད་པས་དེ་ཉིད་དཔེར་བརྗོད་ན་ཐོབ་བྱའི་ཆོས་འདས་པའི་ཐོབ་པ་འདས་པ་ནི་ཆོས་དེ་རང་དང་དུས་མཉམ་པ་དང་དེའི་སྔར་དེའི་ཐོབ་པ་བྱུང་བ་ཐམས་ཅད་ཡིན་ནོ། །དེའི་ཐོབ་པ་ད་ལྟར་བ་ནི་དེ་འགགས་མ་ཐག་ཏུ་དེའི་ཐོབ་པ་བྱུང་བའོ། །དེའི་ཐོབ་པ་མ་འོངས་པ་ནི་དེ་འགགས་པའི་སྐད་ཅིག་གཉིས་པ་ཕན་ཆད་དུ་དེའི་ཐོབ་པ་བྱུང་བ་རྣམས་སོ། །ཐོབ་བྱའི་ཆོས་ད་ལྟར་བའི་ཐོབ་པ་འདས་པ་ནི་རང་དུས་ལས་སྔར་དེའི་ཐོབ་པ་བྱུང་བ་རྣམས་སོ། །དེའི་ཐོབ་པ་ད་ལྟར་བ་ནི་རང་དང་དུས་མཉམ་དུ་དེའི་ཐོབ་པ་བྱུང་བའོ། །དེའི་ཐོབ་པ་མ་འོངས་པ་ནི་དེ་འགགས་པའི་རྗེས་སུ་དེའི་ཐོབ་པ་བྱུང་བ་རྣམས་སོ། །ཐོབ་བྱའི་ཆོས་མ་འོངས་པ་སྐྱེ་བའི་ཆོས་ཅན་གྱྀ་ཐོབ་པ་མ་འོངས་པ་ནི་དེ་རང་དང་དུས་མཉམ་པའི་དེས་ཐོབ་པའོ། །དེའི་ཐོབ་པ་ད་ལྟར་བ་ནི་དེ་ད་ལྟར་བར་འཕོས་པའི་སྐད་ཅིག་མ་དེའི་ཐོབ་པའོ། །དེའི་ཐོབ་པ་འདས་པ་ནི་དེ་ད་ལྟར་འཕོས་པའི་སྐད་ཅིག་གཉིས་པ་ཕན་ཆད་དེའི་ཐོབ་པ་འབྱུང་བ་རྣམས་སོ། །ཤེས་པ་ཇི་ལྟར་སྐྱེས་པ་རྣམས་མ་འོངས་པ་ཐོབ་ཅེས་སོགས་ལ། ཐོབ་པ་དུས་གསུམ་པ་ཡང་ཡོད་ལ། དེ་ཡང་ཆོས་མ་འོངས་པ་ལས་ཀྱང་དེའི་ཐོབ་པ་ད་ལྟར་དང་འདས་པར་འཕོ་བ་ཡོད་པར་འདོད་པས་སོ། །༽ཆོས་འདས་པའི་ཐོབ་པའང་འདས་པ་དང༌། ཆོས་འདས་ཀྱང་ཐོབ་པ་ད་ལྟར་བ་དང༌།མ་འོངས་པ་ཡོད་པའང་སྲིད་ལ། དེ་བཞིན་དུ་ཆོས་ད་ལྟར་བའི་ཐོབ་པ་འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པ་དང༌། ཆོས་མ་འོངས་བའི་ཐོབ་པ་འདས་པ་དང་ད་ལྟར་བ་དང་མ་འོངས་པར་འབྱུང་བའང་སྲིད་དོ་ཞེས་བྱ་བ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་བཞག་པ་མི་རིགས་པར་ཐལ། འདས་པ་ནི་སྐྱེས་ཟིན་འགག་པ་བྱ་བ་བྱས་ཟིན་དང༌། མ་འོངས་པ་ནི་མ་སྐྱེས་པ་བྱ་བ་བྱེད་འགྱུར་དང༌། ད་ལྟ་བ་ནི་སྐྱེས་ལ་བྱ་བ་བྱེད་བཞིན་པ་ལ་བཞག་དགོས་པའི་ཕྱིར་ཏེ། གང་སྤེལ་ལས། གསུམ་གསུམ་མོ། །ཇི་ལྟར་ཞེ་ན། འདས་པ་རྣམས་ཀྱི་བེའུ་ལྟར་འབྲང་བ་གང་ཡིན་པ་དེ་སྐྱེས་ལ་འགག་པ་ནི་འདས་པའོ། །སྐྱེས་ལ་མ་འགག་པ་ནི་ད་ལྟ་བའོ། །ད་ལྟ་བྱུང་བ་རྣམས་ཀྱི་སྔར་སྐྱེས་པ་ནི་འདས་པའོ། །ཞེས་པ་ནས། ད་ལྟ་བྱུང་བ་ནི་གང་ལྷན་ཅིག་སྐྱེ་བ་ཡིན་ནོ། །ཞེས་དང༌། དེ་ལས། མ་འོངས་པ་རྣམས་ཀྱི་ཁྱུ་མཆོག་འདྲ་བ་གང་ཡིན་པ་དེ་སྐྱེས་ལ་འགག་པ་ནི་འདས་པའོ། །ཞེས་དང༌། མཆིམས་མཛོད་༥༡༤ལས། གནས་སྐབས་གཞན་དུ་འགྱུར་བར་སྨྲ་བ་ནི་བཙུན་པ་དབྱིག་བཤེས་ཡིན་ཏེ། དེ་ནི་གནས་སྐབས་ཐ་དད་པ་ལ་ལྟོས་ནས་ཐ་སྙད་བྱེད་དེ་དངོས་པོ་གཅིག་ཉིད་དུས་རྣམས་སུ་འཇུག་པ་ན་ཆོས་དེ་བྱ་བ་མི་བྱེད་པ་དང་བྱ་བ་བྱེད་པ་དང༌། བྱ་བ་བྱས་ནས་འགགས་པའི་གནས་སྐབས་གསུམ་ལ་རིམ་པ་ལྟར་མ་འོངས་པ་དང་ད་ལྟར་དང་འདས་པ་ཞེས་བརྗོད་པས།དངོས་པོ་གཅིག་ཉིད་དུས་གསུམ་སོ་སོར་ཕྱིན་པ་ན་དུས་དེ་དང་དེའི་མིང་འཐོབ་པས་ན་འདས་པ་ལ་སོགས་པའི་གནས་སྐབས་སུ་མིང་ཙམ་ཞིག་གཞན་དུ་འགྱུར་གྱི་རང་མཚན་གྱི་རྫས་གཞན་དུ་འགྱུར་བ་ནི་མ་ཡིན་ཏེ། དཔེར་ན་རི་ལུ་གཅིག་ཉིད་གཅིག་གི་ཤོ་མིག་ཏུ་བཞག་པ་ན་གཅིག་དང་བརྒྱ་དང་སྟོང་གི་ཤོ་མིག་ཏུ་བཞག་ན་བརྒྱ་དང་སྟོང་ཞེས་བརྗོད་པ་བཞིན་ནོ་ཞེས་ཟེར་རོ། །ཞེས་དང༌། གསུམ༷་པ༷་གནས་སྐབས་གཞན་དུ་འགྱུར་བར་སྨྲ་བ་ཉིད་བཟང༷་སྟེ༷། བྱ༷་བ༷་མ་སྐྱེས་ནས་མི་བྱེད་པ་དང་བྱེད་པ་དང༌། བྱས་ནས་འགགས་པ་གསུམ་པོ་ཡི༷ས་དུས༷་གསུམ་པོ་རྣམ༷ས་རྣམ༷་པར་བཞག༷་པ་བྱེད་པའི་ཕྱིར་རོ་ཞེས་གསུངས་མོད་ཀྱི་བཞི་ཀ་ལ་མིང་ཐ་དད་པ་མ་གཏོགས་པ་ཁྱད་པར་ཅི་ཡང་ཡོད་པར་མ་མཐོང་ངོ༌། །ཞེས་པ་ནས། བྱེ་བྲག་ཏུ་སྨྲ་བ་ན་རེ། བྱ་བ་འགག་པ་ནི་འདས་པའོ། །བྱ་བ་མ་སྐྱེས་པ་ནི་མ་འོངས་པའོ། །བྱ་བ་སྐྱེས་ལ་མ་འགག་པ་ནི་ད་ལྟ་བ་ཡིན་པས་དུས་གསུམ་བྱ་བས་བཞག་གོ་ཞེས་བཤད་ཟིན། ཞེས་དང༌། རང་འགྲེལ་༤༧༠ལས། གསུམ་པ་བཟང་སྟེ་གནས་སྐབས་གཞན་དུ་འགྱུར་བ་གང་ཡིན་པའོ། །དེ་ཡིས་ནི། བྱ་བ་ཡིས། དུས་རྣམས་རྣམ་བཞག་གང་གི་ཚེ་ཆོས་དེ་བྱ་བ་མི་བྱེད་པ་དེའི་ཚེ་མ་འོངས་པ་ཡིན་ལ། གང་གི་ཚེ་བྱེད་པ་དེའི་ཚེ་ནི་ད་ལྟར་བྱུང་བ་ཡིན་ལ། གང་གི་ཚེ་བྱས་ནས་འགགས་པ་དེའི་ཚེ་ནི་འདས་པ་ཡྀན་ནོ་ཞེས་གྲགས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་དེ་ལ་ལྟོས་ཏེ་དུས་གསུམ་འཇོག་པ་དང་ཆོས་དེ་འདས་པ་སོགས་མི་འདྲ་བའོ། །ཉོན་མོངས་ཀྱི་ཐོབ་པ་ཕྱི་སྐྱེས་ཉོན་མོངས་ཀྱི་རྗེས་སུ་འཇོག་དགོས་ན་དེ་རྒྱུད་ལྡན་ལ་དགྲ་བཅོམ་པ་བཞག་དགོས་པར་འདོད་ན། དེ་མི་རིགས་ཏེ། དགྲ་བཅོམ་པའི་ཉོན་མོངས་པའི་ཐོབ་པ་ཆད་པའི་ཚུལ་གྱིས་སྤངས་པའི་ཕྱིར་ཟེར་ན་དཔྱད། དགེ་རྩ་ཆད་པའི་རྒྱུད་ལ་དགེ་སེམས་ཀྱི་ཐོབ་པ་སྔར་སྐྱེས་ཡོད་མེད་དཔྱད། དགེ་བའི་ཐོབ་པ་དགེ་བ་ཡིན་པར་ཐལ། རྩ་བར། དགེ་ལ་སོགས་ཀྱི་དགེ་ལ་སོགས། །དེར་རྟོགས་རྣམས་ཀྱི་རང་ཁམས་པ། །མ་གཏོགས་རྣམས་ཀྱི་རྣམ་པ་བཞི། །སློབ་དང་མི་སློབ་མིན་གྱི་གསུམ། །ཞེས་དང༌། མཆིམས་མཛོད་༡༥༤ལས། ཆོས་དགེ་བ་དང་སོགས་པས་བཟུང་བ་མི་དགེ་བ་དང་ལུང་མ་བསྟན་རྣམས་ཀྱི་ཐོབ་པའང་རིམ་པ་ལྟར་སོ་སོར་དགེ་བ་ལ་སོགས་པ་གསུམ་ཡིན་ནོ། །ཞེས་དང༌། རང་འགྲེལ་༡༣༥ལས། སློབ་པའི་ཆོས་རྣམས་ཀྱི་ཐོབ་པ་ནི་སློབ་པ་ཁོ་ན་ཡིན་ནོ། །མི་སློབ་པ་རྣམས་ཀྱི་ནི་མི་སློབ་པ་ཁོ་ན་ཡིན་ནོ། །ཞེས་སོགས་དང༌། མཆིམས་མཛོད་༡༥༦ལས། ལམ་བདེན་གྱི་ཐོབ་པ་ནི་སྤང་བྱ་མ་ཡིན་པར་ངེས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཟག་མེད་ཀྱི་ཐོབ་པ་ཟག་མེད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། སྤང་བྱ་མིན་པའི་རྣམ་གཉིས་འདོད། །ཅེས་དང༌། མ་གཏོགས་རྣམས་ཀྱི་རྣམ་པ་བཞི། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། སོ་ཐར་གྱི་སྡོམ་པའི་ཐོབ་པ་སྔར་སྐྱེས་ཡོད་པར་ཐལ། རྩ་བར། དུས་གསུམ་པ་ཡི་རྣམ་པ་གསུམ། །ཞེས་གསུངས་པའི་ཕྱིར།དེ་མེད་པར་ཐལ། རྩ་བར། འདོད་པ་ན། གཟུགས་ཀྱི་སྔར་ནི་སྐྱེ་བ་མེད། །ཅེས་གསུངས་པའི་ཕྱིར། བུམ་པའི་འདས་པ་དང་འགག་པ་གཉིས་དུས་མཉམ་དུ་གྲུབ་པ་ཡིན་པར་ཐལ། གནས་བཞི་བ་ལས། སོ་སོར་ཐར་གནས་ཇི་སྲིད་དུ། །མ་བཏང་བར་དག་ད་ལྟར་གྱི། །རྣམ་རིག་མིན་ལྡན་སྐད་ཅིག་མ། །དང་པོ་ཕྱིན་ཆད་འདས་པ་དང༌། །སྡོམ་མིན་གནས་པའང་དེ་དང་འདྲ། །བསམ་གཏན་སྡོམ་དང་ལྡན་པ་ནི། །རྟག་ཏུ་འདས་དང་མ་འོངས་ལྡན། །ཞེས་དང༌། མཆིམས་མཛོད་༣༥༨ལས། སོ༷་སོར༷་ཐར༷་པ་ལ་གནས༷་པའི་གང་ཟག་ནི་ཇི༷་སྲིད༷་དུ༷་འོག་ནས་འཆད་པའི་གཏོང་རྒྱུ་དག་གིས་མ༷་བཏང༷་གི་བར༷་དེ་སྲིད་དག༷་ཏུ། ད༷་ལྟར༷་གྱི༷་རྣམ༷་པར་རིག༷་བྱེད་མིན༷་པ་དང་ལྡན༷་ལ། སྡོམ་པ་ཐོབ་པའི་སྐད༷་ཅིག༷་མ༷་དང༷་པོ༷་ཕྱིན༷་ཆད༷་༼ནི་དེར་མ་ཟད་༽འདས༷་པ༷་དང༷་ཡང་ལྡན་ཏེ། ༼དེ་ལྟར་མིན་ན་སྡོམ་པ་སྔ་མ་རྣམས་བཏང་བར་ཐལ་ཏེ་ཐོབ་ནས་མི་ལྡན་པའི་ཕྱིར་རོ། །འདི་སེམས་ཀྱི་རྗེས་འབྲང་མ་ཡིན་པས་གཏོང་རྒྱུས་མཚམས་བཅད་པ་དང་མ་འོངས་པའི་ཐོབ་པ་མ་བྱུང་བའི་ཕྱིར་སྐད་ཅིག་མ་དང་པོ་ད་ལྟར་བ་ཁོ་ན་དང་ལྡན་པར་བཤད་དོ། །༽ ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཐོབ་པ་སྔར་སྐྱེས་འཇོག་མི་རིགས་པར་ཐལ། རྩ་བར། ཁམས་གསུམ་པ་ཡི་ཉོན་མོངས་ཅན། །དྲུག་དང་དྲུག་དང་གཉིས་རྙེད་དོ། །ཞེས་གསུངས་པས་དེ་དག་གསར་རྙཻད་བསྟན་པའི་ཕྱིར། སྡུག་བསྔལ་ཆོས་བཟོད་ལ་ཟག་མེད་འདས་པ་མི་འཇོག་པར་ཐལ། རྩ་བར། འཕགས་ནི་དང་པོ་འདས་ལྡན་མིན། །ཞེས་གསུངས་པའི་ཕྱིར། སྡུག་བསྔལ་ཆོས་བཟོད་ད་ལྟ་བའི་ཐོབ་པ་ཕྱིས་སྐྱེས་ནི་སྡུག་བསྔལ་ཆོས་བཟོད་འདས་པའི་ཐོབ་པ་ཡིན་ཏེ། རྩ་བར། འཕགས་ནི་དང་པོ་འདས་ལྡན་མིན། །ཞེས་སྡུག་བསྔལ་ཆོས་ཤེས་ལ་ལྡན་པའི་ཟག་མེད་འདས་པ་དེ་བཞག་ན་དེ་ལས་གཞན་ཞིག་བཞག་ཏུ་མེད་པའི་ཕྱིར་ཟེར་ན་དཔྱད། གཟུགས་མེད་པ་ལ་བསམ་གཏན་གྱི་སྡོམ་པ་སྔར་སྐྱེས་ཕྱི་སྐྱེས་ལྡན་ཀྱང་ད་ལྟ་བ་ལྡན་མི་དགོས་ཏེ། གནས་བཞི་བར། དགེ་བ་གསུམ་ནི་ཐམས་ཅད་ན། །རྙེད་དང་མངོན་དུ་གྱུར་སྒོ་ནས། །ཞེས་དང༌། མཆིམས་མཛོད་༤༢༥ལས། བརྣབ་སེམས་མེད་པ། ཞེས་པ་ནས། དགེ༷་བ༷་གསུམ༷་ནི༷་ཁམས་དང་ས་དང་འགྲོ་བ་ཐམ༷ས་ཅད༷་ན༷་རྙེད༷་པ་དང༷་མངོན༷་དུ༷་གྱུར༷་པ་གཉིས་ཀའི་སྒོ༷་ནས༷་ཡོད་དོ། །གཟུགས་མེད་པར་སྐྱེས་པའི་འཕགས་པ་རྣམས་དང༌། འདུ་ཤེས་མེད་པའི་སེམས་ཅན་རྣམས་ལ་ནི་རྙེད་པའི་སྒོ་ནས་སྲོག་གཅོད་སྤོང་བ་ལ་སོགས་པ་ལུས་ངག་གི་དགེ་བ་བདུན་ཡོད་དེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མ་ཐོབ་པ་ལ་མ་སྒྲིབ་ལུང་མ་བསྟན་གྱིས་ཁྱབ་པར་ཐལ།རྩ་བར། མ་ཐོབ་མ་བསྒྲིབས་ལུང་མ་བསྟན། །ཞེས་དང༌། རང་འགྲེལ་ལས། མ་ཐོབ་པ་ཐམས་ཅད་ནི་མ་སྒྲིབ་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ། །ཞེས་དང༌། མཆིམས་མཛོད་ལས། ཐོབ་པ་བཞིན་དུ་མ་ཐོབ་པ་ལ་དགེ་མི་དགེ་སོགས་ཡོད་དམ་ཞེ་ན། མེད་དེ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་ལས། ཟག་མེད་ཀྱི་མ་ཐོབ་པ་ཟག་བཅས་ཡིན་པ་ལྟར་ཟག་བཅས་ཀྱི་མ་ཐོབ་པ་ཅིའི་ཕྱིར་ཟག་མེད་དུ་མི་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །ཞེས་དང༌། མཆིམས་མཛོད་ལས། གཞན་ཡང་ལམ་གྱི་མ་ཐོབ་པ་སོ་སོའི་སྐྱེ་བོ་ཡིན་ན་དེ་མ་ཐོབ་པ་ལམ་དུ་ཅིའི་ཕྱིར་མི་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། གྲུབ་མཐའ་གོང་མས་གཞལ་ཚེ་དེ་ལྟར་ཡིན་པས་དོན་ཡིན་པར་སྣང་ངོ༌། །སྤྲུལ་སེམས་དང་མངོན་ཤེས་ཡིན་ན་ཐོབ་པ་སྔར་སྐྱེས་ཡོད་པས་ཁྱབ་པར་ཐལ། རྩ་བར། མངོན་ཤེས་སྤྲུལ་བ་མ་གཏོགས་པ། །ཞེས་དང༌། མཆིམས་མཛོད་༡༥༦ལས། ལྷའི་མིག་དང་རྣ་བའི་མངོན་ཤེས་ལུང་མ་བསྟན་གཉིས་དང་སྤྲུལ་བའི་སེམས་ལུང་མ་བསྟན་མ་གཏོགས་པ་རྣམས་ནི་དེ་ལྟར་ངེས་ལ། དེ་གསུམ་ནི་མི་འདྲ་སྟེ། དེ་དག་གི་ཐོབ་པ་དུས་གསུམ་དུ་སྐྱེ་བ་ཡོད་དེ། སྦྱོར་བ་ཁྱད་པར་གྱིས་སྒྲུབ་པས་སྟོབས་ཆེ་བའི་ཕྱིར་རོ། །དེ་བཞིན་དུ་བཟོ་ཤིན་ཏུ་གོམས་པ་དང༌། སྤྱོད་ལམ་ལ་ཤིན་ཏུ་གོམས་པ་ཁ་ཅིག་གི་ཐོབ་པའང་དུས་གསུམ་པར་སྐྱེ་བ་སྲིད་དོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་༦༧༩ལས། དེ་ཡང༌། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ཞེས་འབྱུང་བས་ལྷའི་མིག་དང་རྣ་བའི་མངོན་ཤེས་གཉིས་ཀྱིས་ནི་རྣམ་གྲོལ་གྱི་ལམ་ཡང་ལུང་མ་བསྟན་ཡིན་ལ་ལུང་མ་བསྟན་ལ་ནི་མ་འོངས་པ་འཐོབ་པ་མེད་དོ། །ཞེས་དང༌། དེ་༦༧༩ལས། མངོན་ཤེས་སྤྲུལ་བ་མ་གཏོགས་སོ་ཞེས་བྱ་བ་ནི། བསམ་གཏན་དགེ་བའི་སྟོབས་ཀྱིས་དེ་དག་མ་འོངས་པ་ཐོབ་པར་བཤད་པ་ཡིན་ལ། འདིར་དེ་དག་གི་མ་འོངས་པ་མི་འཐོབ་པར་འདོད་དོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། རྩ་བའི་ཚིག་ཟིན་ལ་དམིགས་བསལ་གཉིས་ལས་གཞན་མ་གསུངས་པའི་རྒྱུ་མཚན་དང༌། སྦྱོར་བ་ཁྱད་པར་ཅན་གྱིས་སྒྲུབ་པའི་འཕགས་ལམ་དང༌། སོ་ཐར་གྱི་སྡོམ་པ་དང༌། ཚོགས་ལམ་དང༌། དགྲ་བཅོམ་པའི་ལམ་སོགས་ཆོས་ཅན། ཐོབ་པ་སྔར་སྐྱེས་ཡོད་པར་ཐལ། སྦྱོར་བ་ཁྱད་པར་ཅན་གྱི་སྒྲུབ་པའི་སྟོབས་ཆེ་བའི་ཕྱིར་ཟེར་ན་རྟགས་གྲུབ་མ་གྲུབ་དང་ཁྱབ་པ་ཡོད་མེད་དཔྱད། སོ་ཐར་གྱི་སྡོམ་པ་སྐད་ཅིག་གཉིས་པ་ཕན་ཆད་ཀྱི་སོ་ཐར་གྱི་སྡོམ་པ་ལ་ཐོབ་པ་སྔར་སྐྱེས་ཡོད་པར་ཐལ། དགེ་སློང་གི་སྡོམ་པ་མཁན་སློབ་ཀྱི་མདུན་ནས་ཐོབ་མ་ཐག་པ་ལ་ཇི་སྲིད་འཚོའི་བར་གྱི་སྡོམ་པ་མ་ལུས་པ་ཐོབ་པའི་ཕྱིར་ཟེར་ན། དེ་མི་རིགས་པར་ཐལ། རྩ་བར། འདོད་པ་ན། གཟུགས་ཀྱི་སྔར་ནི་སྐྱེ་བ་མེད། །ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད། སོ་ཐར་གྱི་སྡོམ་པ་ལ་དུས་གསུམ་ཡོད་ན་དེའི་མ་འོངས་པ་རྒྱུད་ལྡན་དང༌། དགེ་སློང་མ་འོངས་པའི་རྒྱུད་ལ་སོ་ཐར་གྱི་སྡོམ་པ་མ་འོངས་པ་ཡོད་ན་དེའི་ཐོབ་པ་དེ་མ་འོངས་པའི་ཐོབ་པ་ཡིན་མིན་བརྟག སོ་སྐྱེས་ནི།འཕགས་ལམ་ཐོབ་པ་དང་ས་འཕོས་པས་ཉམས་པར་འགྱུར་ཏེ། རྩ་བར། དེ་ཐོབ་དང༌།ས་འཕོས་ཉམས་པ་དག་གིས་གཏོང༌། །ཞེས་དང༌། མཆིམས་མཛོད་༡༦༢ལས། སོ་སོའི་སྐྱེ་བོ་དེ་ཇི་ལྟར་གཏོང་བར་འགྱུར་ཞེ་ན། འཕགས་པའི་ལམ་དེ༷་ཐོབ༷་པ་དང༷༌། འདོད་པ་ནས་བསམ་གཏན་དང་པོར་སྐྱེ་བ་ལ་སོགས་པ་གོང་མར་འཕོ་བ་དང༌། སྲིད་རྩེ་ནས་ཅི་ཡང་མེད་པར་སྐྱེ་བ་ལ་སོགས་པ་འོག་མར་སྐྱེ་བའི་ས༷་འཕོས༷་ནས༷་ནི༷་སོ་སོའི་སྐྱེ་བོ་རྣམ༷་པར་ཉམ༷ས་པར་འགྱུར༷་རོ། །ཞེས་སྦྱོར་ཏེ། དེ་ཡང་འཕགས་པའི་ལམ་ཐོབ་པས་ནི་ཁམས་གསུམ་ཆར་གྱི་སས་བསྡུས་པའི་སོ་སོའི་སྐྱེ་བོ་གཏོང་པར་འགྱུར་ལ། ས་འཕོས་པས་ནི་གང་ནས་འཕོས་པ་དེའི་སོ་སོའི་སྐྱེ་བོ་གཏོང་བར་འགྱུར་རོ་ཞེས་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཁམས་གསུམ་གྱི་སོ་སྐྱེ་གཏོང་མ་ཐག་པ་ཡོད་ན་གང་འཇོག་དགོས་དཔྱད། གཟུགས་མེད་པ་ལ་མི་དགེ་བའི་ཐོབ་པ་དགྲ་བཅོམ་པ་ལ་ཡོད་མེད་དཔྱད་དགོས་ཏེ། འགྲེལ་བཤད་དོན་གསལ་ལས། དགྲ་བཅོམ་པ་དག་ལ་སོ་སོ་སྐྱེ་བོའི་གནས་སྐབས་ན་བྱས་པ་ཡང་སྲིད་པའི་ལས་དགེ་བའམ་མི་དགེ་བ་མ་ངེས་པ་དག་ནི་མེད་པ་མིན་མོད་ཀྱི་ཕྲ་རྒྱས་མེད་པའི་ཕྱིར་དེ་དག་གིས་སྲིད་པ་མངོན་པར་འགྲུབ་པར་མི་ནུས་སོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་གོང་དུ་བཤད་པ་ལྟར་དགེ་བའི་ཐོབ་པ་དགེ་བ་ཡིན་ན་སྐྱེས་ཐོབ་དགེ་བའི་ཐོབ་པ་སྐྱེས་ཐོབ་དགེ་བ་ཡིན་དགོས་ལ། དེ་ལྟར་ན་སྐྱེས་ཐོབ་དགེ་བའི་ཐོབ་པའི་ཐོབ་པ་སྐྱེས་ཐོབ་དགེ་བའི་ཐོབ་པ་ཡིན་པར་ཐལ། སྐྱེས་ཐོབ་དགེ་བ་གང་ཡང་རུང་བའི་ཐོབ་པ་ཡིན་པའི་ཕྱིར། འདོད་ན། སྐྱེས་ཐོབ་དགེ་བ་ལྡན་པར་བྱེད་པའི་རྫས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་དེའི་ཐོབ་པའི་ཐོབ་པས་རྩ་བའི་ཐོབ་པ་གཅིག་པུ་ལྡན་པར་བྱེད་པའི་ཕྱིར་ཏེ། མཆིམས་མཛོད་༡༦༢ལས། ཐོབ་བྱའི་ཆོས་སོ་ཐར་གྱི་སྡོམ་པ་སྐད་ཅིག་དང་པོ་དང༌། དེའི་ཐོབ་པ་དང༌།ཐོབ་པའི་ཐོབ་པ་གསུམ་དུས་གཅིག་ཏུ་སྐྱེ་ལ། ཐོབ་པས་ནི་ཆོས་དང་ཐོབ་པའི་ཐོབ་པ་གང་ཟག་དེའི་རྒྱུད་ལ་ལྡན་པར་བྱེད་ལ། ཐོབ་པའི་ཐོབ་པས་རྩ་བའི་ཐོབ་པ་ཁོ་ན་ལྡན་པར་བྱེད་དོ། །ཞེས་པ་ནས། བརྒྱ་རེ་གཉིས་དུས་གཅིག་ཏུ་སྐྱེ་ལ། ཆོས་དང་བཅས་ན་ཉིས་བརྒྱ་ཞེ་གསུམ་སོགས་སུ་འགྱུར་རོ། །དེ་ལྟར་གོང་ནས་གོང་དུ་བསྒྲེས་ན་དཔག་ཏུ་མེད་དོ། །ཞེས་གསུངས་པའི་ཕྱིར་ཞེས་ཟེར་བ་དང༌། ལུང་དེ་ལྟར་ན་ཐོབ་པ་ཐུག་མེད་ཡིན་པར་ཐལ་ལོ། །འདོད་མི་རིགས་པར་ཐལ། མཆིམས་མཛོད་༡༥༩ལས། གཞན་ཡང་ཐོབ་པ་ལའང་ཐོབ་པ་དང་མ་ཐོབ་པ་ཡོད་ལ། མ་ཐོབ་པ་ལའང་ཐོབ་པ་དང་མ་ཐོབ་པ་ཡོད་དོ་ཞེས་པའང་རིགས་པ་མ་ཡིན་ཏེ། ཐོབ་པ་ལ་ཐོབ་པ་ཡོད་ན་ཐུག་མེད་དུ་འགྱུར་བའི་ཕྱིར་དང༌། ཐོབ་པ་དངོས་པོར་མ་གྲུབ་པས་དེ་མ་ཐོབ་པའང་མི་འཐད་པའི་ཕྱིར་དང༌། མ་ཐོབ་པ་ལ་ཐོབ་པ་འགལ་བའི་ཕྱིར་དང༌། མ་ཐོབ་པ་ལ་མ་ཐོབ་པ་ཡོད་ན་ཐུག་མེད་དུ་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་བ་ལ་གྲུབ་མཐའ་གོང་འོག་གི་ཁྱད་ཡིན་མིན་སོགས་ལ་བརྟག་པར་བྱའོ། །མདོ་ལས། དགེ་སློང་དག་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཡིན་ནོ། །ཞེས་གསུངས་པའི་དགོངས་པ་འགྲེལ་ཚུལ་བྱེ་མདོ་གཉིས་མི་འདྲ་བ་ཡིན་ནོ། །དེ་རིང་ལ་ལྟོས་ཏེ་སང་ཉིན་གྱི་བུམ་པ་མ་འོངས་པ་ཡིན་ན་དེ་སྐྱེ་དགོས་ཡིན་པར་འགྱུར་ལ། འོ་ན་དེ་རང་དུས་སུ་སྐྱེས་ཟིན་པ་མ་ཡིན་པར་ཐལ་ལོ་ཟེར་ན་དཔྱད། སྐལ་མཉམ་སེམས་ཅན་ཁོ་ན་ལས་གཞན་ལ་མེད་པར་ཐལ། མཆིམས་མཛོད་༡༦༣ལས། སྐལ༷་བ་མཉམ༷་པ་གང་ཞེ་ན། ཞེས་པ་ནས། སེམ༷ས་ཅན༷་དང་སེམས་ཅན་གྱིས་བསྡུས་པའི་ཆོས་རྣམས་ཀྱི་འདྲ༷་བ༷འི་སྤྱིའོ༷། །སེམས་ཅན་སྨོས་པས་སེམས་ཅན་གྱིས་མ་བསྡུས་པ་ས་ལུ་ལ་སོགས་པ་ལ་སྐལ་མཉམ་མེད་པར་བསྟན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེ་མི་རིགས་པར་ཐལ།སེམས་ཅན་ལས་གཞན་པའི་ཕུང་སོགས་ལ་སྐལ་མཉམ་ཡོད་པའི་ཕྱིར་ཏེ། མཆིམས་མཛོད་༡༦༣ལས། སྐལ་མཉམ་ཡང་གཉིས་ཏེ། སྤྱིའི་སྐལ་མཉམ་སེམས་ཅན་ཐམས་ཅད་ཀྱི་སྤྱི་དང༌། བྱེ་བྲག་གི་སྐལ་མཉམ་མི་དང་ལྷ་ལ་སོགས་པའི་སྤྱི་ལྟ་བུའོ། །ཡང་ན་སེམས་ཅན་གྱི་སྐལ་མཉམ་སྔར་སྨོས་པ་དེ་ལྟ་བུ་དང༌། ཆོས་ཀྱི་སྐལ་མཉམ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་སྤྱི་ལྟ་བུའོ། །འདི་ལ་ཡེ་ཤེས་ལ་འཇུག་པ་ལ་སོགས་པ་ལས་ནི་རིས་མཐུན་པ་ཞེས་བཤད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་གལ་ཏེ་དེ་ལྟ་བུའི་སྐལ་མཉམ་གྱི་སྤྱི་མེད་ན་སེམས་ཅན་དང་ཆོས་རྣམས་ལ་སྒྲ་དང་བློ་མཐུན་པ་འཇུག་པར་མི་འགྱུར་ཏེ། རྒྱུ་མཚན་མེད་པའི་ཕྱིར་རོ། །ཞེས་དང༌། མཆིམས་མཛོད་༡༩༥ལས། གྲུབ་པའི་མཐའ་ལས་ནི་ས་ལུ་ནི་ས་ལུའི་སྐལ་མཉམ་དང༌། ནས་ནི་ནས་ལ་སོགས་པ་དང༌། མི་ནི་མིའི་སྐལ་མཉམ་དང༌། ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་དཔྱད། རང་འགྲེལ་༡༣༩ལས། འཆི་འཕོ་བར་འགྱུར་ཞིང་སྐྱེ་བར་འགྱུར་ཡང་འགྱུར་ལ། སེམས་ཅན་གྱི་སྐལ་བ་མཉམ་པ་ཉིད་འདོར་བར་ཡང་མི་འགྱུར་ཐོབ་པར་ཡང་མི་འགྱུར་བ་ཡོད་དམ་ཞེ་ན་མུ་བཞི་སྟེ། མུ་དང་པོ་ནི། གང་ནས་འཆི་འཕོ་བ་དེ་ཉིད་དུ་སྐྱེ་བ་ནའོ། །གཉིས་པ་ནི་ངེས་པ་ལ་འཇུག་པ་ན་སྟེ། དེ་ནི་སེམས་ཅན་གྱི་སྐལ་བ་མཉམ་པ་ཉིད་འདོར་ཞིང༌། འཕགས་པའི་སྐལ་བ་མཉམ་པ་ཉིད་འཐོབ་བོ། །གསུམ་པ་ནི་འགྲོ་བ་འཕོ་བ་ལས་སོ། །བཞི་བ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །ཞེས་དང༌། མཆིམས་མཆན་༡༦༤ལས། འཆི་འཕོ་ཞིང་སྐྱེ་ལ་སྐལ་མཉམ་མི་འདོར་བ་ཡོད་དམ་ཞེ་ན་མུ་བཞི་སྟེ། ཞེས་པ་ནས། འདི་ནི་བྱེ་བྲག་གི་འདྲ་བ་ལ་རྩི་ཡི་གཞན་དུ་ནི་མུ་གསུམ་པ་མི་འགྲུབ་བོ། །ཞེས་གསུངས་པ་ལ། མུ་དེ་དག་འཐད་མི་འཐད་ཅུང་ཟད་དཔྱད་པའི་གནས་སོ། །འདུ་ཤེས་མེད་པར་སྐྱེ་བའི་ལས་བསགས་ན་ཚེ་དེ་ལ་འདོད་པར་སྐྱེ་བའི་ལས་བསགས་པས་ཁྱབ་པར་ཐལ། འདུ་ཤེས་མེད་པར་འཕེན་བྱེད་ཀྱི་ལས་སྐྱེས་ནས་མྱོང་འགྱུར་ཡིན་པ་དང༌། དེ་ནས་འདོད་པར་སྐྱེ་བའི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཀྱིས་འདོད་པར་སྐྱེ་བ་ཡིན་པའི་ཕྱིར་ཏེ། འདུ་ཤེས་མེད་པ་བཤད་སྐབས་སུ་མཆིམས་མཛོད་༡༦༥ལས།དེ་ལྟ་བུའི་སེམས་ཅན་དེ་ཡང་སྔོན་གྱི་ལས་ཀྱི་འཕེན་པ་ཟད་པ་དང༌། ༼སེམས་མེད་པས༽ལས་གསར་བ་མ་བསགས་པའི་ཕྱིར་ཤི་འཕོས་ནས་འདོད་པ་ཁོ་ན་སྐྱེ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ལ། འདོད་པར་སྐྱེ་བ་ནི། ༼སྒྲ་མི་སྙན་པ་ལ་འདོད་ལྷ་སྐྱེ་བའི་ལས་ཡོད་པ་ལྟར་འདོད་པར༽ལན་གྲངས་གཞན་ལ་མྱོང་བར་འགྱུར་བས་ཡིན་ནོ་ཞེས་བཞེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེའི་རྒྱུ་མཚན་གང་ཡིན་དཔྱད། ཡང་འདུ་ཤེས་མེད་པའི་སྙོམས་འཇུག་ཐོབ་ན་དེ་ད་ལྟ་བ་ཁོ་ན་ཐོབ་པས་ཁྱབ་པར་ཐལ། རྩ་བར། བསམ་གཏན་ཐ་མར་འབྱུང་འདོད་པས། །དགེ་བའོ་སྐྱེས་ནས་མྱོང་འགྱུར་ཉིད། །འཕགས་པས་མ་ཡིན་དུས་གཅིག་ཐོབ། །ཅེས་དང༌། མཆིམས་མཛོད་༡༦༦ལས། དེ་ཡང་སྐྱེས་ནས་མྱོང་བར་འགྱུར་བའི་དགེ་བ་ཉིད་ཡིན་ཏེ། ཞེས་དང༌། དེ་ཡང་འདས་མ་འོངས་ནི་མི་འཐོབ་ཀྱི་དུས་གཅིག་པ་ད་ལྟ་བ་ཁོ་ན་འཐོབ་སྟེ། སེམས་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་༡༦༥ལས། འོན་ཀྱང་མ་བཏང་གི་བར་དུ་ནི་འདས་པ་དང་ཡང་ལྡན་ཏེ། སོ་སོ་ཐར་བའི་སྡོམ་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མཆིམས་མཛོད་༡༦༧ལས། ངོ་བོ་ནི་ཀུན་སློང་གིས་དགེ༷་བ༷འོ༷། །མྱོང་འགྱུར་ནི་སྐྱེས་ནས་མྱོང་འགྱུར་དང་ལན་གྲངས་གཞན་ལ་མྱོང་འགྱུར་ཞེས་བྱ་བ་གཉིས༷་སུ༷་མྱོང༷་བར་འགྱུར༷་བ་དང༷་མྱོང་བར་མ༷་ངེས༷་པ་གསུམ་དུ་འགྱུར་གྱི། མཐོང་ཆོས་མྱོང་འགྱུར་ནི་མ་ཡིན་ཏེ། ཞེས་པ་ནས། ལན་གྲངས་གཞན་ལ་མྱོང་འགྱུར་ནི་འདོད་པར་ཐོབ་པ་ཉམས་པ་དག་གཟུགས་ཁམས་སུ་མངོན་དུ་བྱས་ཏེ་སྲིད་རྩེར་འགྲོ་བའོ། །ཞེས་གསུངས་པ་ལ། སྔར་ཐོབ་པ་བཏང་ན་འགོག་སྙོམས་དང་དེ་ཐོབ་པ་གང་ཡང་མེད་ལ་དེའི་རྗེས་སུ་འབྲས་བུ་རྣམ་སྨིན་འབྱིན་ཚུལ་གང་ཡིན་དཔྱད།ཡང་མཆིམས་མཛོད་༡༦༨ལས། འཕག༷ས་པའི༷་ཡང་སེམས་ཀྱི་སྟོབས་བསྐྱེད་པའི་སྦྱོར༷་བས༷་འཐོབ༷་ཀྱི་འདོད་ཆགས་དང་བྲལ་བ་ཙམ་གྱིས་ནི་མ་ཡིན་ཏེ། དེའི་ཕྱིར་སོ་སོ་ཐར་བའི་སྡོམ་པ་བཞིན་དུ་ད་ལྟར་བ་ཁོ་ན་འཐོབ་ཀྱི་འདས་མ་འོངས་ནི་མི་འཐོབ་པོ། །ཞེས་གསུངས་པ་ལ་གོང་དུ་བཤད་པ་ལྟར་འདུ་ཤེས་མེད་པའི་སྙོམས་འཇུག་ལ་འདས་པ་ཐོབ་པ་ཡོད་ལ་འགོག་སྙོམས་ལ་འདས་པ་ཐོབ་པ་མེད་པའི་རྒྱུ་མཚན་ལ་དཔྱད། དམིགས་བསལ་དུ་རྩ་བར། ཐུབ་པས་བྱང་ཆུབ་ཀྱིས་ཐོབ་བྱ། །ཞེས་དང༌། མཆིམས་མཛོད་༡༦༩ལས། ཐུབ༷་པའི༷་ནི། ཟད་པ་མཁྱེན་པ་ཐོབ་པ་ན་དེ་དང་དུས་མཉམ་དུ་བརྙེས་པས་ན་བྱང༷་ཆུབ༷་ཀྱིས༷་འཐོབ༷་པར་བྱ༷་བ་ཡིན་གྱི་སྦྱོར་བས་ནི་མ་ཡིན་ཏེ། ཡོན་ཏན་ཐམས་ཅད་ལ་རྩོལ་བ་མེད་པའི་ཕྱིར། ཞེས་པ་ནས། ཁ་ཆེ་བ་ན་རེ་ཟད་པ་དང་མི་སྐྱེ་བ་ཤེས་པའི་དང༷་པོར༷་ཏེ་སྔོན་དུ་ནི་འགོག་པ་མངོན་དུ་བྱས་པ་མ༷་ཡིན༷་ཏེ། ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྟན་གཅིག་ཁོ་ན་ལ་བར་ཆད་མེད་པ་དང་རྣམ་གྲོལ་གྱི་ལམ་གྱི་ཡེ་ཤེས་སྐད༷་ཅིག༷་མ༷་སུམ༷་ཅུ༷་རྩ༷་བཞི༷་རྒྱུན་ཆགས་སུ་བསྐྱེད་ནས་བྱང་ཆུབ་འཐོབ༷་པའི་ཕྱིར༷་རོ༷། །ཞེས་ཐུབ་པས་བྱང་ཆུབ་ཀྱིས་ཐོབ་པའི་འགོག་སྙོམས་རྒྱུད་ལ་ཡོད་པའི་གང་ཟག་སུ་འཇོག་དགོས་དཔྱད། བསེ་རུ་རང་རྒྱལ་དགྲ་བཅོམ་པ་ལ་འགོག་སྙོམས་བྱང་ཆུབ་ཀྱིས་ཐོབ་པ་མ་ཡིན་པར་ཐལ། དམིགས་བསལ་ཐུབ་པའི་བྱང་ཆུབ་གཅིག་པུ་བཞག་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་འགོག་སྙོམས་ཐོབ་པ་གང་ཞིགསྦྱོར་བས་ཐོབ་པ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། མཆིམས་མཛོད་༦༣༠ལས། དེ་ལ་སངས་རྒྱས་གཉིས་ནི་མི་གཡོ་བའི་བྱེ་བྲག་ཁོ་ན་ཡིན་ལ་གཉིས་ཀའི་ཆ་ལས་རྣམ་གྲོལ་ཡང་ཡིན་ནོ། །ཞེས་དང༌། སངས་རྒྱས་གཉིས་ཀྱང་འདིར་འདུས་སོ༽གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། སྦྱོར་ལམ་དྲོད་ནས་མཉམ་བཞག་ཐུན་གཅིག་ལ་མི་སློབ་ལམ་ཐོབ་པ་ཡིན་པའི་ཕྱིར་ཏེ། རྩ་བར། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐར་རྟེན་གཅིག་ལ་ཀུན། །ཞེས་གསུངས་པའི་ཕྱིར་ཟེར་ན་བརྟག་པར་བྱའོ། །ཡང་ཚོར་འདུ་རགས་པ་ལ་སྐྱོ་བ་སྐྱེ་བ་ལ་ཚོར་འདུ་རགས་པ་དེ་ཡོད་དགོས་པར་ཐལ། གཟུགས་མེད་ལ་དེ་ལ་སྐྱོ་བ་མེད་པ་ནི་ཚོར་འདུ་རགས་པ་མེད་པ་ཡིན་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར་ཏེ། རྩ་བར། གཉིས་ཀ་འདོད་དང་གཟུགས་རྟེན་ཅན། །ཞེས་དང༌། མཆིམས་མཛོད་༡༧༡ལས། འོ་ན་སྙོམས་འཇུག་ལུས་གང་ལ་བརྟེན་པ་ཡིན་ཞེ་ན། སྙོམས་འཇུག་གཉིས༷་ཀ༷་འདོད༷་པ་དང༷་གཟུགས༷་ཀྱི་ཁམས་པའི་རྟེན༷་ཅན༷་ཡིན་གྱི་གཟུགས་མེད་པའི་ནི་མ་ཡིན་ཏེ། དགག་གཞི་མེད་པའི་ཕྱིར་དང༌། འདུ་ཤེས་མེད་པའི་སྙོམས་འཇུག་བསམ་གཏན་བཞི་པས་བསྡུས་པའི་ཕྱིར་དང༌། འགོག་པ་ནི་འདུ་ཤེས་དང་ཚོར་བ་རགས་པ་སྐྱོ་བས་ཡིན་ན་གཟུགས་མེད་པ་ནི་ཞི་བར་གནས་པས་དེ་དག་གིས་སྐྱོ་བ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་མེད་འཕགས་པའི་རྒྱུད་ལ་ཚོར་འདུ་རགས་པ་སོགས་འཁོར་བ་མཐའ་དག་ལ་ཞེན་པ་ལོག་པའི་ངེས་འབྱུང་གི་བསམ་པ་གཞི་གྲུབ་པའི་ཕྱིར་ཟེར་ན་དཔྱད། རྩ་བར། འགོག་པ་དང་པོ་མིའི་ནང་དུའོ། །ཞེས་དང༌། མཆིམས་མཛོད་༡༧༡ལས། ཁྱད་པར་ནི་འདི་ཡོད་དེ་འགོག༷་པའི་སྙོམས་འཇུག་ནི་སྔར་མ་ཐོབ་པ་དག་གིས་དང༷་པོར༷་མངོན་དུ་བྱེད་པ་ནི་མིའི༷་ནང༷་དུ༷་ཡིན་ཏེ། སྔར་མ་འདྲེས་པས་བསྐྱེད་དཀའ་ལ་མི་བློ་གསལ་བའི་ཕྱིར་རོ། །དེ་ཐོབ་ནས་ཉམས་པ་དག་གིས་ནི་ཕྱིས་གཟུགས་ཀྱི་ཁམས་སུའང་མངོན་དུ་བྱེད་དོ། །ཞེས་གསུངས་པ་ལ་སྔར་མ་འདྲེས་པས་བསྐྱེད་དཀའ་བ་ཡིན་ན་མིའི་ནང་དུ་ཐོག་མར་ཐོབ་པས་ཁྱབ་ན། དགྲ་བཅོམ་པའི་ལམ་དང་མཐོང་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་དགྲ་བཅོམ་ཐོབ་མ་ཐག་ཡོད་པ་དང༌། མཐོང་ལམ་སྐྱེ་བའི་ལུས་རྟེན་ལ་འདོད་ལྷ་ཡོད་པར་མཆིམས་མཛོད་༥༨༩ལས། ལུས་ཀྱི་རྟེན་ནི་གླིང་གསུམ་གྱི་སྐྱེས་པ་དང༌། བུད་མེད་དང་འདོད་ཁམས་པའི་ལྷ་རིས་དྲུག་ལ་སྐྱེའི་གཞན་ལ་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ཟེར་ན་བརྟག་གོ ། འདོད་ལྷ་རིགས་དྲུག་འགོག་སྙོམས་ཐོབ་པའི་རྟེན་མ་ཡིན་པར་ཐལ། མཆིམས་མཛོད་མཆན་༡༧༤ལས། དེས་ན་སྙོམས་འཇུག་འདི་གཉིས་ཀྱི་རྟེན་ལ་མུ་བཞི་སྟེ། དང་པོ་འདུ་ཤེས་མེད་སྙོམས་ཀྱི་རྟེན་ཡིན་ལ་འགོག་སྙོམས་ཀྱི་རྟེན་མ་ཡིན་པ་ནི་ཚངས་ཆེན་དང་འདོད་ལྷ་རིགས་དྲུག་གོ །འགོག་པའི་ཡིན་ལ་ཅིག་ཤོས་ཀྱི་མིན་པ་ནི་གནས་གཙང་ལྔའོ། །གཉིས་ཀའི་ཡིན་པ་ནི་གཟུགས་ཀྱི་ལྷ་རིས་གནས་གཙང་མ་མ་གཏོགས་པ་བཅུ་གཅིག་དང་གླིང་གསུམ་གྱི་མི་ཕོ་མོའོ། །གཉིས་མིན་ངན་སོང་གསུམ་དང་སྒྲ་མི་སྙན་དང་གཟུགས་མེད་བཞིའོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་པར་ཐལ། མཆིམས་མཛོད་༦༣༢ལས། རྟེན་ནི་སྐལ་ལྡན་ཁྱད་པར་ཅན་ནི་འདོད་པ་ནས་སྲིད་རྩེའི་བར་དུ་འདོད་ལ། རྒྱལ་པོའི་སྲས་ནི་གླིང་གསུམ་གྱི་མི་དང་ལྷ་རིས་དྲུག་སྟེ་དགུ་དང༌། གཟུགས་ན་གནས་བཅུ་དྲུག་དང༌། སྲིད་རྩེ་དང་ཉི་ཤུ་རྩ་དྲུག་ཏུ་འདོད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན།འགོག་སྙོམས་ཀྱི་རྟེན་ལ་འདོད་ལྷ་རིགས་དྲུག་ཡོད་ན་དེ་གསར་ཐོབ་ཀྱི་རྟེན་ནི་རྩ་བར། འགོག་པ་དང་པོ་མིའི་ནང་དུའོ། །ཞེས་པ་ལྟར་མིར་ངེས་ལ། སྔར་ཐོབ་ནས་ཉམས་པ་དང་སྐྱེས་ཟིན་གནས་པ་གང་ཡང་མེད་པར་སེམས་ཏེ། དེ་ཡོད་ན་རྩ་བར། འབྲས་ལས་ཉམས་པ་འཆི་བ་མེད། །ཅེས་དང༌། བསམ་གཟུགས་ཀྱི་དངོས་གཞི་ལྡན་བཞིན་དུ་འདོད་པར་ལས་ཉོན་གྱི་སྐྱེ་བ་མེད་ལ་ལས་ཉོན་མ་ཡིན་པར་སྨོན་ལམ་གྱི་དབང་གིས་སྐྱེ་བ་སྤྱིར་བྱེ་སྨྲས་མི་འདོད་པ་དང་འགལ་བར་འགྱུར་རོ་ཞེ་ན་དཔྱད། སྐྱེ་རྒ་གནས་འཇིག་བཞི་མ་ཚང་ན་འདུས་བྱས་མ་ཡིན་པས་ཁྱབ་པར་ཐལ། མཛོད་འགྲེལ་གནད་ཀྱི་སྒྲོན་མ་༤༩ལས། མཚན་ཉིད་དག་ནི་སྐྱེ་བ་དང༌། །རྒ་དང་གནས་དང་མི་རྟག་ཉིད། །བཞི་པོ་འདི་རྣམས་ནི་འདུས་བྱས་ཀྱི་མཚན་ཉིད་དག་ཡིན་ཏེ། གང་ལ་འདི་དག་ཡོད་པའི་ཆོས་དེ་ནི་འདུས་བྱས་སུ་མངོན་ནོ། །བཟློག་པ་ནི་འདུས་མ་བྱས་པའོ། །སྐྱེ་བ་ལ་སོགས་པ་དེ་དག་ཀྱང་འདུས་བྱས་ཡིན་པའི་ཕྱིར་སྐྱེ་བ་ལ་སོགས་པ་གཞན་ཡོད་པར་འགྱུར་རོ་ཞེ་ན། ཡོད་པ་དེ་ཁོ་ན་སྟེ། དེ་དག་སྐྱེ་བའི་སྐྱེ་ལ་སོགས། །དེ་དག་ལ་ཡང་སྐྱེ་བའི་སྐྱེ་བ་དང༌། རྒ་བའི་རྒ་བ་དང༌། གནས་པའི་གནས་པ་དང༌། མི་རྟག་པ་ཉིད་ཀྱི་མི་རྟག་པ་ཉིད་དོ་ཞེས་བྱ་བ་རྗེས་སུ་མཐུན་པའི་མཚན་ཉིད་བཞི་ཡོད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། མ་འོངས་པ་མི་སྐྱེ་བའི་ཆོས་ཅན་གྱི་འདུས་བྱས་ཀྱིས་མ་ངེས་སམ་དཔྱད། ངག་ཡིན་ན་ཚིག་ཡིན་པས་ཁྱབ་པ་དང་མིང་ཡིན་ན་དོན་གྱི་ངོ་བོ་ཙམ་སྟོན་པས་ཁྱབ་པར་ཐལ། གནད་ཀྱི་སྒྲོན་མ་༥༠ལས། མིང་གི་ཚོགས་ལ་སོགས་པ་ནི། །མིང་དང་ངག་དང་ཡི་གེའི་ཚོགས། །སོགས་པ་སྨོས་པ་ནི་ཚིག་དང་ཡི་གེའི་ཚོགས་གཟུང་ངོ༌། །དེ་ལ་མིང་བྱེད་པས་ནི་མིང་སྟེ། དཔེར་ན་གཟུགས་སྒྲ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ངག་ནི་ཚིག་སྟེ་ཇི་ཙམ་གྱིས་དོན་ཡོངས་སུ་རྫོགས་པའོ། །ཞེས་དང༌། མཆིམས་མཛོད་༡༨༡ལས། མིང༷་གི་ཚོགས༷་ལ༷་སོག༷ས་པ༷་ཡང་ཞེས་བྱ་བའི་སོགས་པའི་སྒྲས་ནི༷་ངག་དང་ཡི་གེ་བཟུང་བས་དེ་དག་ནི་མིང༷་དང༷་ངག༷་དང༷་ཡི༷་གེ༷འི་ཚོག༷ས་གསུམ་མོ། ། དེ་ལ་མིང་ནི་དོན་གྱི་ངོ་བོ་ཙམ་བརྗོད་པར་བྱེད་པ་སྟེ་གཟུགས་ཞེས་པ་ལྟ་བུའོ། །ངག་ནི་ཚིག་སྟེ་དོན་གྱི་ཁྱད་པར་སྟོན་པ་ཀྱེ་མ་འདུས་བྱས་རྣམས་མི་རྟག་པ་ཅེས་བྱ་བ། ཞེས་པ་ནས། ཡི་གེ་ནི་མིང་དང་ཚིག་གི་གཞིར་གྱུར་པའམ་ཆ་ཤས་ཀ་ལ་སོགས་པའོ། །ཞེས་གསུངས་པའི་ཕྱིར་རོ། །འདོད་མི་ནུས་ཏེ། དམ་བཅའ་བ་ལྟ་བུའི་ངག་དེ་ལ་མིང་ཚིག་ཡི་གེ་གསུམ་ཡོད་པ་དང༌།ཚིག་དང་མིང་གི་གཞི་མཐུན་ཡོད་པའི་ཕྱིར་ཟེར་བ་དང༌། དོན་གྱི་ངོ་བོ་མ་ཡིན་པའི་ཆོས་མེད་པས་མིང་ཡིན་ན་དོན་ཁོ་ན་རྗོད་པའི་སྒྲ་ཡིན་དགོས་པ་ཡིན་མིན་དང༌། ཀ་དང་མ་དང་ཕ་སོགས་གསལ་བྱེད་ཀྱི་ཡི་གེ་ཡིན་ནམ་ཅི། མ་ཡིན་ན་དེ་ལས་གཞན་ཡོད་མེད་དང༌། བོད་སྐད་ཀྱི་མིང་ཚིག་གྲུབ་པའི་དུས་ནས་ཡི་གེ་གྲུབ་དགོས་པས་ཡི་གེ་ཐུ་མི་སཾ་བྷོ་ཊས་གསར་བྱས་མ་ཡིན་པར་འགྱུར་ཟེར་བ་སོགས་ལ་དཔྱད། མཆིམས་མཛོད་༡༨༣ལས། མིང་ལ་སོགས་པ་དེ་དག་ཀྱང་འདོད༷་པའི་ཁམས་དང༷་གཟུག༷ས་ཀྱི་ཁམས་སུ་གཏོག༷ས་ཀྱི་གཟུགས་མེད་པར་ནི་མ་ཡིན་ཏེ། དེ་དག་ནི་སྒྲ་རང་གི་མཚན་ཉིད་འཛིན་པའི་ཤེས་པའི་རྗེས་སུ་འབྲང་བའི་རྣམ་རྟོག་ལ་སྣང་བ་ཡིན་ན་གཟུགས་མེད་ན་སྒྲ་དང་དེ་སྣང་བའི་རྣམ་ཤེས་མེད་པའི་ཕྱིར་རོ། །མིང་ལ་སོགས་པ་ནི་དོན་རྗོད་བྱེད་ཡིན་ལ། གཟུགས་མེད་ན་ནི་གང་ཟག་ཕན་ཚུན་ཡུལ་མ་ཡིན་པས་རྗོད་བྱེད་མ་ཡིན་པའི་ཡང་ཕྱིར་རོ། །ཞེས་གསུངས་པ་ལ་གཟུགས་མེད་ན་སྒྲ་སྤྱི་བློ་ངོར་འཆར་བའི་རྣམ་རྟོག་ཡོད་མེད་དང༌། གཟུགས་མེད་པའི་གང་ཟག་ཕན་ཚུན་རྟོགས་མ་རྟོགས་དང་དེ་ན་སྒྲ་མི་རྟག་པ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཡོད་མེད་གང་ཡིན་སོགས་ལ་དཔྱད་དོ། །མཆིམས་མཛོད་༡༨༣ལས། ཇི་ལྟར་མིང་ལ་སོགས་པ་དེ་དག་སེམས་ཅན་དུ་སྟོན་པ་དང༌། རྒྱུ་མཐུན་ལས་བྱུང་བ་དང༌། མ་སྒྲིབ་ལུང༷་མ་བསྟན༷་ཡིན༷་པ་དེ༷་བཞིན༷་དུ་སྐལ༷་མཉམ༷་ཡང་ཡིན་ནོ། །ཞེས་གསུངས་པ་ལ་སྐལ་མཉམ་ཡྀན་ན་སེམས་ཅན་ཡིན་དགོས་པ་ཡིན་མིན་སྔར་ལྟར་དཔྱད་པར་བྱའོ།། །།

རྒྱུ་དྲུག་བཤད་པའི་སྐབས་ཀྱི་དོགས་གཅོད།

རྒྱུ་དྲུག་བཤད་པའི་སྐབས་ཀྱི་དོགས་གཅོད་ནི།

མཛོད་རང་འགྲེལ་༡༦༤ལས།རང་གི་ངོ་བོ་མ་གཏོགས་པ་ཆོས་ཐམས་ཅད་ནི་ཆོས་འདུས་བྱས་ཀྱི་བྱེད་རྒྱུའི་རྒྱུ་ཡིན་ཏེ། ཞེས་དང༌། མཆིམས་མཛོད་༡༨༥ལས། འབྲས་བུ་རང༷་ཉིད་ལས༷་གཞན༷་པ༷་༼འདུས་བྱས་མ་བྱས་༽ཐམས་ཅད་ནི་བྱེད༷་རྒྱུའི༷་རྒྱུ༷་ཞེས་བྱ་བར་འདོད་དོ། །ཅི་སྟེ་ན་འབྲས་བུ་སྐྱེ་བ་ལ་གེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་རོ། །ཞེས་པ་ནས། དེ་ལྟར་ན་རང་ལས་གཞན་པ་ཐམས་ཅད་བྱེད་རྒྱུར་མི་འགྱུར་རོ་ཞེ་ན། སྣང་བ་སོགས་ཀྱིས་མུན་པ་ལ་སོགས་པ་མི་སྐྱེ་བའི་ཆོས་ཅན་ལ་གེགས་བྱེད་ཀྱི་སྐྱེ་བ་ལ་ནི་གེགས་བྱ་བར་མི་ནུས་པའི་ཕྱིར་དང༌། བྱེད་རྒྱུ་ནི་སྐྱེ་བ་ལ་གེགས་མི་བྱེད་པ་ཡིན་པའི་ཕྱིར་དེ་དག་ཀྱང་དེ་དག་གི་བྱེད་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་ཡིན་ནོ། །ཞེས་གསུངས་པ་ལ་བྱེ་བྲག་སྨྲ་བའི་ལུགས་ལ་གནོད་བྱ་གནོད་བྱེད་ཡོད་མེད་དང༌། སྣང་བས་མི་སྐྱེ་བའི་ཆོས་ཅན་གྱི་མུན་པ་ལ་གེགས་བྱེད་ན་སྣང་བ་དེ་མི་སྐྱེ་བའི་ཆོས་ཅན་གྱི་མུན་པའི་བྱེད་རྒྱུ་མ་ཡིན་པར་འགྱུར་རམ་དཔྱད། གྲུབ་མཐའ་གོང་འོག་ཐམས་ཅད་ཀྱི་ལུགས་ལ་སྣང་བས་མུན་པ་ལ་གནོད་ན་སྣང་བ་དེས་རང་དུས་ན་ཡོད་པ་དང་སྔ་རོལ་དང་རྗེས་སུ་གྲུབ་པའི་མུན་པ་གང་ལ་གནོད་ཚུལ་ཡོད་མེད་བརྟག་གོ། །མཛོད་འགྲེལ་ཟླ་བའི་འོད་ཟེར་ལས། མདོ་སྡེ་བ་སོགས་ཀྱིས་ནི་བྱེད་རྒྱུ་ནུས་ལྡན་དང༌། ནུས་མེད་གཉིས་ལས་དང་པོ་ནི། ཀ་བུམ་སོགས་འདུས་བྱས་ཐམས་ཅད་དང༌།གཉིས་པ་ནི་ཤེས་བྱ་རྟག་པ་སྤྱི་མཚན་སོགས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་དོ། །དེས་ན་གེགས་མི་བྱེད་པ་ལ་རྒྱུར་བཏགས་པ་ཡིན་གྱི་རྒྱུ་དངོས་ནི་མ་ཡིན་ནོ་ཞེས་བཞེད་དོ། །ཞེས་མཛོད་འགྲེལ་དེར་བྱེད་རྒྱུ་ནུས་ལྡན་ནུས་མེད་འདོད་པ་དེ་མདོ་སྡེ་བ་ལ་སྦྱར་ཡང་མཛོད་རང་འགྲེལ་དང་མཆིམས་མཛོད་ལས་མདོ་སྡེ་བས་འདོད་པ་ཡིན་པ་མི་གསལ་ལ་སྤྱིར་དཔྱད་རྒྱུར་སྣང་ངོ༌། །ལྷན་ཅིག་འབྱུང་རྒྱུ་ཡིན་ན་ཕན་ཚུན་རྒྱུ་འབྲས་ཡིན་དགོས་པར་ཐལ། མཛོད་འགྲེལ་གནད་ཀྱི་སྒྲོན་མ་༥༡ལས། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །ཆོས་གང་དག་ཕན་ཚུན་གྱི་འབྲས་བུ་ཡིན་པ་དེ་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུའོ། །དཔེ་ཇི་ལྟ་བུ་ཞེ་ན། འབྱུང་བཞིན་སེམས་ཀྱི་རྗེས་འཇུག་དང༌། །སེམས་དང་མཚན་ཉིད་མཚན་གཞི་བཞིན། །འབྱུང་བ་ཆེན་པོ་བཞི་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ། །སེམས་ནི་སེམས་ཀྱི་རྗེས་སུ་འཇུག་པའི་ཆོས་རྣམས་ཀྱི་ཡིན་ལ། དེ་དག་ཀྱང་དེའིའོ། །ཞེས་དང༌།མཆིམས་མཛོད་༡༨༦ལས། ལྷན༷་ཅིག༷་འབྱུང༷་བའི་རྒྱུ་ནི་གང༷་ཞིག་ཕན༷་ཚུན༷་གྱི་འབྲས༷་བུ་ཅན་ཡིན་ནོ། །ཞེས་པ་ནས། འདིར་དངོས་སུ་མ་བརྗོད་པ་སེམས་ཀྱི་རྗེས་འཇུག་ཕན་ཚུན་དང༌།མཚན་ཉིད་རྣམས་ཀྱང་ཕན་ཚུན་འབྲས་བུ་ཡིན་ནོ་ཞེས་མཚོན་པའོ། །ཞེས་སློབ་དཔོན་གང་སྤེལ་འཆད་དོ། །ཞེས་གསུངས་པ་དང༌། རྩ་བར། རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །ཞེས་དང༌། དམིགས་པ་ཆོས་རྣམས་ཐམས་ཅད་དོ། །ཞེས་གསུངས་པས་ཡང་གྲུབ་པའི་ཕྱིར།འདོད་མི་ནུས་ཏེ། སྐྱེ་བའི་སྐྱེ་བས་རྩ་སྐྱེ་ཁོ་ན་ལས་གཞན་མི་བསྐྱེད་པས་ཕན་ཚུན་རྒྱུ་འབྲས་མིན་པ་དང་མཚན་ཉིད་ཀྱིས་རིང་བས་འབྱུང་འགྱུར་གྱི་གཟུགས་སྒྲ་སོགས་ཕན་ཚུན་རྒྱུ་འབྲས་མ་ཡིན་པའི་ཕྱིར། དེར་ཐལ། མཛོད་འགྲེལ་གནད་སྒྲོན་༤༩ལས། དེ་ཆོས་བརྒྱད་དང་གཅིག་ལ་འཇུག །ཆོས་བདག་ཉིད་གཏོགས་པར་མཚན་ཉིད་དང་རྗེས་སུ་མཐུན་པའི་མཚན་ཉིད་བརྒྱད་དང་ལྷན་ཅིག་ཏུ་དགུ་སྐྱེ་ལ། དེ་ལ་སྐྱེ་བས་ནི་བདག་ཉིད་མ་གཏོགས་པ་ཆོས་གཞན་བརྒྱད་སྐྱེད་པར་བྱེད་དོ། །སྐྱེ་བའི་སྐྱེ་བས་ནི་དེ་ཁོ་ན་སྐྱེད་པར་བྱེད་དོ། །དེ་བཞིན་དུ་གནས་པ་ལ་སོགས་པས་གནས་པ་དང༌། སྐྱེད་པ་དང་ཉམས་པར་བྱེད་པ་ཞེས་བརྗོད་པར་བྱའོ། །ཞེས་དང༌། མཆིམས་མཛོད་༡༧༨ལས། སྐྱེ་བ་ལ་སྐྱེ་བ་མ་ཚང་བ་ནས་འཇིག་པ་ལ་འཇིག་པ་མ་ཚང་བའི་བར་རོ་ཞེ་ན། སྐྱེ་བའི་སྐྱེ་བས་རྩ་སྐྱེ་ཁོ་ན་སྐྱེད་པ་ནས་འཇིག་པའི་འཇིག་པས་རྩ་འཇིག་ཁོ་ན་སྐྱེད་པའི་བར་དུ་ཡིན་པས་སྐྱོན་མེད་དོ། །ཞེས་དང༌། མཆིམས་མཛོད་༡༨༦ལས། ཕན་ཚུན་རྒྱུར་གྱུར་པ་ཡིན་ན་བུམ་པ་ལ་སོགས་པའི་ཆོས་རྣམས་སྐྱེ་བའི་སྐྱེ་བ་ལ་སོགས་པ་མཐུན་པའི་མཚན་ཉིད་རྣམས་ཀྱིས་ལྷན་ཅིག་འབྱུང་བའི་རྒྱུར་མི་འགྱུར་ཏེ། མཐུན་པའི་མཚན་ཉིད་རྣམས་ཆོས་ལ་ཕན་མི་འདོགས་པའི་ཕྱིར་རོ། །ཞེ་ན། དེ་ལྟ་མོད་ཀྱི་འོན་ཀྱང་འདི་ནི་ཕལ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི་ཁྱབ་པ་ནི་མ་ཡིན་ནོ། །ཞེས་ཁ་བསྐང་བ་དང་བཅས་པའོ། །ཞེས་དང༌། མཆིམས་མཛོད་༡༩༢ལས། འདི་དག་ཀྱང་བྱེ་བྲག་ཏུ་སྨྲ་བས། ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་དེ་ནི་ལྷན་ཅིག་པ་ཁོ་ནར་ངེས་ལ། ལྷན་ཅིག་འབྱུང་བ་ལ་ནི་ལྷན་ཅིག་འབྱུང་བའི་རྒྱུས་མ་ཁྱབ་སྟེ། མཐུན་པའི་མཚན་ཉིད་རྣམས་ཆོས་ཀྱི་ལྷན་ཅིག་འབྱུང་རྒྱུ་མ་ཡིན་པ་དང་མཐུན་པའི་མཚན་ཉིད་ནང་རྣམས་ཀྱང་ལྷན་ཅིག་འབྱུང་པའི་རྒྱུ་མ་ཡིན་པ་ལྟ་བུའོ། །ཞེས་དང༌། མཛོད་འགྲེལ་གནད་སྒྲོན་༡༦༨ལས། མཚན་ཉིད་དང་ནི་མི་མཐུན་ཕྱོགས། །ཡུལ་རྣམས་ཆད་དང་དུས་ཀྱི་ཏེ། །འབྱུང་དང་ཚུལ་ཁྲིམས་ཕྱོགས་དང་ནི། །དུས་གཉིས་རིང་བ་ཉིད་ལྟ་བུའོ། །མཚན་ཉིད་ཀྱིས་རིང་བ་ནི་དཔེར་ན་འབྱུང་བ་ཆེན་པོ་རྣམས་ལྷན་ཅིག་སྐྱེས་པ་ཡིན་ཡང་མཚན་ཉིད་མི་མཐུན་པས་རིང་བ་ལྟ་བུའོ། །ཞེས་སོགས་དང༌།མཆིམས་མཛོད་༡༩༣ལས། འདུས་བྱས་དང་སེམས་ནི་རང་རང་གི་མཐུན་པའི་མཚན་ཉིད་ཀྱི་ལྷན་ཅིག་གི་འབྱུང་རྒྱུ་ཡིན་ཏེ། ཞེས་པ་ནས། འབྱུང་འགྱུར་གྱི་གཟུགས་སྒྲ་དྲི་རོ་རེག་སོགས་རྫས་བརྒྱད་འདུས་པ་ལྟ་བུའི་གཟུགས་སོགས་ལྔ་ལྷན་ཅིག་འབྱུང་ཡང་མཚན་ཉིད་ཀྱིས་རིང་བས་དེ་དག་ལྷན་ཅིག་འབྱུང་རྒྱུ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན། འོ་ན་འབྱུང་འགྱུར་གྱི་འབྱུང་བའི་རྒྱུ་བྱེད་པ་མེད་པར་ཐལ། མཚན་ཉིད་ཀྱིས་རིང་བ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། འབྱུང་བ་རྣམས་ཀྱི་དེ་རྣམས་གཅིག །ཅེས་དང༌། མཆིམས་མཛོད་༢༡༥ལས། འབྱུང་བ་རྣམས་ཀྱི་རྒྱུ་འབྱུང་བ་ལས་གྱུར་བ་དེ་ཡིན་ན་རྣམ་སྨིན་གྱི་རྒྱུ་རྣམ་པ་གཅིག་པུ་ཉིད་བྱེད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ལ་ཡང་འབྱུང་འགྱུར་གྱིས་འབྱུང་བའི་རྣམ་སྨིན་གྱི་རྒྱུ་གཅིག་པུ་བྱེད་པ་མི་རིགས་པར་ཐལ། དེ་དེའི་བྱེད་རྒྱུ་སོགས་བྱེད་པ་ཡོད་པའི་ཕྱིར་ཟེར་ན་དཔྱད། གང་སྤེལ་ལས། དེ་ལྟར་ན་རྒྱུ་བཅུས་ཞེས་བྱ་བ་ལ། དུས་ལས་བཞི་དང༌། འབྲས་བུ་ལས་གསུམ་དང༌། དགེ་བ་ལ་སོགས་པ་གསུམ་ཉིད་ཀྱིས་སོ། །ཞེས་དང༌། མཆིམས་མཛོད་༡༨༦ལས། སེམས་བྱུང་དང་སྡོམ་པ་གཉིས་དང་སེམས་དང་སེམས་ཀྱི་རྗེས་འཇུག་དེ་དག་གི་མཚན་ཉིད་རྣམས་ནི་སེམས་ཀྱི་རྗེས་འཇུག་ཡིན་ཏེ། རྣམ་པ་བཅུས་སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་རོ། །ཞེས་པའི་རྟགས་གྲུབ་པའི་ཆོས་གཅིག་མེད་པར་ཐལ། བརྒྱད་ཀྱང་མང་བའི་མཐའ་བཟུང་བ་ཡིན་པའི་ཕྱིར་ཏེ། མཆིམས་མཛོད་༡༨༨ལས། དེས་ན་འགྲེལ་བ་ལས། རྒྱུ་བཅུས་སེམས་ཀྱི་རྗེས་སུ་འཇུག་པ་ཞེས་བྱའོ། །ཞེས་གསུངས་པའང་ཅི་རིགས་ཀྱི་དབང་དུ་བྱས་ཀྱི་ཡང་དག་པར་བརྒྱད་ཡིན་ཏེ། དགེ་བ་ལ་སོགས་པ་གསུམ་སེམས་གཅིག་ལ་འདུ་བ་མི་སྲིད་པའི་ཕྱིར། བརྒྱད་ཀྱང་མང་བའི་མཐའ་བཟུང་བ་ཡིན་གྱི་མ་སྒྲིབ་ལུང་མ་བསྟན་དང་ཟག་མེད་ལ་རྣམ་སྨིན་གྱི་འབྲས་བུ་མི་སྲིད་ཅིང༌། མི་སྐྱེ་བའི་ཆོས་ཅན་ལ་ནི་དུས་གཅིག་པ་ཙམ་མ་གཏོགས་པ་སྐྱེ་བ་དང་གནས་པ་དང་འགག་པ་གཅིག་པའང་མི་སྲིད་པའི་ཕྱིར་རོ། །༼དེ་ཡང་ལུང་མ་བསྟན་མི་སྐྱེ་བའི་ཆོས་ཅན་ལ་དགེ་མི་དགེ་གཉིས་སྐྱེ་གནས་འཇིག་གསུམ་རྣམ་སྨིན་གྱི་འབྲས་བུ་དོར་བའི་ལྷག་མ་བཞི། རྣམ་སྨིན་གྱི་རྒྱུ་མི་སྐྱེ་བའི་ཆོས་ཅན་ལ་སྔར་གྱི་བཞིའི་སྟེང་དུ་རྣམ་སྨིན་གྱི་འབྲས་བུ་བསྣན་པས་ལྔ།༽ ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་དཔྱད། ལྷན་ཅིག་འབྱུང་རྒྱུ་བཤད་པའི་སྐབས་འདིར་མཆིམས་མཛོད་ལས་མུ་བཞི་གསུངས་པ་དག་དེར་ཤེས་པར་བྱ་བ་ལས་འདིར་ཚིག་མང་དུ་དོགས་ནས་མ་སྤྲོས་སོ། །སྐལ་མཉམ་ཀྱི་རྒྱུ་ནི་ཚུལ་འདི་ལྟ་སྟེ། མཛོད་འགྲེལ་གནད་ཀྱི་སྒྲོན་མ་༥༡ལས། སྐལ་མཉམ་རྒྱུ་ནི་འདྲ་བའོ། །ཆོས་འདྲ་བ་རྣམས་ནི་ཆོས་འདྲ་བ་རྣམས་ཀྱི་སྐལ་པ་མཉམ་པའི་རྒྱུ་སྟེ། འདི་ལྟ་སྟེ། དགེ་བའི་ཕུང་པོ་ལྔ་པོ་དག་ནི་དགེ་བ་རྣམས་ཀྱི་ཡིན་ནོ། །དེ་བཞིན་དུ་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པ་དག་གོ །ཅི་ཐམས་ཅད་ཡིན་ནམ་ཞེ་ན། མ་ཡིན་ཏེ། རང་རིས་ས་པའོ། །རིས་ནི་ལྔ་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་བསྒོམ་པས་སྤང་བར་བྱ་བའི་བར་རོ། །ས་ནི་དགུ་སྟེ། འདོད་པའི་ཁམས་དང༌། བསམ་གཏན་དང་གཟུགས་མེད་པ་བརྒྱད་དོ། །འདི་དག་ནི་རང་གི་རིས་དག་དང་རང་གི་ས་པ་ཡིན་ཏེ། རང་གི་རིས་རྣམས་ཀྱི་སྐལ་པ་མཉམ་པའི་རྒྱུ་སྟེ། དེ་དག་ཀྱང་ཐམས་ཅད་མ་ཡིན་ནོ། །ཞེས་དང༌། མཆིམས་མཛོད་༡༩༤ལས། དེ་ཙམ་འདོད་པའི་ལྷས་བྱིན་མཆོད་སྦྱིན་ལའང་ཡོད་པས་གང་ཟག་རྒྱུད་གཅིག་གིས་བསྡུས་པའི་ཆོས་གཅིག་དགོས་སོ། །དེ་ཙམ་རྒྱུད་གཅིག་གི་སེམས་སེམས་བྱུང་དུས་མཉམ་པ་ལའང་ཡོད་པས་དེ་དག་དེར་ཐལ་བས་དུས་སྔར་བྱུང་བ་རྣམས་རང་གི་རིགས་འདྲ་ཕྱི་མ་རྣམས་ཀྱི་ཡིན་ནོ། །ཞེས་གསུངས་པའོ། །དེ་དག་ལས་རྒྱུད་ཀྱིས་བསྡུས་པའི་ཆོས་ལ་རྒྱུད་གཅིག་གི་ཆོས་ལས་གཞན་གྱིས་སྐལ་མཉམ་བྱེད་པ་མེད་པའི་རྒྱུ་མཚན་གང་ཡིན་དང༌། སྤྱིར་སྐལ་མཉམ་ཡིན་པས་ཚད་དམ་དོན་ལ་རྩ་བར། སྐལ་མཉམ་རྒྱུ་ནི་འདྲ་བའོ། །ཞེས་པའི་དོན་རྒྱུ་འབྲས་དེ་གཉིས་འདྲ་ཞིང་རྒྱུ་འབྲས་ཡིན་ན་སྐལ་མཉམ་གྱི་རྒྱུ་འབྲས་ཡིན་པས་ཁྱབ་པ་ཡོད་མེད་སོགས་ལ་དཔྱད། ཡང་ཟག་མེད་སྐད་ཅིག་དང་པོ་མ་ཡིན་པའི་འདུས་བྱས་ཡིན་ན་སྐལ་མཉམ་གྱི་རྒྱུ་ཡོད་པས་ཁྱབ་པར་ཐལ། མཆིམས་མཛོད་མཆན་༡༩༤ལས། དེས་ན་ཟག་མེད་སྐད་ཅིག་དང་པོ་མིན་པ་ཀུན་ལ་འདི་ཡོད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ལ་སྐལ་མཉམ་གྱི་རྒྱུ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་སྔར་བྱུང་བའི་འདུས་བྱས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་འོངས་པ་ལ་སྔ་ཕྱི་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། མཛོད་འགྲེལ་གནད་ཀྱི་སྒྲོན་མ་ལས། འོན་ཀྱང༌། སྔར་སྐྱེས་པ་རྣམས་ནི་ཕྱི་མ་སྐྱེས་པ་དང་མ་སྐྱེས་པ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ན། མ་འོངས་པ་ཁོ་ན་སྐལ་པ་མཉམ་པའི་རྒྱུ་མ་ཡིན་ནོ། །ཞེས་དང༌། མཆིམས་མཛོད་༡༩༥ལས། ད་ལྟར་བས་ནི་ད་ལྟར་བ་དང་མ་འོངས་བའི་གོ་འབྱེད་ན་མ་འོངས་པ་ལ་གོ་དབྱེ་བར་བྱ་བའི་འབྲས་བུ་ཉིད་མེད་པའི་ཕྱིར་རོ། །༼གལ་ཏེ་༽མ་འོངས་པས་མ་འོངས་པ་ལ་གོ་འབྱེད་ན་མ་འོངས་པ་ལ་རྒྱུ་དང་འབྲས་བུ་སྔ་ཕྱིའི་དབྱེ་བ་ཡོད་པར་འགྱུར་ན། མ་འོངས་པ་ལ་སྔ་ཕྱིའི་གོ་རིམ་མེད་པའི་ཕྱིར་རོ། །ཞེས་དང༌། མཆིམས་མཛོད་༡༩༥ལས། བྱེ་བྲག་སྨྲ་བ་ནི་རྒྱུ་གཞན་གསུམ་པོ་ནི་རྒྱུ་འབྲས་མཚན་ཉིད་ཐ་དད་པས་རྣམ་པར་དབྱེ་བ་ཡོད་པའི་ཕྱིར་དང༌། སྐལ་མཉམ་དང་ཀུན་འགྲོའི་རྒྱུ་འབྲས་ནི་སྔ་ཕྱིའི་བྱེ་བྲག་གིས་བཞག་གི་མཚན་ཉིད་མི་འདྲ་བ་མེད་པའི་ཕྱིར་མ་འོངས་པ་ལ་མེད་དོ་ཞེས་འདོད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། འོ་ན་ལུང་དེ་དག་གིས་མ་འོངས་པ་ཡིན་ན་སྐལ་མཉམ་མ་ཡིན་པས་ཁྱབ་པ་བསྟན་པ་མི་འཐད་པར་ཐལ། མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ལ་སྐལ་མཉམ་གྱི་རྒྱུ་ཡིན་པ་ཡོད་པའི་ཕྱིར་ཏེ།དེ་ལ་རྒྱུ་མཐུན་གྱི་རྒྱུ་ཡིན་པ་གཅིག་ཡོད་པའི་ཕྱིར་ཏེ། མཆིམས་མཛོད༡༨༨ལས། ལུང་མ་བསྟན་མི་སྐྱེ་བའི་ཆོས་ཅན་ལ་དགེ་མི་དགེ་གཉིས་སྐྱེ་གནས་འཇིག་གསུམ་རྣམ་སྨིན་གྱི་འབྲས་བུ་དོར་བའི་ལྷག་མ་བཞི། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལྷག་མ་བཞི་ཞེས་པའི་ལྷག་མ་ལ་རྒྱུ་མཐུན་གྱི་འབྲས་བུ་གཅིག་པ་སོགས་ཡིན་པའི་ཕྱིར་རོ་ཟེར་ན་དཔྱད། ཡང་མ་འོངས་པ་ལ་གོ་རིམ་མེད་ན་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་གྱི་སྐད་ཅིག་སྔ་ཕྱི་བར་གསུམ་མེད་པར་ཐལ། དེ་ལ་གོ་རིམ་མེད་པའི་ཕྱིར། འདོད་ན། སྐད་ཅིག་ཆ་མེད་དུ་ཐལ་ལོ་ཟེར་ན་དཔྱད། ས་དགུའི་ཟག་མེད་ཀྱི་ལམ་ནི་ཕན་ཚུན་རྒྱུ་འབྲས་ཡིན་པར་ཐལ། རྩ་བར། ས་དགུའི་ལམ་ནི་ཕན་ཚུན་དུ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། གཞི་ལྡོག་ལ་དགོངས་ནས་དེ་འདྲ་བྱེད་པ་ཡོད་པའི་དོན་ཡིན་པའི་ཕྱིར་རོ། །ཐོས་བྱུང་གིས་ཐོས་བསམ་སྒོམ་གསུམ་གྱི་སྐལ་མཉམ་གྱི་རྒྱུ་བྱེད་པ་ཡིན་པར་ཐལ། མཆིམས་མཛོད་༡༩༦ལས། ཐོས༷་བྱུང་ནི་རང་ཉིད་དང༷་བསམ༷་བྱུང༷་དང་སོག༷ས་པ༷འི་སྒྲས་བཟུང་བ་སྒོམ་བྱུང་དང་གསུམ་གྱི་ཡིན་ལ། བསམ་བྱུང་ནི་རང་ཉིད་དང་སྒོམ་བྱུང་དང་གཉིས་ཀྱི་ཡིན་ལ། སྒོམ་བྱུང་ནི་དེ་ཉིད་ཀྱི་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། འདོད་པའི་ཐོས་བྱུང་ལ་དེ་འདྲ་མེད། གཟུགས་ཀྱི་དེ་ལ་མེད་པའི་ཕྱིར་ཏེ། དེ་ཡོད་ན་ས་མཚུངས་པ་ཡིན་དགོས་ལ་ས་མཚུངས་ཀྱི་དེ་མེད་པའི་ཕྱིར་ཏེ། མཆིམས་མཛོད་༡༡ལས། ཐོས་བྱུང་གི་ཤེས་རབ་འདོད་གཟུགས་ན་ཡོད་ཀྱི་གོང་མ་ན་མེད་དེ། ཞེས་པ་ནས། བསམ་བྱུང་ནི་འདོད་པ་ཁོ་ན་ལ་ཡོད་ཅིང་རྗེས་སུ་འབྲང་བའི་གཟུགས་ཀྱང་མེད་དོ། །སྒོམ་བྱུང་གི་ཤེས་རབ་ནི་འདོད་པའི་སེམས་ལ་མེད་དེ། ཞེས་གསུངས་པའི་ཕྱིར་རོ། །ཡང་རྩ་བར། མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཞེས་པ་ལ་ངོ་བོ་ཇེ་ངན་དུ་འགྲོ་བའི་དགེ་རྩ་དང༌། དགེ་རྩ་ཆད་ཁའི་དགེ་བ་དང༌། དགེ་རྩ་མཚམས་སྦྱོར་མ་ཐག་པའི་རྒྱུད་ཀྱི་དགེ་རྩ་དེ་དག་གི་སྐལ་མཉམ་གྱི་རྒྱུ་གང་ཡིན་སོགས་ལ་དཔྱད། དད་པའི་རྗེས་འབྲང་གིས་ཆོས་ཀྱི་རྗེས་འབྲང་གི་སྐལ་མཉམ་གྱི་རྒྱུ་བྱེད་པ་ཡོད་པར་ཐལ། མཆིམས་མཛོད་༡༩༦ལས། དད་པའི་རྗེས་འབྲང་ནི་རང་ཉིད་དང༌། ཆོས་ཀྱི་རྗེས་འབྲང་དང༌། དད་མོས་དང༌། མཐོང་ཐོབ་དང༌། དུས་ཀྱིས་རྣམ་པར་གྲོལ་བ་དང༌། དུས་དང་རྣམ་པར་མི་སྦྱོར་བར་རྣམ་པར་གྲོལ་བ་དྲུག་གི་ཡིན་པ་ལ་སོགས་པའོ། །ཞེས་དང༌། མཆིམས་མཛོད་མཆན་༢༦ལས། དཔེར་ན་དད་པའི་རྗེས་འབྲང་གི་ལམ་བསམ་གཏན་ས་དྲུག་གང་རུང་ལ་རྟེན་པ་གཅིག་མངོན་དུ་གྱུར་ན་ལྷག་མ་ལྔ་དང་ཆོས་ཀྱི་རྗེས་འབྲང་གི་ལམ་ཡང་བརྟགས་མིན་འཐོབ་ལ་དེ་ཡང་ཐེག་དམན་གྱི་མཐོང་ལམ་ལན་གཉིས་མི་སྐྱེ་བས་སོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཚེ་དེ་མ་འོངས་པ་རྣམས་ཀྱང་དེ་བཞིན་ཏེ་རྒྱུ་མཚན་སྔ་མ་བཟློག་པས་སོ། །ཞེས་གསུངས་པའི་ཕྱིར། འོ་ན་དེ་འདྲའི་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་གྱི་ཆོས་ཀྱི་རྗེས་འབྲང་རྒྱུད་ལྡན་གྱི་གང་ཟག་དད་པའི་རྗེས་འབྲང་དེ་མ་ཡིན་དེ་ལས་གཞན་མ་ཡིན་པའི་ཕྱིར། གལ་ཏེ་ཡིན་ན་དགྲ་བཅོམ་པ་དབང་རྟུལ་གྱི་རྒྱུད་ལ་དབང་རྣོན་མི་གཡོ་བའི་ཆོས་ཅན་གྱི་ལམ་ཡོད་པར་ཐལ་ཟེར་བ་དང༌། དེ་འདྲའི་ཆོས་ཀྱི་རྗེས་འབྲང་དེ་མཐོང་ལམ་པ་ལས་གཞན་སྒོམ་ལམ་པའི་རྒྱུད་ལ་ནི་དབང་རྣོན་ཡིན་ན་མཐོང་ཐོབ་ཅེས་པའི་མིང་ཅན་ལས་མེད་པའི་ཕྱིར་དང༌། མཐོང་ལམ་མཉམ་བཞག་གི་སྐབས་སུ་དབང་རྟུལ་གྱི་དབང་པོ་འཕོ་མི་ནུས་པ་སྔར་བཤད་ཟིན་པ་ལྟར་ཡིན་ནོ་ཟེར་ན་དཔྱད། མཚུངས་ལྡན་གྱི་རྒྱུ་ཡིན་ན་ལྷན་ཅིག་འབྱུང་རྒྱུ་ཡིན་པས་ཁྱབ་པར་ཐལ། མཚུངས་ལྡན་གྱི་རྒྱུ་དེ་ལྷན་ཅིག་འབྱུང་རྒྱུའི་བྱེ་བྲག་ཡིན་པའི་ཕྱིར།དེར་ཐལ། མཆིམས་མཛོད་༡༩༧ལས། དེས་ན་སེམས་དང་སེམས་བྱུང་ནི་ཕན་ཚུན་རྒྱུ་འབྲས་ཡིན་པའི་ཕྱིར་དང༌། མཚུངས་པར་ལྡན་པ་ལྔས་མཚུངས་པར་གནས་པའི་ཕྱིར་མཚུངས་ལྡན་གྱི་རྒྱུ་ཞེས་བྱའོ། །དེ་ཡང་ལྷན་ཅིག་འབྱུང་བའི་རྒྱུ་ནི་སྤྱི་ཡིན་ལ་མཚུངས་ལྡན་གྱི་རྒྱུ་ནི་བྱེ་བྲག་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། བདག་མེད་རྟོགས་པའི་ཚོར་བ་ཆོས་ཅན། ཁྱོད་ཁྱོད་དང་མཚུངས་ལྡན་གྱི་གཙོ་སེམས་ཀྱི་ལྷན་ཅིག་འབྱུང་རྒྱུ་ཡིན་པར་ཐལ། ཁྱོད་དེའི་མཚུངས་ལྡན་གྱི་རྒྱུ་ཡིན་པའི་ཕྱིར། དེར་ཐལ། རྩ་བར། མཚུངས་ལྡན་རྒྱུ་ནི་སེམས་དག་དང༌། །སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་གཉིས་འབྲས་བུ་ཙམ་གཅིག་པ་ཡིན་པར་ཐལ། དེ་གཉིས་ཕན་ཚུན་ལྷན་ཅིག་འབྱུང་རྒྱུ་ཡིན་པའི་ཕྱིར། ཁྱབ་སྟེ། མཆིམས་མཛོད་༡༨༧ལས། སྐྱེས་བུ་བྱེད་འབྲས་དང་བྲལ་འབྲས་གཅིག་པ་འབྲས་བུ་ཙམ་གཅིག་པ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། དེ་གཉིས་ཀྱི་འབྲས་བུའམ་སྐྱེས་བུ་བྱེད་འབྲས་ཡིན་ཁྱབ་མཉམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན།དེ་འདྲའི་ཚོར་བ་ཆོས་ཅན། དེ་འདྲའི་ཚོར་བའི་འབྲས་བུ་ཡིན་པར་ཐལ། དེ་འདྲའི་གཙོ་སེམས་ཀྱིས་སྐྱེས་བུ་བྱེད་འབྲས་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར་ན་དཔྱད། མཆིམས་མཛོད་༡༩༧ལས། མ་འོངས་པ་ལ་ཀུན་འགྲོའི་རྒྱུ་མི་འཐད་པའི་ཕྱིར་ཀུན༷་འགྲོ༷འི་རྒྱུ་ནི་སྔར༷་སྐྱེས་པ་ཁོ་ན་ཡིན་ནོ། །ཞེས་གསུངས་པ་ལ་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །ཀུན་འགྲོ་ཉོན་མོངས་ཅན་སོགས་གནས་ལྔ་བ་འཆད་པར་འགྱུར་རོ། །བྱེ་བྲག་སྨྲ་བས་ལས་ཀྱི་རྒྱུན་འདོད་པར་ཐལ།མཆིམས་མཛོད་མཆན་༡༩༨ལས། རྒྱུན་ལ་ལྟོས་ནས་མི་འདྲ་བ་སྨིན་ཏེ་བསྐལ་བ་བརྒྱར་ཡང་ཆུད་མི་ཟ་བས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཐོབ་པ་ཁས་ལེན་མི་དགོས་པར་ཐལ། ལས་དེའི་རྒྱུན་ལ་བརྟེན་ནས་བདེ་སྡུག་བསྐྱེད་པའི་ཕྱིར་ཟེར་ན་དཔྱད། རྩ་བར།རྣམ་སྨིན་རྒྱུ་ནི་མི་དགེ་དང༌། །དགེ་བ་ཟག་བཅས་རྣམས་ཁོ་ན། །ཞེས་གསུངས་པ་ལྟར་ན་རྣམ་སྨིན་གྱི་རྒྱུའམ་སྐྱེད་བྱེད་ལ་རྣམ་སྨིན་དང་མེད་ན་མི་འབྱུང་གི་འབྲེལ་བ་གྲུབ་མི་དགོས་པར་ཐལ། དགེ་བ་ཟག་བཅས་དང་མི་དགེ་བ་གང་རུང་ཡིན་ན་རྣམ་སྨིན་གྱི་རྒྱུ་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། འོ་ན་རྣམ་སྨིན་རྒྱུ་ཞེས་པ་རྣམ་སྨིན་གང་རུང་གི་རྒྱུ་ཡིན་པ་ལ་བྱེད་ན་དེར་མ་ངེས་གཞན་གང་ལ་བྱེད་དཔྱད། སྐབས་འདིར་རྒྱུ་འབྲས་དེ་དག་དུས་གསུམ་ཡོད་མེད་སོགས་ཀྱི་ཁྱད་པར་དུ་མ་ཞིག་བཤད་དེ། གནད་སྒྲོན་༥༣ལས། ཀུན་འགྲོ་སྐལ་མཉམ་དུས་གཉིས་པ། །འདས་པ་དང་ད་ལྟར་བྱུང་བ་ཁོ་ནའོ། །གསུམ་པོ་དག་ནི་དུས་གསུམ་པ། །ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་རྣམས་དང༌། རྣམ་པར་སྨིན་པའི་རྒྱུ་དག་ནི་དུས་གསུམ་པ་ཡིན་ནོ། །ཞེས་དང༌། མཆིམས་མཛོད་༡༩༨ལས། ཀུན༷་འགྲོ༷་དང་སྐལ༷་མཉམ༷་གྱི་རྒྱུ་ནི་འདས་པ་དང་ད་ལྟར་བའི་དུས༷་གཉིས༷་པ༷་ཁོ་ན་ཡིན་གྱི་མ་འོངས་པ་ནི་མེད་དེ། རྒྱུ་མཚན་བཤད་ཟིན་པ་ཉིད་དོ། །ལྷན་ཅིག་འབྱུང་བ་དང༌། མཚུངས་ལྡན་དང༌། རྣམ་སྨིན་གྱི་རྒྱུ༷་གསུམ༷་པོ༷་དག༷་ནི༷་དུས༷་གསུམ༷་པ༷་ཡིན་ནོ། །བྱེད་རྒྱུའི་འདུས་བྱས་རྣམས་ནི་དུས་གསུམ་པ་དང༌། འདུས་མ་བྱས་དུས་ཀྱིས་མ་བསྡུས་པའང་ཡོད་པའི་ཕྱིར་ངེས་པ་མ་བཤད་དོ། །ཞེས་དང༌། རྩ་བར། གཅིག་ནི་འདས་པས་འབྱིན་པར་འགྱུར། །ཞེས་གསུངས་སོ། །དེ་དག་གི་སྐབས་སུ་དུས་དེ་དག་འཇོག་ཚུལ་ལ་དཔྱད་པར་བྱའོ།། །།

འབྲས་བུ་བཞི་བཤད་པའི་སྐབས་ཀྱི་དོགས་གཅོད།

འབྲས་བུ་བཞི་བཤད་པའི་སྐབས་ཀྱི་དོགས་གཅོད་ནི།

འདུས་མ་བྱས་དེ་དག་བྱེད་རྒྱུ་དང་རྒྱུ་ཡིན་ཀྱང་རང་གི་རྒྱུ་འབྲས་མེད་དེ། རྩ་བར། འདུས་མ་བྱས་ལ་དེ་དག་མེད། །ཅེས་དང༌། རང་འགྲེལ་༡༧༩ལས། འདུས་བྱས་ཁོ་ན་ལ་རྒྱུ་དང་འབྲས་བུ་དག་ཡོད་ཀྱི། འདུས་མ་བྱས་ལ་དེ་དག་མེད། །ཅིའི་ཕྱིར་ཞེ་ན། རྒྱུ་རྣམ་པ་དྲུག་མི་སྲིད་པའི་ཕྱིར་དང༌། འབྲས་བུ་རྣམ་པ་ལྔ་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན་འདུས་མ་བྱས་དེ་དག་རྒྱུ་འབྲས་བཏགས་པ་བ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་༡༩༩ལས། དེས་ན་འདུས་མ་བྱས་ནི་རྒྱུ་འབྲས་བཏགས་པ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། རྣམ་སྨིན་གྱི་འབྲས་བུུ་རྒྱུ་དྲུག་ལས་རྣམ་སྨིན་གྱི་རྒྱུ་གཅིག་པུ་ལས་བྱུང་བ་ཡིན་པར་ཐལ། མཛོད་འགྲེལ་གནད་ཀྱི་སྒྲོན་མ༥༣ལས། ཡང་འབྲས་བུ་འདི་དག་ལས་འབྲས་བུ་གང་ཞིག་རྒྱུ་གང་གི་ཡིན་ཞེ་ན། རྣམ་སྨིན་འབྲས་བུ་ཐ་མའི་ཡིན། །རྣམ་པར་སྨིན་པའི་རྒྱུ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །བདག་པོའི་འབྲས་བུ་དང་པོའི་ཡིན། །བྱེད་རྒྱུའི་ནི་བདག་པོའི་འབྲས་བུའོ། །རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་བའི། །འདི་གཉིས་དང་འདྲ་བའི་འབྲས་བུ་ཡིན་པའི་ཕྱིར་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ། །སྐྱེས་བུ་པ་ནི་གཉིས་ཀྱི་ཡིན། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་གི་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། རྣམ་སྨིན་གྱི་འབྲས་བུ་ནི་སྐལ་མཉམ་གྱི་རྒྱུ་ལས་བྱུང་བའི་ཕྱིར་ཏེ། ཟག་མེད་སྐད་ཅིག་དང་པོ་མ་ཡིན་པའི་འདུས་བྱས་ཡིན་པའི་ཕྱིར་ཟེར་ན་དཔྱད། རྒྱས་འགྱུར་གྱི་དབང་པོ་ལ་དགེ་མི་དགེའི་ལས་དེ་ལས་བྱུང་བ་མེད་པར་ཐལ། མཆིམས་མཛོད་༢༠༠ལས། དེ་ལྟ་ན་དབང་པོ་ལ་སོགས་པའི་རྒྱས་པ་དང་རྒྱུ་མཐུན་པ་ལས་བྱུང་བའང་དེར་ཐལ་བར་འགྱུར་བས་རྒྱུ་ལུང་བསྟན་པ་དགེ་མི་དགེ་ལས་བྱུང་བ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། འཇིག་རྟེན་ཐམས་ཅད་ལས་ལས་བྱུང་ཞེས་གསུངས་པ་དང་སྡུག་བདེན་ཡིན་ན་རང་རྒྱུ་ཀུན་འབྱུང་བདེན་པ་ལས་བྱུང་དགོས་པའི་ཕྱིར་ཟེར་ན་དཔྱད། ཆོས་དེའི་བྲལ་འབྲས་ཡིན་ན་ཆོས་དེའི་སྐྱེས་བུ་བྱེད་འབྲས་ཡིན་པས་ཁྱབ་པར་ཐལ། མཆིམས་མཛོད་༢༠༠ལས། རྒྱུ་གང༷་གི༷་སྟོབ༷ས་ཀྱིས༷་འབྲས་བུ་གང༷་སྐྱེ༷་བའི༷་འབྲས༷་བུ་དེ༷་ནི་སྐྱེས༷་བུའི༷་བྱེད༷་པ་ལས༷་སྐྱེས༷་པའི་འབྲས་བུ་ཞེས་བྱ་སྟེ། ལམ་གྱི་སྟོབས་ཀྱིས་སོ་སོར་བརྟག་འགོག་ཐོབ་པ་ནི་གང་གི་སྟོབས་ཀྱིས་གང་འཐོབ་པ་དེ་ནི་ཞེས་བརྗོད་པར་བྱའོ། །ཞེས་པ་ནས། ༼ངའི་ནོར་སྐྱེས་སོ་ཞེས་ནོར་ཐོབ་པ་ལའང་སྐྱེས་པའི་སྒྲ་བརྗོད་པ་བཞིན་ནོ། །༽ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྐྱེས་བུ་བྱེད་འབྲས་དང་བྲལ་འབྲས་ལ་མུ་བཞི་ཡོད་པའི་ཕྱིར། དེར་ཐལ། མཆིམས་མཛོད་མཆན་༢༠༠ལས། དེ་ལ་གང་མཐོང་སྤང་སྤངས་པ་ནི་འཕགས་པ་མཐར་གྱིས་པའི་སྐྱེས་བུ་བྱེད་པ་དང་བྲལ་འབྲས་གཉིས་ཀ་དང༌། ཆགས་བྲལ་སྔོན་འགྲོ་ནི་སྐྱེས་བུ་བྱེད་འབྲས་ཁོ་ནའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མཆིམས་མཛོད་༢༠༠ལས། ཁ་ཅིག་གིས་ནི་རྒྱུའི་དེ་མ་ཐག་གམ་ཅིག་ཆར་དུ་འབྱུང་བ་ལ་འདོད་དེ། ཞེས་པ་ནས། ཁ་ཅིག་ཆོད་པའི་རྒྱུ་ལས་ཀྱང་སྐྱེས་བུ་བྱེད་པའི་འབྲས་བུ་འབྱུང་སྟེ་ཞིང་པ་རྣམས་ཀྱི་ལོ་ཏོག་ལྟ་བུའོ་ཞེས་ཟེར་ཏེ། འདི་ལྟར་ན་འབྲས་བུ་ཐམས་ཅད་ལ་སྐྱེས་བུ་བྱེད་པས་ཁྱབ་པར་འདོད་དོ། །ཞེས་སྐྱེས་བུ་བྱེད་འབྲས་དང་སྐྱེས་བུ་བྱེད་རྒྱུ་གཉིས་དངོས་འབྲས་དངོས་རྒྱུ་དགོས་པ་དང་མི་དགོས་པའི་འདོད་པ་གཉིས་ཡོད་པས་ལྟོས་ས་སོ་སོ་ལ་ལྟོས་ནས་བཞག་ཚུལ་སོགས་མཆིམས་མཛོད་གོང་འོག་ཏུ་གསལ་བས་ཞིབ་ཆ་དེར་ཤེས་པར་བྱའོ། །རྒྱུ་དེ་དག་ལ་འབྲས་བུ་བསྐྱེད་པའི་ནུས་པ་ཡོད་པས་མ་ཁྱབ་པར་ཐལ། འབྲས་བུ་བཟུང་ཟིན་པས་འདས་པའི་ཆོས་རྣམས་ཀྱིས་འབྲས་བུ་བསྐྱེད་པའི་ནུས་པ་མི་འཛིན་པའི་ཕྱིར། དེར་ཐལ། འདས་པ་དེ་དག་གིས་འབྲས་བུ་མི་འབྱིན་པའི་ཕྱིར། ཁྱབ་སྟེ། འབྲས་བུ་འབྱིན་འཛིན་སོ་སོའི་དོན། རྒྱལ་སྲས་མ་ལས། འཛིན་ཞེས་བྱ་བ་ནི་འཕེན་པར་བྱེད་པ་སྟེ། ས་བོན་གྱི་དངོས་པོ་ཉེ་བར་གནས་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང༌། གང་སྤེལ་ལས།འབྲས་བུ་འཛིན་ཞེས་བྱ་བ་ནི་འབྲས་བུ་འཕེན་པ་སྟེ། དངོས་པོ་གཞན་བསྐྱེད་པར་བྱ་བ་ལ་རྒྱུའི་དངོས་པོ་ཉེ་བར་འགྲོ་ཞེས་བྱ་བའི་དོན་ཏོ། །ཞེས་དང༌། མཆིམས་མཆན་༢༠༡ལས།འབྲས་བུ་འཛིན་པ་ནི་འབྲས་བུ་སྐྱེད་པའི་ནུས་པ་མཐུ་ཅན་ཡིན་པས་འབྲས་བུ་འབྱིན་པ་ནི་འབྲས་བུ་དངོས་སུ་བསྐྱེད་པའོ། །ཞེས་གསུངས་པའི་ཕྱིར། གོང་གི་རྟགས་གྲུབ་སྟེ། མཛོད་འགྲེལ་གནད་སྒྲོན་༥༤ལས། ལྔ་པོ་ད་ལྟ་འབྲས་བུ་འཛིན། །ཡོངས་སུ་བཟུང་ཟིན་པའི་ཕྱིར་འདས་པ་རྣམས་ཀྱང་མ་ཡིན་ལ། སྐྱེས་བུ་བྱེད་པ་མེད་པའི་ཕྱིར་མ་འོངས་པ་རྣམས་ཀྱང་མ་ཡིན་ནོ། །གཉིས་ནི་རབ་ཏུ་འབྱིན་པར་བྱེད། །ལྷན་ཅིག་འབྱུང་བ་དང༌། མཚུངས་པར་ལྡན་པའི་རྒྱུ་དག་ནི་ད་ལྟར་འབྲས་བུ་འབྱིན་པར་བྱེད་དོ། །ད་ལྟར་གྱི་དང་འདས་པ་དག །གཉིས་ཁོ་ན་སྐལ་པ་མཉམ་པ་དང༌། ཀུན་ཏུ་འགྲོ་བའི་རྒྱུ་དག་གོ །ད་ལྟར་བ་དག་ཀྱང་མཇུག་ཐོགས་སུ་སྒྲུབ་པའི་ཕྱིར་ཏེ། དེ་ཡང་ཕྱིས་འདས་པ་དག་གོ །གཅིག་ནི་འདས་པས་འབྱིན་པར་འགྱུར། །འདི་ལྟར་ལྷན་ཅིག་གམ་དེ་མ་ཐག་ཏུ་རྣམ་པར་སྨིན་པའི་འབྲས་བུ་ནི་མེད་དོ། །ཞེས་དང༌། མཆིམས་མཛོད་༢༠༡ལས། འདས་པ་ནི་བྱ་བ་འགགས་པའི་ཕྱིར་དང༌། མ་འོངས་པ་བྱ་བ་མ་སྐྱེས་པའི་ཕྱིར་དང༌། བྱེད་རྒྱུ་ནི་འབྲས་བུ་དང་བཅས་པ་ལ་ངེས་པའི་ཕྱིར་ནུས་པ་ཅན་དུ་མ་བརྗོད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་ཞིབ་ཏུ་བརྟག་པར་བྱའོ། །འབྲས་བུ་འབྱིན་འཛིན་ལ་ཡིན་མིན་གྱི་མུ་བཞི་ཡོད་དེ། རང་འགྲེལ་༡༨༩ལས། དགེ་བའི་སྐལ་བ་མཉམ་པའི་རྒྱུ་འབྲས་བུ་འཛིན་ལ་མི་འབྱིན་པ་ཡོད་དམ་ཞེ་ན་མུ་བཞི་སྟེ། མུ་དང་པོ་ནི་དགེ་བའི་རྩ་བ་དག་ཀུན་ནས་གཅོད་པས་ཐམས་ཅད་ཀྱི་ཐ་མར་འདོར་བའི་ཐོབ་པ་གང་དག་ཡིན་པའོ། །གཉིས་པ་ནི་དགེ་བའི་རྩ་བ་དག་གི་ཉིང་མཚམས་སྦྱོར་བས་ཐམས་ཅད་ཀྱི་དང་པོར་འཐོབ་པ་གང་དག་ཡིན་པའོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །འོ་ན་དགེ་རྩ་ཆད་ཁའི་དགེ་བའི་ཐོབ་པ་ལ་འབྲས་བུ་བསྐྱེད་པའི་ནུས་པ་མཐུ་ཅན་ཡིན་པར་ཐལ། འབྲས་བུ་འཛིན་པ་དེ་ཡིན་པའི་ཕྱིར། ཁྱབ་པ་མཆིམས་མཆན་གྱིས་འབྲས་བུ་འཛིན་པའི་དོན་སྔར་བཤད་པ་དེས་གྲུབ་ལ། རྟགས་རང་འགྲེལ་གྱིས་མུ་དང་པོར་བཞག་པས་གྲུབ་པའོ་ཟེར་བ་དང༌། དགེ་རྩ་དང་པོར་མཚམས་སྦྱོར་བའི་ཐོབ་པ་ལ་འབྲས་བུ་བསྐྱེད་པའི་ནུས་པ་མཐུ་ཅན་མེད་ལ་དགེ་རྩ་ཆད་ཁའི་ཐོབ་པ་ལ་ནུས་པ་མཐུ་ཅན་ཡོད་པའི་རྒྱུ་མཚན་ཡོད་མེད་དང་དེ་ལ་དགེ་རྩ་གཉིས་པ་བསྐྱེད་པའི་ནུས་པ་མཐུ་ཅན་ཡོད་མེད་སོགས་ལ་དཔྱད་པར་བྱའོ།། །།

རྐྱེན་བཤད་པའི་སྐབས་ཀྱི་དོགས་གཅོད།

རྐྱེན་བཤད་པའི་སྐབས་ཀྱི་དོགས་གཅོད་ནི།

རི་བོང་རྭའི་མིང་དེ་རི་བོང་རྭ་འཛིན་རྟོག་པའི་དམིགས་རྐྱེན་ཡིན་པར་ཐལ། མཆིམས་མཛོད་༢༡༢ལས། བྱེ་བྲག་ཏུ་སྨྲ་བ་རི་བོང་གི་རྭ་ལ་སོགས་པའི་མིང་དང་མཚན་མ་རྫས་སུ་ཡོད་པའི་ཕྱིར་དེ་དག་ལས་སྐྱེའོ་ཞེས་འདོད་ལ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རི་བོང་གི་རྭའི་མིང་མི་ཤེས་པའི་གང་ཟག་གི་རྒྱུད་ལ་རི་བོང་རྭ་འཛིན་རྟོག་པ་ཡོད་པའི་ཕྱིར་ཏེ། གང་ཟག་གི་བདག་གི་མིང་མི་ཤེས་པའི་རྒྱུད་ལ་བདག་འཛིན་ཡོད་པ་གང་ཞིག དེ་གཉིས་མཚུངས་པའི་ཕྱིར་ཟེར་ན་དཔྱད།ཤེས་པ་ཡིན་ན་མཚུངས་པ་དེ་མ་ཐག་རྐྱེན་ཡིན་པས་མ་ཁྱབ་པར་ཐལ། མཆིམས་མཛོད་༢༠༤ལས། སེམ༷ས་དང༷་སེམ༷ས་ལས་བྱུང༷་བ་རྣམས་ནི། མཚུངས་པ་དེ་མ་ཐག་རྐྱེན་ཡིན་ནོ། །ཞེས་སྦྱར་རོ། །ཐམས་ཅད་དམ་ཞེ་ན། དགྲ་བཅོམ་པ་མྱ་ངན་ལས་འདའ་ཁ་མའི་སེམས་སེམས་བྱུང་ཐ༷་མ༷་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་མིན༷་ཏེ། དེའི་ཚེ་སེམས་རྒྱུན་ཆད་པར་འདོད་པས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་འདྲའི་གཙོ་སེམས་ཆོས་ཅན། ཡིད་དབང་མ་ཡིན་པར་ཐལ། མཚུངས་པ་དེ་མ་ཐག་རྐྱེན་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཞེས་སོགས་གནས་དང་པོའི་མཇུག་ལྟར་དཔྱད་པར་བྱའོ། ། བདག་མེད་རྟོགས་པའི་སེམས་སེམས་བྱུང་གང་རུང་ཡིན་ན་རྐྱེན་བཞི་ལས་སྐྱེ་བས་ཁྱབ་པར་ཐལ། མཆིམས་མཛོད་༢༡༢ལས། འདུས་བྱས་དག་རྐྱེན་བཞི་ཀ་ལས་སྐྱེའམ་འོན་ཏེ་རེ་རེ་ལས་སྐྱེ་ཞེ་ན། རྐྱེན་བཞི༷་པོ་ཡིས༷་ནི་སེམས༷་དང༷་སེམས༷་ལས་བྱུང༷་བ་རྣམས༷་སྐྱེད་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར།འདོད་ན། མ་འོངས་པ་མི་སྐྱེ་བའི་སེམས་སེམས་བྱུང་རྣམས་ཆོས་ཅན། དེར་ཐལ། དེའི་ཕྱིར་ཟེར་ན་དཔྱད། མཆིམས་མཛོད་༢༡༢ལས། དམིགས་རྐྱེན་མ་གཏོགས་པ་གསུ༷མ་གྱིས༷་ནི༷་འདུ་ཤེས་མེད་པ་དང་འགོག་པའི་སྙོམ༷་པར༷་འཇུག༷་པ༷་གཉིས༷་པོ་དག་སྐྱེད་པ་ཡིན་ཏེ། འདི་ལ་མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་སྙོམས་པར་འཇུག་པའི་སེམས་ཡིན་ནོ། །དེའི་ཕྱིར་སྙོམས་འཇུག་འདི་གཉིས་སེམས་ཀྱིས་མངོན་པར་འདུ་བྱེད་པ་ལས་སྐྱེ་བས་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་གྱི་སེམས་སྐྱེ་བ་ལ་གེགས་བྱེད་པས་ན་མཚུངས་པ་དེ་མ་དག་པའི་རྐྱེན་ནི་མ་ཡིན་ནོ། །དམིགས་པའི་རྐྱེན་ལས་ནི་མི་སྐྱེ་སྟེ། དམིགས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཞེས་དང༌། དེ་༢༡༣ལས། མཚུངས་པ་དེ་མ་ཐག་པ་དང་དམིགས་རྐྱེན་ལས་ནི་མི་སྐྱེ་སྟེ། མཚུངས་ལྡན་མ་ཡིན་པའི་ཕྱིར། ཞེས་གསུངས་པ་ལྟར་སྙོམས་འཇུག་གཉིས་ལ་དེ་མ་ཐག་རྐྱེན་བཞག་པ་དང༌། གང་ཟག་ལ་དམིགས་རྐྱེན་མ་བཞག་པ་དང༌། རྣམ་པ་རིག་བྱེད་དང་རིག་མིན་གྱི་གཟུགས་ལ་དེ་མ་ཐག་རྐྱེན་མ་བཞག་པའི་རྒྱུ་མཚན་གང་ཡིན་དཔྱད། བདག་འཛིན་གྱི་མཇུག་དེ་མ་ཐག་ཏུ་བྱུང་བའི་བདག་མེད་རྟོགས་པའི་ཤེས་རབ་ཀྱི་དེ་མ་ཐག་རྐྱེན་ལ་བདག་འཛིན་ཞིག་ཡོད་མེད་དང༌། མ་ཆགས་པས་ཆགས་པའི་དེ་མ་ཐག་རྐྱེན་བྱེད་པ་ཡོད་མེད་སོགས་ལ་དཔྱད། མཆིམས་མཛོད་༢༡༦ལས། འདོད་པའི་ལུང་མ་བསྟན་ལས་གཟུགས་ཀྱི་དགེ་བ་འབྱུང་བ་ནི་འདོད་པའི་སྤྲུལ་སེམས་ཁོ་ནའི་རྗེས་སུ་ཡིན་ལ། ཞེས་གསུངས་པ་ལ་འདོད་པའི་སྤྲུལ་སེམས་ལས་གཞན་པའི་འདོད་པའི་ལུང་མ་བསྟན་ལས་གཟུགས་ཀྱི་དགེ་བ་འབྱུང་བ་མེད་པའི་རྒྱུ་མཚན་ལ་དཔྱད། འདོད་སེམས་ཀྱིས་གཟུགས་མེད་ལ་ཞི་བར་ལྟ་བ་དང༌། གཟུགས་མེད་ཀྱིས་འདོད་པར་སྐྱོན་དུ་ལྟ་བ་མེད་པར་ཐལ། མཆིམས་མཛོད་༢༡༨ལས། འདོད་པའི་དགེ་བ་ལས་ནི་གཟུགས་མེད་ལ་སྙོམས་པར་མི་འཇུག་སྟེ། རིང་བ་ཉིད་བཞིས་རིང་བའི་ཕྱིར་རོ། །ཞེས་པ་ནས། རྣམ་པ་རིང་བ་ནི་འདོད་པ་ལ་རགས་པ་དང་དེ་ལ་ཞི་བའི་རྣམ་པར་མི་ལྟ་བའི་ཕྱིར་རོ། །དམིགས་པ་རིང་བ་ནི་དེས་འདོད་པ་ལ་མི་དམིགས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། འདོད་སེམས་ལ་ཁམས་གསུམ་འཁོར་བ་མཐའ་དག་སྡུག་བསྔལ་དུ་མཐོང་བ་ཡོད་པ་གང་ཞིགགཟུགས་མེད་ཀྱི་སེམས་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་པ་རྟོགས་པ་ཡོད་པའི་ཕྱིར་ཟེར་ན་དཔྱད། མཛོད་འགྲེལ་གནད་སྒྲོན་༥༩ལས། སློབ་པ་བཞི་ལས། ཁམས་གསུམ་པའི་དགེ་བ་དང་སློབ་པ་ལས་སོ། །དེ་ལས་ལྔ། བཞི་པོ་དེ་དག་ཉིད་དང༌། མི་སློབ་པའོ། །ཞེས་གསུངས་པ་ལ་མི་སློབ་པའི་ལམ་གྱི་མཇུག་མཐར་ཉོན་མོངས་ཅན་གྱི་སེམས་འབྱུང་བ་མེད་དམ་དཔྱད། སེམས་བརྒྱད་ཀྱི་མཇུག་ཐོགས་སུ་བྱུང་བའི་འདོད་སེམས་ཡོད་པར་ཐལ།རྩ་བར། འདོད་སེམས་དགེ་བ་ལས་སེམས་དགུ། །དེ་ནི་བརྒྱད་པོ་ཁོ་ན་ལས། །ཞེས་གསུངས་པའི་ཕྱིར། འདོད་ན། སེམས་བརྒྱད་ཀྱི་མཇུག་ཐོགས་སུུ་བྱུང་བའི་འདོད་སེམས་ཀྱི་ཡིན་པ་ཡོད་མེད་ཅི་ཞེས་པ་དང༌། ཡིན་པ་མེད་ན་ཡང་དེ་འདྲའི་འདོད་སེམས་མངོན་དུ་གྱུར་བའི་གང་ཟག་ཡོད་པར་ཐལ། དེ་འདྲའི་འདོད་སེམས་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་མངོན་དུ་གྱུར་བའི་ལམ་ཞུགས་ཀྱི་གང་ཟག་ཞིག་མེད། ལམ་མ་ཞུགས་ཀྱི་གང་ཟག་ཀྱང་མེད་པའི་ཕྱིར་ཟེར་བ་དང༌། གཟུགས་ཀྱི་དགེ་སེམས་ལས་འདོད་སེམས་མངོན་གྱུར་དུ་བྱུང་བའི་ཚེ་སེམས་བརྒྱད་ཀྱི་ནང་གི་སེམས་གཅིག་ཙམ་གྱི་མཇུག་ཐོགས་སུ་བྱུང་བའི་འདོད་སེམས་མངོན་དུ་གྱུར་བ་དང་སེམས་བརྒྱད་ཀྱི་མཇུག་ཐོགས་སུ་བྱུང་བའི་འདོད་སེམས་མངོན་དུ་གྱུར་བ་གང་ཡིན། དཔེར་ན་དགེ་བ་ཡིན་པའི་ཡིད་ཀྱི་རྣམ་ཤེས་དེ་ཁམས་བཅོ་བརྒྱད་ཀྱི་ནང་ནས་དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་པའི་ཡིད་ཤེས་ཡིན་ནམ་དེའི་ནང་ནས་དེ་གསུམ་མེད་པའི་ཡིད་ཤེས་གང་ཡིན་དང༌། བདེ་བ་དང་མཚུངས་པར་ལྡན་པའི་རྩ་ཉོན་དྲུག་གི་ནང་གི་མ་རིག་པ་དེ་ལ་མ་རིག་པ་བཞག་གམ་མ་རིག་པའི་བྱེ་བྲག་བདེ་བ་དང་མཚུངས་ལྡན་གྱི་མ་རིག་པ་ཁོ་ན་བཞག་དགོས་སམ་ཅི་ཡིན་དང༌། བདེ་བ་དང་མཚུངས་པར་ལྡན་པའི་རྩ་ཉོན་དྲུག་གི་ནང་གི་མ་རིག་པ་སྤངས་མ་ཐག་པ་ལ་དགྲ་བཅོམ་པ་དགོས་སམ་ཅི་ཡིན་དེ་དག་ལ་དཔྱད་པར་བྱའོ། །འཆི་སེམས་ལ་དགེ་བ་སྦྱོར་བྱུང་མེད་པར་ཐལ། མཆིམས་མཛོད་༢༡༧ལས། འཆི་སེམས་ནི་ཟག་མེད་གཉིས་དང་དགེ་བ་སྦྱོར་བྱུང་དང་བཟོའི་གནས་པ་དང༌། སྤྲུལ་སེམས་མ་གཏོགས་པ་རང་གི་ས་བའི་དགེ་བ་སྐྱེས་ཐོབ་དང་མི་དགེ་བ་དང་སྒྲིབ་ལ་ལུང་མ་བསྟན་དང་རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ་རྣམས་ཅི་རིགས་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། སྦྱོར་བྱུང་དགེ་བས་འཆི་སེམས་བྱེད་པ་མེད་པའི་རྒྱུ་མཚན་འཆི་སེམས་མི་གསལ་བས་ཡིན་པ་ནི། མཛོད་འགྲེལ་ཟླ་བའི་འོད་ཟེར་ལས། དགེ་སེམས་ཀྱིས་འཆི་སེམས་བྱེད་ཚེ་ཁམས་གསུམ་གྱི་དགེ་བ་སྐྱེས་ཐོབ་ཀྱིས་བྱེད་ཀྱི་སྦྱོར་བྱུང་གིས་མི་བྱེད་དེ།སྦྱོར་བྱུང་ནི་གསལ་ལ་འཆི་སེམས་ནི་མི་གསལ་བའི་ཕྱིར། སྙོམས་པར་འཇུག་སེམས་ནི་སྦྱོར་བྱུང་གིས་བྱེད་ཀྱི་སྐྱེས་ཐོབ་ཀྱིས་མ་ཡིན་ཏེ་མི་གསལ་བའི་ཕྱིར། ཞེས་གསུངས་པས་སོ། །འོ་ན་འདོད་སེམས་སྐྱེས་ཐོབ་དགེ་བས་འཆི་སེམས་བྱེད་པ་མེད་པར་ཐལ། དེ་གསལ་བ་ཡིན་པའི་ཕྱིར་ཏེ། རང་འགྲེལ་༢༠༦ལས། འདོད་པ་ན་སྤྱོད་པའི་སྐྱེས་ནས་ཐོབ་པ་ལ་ནི་གསལ་བའི་ཕྱིར། ཞེས་སོགས་དང༌། མཆིམས་མཛོད་༢༢༥ལས། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེའང་འདོད་པའི་ནི་གསལ་བས་དགེ་བ་སྐྱེས་ཐོབ་ལའང་ཡོད་ལ། ཁམས་གོང་མ་གཉིས་ཀྱི་ནི་སྐྱེས་ཐོབ་མི་གསལ་བས་ལྡང་སེམས་མེད་ཀྱི་དགེ་བ་སྦྱོར་བྱུང་ཁོ་ན་ལ་ཡོད་དོ། །ཞེས་པའི་དམིགས་བསལ་དེ་དག་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། གནས་སྐབས་སམ་ཚེ་བརྒྱད་ལས་གཞན་ལ་སེམས་བཅུ་གཉིས་ཅི་རིགས་འབྱུང་བ་ཡོད་མེད་དཔྱད། སེམས་ཉི་ཤུ་པོ་དེ་དག་གང་གི་མཇུག་ཐོགས་སུ་གང་འབྱུང་བའི་སྡོམ་ནི། རྒྱལ་སྲས་མ་ལས། འདོད་དགེ་སྦྱོར་བྱུང་ལས་བཅུ་དང༌། །རེ་བརྒྱད་དགེ་བ་གཞན་ལས་ནི། །དགུ་སྟེ་དེ་ནི་བཅུ་གཅིག་ལས། །ཉོན་མོངས་པ་ཅན་ལས་བདུན་ཏེ། །དེ་དག་སོ་སོར་བཅུ་བཞི་ལས། །སྤྱོད་ལམ་རྣམ་སྨིན་སྐྱེས་ལས་བརྒྱད། །དེ་དག་བདུན་ལས་བཟོའི་གནས་ལས། །དྲུག་སྟེ་དེ་ནི་བདུན་ལས་སོ། །སྤྲུལ་བ་ལས་གཉིས་དེ་གཉིས་ལས། །གཟུགས་ན་སྦྱོར་བྱུང་དགེ་བ་ལས། །བཅུ་གཉིས་དེ་ནི་བཅུ་ལས་སོ། །མ་འབད་བྱུང་དགེ་ལས་བརྒྱད་དོ། །ལྔ་ལས་ཉོན་མོངས་ཅན་ལས་དགུ །དེ་ནི་བཅུ་གཅིག་ལས་ཡིན་ཏེ། །སྤྱོད་ལམ་རྣམ་སྨིན་སྐྱེས་ལས་བདུན། །གཉིས་པོ་དེ་ནི་ལྔ་ལས་སོ། །མངོན་ཤེས་འབྲས་ལས་སེམས་གཉིས་ཏེ། །དེ་བཞིན་དེ་ནི་གཉིས་ཉིད་ལས། །གཟུགས་མེད་སྦྱོར་བྱུང་དགེ་ལས་བདུན། །དེ་ནི་དྲུག་པོ་ཁོ་ན་ལས། །མ་འབད་བྱུང་བའི་དགེ་ལས་བདུན། །དེ་བཞི་ལས་གཞན་བརྒྱད་པ་ནི། །ཉོན་མོངས་ཅན་ལས་དེ་བཅུུ་ལས། །རྣམ་སྨིན་སྐྱེས་ལས་རྣམ་དྲུག་སྟེ། །བཞི་ལས་སློབ་པ་ལས་དྲུག་གོ །དེ་ནི་བཞི་བོ་ཁོ་ན་ལས། །མི་སློབ་པ་ལས་ལྔ་དེ་ཡང༌། །ལྔ་བོ་དག་གི་མཇུག་ཐོགས་སུ། །ཞེས་གསུངས་ལ་རྒྱས་པར་རང་འགྲེལ་༢༠༣དུ་གསལ་བས་དེར་བལྟ་བར་བྱའོ། །དགྲ་བཅོམ་པ་ལས་ཉམས་མ་ཐག་པ་དེའི་ཉོན་མོངས་ཅན་གྱི་སེམས་གསར་དུ་རྙེད་པའི་དགྲ་བཅོམ་པ་ལས་ཉམས་པ་ཡོད་ན་དེ་ལས་ཉམས་མ་ཐག་པ་དེའི་རྒྱུད་ཀྱི་ཉོན་མོངས་ཀྱི་རྒྱུན་དུ་གྱུར་བའི་དགྲ་བཅོམ་པའི་རྒྱུད་ཀྱི་ཤེས་པ་ཡོད་དམ་ཅི། མེད་ན་མི་རིགས་ཏེ། བྱེ་བྲག་སྨྲས་བས་བར་དོ་སྒྲུབ་བྱེད་ལ་འབྲུ་ཡི་རྒྱུན་དང་ཆོས་མཐུན་པའི་སྒོ་ནས་སྒྲུབ་པའི་ཕྱིར། ཁྱབ་སྟེ། དངོས་པོ་དེ་དང་དེ་ལ་རང་གི་སྔ་ལོག་དེ་མ་ཐག་ཏུ་རང་གི་རྒྱུན་ཡོད་མི་དགོས་ན་སྐྱེ་སྲིད་ལ་དེ་ལྟར་མི་དགོས་པས་བར་དོ་སྒྲུབ་མི་ནུས་པའི་ཕྱིར་ཟེར་བ་དང༌། ཟག་མེད་ལམ་གྱིས་ཉོན་མོངས་པ་སྤངས་པ་ལ་ཉམས་པ་ཡོད་མེད་དང༌། ཡོད་ན་ཐར་བ་ལ་ཡིད་བརྟན་མེད་པར་མི་འགྱུར་བའི་རྒྱུ་མཚན་སོགས་ལ་དཔྱད། ཉོན་མོངས་པ་མངོན་དུ་གྱུར་ནས་དགྲ་བཅོམ་པ་ལས་ཉམས་མ་ཐག་པས་སློབ་སེམས་གསར་དུ་རྙེད་པ་ཡིན་པར་ཐལ། མཆིམས་མཛོད་༢༢༧ལས། འདོད་པའི་མི་དགེ་བས་དགྲ་བཅོམ་ལས་ཉམས་ན་ཁམས་གོང་མ་གཉིས་ཀྱི་སྒྲིབ་པ་གཉིས་དང༌། སློབ་པའི་ཐོབ་པ་འབྱུང་སྟེ། དེ་ལྟར་ན་སྤྱིར་འདོད་པའི་ཉོན་མོངས་ཅན་གྱི་སེམས་མངོན་དུ་གྱུར་པ་ན་སེམས་དྲུག་གི་ཐོབ་པ་སྔར་མི་ལྡན་པ་ལས་གསར་དུ་རྙེད་པ་ཡིན་གྱི་མངོན་དུ་གྱུར་པ་ནི་མ་ཡིན་ནོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །འདོད་ན། དགྲ་བཅོམ་པ་ཉམས་མ་ཐག་པ་དེས་སློབ་སེམས་ཐོབ་པ་སྔར་སྐྱེས་རྙེད་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མཐོང་ལམ་ཐོབ་ཁ་མ་ལ་སློབ་སེམས་ཐོབ་པར་ཐལ་ལོ་ཟེར་ན་དཔྱད་པར་བྱའོ། །ཆགས་བྲལ་གཟུགས་ཁམས་སུ་སྐྱེས་མ་ཐག་ལ་གཟུགས་ཀྱི་དགེ་བ་སོགས་གསུམ་གསར་དུ་རྙེད་པ་ཡིན་པར་ཐལ། མཛོད་འགྲེལ་ཟླ་བའི་འོད་ཟེར་ལས། གཟུགས་སྐྱེས་དགེ་ལ་གསུམ་དག་གོ །དགེ་བ་དེ་ཉིད་དང༌།འདོད་པ་དང་གཟུགས་ན་སྤྱོད་པའི་མ་སྒྲིབ་ལ་ལུང་དུ་མ་བསྟན་པ་དག་གོ །ཞེས་དང༌། མཆིམས་མཛོད་༢༢༧ལས། འདོད་པ་ལས་འདོད་ཆགས་དང་བྲལ་བ་ན་གཟུགས་ཀྱི་ཁམས་སུ་སྐྱེས་པ་བསམ་གཏན་དངོས་གཞིའི་དགེ་བ་མངོན་དུ་བྱས་པ་ལ་ནི་༼རང་སའི་དགེ་བ་དང་འདོད་གཟུགས་ཀྱི་སྤྲུལ་སེམས་གཉིས་ཏེ༽གསུམ་དག་ཐོབ་སྟེ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེས་སྔར་འདོད་པའི་རྟེན་ལ་ཆགས་པ་དང་བྲལ་བ་དེའི་ཚེ་དེ་དག་ཐོབ་པ་ཡོད་པའི་ཕྱིར་ཟེར་ན་བརྟག་པར་བྱའོ། །དེ་ལྟར་དཔྱད་པའི་སྒོ་རེ་བཤད་པ་ཐམས་ཅད་ནི་སྐབས་ཐམས་ཅད་རང་ལུགས་ཚད་གྲུབ་བྱས་པ་མ་ཡིན་པར་བློ་གསར་རྣམས་ལ་རིག་པའི་སྒོ་བརྒྱ་ཕྱེ་བའི་ཆེད་དུ་བྱས་པ་ཡིན་ནོ། །དེ་ལྟར་ཡིན་པ་སེམས་ལ་བཟུང་ནས་དོགས་གཅོད་འདི་དག་ལ་འཇུག་པར་བྱའོ། །

སྨྲས་པ།དབང་པོ་ཉེར་གཉིས་འདུས་བྱས་ཆོས་ཀྱི་གཞི། །གཟུགས་ཅན་གཟུགས་ཅན་མ་ཡིན་སྐྱེ་བའི་ཚུལ། །རྒྱུ་རྐྱེན་འབྲས་བུའི་ཆོས་ཚུལ་མ་ལུས་པ། །བཤད་ཕྱིར་དོན་གཉེར་ལྡན་རྣམས་འཇུག་པར་རིགས། །ཞེས་མཛོད་རྩ་འགྲེལ་གྱི་དོགས་གཅོད་ལམ་བཟང་གསལ་བའི་སྒྲོན་མེ་ཞེས་བྱ་བའི་གནས་གཉིས་པའི་བཤད་པ་རྫོགས་སོ།། །།

སངས་རྒྱས་གཉིས་པ་ཀུན་མཁྱེན་དབྱིག་གཉེན་གྱི་ཞབས་ལ་གུས་པས་ཕྱག་འཚལ།

སངས་རྒྱས་གཉིས་པ་ཀུན་མཁྱེན་དབྱིག་གཉེན་གྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །

དེ་ལ་འདིར་མཛོད་གནས་གསུམ་པའི་དཀའ་གནས་འགའི་དོགས་གཅོད་ཅུང་ཟད་འཆད་པར་བྱའོ། །དེ་ལ་ཁམས་གསུམ་དུ་དབྱེ་བའི་སྐབས་ཀྱི་དོགས་གཅོད་ནི། མཆིམས་མཛོད་༢༣༠ལས། ཐོག་མར་སྡུག་བདེན་འཆད་པའི་མཚན་གཞི་ནི་གང་སྐྱེ་བ་སེམས་ཅན་དང༌། གང་དུ་སྐྱེ་བ་སྣོད་ཀྱི་འཇིག་རྟེན་དང་གཉིས་ཏེ། ཐུན་མོང་མིན་པ་དང་ཐུན་མོང་གི་ལས་གྲུབ་པའོ། །མཚན་ཉིད་ནི་སྡུག་བསྔལ་གསུམ་གྱིས་ཅི་རིགས་སུ་སྡུག་བསྔལ་བའོ། །ཞེས་གསུངས་པ་ལ་བུམ་པ་ཆོས་ཅན། སྡུག་བསྔལ་གསུམ་གྱིས་ཅི་རིགས་པར་སྡུག་བསྔལ་བ་ཡིན་པར་ཐལ། སྡུག་བདེན་ཡིན་པའི་ཕྱིར། འདོད་ན། བུམ་པ་དེ་སྡུག་བསྔལ་གསུམ་པོ་གང་ཡིན་དང་སྤྱིར་སྡུག་བསྔལ་གསུམ་སོ་སོའི་ཚད་དམ་དོན་དང་དེ་གསུམ་འགལ་བ་ཡིན་མིན་སོགས་ལ་དཔྱད། གྲུབ་མཐའ་གོང་མའི་ལུགས་ལ་དག་པའི་འཇིག་རྟེན་ལམ་བདེན་ཡིན་པར་ཐལ། མཆིམས་མཛོད་༢༣༠ལས། དག་པའི་འཇིག་རྟེན་སློབ་དཔོན་འཕགས་པ་ལམ་བདེན་དུ་འདོད་ཅིང་བསྡུ་བ་ལས་དེ་དག་དུས་གསུམ་པ་ཐོབ་པའི་བྱང་སེམས་རྣམས་སྨོན་ལམ་གྱི་དབང་གིས་སྐྱེ་བར་བཤད། ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད། འདོད་ཁམས་ཀྱི་དོན་ནི། མཆིམས་མཛོད་༢༣༡ལས། དེ་ལྟར་ན་དམྱལ་བ་ནས་ལྷ་དྲུག་གི་བར་སྣོད་དང་བཅས་པ་དག་ནི་འདོད་པའི་ཁམས་ཡིན་ཏེ། འདིར་སེམས་ཅན་རྣམས་ནི་ཁམ་ཟས་དང༌། འཁྲིག་པ་ལ་འདོད་ཆགས་དང་བཅས་ཤིང་འདོད་ཡོན་ལྔས་འཚོ་བའི་ཕྱིར་དང༌།སྣོད་ཀྱང་འདོད་པ་དང་ལྡན་པའི་སེམས་ཅན་གྱི་གནས་ཡིན་པའི་ཕྱིར་དང༌། རང་གི་མཚན་ཉིད་ཀྱང་འཛིན་པའི་ཕྱིར། ཞེས་གསུངས་ལ། དེ་ལྟར་ན་འོ་ན་འདོད་པ་ལ་འདོད་ཆགས་དང་བྲལ་བའི་འདོད་རྟེན་གྱི་ཕྱིར་མི་འོང་ཆོས་ཅན། འདོད་པ་ལ་ཆགས་པ་དང་བཅས་པ་ཡིན་པར་ཐལ། འདོད་ཁམས་པ་ཡིན་པའི་ཕྱིར་ཟེར་བ་དང༌། དམྱལ་བའི་སྡུག་བསྔལ་ལ་ཆགས་པའི་འདོད་ཆགས་དང་སྲེད་པ་ཡོད་མེད་གང་ཡིན་དང༌། འདོད་ཁམས་ཀྱི་དོན་ལ་འདོད་པའི་སྲེད་པས་རིས་སུ་བཅད་ཅིང་ལྟ་བས་བདག་གིར་བྱས་པ་ཞེས་པ་དང༌། ཡང་ན་འདོད་པའི་ལས་ཀྱི་དབང་གིས་བྱུང་བའི་ཟག་བཅས་ཟེར་ན་དེ་དག་གོ་བ་ལ་འདོད་ཁམས་རྟོགས་དགོས་པ་ཡིན་མིན་སོགས་ལ་དཔྱད། མཆིམས་མཛོད་༢༣༡ལས། གྲང་དམྱལ་དང་ཉེ་འཁོར་བ་རྣམས་ནི་ཚ་དམྱལ་གྱི་འཁོར་གནས་པའི་ཕྱིར་དང༌། ཉི་ཚེ་བ་ལ་གནས་ངེས་པ་མེད་པའི་ཕྱིར་མ་བགྲངས་སོ། །གླིང་ཕྲན་རྣམས་ཀྱང་གླིང་གི་འཁོར་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལ་གྲང་དམྱལ་སོགས་ཚ་དམྱལ་གྱི་འཁོར་ཡིན་པའི་རྒྱུ་མཚན་དང༌། སྤྱིར་ཆོས་དེ་དང་དེའི་འཁོར་ཡྀན་པའི་ཚད་གང་ཡིན་དང༌། ཉི་ཚེ་བ་མ་བགྲངས་པའི་རྒྱུ་མཚན་གནས་ངེས་པ་མེད་པས་ཡིན་ན་དུད་འགྲོ་ཡང་གནས་ངེས་པ་མེད་པས་མི་བགྲངས་བར་འགྱུར་རོ་ཞེས་ཟེར་ན་དེ་དག་ལ་ཅུང་ཟད་དཔྱད། ལྷ་མིན་ལ་འགྲོ་བ་ལྔ་ཡོད་པར་ཐལ། མཆིམས་མཛོད་༢༣༡ལས། ལྷ་མ་ཡིན་ལ་སོགས་པ་རྣམས་ཀྱང་འདོད་ཁམས་ཡིན་མོད་ཀྱི་དེ་ནི་འདོད་པའི་འགྲོ་བ་ལྔར་འདུས་པར་འཆད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ལྷ་མ་ཡིན་ལྷ་ཁོ་ན་ཡིན་པའི་ཕྱིར་ཏེ། ས་སྡེ་ལས། ལྷ་མ་ཡིན་རྣམས་ཀྱང་ལྷའི་འགྲོ་བས་བསྡུས་པ་ཁོ་ནར་བལྟ་བར་བྱའོ། །འོན་ཀྱང་དེ་དག་གཡོ་སྒྱུ་ཤས་ཆེ་བས་ལྷ་རྣམས་བཞིན་དུ་དཀར་པོའི་ཆོས་ཀྱི་སྣོད་དུ་མ་གྱུར་བས་དེའི་ཕྱིར་མདོ་གཞན་དག་ལས་འགྲོ་བ་ཐ་དད་པ་བསྟན་ཏོ། །དེ་དག་ལྷ་ཉིད་ཡིན་ཡང་ལྷའི་ཆོས་ཡང་དག་པར་བླངས་ཏེ་གནས་པ་མ་ཡིན་པས་དེའི་ཕྱིར་ལྷ་མ་ཡིན་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ཡང་འདོད་མི་རིགས་པར་ཐལ། དེ་ལ་ལྷ་དང་ཡི་དྭགས་གཉིས་ཡོད་པའི་ཕྱིར་ཏེ། ཕུང་བོ་ལྔའི་རྣམ་བཤད་ལས། ལྷ་མ་ཡིན་གྱི་འགྲོ་བ་ནི། ལྷ་དང་ཡི་དྭགས་ཀྱི་འགྲོ་བར་འདུས་ཕྱིར་གུད་དུ་མ་སྨོས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ཡང་མི་རིགས་པར་ཐལ། དེ་ལ་ཡི་དྭགས་དང་དུད་འགྲོ་གཉིས་ཡོད་པའི་ཕྱིར། དྲན་པ་ཉེར་བཞག་ལས། ཡི་དྭགས་ཀྱི་འགྲོ་བར་གཏོགས་པ་དང་དུད་འགྲོའི་འགྲོ་བར་གཏོགས་པ་རྣམས་སོ། །དེ་ལ་དང་པོ་བདུད་ཀྱི་རིས་ཀྱི་ཡི་དྭགས་རྣམས་དང༌། ཡི་དྭགས་རྫུ་འཕྲུལ་ཆེན་པོ་རྣམས་སོ། །གཉིས་པ་རྒྱ་མཚོའི་གཏིང་གི་ས་གཞི་ལ་གནས་པ་སྟེ་རི་རབ་ཀྱི་རྟེན་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པའི་ས་འོག་ན་གནས་སོ། །ཞེས་སོགས་གསུངས་པའི་ཕྱིར་རོ་ཟེར་བ་དང༌། ལྷ་མ་ཡིན་གནས་ལོགས་སུ་མེད་ན་འགྲོ་བ་རིགས་དྲུག་གི་གྲངས་སུ་བགྲང་མི་རིགས་པར་འགྱུར་ལ། དེ་ཡང་རིགས་དྲུག་གི་གྲངས་སུ་བགྲངས་ཏེ།ཡབ་སྲས་མཇལ་བའི་མདོ་ལས། སེམས་ཅན་ཚོགས་ཀྱི་འགྲོ་དྲུག་གང་བསྟན་པ། །སེམས་ཅན་དམྱལ་དང་དུད་འགྲོ་ཡི་དྭགས་དང༌། །ལྷ་མིན་རིས་དང་མི་དང་ལྷ་ཡི་རྣམས། །མི་ཡི་སེང་གེ་ཀུན་རྫོབ་བཏགས་པར་བཤད། །ཅེས་གསུངས་པའི་ཕྱིར་ཟེར་ན་དེ་དག་དཔྱད། དགའ་བར་མི་བྱེད་པའི་ཕྱིར་དམྱལ་བ་སྟེ། ན་ར་ཀ་ཞེས་བྱ་བ་ལ་དག་པ་དང་ར་ཀ་དགའ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ནི་དམྱལ་བའི་སྒྲ་བཤད་དང་དོན་གཉིས་ལས་གང་ཡིན་སྒྲ་བཤད་ཙམ་ཡིན་ན་དམྱལ་བའི་དོན་གང་ཡིན་དཔྱད། འདོད་པ་སོ་དྲུག་ནི། མཆིམས་མཛོད་༢༣༢ལས། སའི་དངོས་གཞི་ལས་ནི་ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད། ཡི་དྭགས་དང༌། ལྷ་མ་ཡིན་དང༌། མིའི་གླིང་བཞི་གླིང་ཕྲན་བརྒྱད་དེ་བཅུ་གཉིས། རྒྱལ་ཆེན་རིས་བཞི་ལ་སོགས་པ་ལྷ་རིས་དྲུག་སྟེ་གནས་སུམ་ཅུ་རྩ་དྲུག་པོ་འདི་དག་ནི་འདོད་པའི་ཁམས་ཞེས་བྱའོ། །དུད་འགྲོ་ནི་ལྷ་དང་མི་དང་ལྷན་ཅིག་རྒྱུ་བ་ཉིད་ཡིན་པས་དེའི་ཕྱིར་དེ་དག་གི་གནས་གཞན་ལོགས་ཤིག་ཏུ་རྣམ་པར་མི་བཞག་གོ །ཞེས་བཤད་ཅིང༌། ཞེས་གསུངས་སོ། །དེ་ལས་དུད་འགྲོ་དེར་མ་བགྲང་བ་ནི་ལྷ་མི་དང་ལྷན་ཅིག་རྒྱུ་བས་ཡིན་པར་གསུངས་ལ། འོ་ན་ཡི་དྭགས་དང་ལྷ་མ་ཡིན་སོགས་ཡང་ལོགས་སུ་བགྲངས་མི་རིགས་ཏེ། དེ་དག་ལྷ་མི་དང་ལྷན་ཅིག་རྒྱུ་བའི་ཕྱིར་ཟེར་བ་དང༌། དམྱལ་བ་ཉེ་འཁོར་བ་མ་བགྲངས་བའི་རྒྱུ་མཚན་གང་ཡིན་སོགས་འཚོལ་བར་བྱའོ། །ཡང་གཟུགས་ཁམས་དང་གཟུགས་མེད་ཀྱི་ཁམས་ཀྱི་དོན་ནི།གོ་རིམ་བཞིན་མཆིམས་མཛོད་༢༣༢ལས། གོང་མའི་གནས་བཅུ་བདུན་པོ་དག་ནི་གཟུགས་ཀྱི་ཁམས་ཡིན་ཏེ། འདོད་པ་ལས་འདོད་ཆགས་དང་བྲལ་ཞིང་གཟུགས་ལ་འདོད་ཆགས་དང་བཅས་པའི་ཕྱིར་དང༌། རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །ཞེས་དང༌། དེ་༢༣༤ལས། མཚན་ཉིད་ནི། འདོད་གཟུགས་ལས་འདོད་ཆགས་དང་བྲལ་ཞིང་གཟུགས་མེད་ལ་འདོད་ཆགས་དང་བཅས་པའོ། །ཁམས་ཀྱི་དོན་ནི་སྔ་མ་བཞིན་ནོ། །ཞེས་གསུངས་སོ། །དེ་གཉིས་ལ་རིམ་པ་ལྟར་འདོད་རྟེན་ཅན་གྱི་ཆགས་བྲལ་བའི་གང་ཟག་དང༌། འདོད་གཟུགས་གང་རུང་གི་རྟེན་ཅན་གཟུགས་ཀྱི་ཉོན་མོངས་ལ་ཆགས་བྲལ་བྱས་པའི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར་ཟེར་ན་བརྟག་པར་བྱའོ། །སྲོག་ཡིན་ན་རྣམ་ཤེས་ཀྱི་རྟེན་ཡིན་པས་མ་ཁྱབ་པར་ཐལ། མཆིམས་མཛོད་༢༣༤ལས། གཟུགས་མེད་པའི་ཁམས་དེར་ནི་རིས་མཐུན་པ་དང་སྲོག་གི་དབང་པོ་ལ་སེམས་ཀྱི་རྒྱུད་ནི་བརྟེན་པར་འདོད་པ་ཡིན་ལ། ཡང་གི་སྒྲས་ནི་ལས་ལ་བརྟེན་པ་གསུངས་སོ། །ཞེས་པ་ནས། གལ་ཏེ་འདོད་གཟུགས་ནའང་དེ་དག་ལ་ཇི་ལྟར་མི་བརྟེན་ཞེ་ན། དེ་དག་ཏུ་གཟུགས་ཀྱི་འདུ་ཤེས་དང་མ་བྲལ་བས་སྲོག་ལ་སོགས་པ་སྟོབས་ཆུང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྩ་བར། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ་ཟེར་ན་དཔྱད། འཕགས་པ་ལ་ཉོན་མོངས་ཅན་མེད་པར་ཐལ། མཆིམས་མཛོད་༢༣༥ལས། གལ་ཏེ་ཉོན་མོངས་ཅན་དང་དགེ་བ་ཡིན་ན་འཕགས་པ་དང་དགེ་རྩ་ཆད་པ་རྣམས་འགྲོ་བས་མ་བསྡུས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། དེ་ལ་རང་འགྲེལ་དུ་གདགས་པའི་བསྟན་བཅོས་དྲངས་པ་ལས། སྐྱེ་གནས་བཞིས་ནི་འགྲོ་བ་ལྔ་བསྡུས་ཀྱི་འགྲོ་བ་ལྔས་ནི་སྐྱེ་གནས་བཞི་མ་བསྡུས་ཏེ། གང་ཞིག་མ་བསྡུས་ཤེ་ན་སྲིད་པ་བར་མའོ། །ཞེས་གསུངས་པ་ལྟར་འཕགས་པ་ལ་བར་དོ་བ་ཡོད་པས་དེ་འགྲོ་བ་ལྔས་མ་བསྡུས་པར་གསུངས་པས་འཕགས་པ་ལ་ཡང་འགྲོ་བས་ཁྱབ་པ་ཡོད་མེད་དཔྱད། དྲི་ཟ་ལ་ལྷའི་རོལ་མོ་མཁན་གྱིས་ཁྱབ་པར་ཐལ། མཛོད་འགྲེལ་ཟླ་ཟེར་༡༠༢ལས། དྲི་ཟ་ནི་ལྷའི་རོལ་མོ་མཁན་ཡིན་པས་ན་ལྷར་གཏོགས་ལ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྐབས་འདིར་མཆིམས་མཛོད་༢༣༧ལས། དྲི་ཟ་ནི་བར་སྲིད་པ་དང་ལྷའི་རོལ་མོ་བྱེད་པ་གཉིས་ལས་དང་པོ་ནི་འགྲོ་བས་མ་བསྡུས་ལ་ཕྱི་མ་ནི་ལྷ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ།། །།

རྣམ་ཤེས་ཀྱི་གནས་པ་དང་སེམས་ཅན་གྱི་གནས་པ་བཤད་པའི་སྐབས་ཀྱི་དོགས་གཅོད།

རྣམ་ཤེས་ཀྱི་གནས་པ་དང་སེམས་ཅན་གྱི་གནས་པ་བཤད་པའི་སྐབས་ཀྱི་དོགས་གཅོད་ནི།

ངན་སོང་གསུམ་ལུས་དང་འདུ་ཤེས་ཐ་དད་པ་དེ་ཡིན་པར་ཐལ། མཆིམས་མཛོད་༢༣༧ལས། འགྲོ་བ་ལྔའི་ཁམས་གསུམ་པོ་འདིར་རྣམ་ཤེས་ཀྱི་གནས་པ་བདུན་བཤད་དེ། མདོ་ལས། སེམས་ཅན་གཟུགས་ཅན་ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་དག་ཡོད་དེ།འདི་ལྟ་སྟེ། མི་རྣམས་དང་ལྷ་ཁ་ཅིག་གོ །འདི་རྣམ་པར་གནས་པ་དང་པོའི་ཞེས་གསུངས་ཏེ།དེ་ལ་ལུས་དང་འདུ་ཤེས་ཐ་དད་པའི་སེམས་ཅན་ནི། ༼ངན་སོང་གསུམ་དང་༽མི་རྣམས་དང༌། འདོད་པའི་ལྷ་རྣམས་དང༌། བསམ་གཏན་དང་པོར་ཕྱིས་སྐྱེས་པ་རྣམས་ཡིན་ཏེ། ལུས་ཀྱང་ཁ་དོག་དང་རྟགས་དང་དབྱིབས་ཐ་དད་པའི་ཕྱིར་དང༌། འདུ་ཤེས་ཀྱང་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ཐ་དད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་ཤེས་ཀྱི་གནས་པ་ཙམ་ཡང་མ་ཡིན་པའི་ཕྱིར་ཏེ། མཆིམས་མཛོད་༢༤༠ལས། དེ་དག་གི་ལྷག་མ་ངན་སོང་གསུམ་དང་བསམ་གཏན་བཞི་བ་དང་སྲིད་རྩེ་བ་རྣམས་ནི་རྣམ་པར་ཤེས་པ་གནས་པ་མ་ཡིན་ཏེ། ༼ངན་སོང་གསུམ་ན་སྡུག་བསྔལ་དང༌། བསམ་གཏན་བཞི་བ་ན་འདུ་ཤེས་མེད་པ་བ་རྒྱུ་འབྲས་དང་སྲིད་རྩེ་ན་འགོག་པའི་སྙོམས་འཇུག་གིས༽རྣམ་པར་ཤེས་པ་དེ་འཇོམས་པར་བྱེད་པ་དང་ལྡན་པའི་ཕྱིར་དང༌། བསམ་གཏན་བཞི་བ་ན།ཞེས་པ་ནས། དེ་དག་རྣམ་ཤེས་གནས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་གནས་པ་ནི་གཞན་ན་གནས་པ་དེར་འགྲོ་བར་འདོད་པ་དང་དེར་གནས་པ་གཞན་དུ་བསྐྱོད་པར་མི་འདོད་པ་ཡིན་ན་དེ་དག་ནི་དེ་ལྟ་མ་ཡིན་པའི་ཕྱིར། ཞེས་སོགས་གསུངས་སོ། །དེ་ལ་འཇོམས་བྱེད་ཡོད་ན་རྣམ་ཤེས་ཀྱི་གནས་པ་མ་ཡིན་པས་ཁྱབ་པར་ཐལ། བསམ་གཏན་བཞི་བ་སོགས་ན་དེ་མེད་པའི་རྒྱུ་མཚན་འཐད་པའི་ཕྱིར། འདོད་ན། ཁམས་གསུམ་གྱི་སེམས་སེམས་བྱུང་ཐམས་ཅད་རྣམ་ཤེས་ཀྱི་གནས་པ་མ་ཡིན་པར་ཐལ། འགོག་སྙོམས་ཀྱིས་ཁམས་གསུམ་གྱི་སེམས་སེམས་བྱུང་ཐམས་ཅད་བཀག་པས་ལུགས་འདིར་འགོག་སྙོམས་སེམས་མེད་དུ་འདོད་པའི་ཕྱིར་དང༌། ལམ་བདེན་ལ་བརྟེན་ནས་ཁམས་གསུམ་གྱི་ཟག་བཅས་ཐམས་ཅད་སྤངས་པའི་ཕྱིར་ཟེར་ན་དཔྱད། ཡང་བྱེ་བྲག་ཞིག་ལ་འཇོམས་བྱེད་ཡོད་ན་སྤྱི་ལ་འཇོམས་བྱེད་ཡོད་དགོས་པར་ཐལ། བསམ་གཏན་བཞི་བ་ལ་འཇོམས་བྱེད་ཡོད་པའི་རྒྱུ་མཚན་དེའི་བྱེ་བྲག་འདུ་ཤེས་མེད་པ་པ་ལ་འཇོམས་བྱེད་ཡོད་པའི་རྒྱུ་མཚན་ལས་གཞན་མེད་པའི་ཕྱིར་རོ་ཟེར་ན་དཔྱད། ཕྱིས་སུ་སྐྱེས་པའི་ཚངས་ཆེན་རྣམས་ལོག་ལྟའི་གནས་མ་ཡིན་པར་ཐལ།བསམ་གཏན་དང་པོར་ཕྱིས་སྐྱེས་པ་སྔར་སྐྱེས་པ་ཞེས་སོ་སོར་གསུངས་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཏེ། མཆིམས་མཛོད་ལས། བསམ་གཏན་དང་པོར་ཕྱིས་སྐྱེས་པ་རྣམས་ཡིན་ཏེ། ལུས་ཀྱང་ཁ་དོག་དང་རྟགས་དང་དབྱིབས་ཐ་དད་པའི་ཕྱིར་དང༌། འདུ་ཤེས་ཀྱང་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ཐ་དད་པའི་ཕྱིར་རོ། །ཞེས་དང༌། མཆིམས་མཛོད་ལས། ཡང་མདོ་ལས། སེམས་ཅན་གཟུགས་ཅན་ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་དག་ཀྱང་ཡོད་དེ།འདི་ལྟ་སྟེ། ཚངས་རིས་ཀྱི་ལྷ་གང་དག་དང་པོར་བྱུང་བ་དེ་དག་གོ །འདི་ནི་རྣམ་པར་ཤེས་པ་གནས་པ་གཉིས་པའོ། །ཞེས་གསུངས་ཏེ། དེ་ལ་ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་ནི་བསམ་གཏན་དང་པོར་སྔར་སྐྱེས་པ་རྣམས་ཏེ། ལུས་ཆེ་བ་དང༌། ༼འཁོར༽ཆུང་བའི་ཕྱིར་དང༌། འདུ་ཤེས་ནི་ཚངས་པ་ཆེན་པོ་ནི་འདི་དག་བདག་གི་འདོད་པ་ལས་བྱུང་ངོ་སྙམ་པ་ལ།དེའི་འཁོར་དུ་དང་པོར་སྐྱེས་པ་དེ་དག་ཀྱང་བདག་ཅག་ནི་ཚངས་པ་ཆེན་པོའི་འདོད་པ་ལས་བྱུང་ངོ་སྙམ་དུ་སེམས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེར་འདུ་ཤེས་ཐ་དད་པའི་རྒྱུ་མཚན་བཤད་པ་དེ་ལ་ཁྱབ་པ་ཡོད་མེད་དང༌། ཕྱིས་སུ་སྐྱེས་པའི་ཚངས་ཆེན་ལོག་ལྟའི་གནས་མ་ཡིན་པར་འདོད་མི་ནུས་ཏེ། བར་འདའ་བ་དང་སྐྱེ་འདའ་བ་ལ་བཅུ་དྲུག་བཅུ་དྲུག་ལས་ལྷག་མངོན་པ་འོག་མའི་ལུགས་འདིར་མ་གསུངས་པའི་ཕྱིར་ཟེར་བ་དང༌། བསམ་གཏན་གཉིས་པའི་ལྷ་རྣམས་ལུས་ཐ་དད་ཡིན་པར་ཐལ། ལུས་ཆེ་ཆུང་ཡོད་པའི་ཕྱིར་ཏེ། རྩ་བར།ལུས་ནི་གཉིས་འགྱུར་གཉིས་འགྱུར་ཏེ། །ཞེས་གསུངས་པའི་ཕྱིར་ཟེར་བ་རྣམས་ལ་དཔྱད།ཡང་ཚངས་ཆེན་ལ་ལོག་ལྟའི་གནས་ཀྱིས་མ་ཁྱབ་པར་ཐལ། སྔོན་གྱི་བསྐལ་བ་དེ་ཆུས་འཇིག་ནས་དེའི་རྗེས་སུ་ཆགས་པའི་བཅུད་ཀྱི་སེམས་ཅན་ཆགས་པ་ན་ཚངས་ཆེན་དང་པོར་ཆགས་པ་མ་ཡིན་པ་གང་ཞིག ཚངས་ཆེན་ལོག་ལྟའི་གནས་ཡིན་པའི་རྒྱུ་མཚན་བསྐལ་བ་འཇིག་རྗེས་ནས་ཚངས་ཆེན་ཐོག་མར་གྲུབ་དགོས་པའི་རྒྱུ་མཚན་ལས་གཞན་མེད་པའི་ཕྱིར། རྟགས་ཕྱི་མ་སླ། རྟགས་དང་པོ་དེར་ཐལ། ཆུས་འཇིག་ན་བསམ་གཏན་གཉིས་པ་ནས་ཐོག་མར་བཅུད་གྲུབ་པ་དང་རླུང་གིས་འཇིག་པ་ན་ཐོག་མར་བསམ་གཏན་གསུམ་པ་ནས་གྲུབ་དགོས་པ་ཡིན་པའི་ཕྱིར་རོ་ཞེས་ཟེར་ན་དཔྱད། མཆིམས་མཛོད་༢༣༨ལས། ཡང་མདོ་ལས། སེམས་ཅན་གཟུགས་ཅན་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་འོད་གསལ་གྱི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པ་གནས་པ་གསུམ་པའོ་ཞེས་གསུངས་ཏེ།དེ་ལ་ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་ལས་བཟློག་པ་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་ནི་བསམ་གཏན་གཉིས་པའི་ལྷ་རྣམས་ཏེ། ལུས་ནི་འོད་ཀྱི་རང་བཞིན་དུ་གཅིག་པ་དང༌། ཁ་དོག་དང་དབྱིབས་དང་རྟགས་ཀྱང་འདྲ་བའི་ཕྱིར་དང༌། འདུ་ཤེས་ནི་དངོས་གཞིའི་ཡིད་བདེས་སྐྱོ་ན་ཉེར་བསྡོགས་ཀྱི་བཏང་སྙོམས་མངོན་དུ་བྱེད་ལ། ཉེར་བསྡོགས་ཀྱི་བཏང་སྙོམས་ཀྱིས་སྐྱོ་ན་དངོས་གཞིའི་ཡིད་བདེ་མངོན་དུ་བྱེད་པས་ཐ་དད་པའི་ཕྱིར་རོ། །ཞེས་གསུངས་པའི་ལུས་གཅིག་པའི་རྒྱུ་མཚན་འོད་ལུས་སུ་གཅིག་པ་སོགས་བསམ་གཏན་དང་པོར་ཚང་བ་ཡིན་མིན་དང༌། འདུ་ཤེས་ཐ་དད་པའི་དོན་བསམ་གཏན་གསུམ་པ་ལ་ཚང་བར་ཐལ། བསམ་གཏན་གསུམ་པའི་བདེ་བ་སོགས་ལ་ཡིད་སྐྱོ་ནས་བསམ་གཏན་བཞི་བ་ལ་ཞི་བར་ལྟ་བ་བསམ་གཏན་གསུམ་པ་དེར་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་ལས།དེ་ལྟ་ན་བསམ་གཏན་གསུམ་པ་རྣམས་ཀྱང་དེར་ཐལ་བར་འགྱུར་རོ་ཞེ་ན། མི་འགྱུར་ཏེ།ཡིད་བདེ་ནི་སེམས་གཡོ་བར་བྱེད་པས་མ་ཞི་བས་དེས་སྐྱོ་ལ། བདེ་བ་ནི་ཞི་བ་ཡིན་པས་དེས་མི་སྐྱོ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དེ་དག་ལ་དཔྱད། ཁ་དོག་དང་དབྱིབས་དང་རྟགས་འདྲ་ན་ལུས་གཅིག་པ་དང༌། སེམས་བདེ་བར་གནས་པར་འདྲ་ན་འདུ་ཤེས་གཅིག་པས་ཁྱབ་པར་ཐལ། མཆིམས་མཛོད་༢༣༩ལས། མདོ་ལས། སེམས་ཅན་གཟུགས་ཅན་ལུས་གཅིག་ཅིང་འདུ་ཤེས་གཅིག་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། དགེ་རྒྱས་ཀྱི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པ་གནས་པ་བཞི་པའོ། །ཞེས་གསུངས་ཏེ། དེ་ལ་ལུས་དང་འདུ་ཤེས་གཉིས་ཀ་གཅིག་པ་ནི་བསམ་གཏན་གསུམ་པའི་ལྷ་རྣམས་ཏེ། ལུས་ནི་ཁ་དོག་དང་དབྱིབས་དང་རྟགས་འདྲ་བའི་ཕྱིར་དང༌། འདུ་ཤེས་སེམས་བདེ་བར་གནས་པ་འདྲ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། བ་གླང་རྣམས་ལུས་གཅིག་པར་ཐལ་བ་དང༌། ཚོར་བ་བདེ་བ་ལ་གནས་པའི་གང་ཟག་ཐམས་ཅད་འདུ་ཤེས་གཅིག་པར་འགྱུར་མི་འགྱུར་ཅི། ཚོར་བ་བདེ་བ་ལ་གནས་པ་གཅིག་ན་འདུ་ཤེས་གཅིག་དགོས་ན་སྡུག་བསྔལ་ལ་གནས་པ་འདྲ་བ་དང༌། བཏང་སྙོམས་ལ་གནས་པ་འདྲ་ན་འདུ་ཤེས་གཅིག་པར་འགྱུར་རོ་ཞེ་ན་དཔྱད། བསམ་གཏན་བཞི་བ་དང་སྲིད་རྩེ་སོགས་རྣམ་ཤེས་རྒྱས་པ་མ་ཡིན་པར་ཐལ། རྣམ་ཤེས་ཀྱི་གནས་པ་མ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། མཆིམས་མཛོད་ལས།བསམ་གཏན་བཞི་བ་དང་སྲིད་རྩེ་བ་རྣམས་ནི་རྣམ་པར་ཤེས་པ་གནས་པ་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། གོང་དུ་ཁྱབ་པ་ཡོད་དེ། རྣམ་ཤེས་ལ་གནས་པའི་དོན་ནི། མཆིམས་མཛོད་༢༤༠ལས། དེ་ལྟར་ན་དེ་དག་ནི་རྣམ་ཤེས་གནས་པ་ཞེས་བྱ་སྟེ། དེ་དག་ཏུ་རྣམ་ཤེས་༼སྲིད་པའི་ཚུལ་གྱི་རྟེན་ཅིང་༽རྒྱས་པའི་ཕྱིར་རོ། །ཞེས་དང༌། མཆིམས་མཛོད་༢༤༠ལས། རྣམ་པར་ཤེས་པ་གནས་པ་ནི། གཞན་ན་གནས་པ་དེར་འགྲོ་བར་འདོད་པ་དང་དེར་གནས་པ་གཞན་དུ་བསྐྱོད་པར་མི་འདོད་པ་ཡིན་ན་དེ་དག་ནི་དེ་ལྟ་མ་ཡིན་པའི་ཕྱིར་དང༌། སྲིད་རྩེ་བ་སེམས་ཀྱི་རྒྱུ་བ་མི་གསལ་བའི་ཕྱིར་རོ། །ཞེས་འཆད་དོ། །ཞེས་གསུངས་པའི་ཕྱིར་རོ་ཟེར་ན་དཔྱད། བསམ་གཏན་བཞི་བ་ཐམས་ཅད་སྐབས་འདིའི་སེམས་ཅན་གྱི་གནས་པ་ཡིན་པར་ཐལ། མཆིམས་མཛོད་༢༤༠ལས། ཡང་སེམས་ཅན་གྱི་གནས་དགུ་བཤད་པ་གང་ཞེ་ན། སྔར་སྨོས་པའི་རྣམ་ཤེས་གནས་པ་བདུན་དང༌། སྲིད་པའི་རྩེ་མོ་དང་འདུ་ཤེས་མེད་པའི་སེམས་ཅན་རྣམས་ནི་སེམས་ཅན་གྱི་གནས་དགུ་ཡིན་པར་མདོ་ལས་བཤད་དོ། །དེ་ལ་འདུ་ཤེས་མེད་པའི་སེམས་ཅན་སྨོས་པས་བསམ་གཏན་བཞི་བ་ཐམས་ཅད་བཟུང་སྟེ། ཞེས་གསུངས་པའི་ཕྱིར། འདོད་ན། བསམ་གཏན་བཞི་བ་རྣམས་རང་དགར་དུ་གནས་པ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། ངན་སོང་བ་རྣམས་སེམས་ཅན་གྱི་གནས་པ་མ་ཡིན་པའི་རྒྱུ་མཚན་རང་དགར་དུ་གནས་པ་མ་ཡིན་པ་དེ་ཡིན་པའི་ཕྱིར་ཏེ། མཆིམས་མཛོད་༢༤༡ལས། སྔར་གྱི་དགུ་ལས་ངན་སོང་བ་རྣམས་ནི་སེམས་ཅན་གྱི་གནས་མིན་པར་རིག་པར་བྱ་སྟེ། བཙོན་ར་དང་གཤེད་མ་ལ་སོགས་པ་སེམས་ཅན་གྱི་རང་དགར་དགའ་མགུར་གནས་པའི་གནས་མ་ཡིན་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། སློབ་དཔོན་འདུན་བཟང་དེ་ལྟར་འདོད་དེ། མཆིམས་མཛོད་༢༤༠ལས། སློབ་དཔོན་འདུན་བཟང་ནི་འདུ་ཤེས་མེད་པའི་སེམས་ཅན་མ་གཏོགས་པའི་བསམ་གཏན་བཞི་བ་གཞན་རྣམས་ནི་སེམས་ཅན་གྱི་གནས་མ་ཡིན་ཏེ། ཞེས་པ་ནས། འཕགས་པ་ནི་སྤྲིན་མེད་པ་དང་བསོད་ནམས་སྐྱེས་པ་རྣམས་གནས་གཙང་མ་དང་གཟུགས་མེད་དུ་འཇུག་པར་འདོད་ཅིང༌། གནས་གཙང་མ་པ་རྣམས་མྱང་འདས་སུ་འཇུག་པར་འདོད་པས་དེ་ན་གནས་འདོད་ཀྱི་བློ་མེད་ཅིང༌། དེ་ནས་བསྐྱོད་པར་འདོད་པའི་བློ་དང་ལྡན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །བསམ་གཏན་བཞི་བ་རྣམས་རང་དགར་དུ་གནས་པ་ཡིན་པར་འདོད་མི་རིགས་ཏེ། ལས་ཉོན་གྱི་དབང་གིས་གཞན་དབང་དུ་གྱུར་བ་དང་གནས་གཙང་གི་འཕགས་པ་རྣམས་ཀྱི་འདོར་འདོད་ཤུགས་དྲག་པོ་ཡོད་པའི་ཕྱིར་ཟེར་བ་དང༌། ཡང་ངན་སོང་བ་ཡིན་ན་རང་ལུས་འདོར་འདོད་ཡོད་པས་ཁྱབ་པར་ཐལ་ལོ་ཟེར་ན་དེ་དག་ལ་དཔྱད། ས་གཞན་གྱིས་ས་གཞན་གྱི་རྟེན་བྱེད་པ་མེད་པར་ཐལ། མཛོད་འགྲེལ་གནད་སྒྲོན་ལས། ཟག་པ་དང་བཅས་པའི་ཕུང་པོ་བཞི། །དེ་དག་ཀྱང༌། རང་གི་ས་པ་ཉིད། ས་གཞན་དུ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གནས་པ་ནི་རྟེན་པ་མ་ཡིན་ན་སྐལ་བ་མི་མཉམ་པའི་ས་པའི་ཕུང་པོ་དག་ནི་རྣམ་པར་ཤེས་པ་སྲིད་པའི་དབང་གིས་མི་རྟེན་པའི་ཕྱིར་རོ། །ཞེས་དང༌། མཆིམས་མཛོད་༢༤༡ལས། དེ་ཡང་རང་གི་ས་པ་ཉིད་ཡིན་གྱི་ཟག་མེད་དང་ས་གཞན་ནི་མ་ཡིན་ཏེ། ཟག་མེད་ནི་རྣམ་ཤེས་ཀྱི་གཉེན་པོ་ཡིན་པའི་ཕྱིར་དང༌། ས་གཞན་ནི་ས་གཞན་གྱི་རྣམ་ཤེས་ཀྱི་རྟེན་དུ་མི་འཐད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་ལྟར་ན་བསམ་གཏན་དང་པོའི་སེམས་ཀྱི་མཇུག་ཐོགས་སུ་བསམ་གཏན་གཉིས་པའི་སེམས་མངོན་དུ་བྱེད་ན་དེའི་ཡིད་དབང་སྔར་གྱི་བསམ་གཏན་དང་པོའི་སེམས་དེ་མ་ཡིན་པར་ཐལ། དེ་གཉིས་ས་མི་གཅིག་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། རྣམ་ཤེས་ཀྱི་གནས་ལ་རྣམ་ཤེས་ཞིག་མེད་པར་ཐལ། རྩ་བར། རྣམ་ཤེས། འབའ་ཞིག་གནས་པར་མ་བཤད་དོ། །ཞེས་དང༌། མཆིམས་མཛོད་༢༤༡ལས།གལ་ཏེ་གཟུགས་ལ་སོགས་པ་ཁོ་ན་ཡིན་གྱི་རྣམ་ཤེས་མ་ཡིན་པ་ཅི་ཡིན་ཞེ་ན་རྣམ་ཤེས་ནི་རྣམ་པར་ཤེས་པའི་གནས་པར་མ་བཤད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན་རྣམ་ཤེས་ཀྱི་རྟེན་ལ་རྣམ་ཤེས་མེད་པར་ཐལ། དེའི་གནས་ལ་རྣམ་ཤེས་མེད་པའི་ཕྱིར་ཟེར་ན་དཔྱད། ཡང་ངན་སོང་གསུམ་སོགས་རྣམ་ཤེས་ཀྱི་གནས་པ་ཡིན་པར་ཐལ། རྣམ་ཤེས་ཀྱི་གནས་པ་བཞིས་བསྡུས་པའི་ཕྱིར་ཏེ། མཆིམས་མཛོད་༢༤༡ལས། དེ་དག་གི་བསྡུ་བ་བཤད་ན་མུ་ནི་བཞི་ཡིན་ནོ། །འདི་ལྟར་བདུན་གྱིས་བསྡུས་ལ་བཞིས་མ་བསྡུས་པ་ནི་རྣམ་པར་ཤེས་པ་གནས་པ་བདུན་དུ་གཏོགས་པའི་རྣམ་ཤེས་སོ། །༼དེ་ཡང་བདུན་ནི་ཕུང་བོ་ལྔའི་ངོ་བོ་ཡིན་པས་སོ། །༽བཞིས་བསྡུས་ལ་བདུན་གྱིས་མ་བསྡུས་པ་ནི་ངན་སོང་གསུམ་དང་བསམ་གཏན་བཞི་པ༼ཟག་བཅས་༽དང་སྲིད་པའི་རྩེ་མོ་པ་རྣམས་ཀྱི་རྣམ་ཤེས་ལས་གཞན་པའི་ཕུང་བོའོ། །གཉིས་ཀ་ཡིན་པ་ནི་རྣམ་པར་ཤེས་པ་གནས་པ་བདུན་དུ་གཏོགས་པ་རྣམ་ཤེས་སུ་མ་གཏོགས་པའི་ཕུང་བོ་བཞིའོ། །གཉིས་ཀ་མ་ཡིན་པ་ནི་ངན་སོང་གསུམ་དང་བསམ་གཏན་བཞི་བ་དང་སྲིད་རྩེའི་རྣམ་ཤེས་དང་ཟག་པ་མེད་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྣམ་ཤེས་ཀྱི་གནས་པ་ཡིན་པའི་ཚད་ལ་དཔྱད་པར་བྱའོ།། །།

སེམས་ཅན་གྱི་སྐྱེ་གནས་བཞི་བཤད་སྐབས་ཀྱི་དོགས་གཅོད།

སེམས་ཅན་གྱི་སྐྱེ་གནས་བཞི་བཤད་སྐབས་ཀྱི་དོགས་གཅོད་ནི།

མཛོད་འགྲེལ་ཟླ་ཟེར་ལས། ཤིག་དང་གྲོག་སྦུར་སོགས་ནི་དྲོད་གཤེར་སྐྱེས་དང༌། ཞེས་གསུངས་མོད་ཚིག་མཛོད་སོགས་ལས་སྲོ་མ་ནི་ཤིག་གི་སྒོ་ང་ཡིན་པར་བཤད་པས་ཤིག་དྲོད་གཤེར་ལས་སྐྱེས་པ་ཡིན་མིན་བརྟག་དགོས་སོ། །རྫུས་སྐྱེས་སུ་གྱུར་བའི་མི་ལ་བསྐལ་བ་དང་པོའི་མི་ཡིན་པས་ཁྱབ་པར་ཐལ། མཛོད་རང་འགྲེལ་༢༢༣ལས། མི་རྣམས་ནི། ཞེས་པ་ནས། རྫུས་ཏེ་སྐྱེ་བ་ནི་བསྐལ་བ་དང་པོ་པ་རྣམས་ཁོ་ནའོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ།མཆིམས་མཛོད་༢༤༣ལས། རྫུས་ཏེ་སྐྱེ་བ་ནི་བསྐལ་བ་དང་པོའི་མི་རྣམས་དང༌། འཕགས་པ་ལྷ་དང༌། མཚོ་སྐྱེས་ལ་སོགས་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ཡང་མི་རིགས་པར་ཐལ། རྒྱ་གར་ཆོས་འབྱུང་༡༡༠ལས། འདིར་དངོས་གནས་སུ་བརྗོད་ན། བཞི་བརྒྱ་བའི་འགྲེལ་པར་སློབ་དཔོན་ཟླ་བ་གྲགས་པས་ཀྱང་སངྒ་ལའི་གླིང་གི་རྒྱལ་བའི་སྲས་སུ་བཤད། འཕགས་ཡུལ་གྱི་གཏམ་ཁུངས་མ་ལ་ཡང་དེ་བཞིན་དུ་གྲགས་པས་དེ་ལྟར་བཤད་ན། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མཛོད་འགྲེལ་གནད་སྒྲོན་མ་ལས། འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར། །སྲིད་པ་ཆད་ལས་འབྱུང་བ་མིན། །རྒྱུན་གྱིས་འཇུག་པའི་ཆོས་རྣམས་ནི་རྒྱུན་མི་ཆད་པར་ཡུལ་གཞན་དག་ཏུ་འབྱུང་བར་མཐོང་སྟེ། དཔེར་ན་འབྲུའི་རྒྱུན་ལྟ་བུའོ། །ཞེས་དང༌། མཆིམས་མཛོད་༢༤༤ལས། གང་གི་ཕྱིར་ཟེར་ན། ས་བོན་ལས་མྱུ་གུ་དང་དེ་ལས་སྡོང་བུ་ལ་སོགས་པ་བར་མ་ཆད་པར་འབྱུང་བའི་འབྲུའི་རྒྱུན་དང་རྒྱུན་གྱི་འབྲས་བུ་ཉིད་དུ་ཆོས་མཐུན་པའི་ཕྱིར་རོ། །འདི་ནི་རྟགས་དང་དཔེ་ཅིག་ཆར་དུ་སྟོན་པའི་ངག་སྟེ་འབྲུའི་རྒྱུན་བཞིན་ཞེས་བྱ་བ་ནི་དཔེའོ། །ཞེས་པ་ནས། སྐྱེ་བའི་སྲིད་པའང་རྒྱུན་གྱི་འབྲས་བུ་ཡིན་ནོ་ཞེས་རྒྱུ་སྔོན་དུ་སོང་བ་ཉིད་དུ་སྒྲུབ་པའི་འབྲས་བུའི་རྟགས་ཡིན་ནོ། །ཞེས་པའི་སྐབས་ནས་བསྟན་པའི་རྟགས་སྦྱོར་འགོད་ཚུལ་ནི། རང་འགྲེལ་༢༢༥ལས། རྒྱུན་གྱི་འཇུག་པའི་ཆོས་རྣམས་ནི་རྒྱུན་མི་འཆད་པར་ཡུལ་གཞན་དག་ཏུ་འབྱུང་བ་མཐོང་སྟེ། དཔེར་ན་འབྲུའི་རྒྱུན་ལྟ་བུའོ། །དེ་ལྟ་བས་ན་སེམས་ཅན་གྱི་སེམས་ཀྱི་རྒྱུན་འདི་ཡང་མི་འཆད་པར་ཡུལ་གཞན་དུ་འབྱུང་བའི་ཆོས་ཅན་ཡིན་ནོ། །ཞེས་དང༌། རྒྱལ་སྲས་མ་ལས། སྐྱེ་བའི་སྲིད་པའི་གཟུགས་ནི་གང་དང་བྲལ་བ་དང༌། གང་དུ་སྐྱེ་བ་དེ་དག་གི་བར་མའི་རྒྱུད་ལ་ཡོད་པའི་གཟུགས་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། གཉིས་ལས་འབྱུང་བ་མ་ཡིན་པ་ནི་ཉེ་བར་ལེན་པ་གཟུགས་ཀྱི་རྒྱུན་གྱི་ངོ་བོའི་ངོ་བོ་ཉིད་ཅན་ཡིན་པའི་ཕྱིར་རོ། །འབྲུའི་རྒྱུན་ཕྱིས་འབྱུང་བའི་གཟུགས་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་རོ། །དེའི་སྐབས་ནས་བསྟན་པའི་རྟགས་ཆོས་དོན་གསུམ་དང༌། དེའི་རྟགས་དེ་འབྲས་རང་གི་རྟགས་གང་ཡིན་དང༌། འབྲས་རྟགས་ཀྱི་སྦྱོར་བ་ཇི་ལྟར་འགོད་ཚུལ་དང་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ལ་གང་འཇོག་རྣམས་ཐུགས་ལ་གསལ་བར་མཛད་དགོས་པའོ། །བར་སྲིད་ཡོད་པར་སྒྲུབ་བྱེད་ཀྱི་ལུང་ནི། མཆིམས་མཛོད་༢༤༥ལས། ལུང་གིས་བསྒྲུབ་པ་ནི་སྲིད་པ་བདུན་པའི་མདོ་ལས། སྲིད་པ་ནི་བདུན་ཏེ། དམྱལ་བའི་སྲིད་པ་དང༌། དུད་འགྲོའི་སྲིད་པ་དང། ཡི་དྭགས་ཀྱི་སྲིད་པ་དང༌། ལྷའི་སྲིད་པ་དང༌། མིའི་སྲིད་པ་དང༌། ལས་ཀྱི་སྲིད་པ་དང༌། སྲིད་པ་བར་མའོ་ཞེས་བཅོམ་ལྡན་འདས་ཀྱི་མགུར༷་ཉིད་ནས༷་དངོས་སུ་གསུང༷ས་པའི་ཕྱིར༷་བར་སྲིད་ཡོད༷་པར་གྲུབ་པོ། །ཞེས་པ་ནས། དགའ་བོ་མངལ་འཇུག་གི་མདོ་ལ་སོགས་པ་ལས། གནས་གསུམ་མངོན་དུ་གྱུར་ན་མའི་མངལ་དུ་བུ་ཆགས་པར་འགྱུར་ཏེ། གསུམ་གང་ཞེ་ན། མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང་ཕ་མ་ཆགས་པར་གྱུར་ཅིང་ཕྲད་པ་དང༌། དྲི་ཟ་ཡང་ཉེ་བར་གནས་པར་གྱུར་ནའོ་ཞེས་གསུངས་པས་དེའི་དྲི༷་ཟ༷་ནི་བར་སྲིད་ལས་གཞན་མ་ཡིན་པའོ། །ཞེས་གསུངས་སོ། །དེ་ལ་ཡང་དྲི་ཟ་ལ་གོང་དུ་བཤད་པ་ལྟར་བར་དོ་བས་མ་ཁྱབ་ན་དྲི་ཟ་ཉེ་བར་གནས་ན་བར་དོ་ཡོད་དགོས་པ་ཡིན་མིན་དང་བར་སྲིད་ཁས་མི་ལེན་པའི་ཕྱོགས་སྔ་ལ་སྒྲུབ་ཚུལ་གང་ཡིན་སོགས་ལ་དཔྱད། ཡང་བར་དོ་བ་ལ་དྲི་ཟ་ཡིན་པས་མ་ཁྱབ་སྟེ། མཆིམས་མཛོད་༢༥༡ལས། གཟུགས་ཀྱི་ལྷའི་བར་སྲིད་ནི་དྲི་ཟ་བ་མ་ཡིན་ཏེ། ཁམ་གྱི་ཟས་ལ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་མཆིམས་མཛོད་༢༤༨ལས། འོག་མིན་པའི་ལུས་དཔག་ཚད་ཁྲི་དྲུག་སྟོང་བ་ཡིན་པའི་ཕྱིར་དང༌། གཟུགས་ཁམས་པའི་བར་སྲིད་ལུས་རྫོགས་པར་འགྲུབ་པའི་ཕྱིར་དང༌། འཛམ་བུ་གླིང་ལ་ནི་དཔག་ཚད་དྲུག་སྟོང་དང་ཕྱེད་དང་བཞི་ལས་མེད་པའི་ཕྱིར་རོ་ཞེ་ན། ནམ་མཁའ་ཡངས་ཤིང་རྟེན་འོད་ལྟར་དང་བས་འགར་ཡང་ཐོགས་པ་མེད་པའི་ཕྱིར་རོ། །ཞེས་སློབ་དཔོན་གང་སྤེལ་འཆད་དོ། །དེའི་ཕྱིར་ཀུན་ལས་བཏུས་ལས་ཀྱང་གང་དུ་སྐྱེ་བར་འགྱུར་བ་དེའི་བྱད་གཟུགས་སོ་ཞེས་བཤད་དོ། །ཞེས་གསུངས་པ་ལ་དཔེར་ན་མི་ཞིག་ཚེ་འཕོས་ཚེ་བརྒྱལ་སངས་པ་དང་མཉམ་དུ་སྙིང་དབུས་སུ་གཟུགས་ཀྱི་བར་སྲིད་གྲུབ་པ་ཡིན་པས་བར་དོ་བའི་གཟུགས་དེ་ཐོགས་བཅས་ཀྱི་གཟུགས་ཡིན་མིན་སོགས་ལ་དཔྱད། ཡང་བར་སྲིད་པ་ལ་དབང་པོ་ཀུན་ཚང་བར་ཐལ། མཛོད་འགྲེལ་གནད་སྒྲོན་༧༠ལས། དབང་པོ་ཀུན་ཚང༌། དབང་པོ་ལྔ་ཆར་ཚང་བའོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེའི་དབང་པོ་ལྔ་ཐོགས་བཅས་ཀྱི་གཟུགས་ཡིན་པར་ཐལ། དབང་པོ་ལྔ་དང་གཟུགས་སྒྲ་སོགས་དོན་ལྔ་དང་བཅུ་པོ་ཐོགས་བཅས་ཡིན་པའི་ཕྱིར་ཏེ། རྩ་བར།ཐོགས་དང་བཅས་པ་གཟུགས་ཅན་བཅུ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཛོད་འགྲེལ་གནད་སྒྲོན་༧༠ལས། ཐོགས་མེད་ལྡན། འདི་ལ་གང་དུ་ཡང་ཐོགས་པ་མེད་པའོ། །ཞེས་དང༌། མཆིམས་མཛོད་༢༥༠ལས། སྲིད་པ་ཚོལ་བ་ཡིན་པའི་ཕྱིར་མིག་ལ་སོགས་པའི་དབང་པོ་གཟུགས་ཅན་ལྔ་པོ་ཀུན་ཚང་ཞིང་རི་དང་བྲག་ལ་སོགས་པའང་ཐོགས་པ་མེད་པ་ཡིན་ཏེ། རྡོ་བ་དང་བྲག་སྲ་བ་ལ་སོགས་པའི་དཀྱིལ་ནའང་སྲིན་བུ་ལ་སོགས་པ་དམིགས་པའི་ཕྱིར་རོ། །འོན་ཀྱང་མའི་ལྟོ་དང་རྡོ་རྗེ་གདན་ལ་ཐོགས་སོ་ཞེས་གྲག་གོ །ཞེས་གསུངས་པའི་ཕྱིར་ཟེར་ན་དེ་ཐོགས་བཅས་ཐོགས་མེད་གང་ཡིན་སྔར་ལྟར་ཞིབ་པར་དཔྱད། ལྷ་སོགས་ཀྱི་བར་སྲིད་གྲུབ་ནས་ལྷ་སོགས་རིགས་མཐུན་གྱི་སྐྱེ་སྲིད་ངེས་པར་ལེན་དགོས་པར་ཐལ།མཛོད་འགྲེལ་གནད་སྒྲོན་༧༠ལས། མི་ཟློག །སྲིད་པ་བར་མ་དོར་ནས་ལྷའི་སྲིད་པ་བར་མའམ། གཞན་དུ་འགྱུར་བ་ནི་མི་སྲིད་དོ། །ཞེས་དང༌། མཆིམས་མཛོད་༢༥༡ལས། ལྷ་ལ་སོགས་པའི་བར་སྲིད་གཞན་དུ་མི་བཟློག་ཏེ། ལས་ཀྱིས་འཕངས་པའི་རྣམ་པར་སྨིན་པ་གྲུབ་ཟིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། བར་འདའ་བ་གཞི་གྲུབ་པ་དང༌། དུས་ངེས་པ་ཁྱི་སོགས་ལྕེ་སྤྱང་སོགས་སུ་སྐྱེ་བ་ཡོད་པའི་ཕྱིར་ཏེ། དེ་མེད་ན་དུས་ངེས་པའི་ཁྱི་སོགས་ཀྱི་བར་དོ་གྲུབ་ནས་སྐྱེ་སྲིད་དུ་ཡུན་རིང་པོར་སྙིང་མཚམས་མི་སྦྱོར་བར་འགྱུར་ལ། དེ་འདོད་ན། མཆིམས་མཛོད་ལས། ཀུན་ལས་བཏུས་ཀྱང༌། རེ་ལྟར་ཐོགས་ན་ཞག་བདུན་གནས་ཏེ་དེ་ཚུན་ཆད་ཀྱིས་འཆི་འཕོའོ་ཞེས་བཤད་དེ། ཞེས་སོགས་ཀྱིས་བར་དོ་བའི་ཚེ་ཚད་བཤད་པ་དང་འགལ་བར་འགྱུར་རོ། །ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ།དེ་ལྟར་འདོད་པ་གཞན་གྱི་འདོད་པ་ལས་བྱེ་བྲག་སྨྲ་བ་རང་གིས་འདོད་པ་མ་ཡིན་པའི་ཕྱིར་ཏེ། མཆིམས་མཛོད་༢༥༡ལས། བྱེ་བྲག་སྨྲ་བ་རྣམས་ནི། ཞེས་པ་ནས། གལ་ཏེ་དེར་ངེས་པར་སྐྱེ་བར་འགྱུར་བ་ཞིག་ཡིན་ན་ནི་དེའི་ལས་ཀྱིས་སྐྱེ་གནས་ཀྱི་ཚོགས་པ་འདྲེན་ལ། འོན་ཏེ་དེར་སྐྱེ་བར་མ་ངེས་ན་ནི་དེ་ལས་གཞན་པའི་ཡུལ་དུ་སྐྱེ་བར་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ན་རེ། ཞེས་པ་ནས། བ་ལང་གི་སྲིད་པ་བར་མ་རང་གི་སྐྱེ་གནས་མ་རྙེད་པ་རྣམས་ནི་དུས་མ་ངེས་པ་བ་མིན་དང༌། ཁྱི་རྣམས་ནི་ལྕེ་སྤྱང་དང༌། རྟ་རྣམས་ནི་བོང་བུ་དང༌། དོམ་རྣམས་ནི་དྲེད་རྣམས་སུ་སྐྱེའོ་ཞེས་ཟེར་ཏེ། དེ་ལ་ནི་འཕེན་པ་གཅིག་པའི་ཕྱིར་གང་དུ་སྐྱེ་བར་འགྱུར་བའི་བྱད་གཟུགས་ཅན་ཡིན་ནོ་ཞེས་གནོད་པས་སྔ་མ་ཉིད་འཐད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མངལ་དུ་ཤེས་བཞིན་དུ་འཇུག་པ་ནི། མཆིམས་མཛོད་ལས། ཤེས་བཞིན་དུ་འཇུག་པ་ནི་མའི་མངལ་ཉིད་དུ་ཤེས་ནས་དེ་ཉིད་དུ་འཇུག་པ་དང་གནས་པ་དང་དེ་ཉིད་ནས་འབྱུང་བར་ཤེས་པས་ཕྱིན་ཅི་ལོག་གི་འདུ་ཤེས་དང་མོས་པ་མི་འབྱུང་བའོ། །ཞེས་གསུངས་པའི་ཕྱིར་རོ། །འཇུག་གནས་འབྱུང་གསུམ་ལ་སོ་སོར་རྨོངས་མི་རྨོངས་ཀྱི་ཁྱད་པར་ཡོད་དེ། མཆིམས་མཛོད་ལས། ཡང་འཇུག་པ་ཤེས་ལ་ཕྱི་མ་གཉིས་མི་ཤེས་པ་དང༌། དང་པོ་གཉིས་ཤེས་ལ་འབྱུང་བ་མི་ཤེས་པ་དང༌། གསུམ་ག་ཤེས་པ་ཞེས་བྱ་བའི་མངལ་དུ་འཇུག་པ་ནི་གསུམ་དག་སྟེ། དེ་ལ་དེ་ལྟར་ཤེས་བཞིན་དུ་མའི་མང༷ལ་དུ༷་འཇུག༷་པ༷་ནི་གསུམ༷་དག༷་སྟེ༷། དེ་ལ་འཁོར༷་ལོའི༷་བསྒྱུར༷་པའི་རྒྱལ་པོ་ནི་དང༷་པོ་དང༌། རང༷་བྱུང༷་རང་རྒྱལ་དང༌། སངས་རྒྱས་བཅོམ་ལྡན་འདས་གཉིས་ནི་གཉིས་པ་དང་གསུམ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཁོར་ལོས་བསྒྱུར་བ༼འི་བར་སྲིད་༽ནི་༼བསོད་ནམས་༽ཀྱི་ལས་རྒྱ་ཆེ་བའི་ཕྱིར་དང༌། རང་སངས་རྒྱས་ནི་བསྐལ་བ་བརྒྱར་གོམས་པའི་ཡེ་ཤེས་རྒྱ་ཆེ་བའི་ཕྱིར་དང༌། སངས་རྒྱས་ནི་བསོད་ནམས་དང་ཡེ་ཤེས་གཉིས་ཀ་རྒྱ་ཆེ་བའི་ཕྱིར་ན་གོ་རིམ་བཞིན་དུ་སྦྱར་རོ། །ཞེས་གསུངས་པའི་ཕྱིར། རང་རྒྱལ་ཡིན་ན་མངལ་དུ་འཇུག་པ་དང་གནས་པ་ཤེས་པས་ཁྱབ་པར་ཐལ། ལུང་དེའི་ཕྱིར། འདོད་མི་ནུས་ཏེ། རང་རྒྱལ་ལ་སྒོང་སྐྱེས་ཡོད་པ་གང་ཞིག སྒོང་སྐྱེས་ཡིན་ན་མངལ་དུ་འཇུག་པ་སོགས་ལ་རྨོངས་པས་ཁྱབ་པའི་ཕྱིར། རྟགས་གཉིས་ཀ་གྲུབ་སྟེ། མཆིམས་མཛོད་༢༥༤ལས། འདི་ལ་སྒོ་ང་ལས་སྐྱེས་པ་ནི་རྟག་ཏུ་འཇུག་གནས་འབྱུང་བ་ལ་རྨོངས་པ་ཁོ་ནའོ། །ཞེས་པ་ནས། གནས་བརྟན་བྲག་དང་ཉེ་བའི་བྲག་དང་ཡུལ་ལྔ་ལེན་གྱི་རྒྱལ་པོའི་བུ་སྒོང་སྐྱེས་ཀྱི་རང་རྒྱལ་རྣམས་ཀྱང་འཇུག་པ་ལ་སོགས་པ་ལ་རྨོངས་པ་ཡིན་ནོ། །ཞེས་དང༌། མཆིམས་མཛོད་ལས། འཇུག་གནས་ཤེས་པ་རང་སངས་རྒྱས་བསེ་རུ་ལྟ་བུའི་དབང་དུ་བྱས་ནས་གསུངས་པ་ཡིན་ལ་སྒོང་སྐྱེས་དེ་དག་ནི་ཚོགས་ན་སྤྱོད་པ་ཡིན་པས་ཉེས་པ་མེད་དོ་ཞེས་སློབ་དཔོན་གང་སྤེལ་འཆད་དོ། །ཞེས་གསུངས་པའི་ཕྱིར་རོ། །བསྐལ་བ་བརྒྱར་ཚོགས་བསགས་པའི་རང་རྒྱལ་ཚོགས་སྤྱོད་པ་ཆོས་ཅན། མངལ་དུ་འཇུག་པ་ལ་རྨོངས་བ་མ་ཡིན་ཏེ། ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་དང་བཅས་པའི་ཕྱིར། ཁྱབ་སྟེ། རྩ་བར། མངལ་དུ་འཇུག་པ་གསུམ་དག་སྟེ། །འཁོར་ལོས་སྒྱུར་དང་རང་བྱུང་གཉིས། །འཁོར་ལོས་སྒྱུར་བ་དང༌། རང་བྱུང་སངས་རྒྱས་དང༌། རྫོགས་པའི་སངས་རྒྱས་དག་སྟེ། འོག་ནས་གོ་རིམ་བཞིན་ཞེས་འཆད་པར་འགྱུར་རོ། །ལས་སམ་ཡེ་ཤེས་སམ་གཉིས་ཀ །རྒྱ་ཆེའི་ཕྱིར་ན་གོ་རིམ་བཞིན། །ལས་རྒྱ་ཆེན་པོ་བསོད་ནམས་རྒྱ་ཆེན་པོ་བྱེད་པ་རྣམས་ནི་དང་པོ་ཡིན་ནོ། །ཡེ་ཤེས་རྒྱ་ཆེན་པོ་ཐོས་པ་མང་པོ་དང་རབ་ཏུ་འབྱེད་པ་བྱེད་པ་རྣམས་ནི་གཉིས་པ་ཡིན་ནོ། །བསོད་ནམས་ཀྱི་ལས་དང་ཡེ་ཤེས་རྒྱ་ཆེ་བ་རྣམས་ནི་གསུམ་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །མངལ་དུ་སྐྱེ་བ་ལེན་པ་དེའི་ཚེ་མངལ་དུ་འཇུག་པ་ཤེས་པ་ཡོད་པ་མི་འཐད་པར་ཐལ། སྐྱེ་བའི་སྲིད་པ་ལེན་པའི་ཚེ་ཉོན་མོངས་མངོན་དུ་གྱུར་བ་ཡིན་པའི་ཕྱིར་ཏེ། རྩ་བར། སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །རང་གི་ས་བའི་ཉོན་མོངས་ཀུན། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིར་མཛོད་འགྲེལ་ཟླ་ཟེར་ལས། རང་རྒྱལ་ནི་ཡེ༷་ཤེས༷་སམ༷་བསྐལ་བ་བརྒྱར་བསོད་ནམས་བསགས་པས་བསོད་ནམས་ཀྱི་ཚོགས་ཀྱང་འཁོར་བསྒྱུར་ལ་ལྟོས་ཏེ་རྒྱ་ཆེ་བའི་ཕྱིར། ཞེས་གསུངས་པ་མི་རིགས་པར་ཐལ། རྩ་བར། ལས་སམ་ཡེ་ཤེས་སམ་གཉིས་ཀ །རྒྱ་ཆེའི་ཕྱིར་ན་གོ་རིམ་བཞིན། །ཞེས་པ་ལྟར་བསོད་ནམས་ཀྱི་ཚོགས་འཁོར་བསྒྱུར་ལ་སྦྱར་བ་ལས་མཆིམས་མཛོད་སོགས་ལས་རང་རྒྱལ་ལ་མ་སྦྱར་བའི་ཕྱིར་རོ་ཟེར་ན་དཔྱད། ཡང་བར་སྲིད་ནས་སྐྱེ་སྲིད་དུ་འཕོ་བ་མི་རིགས་ཏེ། མཆིམས་མཛོད་༢༥༦ལས། བར་སྲིད་ཉིད་སྐྱེ་སྲིད་དུ་འཕོ་བ་མ་ཡིན་ཏེ། བར་དོའི་ཕུང་བོ་ལ་བརྟེན་ནས་སྐྱེ་སྲིད་ཀྱི་ཕུང་པོ་ལྔ་སྐྱེ་བ་དང༌། ཞེས་པ་ནས། འཕགས་པ་ཀླུ་སྒྲུབ་ཀྱིས། ཁ་ཐོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང༌། །མི་འཕོ་བ་ཡང་མཁས་རྟོགས་བྱ། །ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་ལུང་དེའི་དོན་ནི་མཆིམས་མཛོད་༢༥༦ལས། དེ་ལྟ་བུའི་སྲིད་པ་གཞན་དུ་འཕོ་བའི་བདག་རྟག་པ་ནི་མེད་དེ། སྐྱེ་སྲིད་ལ་སོགས་པ་ལས་གཞན་དུ་མ་དམིགས་པའི་ཕྱིར། ཞེས་གསུངས་པ་ལྟར་ཡིན་ཞེ་ན་དེ་ལ་ཡང་དཔེ་དོན་མཚུངས་ཚུལ་དང་བྱེ་སྨྲས་རྫས་གྲུབ་ཀྱི་བདག་ཁས་ལེན་མི་ལེན་སོགས་ལ་ཅུང་ཟད་བརྟག་པའི་གནས་སོ། །ཚོགས་ལམ་དུ་ཞུགས་ནས་ཡུན་རིང་མ་ལོན་པའི་བསེ་རུ་རང་རྒྱལ་མངལ་དུ་འཇུག་པ་ཤེས་སམ་མི་ཤེས། ཤེས་ན་དེའི་རྒྱུ་མཚན་གང་ཡིན། མི་ཤེས་ན་གཞུང་དང་འགལ་བའི་ཕྱིར་རོ་ཟེར་ན་དཔྱད། སྲིད་པ་བཞི་རྒྱུད་ལ་ལྡན་པའི་གང་ཟག་ཆོས་ཅན། བར་སྲིད་སོགས་སྲིད་པ་བཞི་ལ་གནས་པ་ཐལ། སྲིད་པ་བཞི་རྒྱུད་ལྡན་གྱི་གང་ཟག་གི་ཡིན་པ་ཡོད་པའི་ཕྱིར། དེར་ཐལ། འདོད་པ་ནས་འདོད་པར་སྐྱེས་པའི་འཆི་སྲིད་ལ་གནས་པའི་འདོད་ཉོན་ལ་ཆགས་བྲལ་མ་བྱས་པའི་སོ་སྐྱེ་དགེ་རྩ་མ་ཆད་པའི་རྒྱུད་ལ་དེ་བཞི་ལྡན་པའི་ཕྱིར། དེར་ཐལ། དེ་བཞི་མ་བཏང་གི་བར་དུ་ལྡན་དགོས་པའི་ཕྱིར། མཛོད་འགྲེལ་གནད་སྒྲོན་ལས། ཡང་ཕུང་པོ་སྐྱེ་བའི་རྒྱུན་དེ་སྲིད་པ་བཞི་ལས་མི་འདའ་འོ། །སྲིད་པ་བཞི་པོ་དེ་དག་ལས། །སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །ཉོན་མོངས་པ་གང་གིས་ཤེ་ན། རང་གི་ས་པའི་ཉོན་མོངས་ཀུན། །ཉོན་མོངས་པ་རྣམས་ཁོ་ནས་ཡིན་གྱི་ཀུན་ནས་དཀྲིས་པ་ཆིག་རྐྱ་ཐུབ་པ་རྣམས་ཀྱིས་ནི་མ་ཡིན་ནོ། །གཞན་རྣམ་གསུམ་མོ། །སྲིད་པ་བར་མ་ལ་སོགས་པ་ནི་དགེ་བ་དང་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པ་རྣམས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། གང་ཟག་གཅིག་དུས་གཅིག་ལ་སྲིད་པ་བཞི་ལ་གནས་པ་ནི་མི་རིགས་སོ་ཟེར་ན་ཅུང་ཟད་དཔྱད་རྒྱུ་ཡོད་པ་འདྲ། སྐྱེ་བའི་སྲིད་པ་ཉོན་མོངས་ཅན་ཡིན་པར་འདོད་པ་ལ། སྔོན་དུས་སྲིད་པ་ཆོས་ཅན། ཉོན་མོངས་ཅན་ཡིན་པར་ཐལ། སྐྱེ་བའི་སྲིད་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། སྔོན་དུས་ཀྱི་སྲིད་པའི་རྟེན་ལ་མྱང་འདས་ཐོབ་པ་ལ་སྐྱེ་འདའ་བ་ཞེས་བཤད་པའི་ཕྱིར། དེར་ཐལ། སྐྱེ་འདའ་བ་བཅུ་དྲུག་གཞི་གྲུབ་པ་དང་སྔོན་དུས་ཀྱི་སྲིད་པ་དེ་བཅུ་གཅིག་པ་སྐྱེ་བ་ཡིན་པའི་ཕྱིར་རོ། །སྔོན་དུས་ཀྱི་སྲིད་པ་དེ་སྐྱེ་སྲིད་ཡིན་པར་འདོད་མི་ནུས་ཏེ། སྐྱེ་སྲིད་དང་འཆི་སྲིད་གཉིས་སྐད་ཅིག་གཅིག་གི་ཡུན་ཚད་ཅན་ཡིན་པའི་ཕྱིར་ཏེ། མངོན་པའི་རྒྱན་ལས། དེས་ན་སྐྱེ་སྲིད་དང་འཆི་སྲིད་གཉིས་ནི་སྐད་ཅིག་མ་དང༌། སྲིད་པ་གཞན་གཉིས་ནི་རྒྱུན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། སྲིད་པ་བཞི་ཕྱེ་བའི་སྐྱེ་བའི་སྲིད་པ་ལ་དགོངས་ཟེར་ན་སྲིད་པ་བཞི་ཕྱེ་ཚུལ་ལ་དཔྱད། གནས་སྐབས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ནས་མ་རིག་པ་དང་འདུ་བྱེད་ལ་འདས་པས་ཁྱབ་པ་དང༌། སྐྱེ་བ་དང་རྒ་ཤི་ལ་མ་འོངས་བས་ཁྱབ་པ་སོགས་ཡོད་པར་ཐལ། རང་འགྲེལ་ལས། ཆ་གསུམ་གྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་བར་དག་སྟེ། འདས་པ་དང་མ་འོངས་པ་དང༌། ད་ལྟར་བྱུང་བའི་སྐྱེ་བ་དག་ཡིན་ནོ། །ཞེས་དང༌། ཡེ་ཤེས་ལ་འཇུག་པ་ལས།གང་ཟག་གཅིག་གི་སྐྱེ་བ་འདི་ལ་འདས་པ་ནི་དུ་ཞིག་ཡིན་ཞེ་ན། སྨྲས་པ། གཉིས་ཏེ་མ་རིག་པ་དང་འདུ་བྱེད་དོ། །མ་འོངས་པ་དུ་ཞིག་ཡིན་ཞེ་ན། སྨྲས་པ། གཉིས་ཏེ་སྐྱེ་བ་དང་རྒ་ཤིའོ། །ད་ལྟར་བྱུང་བ་དུ་ཞིག་ཡིན་ཞེ་ན། སྨྲས་པ། བརྒྱད་དེ་རྣམ་པར་ཤེས་པ་ནས། སྲིད་པའི་བར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན་གསུམ་པ་རྣམ་ཤེས་ཆོས་ཅན། མ་འོངས་པ་ཡིན་པར་ཐལ། བཅུ་གཅིག་པ་སྐྱེ་བའི་རྟེན་འབྲེལ་ཡིན་པའི་ཕྱིར་ཁྱབ་པ་ཁས་ཟེར་བ་དང༌། སྲེད་ལེན་གྱི་རྟེན་འབྲེལ་དང༌། བཅུ་པ་སྲིད་པ་རྣམས་ཆོས་ཅན། འདས་པ་ཡིན་པར་ཐལ། དེ་དག་སོ་སོར་མ་རིག་པ་དང་འདུ་བྱེད་ཅི་རིགས་ཡིན་པའི་ཕྱིར་ཁྱབ་པ་ཁས། ཐལ་འགྱུར་དེ་གཉིས་ཀའི་རྟགས་གྲུབ་སྟེ། རྩ་བར། མ་རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱི། །ཞེས་དང༌། ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །འདོད་མི་ནུས་ཏེ། དེ་དག་བར་གྱི་བརྒྱད་ཀྱི་ནང་དུ་འདུ་བ་ཡིན་པའི་ཕྱིར་ཏེ། རྩ་བར། བར་དུ་བརྒྱད་ཡོངས་རྫོགས་ལྡན་ལོ། །ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་དཔྱད། གནས་སྐབས་ཀྱི་རྟེན་འབྲེལ་བཅུ་གཉིས་ལས་དང་པོ་གཉིས་ལ་འབྲས་བུ་བྱུང་ཟིན་པ་དང་འདས་པས་ཁྱབ་པ་དང༌། བརྒྱད་པ་དགུ་བ་བཅུ་བུ་གསུམ་ལ་འབྲས་བུ་མ་བྱུང་བ་དང་མ་འོངས་པས་ཁྱབ་པར་ཐལ། རང་འགྲེལ་༢༤༠ལས། ཆ་གསུམ་ནི་སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། བར་དག་སྟེ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སྐྱེ་བ་དག་ཡིན་ནོ། །ཞེས་དང༌། གང་སྤེལ་ལས། འདིར་མ་རིག་པ་དང་འདུ་བྱེད་འབྲས་བུ་བྱུང་ཟིན་པ་རྣམས་ཁོ་ན་ཡན་ལག་ཉིད་དུ་རྣམ་པར་བཞག་སྟེ། འབྲས་བུ་མ་བྱུང་བ་རྣམས་ལ་ནི་སྲེད་པ་དང་ལེན་པ་སྲིད་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དང་པོ་ཕྱི་མ་གསུམ་གྱི་ནང་དུ་འདུས་པའི་ཕྱིར་ཏེ། མ་རིག་པ་སྲེད་ལེན་གཉིས་ཀྱི་ནང་དུ་འདུ་ལ་འདུ་བྱེད་ཀྱི་རྟེན་འབྲེལ་ནི་བཅུ་བ་སྲིད་པའི་ནང་དུ་འདུ་བའི་ཕྱིར་ཏེ། མཛོད་འགྲེལ་གནད་སྒྲོན་༧༣ལས། མ་རིག་ཉོན་མོངས་སྔོན་གནས་སྐབས། །ཚེ་སྔ་མ་ལ་ཉོན་མོངས་པའི་གནས་སྐབས་གང་ཡིན་པ་དེ་ནི་འདི་ལ་མ་རིག་པ་ཞེས་བྱའོ། །འདུ་བྱེད་དག་ནི་སྔོན་ལས་ཀྱི། །གནས་སྐབས་ཞེས་བྱ་བར་སྦྱར་ཏེ། ཚེ་སྔ་མའི་བསོད་ནམས་ལ་སོགས་པའི་ལས་ཀྱི་གནས་སྐབས་གང་ཡིན་པ་དེ་ནི་འདུ་བྱེད་རྣམས་ཞེས་བྱ་སྟེ། ལས་གང་གིས་འདིར་རྣམ་པར་སྨིན་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་ལྟོས་ས་ལྟོས་འཇོག་གི་དབང་གིས་ཡིན་དགོས་ཀྱང་ཁས་ལེན་འཛིན་མཚམས་ཇི་ལྟར་ཡིན་པ་དང༌། གནས་སྐབས་ཀྱི་དབང་དུ་བྱས་པའི་མ་རིག་པའི་རྟེན་འབྲེལ་མངལ་སྐྱེས་ཚེ་གསུམ་རེ་རེའི་རྒྱུད་ལ་ཡོད་ན་རྩ་བར། མ་རིག་ཉོན་མོངས་སྔོན་གནས་སྐབས། །ཞེས་མ་རིག་པ་སྔོན་གྱི་གནས་སྐབས་ལ་བཤད་པའི་རྒྱུ་མཚན་གང་ཡིན་དང༌། མངལ་སྐྱེས་ཀྱི་ཚེ་གསུམ་ལ་འབྲས་བུ་གསུམ་རིམ་གྱིས་ཐོབ་པའི་དབང་དུ་བྱས་ན་ཚེ་དང་པོ་དང་གཉིས་པ་གཉིས་ཀའི་རྒྱུད་ལ་རྒྱུན་ཞུགས་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་ཚར་གཅིག་ཏུ་གཏོགས་པའི་ལས་ཀྱི་རྟེན་འབྲེལ་ཡོད་མེད་དང༌། གནས་སྐབས་པའི་ལུགས་ལ་ཚར་གཅིག་ཏུ་གཏོགས་པའི་རྟེན་འབྲེལ་ཡིན་པའི་ཚད་གང་ཡིན་སོགས་ལ་དཔྱད། གནས་སྐབས་པའི་རྟེན་འབྲེལ་བཅུ་གཉིས་ལ་རྨོངས་པ་གསུམ་བཟློག་པའི་ཕྱིར་ཆ་གསུམ་དུ་ཕྱེས་ནས་བཞག་པ་ཡིན་ཏེ། མཛོད་འགྲེལ་གནད་སྒྲོན་ལས། སེམས་ཅན་དུ་སྟོན་པ་ཁོ་ནས་རྟེན་ཅིང་འབྲེལ་བ་ཆ་གསུམ་གསུངས་པ་ཡང༌། སྔོན་དང་ཕྱི་མཐའ་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། །ཇི་ལྟར་སྔོན་གྱི་མཐའ་ལས་བར་མ་འབྱུང་བ་དང༌།བར་མ་ལས་ཕྱི་མའི་མཐའ་ཞེས་བྱ་བ་རྨོངས་པ་འདི་རྣམ་པར་བཟློག་པའི་ཕྱིར་ཆ་གསུམ་པ་དང་སེམས་ཅན་དུ་སྟོན་པ་གསུངས་སོ། །ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་རྒྱུ་འབྲས་ཚར་གཉིས་ཀྱི་དབང་དུ་བྱས་ནས་གནས་སྐབས་ཀྱི་རྟེན་འབྲེལ་བཤད་པ་ཡིན་པས་རྨོངས་པ་རྣམ་པ་གསུམ་བཟློག་ཚུལ་ཡོད་མེད་ཞིབ་པར་དཔྱད། མ་རིག་པ་དེ་རྒ་ཤིའི་རྒྱུ་ཡིན་པ་གང་ཞིག རྒ་ཤི་དེ་མ་རིག་པའི་རྒྱུ་ཡིན་པའི་ཕྱིར། རྟགས་དང་པོ་སླ། རྟགས་ཕྱི་མ་གྲུབ་སྟེ། མཆིམས་མཛོད་༢༦༣ལས། མ་རིག་པའི་རྒྱུ་ནི་རྒ་ཤི་ཡིན་པའི་ཕྱིར་དང༌། རྒ་ཤིའི་འབྲས་བུའང་མ་རིག་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་བ་སོགས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཕན་ཚུན་རྒྱུ་འབྲས་ཡིན་མིན་དང༌། དཔེར་ན་བྱ་དང་བྱ་སྒོང་གཉིས་རྒྱུ་འབྲས་ཡིན་མིན་དང༌། ཚེས་གཅིག་དང་གནམ་སྟོང་གཉིས་ཕན་ཚུན་རྒྱུ་འབྲས་ཡིན་མིན་དཔྱད་པར་བྱའོ། ། མངལ་སྐྱེས་ཀྱི་ཚེ་གསུམ་ལ་འབྲས་བུ་དང་པོ་གསུམ་རིམ་གྱིས་ཐོབ་པའི་དབང་དུ་བྱས་ན་ཚེ་དང་པོའི་སོ་སྐྱེ་དང་འཕགས་པ་དང་མཐོང་ལམ་པ་གསུམ་གྱི་རྒྱུད་ལ་རིམ་བཞིན་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་བདུན་དང་བཞི་ཡོད་ལ། ཚེ་དང་པོའི་རྒྱུན་ཞུགས་སྐྱེ་བ་འཕེན་བྱེད་དང་ཚར་གཅིག་པའི་རྟེན་འབྲེལ་བཅུ་གཉིས་ཀྱི་ནང་ནས་རིམ་བཞིན་བརྒྱད་དང་བཞི་དང་གཉིས་ཡོད་པ་ཡིན་ནོ། །རྒྱུན་ཞུགས་དང༌། ཕྱིར་འོང་ཞུགས་པ་འཕེན་བྱེད་ཀྱི་ལས་དང་ཚར་གཅིག་པའི་རྟེན་འབྲེལ་རིམ་བཞིན་བཅུ་དང་དྲུག་དང་གསུམ་ཡོད་པ་ཡིན་ནོ། །ཕྱིར་འོང་སྐྱེ་བ་འཕེན་བྱེད་དང་ཚར་གཅིག་པའི་རྟེན་འབྲེལ་རིམ་བཞིན་གཉིས་དང་གཉིས་དང་གཅིག་ཡིན་ནོ། །ཚེ་བར་བའི་རྒྱུན་ཞུགས་དང༌། ཕྱིར་འོང་ཞུགས་པའི་རྒྱུད་ལ་གནས་སྐབས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཡོད་པའོ། །དེ་གཉིས་ཀྱི་རྒྱུད་ལ་སོ་སྐྱེ་དང་འཕགས་པ་དང་རྒྱུན་ཞུགས་དང་ཕྱིར་འོང་དང་ཕྱིར་མི་འོང་དང༌། དགྲ་བཅོམ་པ་འཕེན་བྱེད་དང་ཚར་གཅིག་པའི་གནས་སྐབས་པའི་རྟེན་འབྲེལ་བཅུ་གཉིས་ལས་རིམ་བཞིན་གཉིས་དང་བཅུ་གཉིས་དང་བཅུ་དང་བཅུ་དང་གཉིས་དང་གཉིས་ཡིན་ནོ། །བར་བའི་ཕྱིར་འོང་གི་རྒྱུད་ལ་མཐོང་ལམ་པ་དང་འཕགས་པ་དང་རྒྱུན་ཞུགས་དང་ཕྱིར་འོང་དང་ཕྱིར་མི་འོང་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་ཚར་གཅིག་པའི་རིམ་བཞིན་གཅིག་དང་བདུན་དང་ལྔ་དང་དྲུག་དང་གཉིས་ཡོད་དོ། །ཚེ་གསུམ་པའི་ཕྱིར་མི་འོང་ཞུགས་པ་དང་ཕྱིར་འོང་གི་རྒྱུད་ལ་ཡན་ལག་བཅུ་གཉིས་ཡོད། སྒོམ་ལམ་པ་དང་རྒྱུན་ཞུགས་དང་ཕྱིར་འོང་དང་ཕྱིར་མི་འོང་དང་དེའི་ཞུགས་པ་སྐྱེ་བ་འཕེན་བྱེད་དང་ཚར་གཅིག་པའི་རིམ་བཞིན་བཅུ་དང་གཉིས་དང་བཅུ་དང་བརྒྱད་དང་བཅུ་ཡོད་པའོ། །ཚེ་གསུམ་པའི་ཕྱིར་མི་འོང་དང་དགྲ་བཅོམ་པའི་རྒྱུད་ལ་རིམ་བཞིན་ལྔ་དང་བཞི་ཡིན་པའོ། །སྐྱེ་བའི་སྲིད་པ་དང༌། སྔོན་དུས་ཀྱི་སྲིད་པ་དང༌།འཆི་བའི་སྲིད་པ་དང༌། བར་སྲིད་པ་བཞི་ལ་རིམ་བཞིན་ཡན་ལག་གཉིས་དང་བཅུ་དང་བདུན་དང་གསུམ་ཡོད་པ་འདྲའོ། །དེ་ཡང་མ་རིག་པ་དང་རྣམ་ཤེས་དང་སྲེད་པ་དང༌། ལེན་པ་དང༌།སྐྱེ་བ་སྟེ་ལྔ་ཉོན་མོངས་པ་མངོན་དུ་གྱུར་བའི་གནས་སྐབས་ཁོ་ན་ལ་བཞག་པ་འདྲའོ། ། མ་རིག་པའི་དོན་ནི། ཡང་དག་པར་རིག་པའི་དངོས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པའི་མི་གསལ་བའི་སེམས་ལས་བྱུང་བའི་རྨོངས་པ་དེ་ཡིན་ཏེ། མཛོད་འགྲེལ་གནད་སྒྲོན་ལས། ཡང་མ་རིག་པ་ཞེས་བྱ་བའི་དོན་གང་ཞེ་ན། རིག་པའི་མི་མཐུན་ཕྱོགས་ཆོས་གཞན། །མ་རིག་མི་མཛའ་རྫུན་སོགས་བཞིན། །ཇི་ལྟར་མཛའ་བོ་ལས་བཟློག་ན། །དེའི་མི་མཐུན་ཕྱོགས་སུ་གྱུར་པའི་མི་མཛའ་བ་འགའ་ཞིག་ཡོད་ཀྱི། མཛའ་བོ་ལས་གཞན་པ་གང་ཡིན་པ་ཡང་མ་ཡིན་ལ། མཛའ་བོ་མེད་པ་ཡང་མ་ཡིན་པ་དང༌། ཞེས་དང༌། མཆིམས་མཛོད་༢༦༦ལས། མ་རིག་པ་ཞེས་བྱ་བའི་དོན་གང་ཡིན་ཞེ་ན། འདི་ལྟར་ཡང་དག་པར་རིག་པའི་དངོས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པ་བདེན་པ་དང་ལས་དང་འབྲས་བུ་དང་དཀོན་མཆོག་ལ་སོགས་པ་མི་གསལ་བའི་སེམས་ལས་བྱུང་བ་ཆོས་གཞན་ཞིག་མ་རིག་པ་ཡིན་གྱི། ཞེས་གསུངས་པའི་ཕྱིར། འདོད་ན། འཇིག་ལྟ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཟེར་ན་སྤྱིར་མ་རིག་པ་ལ་ལུགས་འདིར་རྨོངས་ཙམ་གྱིས་ཁྱབ་ཅེས་པའི་ཙམ་སྒྲས་གཅོད་སྡུད་དང༌། རྨོངས་བ་ཡིན་ཚུལ་དང༌། རྩ་བར། ལྟ་བ་དེ་དང་མཚུངས་ལྡན་ཕྱིར། །ཞེས་པ་ལྟར་མ་རིག་པ་ཡིན་ན་རང་དང་མཚུངས་ལྡན་དུ་སོང་བའི་སེམས་སེམས་བྱུང་དང་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་དགོས། དེ་ལྟར་ན་འཛིན་སྟངས་མཚུངས་དགོས། དེ་འདོད་ན་མ་རིག་པ་ལ་འཛིན་ཚུལ་ཡོད་དགོས་ལ། དེ་ལྟར་ན་ཤེས་རབ་ངན་པ་སོགས་མ་རིག་པ་མ་ཡིན་པའི་རྒྱུ་མཚན་གང་ཡིན་ལ་དཔྱད། རྟེན་འབྲེལ་བཅུ་གཉིས་ཀྱི་སྐབས་ཀྱི་མིང་གི་དོན་ནི། མཆིམས་མཛོད་༢༦༦ལས། མི༷ང་ནི༷་ཚོར་བ་ལ་སོགས་པ་གཟུ༷གས་ཅ༷ན་མི༷ན་པའི་ཕུ༷ང་པོ༷་བཞི་ཡིན་ཏེ། དེ་དག་ནི་མིང་གི་དབང་གིས་དོན་ལ་འཇུག་པའི་ཕྱིར་དང༌། མིང་ལྟར་ཐོགས་པ་མེད་པའི་ཕྱིར་དེ་སྐད་དུ་བརྗོད་དོ། །ཞེས་གསུངས་པ་ལ། འོ་ན་ཚོར་བ་དེ་མིང་བཞིའི་ཕུང་པོ་མ་ཡིན་པའི་གཟུགས་ཕུང་མ་ཡིན་པར་གྱུར་བའི་མིང་བཞིའི་ཕུང་པོ་ཡིན་པར་ཐལ། གཟུགས་མ་ཡིན་པའི་མིང་བཞིའི་ཕུང་པོ་ཡིན་པའི་ཕྱིར། ཁྱབ་སྟེ། གཟུགས་དང་མིང་བཞིའི་ཕུང་པོ་མ་ཡིན་པའི་གཟུགས་གཉིས་དོན་གཅིག དེ་ལྟར་ན་དེ་གཉིས་མ་ཡིན་པ་ཡང་དོན་གཅིག་དགོས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། མིང་བཞིའི་ཕུང་པོ་ཡིན་པའི་གཟུགས་ཕུང་མ་ཡིན་པར་གྱུར་བའི་མིང་བཞིའི་ཕུང་བོ་ཡིན་པའི་ཕྱིར་ཏེ། མིང་བཞིའི་ཕུང་པོ་ཡིན་པར་གྱུར་བའི་གཟུགས་ཕུང་མ་ཡིན་པའི་མིང་བཞིའི་ཕུང་བོ་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །མཛོད་འགྲེལ་གནད་སྒྲོན་༧༧ལས། དེ་ཡིད་ཉེ་བར་རྒྱུ་བ་ལས། རྣམ་པ་དག་ནི་ཡང་བཅོ་བརྒྱད། །ཡང་སེམས་ལས་བྱུང་བའི་ཚོར་བ་དེ་ཉིད་ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་རྣམ་པར་གཞག་པ་ལས་རྣམ་པ་བཅོ་བརྒྱད་དུ་དབྱེའོ། །དེ་ལ་ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང༌། ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང༌། བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་གོ་ཞེས་བྱ་བ་རྣམ་པ་བཅོ་བརྒྱད་དུ་འགྱུར་རོ། །ཞེས་པའི་སྐབས་ནས་བསྟན་པའི་ཡིད་ཉེ་བར་རྒྱུ་བ་བཅོ་བརྒྱད་ལས་ཚོར་བ་གཉིས་ཙམ་གྱི་ཡིན་པ་མེད་ཟེར་ན། འདོད་པའི་སྒོམ་སྤང་དུ་གྱུར་བའི་གཟུགས་ལ་དམིགས་པའི་ཚོར་བ་བདེ་བ་ཆོས་ཅན། གཟུགས་ཙམ་ལ་དམིགས་པའི་ཚོར་བདེ་མ་ཡིན་པར་ཐལ། ཆོས་ལ་དམིགས་པའི་ཚོར་བདེ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། འདོད་པའི་སྒོམ་སྤང་ལ་དམིགས་པའི་ཕྱིར། དེར་ཐལ། རྩ་བར། ཀུན་འགྲོ་མ་ཡིན་རང་རིས་སུ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད།གཟུགས་ལ་དམིགས་པའི་ཉེར་རྒྱུ་དེས་གཟུགས་ཁོ་ན་ལ་དམིགས་པར་ཐལ། གང་སྤེལ་ལས། གཟུགས་ལ་དམིགས་པའི་ཡིད་བདེ་བ་ལ་སོགས་པ་རྣམས་ཀྱི་དམིགས་པ་ནི་གཟུགས་ཁོ་ན་ཡིན་གྱི་ཡུལ་གཞན་ནི་མ་ཡིན་ལ། ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། ཚོར་བ་དང་པོ་བཅོ་ལྔ་ལ་ཡུལ་མ་འདྲེས་པ་ལ་དམིགས་པ་དགོས་པར་ཐལ། མངོན་པའི་རྒྱན་ལས། དེ་དག་ཀྱང་བཅོ་ལྔ་ནི་གཟུགས་སོགས་ཡུལ་སོ་སོར་ངེས་པ་ལ་དམིགས་པའི་ཕྱིར་མ་འདྲེས་པ་ལ་དམིགས་པ་ཡིན་ལ། ཆོས་ལ་དམིགས་པའི་ཉེར་རྒྱུ་གསུམ་ནི་འདྲེས་པ་དང་མ་འདྲེས་པ་གཉིས་ཀ་ལ་དམིགས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། གཟུགས་སོགས་ཡུལ་ལྔ་ལ་དམིགས་པའི་ཚོར་བ་བདེ་བ་དེ། ཚོར་བ་བཅོ་བརྒྱད་ལས་དང་པོ་བཅོ་ལྔ་པོ་གང་རུང་མ་ཡིན་པར་ཐལ། ཡུལ་མ་འདྲེས་པ་ལ་དམིགས་པ་མ་ཡིན་པའི་ཕྱིར། དེར་ཐལ། ཡུལ་འདྲེས་པ་ལ་དམིགས་པ་ཡིན་པའི་ཕྱིར། དེར་ཐལ། ཡུལ་ལྔ་ལ་དམིགས་པ་ཡིན་པའི་ཕྱིར།ཁྱབ་སྟེ། རང་འགྲེལ་ལས། གཟུགས་ལ་སོགས་པ་སོ་སོར་ངེས་པ་ལ་དམིགས་པའི་ཕྱིར།ཞེས་དང༌། རྒྱལ་སྲས་མ་ལས། གང་དག་གཟུགས་ལ་སོགས་པའི་ཡུལ་དྲུག་ལས་གཉིས་དང་གསུམ་ནས་ཡུལ་དྲུག་གི་བར་ལ་དམིགས་པ་དེ་དག་ནི་འདྲེས་པ་ལ་དམིགས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། གཟུགས་སོགས་ཡུལ་ལྔ་དབང་ཤེས་ཀྱི་ཡུལ་དུ་གྱུར་བའི་གཟུགས་རགས་པ་དང་ཡིད་ཤེས་ཀྱི་ཡུལ་དུ་གྱུར་བའི་ཆོས་ཁམས་གང་ཡིན་དང༌། སེར་པོ་ལ་དམིགས་ན་གཟུགས་ལ་དམིགས་དགོས་པ་ཡིན་མིན་དང༌། རང་ཡུལ་དུ་གྱུར་བའི་གཟུགས་ལ་དམིགས་ན་གཟུགས་ལ་དམིགས་པ་ཡིན་མིན་དང༌། རང་ཡུལ་དུ་གྱུར་བའི་བདག་མེད་ལ་དམིགས་ན་བདག་མེད་ལ་དམིགས་མི་དགོས་པ་ཡིན་མིན་དེ་དག་ལ་དཔྱད།ཡང་མཆིམས་མཛོད་༢༧༠ལས། གཟུ༷གས་མེ༷ད་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེ༷་བ༷ར་བསྡོ༷གས་ན༷་ནི་བཏང་སྙོམས་ཀྱི་ཉེར་རྒྱུ་བཞི་ཡོད་དེ། དེ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་བསམ་གཏན་བཞི་པ་ལ་ཞི་བ་དང་རགས་པར་ལྟ་བ་ཡིན་པས་ན་དམིགས་པ་གཟུགས་ཁམས་༼ཀྱི་བཞི་༽་པ་ལ་ཡིད་ཉེ་བར་འགྲོ་བའི་ཕྱིར་དང༌། བཞི་པ་དེ་ནའང་ཡུལ་བཞི་ཡོད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ན་བསམ་གཏན་བཞི་བའི་གཟུགས་ལ་དམིགས་པའི་ནམ་མཁའ་མཐའ་ཡས་ཀྱི་ཉེར་བསྡོགས་ཀྱི་ངོ་བོར་གྱུར་བའི་ཚོར་བ་ཡོད་ལ། དེ་ལྟར་ན་དེ་འདྲའི་ཚོར་བས་སྒྲ་སོགས་ལ་དམིགས་སམ་མ་དམིགས་ཅི། དམིགས་ན་དེ་འདྲའི་ཚོར་བ་ལ་གཟུགས་ཁོ་ན་ལ་དམིགས་པ་མེད་པར་འགྱུར་ལ། མ་དམིགས་ན་དེ་ལ་བརྟེན་ནས་གཟུགས་ལ་ཆགས་པ་དང་བྲལ་ཡང་སྒྲ་སོགས་ལ་ཆགས་པ་དང་འབྲལ་བར་མི་ནུས་པར་འགྱུར་ལ། དེ་ལྟ་ན་གཟུགས་སྒྲ་རེག་བྱ་རེ་རེ་ལ་ཆགས་པ་བྲལ་བྱེད་ཀྱི་ཉེར་བསྡོགས་ཚར་རེ་རེ་འགྲོ་དགོས་པར་འགྱུར་བས་དཔྱད། ཡང་རང་གི་ས་བའི་ཉོན་མོངས་པ་ཡིན་ན་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བྱེད་ཡིན་པས་ཁྱབ་པར་ཐལ། རྩ་བར། སྲིད་པ་བཞི་བོ་དེ་དག་ལས། །སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །རང་གི་ས་བའི་ཉོན་མོངས་ཀུན། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། ཕྲག་དོག་སོགས་ཀུན་དཀྲིས་ཆིག་སྐྱ་ཐུབ་པ་ལྔས་མཚམས་མི་སྦྱོར་བའི་ཕྱིར་ཏེ། རང་འགྲེལ་ལས། ཉོན་མོངས་པ་ཅན་རྣམས་ཁོ་ནས་ཡིན་གྱི་ཀུན་ནས་དཀྲིས་པ་ཆིག་རྐྱང་ཐུབ་པ་རྣམས་ཀྱིས་ནི་མ་ཡིན་ནོ། །ཞེས་དང༌། གང་སྤེལ་ལས།རང་དབང་བ་རྣམས་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་དང་མཚུངས་པར་མི་ལྡན་པའི་ཕྱིར། དེ་དག་གི་ཉིང་མཚམས་སྦྱོར་བ་དགག་གོ །ཞེས་གསུངས་པའི་ཕྱིར། ཆིག་རྐྱང་ཐུབ་པ་ཡིན་ན་ཕྲག་དོག་སོགས་ལྔ་པོ་ཅི་རིགས་ཡིན་པས་ཁྱབ་པར་ཐལ། གང་སྤེལ་ལས། ཕྲག་དོག་དང་སེར་སྣ་དང་འགྱོད་པ་དང་ཁྲོ་བ་དང་འཚིག་པ་ལ་ཆིག་རྐྱང་ཐུབ་པ་རྣམས་ཞེས་བརྗོད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་ལྔ་ལས་གཞན་པའི་ཉོན་མོངས་པ་ཆུང་ངུའི་འཆབ་པ་སོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཉོན་མོངས་པ་ཆུང་ངུའི་ས་མང་ཡིན་པའི་ཕྱིར། རྩ་བར། ཁྲོ་བ་དང༌། འཁོན་དུ་འཛིན་དང་གཡོ་དང་ནི། །ཕྲག་དོག་འཚིག་འཆབ་སེར་སྣ་དང༌། །སྒྱུ་དང་རྒྱགས་དང་རྣམ་འཚེ་ནི། །ཉོན་མོངས་ཆུང་ངུའི་ས་བ་རྣམས། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཉེར་བསྡོགས་ཀྱིས་འཆི་སེམས་བྱེད་པ་ཡོད་པར་ཐལ། མཆིམས་མཛོད་༢༧༦ལས། དེའི་ཕྱིར་བསམ་གཏན་གསུམ་ན་ཉེར་བསྡོགས་ཁོ་ན་ལ་འཆི་སེམས་དང་སྐྱེ་སེམས་ཡོད་ཀྱི་དངོས་གཞི་དག་ན་ནི་མེད་དེ།བཏང་སྙོམས་མེད་པའི་ཕྱིར་རོ་ཞེས་སློབ་དཔོན་གང་སྤེལ་འཆད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཐུ་ལུམ་འབར་བ་ཆོས་ཅན། ཁམ་ཡིན་ཀྱང་ཟས་མ་ཡིན་པར་ཐལ། མཆིམས་མཛོད་མཆན༢༧༦ལས། ཁམ་དང་ཟས་ལ་མུ་བཞི་རྩི་ན། མུ་དང་པོ་ཁམ་ཡིན་ལ་ཟས་མིན་པ་ནི། ཐུ་ལུམ་འབར་བ་ལ་སོགས་པ་ཟ་བ་དང་འཇུ་བའི་ཚེ་གཉིས་ཀར་ཕན་མི་འདོགས་པའོ། །ཟས་ཡིན་ཁམ་མིན་རེག་སོགས་གསུམ་མོ། །གཉིས་ཡིན་ནི་དབང་པོ་རྟེན་བཅས་རྒྱས་པར་འགྱུར་བའི་ཁམ་གང་ཡིན་པའོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་༢༧༣ལས། དེ་དག་སྣ་ལྕེ་ལུས་གསུམ་གྱིས་ཁམ་དུ་བཅད་ཅིང་མིད་ནས་ཟ་བའི་ཕྱིར་རོ། །ཞེས་དང༌། མཆིམས་མཛོད་མཆན༢༧༦ལས། བྱེ་བྲག་སྨྲ་བ་དག་ཟས་ནི་ཟ་བ་དང༌། འཇུ་བའི་ཚེ་གཉིས་སུ་བྱ་བ་བྱེད་པས། ཐུ་ལུམ་འབར་བ་ལ་སོགས་པའང་ཟས་ཡིན་ཏེ། ཟ་བའི་ཚེ་བཀྲེས་སྐོམ་འཇོམས་ནུས་པས་སོ། །ཞེས་དང༌། མཛོད་འགྲེལ་གནད་སྒྲོན་༨༡ལས། འགྲོ་བ་ཟས་ཀྱིས་གནས་པ་ཡིན། །དེ་དག་ཀྱང༌། ཁམ་གྱི་ཟས་ལ་སོགས་པ་སྟེ། །དེ་ལ། ཁམ་གྱི་ཟས་ནི་འདོད་པ་ན། །གཟུགས་དང་གཟུགས་མེད་པའི་ཁམས་དག་ན་ནི་ཡང་མེད་དོ། །དེ་ཡང་སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། །དྲི་དང་རོ་དང་རེག་བྱའི་སྐྱེ་མཆེད་རྣམས་ནི་ཁམ་གྱི་ཟས་ཁོ་ན་ཡིན་ཏེ། ཁམ་དུ་བྱས་ནས་མིད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེ་ལ་འོ་ན་ཁམ་དུ་བྱས་ནས་མིད་དུ་ཡོད་པ་ཡིན་ན་ཟས་ཡིན་པས་ཁྱབ་པར་ཐལ། གོང་གི་ལུང་དང་འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། གཟུགས་ཀྱི་སྐྱེ་མཆེད་ཁམ་དུ་བཅད་ནས་མིད་དུ་ཡོད་ཀྱང་ཟས་མ་ཡིན་པའི་ཕྱིར་ཏེ། མཛོད་འགྲེལ་གནད་སྒྲོན་༨༡ལས། གཟུགས་ཀྱི་སྐྱེ་མཆེད་མ་ཡིན་དེས། །རང་དབང་གྲོལ་ལ་མི་ཕན་ཕྱིར། །གཟུགས་ཀྱི་སྐྱེ་མཆེད་ནི་ཁམ་དུ་བྱས་ནས་མིད་པ་ཡིན་ཡང་ཁམ་གྱི་ཟས་མ་ཡིན་ཏེ། མིད་པའི་ཚེ་ར༷ང་གི་དབ༷ང་པོ་དང་འབྱུང་བ་ཆེན་པོ་རྣམས་ལ་ཕན་མི་འདོགས་པའི་ཕྱིར་རོ། །གང་གི་ཚེ་མཐོང་བ་ན་བདེ་བ་དང་ཡིད་བདེ་བར་བྱེད་པ་དེའི་ཚེ་ཡང་དེ་ལ་དམིགས་པ་བདེ་བ་མྱོང་པར་འགྱུར་བའི་རེག་པ་ཟས་ཡིན་གྱི་གཟུགས་མ་ཡིན་ནོ། །གྲོ༷ལ་བ་ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་ཟས་ཤིན་ཏུ་ཡིད་དུ་འོང་བ་མཐོང་བ་རྣམས་ལ་ཡང་ཕན་འདོགས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། རེག་བྱའི་སྐྱེ་མཆེད་ཁམ་ཟས་ཡིན་པའམ་ཡོད་ན་ཁམ་ཟས་ལ་ཆགས་པ་དང་བྲལ་ན་རེག་བྱའི་སྐྱེ་མཆེད་ལ་ཆགས་པ་དང་བྲལ་དགོས་པར་ཐལ།དྲི་རོ་ལ་དེ་དགོས་པ་གང་ཞིག དེ་དང་མཚུངས་པའི་ཕྱིར། འདོད་ན། ཁམས་གོང་མ་ལ་དྲི་རོ་མེད་པ་བཞིན་རེག་བྱ་མེད་པར་ཐལ་ལོ་ཟེར་བ་དང༌། ཁམ་ཟས་ལ་ལུས་རྒྱས་བྱེད་མི་དགོས་པར་ཐལ། མཛོད་རང་འགྲེལ༢༧༥ལས། དམྱལ་བ་དག་ན་ཁམ་གྱི་ཟས་ཇི་ལྟ་བུ་ཞེ་ན། ལྕགས་ཀྱི་ཐུ་ལུམ་འབར་བ་དང༌། ཟངས་ཞུན་མ་ཡིན་ནོ། །གལ་ཏེ་གནོད་པར་བྱེད་པ་ཡང་ཟས་ཡིན་ན་ནི་མུ་བཞི་ལ་ཡང་གནོད་པར་འགྱུར་ལ་རབ་ཏུ་བྱེད་པའི་གཞུང་ཁམ་གྱི་ཟས་གང་ཞེ་ན། ཁམ་གང་ལ་བརྟེན་ནས་དབང་པོ་རྣམས་རྒྱས་པར་འབྱུང་ཞིང༌། ཞེས་པ་ནས། རྒྱས་པར་འགྱུར་བའི་ཟས་ལ་དགོངས་ཏེ་གསུངས་པའི་ཕྱིར་འགལ་བ་མེད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན་ཉོན་མོངས་པ་ཐམས་ཅད་ཟས་ཡིན་པར་ཐལ། ཟས་ལ་ལུས་སེམས་ལ་ཕན་འདོགས་པ་མི་དགོས་ན་དེ་དག་ཟས་མ་ཡིན་པའི་རྒྱུ་མཚན་མེད་པའི་ཕྱིར་ཟེར་བ་དང༌། ཟས་བཞིར་གྲངས་ངེས་པ་ཡིན་པར་རང་འགྲེལ་༢༧༢ལས། རེག་དང་སེམས་པ་རྣམ་ཤེས་ནི། །ཟག་བཅས་ཟས་ཡིན་གསུམ་དག་ན། །རེག་པ་གསུམ་འདུས་པ་ལས་བྱུང་བ་དང༌། སེམས་པ་ཡིད་ཀྱི་ལས་དང༌། རྣམ་པར་ཤེས་པ་ཟག་པ་དང་བཅས་པ་དག་ཁོ་ན་ཟས་ཡིན་ཏེ། ཞེས་དང༌། མཛོད་འགྲེལ་གནད་སྒྲོན་ལས། རེག་དང་སེམས་པ་རྣམ་ཤེས་ནི། །ཟག་བཅས་ཟས་ཡིན་གསུམ་དག་ན། །རེག་པ་དང༌། སེམས་པ་དང༌། རྣམ་པར་ཤེས་པ་ཟག་པ་དང་བཅས་པ་དག་ཁོ་ན་ཟས་ཏེ། ཁམས་གསུམ་ཆར་ན་ཡང་ཡོད་དོ། །ཞེས་གསུངས་ལ་དེ་ལ་རེག་པ་ཟས་ཡིན་ན་ཟག་བཅས་ཀྱི་ཚོར་བ་ཟས་མ་ཡིན་པ་འཇོག་དཀའ་བའི་ཕྱིར་ཟེར་བ་དང༌། ཟས་ཟད་པའི་གང་ཟག་ལ་རེག་པའི་ཟས་སོགས་ཡོད་མེད་སོགས་དེ་དག་ལ་དཔྱད་པར་བྱའོ། །ཡང་མཆིམས་མཆན་༢༧༥ལས། རྒྱ་མཚོ་འགྲམ་གྱི་སྒོ་ང་མའི་སེམས་པས་མ་བརྗེད་པ་མི་འདྲུལ་ལ་བརྗེད་པ་འདྲུལ་ལོ་ཞེས་གྲག་གོ །སློབ་དཔོན་ན་རེ་དེ་ལྟ་ན་གཞན་གྱི་སེམས་པ་གཞན་གྱི་ཟས་སུ་ཐལ་བས་སྒོ་ངས་མ་དྲན་ན་མི་འདྲུལ་ལ་མ་མ་དྲན་ན་འདྲུལ་ལོ་ཞེས་སོ། །ཡང་དྲན་པ་ཉེར་གཞག་ལས། སྒོ་ང་ལས་སྐྱེས་པ་དང་ཆུ་སྲིན་ལ་སོགས་པ་རྣམས་ཡིད་ལ་སེམས་པའི་ཟས་དེས་འཚོ་བར་བྱེད་དོ། །དེ་ནས་ཡང་འཕེལ་བར་བྱེད་ཅིང་འཚོ་བར་བྱེད་ལ་ཟས་ཀྱི་བྱ་བ་ཡང་བྱེད་དོ་ཞེས་གསུངས།ཞེས་གསུངས་པ་ལ་སྒོ་ངའི་སེམས་ཅན་ཡིན་ན་མ་དྲན་པས་ཁྱབ་པ་དང་མ་ཤེས་པས་ཁྱབ་པ་ཡོད་པར་ཐལ་ལོ་ཟེར་ན་དཔྱད་དོ། །ཡང་འཆི་འཕོ་བའི་སེམས་ཀྱི་ཚོར་བ་ལ་བཏང་སྙོམས་ཀྱིས་ཁྱབ་པར་ཐལ། མཆིམས་མཛོད་༢༧༦ལས། ཚོར་བ་ནི་འཆི༷་འཕོ༷་བ་དང་སྐྱེ༷་བ༷འི་བཏ༷ང་སྙོ༷མས་ཉིད་ལ༷་ཡིན་པར་འདོད་དེ། ཚོར་བ་གཞན་དག་ནི་རྣམ་པ་གསལ་བའི་ཕྱིར་མི་འདོད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། འདོད་པའི་སྐྱེས་ཐོབ་དགེ་བ་གསལ་བས་འཆི་སེམས་བྱས་པ་མེད་པར་ཐལ། འདོད་པའི་ཕྱིར། ཞེས་སོགས་གནས་གཉིས་པའི་མཇུག་ཏུ་བཤད་ཟིན་པ་ལྟར་དཔྱད། མཆིམས་མཛོད་༢༧༩ལས། ཡ༷ང་དག་པ་ཉིད་དུ་ངེས་པའི་ཚོགས་དང༌། ལོག་པ་ཉིད་དུ་ངེས་པའི་ཚོགས་དང༌། མ་ངེས་པའི་ཚོགས་པ་ཞེས་དེ་ལས་འཕགས་པ་དང་མཚམས་མེད་པ་བྱེད་པ་དག་ནི་རིམ་པ་ལྟར་ཡང་དག་པ་དང་ལོག་པ་ཉིད་དུ་ངེས་པ་ཡིན་ཏེ། ངན་འགྲོ་མེད་པར་མཐོ་རིས་སུ་སྐྱེས་ནས་ཐར་པར་ངེས་པའི་ཕྱིར་དང༌།ཤི་འཕོས་མ་ཐག་ཏུ་དམྱལ་བར་སྐྱེ་བར་ངེས་པའི་ཕྱིར་རོ། །ལྷག་མ་རྣམས་ནི་མ་ངེས་པ་ཡིན་ནོ། །ཞེས་གསུངས་པ་ལ་ཤི་འཕོས་མ་ཐག་ཏུ་དམྱལ་བར་སྐྱེ་བ་མེད་པར་ཐལ། བར་དོ་མ་གྲུབ་པར་དམྱལ་བར་སྐྱེ་བ་མེད་པའི་ཕྱིར་ཟེར་བ་དང༌། འཆི་སེམས་ལ་གནས་པའི་གང་ཟག་དེ་སྲོག་དབང་ལྡན་པའི་གང་ཟག་ཞིག་བཞག་དགོས་པས་དེ་གང་ཟག་སུ་ཡིན་དཔྱད་པར་བྱའོ།། །།

སྣོད་ཀྱི་འཇིག་རྟེན་བཤད་སྐབས་ཀྱི་དོགས་གཅོད།

སྣོད་ཀྱི་འཇིག་རྟེན་བཤད་སྐབས་ཀྱི་དོགས་གཅོད་ནི།

ཧོར་ཟླ་བཅུ་བའི་ཚེས་བཅུ་དྲུག་ནས་ལོ་འགོ་འཛིན་རིགས་ཏེ། འདུལ་ཊཱིཀ་ཉི་མའི་འོད་ཟེར་༨༦༧ལས། ༼དབྱུག་གུས་ཉ་བ་ལ་སྟོན་ཟླ་ཐ་ཆུང་བྱེད་པ་འདི་ལ་སྒྲུབ་བྱེད་ཀྱི་གཞུང་གཏན་ནས་མེད་ཅིང༌། དེ་ལ་གནོད་བྱེད་ཀྱི་གཞུང་དགུ་ཡོད་ཅིང༌། གཞུང་དགུ་བོ་འདི་དག་ནི་སྨིན་དྲུག་གིས་ཉ་བ་སྟོན་ཟླ་ཐ་ཆུང་ཡིན་པའི་སྒྲུབ་བྱེད་ཡིན་ནོ། །༽སྟོན་ཟླ་ཐ་ཆུང་ནི་སྨིན་དྲུག་གིས་ཉ་བའི་ཟླ་བ་དེ། ཉི་མའི་སྙིང་པོའི་མདོ་ལས། བདག་གིས་རྒྱུ་སྐར་སྨིན་དྲུག་བརྗོད། །ཟླ་བ་ཉ་ཚེ་ཟླ་རངས་འགྱུར། །སྟོན་ཟླ་ཐ་ཆུང་ཞེས་བྱའོ། །ཞེས་པ་ནས། མེ་ཏོག་འཕྲེང་བརྒྱུད་ལས། ས་ག་དང་ནི་ཆུ་སྟོད་དང༌། །དེ་བཞིན་ཁྲུམས་སྨད་སྨིན་དྲུག་ཅན། །རྒྱལ་དང་དབོ་ཞེས་བྱ་བ་ཉིད། །དྲུག་པའི་མར་ངོ་བཅུ་བཞིར་བརྗོད། །ཅེས་གསུངས་པ་དང༌། དགེ་ཚུལ་གྱི་ལོ་དྲི་བ་ལས་ཀྱང༌། རྒྱལ་དང་དབོ་དང་ས་ག་དང༌། །ཆུ་སྟོད་ཁྲུམས་སྨད་སྨིན་དྲུག་ཅན། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་བའོ། །ཞེས་སྨིན་དྲུག་གི་ཉ་བའི་མར་ངོ་གསོ་སྦྱོང་བཅུ་བཞི་པར་གསུངས་པ་དེ་ཡང༌། དབྱུག་གུ་ཉ་བའི་མར་ངོ་ནས་ལོ་འགོ་བཟུང་ན་འགལ་བར་འགྱུར་ལ། སྨིན་དྲུག་གི་ཉ་བའི་མར་ངོ་ནས་ལོ་འགོ་བཟུང་ན་གཞུང་དེ་གཉིས་དང་ཤིན་ཏུ་མཐུན་ཏེ། རྒྱ་གར་གྱི་ལུགས་ཀྱི་ཟླ་བ་རང་རང་གི་མར་ངོ་སྔོན་དུ་འབྱུང་ཞིང༌།ཡར་ངོ་ཕྱིས་འབྱུང་སྟེ། མར་ངོའི་ཚེས་གཅིག་ལ་ཟླ་བའི་འགོ་བྱས་ནས། ཉ་ནི་ཟླ་བའི་མཇུག་ཡིན་པར་སྡེ་སྣོད་གསུམ་ག་ལས་གསུངས་སོ། །ཞེས་དང༌། དེ་ལྟར་ན་སྨིན་དྲུག་གི་ཉ་བའི་ཕྱི་དེ་ཉིན་པར་ནས་ལོའི་འགོ་བཟུང་སྟེ། ཞེས་གསུངས་པའི་ཕྱིར་ཟེར་ན། དེ་མི་འཐད་པར་ཐལ། འདུལ་མངོན་གྱི་ལུགས་ལ་ལོ་འགོ་འཛིན་ཚུལ་གྲགས་ཆེ་བ་གསུམ་ལས་རང་ལུགས་ལ་ཧོར་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ནས་ལོ་འགོ་འཛིན་པ་འཐད་ཕྱོགས་ཡིན་ཏེ། འདུལ་བ་བདུད་རྩིའི་ཉིང་ཁུ་༨༠ལས། ལོ་འགོ་༽ངོས་འཛིན་ལུགས་ལ། ཉ་ཚེས་དབྱུགས་པ་གང་ཡིན་པ། །དེ་ནི་སྟོན་ཟླ་ཐ་ཆུང་ཡིན། །ཞེས་དགུ་པའི་བཅུ་དྲུག་ནས་སྟོན་ཟླ་ཐ་ཆུང༌། དེ་ལོ་འགོར་བྱེད་པ་མང་ཡང༌། ལུང་དེ་ཁུངས་མ་མིན་ལ། མདོ་སྡེ་ཉི་མའི་སྙིང་པོར། ཟླ་གྲངས་ཉ་ཚེས་ཐ་སྐར་ཡིན། །སྟོན་ཟླ་འབྲིང་པོའི་ངོ་ལ་ནི། །ལོ་སྐོར་བདག་གིས་བརྗོད་པར་བྱ། །ཟླ་བ་བཅུ་གཉིས་བཤད་པ་ཡིན། །ཞེས་ཉ་ལ་ཐ་སྐར་བྱུང་པས་སྟོན་ཟླ་འབྲིང་པོ་ཡིན་ལ། ཉ་དེས་ལོ་སྐོར་རྫོགས་ནས་ཚེས་བཅུ་དྲུག་ནས་ལོ་འགོ་འཛིན་པའི་ལུགས་ནི། དྲང་སྲོང་རྔ་བོང་གི་ལུགས་དེ་དུས་ཀྱི་དབང་དུ་བྱས། དེ་ནས་ད་བར་ཟླ་བ་གཅིག་དང་ཞག་བཅུ་གཉིས་བཅུ་གསུམ་གྱིས་ཉི་མ་བཟློག་པ་སྔར་སོང་ཞེས་བུ་སྟོན་རིན་པོ་ཆེས་གསུངས། དེ་ལྟར་ཐ་སྐར་གྱི་ཉ་བའི་ཕྱི་དེ་ཉིན་ནས་ལོ་འགོ་འཛིན་པའི་ལུགས་དང༌། སྨིན་དྲུག་གི་ཉ་བའི་ཕྱི་དེ་ཉིན་ནས་འཛིན་པའི་ལུགས་གཅིག་དང༌། མཛོད་ལས། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང༌། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུ་འགྱུར་རོ་ཉིན་མོ་ཟློག །ཞེས་དང༌། དེའི་འགྲེལ་བཤད་དུ། དབྱར་གྱི་ཟླ་བ་ནི་དབྱར་ཟླ་འབྲིང་པོའི་ཉ་ནས་སྟོན་ཟླ་ཐ་ཆུང་ཉའི་བར་བཞི་ཡིན་ལ་ཟླ་བ་ཐམས་ཅད་ཀྱང་མར་གྱི་ངོ་སྔ་སྟེ་དེ་ལ་སྟོན་ཟླ་ར་བ་ཡར་གྱི་ངོའི་ཚེས་དགུ་ནས་མཚན་མོ་རིང་བར་འགྱུར་རོ། །ཞེས་གསུངས་པས། མར་ངོ་སྔོན་འགྲོའི་སྟོན་ཟླ་ར་བ་དགུན་རྣམས་ཀྱི་ནི་བཞི་པ་ཞེས། དགུན་ཉི་དཔྱིད་ཟླ་ར་བ་ལ་ཟློག་པར་གསུངས་པ་དེང་སང་གི་ཉི་མ་ཟློག་མཚམས་དང་འགྲིག་པས། དེ་ལུགས་ཀྱི་ཁྲུམས་ཀྱི་ཉ་བའི་ཕྱི་དེ་ཉིན་ནས་ལོ་འགོ་འཛིན་པར་འདོད་པའི་ལུགས་དང་གསུམ་ལས། ཐ་སྐར་གྱི་ཉ་བའི་ཕྱི་དེ་ཉིན་ནས་འཛིན་པ་དེ་ཕྱེད་འདས་དང༌། གསོ་སྦྱོང་བཅུ་བཞི་པ་ཅུང་ཟད་མི་འགྲིག་པའི་སྐྱོན་ཡོད་ལ། སྨིན་དྲུག་གི་ཕྱི་དེ་ཉིན་ནས་འཛིན་པ་ནི་དབྱར་སྔ་ཕྱིའི་དགག་དབྱེ་གཡུལ་ཐོན་ནས་བྱ་དགོས་པ་དང༌། ཆུའི་རླབས་བྲི་ཞིང༌། ཤིང་ལོའི་འདབ་མ་སེར་པོར་གྱུར་ཀྱང༌། དྲུག་སྡེའི་དགག་དབྱེ་མ་བྱས་སོ། །ཞེས་འཕྱ་བའི་གཞིར་གྱུར་པའི་ཕྱིར་ཞེས་གསུང་ཞིང༌། རས་ཆེན་དགག་དབྱེ་ཐོན་ནས་ཟླ་བ་ཕྱེད་བཅངས་པ་དགོས་མེད་དུ་འགྱུར། ཞེས་སོ། །དེ་ལྟར་ལུགས་གསུམ་ལས་ཕྱི་མ་འདི་རིགས་པར་སེམས་སོ། །ཁ་ཅིག དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་པ་དང༌། དགུན་རྣམས་ཀྱི་ནི་བཞི་པ་ལ། །ཞེས་པ་སྟོན་དཔྱིད་ཉིན་མཚན་མཉམ་པ་སྟོན་པར་འདོད་པའང་མི་འཐད་དེ། དབྱར་ཟླ་གཉིས་པ་ཞེས་པ་མར་ངོ་སྔོན་འགྲོའི་སྟོན་ཟླ་ར་བ་ཡིན་ལ། དེ་ལ་སྟོན་ཟླ་ར་བའི་ཡར་ངོ་ཚེས་བརྒྱད་ལ་ཉིན་མོ་ཡུད་ཙམ་བཅོ་བརྒྱད་མཚན་མོ་ཡུད་ཙམ་བཅུ་གཉིས་སུ་གསུངས་ཏེ། གདགས་པར། སྟོན་ཟླ་ར་བའི་ཡར་གྱི་ངོའི་ཚེས་བརྒྱད་ལ་ཉིན་མོ་ནི་ཡུད་ཙམ་བཅོ་བརྒྱད་ལ། གདགས་པར། མཚན་མོ་ནི་ཡུད་ཙམ་བཅུ་གཉིས་སུ་བཤད་པས་སོ། །ཞེས་དང༌། ཡང་དེ་༨༩ལས། ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་པོའི་ཉའི་ཕྱི་དེ་ཉིན་པར་བགྱིའོ། །དབྱར་ཟླ་ཐ་ཆུང་ཉའི་འོ། །ཞེས་གསུངས་པས། དབྱར་སྔ་མ་དབྱར་ཟླ་འབྲིང་པོའི་ཉ་ལ་སྦྱོར་བ་ཚུལ་འཇུག་དང༌། དེའི་ཕྱི་དེ་ཉིན་དབྱར་ཟླ་ཐ་ཆུང་གི་མར་གྱི་ཚེས་གཅིག་ལ་ཁས་ལེན་བྱ། དབྱར་ཕྱི་མ་དབྱར་ཟླ་ཐ་ཆུང་གི་ཉ་ལ་སྦྱོར་བ། དེའི་ཕྱི་དེ་ཉིན་སྟོན་ཟླ་ར་བའི་མར་གྱི་ཚེས་གཅིག་ལ་ཁས་ལེན་བྱའོ། །དེ་ཡང་མཛོད་འགྲེལ་བཤད་དང་བཅས་པའི་རྗེས་སུ་འབྲངས་ཏེ། དགུན་ཉི་མར་ངོ་སྔོན་འགྲོའི་དཔྱིད་ཟླ་ར་བའི་ངོ་ལ་ཟློག་པར་གསུངས་པ་དེ། བཅུ་གཅིག་པའི་མར་ངོ་ནས་བཅུ་གཉིས་པའི་ཉའི་བར་ལ་འབྱུང་བས་དེ་དཔྱིད་ཟླ་ར་བ་ཡིན་ལ། དེ་ལྟར་རྩིས་པའི་ཧོར་ཟླ་བཞི་པའི་ཉས་དབྱར་ཟླ་འབྲིང་པོ་རྫོགས་ཤིང༌། དེ་ཉིན་དབྱར་སྔ་མའི་སྦྱོར་བ་བྱའོ། །ཞེས་དང༌།མཆིམས་༢༩༩ལས། འདིར་ནི་སྒྲོག་ཁྲུམས་ཀྱི་ཉ་བའི་ཟླ་བ་ནི་སྟོན་ཟླ་ཐ་ཆུང་ཡིན་ལ། དེའི་ཚེས་བཅུ་དྲུག་ནས་ཐ་སྐར་༼ཧོར་ཟླ་༨༽གྱི་ཟླ་བའང་ཡིན་པར་ཤེས་ཏེ། དགུན་རྣམས་ཀྱི་ཟླ་བ་བཞི་པའི་ཡར་ངོ་ལ་ཉི་མ་ལྡོག་པར་བཤད་ཅིང༌། ཞེས་པ་ནས། དེས་ན་འདིར་དབྱར་གྱི་ཟླ་བ་གཉིས་པ་ནི་སྟོན་ཟླ་ར་བ་སྟེ། དེ་ནི་དབྱར་ཟླ་ཐ་ཆུང་སྣྲོན་གྱི་ཟླ་བའི་མར་ངོ་དང་སྟོན་ཟླ་ར་བ་ཆུ་སྟོད་ཀྱི་ཟླ་བའི་ཡར་ངོ་བསྡོམས་པ་སྟེ། ཞེས་དང༌། མཛོད་འགྲེལ་གནད་སྒྲོན་ལས།དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང༌། །དབྱར་ཟླ་ཐ་ཆུང་ཡར་གྱི་ངོའི་ཚེས་དགུ་ནས་མཚན་མོ་རིང་ངོ། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུ་འགྱུར་རོ། །དགུན་ཟླ་ཐ་ཆུང་གི་ཕྱོགས་གཉིས་པའི་ཚེས་དགུ་ནས་སོ། །ཉིན་མོ་བཟློག གང་གི་ཚེ་ཉིན་མོ་རིང་བ་དེའི་ཚེ་མཚན་མོ་ཐུང་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་རང་ལུགས་བཞག་པ་ལ་སྐྱོན་སྤོང་ནི། འདུལ་བ་བདུད་རྩིའི་ཉིང་ཁུ་ལས། འོ་ན། འདུལ་བ་ཚིག་ལེའུར་བྱས་པ་ལས། གྲོ་བཞིན་ཟླ་བའི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །དེ་ཉིད་ཁྲུམས་སྟོད་ཟླ་བ་ཡི། །ཚེས་གཅིག་ཅེས་ནི་ཕྱི་མར་གྲགས། །ཅེས་གསུངས་པ་དང་འགལ་ཞེ་ན། དེ་ནི་ཉ་ལ་སྐར་མ་དབོ་བྱུང་བ་དཔྱིད་ཟླ་ར་བར་བྱེད། དེའི་ངོ་ལ་དགུན་ཉི་ལྡོག་པའི་དུས་སྔ་མའི་དབང་དུ་བྱས་པ་ཡིན་ཅིང༌། དེང་སང་ཉ་ལ་སྐར་མ་དབོ་བབ་པའི་ཚེའི་ཟླ་བ་ལ་དགུན་ཉི་དང་པོ་ལྡོག་པ་མི་སྲིད་ཅིང༌། དང་པོ་དྲང་སྲོང་རྔ་བོང་གི་དུས། དབོའི་ཟླ་བ་ལ་ཉི་མ་ལྡོག་པ་ཡོད་པར་ཉི་མའི་སྙིང་པོར་གསུངས་པ། མཆུ་ནི་ཟླ་བ་རབ་རྫོགས་བྱེད། །དགུན་ཟླ་ཐ་ཆུང་རང་བཞིན་ཡང༌། །མཐར་གྱིས་ཀྱང་ནི་བརྗོད་པར་བྱ། །ལྷོའི་ཕྱོགས་སུ་ཕྱིན་ནས་ཀྱང༌། །ཉི་མ་ཡོངས་སུ་འཁོར་བར་བྱེད། །མཚན་མོ་བཅོ་བརྒྱད་ཤེས་པར་གྱིས། །ཉིན་པར་ཡང་ནི་བཅུ་གཉིས་ཡིན། །རྒྱལ་ཡང་མཚན་མོ་འཐབ་པར་བྱེད། །ཉི་མའི་མདུན་ན་མོན་གྲེ་ཡིན། །ཞེས་དང༌། ཟླ་གྲངས་ཚེས་གཅིག་ལྔ་ལ་དབོ། །འདིར་ནི་དཔྱིད་ཟླ་ར་བ་ཡི། །རང་བཞིན་ཡང་ནི་བརྗོད་པར་བྱ། །བྱང་ཕྱོགས་སུ་ནི་ཁ་བལྟས་ནས། །ཉི་མ་ཡོངས་སུ་འཁོར་བར་བྱེད། །ཅེས་གསུངས་པས་སོ། །ཞེས་པའོ། །དེས་ན་ཧོར་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ནས་ལོ་འགོ་བཟུང་བ་འཐད་དེ། དེ་ལྟ་མ་ཡིན་ན་དབྱར་ཕྱི་མའི་དབང་དུ་བྱས་ན་ཧོར་ཟླ་བཅུ་བའི་བཅུ་དྲུག་ལ་དགག་དབྱེ་བྱེད་དགོས་པར་འགྱུར་བས་ཧ་ཅང་ཐལ་བར་འགྱུར་པའི་ཕྱིར་རོ། །མཛོད་འགྲེལ་གནད་ཀྱི་སྒྲོན་མེ་༨༩ལས། ཡང་ཅི་གནས་འོག་མར་སྐྱེས་པ་རྣམས་གོང་མའི་གཞལ་མེད་ཁང་དུ་དོང་ནས་མཐོང་བར་འགྱུར་རམ་ཞེ་ན། རྫུ་འཕྲུལ་གཞན་རྟེན་མ་གཏོགས་པར། །དེ་དག་གོང་མ་མཐོང་བ་མེད། །རྫུ་འཕྲུལ་གྱིས་སམ།གཞན་ལ་བརྟེན་ནས་ཏེ་རྫུ་འཕྲུལ་དང་ལྡན་པའམ། དེ་ན་གནས་པའི་ལྷས་ཁྲིད་པར་གྱུར་ན་སུམ་ཅུ་རྩ་གསུམ་པ་རྣམས་འཐབ་བྲལ་བའི་ནང་དུ་འགྲོ་བར་འགྱུར་ཏེ། ལྷག་མ་རྣམས་ཀྱང་དེ་དང་འདྲའོ། །ཞེས་གསུངས་པ་ལ་རྫུུ་འཕྲུལ་དང་གཞན་ལ་བརྟེན་ནས་བྱ་བ་དེ་བྱེད་ནུས་ན་བྱ་བ་དེ་བྱེད་ནུས་པས་ཁྱབ་བམ་ཅི་ཡོད་ན། མཛོད་འགྲེལ་མངོན་པའི་རྒྱན་༣༡༣ལས། ཁམས་དང་ས་འོག་མ་བ་དེ་དག་གིས་གོང་མར་བགྲོད་པ་དང་གོང་མ་པ་དག་མཐོང་བའང་མེད་དོ། །དེའི་ཕྱིར་གང་དག་༼འོག་མ་བས་གོང་མ༽མཐོང་བ་དེ་དག་ནི་སྤྲུལ་པའི་གཟུགས་ཡིན་གྱི་དམན་པའི་ཡུལ་མཆོག་མ་ཡིན་པས་འོག་མས་གོང་མའི་གཟུགས་མཐོང་བ་མ་ཡིན་ནོ། །ཞེས་གསུངས་པས་དཔྱད་པར་བྱའོ། །ཡང་མཛོད་འགྲེལ་གནད་ཀྱི་སྒྲོན་མ༩༡ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་ལྔ་བརྒྱའོ། །གོང་མ་གཉིས་ཀ་ཉིས་འགྱུར་རོ། །སུམ་ཅུ་རྩ་གསུམ་པ་རྣམས་ལས་བརྩམས་ཏེ། ཉིན་ཞག་ཀྱང་ཉིས་འགྱུར་ཡིན་ལ་ཚེ་ཡང་ཉིས་འགྱུར་རོ། །ཞེས་དང༌། མངོན་རྒྱན་༣༢༡ལས། ཟླ་བ་ཐམས་ཅད་ཞག་སུམ་ཅུ་སུམ་ཅུ་ཁོ་ནར་ངེས་པ་ནི་མ་ཡིན་ཏེ། ཞེས་གསུངས་པ་ལ་ལོ་གཅིག་གི་རིང་བའི་ཞག་ཡོད་མེད་དང་ལོ་དང་ཞག་གཉིས་ལ་རིང་ཐུང་ཡོད་མེད་སོགས་ཚིག་གི་རོལ་རྩེད་སྤྲོ་བར་བྱའོ། །ཡང་མཛོད་འགྲེལ་གནད་ཀྱི་སྒྲོན་མ༩༤ལས། ཕས་བསུ་རང་འགྲོ་གཡུལ་བཤམས་དང༌། །མཚོན་བརྩམས་པས་རྒྱལ། གང་ལ་གསེར་གྱི་འཁོར་ལོ་ཡོད་པ་དེ་ལ་ནི་ཁམས་ཀྱི་རྒྱལ་ཕྲན་རྣམས་རང་རེས་པས་བསུ་བར་བྱེད་དོ། །གང་ལ་དངུལ་གྱི་འཁོར་ལོ་ཡོད་པ་དེ་ནི་བདག་ཉིད་དེ་དག་གི་ཐད་དུ་འགྲོ་སྟེ་ཕྱིས་འདུད་དོ། །གང་ལ་ཟངས་ཀྱི་འཁོར་ལོ་ཡོད་པ་དེ་ནི་དེར་སོང་ནས་གཡུལ་བཤམ་པར་བྱེད་དོ། །གང་ལ་ལྕགས་ཀྱི་འཁོར་ལོ་ཡོད་པ་དེ་ནི་དེ་དག་གི་ཐད་དུ་སོང་ནས་ཕན་ཚུན་མཚོན་བརྩམས་པས་སོ། །འཁོར་ལོས་སྒྱུར་བ་ཐམས་ཅད་ཀྱང༌། །གནོད་པ་མེད། མཚོན་ཆས་རྒྱལ་ཡང་གསོད་དུ་མི་འཇུག་གོ །ཞེས་དང༌། མཆིམས་མཛོད་༣༣༠ལས། སེམས་ཅན་འགའི་ཡང་སྲོག་ལ་གནོད་པ་མེད་དེ། དེས་མི་དགེ་བ་བཅུ་སྤངས་པའི་ཕྱིར་རོ། །ཞེས་གསུངས་པ་ལ། དེ་དག་གིས་མི་དགེ་བ་སྤངས་ན་འོག་ནས་བསྟན་པའི་བརྣབ་སེམས་ཀྱི་མི་དགེ་བ་དེ་ལ་ཡོད་མེད་དཔྱད། ཡང་མཛོད་འགྲེལ་གནད་ཀྱི་སྒྲོན་མ༩༤ལས། ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །དེ་ལ་འགའ་ཞིག་ན་རེ་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་གཉིས་མི་འབྱུང་སྟེ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཞིན་ནོ་ཞེས་ཟེར་རོ། །ཞེས་གསུངས་པ་ལ་དུས་མཉམ་དུ་སངས་རྒྱས་གཉིས་དང་འཁོར་བསྒྱུར་གཉིས་རེ་མི་འབྱུང་བའི་རྒྱུ་མཚན་གང་ཡིན་དང་གླིང་གཅིག་ལ་དབང་བའི་འཁོར་སྒྱུར་བྱུང་དུས་སུ་གླིང་གཞན་ལ་དབང་བའི་འཁོར་སྒྱུར་མི་འབྱུང་བའི་རྒྱུ་མཚན་གང་ཡིན་དཔྱད་པར་བྱའོ། །བསྐལ་བ་དང་པོའི་དུས་སུ་རྒྱལ་པོ་མེད་པར་ཐལ། མཆིམས་མཛོད་༣༣༡ལས། ཡང་ཅི་བསྐལ་བ་དང་པོའི་མི་རྣམས་ཀྱང་རྒྱལ་པོ་དང་བཅས་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཞེས་སོགས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་༣༣༣ལས། མང་པོས་བཀུར་བའི་བུ་འོད་མཛེས་དང༌། དེའི་བུ་དགེ་བ་དང༌། དེའི་བུ་དགེ་མཆོག་དང༌། དེའི་བུ་གསོ་སྦྱོང་འཕགས་ཏེ། དེ་དག་ལ་ནི་བསྐལ་བ་དང་པོའི་རྒྱལ་པོ་ལྔ་ཞེས་ཟེར་རོ། །ཞེས་པ་ནས། དེ་དག་ནི་བསྐལ་པ་དང་པོའི་རྒྱལ་པོ་ལྔ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །མཆིམས་མཛོད་༣༣༦ལས། འདིར་ཚངས་ཆེན་གྱི་ཚེ་ཚད་བར་བསྐལ་དྲུག་ཅུར་བཤད་ཀྱང་སྣོད་ཆགས་འཇིག་གི་བར་བསྐལ་གཉིས་ཀྱིས་མ་ཚང་ངོ། །ཞེས་གསུངས་པ་ལྟར་ཚངས་ཆེན་གྱི་ཚེ་ཚད་ལ་ཞིབ་ཆ་ཤེས་དགོས་སོ། །སྨྲས་པ། སྣོད་བཅུད་འཇིག་རྟེན་སྲིད་པའི་ཆགས་འཇིག་སོགས། །ཆོས་ཚུལ་མ་ལུས་བཀྲ་བའི་སྣང་བརྙན་གང༌། །སྟོན་པ་མཆོག་གིས་བཀའ་བསྩལ་ཇི་བཞིན་དུ། །ཀུན་མཁྱེན་གཉིས་པས་སླར་བཤད་འདིར་བཀོད་དོ། །ཞེས་མཛོད་རྩ་འགྲེལ་གྱི་དོགས་གཅོད་ལམ་བཟང་གསལ་བའི་སྒྲོན་མེ་ཞེས་བྱ་བའི་གནས་གསུམ་པའི་བཤད་པ་རྫོགས་སོ།། །།

སངས་རྒྱས་གཉིས་པ་ཀུན་མཁྱེན་དབྱིག་གཉེན་གྱི་ཞབས་ལ་གུས་པས་ཕྱག་འཚལ།

སངས་རྒྱས་གཉིས་པ་ཀུན་མཁྱེན་དབྱིག་གཉེན་གྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །

དེ་ལ་འདིར་མཛོད་གནས་བཞི་པའི་དཀའ་གནས་འགའ་འཆད་པར་བྱའོ། ། ༈ ལས་མདོར་བསྟན་པའི་སྐབས་ཀྱི་དོགས་གཅོད་ནི། མཛོད་རྩ་བ་ལས།འཇིག་རྟེན་ཐམས་ཅད་ལས་ལས་བྱུང༌། །ཞེས་པས་འཇིག་རྟེན་གྱི་བྱེད་པོ་གཞན་ཡོད་པ་བསལ་བ་ཡིན་ཏེ། མཆིམས་མཛོད་༣༣༨ལས། དབང་ཕྱུག་ལ་སོགས་པ་སུས་ཀྱང་བློ་སྔོན་དུ་བཏང་སྟེ་བྱས་པ་མ་ཡིན་གྱི་འོན་ཀྱང་སེམས་ཅན་རྣམས་ཀྱི་ལས་དགེ་མི་དགེ་སྣ་ཚོགས་ལས་སྣོད་བཅུད་ཀྱི་འཇིག་རྟེན་བདེ་སྡུག་དང་བཟང་ངན་ལ་སོགས་པ་སྣ་ཚོགས་སྐྱེས། ཞེས་གསུངས་པའི་ཕྱིར། འདོད་ན། ལྷ་ཚངས་པ་སོགས་འཇིག་རྟེན་གྱི་བྱེད་པ་པོ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་རིགས་ཏེ། དེ་དག་འཇིག་རྟེན་སྒྲུབ་པ་པོ་ཡིན་པའི་ཕྱིར།ཁྱབ་སྟེ། ཆོས་སྒྲུབ་པ་པོ་ཡིན་ན་ཆོས་བྱེད་པ་པོ་ཡིན་དགོས་པའི་ཕྱིར་ཟེར་ན་ཚིག་གི་ཞིབ་ཆ་ཙམ་བྱེད་དགོས་སོ། །སྤྱི་མཐུན་གྱི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པ་ཡོད་ན་གཞན་གྱིས་བསགས་པའི་ལས་ལ་གཞན་གྱིས་མྱོང་བ་ཡོད་མེད་དང༌། ཡོད་ན་ལས་མ་བྱས་པ་དང་ཕྲད་པ་ཡོད་དགོས་ལ་དེ་མེད་པའི་ཕྱིར་ཟེར་བ་དང༌། སྤྱི་མཐུན་གྱི་ལས་བསགས་མཁན་དང༌། དེ་རྒྱུད་ལྡན་སུ་ཡིན་དང༌། དམ་བཅའ་བས་དེ་བསགས་མ་བསགས་གང་ཡིན་དང༌།སྤྱི་མཐུན་གྱི་ལས་ལས་ངན་སོང་དུ་འགྲོ་བ་ཡོད་ན་དེ་མི་དགེ་བ་ཡིན་མིན་དང༌། སྲོག་གཅོད་ཀྱི་ལས་ལྟ་བུ་གསར་དུ་བསགས་པའི་ཚེ་སྤྱི་མཐུན་གྱི་ལས་བསགས་པ་ཡིན་མིན་དང༌། མི་དགེ་བའི་ལས་ལ་སྤྱི་མཐུན་གྱི་ལས་ཡོད་མེད་དང༌། སྟོང་བསྐལ་གྱི་དུས་སུ་སྤྱི་མཐུན་གྱི་ལས་རྒྱུད་ལྡན་གྱི་གང་ཟག་གང་ཡིན་རྣམས་ལ་དཔྱད་པར་བྱའོ། །

ལས་སྤྱིར་བསྟན་པའི་སྐབས་ཀྱི་དོགས་གཅོད།

ལས་སྤྱིར་བསྟན་པའི་སྐབས་ཀྱི་དོགས་གཅོད་ནི།

ཡང་རྩ་བར། སེམས་པ་ཡིད་ཀྱི་ལས་ཡིན་ནོ། །ཞེས་པ་ལྟར་སེམས་པའི་ལས་ཡིན་ན་ཡིད་ཤེས་དང་མཚུངས་ལྡན་ཡིན་དགོས་པར་ཐལ། མཆིམས་མཛོད་༣༣༨ལས། ལས་དེ་ནི་སེམས་པའི་ལས་དང་སེམས་པ་དེས་བྱས་པ་བསམ་པའི་ལས་གཉིས་ལས་སེམས་པའི་ལས་ནི། ཡིད་ཤེས་དང་མཚུངས་ལྡན་ལུས་ངག་གི་ལས་མངོན་པར་འདུ་བྱེད་པའི་སེམས་བྱུང་ཡིན་པའི་ཕྱིར་ཡིད་ཀྱི་ལས་ཡིན་ནོ། །ཡིད་ནི་འདིར་སྐྱེ་མཆེད་ཀྱི་ཡིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། མིག་ཤེས་དགེ་བ་དང་མཚུངས་ལྡན་གྱི་སེམས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ལས་ལ་དེ་གཉིས་སུ་མ་ངེས་པར་འགྱུར་ལ་འདོད་མི་རིགས་ཏེ། ལས་ལ་དེ་གཉིས་ཕྱེ་བའི་རྒྱུ་མཚན་ཡོད་པའི་ཕྱིར་ཟེར་ན། མཆིམས་མཛོད་༣༣༨ལས། ཡིད་ནི་འདིར་སྐྱེ་མཆེད་ཀྱི་ཡིད་ཡིན་ནོ། །ཞེས་གསུངས་པ་ལྟར་ན་ཡིད་ཞེས་པ་གཙོ་སེམས་དྲུག་པོ་ཅི་རིགས་ལ་བྱེད་དམ་དཔྱད་པར་བྱ། མཆིམས་མཛོད་༣༣༨ལས། སེམས་པ་དེས་བསྐྱེད་པའི་ལས་ནི་ལུས་ཀྱི་ལས་དང་ངག་གི་ལས་ཏེ། དེ་དག་ནི་སེམས་པའི་ཀུན་ནས་བསླང་བའི་ཕྱིར་རོ། །ཞེས་པ་ལྟར་ན་བསམ་པའི་ལས་ལ་ལུས་ངག་གི་ལས་ལས་གཞན་པའི་ཡིད་ལས་ཡོད་མེད་དཔྱད་པར་བྱའོ། །

ལས་ཀྱི་བྱེ་བྲག་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པའི་སྐབས་ཀྱི་དོགས་གཅོད།

ལས་ཀྱི་བྱེ་བྲག་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པའི་སྐབས་ཀྱི་དོགས་གཅོད་ནི།

མཆིམས་མཛོད་༣༣༩ལས། དོན་འདི་ལ་གནས་མ་བུའི་སྡེ་བ་ནི། ཡུལ་གཞན་ན་ཡོད་པའི་ལུས་ཀྱི་རིག་བྱེད་ཉིད་མ་ཉམས་པར་ཡུལ་གཞན་དུ་འགྲོ་བར་འདོད་དེ།འདིས་སེམས་སེམས་བྱུང་དང་སྒྲ་དང་མེ་ལྕེ་དང་གློག་དང་འབབ་ཆུ་ལས་གཞན་སྐད་ཅིག་མར་མི་འདོད་པའི་ཕྱིར། དངོས་པོ་གཞན་ཡང་དེ་བཞིན་དུ་འདོད་དོ། །ཞེས་གསུངས་པ་ལ། ཉན་ཐོས་གནས་མ་བུ་པས་འདུས་བྱས་ཐམས་ཅད་མི་རྟག་པར་ཁས་ལེན་ཀྱང་སྐད་ཅིག་མ་ཡིན་པར་ཁས་མི་ལེན་པ་ཡིན་ན། དེའི་ལུགས་ལ་མི་རྟག་པའི་མཚན་ཉིད་གང་ཡིན་དང༌། སྒྲ་དང་འབབ་ཆུའི་འཇིག་རྒྱུ་གང་ཡིན་དང༌། མི་རྟག་པའི་དོན་སྐད་ཅིག་མ་མི་འཇོག་ན་མི་རྟག་པ་ཁས་མི་ལེན་དགོས་པར་ཐལ། ཕྱི་རོལ་བའི་སྐྱབས་གནས་མཐར་ཐུག་ཁས་མི་ལེན་པའི་རྒྱུ་མཚན་ཁོ་རང་གི་འདོད་པའི་དེ་ཁས་བླངས་ཀྱང་ནང་བའི་འདོད་པའི་སྐྱབས་གནས་ཁས་མི་ལེན་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར་ཟེར་བ་རྣམས་ལ་དཔྱད། མཆིམས་མཛོད་༣༤༠ལས། འདི་ལྟར་འཇིག་པ་རྒྱུ་གཞན་ལ་ལྟོས་པ་ཡིན་ན་བློ་དང་སྒྲ་དང་མེ་ལྕེ་དང་གློག་ལ་སོགས་པ་འཇིག་པའི་རྒྱུ༵་གཞན་མེ༵ད་པ༵་རྣམས་ལ༵ས་འཇིག་པ་འག༵འ་ཡང་མི༵་འབྱུ༵ང་བར་འགྱུར་ཏེ། རྒྱུ་མེད་པའི་ཕྱིར་རོ། །དེ་དག་ངང་གིས་འཇིག་པར་འདོད་ན་རྒྱུ་ལ་ལྟོས་པར་འདོད་པ་ཉམས་པ་ཡིན་ནོ། །བྱེ་བྲག་པ་བློ་ཡང་བློ་ཕྱི་མས་འཇིག་ལ། སྒྲ་ཡང་སྒྲ་ཕྱི་མས་འཇིག་གོ་ཞེས་བྱ་བར་འདོད་པའང་མ་ཡིན་ཏེ། དེ་དག་འཕྲད་པ་མེད་པའི་ཕྱིར་རོ། །ཞེས་དང༌། མཛོད་འགྲེལ་གནད་སྒྲོན་༩༨ལས། དེ་ཡང་མཐོང་སྟེ་གལ་ཏེ་འཇིག་པ་རྒྱུ་དང་ལྡན་པ་ཞིག་ཏུ་གྱུར་ན། བློ་དང་སྒྲ་དང་མེ་ལྕེ་དག་འཇིག་པ་མེད་པ་ལས་འབྱུང་བ་ཡང་མཐོང་བས་འདི་རྒྱུ་ལ་ལྟོས་པ་མ་ཡིན་ནོ། །ཡང་གང་ཞིག་གཟུགས་ལ་སོགས་པ་མེ་དང་འབྲེལ་བས་འཇིག་པར་འདོད་པ་དེ་དག་གི་ལན་ཡང་འདི་ཡིན་ཏེ། རྒྱུ་མེད་པ་ལས་འགའ་མི་འབྱུང༌། །གཞན་ཡང༌། རྒྱུ་ཡང་འཇིག་པ་པོར་འགྱུར་རོ། །མེ་དང་འབྲེལ་བ་གང་ལས་ཚོས་བྱེད་ལས་སྐྱེ་བ་འབྱུང་བ་དེ་ཉིད་དེ་དང་འདྲ་བར་ཚོས་པ་དང༌། ཆེས་ཚོས་པ་དང༌། ཆེས་ཆེར་ཚོས་པ་བྱུང་ན་དེ་དག་འཇྀག་པས་རྒྱུ་དེ་དག་གི་འཇིག་པ་པོར་འགྱུར་བའམ། ཡང་ན་བྱེ་བྲག་མེད་པར་འགྱུར་རོ། །དེ་ཡང་རིགས་པ་མ་ཡིན་ཏེ། དེའི་ཕྱིར་འགྲོ་བ་མེད་ན་ལུས་ཀྱི་རྣམ་པར་རིག་བྱེད་དབྱིབས་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །ཞེས་གསུངས་པའི་ཚིག་ཟིན་དེ་དག་ལ།བྱེ་བྲག་སྨྲ་བས་འདུས་བྱས་ཀྱི་ཆོས་གང་ན་ཡང་རང་གི་རྒྱུ་དེ་རང་འཇིག་བྱེད་མ་ཡིན་ན། དེ་འཇིག་བྱེད་ཡོད་ན་དེ་རང་གི་རྒྱུ་ལས་གཞན་གཞི་མ་གྲུབ་པའི་ཕྱིར་ཟེར་བ་སོགས་ཀྱི་སྒོ་ནས་དཔྱད། མངོན་རྒྱན་༣༣༩ལས། ལུས་ཀྱི་རྣམ་པར་རིག་བྱེད་ནི། བྱེ་བྲག་ཏུ་སྨྲ་བ་འགྲོ་བ་དང་ཕྱག་འཚལ་བ་དང་སྲོག་གཅོད་པ་ལ་སོགས་པ་རྣམ་སྨིན་གྱི་ལུས་དང་༼རྒྱས་བྱུང་གི་ལུས་ལས་༽ཐ་དད་པའི་དབྱིབས་སུ་འདོད་དེ། འདི་ལྟར་རྣམ་སྨིན་གྱི་ལུས་ཉིད་ཡིན་ན་ནི། རིག་བྱེད་དགེ་མི་དགེ་མི་སྲིད་པར་འགྱུར་ཏེ། དེ་ནི་ལུང་མ་བསྟན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཕྱག་འཚལ་བ་ལ་སོགས་པའི་ཚེ་ལུས་ཀྱི་རིག་བྱེད་དབྱིབས་སུ་གྲུབ་པ་ཞིག་སྤྱི་བོའི་གཙུག་ནས་རྐང་བའི་བར་དུ་ཡོད་ལ་དེ་ནི་རིག་བྱེད་འོད་ལྟར་དང་བའི་ཕྱིར་དང་རྣམ་སྨིན་གྱི་ལུས་ཀྱི་གསེབ་ཏུ་ཚུད་པའི་ཕྱིར་ཆེ་བར་ཡང་མི་འགྱུར་ལྕི་བར་ཡང་མི་འགྱུར་ཞེས་འདོད་དེ། ནགས་ལ་མེ་ཞུགས་པ་བཞིན་ནོ་ཞེས་ཟེར་རོ། །ཞེས་དང༌། རིག་བྱེད་ཀྱི་ལུས་འོད་ལྟར་དང་བས་མི་འགྱུར་ཞེས་སོ་མཚན་ཉིད་ནི། དེ་ལ་དམིགས་པའི་སེམས་པས་ཀུན་ནས་བསླང་བའི་དབྱིབས་སོ། །ཞེས་གསུངས་པ་ལ་ཕྱག་འཚལ་བའི་ལུས་དབྱིབས་ལ་དམིགས་པ་མ་ཡིན་ན་རིག་བྱེད་ཀྱི་མཚན་ཉིད་མ་ཚང་བས་དེ་རིག་བྱེད་མ་ཡིན་པར་འགྱུར་ཏེ། དཔེར་ན་མཆོག་གསུམ་ལ་དམིགས་ནས་ཕྱག་འཚལ་བའི་རྒྱུད་ལ་རིག་བྱེད་དང་མཆོག་གསུམ་གཉིས་ཀ་ལ་དམིགས་པའི་བློ་མེད་པའི་ཕྱིར་དང༌། དེ་བཞིན་དུ་སྐྲག་འཇིགས་ཀྱི་དབང་གིས་བཞིན་དབྱིབས་འགྱུར་བའི་དབྱིབས་དེ་རིག་བྱེད་ཡིན་ན་དེ་ལ་ཀུན་སློང་དེས་དེ་ལ་མ་དམིགས་ན་རིག་བྱེད་མིན་པར་འགྱུར་ཏེ། མཆིམས་མཛོད་མཆན་༣༣༩ལས། དེ་སྨྲ་བ་ན་མཆུ་འགུལ་བ་དང༌། འགྲོ་བ་ན་ཡན་ལག་གཡོ་བ་དང༌། སྟོན་པའི་མཆུ་བིམ་པ་ལྟར་དམར་བ་སོགས་བསལ་ཏེ། རིམ་པ་ལྟར་མཆུ་ལག་འགུལ་བ་ནི་འགུལ་བར་བྱའོ་སྙམ་དུ་དེ་ལ་དམིགས་པའི་སེམས་བསྐྱེད་པ་མིན་གྱི་ཞར་བྱུང་ཡིན་ལ། ཕྱག་འཚལ་བ་སོགས་ནི་འགུལ་བར་བྱའོ་སྙམ་པའི་སེམས་སྐྱེས་པས་སོ། །སྟོན་པའི་མཆུ་ནི་སྨོན་ལམ་གྱིས་བསྐྱེད་པ་ཡིན་ལ། དེ་ལ་དམིགས་པའི་སེམས་བསྐྱེད་པ་མིན་པས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། རྩ་བར། གཉིས་གཟུང་འགྱུར་ཏེ་རྡུལ་ལ་མེད། །ཅེས་གསུངས་པའི་དགོངས་པ་ནི་མདོ་སྡེ་བའི་ལུགས་ལ་རྡུལ་ཕྲ་རབ་ལ་དབྱིབས་མེད་པའི་དོན་ཡིན་ཏེ། མཛོད་རང་འགྲེལ་༣༢༧ལས། དབྱིབས་རྫས་སུ་གཞན་ཡོད་པ་ནི་མ་ཡིན་པ་བཞིན་ནོ། །གལ་ཏེ་ཡོད་ན་ནི་གཉིས་གཟུང་འགྱུར། མིག་གིས་མཐོང་ན་ཡང་རིང་པོའོ་སྙམ་དུ་ཤེས་པར་འགྱུར་ལ། ལུས་ཀྱི་དབང་པོས་རེག་ན་ཡང་ཤེས་པར་འགྱུར་བས་འདི་དབང་པོ་གཉིས་ཀྱི་གཟུང་བར་འགྱུར་བ་ཞིག་ན་གཟུགས་ཀྱི་སྐྱེ་མཆེད་ལ་ནི་གཉིས་ཀྱི་འཛིན་པ་མེད་དོ་ཞེས་ཟེར་རོ། །ཞེས་དང༌། རིང་པོ་ལ་སོགས་པའི་དབྱིབས་ནི་རྡུལ་ཕྲ་རབ་ལ་མེད་དོ། །ཞེས་དང༌། མངོན་པའི་རྒྱན་༣༤༠ལས། བྱེ་བྲག་ཏུ་སྨྲ་བས་ལུས་ཀྱི་རིག་བྱེད་ཁ་དོག་ལས་རྫས་ཐ་དད་པའི་དབྱིབས་སུ་འདོད་པ་ལ། མདོ་སྡེ་བ་ན་རེ། དབྱིབས་གཅིག་པོ་དེ་ཉིད་མིག་ཤེས་ཀྱིས་ཀྱང་མཐོང་ལ་ལུས་ཀྱི་དབང་པོས་རེག་པ་ན་ལུས་ཀྱི་རྣམ་ཤེས་ཀྱིས་ཀྱང་ཤེས་པའི་ཕྱིར་སྐྱེ་མཆེད་ཀྱི་གཟུགས་གཅིག་དབང་པོ་གཉིས་ཀྱི་གཟུང་བར་འགྱུར་ན་དེ་ལྟ་བུ་ནི་མེད་དེ། དེའི་ཕྱིར་ཁ་དོག་གི་རྡུལ་ཕྲ་རབ་བཀོད་པ་ལ་ཁ་དོག་གི་དབྱིབས་དང༌། རེག་བྱའི་རྡུལ་ཕྲ་རབ་བཀོད་པ་ལ་རེག་བྱའི་དབྱིབས་སུ་འདོགས་པའི་ཕྱིར་དེ་གཉིས་ལས་རྫས་གཞན་པ་ནི་མེད་དོ། །ཞེས་དང༌། རྡུལ་ཕྲ་རབ་ལ་དབྱིབས་ཡོད་པ་དེ་ལྟར་མ་ཡིན་ཏེ། ཆ་དང་བཅས་པར་ཐལ་བའི་ཕྱིར་རོ། །ཞེས་དང༌། མཛོད་འགྲེལ་གནད་སྒྲོན་༩༩ལས། མདོ་སྡེ་བ་རྣམས་ན་རེ་དབྱིབས་ནི་རྫས་སུ་མེད་དེ། གལ་ཏེ་ཡོད་ན་ནི། གཉིས་གཟུང་འགྱུར། མིག་གིས་མཐོང་ན་ཡང་རིང་པོའོ་སྙམ་དུ་ཤེས་པར་འགྱུར་ལ། ལུས་ཀྱིས་རེག་ནའང་ཤེས་པར་འགྱུར་བས་གཟུགས་ཀྱི་སྐྱེ་མཆེད་ལ་ནི་གཉིས་ཀྱིས་འཛིན་པ་མེད་དོ། །གང་ཡང་ཐོགས་པ་དང་བཅས་པའི་གཟུགས་ཅུང་ཟད་ཡོད་པ་དེ་ནི་གདོན་མི་ཟ་བར་རྡུལ་ཕྲ་རབ་ལ་ཡོད་པ་ཡིན་ན། དེ་རྡུལ་ལ་མེད། རིང་པོ་ལ་སོགས་པའི་དབྱིབས་ནི་རྡུལ་ཕྲ་རབ་ལ་མེད་དོ། །དེ་ལྟ་བས་ན་མང་པོ་གནས་པ་ཁོ་ན་ལ་རིང་པོ་ལ་སོགས་པར་འདོགས་པར་ཟད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། དབྱིབས་ཀྱང་རྫས་ཁོ་ན་ཡིན་ལ། ལུས་ཀྱི་རྣམ་པར་རིག་བྱེད་ཀྱང་དབྱིབས་ཀྱི་བདག་ཉིད་ཡིན་ནོ་ཞེས་ཟེར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཛོད་འགྲེལ་ཟླ་ཟེར་ལས། བྱེ་སྨྲས་ལུས་ཀྱི་རིག་བྱེད་ཁ་དོག་ལས་རྫས་ཐ་དད་པའི་དབྱིབས་སུ་འདོད་པ་ལ་མདོ་སྡེ་བ་ན་རེ། ལུས་ཀྱི་དབྱིབས་ཆོས་ཅན། རྫས་སུ་མ་གྲུབ་སྟེ། ཁ་དོག་གི་རྡུལ་གྱིས་བཀོད་པའི་ཁྱད་པར་ལ་བཏགས་པ་ཡིན་པའི་ཕྱིར། གཞན་ཡང་དབྱིབས་གཅིག་པོ་དེ་ཉིད་དབང་པོ་མི་འདྲ་བ་གཉིས༷་ཀྱིས་གཟུང༷་དོན་དུ་འགྱུར༷་ཏེ༷། མིག་ཤེས་ཀྱིས་ཀྱང་ཤེས་ལ་ལུས་ཀྱི་དབང་པོས་རེག་པ་ན་ལུས་ཀྱི་རྣམ་ཤེས་ཀྱིས་ཀྱང་ཤེས་པའི་ཕྱིར་དང༌། ཡང་དེ་རྫས་ཡོད་ཡིན་ན་དེ་བསགས་པའི་རྡུལ༷་ཕྲ་རབ་ལ༷་ཡང་དཀར་པོ་ལ་སོགས་པའི་ཁ་དོག་སྣ་ཚོགས་ཡོད་པ་བཞིན་དུ་རིང་པོ་ལ་སོགས་པའི་དབྱིབས་སྣ་ཚོགས་ཡོད་པར་འགྱུར་དགོས་པ་ལས་དེ་མེད༷་པའི་ཕྱིར་ཏེ། རྡུལ་ཕྲ་རབ་ཀྱི་དབྱིབས་ནི་ཟླུམ་པོ་འབའ་ཞིག་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད།གོང་གི་ལུང་དེ་དག་གི་སྐབས་སུ་མདོ་སྡེ་བའི་དབྱིབས་རྫས་སུ་མ་གྲུབ་པར་སྒྲུབ་ཚུལ་ལྟར་ན་བུམ་པ་སོགས་རྫས་སུ་མ་གྲུབ་པར་འགྱུར་ཟེར་ན་དཔྱད། སྤྱིར་རིང་བོ་སོགས་མིག་ཤེས་དང་ལུས་ཤེས་གཉིས་ཀྱིས་བཟུང་བྱ་ཡིན་མིན་དཔྱད། གྲུབ་མཐའ་གོང་མ་ཐམས་ཅད་ཀྱི་ལུགས་ལ་ལས་ལ་སེམས་པས་ཁྱབ་པར་ཐལ། མཆིམས་མཛོད་༣༤༡ལས། ལུས་ངག་གི་ལས་སུ་གསུངས་པ་ནི། སེམས་པ་དེ་མཐར་ཕྱིན་པར་བྱེད་པའི་ཕྱིར་ལས་སུ་བཏགས་ནས་གསུངས་པ་ཡིན་གྱི་ཐམས་ཅད་དུའང་སེམས་པ་ཉིད་ལས་ཡིན་ནོ་ཞེས་བྱ་བར་འདོད་ལ། དོན་འདི་ནི་ཐེག་པ་གོང་མ་པ་ཐམས་ཅད་ཀྱང་བཞེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། བཅུ་བ་སྲིད་པ་ལས་གང་ཞིག དེ་ལ་བག་ཆགས་འཇོག་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། ཇི་སྐད་དུ། གཉིས་པ་བཅུ་བ་ལས་ཡིན་ཏེ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། རྩ་བར། རྣམ་གསུམ་དྲི་མེད་གཟུགས་གསུངས་དང༌། །ཞེས་དང༌།མཆིམས་མཛོད་༣༤༢ལས། མདོ་ལས་གནས་གསུམ་གྱི་གཟུགས་ཀྱིས་གཟུགས་ཐམས་ཅད་བསྡུས་པ་ཡིན་ཏེ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་ཏུ་ཡང་མེད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་ཏུ་ཡང་མེད་ལ་ཐོགས་པ་ཡང་མེད་པའི་གཟུགས་ཀྱང་ཡོད་དོ་ཞེས་གཟུགས་རྣམ་པ་གསུམ་གསུངས་པའི་ཕྱིར་ཏེ། བསྟན་ཏུ་ཡང་མེད་ལ་ཐོགས་པ་ཡང་མེད་པའི་གཟུགས་ནི་རིག་བྱེད་མིན་པ་ལས་གཞན་མེད་པའི་ཕྱིར། ཞེས་གསུངས་པའི་ལུང་དེའི་སྒོ་ནས་གནས་དང་པོར་རྡུལ་ཕྲ་རབ་ཐོགས་མེད་ཡིན་མིན་དཔྱད་ཚུལ་དང༌། གནས་གསུམ་པར་བར་དོ་བའི་ལུས་ཐོགས་མེད་ཡིན་མིན་དཔྱད་ཚུལ་སྔར་བཀོད་པ་ལྟར་སླར་ཡང་རྩོད་པར་བྱའོ། །ཡང་གཟུགས་ཡིན་ན་གནས་གསུམ་གྱི་གཟུགས་རྣམ་པ་གསུམ་པོ་གང་རུང་ཡིན་པས་ཁྱབ་ན། མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་ཆོས་ཅན། དེ་གསུམ་གང་རུང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བསྟན་ཡོད་ཐོགས་མེད་ཀྱི་གཟུགས་ཡིན་པའི་ཕྱིར། དེར་ཐལ། ཁྱོད་གཟུགས་ཅན་གཞན་མེ་ལོང་གི་གོ་སར་གནས་པ་ལ་མི་སྒྲིབ་པ་གང་ཞིག བསྟན་ཡོད་ཀྱི་གཟུགས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་བར། བསྟན་ཡོད་འདིར་ནི་གཟུགས་གཅིག་པུ། །ཐོགས་དང་བཅས་པ་གཟུགས་ཅན་བཅུ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་ཁ་ཅིག་སོ་ཐར་གྱི་སྡོམ་པ་ཡིན་ན་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡིན་པས་ཁྱབ་པར་ཐལ། སྡོམ་པ་ཆུ་ལོན་ལྟ་བུར་གསུངས་པའི་རྒྱུ་མཚན་གྱིས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པར་སྒྲུབ་ཚུལ་དང་སྡོམ་པ་རིག་མིན་གྱི་གཟུགས་ཡིན་པར་བཤད་པའི་ཕྱིར། རྟགས་གྲུབ་སྟེ། མཆིམས་མཛོད་༣༤༤ལས། གཞན་ཡང་མདོ་ལས་སྤོང་བ་ནི་འཆལ་བའི་ཚུལ་ཁྲིམས་ཀྱི་གེགས་བྱེད་པའི་ཕྱིར་ཆུ་ལོན་དུའང་གསུངས་ན་མེད་པ་ནི་ཆུ་ལོན་དུ་མི་རིགས་པའི་ཕྱིར་རོ། །ཞེས་དང༌། འདུལ་བ་མཚོ་ཊཱིཀ་༢༩ལས། རང་ལུགས་བཞག་པ་ནི། ཉན་ཐོས་བྱེ་བྲག་སྨྲ་བ་ནི། སྡོམ་པའི་ངོ་བོ་གཟུགས་ཡིན་པར་འདོད་དེ། མཛོད་ལས། གཟུགས་ནི་དབང་བོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །རྣམ་རིག་མིན་ནམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །ཞེས་སོ། །དེའང་སྡོམ་པ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བསྟན་དུ་མེད་ཅིང་ཐོགས་པ་མེད་པ་སྟེ། སྡོམ་ལྡན་གྱི་ལུས་ལ་རྡུལ་ཕྲ་རབ་རྣམས་ཀྱི་བར་ན་ནགས་ལ་མེ་ལྕེ་ཞུགས་པ་ལྟར་སྡོམ་པ་དེ་ཡོད་པར་འདོད་དེ། ཞེས་གསུངས་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། རྩ་བར། དང་པོའི་རྣམ་རིག་རྣམ་རིག་མིན། །ཞེས་དང༌། དེའི་ཐད་ཀྱི་མངོན་པའི་རྒྱན་༣༥༧ལས། ཡང་སོ་སོ་ཐར་བའི་སྡོམ་པ་ཐོབ་པའི་སྐད་ཅིག་མ་དང་པོའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མིན་པ་ནི་སོ་སོ་ཐར་པ་དང་སྡོམ་པ་དང་བྱ་བའི་ལས་ཀྱི་ལམ་ཞེས་ཀྱང་བྱ་སྟེ། ཞེས་དང༌། རྩ་བར། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །ཞེས་དང༌། རྣམ་རིག་བྱེད་ནི་ཐམས་ཅད་ལ། །བྱེད་པ་དག་ལ་ད་ལྟར་ལྡན། །ཞེས་དང༌། དེའི་རང་འགྲེལ་ལས། སྡོམ་པ་དང་སྡོམ་པ་མིན་པ་དང་བར་མ་ལ་གནས་པ་ཐམས་ཅད་ཇི་སྲིད་དུ་རྣམ་པར་རིག་བྱེད་བྱེད་པ་དེ་སྲིད་དུ་ད་ལྟར་གྱི་དེ་དང་ལྡན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། རྫས་ལས་བྱུང་བའི་བསོད་ནམས་བདུན་པོ་རྟག་ཏུ་བསོད་ནམས་འཕེལ་བ་ཡིན་པར་ཐལ། མཆིམས་མཛོད་༣༤༢དུ་ལུང་རྣམ་འབྱེད་བཀོད་པ་ལས། སྐུལ་བྱེད་བདུན་པོ་འདི་དག་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་འབྲས་བུ་ཆེ་བ་ཕན་ཡོན་ཆེ་བ་གཟི་བརྗིད་ཆེ་བ་རྒྱ་ཆེ་བ་ཡིན་ཏེ། དེ་དག་དང་ལྡན་པའི་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྒྱུ་ཡང་རུང་འདུག་ཀྱང་རུང་ཉལ་ཡང་རུང་མི་ཉལ་ཡང་རུང་སྟེ། རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་མངོན་པར་འཕེལ་བ་ཁོ་ནར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། ནད་པ་དང་ནད་གཡོག་ལ་སྦྱིན་པ་གཏོང་བ་ཆོས་ཅན། རྟག་ཏུ་བསོད་ནམས་འཕེལ་བ་ཡིན་པར་ཐལ། རྫས་ལས་བྱུང་བའི་བསོད་ནམས་བདུན་པོ་གང་རུང་ཡིན་པའི་ཕྱིར་ཟེར་ན་དཔྱད། མཛོད་འགྲེལ་ཟླ་ཟེར་༥༥ལས། ཡང་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་གསུངས་ལ། དེ་ཡང་རིག་བྱེད་མ་ཡིན་པའི་གཟུགས་མེད་ན་མི་རུང་བའི་ཕྱིར། ཞེས་པ་ལ། འོ་ན་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ཡིན་ན་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡིན་པས་ཁྱབ་པར་ཐལ། ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་གསུངས་པས་རིག་བྱེད་མ་ཡིན་པའི་གཟུགས་སྒྲུབ་ཚུལ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། བསྡུས་པ་ལས་གྱུར་བའི་གཟུགས་སམ་རྡུལ་ཕྲ་རབ་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཡིན་པའི་ཕྱིར་རོ། །ཡང་གྲུབ་མཐའ་གོང་མའི་ལུགས་ལ་འགོག་སྙོམས་པའི་རྒྱུད་ལ་སྡོམ་པ་དང་ཕམ་པ་བྱུང་བ་ཡོད་ན་དེ་ལ་སེམས་པའམ་བག་ཆགས་གང་འཇོག་དང༌། དེ་ལ་དགེ་མི་དགེ་ཡོད་མེད་དཔྱད། ཡང་རྩ་བར། འདོད་གཏོགས་རྣམ་རིག་མིན་སྐད་ཅིག །ཅེས་དང༌། མཆིམས་མཛོད་༣༤༦ལས། འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་མ་གཏོགས་པ་རྣམ་པར་རིག་བྱེད་དང༌། བསམ་གཏན་ཟག་མེད་ཀྱི་སྡོམ་པ་དང༌། ཕྱི་ནང་གི་གཟུགས་ཐམས་ཅད་ནི། རང་རང་དང་དུས་མཉམ་པའི་འབྱུང་བ་ཁོ་ན་ལས་སྐྱེ་ལ། འདོད་པར་གཏོགས་པའི་རྣམ་པར་རིག་བྱེད་མིན་པ་སྡོམ་པ་སྡོམ་མིན་བར་མས་བསྡུས་པ་རྣམས་ནི་སྐད་ཅིག་མ་དང་པོ་ནི་རང་དང་དུས་མཉམ་པ་ལྷན་ཅིག་ད་ལྟར་བའི་འབྱུང་བ་ལས་སྐྱེ་སྟེ། ཞེས་པ་ནས། སྐད་ཅིག་མ་དང་པོ་ཕྱིན་ཆད་ནི་དང་པོ་འདས་པའི་འབྱུང་བ་ཆེན་པོ་དག་ལས་སྐྱེ་སྟེ། ཞེས་པ་ནས། འདོད་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི། སྲོག་གཅོད་པ་སྤོང་བ་ལྟ་བུ་གཅིག་ཀྱང་སྐད་ཅིག་མ་དང་པོའི་ཚེ་ལྷན་ཅིག་པ་ད་ལྟ་བའི་འབྱུང་བ་བཞི་ཚན་ཁོ་ན་དང༌། སྐད་ཅིག་མ་གཉིས་པ་ཕན་ཆད་ངོ་བོ་སྐྱེད་བྱེད་གཞིའི་འབྱུང་བ་འདས་པ་དང༌། སྐྱེས་ཟིན་གནས་པའི་རྟེན་གྱི་འབྱུང་བ་ད་ལྟ་བ་ལུས་ཀྱི་ཚོགས་པ་ན་ཡོད་པ་ལས་ཀྱང་སྐྱེ་བས་འབྱུང་བ་བཞི་ཚན་གཉིས་གཉིས་ལས་སྐྱེ་ཞིང་བསམ་གཏན་ཟག་མེད་ཀྱི་སྡོམ་པ་ནི། སྤོང་བ་བདུན་ཆར་ཡང་དུས་མཉམ་པ་དང་ད་ལྟར་བའི་འབྱུང་བ་བཞི་ཚན་གཅིག་ཁོ་ན་ལས་སྐྱེ་ལ། དེ་དག་ལས་གཞན་པ་རྒྱུར་བྱས་པའི་གཟུགས་ཐམས་ཅད་ནི་རང་རང་དང་དུས་མཉམ་པ་ལྷན་ཅིག་པའི་འབྱུང་བ་བཞི་ཚན་ཐ་དད་པ་ཁོ་ན་ལས་སྐྱེ་སྟེ། ཞེས་འདོད་གཏོགས་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་སྐད་ཅིག་མ་དང་པོ་དང༌། འདོད་པར་མ་གཏོགས་པའི་རྣམ་པར་རིག་བྱེད་སོགས་རང་དང་དུས་མཉམ་པའི་འབྱུང་བ་བཞི་ཚན་ཁོ་ནས་སྐྱེ་བར་བཤད་པ་མི་འཐད་དེ། དེ་དག་ནི་རང་དུས་ལས་འདས་པའི་འབྱུང་བཞིས་སྐྱེད་པར་བྱེད་པའི་ཕྱིར་དང༌། དེ་འདྲའི་འབྱུང་བཞི་དེ་དེ་དག་གི་བྱེད་རྒྱུ་དང་དུས་མཉམ་པའི་འབྱུང་བཞིའི་བརྒྱུད་པའི་ཉེར་ལེན་ཡིན་པའི་ཕྱིར་དང༌། དེ་དེའི་རྟེན་པ་དང་གནས་པ་དང་འཕེལ་བའི་རྒྱུ་བྱེད་པའི་ཕྱིར་ཏེ། འདུལ་བ་མཚོ་ཊཱིཀ་༢༤ལས། འདི་ལ་གཉིས་ཏེ་སྡོམ་པ་སྐྱེད་པར་བྱེད་པའི་གཞི་ཡི་འབྱུང་བ་དང་སྡོམ་པ་སྐྱེས་ཟིན་གནས་པར་བྱེད་པ་རྟེན་གྱི་འབྱུང་བའོ། །ཞེས་དང༌། གནས་དང་པོར། འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །ཅེས་དང༌། དེའི་ཐད་ཀྱི་མཛོད་འགྲེལ་མངོན་པའི་རྒྱན་༤༣ལས། དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་བསྐྱེད་པ་དང༌། རྟེན་པ་དང་གནས་པ་དང་འཕེལ་བའི་རྒྱུ་བྱེད་པའི་རྒྱུ་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པའི་གཟུགས་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་མིན་པ་ཉིད་དུ་བརྗོད་དོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་འདོད་པའི་སོ་ཐར་གྱི་སྡོམ་པ་ཆོས་ཅན། ཁྱོད་འདས་པའི་འབྱུང་བ་ལས་སྐྱེས་པར་ཐལ། ཁྱོད་སྡོམ་པ་ལེན་དུས་ཀྱི་སྦྱོར་བས་བསྡུས་པའི་རིག་བྱེད་དང་མཁན་སློབ་སོགས་ཀྱི་ངག་གི་རིག་བྱེད་ལས་སྐྱེས་པ་གང་ཞིག དེ་དག་ལས་སྐྱེས་ན་རིག་བྱེད་དེ་དག་གི་རྟེན་གཞི་འབྱུང་བ་ལས་ཀྱང་སྐྱེས་པར་འཇོག་རིགས་པའི་ཕྱིར་ཟེར་ན་དཔྱད། ཡང་འདས་པའི་འབྱུང་བ་ལས་སྐྱེས་པའི་འབྱུང་འགྱུར་གྱི་གཟུགས་ལ་འདོད་པའི་སྡོམ་པ་སྡོམ་མིན་བར་མ་གསུམ་གང་རུང་གིས་བསྡུས་པའི་རིག་བྱེད་མིན་པའི་གཟུགས་སྐད་ཅིག་གཉིས་པ་ཕན་ཆད་ཀྱིས་བསྡུས་པ་ཁོ་ན་མ་གཏོགས་གཞན་མེད་པར་ཐལ། གོང་དུ་དྲངས་པའི་འགྲེལ་བ་མངོན་པའི་རྒྱན་གྱི་ལུང་དོན་དེ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་འབྱུང་བ་སྔ་མ་ལས་སྐྱེས་པ་ཡོད་པའི་ཕྱིར་ཏེ། མཛོད་གནས་དང་པོར། སྒྲ་ནི་རྣམ་སྨིན་ལས་སྐྱེས་མིན། །ཞེས་པའི་སྐབས་སུ། མཆིམས་མཛོད་༨༤ལས། འོ་ན་གདགས་པའི་བསྟན་བཅོས་ལས། དེ་བཞིན་གཤེགས་པའི་གསུང་སྒྲ་གདངས་ཀྱི་མཚན། །གང་གིས་འཐོབ་པར་འགྱུར་བ་མཉན་པར་གྱིས། །ཚིག་རྩུབ་དང་ནི་ཀྱལ་པ་རྣམ་སྤངས་པས། །དེ་བཞིན་གཤེགས་པའི་མཚན་ནི་ཐོབ་པར་འགྱུར། །ཞེས་རྣམ་སྨིན་ལས་སྐྱེས་པར་བཤད་པ་དང༌། ལུང་ཕྲན་ཚེགས་ལས། སྙན་པ་བཟང་ལྡན་གྱི་ང་རོ་སྙན་པའང་སྔོན་སངས་རྒྱས་འཁོར་བ་འཇིག་གི་མཆོད་རྟེན་ལ་དྲིལ་བུ་ཕུལ་བ་དང༌། ཁུ་བྱུག་ཏུ་སྐྱེས་པ་ན་སངས་རྒྱས་འོད་སྲུང་ལ་སེམས་དད་པས་སྐད་སྙན་པ་བྱུང་སྟེ་བསྐོར་བ་བྱས་པའི་རྣམ་སྨིན་ལས་བྱུང་བར་བཤད་པ་དང་འགལ་ལོ་ཞེ་ན། འདི་ལ་ཉི་འོག་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་ལས་དེ་དག་ལས་རྣམ་སྨིན་གྱི་བདག་ཉིད་འབྱུང་བདག་འགྲུབ་ལ། དེ་ལས་ནི་གསུང་ཚངས་པའི་སྒྲ་དབྱངས་ལྟར་སྙན་པ་འབྱུང་བས་བརྒྱུད་པ་གསུམ་པ་ཡིན་ནོ་ཞེས་བྱ་བར་འདོད་ལ། ཁ་ཆེ་བ་ནི། ལས་ལས་རྣམ་སྨིན་ལས་སྐྱེས་པའི་འབྱུང་བ་དང༌། དེ་ལས་རྒྱས་བྱུང་དང༌། དེ་ལས་རྒྱུ་མཐུན་ལས་བྱུང་བ་དང༌། དེ་ལས་གསུང་དབྱངས་འབྱུང་བའི་ཕྱིར་བརྒྱུད་པ་ལྔ་བ་ཡིན་ནོ་ཞེས་ཟེར་ཏེ། གཉིས་ཀ་ལྟར་ནའང་དེ་དག་ལས་བརྒྱུད་ནས་བྱུང་བས་དེ་ལྟར་བཤད་ཀྱི་དངོས་སུ་ནི་མ་ཡིན་ཏེ། དེ་ནི་འདོད་པ་ཙམ་གྱིས་མི་འབྱུང་བ་དང༌། ཆད་ནས་མཚམས་མི་སྦྱོར་བར་ཐལ་བའི་ཕྱིར་རོ། །དེའི་སྒྲ་ལ་རྒྱས་བྱུང་དང་རྒྱུ་མཐུན་ལས་བྱུང་བ་ནི་ཡོད་དོ་ཞེས་བྱ་བར་ཤེས་སོ། །ཞེས་གསུངས་པའི་ཕྱིར་དང༌།གཞན་ཡང་འབྱུང་བས་འབྱུང་འགྱུར་བསྐྱེད་པ་ན། གནས་གཉིས་པའི་རྐྱེན་གྱི་སྐབས་སུ།འབྱུང་ལས་གྱུར་བའི་རྣམ་པ་ལྔ། །ཞེས་སྐྱེས་པའི་རྒྱུ་དང་གནས་པའི་རྒྱུ་དང་རྟེན་པའི་རྒྱུ་དང་རྟོན་པའི་རྒྱུ་དང་འཕེལ་བའི་རྒྱུ་སྟེ་རྣམ་པ་ལྔ་བྱེད་པ་བཤད་པ་ལྟར་འཐད་པའི་ཕྱིར་ཞེས་ཟེར་བ་དང༌། ཡང་འདོད་པར་གཏོགས་པའི་རྣམ་པར་རིག་བྱེད་མིན་པའི་གཟུགས་སྐད་ཅིག་དང་པོ་ཆོས་ཅན། ཁྱོད་རང་གི་སྔ་ལོགས་ཀྱི་འདས་པའི་འབྱུང་བ་ལས་སྐྱེས་པར་ཐལ།འབྱུང་བ་དེ་ཁྱོད་ཀྱི་སྐལ་མཉམ་གྱི་རྒྱུ་ཡིན་པའི་ཕྱིར་ཏེ། གནས་གཉིས་པའི་རྐྱེན་བཤད་པའི་སྐབས་ཀྱི་རྩ་བར། འབྱུང་བ་རྣམས་ཀྱི་དེ་རྣམས་གཅིག །ཅེས་གསུངས་པའི་ཕྱིར་ཟེར་ན། དེ་ཡང་མི་རིགས་པར་ཐལ། མངོན་པའི་རྒྱན་༢༡༥ལས། འབྱུང་བ་རྣམས་ཀྱིས་ནི་འབྱུང་བ་ལས་གྱུར་བའི་བྱེད་པའི་རྒྱུ་བྱེད་ཀྱི་གཞན་ནི་མ་ཡིན་ཏེ། སྐལ་བ་མི་མཉམ་པ་དང༌། ལྷན་ཅིག་འབྱུང་ཡང་ཕན་ཚུན་རྒྱུ་འབྲས་མ་ཡིན་པ་དང༌། ཀུན་འགྲོ་མ་ཡིན་པ་དང༌། མཚུངས་པར་མི་ལྡན་པ་དང༌། འབྱུང་བ་དག་ནི་དགེ་མི་དགེར་འགྱུར་བ་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་བ་རྣམས་ལ་དཔྱད། རྩ་བར། ཟག་མེད་གང་དུ་སྐྱེས་པའི་ཡིན། །ཞེས་དང༌། མངོན་རྒྱན་༣༤༧ལས། ཟག་མེད་ཀྱི་ལུས་ངག་གི་ལས་ནི། རྟེན་དབང་བཙན་པས་སྡོམ་པ་དེ་གང་དུ་སྐྱེས་པའི་ས་བ་དེའི་འབྱུང་བ་དག་ཡིན་ཏེ། ཟག་མེད་ཁམས་སུ་མ་གཏོགས་ཤིང་འབྱུང་བ་ལ་ངེས་པར་ལྟོས་ལ་ཟག་མེད་ལ་འབྱུང་བ་གཞན་མེད་པའི་ཕྱིར་རོ། །དེའི་ཕྱིར་འདོད་ཁམས་པའི་རྒྱུད་ལ་ཟག་མེད་ཀྱི་སྡོམ་པ་སྐྱེས་པ་ན་དེ་འདོད་པའི་འབྱུང་བ་ལས་སྐྱེས་སོ་ཞེས་བྱ་བ་ལ་སོགས་པའོ། །ཞེས་གསུངས་པ་ལ་ཟག་མེད་ཀྱི་སྡོམ་པ་དེ་དེའི་རྒྱུར་གྱུར་བའི་འབྱུང་བཞིའི་བསྐྱེད་ཚུལ་ལ་ཞིབ་ཏུ་དཔྱད་པར་བྱའོ། །རིག་མིན་གྱི་གཟུགས་ཡིན་ན་རྒྱུ་མཐུན་དང་སྐལ་མཉམ་གྱི་རྒྱུ་ལས་སྐྱེས་པས་ཁྱབ་པར་ཐལ། མཛོད་འགྲེལ་གནད་སྒྲོན་༡༠༠ལས། རྣམ་རིག་བྱེད་མིན་མ་ཟིན་དང༌། །རྒྱུ་མཐུན་ལས་བྱུང་སེམས་ཅན་སྟོན། །གཞན་ཡང༌། རྒྱུ་མཐུན་ཟིན་པའི་འབྱུང་ལས་སྐྱེས། །རྣམ་པར་རིག་བྱེད་མ་ཡིན་པ་ནི་རྒྱུ་མཐུན་པ་དང་ཟིན་པའི་འབྱུང་བ་ཁོ་ན་དག་རྒྱུར་བྱས་ནས་སྐྱེ་སྟེ། འདི་ནི་མཉམ་པར་བཞག་པ་མ་ཡིན་པའི་ས་པའི་རྣམ་པ་ཡིན་ནོ། །ཞེས་དང༌། མཆིམས་མཛོད་༣༤༧ལས། རྣམ༷་པར་རིག༷་བྱེད༷་མི༷ན་པ་དེའི་རང་གི་ངོ་བོ་ནི་རྡུལ་ཕྲན་བསགས་པས་གཟུགས་མ་ཡིན་པས་ཡུལ་ན་མི་གནས་ཤིང་ཕན་གནོད་ཀྱིས་ཚོར་བ་བདེ་སྡུག་ལ་སོགས་པ་སེམས་སེམས་བྱུང་གི་རྟེན་མ་ཡིན་པས་མ༷་ཟིན༷་པ་དང༷༌། སྐལ་མཉམ་གྱི་རྒྱུ་ལས་སྐྱེས་པའི་ཕྱིར་རྒྱུ༷་མཐུན༷་ལས༷་བྱུང༷་བ་ཡིན་གྱི། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རིག་མིན་གྱི་ཁྱད་ཆོས་བཤད་སྐབས་ཡིན་པའི་ཕྱིར། གོང་དུ་འདོད་ན། ཟག་མེད་སྐད་ཅིག་དང་པོའི་ཚོགས་པ་ན་ཡོད་པའི་ཟག་མེད་ཀྱི་སྡོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། ཁྱོད་ཟག་མེད་སྐད་ཅིག་དང་པོ་ཡིན་པའི་ཕྱིར་ཟེར་ན་དཔྱད། ཡང་ལ་ལ་དགེ་བ་ཡིན་ན་རྫས་སྤྱི་གཉིས་འགོད་ཆོད་ན་དགེ་བ་བཞི་བོ་གང་རུང་ཡིན་པས་ཁྱབ་པར་ཐལ། མཆིམས་མཛོད་༣༤༩ལས།འདིར་དགེ་བ་ནི་དོན་དམ་པ་དང་ངོ་བོ་ཉིད་དང་མཚུངས་ལྡན་དང་ཀུན་སློང་གི་དགེ་བ་བཞི།ཞེས་གསུངས་པའི་ཕྱིར། འདོད་ན། མཐོང་སྤང་སྤངས་པའི་འགོག་བདེན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དོན་དམ་པའི་དགེ་བ་མ་ཡིན་པ་གང་ཞིག དེ་ལས་གཞན་མ་ཡིན་པ་སླ་བའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཐར་བའམ་མྱང་འདས་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་བར། ཐར་པ། དམ་པའི་དོན་དུ་དགེ །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། ཡང་ཐར་བ་རང་འབྲས་ཡིད་འོང་འབྱིན་བྱེད་མ་ཡིན་པས་དགེ་བའི་མཚན་ཉིད་ཚང་མ་ཚང་གང་ཡིན་ཟེར་བ་དང༌། གཞན་ཡང་འདོད་པ་ནས་འདོད་པ་དང་དེ་ནས་གཟུགས་དང་གཟུགས་མེད་སོགས་སུ་ཉིང་མཚམས་སྦྱོར་མ་ཐག་པའི་སྐབས་ཀྱི་དགེ་བ་སྐྱེས་ཐོབ་ཀྱི་སྔར་ཐོབ་པ་རྣམས་ཆོས་ཅན། དགེ་བ་བཞི་བོ་གང་རུང་ཡིན་པར་ཐལ། རྫས་སྤྱི་སོགས་ཆོད་དགེ་བ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། གནས་གཉིས་པར། དགེ་ལ་སོགས་ཀྱི་དགེ་ལ་སོགས། །ཞེས་དང༌། མཆིམས་མཛོད་༡༥༤ལས། ཆོས་དགེ༷་བ་དང་སོ༷གས་པས་གཟུང་བ་མི་དགེ་བ་དང་ལུང་མ་བསྟན་རྣམས་ཀྱི༷་ཐོབ་པའང་རིམ་པ་ལྟར་སོ་སོར་དགེ༷་བ་ལ༷་སོ༷གས་པ་གསུམ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་བཞི་གང་རུང་ཡིན་པར་འདོད་མི་ནུས་ཏེ། དོན་དམ་པའི་དགེ་བ་མ་ཡིན། ངོ་བོ་ཉིད་ཀྱི་དགེ་བ་མ་ཡིན། མཚུངས་ལྡན་གྱི་དགེ་བ་མ་ཡིན། ཀུན་སློང་གི་དགེ་བ་གང་ཡང་མ་ཡིན་པའི་ཕྱིར། དང་པོ་གསུམ་མ་ཡིན་པའི་ཚུལ་སླ། ཐ་མ་མ་ཡིན་ཏེ། ཀུན་སློང་དགེ་བས་ཀུན་ནས་བསླངས་བ་མ་ཡིན་པའི་ཕྱིར། དེ་བཞིན་དུ་ཁམས་གོང་མ་གཟུགས་དང་གཟུགས་མེད་ནས་འདོད་པར་ཉིང་མཚམས་སྦྱོར་དུས་ཀྱི་མི་དགེ་བའི་སྔར་ཐོབ་པ་རྣམས་ལ་སྦྱར་ནས་ཀྱང་མི་དགེ་བ་བཞི་བོ་གང་ཡིན་དང༌།ཡང་སྔོན་ཁྱིམ་བདག་དཔལ་སྐྱེས་སྦྲང་བུར་སྐྱེས་པ་ན་མཆོད་རྟེན་ལ་སྐོར་བ་བྱས་པའི་དགེ་བ་ལྟ་བུ་ཞིང་སྟོབས་ཀྱི་དགེ་བ་ཆོས་ཅན། འདིར་བཤད་པའི་དགེ་བ་བཞི་བོ་གང་རུང་དུ་ཐལ། དགེ་བ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དགེ་བ་དང་པོ་གསུམ་མ་ཡིན་ལ། ཀུན་སློང་གི་དགེ་བ་མ་ཡིན་པའི་ཕྱིར་ཏེ། སྦྲང་བུ་དེའི་རྒྱུད་ལ་དགེ་བའི་ཀུན་སློང་མེད་ཀྱང་ཞིང་གི་མཐུས་དགེ་བར་སོང་བའི་ཕྱིར་ཟེར་བ་དང༌། རང་བྱུང་གི་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དགེ་བ་བཞི་པོ་གང་ཡིན་དཔྱད། ཡང་དོན་དམ་པའི་དགེ་བ་ལ་ཐར་བས་མ་ཁྱབ་པར་ཐལ།དེ་ལ་ལམ་བདེན་ཞིག་ཡོད་པའི་ཕྱིར་ཏེ། མཆིམས་མཛོད་༣༥༠ལས། ལམ་བདེན་ནི་ངོ་བོ་ཉིད་དང་མཚུངས་ལྡན་དང་ཀུན་ནས་སློང་བ་དང་དོན་དམ་པར་དགེ་བ་ཡང་འདུ་བའི་ཕྱིར།ཞེས་གསུངས་པའི་ཕྱིར། འདོད་ན། དགེ་བ་བཞི་བོ་དེ་དག་མི་འགལ་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དཔེ་སོ་སོར་ངེས་པའི་ཕྱིར་ཏེ། མཆིམས་མཛོད་༣༤༩ལས།ངོ་བོ་ཉིད་ཀྱི་དགེ་བ་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་བྱུང་རྣམས་ནི་དེ་དག་དང་མཚུངས་པར་ལྡན་ན་དགེ་བར་འགྱུར་གྱི་མི་ལྡན་ན་མི་འགྱུར་བས་སྨན་དང་སྦྱར་བའི་བཏུང་བ་ལྟར་མཚུངས་ལྡན་གྱི་དགེ་བ་ཡིན་ནོ། །ངོ་བོ་ཉིད་དང་མཚུངས་ལྡན་དེ་དག་གིས་ཀུན་ནས་བསླངས་བའི་ལུས་ངག་གི་བྱ་བའི་ལས་རྣམས་དང༌། སོགས་པའི་སྒྲས་བཟུང་བ་ཐོབ་པ་དང་མཚན་ཉིད་དང་སེམས་མེད་པའི་སྙོམས་འཇུག་གཉིས་པོ་རྣམས་ནི་སྨན་དང་སྦྱར་བའི་བཏུང་བ་ལས་བྱུང་བའི་འོ་མ་ལྟར་ཀུན་ནས་སློང་བས་དགེ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ངོ་བོ་ཉིད་ཀྱི་དགེ་བ་ལ་ལྔ་ལས་ལྷག་ཡོད་ཀྱང་ལྔ་ལས་ལྷག་མི་བཞག་པའི་རྒྱུ་མཚན་ལྔ་ལས་གཞན་བཟློག་པ་ངོ་བོ་ཉིད་ཀྱིས་མི་དགེ་བ་མ་ཡིན་པས་རྒྱུ་མཚན་གྱིས་ཡིན་ཏེ། མཆིམས་མཛོད་༣༤༩ལས། འདོད་ཆགས་མེད་པ་ལ་སོགས་པའི་དགེ་བའི་རྩ་བ་གསུམ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དག་ནི། མཚུངས་ལྡན་དང་ཀུན་སློང་ལ་མི་ལྟོས་པར་འཕྲོད་པའི་སྨན་ལྟར་བདག་སྟེ་ངོ་བོ་ཉིད་ཀྱི་དགེ་བའོ། །བཅུ་གཅིག་པོ་ཐམས་ཅད་ཀྱང་ངོ་བོ་ཉིད་ཀྱིས་དགེ་བ་ཡིན་མོད་ཀྱི་འདིར་ལྔ་སྨོས་པ་ནི་བཟློག་པ་ངོ་བོ་ཉིད་ཀྱིས་མི་དགེ་བར་བསྟན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། བཅུ་གཅིག་པོ་ཐམས་ཅད་ལ་བཟློག་པ་མི་དགེ་བ་ཡིན་མིན་གྱི་ཁྱད་མེད་པའི་ཕྱིར་ཟེར་ན་དཔྱད་དོ། །དགེ་བ་བཅུ་གཅིག་པོ་ཅི་རིགས་ཀྱིས་ཀུན་སློང་བྱས་ནས་བྱུང་བའི་ལུས་ངག་གི་ལས་ཡིན་ན་དགེ་བ་ཡིན་དགོས་པར་ཐལ། མཆིམས་མཛོད་ལས། ངོ་བོ་ཉིད་དང་མཚུངས་ལྡན་དེ་དག་གིས་ཀུན་ནས་བསླངས་བའི་ལུས་ངག་གི་བྱ་བའི་ལས་རྣམས་དང༌། སོགས་པའི་སྒྲས་བཟུང་བ་ཐོབ་པ་དང་མཚན་ཉིད་དང་སེམས་མེད་པའི་སྙོམས་འཇུག་གཉིས་པོ་རྣམས་ནི་སྨན་དང་སྦྱར་བའི་བཏུང་བ་ལས་བྱུང་བའི་འོ་མ་ལྟར་ཀུན་ནས་སློང་བས་དགེ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཛོད་འགྲེལ་གནད་སྒྲོན༡༠༣ལས།རབ་ཏུ་འཇུག་བྱེད་དགེ་སོགས་ལས། །རྗེས་འཇུག་བྱེད་ཀྱང་རྣམ་གསུམ་འགྱུར། །རབ་ཏུ་འཇུག་པར་བྱེད་པ་དགེ་བ་ལས་ཀྱང་རྗེས་སུ་འཇུག་པར་བྱེད་པ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པར་ཡང་འགྱུར་ལ། མི་དགེ་བ་དང་ལུང་དུ་མ་བསྟན་པ་ལ་ཡང་དེ་དང་འདྲའོ། །ཞེས་གསུངས་པའི་ཕྱིར། ཡང་འདོད་པ་ན་སྒྲིབ་ལུང་མ་བསྟན་གྱི་ཀུན་ནས་བསླང་བའི་རིག་བྱེད་མེད་པར་ཐལ། རྩ་བར། འདོད་པ་ན་ཡང་སྒྲིབ་པ་མེད། །ཅེས་དང༌། མཆིམས་མཛོད་༣༤༩ལས། འདོད་པ༷་ཁམས་ན༷་ཡང༷་སྒྲིབ༷་ལ་ལུང་དུ་མ་བསྟན་པའི་རིག་བྱེད་མེད༷་དེ། གང༷་གི་ཕྱིར༷་ཞེ་ན། དེ་ན་ཀུན༷་ནས་སློང༷་བའི་སྒྲིབ་པའི་སེམས་མེད༷་པའི་ཕྱིར།ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་༣༥༡ལས། འདོད་ཁམས་ན་སྒྲིབ་པའི་རིག་བྱེད་ཀྱི་ཀུན་སློང་མེད་པར་བཤད་པ་ནི་དུས་ཀྱི་ཀུན་སློང་གི་དབང་དུ་བྱས་ནས་མཛད་པ་ཡིན་ཏེ། དེས་ན་འདོད་པའི་འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་སྒྲིབ་ལ་ལུང་མ་བསྟན་མཐོང་སྤང་གིས་རིག་བྱེད་ཀྱི་རྒྱུའི་ཀུན་སློང་བྱེད་ཀྱང་དུས་ཀྱི་ཀུན་སློང་ནི་སྒོམ་སྤང་གི་རྣམ་ཤེས་ཁོ་ན་ལ་ལྟོས། སྒོམ་སྤང་གི་རྣམ་ཤེས་སྒྲིབ་པའང་འདོད་པ་ན་མེད་པའི་ཕྱིར་འདོད་པ་ན་སྒྲིབ་པའི་རིག་བྱེད་མེད་དོ་ཞེས་བྱ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། དེ་ལ་མཐོང་སྒོམ་གྱི་སྤང་བྱ་རིས་ཐ་དད་ན་དུས་ཀྱི་ཀུན་སློང་གཙོ་བོ་དང༌། ཐ་མི་དད་ཡིན་ན་རྒྱུའི་ཀུན་སློང་གཙོ་བོ་ཡིན་ཏེ། མཆིམས་མཛོད་༣༥༢ལས། འོ་ན་ནི་དུས་ཀྱི་ཀུན་སློང་གཙོ་བོ་ཡིན་པའི་ཕྱིར་རྒྱུའི་ཀུན་སློང་དགེ་བའི་བྱས་ནས་དུས་ཀྱི་ཀུན་སློང་མི་དགེ་བའམ་ལུང་མ་བསྟན་གྱིས་བྱས་པའི་སྡོམ་པ་དགེ་བ་མིན་པར་འགྱུར་རོ་ཞེ་ན།ཀུན་སློང་གི་བསམ་པ་དེ་དག་མཐོང་སྤང་དང་སྒོམ་སྤང་རིགས་ཐ་དད་ན་དུས་ཀྱི་ཀུན་སློང་གཙོ་བོར་གྱུར་གྱི་རིས་གཅིག་པ་ལ་ནི་རྒྱུའི་ཀུན་སློང་ཉིད་གཙོ་བོ་ཡིན་པའི་ཕྱིར། དེ་ལྟར་ཐལ་བ་མེད་དོ་ཞེས་ལན་འདེབས་པར་མཛད་དོ། །ཞེས་གསུངས་པ་ལ་འདོད་ཉོན་སྤངས་ནས་དངོས་གཞིའི་ངོ་བོར་ལས་བསགས་ན་ལས་དེའི་ཀུན་སློང་ལ་སྒོམ་སྤང་གི་མ་རིག་པ་ཡོད་དགོས། དེ་ཡོད་ན་ཀུན་སློང་དེ་དང་དེ་འདྲའི་ལས་གཉིས་སྒོམ་སྤང་ཡིན་པར་འདྲ་བས་རྒྱུས་ཀུན་སློང་གཙོ་བས་ལུང་མ་བསྟན་དུ་མི་འགྱུར་རམ་དཔྱད། རྒྱུའི་ཀུན་སློང་དང་དུས་ཀྱི་ཀུན་སློང་གཉིས་དང་རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་གཉིས་ཀྱི་ཁྱད་པར་ནི། མཆིམས་མཛོད་༣༥༡ལས། འདི་ལྟར་ཀུན་ནས་སློང་བ་ནི། རྣམ་པ་གཉིས་ཏེ། རྒྱུའི་ཀུན་སློང་དང་དེའི་དུས་ཀྱི་ཀུན་སློང་ཞེས་བྱའོ། །ཀུན་སློང་གཉིས་པོ་དེ་དག་ལས་དང་པོ་རྒྱུའི་ཀུན་སློང་ནི་ལས་ལ་དང་པོར་རབ་ཏུ་འཇུག་པར་བྱེད་པའི་རྒྱུ་ཡིན་ལ་གཉིས་པ་དུས་ཀྱི་ཀུན་སློང་ནི་བྱ་བའི་དུས་སུ་མཐུན་པར་བྱེད་པའི་ཕྱིར། རྗེས་སུ་འཇུག་པར་བྱེད་པ་ཡིན་ནོ། །དེ་དག་ལས་མཐོང་བས་སྤང་བར་བྱ་བའི་ཡིད་ཀྱི་རྣམ་ཤེས་ནི་ཁ་ནང་དུ་བལྟས་པས་རིག་བྱེད་ཀྱི་རབ་ཏུ་འཇུག་པར་བྱེད་པ་རྒྱུའི་ཀུན་སློང་ཡིན་གྱི་དུས་ཀྱི་ཀུན་སློང་ནི་མ་ཡིན་ནོ། །ཡིད་ཀྱི་རྣམ་ཤེས་བསྒོམ་པས་སྤངས་བར་བྱ་བ་ནི་རིག་བྱེད་ཀྱི་རྒྱུའི་ཀུན་སློང་དང་དུས་ཀྱི་ཀུན་སློང་གཉིས་ཀ་ཡིན་ནོ། །མིག་ལ་སོགས་པའི་རྣམ་ཤེས་ལྔ་ནི་རྟོག་མེད་ཡིན་པའི་ཕྱིར་རྗེས་སུ་འཇུག་པར་བྱེད་པ་དུས་ཀྱི་ཀུན་སློང་ཁོ་ན་ཡིན་ནོ། །དེའི་ཕྱིར་དེ་དག་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བ་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །ཞེས་དང༌། མཛོད་འགྲེལ་གནད་སྒྲོན་༡༠༣ལས། མཐོང་བས་སྤང་བྱའི་རྣམ་ཤེས་ནི། །རབ་ཏུ་འཇུག་བྱེད་ཡིན། མཐོང་བས་སྤང་བར་བྱ་བའི་སེམས་ནི་དེ་ཀུན་ནས་སློང་བར་བྱེད་པ་དཔྱོད་པ་དང་རྟོག་པ་དག་གི་གཞིར་གྱུར་པའི་ཕྱིར་རྣམ་པར་རིག་བྱེད་རབ་ཏུ་འཇུག་པར་བྱེད་པ་ཡིན་གྱི་སེམས་ཁ་ཕྱིར་བལྟས་པའི་ཕྱིར་རྗེས་སུ་འཇུག་པར་བྱེད་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་མདོ་ལས་རྒྱུའི་ཀུན་ནས་སློང་བའི་དབང་དུ་མཛད་ནས་གསུངས་པའི་ཕྱིར་མི་འགལ་ལོ། །ཞེས་གསུངས་པ་ལྟར་ཡིན་ལ། མཐོང་སྤང་ལ་རྒྱུའི་ཀུན་སློང་ལས་མེད་ན་མཐོང་སྤང་དང་མཉམ་དུ་འཇུག་པའི་ལས་ཀྱི་དུས་ཀྱི་ཀུན་སློང་ལ་གང་འཇོག་དང་བྱེ་བྲག་སྨྲ་བས་བློ་ཡིན་ན་མངོན་གྱུར་བ་ཡིན་པས་ཁྱབ་པ་ཁས་ལེན་པས་མཐོང་སྤང་དུ་གྱུར་བའི་འདོད་པའི་ཆགས་སོགས་དང་མཚུངས་པར་ལྡན་པའི་མི་དགེ་བའི་ལས་ཀྱི་དུས་ཀྱི་ཀུན་སློང་ལ་མཐོང་སྤང་གཞན་མེད་དམ་དཔྱད། མཆིམས་མཛོད་༣༥༢ལས། རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་ལ་མུ་བཞི་སྟེ། མཐོང་སྤང་གི་སེམས་ནི་རབ་ཏུ་འཇུག་བྱེད་ཁོ་ན་དང༌། སྒོ་ལྔའི་རྣམ་ཤེས་ནི་རྗེས་སུ་འཇུག་བྱེད་ཁོ་ན་དང༌། ཡིད་ཤེས་སྒོམ་སྤང་ནི་གཉིས་ཀ་དང༌། ཟག་མེད་ནི་གཉིས་ཀ་མིན་པའི་མུའོ། །ཞེས་གསུངས་པ་མཐོང་སྤང་གིས་རང་དང་དུས་མཉམ་པའི་ལས་ཀྱི་དུས་ཀྱི་ཀུན་སློང་བྱེད་པ་ཡོད་མེད་དང༌། སྒོམ་སྤང་ཡིད་ཤེས་ནི་གཉིས་ཀ་ཡིན་པའི་དོན་དང་ཡོད་པའི་དོན་གང་ཡིན་སོགས་ལ་དཔྱད། ཡང་མཛོད་འགྲེལ་གནད་སྒྲོན་ལས། རྣམ་རིག་དཔྱོད་དང་བཅས་དག་ན། །འདོད་པའི་ཁམས་དང༌། བསམ་གཏན་དང་པོ་ཁོ་ན་ན་ཡོད་ཀྱི་དེ་ཡན་ཆད་ན་མེད་དོ། །འདོད་པ་ན་ཡང་སྒྲིབ་པ་མེད། །ཅིའི་ཕྱིར་ཚངས་པའི་འཇིག་རྟེན་ཡན་ཆད་ན་རྣམ་པར་རིག་བྱེད་མེད་ལ། འདོད་པའི་ཁམས་ན་སྒྲིབ་པ་མེད་ཅེ་ན། གང་ཕྱིར་ཀུན་སློང་མེད། རྟོག་པ་དང༌། དཔྱོད་པ་དང་བཅས་པའི་སེམས་ཀྱི་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་ན། དེ་ཡང་བསམ་གཏན་གཉིས་པ་ལ་སོགས་པ་དག་ན་མེད་དེ། བསྒོམ་པའི་སྤང་བར་བྱ་བས་བསྐྱེད་ཀྱི། བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཡང་འདོད་པའི་ཁམས་ན་མེད་དོ། །ཞེས་གསུངས་པ་ལ་ཀུན་སློང་ལ་རྟོག་དཔྱོད་ཀྱིས་མ་ཁྱབ་པར་ཐལ། དབང་ཤེས་ལྔ་དང་ཉོན་མོངས་ཆགས་སོགས་ཡོད་པའི་ཕྱིར་ཟེར་ན་དཔྱད། གྲུབ་མཐའ་གོང་མའི་ལུགས་ལ་ཇི་སྐད་དུ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་པའི་དོན་ལ་སྐབས་འདིར་དཔྱད་པར་བྱའོ། །ཡང་ལ་ལ་འདོད་པ་ན་སྒྲིབ་གཟུགས་འཇོག་རིགས་པར་ཐལ། སོ་སྐྱེ་དགེ་སློང་གིས་ཕྱིར་དྲོའི་ཁ་ཟས་ཟ་བའི་བཅས་པའི་ཁ་ན་མ་ཐོ་བའི་ལྟུང་བ་དེ་དེ་ཡིན་པའི་ཕྱིར། དེར་ཐལ། ཉོན་མོངས་ཅན་གྱི་ཤེས་པས་ཀུན་ནས་བསླང་བ་གང་ཞིག ལུང་མ་བསྟན་གྱི་ལས་ཡིན་པའི་ཕྱིར། རྟགས་དང་པོ་དེར་ཐལ། དེ་སོ་སྐྱེས་ཀྱི་ལྟུང་བ་ཡིན་པའི་ཕྱིར། ཁྱབ་སྟེ། སོ་སྐྱེའི་ལྟུང་བ་ཡིན་ན་བདག་འཛིན་གྱིས་ཀུན་ནས་བསླང་བའི་ཁྱབ་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དེ་བཅས་པའི་ཁ་ན་མ་ཐོ་བའི་ལྟུང་བ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ཡིན་ན་ལུང་མ་བསྟན་དང་བདག་ཉིད་གཅིག་ཡིན་པས་ཁྱབ་པར་གསུངས་པའི་ཕྱིར་ཞེ་ན། རྩ་བའི་ཐལ་འགྱུར་ལ་རྟགས་མ་གྲུབ་སྟེ། དེ་མ་སྒྲིབ་ལུང་མ་བསྟན་གྱི་ལས་ཡིན་པའི་ཕྱིར་ཏེ། དེའི་དུས་ཀྱི་ཀུན་སློང་དེ་མ་སྒྲིབ་ལུང་མ་བསྟན་ཡིན་ལ་རྒྱུའི་ཀུན་སློང་མཐོང་སྤང་ཡིན་པས་དེ་གཉིས་མཐོང་སྒོམ་གྱི་སྤང་བྱ་རིས་ཐ་དད་པས་དུས་ཀྱི་ཀུན་སློང་གཙོ་བོ་ཡིན་པའི་ཕྱིར་ཞེས་ཁ་ཅིག་ལན་བྱེད་དོ། །ཡང་དཔེར་ན་དགེ་སློང་ཞིག་གིས་རང་གི་མ་ནད་ཚབས་ཆེན་པོས་བཏབ་པ་ལ་སྙིང་རྗེའི་བསམ་པས་ཀུན་ནས་བསླངས་ཏེ་རང་གི་མའི་སྲོག་གཅོད་པའི་ལས་དེ་ཆོས་ཅན། དགེ་བའི་ལས་ཡིན་པར་ཐལ། དེའི་ཚེ་ལས་དེའི་རྒྱུའི་ཀུན་སློང་སྙིང་རྗེ་དང་དུས་ཀྱི་ཀུན་སློང་གསོད་སེམས་གཉིས་ཀ་རྩ་བར། བཅུ་ནི་སྒོམ་པའི་སྤང་བྱ་ཡིན། །ཞེས་པ་ལྟར་ཡིན་པས་སྒོམ་སྤང་དུ་རིགས་གཅིག་པས་རྒྱུའི་ཀུན་སློང་གཙོ་ཆེ་བའི་ཕྱིར། འདོད་མི་ནུས་ཏེ། སྲོག་གཅོད་ཀྱི་ལས་ཡིན་པའི་ཕྱིར། འདི་ལ་ཁ་ཅིག་གིས་རྩ་བའི་ཐལ་འགྱུར་ལ་འདོད་མི་ནུས་ཏེ། ཐེག་དམན་གྱི་སྡེ་སྣོད་ལས་སྲོག་གཅོད་སོགས་མི་དགེ་བ་བཅུ་ལ་གནང་བ་མེད་པའི་ཕྱིར་དང༌། དེ་འདྲའི་མ་བསད་པའི་ལས་དེ་ཕམ་པ་དང་མཚམས་མེད་ཀྱི་ལས་སུ་འཇོག་དགོས་པའི་ཕྱིར་ཏེ། མཚོ་ཊཱིཀ་༢༤༣ལས། གཏམ་གྱི་གཞི་ལས་དགེ་སློང་གིས་དགེ་བའི་སེམས་ཀྱིས་མ་སྲོག་དང་བྲལ་ན་ཕམ་པའི་ཉེས་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར་བ་ཡོད་དེ། འདི་ལྟར་དགེ་སློང་གི་མ་ཞིག་ནད་བུ་ཅན་ཡུན་རིང་ཞིག་ནས་སྡུག་བསྔལ་གྱིས་དྲག་ཏུ་གཟིར་ཅིང་གནོད་པ་ཆེར་གྱུར་པ་མྱོང་བ་དེ་ལ་སྙིང་རྗེའི་བསམ་པ་དེ་ལྟ་བུའི་རྐྱེན་གྱིས་མ་སྲོག་དང་བྲལ་ན་ཕམ་པའི་ཉེས་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུའང་འགྱུར་རོ། །ཞེས་གསུངས་ལ་དེ་ནི་དྲི་བ་རྒྱ་ཆེར་འགྲེལ་བ་ལས་ཀྱང་བཤད་དོ། །དེ་ལྟར་བསད་པའི་སྡིག་པ་ཚད་མེད་འབྱུང་བ་ནི། མཛོད་ལས། ཀུན་སློང་ལ་རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་གཉིས་སུ་གསུངས་པས་འདིར་རབ་ཏུ་འཇུག་བྱེད་སྙིང་རྗེས་བསམ་པས་ཀུན་ནས་བསླང་ཡང་རྗེས་སུ་འཇུག་བྱེད་ནི་ཉན་ཐོས་ཀྱི་ལུགས་ཀྱི་སྲོག་གཅོད་འདོད་དེ་མི་དགེ་བའི་བསམ་པ་ཡིན་པས་སྐབས་འདིར་དངོས་ཀྱི་ཀུན་སློང་མ་གསོད་པར་འདོད་པའི་བསམ་པས་ཀུན་ནས་བསླང་སྟེ་མ་གསོད་པ་ཡིན་པས་སྡིག་པ་ཚད་མེད་འབྱུང་བའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་སོ་ཐར་གྱི་སྡོམ་པ་ལ་གཞན་གནོད་གཞི་བཅས་སྤོང་བའི་སྡོམ་པས་ཁྱབ་བར་ཐལ། རྣམ་འབྱེད་འགྲེལ་བ་ལས།རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཨ་མྲའི་ཚལ་ལྟ་བུ། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་སྨྱུག་མའི་ཚལ་ཞེས་པ་ལྟ་བུ། ཞེས་དང༌། མཛོད་འགྲེལ་གནད་སྒྲོན་ལས། འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུན་སྡོམ་ཞིང་འགོག་པས་ན་སྡོམ་པའོ། །ཞེས་དང༌། མཚོ་ཊཱིཀ་༣༡ལས། སྤོང་བ་བདུན་འཁོར་དང་བཅས་ཞེས་གསུངས་ན་གཙོ་བོ་ནི་གང་འཁོར་ནི་གང་ཞེ་ན་རང་བཞིན་གྱི་ཁ་ན་མ་ཐོ་བ་ལུས་ངག་གི་བདུན་པོ་སྤོང་བ་ནི་གཙོ་བོ་ཡིན་ལ། ཆང་འཐུང་བ་ལ་སོགས་པ་བཅས་པའི་ཁ་ན་མ་ཐོ་བ་སྤོང་བ་ཐམས་ཅད་འཁོར་ཡིན་ཏེ། ཞེས་དང༌། མཆིམས་མཛོད་༣༥༣ལས། དེ་ལ་གནོད་པ་ནི་ལུས་ངག་གི་མི་དགེ་བ་བདུན་དང་གཞི་ནི་ཡིད་ཀྱི་གསུམ་མམ། ཡང་ན་གནོད་པ་རང་བཞིན་དང་གཞི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་དང༌། མཆིམས་མཛོད་༣༥༣ལས། རྣམ་པར་རིག་བྱེད་མིན་པ་དེ་ནི་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། གང་ཞེ་ན། གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་ཞིང་འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུན་སྡོམ་ཞིང་འགོག་པས་ན་སྡོམ་པ་དང༌། གནོད་པ་གཞི་དང་བཅས་པ་ལ་རྒྱུན་དུ་ཞུགས་པ་ནི་སྡོམ་མིན་དང༌། གནོད་པའམ་གནོད་པའི་གཞི་དག་ཕྱོགས་རེ་སྤོང་བའམ་ཕྱོགས་རེ་ལ་འཇུག་ན་སྡོམ་པ་དང་སྡོམ་མིན་གཉིས་ལས་གཞན་པའི་བར་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།འདོད་ན། དགེ་བསྙེན་བསྙེན་གནས་དགེ་ཚུལ་དགེ་སློབ་མའི་སྡོམ་པ་དེ་དག་ཆོས་ཅན། སོ་ཐར་གྱི་སྡོམ་པ་མ་ཡིན་པར་བར་མའི་དགེ་བ་ཡིན་པར་ཐལ། གཞན་གནོད་གཞི་བཅས་སྤོང་བ་མ་ཡིན་པ་གང་ཞིག དེའི་ཕྱོགས་རེ་སྤོང་བ་དེ་ཡིན་པའི་ཕྱིར་ཏེ། མཛོད་འགྲེལ་གནད་སྒྲོན་ལས། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བ་མནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང༌། དགེ་ཚུལ་ཆེད་དང་དགེ་སློང་ཉིད། །སྤང་བར་བྱ་བ་ལྔ་པོ་ལས་སླར་ལྡོག་པ་ཡང་དག་པར་བླངས་པས་ནི་དགེ་བསྙེན་གྱི་སྡོམ་པ་དང༌། ཞེས་དང༌།མཚོ་ཊཱིཀ་༣༡ལས། དགེ་ཚུལ་ལ་སོགས་པ་དག་གི་སྡོམ་པ་ནི་སྤོང་བ་བཞིའི་མཚན་ཉིད་ཅན་ཡིན། ཞེས་སོགས་གསུངས་པའི་ཕྱིར་ཟེར་བ་དང༌། བཅས་པ་མ་མཛད་ཀྱི་སྔ་རོལ་གྱི་དགེ་སློང་གི་སྡོམ་པ་སོགས་སོ་ཐར་གྱི་སྡོམ་པ་ལ་སྡོམ་པའི་མཚན་ཉིད་དེ་ཚང་མ་ཚང་དང་དེ་དུས་སུ་དགེ་ཚུལ་དང་དགེ་སློང་གི་སྡོམ་པའི་ཁྱད་པར་སོགས་ལ་དཔྱད། ཡང་སོ་ཐར་གྱི་སྡོམ་པ་སོགས་སྡོམ་པ་སོ་སོའི་མཚན་ཉིད་ཡོད་དེ། རང་འགྲེལ་༣༤༤ལས། སོ་སོར་ཐར་བའི་སྡོམ་པ་ནི། འདི་བ་རྣམས་ཀྱི་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་སོ། །བསམ་གཏན་གྱི་སྡོམ་པ་ནི་གཟུགས་ན་སྤྱོད་པ་རྣམས་ཀྱི་ཚུལ་ཁྲིམས་ཡིན་ནོ། །ཟག་པ་མེད་པའི་སྡོམ་པ་ནི་ཟག་པ་མེད་པའི་ཚུལ་ཁྲིམས་ཡིན་ནོ། །ཞེས་དང༌། མཚོ་ཊཱིཀ་༢༠ལས། སོ་སོར་ཐར་པའི་སྡོམ་པའི་མཚན་ཉིད་ནི། བྱེ་བྲག་སྨྲ་བ་ལྟར་ན་ཉེས་པར་སྤྱོད་པ་ལས་མི་མཐུན་ཕྱོགས་ཀྱི་དངོས་གཞི་ཡིན་པའི་གཟུགས་དགེ་བ་གང་ཞིག ཁམས་གོང་མའི་སེམས་དང་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་མ་ཡིན་པའོ། །ཞེས་དང༌། མངོན་རྒྱན་༣༥༤ལས། དགེ་སློང་གི་སྤོང་བདུན་དང༌། ཟག་བཅས་ཀྱི་མཉམ་བཞག་ལས་སྐྱེས་པའི་སྤོང་བདུན་དང༌། ཟག་མེད་མཉམ་བཞག་ལས་སྐྱེས་པའི་སྤོང་བདུན་རྣམས་མཚན་གཞི། སོ་ཐར་དང༌། བསམ་གཏན་དང༌། ཟག་མེད་ཀྱི་སྡོམ་པའི་ཐ་སྙད་བྱ་རུང༌། མཚན་ཉིད་རིམ་པ་ལྟར་འདོད་པའི་དགེ་བ་གཟུགས་ཅན་གང་གི་ངེས་པ་ལྔ་དང་བྲལ་བ་དང༌། སེམས་ཀྱི་རྗེས་འབྲང་གི་གཟུགས་ཟག་བཅས་དང༌། སེམས་ཀྱི་རྗེས་འབྲང་གི་གཟུགས་ཟག་མེད་དོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ། ། དེ་དག་གི་སྒོ་ནས་བསྙེན་གནས་ཀྱི་སྡོམ་པ་སོགས་ངེས་པ་ལྔ་བྲལ་ཡིན་མིན་དཔྱད། ཡང་མངོན་རྒྱན་༣༥༤ལས། བསྙེན་གནས་ལ་གཉིས་སུ་མ་ཕྱེ་བ་ནི་ཡུན་ཐུང་བའི་ཕྱིར། ཞེས་གསུངས་པ་ལ། འོ་ན་ཡུན་ཐུང་བའི་དགེ་བསྙེན་སོགས་ལ་ཕ་མ་གཉིས་སུ་མི་ཕྱེ་བར་ཐལ། ཡུན་ཐུང་བའི་ཕྱིར། ཁྱབ་པ་ཁས་ཟེར་ན་དཔྱད། ཡང་དགེ་སློང་མ་མཚན་འགྱུར་ནས་དགེ་སློང་ཕ་མཚན་འགྱུར་ན་སྔར་ཡོད་སྡོམ་པ་བཏང་བ་དང་སྔར་མེད་སྡོམ་པ་ཐོབ་པ་མེད་པར་ཐལ། རང་འགྲེལ་༣༤༥ལས། མཚན་འགྱུར་པ་ལས་སྔོན་སྡོམ་པ་གཏོང་བའི་རྒྱུ་ཡང་ཡོད་པ་མ་ཡིན་ལ་སྔོན་མེད་པའི་སྡོམ་པ་འཐོབ་པའི་རྒྱུ་ཡང་ཡོད་པ་མ་ཡིན་ནོ། །ཞེས་དང༌། མཛོད་འགྲེལ་གནད་སྒྲོན་ལས། ཇི་ལྟར་ཤེས་ཤེ་ན། མཚན་ལས་མིང་ནི་འཕོ་བའི་ཕྱིར། །མཚན་གྱུར་ན་དགེ་སློང་ནི་དགེ་སློང་མ་ཞེས་བྱ་ལ། དགེ་སློང་མ་ཡང་དགེ་སློང་ཞེས་བྱ་སྟེ། དེ་བཞིན་དུ་དགེ་བསྙེན་ནི་དགེ་བསྙེན་མ་ཞེས་བྱ་བའི་བར་དུའོ། །མཚན་གྱུར་པ་ལ་སྔོན་གྱི་སྡོམ་པ་གཏོང་བའི་རྒྱུ་ཡང་ཡོད་པ་མ་ཡིན་ལ་སྔོན་མེད་པའི་སྡོམ་པ་འཐོབ་པའི་རྒྱུ་ཡང་ཡོད་པ་མ་ཡིན་ནོ། །ཞེས་དང༌། མངོན་རྒྱན་༣༥༥ལས། དགེ་སློང་མ་མཚན་གྱུར་ན་དགེ་སློང་དུ་འགྱུར་བ་ཙམ་ལས་སྡོམ་པ་སྔར་ཡོད་༼གཏོང་རྒྱུ་ལྔ་བོ་གང་གིས་ཀྱང་༽གཏོང་བ་དང༌། ༼གཞན་གྱི་རིག་བྱེད་ལ་སོགས་པའི་རྒྱུ་གང་གིས་ཀྱང་༽སྔར་མེད་འཐོབ་པ་མེད་པའི་ཕྱིར་རོ། །རྫས་ལ་ཁྱད་པར་ཡོད་ན་མཚན་གྱུར་པ་ཙམ་གྱིས་དེ་དག་ཏུ་འགྱུར་བར་མི་རིགས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། དགེ་སློང་མ་མཚན་གྱུར་ནས་དགེ་སློང་ཕ་གྱུར་བའི་དགེ་སློང་དེས་དགེ་སློང་མའི་སྡོམ་པ་བཏང་བ་དང་དགེ་སློང་ཕའི་སྡོམ་པ་གསར་དུ་ཐོབ་པ་ཡིན་མིན་དང༌། བཏང་བ་ཡོད་པ་མཚོ་ཊཱིཀ་༢༠༩ལས། ཊཱི་ཀ་ལས་མཚན་འགྱུར་བ་དང་པོ་གཉིས་ལ་ནི་སྡོམ་པ་མཉམ་པ་མེད་དོ་ཞེས་པ་དང་འགལ་ཞེ་ན། སྐབས་འདིར་མཚན་འགྱུར་བའི་རང་སྟོབས་ཀྱི་སྡོམ་པ་མེད་པར་འགྱུར་བ་མ་ཡྀན་གྱི་མཚན་གྱུར་པ་ན་ལོ་བཅུ་གཉིས་ལོན་པ་དེ་དགེ་སློང་ཕའི་སྡོམ་པའི་ཞིང་མ་ཡིན་པར་གྱུར་བའི་སྟོབས་ཀྱིས་དགེ་སློང་ཕའི་སྡོམ་པ་མེད་པར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་སོ་ཟེར་བ་དང༌། ཡང་དེར་ལོ་ཉི་ཤུ་མ་ལོན་པ་དེ་དགེ་སློང་ཕའི་སྡོམ་པའི་ཞིང་མ་ཡིན་པར་བཤད་པ་མི་རིགས་པར་ཐལ། ལོ་ཉི་ཤུ་མ་ལོན་པ་ཡིན་ན་དགེ་སློང་ཕའི་སྡོམ་པའི་ཞིང་མ་ཡིན་པའི་ཁྱབ་པ་མེད་པའི་ཕྱིར་ཏེ། དེ་༢༢༨ལས། ཤེས་ན་ནི་དེ་ཞིག་གོ་ཞེས་པས་སོ། །འོ་ན་མངོན་པ་ལས་འདི་མ་བགྲང་པའི་རྒྱུ་མཚན་ཅི་ཞེ་ན། རྣམ་འབྱེད་འགྲེལ་བ་ལས། ཆོས་མངོན་པ་ལས་འདི་སྡོམ་པ་གཏོང་བའི་རྒྱུ་ཉིད་དུ་མ་བགྲངས་པ་ནི་མ་ངེས་པའི་ཕྱིར་རོ། །འདིའི་དོན་ནི་སྐྱེས་ནས་ལོ་བཅུ་བཞི་ལོན་པ་ལྟ་བུ་ལ་དེར་ཤེས་ཀྱང་དགེ་སློང་གི་སྡོམ་པ་གཏོང་བར་མ་ངེས་པའི་ཕྱིར་ཞེས་པ་སྟེ། གཞུང་དེ་ཉིད་ལས་མངལ་ན་གནས་པའི་ཟླ་བ་དག་ཀྱང་ལས་ཀྱི་དབང་གིས་མང་ཉུང་མ་ངེས་པའི་ཕྱིར་རོ། །ཞེས་བཤད་དོ། །སྒྲ་གཅན་ཟིན་མངལ་དུ་ལོ་དྲུག་བཞུགས་པར་ལུང་གཞི་ལས་གསུངས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། དེ་དུས་ཕམ་བརྒྱད་སྤོང་བའི་སྡོམ་པའི་རྒྱུན་ཕམ་བཞི་སྤོང་བའི་སྡོམ་པའི་ངོ་བོར་འགྱུར་བ་ཡིན་མིན་དང༌། ད་ཆོག་གི་དབང་དུ་བྱས་ན་སྐད་ཅིག་དང་པོ་ཕན་ཆད་ཀྱི་དགེ་སློང་གི་སྡོམ་པ་ཐམས་ཅད་དང་པོ་མཁན་སློབ་ཀྱི་མདུན་ནས་ཐོབ་པ་ཡིན་མིན་དང་དེ་དག་ཐོབ་དུས་སོགས་ལ་དཔྱད། མངོན་རྒྱན་༣༥༥ལས། ཡང་དགེ་བསྙེན་ལ་སོགས་པའི་སྡོམ་པ་དེ་དག་ཐ་དད་པ་ཡིན་གྱི་སྔ་མ་སྔ་མ་གནས་གྱུར་པ་ཕྱི་མ་ཕྱི་མའམ་གཅིག་ཏུ་ཡོད་པ་ནི་མ་ཡིན་ཏེ།དགེ་སློང་གི་སྡོམ་པ་ཕུལ་བས་དགེ་ཚུལ་ལ་སོགས་པའང་གཏོང་བར་ཐལ་བའི་ཕྱིར་དང༌།ཕྱི་མ་རྣམས་སྔ་མའི་གཏོང་རྒྱུར་ཐལ་བའི་ཕྱིར་རོ། །ཞེས་གསུངས་པ་བྱེ་བྲག་སྨྲ་བའི་ལུགས་ལ་དགེ་སློབ་མའི་རྒྱུད་ཀྱི་དགེ་ཚུལ་དང་དགེ་སློབ་མའི་སྡོམ་པ་གཉིས་མཚན་འགྱུར་གྱི་སྐབས་སུ་གཅིག་བཏང་ན་གཅིག་ཤོས་བཏང་བས་ཁྱབ་པ་མེད་པས་ངོ་བོ་གཅིག་མིན་ན་དགེ་སློབ་མའི་སྡོམ་པ་རྩ་བཞི་སྤོང་བའི་སྡོམ་པ་མ་ཡིན་པར་འགྱུར་རམ་ཅི། འགྱུར་ན་སྡོམ་པ་མ་ཡིན་པར་འགྱུར་བ་ཡོད་མེད་སོགས་དང༌། ངོ་བོ་གཅིག་ཡིན་ན་གཅིག་བཏང་ན་གཅིག་ཤོས་བཏང་དགོས་པར་འགྱུར་དགོས་ན། ལམ་དེའི་སྟེང་གི་ཟག་བཅས་ཡིན་པའི་ཆ་སོགས་བཏང་ན་ཤེས་པ་ཡིན་པའི་ཆ་སོགས་བཏང་དགོས་པ་ཡིན་མིན་དཔྱད། མཚོ་ཊཱིཀ་༢༠༣དུ་དགེ་སློབ་མའི་སྡོམ་པ་སྡོམ་པ་མཚན་ཉིད་པ་ཡིན་མིན་གཏན་ལ་དབབ་ཡོད་པས་དེར་ཤེས་པར་བྱ་དགོས་པ་དང༌། དེ་གཉིས་རྫས་ཐ་དད་ཡིན་མིན་མཚོ་ཊཱིཀ་༢༠༧དེར་ཤེས་པར་བྱའོ། །མངོན་རྒྱན་༣༥༥ལས། སྤོང་སེམས་ལ་འདོད་པ་ལྟར་ནའང་རྫས་མཚུངས་ཉམས་པར་མི་འགྱུར་ཏེ། ས་བོན་ཐ་དད་པས་སོ། །ཞེས་གསུང་ངོ༌། །ཞེས་གསུངས་པའི་དོན་ལ་དཔྱད།ངེས་འབྱུང་གི་བསམ་པ་བརྟན་པོ་མེད་པར་སོ་ཐར་གྱི་སྡོམ་པ་མི་སྐྱེ་བ་ཡིན་ཏེ། མདོ་རྩ་བ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་དང༌། ཊཱི་ཀ་ལས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་བས། ཞེས་དང༌། དྲི་བ་རྒྱ་ཆེར་འགྲེལ་ལས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་སྐྱེ་བ་ནི་མེད་དོ། །ཞེས་དང༌། ཕྲན་ཚེགས་འགྲེལ་བ་ལས། ཐར་བའི་བསམ་པའི་སྒོ་ནས་སྡོམ་པ་འཐོབ་པ་ཡིན་ལ། ཐར་པའི་བསམ་པ་མེད་པར་སྡོམ་པ་མི་འཐོབ། ཅེས་དང༌། འདུལ་བའི་ལག་ལེན་རིན་པོ་ཆེའི་གཏེར་༡༣༥ལས། དེ་ཐམས་ཅད་མྱང་འདས་ཀྱི་བསམ་པས་ཟིན་པ་དགོས་ཏེ།ཚེ་འདིའི་སྡུག་བསྔལ་དང་བྲལ་འདོད་དམ། ཕྱི་མ་ངན་སོང་གིས་འཇིགས་ནས་བསྲུང་པ་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས། ཚེ་འདིར་བདེ་བ་ཐོབ་འདོད་དམ། ཕྱི་མར་ལྷ་མིའི་དཔལ་འདོད་ནས་ལེན་པ་ལེགས་སྨོན་གྱི་ཚུལ་ཁྲིམས་ཏེ། དེ་གཉིས་ངེས་འབྱུང་གི་བསམ་པ་ཉམས་པས་སོ་ཐར་གྱི་སྡོམ་པ་མི་འགྱུར། སོ་ཐར་གྱི་སྡོམ་པར་འགྱུར་བ་ལ། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་གསུངས་པས་མྱང་འདས་ཀྱི་བསམ་པ་བརྟན་པོས་ཟིན་དགོས་ཤིང་ཞེས་གསུངས་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། མཚོ་ཊཱིཀ་༦༩ལས། ལུང་གཞི་ནས། ཀུན་དགའ་བོའི་ཚ་བོ་བྱིས་པ་གཉིས་དང་ཕྲན་ཚེགས་ནས་མཛེས་དགའ་བོ་དང༌། རྣམ་འབྱེད་ནས་འཆར་ཀ་དང་ཉེ་སྡེ་སྟེ། གང་ཟག་དེ་རྣམས་ལ་ཆོས་ཅན། སྡོམ་པ་མ་སྐྱེས་པར་ཐལ། སྡོམ་པ་ལེན་དུས་ན་མྱ་ངན་ལས་འདས་པའི་བསམ་པ་མེད་པའི་ཕྱིར་ཏེ།དང་པོ་གཉིས་ལྟོ་ཕྱིར་རབ་ཏུ་བྱུང་བ་དང་དེའི་འོག་མ་གཉིས་ངོ་མ་བཟློག་པར་རབ་ཏུ་བྱུང་བ་དང༌། ཉེ་སྡེ་སྲོག་བྱོལ་ལ་རབ་ཏུ་བྱུང་བའི་ཕྱིར་ཏེ། རྟགས་ལུང་གིས་གྲུབ་ཅིང༌། ཁྱབ་པ་ཁས་བླངས་སོ། །འདོད་ན་རབ་བྱུང་གི་ཆ་ལུགས་ཅན་སྡོམ་པ་མེད་པས་དགྲ་བཅོམ་པ་ཐོབ་པར་མི་རིགས་པ་ལས་དེ་ཐམས་ཅད་ཀྱིས་དགྲ་བཅོམ་ཐོབ་པར་ལུང་ལས་གསུངས་པ་དང་འགལ་ལོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ཀྱང༌། བདག་ཁྱིམ་འདི་ན་གནས་ནས་དཀའ་བས་འཚོ་བར་འགྱུར་བས་བདག་རབ་ཏུ་བྱུང་ལ་ཚེགས་ཆུང་ངུས་འཚོ་བར་བྱ་ཞིང༌། ཇི་སྲིད་འཚོའི་བར་ཏུ་ཚངས་པའི་སྤྱོད་པ་སྤྱད་པར་བྱའོ། །སྙམ་ནས་རབ་ཏུ་བྱུང་བ་ནི་༼འཇིགས་སྐྱོབ་ཀྱི་དྲི་མས་གོས་པས།༽གཅིག་ཏུ་ཡོངས་སུ་དག་པ་མ་ཡིན་ཞིང༌། དེ་ནི་བསྙེན་པར་རྫོགས་པ་མ་ཡིན་པར་ཡང་བརྗོད་པར་མི་བྱའོ། །ཞེས་གསུངས་པ་དང་འགལ་ལོ། །དེང་སང་གི་རབ་བྱུང་རྣམས་ཆོས་ཅན། ཕལ་ཆེར་ལ་སྡོམ་པ་མ་སྐྱེས་པར་ཐལ། ཕལ་ཆེར་ལ་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པའི་ཕྱིར་རོ། །ཞེས་པ་ནས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་ཞེས་གསུངས་པ་དེ་ཐམས་ཅད་ངེས་འབྱུང་གི་སྡོམ་པ་མི་སྐྱེ་ཞེས་བསྟན་པ་སྟེ། མདོ་རྩ་འགྲེལ་དུ་སྡོམ་པ་སྐྱེ་མི་སྐྱེ་བཤད་པ་ཐམས་ཅད་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་གསུངས་པའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ནི་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མནོས་ན་ངེས་འབྱུང་གི་སྡོམ་པ་མི་སྐྱེ་ཡང་སྡོམ་པ་ཙམ་པོ་ཞིག་ནི་སྐྱེ་སྟེ་སྔར་གྱི་གཞུང་དེ་དག་གིས་གྲུབ་བོ། །ཞེས་གསུངས་པའི་ཕྱིར་ཟེར་ན། འོ་ན་ཕྱི་རོལ་བའི་རྒྱུད་ལ་སོ་ཐར་གྱི་སྡོམ་པ་མེད་པའི་རྒྱུ་མཚན་ངེས་འབྱུང་གི་བསམ་པ་མེད་པའི་རྒྱུ་མཚན་གྱིས་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མཛོད་རང་འགྲེལ་ལས། ཅི་ཕྱི་རོལ་པ་དག་ལ་ཡང་དག་པར་བླང་བ་ལས་བྱུང་བའི་ཚུལ་ཁྲིམས་ཡོད་དམ་ཞེ་ན་ཡོད་མོད་ཀྱི་སོ་སོར་ཐར་བའི་སྡོམ་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ནི་སྲིད་པ་ལ་བརྟེན་པའི་ཕྱིར། ཞེས་དང༌། མཆིམས་མཆན་༣༥༧ལས། ཕྱི་རོལ་པ་རྣམས་ལ་སོ་ཐར་མེད་དམ་ཡོད་ཅེ་ན། དེ་དག་ལ་ཡང་མི་དགེ་བ་སྡོམ་པ་ཙམ་ཡོད་མོད་ཀྱི་སོ་སོ་ཐར་བའི་སྡོམ་པ་ནི་མེད་དེ། དེ་དག་ནི་ལོག་ལྟ་ལ་སོགས་པའི་ཉམས་པའི་ཕྱིར་དང༌། སྲེད་པའི་ཁྱད་པར་ཁོ་ན་ལ་ཐར་བར་འདུ་ཤེས་པས་སྲིད་པ་ལ་བརྟེན་པའི་ཕྱིར་གཏན་དུ་སྡིག་པ་ལས་སོ་སོ་ཐར་བར་བྱེད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། ཚུལ་ཁྲིམས་དེ་ངེས་འབྱུང་གི་བསམ་པས་མ་ཟིན་ན་འཇིགས་སྐྱོབ་དང་ལེགས་སྨོན་གྱི་ཚུལ་ཁྲིམས་གང་རུང་དུ་འགྱུར་བའི་ཕྱིར་ཏེ། མཛོད་རང་འགྲེལ་ལས། འཇིགས་པའི་ཚུལ་ཁྲིམས་ནི། འཚོ་བ་མེད་པ་དང༌། ཚིགས་སུ་བཅད་པ་མེད་པ་དང་ཆད་པ་དང་ངན་འགྲོས་འཇིགས་ནས་སྲུང་བ་གང་ཡིན་པའོ། །ལེགས་སུ་སྨོན་པའི་ཚུལ་ཁྲིམས་ནི་སྲིད་པ་དང་ལོངས་སྤྱོད་དང་བཀུར་སྟི་ལ་ཆགས་ནས་སྲུང་བ་གང་ཡིན་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །སོ་ཐར་གྱི་སྡོམ་པ་སྐད་ཅིག་གཉིས་པ་ཕན་ཆད་སོ་སོ་ཐར་བ་མ་ཡིན་ཏེ། མཆིམས་མཛོད་༣༥༧ལས། ཡང་སོ་སོ་ཐར་བའི་སྡོམ་པ་ཐོབ་པའི་སྐད་ཅིག་མ་དང་པོའི་རྣམ་པར་རིག་བྱེད་མིན་པ་ནི་སོ་སོ་ཐར་བ་དང་སྡོམ་པ་དང་བྱ་བའི་ལས་ཀྱི་ལམ་ཞེས་ཀྱང་བྱ་སྟེ། སྡིག་པ་ལས་ཐར་བའི་ཕྱིར་དང༌། ལུས་ངག་སྡོམ་པའི་ཕྱིར་དང༌། ལས་འབྱུང་བའི་སྒོའི་ཕྱིར་རོ། །སྐད་ཅིག་མ་གཉིས་པ་ཕན་ཆད་ནི་སོ་སོ་ཐར་བའི་སྡོམ་པ་ཁོ་ན་ཡིན་གྱི་སོ་སོ་ཐར་བ་ནི་མ་ཡིན་ཏེ། སོ་སོ་ཐར་བའི་དོན་ནི། པྲ་ཏི་མོ་ཀྵ་ཞེས་བྱ་བ་དང་པོ་ཐར་བ་ཡིན་ན་ཐར་ཟིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཚོ་ཊཱིཀ་༢༠ལས། སྡོམ་པ་ཐོབ་ནས་སྐད་ཅིག་གཉིས་པ་ཚུན་ཆད་ཀྱི་སྡོམ་པ་དེ་སོ་སོ་ཐར་བ་ཡིན་ན་ནི། མཛོད་འགྲེལ་ལས། སྡོམ་པ་ཡང་དག་པར་བླངས་བའི་རྣམ་པར་རིག་བྱེད་མ་ཡིན་པ་སྐད་ཅིག་དང་པོ་དག་ནི་སོ་སོ་ཐར་བ་ཞེས་ཀྱང་བྱ། སོ་སོ་ཐར་བའི་སྡོམ་པ་ཞེས་ཀྱང་བྱ་སྟེ། སྐད་ཅིག་མ་གཉིས་པ་སོགས་པ་ནི། སོ་སོ་ཐར་བའི་སྡོམ་པ་ཁོ་ན་ཡིན་གྱི་སོ་སོ་ཐར་བ་ནི་མ་ཡིན་ནོ་ཞེས་པ་དང་འགལ་ལོ་ཞེ་ན། སོ་སོ་རང་ཉིད་ཐར་བར་འགྱུར་བའི་སྒྲ་བཤད་ཅན་གྱི་སོ་སོ་ཐར་བ་ཡིན་ཡང༌། དང་པོ་ཐར་བའི་སྒྲ་བཤད་ཅན་གྱི་སོ་སོ་ཐར་བ་ནི་མ་ཡིན་ནོ། ཞེས་པ་སྟེ། ཞེས་གསུངས་པའི་ཕྱིར་རོ། །ཡང་འཕགས་པ་ཡིན་ན་ཟག་མེད་ཀྱི་སྡོམ་པ་དང་ལྡན་པས་ཁྱབ་བར་ཐལ། རྩ་བར། ཟག་མེད་འཕགས་པའི་སེམས་ཅན་རྣམས། །ཞེས་དང༌། མཆིམས་མཛོད་༣༥༨ལས། ཟག་མེད་ཀྱི་སྡོམ་པ་དང་ནི་འཕགས་པའི་སེམས་ཅན་༼སློབ་མི་སློབ༽རྣམས་དང་ལྡན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན།གཟུགས་མེད་ཀྱི་དགྲ་བཅོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ལ་ལྡན་པའི་ཟག་མེད་ཀྱི་སྡོམ་པ་རྒྱུད་ལ་ཡོད་པའི་གང་ཟག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རང་རྒྱུད་ན་གཟུགས་མེད་པས་ཟག་མེད་ཀྱི་སྡོམ་པ་མེད། སྔར་ཞུགས་པའི་རྒྱུད་ཀྱི་དེ་བཏང་ཟིན་པའི་ཕྱིར་ཟེར་བ་དང༌། འགོག་སྙོམས་པའི་རྒྱུད་ལ་ལྡན་པའི་ཟག་མེད་ཀྱི་སྡོམ་པ་དེ་རྒྱུད་ལ་ཡོད་པ་ནི། རྩ་བར། ཐ་མ་གཉིས་ནི་སེམས་རྗེས་འབྲང༌། །ཞེས་པ་ལྟར་རང་རྒྱུད་ན་སེམས་མེད་པས་ཟག་མེད་ཀྱི་སྡོམ་པ་མེད་གཞན་རྒྱུད་ལ་ཡང་མེད་དེས་ན་དེ་རྒྱུད་ལ་ཡོད་པ་སུ་འཇོག་དཔྱད། ཡང་ཉེར་བསྡོགས་ལ་བརྟེན་པའི་བར་ཆད་མེད་ལམ་གྱི་ཚོགས་པ་ན་སྤོང་སྡོམ་ཡོད་པས་ཁྱབ་པར་ཐལ། རྩ་བར། བར་ཆད་མེད་ལམ་དེ་གཉིས་ནི། །མི་ལྕོགས་མེད་ལ་སྤོང་ཞེས་བྱ། །ཞེས་དང༌། འགྲེལ་བ་མངོན་པའི་རྒྱན་༣༥༨ལས།སྤོང་བའི་སྡོམ་པ་ཞེས་བཤད་པ་གང་ཞེ་ན། བར་ཆད་མེད་པའི་ལམ་དགུ་དག་ཏུ་སྐྱེས་པའི་བསམ་གཏན་དང༌། ཟག་མེད་ཀྱི་སྡོམ་པ་དེ་གཉིས་ནི་སྤོང་བའི་སྡོམ་པ་ཞེས་བྱའོ། །བར་ཆད་མེད་པའི་ལམ་ཐམས་ཅད་དམ་ཞེ་ན། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་ལ་ཡིན་ཏེ། འཆལ་བའི་ཚུལ་ཁྲིམས་དང་དེའི་ཀུན་ནས་སློང་བའི་ཉོན་མོངས་རྣམས་སྤོང་པའི་ཕྱིར་རོ། །དེའི་ཕྱིར་བསམ་གཏན་གྱི་སྡོམ་པ་ཡིན་ལ་སྤོང་བའི་སྡོམ་པ་མ་ཡིན་པ་ནི།མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་མ་གཏོགས་པའི་ཟག་བཅས་ཀྱི་བསམ་གཏན་གྱི་སྡོམ་པའོ། །སྤོང་བའི་སྡོམ་པ་ཡིན་ལ་བསམ་གཏན་གྱི་སྡོམ་པ་མ་ཡིན་པ་ནི། ཉེར་བསྡོགས་ཀྱི་བར་ཆད་མེད་པའི་ལམ་གྱི་ཟག་མེད་ཀྱི་སྡོམ་པའོ། །གཉིས་ཀ་ཡིན་པ་ནི། ཉེར་བསྡོགས་མི་ལྕོགས་མེད་པའི་བར་ཆད་མེད་ལམ་གྱི་བསམ་གཏན་གྱི་སྡོམ་པའོ། །གཉིས་ཀ་མ་ཡིན་པ་ནི། དེ་ལས་མ་གཏོགས་པ་མི་ལྕོགས་མེད་པའི་ལམ་མ་གཏོགས་པའི་ཟག་མེད་ཀྱི་སྡོམ་པའོ། །ཞེས་བྱ་བའི་མུ་བཞི་དང༌། །དེ་བཞིན་དུ་ཟག་མེད་ཀྱི་སྡོམ་པ་ཡིན་ལ། སྤོང་བའི་སྡོམ་པ་མ་ཡིན་པ་ལ་སོགས་པའི་མུ་བཞི་ཡང་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར།འདོད་ན། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་སེམས་བརྟེན་བྱས་པའི་མཐོང་ལམ་བར་ཆད་མེད་ལམ་གྱི་ཚོགས་པ་ན་ཡོད་པའི་སྤོང་སྡོམ་ཆོས་ཅན། ཁྱོད་ཀྱི་ངོས་སྐལ་གྱི་སྤང་བྱའི་འཆལ་ཚུལ་དེ་མཐོང་སྤང་ཡིན་པར་ཐལ། ཁྱོད་ཀྱི་ངོས་སྐལ་གྱི་འཆལ་ཚུལ་ཡོད་པ་གང་ཞིག ཁྱོད་མཐོང་ལམ་ཡིན་པའི་ཕྱིར། རྟགས་དང་པོ་གོང་གི་ལུང་སོགས་ཀྱིས་གྲུབ། འདོད་མི་ནུས་ཏེ། ཁྱོད་ཀྱི་ངོས་སྐལ་གྱི་སྤང་བའི་འཆལ་ཚུལ་མི་དགེ་བའི་གཟུགས་ཡིན་པའི་ཕྱིར། དེར་ཐལ། གནས་བཞི་བའི་རྩ་བར། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཟག་བཅས་ཀྱི་གཟུགས་ལ་སྒོམ་སྤང་ཁོ་ནས་ཁྱབ་པའི་ཕྱིར་ཏེ། རྩ་བར། བཅུ་ནི་སྒོམ་པའི་སྤང་བྱ་ཉིད། །ཞེས་དང༌། གནས་གཉིས་པར། དགུ་ནི་སྒོམ་པས། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། བསམ་གཏན་གྱི་དངོས་གཞིའི་སེམས་རྟེན་བྱས་པ་ལ་སྤོང་སྡོམ་མེད་པར་ཐལ། མི་ལྕོགས་མེད་པ་ལ་སྦྱར་ནས་རྩ་འགྲེལ་དག་ལས་བཤད་པའི་ཕྱིར། འདོད་ན། བསམ་གཏན་གྱི་དངོས་གཞི་དེ་ལ་སྤོང་སྡོམ་མེད་པའི་རྒྱུ་མཚན་གང་ཡིན་དཔྱད། ཡང་སྡོམ་པ་ལ་གཟུགས་ཀྱིས་མ་ཁྱབ་པར་ཐལ། རྩ་བར། ཤེས་བཞིན་དག་ནི་དྲན་དག་གཉིས། །ཡིད་དང་དབང་པོའི་སྡོམ་པ་ཡིན། །ཞེས་དང༌། མཆིམས་མཛོད་༣༥༨ལས། ཡང་སོ་སོ་ཐར་བ་ལས་ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཞེས་པ་དང༌། ཚུལ་ཁྲིམས་ཀྱི་ཕུང་བོའི་མདོ་ལས། གང་ཡང་མིག་གི་དབང་པོའི་སྡོམ་པས་བསྡམས་ཏེ་གནས་སོ་ཞེས་གསུངས་པའི་ལུས་ངག་གི་སྡོམ་པ་མ་ཡིན་པ་ཡིད་དང་དབང་པོའི་སྡོམ་པ་དེ་དག་ཀྱང་རིག་བྱེད་མ་ཡིན་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ལྟུང་བ་དང་དེའི་གཉེན་པོ་ཤེས་པའི་ཤེས་བཞིན་དང༌། སྤོང་བའི་སེམས་པ་མི་བརྗེད་པའི་དྲན་པ་དང་གཉིས་ཀ་ནི་ཡིད་ཀྱི་སྡོམ་པ་དང་དེ་གཉིས་ཀ་དབང་པོའི་སྡོམ་པའང་ཡིན་ཏེ། དེ་གཉིས་ཀྱིས་ཡིད་ཀྱི་ཉེས་སྤྱོད་ཀྱང་སྤོང་ལ་དབང་པོ་ཡུལ་ལ་ལོངས་སྤྱོད་པ་དག་ཀྱང་སྤོང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྡོམ་པ་ལ་གཟུགས་ཀྱིས་ཁྱབ་པའི་ཕྱིར། དེར་ཐལ། སོ་ཐར་བསམ་གཏན་ཟག་མེད་ཀྱི་སྡོམ་པ་ལ་གཟུགས་ཀྱིས་ཁྱབ་པའི་ཕྱིར་ཏེ། མངོན་རྒྱན་༣༥༤ལས། སོ་ཐར་དང༌། བསམ་གཏན་དང༌།ཟག་མེད་ཀྱི་སྡོམ་པའི་ཐ་སྙད་བྱ་རུང༌། མཚན་ཉིད་རིམ་པ་ལྟར་འདོད་པའི་དགེ་བ་གཟུགས་ཅན་གང་གི་ངེས་པ་ལྔ་དང་བྲལ་བ་དང༌། སེམས་ཀྱི་རྗེས་འབྲང་གི་གཟུགས་ཟག་བཅས་དང༌། སེམས་ཀྱི་རྗེས་འབྲང་གི་གཟུགས་ཟག་མེད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ།། །། ༈ རིག་བྱེད་དང་རིག་བྱེད་མ་ཡིན་པའི་ལྡན་ཚུལ་གྱི་དོགས་གཅོད་ནི། སོ་ཐར་གྱི་སྡོམ་པ་ལྡན་ཚུལ་རྩ་བར། སོ་སོར་ཐར་གནས་ཇི་སྲིད་དུ། །མ་བཏང་བར་དག་ད་ལྟར་གྱི། །རྣམ་རིག་མིན་ལྡན་སྐད་ཅིག་མ། །དང་པོ་ཕྱིན་ཆད་འདས་པ་དང༌། །སྡོམ་མིན་གནས་པ་ཡང་དེ་དང་འདྲ། །ཞེས་སོ་ཐར་གྱི་སྡོམ་པ་འདས་པ་དང༌། ད་ལྟ་བའི་ལྡན་ཚུལ་ལས་མ་འོངས་པའི་ལྡན་ཚུལ་མ་གསུངས་པ་ལ་སོ་ཐར་གྱི་སྡོམ་པ་མ་འོངས་པའི་ཐོབ་པ་མེད་ན་སོ་ཐར་གྱི་སྡོམ་པ་མ་འོངས་པ་མེད་པར་འགྱུར་བ་ལ་དེ་མི་རིགས་ཏེ། མ་འོངས་པའི་དགེ་སློང་གི་རྒྱུད་ན་སོ་ཐར་གྱི་སྡོམ་པ་མ་འོངས་པ་ཡོད། བྱ་བ་བྱེད་འགྱུར་གྱི་སོ་ཐར་གྱི་སྡོམ་པ་ཡོད་པའི་ཕྱིར་ཟེར་བ་དང༌། གོང་དུ་བཀོད་པའི་རྩ་བར། དང་པོ་ཕྱིན་ཆད་འདས་པ་དང༌། །ཞེས་གསུངས་པ་ལ། སོ་ཐར་གྱི་སྡོམ་པ་འདས་པ་ཡོད་པ་མི་རིགས་ཏེ། སོ་ཐར་གྱི་སྡོམ་པ་འདོད་པའི་གཟུགས་གང་ཞིག དེ་ལ་སྔར་སྐྱེས་མེད་པའི་ཕྱིར། རྟགས་དང་པོ་སྔར་བསྒྲུབས་ཟིན། ཕྱི་མ་གྲུབ་སྟེ། རྩ་བར། འདོད་པ་ན། གཟུགས་ཀྱི་སྔར་ནི་སྐྱེ་བ་མེད། །ཅེས་གསུངས་པའི་ཕྱིར་ཟེར་བ་དང༌། སོ་ཐར་གྱི་སྡོམ་པ་འདས་པ་འཇོག་ཚུལ་མེད་པར་ཐལ། སོ་ཐར་གྱི་སྡོམ་པ་ཐོབ་པའི་སྐད་ཅིག་གཉིས་པ་བའི་རྒྱུད་ལ་ལྡན་པའི་སོ་ཐར་གྱི་སྡོམ་པ་འདས་པ་དེ་སོ་ཐར་གྱི་སྡོམ་པ་སྐད་ཅིག་དང་པོའི་སྡོམ་པ་མི་རིགས་པ་གང་ཞིག དེ་ལས་གཞན་འཇོག་རྒྱུ་མེད་པའི་ཕྱིར་ཟེར་བ་དང༌། ཡང་སོ་ཐར་གྱི་སྡོམ་པ་མ་འོངས་པའི་ཐོབ་པ་མེད་པར་ཐལ། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ལ་མ་འོངས་པའི་ཐོབ་པ་ཡོད་པར་གསུངས་ཀྱང་སོ་ཐར་གྱི་སྡོམ་པ་ལ་དེ་ཡོད་པར་མ་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མ་འོངས་པའི་སོ་ཐར་གྱི་སྡོམ་པ་ཐམས་ཅད་དང་པོ་མཁན་སློབ་ཀྱི་མདུན་ནས་ཐོབ་པ་ཡིན་པའི་ཕྱིར་ཟེར་བ་སོགས་མདོར་ན་སོ་ཐར་གྱི་སྡོམ་པ་འདས་མ་འོངས་ད་ལྟ་བ་གསུམ་དང་པོ་མཁན་སློབ་གྱི་མདུན་ནས་སྡོམ་པ་གསར་དུ་བླང་དུས་སུ་ཐོབ་པ་ཡིན་ཞེས་ཟེར་ན་དཔྱད། བསམ་གཏན་གྱི་སྡོམ་པ་ལྡན་ན་ད་ལྟ་བ་ལྡན་པས་མ་ཁྱབ་ཀྱང་འདས་པ་དང་མ་འོངས་པ་ལྡན་པས་ཁྱབ་ལ་ཟག་མེད་ཀྱི་སྡོམ་པ་སྐད་ཅིག་མ་དང་པོ་ལ་འདས་པ་དང་མི་ལྡན་པར་སྐད་ཅིག་མ་དང་པོ་ཕན་ཆད་མ་བཏང་བར་དུ་ད་ལྟ་བ་དང་འདས་པ་དང་ཡང་ལྡན་པ་ཡིན་ཏེ། རྩ་བར། བསམ་གཏན་སྡོམ་དང་ལྡན་པ་ནི། །རྟག་ཏུ་འདས་དང་མ་འོངས་དང༌། །འཕགས་ནི་དང་པོ་འདས་ལྡན་མིན། །ཞེས་དང༌། རང་འགྲེལ་༣༤༩ལས། དེས་ནི་སྐད་ཅིག་དང་པོ་ལ་ཡང་ཚེ་རབས་གཞན་དག་ཏུ་བཏང་བའི་བསམ་གཏན་གྱི་སྡོམ་པ་འདས་པ་ཐོབ་བོ། །ཞེས་དང༌། སྐད་ཅིག་མ་དང་པོ་ལ་འདས་པ་དང་མི་ལྡན་ནོ། །ཞེས་དང༌། ཕྱིན་ཆད་དུས་ནི་གཉིས་དང་ངོ། །སྐད་ཅིག་མ་དང་པོ་ཕྱིན་ཆད་ནི་འདས་པ་དང་ཡང་ལྡན། ད་ལྟར་གྱི་དང་ཡང་ལྡན་ཏེ། མ་བཏང་གི་བར་དུ་ཞེས་བྱ་བར་སྦྱར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། མ་བཏང་བར་དུ་ཟག་མེད་ཀྱི་སྡོམ་པ་ད་ལྟ་བ་ལྡན་པར་མི་རིགས་ཏེ། རང་འགྲེལ་༣༤༩ལས། འཕགས་པའི་ལམ་ལ་སྙོམས་པར་ཞུགས་པ་དེ་དག་ནི་གོ་རིམ་བཞིན་དུ་ད་ལྟར་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་གྱི་ལངས་པ་དག་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌།སྐད་ཅིག་དང་པོ་ཕན་ཆད་ལ་ལྡན་པའི་འཕགས་ལམ་འདས་པ་ཡོད་ན་དེ་སྡུག་བསྔལ་ཆོས་བཟོད་འཇོག་གམ་དེ་ལས་གཞན་ཞིག་འཇོག་གམ་ཅི། དང་པོ་ལྟར་ན་སྡུག་བསྔལ་ཆོས་བཟོད་པ་ལ་ལྡན་པར་ཐལ། འདོད་པའི་ཕྱིར། འདོད་ན་འཕགས་པ་སྐད་ཅིག་དང་པོ་ལ་འཕགས་ལམ་འདས་པ་དང་ལྡན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྩ་བ་དང་འགལ་བར་འགྱུར་ལ། གཉིས་པ་ལྟར་ན་མི་འཐད་པར་ཐལ། སྡུག་བསྔལ་ཆོས་ཤེས་པ་ལ་ལྡན་པའི་འཕགས་ལམ་འདས་པ་དེ་མཐོང་ལམ་སྡུག་བསྔལ་ཆོས་ཤེས་འདས་པ་ཡིན་ན་སྐད་ཅིག་དང་པོ་ལ་ཡང་སྡུག་བསྔལ་ཆོས་བཟོད་འདས་པ་ལྡན་པར་འགྱུར་པའི་ཕྱིར་ཏེ། གཅིག་ལ་ལྡན་ལ་གཅིག་ཤོས་ལ་མི་ལྡན་པའི་རྒྱུ་མཚན་དཀའ་བའི་ཕྱིར་ཟེར་བ་དང༌། སྡུག་བསྔལ་ཆོས་བཟོད་ལ་ཆ་དྲུག་ཅུ་རྩ་ལྔ་ཕྱེ་བའི་ཆ་གཉིས་པའི་དུས་སུ་འདས་པ་དང་ལྡན་ན། རྩ་བར།འཕགས་ནི་དང་པོ་འདས་ལྡན་མིན། །ཞེས་གསུངས་པ་དང་འགལ་བའི་ཕྱིར་ཟེར་ན་དཔྱད།བསམ་གཏན་གྱི་སྡོམ་པ་གསར་ཐོབ་མེད་པར་ཐལ། བསམ་གཏན་གྱི་སྡོམ་པ་སྔར་ཐོབ་མ་མྱོང་བའི་གང་ཟག་མེད་པའི་ཕྱིར། ཁྱབ་སྟེ། དཔེར་ན་འགོག་སྙོམས་སྔར་ཐོབ་ཟིན་ཉམས་པ་དང་པོའམ་གསར་ཐོབ་མ་ཡིན་པའི་ཕྱིར་ཏེ། རྟགས་གྲུབ་སྟེ། རྩ་བར། འགོག་པ་དང་པོ་མིའི་ནང་དུ། །ཞེས་གསུངས་པའི་ཕྱིར་ཟེར་བ་རྣམས་ལ་ལན་བཏབ་ཚུལ་ལ་དཔྱད། ཡང་སྡུག་བསྔལ་ཆོས་བཟོད་པ་དེ་ལ་ཟག་མེད་འདས་པ་མི་ལྡན་པ་མ་ཟད་མ་འོངས་པ་དང་མི་ལྡན་ཟེར་བ་ལ། འོ་ན་བསམ་གཏན་བཞི་བའི་དངོས་གཞི་ལ་བརྟེན་པའི་དེ་འདྲའི་འཕགས་པ་ཟག་མེད་སྐད་ཅིག་དང་པོ་ལ་གནས་པ་ཆོས་ཅན། ཁྱོད་ཀྱིས་བསམ་གཏན་གསུམ་པ་མན་ཆད་ལ་བརྟེན་པའི་སྡུག་བསྔལ་ཆོས་བཟོད་མ་འོངས་པ་མ་འཐོབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། གནས་བདུན་པ་ལས། མཐོང་བའི་ལམ་ལ་བཟོད་པ་དང༌། །ཤེས་པ་ཇི་ལྟར་སྐྱེས་པ་རྣམས། །མ་འོངས་པ་ཐོབ་དེ་ཉིད་ལ། །རྗེས་གསུམ་ལ་ནི་ཀུན་རྫོབ་ཀྱང༌། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་ལ་ལྡན་པའི་མ་འོངས་པ་རྒྱུད་ལ་ཡོད་པའི་གང་ཟག་སུ་འཇོག་དཔྱད། ཡང་མཐོང་ལམ་ཟག་མེད་སྐད་ཅིག་དང་པོ་མ་གཏོགས་དེ་ལས་གཞན་པའི་སྐབས་ཐམས་ཅད་དུ་ཟག་མེད་ཀྱི་སྡོམ་པ་ད་ལྟ་བ་དང་ལྡན་ན་དེ་འདས་པ་དང་ལྡན་པས་ཁྱབ་པར་ཐལ། རྩ་བར། འཕགས་ནི་དང་པོ་འདས་ལྡན་མིན། །ཞེས་མཐོང་ལམ་ཟག་མེད་སྐད་ཅིག་དང་པོ་དམིགས་ཀྱིས་བསལ་བའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དགྲ་བཅོམ་པའི་འབྲས་བུ་ལས་ཉམས་ཏེ་སློབ་པའི་ཟག་མེད་མངོན་དུ་བྱེད་པ་དང༌། འབྲས་བུ་བཞི་གང་རུང་གསར་དུ་ཐོབ་པའི་གང་ཟག་རྣམས་ལ་ཟག་མེད་ད་ལྟ་བ་དང་ལྡན་ཡང་ཟག་མེད་འདས་པ་དང་མི་ལྡན་པའི་ཕྱིར། དེར་ཐལ། སྔར་གྱི་འདས་པ་བཏང་ཟིན་པའི་ཕྱིར། དེར་ཐལ། རིམ་བཞིན་འབྲས་བུ་ལས་ཉམས་མ་ཐག་པ་དང་འབྲས་བུ་གསར་དུ་ཐོབ་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་བར། འཕགས་པ། འབྲས་བུ་ཐོབ་སྦྱང་ཉམས་པ་ལས། །ཞེས་གསུངས་པའི་ཕྱིར་ཟེར་ན་འདོད་དགོས་པར་སྣང་ངོ༌། །ཡང་མི་དགེ་བའི་རྣམ་རིག་མིན་པ་དང་ལྡན་ན་ཉོན་མོངས་པ་ཤུགས་དྲག་པོ་དགོས་ཏེ། རྩ་བར། རྣམ་རིག་མིན་ལྡན་ཇི་སྲིད་དུ། །རབ་དང་ཉོན་མོངས་ཤུགས་ལྡན་པར། །ཞེས་དང༌། མཆིམས་མཛོད་༣༦༠ལས། སྡོམ་མིན་ལ་གནས་པ་ཤན་པ་ལ་སོགས་པའང་དགེ་བའི་རྣམ་པར་རིག་བྱེད་མིན་པ་དང་ལྡན་ཏེ།ཇི་སྲིད་དུ་རབ་ཏུ་དང་བའི་ཤུགས་དང་ལྡན་པས་མཆོད་རྟེན་ལ་ཕྱག་འཚལ་བ་ལ་སོགས་པ་བྱེད་པའི་བར་དེ་སྲིད་དུ་བར་མ་དགེ་བའི་རིག་བྱེད་མ་ཡིན་པ་འབྱུང་བའི་ཕྱིར་རོ། །ཞེས་དང༌། མཛོད་འགྲེལ་ཟླ་ཟེར་ལས། ས་ཇི༷་སྲིད༷་དུ༷་ལྡན་ཞེ་ན་དང་པོ་ནི་རབ༷་ཏུ་དང༷་བ་ཤུགས་དྲག་པོ་མ་བཏང་གི་བར་དུ་ལྡན། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྲོག་གཅོད་པའི་རིག་བྱེད་དང་རིག་བྱེད་མིན་པའི་ཀུན་སློང་ལ་ཉོན་མོངས་ཤུགས་དྲག་པས་ཁྱབ་པ་མེད་པ་གང་ཞིག སྡོམ་མིན་བླང་བའི་གང་ཟག་གཉིད་ལོག་པ་སོགས་ཡོད་པའི་ཕྱིར་ཟེར་ན། དེ་ལ་སྐྱོན་མེད་པར་ཐལ། སྤྱིར་བཏང་དམིགས་བསལ་གྱི་ཁྱད་པར་ཡོད་པའི་ཕྱིར་ཏེ། མཆིམས་མཛོད་༣༦༠ལས། དེས་ན་འདིར་རིག་བྱེད་དང་ལྡན་ལ་རིག་བྱེད་མ་ཡིན་པ་དང་མི་ལྡན་པའང་ཡོད་ཅེས་པ་མུ་བཞི་སྟེ། སྡོམ་པ་སྡོམ་མིན་གཉིས་ཀ་མ་ཡིན་པའི་བར་མ་དེར་གནས་པ་ཞིག་ཀུན་སློང་དགེ་མི་དགེའི་སེམས་ཞན་པ་སྟེ་དྲག་པོ་མ་ཡིན་པའི་སེམས་ཀྱིས་དགེ་མི་དགེའི་ལུས་ངག་གི་རིག་བྱེད་དག་བྱེད་ན་ནི་རྣམ་པར་རིག་བྱེད་ཉིད་དང་ལྡན་ལ་རིག་བྱེད་མ་ཡིན་པ་དང་ནི་མི་ལྡན་ནོ་འདིར་དགེ་མི་དགེའི་སེམས་ཞན་པ་ཞེས་སྨོས་པ་ནི་སེམས་དྲག་པོས་བྱེད་ན་ནི་རིག་བྱེད་དང་རིག་བྱེད་མ་ཡིན་པ་དང་ལྡན་ནོ་ཞེས་པ་དང༌། དགེ་མི་དགེའི་སེམས་ཞན་པས་ཀྱང་རིག་བྱེད་མ་ཡིན་པ་བསྐྱེད་མི་ནུས་ན་ལུང་མ་བསྟན་གྱི་བྱེད་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པའི་ཕྱིར་རོ། །འདིར་ཡང་སྤྱིར་བཏང་བ་སྟེ། དམིགས་ཀྱིས་བསལ་ན་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་དང༌། སྲོག་གཅོད་པ་ལ་སོགས་པ་ལས་ཀྱི་ལམ་རྣམས་ནི་སེམས་ཞན་པ་དང་ལུང་མ་བསྟན་གྱིས་བྱེད་ཀྱང་རིག་བྱེད་མིན་པ་དང་ལྡན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན། འོ་ན་སྤྱིར་བཏང་དམིགས་བསལ་མང་ཉུང་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཟེར་ན་དཔྱད། ཡང་སྔར་རིག་མིན་དང་མི་ལྡན་པ་བར་མ་དོར་གནས་པས་ཀུན་སློང་གི་སེམས་གཞན་པས་ལུས་ངག་གི་བྱ་བ་ལ་ཞུགས་པ་ན་རྣམ་པ་རིག་བྱེད་ཁོ་ན་དང་ལྡན་པས་ཁྱབ་པར་ཐལ། རྩ་བར། བར་མ་དོར་གནས་སེམས་ཞན་པས། །བྱེད་ན་རྣམ་རིག་ཉིད་དང་ལྡན། །ཞེས་རྣམ་བཅད་སྦྱར་ནས་གསུངས་པའི་ཕྱིར། འདོད་ན། དེ་ལ་རྫས་ལས་བྱུང་བའི་བསོད་ནམས་ཀྱི་རིག་མིན་སོགས་ལྡན་པ་ཡིན་མིན་དཔྱད་པར་བྱའོ། །

སྡོམ་པ་དང་སྡོམ་མིན་བར་མའི་ཐོབ་གཏོང་གི་སྐབས་ཀྱི་དོགས་གཅོད།

སྡོམ་པ་དང་སྡོམ་མིན་བར་མའི་ཐོབ་གཏོང་གི་སྐབས་ཀྱི་དོགས་གཅོད་ནི།

ཡང་བསྙེན་རྫོགས་ཀྱི་སྡོམ་པ་ཡིན་ན་རྣམ་པར་རིག་བྱེད་ལས་སྐྱེས་པས་ཁྱབ་པར་ཐལ། རྩ་བར། སོ་སོ་ཐར་ཅེས་པ། གཞན་གྱི་རྣམ་རིག་བྱེད་སོགས་ཀྱིས། །ཞེས་དང༌། མཆིམས་མཛོད་༣༦༢ལས། སོ་སོ་ཐར་པ་ཞེས་བྱ་བའི་སྡོམ་པ་ནི་གཞན་གྱི་གསོལ་བ་དང་བརྗོད་པ་ལ་སོགས་པའི་རྣམ་པར་རིག་བྱེད་སོགས་ཀྱིས་བསྡུས་པ་རང་གི་རིག་བྱེད་ཀྱིས་ཀྱང་འཐོབ་བོ། །དེ་ལ་སོགས་པའི་སྒྲས་ནི་རང་གི་སེམས་པ་དང་ལུས་ངག་གི་རིག་བྱེད་གཟུང་ངོ༌། །ཞེས་གསུངས་པའི་ཕྱིར། འདོད་ན། རང་བྱུང་གི་བསྙེན་རྫོགས་དང་སྟོན་པར་ཁས་བླངས་པས་བསྙེན་པར་རྫོགས་པ་སོགས་ཀྱིས་མ་ངེས་པའི་ཕྱིར་ཟེར་ན་ཡང༌། དེ་དག་གི་རྒྱུར་གྱུར་བའི་རིག་བྱེད་ཡོད་པའི་ཕྱིར་ཟེར་ན་སྐབས་ཐོབ་དེ་ཙམ་ཡིན་མིན་དཔྱད། སྡོམ་པའི་མཐའ་ལ་ཇི་སྲིད་འཚོའི་མཐའ་ཅན་དང་ཉིན་ཞག་མཐའ་ཅན་གཉིས་སུ་ངེས་པར་ཐལ། རྩ་བར། ཇི་སྲིད་འཚོ་དང་ཉིན་ཞག་ཏུ། །སྡོམ་པ་ཡང་དག་བླང་བར་བྱ། །ཞེས་དང༌། མཆིམས་མཛོད་༣༦༣ལས། དུས་ཇི་སྲིད་དུ་བླང་བར་བྱ་ཞེ་ན། དུས་ཀྱི་མཐའ་ནི་སྲོག་གི་མཐའ་དང་ཉིན་ཞག་གི་མཐའ་གཉིས་ལས་དགེ་བསྙེན་ལ་སོགས་པ་བདུན་ནི་སྲོག་གི་མཐའ་ཇི་སྲིད་འཚོ་བ་མ་ཤིའི་བར་དུ་དང༌། བསྙེན་གནས་པས་ནི་ཉིན་ཞག་གཅིག་ཏུ་སྡོམ་པ་ཡང་དག་པར་བླང་བར་བྱ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། བསྙེན་གནས་ལས་གཞན་དགེ་བསྙེན་སོགས་བདུན་ལ་ཇི་སྲིད་འཚོའི་མཐའ་ཅན་ཡིན་དགོས་པར་ཐལ། འདོད་པའི་ཕྱིར།འདོད་མི་ནུས་ཏེ། དེ་དག་ལ་ཡང་བྱང་ཆུབ་མཐའ་ཅན་ཡོད་པ་གང་ཞིག འཚོའི་མཐའ་ཅན་མ་ཡིན་པའི་ལོ་གཅིག་སོགས་ཀྱི་མཐའ་ཅན་ཡོད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། མངོན་རྟོགས་རྒྱན་ལས། རྟག་ཏུ་ཚངས་པར་སྤྱོད་ཉིད་དང༌། །ཞེས་དང༌། རྟོག་གེ་འབར་བ་ལས།འཇིག་རྟེན་དབང་ཕྱུག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ནི་ཁྱིམ་པ་མ་ཡིན་ཏེ། ཆགས་པ་ཐམས་ཅད་ཡོངས་སུ་སྤངས་བ་དང༌། སོ་སོར་ཐར་བའི་སྡོམ་པ་ཡང་དག་པར་བླངས་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པས་བྱང་ཆུབ་ཀྱི་སྡོམ་པ་ལ་གནས་ཀྱི་བར་དུ་བསྡམས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། མ་ཤིའི་གོང་དུ་བསླབ་པ་ཕུལ་བ་སོགས་ཡོད་པའི་ཕྱིར་ཟེར་བ་དང༌། གཞན་ཡང་བསྙེན་གནས་ཀྱི་སྡོམ་པ་ལ་ཉིན་ཞག་མཐའ་ཅན་གྱིས་ཁྱབ་པར་ཐལ། སོ་ཐར་རིགས་བརྒྱད་ཀྱི་སྡོམ་པ་ལ་མཐའ་གཉིས་སུ་ངེས་པའི་རྒྱུ་མཚན་འཐད་པའི་ཕྱིར། འདོད་མི་ནུས་ཏེ། བསྙེན་གནས་ཀྱི་སྡོམ་པ་ལ་ཚེ་གང་ལ་ལེན་པ་ཡོད་པ་གང་ཞིག ཚེས་བརྒྱད་སོགས་ཡོད་དོ་ཅོག་ལ་རྟག་ཏུ་ཆོ་ག་གཅིག་གིས་ལེན་པ་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། རང་འགྲེལ༣༥༥ལས། ཡན་ལག་བརྒྱད་ཚང་བར་མནོད་པར་བྱ་བའི་ཡན་ལག་མ་ཚང་བ་ནི་མ་ཡིན་ནོ། །ནང་པར་ནི་རེ་ཞིག་ཉི་མ་ཤར་བའི་ཚེ་སྟེ། ཉིན་ཞག་པའི་སྡོམ་པ་ཡིན་པའི་ཕྱིར་རོ། །གང་གི་ཚེ་ཚེས་བརྒྱད་ལ་རྟག་ཏུ་བསྙེན་གནས་ལ་གནས་པར་བྱའོ། །ཞེས་སྔོན་ཡང་དག་པར་བླང་བར་བྱས་པ་དེ་ནི་ཟན་ཟོས་ནས་ཀྱང་མནོད་པར་བྱའོ། །ཞེས་དང༌། མཆིམས་མཛོད་༣༦༥ལས། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ནི་ཡུལ་མེད་ན་རང་གིས་ལེན་པའང་བཤད་༼ཅིང་ཚེ་གང་གི་བསྙེན་གནས་གཅིག་ཏུ་ལེན་པའང་བཤད་༽དོ། །ཞེས་གསུངས་པའི་ཕྱིར། འདོད་ཟེར་ན། དེ་ཡང་མི་རིགས་པར་ཐལ། བསྙེན་གནས་ཀྱི་སྡོམ་པ་ཉིན་ཞག་མཐའ་ཅན་དུ་ངེས་པའི་ཕྱིར་ཏེ། གཏོང་རྒྱུའི་སྐབས་སུ་རྩ་བར། མཚན་ལས་འདས། ཞེས་དང༌། མཆིམས་མཛོད་༣༦༣ལས། མདོ་ལས་ཉིན་ཞག་གཅིག་པ་ཁོ་ནར་བསྟན་པས་ཉིན་ཞག་གི་འོག་ཏུ་སྐྱེ་བ་ལ་གེགས་བྱེད་པ་ཡོད་པར་ཤེས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་ཉིན་སྔ་མའི་བསྙེན་གནས་ཀྱི་སྡོམ་པ་གཏོང་བ་དང་ཉིན་དེའི་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བ་དུས་མཉམ་ཡིན་ན་དེ་དུས་སུ་སྤྱིར་བསྙེན་གནས་ཀྱི་སྡོམ་པ་ཐོབ་པ་དང་གཏོང་བ་གཉིས་ཀ་ཡིན་ནམ་གང་རུང་ཡིན་ནམ་ཅི་ཞེས་ཟེར་བ་དང༌།དཔེར་ན་ཚེས་བརྒྱད་ཡོད་དོ་ཅོག་ལེན་དུས་སུ་ཚེས་བརྒྱད་ཡོད་དོ་ཅོག་གི་བསྙེན་གནས་ཀྱི་སྡོམ་པ་དེ་དུས་ཐོབ་མ་ཐོབ་གང་ཡིན་སོགས་ལ་དཔྱད་པར་བྱའོ། །ཡང་སྡོམ་མིན་ལ་ཉིན་ཞག་མཐའ་ཅན་མེད་པར་ཐལ། རྩ་བར། ཉིན་ཞག་པ་ཡི་སྡོམ་མིན་མེད། །དེ་དེ་ལྟར་ནོད་མེད་ཅེས་གྲགས། །ཞེས་དང༌། མཆིམས་མཛོད་༣༦༤ལས། ཉིན་ཞག་པའི་སྡོམ་པ་མིན་པ་ནི་མེད་དེ། ཅིའི་ཕྱིར་ཞེ་ན། བདག་ནི་ཉིན་ཞག་གཅིག་ཏུ་སྡོམ་མིན་དང་ལྡན་པར་གྱུར་ཅིག་ཅེས་དེ་ལྟར་ནོད་པ་མེད་པའི་ཕྱིར་རོ་ཞེས་གྲག་གོ །དེའི་ཕྱིར་སྡོམ་མིན་ནི་ཇི་སྲིད་འཚོ་བ་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་མོད་ཀྱི། ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ལ་གྲུབ་མཐའ་གོང་མའི་གཞལ་ན་མཆིམས་མཛོད་༣༦༤ལས། སྡོམ་མིན་ནི་ཇི་སྲིད་འཚོ་བ་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་མོད་ཀྱི་དེ་ལྟར་ལེན་པ་མེད་པས་མེད་པར་འགྱུར་ན་ནི་ཇི་སྲིད་འཚོ་བའི་སྡོམ་མིན་ཡང་མེད་པར་འགྱུར་ཏེ། ལས་སྨད་པ་ཡིན་པས་ལེན་པ་མེད་པའི་ཕྱིར་རོ། །གལ་ཏེ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པས་འཚོ་བར་བྱའོ་སྙམ་དུ་སེམས་པ་ཉིད་ལེན་པར་འདོད་ན་ཉིན་ཞག་པའང་ཡོད་པའི་ཕྱིར་རོ། །གྲོ་བཞིན་སྐྱེས་ཀྱི་རྟོགས་པ་བརྗོད་པ་ལས་ཉིན་ཞག་པའི་སྡོམ་པ་དང་སྡོམ་མིན་ཡང་གསུངས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་བརྗོད་ན་བྱེ་བྲག་སྨྲ་བའི་ལན་གང་གསུངས་རྒྱུ་ཡིན་དཔྱད། བྱ་གག་གསོད་པ་དང༌།ཕག་གསོད་པ་སོགས་རེ་རེ་ནས་སྡོམ་མིན་ལ་གནས་པ་ཡིན་པར་ཐལ། མཆིམས་མཛོད་༣༧༢ལས། དེ་ལ་སྡོམ་མིན་ནི་འགྲེལ་བ་༣༦༧ལས། ཤན་པ་དང༌། བྱ་གག་གསོད་དང༌། ཕག་གསོད་པ་དང༌། བྱ་བ་དང༌། ཉ་བ་དང༌། རི་དྭགས་འཆོར་བ་དང༌། ཆོམ་རྐུན་པ་དང༌།གཤེད་མ་དང༌། བཙོན་རྫི་དང༌། ཞེས་སོགས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེ་དག་སྡོམ་པ་དང་སྡོམ་མིན་ལས་གཞན་པའི་བར་མ་ཡིན་པའི་ཕྱིར། དེར་ཐལ། གནོད་པའི་གཞི་ཕྱོགས་རེ་ལ་འཇུག་པ་ཡིན་པའི་བར་མ་ཡིན་པའི་ཕྱིར། རྟགས་སླ། ཁྱབ་སྟེ། མཆིམས་མཛོད་༣༥༣ལས། གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་ཞིང་འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུན་སྡོམ་ཞིང་འགོག་པས་ན་སྡོམ་པ་དང༌། གནོད་པ་གཞི་དང་བཅས་པ་ལ་རྒྱུན་དུ་ཞུགས་པ་ནི་སྡོམ་མིན་དང༌། གནོད་པའམ་གནོད་པའི་གཞི་དག་ཕྱོགས་རེ་སྤོང་བའམ་ཕྱོགས་རེ་ལ་འཇུག་ན་སྡོམ་པ་དང་སྡོམ་མིན་གཉིས་ལས་གཞན་པའི་བར་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། ཡང་རྒྱལ་པོ་དང་བློན་པོ་སོགས་ཆོས་ཅན། སྡོམ་མིན་ལ་གནས་པ་ཡིན་པར་ཐལ། རང་འགྲེལ་༣༦༧ལས། རྒྱལ་པོ་དང་བློན་པོ་དང་ཤགས་ཟིན་པོ་རྣམས་ཀྱང་དོན་གྱི་ན་སྡོམ་པ་མ་ཡིན་པ་ཅན་ཡིན་ནོ། །ཞེས་དང༌། མཆིམས་མཛོད་༣༧༢ལས། ཊཱིཀ་བྱེད་དག་རྒྱལ་པོ་དང་བློན་པོ་རྣམས་ཀྱང་ཆད་པས་གཅོད་པར་བྱེད་པའི་ཕྱིར་མདོ་ལ་སོགས་པ་ལས་དངོས་སུ་མི་འབྱུང་ཡང་སྡོམ་མིན་ཅན་ཁོ་ནར་ལྟའོ་ཞེས་འཆད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྒྱལ་པོ་དང་བློན་པོ་སོགས་ལ་སྡོམ་མིན་ལ་གནས་པས་ཁྱབ་པ་དང༌། གཞན་གནོད་གཞི་བཅས་ལ་རྒྱུན་དུ་ཞུགས་པ་ཡིན་པར་ཐལ། མཆིམས་མཛོད་ཀྱི་སྐབས་སུ་སྡོམ་པ་སྡོམ་མིན་བར་མ་གསུམ་གྱི་ཁྱད་པར་བཤད་པ་སྔར་བཀོད་པ་ལྟར་གྲུབ་པའི་ཕྱིར་ཟེར་ན་དེ་གསུམ་གྱི་ཁྱད་པར་རམ་ཚད་ལ་དཔྱད་པར་བྱའོ། །མཛོད་འགྲེལ་གནད་སྒྲོན་ལས། ཅིའི་ཕྱིར་ཡན་ལག་བརྒྱད་ནོད་ཅེ་ན། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །ཡང་བག་ཡོད་པའི་ཡན་ལག་དང༌། བརྟུལ་ཞུགས་ཀྱི་ཡན་ལག་འདི་དག་མནོས་པས་ཅིར་འགྱུར་ཞེ་ན། དེ་ཡིས་དྲན་ཉམས་དྲེགས་པར་འགྱུར། །མྱོས་པས་འགྱུར་བ་འཐུངས་པས་ནི་བྱ་བ་དང་བྱ་བ་མ་ཡིན་པའི་དྲན་པ་ཉམས་པ་ཉིད་དུ་འགྱུར་རོ། །ཁྲི་སྟན་མཐོན་པོ་ལ་སོགས་པ་བསྟན་ན་དྲེགས་པར་འགྱུར་རོ། །དུས་སུ་ཟ་ཞིང་ཟས་ནར་མའི་དུས་སུ་ཟ་བ་ཡོངས་སུ་སྤངས་པ་ལས་བསྙེན་གནས་ཀྱི་དྲན་པ་དང་སྐྱོ་བའི་དྲན་པ་ཉེ་བར་གནས་པར་འགྱུར་ཏེ། དེ་མེད་ན་གཉིས་ཀ་ཡང་མེད་དོ། །ཞེས་གསུངས་པ་ལ་ཆང་སྤངས་བ་བག་ཡོད་ཀྱི་ཡན་ལག་ཡིན་ལ་གར་སོགས་གསུམ་སྤངས་བ་བརྟུལ་ཞུགས་ཀྱི་ཡན་ལག་ཡིན་པའི་རྒྱུ་མཚན་ལ་ཁྱབ་པ་ཡོད་མེད་དཔྱད། སོ་ཐར་རིགས་བརྒྱད་པོ་གང་རུང་གི་སྡོམ་པ་རྒྱུད་ལ་སྐྱེ་བ་ལ་སྐྱབས་འགྲོ་རྒྱུད་ལ་སྐྱེས་པས་ཁྱབ་པར་ཐལ། རྩ་བར། གཞན་ལའང་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྐྱབས་འགྲོ་སྔོན་དུ་མ་བྱས་ཀྱང་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བ་ཡོད་པའི་ཕྱིར། དེར་ཐལ། མཆིམས་མཛོད་༣༦༦ལས། དེ་ཡང་འགྲེལ་པ་ལས། དགེ་བསྙེན་མ་ཡིན་པ་ཡང་གང་ཞིག་ཉིན་ཞག་དེ་ལ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་སྟེ་བསྙེན་གནས་ནོད་པ་དེ་ལ་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བར་འགྱུར་ཏེ་གཞན་དུ་ནི་མ་ཡིན་ནོ། །མི་ཤེས་པ་ནི་མ་གཏོགས་སོ་ཞེས་འབྱུང་བའི་མ་གཏོགས་པའི་དོན་ནི་སློབ་དཔོན་རྒྱལ་པོའི་སྲས་སྐྱབས་འགྲོ་བརྗེད་པ་དང༌། ༼མི་ཤེས་པ་༽མ་བྱང་བ་ལ་འཆད་མོད་ཀྱི། སློབ་དཔོན་གང་སྤེལ་གང་ཞིག དཀོན་མཆོག་གསུམ་ལ་ཐེ་ཚོམ་ཟ་བ་དང་ལོག་པར་ཞུགས་པའི་བསམ་པས་སྐྱབས་སུ་མི་འགྲོ་བ་ཅན་ལ་ནི་སྡོམ་པ་མི་སྐྱེ་ལ། གང་ཞིག་འབོགས་པ་པོ་དང་ལེན་པ་པོས་སྐྱབས་སུ་འགྲོ་དགོས་པར་མ་ཤེས་པས་སྐྱབས་སུ་མི་འགྲོ་བ་ཡིན་གྱི་ལོག་པར་ཞུགས་པའམ་ཐེ་ཚོམ་ཟ་བས་སྐྱབས་སུ་མི་འགྲོ་བ་མ་ཡིན་དེ་ལ་ནི་སྐྱབས་སུ་མ་སོང་ཡང་བསྙེན་གནས་ཀྱི་སྡོམ་པ་སྐྱེའོ། །ཞེས་འཆད་པ་ལྟར་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་སྤྱིར་སྐྱབས་འགྲོ་སྔོན་དུ་མ་སོང་བ་མིན་ཀྱང་སྡོམ་པ་བླང་དུས་སུ་སྐྱབས་ཚིག་སྔོན་དུ་མ་སོང་བའི་དོན་ཡིན་སྙམ་སྟེ། དེ་མིན་ན་ཕྱི་རོལ་བ་ལ་སོ་ཐར་གྱི་སྡོམ་པ་ཡོད་པར་ཐལ་བར་འགྱུར་རོ་ཞེ་ན་དཔྱད། སྣ་གཅིག་སྲུང་བའི་དགེ་བསྙེན་གྱི་སྡོམ་པ་སོགས་དགེ་བསྙེན་གྱི་སྡོམ་པ་ཡིན་པར་ཐལ། དགེ་བསྙེན་གྱི་སྡོམ་པའི་དབྱེ་བ་ཡིན་པའི་ཕྱིར་ཏེ། རྩ་བར། གལ་ཏེ་ཐམས་ཅད་སྡོམ་ཡིན་ན། །སྣ་གཅིག་སྤྱོད་སོགས་ཇི་ལྟ་བུ། །དེ་སྲུང་བ་ལའང་སྲུང་ཞེས་གྲགས། །ཞེས་དང༌། ས་བཟང་གི་ཀུན་བཏུས་ཀྱི་འགྲེལ་བ་ལས། དགེ་བསྙེན་གྱི་བསླབ་པའི་གཞི་ལྔ་ལས་ཕྱོགས་གཅིག་སྲོག་གཅོད་སྤང་བ་ལྟ་བུ་ལ་སློབ་ན་དགེ་བསྙེན་གྱི་སྡོམ་པ་དང་ལྡན་པ་ཞེས་བྱའམ་ལྡན་པ་མ་ཡིན་པ་ཞེས་བྱ་ཞེ་ན། མིང་ཆེན་གྱི་མདོར། བཙུན་པ་ཇི་ཙམ་གྱིས་ན་སྣ་གཅིག་སྤྱོད་པའི་དགེ་བསྙེན་དུ་འགྱུར་བ་ལགས་ཞེས་སོགས་ཞུས་པའི་ལན་དུ། བསླབ་བྱ་སྣ་གཅིག་སྲུང་ན་སྣ་གཅིག་སྤྱོད་པ་དང༌། གཉིས་སྲུང་ན་ཕྱོགས་གཅིག་སྤྱོད་པ་དང༌། གསུམ་མམ་བཞི་སྲུང་ན་ཕལ་ཆེར་སྤྱོད་པ་དང༌། ལྔ་ཅར་སྲུང་ན་ཡོངས་སུ་རྫོགས་པར་སྤྱོད་པའི་དགེ་བསྙེན་དུ་གསུངས་པས། གང་བླངས་པ་སྲུང་བའི་ཆ་ནས་སྡོམ་པ་དང་ལྡན་པ་ཞེས་བྱ་སྟེ། ལྷག་མ་མི་སྲུང་བའི་ཆ་ནས་ཚུལ་ཁྲིམས་འཆལ་བ་ཞེས་ཀྱང་བྱའོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་དགེ་བསྙེན་གྱི་སྡོམ་པའི་མཚན་ཉིད་མི་ཚང་བའི་ཕྱིར། དེར་ཐལ། དགེ་བསྙེན་གྱི་སྡོམ་པ་ལ་སྤང་བྱ་ལྔ་སྤོང་པའི་སྡོམ་པ་དགོས་པའི་ཕྱིར། དེར་ཐལ། མཛོད་འགྲེལ་གནད་སྒྲོན་ལས། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བ་མནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང༌། དགེ་ཚུལ་ཆེད་དང་དགེ་སློང་ཉིད། །སྤང་བར་བྱ་བ་ལྔ་པོ་ལས་སླར་ལྡོག་པ་ཡང་དག་པར་བླངས་པས་ནི་དགེ་བསྙེན་གྱི་སྡོམ་པ་དང༌། ཞེས་གསུངས་པའི་ཕྱིར་རོ། །ཡང་སྐྱབས་འགྲོའི་དགེ་བསྙེན་དེ་དགེ་བསྙེན་གྱི་དབྱེ་བ་ཡིན་པར་ཐལ། འདུལ་བ་བདུད་རྩིའི་ཉིང་ཁུ་༤ལས། དགེ་བསྙེན་ལ་སྐྱབས་འགྲོའི་དགེ་བསྙེན། སྣ་གཅིག་སྤོང་བ། སྣ་འགའ་སྤོང་བ། ཕལ་ཆེར་སྤོང་བ། ཡོངས་སུ་རྫོགས་པ། ཚངས་སྤྱོད་ཀྱི་དགེ་བསྙེན། ཡན་ལག་བརྒྱད་ཇི་སྲིད་འཚོ་བར་བསྲུང་བ་གོ་མིའི་དགེ་བསྙེན་དང་བདུན་ལ།ཕ་མ་གཉིས་གཉིས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མཛོད་འགྲེལ་གནད་སྒྲོན་ལས། གང་ཞིག་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་སྐྱབས་སུ་འགྲོ་བ་དེ་ཅི་ལ་སྐྱབས་སུ་འགྲོ་ཞེ་ན། གང་ཞིག་གསུམ་ལ་སྐྱབས་སུ་འགྲོ་སྟེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང༌། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །གང་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དེ་ནི་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་ལ་སྐྱབས་སུ་འགྲོ་བ་ཡིན་ནོ། །དེ་དག་ཀྱང་ཟད་པ་ཤེས་པ་ལ་སོགས་པ་འཁོར་དང་བཅས་པ་ཡིན་ནོ། །གཟུགས་ཀྱི་སྐུ་ནི་སྔ་མ་དང་ཕྱི་མར་ཡང་ཁྱད་པར་མེད་པའི་ཕྱིར་རོ། །གང་ཞིག་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དེ་ནི་དགེ་འདུན་དུ་བྱེད་པའི་ཆོས་སློབ་པ་དང་མི་སློབ་པ་ལ་སྐྱབས་སུ་འགྲོ་བ་ཡིན་ཏེ། གང་དག་འཐོབ་པས་གང་ཟག་བརྒྱད་པོ་མི་ཕྱེད་པའི་ཕྱིར་དགེ་འདུན་དུ་འགྱུར་བའོ། །ཞེས་གསུངས་པ་ལྟར་སངས་རྒྱས་ཡིན་ན་མི་སློབ་ལམ་ཡིན་པས་ཁྱབ་ཟེར་ན། སྟོན་པ་བཀའ་དྲིན་ཅན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཟག་མེད་ལམ་བདེན་ཡིན་པར་ཐལ། མི་སློབ་ལམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གང་ཟག་ཡིན་པའི་ཕྱིར། ཁྱབ་སྟེ། ཁྱོད་གདགས་པའི་གཞི་ལ་ཟག་བཅས་དུ་མ་ཡོད་པའི་འདུས་བྱས་ཡིན་པའི་ཕྱིར་ཟེར་ན་དཔྱད། གཞན་ཡང་སངས་རྒྱས་དཀོན་མཆོག་མི་སློབ་ལམ་ཡིན་ན་དེའི་ཆོས་སྟོན་ཚུལ་དང༌། དགེ་འདུན་དཀོན་མཆོག་སྤང་བྱ་ཡིན་མིན་དཔྱད། ཁ་ཟས་ཟ་འདོད་དེ་ཆགས་སེམས་ཡིན་པར་ཐལ། ཁ་ཟས་ལ་ཆགས་པ་དང་བྲལ་བའི་གང་ཟག་གིས་ཟས་ཟ་མི་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཟེར་ན་དཔྱད། བཅས་རང་གི་ཁྱད་པར་ཡོད་དེ།མཆིམས་མཛོད་མཆན༣༧༠ལས། དེ་ལ་དེ་དག་གི་མཚན་ཉིད་ནི་རིམ་པ་ལྟར་སེམས་ཉོན་མོངས་ཅན་ཁོ་ནས་སྤྱོད་ཅིང༌། གང་ཟག་བསླབ་པ་བཅས་མ་བཅས་ཐམས་ཅད་ལ་སྡིག་ཏུ་འགྱུར་བ་སྲོག་གཅོད་པ་ལྟ་བུ་དང༌། རེས་འགའ་གཉེན་པོའི་བློས་སྤྱད་དུ་རུང་ཞིང་བསླབ་པ་བཅས་པ་ཁོ་ན་ལ་སྡིག་ཏུ་འགྱུར་བ་ས་རྐོ་བ་ལྟ་བུ་ཡིན་པ་ནི། ཆང་འཐུང་བ་ན་བསླབ་པ་མ་བཅས་པའི་ནད་པ་ལྟ་བུ་འགའ་ཞིག་གིས་མྱོས་པར་མི་འགྱུར་བར་གཉེན་པོའི་བློས་ཀྱང་བཏུང་བར་ནུས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། བཅས་རང་གི་ཁྱད་པར་དེ་ལྟར་ཡིན་ན་འདུལ་བ་མཚོ་ཊཱིཀ་༢༤༢ལས། ངོ་བོའི་ཁྱད་པར་ནི། རང་གི་ངོ་བོ་མི་དགེ་བ་དང་བདག་གཅིག་པའི་ལྟུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ལ། རང་གི་ངོ་བོ་ལུང་མ་བསྟན་དང་བདག་གཅིག་པའི་ལྟུང་བ་བཅས་པའི་ཁ་ན་མ་ཐོ་བ་སྟེ། ཞེས་པ་དང་འགལ་བ་ཡོད་མེད་དཔྱད། ཆང་འཐུང་བ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པར་ཐལ། དེའི་དབང་གིས་དམྱལ་བ་ངུ་འབོད་དུ་སྐྱེ་བའི་ཕྱིར། དེར་ཐལ། མདོ་དྲན་པ་ཉེར་བཞག་ལས། ཆང་གིས་དམྱལ་བར་འགྲོ་བར་བྱེད། །ཅེས་དང༌། ལུང་ལས། ཆང་འཐུང་དམྱལ་བ་ངུ་འབོད་སྐྱེ། །ལྡུད་མཁན་དེའི་འཁོར་དུ་སྐྱེ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་༣༧༠ལས། འདིར་བྱེ་བྲག་སྨྲ་བའི་འདུལ་བ་འཛིན་པ་རྣམས་ནི་ཆང་འཐུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཏེ་སྟོན་པས་ཤཱཀྱ་ནད་པ་རྣམས་ལ་བཅས་པའི་ཁ་ན་མ་ཐོ་བ་གནང་ཆང་རྩྭའི་རྩེ་མོས་ཀྱང་འཐུང་བ་མ་གནང་བའི་ཕྱིར་དང༌། ཞེས་སོགས་ནས། མངོན་པ་བ་རྣམས་ན་རེ་རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་བཅོམ་ལྡན་འདས་ཀྱིས་མ་བཀག་ཀྱང་སྡིག་པར་འགྱུར་བ་ཡིན་ན་ཆང་ནི་རེས་དགའ་གཉེན་པོའི་བློས་ཀྱང་བཏུང་བར་ནུས་པའི་ཕྱིར་དེ་བཅས་པའི་ཁ་ན་མ་ཐོ་བ་ཡིན་ཏེ་བཅས་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་བཀག་པའོ། །དེས་ན་ཁྲིམས་སུ་བྱས་པས་བཀག་པ་སྤྱད་ན་སྡིག་ཏུ་འགྱུར་བ་དེ་ནི་བཅས་པའི་ཁ་ན་མ་ཐོ་བ་སྟེ། བཅོམ་ལྡན་འདས་དང་བསྟན་པ་ལ་མ་གུས་པའི་སྒོ་ནས་སྡིག་པར་འགྱུར་བའོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་བཅོམ་ལྡན་འདས་ཀྱི་ཁྲིམས་ཀྱིས་མ་བཀག་ཀྱང་སྡིག་ཏུ་འགྱུར་བ་སྟེ་སྲོག་གཅོད་པ་ལ་སོགས་པ་ལྟ་བུའོ། །ལུང་ལས་ནད་པ་ལ་བཅས་པའི་ཁ་ན་མ་ཐོ་བ་གནང་བ་ནི་སྤྱིར་བཏང་བ་ཡིན་ལ། ཤཱཀྱ་ནད་པ་ལ་མ་གནང་བ་ནི་དམིགས་ཀྱིས་བསལ་བའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མཛོད་འགྲེལ་གནད་སྒྲོན་ལས། འདོད་གཏོགས་ཐམས་ཅད་གཉིས་ཀ་དང༌། །ད་ལྟར་དག་ལས་འཐོབ་པར་འགྱུར། །འདོད་གཏོགས་ཞེས་བྱ་བ་ནི་སོ་སོར་ཐར་པའི་སྡོམ་པ་ཡིན་ནོ། །ཐམས་ཅད་ལས་ཞེས་བྱ་བ་ནི་སྦྱོར་བ་དང་དངོས་དང་མཇུག་ལས་སོ། །གཉིས་ཀ་ལས་ཞེས་བྱ་བ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པར་སྟོན་པ་དང༌། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་ལས་སོ། །སེམས་ཅན་གྱི་རྟེན་ལ་འཇུག་པའི་ཕྱིར་དུས་ད་ལྟར་གྱི་ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་ཁོ་ན་ལས་འཐོབ་ཀྱི་འདས་པ་དང་མ་འོངས་པ་དག་ལས་མ་ཡིན་ཏེ། དེ་དག་ནི་སེམས་ཅན་དུ་མི་བགྲང་བའི་ཕྱིར་རོ། །བསམ་གཏན་ཟག་མེད་སྡོམ་པ་ནི། །དངོས་དང་དུས་ནི་ཐམས་ཅད་ལས། །བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་ནི་ལས་ཀྱི་ལམ་དངོས་ཁོ་ན་ལས་འཐོབ་ཀྱི་སྦྱོར་བ་དང་མཇུག་ལས་ཀྱང་མ་ཡིན་ན་བཅས་པའི་ཁ་ན་མ་ཐོ་བ་ལས་ལྟ་སྨོས་ཀྱང་ཅི་དགོས། །དུས་ཐམས་ཅད་ཀྱི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ལས་འཐོབ་པོ། །ཞེས་གསུངས་པ་ལ། སོ་ཐར་གྱི་སྡོམ་པ་དེ་སྦྱོར་དངོས་མཇུག་གསུམ་ལས་ཐོབ་ལ། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་སྦྱོར་མཇུག་གཉིས་ལས་མི་འཐོབ་པའི་རྒྱུ་མཚན་ནི། མཆིམས་མཛོད་༣༧༡ལས། སོ་སོར་ཐར་བ་ནི་ལས་ཀྱི་ལམ་གྱི་སྦྱོར་བ་དང་དངོས་དང་མཇུག་ཐམས་ཅད་ལས་དང༌། ཞེས་སྤོང་བྱེད་གཉེན་པོའི་སྦྱོར་དངོས་མཇུག་གསུམ་ལ་སྦྱར་བར་མཛད་པ་ལ། བསམ་གཏན་ཟག་མེད་ཀྱི་སྡོམ་པ་གཉིས་ཆོས་ཅན། ཁྱོད་ཀྱིས་མི་དགེ་བའི་དངོས་གཞི་སྤོང་ཡང་སྦྱོར་མཇུག་མི་སྤོང་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་གཉིས་ཆོས་ཅན། མི་དགེ་བའི་སྦྱོར་མཇུག་གི་གཉེན་པོ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་མི་དགེ་བ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཏེ། དེ་གཉིས་ལས་འགའ་ཞིག་མི་དགེ་བའི་སུན་འབྱིན་པའི་གཉེན་པོ་ཡིན་པ་སོགས་གཉེན་པོ་རྣམ་བཞི་གང་རུང་ཡིན་པའི་ཕྱིར། ཡང་སོ་ཐར་གྱི་སྡོམ་པ་ཆོས་ཅན། ཁྱོད་རང་གི་མཇུག་ལས་འཐོབ་པར་ཐལ། རྩ་བར་འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་འཐོབ་པ་མཇུག་ལ་མི་ལྟོས་པའི་ཕྱིར་ཏེ། སོ་ཐར་གྱི་སྡོམ་པ་སྐད་ཅིག་དང་པོའི་དུས་ནས་ཁྱོད་ཐོབ་ཟིན་པའི་ཕྱིར་ཟེར་ན་དཔྱད།སོ་ཐར་གྱི་སྡོམ་པ་སེམས་ཅན་ཐམས་ཅད་ལས་ཐོབ་པར་ཐལ། རྩ་བར། སྡོམ་པ་སེམས་ཅན་ཐམས་ཅད་ལས། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། ད་ལྟ་དག་ལས་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། འདོད་ན། སོ་ཐར་གྱི་སྡོམ་པ་ཆོས་ཅན།ད་ལྟ་བ་ཁོ་ན་ལས་ཐོབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། འདས་མ་འོངས་ཀྱི་གཞི་ལས་མི་ཐོབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ཐོག་མར་ལེན་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་སྲོག་གཅོད་པ་སྤོང་བར་ཁས་བླངས་པ་མ་ཡིན་པར་ཐལ།འདོད་པའི་ཕྱིར། འདོད་ན། ཁྱོད་ཐོག་མར་ལེན་པའི་སྐབས་སུ་ངེས་པ་ལྔ་བྲལ་མ་ཡིན་པར་འགྱུར་རོ་ཟེར་བ་དང༌། ཡང་སོ་ཐར་གྱི་སྡོམ་པ་ཆོས་ཅན། ཁྱོད་རྒྱུད་ལྡན་གྱི་གང་ཟག་གིས་འདས་པ་དང་མ་འོངས་པའི་སེམས་ཅན་ལ་ཁ་ན་མ་ཐོ་བའི་ཉེས་པ་ལ་ཞུགས་ནའང་ལྟུང་བ་མེད་པར་ཐལ། གཞི་དེ་དག་ལ་ཉེས་པ་བྱེད་པ་སྤོང་བ་ཁས་མ་བླངས་པའི་ཕྱིར། འདོད་ན། དགེ་སློང་རང་དུས་ན་ཤི་ཟིན་པའི་རྫས་རྐུས་ན་ཉེས་པ་མེད་པར་ཐལ་བ་དང༌། དེ་བཞིན་དུ་དགེ་སློང་རང་དུས་ན་འབྱུང་འགྱུར་གྱི་མིའི་ཕྲུག་གུ་གསོད་པའི་རིག་སྔགས་ངན་པ་བྱེད་ནའང་ཉེས་པ་མེད་པར་ཐལ་ལོ་ཞེས་ཟེར་བ་དང༌། ཡང་འདས་མ་འོངས་ཀྱི་སེམས་ཅན་སོ་ཐར་གྱི་སྡོམ་པའི་ཐོབ་གཞི་མ་ཡིན་པའི་རྒྱུ་མཚན་དེ་དག་གསོད་མི་ནུས་པའི་རྒྱུ་མཚན་གྱིས་ཡིན་པར་ཐལ། གང་སྤེལ་ལས། དེའི་ཕྱིར་ནུས་པ་དག་ཁོ་ན་ལས་སྡོམ་པ་ཐོབ་པ་ལ་ཉེས་པ་དེར་ཡང་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རྒྱལ་སྲས་མ་ལས། འདི་སློབ་དཔོན་གྱི་ལན་དུ་སེམས་ཅན་ཐམས་ཅད་ཀྱི་སྲོག་ལ་མི་གནོད་པའི་བསམ་པས་བླངས་པའི་ཕྱིར་རོ། །ཞེས་དང༌། དེའི་ཕྱིར་ནུས་པ་དང་མི་ནུས་པ་དག་ལས་སྡོམ་པ་ཐོབ་བོ་ཞེས་བྱ་བར་གྲུབ་བོ། །ཞེས་གསུངས་པ་དང༌། ད་ལྟ་བའི་གཟུགས་གཟུགས་མེད་ཀྱི་ལྷ་རྣམས་གསོད་མི་ནུས་པའི་ཕྱིར་སོ་ཐར་གྱི་སྡོམ་པ་ཐོབ་པའི་གཞི་མ་ཡིན་པར་འགྱུར་བའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། ད་ལྟ་དག་ལས་འཐོབ་པར་འགྱུར། །ཞེས་དང༌། མཆིམས་མཛོད་མཆན་༣༧༤ལས། ཇི་ལྟར་མི་ནུས་པ་དག་ལས་སྡོམ་པ་འཐོབ་ཅེ་ན། སེམས་ཅན་ཐམས་ཅད་ཀྱི་སྲོག་ལ་མི་གནོད་པའི་བསམ་པས་ཁས་བླངས་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ནུས་པ་ཁོ་ན་ལས་འཐོབ་ན་མི་དང་ལྷ་ལ་སོགས་པ་ནུས་པ་དང་མི་ནུས་པ་ཕན་ཚུན་འཕོ་བས་འཕེལ་འགྲིབ་ཏུ་འགྱུར་ལ། དེ་ལྟར་ན་ཐོབ་གཏོང་གི་རྒྱུ་མེད་པར་ཡང་དེར་འགྱུར་རོ། །ཞེས་ཟེར་རོ། །སློབ་དཔོན་གྱིས་རྩ་ལ་སོགས་པ་སྐྱེས་པ་སྐམས་པས་སྡོམ་པ་འཕེལ་འགྲུབ་མེད་པ་ལྟར་འཕོས་ཀྱང་མི་འགྱུར་རོ་ཞེས་གསུང་ངོ༌། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌།ཡང་མ་འོངས་པའི་སྡོམ་པའི་ཐོབ་གཞི་མ་འོངས་པའི་སེམས་ཅན་མ་ཡིན་ན་དེའི་ཐོབ་གཞིའི་སེམས་ཅན་སུ་འཇོག དེ་དེའི་ཐོབ་གཞི་ཡིན་ན་མི་རིགས་ཏེ། མཆིམས་མཛོད་༣༧༡ལས།དུས་ད་ལྟ་བའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལས་འཐོབ་པར་འགྱུར་གྱི་འདས་མ་འོངས་ལས་ནི་མ་ཡིན་ཏེ། དེ་དག་སེམས་ཅན་དུ་མི་བགྲང་བའི་ཕྱིར་རོ། །༼དེས་ན་སེམས་ཅན་དུ་སྟོན་པ་མ་ཡིན་པ་ཡང་ད་ལྟ་ཁོ་ན་ལས་ཐོབ་པར་སྟོན་ནོ། །༽ཞེས་གསུངས་པའི་ཕྱིར་ཟེར་བ་དག་ལ་དཔྱད། དགེ་སློང་རྣམ་དག་གི་སྡོམ་པ་ཐོབ་གཞིའི་ཕམ་པ་ཡོད་པ་ནི། མཆིམས་མཛོད་༣༧༢ལས། ཡན་ལག་ཐམས་ཅད་ལས་འཐོབ་པ་ནི་དགེ་སློང་གི་སྡོམ་པའོ། །ཡན་ལག་ལྔ་ལས་འཐོབ་པ་ནི་དགེ་བསྙེན་ནོ། །ཞེས་པ་ནས། ཡང་ན་ལས་ཀྱི་ལམ་བཅུ་པོ་ཐམས་ཅད་ལས་འཐོབ་པ་ནི་དགེ་སློང་ངོ༌། །ཞེས་གསུངས་ལ། དེ་ཡོད་ན་དེ་ལ་ད་ལྟ་བ་དགོས་པས་དེ་རྒྱུད་ལྡན་ཡོད་མེད་དཔྱད། གོང་དུ་བཤད་པ་ལྟར་བསམ་གཏན་གྱི་སྡོམ་པ་དང་ཟག་མེད་ཀྱི་སྡོམ་པ་དུས་གསུམ་ལས་ཐོབ་ལ་སོ་ཐར་གྱི་སྡོམ་པ་དུས་གསུམ་ལས་མི་ཐོབ་པའི་རྒྱུ་མཚན་གང་ཡིན་དཔྱད། རྩ་བར། བསླབ་པ་ཕུལ་དང་ཤི་འཕོས་དང༌། །མཚན་གཉིས་དག་ནི་བྱུང་བ་དང༌། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོར་ཐར་པའི་འདུལ་བ་གཏོང༌། །ཞེས་གསུངས་པ་ལ། བསླབ་པ་ཕུལ་ན་སོ་ཐར་གྱི་སྡོམ་པ་གཏོང་བས་ཁྱབ་བར་ཐལ། བསླབ་པ་ཕུལ་བ་སོ་ཐར་རིགས་བརྒྱད་ཀྱི་ཐུན་མོང་གི་གཏོང་རྒྱུ་ཡིན་པའི་ཕྱིར་ཏེ།མཆིམས་མཛོད་༣༧༤ལས། དེ་དག་གཏོང་བའི་རྒྱུ་འཆད་པ་ནི་འདིས་དབང་པོ་འདུལ་བར་བྱེད་པས་ན་སོ་སོ་ཐར་པའི་འདུལ་བ་སྟེ་རིས་བརྒྱད་ལས་བསྙེན་གནས་མ་གཏོགས་པའི་སྡོམ་པ་རྣམས་ནི་ཡང་དག་པར་བླངས་པ་དང་འགལ་བའི་རིག་བྱེད་བསྐྱེད་པའི་ཕྱིར་མི་བརྡ་ཕྲད་པའི་དྲུང་དུ་བསམ་པ་ཐག་པ་ནས་བསླབ་པ་ཕུལ་བ་དང༌། རྟེན་བོར་བ་དང༌། འཕེན་པའི་དུས་ཟད་པའི་ཕྱིར་ཤི་འཕོས་པ་དང༌། རྟེན་ཉམས་པའི་ཕྱིར་ཕོ་མོའི་མཚན་གཉིས་པོ་དག་ནི་དུས་ཅིག་ཆར་བྱུང་བ་དང༌། ༼ས་ཆད་ན་དེ་ལ་བརྟེན་པའི་ཤིང་ཆད་པ་ལྟར་༽གཞི་སྐྱེས་ཐོབ་ཆད་ན་སྦྱོར་བྱུང་ཡང་ལྡོག་པས་དགེ་བའི་རྩ་བ་ཆད་པ་དང་བཞིས་གཏོང་ལ། ཞེས་གསུངས་པའི་ཕྱིར། འདོད་ན། དགེ་སློང་གི་སྡོམ་པ་ཙམ་ཕུལ་བའི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་མ་གྲུབ་ན་སོ་ཐར་གྱི་སྡོམ་པའི་གཏོང་རྒྱུ་གང་ཡང་མ་བྱུང་བར་ཐལ་ལོ། །ཡང་སྡོམ་པ་གཏོང་ན་བསླབ་པ་ཕུལ་བས་ཁྱབ་པར་ཐལ། བསླབ་པ་ཕུལ་བ་སྡོམ་པའི་གཏོང་རྒྱུ་ཡིན་པའི་ཕྱིར།ཁྱབ་སྟེ། རྒྱུ་འབྲས་ཡིན་ན་མེད་ན་མི་འབྱུང་གི་འབྲེལ་བ་གྲུབ་པས་ཁྱབ་པའི་ཕྱིར། རྣམ་འགྲེལ་རྩ་ལས། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་དང༌། རྒྱུ་དང་འབྲས་བུའི་དངོས་པོའམ། །རང་བཞིན་ངེས་པར་བྱེད་པ་ལས། །མེད་ན་མི་འབྱུང་ངེས་པ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །རྒྱུ་འབྲས་ཡིན་ན་མེད་ན་མི་འབྱུང་གི་འབྲེལ་བ་གྲུབ་མི་དགོས་ཏེ། འདུལ་བ་མཚོ་ཊཱིཀ་༢༢༩ལས། བསླབ་པ་ཕུལ་བ་ཆོས་ཅན། སྡོམ་པ་གཏོང་བའི་རྒྱུ་མ་ཡིན་པར་ཐལ། སྡོམ་པ་གཏོང་བ་དང་ལྡོག་པ་མེད་པའི་ཕྱིར་རོ། །འདོད་ན་དམ་བཅའ་ཉམས་ལ། ཁྱབ་བ་མེད་ན་རྣམ་ངེས་ལས། གང་དག་རྗེས་སུ་འགྲོ་བ་དང་ལྡོག་པ་མི་བྱེད་པ་དེ་ནི་རྒྱུ་མ་ཡིན་ལ། རྟགས་མ་གྲུབ་ན༌། བསླབ་པ་གཏན་ནས་མ་ཕུལ་བར་སྡོམ་པ་གཏོང་བ་ཡོད་པ་དེ་ཆོས་ཅན། སྡོམ་པ་གཏོང་བ་མེད་པར་ཐལ། བསླབ་པ་ཕུལ་བ་མེད་པའི་ཕྱིར་རོ། །ཁྱབ་བ་མེད་ན་སྡོམ་པ་གཏོང་བ་དང་ལྡོག་པ་ཡོད་པ་བུད་དོ། །ཞེ་ན། རྒྱུ་ལ་གཉིས་སུ་དབྱེ་སྟེ་མེད་ན་མི་འབྱུང་བའི་རྒྱུ་ཚད་མ་ནས་བཤད་པ་དང༌། རང་འབྲས་འབྱིན་ནུས་ཙམ་གྱི་རྒྱུ་ལུང་ཆོས་ནས་བཤད་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་དགེ་རྩ་ཆད་པ་དེ་སྡོམ་པའི་གཏོང་རྒྱུ་ཡིན་པར་ཐལ། རྩ་བར། རྩ་བ་ཆད་དང་མཚན་ལས་འདས། །ཞེས་དང༌། མཆིམས་མཛོད་༣༧༥ལས།༼ས་ཆད་ན་དེ་ལ་བརྟེན་པའི་ཤིང་ཆད་པ་ལྟར་༽གཞི་སྐྱེས་ཐོབ་ཆད་ན་སྦྱོར་བྱུང་ཡང་ལྡོག་པས་དགེ་བའི་རྩ་བ་ཆད་པ་དང་བཞིས་གཏོང་ལ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ།དགེ་བ་མ་ཆད་པའི་སྔ་རོལ་ནས་སྦྱོར་བྱུང་དགེ་བ་ཆད་ཟིན་པ་གང་ཞིག སོ་ཐར་གྱི་སྡོམ་པ་སྦྱོར་བྱུང་ཡིན་པའི་ཕྱིར། རྟགས་དང་པོ་དེར་ཐལ། སྐྱེས་ཐོབ་དགེ་བ་མ་ཆད་པའི་སྔ་རོལ་ནས་སྦྱོར་བྱུང་ཆད་ཟིན་པའི་ཕྱིར། དེར་ཐལ། མཆིམས་མཛོད་༤༡༩ལས། དགེ་བའི་རྩ་བ་གང་གཅོད་ཅེ་ན། འདོད་པར་གཏོགས་པའི་སྐྱེས་ནས་ཐོབ་པ་རྣམས་ཏེ། དགེ་བ་གཅོད་པའི་ལོག་ལྟ་ཅན་ལ་གཟུགས་དང་གཟུགས་མེད་ཁམས་གོང་མ་གཉིས་ཀྱི་དགེ་བ་མི་ལྡན་པའི་ཕྱིར་དང༌། འདོད་པའི་སྦྱོར་བྱུང་གི་དགེ་བ་ནི་ལོག་ལྟ་ཆུང་ངུ་སྐྱེས་པའི་དུས་སུ་ཉམས་ཟིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། རང་ལུགས་ལ་དམ་པའི་ཆོས་ནུབ་པ་ལས་སྡོམ་པ་མི་གཏོང་སྟེ། རྩ་བར། གཞན་དག་དམ་ཆོས་ནུབ་པ་ལས། །ཞེས་དང༌།མཆིམས་མཛོད་༣༧༥ལས། སྡེ་བ་གཞན་གོས་དམར་སྡེ་བ་དག་ནི་དམ་པའི་ཆོས་ནུབ་ན་བསླབ་པའི་མཚམས་ཐམས་ཅད་དང་ལས་ཀྱི་མཐའ་རྣམས་མེད་པར་འགྱུར་བས་དམ་པའི་ཆོས་ནུབ་པ་ལས་གཏོང་བར་འདོད་དོ། །སློབ་དཔོན་སྐུ་མཆེད་ནི། དམ་པའི་ཆོས་ནུབ་པས་དེ་ཕྱིན་ཆད་བླང་དུ་མེད་པས་མི་སྐྱེ་བ་ཡིན་གྱི་སྔར་ཡོད་གཏོང་བར་མི་བཞེད་དེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དམ་པའི་ཆོས་ནུབ་པ་ན་ནི་དགེ་སློང་ལ་སོགས་པའི་སྡོམ་པ་སྔར་མ་བླངས་པ་ནི་བླང་དུ་མེད་ལ་སྔར་བླངས་པ་ནི་ཡོངས་སུ་མི་གཏོང་བར་རིགས་པར་བྱ་སྟེ། ཞེས་པ་དང༌། འགྲེལ་བ་ལས། དམ་པའི་ཆོས་ནུབ་ན་འདུལ་བའི་ལས་མེད་པའི་འདུལ་བ་ཐོབ་པ་ནི་མེད་ཀྱི་ཐོབ་ཟིན་པ་གཏོང་བ་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་དམ་པའི་ཆོས་ནུབ་པ་སྡོམ་པའི་གཏོང་རྒྱུ་མ་ཡིན་ན་དེའི་ཚེ་དགེ་སློང་ལྔ་བཅུ་བརྒྱ་སྟོང་ཡོད་མེད་གང་ཡིན། བརྒྱ་སོགས་ཡོད་ན་ལས་མེད་པའི་རྒྱུ་མཚན་གང་ཡིན་དང༌། དམ་ཆོས་ནུབ་པ་དང་དགེ་སློང་གི་སྡོམ་པ་ཡོད་པ་གཉིས་མི་འགལ་ཚུལ་ལ་དཔྱད། སྤྱིར་བཏང་འདུལ་བའི་གཞུང་ལས་སོ་ཐར་གྱི་སྡོམ་པའི་གཏོང་རྒྱུ་ལ་བཅུ་གསུངས་ཏེ། བསླབ་པ་ཕུལ་བ་དང༌།ཤི་འཕོས་པ་དང༌། མཚན་གཉིས་བྱུང་བ་དང༌། དགེ་རྩ་ཆད་པ་དང༌། མཚན་འདས་པ་དང༌། ཉི་ཤུ་མ་ལོན་དེར་ཤེས་དང༌། མཚན་ཉམས་པ་སོགས་བཅུ་ཡོད་ཀྱང་སྐབས་འདིར་ལྔ་ལས་མ་གསུངས་པའི་རྒྱུ་མཚན་དཔྱད། རྩ་ལྟུང་བྱུང་ན་སྡོམ་པ་གཏོང་དགོས་པར་ཐལ། མཆིམས་མཛོད་༣༧༩ལས། དེའི་ཕྱིར་རྩ་ལྟུང་བྱུང་བས་སྡོམ་པ་མི་གཏོང་བར་འདོད་པ་འདི་ནི་དགེ་སྦྱོང་གི་ཚུལ་ཁྲིམས་བསླུ་བའི་ཕྱིར་བདུད་ཀྱིས་བྱས་པ་ཡིན་པར་ཤེས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྩ་ལྟུང་བྱུང་བའི་གང་ཟག་གི་རྒྱུད་ན་སོ་ཐར་གྱི་སྡོམ་པ་མེད་པར་ཐལ།འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཊཱིཀྐ་ལས། དགེ་སློང་ཕམ་པར་གྱུར་པ་ལ་ནི་སྡོམ་པ་ཡོད་དུ་ཟིན་ཀྱང༌། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། རྩ་བར། བསམ་གཏན་གཏོགས་པའི་དགེ་བ་ནི། །ས་འཕོས་ཉམས་པ་དག་གིས་གཏོང༌། །ཞེས་གསུངས་པ་ལ། འོ་ན་བསམ་གཏན་དང་པོ་ནས་གཉིས་པ་འཕོས་མ་ཐག་པའི་གང་ཟག་གིས་བསམ་གཏན་གྱི་སྡོམ་པ་གཏོང་བར་ཐལ། ས་འཕོས་པའི་ཕྱིར། ཁྱབ་པ་རྩ་བས་གྲུབ་པའོ། །ཡང་བསམ་གཏན་དང་པོའི་སྐད་ཅིག་དང་པོའི་སྡོམ་པ་ད་ལྟ་བའི་གཏོང་རྒྱུ་དེའི་སྐད་ཅིག་གཉིས་པ་ཡིན་ནམ་ཅི།ཡིན་ན་བསམ་གཏན་གྱི་སྡོམ་པའི་གཏོང་རྒྱུ་གཉིས་ལས་གཞན་སྐབས་འདིར་མ་གསུངས་པའི་རྒྱུ་མཚན་གང་ཡིན་དང༌། གཏོང་རྒྱུ་གཉིས་པོ་ལས་གཞན་བསམ་གཏན་གྱི་སྡོམ་པའི་གཏོང་རྒྱུ་མེད་ན་བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་སོ་སྐྱེས་རྟེན་ཅན་གྱི་སྦྱོར་ལམ་པ་འཆི་འཕོས་པ་ན་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ལ་བརྟེན་པའི་སྦྱོར་ལམ་གཏོང་བ་དེ་ཆོས་ཅན། གཏོང་རྒྱུ་དེ་གཉིས་གང་རུང་གི་གཏོང་བར་ཐལ། དེ་གཉིས་ལས་གཞན་པའི་བསམ་གཏན་གྱི་སྡོམ་པའི་གཏོང་རྒྱུ་མེད་པ་གང་ཞིག དེ་གཏོང་བའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། དེ་འདྲའི་སྦྱོར་ལམ་དེ་བསམ་གཏན་གྱི་སས་བསྡུས་ཀྱི་དགེ་བ་ཟག་བཅས་གང་ཞིག དེ་རྒྱུད་ལྡན་གྱི་གང་ཟག་དེ་ཚེ་འཕོས་པའི་ཚེ་དེ་གཏོང་བ་ཡིན་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། རྩ་བར། འཕགས་པས་དེ་དག་ས་འཕོས་ནས། །གཏོང་ངོ་འཕགས་མིན་འཆི་བས་སོ། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་མི་ནུས་པ་སླ། གཞན་ཡང་གཏོང་རྒྱུ་དེ་གཉིས་སུ་མ་ངེས་པར་ཐལ། བསམ་གཏན་དང་པོའི་ལྷ་རྣམས་ཀྱིས་བསམ་གཏན་དང་པོ་ལ་འདོད་ཆགས་དང་བྲལ་ན་བསམ་གཏན་དང་པོའི་ཉམས་པ་ཆ་མཐུན་གཏོང་བ་གང་ཞིགདེ་གཉིས་མ་བྱུང་བའི་ཕྱིར། རྟགས་ཕྱི་མ་སླ། རྟགས་དང་པོ་གྲུབ་སྟེ། གནས་བརྒྱད་པ་ལས།དེ་དང་མི་ལྡན་འདོད་ཆགས་བྲལ། །སྐྱེ་བ་ལས་ནི་དག་པར་ཐོབ། །ཅེས་པའི་སྐབས་ཀྱི་མཆིམས་མཛོད༧༣༡ལས། ཚངས་པའི་འཇིག་རྟེན་ནི་བསམ་གཏན་དང་པོའོ། །དེས་ན་བསམ་གཏན་དང་པོ་ལས་འདོད་ཆགས་དང་བྲལ་བས་ནི་དང་པོའི་ཉམས་པའི་ཆ་མཐུན་འདོར་ཏེ། དང་པོ་ཉོན་མོངས་པ་དང་མཐུན་པའི་ཕྱིར་དང་པོའི་ཉོན་མོངས་བཞིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཟག་མེད་ཀྱི་སྡོམ་པའི་གཏོང་རྒྱུ་ལ་འབྲས་བུ་བཞི་བོ་གང་རུང་གསར་དུ་འཐོབ་པ་སོགས་གཏོང་རྒྱུ་གསུམ་པོ་གང་རུང་གིས་ཁྱབ་པར་ཐལ། རྩ་བར།འཕགས་པ། འབྲས་བུ་ཐོབ་སྦྱང་ཉམས་པ་ལས། །ཞེས་གསུངས་པའི་ཕྱིར། འདོད་ན། ལྷག་མེད་མྱང་འདས་འཕོ་བ་་ན་ཟག་མེད་ཀྱི་སྡོམ་པ་གཏོང་བ་དེ་ཆོས་ཅན། གཏོང་རྒྱུ་གསུམ་པོ་གང་རུང་བྱུང་བར་ཐལ། དེའི་ཚེ་ཟག་མེད་ཀྱི་སྡོམ་པ་གཏོང་བའི་ཕྱིར། དེར་ཐལ། དེའི་ཚེ་ཟག་བཅས་ཟག་མེད་ཀྱི་འདུས་བྱས་ཐམས་ཅད་རྒྱུན་ཆད་པའི་ཕྱིར་ཟེར་ན་དཔྱད། ཡང་འབྲས་གནས་དང་པོ་གསུམ་པོའི་འབྲས་གནས་ཁྱད་པར་ཅན་ཆོས་ཅན། ཞུགས་ལམ་བཏང་བར་ཐལ། འབྲས་བུ་བཞི་གང་རུང་ཐོབ་པའི་ཕྱིར། ཁྱབ་སྟེ། རྩ་བར། ཞུགས་ལ་སྔོན་ལམ་བཏང་བ་དང༌། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། རང་གི་ཞུགས་ལམ་བཏང་བའི་དོན་ཡིན་པར་སྣང་ངོ། །འོན་ཀྱང་རྫས་སྤྱི་གཉིས་འགོད་མ་ཆོད་ན་ཁྱབ་པ་མེད་པར་སྣང་ངོ། །ཡང་ཟག་མེད་ཀྱི་གཏོང་རྒྱུ་དེ་གསུམ་བཞག་མི་རིགས་པར་ཐལ། དེ་གསུམ་གང་རུང་བྱུང་བའི་གང་ཟག་ཡིན་ན་ཟག་མེད་ཀྱི་སྡོམ་པ་མ་བཏང་བས་ཁྱབ་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། རང་གི་བཏང་བྱའི་ཟག་མེད་ཀྱི་སྡོམ་པ་གཏོང་བའི་རྒྱུ་མཚན་གྱིས་ཟག་མེད་ཀྱི་སྡོམ་པའི་གཏོང་རྒྱུ་བཞག་པ་ཡིན་ཞེ་ན། འོ་ན་སྡུག་བསྔལ་ཆོས་ཤེས་དེ་ཆོས་ཅན། ཟག་མེད་སྡོམ་པའི་གཏོང་རྒྱུ་ཡིན་པར་ཐལ། རང་གི་བཏང་བྱའི་ཟག་མེད་ཀྱི་སྡོམ་པའི་གཏོང་རྒྱུ་ཡིན་པའི་ཕྱིར། དེར་ཐལ། དེའི་སྡུག་བསྔལ་ཆོས་བཟོད་ད་ལྟ་བ་གཏོང་བ་གང་ཞིག དེའི་གཏོང་རྒྱུ་ལ་དེ་ལས་གཞན་ཚད་མས་མ་དམིགས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྩ་བར། མཉམ་བཞག་འཕགས་ལམ་གནས་དེ་གཉིས། །ད་ལྟར་དང་ལྡན། ཞེས་གསུངས་པ་དང༌།ད་ལྟ་བ་ལྡན་ན་མངོན་གྱུར་དུ་ལྡན་དགོས་པའི་ཕྱིར་ཟེར་ན་དཔྱད། ཡང་ཟག་མེད་ཀྱི་སྡོམ་པ་བཏང་བ་མེད་ཟེར་ན། ལྷག་མེད་དུ་འཕོ་བ་དེའི་ཚེ་གཏོང་བ་ཡིན་མིན་དཔྱད། ཟླ་ཟེར་༡༧༩ལས། མ་ནིང་ནི་མཚན་ཡོད་ཀྱང་མཚོན་སོགས་ཀྱིས་ཉམས་པ་དང༌། ཞེས་གསུངས་པ་ལ་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། སྐྱེས་པའི་དབང་པོ་མཚོན་ལ་སོགས་པས་བཅད་པར་གྱུར་ཅིང་སྐྱེས་པའི་སྤོབས་པ་མི་འབྱུང་བ་ནི་གལ་ཏེ་ཕ་རོལ་པོ་སྐྱེས་པ་དག་གིས་བདག་ལ་སུན་འབྱིན་པར་མི་བྱེད་ན་ནི་ཟ་མ་ཁོ་ན་ཡིན་གྱི་མ་ནིང་མ་ཡིན་ནོ། །གལ་ཏེ་སུན་འབྱིན་པར་བྱེད་ན་ནི་ཟ་མ་དང་མ་ནིང་གཉིས་ཀ་ཡིན་པར་བརྗོད་པར་བྱའོ། །ཞེས་གསུངས་པས་མཚན་ཡོད་ཀྱང་མཚོན་སོགས་ཀྱིས་ཉམས་པ་ཡིན་ན་མ་ནིང་ཡིན་པས་མ་ཁྱབ་བམ་དཔྱད། སྡོམ་མིན་གང་ལ་ལྡན་ན་སྡོམ་པའང་དེ་ལ་ལྡན་དགོས་པར་ཐལ། རྩ་བར། སྡོམ་མིན་སྡོམ་པའང་དེ་བཞིན་ལ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་པའོ། །ཟ་མ་དང་མ་ནིང་གཉིས་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་སོ་ཐར་གྱི་སྡོམ་པ་མེད་པར་ཐལ། ཁྱོད་སྡོམ་པའི་རྟེན་མ་ཡིན་པའི་ཕྱིར་ཏེ། རྩ་བར། ཟ་མ་མ་ནིང་སྒྲ་མི་སྙན། །མཚན་གཉིས་མ་གཏོགས་མི་རྣམས་ལ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སོ་ཐར་གྱི་སྡོམ་ལྡན་ཟ་མ་དང་མ་ནིང་དུ་འགྱུར་བ་ཙམ་གྱིས་སོ་ཐར་གྱི་སྡོམ་པ་མི་གཏོང་བའི་ཕྱིར་ཏེ། ཟ་མ་དང་མ་ནིང་གང་རུང་དུ་གྱུར་ཀྱང་ཕོ་མོའི་འདོད་ཆགས་ཀྱི་འགྱུར་བ་མ་བསྟེན་གྱི་བར་དུ་སྡོམ་པ་མི་གཏོང་བའི་ཕྱིར་ཏེ། མཚོ་ཊཱིཀ་༡༥༣ལས། ཉེས་པ་མི་བསྟེན་ན་ནི་མི་བསྙིལ་ཞེས་འདིར་ཤུགས་ཀྱིས་བསྟན་ཏེ། ཞུ་འགྲེལ་ལས། ཡན་ལག་སྐྱེས་བཅད་པ་ལ་སོགས་པས་ཉམས་པར་གྱུར་བ་འདི་ཇི་སྲིད་དུ་འགྱུར་བ་མི་བསྟེན་པ་དེ་སྲིད་དུ་དགེ་སློང་ཉིད་ཡིན་ལ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཟག་མེད་ཀྱི་སྡོམ་པ་གཟུགས་མེད་འཕགས་པར་ཡོད་པར་ཐལ།རྩ་བར། ཟག་མེད་ནི། བསམ་གཏན་ཁྱད་པར་འདུ་ཤེས་མེད། །སེམས་ཅན་མ་གཏོགས་གཟུགས་མེད་ནའང༌། །ཞེས་དང༌། མཆིམས་མཛོད་༣༨༤ལས། འདོད་པའི་ལྷ་རྣམས་དང་གཟུགས་སུ་སྐྱེས་པའི་ལྷ་རྣམས་ལ་ནི་བསམ་གཏན་ལས་སྐྱེས་ཀྱི་སྡོམ་པ་ཡོད་ཀྱི་གཟུགས་མེད་ན་ནི་མ་ཡིན་ཏེ། རང་ས་ན་གཟུགས་མེད་པའི་ཕྱིར་དང༌། འོག་མར་ཐོབ་པ་དག་ཀྱང་ས་འཕོས་པས་གཏོང་བའི་ཕྱིར་རོ། །ཟག་མེད་གྱི་སྡོམ་པ་ནི་བསམ་གཏན་ཁྱད་པར་ཅན་གྱི་སེམས་ཅན་ཚངས་པ་ཆེན་པོ་དང་འདུ་ཤེས་མེད་པར་སྐྱེས་པའི་སེམས་ཅན་མ་གཏོགས་པ་འདོད་པ་དང་གཟུགས་སུ་སྐྱེས་པའི་ལྷ་རྣམས་ལ་དང༌། གཟུགས་མེད་པ་ནའང་༼འཕགས་པ་ལ་འདས་མ་འོངས་ལྡན་པའི་སྒོ་ནས་༽ཡོད་དེ། གཟུགས་མེད་རང་ས་ན་གཟུགས་མེད་ཀྱང་གཟུགས་ཁམས་སུ་ཟག་མེད་ཀྱི་སྡོམ་པ་གཏོང་རྒྱུ་མ་བྱུང་བར་གཟུགས་མེད་དུ་སྐྱེས་པ་དག་ལ་ཐོབ་པ་ལྡན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་ལྡན་པའི་དོན་ཡིན་ཟེར་ན་གཟུགས་མེད་དགྲ་བཅོམ་པ་ལ་ལྡན་པའི་ཟག་མེད་ཀྱི་སྡོམ་པ་རྒྱུད་ལ་ཡོད་པའི་གང་ཟག་སྔར་གྱི་ཞུགས་པ་སོགས་བཞག་ན་ནི་རྩ་བར། འབྲས་བུ་ཐོབ་སྦྱང་ཉམས་པ་ལས། །ཞེས་དང༌། ཞུགས་ལ་སྔོན་ལམ་བཏང་བ་དང༌། །ཞེས་པ་དང་འགལ་ལ། དེས་ན་དེ་རྒྱུད་ལ་ཡོད་པའི་གང་ཟག་སུ་འཇོག་དཔྱད་པར་བྱའོ།། །།

མདོ་ལས་ལས་ཀྱི་རྣམ་གྲངས་བཅོ་ལྔ་བཤད་པའི་སྐབས་ཀྱི་དོགས་གཅོད།

མདོ་ལས་ལས་ཀྱི་རྣམ་གྲངས་བཅོ་ལྔ་བཤད་པའི་སྐབས་ཀྱི་དོགས་གཅོད་ནི།

རང་འབྲས་རྣམ་སྨིན་བདེ་བ་འབྱིན་བྱེད་ཀྱི་ལས་དེ། དགེ་བའི་མཚན་ཉིད་དང༌། རང་འབྲས་རྣམ་སྨིན་སྡུག་བསྔལ་འབྱིན་བྱེད་ཀྱི་ལས་དེ། མི་དགེ་བའི་མཚན་ཉིད་ཡིན་ཏེ། རྩ་བར། ལས་བདེ་མི་བདེ་དང་གཞན་ནི། །དགེ་དང་མི་དགེ་དང་གཞན་ཡིན། །ཞེས་དང༌། རང་འགྲེལ་༣༧༥ལས། །འདི་ནི་དགེ་བ་ལ་སོགས་པའི་མཚན་ཉིད་ཡིན་ཏེ། ཞེས་དང༌། མཆིམས་མཛོད་༣༨༦ལས། དགེ་མི་དགེ་ལུང་མ་བསྟན་གསུམ་གསུངས་པ་ལས་དུས་རེ་ཞིག་ལས་ཀྱི་རྣམ་སྨིན་ཡིད་དུ་འོང་བ་བདེ་བ་མྱོང་བ་དང་གཏན་དུ་སྡུག་བསྔལ་ལས་སྐྱོབ་པ་མྱང་འདས་ཐོབ་བྱེད་ནི་དགེ་བ་དང༌། རྣམ་སྨིན་ཡིད་དུ་མི་འོང་བ་མི་བདེ་བ་མྱོང་བ་ནི་མི་དགེ་བ་དང༌། ཡིད་དུ་འོང་་བ་དང་མི་འོང་བ་བསྐྱེད་པ་དེ་གཉིས་ལས་གཞན་པའི་ལས་ནི་དགེ་མི་དགེ་ལས་གཞན་པ་ལུང་མ་བསྟན་ཡིན་ནོ། །འོ་ན་བསམ་གཏན་བཞི་བ་དང་གཟུགས་མེད་པའི་དགེ་བའང་ལུང་མ་བསྟན་དུ་འགྱུར་ཏེ། བདེ་མི་བདེ་གཉིས་ཀ་མི་མྱོང་བའི་ལས་ཡིན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། ས་དེ་དག་གི་དགེ་བ་ནི་ཉེ་བར་ཞི་བའི་བདེ་བ་མྱོང་བའི་ལས་ཡིན་པའི་ཕྱིར་རམ། ཞེས་གསུངས་པའི་ཕྱིར། འདོད་ན། ཟག་མེད་དགེ་བའི་ལས་ཆོས་ཅན། རང་འབྲས་རྣམ་སྨིན་བདེ་བ་འབྱིན་བྱེད་ཀྱི་ལས་ཡིན་པར་ཐལ། དགེ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས།འདོད་ན། དེ་ཆོས་ཅན། མི་དགེ་བ་དང་དགེ་བ་ཟག་བཅས་གང་རུང་ཡིན་པར་ཐལ། རྣམ་སྨིན་གྱི་རྒྱུ་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་བར། རྣམ་སྨིན་རྒྱུ་ནི་མི་དགེ་དང༌། །དགེ་བ་ཟག་བཅས་རྣམས་ཁོ་ན། །ཞེས་གསུངས་པའི་ཕྱིར། གཞན་ཡང་དེ་དག་དགེ་མི་དགེ་མཚན་ཉིད་པ་ཡིན་པ་མི་འཐད་པར་ཐལ། དེ་ནི་ཕལ་ཆེ་བའི་དབང་དུ་བྱས་པ་ཡིན་པའི་ཕྱིར་ཏེ། མཆྀམས་མཛོད་ལས། ཡང་ན་བདེ་བ་མྱོང་འགྱུར་དགེ་བ་ཡིན་ནོ་ཞེས་བྱ་བ་ནི་ཕལ་ཆེ་བའི་དབང་དུ་བྱས་སོ་ཞེས་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་དང༌། བསམ་གཏན་བཞི་བ་ཡན་ཆད་ན་བདེ་བ་མེད་པའི་ཕྱིར་ན་བདེ་བ་མྱོང་འགྱུར་གྱི་ལས་མེད་དགོས་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། རྩ་བར། བསམ་གཏན་གསུམ་པའི་བར་དགེ་བ། །བདེ་བ་མྱོང་འགྱུར་དེ་ཡན་ཆད། །སྡུག་མིན་བདེ་མིན་མྱོང་འགྱུར་བ། །སྡུག་བསྔལ་མྱོང་འགྱུར་འདིའི་མི་དགེ། །ཞེས་དང༌། མཆིམས་མཛོད་༣༨༧ལས། འདོད་པ་ནས་བསམ་གཏན་གསུམ་པའི་བར་གྱི་དགེ་བ་ནི་བདེ་བ་མྱོང་བར་འགྱུར་བའི་ལས་ཞེས་བྱ་སྟེ། ས་དེ་དག་ན་ཚོར་བ་བདེ་བ་ཡོད་པའི་ཕྱིར་དང༌། དེ་ཡང་དགེ་བ་ཁོ་ན་ལས་སྐྱེས་པའི་ཕྱིར། བསམ་གཏན་གསུམ་པ་དེ་ཡན་ཆད་བསམ་གཏན་བཞི་བ་དང་གཟུགས་མེད་པ་དག་གི་དགེ་བ་ནི་སྡུག་བསྔལ་ཡང་མིན་བདེ་བའང་མིན་པ་བཏང་སྙོམས་མྱོང་བར་འགྱུར་བའི་ལས་ཏེ། ས་དེ་དག་ན་ཚོར་བ་དེ་དག་མེད་པའི་ཕྱིར་དང༌། བཏང་སྙོམས་ཡོད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད།མི་གཡོ་བའི་ལས་ཀྱི་དོན་ནི་རང་གི་རྣམ་སྨིན་ས་གཞན་དུ་མི་གཡོ་བའི་ལས་དེ་ཡིན་ཏེ། རྩ་བར། གང་ཕྱིར་ས་ནི་དེ་དག་ཏུ། །ལས་རྣམ་སྨིན་ཕྱིར་མི་གཡོའི་ཕྱིར། །ཞེས་དང༌། མཆིམས་མཛོད་༣༨༧ལས། འདིར་ནི་རྣམ་པར་སྨིན་པ་མི་གཡོ་བའི་ཕྱིར་བསམ་གཏན་དང་པོ་ལ་སོགས་པའང་མི་གཡོ་བར་བཤད་དོ། །ཇི་ལྟར་མི་གཡོ་ཞེ་ན། གང་གི་ཕྱིར་བསམ་གཏན་དང་གཟུགས་མེད་པའི་ལས་དགེ་བ་ནི་རྣམ་པར་སྨིན་པ་རང་རང་གི་ས་དག་ཏུ་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པའི་ཕྱིར་དང༌། ས་གཞན་དུ་རྣམ་པར་སྨིན་པ་མི་གཡོ་བའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། འདོད་པའི་ལས་ཆོས་ཅན། དེར་ཐལ། དེའི་ཕྱིར་ཟེར་ན། ལ་ལ་མི་གཡོ་བའི་ལས་ཀྱི་དོན་ཐོག་མར་རང་གི་གང་ཟག་གམ་རྣམ་སྨིན་གང་འཕེན་བྱེད་ཡིན་པ་ལས་གཞན་གང་ཟག་གམ་རྣམ་སྨིན་གཞན་དུ་མི་གཡོ་བ་དེ་ཡིན་ཏེ། མཆིམས་མཛོད་༣༨༧ལས། ༼ལུས་དང་ལོངས་སྤྱོད་དུ་འགྱུར་བའི་ལས་ལྷའི་ནང་དུ་སྨིན་པར་འགྱུར་པ་ནི་རེས་འགའ་ལས་དང་ཉོན་མོངས་དང་སྨོན་ལམ་ལ་སོགས་པའི་མཐུས་མི་དང་དུད་འགྲོ་དང་ཡི་དྭགས་རྣམས་སུ་སྨིན་པར་འགྱུར་བ་ཡོད་དེ།༽ ཞེས་པ་ནས་ལྷའི་ནང་དུ་མྱོང་བར་འགྱུར་བ་དེ་མི་དང་དུད་འགྲོ་དང་ཡི་དྭགས་ཀྱི་ནང་དུ་རྣམ་པར་སྨིན་པར་འགྱུར་བའི་ཕྱིར་རོ། །བསམ་གཏན་དང་པོ་ལ་སོགས་པ་ནི་ས་དེ་པའི་དགེ་བ་ས་དེ་དག་ཁོ་ནར་སྨིན་པའི་ཕྱིར་རྣམ་པར་སྨིན་པ་མི་གཡོ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ཡང་འདོད་མི་ནུས་ཏེ། འབྲས་བུ་ཆེ་བའི་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་གནས་གཙང་སྐྱེ་བ་འཕེན་བྱེད་ཀྱི་ལས་སུ་ཁ་བསྒྱུར་བ་ཡོད་པའི་ཕྱིར་ཟེར་ན་དཔྱད། གླང་བོ་ཆེ་ས་སྲུང་གི་སྐྱེ་བ་འཕེན་བྱེད་ཀྱི་ལས་ལ་དགེ་བ་ཡོད་པར་ཐལ། མཛོད་འགྲེལ་ཟླ་བའི་འོད་ཟེར་༡༨༡ལས། འདོད་ཁམས་ཀྱི་ལས་ནི་གཡོ་བ་ཡིན་ཏེ། ལྷར་སྐྱེ་བར་འགྱུར་བ་ཞིག་རྐྱེན་དབང་གིས་འགྲོ་བ་གཞན་དུ་འགྱུར་བ་ཡོད་པའི་ཕྱིར༷་ཏེ། དཔེར་ན་བྲམ་ཟེ་ཞིག་གིས་སྦྱིན་པ་བཏང་བས་ལྷར་སྐྱེ་འགྱུར་ཡིན་ནའང༌། གླང་ཆེན་མཛེས་པ་མཐོང་ནས་བདག་ཀྱང་འདི་ལྟ་བུ་ཐོབ་ན་སྙམ་པ་ལས་གླང་བོ་ཆེ་ས་སྲུངས་ཀྱི་བུར་སྐྱེས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། གླང་བོ་ཆེ་ས་སྲུང་དུད་འགྲོའམ་ངན་སོང་བ་གང་ཞིག ངན་སོང་སྐྱེ་བ་འཕེན་བྱེད་ཀྱི་དགེ་བ་མི་སྲིད་པའི་ཕྱིར་ཟེར་ན་དཔྱད། བསམ་གཏན་གསུམ་པ་མན་ཆད་ན་བཏང་སྙོམས་མྱོང་བར་འགྱུར་བ་མེད་པར་ཐལ། རྩ་བར། བསམ་གཏན་གསུམ་པའི་བར་དགེ་བ། །བདེ་བ་མྱོང་འགྱུར་དེ་ཡན་ཆད། །སྡུག་མིན་བདེ་མིན་མྱོང་འགྱུར་བ། །སྡུག་བསྔལ་མྱོང་འགྱུར་འདིའི་མི་དགེ །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། འདོད་པ་ན་ལས་གསུམ་གྱི་རྣམ་སྨིན་སྔ་ཕྱི་མེད་པར་དུས་ཅིག་ཆར་སྨིན་པ་ཡོད་པའི་ཕྱིར་ཏེ། རྩ་བར། སྔ་ཕྱི་མེད་གསུམ་སྨིན་འདོད་ཕྱིར། །ཞེས་དང༌། མཆིམས་མཛོད་༣༨༩ལས། ཡང་བསྟན་བཅོས་ལས་སྔ་ཕྱི་མེད་པར་ལས་གསུམ་གྱི་རྣམ་པར་སྨིན་པར་འདོད་པའི་ཕྱིར་ཡང་འོག་འདོད་པ་ན་ཡང་བཏང་སྙོམས་མྱོང་བར་འགྱུར་བའི་ལས་ཡོད་པར་ཤེས་ཏེ། ཞེས་པ་ནས། ལུང་གི་དོན་ཡང་བདེ་བ་མྱོང་བར་འགྱུར་བ་ནི་གཟུགས་སོ་ཞེས་བྱ་བ་ནི་མཐོ་རིས་ཀྱི་མིག་ལ་སོགས་པའོ། །ཞེས་པ་ནས། འདི་ཡང་དགེ་བ་སྟོབས་ཆུང་བའི་དབང་དུ་བྱས་པ་ཡིན་ཏེ། སྟོབས་ཆེན་སེམས་དང་སེམས་ལས་བྱུང་བའང་བདེ་བ་མྱོང་བར་འགྱུར་བའི་ཕྱིར་དང༌། མི་དགེ་བས་བདེ་བ་མྱོང་བར་འགྱུར་བ་མི་སྲིད་པའི་ཕྱིར་དང་ལུང་མ་བསྟན་ལ་རྣམ་སྨིན་མེད་པའི་ཕྱིར་རོ། །དེས་ན་འོག་ན་བཏང་སྙོམས་མྱོང་འགྱུར་གྱི་ལས་ཡོད་དེ། འདོད་པ་ལས་གཞན་ན་ལས་གསུམ་གྱི་རྣམ་སྨིན་སྔ་ཕྱི་མེད་པར་དུས་ཅིག་ཆར་སྨིན་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དགེ་འབྲས་ཡིན་ན་བདེ་བ་ཡིན་པས་ཁྱབ་ན་མཐོ་རིས་ཀྱི་མིག་གི་དབང་པོས་མ་ངེས་སམ། ཡང་གོང་གི་ལུང་དེ་ལས། འདི་ཡང་དགེ་བ་སྟོབས་ཆུང་བའི་དབང་དུ་བྱས་པ་ཡིན། ཞེས་དགེ་བ་སྟོབས་ཆུང་བའི་འབྲས་བུ་ལ་སྡུག་བསྔལ་མྱོང་བའི་དོན་ཡིན་ན་དགེ་བའི་འབྲས་བུ་སྡུག་བསྔལ་འབྱུང་བ་གནས་མ་ཡིན་པ་དང་འགལ་ལ། ཡང་དེ་ལས། ལས་གསུམ་གྱི་རྣམ་སྨིན་སྔ་ཕྱི་མེད་པར་དུས་ཅིག་ཆར་སྨིན། ཞེས་པས་བསྟན་པའི་རྣམ་སྨིན་སྔ་ཕྱི་མེད་པར་དུས་ཅིག་ཆར་སྨིན་ཚུལ་དང༌། དེ་ཡང་ལས་གསུམ་སོ་སོས་རྣམ་སྨིན་སོ་སོར་བསྐྱེད་པ་ལ་བྱེད་ན་དགེ་བ་སྟོབས་ཆུང་བའི་དབང་དུ་བྱས་ཞེས་ཟེར་དགོས་པའི་རྒྱུ་མཚན་གང་ཡིན་འཚོལ་བར་བྱའོ། །མྱོང་འགྱུར་གྱི་དབྱེ་བ་ལྔ་ཡོད་དེ། རྩ་བར། མྱོང་འགྱུར་རྣམ་པ་ལྔ་ཡིན་ནོ། །ཞེས་དང༌། མཆིམས་མཛོད་༣༩༠ལས།

གཉིས་པ་མྱོང་འགྱུར་གྱི་དབྱེ་བ།

གཉིས་པ་མྱོང་འགྱུར་གྱི་དབྱེ་བ་ནི།

གཞན་ཡང་མྱོང་བར་འགྱུར་བ་ནི་རྣམ་པ་ལྔ་ཡིན་ནོ་ཞེས་སྦྱར་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། མྱོང་འགྱུར་ལྔ་བོ་གང་རུང་ཡིན་ན་མྱོང་འགྱུར་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དམིགས་པར་གྱུར་བའི་མྱོང་འགྱུར་ཡིན་ན་མྱོང་འགྱུར་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། རྣལ་འབྱོར་བས་གཞན་གྱི་སྡུག་བསྔལ་རྟོགས་པའི་ཚེ་གཞན་གྱི་སྡུག་བསྔལ་མྱོང་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བདག་ཅག་གི་སྟོན་པས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་མྱོང་བར་ཐལ་ལོ་ཟེར་ན་དཔྱད། ལས་ལ་ངེས་པའི་ལས་དང་མ་ངེས་པའི་ལས་གཉིས་དང་ངེས་པའི་ལས་ལ་མཐོང་ཆོས་མྱོང་འགྱུར་སོགས་གསུམ་གྲངས་ངེས་པར་ཐལ།རྩ་བར། དེ་ཡང་ངེས་དང་མ་ངེས་དང༌། །མཐོང་བའི་ཆོས་ལ་སོགས་པ་ལ། །མྱོང་འགྱུར་ཕྱིར་ན་ངེས་རྣམ་གསུམ། །ཞེས་དང༌། རང་འགྲེལ་༣༧༨ལས། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་དང༌། སྐྱེས་ནས་མྱོང་བར་འགྱུར་བ་དང༌། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་སྟེ། ལས་རྣམ་པ་འདི་གསུམ་ངེས་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། གནས་སྐབས་མ་ངེས་ལ་རྣམ་སྨིན་ངེས་པའི་ལས་ཆོས་ཅན། དེ་གསུམ་གང་རུང་ཡིན་པར་ཐལ།ངེས་པའི་ལས་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེ་འདྲ་ཡོད་པའི་ཕྱིར་ཏེ། མཆིམས་མཛོད་༣༩༡ལས། དེ་ལ་གནས་སྐབས་ངེས་ལ་རྣམ་སྨིན་མྱོང་བར་འགྱུར་བ་མ་ངེས་པ་ནི་གལ་ཏེ་མྱོང་ན་མཐོང་བའི་ཆོས་ལ་མྱོང་འགྱུར་ལ་སོགས་པ་ཡིན་ལ་རྣམ་པར་སྨིན་པ་ནི་མ་ངེས་པ་ཡིན་ནོ། །རྣམ་པར་སྨིན་པ་ནི་ངེས་ལ་གནས་སྐབས་མ་ངེས་པ་ནི་རྣམ་སྨིན་ནི་གདོན་མི་ཟ་བར་མྱོང་ལ། མཐོང་བའི་ཆོས་ལ་སོགས་པ་མ་ངེས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ངེས་པའི་ལས་ཀྱི་དོན་ནི་རྣམ་སྨིན་མྱོང་ངེས་ཀྱི་ལས་ལ་བྱེད་དགོས་པའི་ཕྱིར་ཟེར་ན་དཔྱད། བྱེ་བྲག་སྨྲ་བའི་ལུགས་ལ་མཐོང་ཆོས་མྱོང་འགྱུར་གྱི་ལས་ལ་ལས་སྟོབས་ལྡན་དགོས་པར་ཐལ། ཞིང་དང་བསམ་པའི་ཁྱད་པར་ལ་བརྟེན་ནས་བསགས་པའི་ལས་སྟོབས་ལྡན་དགོས་པའི་ཕྱིར་ཏེ། རྩ་བར། མཐོང་ཆོས་འབྲས་བུ་ཅན་གྱི་ལས། །ཞིང་དང་བསམ་པའི་ཁྱད་པར་ལས། །ཞེས་དང༌། མཆིམས་མཛོད་༣༩༣ལས། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་འབྲས་བུ་ཅན་གྱི་ལས་ནི་ཞིང་གི་ཁྱད་པར་ལས་འགྱུར་བ་དང་བསམ་པའི་ཁྱད་པར་ལས་འགྱུར་བ་གཉིས་སོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་༣༩༡ལས། བྱེ་བྲག་སྨྲ་བ་ནི་ལས་ཀྱི་རང་བཞིན་ཐ་དད་པའི་ཕྱིར། མཐོང་ཆོས་ལ་མྱོང་བ་ནི་སྐྱེས་ནས་མྱོང་བ་ལ་སོགས་པ་མ་ཡིན་ཏེ། དཔེར་ན་ལྕམ་ལ་སོགས་པ་ཟླ་བ་ཕྱེད་དང་གཉིས་ན་འབྲས་བུ་སྨིན་པ་ནས་དང་གྲོ་ལ་སོགས་པ་ཟླ་བ་དྲུག་ན་སྨིན་པ་བཞིན་ནོ་ཞེས་བྱ་བར་འདོད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་རྩ་བར། ཐམས་ཅད་ན་ནི་འཕེན་པ་བཞི། །དམྱལ་བ་ན་ནི་དགེ་བའི་གསུམ། ཞེས་དང༌། མཆིམས་མཛོད་༣༩༡ལས།ཁམས་གསུམ་དང་ས་དགུ་དང་འགྲོ་བ་ལྔ་པོ་ཐམས་ཅད་ན་ནི་དགེ་མི་དགེའི་ལས་ཀྱི་འཕེན་པ་བཞི་ཅར་ཡོད་དོ་ཞེས་བྱ་བ་ནི་སྤྱིར་བཏང་བའོ། །དམིགས་ཀྱིས་བསལ་བ་ནི་དམྱལ་བ་ན་ནི་ལས་དགེ་བའི་སྐྱེས་ནས་མྱོང་འགྱུར་ལ་སོགས་པ་གསུམ་ཡོད་ཀྱི་མཐོང་ཆོས་ལ་མྱོང་བ་ནི་མེད་དེ། དེ་ན་རྣམ་སྨིན་ཡིད་དུ་འོང་བ་མེད་པའི་ཕྱིར་རོ། །ཞེས་གསུངས་པ་ལ་འགྲོ་བ་ལྔ་པོ་ན་དགེ་མི་དགེའི་ལས་ཀྱི་འཕེན་པ་བཞི་ཡོད་སྤྱིར་བཏང་དང་དེ་མེད་པ་དམིགས་བསལ་འགྲོ་ཚུལ་མེད་པར་ཐལ། ཀུན་དགའ་བོ་དགྲ་བཅོམ་ཡིན་པ་སྤྱིར་བཏང་དང་དེ་མིན་པ་དམིགས་བསལ་འགྲོ་ཚུལ་མེད་པ་བཞིན་ཡིན་པའི་ཕྱིར་ཟེར་ན་དཔྱད། ཡང་འདོད་ཆགས་དང་བྲལ་བའི་སོ་སྐྱེ་ནི་ས་དེར་སྐྱེས་ནས་མྱོང་འགྱུར་གྱི་ལས་མི་བསགས་ཏེ། རྩ་བར། གང་ལས་འདོད་ཆགས་བྲལ་བརྟན་པའི། །བྱིས་པ་དེར་སྐྱེས་མྱོང་མི་བྱེད། །འཕགས་པ་གཞན་དུ་མྱོང་མི་བྱེད། །འདོད་རྩེའི་མི་བརྟན་པ་ཡང་མིན། །ཞེས་དང༌། མཆིམས་མཛོད་༣༩༢ལས།འདོད་པ་ལ་སོགས་པའི་ས་གང་ལས་འདོད་ཆགས་དང་བྲལ་བ་བརྟན་པ་སྟེ་ཡོངས་སུ་མི་ཉམས་པའི་ཆོས་ཅན་གྱི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་འདོད་པ་ལ་སོགས་པའི་ས་དེར་སྐྱེས་ནས་མྱོང་བར་འགྱུར་བའི་ལས་མི་བྱེད་དེ། དེ་ནི་སྐྱེ་བ་ཕྱི་མ་ལ་སོགས་པ་ལ་ས་གོང་མ་ཁོ་ནར་སྐྱེ་བར་ངེས་པའི་ཕྱིར་རོ། །མཐོང་ཆོས་ལ་མྱོང་བ་ལ་སོགས་པ་གསུམ་ནི་བྱེད་དོ། །ཞེས་གསུངས་པ་ལ། ས་དེར་སྐྱེ་བའི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་མི་བསགས་པར་ཐལ། ཆགས་བྲལ་བརྟན་པ་ཡིན་པའི་ཕྱིར་ཟེར་ན་སྐབས་འདིའི་ཆགས་བྲལ་བརྟན་པ་ནི་ཚེ་དེར་ཆགས་བྲལ་ལས་མི་ཉམས་པའི་དོན་ཡིན་པར་སྣང་ངོ༌། །ཡང་འདོད་པར་སྐྱེས་ནས་མྱོང་འགྱུར་གྱི་ལས་རྒྱུད་ལྡན་ཞིག་གིས་འདོད་པ་ལ་ཆགས་བྲལ་བྱས་ནས་བརྟན་པ་ཡོད་མེད་དང༌། འདོད་པ་ལ་ཆགས་བྲལ་བརྟན་པའི་གང་ཟག་ཞིག་ཚེ་འཕོས་པ་ཡིན་ན་ཁམས་གོང་མར་སྐྱེ་བས་ཁྱབ་བ་ཡོད་དམ་ཅི། ཡོད་ན། འདོད་པ་ལ་ཆགས་བྲལ་བརྟན་པའི་བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་གང་ཟག་དེ་ཚེ་འཕོས་ཚེ་ཁམས་གང་དུ་སྐྱེ་བ་ཡིན་མིན་དང༌། དེ་འདྲ་ཡོད་པ་ནི། གང་སྤེལ་ལས། དབང་པོ་རྣོན་པོ་ཁོ་ན་རྣམ་པར་གྲོལ་བའི་ལམ་དགུ་བ་ལ་ཉེར་བསྡོགས་ནས་བསམ་གཏན་ལ་འཇུག་པར་ནུས་ཀྱི་རྟུལ་པོ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དབང་རྟུལ་ཡང་མཉམ་བཞག་ནས་བསམ་གཏན་གྱི་དངོས་གཞི་ལ་འཇུག་མི་ནུས་ཀྱང་རྗེས་ཐོབ་ཀྱི་སྐབས་སུ་དངོས་གཞི་ཐོབ་དགོས་སམ་དཔྱད། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ལ་སྤྱོད་པའི་བར་དོ་བ་ཆོས་ཅན། ཁྱོད་སྐྱེ་བ་ལེན་བྱེད་ཀྱི་ལས་དེ་མཐོང་ཆོས་མྱོང་འགྱུར་གྱི་ལས་ཡིན་པར་ཐལ། རྩ་བར། སྲིད་པ་བར་མ་འདོད་ཁམས་སུ། །འཕེན་པ་རྣམ་པ་ཉི་ཤུ་གཉིས། །དེ་ནི་མཐོང་ཆོས་འབྲས་བུ་ཡིན། །དེ་ནི་རིགས་གཅིག་ཁོ་ན་ཡིན། །ཞེས་དང༌། མཆིམས་མཛོད་༣༩༢ལས། ཇི་སྲིད་པ་བར་མ་ནའང་ལས་ཀྱི་འཕེན་པ་ཡོད་དམ་ཞེ་ན་ཡོད་དེ། འདོད་པའི་སྲིད་པ་བར་མ་ནི་འདོད་པའི་ཁམས་སུ་འཕེན་པ་རྣམ་པ་ཉི་ཤུ་རྩ་གཉིས་འཕེན་པར་བྱེད་དེ། ཞེས་པ་ནས། སྲིད་པ་བར་མ་རང་ཉིད་དུ་མྱོང་བར་ངེས་པ་དང་མ་ངེས་པ་གཉིས་སྤྱོད་པའི་ཕྱིར་རོ། །དེ་དག་ལས་མྱོང་བར་ངེས་པའི་ལས་བཅུ་གཅིག་པོ་དེ་དག་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་འབྲས་བུ་ཅན་ཞེས་བྱ་བའོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེ་ནི་སྐྱེས་ནས་མྱོང་འགྱུར་གྱི་ལས་ཡིན་པའི་ཕྱིར་ཏེ། རྩ་བར། དེ་ནི་འཕེན་པ་གཅིག་པའི་ཕྱིར། །སྔོན་དུས་སྲིད་བྱུང་ཤ་ཚུགས་ཅན། །ཞེས་དང༌། མཆིམས་མཛོད་༣༩༢ལས། ཅིའི་ཕྱིར་ཞེ་ན། སྲིད་པ་བར་མ་དང་དེའི་ངེས་པའི་འབྲས་བུ་གནས་སྐབས་བཅུ་གཅིག་པོ་དེ་དག་ནི་རིས་མཐུན་པ་གཅིག་ཁོ་ན་ཡིན་ཏེ། དེ་དག་ནི་སྐྱེས་ནས་མྱོང་འགྱུར་གྱི་ལས་གཅིག་ཁོ་ནས་འཕངས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། གཞན་ཡང་དེ་འདྲའི་བར་དོ་འཕེན་བྱེད་ཀྱི་ལས་དེ་མཐོང་ཆོས་མྱོང་འགྱུར་གྱི་ལས་ཡིན་ན་ཚེ་དེ་ལས་གཞན་དུ་མི་སྨིན་པ་ཞིག་དགོས་ཏེ། མཆིམས་མཛོད་༣༩༡ལས། སྐྱེས་ནས་མྱོང་འགྱུར་ལ་སོགས་པ་གསུམ་གྱིས་ནི་རིས་མཐུན་པའི་སྲོག་གི་དབང་པོ་འཕེན་པར་བྱེད་པ་སྲིད་ཀྱི་མཐོང་ཆོས་ལ་མྱོང་འགྱུར་གྱིས་ནི་མ་ཡིན་ཏེ། སྐྱེ་བ་དེའི་སྲོག་གི་དབང་པོ་ནི་སྔར་ཐོབ་ཟིན་པའི་ཕྱིར་དང༌། སྐྱེ་བ་གཞན་གྱིས་འཕེན་ན་མཐོང་ཆོས་ལ་མྱོང་འགྱུར་མ་ཡིན་པར་ཐལ་བའི་ཕྱིར་རོ། །བསོད་ནམས་བསགས་པས་ཚེ་སྲིང་བ་ལ་སོགས་པའང་བར་ཆད་སེལ་བ་ཙམ་དུ་ཟད་པའི་ཕྱིར་རོ། །རྣམ་སྨིན་ནི་བཞི་གའི་འཕེན་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ས་དེར་འདོད་ཆགས་དང་གཏན་དུ་བྲལ་ཚེ་ས་དེའི་མྱོང་བར་ངེས་པའི་ལས་དེ་མཐོང་བའི་ཆོས་ལ་དམིགས་པ་ཡིན་ཏེ། མཆིམས་མཛོད་༣༩༤ལས། ཡང་ན་འདོད་པ་ལ་སོགས་པའི་ས་དེའི་དགེ་མི་དགེ་ལས་འདོད་ཆགས་དང་གཏན་དུ་བྲལ་བའི་ཕྱིར་ཕྱིན་ཆད་དེར་མི་སྐྱེ་བས་ཡུལ་འཕོ་བ་ན་བུ་ལོན་པ་ལྡང་བ་ལྟར་ས་དེར་མྱོང་བར་ངེས་པའི་ལས་གཞན་གང་ཡིན་པ་དེའི་འབྲས་བུ་ནི་མཐོང་ཆོས་དེ་ཁོ་ན་ལ་མྱོང་བར་འགྱུར་རོ། །༼དེ་ཡང་སྔོན་བྱས་པའི་ལས་ཀྱི་འབྲས་བུ་འདིར་མྱོང་ན་མཐོང་ཆོས་ལ་མྱོང་བ་བཏགས་པ་བ་དང་འདིར་བྱས་པ་མྱོང་ན་མཚན་ཉིད་པའོ། །མྱོང་གྱུར་གྱི༽ལས་དེ་ཡང་ཅི་ལྟ་བུ་ཞེ་ན། དེ་ནི་གནས་སྐབས་མ་ངེས་ཀྱང་རྣམ་སྨིན་མྱོང་བར་གྱུར་བ་གང་ཡིན་པ་སྟེ། ཞེས་གསུངས་པའི་ཕྱིར། འདོད་ན།དེ་འདྲའི་གང་ཟག་གི་རྒྱུད་ཀྱི་ངན་སོང་མྱོང་འགྱུར་གྱི་ལས་དེ་མཐོང་ཆོས་སུ་མྱོང་ཚུལ་དང༌།དེ་ལྟར་ཆགས་པ་དང་གཏན་བྲལ་བྱེད་ཚེ་ཚེ་དེར་གསར་བསགས་ཀྱི་སྐྱེས་ནས་མྱོང་འགྱུར་དང་ལན་གྲངས་གཞན་ལ་མྱོང་འགྱུར་རྣམས་མཐོང་ཆོས་མྱོང་འགྱུར་གྱི་ལས་སུ་འགྱུར་བ་ཡིན་མིན་དཔྱད། དགྲ་བཅོམ་པ་ལ་ལས་ཀྱི་འབྲས་བུ་མྱོང་བ་མེད་པར་ཐལ། མཆིམས་མཛོད་༣༩༤ལས། ས་དེའི་ལས་མ་ངེས་པ་གང་ཡིན་པ་དེ་ནི་གཏན་དུ་འདོད་ཆགས་དང་བྲལ་བའི་ཕྱིར་ནམ་ཡང་མི་སྨིན་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། དགྲ་བཅོམ་པ་ལས་དབང་གིས་བསད་པའི་ཚད་མེད་ཀྱི་ལས་མེད་པར་ཐལ་ལོ་ཟེར་ན་མ་ངེས་པའི་ལས་ཀྱི་འབྲས་བུ་སྡུག་བསྔལ་མྱོང་བ་ཡོད་དམ་དཔྱད། མཐོང་ཆོས་མྱོང་འགྱུར་གྱི་ལས་བསགས་པའི་ཞིང་ལ་ཁྱད་པར་ཅན་ལ་འབྲས་གནས་ཐོག་མཐའ་གཉིས་ལས་བར་བ་གཉིས་མི་བཞག་པར་ཐལ། རྩ་བར། གང་དག་འགོག་བྱམས་ཉོན་མོངས་མེད། །མཐོང་དང་དགྲ་བཅོམ་འབྲས་ལངས་པ། །དེ་ལ་ཕན་གནོད་བྱས་པ་ཡི། །འབྲས་བུ་འཕྲལ་དུ་མྱོང་བར་འགྱུར། །ཞེས་དང༌། མཆིམས་མཛོད་༣༩༥ལས། མཐོང་ལམ་དང་དགྲ་བཅོམ་ལས་ལངས་པའི་རྒྱུད་ནི་མཐོང་སྤང་མ་ལུས་པར་སྤངས་པ་དང་སྒོམ་སྤང་མ་ལུས་པར་སྤངས་པས་གནས་འགྱུར་གསར་བ་ཐོབ་པས་དྲི་མ་མེད་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། འབྲས་གནས་བར་བ་གཉིས་དེར་མི་བཞག་པའི་རྒྱུ་མཚན་གང་ཡིན་འཚོལ་བར་བྱའོ། །བསམ་གཏན་ཁྱད་པར་ཅན་ན་ལུས་ཚོར་མེད་པར་ཐལ། རྩ་བར། རྣམ་པར་རྟོག་པ་མེད་པ་ཡི། །དགེ་བའི་ལས་ཀྱི་རྣམ་སྨིན་ནི། །སེམས་ཀྱི་ཚོར་བ་ཁོ་ན་འདོད། །མི་དགེ་བའི་ནི་ལུས་ཀྱི་ཡིན། །ཞེས་དང༌། མཆིམས་མཛོད་༣༩༥ལས། རྣམ་པར་རྟོག་པ་མེད་པའི་ས་བསམ་གཏན་ཁྱད་པར་ཅན་ནས་བཟུང་སྟེ་སྲིད་རྩེའི་བར་གྱི་དགེ་བའི་ལས་ཀྱི་རྣམ་སྨིན་ནི་སེམས་ཀྱི་ཚོར་བ་ཡིད་བདེ་དང་བཏང་སྙོམས་ཁོ་ན་ཡིན་པར་འདོད་དེ། ཞེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ། བསམ་གཏན་ཁྱད་པར་ཅན་ན་རྟོག་པ་དང་བྲལ་བའི་དབང་ཤེས་ཕྱི་མ་གསུམ་ཡོད་པའི་ཕྱིར་ཏེ། མཆིམས་མཛོད་མཆན་༧༩ལས། དངོས་གཞི་བསམ་གཏན་ཁྱད་པར་ཅན་གྱི་དབང་ཤེས་གསུམ་ནི་རྟོག་མེད་དཔྱད་ཙམ་མོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མི་དགེ་བའི་ལས་ཀྱི་འབྲས་བུའི་ཚོར་བ་ལ་ལུས་ཚོར་གྱིས་ཁྱབ་པར་ཐལ། རྩ་བར།མི་དགེ་བའི་ནི་ལུས་ཀྱི་ཡིན། །ཞེས་དང༌། མཆིམས་མཛོད་༣༩༥ལས། མི་དགེ་བའི་ལས་ཀྱི་རྣམ་སྨིན་ནི་ལུས་ཀྱི་ཚོར་བ་སྡུག་བསྔལ་ཁོ་ན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མི་དགེ་བའི་ལས་ཀྱི་རྣམ་སྨིན་དུ་གྱུར་བའི་འཆི་སེམས་ལུང་མ་བསྟན་ཡོད་པའི་ཕྱིར་ཏེ། གནས་གསུམ་པའི་རྩ་བར། འཆི་འཕོ་སྐྱེ་བ་བཏང་སྙོམས་ལ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། དམྱལ་བ་རྣམས་ནི་རྟག་ཏུ་རྣམ་པར་གཡེངས་བར་འགྱུར་བ་ཡིན་ཏེ། མཆིམས་མཛོད་༣༩༧ལས། དམྱལ་བ་རྣམས་ནི་ཚོར་བ་མི་བཟད་པས་ཉེན་པས་རེ་ཞིག་བདག་ཉིད་ཀྱང་མི་དྲན་ན་བྱ་བ་དང་བྱ་བ་མ་ཡིན་པ་ལྟ་ཅི་སྨོས་པས་རྟག་ཏུ་རྣམ་པར་གཡེངས་པ་དག་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དམྱལ་བ་ལ་དགེ་བ་སྒྲུབ་པ་ཡོད་པའི་ཕྱིར་ཏེ། རྩ་བར། ཐམས་ཅད་ན་ནི་འཕེན་པ་བཞི། །དམྱལ་བ་ན་ནི་དགེ་བའི་གསུམ། ཞེས་དང༌། མཆིམས་མཛོད་༣༩༡ལས། ཁམས་གསུམ་དང་ས་དགུ་དང་འགྲོ་བ་ལྔ་པོ་ཐམས་ཅད་ན་ནི་དགེ་མི་དགེའི་ལས་ཀྱི་འཕེན་པ་བཞི་ཅར་ཡོད་དོ་ཞེས་བྱ་བ་ནི་སྤྱིར་བཏང་བའོ། །དམིགས་ཀྱིས་བསལ་བ་ནི་དམྱལ་བ་ན་ནི་ལས་དགེ་བའི་སྐྱེས་ནས་མྱོང་འགྱུར་ལ་སོགས་པ་གསུམ་ཡོད་ཀྱི་མཐོང་ཆོས་ལ་མྱོང་བ་ནི་མེད་དེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། སེམས་གཡེང་བ་རྣམ་སྨིན་མ་ཡིན་པའི་རྒྱུ་མཚན་མི་དགེ་བའི་ལས་ལས་དངོས་སུ་མ་སྐྱེས་པའི་རྒྱུ་མཚན་གྱིས་ཡིན་ཏེ། མཆིམས་མཛོད་༣༩༧ལས། འབྱུང་བ་རྣམས་ནི་ལས་མི་དགེ་བ་ལས་སྐྱེས་པས་རྣམ་སྨིན་ཡིན་ལ་སེམས་གཡེང་བ་ནི་འབྱུང་བ་རྣམ་སྨིན་དེ་དག་ལས་སྐྱེས་པས་ལས་ཀྱི་བདག་འབྲས་ཡིན་གྱི་མི་དགེ་བའི་ལས་ལས་དངོས་སུ་སྐྱེས་པ་མ་ཡིན་པས་རྣམ་སྨིན་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྣམ་སྨིན་ཡིན་ན་རྣམ་སྨིན་གྱི་དོན་མེད་པས་ཁྱབ་པར་ཐལ། དེ་ཡིན་ན་མི་དགེ་བའི་ལས་ལས་དངོས་སུ་མ་བྱུང་བའི་ཁྱབ་པའི་ཕྱིར་ཏེ། རྩ་བར། གཅིག་ནི་འདས་པས་འབྱིན་པར་འགྱུར། །ཞེས་དང༌། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང༌། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། འདོད་པའི་དགེ་བ་ཡིན་ན་དཀར་ནག་འདྲེས་མའི་ལས་ཡིན་པས་ཁྱབ་པར་ཐལ། མཆིམས་མཛོད་༣༩༨ལས། ལས་མི་དགེ་བ་ཉིད་ནི་རིམ་པ་བཞིན་དུ་ཁྱད་པར་མེད་པ་ཉོན་མོངས་ཅན་ཡིན་པས་ལས་གནག་ལ་འབྲས་བུ་རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པས་རྣམ་སྨིན་གནག་པ་དང༌། གཟུགས་སུ་གཏོགས་པའི་དགེ་བ་ནི་རིམ་པ་བཞིན་དུ་མི་དགེ་བ་དང་མ་འདྲེས་པས་ལས་དཀར་བ་དང་འབྲས་བུ་ཡིད་དུ་འོང་བས་རྣམ་སྨིན་དཀར་བ་དང༌། འདོད་པར་གཏོགས་པའི་དགེ་བ་ཉིད་ནི་རིམ་པ་བཞིན་དུུ་མི་དགེ་བ་དང་འདྲེས་པས་ལས་ཀྱང་དཀར་གནག་འདྲེས་མ་ལ་རྣམ་སྨིན་ཡང་ཡིད་དུ་འོང་མི་འོང་འདྲེས་མར་འབྱུང་བས་དཀར་གནག་གཉིས་ཀའི་ལས་ཞེས་བྱ་སྟེ། དེ་ཡང་རྒྱུད་ཀྱི་སྒོ་ནས་འདྲེས་པ་ཡིན་གྱི་ལས་ཀྱི་ངོ་བོ་གཅིག་ལ་དཀར་གནག་འདྲེས་པ་ནི་མེད་དེ་འགལ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཕྱིར་མི་འོང་གི་རྒྱུད་ཀྱི་འདོད་པའི་དགེ་བ་ཆོས་ཅན། དཀར་གནག་འདྲེས་མའི་ལས་ཡིན་པར་ཐལ། འདོད་པའི་དགེ་བའི་ལས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེ་དཀར་གནག་འདྲེས་མ་ཡིན་ཚུལ་མེད་པའི་ཕྱིར་ཟེར་བ་དང༌། ཡང་རྒྱུད་གཅིག་ལ་ནག་པོ་མི་དགེ་བ་ལྡན་པའི་དགེ་བའི་ལས་ཡིན་ན་དཀར་གནག་འདྲེས་མའི་ལས་ཡིན་པས་ཁྱབ་པར་ཐལ། འདོད་པའི་དགེ་བ་དེ་རང་གི་ངོ་བོ་དཀར་ཡང་དེ་རྒྱུད་ལ་ལྡན་པའི་གང་ཟག་དེའི་རྒྱུད་ལ་མི་དགེ་བ་ལྡན་པའི་རྒྱུ་མཚན་གྱིས་དཀར་གནག་འདྲེས་མའི་ལས་སུ་བཞག་པའི་ཕྱིར། རྟགས་གོང་གི་ལུང་གིས་གྲུབ། འདོད་ན། ཞི་གནས་ཐོབ་མ་ཐག་པའི་གང་ཟག་དེའི་རྒྱུད་ཀྱི་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་དགེ་བ་དེ་ཆོས་ཅན། དཀར་གནག་འདྲེས་མའི་ལས་ཡིན་པར་ཐལ། དེ་རྒྱུད་ལྡན་གྱི་གང་ཟག་དེའི་རྒྱུད་ལ་མི་དགེ་བ་ལྡན་པ་གང་ཞིག ཁྱོད་དགེ་བའི་ལས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་དཀར་པོའི་ལས་སུ་འཇོག་དགོས་པའི་ཕྱིར་ཏེ། གཟུགས་སུ་གཏོགས་པའི་དགེ་བ་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་བར། མི་དགེ་གཟུགས་དང་འདོད་གཏོགས་པའི། །དགེ་བ་ཉིད་ནི་རིམ་བཞིན་དུ། །གནག་དང་དཀར་དང་གཉིས་ཀའི་ལས། །དེ་ཟད་བྱེད་པ་ཟག་མེད་ཡིན། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། ཡང་དགེ་བའི་ལས་དང་མ་སྒྲིབ་ལུང་མ་བསྟན་གང་རུང་ཡིན་ན་དཀར་ཆོས་ཡིན་མི་དགོས་པར་ཐལ། དཀར་ནག་སོ་སོའི་དོན་བཞག་ཚུལ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་༣༩༩ལས། བསྟན་བཅོས་རབ་ཏུ་བྱེད་པའི་རྐང་བ་ལས་ཀྱང༌། ཆོས་དཀར་པོ་རྣམས་གང་ཞེ་ན། དགེ་བའི་ཆོས་རྣམས་དང་མ་སྒྲིབ་ལ་ལུང་དུ་མ་བསྟན་པ་རྣམས་ཡིན་ནོ་ཞེས་གསུངས་པའི་ཕྱིར་གཅིག་ཏུ་དཀར་བ་ནི་ཟག་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པ་ཡིན་ནོ། །དེ་ལ་མ་སྒྲིབ་ལུང་མ་བསྟན་ནི་ཉོན་མོངས་ཅན་མ་ཡིན་པས་དཀར་བའོ། །སློབ་དཔོན་གང་སྤེལ་གྱིས་ཀྱང་དཀར་བ་ནི་རྣམ་པ་གཉིས་ཏེ། རང་བཞིན་གྱིས་དཀར་བ་དང༌། རྣམ་པར་སྨིན་པས་དཀར་བའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ནག་པོ་ཟད་བྱེད་ཀྱི་བར་ཆད་མེད་ལམ་ལ་བཅུ་གཉིས་ལས་གཞན་མེད་པར་ཐལ། མཛོད་འགྲེལ་གནད་སྒྲོན་ལས། ཆོས་བཟོད་འདོད་ཆགས་བྲལ་བ་ཡི། །བར་ཆད་མེད་ལམ་བརྒྱད་ཀྱི་གང༌། །སེམས་པ་རྣམ་པ་བཅུ་གཉིས་ཏེ། །ནག་པོ་ཟད་པར་བྱེད་པའི་ལས། །མཐོང་བའི་ལམ་ལ་ཆོས་ཤེས་པའི་བཟོད་པ་བཞི་དང༌། འདོད་པ་ལས་འདོད་ཆགས་དང་བྲལ་བ་ལ་བར་ཆད་མེད་པའི་ལམ་བརྒྱད་ཀྱི་སེམས་པ་གང་ཡིན་པ་སྟེ། རྣམ་པ་བཅུ་གཉིས་པོ་དེ་དག་ནི་ནག་པོའི་ལས་ཟད་པར་བྱེད་པའི་ལས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། འདོད་ཉོན་དགུ་བའི་དངོས་གཉེན་བར་ཆད་མེད་ལམ་ཆོས་ཅན། ནག་པོ་ཟད་པར་བྱེད་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ནག་པོ་སྐོར་དགུའི་ཆུང་ངུའི་ཆུང་ངུ་གཉེན་པོའམ་འདོད་པའི་ཉོན་མོངས་པ་སྤོང་བྱེད་ཡིན་པའི་ཕྱིར། འདོད་ན། ནག་པོ་ཟད་བྱེད་ལ་བཅུ་གསུམ་དུ་འགྱུར་རོ་ཟེར་ན་དཔྱད།མཛོད་འགྲེལ་གནད་སྒྲོན་ལས། དགུ་པའི་སེམས་པ་གང་ཡིན་པ། །དེ་ནི་དཀར་ནག་ཟད་བྱེད་ཡིན། །འདོད་པ་ལས་འདོད་ཆགས་དང་བྲལ་བ་ལ་བར་ཆད་མེད་པའི་ལམ་དགུ་པོའི་སེམས་པ་གང་ཡིན་པ་དེ་ནི་དཀར་གནག་གི་ལས་དང༌། ནག་པོ་དཀར་བ་མ་ཡིན་པའི་རྣམ་པ་དགུ་པོ་སྤོང་བར་བྱེད་དོ། །ཞེས་གསུངས་པ་ལྟར་དཀར་ནག་ཟད་བྱེད་ལ་བར་ཆད་མེད་ལམ་གཅིག་ལས་གཞན་མི་འཇོག་པར་ཐལ། མཆིམས་མཛོད་༤༠༠ལས། འདོད་པ་ལས་འདོད་ཆགས་བྲལ་བར་བྱེད་པའི་སྒོམ་ལམ་བར་ཆད་མེད་པའི་ལམ་དགུ་པའི་སེམས་པ་གང་ཡིན་པ་དེ་ནི་དཀར་གནག་འདྲེས་པའི་ལས་ཟད་པར་བྱེད་པ་ཡིན་ཏེ། དེ་ནི་འདོད་པའི་དགེ་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །བར་ཆད་མེད་པའི་ལམ་སྔ་མ་དག་ནི་འདོད་པའི་དགེ་བའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་ཞིབ་པར་གཞུང་དེར་བལྟ་བར་བྱའོ། །མི་སློབ་པའི་ལུས་ངག་ཡིད་གསུམ་ཐུབ་པ་ཡིན་པར་ཐལ། རྩ་བར།མི་སློབ་ལུས་དང་ངག་ཡིད་ཉིད། །ཐུབ་པའི་གསུམ་སྟེ་གོ་རིམ་བཞིན། །ཞེས་གསུངས་པའི་ཕྱིར། འདོད་ན། མི་སློབ་པའི་ཡིད་ལས་ཐུབ་པ་ཡིན་པར་ཐལ། དེའི་ཡིད་ཐུབ་པ་གང་ཞིགདེ་གཉིས་དེ་ཡིན་པར་མཚུངས་དགོས་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་༤༠༢ལས། མི་སློབ་པའི་ཡིད་ཉིད་ཐུབ་པ་ཡིན་གྱི་ཡིད་ཀྱི་ལས་ནི་ཐུབ་པ་མ་ཡིན་ནོ། །ཞེས་དང༌།སྒོ་གསུམ་གྱི་དགེ་བ་དང་ཉོན་མོངས་པ་ཐམས་ཅད་སྤོང་བའི་སེམས་པ་ཉིད་ཐུབ་པ་གསུམ་ཡིན་ལ་དེ་ནི་ལུས་ངག་གི་རིག་བྱེད་ཀྱིས་དཔག་པར་བྱ་བ་ཡིན་ནོ། །ཞེས་པ་ནས། སློབ་པ་དང་སོ་སོའི་སྐྱེ་བོ་དག་ནི་ཐུབ་པ་མ་ཡིན་ཏེ། ཉོན་མོངས་པ་ཐམས་ཅད་སྤངས་པ་མ་ཡིན་པའི་ཕྱིར་རོ། །དགྲ་བཅོམ་པ་རྣམས་ཀྱིས་ནི་སྤངས་པའི་ཕྱིར་ཐུབ་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ངག་གི་མི་དགེ་བ་ཡིན་ན་ངག་གི་མི་དགེ་བ་བཞི་བོ་གང་རུང་ཡིན་པས་ཁྱབ་པར་ཐལ། མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར་ཟེར་ན། མ་གྲུབ་སྟེ། མཆིམས་མཛོད་༤༠༤ལས། དགེ་མི་དགེ་རགས་ཙམ་ཞིག་བསྡུས་ཀྱི་ཐམས་ཅད་མ་ཡིན་པའི་ཕྱིར་ཅི་རིགས་པར་ཞེས་སྨོས་སོ། །ཞེས་པ་ནས། ངག་གི་ལས་ཆུང་བ་དག་ཀྱང་མ་བསྡུས་ལ། ཞེས་པ་ནས། ངག་གིས་སྙན་པར་སྨྲ་བ་དང་བསྟོད་པ་ལ་སོགས་པ་དང༌། ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་དེ་དག་གིས་མ་བསྡུས་པའི་ངག་གི་ལས་ཆུང་བའི་མཚན་གཞི་གང་འཇོག་པ་དང༌། ངག་གི་སྙན་པར་སྨྲ་བ་ནི་ཚིག་རྩུབ་སྤངས་པའི་དགེ་བ་ཡིན་མིན་ལ་དཔྱད། ལུས་ངག་གི་ལས་བདུན་རང་གི་བྱེད་ན་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་སུ་འགྱུར་བ་ཡིན་པར་ཐལ། རྩ་བར། དེ་དག་ཀྱང༌། བྱེད་ན་དགེ་བ་བདུན་རྣམ་གཉིས། །ཞེས་དང༌། མཆིམས་མཛོད་༤༠༥ལས། འདོད་ལོག་གཅིག་པུ་ནི་རང་ཉིད་ཀྱི་རིག་བྱེད་དང་རིག་བྱེད་མ་ཡིན་པ་རྣམ་པ་གཉིས་ཀ་ཡིན་ཏེ། ཞེས་པ་ནས། སྲོག་གཅོད་པ་ལ་སོགས་པ་ལས་ཀྱི་ལམ་དྲུག་པོ་དེ་དག་ཀྱང་བདག་ཉིད་ཀྱིས་བྱེད་ཅིང་དུས་དེ་ཉིད་ཀྱི་ཚེ་ཤི་བ་ལ་སོགས་པར་གྱུར་ན་རིག་བྱེད་དང་རིག་བྱེད་མ་ཡིན་པ་རྣམ་པ་གཉིས་ཀར་འགྱུར་རོ། །ཞེས་པ་ནས། བསྣུན་པ་གང་གིས་དངོས་སུ་སྲོག་གཅོད་པར་བྱེད་པ་དེའི་ཚེ་རིག་བྱེད་དང་རིག་བྱེད་མ་ཡིན་པའི་སྐད་ཅིག་མ་ནི་ལས་ཀྱི་ལམ་དངོས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་མི་རིགས་པར་ཐལ། དངོས་གཞི་ལ་རིག་མིན་ལས་གཞན་རིག་བྱེད་མེད་པའི་ཕྱིར་ཏེ། རང་འགྲེལ་ལས། དངོས་ཀྱི་རྣམ་པ་རིག་བྱེད་མེད་པའི་ཕྱིར་གདོན་མི་ཟ་བར་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ཡིན་ནོ། །ཞེས་དང༌། རྒྱལ་སྲས་མ་ལས། དངོས་ཀྱི་རྣམ་པར་རིག་བྱེད་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའི་དངོས་ཀྱི་ལས་ཀྱི་ལམ་གྱིས་བསྡུས་པའི་རྣམ་པར་རིག་བྱེད་ནི་མེད་ཀྱི། བསྒོ་བར་བྱེད་པའི་རྣམ་པར་རིག་བྱེད་སྦྱོར་བའི་བསྡུས་པ་ནི་ཡོད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། སྲོག་གཅོད་ཀྱི་ལས་དེ་ལུས་ཀྱི་ལས་མ་ཡིན་པར་ཐལ། སྲོག་གཅོད་ཀྱི་ལས་ལ་ལུས་ལས་ཀྱིས་མ་ཁྱབ་པའི་ཕྱིར་ཏེ། མཆིམས་མཛོད་༤༡༥ལས། གལ་ཏེ་སྲོག་གཅོད་ལུས་ཀྱི་ལས་ཁོ་ན་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཡིད་དང་ངག་གིས་ཀྱང་བྱེད་པའི་ཕྱིར་ཏེ། དང་པོ་ནི། ཉི་ཤུ་པ་ལས་དྲང་སྲོང་ཁྲོས་པས་དན་ཏ་ཀའི་དགོན་པ་ཇི་ལྟར་སྟོངས་པར་འགྱུར་ཞེས་ཁྱིམ་བདག་ཉེ་བར་འཁོར་གྱི་མདོ་ལས། དྲང་སྲོང་རྣམས་ཀྱི་ཡིད་རབ་ཏུ་ཁྲོས་པས་དན་ད་ཀ་དང་ཀ་ལིང་ཀ་དང་མ་ཏང་ཀའི་དགོན་པའི་སྐྱེ་བོ་རྣམས་ཤི་བར་གསུངས་པའི་ཕྱིར་དང༌། གཉིས་པ་ནི་གཞན་ལ་བསྒོ་ནས་གསོད་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་རྫུན་ངག་གི་ལས་ཁོ་ན་ཡིན་ནམ་ཞེ་ན་མ་ཡིན་ཏེ། ལུས་དང་ཡིད་ཀྱིས་ཀྱང་བྱེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ལུས་ཀྱི་ལས་གསུམ་གཞི་གྲུབ་པའི་ཕྱིར་ཟེར་ན་དྲང་སྲོང་ཡིད་ཁྲོས་པས་ཕ་རོལ་བོ་ཤི་བ་ཡིད་ལས་ཡིན་ཚུལ་ལ་དཔྱད། ཡེ་ཤེས་ཁོང་ཆུད་ཀྱི་བསྙེན་པར་རྫོགས་པའི་སྡོམ་པ་ལ་རྣམ་རིག་ཡོད་པར་ཐལ། རྩ་བར། མི་དགེ་དྲུག་ནི་རྣམ་རིག་མིན། །གཅིག་རྣམ་གཉིས་སོ་དེ་དག་ཀྱང༌། །བྱེད་ན་དགེ་བ་བདུན་རྣམ་གཉིས། །ཞེས་གསུངས་པའི་ཕྱིར་ཟེར་ན་དགེ་མི་དགེའི་ལས་ལམ་དངོས་གཞི་ལ་རིག་བྱེད་དང་རིག་མིན་གཉིས་མེད་པར་ཐལ། རང་འགྲེལ་ལས། དངོས་ཀྱི་རྣམ་པར་རིག་བྱེད་མེད་པའི་ཕྱིར་གདོན་མི་ཟ་བར་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ཡིན་ནོ། །ཞེས་དང༌། རྒྱལ་སྲས་མ་ལས།དངོས་ཀྱི་རྣམ་པར་རིག་བྱེད་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་ནི་དངོས་ཀྱི་ལས་ཀྱི་ལམ་གྱིས་བསྡུས་པའི་རྣམ་པར་རིག་བྱེད་ནི་མེད་ཀྱི། བསྒོ་བར་བྱེད་པའི་རྣམ་པར་རིག་བྱེད་སྦྱོར་བས་བསྡུས་པ་ནི་ཡོད་དོ། །ཞེས་བྱ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྲོག་གཅོད་ཀྱི་ལས་ཀྱི་དངོས་གཞི་ལ་རིག་བྱེད་དང་རིག་མིན་གཉིས་འཇོག་པའི་ཕྱིར་ཏེ། རྩ་བར། དགེ་བ་བདུན་རྣམ་གཉིས། །ཞེས་དང༌། མཆིམས་མཛོད་༤༠༥ལས། བསྣུན་པ་གང་གིས་དངོས་སུ་སྲོག་གཅོད་པར་བྱེད་པ་དེའི་ཚེ་རིག་བྱེད་དང་རིག་བྱེད་མ་ཡིན་པའི་སྐད་ཅིག་མ་ནི་ལས་ཀྱི་ལམ་དངོས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་སྲོག་གཅོད་པའི་ལས་ཀྱི་དངོས་གཞིའི་མཚན་གཞི་ཕ་རོལ་བོའི་སྲོག་དབང་འགག་པ་དང་དུས་མཉམ་པའི་རིག་བྱེད་དང་རིག་བྱེད་མ་ཡིན་པའི་སྲོག་གཅོད་ཀྱི་ལས་ལམ་དངོས་གཞི་གང་ཡིན་ཞིབ་པར་དཔྱད། ཡང་ཡིད་ལས་གསུམ་ལ་སྦྱོར་འཇུག་མེད་པར་ཐལ། མཆིམས་མཛོད་༤༠༦ལས། བརྣབ་སེམས་ལ་སོགས་པ་གསུམ་ནི་མངོན་དུ་གྱུར་པ་ཙམ་གྱིས་དངོས་གཞིར་འགྱུར་བའི་ཕྱིར་སྦྱོར་བ་དང་མཇུག་མེད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། འཁོར་བསྒྱུར་ལ་མི་དགེ་བའི་ལས་མེད་པར་བཤད་དཀའ་བར་ཐལ། འཁོར་བསྒྱུར་ལ་ཕ་རོལ་དབང་དུ་འདུ་བའི་ཕྱིར་གཡུལ་བཤམས་པ་ཡོད་པའི་ཕྱིར་ཏེ། རྩ་བར། ཕས་བསུ་རང་འགྲོ་གཡུལ་བཤམས་དང༌། །མཚོན་བརྩམས་པས་རྒྱལ་གནོད་པ་མེད། །ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་སྲོག་གཅོད་པའི་ལས་ཡིན་ན་ཞེ་སྡང་གིས་མཐར་ཕྱིན་པར་བྱེད་པས་ཁྱབ་བར་ཐལ། རྩ་བར། གསོད་དང་གནོད་སེམས་ཚིག་རྩུབ་བོ། །ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། །ཅེས་གསུངས་པའི་ཕྱིར། འདོད་ན།ཤ་ལ་ཆགས་པའི་དབང་གིས་སྲོག་གཅོད་པ་དང་དགེ་སློང་མ་སྐྱོང་མའི་ཆོམ་རྐུན་དྲུག་ཅུ་བསད་པ་རེ་རེ་ནས་ཆོས་ཅན། དེར་ཐལ། དེའི་ཕྱིར་ཟེར་ན་དཔྱད། ཡང་ལོག་གཡེམ་ཡིན་ན་ཆགས་པས་རྫོགས་པས་ཁྱབ་་བར་ཐལ། རྩ་བར། ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། །ཆགས་པ་ཡིས་ནི་རྫོགས་པར་བྱེད། །ཅེས་གསུངས་པའི་ཕྱིར། འདོད་ན། དེ་ལ་ཞེ་སྡང་གི་དབང་གིས་རྫོགས་པ་ཡོད་མེད་དཔྱད། རྫུན་ཚིག་ཡིན་ན་ངག་གི་ལས་ལམ་ཡིན་པས་ཁྱབ་བ་ཡོད་པར་ཐལ། རྫུན་དེ་ངག་གི་ལས་ལམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ།དེ་ལ་ལུས་ལས་དང་ཡིད་ལས་ཡོད་པའི་ཕྱིར་ཏེ། མཆིམས་མཛོད་༤༡༥ལས། རྫུན་ངག་གི་ལས་ཁོ་ན་ཡིན་ནམ་ཞེ་ན་མ་ཡིན་ཏེ། ལུས་དང་ཡིད་ཀྱིས་ཀྱང་བྱེད་པའི་ཕྱིར་ཏེ། དང་པོ་ནི་ཡོད་པ་ལ་ལུས་ཀྱིས་མེད་པའི་བརྡ་བྱེད་པ་ལ་སོགས་པའི་ཕྱིར་དང༌། གཉིས་པ་ནི་སོ་སོ་ཟང་པ་ལས་གསོ་སྦྱོང་བྱེད་པ་ན་ལྟུང་བ་ཡིད་ལ་དྲན་བཞིན་དུ་མི་མཐོལ་ན་དེ་ཤེས་བཞིན་དུ་རྫུན་སྨྲ་བ་ཡིན་ནོ་ཞེས་འདུལ་བ་འཛིན་པས་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་གྱི་བར་དུ་དྲིས་པ་ན། གལ་ཏེ་དགེ་སློང་འགའ་ཞིག་ལྟུང་བ་ཡོད་བཞིན་དུ་འཆགས་པར་མི་བྱེད་པར་ཅང་མི་སྨྲ་བར་འདུག་པར་བྱེད་ན་རྫུན་དུ་སྨྲ་བར་འགྱུར་བར་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ལུས་ངག་གི་རིག་བྱེད་མེད་ཀྱང་སྲོག་གཅོད་དང་རྫུན་དུ་སྨྲ་བ་ཡོད་དོ། །ཞེས་བྱེ་བྲག་སྨྲ་བ་རྣམས་ཟེར་རོ། །ཞེས་གསུངས་པའི་ཕྱིར།འོ་ན་རྫུན་ཚིག་ལ་ཚིག་དོན་མངོན་པར་གོ་བ་ཞིག་མི་དགོས་པར་ཐལ། དེ་ལ་ཡིད་ལས་སོགས་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། རྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། རྫུན་ངག་བཀྱལ་ཡིན་པར་ཐལ། རྩ་བར། ཉོན་མོངས་ཅན་ཀུན་བཀྱལ་པ་ཉིད། །ཅེས་དང༌། སེམས་ཉོན་མོངས་ཅན་གྱིས་ཀུན་ནས་བསླང་བའི་རྫུན་ལ་སོགས་པའི་ཚིག་ཀུན་ནི་ངག་ཀྱལ་བ་ཉིད་ཡིན་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། རྫུན་སོགས་ངག་བཀྱལ་ལས་ལོགས་སུ་བཞག་མི་དགོས་པར་ཐལ། དེ་དག་ངག་བཀྱལ་ནང་དུ་འདུ་བའི་ཕྱིར་ཟེར་ནས་རྩོད་པ་སྤྲོ་བར་བྱའོ། །སྔར་ཅུང་ཟད་བཤད་ཟིན་མོད་ལོག་ལྟས་གཅད་བྱའི་དགེ་རྩ་ལ་སྐྱེས་ཐོབ་དགེ་བ་ལས་གཞན་མེད་པར་ཐལ། མཆིམས་མཛོད་༤༡༩ལས། དགེ་བའི་རྩ་བ་གང་གཅོད་ཅེ་ན།འདོད་པར་གཏོགས་པའི་སྐྱེས་ནས་ཐོབ་པ་རྣམས་ཏེ། ཞེས་སྐྱེས་ཐོབ་དགེ་བ་ལས་སྦྱོར་བྱུང་དགེ་བ་མ་བཞག་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། སྦྱོར་བྱུང་དགེ་བ་ལས་སོ་ཐར་གྱི་སྡོམ་པ་གཅོད་པ་གང་ཞིག འདོད་པའི་དགེ་བ་སྦྱོར་བྱུང་ཡང་ལོག་ལྟ་ཆུང་ངུ་སྐྱེས་ཙམ་ནས་གཅོད་པའི་ཕྱིར། རྟགས་སྔ་ཕྱི་རེ་རེ་ནས་གྲུབ་སྟེ། རྩ་བར། རྩ་བ་ཆད་དང་མཚན་ལས་འདས། །སོ་སོ་ཐར་བའི་སྡོམ་པ་གཏོང༌། །ཞེས་དང༌། མཆིམས་མཛོད་༤༡༩ལས། དགེ་བ་གཅོད་པའི་ལོག་ལྟ་ཅན་ལ་གཟུགས་དང་གཟུགས་མེད་ཁམས་གོང་མ་གཉིས་ཀྱི་དགེ་བ་མི་ལྡན་པའི་ཕྱིར་དང༌། འདོད་པའི་སྦྱོར་བྱུང་གི་དགེ་བ་ནི་ལོག་ལྟ་ཆུང་ངུ་སྐྱེས་པའི་དུས་སུ་ཉམས་ཟིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ལྷས་སྦྱིན་དགེ་རྩ་ཆད་པའི་གང་ཟག་ཡིན་པར་ཐལ། མཆིམས་མཛོད་༤༢༡ལས། འདིར་དགེ་རྩ་ཆད་ལ་ལོག་པ་ཉིད་དུ་ངེས་པ་ལ་མུ་བཞི་ལས། མུ་དང་པོ་ནི་འོད་སྲུངས་རྫོགས་བྱེད་དང༌། །ཀུན་ཏུ་རྒྱུ་གནག་ནས་ཀྱི་བུ་དང༌། སྨྲ་འདོད་ཀྱི་བུ་མོའི་ཡང་དག་རྒྱལ་བ་ཅན་དང༌། ཞེས་པ་ནས།གཉིས་པ་ནི་མ་སྐྱེས་དགྲའོ། །གསུམ་པ་ནི་ལྷས་སྦྱིན་ནོ། །བཞི་བ་ནི་དེ་དག་མ་གཏོགས་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ལྷས་སྦྱིན་དགེ་སློང་མ་ཡིན་པར་ཐལ། དགེ་རྩ་ཆད་པར་འདོད་པའི་ཕྱིར། འདོད་མི་ནུས་ཏེ། ལྷས་སྦྱིན་དགེ་འདུན་དབྱེན་འབྱེད་པ་པོ་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་བར། དགེ་སློང་ལྟ་སྤྱོད་ཚུལ་ལྡན་པས། །འབྱེད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ཡང་མི་རིགས་པར་ཐལ། ལྷས་སྦྱིན་མཚམས་མེད་ཀྱི་ལས་བསགས་མཁན་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་བར། འཕགས་དང་མཚམས་མེད་བྱེད་པ་དག །ཡང་དག་ལོག་པ་ཉིད་དུ་ངེས། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། རྩ་བར། མི་དགེ་བརྒྱད་ཀྱི་བར་དག་དང༌། །སེམས་པ་ཅིག་ཆར་ལྷན་ཅིག་འབྱུང༌། །ཞེས་དང༌། ཞུ་བ་ལས། གཅིག་ལ་མཐར་གྱུར་པ་བཞི་ཡང་འབྱུང༌། །ཞེས་དང༌། འོད་ལྡན་ལས། དེ་ནི་ལས་ཀྱི་ལམ་རྣམས་གཅིག་ཆར་རྫོགས་པ་ལ་དགོངས་པ་ཡིན་ཏེ། རིམ་གྱིས་ན་ནི་ཉེས་བྱས་ཁོ་ན་ཡིན་པས་ཉམས་པ་མེད་དོ། །ཞེས་དང༌། མཆིམས་མཛོད་༤༢༢ལས། གསུམ་དང་ལྷན་ཅིག་འབྱུང་བ་ནི་གནོད་སེམས་དང་ལྡན་པས་དུས་ཅིག་ཆར་གཞན་གྱི་སྲོག་ཆགས་འཕྲོག་ཅིང་གསོད་པ་དང༌། བརྣབ་སེམས་མངོན་དུ་གྱུར་པས་སྲོག་གཅོད་དང་མ་བྱིན་ལེན་གཞན་ལ་བཅོལ་བ་ལ་སོགས་པ་ནའོ། །བཞི་དང་ལྷན་ཅིག་འབྱུང་བ་ནི་གནོད་སེམས་སམ་བརྣབ་སེམས་ཀྱིས་དབྱེ་བའི་བསམ་པ་དང་ལྡན་པས་རྫུན་གྱི་ཚིག་གམ་ཚིག་རྩུབ་མོ་སྨྲ་བ་དང་བརྣབ་སེམས་ལ་སོགས་པ་གང་རུང་དང་ལྡན་པས་སྲོག་གཅོད་པ་ལ་སོགས་པ་གསུམ་གཞན་ལ་བཅོལ་བ་ནའོ། །ཞེས་འཕྲོག་པ་དང་གསོད་པ་གཉིས་དང་དབྱེ་སེམས་དང་བརྣབ་སེམས་གཉིས་སོགས་གང་ཟག་གཅིག་གི་རྒྱུད་ལ་ལྷན་ཅིག་ཏུ་འབྱུང་ཚུལ་གྱི་གནས་ལ་ཞིབ་པར་བཙལ་དགོས་སོ། །སེམས་མི་དགེ་བའམ་ལུང་མ་བསྟན་ལ་གནས་ཏེ་དགེ་ཚུལ་སོགས་ཀྱི་སྡོམ་པ་ལེན་ན་ལས་ཀྱི་ལམ་བཞི་དང་སེམས་པ་ལྷན་ཅིག་འབྱུང་སྟེ། མཆིམས་མཛོད་༤༢༣ལས།བཞི་དང་ལྷན་ཅིག་འབྱུང་བ་ནི་སེམས་མི་དགེ་བའམ་ལུང་མ་བསྟན་ལ་གནས་ཏེ་དགེ་ཚུལ་དང་དགེ་བསྙེན་གྱི་སྡོམ་པ་ལེན་པ་ན་སྟེ། ལུས་ཀྱི་དགེ་བ་གསུམ་དང་ངག་གི་རྫུན་སྤོང་བ་ཡོད་པའི་ཕྱིར། །ཞེས་གསུངས་པའི་ཕྱིར། འདོད་ན། སེམས་མི་དགེ་བ་ལ་གནས་ནས་བླངས་བའི་དགེ་ཚུལ་གྱི་སྡོམ་པ་ཆོས་ཅན། དགེ་བ་ཡིན་པར་ཐལ། དགེ་ཚུལ་གྱི་སྡོམ་པ་ཡིན་པའི་ཕྱིར། འདོད་ན། དེ་ལ་འཇིག་ལྟས་རྒྱུའི་ཀུན་སློང་བྱས་ནས་སེམས་མི་དགེ་བ་ལ་གནས་ནས་བླངས་བའི་དགེ་ཚུལ་གྱི་སྡོམ་པ་ཆོས་ཅན། ཁྱོད་དགེ་བ་ཡིན་པར་ཐལ། འདོད་པའི་ཕྱིར།འདོད་མི་ནུས་ཏེ། ཁྱོད་ཀྱི་རྒྱུའི་ཀུན་སློང་སྒྲིབ་ལུང་མ་བསྟན་ཡིན། དུས་ཀྱི་ཀུན་སློང་མི་དགེ་བ་ཡིན་པའི་ཕྱིར་ཟེར་བ་སོགས་གོང་དུ་ཀུན་སློང་གི་སྒོ་ནས་འཇོག་ཚུལ་ལ་དཔྱད་པ་ལྟར་འདིར་ཡང་དཔྱད་པར་བྱའོ། །ཡང་ལས་ལམ་དྲུག་དང་སེམས་པ་ལྷན་ཅིག་འབྱུང་བ་ཡོད་དེ། མཆིམས་མཛོད་༤༢༣ལས། དྲུག་དང་ལྷན་ཅིག་འབྱུང་བ་ནི་མིག་ལ་སོགས་པའི་རྣམ་ཤེས་ལྔ་དགེ་བ་ལ་གནས་པས་དགེ་ཚུལ་ལམ་དགེ་བསྙེན་གྱི་སྡོམ་པ་ལེན་པ་ན་སྟེ། དེ་ལ་བརྣབ་སེམས་མེད་པ་དང་གནོད་སེམས་མེད་པ་གཉིས་ངེས་པར་ཡོད་ལ་ཡང་དག་པའི་ལྟ་བ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཚེ་ཡིད་ཤེས་དགེ་བ་ཡོད་ལ་དེ་ཡོད་ན་དེའི་རྒྱུད་ལ་ཡིད་ཀྱི་དགེ་བའི་ལས་ལམ་གསུམ་ཡོད་པར་འགྱུར་བའི་ཕྱིར་ཟེར་བ་དང༌། དེ་འདྲའི་སེམས་པ་དེ་དབང་ཤེས་ཡིད་ཤེས་གང་ཡིན་དཔྱད། ལས་འབྲས་མངོན་དུ་གྱུར་ན་ལོག་ལྟ་མངོན་གྱུར་དུ་མེད་པས་ཁྱབ་པར་ཐལ། མཆིམས་མཛོད་༤༢༤ལས། དམྱལ་བ་ན་ནི། ཞེས་པ་ནས། བརྣབ་སེམས་དང་ལོག་ལྟ་ནི་ལྡན་པའི་སྒོ་ནས་ཡོད་ཀྱི་མངོན་དུ་གྱུར་བའི་སྒོ་ནས་ནི་མ་ཡིན་ཏེ། ཡིད་དུ་འོང་བའི་དངོས་པོ་མེད་པའི་ཕྱིར་དང་ལས་དང་འབྲས་བུ་མངོན་དུ་གྱུར་བའི་ཕྱིར་དང༌། །ཐོབ་པ་ལ་ནི་གཉེན་པོ་མེད་པའི་ཕྱིར་རོ། །འདི་ནི་ཕལ་ཆེ་བའི་དབང་དུ་བྱས་པ་སྟེ། མཚམས་མེད་བྱེད་པའི་འདི་ལ་མིན་ཞེས་བསམ་སྦྱོར་ཉམས་པས་དགེ་རྩ་ཆད་པ་ནི་དམྱལ་བ་ནས་མཚམས་སྦྱོར་བར་བཤད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། མི་ཆོས་ཅན། ཁྱོད་ལ་ལོག་ལྟ་མེད་པར་ཐལ། ལས་འབྲས་མངོན་དུ་གྱུར་བའི་ཕྱིར། དེར་ཐལ། དམྱལ་བ་ན་ལས་འབྲས་མངོན་དུ་གྱུར་བ་གང་ཞིག དེ་དང་མཚུངས་པའི་ཕྱིར་ཟེར་ན་དཔྱད། དམྱལ་བ་ན་སྲོག་གཅོད་པ་དང་འདོད་ལོག་མེད་པར་ཐལ། རྩ་བར། དམྱལ་བ་ན་ནི་བཀྱལ་པ་དང༌། །ཚིག་རྩུབ་གནོད་སེམས་རྣམ་གཉིས་སོ། །བརྣབ་སེམས་ལོག་ལྟ་ལྡན་པས་སོ། །ཞེས་དང༌། མཆིམས་མཛོད་༤༢༤ལས། སྲོག་གཅོད་པ་ནི་མེད་དེ། དེ་ལས་མ་ཟད་ན་བསད་ཀྱང་མི་འཆི་བའི་ཕྱིར་དང༌།འཆི་བ་ནི་ལས་ཟད་ནས་འཆི་བའི་ཕྱིར། མ་བྱིན་པར་ལེན་པའང་མེད་དེ། རྫས་ཡོངས་སུ་བཟུང་བ་མེད་པའི་ཕྱིར་རོ། །འདོད་ལོག་ཀྱང་མེད་དེ། བུད་མེད་ཡོངས་སུ་བཟུང་བ་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དགེ་ཚུལ་གྱི་བླངས་འདས་ལྔ་བརྒྱད་བགྲང་ཚེ་དམྱལ་བའི་སྲོག་གཅོད་པ་དང༌། དམྱལ་བའི་འདོད་ལོག་དེ་གཉིས་བགྲང་བའི་ཕྱིར། དེར་ཐལ། ཀཱ་རི་ཀཱ་ལྔ་བཅུ་བ་ལས། དུད་འགྲོ་དང་ནི་སེམས་དམྱལ་དང༌། །ཡི་དྭགས་འོན་ཏེ་ལྷ་ཡང་རུང༌། །བསད་ན་ངན་འགྲོར་ལྟུང་བ་ཡི། །སྡིག་པ་སྦོམ་པོ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཕྱེ་ཟིན་ན་དབྱིན་མེད་པས་ཁྱབ་པར་ཐལ། མཆིམས་མཛོད་༤༢༤ལས། དགོས་པ་མེད་པའི་ཕྱིར་དང༌། ཕན་ཚུན་སྙིང་དུ་སྡུག་པ་ལ་སོགས་པ་མེད་པས་རྟག་ཏུ་ཕྱེ་ཟིན་པའི་ཕྱིར་རྫུན་དང་ཕྲ་མའང་མེད་དོ། །ཞེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ། མི་མཐུན་པ་གཉིས་སླར་མི་མཐུན་པའི་ཕྱིར་རམ་དབྱེ་སེམས་ཀྱིས་རྫུན་སྨྲས་པ་ཡོད་པའི་ཕྱིར་ཏེ། མཆིམས་མཛོད་༤༢༢ལས། བཞི་དང་ལྷན་ཅིག་འབྱུང་བ་ནི་གནོད་སེམས་སམ་བརྣབ་སེམས་ཀྱིས་དབྱེ་བའི་བསམ་པ་དང་ལྡན་པས་རྫུན་གྱི་ཚིག་གམ་ཚིག་རྩུབ་མོ་སྨྲ་བ་དང་བརྣབ་སེམས་ལ་སོགས་པ་གང་རུང་དང་ལྡན་པས་སྲོག་གཅོད་པ་ལ་སོགས་པ་གསུམ་གཞན་ལ་བཅོལ་བ་ནའོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། ཡང་དམྱལ་བ་ན་མཐུན་པ་མེད་ན་དམྱལ་བ་ན་སེམས་བསྐྱེད་པའི་བྱང་སེམས་མེད་པར་ཐལ། དེ་ན་མཐུན་པ་མེད་པའི་ཕྱིར། འདོད་མི་ནུས་ཏེ། བདག་ཅག་གི་སྟོན་པས་དང་པོ་དམྱལ་བའི་རྟེན་ལ་སེམས་བསྐྱེད་པ་ཡིན་པའི་ཕྱིར་ཟེར་ན་དཔྱད། སྒྲ་མི་སྙན་ན་ཡིད་ཀྱི་མི་དགེ་བ་གསུམ་ཡོད་པར་ཐལ། རྩ་བར། སྒྲ་མི་སྙན་ན་གསུམ་ཡོད་དེ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་༤༢༤ལས། བྱང་གི་སྒྲ་མི་སྙན་ན་ནི་བརྣབ་སེམས་དང་གནོད་སེམས་དང་ལོག་ལྟ་གསུམ་ལྡན་པའི་སྒོ་ནས་ཡོད་དེ། དེ་དག་གི་གཉེན་པོ་མེད་པའི་ཕྱིར་རོ། །མངོན་དུ་གྱུར་བའི་སྒོ་ནས་མེད་དེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། དམྱལ་བ་དང་སྒྲ་མི་སྙན་མ་གཏོགས་པའི་འདོད་པ་བ་ཡིན་ན་མི་དགེ་བ་བཅུ་ལྡན་པས་ཁྱབ་པར་ཐལ། མཛོད་འགྲེལ་གནད་སྒྲོན་ལས། འདོད་པ་གཞན་ན་མི་དགེ་བཅུ། །དམྱལ་བ་དང༌། བྱང་གི་སྒྲ་མི་སྙན་དག་ལས་གཞན་པའི་འདོད་པའི་ཁམས་ན་ནི་མི་དགེ་བའི་ལས་ཀྱི་ལམ་བཅུ་རྣམ་པ་གཉིས་ཀ་ཡོད་དོ། །ཞེས་དང༌། མཆིམས་མཛོད་༤༢༥ལས། དམྱལ་བ་དང་སྒྲ་མི་སྙན་མ་གཏོགས་པའི་འདོད་པའི་ཁམས་གཞན་ན་ནི་མི་དགེ་བ་བཅུ་ཀ་ལྡན་པ་དང་མངོན་གྱུར་གྱི་སྒོ་ནས་ཀྱང་ཅི་རིགས་པར་ཡོད་དེ། ཞེས་གསུངས་པའི་ཕྱིར། འདོད་ན། འདོད་པ་ལ་ཆགས་བྲལ་བྱས་པའི་འདོད་རྟེན་ཅན་གྱི་ཕྱིར་མི་འོང་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། མི་དགེ་བ་བཅུ་སྤངས་ཟིན་པ་ཡིན་པའི་ཕྱིར། དཔེར་ན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ལྟ་བུའོ་ཟེར་ན་དཔྱད། རྩ་བར། གཟུགས་མེད་འདུ་ཤེས་མེད་སེམས་ཅན། །རྙེད་པའི་བདུན་ཡོད་ལྷག་བྱས་ན། །མངོན་དུ་གྱུར་པའི་སྒོ་ནས་ཀྱང༌། །དམྱལ་བཅས་སྒྲ་མི་སྙན་མ་གཏོགས། །ཞེས་དང༌། མཆིམས་མཛོད་༤༢༥ལས། གཟུགས་མེད་པ་དང་འདུ་ཤེས་མེད་པའི་སེམས་ཅན་ལས་ལྷག་མར་བྱས་པའི་ཁམས་དང་འགྲོ་བ་གཞན་དག་ན་ནི་སྲོག་གཅོད་སྤོང་བ་ལ་སོགས་པ་བདུན་པོ་ཐོབ་པར་མ་ཟད་མངོན་དུ་གྱུར་བའི་སྒོ་ནས་ཀྱང་ཡོད་དོ་ཞེས་སྤྱིར་བསྟན་ནས་དམྱལ་བ་དང་བཅས་པའི་སྒྲ་མི་སྙན་པ་མ་གཏོགས་ཞེས་དམིགས་ཀྱིས་བསལ་བ་ཡིན་ནོ། །ཞེས་གསུངས་པ་ལ་གཟུགས་མེད་པ་དང་འདུ་ཤེས་མེད་པ་གཉིས་དམིགས་བསལ་ཡིན་པར་མ་གསུངས་ལ་དམྱལ་བ་དང་སྒྲ་མི་སྙན་གཉིས་དམིགས་བསལ་ཡིན་པའི་རྒྱུ་མཚན་གང་ཡིན་དཔྱད། གཟུགས་མེད་དུ་སྐྱེས་པའི་འཕགས་པ་རྣམས་ལ་ལུས་ངག་གི་ལས་བདུན་ལྡན་པ་ཡིན་ཏེ། མཆིམས་མཛོད་མཆན་༤༢༥ལས། གཟུགས་མེད་ཀྱི་འཕགས་པ་ལ་ནི་ལུས་ངག་གི་བདུན་རྙེད་པས་ཡོད་དེ། འདས་པ་ནི་སྔོན་ས་གང་ལ་བརྟེན་པའི་ཟག་མེད་ཀྱི་སྡོམ་པ་སྐྱེད་དེ། འགག་པ་དེ་དག་ལྡན་ཏེ། འདི་ནི་སྐྱེས་པ་དེ་ཁོ་ནས་བསྙད་དོ། །མ་འོངས་པ་ནི་ས་ལྔ་ཅར་ལ་བརྟེན་པ་དང་ལྡན་ཏེ། འདི་ནི་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཡིན་ནོ། །དེ་ཡང་དགྲ་བཅོམ་ཡིན་ན་ནི། ཞུགས་ལམ་བཏང་བས་མ་འོངས་པ་ཁོ་ན་དང་ལྡན་ནོ་ཞེས་འཆད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། གཟུགས་མེད་འཕགས་པ་དེ་དག་ལ་ལྡན་པའི་ལུས་ངག་གི་བདུན་གང་ཟག་སུ་ལ་ཡོད་པ་ཡིན། ལྷག་པར་གཟུགས་མེད་དགྲ་བཅོམ་པ་ལ་ལྡན་པའི་དེ་བདུན་རྒྱུད་ལ་ཡོད་པའི་གང་ཟག་ནི་འཇོག་དཀའ་སྟེ། སྔར་གྱི་ཞུགས་ལམ་བཏང་ཟིན་ལ། རྗེས་ནས་དེ་དང་རྒྱུད་གཅིག་པའི་འདོད་གཟུགས་ཀྱི་རྟེན་ཅན་ཞིག་མེད་པས་སོ། །དེ་མ་ཟད་མ་འོངས་པ་མི་སྐྱེ་བའི་ཟག་མེད་ཀྱི་སྡོམ་པ་ལྡན་ན་འདས་པ་ལྡན་དགོས་པ་ཡང་རྩ་བར། རྟག་ཏུ་འདས་དང་མ་འོངས་ལྡན། །ཞེས་དང༌། མཆིམས་མཛོད་༣༥༩ལས། འཕགས་པ་ཟག་མེད་ཀྱི་སྡོམ་པ་ནི་སྐད་ཅིག་མ་དང་པོ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཚེ་ནི་འདས་པ་དང་ལྡན་པ་མིན་ཏེ། ཞེས་པ་ནས།གཞན་དག་ནི་བསམ་གཏན་གྱི་སྡོམ་པ་དང་ལྡན་པའི་ཚུལ་བཞིན་དུ་ཤེས་པར་བྱའོ། །ཞེས་གསུངས་པས་གྲུབ་པས་སོ་ཟེར་ན་དཔྱད། མི་དགེ་བའི་ལས་འབྲིང་གིས་དུད་འགྲོར་སྐྱེ་བ་ཡིན་པར་ཐལ། མཆིམས་མཛོད་༤༢༦ལས། མི་དགེ་བ་བཅུ་པོ་དེ་དག་ཆེན་པོས་དམྱལ་བ་དང་འབྲིང་གིས་དུད་འགྲོ་དང་ཆུང་ངུས་ཡི་དྭགས་སུ་རྣམ་པར་སྨིན་པར་འགྱུར་ཏེ་འདི་ནི་རྣམ་སྨིན་གྱི་འབྲས་བུའོ། །ཞེས་པ་ནས། ལས་འདགས་པ་ལས་ཀྱང༌། མི་དགེ་བ་བཅུ་པོ་དེ་དག་ཆེན་པོ་དང་འབྲིང་དང་ཆུང་ངུ་གསུམ་ལས་ཆེན་པོ་ཀུན་ཏུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པས་ནི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་ལ། འབྲིང་གིས་ནི་དུད་འགྲོ་དང༌། ཆུང་ངུས་ནི་ཡི་དྭགས་སུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཆུང་ངུས་དུད་འགྲོར་སྐྱེ་བར་བཤད་པའི་ཕྱིར་ཏེ། མཆིམས་མཛོད་ལས། སའི་དངོས་གཞི་ལས་ནི། ཆུང་ངུ་སྤྱད་པས་དུད་འགྲོར་སྐྱེ་བར་བཤད་དོ། །ཞེས་གསུངས་པའི་ཕྱིར་དང༌།དེ་ལྟར་འཐད་དེ། དུད་འགྲོ་དང་ཡི་དྭགས་གཉིས་ལས་ཡི་དྭགས་ཀྱིས་སྡུག་བསྔལ་ཆེ་བས་འབྲིང་གིས་ཡི་དྭགས་སུ་སྐྱེ་བར་རིགས་པས་སོ་ཞེ་ན། ཡི་དྭགས་འགའ་ཞིག་དུད་འགྲོ་འགའ་ཞིག་ལས་སྡུག་བསྔལ་ཆུང་བ་ཡོད་དུད་འགྲོ་འགའ་ཞིག་ཡི་དྭགས་འགའ་ཞིག་ལས་སྡུག་བསྔལ་ཆུང་བ་ཡོད་པས་དཔྱད། སྐབས་འདིའི་སྦྱོར་དངོས་མཇུག་གསུམ་ནི། མཆིམས་མཛོད་༤༢༦ལས། ཀུན་ཏུ་བརྟེན་པ་ནི་སྦྱོར་བའོ། །གོམས་པར་བྱས་པ་ནི་དངོས་སོ། །ལན་མང་དུ་བྱས་པ་ནི་མཇུག་སྟེ་དེ་དག་གསུམ་ག་ཚང་བ་ནི་ཆེན་པོ་ཡིན་ལ་གཉིས་ཚང་བ་ནི་འབྲིང་དང་གཅིག་ནི་ཆུང་ངུ་ཡིན་ནོ་ཞེས་ཤེས་པར་བྱའོ། །ཞེས་སོ། །འོ་ན་དམྱལ་བར་སྐྱེ་བ་ལ་ལས་གཅིག་གིས་འཕང་བ་མེད་པར་ཐལ། ལས་ཆེན་པོས་དམྱལ་བར་འགྲོ་དགོས་ལ།ལས་ཆེན་པོ་ཡིན་ན་ལས་མང་དུ་བསགས་པ་དགོས་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། རྩ་བར། གཅིག་གིས་སྐྱེ་བ་གཅིག་འཕེན་གྱི། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། ཡིད་ལས་ལ་སྦྱོར་མཇུག་མེད་པར་མཆིམས་ལས་བཤད་པས་སྐབས་འདི་དང་འགལ་བ་ཡོད་མེད་དཔྱད། དྲི་བཅས་སྤོང་ལམ་ཡིན་ན་འབྲས་བུ་ལྔ་བསྐྱེད་པས་ཁྱབ་པར་ཐལ། རྩ་བར།དྲི་བཅས་སྤོང་བའི་ལམ་དག་གི། །ལས་ནི་ལྔ་ཡིས་འབྲས་བུར་བཅས། །ཞེས་གསུངས་པའི་ཕྱིར། འདོད་ན། དྲི་བཅས་སྤོང་ལམ་མ་འོངས་པ་ཆོས་ཅན། འབྲས་བུ་ལྔ་བསྐྱེད་པར་ཐལ།དྲི་བཅས་སྤོང་ལམ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྣམ་སྨིན་གྱི་འབྲས་བུ་བསྐྱེད་པར་ཐལ། འདོད་པའི་ཕྱིར། དེ་ལ་འདས་མ་འོངས་ཀྱི་གོ་རིམ་ཡོད་པར་ཐལ། རྣམ་སྨིན་འབྱིན་པ་གང་ཞིག རྣམ་སྨིན་བསྐྱེད་པ་ལ་འདས་པའི་འབྲས་བུ་འབྱིན་དགོས་པའི་ཕྱིར། རྟགས་དང་པོ་ཁས། རྟགས་གཉིས་པ་གྲུབ་སྟེ། རྩ་བར། གཅིག་ནི་འདས་པས་འབྱིན་པར་འགྱུར། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། མཆིམས་མཛོད་༡༩༥ལས། མ་འོངས་པ་ལ་སྔ་ཕྱི་མེད་ལ་འདས་པ་ལ་ཡོད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་རྣམ་སྨིན་གྱི་རྒྱུ་ལ་འདས་མ་འོངས་ཡོད་པར་ཐལ། རྩ་བར། གསུམ་པོ་དག་ནི་དུས་གསུམ་པ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། དགེ་བའི་འབྲས་བུ་དགེ་བ་བསྐྱེད་པ་ལ་འབྲས་བུ་བཞི་ལས་ལྔ་མེད་པར་ཐལ། མཛོད་འགྲེལ་གནད་སྒྲོན་ལས། དགེ་བའི་དགེ་ལ་སོགས་པ་ནི། །བཞི་དང་གཉིས་དང་དེ་བཞིན་གསུམ། །ལས་དགེ་བའི་འབྲས་བུ་ཆོས་དགེ་བ་བཞི་སྟེ། རྣམ་པར་སྨིན་པའི་འབྲས་བུ་མ་གཏོགས་སོ། །ཞེས་དང༌། མཆིམས་མཛོད་༤༢༩ལས།དགེ་བའི་འབྲས་བུ་དགེ་བ་ཡིན་པ་ལ་ནི་འབྲས་བུ་བཞི་ཡིན་ཏེ། དེ་ལ་རྣམ་སྨིན་གྱི་འབྲས་བུ་མི་སྲིད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། དགེ་བའི་འབྲས་བུ་དགེ་བ་ལ་རྣམ་སྨིན་གྱི་འབྲས་བུ་ཡོད་པར་ཐལ། དེ་རྣམ་སྨིན་གྱི་རྒྱུ་ཡིན་པའི་ཕྱིར། དེར་ཐལ། ཟག་བཅས་དགེ་བ་ཡིན་པའི་ཕྱིར་ཟེར་བ་དང༌། ཡང་ན་དགེ་བའི་འབྲས་བུ་དགེ་བ་ཆོས་ཅན། ཁྱོད་ལ་རྣམ་སྨིན་ཡོད་པར་ཐལ། ཁྱོད་རྣམ་སྨིན་གྱི་རྒྱུ་ཡིན་པའི་ཕྱིར་ཟེར་བ་སོགས་ཚིག་གི་འཁྲི་ཚུལ་ཞིག་ཡོད་དོ། །ལས་མི་དགེ་བའི་འབྲས་བུ་དགེ་བ་ལ་སྐྱེས་བདག་གཉིས་ལས་གཞན་མེད་པར་ཐལ། མཛོད་འགྲེལ་གནད་སྒྲོན་ལས། མི་དགེའི་དགེ་སོགས་གཉིས་དང་ནི། །གསུམ་དང་བཞི་སྟེ་རིམ་པ་བཞིན། །ལས་མི་དགེ་བའི་འབྲས་བུ་ཆོས་དགེ་བ་ནི་གཉིས་ཏེ། སྐྱེས་བུ་བྱེད་པ་དང༌། བདག་པོའི་འབྲས་བུ་དག་གོ །མི་དགེ་བ་ནི་གསུམ་སྟེ། རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་སོ། །ལུང་དུ་མ་བསྟན་པ་ནི་བཞི་སྟེ། བྲལ་བ་མ་གཏོགས་སོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་རྒྱུ་མཐུན་གྱི་འབྲས་བུ་ཡོད་པའི་ཕྱིར་ཏེ། མི་དགེ་བའི་འབྲས་བུར་གྱུར་བའི་དགེ་བ་དེ་རྒྱུ་མཐུན་གྱི་འབྲས་བུ་ཡིན་པའི་ཕྱིར་ཏེ། ཟག་མེད་སྐད་ཅིག་དང་པོ་མ་ཡིན་པའི་འདུས་བྱས་ཡིན་པའི་ཕྱིར་ཟེར་ན་ཁས་ལེན་སོང་ཚུལ་གྱི་དབང་གིས་དེ་སྤྱིར་རྒྱུ་མཐུན་གྱི་འབྲས་བུ་ཡིན་ཡང་མི་དགེ་བའི་རྒྱུ་མཐུན་གྱི་འབྲས་བུ་མ་ཡིན་པར་ཤེས་པར་བྱའོ། །དུས་གསུམ་གྱི་གོ་རིམ་འདས་པ་དང་མ་འོངས་པ་དང་ད་ལྟ་བ་ཞེས་རིམ་བཞིན་བཞག་དགོས་པར་ཐལ། རྩ་བར། དུས་གསུམ་པ་ཡི་རྣམ་པ་གསུམ། །ཞེས་དང༌། མཆིམས་མཛོད་༡༥༤ལས། དུས་གསུམ་པའི་ཐོབ་པའང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམ་པ་གསུམ་དུ་འགྱུར་ཏེ། ཆོས་འདས་པའི་ཐོབ་པའང་འདས་པ་དང༌། ཆོས་འདས་ཀྱང་ཐོབ་པ་ད་ལྟ་བ་དང༌། མ་འོངས་པ་ན་ཡོད་པ་སྲིད་ལ། ཞེས་སོགས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་༤༣༠ལས། ད་ལྟར་བས་འདས་པ་བསྐྱེད་པ་དང༌། མ་འོངས་པས་འདས་པ་དང་ད་ལྟར་བ་བསྐྱེད་པ་ནི་མི་སྲིད་པའི་ཕྱིར་དཔྱད་པ་མ་མཛད་དོ། །ཞེས་གསུངས་པ་དང༌། མ་འོངས་པ་མ་སྐྱེས་པས་སྔོན་དང༌། འདས་པ་འགག་པ་ཡིན་པས་རྗེས་དང༌། ད་ལྟ་བ་སྐྱེས་ལ་མ་འགག་པས་བར་དུ་བཞག་དགོས་པའི་ཕྱིར་ཟེར་བ་དང༌། ད་ལྟ་བས་འདས་པའི་བྱེད་རྒྱུ་བྱེད་པ་ཡིན་ནམ་དཔྱད། སློབ་པའི་ལས་ཀྱིས་སློབ་པ་བསྐྱེད་པ་ལ་འབྲས་བུ་གསུམ་བཞག་སྟེ། མཆིམས་མཛོད་༤༣༡ལས།སློབ་པའི་ལས་ཀྱིས་སློབ་པའི་ཆོས་བསྐྱེད་ན་གསུམ་ཡིན་ཏེ། །རྣམ་སྨིན་དང་བྲལ་འབྲས་སློབ་པ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་ལ་འབྲས་བུ་བཞི་མེད་པར་ཐལ། འདོད་པའི་ཕྱིར། སློབ་པའི་ལས་ཀྱི་འབྲས་བུ་སློབ་པ་ཆོས་ཅན། ཁྱོད་ལ་བྲལ་འབྲས་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་པ་སླའོ་ཟེར་ན་གོ་དོན་དེ་ལྟ་མ་ཡིན་ནོ། །སྒོམ་སྤང་གིས་མཐོང་སྤང་བསྐྱེད་པ་ལ་འབྲས་བུ་གཉིས་ཙམ་ཡོད་དེ། རྩ་བར། བསྒོམ་པས་སྤང་བར་བྱ་ལས་ཀྱི། །དེ་དག་གཉིས་དང་བཞི་དང་གསུམ། །ཞེས་དང༌། བསྒོམ་པས་སྤང་བར་བྱ་བའི་ལས་ཀྱི་འབྲས་བུ་མཐོང་སྤང་དང༌། སྒོམ་སྤང་དང༌། སྤང་བྱ་མ་ཡིན་པ་དེ་དག་ཡིན་ན་རིམ་པ་བཞིན་དུ་འབྲས་བུ་གཉིས་དང་བཞི་དང་གསུམ་ཡིན་ཏེ། དང་པོ་ལ་ནི་རྣམ་སྨིན་དང་རྒྱུ་མཐུན་དང་བྲལ་འབྲས་གསུམ་མི་སྲིད་པའི་ཕྱིར་དང༌། ཞེས་སོགས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྒོམ་སྤང་གི་མཐོང་སྤང་བསྐྱེད་པ་ལ་རྒྱུ་མཐུན་པའི་འབྲས་བུ་ཡོད་པའི་ཕྱིར། དེར་ཐལ། མཐོང་སྤང་དང་སྒོམ་སྤང་གི་གཞི་མཐུན་ཡོད་པ་གང་ཞིག དེ་ཡོད་ན་དེས་དེ་བསྐྱེད་པ་ལ་སྤང་བྱ་རིས་འདྲ་བ་ཡོད་ལ་གཞན་དེ་ལ་རྒྱུ་མཐུན་གྱི་འབྲས་བུ་མེད་པའི་རྒྱུ་མཚན་མེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྩ་བར། ལྷག་སྐྱེས་མཐོང་དང་སྒོམ་གཉིས་ཀྱིས། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། འདུ་ཤེས་མེད་པའི་སྙོམས་འཇུག་མ་སྒོམ་པར་བསམ་གཏན་བཞི་བ་ལ་བརྟེན་ནས་འདུ་ཤེས་མེད་པ་བ་སྐྱེ་ནུས་པར་ཐལ། དེར་འཕེན་བྱེད་ཀྱི་ལས་འདུ་ཤེས་མེད་པའི་སྙོམས་འཇུག་ངོར་བསགས་མི་དགོས་པའི་ཕྱིར། དེར་ཐལ། རྩ་བར། སེམས་མེད་སྙོམས་པར་འཇུག་པ་དག །འཕེན་བྱེད་མ་ཡིན་འཐོབ་པའང་མིན། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། འདུ་ཤེས་མེད་པའི་སྙོམས་འཇུག་སྒོམ་པའི་དགོས་པ་ཡོད་པའི་ཕྱིར་ཟེར་ན་དཔྱད། ལས་གཅིག་གིས་སྐྱེ་བ་དུ་མ་འཕེན་པ་དང་ལས་དུ་མས་སྐྱེ་བ་གཅིག་འཕེན་པ་སོགས་མེད་དེ། མཛོད་འགྲེལ་གནད་སྒྲོན་༡༣༤ལས། འདི་ནི་གྲུབ་པའི་མཐའ་ཡིན་ཏེ། གཅིག་གིས་སྐྱེ་བ་གཅིག་འཕེན་ན། །ལས་གཅིག་ཁོ་ནས་སྐྱེ་བ་གཅིག་ཁོ་ན་འཕེན་ཏོ། །ལས་གཅིག་གིས་འཕངས་པའི་ལས་ནི། ཡོངས་རྫོགས་བྱེད་པ་དུ་མ་ཡིན་པར་འདོད་དེ། དཔེར་ན་རི་མོ་མཁན་གྱི་རི་མོ་གཅིག་གིས་གཟུགས་ཀྱིས་བཅད་ནས་མང་པོས་ཡོངས་སུ་རྫོགས་པར་བྱེད་པ་དང་འདྲའོ། །ཞེས་གསུངས་པའི་ཕྱིར། འདོད་ན། སོ་ཐར་གྱི་སྡོམ་པའི་ངོ་བོར་མིར་སྐྱེ་བ་འཕེན་བྱེད་ཀྱི་ལས་བསགས་པའི་ལས་ལ་ལུས་ངག་གི་ལས་བདུན་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདྲའི་སོ་ཐར་གྱི་སྡོམ་པ་དེ་ལུས་ངག་གི་སྤོང་བདུན་འཁོར་བཅས་སྤོང་བའི་སྡོམ་པ་གང་ཞིག དེ་ལྟར་ན་ལུས་ཀྱི་སྲོག་གཅོད་པ་སྤོང་བའི་སྡོམ་པ་སོགས་ཡོད་དགོས་པའི་ཕྱིར་ཟེར་ན་དཔྱད། རྣམ་སྨིན་གྱི་སྒྲིབ་པ་ལ་གང་ཟག་ཡོད་པར་ཐལ། མཆིམས་མཛོད་༤༣༥ལས། ངན་སོང་བ་རྣམ་པ་གསུམ་དང་འདུ་ཤེས་མེད་པའི་སེམས་ཅན་དང་བྱང་གི་སྒྲ་མི་སྙན་དུ་སྐྱེས་པ་རྣམས་ནི་རྣམ་པར་སྨིན་པའི་སྒྲིབ་པ་སྟེ། སྔར་གྱི་ལས་ཀྱིས་རྒྱུད་ངན་པར་འཕངས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། གང་ཟག་དེ་དག་རྣམ་སྨིན་གྱི་སྒྲིབ་པ་ཡིན་ཚུལ་དཔྱད། ཕན་པ་ཆུང་བ་དང་ངོ་ཚ་ཆུང་བ་ཡིན་ན་མཚམས་མེད་པའི་ལས་མི་བསགས་པས་ཁྱབ་པར་ཐལ། མཛོད་འགྲེལ་གནད་སྒྲོན་༡༣༤ལས། མཚམས་མེད་གླིང་གསུམ་དག་ན་ཡོད། །སྒྲ་མི་སྙན་མ་གཏོགས་པའོ། །དེ་དག་ན་ཡང་སྐྱེས་པ་དང་བུད་མེད་རྣམས་ཁོ་ན་ལ་སྟེ། ཟ་མ་སོགས་ལ་མི་འདོད་དོ། །ཕན་དང་ངོ་ཚ་ཆུང་བའི་ཕྱིར། །དེ་དག་གི་ཕ་མ་ཕན་ཆུང་བ་སྟེ། ལུས་མ་ཚང་བའི་བདག་པོར་གྱུར་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཕ་མ་བསམ་བཞིན་དུ་གསོད་མཁན་ཡིན་ན་ངོ་ཚ་ཆུང་བའི་མ་ཁྱབ་པར་ཐལ་ལོ་ཟེར་ན་དཔྱད། དགེ་འདུན་མ་ཕྱེ་གོང་དུ་མཚན་མེད་ཀྱི་ལས་གྲུབ་དགོས་པར་ཐལ། རྩ་བར། དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལྡན་པ་མ་ཡིན་ཆོས། །ཉོན་མོངས་ཅན་མིན་ལུང་བསྟན་མིན། །དེ་དང་དགེ་འདུན་ཡང་དག་ལྡན། །དེ་ཡི་ཁ་ན་མ་ཐོ་རྫུན། །དེ་དང་འབྱེད་པོ་ཡང་དག་ལྡན། །ཞེས་དང༌། མཆིམས་མཛོད་༤༣༨ལས། དགེ་འདུན་གྱི་དབྱེན་དེའི་རྒྱུ་ཁ་ན་མ་ཐོ་བའི་ལས་ནི་དགེ་འདུན་འབྱེད་པར་བྱེད་པའི་རྫུན་ཏེ།དེ་ལྟ་བུའི་རྫུན་དེ་ནི་མཚམས་མེད་ཡིན་ལ། དེ་དང་ནི་དགེ་འདུན་འབྱེད་པར་བྱེད་པ་པོ་ལྷས་སྦྱིན་ལ་སོགས་པ་ཡང་དག་པར་ལྡན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དབྱེན་གྱི་མཚམས་མེད་ཀྱི་ལས་དེ་དགེ་འདུན་ཕྱོགས་སོ་སོར་དབྱེ་ཟིན་པའི་དུས་སུ་གྲུབ་དགོས་པའི་ཕྱིར་ཏེ། འདུལ་བ་མཚོ་ཊཱིཀ༡༤ལས། མཐར་ཐུག་གི་ཁྱད་པར་ནི། དབྱེན་དང་དེའི་མཚམས་མེད་པའི་མཐར་ཐུག་ནི་དགེ་འདུན་ཕྱེ་པར་གྱུར་བ་ཡིན་ལ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། དགེ་འདུན་གྱི་དབྱེན་འབྱེད་པ་པོ་དགེ་སློང་དགོས་ཏེ། རྩ་བར། དགེ་སློང་ལྟ་སྤྱོད་ཚུལ་ལྡན་པས། །འབྱེད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། ལྷས་བྱིན་ཆོས་ཅན། དགེ་སློང་ཡིན་པར་ཐལ། དགེ་འདུན་གྱི་དབྱེན་འབྱེད་པ་པོ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དགེ་རྩ་ཆད་པའི་གང་ཟག་ཡིན་པའི་ཕྱིར་ཏེ། མཆིམས་མཛོད་༤༢༡ལས། འདིར་དགེ་རྩ་ཆད་ལ་ལོག་པ་ཉིད་དུ་ངེས་པ་ལ་མུ་བཞི་ལས། ཞེས་པ་ནས། གསུམ་པ་ནི་ལྷས་སྦྱིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་བ་སོགས་སྔར་དཔྱད་པ་ལྟར་རོ། །དགེ་འདུན་དབྱེན་གྱི་ལྷག་མ་མེད་པར་ཐལ། ལྷས་སྦྱིན་ནི་བཅས་པའི་ལས་དང་པོ་པ་ཡིན་པས་དགེ་འདུན་དབྱེན་གྱི་ལྷག་མ་མ་བྱུང་ལ་དེ་ལས་གཞན་དགེ་འདུན་གྱི་ལྷག་མ་འབྱུང་བའི་མཚན་གཞི་མི་རྙེད་པའི་ཕྱིར་ཏེ། མཚོ་ཊཱིཀ་༤༡༣ལས། དབྱེན་བྱེད་པའི་ལྷག་མ་ནི་མི་འབྱུང་སྟེ། ལས་དང་པོ་ལ་ལྟུང་བ་མི་འབྱུང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེས་ན་མཆིམས་མཛོད་༤༣༩ལས། འདི་ཉུང་མཐའ་བཟུང་བ་ཡིན་གྱི་མང་བ་ལ་ངེས་པ་མེད་དོ། །ཞེས་དང༌། མཆིམས་མཛོད་༤༤༡ལས། དབྱེན་འདི་ཡང་ཉན་ཐོས་པ་དག་སྔོན་གྱི་ལས་ལ་རག་ལས་པའི་ཕྱིར་སངས་རྒྱས་ཐམས་ཅད་ལ་འབྱུང་བ་ནི་མ་ཡིན་ཏེ། སངས་རྒྱས་ཤཱཀྱ་ཐུབ་པས་ནི་སྔོན་བྱང་ཆུབ་སེམས་དཔར་གྱུར་བ་ན་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་ཞིག་གི་འཁོར་ཕྱེ་བས་དེའི་རྣམ་པར་སྨིན་པ་ཕྱི་མ་ཡིན་ནོ། །ཞེས་འཆད་དེ་འདི་ནི་དགོངས་པའི་དོན་དུ་ཐེག་པ་གོང་མ་བས་བཞེད་དོ། །ཞེས་གསུངས་པ་དང༌། བམ་པོ་ལྔ་བཅུ་པ་ལས། ༼དབྱེན་བྱེད་པའི་ལྷག་མ།༽ འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྟོན་པ་བཞུགས་པ་དང༌། དགེ་འདུན་དུ་ལོངས་པ་དང༌། དགེ་འདུན་གྱི་དབྱེན་ལ་བརྟུལ་བར་བྱེད་པ་ཉིད་དང༌།ཆོས་དང་མཐུན་པས་བཟློག་པ་དང༌། ལས་བརྗོད་པ་གསུམ་པའི་མཐར་མི་གཏོང་བའོ། །ཞེས་གསུངས་པའི་དགོངས་པ་འཚོལ་དགོས་སོ། །དགེ་འདུན་དབྱེན་གྱི་འབྱེད་རྒྱུའི་དགེ་འདུན་ལ་སོ་སོའི་སྐྱེ་བོ་དགོས་ཏེ། མཆིམས་མཛོད་༤༣༩ལས། གང་འབྱེད་ཅེ་ན་བྱིས་པ་སོ་སོའི་སྐྱེ་བོའི་དགེ་འདུན་རྣམས་འབྱེད་ཀྱི་འཕགས་པ་རྣམས་ནི་མ་ཡིན་ཏེ། ཆོས་མངོན་སུམ་དུ་གྱུར་པས་སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ། ཆོས་ཕྱོགས་སུ་འབྱེད་པའི་རྒྱུའི་དགེ་འདུན་ལ་འཕགས་པ་མེད་པའི་རྒྱུ་མཚན་མེད་པའི་ཕྱིར་ཟེར་ན་དཔྱད། དགྲ་བཅོམ་པ་མ་ཡིན་པར་འདུ་ཤེས་ནས་དགྲ་བཅོམ་པ་བསད་ན་དགྲ་བཅོམ་པ་བསད་པའི་མཚམས་མེད་པར་མི་འགྱུར་ཏེ། མཚོ་ཊཱིཀ་སྨད་ཆ་ལས། དགྲ་བཅོམ་པ་མ་ཡིན་པར་ཤེས་པས་ནི་དགྲ་བཅོམ་པ་བསད་ཀྱང་དགྲ་བཅོམ་པ་བསད་པའི་མཚམས་མེད་པར་མི་འགྱུར་ཏེ། འོད་ལྡན་ལས། ལུས་གཅིག་ལ་དགྲ་བཅོམ་པ་ཉིད་ཀྱི་ཆོས་མེད་པར་ནོར་བས་གསོད་ན་མཚམས་མེད་པར་གྱུར་ན་མི་རུང་གི། འོན་ཀྱང་ཕམ་པ་ནི་སུས་ཀྱང་བཟློག་པར་དཀའོ་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར། འོ་ན་དགེ་སློང་གིས་མི་ཞིག་སྟག་ཏུ་སྤྲུལ་བ་ལ་མིར་འདུ་ཤེས་མེད་པར་བསད་པ་ཆོས་ཅན། མི་བསད་པའི་ཕམ་པ་མི་འགྱུར་བར་ཐལ། བསད་བྱ་དེ་མིར་འདུ་ཤེས་པ་མེད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་ཕམ་པ་འབྱུང་བའི་ཕྱིར། འདུལ་བ་རྒྱ་ཆེར་འགྲེལ་ལས། དགེ་སློང་གིས་མིའི་འགྲོ་བ་གཏོགས་པ་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟན་པ་ཞིག་གསོད་ན་མིར་འདུ་ཤེས་པས་རུང༌། གཞན་དུ་འདུ་ཤེས་པས་ཀྱང་བསད་པའི་དུས་ན་དངོས་གཞི་ལ་ནི་ཕམ་པ་ཁོ་ནར་འགྱུར་རོ། །ཞེས་དང༌།

བམ་པོ་ལྔ་བཅུ་བ།

བམ་པོ་ལྔ་བཅུ་བ་ལས།

མིའི་འགྲོ་བར་གཏོགས་པ་འགྲོ་བ་གཞན་གྱི་རྣམ་པར་བསྟན་པ་གསོད་ན་མིར་འདུ་ཤེས་ཀྱང་རུང༌། འགྲོ་བ་གཞན་དུ་འདུ་ཤེས་པས་ཀྱང་སྟེ། གང་བསད་པར་བརྣག་པ་དེར་འདུ་ཤེས་པས་བསད་པའི་དུས་ན་ཕམ་པ་ཁོ་ནར་འགྱུར་རོ། །ཞེས་དང༌། མཆིམས་མཛོད་༤༤༣ལས། དགྲ་བཅོམ་པ་མ་ཡིན་པའི་འདུ་ཤེས་ཀྱིས་དགྲ་བཅོམ་པ་བསད་ན་ནི་མཚམས་མེད་དུ་འགྱུར་ཏེ། འདི་བསད་དོ་སྙམ་དུ་རྟེན་ངེས་པར་བཟུང་བའི་ཕྱིར་རོ། །ཞེས་དང༌། མཚོ་ཊཱིཀ་སྨད་ཆ་ལས། ཊཱི་ཀ་ཉིད་ལས། ལྷས་སྦྱིན་དུ་འདུ་ཤེས་པས་མཆོད་སྦྱིན་བསད་པ་ལ་ཕམ་པ་མི་འགྱུར་བ་ལྟ་བུར་ཐལ་བར་ཡང་མི་འགྱུར་ཏེ། དེ་གཉིས་ནི་རྒྱུད་ཐ་དད་པ་ཡིན་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ལྟར་ཊཱི་ཀ་ལས་བཤད་པ་རང་ལུགས་ལ་མི་འཐད་པར་ཐལ། མཚོ་ཊཱིཀ་སྨད་ཆ་ལས།མི་སྤྲུལ་སྟག་ཏུ་བསྒྱུར་བ་ལྟ་བུ་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟེན་པ་༼གསོད་ན་འགྲོ་བ་གཞན་དུ་འདུ་ཤེས་པས་ཀྱང་རུང་སྟེ། ཕམ་པར་འགྱུར་ཞེས་ཊཱི་ཀའི་རྗེས་སུ་མི་འབྲང་ཏེ༽མིར་འདུ་ཤེས་ཏེ་བསད་པ་ན་མི་བསད་པའི་ཕམ་པ་བསྐྱེད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཕ་མཚན་གྱུར་བའི་བུད་མེད་དེ་བསད་ན་ཕ་བསད་པའི་མཚམས་མེད་ཀྱི་ལས་གསོག་ཡིན་པར་ཐལ། མཆིམས་མཛོད་༤༤༡ལས། མ་མཚན་འགྱུར་པ་བསད་ན་མཚམས་མེད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་རོ་ཞེས་བྱ་བ་དང༌། དེ་བཞིན་དུ་མ་ཡང་མ་ཡིན་དགྲ་བཅོམ་མ་ཡང་མ་ཡིན་པའི་བུད་མེད་ཅིག་བསད་ན་མཚམས་མེད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་བ་ཡོད་དམ་ཞེ་ན། ཡོད་དེ། ཕ་མཚན་འགྱུར་བ་བསད་ན་མཚམས་མེད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་རོ་ཞེས་བསྟན་བཅོས་ལས་བཤད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེའི་ཚེ་ཕ་བསད་པ་ཡིན་ན་དེའི་ཚེ་ཕ་དང་བུད་མེད་གཉིས་ཀ་བསད་པ་ཡིན་དགོས་ལ། དེ་ལྟར་ན་དེའི་ཕོ་མོ་གཉིས་ཀ་བསད་པ་ཡིན་པར་འགྱུར་རོ་ཟེར་ན་དཔྱད། མཛོད་འགྲེལ་གནད་སྒྲོན་ལས། ཅི་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་བྱུང་བས་གདོན་མི་ཟ་བར་མཚམས་མེད་པར་འགྱུར་རམ་ཞེ་ན། བགྲོངས་པར་སེམས་པ་ལ་ནི་འགྱུར་གྱི། སངས་རྒྱས་བརྡེག་པར་སེམས་ལ་མིན། །གལ་ཏེ་བརྡེག་པའི་བསམ་པས་འབྱིན་པར་བྱེད་ན་མཚམས་མེད་པར་མི་འགྱུར་རོ། །ཞེས་གསུངས་པ་ལ། གྲུབ་མཐའ་གོང་མའི་ལུགས་ལ་སངས་རྒྱས་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའི་མཚམས་མེད་ཀྱི་ལས་མེད་པར་ཐལ། དེ་བཞིན་གཤེགས་པའི་སྐུ་ལ་ཁྲག་མེད་པའི་ཕྱིར་ཟེར་ན་རྟགས་མ་གྲུབ་སྟེ།ཇི་སྐད་དུ། སྐུ་ལ་རུས་པ་ཁྲག་མེད་ན། རིང་བསྲེལ་ཡོད་པ་ཀ་ལ་འགྱུར། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་པའོ། །བྱེ་བྲག་སྨྲ་བའི་ལུགས་ལ་སངས་རྒྱས་ཀྱི་གཟུགས་ཕུང་སངས་རྒྱས་མ་ཡིན་པར་སངས་རྒྱས་ཀྱི་མི་སློབ་ལམ་སངས་རྒྱས་ཡིན་པར་བཞེད་པས་སངས་རྒྱས་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ཡོད་མེད་དཔྱད། འཇིག་རྟེན་པའི་དགེ་བ་ལ་སྲིད་རྩེའི་དགེ་བ་འབྲས་བུ་རབ་ཏུ་ཆེ་བ་ཡིན་པར་ཐལ། རྩ་བར། འཇིག་རྟེན་པ་ཡི་དགེ་བ་ལ། །སྲིད་རྩེའི་སེམས་པ་འབྲས་རབ་ཆེ། །ཞེས་གསུངས་པའི་ཕྱིར། འདོད་ན། སྦྱོར་ལམ་ཆོས་མཆོག་ཆེན་པོ་ལས་ཀྱང་སྲིད་རྩེའི་དགེ་བའི་འབྲས་བུ་ཆེ་བ་ཡིན་པར་ཐལ་ལོ་ཟེར་ན་དཔྱད། སྦྱོར་ལམ་བཟོད་པ་སོགས་འཐོབ་པ་ལ་རང་རང་གི་ལས་གེགས་ཆེ་བ་ཡིན་པར་ཐལ། རྩ་བར། བཟོད་དང་ཕྱིར་མི་འོང་དགྲ་བཅོམ། །ཐོབ་ལ་ལས་གེགས་ཤིན་ཏུ་བྱེད། །ཅེས་དང༌།མཆིམས་མཛོད་༤༤༦ལས། དཔེར་ན་ཡུལ་འདོར་བར་བྱེད་པ་ན་བུ་ལོན་ལྡང་བ་ལྟར་སྦྱོར་ལམ་བཟོད་པ་ཐོབ་པ་དང༌། འཕགས་པ་ཕྱིར་མི་འོང་འཐོབ་པ་དང༌། དགྲ་བཅོམ་པ་འཐོབ་པ་རྣམ་པ་གསུམ་ལ་ནི་རིམ་པ་ལྟར་ངན་སོང་༼དུ་ངེས་པར་སྐྱེ་འགྱུར་གྱི་ལས་༽དང༌། མཐོང་ཆོས་ལ་མྱོང་བ་མ་གཏོགས་པ་འདོད་པ་དང་ཁམས་གོང་དུ་ངེས་པར་སྐྱེ་བའི་ལས་རྣམ་པ་གསུམ་གེགས་ཤིན་ཏུ་བྱེད་དེ། རིམ་པ་ལྟར་བཟོད་ཐོབ་ངན་སོང་མི་འགྲོའོ། །ཞེས་འབྱུང་བས་བཟོད་པ་ཐོབ་ནས་ངན་འགྲོར་མི་སྐྱེ་བའི་ཕྱིར་དང༌། ཕྱིར་མི་འོང་ཐོབ་ནས་འདོད་པར་མི་སྐྱེ་བའི་ཕྱིར་དང༌། དགྲ་བཅོམ་ཐོབ་ནས་ཁམས་གསུམ་དུ་མི་སྐྱེ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྦྱོར་ལམ་བཟོད་པའི་གེགས་ངན་སོང་དང་དེར་ངེས་པར་སྐྱེ་འགྱུར་གྱི་ལས་རྒྱུད་ལྡན་ལ་སུ་འཇོག་དང༌། དེ་འདྲའི་ལས་དེ་ངེས་པའི་ལས་ཡིན་ན་སྐྱེས་ནས་མྱོང་འགྱུར་སོགས་གང་ཡིན་དང་ངེས་པར་ལས་དེ་སྦྱོར་ལམ་པ་དེ་ལ་སྨིན་པ་ཡིན་ན་སྐྱེ་བ་ཕྱི་མ་དང་ཚེ་དེར་སྨིན་པ་གང་ཡིན་སོགས་ལ་དཔྱད། ངེས་པར་གནས་པའི་བྱང་སེམས་ཡིན་ན་ཁྱད་ཆོས་དྲུག་དང་ལྡན་དགོས་ཏེ། རྩ་བར། གང་ནས་མཚན་གྱི་ལས་བྱེད་པ། །བདེ་འགྲོར་རིགས་མཐོར་སྐྱེ་དབང་ཚང༌། །ཕོར་གྱུར་ཚེ་རབས་དྲན་མི་ལྡོག །ཅེས་དང༌། མཆིམས་མཛོད་༤༤༦ལས། མཚན་སུམ་ཅུ་རྩ་གཉིས་རྣམ་པར་སྨིན་པ་ཅན་གྱི་ལས་གསོག་པར་བྱེད་པ་དེ་ནས་ངེས་པར་གནས་པའི་བྱང་ཆུབ་སེམས་དཔའ་སྟེ་བསྐལ་བ་བརྒྱ་ན་སངས་རྒྱས་འཐོབ་པར་ངེས་པ་ཞེས་བྱ་བའི་དོན་ཏེ། དེ་ཡང་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་དེ་ནི་དེ་ཕན་ཆད་བདེ་འགྲོར་སྐྱེ་བ་དང་དེའི་ནང་ནས་ཀྱང་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་སོགས་པ་རིགས་མཐོ་བར་སྐྱེ་བ་དང༌། མིག་ལ་སོགས་པའི་དབང་པོ་ཚང་བ་དང༌། ཕོར་གྱུར་བ་དང༌། སྐྱེ་བ་ཐམས་ཅད་དུ་ཚེ་རབས་དྲན་པ་དང༌། བསྐལ་བ་བརྒྱ་ལས་ཕྱིར་མི་ལྡོག་པར་སངས་རྒྱས་འཐོབ་པར་འགྱུར་བ་ཞེས་བྱ་བའི་ཁྱད་པར་དྲུག་དང་ལྡན་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། མངལ་ཟླ་དང་པོ་ལ་གནས་པའི་ངེས་གནས་ཀྱི་བྱང་སེམས་ཆོས་ཅན། དབང་པོ་ཚང་བ་ཡིན་པར་ཐལ། ངེས་གནས་ཀྱི་བྱང་སེམས་ཡིན་པའི་ཕྱིར།ཁྱབ་བ་ཁས་ཟེར་བ་དང༌། ཡང་ངེས་གནས་ཀྱི་བྱང་སེམས་བར་དོ་བ་ཆོས་ཅན། བདེ་འགྲོ་བ་ཡིན་པར་ཐལ། ངེས་གནས་ཀྱི་བྱང་སེམས་ཡིན་པའི་ཕྱིར། ཁྱབ་བ་ཁས། འདོད་མི་ནུས་ཏེ། རང་འགྲེལ་དུ་གདགས་པའི་བསྟན་བཅོས་དྲངས་པ་ལས། སྐྱེ་གནས་བཞིས་ནི་འགྲོ་བ་ལྔ་བསྡུས་ཀྱི་འགྲོ་བ་ལྔས་ནི་སྐྱེ་གནས་བཞི་མ་བསྡུས་ཏེ། གང་ཞིག་མ་བསྡུས་ཤེ་ན་སྲིད་པ་བར་མའོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། ངེས་གནས་ཀྱི་བྱང་སེམས་སྐྱེ་སྲིད་ལ་གནས་པ་ཆོས་ཅན། ཚེ་རབས་དྲན་པར་ཐལ། ངེས་གནས་ཀྱི་བྱང་སེམས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེའི་རྒྱུད་ལ་སྐྱེས་བའི་སྲིད་པ་ཉོན་མོངས་ཅན་ཞེས་པ་ལྟར་ཉོན་མོངས་མངོན་དུ་གྱུར་བ་གང་ཞིག སྐྱེ་བ་སྔ་མའི་མངོན་ཤེས་སྦྱོར་བྱུང་ནི་འཆི་འཕོས་པས་གཏོང་བའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། ཇི་སྐད་དུ། འཕགས་མིན་འཆི་བས་སོ། ། ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། ཡང་དེ་ལ་མངོན་ཤེས་ཐོབ་ན་བསམ་གཏན་གྱི་དངོས་གཞི་ཐོབ་དགོས་པས་ཚེ་འཕོས་ཚེ་ཁམས་གོང་མར་སྐྱེ་དགོས་པས་འཛམ་གླིང་དུ་མི་སྐྱེ་བར་འགྱུར་ཟེར་བ་དང༌། ངེས་གནས་ཀྱི་བྱང་སེམས་དེ་འཇིག་བསྐལ་དང་སྟོང་བསྐལ་ལ་འཛམ་གླིང་གི་མིར་གྱུར་བ་མི་རིགས་ཏེ། དེའི་ཚེ་འཛམ་གླིང་བྱེ་བ་ཕྲག་བརྒྱ་དུས་མཉམ་དུ་འཇིག་པ་སོགས་ཡིན་པའི་ཕྱིར་ཏེ། གནས་གསུམ་པའི་རྩ་བར། གླིང་བཞི་པ་དང་ཉི་ཟླ་དང༌། །རི་རབ་དང་ནི་འདོད་ལྷ་དང༌། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་གསུངས་པའི་ཕྱིར་ཟེར་བ་དེ་རྣམས་ལ་དཔྱད། སངས་རྒྱས་ཀྱི་སྔོན་གྲངས་མེད་གསུམ་གྱི་ཚོགས་བསགས་སྐབས་སུ་གྲངས་མེད་དང་པོའི་མཇུག་གི་སངས་རྒྱས་ནི། མཛོད་དུ་རིན་ཆེན་གཙུག་དང༌། ལུང་སྨན་གྱི་གཞིར་ཡུལ་འཁོར་སྐྱོང་དང༌། གྲངས་མེད་གཉིས་པའི་མཇུག་གི་སངས་རྒྱས་ནི་མཛོད་དུ་སངས་རྒྱས་མར་མེ་མཛད་ཡིན་པར་གསུངས་ལ། ལུང་སྨན་གྱི་གཞིར་ཐུབ་པའི་དབང་པོའི་རྒྱལ་མཚན་ཡིན་པར་གསུངས་ནས་སངས་རྒྱས་མར་མེ་མཛད་དེ་གྲངས་མེད་གཉིས་པའི་དང་པོར་གསུངས་ལ། གསུམ་པའི་ཐ་མར་རྣམ་གཟིགས་ཡིན་པར་མཛོད་དུ་བཤད་ལ། ལུང་སྨན་གྱི་གཞིར་འོད་སྲུང་ཡིན་པར་གསུངས་པ་ཡིན་ཏེ། མཛོད་འགྲེལ་གནད་སྒྲོན་ལས། ཡང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པ་ན་སངས་རྒྱས་ཇི་སྙེད་ཅིག་ལ་བསྙེན་བཀུར་བྱས་ཤེ་ན། བསྐལ་པ་གྲངས་མེད་པ་དང་པོ་ལ་བདུན་ཁྲི་ལྔ་སྟོང་ལ། གཉིས་པ་ལ་བདུན་ཁྲི་དྲུག་སྟོང་ལ། གསུམ་པ་ལ་བདུན་ཁྲི་བདུན་སྟོང་ལའོ། །བསྐལ་པ་གྲངས་མེད་པ་གང་གི་ཐ་མར་སངས་རྒྱས་གང་ཞིག་བྱུང་བར་གྱུར་ཅེ་ན། རྣམ་གཟིགས་མར་མེ་རིན་ཆེན་གཙུགས། །གྲངས་མེད་གསུམ་གྱི་ཐ་མར་བྱུང༌། །རིན་ཆེན་གཙུགས་ཏོར་ཅན་གྱི་ཚེ། །དེ་ནི་གྲངས་མེད་པ་དང་པོ་རྫོགས་སོ། །མར་མེ་མཛད་ཀྱི་ཚེ་གཉིས་པའོ། །རྣམ་པར་གཟིགས་ཀྱི་ཚེ་གསུམ་པའོ། །དེ་དག་ཐམས་ཅད་ཀྱི་དང་པོ་ཤཱཀྱ་ཐུབ་པ་ཡིན། དེ་ལ་བཅོམ་ལྡན་འདས་ཀྱིས་བདག་ཀྱང་འདི་འདྲ་བའི་རྣམ་པ་ཁོ་ནར་ཤོག་ཅིག་ཅེས་དང་པོར་སྨོན་ལམ་བཏབ་པོ། །ཞེས་དང༌། ལུང་སྨན་གྱི་གཞི་ལས། སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྲུང་གི་བར། །བདུན་ཁྲི་དང་ནི་ལྔ་སྟོང་གི །སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་མར་མེ་མཛད་ནས་ནི། །ཐུབ་པའི་དབང་པོའི་རྒྱལ་མཚན་བར། །བདུན་ཁྲི་དང་ནི་དྲུག་སྟོང་གི། །སངས་རྒྱས་རྣམས་ནི་ང་ཡིས་མཆོད། །སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །སངས་རྒྱས་འོད་སྲུང་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ང་ཡིས་མཆོད། །གྲངས་མེད་གསུམ་པོ་དེ་ལ་ནི། །རྒྱལ་བ་ངས་ནི་མཆོད་བྱས་ཏེ། །བྱང་ཆུབ་ཕྱིར་ནི་སྤྱོད་པ་ན། །དེ་ཚེ་ང་ལ་སྐྱོ་སེམས་མེད། །ཅེས་གསུངས་པའི་ཕྱིར་རོ། །འོ་ན་སངས་རྒྱས་འོད་སྲུང་གྲངས་མེད་གསུམ་གྱི་ཐ་མར་འབྱུང་བ་ཡིན་ན། གྲངས་མེད་གསུམ་གྱི་རྗེས་སུ་མཚན་བཟང་གི་རྒྱུ་བསྐལ་བ་བརྒྱར་བསྒྲུབ་དགོས་པས་ན་སངས་རྒྱས་འོད་སྲུང་ནི་བསྐལ་བ་འདིའི་རྣམ་འདྲེན་གསུམ་པ་ཡིན་ལ། དེས་ན་དེའི་བར་ཏུ་བསྐལ་བ་བརྒྱ་མེད་པས་བརྟག་པར་བྱའོ། །རྩ་བར། ཀུན་ལ་ཐམས་ཅད་སྙིང་རྗེ་ཡིས། །སྦྱིན་པར་བྱེད་པས་སྦྱིན་པ་རྫོགས། །ཞེས་པའི་སྐབས་སུ་དེ་འདྲའི་སྙིང་རྗེས་སེམས་ཅན་ཀུན་ལ་དམིགས་པར་གསུངས་ལ། གནས་བདུན་པར། ཐ་དད་བྱ་བ་རྣམ་པ་བརྒྱད། །ཅེས་པའི་སྐབས་སུ་སྙིང་རྗེས་འདོད་པ་ཁོ་ན་ལ་དམིགས་དགོས་པར་བཤད་པ་སོགས་ཀྱི་དོགས་གཅོད་གནས་བདུན་པར་འཆད་པར་འགྱུར་རོ། །སྟོན་པས་སྔོན་དུ་མཚན་བཟང་གི་རྒྱུའི་ཚོགས་ལས་བསྐལ་བ་དགུའི་ཚོགས་བསྡུམས་ནས་བསགས་ཏེ། མཛོད་འགྲེལ་གནད་སྒྲོན་ལས། སྐར་རྒྱལ་བསྟོད་པའི་བརྩོན་འགྲུས་ཀྱི། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐར་རྒྱལ་ལ་རྐང་པ་གཅིག་གིས་འགྲེང་སྟེ། ཞག་བདུན་གྱི་བར་དུ་ཚིགས་སུ་བཅད་པ་གཅིག་གིས་བསྟོད་པ་དེའི་ཚེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་ལ་བསྐལ་པ་དགུ་ཡང་བསྡུམས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཞག་བདུན་གྱི་ཚོགས་དེ་བསྐལ་བ་དགུའི་ཚོགས་ཡིན་ནམ་ཞག་བདུན་གྱི་ཚོགས་ཡིན། དང་པོ་ལྟར་ན་བསྐལ་བ་དེ་དང་དེའི་ཚོགས་ཞེས་པ་བསྐལ་བ་དེའི་ཡུན་ཚད་ཀྱི་ཚོགས་ལ་བྱེད་པ་མ་ཡིན་པར་ཐལ་ལོ། །གཉིས་པ་ལྟར་ན་སྟོན་པས་མཚན་བཟང་གི་རྒྱུར་གྱུར་བའི་བསྐལ་བ་བརྒྱའི་ཚོགས་མ་བསགས་པར་འགྱུར་རམ་ཟེར་བ་དང༌། ཚོགས་འདུམ་ཚུལ་གང་ཡིན་ལ་དཔྱད། གོང་དུ་ཞག་བདུན་དུ་སྐར་རྒྱལ་ལ་་བསྟོད་པས་བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་པར་གསུངས་པ་མི་རིགས་ཏེ། དེའི་རྗེས་སུ་ད་རུང་བསྐལ་བ་དུ་མར་བསམ་གཏན་དང་ཤེས་རབ་ཀྱི་ཕར་ཕྱིན་ལ་བརྩོན་དགོས་པའི་ཕྱིར་ཟེར་ན་དཔྱད། མཚན་བཟང་རེ་རེ་བསོད་ནམས་བརྒྱ་བརྒྱ་ལས་བྱུང་བ་ཡིན་པར་ཐལ། རྩ་བར། རེ་རེའང་བསོད་ནམས་བརྒྱ་ལས་སྐྱེས། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། གཅིག་གིས་སྐྱེ་བ་གཅིག་འཕེན་གྱི། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་བོ། །གྲུབ་མཐའ་གོང་མའི་ལུགས་ལ་མདོ་ལམ་ལ་བསྐལ་ཆེན་གྲངས་མེད་གསུམ་དུ་ངེས་པར་ཚོགས་བསགས་ནས་སངས་རྒྱས་པ་ཡིན་ཏེ། བྱང་ས་༤༠༩་ལས། དེ་ལ་བསྐལ་པ་གྲངས་མེད་པ་ནི་གཉིས་སུ་རིག་པར་བྱ་སྟེ། བསྐལ་པ་ཆེན་པོ་གང་ཡིན་པ་དེ་ཡང་ཉིན་མཚན་དང་ཟླ་བ་དང་ཟླ་བ་ཕྱེད་དུ་བགྲང་བའི་ཚུལ་གྱིས་དུས་དཔག་ཏུ་མེད་པའི་ཕྱིར་གྲངས་མེད་པ་ཞེས་བྱའོ། །བསྐལ་བ་ཆེན་པོ་དེ་དག་གི་བགྲང་བའི་ཚུལ་གྱིས་བགྲང་བ་ཐམས་ཅད་ལས་འདས་པའི་གྲངས་གང་ཡིན་པ་དེ་ཡང་གྲངས་མེད་པ་ཞེས་བྱ་སྟེ། བསྐལ་པ་གྲངས་མེད་པ་སྔ་མ་ཤོས་ཀྱིས་ནི་བསྐལ་བ་གྲངས་མེད་པ་མི་ཉུང་བ་ཞིག་གིས་བྱང་ཆུབ་ཐོབ་པར་འགྱུར་རོ། །བསྐལ་བ་གྲངས་མེད་པ་ཕྱི་མ་ཤོས་ཀྱིས་ནི་གསུམ་ཁོ་ནས་ཐོབ་ཀྱི་ལྷག་པས་ནི་མ་ཡིན་ཏེ། སུ་བརྩོན་འགྲུས་རྩོམ་པ་ཆེན་པོའི་ཡང་ཆེན་པོས་སྦྱོར་བ་དེའི་ནང་ན་ལ་ལ་ནི་བར་གྱི་བསྐལ་བ་མང་པོ་ཞིག་འདུམས་པར་བྱེད་དོ། །ལ་ལ་ནི་བསྐལ་བ་ཆེན་པོ་དག་གི་བར་ཏུ་འདུམས་པར་བྱེད་ཀྱི་གྲངས་མེད་པ་འདུམས་པར་བྱེད་པ་ནི་འགའ་ཡང་མེད་པར་རིག་པར་བྱའོ། །ཞེས་དང༌། ཉ་ཊཱིཀ་ལས། དབུ་མ་རྣམས་ནི་རྒྱ་ཆེ་བ་དང་བྲལ་བས་བསྐལ་བ་གྲངས་མེད་པ་གསུམ་གྱིས་འབྲས་བུ་ལ་འཇུག་ཅིང་རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱང་ངོ༌། །ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། བསྐལ་པ་གྲངས་མེད་ངེས་འབྱུང་ཞིང༌། །མོས་པ་རྣམ་པར་འཕེལ་བྱེད་པ། །ཇི་ལྟར་ཆུ་ཡིས་རྒྱ་མཚོ་བཞིན། །དགེ་ཆོས་རྣམས་ཀྱིས་ཡང་དག་རྫོགས། །ཞེས་མོས་སྤྱོད་ཀྱི་སའི་བར་ལ་གྲངས་མེད་དང་པོ་དང༌། མ་དག་ས་བདུན་གྱི་བར་ལ་གྲངས་མེད་གཉིས་པ་དང༌། དག་པ་ས་གསུམ་གྱི་བར་ལ་གྲངས་མེད་གསུམ་པ་སྟེ། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ་ལ་བརྟེན་ནས་སངས་རྒྱས་ཐོབ་པར་གསུངས་པའི། ཞེས་གསུངས་པའི་ཕྱིར། དེ་འདོད་མི་རིགས་པར་ཐལ། ཐེག་མཆོག་དབུ་མ་ལས། སོ་སྐྱེའི་བསྐལ་པའི་བར་གྱི་ཚོགས་ཀྱི་ཚད། །ས་ཐོབ་པས་ནི་སྐད་ཅིག་རེ་རེར་བསྒྲུབ། །བདུན་པ་མན་ཆད་བསྐལ་པ་སྟོང་གི་ཚོགས། །དག་པའི་ས་ལ་གནས་པའི་སྐད་ཅིག་ལའོ། །དབང་བསྐུར་མ་ཐོབ་བསྐལ་པ་གྲངས་མེད་པའི། །ཚོགས་ཀྱང་དེ་ཐོབ་སྐད་ཅིག་རེ་རེར་བསྒྲུབ། །ཅེས་དང༌། རྒྱུད་བླ་ས་འགྲེལ་ལས། དེ་ལྟ་ན་ཡང་རབ་ཏུ་བརྩོན་པ་ཁྱོད་ལ་དཔག་མེད་དུས་ཀྱང་ཐུང་ངུ་ཉིད་དུ་འདུས། །ཞེས་པ་ལྟར། བརྩོན་འགྲུས་དང་ཐབས་ལ་མཁས་པའི་ཁྱད་པར་གྱིས་ཡུན་ཐུང་ངུ་ལ་ཡང་གྲངས་མེད་མང་པོའི་ཚོགས་འདུམས་པར་གསུངས་པས་ཤིན་ཏུ་འཇིགས་པར་ཡང་མི་བསམ་མོ། །ཞེས་གསུངས་པའི་ཕྱིར་ཟེར་ན་གྲངས་མེད་པ་སྔ་མའི་དབང་དུ་བྱས་པ་འདྲའོ། །གཞན་དུ་ན་རྒྱུད་བླའི་འགྲེལ་བ་དེར་གྲངས་མེད་མང་པོའི་ཚོགས་འདུམས་པར་གསུངས། ཞེས་པ་ནང་འགལ་ཡོད་པར་སྣང་ངོ༌། །བྱང་ས་ལས། བསྐལ་བ་གྲངས་མེད་པ་ཕྱི་མ་ཤོས་ཀྱིས་ནི་གསུམ་ཁོ་ནས་ཐོབ་ཀྱི་ལྷག་པས་ནི་མ་ཡིན། ཞེས་པ་དེ་དང་དགྲ་བཅོམ་རྟོགས་པ་སྔོན་སོང་རྟོགས་པ་བུལ་བ་ཡིན་པ་དང་གྲངས་མེད་བཞི་དགོས་པར་གསུངས་པ་དང་འགལ་བ་ཡོད་མེད་དཔྱད་དོ། །ཚུལ་ཁྲིམས་ལ་ལུས་ངག་གི་ལས་ཀྱིས་ཁྱབ་པར་ཐལ། མཆིམས་མཛོད་༤༥༥ལས། ཚུལ་ཁྲིམས་ལས་བྱུང་བ་ནི་ལུས་ངག་གི་ལས་ཁོ་ན་ཡིན་པས་གསུམ་ག་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་ཡིད་ཀྱི་སྡོམ་པ་ཡོད་པའི་ཕྱིར་ཏེ། སོ་སོ་ཐར་བ་ལས། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཞེས་དང༌། ཚུལ་ཁྲིམས་ཕུང་པོའི་མདོ་ལས། ལྟུང་བ་དང་དེའི་གཉེན་པོ་ཤེས་པའི་ཤེས་བཞིན་དང༌། སྤོང་བའི་སེམས་པ་མི་བརྗེད་པའི་དྲན་པ་དང་གཉིས་ཀ་ནི་ཡིད་ཀྱི་སྡོམ་པ་དང་དེ་གཉིས་ཀ་དབང་པོའི་སྡོམ་པའང་ཡིན་ཏེ།དེ་གཉིས་ཀྱིས་ཡིད་ཀྱི་ཉེས་སྤྱོད་ཀྱང་སྤོང་ལ་དབང་པོ་ཡུལ་ལ་ལོག་པར་སྤྱོད་པ་དག་ཀྱང་སྤོང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། རང་དང་གཞན་ལ་ཕན་པའི་སྦྱིན་པ་ལ་མུ་བཞི་ཡོད་དེ། རྩ་བར། བདག་གཞན་དོན་ཕྱིར་གཉིས་དོན་ཕྱིར། །གཉིས་ཀའི་དོན་དུ་མིན་ཕྱིར་སྦྱིན། །ཞེས་དང༌། མཆིམས་མཛོད་༤༥༦ལས། དེ་ཡང་ཁོ་འདོད་པ་ལས་འདས་ལ་སྦྱིན་པའི་རྣམ་སྨིན་གྱི་ས་ནི་འདོད་པས་བསྡུས་པས་གཞན་ལ་ཕན་ལ་རང་ལ་མི་ཕན་པས་སོ། །ཞེས་གསུངས་པའི་ཕྱིར། རང་ལ་མི་ཕན་ལ་གཞན་ལ་ཕན་པའི་སྦྱིན་པའི་ལས་དེས་རང་འབྲས་ཡིད་འོང་མི་འབྱིན་པ་དང༌། ལས་བསགས་པ་ཆུད་ཟོས་སུ་འགྱུར་བའི་ཕྱིར་ཟེར་ན་དཔྱད། བསགས་པའི་ལས་ཁྱད་པར་དྲུག་ཚང་དགོས་ཏེ། རྩ་བར། བསམ་བཞིན་པ་དང་རྫོགས་པ་དང༌། མི་འགྱོད་གཉེན་པོ་མེད་པ་དང༌། །འཁོར་དང་རྣམ་པར་སྨིན་པ་ལས། །བསགས་པའི་ལས་ཞེས་བྱ་བ་ཡིན། །ཞེས་དང༌། མཆིམས་མཛོད་༤༦༧ལས། ཡང་མདོ་ལས་ལས་བྱས་ལ་བསགས་པ་དང༌། བྱས་ལ་བསགས་པ་མ་ཡིན་པ་ཞེས་བྱ་བ་གསུངས་པ་ལ་བློ་སྔོན་དུ་མ་བཏང་བ་དང་བབ་ཅོལ་དུ་བྱས་པ་མ་ཡིན་པར་འདི་ངེས་པར་བྱའོ་སྙམ་དུ་ཆེད་དུ་བསམ་བཞིན་བྱས་པ་དང༌། ལས་ཀྱི་ཡན་ལག་རྫོགས་པར་བྱས་པ་དང༌། བྱས་པ་ལ་ཕྱིས་མི་འགྱོད་པ་དང༌། འཆགས་པ་སོགས་ལས་དེ་ལ་གནོད་བྱེད་ཀྱི་གཉེན་པོ་མེད་པ་དང༌།རྗེས་སུ་ཡི་རང་སོགས་འཁོར་དང་བཅས་པ་དང༌། རྣམ་པར་སྨིན་པ་མྱོང་བར་ངེས་པ་ཞེས་བྱ་བ་དྲུག་ལས་ནི་བྱས་པ་བསགས་པའི་ལས་ཞེས་བྱ་བ་ཡིན་ལ། ལས་གཞན་དག་ནི་བྱས་ལ་བསགས་པ་མ་ཡིན་པའི་ལས་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ལས་ཡིན་ན་མ་འོངས་པ་སྡོམ་པས་མ་ཁྱབ་པར་ཐལ་ལོ་ཟེར་བ་དང༌། ཚད་མེད་ཀྱི་ལས་ཡིན་ན་རྗེས་སུ་ཡི་རང་བྱེད་པས་ཁྱབ་པ་དང་ཕྱིས་སུ་མི་སྡོམ་པས་ཁྱབ་པར་ཐལ། དེ་ཡིན་ན་བསགས་པའི་ལས་ཡིན་པས་ཁྱབ་པའི་ཕྱིར་ཟེར་བ་དང༌། དེ་དྲུག་མ་ཚང་བའི་ལས་ཡིན་ན་བྱས་ལ་མ་བསགས་པའི་ལས་ཡིན་པས་ཁྱབ་པར་ཐལ། མཆིམས་ལས། ལས་གཞན་དག་ནི་བྱས་ལ་བསགས་པ་མ་ཡིན་པའི་ལས་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་ཟེར་བ་རྣམས་ལ་དཔྱད།བྱས་པའི་ལས་དང་བསགས་པའི་ལས་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་དེ། ལས་རྣམ་པར་འབྱེད་པའི་མདོ་ལས། བྱས་ལ་མ་བསགས་པའི་ལས་གང་ཞེ་ན། ལས་གང་བྱས་ནས་ངོ་ཚ་བ་དང་འཛེམ་པ་དང་འགྱོད་པ་དང་སྨོད་པ་དང་མཐོལ་བ་དང་འདོར་བ་དང༌། སྤོང་བ་དང་མ་འོངས་པ་ན་སྡོམ་པར་བྱེད་པའོ། །བསགས་ལ་མ་བྱས་པའི་ལས་གང་ཞེ་ན། ལས་གང་ལུས་ཀྱི་ཡོངས་སུ་རྫོགས་པར་བྱ་བ་དེ་སེམས་ཀྱིས་ཡོངས་སུ་རྫོགས་པར་བྱས་ཤིང་ཚིག་ཏུ་ལས་འདི་ཞེས་བྱའོ་ཞེས་སྨྲས་ལ་ལས་དེ་མ་བྱས་པའོ། །བྱས་ལ་བསགས་པའི་ལས་གང་ཞེ་ན། ལས་གང་བྱས་ནས་ངོ་མི་ཚ་བ་ནས་མ་འོངས་པ་ན་མི་སྡོམ་པའི་བར་རོ། །མ་བྱས་ལ་མ་བསགས་པའི་ལས་གང་ཞེ་ན། ལས་གང་ཆེད་དུ་མ་བསམ་པར་བྱས་པའོ། །ཞེས་གསུངས་སོ། །ལས་བྱས་ནས་འབྲས་བུ་མི་འབྱིན་པ་ཡོད་པར་ཐལ། རང་འགྲེལ་༤༤༠ལས། ཞིང་གི་སྐྱོན་གྱིས་ནི་ས་བོན་དེའི་འབྲས་བུ་ཆུང་བའམ་འབྲས་བུ་མེད་པར་འགྱུར་རོ། །ཞེས་དང༌། མཆིམས་མཛོད་༤༧༠ལས། རྒྱུ་དགེ་བ་ལས་འབྲས་བུ་རྣམ་སྨིན་ཡིད་དུ་འོང་བ་འབྱུང་བ་ནི་ཐམས་ཅད་དུ་མི་འཁྲུལ་བའི་ཕྱིར་ངན་པའི་ཞིང་ལ་བྱིན་པ་ལའང་རྣམ་པར་སྨིན་པའི་འབྲས་བུ་ནི་ཡིད་དུ་འོང་བ་ཁོ་ན་འབྱུང་བ་ཡིན་ནོ། །འོན་ཀྱང་ཞིང་ངན་པའི་སྟོབས་ཀྱིས་རྣམ་སྨིན་ཆུང་བའམ་མེད་པར་འགྱུར་ཏེ་ཞིང་ངན་པ་ལ་བཏབ་པའི་འབྲས་བུ་དུས་སུ་མི་སྨིན་པ་དང་ཆུང་བ་ལ་སོགས་པར་འགྱུར་བ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ལས་དགེ་བ་བྱས་པ་ལས་འབྲས་བུ་བདེ་བ་འབྱུང་བ་གནས་ཡིན་པའི་ཕྱིར་ཟེར་ན་དཔྱད། ཚུལ་ཁྲིམས་འཆལ་བ་ལ་ཕམ་པ་འབྱུང་དགོས་པར་ཐལ། ཚུལ་ཁྲིམས་འཆལ་བ་གནས་ནས་བསྐྲད་དགོས་པའི་ཕྱིར། དེར་ཐལ། ཇི་སྐད་དུ། ཚུལ་ཁྲིམས་འཆལ་བ་གནས་ནས་བསྐྲད་པར་བྱའོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་པར་ཐལ། ཇི་སྐད་དུ། ཚུལ་འཆལ་ཡང་དག་མི་སྡོམ་པ། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །ཞེས་དང༌། རང་འགྲེལ་༤༤༠ལས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཅད་པ་དུས་མ་ཡིན་པའི་ཟས་ལ་སོགས་པ་གང་དག་ཡིན་པ་དེ་དག་སྤོང་བ་རྣམ་པ་གཉིས་ཀྱང་ཚུལ་ཁྲིམས་ཡིན་ཏེ། བསླབ་པ་མནོས་པས་དེ་དག་སྤྱད་ན་འཆལ་བའི་ཚུལ་ཁྲིམས་སུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། བྱེ་བྲག་སྨྲ་བས་བག་ཆགས་ཁས་ལེན་པར་མཆིམས་མཛོད་༤༧༢ལས། ཅིའི་ཕྱིར་དེ་ལ་སྒོམ་པ་ཞེས་བྱ་ཞེ་ན། ༼ཏིལ་མར་དང་མེ་ཏོག་གི་དྲི་ལྟར་༽སེམས་ལ་དགེ་བའི་བག་ཆགས་བསྒོ་ཞིང་གོམས་པ་དང་དབང་དུ་བྱེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན། འདོད་མི་ནུས་པ་གོང་དུ་བཤད་ཟིན་ཏོ། །ཐར་བ་བླ་ན་མེད་པ་ཡིན་ཏེ། མཛོད་འགྲེལ་གནད་སྒྲོན་ལས། ཆོས་གཞན་ཐམས་ཅད་ནི་བླ་མ་དང་བཅས་པ་ཡིན་གྱི། ཐར་པ་བླ་ན་མེད་པ་ཡིན། མྱ་ངན་ལས་འདས་པ་ལས་ཆེས་ཁྱད་པར་དུ་འཕགས་པ་ནི་མེད་ཀྱི་དེ་ནི་དགེ་བ་དང་རྟག་པ་ཡིན་པའི་ཕྱིར་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན་ཐར་བ་ཡིན་ན་ཁྱོད་ལས་བླ་ན་མེད་པས་ཁྱབ་པར་ཐལ།འདོད་པའི་ཕྱིར། འདོད་ན། དམན་པའི་ཐར་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ཐེག་པ་ཆེན་པོའི་ཐར་བ་བླ་ན་མེད་པ་གཞི་གྲུབ་པའི་ཕྱིར་རོ་ཟེར་ན་མཁས་དབང་རྣམས་ཀྱི་འཆད་རྩོད་རྩོམ་པའི་རྒྱུར་གྱུར་ཅིག །

སྨྲས་པ། འཇིག་རྟེན་ཐམས་ཅད་སེམས་བསམ་ལས་ལས་བྱུང༌། །རིག་བྱེད་རིག་མིན་སྡོམ་གསུམ་བར་མའི་དགེ། །སྡོམ་མིན་དང་ནི་ལས་ཀྱི་རབ་དབྱེ་ཀུན། །རྟོགས་འདོད་གཟུར་གནས་བློ་ལྡན་འཇུག་པའི་གནས། །ཞེས་མཛོད་རྩ་འགྲེལ་གྱི་དོགས་གཅོད་ལམ་བཟང་གསལ་བའི་སྒྲོན་མེ་ཞེས་བྱ་བའི་གནས་བཞི་པའི་བཤད་པ་རྫོགས་སོ།། །།

ཕྲ་རྒྱས་ཀྱི་དབྱེ་བ་བཤད་པའི་སྐབས་ཀྱི་དོགས་གཅོད།

ཕྲ་རྒྱས་ཀྱི་དབྱེ་བ་བཤད་པའི་སྐབས་ཀྱི་དོགས་གཅོད་ནི།

བཀའ་དྲིན་གཞལ་མེད་དཔལ་ལྡན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་གནས་ལྔ་བའི་དོགས་གཅོད་རགས་ཙམ་བཤད་པ་ལ།

རྩ་བར། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །ཅེས་པའི་སྲིད་པ་ཡིན་ན་ཡང་སྲིད་ཡིན་པས་ཁྱབ་པར་ཐལ། མཆིམས་མཛོད་༤༨༠ལས། དེ་ལ་སློབ་དཔོན་གང་སྤེལ་ནི། སྐྱེ་བའི་ཤིང་རྟ་སྐྱེ་བོ་བྱིས་པ་ཡིས། །ཞོན་ཞིང་ཉོན་མོངས་ལས་ཀྱི་འཕང་ལོ་ཅན། །འདི་ནི་ཉོན་མོངས་འཕང་ལོ་གཅིག་ཉམས་ན། །ལས་ཀྱི་འཕང་ལོ་གཅིག་པུ་འཁོར་མ་ཡིན། །ཞེས་ལས་ཀྱིས་ཡང་སྲེད་འཕེན་པར་བྱེད་པ་དང༌། མངོན་པར་འགྲུབ་པར་བྱེད་པའི་རྩ་བ་ཕྲ་རྒྱས་ཡིན་ནོ་ཞེས་སྲིད་པ་ནི་ཡང་སྲིད་ལ་འདོད་ཅིང་དེའི་རྩ་བ་ནི་ཕྲ་རྒྱས་ཡིན་ནོ་ཞེས་འཆད་ལ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །ཅེས་པའི་སྲིད་པ་ལ་ཡང་སྲིད་དང་དེའི་རྒྱུ་ལས་ཀྱི་སྲིད་པ་གཉིས་ཡོད་པའི་ཕྱིར་ཏེ། མཆིམས་མཛོད་༤༨༠ལས། སློབ་དཔོན་རྒྱལ་བོའི་སྲས་ནི་སྲིད་པ་ནི་འདིར་ཡང་སྲིད་ཕྱི་མ་དང༌། དེའི་རྒྱུ་ལས་ཀྱི་སྲིད་པ་གཉིས་ཀ་ཡིན་པར་འདོད་ལ། དེའི་རྩ་བ་ནི་ཕྲ་རྒྱས་ཡིན་ཏེ། ཉོན་མོངས་པ་འཇུག་པ་ན་བྱ་བ་བཅུ་བྱེད་པའི་ཕྱིར་རོ་ཞེས་འཆད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །མཛོད་འགྲེལ་གནད་སྒྲོན་ལས། འདོད་ཆགས་དེ་བཞིན་ཁོང་ཁྲོ་དང༌། །ང་རྒྱལ་མ་རིག་ལྟ་བ་དང༌། །ཐེ་ཚོམ་ཡིན་ཏེ། དེ་བཞིན་ཞེས་སྨོས་པ་ནི་འདོད་ཆགས་ཀྱི་དབང་གིས་གཞན་དག་དམིགས་པ་ལ། རྒྱས་པར་འགྱུར་པ་ཉིད་ཤེས་པར་བྱ་བའི་དོན་དུའོ། །ཞེས་དང༌། མཆིམས་མཛོད་མཆན་༤༨༡ལས།ཉེར་ལེན་གྱི་ཕུང་བོ་ལ་བདག་ཏུ་ཆགས་པའི་འདོད་ཆགས་ཀྱིས་གཞན་ལྔ་ཡང་དམིགས་པ་ལ་རྒྱས་པར་འགྱུར་ཏེ། བདག་དང་སྲེད་པས་བདག་གིར་བྱས་པ་ལས་རྒྱས་པའི་ཕྱིར། ཟག་མེད་དང་སྐལ་བ་མི་མཉམ་པའི་ཁམས་ལ་མི་རྒྱས་སོ། །ཞེས་གསུངས་པ་ལ་དེ་འདྲའི་ཆགས་པས་གཞན་ལྔ་ལ་དམིགས་པ་ལ་རྒྱས་ཚུལ་ལ་དཔྱད། ཕྲ་རྒྱས་ཡིན་ན་བྱ་བ་བཅུ་བྱེད་དགོས་པར་ཐལ། མཆིམས་མཛོད་༤༨༠ལས། དེའི་རྩ་བ་ནི་ཕྲ་རྒྱས་ཡིན་ཏེ། ཉོན་མོངས་པ་འཇུག་པ་ན་བྱ་བ་བཅུ་བྱེད་པའི་ཕྱིར་རོ་ཞེས་འཆད་དོ། །དེ་ལ་བྱ་བ་བཅུ་ནི། ༼རྒྱུན་མི་ཆད་པས༽རྩ་བ་བརྟན་བྱེད་ཐོབ་པའི་རྒྱུན། །༼ཡང་ཡང་རྒྱུན་མི་ཆད་དུ་བསྐྱེད་པས༽རྒྱུད་གནས་བྱེད་པ་ཕྲ་རྒྱས་རྒྱུན། །ཞེས་པ་ནས་རྣམ་པ་བཅུ་ནི་གནས་འདིར་ཡང༌། །རབ་ཏུ་བསྟན་པ་ཡིན་པར་འདོད། །ཅེས་བྱའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཉོན་མོངས་པ་ཡིན་ན་ཕྲ་རྒྱས་ཡིན་པས་མ་ཁྱབ་པར་ཐལ། ཕྲ་རྒྱས་ཡིན་ན་བྱ་བ་བཅུ་བྱེད་དགོས་པ་གང་ཞིགཉོན་མོངས་པ་ཡིན་ན་བྱ་བ་བཅུ་བྱེད་པའི་མ་ཁྱབ་པའི་ཕྱིར། རྟགས་སྔ་མ་ཁས། རྟགས་ཕྱི་མ་གྲུབ་སྟེ། སྤངས་ཁ་མའི་ཉོན་མོངས་པ་སོགས་ཀྱིས་རྒྱུན་མི་ཆད་པ་སོགས་ཀྱི་བྱ་བ་མི་བྱེད་པའི་ཕྱིར། དེ་ཡང་འདོད་མི་ནུས་ཏེ། ཉོན་མོངས་པ་ཡིན་ན་མངོན་གྱུར་ཡིན་པས་ཁྱབ་པ་གང་ཞིག ཉོན་མོངས་པ་མངོན་གྱུར་ཕྲ་རྒྱས་ཡིན་པའི་ཕྱིར་ཏེ། མཆིམས་མཛོད་༤༨༡མཆན་ལས། ཕྲ་རྒྱས་ནི་བྱེ་བྲག་སྨྲ་བ་ཀུན་དཀྲིས་དང༌། གནས་མ་བུ་པ་ཐོབ་པ་དང༌། མདོ་སྡེ་བ་ས་བོན་འདོད་པ་ཡོད་པས། ཞེས་དང༌། མཛོད་རང་འགྲེལ་ལས། བྱེ་བྲག་སྨྲ་བ་རྣམས་ན་རེ། འདོད་པའི་འདོད་ཆགས་ཉིད་ཕྲ་རྒྱས་ཡིན་ཏེ། ཐེ་ཚོམ་ཉིད་ཕྲ་རྒྱས་ཡིན་པའི་བར་དུ་ཡང་དེ་དང་འདྲའོ་ཞེས་ཟེར་རོ། །ཞེས་པ་ནས། ཆོས་མངོན་པ་ལས་ཕྲ་རྒྱས་ཞེས་བྱ་བའི་སྒྲ་འབྱུང་བ་ནི་ཉོན་མོངས་པ་ཁོ་ན་ལ་མཚན་ཉིད་པ་ཡིན་ཏེ། དེ་ལྟ་བས་ན་ཕྲ་རྒྱས་རྣམས་ནི་མཚུངས་པར་ལྡན་པ་ཁོ་ན་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། ཡང་མདོ་སྡེ་བས་ཕྲ་རྒྱས་ས་བོན་ནམ་བག་ཉལ་གྱིས་ཁྱབ་པར་འདོད་པ་མི་རིགས་པར་ཐལ། དེ་ལ་མཚུངས་ལྡན་དང་མཚུངས་ལྡན་མ་ཡིན་པ་གཉིས་སམ་མངོན་གྱུར་དང་ས་བོན་གཉིས་ཡོད་པའི་ཕྱིར་ཏེ། མཛོད་རང་འགྲེལ་༤༤༦ལས། མདོ་སྡེ་པ་རྣམས་ཀྱི་ཇི་ལྟ་བ་དེ་ལྟ་བུ་ནི་ལེགས་པ་ཡིན་ནོ། །མདོ་སྡེ་པ་རྣམས་ཀྱི་ཇི་ལྟ་བུ་ཡིན་ཞེ་ན། འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ནི་མཚུངས་པར་ལྡན་པ་ཡང་མ་ཡིན་ལ། ལྡན་པ་མ་ཡིན་པ་ཡང་མ་ཡིན་གྱི། ཞེས་དང༌། མཆིམས་མཛོད་༤༨༢ལས། མདོ་སྡེ་པ་རྣམས་ན་རེ། ཕྲ་རྒྱས་ནི་ཐོབ་པ་ཡང་མ་ཡིན་ཀུན་ནས་དཀྲིས་པའང་མ་ཡིན་གྱི་འོན་ཀྱང་བག་ལ་ཉལ་ཡིན་ནོ། །དེའི་ཕྱིར་ཀུན་ནས་དཀྲིས་པ་ནི་ཕྲ་རྒྱས་མངོན་དུ་གྱུར་བ་ཡིན་ལ་བག་ལ་ཉལ་ནི་ཕྲ་རྒྱས་ས་བོན་ཡིན་ནོ། །ཞེས་དེ་མཚུངས་པར་ལྡན་པ་མ་ཡིན་པ་དང༌། ཕྲ་རྒྱས་མངོན་དུ་གྱུར་བ་ཡོད་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཟེར་ན། དེ་ཡང་མི་རིགས་པར་ཐལ། ཉོན་མོངས་བག་ཉལ་ཕྲ་རྒྱས་དང༌། སད་པ་ཀུན་དཀྲིས་ཡིན་པའི་ཕྱིར་ཏེ། མཛོད་རང་འགྲེལ་༤༤༦ལས། ཉོན་མོངས་པ་ཉལ་བ་ལ་ནི་ཕྲ་རྒྱས་ཞེས་བྱ་བ་ལ། སད་པ་ལ་ནི་ཀུན་ནས་དཀྲིས་པ་ཞེས་བྱའོ། །དེ་ལ་ཉལ་བ་གང་ཞེ་ན། མངོན་སུམ་དུ་མ་གྱུར་པར་ས་བོན་གྱི་དངོས་པོས་རྗེས་སུ་འབྲེལ་ལོ། །སད་པ་གང་ཡིན་ཞེ་ན། མངོན་སུམ་དུ་གྱུར་བའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །བྱེ་བྲག་སྨྲ་བའི་ལུགས་ལ་ཀུན་བཏགས་ལ་མཐོང་སྤང་དང༌། ལྷན་སྐྱེས་ལ་སྒོམ་སྤང་དགོས་པར་ཐལ། མཆིམས་མཛོད་༤༨༥ལས། དེ་དག་ལས་ལྟ་བ་འོག་མ་གསུམ་དང་ཐེ་ཚོམ་ནི་ཀུན་ཏུ་བརྟགས་པའོ། །ལྷག་མ་ནི་ལྷན་ཅིག་སྐྱེས་པ་དང་ཀུན་བརྟགས་པའོ། །ཞེས་འབྱུང་བས་འདོད་ཆགས་ལ་སོགས་པ་བཞི་དང་ལྟ་བ་དང་པོ་གཉིས་ཏེ་དྲུག་ནི་ལྷན་སྐྱེས་སྒོམ་སྤང་དང་ཀུན་བརྟགས་མཐོང་སྤང་ཡིན་པས་གཉིས་ཀ་དང༌། ལྟ་བ་ཕྱི་མ་གསུམ་དང་ཐེ་ཚོམ་ནི་ཀུན་བརྟགས་ཁོ་ན་ཡིན་པའི་ཕྱིར་མཐོང་སྤང་ཉིད་དུ་ངེས་པའོ། །ཞེས་དང༌། ཉ་ཊཱིཀ་སྐབས་བཞི་བ་༡༡༢ལས།མཛོད་ལྟར་ན་བཞི་ནི་སྒོམ་པས་སྤང་བྱ་ཉིད། །ཅེས་ཏེ་འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་བཞི་སྟེ། ལྟ་བ་དང་ཐེ་ཚོམ་ནི་ཀུན་བརྟགས་ཁོ་ན་ཡིན་པས་མཐོང་སྤང་དུ་ངེས་པར་འདོད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཚེ་རབས་ཐོག་མེད་ནས་གོམས་པའི་དབང་གིས་སྐྱེ་བའི་འཇིག་ལྟ་དེ་ལྷན་སྐྱེས་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཀུན་བརྟགས་ལྷན་སྐྱེས་གཉིས་ཀའི་ཁྱད་པར་ཡོད་པའི་ཕྱིར་ཟེར་ན་དཔྱད། གནས་ལྔ་བའི་རྩ་བར། སྲིད་རྩེ་ལས་སྐྱེས་བཟོད་པ་ཡིས། །གཞོམ་བྱ་མཐོང་བས་སྤང་བྱ་ཉིད། །ལྷག་སྐྱེས་མཐོང་དང་སྒོམ་གཉིས་ཀྱིས། །བཟོད་པས་གཞོམ་མིན་བསྒོམ་ཁོ་ནས། །ཞེས་པའི་དོན་ལ་སྔར་དཔྱད་ཟིན་ཏོ། །འཇིག་ལྟ་ཡིན་ན་ནང་གི་ཕུང་བོ་ལྔ་བོ་ཅི་རིགས་ལ་དམིགས་པས་ཁྱབ་པར་ཐལ། མཆིམས་མཛོད་༤༩༠ལས། སྤྱིར་ཟག་བཅས་ལ་དམིགས་པའི་ལྟ་བ་ཐམས་ཅད་འཇིག་ཚོགས་ལ་ལྟ་བ་ཡིན་མོད་ཀྱི། འོན་ཀྱང་སྤྱི་མིང་བྱེ་བྲག་ལ་བཏགས་ནས་བདག་དང་བདག་གི་བའི་རྣམ་པ་ཅན་གྱི་ལྟ་བ་འདི་ནི། ཞེས་པ་ནས། སྐད་ཅིག་རེ་རེ་ལ་འཇིག་ཅིང་རྡུལ་དང་ཆ་དུ་མ་ཚོགས་པའི་ཉེར་ལེན་གྱི་ཕུང་བོ་ལྔ་པོ་མི་རྟག་པ་དུ་མ་ལ་དམིགས་ནས་རྣམ་ཤེས་ལ་བྱེད་པ་པོའི་བདག་དང་ཕུང་བོ་གཞན་བཞི་ལ་དབང་བསྒྱུར་བྱའི་བདག་གི་བར་ལྟ་བའམ། ཡང་ན་མིང་བཞིའི་ཕུང་པོ་ལ་བདག་དང་གཟུགས་ལ་བདག་གིར་ལྟ་བ་དང༌། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཁམས་སྐལ་བ་མཉམ་པའི་ཀུན་འགྲོ་ཡིན་པས་རང་སའི་ཟག་བཅས་ཐམས་ཅད་ལ་དམིགས་པའི་ཕྱིར་ཟེར་བ་དང༌། འཇིག་ལྟས་རང་རྒྱུད་དང་རྒྱུད་གཞན་ཐམས་ཅད་ལ་དམིགས་པ་ཡིན་ན་རང་ལས་རྒྱུད་གཞན་པའི་བ་ལང་ལྟ་བུ་ལ་དམིགས་ནས་བདག་ཏུ་ལྟ་བ་ཡོད་མེད་སོགས་དཔྱད། ལམ་བདག་མེད་དུ་རྟོགས་པའི་ཡེ་ཤེས་ཡོད་ན་དེ་ལམ་བདག་ཏུ་གྲུབ་པར་འཛིན་པའི་བདག་འཛིན་གྱི་གཉེན་པོ་ཡིན་ནམ་ཅི། ཡིན་ན་ལམ་བདག་ཏུ་གྲུབ་པར་འཛིན་པའི་འཇིག་ལྟ་ཡོད་པར་ཐལ་ལོ། །ཡང་ལམ་བདག་མེད་རྟོགས་པའི་ཡེ་ཤེས་ཡོད་ན་རྩ་བར། དྲི་མེད་བཅུ་དྲུག་གཞན་རྣམ་མེད། །ཅེས་དང༌། མཛོད་འགྲེལ་གནད་སྒྲོན་ལས། དྲི་མེད་བཅུ་དྲུག་གཞན་རྣམ་མེད། །རྣམ་པ་བཅུ་དྲུག་མ་གཏོགས་པ་ཟག་པ་མེད་པའི་རྣམ་པ་མེད་དོ། །ཞེས་གསུངས་པ་དང་འགལ་ལོ་ཟེར་ན་དཔྱད། ཡང་ཚོགས་སྦྱོར་གཉིས་ལ་དམིགས་པའི་འདུན་པ་དང་སྲེད་པ་གཉིས་ཀྱི་ཁྱད་པར་དཔྱད། སྐབས་འདིར་ལྟ་བ་ལ་དབྱེ་བ་བྱས་ལ་ང་རྒྱལ་ལ་དབྱེ་བ་མ་མཛད་པའི་རྒྱུ་མཚན་ནི། མཆིམས་མཛོད་ལས། ལྟ་བ་ལ་རྣམ་པ་དང་བྱེད་ལས་ཐ་དད་ཡོད་ལ་ང་རྒྱལ་ལ་ཁེངས་བའི་རྣམ་པ་གཅིག་ལས་མེད་ཅིང་བྱེད་ལས་ཀྱང་གཅིག་ལས་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ང་རྒྱལ་ལ་རྣམ་པ་ཐ་དད་པ་ཡོད་པའི་ཕྱིར་ཏེ། མཆིམས་མཛོད་༤༩༥ལས། ང་རྒྱལ་ཡང་རྣམ་པ་བདུན་ཡིན་ནོ། །གང་ཞེ་ན། སེམས་ཁེངས་པ་ནི་ང་རྒྱལ་སྤྱིའི་མཚན་ཉིད་ཡིན་ལ་རྣམ་པའམ་ཡུལ་གྱི་བྱེ་བྲག་ལས། ཞེས་སོགས་གསུངས་པའི་ཕྱིར་ཟེར་བ་དང༌། ཡང་ཁེངས་པའི་རྣམ་པ་ཅན་ཡིན་པར་འདྲ་བས་སྐབས་འདིར་ང་རྒྱལ་ལ་དབྱེ་བ་མ་མཛད་པ་ཡིན་ན་ལྟ་བ་ལྔ་ཀ་དོན་གྱི་ཁྱད་པར་གྱི་རྣམ་པ་ཅན་ཡིན་པར་འདྲ་བའི་ཕྱིར་ཟེར་ན་དཔྱད། ལྟ་བ་མཆོག་འཛིན་གྱི་དམིགས་པ་ཡིན་ན་དམན་པ་ཡིན་པས་ཁྱབ་པར་ཐལ། རྩ་བར། མེད་དང་དམན་ལ་མཆོག་ལྟ་དང༌། །ཞེས་དང༌། མཛོད་རང་འགྲེལ་ལས། དམན་པ་ལ་མཆོག་ཏུ་འཛིན་པར་ལྟ་བ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །དམན་པ་ཡང་ཅི་ཞིག་ཡིན་ཞེ་ན། ཟག་པ་དང་བཅས་པ་ཐམས་ཅད་དེ། འཕགས་པ་རྣམས་ཀྱིས་སྤང་བའི་ཕྱིར་རོ། །དེ་ལ་མཆོག་ཏུ་འཛིན་པ་ནི་ལྟ་བ་མཆོག་ཏུ་འཛིན་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། གཟུགས་གཟུགས་མེད་སོགས་དམན་པ་ཡིན་པར་ཐལ། ལྟ་བ་མཆོག་འཛིན་གྱི་དམིགས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དམན་པ་གྱ་ནོམ་བར་མའི་ཁམས་གསུམ་པོ་ཁམས་གསུམ་ལ་རིམ་བཞིན་སྦྱར་བ་ཡིན་པའི་ཕྱིར་ཏེ། རྒྱལ་སྲས་མ་༥༡ལས། ངན་པ་ལ་སོགས་པའི་ཁམས་གསུམ་ནི་འདོད་པའི་ཁམས་ལ་སོགས་པ་ཁོ་ན་ཡིན་པས་འདི་དག་གིས་བསྡུས་པ་ནི་བཤད་ཟིན་ཏོ། །ཞེས་དང༌། མཆིམས་མཛོད་༧༣ལས། དེའི་རྗེས་ལ་ངན་པ་དང་བར་མ་དང་གྱ་ནོམ་པའི་ཁམས་གསུམ་གསུངས་པ་ནི་འདོད་པའི་ཁམས་ལ་སོགས་པ་གསུམ་པོ་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ལམ་མཐོང་སྤང་ལ་ལྟ་བ་མཆོག་འཛིན་ཡོད་པར་ཐལ། རྩ་བར། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པར། །འདོད་ན་སྡུག་བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །ཅེས་གསུངས་པའི་ཕྱིར། འདོད་ན། ལམ་མཐོང་སྤང་དུ་གྱུར་བའི་ལྟ་བ་མཆོག་འཛིན་དང་སྡུག་བསྔལ་མཐོང་སྤང་དུ་གྱུར་བའི་ལྟ་བ་མཆོག་འཛིན་གཉིས་ལ་དམིགས་རྣམ་གྱི་སྒོ་ནས་ཁྱད་པར་ཡོད་མེད་དང༌། སྦྱོར་ལམ་ལ་དམིགས་ནས་དེ་མཆོག་ཏུ་འཛིན་པའི་བློ་ལྟ་བ་མཆོག་འཛིན་ཡིན་མིན་སོགས་ལ་དཔྱད། བདེན་བཞིའི་མཐོང་སྤང་དེ་དག་དམིགས་རྣམ་གྱི་སྒོ་ནས་བཞག་པ་ཡིན་ནམ་ལོག་པར་ཞུགས་ཚུལ་གྱི་སྒོ་ནས་བཞག་པའམ་བདེན་པ་དེ་དང་དེའི་མཚན་ཉིད་ལ་ལོག་པར་ཞུགས་ཚུལ་སྒོ་ནས་བཞག་པ་གང་ཡིན་འཚོལ་དགོས་ཏེ། མཆིམས་མཛོད་༥༠༡ལས། ཀུན་འགྲོ་རྣམས་བདེན་པ་དང་པོ་གཉིས་ཀྱི་མཚན་ཉིད་དང་འགལ་བར་ཞུགས་པས་དངོས་སུ་ལོག་ཞུགས་དང༌། ཀུན་འགྲོ་མ་ཡིན་པ་རྣམས་དངོས་པོ་ལ་དམིགས་ཀྱང་མཚན་ཉིད་དང་མི་འགལ་བས་ལོག་ཞུགས་ལ་ལོག་ཞུགས་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཞེས་དང༌། གང་སྤེལ་ལས། ཧ་ཅང་ཐལ་བ་ནི་མི་འགྱུར་ཏེ། འདི་ལྟར་ཁ་ཅིག་ནི་ཟག་པ་དང་བཅས་པའི་དངོས་པོ་ལ་སྡུག་བསྔལ་གྱི་སྒོ་ནས་ལོག་པར་ཞུགས་པ་ལ། ཁ་ཅིག་ནི་ཀུན་འབྱུང་གི་སྒོ་ནས་སོ། །ཁ་ཅིག་ནི་འགོག་པ་ལ་ལོག་པར་ཞུགས་ལ། ཁ་ཅིག་ལམ་ལ་ལོག་པར་ཞུགས་སོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་རྟག་པ་དང་བདག་ཏུ་འཛིན་པས་སྡུག་བསྔལ་ལ་ལོགས་པར་ཞུགས་ཏེ། དེ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །གང་གིས་ལམ་ལོག་པར་ཞུགས་པ་ལམ་མ་ཡིན་པ་ལ་ལམ་དུ་ལྟ་བ་དེ་ནི་ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་སྡུག་བསྔལ་མཐོང་སྤང་ཀུན་འགྲོ་མིན་པ་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དེ་དག་དང་དེ་རྣམས་དང་མཚུངས་པར་ལྡན་པའི་མ་རིག་པ་རྣམས་ཆོས་ཅན། སྡུག་བདེན་ལ་དངོས་སུ་ལོག་ཞུགས་ཡིན་པར་ཐལ། སྡུག་བདེན་ལ་དངོས་སུ་དམིགས་པའི་མཐོང་སྤང་ཉོན་མོངས་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། སྡུག་བདེན་ལ་དངོས་སུ་དམིགས་པ་ཙམ་གྱིས་དེ་ལ་དངོས་སུ་ལོག་ཞུགས་སུ་མི་འགྱུར་བར་དེ་ལ་དངོས་སུ་ལོག་ཞུགས་སུ་འགྱུར་བ་ལ་དེའི་མཚན་ཉིད་ལ་དངོས་སུ་ལོག་པར་ཞུགས་པ་ཞིག་དགོས་པའི་ཕྱིར་ཏེ། མཆིམས་མཛོད་༥༠༡ལས། ཀུན་འགྲོ་རྣམས་བདེན་པ་དང་པོ་གཉིས་ཀྱི་མཚན་ཉིད་དང་འགལ་བར་ཞུགས་པས་དངོས་སུ་ལོག་ཞུགས་དང༌། ཞེས་གསུངས་པའི་ཕྱིར། དཔེར་ན་སྡུག་བདེན་ལ་དམིགས་པའི་འཇིག་ལྟས་སྡུག་བདེན་གྱི་མཚན་ཉིད་དམ་རྣམ་པ་བཞི་ལས་བདག་མེད་དང་སྟོང་བ་ལ་ལོག་པར་ཞུགས་པ་ལྟ་བུའོ། །འོ་ན་དངོས་སུ་ལོག་ཞུགས་བྱེད་ན་མཚན་ཉིད་དང་འགལ་བར་ཞུགས་དགོས་པར་ཐལ། གོང་གི་ལུང་དེའི་ཕྱིར། འདོད་ན། སྡུག་བསྔལ་མཐོང་སྤང་གི་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། སྡུག་བདེན་གྱི་མཚན་ཉིད་བཞི་ལས་མི་གཙང་བ་ལ་གཙང་བ་དང༌། སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་ཡིན་པར་ཐལ། སྡུག་བདེན་གྱི་མཚན་ཉིད་བཞི་བོ་གང་རུང་ལ་ལོག་ཞུགས་གང་ཞིགམི་རྟག་པ་དང་བདག་མེད་ལ་ལོག་པར་ཞུགས་པ་མ་ཡིན་པའི་ཕྱིར། རྟགས་ཕྱི་མ་སླ། རྟགས་དང་པོ་མ་གྲུབ་ན། སྡུག་བདེན་ལ་དངོས་སུ་ལོག་ཞུགས་ཡིན་པ་འགལ་ལ། འདོད་ཡང་མི་རིགས་ཏེ། དེ་འདྲའི་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱིས་སྡུག་བདེན་དེ་གཙང་བ་དང་བདེ་བར་ལྟ་ཚུལ་མེད་པའི་ཕྱིར་ཟེར་ན་དཔྱད། འོན་ཀྱང་ལོག་ཞུགས་བཅུ་དྲུག་དང་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ཡེ་ཤེས་རྣམས་འཛིན་སྟངས་འགལ་བར་བཞག་མི་ནུས་པར་སྣང་བས་མཚན་ཉིད་ལ་ལོག་ཞུགས་སུ་འགྱུར་ཚུལ་བཞག་དཀའ་བ་དུ་མ་ཡོད་དོ། །དེ་ལ་ཁ་ཅིག་སྡུག་བསྔལ་མཐོང་སྤང་གི་འདོད་ཆགས་ཆོས་ཅན། སྡུག་བདེན་ལ་དངོས་སུ་ལོག་ཞུགས་ཡིན་པར་ཐལ། སྡུག་བསྔལ་ལ་བདེ་བར་ལྟ་བའི་ཕྱིར་ཟེར་ན་དཔྱད། ཡང་དོགས་པ་ཞིག་ལ་ཀུན་འབྱུང་མཐོང་སྤང་ལ་འཇིག་མཐར་ཡོད་པར་ཐལ། ཀུན་འབྱུང་ལ་དམིགས་ནས་བདག་གམ་བདག་གིར་དང༌། རྟག་ཆད་དུ་ལྟ་བ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ། རྟགས་གྲུབ་སྟེ། སྐབས་འདིར་སྡུག་ཀུན་གཉིས་དོན་གཅིག་པའི་ཕྱིར་ཏེ། རྩ་བར། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང༌། །ལྟ་གནས་སྲིད་པའང་དེ་དག་ཡིན། །ཞེས་དེ་གཉིས་ཟག་བཅས་ཀྱི་མིང་གི་རྣམ་གྲངས་སུ་གསུངས་པའི་ཕྱིར་ཟེར་ན་དཔྱད། ཟག་བཅས་ལ་དམིགས་པའི་ལྟ་བ་ཐམས་ཅད་འཇིག་ལྟ་ཡིན་པར་ཐལ། རང་འགྲེལ་༤༥༠ལས། ཟག་པ་དང་བཅས་པ་ལ་དམིགས་པ་ཐམས་ཅད་ཀྱང་འཇིག་ཚོགས་ལ་ལྟ་བ་ཡིན་མོད་ཀྱི། ཞེས་དང༌། མཆིམས་མཛོད་༤༨༩ལས། སྤྱིར་ཟག་བཅས་ལ་དམིགས་པའི་ལྟ་བ་ཐམས་ཅད་འཇིག་ཚོགས་ལ་ལྟ་བ་ཡིན་མོད་ཀྱི། འོན་ཀྱང་སྤྱི་མིང་བྱེ་བྲག་ལ་བཏགས་ནས། ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་དཔྱད། ལོག་ལྟ་ལ་མེད་པར་ལྟ་བས་ཁྱབ་པར་ཐལ། རྩ་བར། མེད་དང་དམན་ལ་མཆོག་ལྟ་དང༌། །ཞེས་དང༌། རང་འགྲེལ་༤༥༠ལས། སྡུག་བསྔལ་བ་ལ་སོགས་པའི་བདེན་པ་ཡོད་ན་མེད་དོ། །ཞེས་བྱ་བ་ནི་ལོག་པར་ལྟ་བའོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ལོག་པར་ཞུགས་པའི་ལྟ་བ་ཐམས་ཅད་ལོག་ལྟ་ཡིན་པ་དང༌།དེ་ལ་སྒྲོ་འདོགས་ཀྱང་ཡོད་པའི་ཕྱིར་ཏེ། རང་འགྲེལ་༤༥༠ལས། ལོག་པར་ཞུགས་པའི་ལྟ་བ་ཐམས་ཅད་ལོག་པར་ལྟ་བ་ཡིན་པ་ལས་མར་དྲི་ང་བ་བཞིན་དུ་ཧ་ཅང་ཚབས་ཆེན་པོ་དང་ལྡན་པའི་ཕྱིར་གཅིག་ཁོ་ན་བཤད་དེ། འདི་ནི་སྐུར་བ་འདེབས་པར་བྱེད་པ་ཡིན་ལ། གཞན་དག་ནི་སྒྲོ་འདོགས་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ལ་མཆིམས་མཛོད་༤༩༡ལས། དེ་ཡང་ཕལ་ཆེ་བའི་དབང་དུ་བྱས་ཀྱི་མཐར་འཛིན་ལའང་སྐུར་འདེབས་དང་ལོག་ལྟ་ལའང་རྒྱུ་མིན་ལ་རྒྱུར་ལྟ་བའི་སྒྲོ་འདོགས་ཀྱང་ཅུང་ཟད་ཡོད་དོ། །ཞེས་གསུངས་པའི་ཕྱིར་ཟེར་བ་ལ། རྒྱུ་མིན་ལ་རྒྱུར་ལྟ་བའི་ལོག་ལྟ་སྒྲོ་འདོགས་ཡིན་ན་དེ་ལ་ལོག་ལྟའི་མཚན་ཉིད་རྩ་བར། མེད་དང་དམན་ལ་མཆོག་ལྟ་དང༌། །ཞེས་པའི་དོན་ཚང་ཚུལ་ལ་དཔྱད། མཆིམས་མཛོད་༤༩༢ལས། བ་ལང་གི་ཚུལ་ཁྲིམས་ལ་སོགས་པ་ནི་ཟག་བཅས་ཀྱི་ཕུང་པོ་སྡུག་བསྔལ་གྱི་བདེན་པ་ཡིན་ལ་དེས་འདེག་པ་དང་རྒྱུར་ལྟ་བས་སྡུག་བསྔལ་ལ་ལོག་པར་ཞུགས་པའི་ཕྱིར་ཞེས་བྱེ་བྲག་ཏུ་སྨྲ་བས་ལན་འདེབ་མོད་ཀྱི། དེ་ལྟ་ན་ཟག་བཅས་ལ་དམིགས་པའི་མཐོང་སྤང་དང་སྒོམ་སྤང་ཐམས་ཅད་ཀྱང་སྡུག་བསྔལ་མཐོང་སྤང་དུ་འགྱུར་ཏེ། སྡུག་བསྔལ་ལ་ལོག་པར་ཞུགས་པའི་ཕྱིར་རོ། །གཞན་ཡང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ལ་ལམ་མཐོང་སྤང་ཡང་མེད་པར་འགྱུར་ཏེ། དེ་ཐམས་ཅད་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ལ། ཞེས་གསུངས་པ་ལ་བྱེ་བྲག་སྨྲ་བས་དེ་ལྟར་ཁས་བླངས་བ་ཡིན་ན་ཀུན་འབྱུང་མཐོང་སྤང་སྡུག་བསྔལ་མཐོང་སྤང་ཕན་ཚུན་ཡིན་པར་ཁས་བླངས་དགོས་པར་འགྱུར་བས་དཔྱད། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ལ་བློ་ཕྱིན་ཅི་ལོག་ཡིན་དགོས་པར་ཐལ། རྩ་བར། རྒྱུ་མིན་ལམ་མིན་དེར་ལྟ་བ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་ཕྱིན་ཅི་ལོག་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། མཆིམས་མཛོད་༤༩༣ལས། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ནི་དེ་ཙམ་གྱིས་ཀྱང་ཅུང་ཟད་དག་གྲོལ་དུ་འགྱུར་བས་མཐའ་གཅིག་ཏུ་ཕྱིན་ཅི་ལོག་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། རྟག་པ་དང་བདག་ཏུ་ལྟ་བའི་དབང་གིས་འཇུག་པ་ཡིན་ན་སྡུག་བསྔལ་མཐོང་སྤང་ཡིན་དགོས་པར་ཐལ། མཛོད་འགྲེལ་གནད་སྒྲོན་༡༤༩ལས། གལ་ཏེ་རྒྱུ་མ་ཡིན་པ་རྒྱུར་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡིན་ནོ། །ཅིའི་ཕྱིར་ཀུན་འབྱུང་མཐོང་བས་སྤོང་བར་བྱ་བ་མ་ཡིན་ཞེ་ན། གང་ལས་དབང་ཕྱུག་གམ་སྐྱེ་དགུའི་བདག་པོ་ལ་རྒྱུར་ལྟ་བ་དེ་ནི་དེ་ལ་རྟག་པ་དང་གཅིག་པུ་དང་བདག་བྱེད་པ་པོར་མངོན་པར་ཞེན་ནས་ལྟ་སྟེ། དེ་ལྟ་བས་ན་འདི་ལྟར། དབང་ཕྱུག་སོགས་རྒྱུར་མངོན་ཞེན་པ། །དེ་ནི། རྟག་བདག་ཕྱིན་ཅི་ལོག་པ་ཡིས །རབ་ཏུ་འཇུག་པའི་དེའི་ཕྱིར་ཏེ། །སྡུག་བསྔལ་མཐོང་བས་སྤང་བྱ་ཉིད། །ཅེས་དང༌། མཆིམས་མཛོད་༤༩༡ལས། གང་ཞིག་དབང་ཕྱུག་དང་སྐྱེ་དགུའི་བདག་པོ་ལ་སོགས་པ་རྒྱུ་མ་ཡིན་པ་ལ་རྒྱུར་མངོན་པར་ཞེན་པ་དེ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཉིད་ཡིན་ནོ་ཞེས་སྦྱར་རོ། །ཅིའི་ཕྱིར་ཞེ་ན། ལྟ་བ་དེ་ནི་རྟག་པ་དང༌། བདག་ཏུ་ལྟ་བ་ཕྱིན་ཅི་ལོག་པ་ཡིས་རབ་ཏུ་འཇུག་པ་ཡིན་པས་དེའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཀུན་འབྱུང་མཐོང་སྤང་ཐམས་ཅད་རྟག་བདག་ཏུ་འཛིན་པའི་དབང་གིས་བྱུང་བས་ན་སྡུག་བསྔལ་མཐོང་སྤང་ཡིན་པར་ཐལ་ལོ་ཟེར་བ་དང༌། དབང་ཕྱུག་གམ་སྐྱེ་དགུའི་བདག་པོ་འགྲོ་བའི་རྒྱུ་མིན་པ་ལ་རྒྱུར་ལྟ་བ་ཆོས་ཅན། ཁྱོད་ཀུན་འབྱུང་མཐོང་སྤང་ཡིན་པར་ཐལ། ཁྱོད་སྡུག་བསྔལ་གྱི་རྒྱུ་ལ་ཕྱིན་ཅི་ལོག་ཏུ་ལྟ་བའི་བློ་ཡིན་པའི་ཕྱིར། དེར་ཐལ། སྡུག་བསྔལ་གྱི་རྒྱུ་ལ་ལོག་པར་ཞུགས་ཚུལ་སྡུག་བསྔལ་རྒྱུ་མེད་དང༌། རྒྱུ་ཡོད་ཀྱང་མི་མཐུན་པའི་རྒྱུ་རྟག་པ་ལས་བྱུང་བར་འཛིན་པ་ཡོད་པའི་ཕྱིར་ཟེར་ན་དཔྱད།ལྟ་བ་མཆོག་འཛིན་ལ་ཕྱིན་ཅི་ལོག་གིས་ཁྱབ་པར་ཐལ། མཛོད་འགྲེལ་གནད་སྒྲོན་༡༤༩ལས། ལྟ་བ་གསུམ་ལས་ཕྱིན་ཅི་ལོག །བཞི་ཚན། མཐར་འཛིན་པར་ལྟ་བ་ལས་རྟག་པར་ལྟ་བ་ནི་རྟག་པར་ཕྱིན་ཅི་ལོག་གོ །ལྟ་བ་མཆོག་ཏུ་འཛིན་པ་ལས་ནི་བདེ་བ་དང་གཙང་པར་ཕྱིན་ཅི་ལོག་གོ །འཇིག་ཚོགས་ལ་ལྟ་བ་ལས་ནི་བདག་ཏུ་ལྟ་བར་ཕྱིན་ཅི་ལོག་གོ །ཅིའི་ཕྱིར་ཉོན་མོངས་པ་གཞན་དག་ཕྱིན་ཅི་ལོག་མ་ཡིན་ཞེ་ན། འདི་རྒྱུ་གསུམ་གྱིས་ཕྱིན་ཅི་ལོག་རྣམ་པར་བཞག་པ་འདི་ལྟ་སྟེ། ཕྱིན་ཅི་ལོག་ཕྱིར་དང༌། ངེས་རྟོག་ཕྱིར་དང་སྒྲོ་འདོགས་ཕྱིར། །ཆད་པར་ལྟ་བ་དང༌། ལོག་པར་ལྟ་བ་ནི་སྒྲོ་འདོགས་པ་དག་མ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་གཅིག་ཏུ་ཕྱིན་ཅི་ལོག་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཟག་བཅས་ཀྱི་ཚོར་བ་བདེ་བ་དེ་བདེ་བར་འཛིན་པའི་མཆོག་འཛིན་དེ་ཕྱིན་ཅི་ལོག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཟག་བཅས་ཀྱི་ཚོར་བ་བདེ་བ་དེ་བདེ་བ་མ་ཡིན་པར་ཐལ། འདོད་པའི་ཕྱིར་ཟེར་ན་ཚིག་གིས་ཞིབ་ཆ་དགོས་སོ། །བསམ་གཏན་བཞི་བ་དང་སྲིད་རྩེ་ན་སྐལ་བ་མཉམ་པའི་ཁམས་ལ་དམིགས་པ་མེད་པར་ཐལ། མཆིམས་མཛོད་༥༠༠ལས། བསམ་གཏན་བཞི་བ་སྐལ་བ་མཉམ་པའི་ཁམས་ལ་དམིགས་པ་མེད་ལ། སྲིད་རྩེ་ན་སྐལ་བ་མཉམ་པའི་ས་ལ་མིགས་པ་ཁོ་ན་ཡོད་དོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེར་སྐལ་བ་མཉམ་པའི་ཀུན་འགྲོ་བཅུ་གཅིག་ཡོད་པའི་ཕྱིར།མ་གྲུབ་ན། བསམ་གཏན་བཞི་བ་དང་སྲིད་རྩེའི་ཀུན་འགྲོ་བཅུ་གཅིག་སོ་སོ་ནས་ཆོས་ཅན། ཁམས་སྐལ་བ་མཉམ་པའི་ཀུན་འགྲོ་ཡིན་པར་ཐལ། ཁམས་རང་གི་ས་བའི་སྤང་བྱ་རིས་ལྔ་ཐམས་ཅད་ལ་དམིགས་པའི་ཕྱིར་ཟེར་ན་དཔྱད། ཡང་འདོད་པ་ན་སྐལ་བ་མི་མཉམ་པའི་ཁམས་དང་ས་ལ་དམིགས་པ་ཡོད་པར་ཐལ། མངོན་རྒྱན་༥༠༠ལས། འདོད་པ་ན་སྐལ་བ་མཉམ་པ་དང༌། མི་མཉམ་པའི་ས་དང་ཁམས་ལ་དམིགས་པ་ཡོད་ལ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། གང་སྤེལ་ལས། སྐལ་བ་མི་མཉམ་པའི་ས་ཀུན་ཏུ་འགྲོ་བ་རྣམས་ནི་བསམ་གཏན་གསུམ་དང་གཟུགས་མེད་པ་གསུམ་ན་ཡོད་ཀྱི་འདོད་པའི་ཁམས་ན་ནི་མེད་དེ། སའི་དབྱེ་བ་མེད་པའི་ཕྱིར་རོ། །བསམ་གཏན་བཞི་བ་ན་ཡང་མེད་ལ་སྲིད་རྩེ་ན་ཡང་མེད་དེ། ས་གཞན་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འོ་ན་འདོད་པ་དང་བསམ་གཏན་བཞི་བ་དང་སྲིད་རྩེ་ན་སྐལ་བ་མི་མཉམ་པའི་ས་ཀུན་ཏུ་འགྲོ་བ་མེད་པར་ཐལ།ལུང་དེ་དག་གི་གསུང་ཟིན་འཐད་པའི་ཕྱིར། འདོད་མི་ནུས་ཏེ། གང་སྤེལ་ལས། སྲིད་པའི་རྩེ་མོ་མ་གཏོགས་པའི་ས་ལྷག་མ་རྣམས་ནི་སྐལ་བ་མི་མཉམ་པའི་ས་ཀུན་ཏུ་འགྲོ་བ་ཡོད་དོ། །སྲིད་པའི་རྩེ་མོ་ན་ནི་གཉིས་ཀ་མེད་དེ། ཁམས་དང་ས་གཞན་མེད་པའི་ཕྱིར། ཞེས་དང༌། མཆིམས་མཛོད་༥༠༠ལས། སྲིད་རྩེ་ན་སྐལ་བ་མཉམ་པའི་ས་ལ་དམིགས་པ་ཁོ་ན་ཡོད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། །ཁམས་གཉིས་བསྡོམས་པ་ལ་དམིགས་པ་ལས་གསུམ་ལ་བསྡོམས་པ་ལ་དམིགས་པ་མེད་པར་ཐལ། མཆིམས་མཛོད་མཆན༥༠༠ལས།འདིར་སྐལ་བ་མི་མཉམ་པའི་ཁམས་གཅིག་གམ་གཉིས་བསྡོམས་པ་ལ་དམིགས་པ་སྲིད་ཀྱི་གསུམ་བསྡོམས་པ་ལ་དམིགས་ནུས་པ་མེད་དོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཁམས་གསུམ་ལ་དམིགས་པ་ཡོད་པའི་ཕྱིར་ཏེ། རྒྱལ་སྲས་མ་ལས། རེས་འགའ་ནི་སྐལ་བ་མི་མཉམ་པའི་ཁམས་གཅིག་ལ་དམིགས་སོ། །རེས་འགའ་ནི་གཉིས་ལ་དམིགས་ཞེས་བྱ་ཡི་རེས་འགའ་ནི་ཁམས་གསུམ་ལ་དམིགས་སོ། །ཞེས་གསུངས་པའི་ཕྱིར། དེ་ཡང་མི་རིགས་པར་ཐལ། དེ་ལ་འདོད་པའི་ཀུན་འགྲོ་བཅུ་གཅིག་ལས་ལྟ་བ་གཉིས་མ་གཏོགས་པའི་ཀུན་འགྲོ་དགུའི་དམིགས་ཡུལ་ལ་ཁམས་སྐལ་བ་མི་མཉམ་པའི་ཁམས་གཉིས་ལས་མེད། དེ་ལས་གཞན་ལ་མི་སྲིད་པའི་ཕྱིར་ཟེར་ན་རྟགས་མ་གྲུབ་སྟེ། འཇིག་ལྟ་དེ་དེ་ཡིན་པ་གང་ཞིག སྐལ་བ་མི་མཉམ་པའི་ཁམས་གསུམ་ཡོད་ན་དེ་ལ་དམིགས་པའི་འཇིག་ལྟ་ཡོད་དགོས་པའི་ཕྱིར་ཟེར་བ་དང༌། ཡང་སྐལ་བ་མི་མཉམ་པའི་ཁམས་གསུམ་མེད་པར་ཐལ། སྐལ་བ་མི་མཉམ་པའི་ཁམས་དང་པོ་མེད་པའི་ཕྱིར་ཏེ། འདོད་ཁམས་ནི་ཁམས་སྐལ་བ་མཉམ་པ་ཡིན་པ་གང་ཞིག དེ་ལས་གཞན་མེད་པའི་ཕྱིར་ཟེར་ན་ཚིག་དོན་མ་འདྲེས་པར་ཤེས་པར་བྱའོ། ། སྐབས་འདིའི་ཕྲ་རྒྱས་ཀུན་འགྲོ་ཡིན་པ་ལ་རང་སའི་ཟག་བཅས་ཐམས་ཅད་ལ་དམིགས་པ་ཞིག་དགོས་པར་ཐལ། མཆིམས་མཛོད་༤༩༩ལས། སྐལ་བ་མཉམ་པའི་ཁམས་ཀུན་ཏུུ་འགྲོ་བ་ཞེས་བྱ་བ་ནི། འདོད་པའི་ཁམས་མཐའ་དག་ལ་དམིགས་པ་ཡིན་པས་སོ། །༼བདེན་པ་དང་པོ་གཉིས་ཀྱི་ལྟ་བ་ལ་སོགས་པ་ཁོ་ན་ཀུན་འགྲོར་བཞག་པ་ནི་རང་སའི་ཟག་བཅས་ཐམས་ཅད་ལ་དམིགས་པས་བསགས་པས་བརྟན་ཞིང་སྟོབས་དང་ལྡན་ལ། འགོག་ལམ་མཐོང་སྤང་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ། །༽ཞེས་གསུངས་པའི་ཕྱིར།དེ་ལྟར་ཀུན་འགྲོ་རྣམས་ཀྱིས་རང་སའི་ཟག་བཅས་ཐམས་ཅད་ལ་དམིགས་པ་མ་ཡིན་པར་ཐལ། རང་འགྲེལ་༤༥༧ལས། དེ་ལྟར་ན་ལྟ་བ་བདུན་དང་ཐེ་ཚོམ་གཉིས་དང་མ་རིག་པ་གཉིས་དང་ཕྲ་རྒྱས་བཅུ་གཅིག་པོ་དེ་དག་ནི་རང་གི་ཁམས་མཐའ་དག་ལ་དམིགས་པའི་ཕྱིར། སྐལ་བ་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་ཡིན་ནོ། །ཅི་རེ་ཞིག་རིམ་གྱིས་སམ་འོན་ཏེ་ཅིག་ཆར་ཡང་དམིགས༌། གལ་ཏེ་རིམ་གྱིས་ན་ནི་གཞན་དག་ལ་ཡང་ཐལ་བར་འགྱུར་རོ། །འོན་དེ་ཅིག་ཅར་རོ་ཞེ་ན་ནི་སུ་ཞིག་འདོད་པའི་ཁམས་མཐའ་དག་གིས་འདག་པར་ཡིད་ཆེས་པར་འགྱུར་བའམ། མཐའ་དག་རྒྱུ་མ་ཡིན་པ་ལས་རྒྱུར་ཡིད་ཆེས་པར་འགྱུར། མཐའ་དག་ལ་ནི་ཅིག་ཅར་དུ་དམིགས་སོ་ཞེས་ནི་མི་ཟེར་རོ། །འོན་ཀྱང་རྣམ་པ་ལྔ་བོ་ཐམས་ཅད་ཀྱང་ཅིག་ཅར་དུ་དམིགས་སོ། །ཞེས་དང༌། མཆིམས་མཛོད་༤༩༩ལས། གལ་ཏེ་དེ་ལྟར་ན་རང་གི་སྐལ་བ་མཉམ་པའི་ཁམས་མཐའ་དག་ལ་རིམ་གྱིས་སམ་ཅིག་ཅར་དམིགས། དང་པོ་ལྟར་ན་འདོད་ཆགས་ལ་སོགས་པའང་ཀུན་འགྲོར་འགྱུར་ལ། གཉིས་པ་ལྟར་ན་འདོད་པའི་ཁམས་མཐའ་དག་གིས་འདག་པར་འཛིན་པ་ལ་སོགས་པ་མི་སྲིད་པའི་ཕྱིར། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དེ་དག་ཀྱང་ཀུན་འགྲོ་མ་ཡིན་པར་འགྱུར་རོ་ཞེ་ན། རྫས་མ་ལུས་པ་ལ་དེ་ལྟར་མི་སྲིད་ཀྱང་འདོད་པའི་སྡུག་བསྔལ་མཐོང་སྤང་ལ་སོགས་པའི་རིས་ལྔ་བོ་ཐམས་ཅད་ལ་དམིགས་ཤིང་ཐམས་ཅད་ཀྱིས་འདག་པར་འཛིན་པ་ལ་སོགས་པ་སྲིད་པའི་ཕྱིར་རོ། །ཞེས་པ་ནས། ཀུན་འགྲོ་ནི། སྤང་བྱའི་རིས་ལྔ་ཆར་ལ་ཅིག་ཆར་དུ་དམིགས་པ་ལ་འདོད་པའི་ཕྱིར་རོ་ཞེས་ལན་འདེབས་སོ། །དེས་ན་འདོད་ཆགས་དང་ང་རྒྱལ་མཐོང་སྤང་ལ་དམིགས་པ་ནི་མཐོང་སྤང་དང༌། སྒོམ་སྤང་ལ་དམིགས་པ་ནི་སྒོམ་སྤང་ཡིན་ནོ་ཞེས་བྱ་བ་འདི་འདོད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ལ་སྡུག་བསྔལ་མཐོང་སྤང་གི་འཇིག་ལྟས་སྡུག་བདེན་བདག་ཏུ་གྲུབ་པར་ལྟ་ན་ཀུན་འབྱུང་བདག་ཏུ་གྲུབ་པར་ལྟ་དགོས་པར་ཐལ།སྤང་བྱ་རིས་ལྔ་ལ་ཅིག་ཆར་བདག་ཏུ་གྲུབ་པར་ལྟ་དགོས་པའི་ཕྱིར། འདོད་ན། བུམ་པ་བདག་ཏུ་གྲུབ་པར་ལྟ་ན་ཀ་བ་བདག་ཏུ་གྲུབ་པར་ལྟ་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། འདོད་པའི་སྡུག་ཀུན་གྱི་ལོག་ལྟའི་ཀུན་འགྲོས་ཁམས་གསུམ་གྱི་སྤང་བྱ་རིས་ལྔ་ལ་དམིགས་ནས་དེ་དག་ཐམས་ཅད་མེད་པར་ལྟ་བ་ཡིན་པར་ཐལ། འདོད་པའི་ཕྱིར།འདོད་ན། སྐྱེ་བ་སྔ་ཕྱི་མེད་པར་ལྟ་བའི་ཀུན་འགྲོ་ཡིན་ན་སྤང་བྱ་རིས་ལྔ་སོགས་མེད་པར་ལྟ་དགོས་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། སྐྱེ་བ་སྔ་ཕྱི་མེད་པར་ཁས་ལེན་པ་ཡིན་ན་མངོན་གྱུར་གྱི་སྡུག་ཀུན་གྱི་སྤང་བྱ་མེད་པར་ཁས་ལེན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐར་པ་མེད་པར་ཁས་ལེན་པའི་གང་ཟག་ཡིན་ན་ཆོས་ཐམས་ཅད་རེ་རེ་ནས་མེད་པར་ཁས་ལེན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཕྱི་རོལ་པ་ཆོས་ཅན། རང་ཉིད་དང་རང་གི་གྲུབ་མཐའ་མེད་པར་ཁས་ལེན་པར་ཐལ། བདག་འཛིན་སྤངས་བའི་ཐར་པ་གཏན་མེད་དུ་ཁས་ལེན་པའི་ཕྱིར་ཟེར་ན་དཔྱད། ཡང་དོགས་པ་རེ་བཀོད་ན།འཇིག་མཐར་གཉིས་ཆོས་ཅན། ཀུན་འགྲོ་མ་ཡིན་པར་ཐལ། ཉོན་མོངས་སྤྱི་མཚན་མ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་རང་སའི་ཟག་བཅས་ཐམས་ཅད་ལ་དམིགས་ནས་རྒྱས་རུང་མ་ཡིན་པའི་ཕྱིར་ཏེ། ཁྱོད་ཀྱི་རང་ལས་རྒྱུད་ཐ་དད་པའི་རང་སའི་ཉེར་ལེན་གྱི་ཕུང་པོ་ལ་དམིགས་པ་མི་རིགས་པའི་ཕྱིར་ཏེ། མཆིམས་མཛོད་༥༠༠ལས། རང་གི་ཕུང་པོ་ལ་བདག་ཏུ་ལྟ་བ་དང་རྟག་ཆད་དུ་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པའི་ལྟ་བ་ཡིན་པ་ན་འོག་མ་དང་གོང་མ་དག་རྒྱུད་དང་ཕུང་པོ་ཐ་དད་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།གོང་དུ་ཁྱབ་པ་ཡོད་པར་ཐལ། འགྲེལ་བ་མངོན་པའི་རྒྱན་༥༡༡ལས། ཉོན་མོངས་ལ་རང་གི་མཚན་ཉིད་པ་དང༌། སྤྱིའི་མཚན་ཉིད་པ་གཉིས་ལས་དང་པོ་ནི། འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་ཏེ་ཡུལ་རང་གི་མཚན་ཉིད་པ་ལ་དམིགས་པའི་ཕྱིར་ཏེ། འདོད་ཆགས་དང་ང་རྒྱལ་ནི་བདེ་བ་མྱོང་བར་འགྱུར་བའི་ཡུལ་ལ་དམིགས་ནས་སྐྱེས་ཤིང་ཁེངས་ལ། ཁོང་ཁྲོ་ནི་སྡུག་བསྔལ་མྱོང་བར་འགྱུར་བའི་ཡུལ་ལ་དམིགས་ནས་སྐྱེས་ཤིང་ཁེངས་ལ། གཉིས་པ་ནི་ལྟ་བ་དང་ཐེ་ཚོམ་དང་མ་རིག་པ་སྟེ་བྱེ་བྲག་མེད་པར་བདེ་བ་མྱོང་འགྱུར་དང་སྡུག་བསྔལ་མྱོང་བར་འགྱུར་བ་དང་བཏང་སྙོམས་མྱོང་བར་འགྱུར་བ་ལ་སོགས་པའི་ཡུལ་གསུམ་ག་ལ་ཅི་རིགས་པར་དམིགས་པའི་ཕྱིར། ཞེས་དང༌། མངོན་རྒྱན་༤༩༩ལས། སྒོམ་སྤང་བཞི་ནི་རང་གི་མཚན་ཉིད་པའི་ཉོན་མོངས་པ་ཡིན་པས་ཟག་བཅས་ཐམས་ཅད་ལ་དམིགས་མི་ནུས་པས་ཀུན་འགྲོ་མིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། ཡང་དེ་དག་ལ་འོ་ན་འདོད་པའི་འདོད་ཆགས་ཆོས་ཅན། ཁྱོད་ཉོན་མོངས་པ་སྤྱི་མཚན་ཡིན་པར་ཐལ། ཁྱོད་ཀྱིས་རང་སའི་ཟག་བཅས་ཐམས་ཅད་ལ་དམིགས་པའི་ཕྱིར་ཟེར་ན་མ་ཁྱབ་པར་སྣང༌། རྟགས་དེར་ཐལ། འདོད་པའི་ཟག་བཅས་ཡིན་ན་འདོད་པའི་སྲེད་པའི་དམིགས་པ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། འདོད་པའི་སས་བསྡུས་ཡིན་ན་འདོད་པའི་སྲེད་པས་རིས་སུ་བཅད་ཅིང་ལྟ་བས་བདག་གིར་བྱས་པས་ཁྱབ་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

ཕྲ་རྒྱས་ཀྱི་རྣམ་པའི་རབ་ཏུ་དབྱེ་བའི་སྐབས་ཀྱི་དོགས་གཅོད།

ཕྲ་རྒྱས་ཀྱི་རྣམ་པའི་རབ་ཏུ་དབྱེ་བའི་སྐབས་ཀྱི་དོགས་གཅོད་ནི།

ཀུན་འགྲོ་ལ་གོང་དུ་བཤད་ཟིན་ལྟར་སྤང་བྱ་རིས་ལྔ་ལ་དམིགས་པ་དགོས་ན་མ་འོངས་པའི་ཕྲ་རྒྱས་ཀུན་འགྲོ་རྣམས་སྤང་བྱ་རིས་ལྔ་ལ་དམིགས་པར་ཐལ། ཕྲ་རྒྱས་ཀུན་འགྲོ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། མཆིམས་མཛོད་༥༠༡ལས། དེའི་ཕྲ་རྒྱས་ཀུན་འགྲོ་དང་རྒྱུ་ཀུན་འགྲོ་ལ་མུ་བཞི་ལས། དང་པོ་ནི་མ་འོངས་པའི་ཕྲ་རྒྱས་ཀུན་འགྲོ་རྣམས་སོ། །གཉིས་པ་ནི་འདས་ད་ལྟར་གྱི་ཕྲ་རྒྱས་ཀུན་འགྲོ་དང་ལྷན་ཅིག་འབྱུང་བ་རྣམས་སོ། །གསུམ་པ་ནི་འདས་ད་ལྟར་གྱི་ཕྲ་རྒྱས་ཀུན་འགྲོ་རྣམས་སོ། །བཞི་བ་ནི་དེ་དག་མ་གཏོགས་པ་མ་འོངས་པའི་ལྷན་ཅིག་འབྱུང་བ་དང་ཐོབ་པ་ལ་སོགས་པའོ། །དེས་ན་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་ལས་ཀུན་འགྲོ་ཁོ་ན་ཉི་ཤུ་རྩ་བདུན་དང༌། དེ་མ་ཡིན་པ་དྲུག་ཅུ་རྩ་ལྔ་དང༌། ཞེས་གསུངས་པའི་ཕྱིར་ཟེར་ན་མ་འོངས་པའི་ཀུན་འགྲོའི་དམིགས་རྣམ་འཇོག་ན་དེའི་ཡུལ་འཛིན་པའི་བྱ་བ་བྱེད་དགོས་པ་ལ་དེ་མི་རིགས་པའི་ཕྱིར་ཟེར་ན་དཔྱད། ལམ་རྗེས་བཟོད་དེ་གཟུགས་གཟུགས་མེད་ཀྱི་ལམ་བདེན་གྱི་ཡིན་པར་སྣང་ལ། དེ་ཡིན་ན་དེ་ལ་དམིགས་པའི་མེད་ལྟ་དེ་གཟུགས་གཟུགས་མེད་ཀྱི་མེད་ལྟའི་ཡིན་པར་མི་འགྱུར་རམ། གལ་ཏེ་འགྱུར་ན་མི་རིགས་ཏེ། གཟུགས་ཀྱི་མཐོང་སྤང་གི་མེད་ལྟ་ཡིན་ན་གཟུགས་ཀྱི་སས་བསྡུས་དང༌། གཟུགས་མེད་ཀྱི་མཐོང་སྤང་གི་མེད་ལྟ་ཡིན་ན་གཟུགས་མེད་ཀྱི་སས་བསྡུས་ཡིན་དགོས་པའི་ཕྱིར་ཟེར་ན་དཔྱད།ཀུན་འབྱུང་མཐོང་སྤང་གི་མེད་ལྟ་དང་སྡུག་བསྔལ་མཐོང་སྤང་གི་མེད་ལྟ་གཉིས་ཀུན་འགྲོ་ཡིན་པས་སྤང་བྱ་རིས་ལྔ་ལ་དམིགས། དེས་ན་དེ་གཉིས་ཁྱད་པར་གང་གི་སྒོ་ནས་འཇོག་ཚུལ་ལ་དཔྱད། ལམ་བདེན་ཡིན་ན་རང་ལ་དམིགས་པའི་ཉོན་མོངས་པ་དེའི་གཉེན་པོ་ཡིན་པས་ཁྱབ་པར་ཐལ། མཆིམས་མཛོད་༥༠༢ལས། ལམ་ནི་དང་པོའི་ཉེར་བསྡོགས་ལ་སོགས་པ་ཟག་མེད་ཀྱི་ས་དྲུག་ལ་རྟེན་པའི་ལམ་ཆོས་ཤེས་པ་དེའི་སྤྱོད་ཡུལ་ཅན་འདོད་པའི་ལོག་ལྟ་ཐེ་ཚོམ་རྨོངས་པ་ལ་སོགས་པ་གསུམ་གྱི་ཡུལ་ཡིན་ཏེ། འདོད་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཞེས་པ་ནས། ཆོས་ཤེས་པ་ནི་ཁམས་གོང་མ་གཉིས་ཀྱི་ལོག་ལྟ་ལ་སོགས་པའི་དམིགས་པ་མ་ཡིན་ཏེ། དེ་དེ་དག་གི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྟོན་པ་དང་རྒྱུད་གཅིག་པའི་རྒྱུད་ཀྱི་ལམ་ཆོས་བཟོད་ལ་དམིགས་པའི་ལམ་མཐོང་སྤང་ཆོས་ཅན། ཁྱོད་ཀྱི་གཉེན་པོ་གྱུར་བའི་ལམ་ཆོས་བཟོད་ཡོད་པར་ཐལ། ཁྱོད་ལམ་ཆོས་བཟོད་ལ་དམིགས་པའི་ཉོན་མོངས་པ་ཡིན་པའི་ཕྱིར། ཁྱབ་པ་དོན་གྱིས་ཁས།འདོད་མི་ནུས་ཏེ། སྟོན་པས་མཐོང་ལམ་མ་ཐོབ་པའི་སྔ་རོལ་ནས་ལམ་ཆོས་བཟོད་ལ་དམིགས་པའི་ཉོན་མོངས་སྤངས་ཟིན་པའི་ཕྱིར། དེར་ཐལ། སྦྱོར་ལམ་གྱི་སྔ་རོལ་ནས་བསམ་གཏན་བཞི་བའི་དངོས་གཞི་ཐོབ་ཟིན་མ་ཉམས་པའི་ཕྱིར། དེར་ཐལ། གནས་དྲུག་པའི་རྩ་བར།སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་ཁ་ཅིག་མི་དགེ་བའི་རྩ་ཉོན་ཡང་ཡིན་མི་དགེ་བ་རྣམས་ཁྱོད་ལས་བྱུང་པ་ཡིན་པའི་གཞི་མཐུན་པ་དེ་མི་དགེ་བའི་རྩ་བའི་དོན་ཡིན་པར་ཐལ། རྩ་བར།འདོད་ན་འདོད་ཆགས་ཁོང་ཁྲོ་དང༌། །རྨོངས་རྣམས་མི་དགེའི་རྩ་བ་ཡིན། །ཞེས་དང༌། མཆིམས་མཛོད་༥༠༨ལས། མི་དགེ་བའི་རྩ་བ་ཡིན་ཏེ། མི་དགེ་བ་ཐམས་ཅད་གསུམ་པོ་དེ་ལས་འབྱུང་བའི་ཕྱིར་རོ། །འདོད་ན་ཞེས་བྱ་བས་ཁམས་གོང་མའི་དེ་དག་མི་དགེ་བའི་རྩ་བ་ཡིན་པ་སེལ་བར་བྱེད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། འདོད་པའི་ཐེ་ཚོམ་དང་ང་རྒྱལ་སོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། མི་དགེ་བའི་རྩ་བ་ལ་གསུམ་ལས་གཞན་མ་གསུངས་པའི་ཕྱིར་ཏེ། མཆིམས་མཛོད་༥༠༨ལས། མི་དགེ་བའང་ཡིན་ལ་རྩ་བའང་ཡིན་པས་གསུམ་པོ་དེ་དག་ཁོ་ན་མི་དགེ་བའི་རྩ་བའོ། །གསུམ་པོ་མ་གཏོགས་པ་ནི་མི་དགེ་བའི་རྩ་བ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ཡང་མི་དགེ་བའི་རྩ་བ་གསུམ་འདོད་མི་རིགས་ཏེ། མི་དགེ་བ་ཐམས་ཅད་ཁོང་ཁྲོ་ལས་བྱུང་བར་མི་འཐད་པའི་ཕྱིར་ཟེར་ན་དཔྱད། ལུང་མ་བསྟན་གྱི་རྩ་བ་གསུམ་ནི། མཛོད་འགྲེལ་༡༥༤ལས། ལུང་མ་བསྟན་པའི་རྩ་བ་གསུམ། །དེ་ནི་སྲེད་དང་མ་རིག་བློ། །སྲེད་པ་དང༌། མ་རིག་པ་དང༌། ཤེས་རབ་ཐ་ན་རྣམ་པར་སྨིན་པ་ལས་སྐྱེ་བ་ཡང་རུང་སྟེ། གང་ཅུང་ཟད་དེ་ཐམས་ཅད་ནི་ལུང་དུ་མ་བསྟན་པའི་རྩ་བའོ། །ཞེས་དང༌། མཆིམས་མཛོད་༥༠༨ལས། བསྒྲིབས་ལ་ལུང་མ་བསྟན་གྱི་ལྟ་བ་གཉིས་དང༌། ཁམས་གོང་མ་གཉིས་ན་ཉོན་མོངས་པ་དང་མཚུངས་པར་ལྡན་པ་དང༌། མ་སྒྲིབ་ལུང་མ་བསྟན་རྣམ་སྨིན་སྐྱེས་ལ་སོགས་པའི་སེམས་དང་མཚུངས་པར་ལྡན་པའི་ཤེས་རབ་ཐམས་ཅད་ཡིན་ནོ། །ཞེས་གསུངས་པ་ལ། གོང་མའི་ང་རྒྱལ་དང་མཚུངས་ལྡན་གྱི་ཤེས་རབ་དང་གོང་མའི་ཐེ་ཚོམ་དང་མཚུངས་ལྡན་གྱི་ཤེས་རབ་གཉིས་རེ་རེ་ནས་ཆོས་ཅན། ལུང་མ་བསྟན་གྱི་རྩ་བ་ཡིན་པར་ཐལ། ཁམས་གོང་མའི་ཉོན་མོངས་དང་མཚུངས་ལྡན་གྱི་ཤེས་རབ་ཡིན་པའི་ཕྱིར། ཁྱབ་པ་གོང་གི་ལུང་དེས་གྲུབ། འདོད་ན། དེ་ཆོས་ཅན། སེམས་མཐོ་བའི་རྣམ་པར་འཇུག་པ་མ་ཡིན་པར་ཐལ། ལུང་མ་བསྟན་གྱི་རྩ་བ་ཡིན་པའི་ཕྱིར། ཁྱབ་སྟེ། ང་རྒྱལ་ལུང་མ་བསྟན་གྱི་རྩ་བ་མ་ཡིན་པར་སྒྲུབ་པའི་སྐབས་སུ་མཆིམས་མཛོད་༥༠༨ལས། གསུམ་པོ་དེ་དག་ལས་གཞན་པའི་ཐེ་ཚོམ་ནི་ལུང་མ་བསྟན་གྱི་རྩ་བ་མིན་ཏེ། རྣམ་པ་གཉིས་སུ་འཇུག་པས་མི་བརྟན་པའི་ཕྱིར་ཏེ། རྩ་བ་ནི་བརྟན་པ་ཡིན་པའི་ཕྱིར་རོ། །ང་རྒྱལ་ཡང་མ་ཡིན་ཏེ།སེམས་མཐོ་བའི་རྣམ་པར་འཇུག་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མཆིམས་མཛོད་༥༡༠ལས། དཔེར་ན་ཅི་མི་འདི་ཁྱད་པར་འཕགས་པ་ཡིན་ནམ། འོན་ཏེ་དམན་པ་ཡིན་ཞེས་འདྲི་ན་ལྷ་ལ་ལྟོས་ནས་སམ་ངན་སོང་ལ་ལྟོས་ནས་འདྲི། ཞེས་གསུངས་པ་ལ་ལྷ་ལས་ཁྱད་པར་འཕགས་ན་ཁྱད་པར་འཕགས་དགོས་པ་ཡིན་ནམ་ཅི། ཁྱད་འཕགས་ཞིག་ཡོད་དམ་ཅི་ཟེར་ན་དཀའ་གནས་མིན་ཡང་ཚིག་གི་ཞིབ་ཆ་ཇི་ལྟར་འབྱེད་པ་ཡིན་དཔྱད། སྐབས་འདིར་བསྟན་པའི་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་པོ་དེ་མི་དགེ་བ་ཡིན་པར་ཐལ། མཆིམས་མཛོད་༥༠༩ལས། ལུང་མ་བསྟན་པའི་དངོས་པོ་བཅུ་བཞི་གསུངས་པ་རྣམས་དགེ་མི་དགེར་ལུང་མ་བསྟན་པའི་ལུང་དུ་མ་བསྟན་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཞེས་པ་ནས། བཅུ་བཞི་བོ་དེ་དག་ནི་མི་དགེ་བ་ཡིན་ཡང་མཐའ་གཅིག་ཏུ་ལུང་བསྟན་པར་བྱ་བ་མ་ཡིན་པས་ན་ལུང་མ་བསྟན་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། དེ་དག་ལ་བློ་དོན་མཐུན་ཡོད་པའི་ཕྱིར། དེར་ཐལ། བདག་དང་འཇིག་རྟེན་རྟག་མི་རྟག་གཉིས་ཡིན་གཉིས་མིན་གང་རུང་དུ་ལྟ་བ་ཡོད་པ་གང་ཞིག དེ་གང་རུང་ལ་རང་གི་འཛིན་སྟངས་ཀྱི་ཡུལ་ཡོད་པའི་རྟོག་པ་ཡོད་པའི་ཕྱིར། ཕྱི་མ་སླ། དང་པོ་གྲུབ་སྟེ། མཆིམས་མཛོད་༥༠༩ལས། བདག་དང་འཇིག་རྟེན་རྟག་གམ་མི་རྟག་གམ་གཉིས་ཀའམ་གཉིས་ཀ་མ་ཡིན་ནམ་མཐའ་དང་ལྡན་ནམ་མི་ལྡན་ནམ་གཉིས་ཀའམ་གཉིས་ཀ་མ་ཡིན་ནམ་དེ་བཞིན་གཤེགས་པ་གྲོངས་ཕན་ཆད་འབྱུང་ངམ་མི་འབྱུང་གཉིས་ཀའམ་གཉིས་ཀ་མ་ཡིན་ནམ། ལུས་དེ་ཉིད་སྲོག་ཡིན་ནམ་སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཡིན་ནམ་ཞེས་པ་ལུང་མ་བསྟན་པའི་དངོས་པོ་བཅུ་བཞི་གསུངས་པ། ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། དེའི་ནང་དུ་འཇིག་ལྟ་ཡོད་ན་འཇིག་ལྟ་ལ་ལུང་མ་བསྟན་གྱིས་ཁྱབ་པའི་ཕྱིར་ཟེར་ན་དཔྱད། སྐབས་འདིར་ཉ་ཊཱིཀ་སྐབས་བཞི་བར་༡༩༣བལྟ་བར་བྱའོ། །ཡང་དོགས་གནས་ཤིག་བཀོད་ན་འདོད་པའི་ཉོན་མོངས་སྤངས་པའི་ཕྱི་རོལ་བའི་རྒྱུད་ལ་འདོད་པའི་ཟག་བཅས་ཅི་རིགས་ལ་དམིགས་པའི་བདག་ལྟ་མེད་པར་ཐལ། དེའི་རྒྱུད་ལ་འདོད་པའི་བདག་ལྟ་མེད་པ་གང་ཞིག གོང་མའི་བདག་ལྟས་འོག་མ་ལ་མི་དམིགས་པའི་ཕྱིར། འདོད་ན། ཕྱི་རོལ་པ་ཡིན་ན་ཆོས་རྣམས་བདག་ཏུ་གྲུབ་པའི་ཁྱབ་པ་ཁས་ལེན་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་པ་སླའོ། །ཉོན་མོངས་པ་རང་མཚན་དང་སྤྱི་མཚན་གྱི་དོན་ནི། མཛོད་འགྲེལ་གནད་སྒྲོན་༡༥༥ལས། འདས་དང་ཉེར་གནས་འདོད་ཆགས་དང༌། །ཁོང་ཁྲོ་ང་རྒྱལ་དག་གིས་ནི། །གང་ལ་དེ་སྐྱེས་མ་སྤང་པའི། །དངོས་པོ་དེ་དང་ལྡན་པ་ཡིན། །དངོས་པོ་གང་ལ་འདས་པ་དང་ད་ལྟ་བྱུང་བའི་འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་རྣམས་སྐྱེས་པ་མ་སྤངས་བ་དེ་དག་གིས་དངོས་པོ་དེ་དང་ལྡན་དེ། དེ་དག་ནི་རང་གི་མཚན་ཉིད་པའི་ཉོན་མོངས་པ་ཡིན་པའི་ཕྱིར་གདོན་མི་ཟ་བར་ཐམས་ཅད་ལ་ཐམས་ཅད་དུ་འབྱུང་བ་མ་ཡིན་ནོ། །ཞེས་པ་ནས། ལྷག་མ་ཀུན་གྱིས་ཀུན་དང་ལྡན། །ལྟ་བ་དང༌། ཐེ་ཚོམ་དང་མ་རིག་པ་རྣམས་ཀྱིས་དངོས་པོ་ཐམས་ཅད་དང་ལྡན་ཏེ། ཉོན་མོངས་པ་སྤྱི་ལ་དམིགས་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཆགས་པ་ཆོས་ཅན། ཉོན་མོངས་པ་རང་མཚན་ཡིན་པར་ཐལ། ལུང་དེའི་ཕྱིར། འདོད་མི་ནུས་ཏེ། ཟག་བཅས་ཐམས་ཅད་ལ་དམིགས་པ་ཡིན་པའི་ཕྱིར། དེར་ཐལ།ཟག་བཅས་ཐམས་ཅད་སས་བསྡུས་གང་ཞིག སས་བསྡུས་ཀྱིས་དོན་སྲེད་པས་རིས་སུ་བཅད་ཅིང་ལྟ་བས་བདག་གིར་བྱེད་པ་དེ་ཡིན་པའི་ཕྱིར་ཟེར་བ་དང༌། ཉོན་མོངས་པ་དེ་མ་སྤངས་བར་ཟག་བཅས་དེ་ལ་དམིགས་ན་ཟག་བཅས་དེ་ལྡན་པས་ཁྱབ་པར་ཐལ། མཆིམས་མཛོད་༥༡༠ལས། དྲུག་པ་ལྡན་པའི་ཚུལ་འཆད་པ་ནི། ཞེས་པ་ནས། ཡུལ་སྤང་བྱ་རིས་ལྔ་པོ་དུས་གསུམ་པའི་དངོས་པོ་གང་ལ་དམིགས་ནས་ཉོན་མོངས་པ་དེ་དག་སྐྱེས་ལ་མ་སྤངས་པའི་ཡུལ་གྱི་དངོས་པོ་དེ་དང་ཐག་པས་གླང་བུ་ཕུར་པ་ལ་བཏགས་པ་ལྟར་གང་ཟག་དེ་ལྡན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཀུན་འབྱུང་ཆོས་བཟོད་པ་ལ་འདོད་པའི་སྡུག་བསྔལ་མཐོང་སྤང་ལྡན་པར་ཐལ། དེ་ལ་དམིགས་པའི་ཉོན་མོངས་ལྡན་པ་དང་མ་སྤངས་པ་གཉིས་ཀ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེས་འདོད་པའི་སྡུག་བསྔལ་མཐོང་སྤང་ཐོབ་པ་ཆད་པའི་སྒོ་ནས་སྤངས་ཟིན་པའི་ཕྱིར་ཟེར་ན། རྩ་བར་འདོད་མི་ནུས་ཏེ། མཆིམས་མཛོད་༥༡༡ལས། ལྡན་པ་ཞེས་བྱ་བའང་ཡུལ་དེ་དག་ལ་དམིགས་པའི་ཚུལ་གྱིས་གང་ཟག་ལ་སྤང་བྱར་ལྡན་པ་ཡིན་གྱི་ཡུལ་གྱི་ཐོབ་པ་ལྡན་པ་མ་ཡིན་ཏེ་འགོག་པ་གཉིས་མ་གཏོགས་པ་རྒྱུད་དུ་མ་གཏོགས་པ་ལ་༼ཐོབ་པ༽ལྡན་པ་མ་ཡིན་ཏེ། ༼འགོག་པ་གཉིས་མ་གཏོགས་པ་༽རྒྱུད་དུ་མ་གཏོགས་པ་ལ་༼ཐོབ་པ༽ལྡན་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་སྐབས་འདིའི་ལྡན་པ་དམིགས་པའི་ཚུལ་གྱིས་ལྡན་ཚུལ་ཡིན་ཏེ། མཆིམ་མཛོད་༥༡༢ལས། དམིགས་པའི་ཚུལ་གྱིས་ལྡན་ཏེ། ཞེས་གསུངས་པའི་ཕྱིར། དེ་ལ་དམིགས་པའི་ཚུལ་གྱིས་ལྡན་པ་ལ་དམིགས་དགོས་སམ་མི་དགོས། དང་པོ་ལྟར་ན། མཆིམས་མཛོད་༥༡༢ལས།དེ་ཡང་དེ་དག་མང་བས་དམིགས་རུང་དུ་ལྡན་གྱི་དངོས་སུ་དམིགས་པ་མ་ཡིན་ནོ། །ཞེས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་གྱི་ཉོན་མོངས་པས་དངོས་སུ་ཡུལ་ལ་མི་དམིགས་པར་བཤད་ལ། གཉིས་པ་ལྟར་ན། གང་སྤེལ་ལས། དེའི་ཕྱིར་མ་འོངས་པ་དག་གི་དམིགས་པ་ནི་མ་འོངས་པ་ཁོ་ནའོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། གཞན་ཡང་སྤྲང་པོ་འདོད་རྔམས་ཅན་ཆོས་ཅན། སྒོར་དུང་ཕྱུར་དང་ལྡན་པར་ཐལ། དེ་མ་སྤངས་བར་དེ་ལ་དམིགས་པའི་ཕྱིར། ཁྱབ་སྟེ། རྩ་བར། གང་ལ་དེ་སྐྱེས་མ་སྤངས་པའི། །དངོས་པོ་དེ་དང་ལྡན་པ་ཡིན། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྙམ། དབང་ཤེས་དང་མཚུངས་ལྡན་དུ་སོང་བའི་ཆགས་སོགས་ཀྱིས་དུས་གསུམ་ལ་དམིགས་པ་ཡོད་པར་ཐལ། མཆིམས་མཛོད་༥༡༡ལས། ད་ལྟར་བྱུང་བའི་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་སྐྱེས་ལ་མ་སྤངས་པ་དག་གིས་ནི་རྣམ་ཤེས་༼དྲུག་གི་ས་བ་ཡིན་པས་རྣམ་ཤེས་དྲུག་༽གང་གི་འཁོར་དུ་བྱུང་ཡང་རུང་སྟེ།ཡུལ་སྤང་བྱ་རིས་ལྔ་པོ་དུས་གསུམ་པའི་དངོས་པོ་གང་ལ་དམིགས་ནས་ཉོན་མོངས་པ། ཞེས་པ་ནས། མི་སྐྱེ་བའི་ཆོས་ཅན་རྣམས་ཀྱིས་ནི་སྒོ་ལྔའི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་འདོད་ཆགས་དང་ཁོང་ཁྲོ་གཉིས་ཀྱིས་ཀྱང་༼མ་སྤངས་ན་༽དུས་གསུམ་གྱི་དངོས་པོ་ཐམས་ཅད་དང་དམིགས་པའི་ཚུལ་གྱིས་ལྡན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། ད་ལྟའི་དོན་ཅན་དང་པོ་ལྔ། །ཞེས་གསུངས་པའི་ཕྱིར་ཟེར་ན་ལ་ལས་དབང་ཤེས་དེ་དག་གིས་རང་དུས་ཀྱི་གཟུགས་སོགས་འཛིན་པའི་དོན་ཞེས་ཟེར་རོ། །ཁ་ཅིག་དམིགས་པའི་ཚུལ་གྱིས་ལྡན་ན་ལྡན་མི་དགོས་ཟེར་ན་མཆིམས་མཛོད་༥༡༠ལས། དྲུག་པ་ལྡན་པའི་ཚུལ་འཆད་པ། ཞེས་དང༌། དེ་༥༡༧ལས། ཡང་ཉོན་མོངས་པ་གང་དག་རང་ཉིད་སྤངས་ཀྱང་ལྡན་པ་ཡོད་དེ། དེ་དམིགས་པའི་ཡུལ་ཅན་སྤངས་པས་ཡུལ་ཡང་བྲལ་བར་མི་འགྱུར་བའི་ཕྱིར་རོ། །དེ་དག་ཀྱང་གང་ཞེ་ན༼སྤངས་པ་དང་བྲལ་བའི་ཁྱད་པར་ནི་དངོས་པོ་གང་ཞིག་སྤངས་ན་དེ་དང་བྲལ་བ་ཡིན་ནམ། བྲལ་ན་སྤངས་བ་དེ་ཡིན་ནམ་ཞེ་ན། སྤངས་པ་ནི་ཐོབ་པ་ཆད་པ་དང༌།བྲལ་བ་ནི་ཡུལ་ཅན་སྤངས་པའོ། །དེ་ལ་གང་དང་བྲལ་ན་དེས་དངོས་པོ་དེ་སྤངས་པ་ཡིན་ལ།སྤངས་ཀྱང་མ་བྲལ་བ་ཡོད་དེ། སྡུག་བསྔལ་ཤེས་པ་སྐྱེས་ལ་ཀུན་འབྱུང་ཤེས་པ་མ་སྐྱེས་པའི་ཚེ་༽སྡུག་བསྔལ་མཐོང་བས་སྤང་བྱ་སྤངས་ཀྱང་༼དེ་དག་ཡུལ་དུ་བྱས་ནས་ལྡན་ཏེ། ཞེས་གསུངས་པ་དག་གི་སྒྲས་ཟིན་དང་འགལ་བར་འགྱུར་ལ། དེར་མ་ཟད་མཆིམས་མཛོད་༥༡༧ལས། འདིར་ཡུལ་ཅན་དེ་དག་ལྡན་ནོ་ཞེས་སྟོན་པ་ནི་མ་ཡིན་ཏེ། འོན་ཀྱང་ཡུལ་ཅན་ལྡན་པས་ཡུལ་སྤངས་ཀྱང་ལྡན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ཏེ། འདི་ལ་ངོ་བོ་སྤངས་ན་ཅི་ཞིག་ལྡན་ཐོབ་པ་རྫས་སུ་ཡོད་པ་ནི་བསལ་ཟིན་ཏོ་ཞེས་བརྗོད་པར་བྱའོ། །ཞེས་པས་བྱེ་སྨྲ་བ་ལ་སྐྱོན་བརྗོད་ཚུལ་མེད་པར་འགྱུར་བས་དཔྱད། བཙུན་པ་དབྱིག་བཤེས་ཀྱིས་དུས་གསུམ་བྱ་བས་སྒོ་ནས་འཇོག་པར་ཐལ། མཆིམས་མཛོད་༥༡༤ལས། གནས་སྐབས་གཞན་དུ་འགྱུར་བར་སྨྲ་བ་ནི་བཙུན་པ་དབྱིག་བཤེས་ཡིན་ཏེ། ཞེས་པ་ནས། ཆོས་དེ་བྱ་བ་མི་བྱེད་པ་དང༌། བྱ་བ་བྱེད་པ་དང༌། བྱ་བ་བྱས་ནས་འགགས་པའི་གནས་སྐབས་གསུམ་ལ་རིམ་པ་ལྟར་མ་འོངས་པ་དང་ད་ལྟར་དག་འདས་པ་ཞེས་བརྗོད་པས་དངོས་པོ་གཅིག་ཉིད་དུས་དེ་དང་དེའི་གནས་སྐབས་སུ་ཕྱིན་པ་ན་དེ་དང་དེའི་མིང་ཐོབ། ཞེས་སོགས་གསུངས་པའི་ཕྱིར། འདོད་ན། རྩ་བར། སྐད་ཅིག་མ། དང་པོ་ཕྱིན་ཆད་འདས་པ་དང༌། །ཞེས་དང༌།འཕགས་ནི་དང་པོ་འདས་ལྡན་མིན། །ཞེས་གསུངས་པ་དང་འགལ་མེད་དུ་སྒྲུབ་ཚུལ་ཤེས་པར་བྱའོ། །བྱེ་བྲག་སྨྲ་བའི་སློབ་དཔོན་བཞི་ལས་གསུམ་པ་བཙུན་པ་དབྱིག་བཤེས་ཀྱིས་དུས་གསུམ་འདོད་ཚུལ་བཟང་སྟེ། རྩ་བར། གསུམ་པ་བཟང་སྟེ་བྱ་བ་ཡིས། །དུས་རྣམས་རྣམ་བཞག ཅེས་དང༌། མཆིམས་མཛོད་༥༡༥ལས། གསུམ་པ་གནས་སྐབས་གཞན་དུ་འགྱུར་བར་སྨྲ་བ་ཉིད་བཟང་སྟེ། བྱ་བ་མ་སྐྱེས་ནས་མི་བྱེད་པ་དང༌། བྱེད་པ་དང༌། བྱས་ནས་འགགས་པ་གསུམ་པོ་ཡིས་དུས་གསུམ་པོ་རྣམས་རྣམ་པར་བཞག་པ་བྱེད་པའི་ཕྱིར་རོ་ཞེས་གསུངས་མོད་ཀྱི། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེ་བཞི་གས་དུས་གསུམ་འདོད་ཚུལ་ལ་ཁྱད་པར་མེད་པའི་ཕྱིར་ཏེ། མཆིམས་མཛོད་༥༡༥ལས། བཞི་ཀ་ལ་མིང་ཐ་དད་པ་མ་གཏོགས་པ་ཁྱད་པར་ཅི་ཡང་ཡོད་པར་མ་མཐོང་ངོ༌། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། སྔོན་པོ་ད་ལྟ་བ་མཐོང་བའི་གང་ཟག་གི་རྒྱུད་ན་སེར་འཛིན་མིག་ཤེས་མ་འོངས་པ་ཡོད་མེད་དང༌། ཆོས་ཁམས་ལས་གཞན་ལ་རྟེན་བཅས་དེ་མཚུངས་གཉིས་རེ་ཡོད་པས་མ་འོངས་པའི་སེར་འཛིན་དེ་དེ་མཚུངས་ཡིན་མིན་དང༌། དེ་མཚུངས་ཀྱི་མིག་དབང་དེ་བྱ་བ་བྱེད་བཞིན་པ་ཡིན་ན་ད་ལྟ་བར་འགྱུར་ལ། དེ་ཡང་མི་རིགས་ཏེ། དེ་མཚུངས་ཡིན་པ་ལ་རང་གི་བྱ་བ་མི་བྱེད་པ་ཞིག་དགོས་པའི་ཕྱིར་ཏེ། རྩ་བར། ཆོས་ཞེས་བྱ་བ་ནི། །རྟེན་པ་དང་བཅས་ལྷག་མ་ནི། །དེ་དང་མཚུངས་པ་དག་ཀྱང་ཡིན། །གང་ཞིག་རང་གི་ལས་མི་བྱེད། །ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད། སྤྱིར་མཛོད་འདིར་ཐོབ་བྱའི་ཆོས་ལ་ལྟོས་ནས་བཞག་པ་དང༌། ལྟོས་ས་ལྟོས་འཇོག་གི་སྒོ་ནས་འཇོག་པ་དང༌། བྱ་བའི་སྒོ་ནས་དུས་གསུམ་གྱི་སྒྲ་སྦྱར་བའམ་དུས་ཀྱི་ཐ་སྙད་བྱས་ནས་བཤད་པ་མང་པོ་ཡོད་དོ། །ཁང་བ་འདས་པ་ཁང་བ་ཞིག་པ་ཡིན་མིན་དང་ཁང་བ་འདས་པས་ཁང་བའི་དོན་བྱེད་པ་ཡིན་མིན་དང༌། ཁང་བ་འདས་པ་དང་མ་འོངས་པ་གཉིས་ཀའི་ནང་དུ་གང་ཟག་འདུག་པ་ཡོད་མེད་དང༌། ཁང་བ་མ་གྲུབ་པའི་སྔ་རོལ་ནས་མ་འོངས་པའི་ཁང་བ་ཡོད་པས་དེའི་སྔ་རོལ་ནས་ཁང་བ་ཡོད་པར་འགྱུར་བའི་སྐྱོན་ཡོད་མེད་དང༌། དེ་བཞིན་དུ་འདས་པའི་བུམ་པ་དང་མ་འོངས་པའི་བུམ་པའི་དབང་བསྐུར་བ་སོགས་ཀྱི་བྱ་བའམ་དོན་བྱེད་ནུས་སམ་མི་ནུས་དང༌། ད་ལོ་ལ་ལྟོས་ནས་ལོ་སྔོན་མའི་བུམ་པ་འདས་པའི་བུམ་པ་མ་ཡིན་པར་ཐལ། ད་ལོ་ལ་ལྟོས་ནས་ལོ་སྔོན་མའི་བུམ་པ་འགགས་ཟིན་པའི་ཕྱིར་ཟེར་བ་སོགས་སྤྲོ་བར་བྱའོ། །སྡུག་བསྔལ་ཆོས་ཤེས་དེ་འདས་མ་འོངས་ད་ལྟ་བ་གསུམ་ག་ཡིན་པར་ཐལ། སྡུག་བསྔལ་ཆོས་བཟོད་ལ་ལྟོས་ནས་བྱ་བ་བྱེད་འགྱུར་དང་སྡུག་བསྔལ་རྗེས་བཟོད་ལ་ལྟོས་ནས་བྱ་བ་བྱས་ཟིན་དང་རང་ལ་ལྟོས་ཏེ་བྱ་བ་བྱེད་བཞིན་པ་ཡིན་པའི་ཕྱིར། ཁྱབ་སྟེ། དུས་གསུམ་བྱ་བས་བཞག་པ་གང་ཞིག བྱ་བ་བྱས་ཟིན་སོགས་ལྟོས་ས་ལྟོས་འཇོག་གི་སྒོ་ནས་མ་བཞག་ན་འཇོག་ཚུལ་མེད་པའི་ཕྱིར་ཟེར་ན་དཔྱད། གྲུབ་མཐའ་གོང་མའི་ལུགས་ལ་གཟུགས་ལ་འདས་མ་འོངས་ད་ལྟ་བ་གསུམ་འཇོག་པར་ཐལ། སྤང་བྱ་ལ་འདས་མ་འོངས་ད་ལྟ་བ་གསུམ་འཇོག་པའི་ཕྱིར་ཏེ། མངོན་པ་ཀུན་བཏུས་ལས། གང་ཞིག་གང་ལས་སྤོང་ཞེ་ན། འདས་པ་ནི་འགག་པའི་ཕྱིར་མ་ཡིན། མ་འོངས་པ་ནི་མ་སྐྱེས་པའི་ཕྱིར་མ་ཡིན། ད་ལྟར་བྱུང་བ་ནི་ལམ་དང་མཉམ་དུ་མི་འཇུག་པའི་ཕྱིར་མ་ཡིན། འོན་ཀྱང་ཉོན་མོངས་པའི་གནས་ངན་ལེན་གང་ལ་ཡོད་པ་དེ་ལས་སྤང་ངོ་གནས་ངན་ལེན་གྱི་རྣམ་པ་གང་གི་གཉེན་པོ་གང་རུང་བ་གཉེན་པོའི་རྣམ་པ་དེ་བྱུང་བ་དང་གནས་ངན་ལེན་གྱི་རྣམ་པ་དེ་འགོག་པ་ནི་མཉམ་པས་མཉམ་སྟེ། དཔེར་ན་སྣང་བ་དང་མུན་པ་འབྱུང་བ་དང་འགག་པ་བཞིན་ནོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། མངོན་གྱུར་སྤོང་བ་མིན་ཚུལ་ནི། ཉོན་མོངས་མངོན་གྱུར་འདས་པ་ནི་འགགས་ནས་སྤང་རྒྱུ་མེད་པའི་ཕྱིར་སྤོང་བ་མ་ཡིན་ནོ། །མ་འོངས་པ་ནི་མ་བྱུང་ཞིང་མ་སྐྱེས་པ་ལ་ངོ་བོ་མེད་པའི་ཕྱིར་སྤོང་བ་མ་ཡིན་ནོ། །ད་ལྟར་འབྱུང་བ་ནི་གཉེན་པོ་ལམ་དང་དུས་མཉམ་དུ་ཤེས་རྒྱུད་གཅིག་ལ་མི་འཇུག་པའི་ཕྱིར་སྤོང་བ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། སྦྱོར་ལམ་བཟོད་པ་བ་ལ་ངན་སོང་དུ་མི་སྐྱེ་བའི་སོ་སོར་བརྟག་མིན་འགོག་པ་ཐོབ་པའི་གཞིའི་ངན་སོང་གི་སྐྱེ་བ་ལ་མ་འོངས་པའི་ངན་སོང་གི་སྐྱེ་བ་མི་འཇོག་ན་གཞན་འཇོག་རྒྱུ་མེད་པའི་ཕྱིར་ཟེར་ན་དཔྱད། ཆོས་དེ་དེའི་བྱ་བ་བྱས་ནས་འགག་པའི་རྗེས་སུ་རང་ཉིད་ཡོད་པར་ཐལ། དེའི་རྗེས་སུ་འདས་པ་ཡོད་པའི་ཕྱིར་ཏེ། མཆིམས་མཛོད་༥༡༤ལས། གནས་སྐབས་གཞན་དུ་འགྱུར་བར་སྨྲ་བ་ནི་བཙུན་པ་དབྱིག་བཤེས་ཡིན་ཏེ། ཞེས་པ་ནས། ཆོས་དེ་བྱ་བ་མི་བྱེད་པ་དང༌། བྱ་བ་བྱེད་པ་དང༌། བྱ་བ་བྱས་ནས་འགགས་པའི་གནས་སྐབས་གསུམ་ལ་རིམ་པ་ལྟར་མ་འོངས་པ་དང་ད་ལྟར་དང་འདས་པ་ཞེས་བརྗོད་པས་དངོས་པོ་གཅིག་ཉིད་དུས་དེ་དང་དེའི་གནས་སྐབས་་སུ་ཕྱིན་པ་ན་དེ་དང་དེའི་མིང་ཐོབ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེ་འགག་ན་ད་ཡོད་ཚུལ་མོ་གཤམ་གྱི་བུ་དང་འདྲའོ་ཟེར་ན་དཔྱད། ཁང་མཁན་གྱི་ཁང་བ་བྱས་ཟིན་པ་འདས་པ་ཡིན་ནམ་ཅི། དེ་ཆོས་གང་གི་འདས་པ་ཡིན་ཟེར་ན་དཔྱད། ཡང་དུས་གསུམ་བྱ་བའི་སྒོ་ནས་བཞག་ན་བུམ་པའི་བྱ་བ་བྱས་ཟིན་དེ་བུམ་པ་འདས་པའི་དོན་དང༌། བུམ་པའི་བྱ་བ་བྱེད་འགྱུར་དེ་བུམ་པ་མ་འོངས་པའི་དོན་དང༌། བུམ་པའི་བྱ་བ་བྱེད་བཞིན་པ་དེ་བུམ་པ་ད་ལྟ་བའི་དོན་ཡིན་དགོས་ལ། དེ་ལྟར་ན་བུམ་པའི་འབྲས་བུ་དེ་བུམ་པ་འདས་པར་འགྱུར་བ་དང༌། བུམ་པའི་རྒྱུ་དེ་བུམ་པའི་མ་འོངས་པར་འགྱུར་བ་དང༌། ད་ལྟའི་དུས་དེ་བུམ་པའི་ད་ལྟ་བ་ཡིན་པར་འགྱུར་ཏེ། རིམ་བཞིན་བུམ་པའི་བྱ་བ་བྱས་ཟིན་དང་བྱེད་འགྱུར་དང་བྱེད་བཞིན་པ་ཡིན་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། བུམ་པའི་དེ་གསུམ་གང་རུང་ཡིན་ན་བུམ་པ་ཡིན་དགོས་པ་གང་ཞིག དེ་དག་བུམ་པ་མ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། བྱེ་བྲག་སྨྲ་བས་འདས་པའི་གཟུགས་སོགས་ཁས་ལེན་པའི་ཕྱིར་ཟེར་ན་དཔྱད། ནམ་མཁའ་ལ་དམིགས་པའི་ཉོན་མོངས་པ་མེད་པར་ཐལ། ནམ་མཁའ་སྒོམ་སྤང་གི་སེམས་ཉོན་མོངས་ཅན་མ་ཡིན་པའི་སེམས་ཁོ་ནའི་དམིགས་པ་ཡིན་པའི་ཕྱིར་ཏེ། མཆིམས་མཛོད་༥༡༩ལས། ནམ་མཁའ་དང་སོ་སོར་བརྟགས་མིན་གཉིས་ནི་སྒོམ་སྤང་གི་སེམས་ཉོན་མོངས་ཅན་མ་ཡིན་པ་ཁོ་ནའི་དམིགས་པ་ཡིན་ནོ། །སློབ་དཔོན་ཡོན་ཏན་བློ་གྲོས་དང་དབྱིག་བཤེས་ན་རེ། ནམ་མཁའ་དང་སོ་སོར་བརྟགས་མིན་གཉིས་སྒོམ་སྤང་ཉོན་མོངས་དང་ཉོན་མོངས་ཅན་མ་ཡིན་པ་གཉིས་ཀའི་དམིགས་པ་ཡིན་ནོ། །ཞེས་ཟེར་བ་ནི་མི་རིགས་ཏེ།དྲུག་ནི་ཟག་མེད་སྤྱོད་ཡུལ་ཅན། །ཞེས་བརྟགས་འགོག་དང་ལམ་བདེན་ཁོ་ན་ཉོན་མོངས་ཅན་གྱི་དམིགས་པར་བཤད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་འདོད་མི་ནུས་ཏེ།ནམ་མཁའ་མེད་པར་ལྟ་བའི་མེད་ལྟ་ཡོད་པའི་ཕྱིར་དང༌། ནམ་མཁའ་ལ་ལོག་པར་ཞུགས་པའི་ལྟ་བ་དུ་མ་ཡོད་པའི་ཕྱིར་ཟེར་ན་དཔྱད། འགོག་པ་མཐོང་སྤང་གི་མེད་ལྟའི་དམིགས་ཡུལ་ཡིན་ན་འགོག་བདེན་ཡིན་དགོས་པར་ཐལ། འགོག་བདེན་ཁོ་ན་དམིགས་པའི་བློ་ཞིག་ཡོད་ན་དེ་ལྟ་བུ་བཞག་དགོས་པའི་ཕྱིར་ཟེར་ན། འོ་ན་ཟག་མེད་ཆོས་ཅན། འགོག་བདེན་ཡིན་པར་ཐལ། འགོག་པ་མཐོང་སྤང་གི་མེད་ལྟའི་དམིགས་པ་ཡིན་པའི་ཕྱིར་ཏེ། རྩ་བར། ཟག་མེད་ཁམས་གསུམ་མཐའ་གསུམ་དང༌། །ཟག་པ་མེད་པའི་སྤྱོད་ཡུལ་ལོ། །ཞེས་དང༌།མཆིམས་མཛོད་༥༡༩ལས། ཟག་མེད་ནི་འདོད་པ་ལ་སོགས་པ་ཁམས་གསུམ་གྱི་མཐའ་མ་འགོག་ལམ་མཐོང་སྤང་གཉིས་དང་སྒོམ་སྤང་སྟེ་གསུམ་གསུམ་དང་ཟག་པ་མེད་པའི་སེམས་རང་ཉིད་དང་བཅུའི་སྤྱོད་ཡུལ་ལོ། །ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན་ཁྱོད་ཟག་མེད་ཡིན་ན་ཁྱོད་ལ་དམིགས་ན་ཟག་མེད་ལ་དམིགས་དགོས་པར་ཐལ། འདོད་པའི་ཕྱིར།འདོད་ན། ཁྱོད་ཤེས་བྱ་ཡིན་ན་ཁྱོད་ལ་དམིགས་ན་ཤེས་བྱ་ལ་དམིགས་དགོས་པར་ཐལ།འདོད་པའི་ཕྱིར། འདོད་ན། ཁྱོད་ཡོད་པར་རྟོགས་པའི་རྗེས་དཔག་ཚད་མ་ཡོད་པ་ཡིན་ན་ཁྱོད་ལ་དམིགས་ན་ཡོད་པར་རྟོགས་པའི་རྗེས་དཔག་ཚད་མ་ཡོད་པ་ལ་དམིགས་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། འགོག་བདེན་ལ་དམིགས་པའི་མེད་ལྟའི་ཟག་བཅས་ཟག་མེད་གཉིས་ཀ་ལ་དམིགས་པར་ཐལ། འགོག་བདེན་ཟག་མེད་ཡིན་པས་དེ་ལ་དམིགས་ལ། ཡོད་པར་རྟོགས་པའི་རྗེས་དཔག་ཚད་མ་ཟག་བཅས་ཡིན་པས་དེ་ལ་དམིགས་པའི་ཕྱིར་ཟེར་ན་དཔྱད། ཕྲ་རྒྱས་སྤངས་ཀྱང་བཅས་པ་དང་རྒྱས་པ་ཡོད་ལ། བཅས་ཀྱང་མི་རྒྱས་པ་ཡོད་དེ། རྩ་བར། ཉོན་མོངས་ཕྲ་རྒྱས་བཅས་རྣམ་གཉིས། །ཉོན་མོངས་ཅན་མིན་རྒྱས་འགྱུར་གྱིས། །ཞེས་དང༌། འགྲེལ་བ་ལས། ཕྲ་རྒྱས་གང་དག་གིས་སེམས་ཕྲ་རྒྱས་དང་བཅས་པའི་ཕྲ་རྒྱས་དེ་དག་སེམས་དེ་ལ་རྒྱས་པར་འགྱུར་རམ་ཞེ་ན། རྒྱས་པར་འགྱུར་བ་དག་ཀྱང་ཡོད་དེ། སེམས་དེ་དང་མཚུངས་པར་ལྡན་ཞིང་མ་སྤངས་ལ་དམིགས་པ་ཡང་མ་སྤངས་པའི་ཕྲ་རྒྱས་གང་དག་ཡིན་པའོ། །རྒྱས་པར་མི་འགྱུར་བ་དག་ཀྱང་ཡོད་དེ། སེམས་དེ་དང་མཚུངས་པར་ལྡན་ལ་སྤངས་བའི་ཕྲ་རྒྱས་གང་དག་ཡིན་པའོ། །ཞེས་དང༌། མཆིམས་མཛོད་༥༢༡ལས། མཚུངས་ལྡན་ཉོན་མོངས་པ་ཅན་ཕྲ་རྒྱས་དང་བཅས་པ་ནི་༼རྒྱས་པ་དང་མི་རྒྱས་པའི་བཅས་པ༽རྣམ་པ་གཉིས་ལས་དང་པོ་ནི་སོ་སོའི་སྐྱེ་བོའི་སེམས་ཉོན་མོངས་ཅན་ནི་འདོད་ཆགས་ལ་སོགས་པ་མཚུངས་ལྡན་དང་དམིགས་པ་གཉིས་ཀས་རྒྱས་ཤིང་བཅས་པ་ཡིན་ལ། འཕགས་པ་ལ་མཚུངས་ལྡན་སྤངས་ཀྱང་དམིགས་པའི་རྒྱས་པ་དང་བཅས་པ་ཡོད་དེ། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང༌། །ཀུན་འགྲོ་ལྷག་མ་རྣམས་ཀྱིས་ལྡན། །དང་པོའི་རྣམ་པ་སྤངས་ཀྱང་དེའི། །ཡུལ་ཅན་དྲི་མ་ལྷག་རྣམས་ཀྱིས། །ཞེས་བཤད་པ་བཞིན་ནོ། །གཉིས་པ་ནི་འཕགས་པ་དགྲ་བཅོམ་པ་རྣམས་ལ་འདས་པའི་སེམས་ཉོན་མོངས་ཅན་དང་ཉོན་མོངས་པ་དང་ལྷན་ཅིག་གནས་པ་དང༌། མ་འོངས་པ་མི་སྐྱེ་བའི་ཆོས་ཅན་གྱི་སེམས་ཉོན་མོངས་ཅན་ཉོན་མོངས་པ་དང་ལྷན་ཅིག་གནས་པ་བཞིན་ཏེ། །དེ་དག་བཅས་པ་ཡིན་ལ་རྒྱས་པར་མི་འགྱུར་བའི་ཕྱིར་རོ། །མི་རྒྱས་ཀྱང་ཕྲ་རྒྱས་དང་བཅས་པར་འཇོག་པ་ནི། སྔར་མ་སྤངས་པའི་དུས་ན་རྒྱས་པའི་ཕྱིར་རོ་ཞེས་བྱེ་བྲག་སྨྲ་བ་ཟེར་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན་འཕགས་པ་དགྲ་བཅོམ་པ་ལ་ཕྲ་རྒྱས་བཅས་པ་ཡིན་པར་ཐལ་ལོ་ཟེར་ན་སྤྱིར་བཅས་ཚུལ་དང༌། སྐབས་འདིའི་བཅས་ཚུལ་དང༌། འདས་མ་འོངས་ཀྱི་ཉོན་མོངས་བཅས་ཚུལ་དང༌། སྤངས་པའི་ཕྲ་རྒྱས་དག་ལ་མཆིམས་མཛོད་༥༢༡ལས། ༼སེམས་ཉོན་མོངས་ཅན་ཕྲ་རྒྱས་དང་བཅས་པ་དེ་ཡང་རྒྱས་པ་དང་མི་རྒྱས་པ་རྣམ་པ་གཉིས་སོ། །དང་པོ་ནི་ཉོན་མོངས་པ་དང་མཚུངས་ལྡན་དང་དེ་ལ་དམིགས་པ་མ་སྤངས་པ་སྟེ། དེའི་ཐོབ་པས་སེམས་དེའི་རྒྱུད་བཟུང་ཞིང༌། རྒྱུད་དེ་ལ་མ་འོངས་པའི་རྒྱུ་མཐུན་གྱི་རྒྱུ་བཞག་པ་དེ་སྲིད་དུའོ། །གཉིས་པ་ནི་གཉེན་པོས་ཕྲ་རྒྱས་མཚུངས་ལྡན་སྤངས་པས་དེའི་ཐོབ་པ་དང་བྲལ་བ་འགའ་ཞིག་སྟེ་འདས་པ་ཁོ་ནའོ། །སྤངས་ན་སེམས་དེ་ཇི་ལྟར་ཕྲ་རྒྱས་དང་བཅས་ཤེ་ན། ཉོན་མོངས་པ་དང་ལྷན་ཅིག་པའི་ཕྱིར་ཏེ། གཉེན་པོ་གང་གིས་ཀྱང་མཚུངས་ལྡན་ལ་བྲལ་བར་མི་ནུས་པ་ཡིན་ནོ། །ཡང་ན་རང་རྒྱུད་ཀྱི་ཉོན་མོངས་པ་མ་སྤངས་པ་འགའ་ཞིག་གིས་དམིགས་པའི་ཕྱིར་ལྡན་ནོ་ཞེས་བརྗོད་ན་ལེགས་སོ། །༽ཞེས་གསུངས་པས་དཔྱད་པར་བྱའོ། །མཆིམསམཛོད་༥༢༠ལས། རྒྱུད་ཀྱིས་བསྡུས་ཀྱང་ཉོན་མོངས་ཅན་མ་ཡིན་པ་དང་རྒྱུད་ཀྱིས་མ་བསྡུས་པ་ཐམས་ཅད་ལ་སྒོམ་སྤང་བཞི་བོ་ཁོ་ན་རྒྱས་སོ་ཞེས་ཤེས་པར་བྱའོ། །ཞེས་གསུངས་པ་དང༌། གནས་དང་པོར། ལྟ་གནས་སྲིད་པ་ཡང་དེ་དག་ཡིན། །ཞེས་ཟག་བཅས་་ཐམས་ཅད་ལྟ་གནས་ཡིན་པར་གསུངས་པ་གཉིས་འགལ་མེད་དུ་སྒྲུབ་པ་ལ་བརྩོན་པར་བྱའོ། །ཉོན་མོངས་སྐྱེ་བ་ལ་རྒྱུ་གསུམ་ཚང་བ་ལས་སྐྱེ་དགོས་པར་ཐལ། མཛོད་འགྲེལ་གནད་ཀྱི་སྒྲོན་མ་༡༥༩ལས། ཉོན་མོངས་སྐྱེ་ན་རྒྱུ་གསུམ་གྱིས་སྐྱེ་སྟེ། ཕྲ་རྒྱས་སྤངས་པ་མ་ཡིན་དང༌། །ཡུལ་ནི་ཉེ་བར་གནས་པ་དང༌། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །རྒྱུ་དང༌། ཡུལ་དང༌། སྦྱོར་བའི་སྟོབས་ཀྱིས། ཉོན་མོངས༌། སྐྱེ་སྟེ་གང༌། རྒྱུ་ནི་ཚང་པ་ཡིན། རེས་འགའ་ནི་ཡུལ་གྱི་སྟོབས་ཁོ་ནས་སྐྱེ་སྟེ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་པར་ཐལ། མཛོད་འགྲེལ་གནད་ཀྱི་སྒྲོན་མ་༡༥༩ལས། དགྲ་བཅོམ་པ་ཉམས་པའི་ཆོས་ཅན་ཡོད་པའི་ཕྱིར་ཏེ། དཔེར་ན་དགྲ་བཅོམ་པ་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དགྲ་བཅོམ་པ་ཉམས་མ་ཐག་པའི་རྒྱུད་ཀྱི་ཉོན་མོངས་པ་དེ་རྒྱུ་ཁ་ཡར་བ་ལས་སྐྱེ་བ་ཡིན་མིན་དང་དེའི་ཉེར་ལེན་གྱི་རྒྱུ་ལ་གང་འཇོག་དཔྱད། ཟག་པ་གསུམ་ལས་འདོད་པའི་ཟག་པ་ཡིན་ན་ཟག་པ་བཞི་བཅུ་རྩ་གཅིག་པོ་གང་རུང་ཡིན་པས་ཁྱབ་པར་ཐལ། རྩ་བར། འདོད་ན་གཏི་མུག་མ་གཏོགས་པའི། །ཉོན་མོངས་ཀུན་ནས་དཀྲིས་བཅས་ཟག །ཅེས་དང༌། མཆིམས་མཛོད་༥༢༢ལས། འདོད་ཁམས་ན་གཏི་མུག་ལྔ་མ་གཏོགས་པའི་ཉོན་མོངས་པ་ལྟ་བ་བཅུ་གཉིས། ཐེ་ཚོམ་བཞི། འདོད་ཆགས་ཁོང་ཁྲོ་ང་རྒྱལ་གསུམ་པོ་ལྔ་ལྔ་སྟེ་སུམ་ཅུ་རྩ་གཅིག་དང་ཀུན་ནས་དཀྲིས་པ་བཅུ་དང་བཅས་པ་བཞི་བཅུ་རྩ་གཅིག་ནི་འདོད་པའི་ཟག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། །འདོད་ན། རྩ་བར། གཞན་ཡང་ཉོན་མོངས་དྲི་མ་དྲུག །སྒྱུ་དང་གཡོ་དང་རྒྱགས་པ་དང༌། །དེ་བཞིན་འཚིག་དང་ཁོན་འཛིན་དང༌། །རྣམ་འཚེ། ཞེས་གསུངས་པ་ལྟར་གྱི་འདོད་པའི་དྲི་མ་དྲུག་ཆོས་ཅན། འདོད་པའི་ཉོན་མོངས་པ་ཞེ་གཅིག་པོ་གང་རུང་ཡིན་པར་ཐལ། འདོད་པའི་ཟག་པ་ཡིན་པའི་ཕྱིར་ཟེར་བ་དང༌། ཡང་འགྱོད་པ་དང་གཉིད་ཆོས་ཅན། ཁྱོད་ཉོན་མོངས་ཡིན་པར་ཐལ། འདོད་པའི་ཟག་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། སྤྱིར་འགྱོད་པ་ལ་དགེ་བ་དང༌། གཉིད་ལ་ལུང་མ་བསྟན་དང་དགེ་བ་ཡོད་པའི་ཕྱིར་ཏེ། རྩ་བར། འདོད་པའི་དགེ་བའི་སེམས་ལ་ནི། །རྟོག་དང་དཔྱོད་དང་བཅས་པའི་ཕྱིར། །སེམས་ལས་བྱུང་བ་ཉི་ཤུ་གཉིས། །ལ་ལ་དག་ཏུ་འགྱོད་པ་བསྣན། །ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་དེ་དག་ལ་དཔྱད།ལྟ་བ་ལྔ་སྐྱེ་བའི་གོ་རིམ་ནི། མཆིམས་མཛོད་༥༢༡ལས། གོ་རིམ་ནི། བདེན་པ་བཞིའི་དམིགས་པ་ལ་ཀུན་ཏུ་རྨོངས་པ་ལས་བདེན་བཞི་ཡིན་ནམ་མ་ཡིན་སྙམ་པའི་ཐེ་ཚོམ་དང༌། ཐེ་ཚོམ་གྱི་རྗེས་དེ་ནས་ནི་ཐེ་ཚོམ་གྱི་ལོག་པར་ཐོས་ཤིང་བསམ་པ་ལས་བདེན་པ་མེད་དོ་ཞེས་བསྐུར་བ་འདེབས་པའི་ལོག་ལྟ་དང༌། ལོག་ལྟ་སྐྱེས་པ་དེ་ནས་ཕུང་བོ་མི་རྟག་དུ་མར་མ་ཤེས་པས་བདག་ཏུ་ཞེན་པའི་འཇིག་ཚོགས་ལ་ལྟ་བ་དང་དེ་ནས་བདག་རྟག་ཆད་དུ་ལྟ་བའི་མཐར་ལྟ་བ་དང༌། མཐར་འཛིན་སྐྱེས་པ་དེ་ནས་ནི་གང་ལ་མཐར་བཟུང་བ་དེས་འདག་པར་ཡིད་ཆེས་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དང༌། དེ་ནས་འདག་པར་ཡིད་ཆེས་པ་དེ་ལ་མཆོག་ཏུ་འཛིན་པས་ལྟ་བ་མཆོག་འཛིན་དང༌། དེ་ནས་རང་གི་ལྟ་བ་ལ་ཆགས་ཤིང་ཁེངས་བའི་ཆགས་པ་དང་ང་རྒྱལ་དང་གཞན་གྱི་ལྟ་བ་ལ་ཞེ་སྡང་སྐྱེ་སྟེ། དེ་ལྟར་ན་འདི་ནི་སྐྱེ་བའི་རིམ་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་ན་ལོག་ལྟའི་རྗེས་སུ་འཇིག་ལྟ་སྐྱེ་ཚུལ་གང་ཡིན་དང༌། གོང་དུ་རྩ་བར། ལྟ་བ་ལྔ་སྟེ་འཇིག་ཚོགས་དང༌། །ལོག་དང་མཐར་འཛིན་ལྟ་བ་དང༌། །ལྟ་བ་དང་ནི་ཚུལ་ཁྲིམས་དང༌། །བརྟུལ་ཞུགས་མཆོག་ཏུ་འཛིན་དང་བཅུ། །ཞེས་དང༌། མཆིམས་མཛོད་༤༨༣ལས། ཇི་ལྟ་ཞེ་ན་ལྟ་བ་ལ་འཇིག་ཚོགས་ལ་ལྟ་བ་དང༌། སྐུར་བ་འདེབས་པ་དང༌། ལོག་པར་ལྟ་བ་དང༌། ཁྱད་པར་དུ་སྒྲོ་འདོགས་པ་མཐར་འཛིན་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་ལྔར་ཕྱེ་སྟེ་བསྣན་པའི་ཕྱིར་རོ། །འཇིག་ཚོགས་ལ་ལྟ་བའི་རྗེས་ལ་མཐར་འཛིན་པའི་ལྟ་བ་ཡིན་ཡང་འདིར་ཚིགས་བཅད་སྡེབས་པའི་ངོར་དེའི་རྗེས་ལ་ལོག་ལྟ་བཤད་དོ། །ཞེས་དང༌། ཡང་རྩ་བར། བདག་དང་བདག་གི་རྟག་ཆད་དང༌། །མེད་དང་དམན་ལ་མཆོག་ལྟ་དང༌། །རྒྱུ་མིན་ལམ་མིན་དེར་ལྟ་བ། །དེ་དག་ལྟ་བ་ལྔ་ཡིན་ནོ། །ཞེས་གསུངས་པ་རྣམས་ཀྱི་གོ་རིམ་དེ་གང་གི་དབང་དུ་བྱས་པ་ཡིན་བཙལ་བར་བྱའོ། །འདོད་པའི་ཆུ་བོ་དང༌། སྲིད་པའི་ཆུ་བོ་དང༌། ལྟ་བའི་ཆུ་བོ་དང༌། མ་རིག་པའི་ཆུ་བོ་བཞག་པ་མི་རིགས་པར་ཐལ། མཆིམས་མཛོད་༥༢༤ལས། ལྟ་བ་རྣམས་ཉོན་མོངས་པ་གཞན་པས་གཡོ་བ་དང་རྣམ་པ་གསལ་བའི་ཕྱིར་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་དེ། དེ་ལྟ་ན་མ་རིག་པ་རྣམ་པ་མི་གསལ་བའི་ཕྱིར་ལོགས་ཤིག་ཏུ་མི་སྟོན་པ་དང༌། ཁོང་ཁྲོ་དང་འདོད་ཆགས་ལ་སོགས་པའང་ལོགས་ཤིག་ཏུ་སྟོན་པར་ཐལ་བའི་སྐྱོན་ཡོད་པའི་གདུལ་བྱའི་བསམ་པ་ལ་ལྟོས་ནས་བཤད་དོ་ཞེས་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་མ་རིག་པ་བཞག་པ་མི་འཐད་པར་འགྱུར་བ་དང༌།འདོད་ཆགས་དང་ཁོང་ཁྲོ་སོགས་ལོགས་སུ་བཞག་དགོས་པར་འགྱུར་རོ་ཟེར་ན་དཔྱད། འདོད་པ་ལ་འདུན་པ་དང་གནོད་སེམས་གཉིས་ཀྱིས་ནི་འདོད་པ་ལས་མི་འདའ་བར་བྱེད་ལ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་གསུམ་གྱིས་ནི་འདོད་པ་ལས་ཕྱིར་བཟློག་པར་བྱེད་པ་ཡིན་པར་ཐལ། རྩ་བར། ཐ་མའི་ཆ་དང་མཐུན་རྣམ་ལྔ། །གཉིས་ལས་འདོད་ལས་མི་འདའ་ལ། །གསུམ་པོ་ཡིས་ནི་ཕྱིར་ཟློག་བྱེད། །ཅེས་གསུངས་་པའི་ཕྱིར་ཟེར་ན་འདོད་པ་ལ་འདུན་པ་དང་གནོད་སེམས་གཉིས་ཀྱིས་ནི་འདོད་པ་ལས་མི་འདའ་བར་བྱེད་ལ༌། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་གསུམ་གྱིས་ནི་འདོད་པ་ལས་ཕྱིར་བཟློག་པར་བྱེད་པའི་རྒྱུ་མཚན་གང་ཡིན་དཔྱད། ཀུན་སྦྱོར་གསུམ་སྤངས་བའི་སྒོ་ནས་རྒྱུན་ཞུགས་འབྲས་གནས་བཞག་པ་ནི། གསུམ་པོ་འདིས་མཐོང་སྤང་རྣམས་ཀྱི་སྒོ་བསྡུས་པའི་རྒྱུ་མཚན་གྱིས་ཡིན་ཏེ། རྩ་བར།སྒོ་དང་རྩ་བའི་བསྡུས་ཕྱིར་གསུམ། །ཞེས་དང༌། མཆིམས་མཛོད་༥༢༩ལས། ཀུན་ཏུ་སྦྱོར་བ་གསུམ་པོ་དེ་དག་སྤངས་བས་རྒྱུན་དུ་ཞུགས་པ་ཡིན་ཞེས་ལྟ་བ་བར་བ་གསུམ་བོར་ཏེ་ཀུན་ཏུ་སྦྱོར་བ་གསུམ་ཁོ་ན་སྤངས་པར་གསུངས་ཤེ་ན། དེ་ལྟ་ཡིན་མོད་ཀྱི་གསུམ་པོ་འདིས་མཐོང་སྤང་རྣམས་ཀྱི་སྒོ་བསྡུས་པའི་ཕྱིར་དང༌། ཞེས་པ་ནས། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི། སྤང་བྱའི་སྒོ་གཅིག་པ་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བའོ། །ཞེས་སོགས་གསུངས་པའི་ཕྱིར། འདོད་ན། མཐོང་སྤང་ཀུན་སྦྱོར་གསུམ་བགྲང་པ་ན་མཐོང་སྤང་དུ་གྱུར་བའི་མ་རིག་དང༌། མཐར་ལྟ་དང༌། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གསུམ་ཡང་འཇོག་རིགས་པར་ཐལ། དེ་གསུམ་གྱིས་མཐོང་སྤང་ཕྲ་རྒྱས་ཀྱི་སྒོ་དང་རྩ་བའི་བསྡུས་པ་མཚུངས་པའི་ཕྱིར་ཏེ། མ་རིག་པས་སྒོ་བཞི་བ་ཐམས་ཅད་བསྡུས་པ་དང༌། འཇིག་ལྟས་རྩ་བ་བྱེད་ལ་མཐར་ལྟས་སྒོ་གཅིག་པ་འཇིག་ལྟ་བསྡུས་ཤིང་དེས་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་རྩ་བ་བྱེད་པའི་ཕྱིར་ཏེ། རྩ་བར། དེ་ནས་མཐར་འཛིན་དེ་ནས་ནི། ། ཚུལ་ཁྲིམས་མཆོག་འཛིན། །ཞེས་གསུངས་པའི་ཕྱིར། ཚུལ་ཁྲིམས་མཆོག་འཛིན་ནི་སྒོ་གཉིས་པ་ཅན་དང༌། དེ་ལྟ་བ་མཆོག་འཛིན་གྱི་རྩ་བ་བྱེད་པའི་ཕྱིར་ཟེར་རོ། །མདོ་སྡེ་བའམ་སློབ་དཔོན་ནི། ཐར་བར་བགྲོད་པ་ལ་གེགས་བྱེད་པ་གསུམ་དུ་ངེས་པའི་རྒྱུ་མཚན་གྱིས་ཡིན་ཏེ། རྩ་བར།འགྲོ་མི་འདོད་དང་ལམ་ནོར་དང༌། །ལམ་ལ་ཐེ་ཚོམ་དེ་སྙེད་ཅིག །ཐར་པར་བགྲོད་ལ་གེགས་བྱེད་པ། །དེ་ཡི་ཕྱིར་ན་གསུམ་བསྟན་ཏོ། །ཞེས་དང༌། མཆིམས་མཛོད་༣༥༠ལས། སློབ་དཔོན་ནི་དཔེར་ན་ཡུལ་གཞན་དུ་འགྲོ་བ་ལ་ཇི་སྲིད་འགྲོ་བར་མི་འདོད་པ་དང༌། ལམ་ནོར་བར་འགྲོ་བ་དང༌། ལམ་ལ་ཐེ་ཚོམ་ཟ་བའི་བར་ཆད་གསུམ་པོ་དེ་སྙེད་ཅིག་ཡོད་པ་དེ་སྲིད་དུ་ཡུལ་གཞན་དུ་མི་ཕྱིན་པ་ལྟར་ཐར་བར་བསྒྲོད་པའང་གེགས་བྱེད་པ་གསུམ་ཡིན་ལ། དེ་དག་སྤངས་ན་ཐར་པར་བགྲོད་པ་ལ་གེགས་མེད་པར་བསྟན་པ་དེའི་ཕྱིར་ན་རྒྱུན་དུ་ཞུགས་པས་ཀུན་སྦྱོར་གསུམ་ཁོ་ན་སྤངས་བར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མེད་ལྟ་དེ་ཐར་པར་བགྲོད་པ་ལ་གེགས་བྱེད་པ་ཀུན་སྦྱོར་གསུམ་དང་འདྲ་བའི་ཕྱིར་ཟེར་བ་དང༌། ཐེ་ཚོམ་གྱིས་ཐར་པར་བགྲོད་པའི་ལམ་ལ་ཞུགས་པ་ལ་གེགས་བྱེད་མི་ནུས་པར་ཐལ། ཐར་པ་ལ་ཐེ་ཚོམ་ཟ་བཞིན་དུ་ལམ་ལ་འཇུག་པ་ཡོད་པའི་ཕྱིར་ཟེར་ན་དཔྱད།ཡང་རྩ་བར། གོང་མའི་ཆ་དང་མཐུན་ལྔ་ཉིད། །གཟུགས་དང་གཟུགས་མེད་ལས་སྐྱེས་པའི། །འདོད་ཆགས་གཉིས་རྒོད་ང་རྒྱལ་རྨོངས། །ཞེས་གོང་མའི་ཆ་མཐུན་ལྔ་ལས་གཞན་མི་བཞག་པའི་རྒྱུ་མཚན་གང་ཡིན་དང༌། ཐ་མའི་ཆ་མཐུན་ལ་འཇིག་ལྟ་བཞག་ལ་གོང་མའི་དེ་ལ་མི་བཞག་པའི་རྒྱུ་མཚན་ལ་དཔྱད། ཡང་ཉེ་ཉོན་ལ་རྩ་ཉོན་ལས་གཞན་དགོས་པར་ཐལ། རྩ་བར། ཉོན་མོངས་ལས་གཞན་ཉོན་མོངས་ཅན། །སེམས་བྱུང་འདུ་བྱེད་ཕུང་ཞེས་བྱ། །གང་དེའང་ཉེ་བའི་ཉོན་མོངས་་ཏེ། །དེ་དག་ཉོན་མོངས་ཞེས་མི་བྱ། །ཞེས་དང༌། མཆིམས་མཛོད་༥༣༡ལས། ཉེ་བའི་ཉོན་མོངས་པ་བཤད་པ་ནི། རྩ་བའི་ཉོན་མོངས་པ་དྲུག་པོ་ལས་གཞན་པའི་ཉོན་མོངས་པ་ཅན་གྱི་སེམས་ལས་བྱུང་བ་འདུ་བྱེད་ཀྱི་ཕུང་པོ་ཞེས་པ་གང་ཡིན་པ་དེ་ཡང་རྩ་བའི་ཉོན་མོངས་པ་དང༌། ཉེ་བར་འདུག་པས་ན་ཉེ་བའི་ཉོན་མོངས་པ་སྟེ། དེ་དག་ལ་རྩ་བའི་ཉོན་མོངས་པ་ཞེས་ནི་མི་བྱ་སྟེ། རྩ་བ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རང་འགྲེལ་༤༨༩ལས། ཉེ་བའི་ཉོན་མོངས་པ་རྣམས་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་གང་དག་ཉོན་མོངས་པ་ཡིན་པ་དེ་དག་ནི་ཉེ་བའི་ཉོན་མོངས་པ་ཡང་ཡིན་ཏེ། སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དེའི་ཞིབ་ཆ་ནི་རང་འགྲེལ་༤༨༩ལས། ཉོན་མོངས་པ་ལས་གཞན་པ་ཆོས་ཉོན་མོངས་པ་ཅན་སེམས་ལས་བྱུང་བ་འདུ་བྱེད་ཀྱི་ཕུང་བོས་བསྡུས་པ་གང་དག་ཡིན་པ་དེ་དག་ནི་ཉེ་བའི་ཉོན་མོངས་པ་ཁོ་ན་ཡིན་གྱི་ཉོན་མོངས་པ་དག་ནི་མ་ཡིན་ཏེ། དེ་དག་ཀྱང་གཞི་ཕྲན་ཚེགས་ལས་བྱུང་བ་གང་དག་ཡིན་པའོ། །ཞེས་གསུངས་པས་སོ། །ཞེ་སྡང་དེ་ཚོར་བ་བཏང་སྙོམས་དང་མཚུངས་ལྡན་དུ་འགྲོ་བ་ཡོད་པར་ཐལ། རྩ་བར། བཏང་སྙོམས་ཀུན་ཏུ་འགྲོ། །ཞེས་དང༌། མཆིམས་མཛོད་༥༣༥ལས། བཏང་སྙོམས་དང་ནི་ཉོན་མོངས་པ་ཀུན་མཚུངས་པར་ལྡན་ཏེ། ཉོན་མོངས་པ་རྒྱུན་ཆད་པ་ནི་གཞན་པས་ངེས་པར་བཏང་སྙོམས་ཡོད་པའི་ཕྱིར་ཏེ། འགྲེལ་བ་ལས། ཕྲ་རྒྱས་འདི་དག་ཐམས་ཅད་ནི་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་ཏེ། ཉོན་མོངས་པ་རྒྱུན་ཆད་པའི་དུས་ན་གདོན་མི་ཟ་བར་བཏང་སྙོམས་ཀུན་ཏུ་གནས་སོ། །ཞེས་པ་དང༌། ཆོས་མངོན་པ་ཀུན་བཏུས་ལས་ཀྱང༌། ཅིའི་ཕྱིར་ཉོན་མོངས་པ་ཐམས་ཅད་ནི་བཏང་སྙོམས་དང་མཚུངས་པར་ལྡན་ཞེ་ན། ཐ་མལ་པར་འདུག་པ་ལ་བརྟེན་ནས་ནུབ་པར་འགྱུར་བའི་ཕྱིར་རོ། །ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཁམས་གོང་མ་ན་ཞེ་སྡང་དང་ཡིད་མི་བདེ་བ་མེད་པའི་སྒྲུབ་བྱེད་བཀོད་ཚུལ་ལྟར་ན་ཞེ་སྡང་སྐྱེ་བ་ལ་གནོད་པའི་གཞི་དགུ་ཅི་རིགས་ལས་སྐྱེ་དགོས་ལ་གོང་ན་གནོད་པའི་གཞི་དགུ་མེད་པས་ཞེ་སྡང་མེད་པར་སྒྲུབ་མོད་ཞེ་སྡང་དང་མཚུངས་ལྡན་ལ་ཚོར་བ་བཏང་སྙོམས་ཡོད་ན་ཞེ་སྡང་དེ་གནོད་པའི་གཞི་དགུ་ཅི་རིགས་ལ་བརྟེན་ནས་སྐྱེ་དགོས་ཚུལ་ལ་དཔྱད། ཕྲ་རྒྱས་གོ་བརྒྱད་ཀྱི་ནང་ནས་ཚོར་བ་ལྔ་དང་མཚུངས་ལྡན་དུ་སོང་བ་ལ་སྒོམ་སྤང་གི་མ་རིག་པ་འཇོག་པ་ལས་གཞན་མེད་དེ། འདོད་པའི་སྡུག་བསྔལ་མཐོང་སྤང་གི་མ་རིག་པ་ལྟ་བུ་ནི་ཡིད་ཤེས་ཁོ་ན་དང་མཚུངས་ལྡན་ཡིན་པས་དེ་ལས་གཞན་མ་དམིགས་པའི་ཕྱིར་རོ། །འདོད་ན། སྒོམ་སྤང་གི་མ་རིག་པ་ཆོས་ཅན། ཚོར་བ་ལྔ་དང་མཚུངས་ལྡན་ཡིན་པར་ཐལ། ཕྲ་རྒྱས་གོ་བརྒྱད་ཀྱི་ནང་ནས་ཚོར་བ་ལྔ་དང་མཚུངས་ལྡན་གྱི་མ་རིག་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ་པ་འདྲ་སྟེ། དེ་དབང་ཤེས་དང་མཚུངས་ལྡན་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར་རོ། ཡང་ཉེ་ཉོན་བཅུ་དྲུག་ཡོད་དེ། རྩ་བར། ངོ་ཚ་མེད་དང་ཁྲེལ་མེད་དང༌། །ཕྲག་དོག་སེར་སྣ་རྒོད་པ་དང༌། །འགྱོད་དང་རྨུགས་དང་གཉིད་དང་ནི། །ཀུན་ནས་དཀྲིས་པ་རྣམ་པ་བརྒྱད། །ཁྲོ་དང་འཆབ་པའོ། །ཞེས་དང༌། གཞན་ཡང་ཉོན་མོངས་དྲི་མ་དྲུག །སྒྱུ་དང་གཡོ་དང་རྒྱགས་པ་དང༌། །དེ་བཞིན་འཚིག་དང་ཁོན་འཛིན་དང༌། །རྣམ་འཚེ། ཞེས་པ་ལྟར་ཀུན་དཀྲིས་བཅུ་དང་དྲི་མ་དྲུག་དང་བཅུ་དྲུག་གོ། །དེ་དག་ཁམས་དང་ས་གང་དང་གང་ལ་ཡོད་པར་འཆད་པ་ནི། རྩ་བར། འདོད་དང་བསམ་གཏན་དང་པོ་ནི། །གཡོ་སྒྱུ་ཚངས་པས་འདྲིད་ཕྱིར་རོ། ། རྨུགས་རྒོད་རྒྱགས་པ་ཁམས་གསུམ་ན། །གཞན་དག་འདོད་ཁམས་ལས་སྐྱེས་པ། །ཞེས་གསུངས་པས་སོ། ཉེ་ཉོན་བཅུ་དྲུག་གི་ནང་ནས་ཚོར་བ་ལྔ་དང་མཚུངས་ལྡན་ལ་བཞི་ཡོད་དེ། མཆིམས་མཛོད༥༣༥ལས། ཀུན་དཀྲིས་གཞན་ངོ་ཚ་ཁྲེལ་མེད་དང་རྨུགས་རྒོད་བཞི་བོ་ནི་ཚོར་བའི་དབང་པོ་དག་དང་མཚུངས་པར་ལྡན་པ་སྲིད་དེ། དང་པོ་གཉིས་ནི་མི་དགེ་བའི་ས་པ་དང༌། ཕྱི་མ་གཉིས་ཉོན་མོངས་པའི་ས་པ་ཆེན་པོ་ཡིན་ལ། དེ་དག་ཀྱང་རྣམ་ཤེས་དྲུག་ཅར་གྱི་འཁོར་དུ་འབྱུང་ཞིང་དྲུག་ཅར་ལ་མི་དགེ་བ་དང་ཉོན་མོངས་པ་སྲིད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །མི་སྐྱེ་བ་ཤེས་པ་ཆོས་ཅན། རང་རྙེད་མ་ཐག་པ་དང་ཉེ་ཉོན་བཅུ་དྲུག་གི་ནང་ནས་གསུམ་ཙམ་བཏང་མ་ཐག་པ་ལ་ཡིན་མིན་གྱི་མུ་བཞི་ཡོད་དེ། མུ་དང་པོ་ནི། དབང་རྟུལ་མི་སྐྱེ་བ་ཤེས་པ་ཐོབ་མ་ཐག་པ་དེ་ཡིན་ཏེ། དེ་མི་སྐྱེ་བ་ཤེས་པ་ཐོབ་མ་ཐག་ཡིན་ཀྱང་དེའི་ཉོན་མོངས་པ་སྔར་ནས་སྤངས་ཟིན་པའི་ཕྱིར་རོ། །

མུ་གཉིས་པ།

མུ་གཉིས་པ་ནི།

དབང་རྟུལ་དགྲ་བཅོམ་ཐོབ་མ་ཐག་པ་དེ་ཡིན་ཏེ། རྨུག་རྒོད་སྒྱུ་གསུམ་ཙམ་བཏང་མ་ཐག་པ་ཡིན་ལ་མི་སྐྱེ་བ་ཤེས་པ་མ་ཐོབ་པས་སོ། ། མུ་གསུམ་པ་ནི། དབང་རྣོན་དགྲ་བཅོམ་ཐོབ་མ་ཐག་པ་དང༌། མུ་བཞི་བ་ནི། མཐོང་ལམ་ཐོབ་མ་ཐག་པའོ། །ལྡོག་དེ་མུ་བཞིའམ་རང་བཏང་མ་ཐག་པ་དང་ཉེ་ཉོན་བཅུ་དྲུག་གི་ནང་ནས་གསུམ་ཙམ་རྙེད་མ་ཐག་པ་ལ་མུ་བཞི་ཡོད་པ་ཡོད་དེ།གཟུགས་མེད་ཀྱི་དགེ་བ་སྦྱོར་བྱུང་དེ་ཡིན་པའི་ཕྱིར་ཏེ། དེའི་མུ་བཞི་ལས་དང་པོ་ནི། འཇིག་རྟེན་པའི་ལམ་གྱིས་བསམ་གཏན་བཞི་བའི་ཉོན་མོངས་པ་ལ་ཆགས་བྲལ་བྱས་པ་ལས་ཉམས་མ་ཐག་པ་དེའོ། །མུ་གཉིས་པ་ནི། གཟུགས་མེད་ཀྱི་ཉོན་མོངས་མངོན་དུ་གྱུར་ནས་དགྲ་བཅོམ་པ་ལས་ཉམས་མ་ཐག་པ་དེའོ། །མུ་གསུམ་པ་ནི། བསམ་གཏན་བཞི་བའི་ཉོན་མོངས་པ་མངོན་དུ་གྱུར་ནས་དགྲ་བཅོམ་པ་ལས་ཉམས་མ་ཐག་པ་དེའོ། །མུ་བཞི་བ་ནི། སྒོམ་ལམ་ཐོབ་མ་ཐག་པའོ། །ཡང་འདོད་པའི་ཉོན་མོངས་པ་མངོན་དུ་གྱུར་ནས་དགྲ་བཅོམ་པ་ལས་ཉམས་མ་ཐག་པ་དེ་ཉེ་ཉོན་བཅུ་དྲུག་རྙཻད་མ་ཐག་པ་ཡིན་ལ། བསམ་གཏན་དང་པོའི་ཉོན་མོངས་མངོན་དུ་གྱུར་ནས་ཉམས་མ་ཐག་པ་ལ་ཉེ་ཉོན་བཅུ་དྲུག་གི་ནང་ནས་ལྔ་ཙམ་རྙེད་པ་ཡིན་ནོ། །རྩ་བར། གཡོ་སྒྱུ་ཚངས་པས་འདྲིད་ཕྱིར་རོ། །ཞེས་དང༌། མཆིམས་མཛོད་༥༣༤ལས། ཚུལ་ཁྲིམས་གྱི་ཕུང་བོའི་མདོ་ལས། འཕགས་པ་རྟ་ཐུལ་གྱིས་ཚངས་པ་ལ་འབྱུང་བ་ཆེན་པོ་བཞི་བོ་འདི་དག་མ་ལུས་པར་གང་དུ་འགག་པར་འགྱུར་ཞེས་དྲིས་པ་ན། དེ་མ་ཤེས་པར་བདག་ནི་ཚངས་པའོ། །ཚངས་པ་ཆེན་པོའོ། །དབང་ཕྱུག་གོ །བྱེད་པ་པོའོ། །ཞེས་པ་ནས། ཚངས་པ་ཆེན་པོའི་གཡོ་སྒྱུའི་གཏམ་རླུང་ལ་བསྐུར་ཏེ་འཕགས་པ་རྟ་ཐུལ་འདྲིད་པར་བྱེད་པར་བཤད་པའི་ཕྱིར་རོ། ཞེས་གསུངས་པ་ལྟར་ཚངས་པ་ལ་གཡོ་སྒྱུའི་དབང་གིས་ལུས་ངག་གི་ལས་ལ་འཇུག་པ་ཡོད་ན་མི་དགེ་བ་མེད་པའི་རྒྱུ་མཚན་གང་ཡིན་དཔྱད།རྒོད་འགྱོད་བྱ་བ་གཅིག་པ་ཡིན་ཏེ། མཆིམས་མཛོད་༥༣༧ལས། རྒོད་འགྱོད་གཉིས་ཀྱང་སྒྲིབ་པ་གཅིག་ཏུ་བཞག་སྟེ། མི་མཐུན་ཕྱོགས་དང་ཟས་དང་བྱ་བ་གཅིག་པའི་ཕྱིར་རོ། །དེ་ལ་འདི་གཉིས་ཀྱི་མི་མཐུན་ཕྱོགས་ནི་ཞི་གནས་ཡིན་ལ། ཟས་ནི་བཞི་སྟེ། ཉེ་དུའི་རྣམ་པར་རྟོག་པ་དང༌། ཡུལ་གྱི་རྣམ་པར་རྟོག་པ་དང༌། མི་འཆི་བའི་རྣམ་པར་རྟོག་པ་དང༌། སྔོན་དགོད་པ་དང་རྩེས་པ་དང་དགའ་མགུར་སྤྱད་པ་རྣམས་རྗེས་སུ་དྲན་པའོ། །བྱ་བ་ནི་གཉིས་ཀས་སེམས་མ་ཞི་བར་བྱེད་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་གཉིས་བྱ་བ་གཅིག་པའི་རྒྱུ་མཚན་དེ་གཉིས་ཀྱི་བྱ་བའི་ཡིན་པ་ཡོད་པའི་རྒྱུ་མཚན་ཡིན་ནམ། དེ་གཉིས་ཀྱི་བྱ་བ་ཡིན་ཁྱབ་མཉམ་ཡིན། དང་པོ་ལྟར་ན་ཉོན་མོངས་པ་ཐམས་ཅད་བྱ་བ་གཅིག་པར་ཐལ།དེ་རྣམས་ཀྱི་བྱ་བའི་ཡིན་པ་ཡོད་པས་སོ། །གཉིས་པ་ལྟར་ན་རྒོད་པའི་བྱ་བར་གྱུར་བའི་ཡུལ་ལ་ཆགས་པ་འགྱོད་པའི་བྱ་བ་ཡིན་པའི་གནས་མེད་པས་སོ་ཞེ་ན་དཔྱད་པར་བྱའོ། །འདོད་པ་ལ་འདུན་པ་དང་གནོད་སེམས་གཉིས་ཀྱིས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནོད་པ་ཡིན་ཏེ།མཛོད་འགྲེལ་གནད་སྒྲོན་༡༦༧ལས། འདོད་པ་ལ་འདུན་པ་དང༌། གནོད་སེམས་དག་གིས་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དང༌། རྨུགས་པ་དང༌། གཉིད་དག་གིས་ནི་ཤེས་རབ་ཀྱི་ཕུང་པོ་ལ་དང༌། རྒོད་པ་དང༌། འགྱོད་པས་ནི་ཏིང་ངེ་འཛིན་གྱི་ཕུང་པོ་ལ་གནོད་པར་བྱེད་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་གཉིས་ཀྱིས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནོད་ལ་རྨུགས་པ་སོགས་ཀྱིས་མི་གནོད་པའི་རྒྱུ་མཚན་བཙལ་བར་བྱའོ།། །།

ཕྲ་རྒྱས་ཇི་ལྟར་སྤོང་ཚུལ་བཤད་སྐབས་ཀྱི་དོགས་གཅོད།

ཕྲ་རྒྱས་ཇི་ལྟར་སྤོང་ཚུལ་བཤད་སྐབས་ཀྱི་དོགས་གཅོད་ནི།

དམིགས་ཡུལ་ཡོངས་སུ་ཤེས་པས་སྤོང་བ་ལ་མཐོང་སྤང་རྒྱ་རྩ་བརྒྱད་ལས་ཉོན་མོངས་པ་ལྔ་བཅུ་ཡོད་དེ། མཆིམས་མཛོད་༥༣༨ལས། དང་པོ་ནི། མཐོང་སྤང་བརྒྱད་ཅུ་རྩ་བརྒྱད་ལས་སྡུག་བསྔལ་མཐོང་སྤང་འདོད་པའི་རང་ས་ལ་དམིགས་པ་སྐལ་བ་མཉམ་པའི་ཁམས་ཀུན་འགྲོ་ལྟ་བ་དང་པོ་གཉིས་དང༌། ཀུན་འགྲོ་མ་ཡིན་པ་འདོད་ཆགས་ཁོང་ཁྲོ་ང་རྒྱལ་གསུམ་དང༌། ཀུན་འབྱུང་མཐོང་སྤང་ཀུན་འགྲོ་མ་ཡིན་པ་འདོད་ཆགས་ལ་སོགས་པ་གསུམ་པོ་དེ་དག་ཉིད་དེ་དེ་ལྟར་བརྒྱད་དང༌། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་པ་སྡུག་བསྔལ་མཐོང་སྤང་དགུ་དགུ་དང༌། ཀུན་འབྱུང་མཐོང་སྤང་དྲུག་དྲུག་སྟེ་སུམ་ཅུ་དང༌། ཁམས་གསུམ་གྱི་འགོག་ལམ་མཐོང་སྤང་གི་མ་རིག་པ་དྲུག་མ་གཏོགས་པ་ཟག་མེད་ལ་དམིགས་པ་ལོག་ལྟ་དང་ཐེ་ཚོམ་བཞི་གསུམ་བཅུ་གཉིས་ཏེ་ལྔ་བཅུ་པོ་རྣམས་ནི་དམིགས་པ་བདེན་བཞི་ལ་ལོག་པར་ཞུགས་པ་ན་ཐོར་ཤེས་པས་མིར་འཛིན་ལྡོག་པ་ལྟར་མཐོང་ལམ་གྱིས་བདེན་བཞིའི་རང་མཚན་ཡོངས་སུ་ཤེས་པས་སྤོང་སྟེ། རྣམ་པ་འགལ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། འདོད་པའི་སྡུག་བསྔལ་མཐོང་སྤང་གི་འཇིག་ལྟ་ཆོས་ཅན། དམིགས་པའི་ཡུལ་ཤེས་པས་སྤོང་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དམིགས་པའི་ཡུལ་ཡོངས་སུ་ཤེས་པས་སྤོང་ཚུལ་དེ་དེའི་དམིགས་པ་ཅི་རིགས་ཤེས་པས་སྤོང་པ་ཡིན་པར་ཐལ། སྡུག་བསྔལ་ཆོས་ཤེས་ཀྱིས་ཁྱོད་ཀྱི་དམིགས་པ་ཡོངས་སུ་ཤེས་པས་ཁྱོད་སྤོང་པ་གང་ཞིག དེས་ཁྱོད་ཀྱི་དམིགས་པ་ཅི་རིགས་ལས་མཐའ་དག་མ་ཤེས་པའི་ཕྱིར་ཏེ། འཇིག་ལྟའི་དམིགས་པ་ལ་རང་སའི་སྤང་བྱ་རིས་ལྔ་ཡོད་པ་གང་ཞིག སྡུག་བསྔལ་ཆོས་ཤེས་ཀྱིས་སྤང་བྱ་རིས་ལྔ་མ་ཤེས་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བར། ཕྲ་རྒྱས་ཀུན་ཏུ་འགྲོ་རྣམས་ནི། །དམིགས་པའི་སྒོ་ནས་རང་གི་ས། །ཐམས་ཅད་ཀུན་ཏུ་རྒྱས་པར་འགྱུར། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དེས་འདོད་པའི་སྡུག་བདེན་གྱི་རྣམ་པ་ལས་གཞན་མ་ཤེས་པའི་ཕྱིར་རོ། །ཡང་དམིགས་པ་ཅི་རིགས་ཤེས་པ་ལས་དམིགས་པ་ཐམས་ཅད་ཤེས་མི་དགོས་ན་འདོད་པའི་ཁམས་སྐལ་བ་མི་མཉམ་པའི་ཀུན་འགྲོ་དགུ་པོ་ཡང་དམིགས་པ་ཡོངས་སུ་ཤེས་པས་སྤོང་བ་ཡིན་པར་ཐལ། དེ་དག་སྤངས་ཚེ་དེ་དག་གི་དམིགས་པ་ཅི་རིགས་ཤེས་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། དམིགས་པ་ཡང་དག་པ་ཟད་པའི་སྒོ་ནས་སྤོང་བ་ཡིན་པའི་ཕྱིར། མཆིམས་མཛོད་༥༣༨ལས།

གཉིས་པ་ནི།

དེ་དག་ལས་དགུ་གོང་དུ་དམིགས། །ཞེས་པའི་འདོད་པའི་སྡུག་བསྔལ་དང་ཀུན་འབྱུང་མཐོང་སྤང་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་དགུ་པོ་རྣམས་ཏེ། དེ་དག་ནི་དེ་དག་ལ་དམིགས་པའི་ཡུལ་ཅན་འདོད་པའི་སྐལ་བ་མཉམ་པའི་ཁམས་ཀུན་འགྲོ་རྣམས་སྤངས་པས་སྤོང་སྟེ། སྐལ་བ་མཉམ་པའི་ཁམས་ཀུན་འགྲོའི་དམིགས་པ་ནི་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་ཡིན་པའི་ཕྱིར་རོ། །ཞེས་ཟེར་ན་དཔྱད། སྤོང་ཚུལ་གཉིས་པ་ལ་སྡུག་བསྔལ་ཆོས་ཤེས་ཆོས་ཅན། ཁྱོད་ཀྱིས་ཀུན་འགྲོ་དགུའི་ནང་གི་ཀུན་འབྱུང་མཐོང་སྤང་གི་ངོ་བོར་གྱུར་བའི་ལྟ་བ་རྣམས་སྤངས་པར་ཐལ། དེ་དག་གི་ཡུལ་ཅན་ཁམས་སྐལ་བ་མཉམ་པའི་ཀུན་འགྲོ་འཇིག་མཐར་གཉིས་སྤངས་པ་གང་ཞིག ཀུན་འགྲོ་དགུའི་ནང་གི་ཀུན་འབྱུང་མཐོང་སྤང་གི་ངོ་བོར་གྱུར་བའི་ལྟ་བ་རྣམས་ཡུལ་ཅན་སྤངས་པས་ཡུལ་སྤངས་ཚུལ་ཡིན་པ་གོང་དུ་བཤད་པའི་ཕྱིར། འདོད་མི་ནུས་པའོ་ཟེར་ན་དཔྱད། འདོད་པའི་སྡུག་ཀུན་གཉིས་ཀྱི་ཁམས་སྐལ་བ་མི་མཉམ་པའི་ཀུན་འགྲོ་དགུ་བོ་ཆོས་ཅན། དམིགས་པ་ཡོངས་སུ་ཤེས་པས་སྒོ་ནས་སྤོང་བ་ཡིན་པར་ཐལ། སྡུག་བསྔལ་ཆོས་བཟོད་དང༌། ཆོས་ཤེས་གཉིས་ཀྱིས་སྡུག་བསྔལ་བདེན་པའི་གནས་ལུགས་ཤེས་པའི་སྟོབས་ཀྱིས་འདོད་པའི་སྡུག་བསྔལ་མཐོང་སྤང་གི་ཁམས་སྐལ་བ་མི་མཉམ་པའི་ཀུན་འགྲོ་ལྟ་བ་ཕྱི་མ་གསུམ་དང༌། ཐེ་ཚོམ་དེ་དང་མཚུངས་ལྡན་གྱི་མ་རིག་པ་སྟེ་ལྔ་སྤོང་བ་དང༌། དེ་བཞིན་དུ་ཀུན་འབྱུང་ཆོས་བཟོད་དང༌། ཆོས་ཤེས་གཉིས་ཀྱིས་ཀུན་འབྱུང་བདེན་པའི་གནས་ལུགས་ཤེས་པའི་སྟོབས་ཀྱིས་ཀུན་འབྱུང་མཐོང་སྤང་གི་ཁམས་སྐལ་བ་མི་མཉམ་པའི་ཀུན་འགྲོ་ལྟ་བ་བར་མ་གཉིས་དང༌། ཐེ་ཚོམ་དེ་དག་དང་མཚུངས་ལྡན་གྱི་མ་རིག་པ་བཞི་སྤོང་བ་ཡིན་པའི་ཕྱིར་ཟེར་ན། དེ་ལ་མ་ཁྱབ་སྟེ། བདེན་པའི་གནས་ལུགས་ཤེས་པའི་སྟོབས་ཀྱིས་སྤོང་བ་ཙམ་ལ་དམིགས་པ་ཡོངས་ཤེས་ཀྱི་སྒོ་ནས་སྤོང་བར་འཇོག་ན་མཐོང་སྤང་བརྒྱད་ཅུ་རྩ་བརྒྱད་པོ་ཐམས་ཅད་ཆོས་ཅན། དམིགས་པ་ཡོངས་ཤེས་ཀྱི་སྒོ་ནས་སྤོང་བ་ཡིན་པར་ཐལ། མཐོང་ལམ་གྱི་བདེན་པའི་གནས་ལུགས་ཤེས་སྟོབས་ཀྱིས་སྤོང་བ་ཡིན་པའི་ཕྱིར་ཟེར་ན་དཔྱད། ཡང་མཐོང་སྤང་བརྒྱད་ཅུ་རྩ་བརྒྱད་པོ་ཀུན་ཆོས་ཅན། ཁྱོད་དམིགས་པ་ཡོངས་སུ་ཤེས་པའི་སྒོ་ནས་སྤོང་བ་ཡིན་པར་ཐལ། རྒྱལ་སྲས་མ་ལས། གང་དག་གཉེན་པོ་སྐྱེས་པས་སྤོང་བ་བརྗོད་པ་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་དེ་དག་ཀྱང་དམིགས་པ་སྡུག་བསྔལ་གྱི་བདེན་པ་ལ་སོགས་པས་ཡོངས་སུ་ཤེས་པ་ཁོ་ནས་སྤོང་བར་འགྱུར་རོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེ་ལ་དམིགས་པ་སྤངས་པ་ལ་སོགས་པས་ཀྱང་ཉོན་མོངས་པ་རྣམས་སྤང་པར་འགྱུར་རོ། །ཞེས་བྱ་བ་གང་ཡིན་པ་དེ་ནི་རྣམ་པར་བཞག་པ་ཙམ་དུ་ཟད་དོ། །ཞེས་བྱ་བ་ཡིན་པར་མངོན་ནོ། །ཞེས་དང༌། འགྲེལ་བ་མངོན་པའི་རྒྱན་༥༣༩ལས།དེ་ལྟར་ན་ཐམས་ཅད་ཀྱང་དམིགས་པ་ཡོངས་སུ་ཤེས་པས་སྤོང་བའི་རྩ་བ་ཅན་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། རང་འགྲེལ་༤༩༦ལས། ཉོན་མོངས་པ་རྣམས་ནི་དམིགས་པ་ཡོངས་སུ་ཤེས་པས་ཟད་པར་ངེས་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། དམིགས་ཡུལ་ཟད་པའི་སྒོ་ནས་སྤང་ཚུལ་ལ། འདོད་པའི་སྡུག་བསྔལ་མེད་ལྟ་དེ་ཉིད་མཆོག་ཏུ་འཛིན་པ་དེའི་དམིགས་པ་སྤང་བ་ལ་སྤྱིར་མེད་ལྟ་སྤང་དགོས་པར་ཐལ།མེད་ལྟ་དེའི་དམིགས་ཡུལ་ཡིན་པའི་ཕྱིར་ཏེ། འདོད་པའི་སྡུག་བསྔལ་མཐོང་སྤང་གི་མེད་ལྟ་ལ་དམིགས་པའི་ཕྱིར་ཟེར་ན་དཔྱད། ཀུན་འབྱུང་མཐོང་སྤང་གི་ཆགས་རྒྱལ་གཉིས་ཆོས་ཅན། སྐབས་འདིའི་སྤང་བྱ་སྤང་ཚུལ་བཞི་ལས་དང་པོ་གསུམ་གས་སྤོང་དགོས་པ་དེ་ཡིན་པར་ཐལ། དམིགས་པ་ཡོངས་སུ་ཤེས་པས་སྤོང་བ་ཡིན་པ་གང་ཞིག རང་ལ་དམིགས་པའི་ཉོན་མོངས་པ་ཟད་པའི་སྒོ་ནས་སྤང་བ་དང༌། དམིགས་པའི་ཡུལ་སྤངས་པའི་སྒོ་ནས་སྤང་དགོས་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། མཆིམས་མཛོད་༥༣༨ལས། ལྔ་བཅུ་བོ་རྣམས་ནི་དམིགས་པ་བདེན་བཞི་ལ་ལོག་པར་ཞུགས་པ་ན་ཐོར་ཤེས་པས་མིར་འཛིན་ལྡོག་པ་ལྟར་མཐོང་ལམ་གྱིས་བདེན་བཞིའི་རང་མཚན་ཡོངས་སུ་ཤེས་པས་སྤོང་སྟེ། རྣམ་པ་འགལ་བའི་ཕྱིར་རོ། །ཞེས་གསུངས་པའི་ལྔ་བཅུ་བོ་འཇོག་རྒྱུ་ཡོད་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དེ་གཉིས་ལ་དམིགས་པའི་ཉོན་མོངས་པ་ཟད་པ་ན་དེ་གཉིས་སྤང་དགོས་པའི་ཕྱིར་ཟེར། རྟགས་གསུམ་པ་གྲུབ་སྟེ། འགོག་པ་མཐོང་སྤང་གི་ཆགས་རྒྱལ་གཉིས་དམིགས་པ་སྤངས་པའི་སྒོ་ནས་སྤངས་བ་ཡིན་ཀུན་འབྱུང་མཐོང་སྤང་གི་ཆགས་རྒྱལ་གཉིས་ལ་མཚུངས་པའི་ཕྱིར་ཟེར་ན། དེ་ལ་ཀུན་འབྱུང་མཐོང་སྤང་གི་ཆགས་རྒྱལ་གཉིས་ཆོས་ཅན།དམིགས་པ་ཡོངས་སུ་ཤེས་པའི་སྒོ་ནས་སྤང་བ་མ་ཡིན་པར་ཐལ། ཀུན་འབྱུང་ཆོས་ཤེས་ཀྱིས་ཁྱོད་ཀྱི་དམིགས་པ་ཤེས་པ་གང་ཞིག དེས་ཁྱོད་མ་སྤངས་པའི་ཕྱིར་ཟེར་ན་དཔྱད།ཡང་འདོད་པའི་ཀུན་འབྱུང་མཐོང་སྤང་གི་ཆགས་རྒྱལ་གཉིས་ཀྱི་དམིགས་པ་དང་འདོད་པའི་མེད་ལྟའི་དམིགས་པ་སྡུག་བསྔལ་ཆོས་ཤེས་ཀྱིས་ཤེས་མ་ཤེས་དཔྱད། འདོད་པའི་སྐལ་བ་མི་མཉམ་པའི་ཀུན་འགྲོ་དེ་རང་ལ་དམིགས་པའི་ཉོན་མོངས་པ་སྤངས་པའི་སྒོ་ནས་སྤངས་པ་ཡིན་པར་ཐལ། མཆིམས་མཛོད་༥༣༨ལས། གཉིས་པ་ནི་དེ་དག་ལས་དགུ་གོང་དུ་དམིགས། །ཞེས་པའི་འདོད་པའི་སྡུག་བསྔལ་དང་ཀུན་འབྱུང་མཐོང་སྤངས་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་དགུ་བོ་རྣམས་ཏེ། དེ་དག་ནི་དེ་དག་ལ་དམིགས་པའི་ཡུལ་ཅན་འདོད་པའི་སྐལ་བ་མཉམ་པའི་ཁམས་ཀུན་འགྲོ་རྣམས་སྤངས་པས་སྤོང་སྟེ། སྐལ་བ་མཉམ་པའི་ཁམས་ཀུན་འགྲོའི་དམིགས་པ་ནི་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། འདོད་པའི་སྡུག་བསྔལ་མཐོང་སྤང་གི་ཁམས་སྐལ་བ་མི་མཉམ་པའི་ཀུན་འགྲོ་ཆོས་ཅན། རང་ལ་དམིགས་པའི་ཉོན་མོངས་སྤངས་པའི་སྒོ་ནས་སྤངས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ལ་དམིགས་པའི་ཉོན་མོངས་པ་ལ་འདོད་པའི་ཀུན་འབྱུང་མཐོང་སྤང་ཡོད་པས་ཁྱོད་སྤངས་ཚེ་དེ་མ་སྤངས་པའི་ཕྱིར་ཟེར་ན་དཔྱད། ཡང་རང་འགྲེལ་༤༩༧ལས། ཇི་ཙམ་གྱིས་ན་ཉོན་མོངས་པ་སྤངས་པ་ཞེས་བརྗོད་ཅེ་ན་རང་གི་རྒྱུད་ལ་ཡོད་པ་ནི་ཐོབ་པ་ཆད་པས་སོ། །གཞན་གྱི་རྒྱུད་ལ་ཡོད་པ་ནི་ཉོན་མོངས་པ་དང་གཟུགས་མེད་པ་ཐམས་ཅད་དང༌། ཉོན་མོངས་ཅན་མ་ཡིན་པའི་ཆོས་ནི་དེ་དག་ལ་དམིགས་པའི་ཉོན་མོངས་པ་རང་གི་རྒྱུད་ལ་ཡོད་པ་སྤངས་པའོ། །ཞེས་གསུངས་པ་ལྟར་ན་གཞན་རྒྱུད་ལ་ཡོད་པའི་ཉོན་མོངས་པ་ཀུན་སྔར་ནས་དེའི་སྔོན་དུ་གྲུབ་པའི་དགྲ་བཅོམ་པ་རྣམས་ཀྱིས་སྤངས་ཟིན་པ་ཡིན་ནམ་རིགས་པ་སྤྲོའོ། །སྤྱིར་མཐོང་སྤང་ཡང་གཉེན་པོ་སྐྱེས་པའི་སྒོ་ནས་སྤོང་བ་ཡིན་ན་སྤང་ཚུལ་བཞི་བ་སྒོམ་སྤང་སྤངས་ཚུལ་ལོགས་སུ་ཡོད་མེད་དང༌། སྒོམ་སྤང་ཡང་རང་ལ་དམིགས་པའི་ཉོན་མོངས་པ་སྤངས་པའི་སྒོ་ནས་སྤངས་པ་ཡིན་ན་སྒོམ་སྤང་རྣམས་རང་ལ་དམིགས་པའི་ཡུལ་ཅན་ཡང་དག་པར་ཟད་པའི་སྒོ་ནས་སྤངས་པ་ཡིན་མིན་དང༌། སྒོམ་སྤང་ཡིན་ན་གཉེན་པོས་ངེས་པར་སྤངས་དགོས་ན་བདག་ཅག་གི་སྟོན་པ་གཉེན་པོས་སྤང་དགོས་མིན་དཔྱད།མཛོད་འགྲེལ་གནད་སྒྲོན་ལས། མཚན་ཉིད་ཀྱིས་རིང་བ་ནི་དཔེར་ན་འབྱུང་བ་ཆེན་པོ་རྣམས་ལྷན་ཅིག་སྐྱེས་པ་ཡིན་ཡང་མཚན་ཉིད་མི་མཐུན་པས་རིང་བ་ལྟ་བུའོ། །ཞེས་གསུངས་པ་ལ་ཚོགས་པ་གཅིག་ཏུ་འབྱུང་བ་རྣམས་ཀྱི་མཚན་ཉིད་མི་མཐུན་པར་གནས་པ་ཡིན་ན་འབར་བའི་མེ་ལ་རླུང་གི་མཚན་ཉིད་དང༌། དྲོ་བའི་ཆུ་ལ་མེའི་མཚན་ཉིད་ཚང་བ་ཡིན་མིན་དཔྱད། མཛོད་འགྲེལ་གནད་སྒྲོན་ལས། གཉེན་པོས་རིང་བ་ནི་དཔེར་ན་འཆལ་བའི་ཚུལ་ཁྲིམས་ལས་ཚུལ་ཁྲིམས་ལྟ་བུའོ། །ཞེས་དང༌། མཆིམས་མཛོད་༥༤༢ལས། ཐག་སྲིང་བའི་ངོ་བོ་རིང་བ་ཉིད་ཀྱང་རྣམ་པ་བཞི་སྟེ། ཞེས་པ་ནས། མི་མཐུན་ཕྱོགས་དང་གཉེན་པོས་རིང་བ་ནི་ཚུལ་ཁྲིམས་དང་འཆལ་བའི་ཚུལ་ཁྲིམས་ལྟ་བུ་དང༌། ཞེས་གསུངས་པ་ལྟར་དེ་གཉིས་ཐག་བསྲང་བའི་གཉེན་པོ་ཡིན་ན་མཆིམས་མཛོད་༥༤༡ལས། གསུམ་པ་ནི་རྣམ་གྲོལ་གྱི་ལམ་དང་པོ་སྡུག་བསྔལ་ལ་ཆོས་ཤེས་པ་མ་གཏོགས་པ་དེ་ཡན་ཆད་ཀྱི་ཁྱད་པར་གྱི་ལམ་སྟེ་ཐོབ་པ་ཐག་བསྲིང་བའི་ཕྱིར་རོ། །ཞེས་སྡུག་བསྔལ་ཆོས་ཤེས་པ་ཐག་བསྲིང་བའི་གཉེན་པོ་མ་ཡིན་པར་གསུངས་པ་དང་འགལ་བ་ཡོད་མེད་དཔྱད། ཤར་ནུབ་ཡུལ་ཆད་པས་རིང་བ་ཡིན་ན་དེ་གཉིས་ཡིན་པ་ཡོད་མེད་ཀྱི་ཚིག་གི་རོལ་རྩེད་སྤྲོ་བར་བྱའོ། །འདས་མ་འོངས་དུས་ཀྱི་རིང་བ་ཡིན་ན་དེ་གཉིས་དུས་མཉམ་དུ་ཡོད་མེད་དཔྱད་པར་བྱའོ།། །།

སྤངས་བའི་འབྲས་བུ་ཡོངས་ཤེས་བཤད་པའི་སྐབས་ཀྱི་དོགས་གཅོད།

སྤངས་བའི་འབྲས་བུ་ཡོངས་ཤེས་བཤད་པའི་སྐབས་ཀྱི་དོགས་གཅོད་ནི།

སྤང་བྱ་རང་གི་བྲལ་བ་ཐོབ་ན་བྲལ་ཐོབ་ཁྱད་པར་དུ་འགྲོ་བས་ཁྱབ་པར་ཐལ། སྤང་བྱ་རང་གི་གཉེན་པོ་ཐོབ་པའི་ཕྱིར། ཁྱབ་སྟེ། རྩ་བར། ལན་གཅིག་ཏུ་ཟད་དེ་དག་གིས། །བྲལ་བའི་ཐོབ་པ་ཡང་ནས་ཡང༌། །ཞེས་དང༌། མཆིམས་མཛོད་༥༤༣ལས། ཉོན་མོངས་པ་ཐམས་ཅད་ནི་རང་རང་གི་གཉེན་པོ་སྤོང་ལམ་གང་ཡིན་པ་དེ་ཁོ་ནས་སྤོང་ཞིང་ཐོབ་པ་ཆད་པས་སྤངས་པ་ལན་གཅིག་ཏུ་ཟད་ཀྱི་འོན་ཀྱང་ཉོན་མོངས་པ་དེ་དག་གིས་བྲལ་བའི་ཐོབ་པ་ནི་ཡང་དང་ཡང་དུ་ཁྱད་པར་དུ་འགྲོའོ། །༼དུས་དྲུག་ཏུ་སྟེ༽གང་ཞེ་ན་གལ་ཏེ་དབང་པོ་རྟུལ་པོ་ཡིན་ན་རང་རང་གི་གཉེན་པོ་སྐྱེས་པ་དང༌། ཞེས་བྲལ་བའི་ཐོབ་པ་ཁྱད་པར་དུ་འགྲོ་བ་དྲུག་གི་དང་པོ་རང་རང་གི་གཉེན་པོ་ཐོབ་པའི་ཚེ་ན་བཞག་པའི་ཕྱིར་ཟེར་ན་དཔྱད། འདོད་པ་ན་བདེན་པ་དང་པོ་གཉིས་ཀྱི་མཐོང་སྤང་རྣམ་པ་གཉིས་ཟད་པ་ནི། འདོད་པའི་སྡུག་ཀུན་གཉིས་ཀྱི་མཐོང་སྤང་སྤངས་པའི་སྤངས་པ་ཡོངས་ཤེས་ཡིན་ཏེ། རྩ་བར། འདོད་པ་ན། དང་པོ་རྣམ་གཉིས་ཟད་ལ་གཅིག །ཞེས་དང༌། མཆིམས་མཛོད་༥༤༤ལས། འདོད་པའི་སྡུག་བསྔལ་དང་ཀུན་འབྱུང་མཐོང་སྤང་སྤངས་པའི་ཡོངས་ཤེས་གཅིག་དང༌། ཞེས་གསུངས་པའི་ཕྱིར།འདོད་ན། འདོད་པའི་སྡུག་ཀུན་གཉིས་ཀྱི་མཐོང་སྤང་སྤངས་པའི་སྤངས་པ་ཡོངས་ཤེས་ཆོས་ཅན། སྤངས་པ་ཡོངས་ཤེས་སུ་འཇོག་པའི་རྒྱུ་མཚན་གསུམ་ཚང་བར་ཐལ། སྤངས་པ་ཡོངས་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། མཆིམས་མཛོད་༥༤༦ལས། ཤེས་བཟོད་རྣམས་ཀྱི་འབྲས་བུ་བྲལ་བ་ནི་རྒྱུ་གསུམ་གྱི་ཡོངས་ཤེས་སུ་བཞག་སྟེ་ཞེས་སྦྱར་ཏེ། གང་ཞེ་ན་བྲལ་བའི་ཐོབ་པ་ཟག་མེད་གསར་དུ་རྙེད་པ་དང༌། སྲིད་རྩེའི་ཉོན་མོངས་པ་ཉམས་པར་བྱས་པ་དང༌། རྒྱུ་སྡུག་བསྔལ་དང་ཀུན་འབྱུང་མཐོང་སྤང་གི་ཀུན་འགྲོ་གཉིས་ཀུན་ཏུ་བཅོམ་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། འདོད་པའི་སྡུག་ཀུན་གཉིས་ཀྱི་མཐོང་སྤང་སྤངས་པའི་སྤངས་པ་ཡོངས་ཤེས་ཆོས་ཅན། རྒྱུ་སྡུག་བསྔལ་དང་ཀུན་འབྱུང་མཐོང་སྤང་གི་ཀུན་འགྲོ་གཉིས་ཀུན་ཏུ་བཅོམ་པར་ཐལ། སྤངས་པ་ཡོངས་ཤེས་ཐོབ་པའི་ཕྱིར། ཁྱབ་སྟེ། སྤངས་པ་ཡོངས་ཤེས་ཡིན་པ་ལ་སྤངས་པ་ཡོངས་ཤེས་སུ་འཇོག་པའི་རྒྱུ་མཚན་གསུམ་ཚང་དགོས་པའི་ཕྱིར་ཟེར་བ་དང༌། ཀུན་འབྱུང་ཆོས་ཤེས་ཀྱིས་ཡོངས་ཤེས་སུ་འཇོག་པའི་རྒྱུ་གསུམ་ལས་སྲིད་རྩེའི་ཉོན་མོངས་པ་ཉམས་པར་བྱས་པ་ཡིན་མིན་དང༌། འདོད་པའི་སྡུག་ཀུན་སྤངས་བའི་སྤངས་བ་ཡོངས་ཤེས་གཅིག་འཇོག་ན་དེ་ཐོབ་བྱེད་ལ་ཀུན་འབྱུང་ཆོས་བཟོད་ལས་གཞན་ཞིག་མི་འཐད་ལ། ཀུན་འབྱུང་ཆོས་བཟོད་བཞག་ན་དེ་མི་རིགས་པར་ཐལ། དེའི་སྐབས་སུ་ཟད་སྡོམ་མ་ཐོབ་ལ་སྤང་བྱ་སོ་སོ་བ་ཡིན་ན་བྲལ་བ་སོ་སོ་བ་ཡིན་དགོས་པའི་ཕྱིར་ཟེར་ན་དེ་དག་ལ་དཔྱད། འདོད་པའི་སྡུག་བསྔལ་མཐོང་སྤང་དུ་གྱུར་བའི་ལོག་ལྟ་དེ་ལ་དམིགས་པའི་སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་རྣམས་ཟད་པའི་སྒོ་ནས་སྤངས་པ་ཡིན་པར་ཐལ། སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་ཡིན་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་༤༩༦ལས། དེ་ལ་དམིགས་པ་ཡང་དག་པར་ཟད་པས་ནི་སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་རྣམས་ཟད་པར་འགྱུར་ཏེ། ཞེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ། དེ་སྤངས་ཚེ་དེ་ལ་དམིགས་པའི་སྐལ་བ་མི་མཉམ་པའི་ཀུན་འགྲོ་མ་སྤངས་པའི་ཕྱིར་ཏེ། དེ་ལ་དམིགས་པའི་སྐལ་བ་མི་མཉམ་པའི་ཀུན་འགྲོ་ལ་ཀུན་འབྱུང་མཐོང་སྤང་ཡོད་པའི་ཕྱིར་ཟེར་ན་དཔྱད། ཡང་ཉོན་མོངས་པ་འདས་པ་ཉོན་མོངས་པ་ཞིག་པ་ཡིན་པར་ཐལ། རང་འགྲེལ་༤༩༨ལས། འདི་སྐད་དུ་མ་འོངས་པ་ནི་མ་ཐོབ་པའི་ཕྱིར་ཆོས་ཀྱི་མཚན་ཉིད་ལས་རིང་བ་ཡིན་ལ། འདས་པ་ནི་ཞིག་པའི་ཕྱིར་རིང་བ་ཡིན་ནོ་ཞེས་བྱ་བ་ནི་རིགས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཉོན་མོངས་པ་མ་ཡིན་པར་ཐལ། ཉོན་མོངས་པ་ཞིག་པ་ཡིན་པའི་ཕྱིར། ཁྱབ་སྟེ། དཔེར་ན་མི་ཞིག་པ་མི་མ་ཡིན་པ་དང་ཁང་བ་ཞིག་པ་ཁང་བ་མ་ཡིན་པ་བཞིན་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། མི་ཞིག་ཚེ་མི་དེ་མེད་སོང་བ་དགོས་པ་དང༌། ཁང་བ་ཞིག་ཚེ་ཁང་བ་མེད་སོང་བ་ཡིན་པའི་ཕྱིར་ཟེར་ན་དཔྱད། རྩ་བར། མི་ལྕོགས་མེད་འབྲས་ཐམས་ཅད་དོ། །ཞེས་གསུངས་པ་ལ་མི་ལྕོགས་མེད་ལ་བརྟེན་ནས་སྤངས་པ་ཡོངས་ཤེས་དགུ་ཐོབ་པ་ཡོད་ན་ཟད་པ་ཀུན་ཟད་སོགས་ཐོབ་བྱེད་ལ་མི་ལྕོགས་མེད་ཡོད་དགོས་ལ། དེ་འདོད་ན། བསམ་གཏན་གྱི་བཞི་བའི་དངོས་གཞི་ཐོབ་ཟིན་པས་གང་ཟག་གིས་བསམ་གཏན་ས་དྲུག་གང་ལ་བརྟེན་ན་དབང་དང་ལྡན་པ་ཡིན་པས་ལམ་སླ་བ་བསམ་གཏན་གྱི་དངོས་གཞི་ལ་མི་བརྟེན་པར་དཀའ་བ་ཉེར་བསྡོགས་ལ་བརྟེན་པའི་དགོས་པ་གང་ཡིན་དཔྱད། བསམ་གཏན་གྱི་དངོས་གཞིའི་འབྲས་བུ་ལ་ཁམས་གོང་མ་གཉིས་ཀྱི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ་དང༌། སྒོམ་སྤང་སྤངས་པའི་ཡོངས་ཤེས་ཕྱི་མ་གཉིས་དང་ལྔ་ཡིན་ཏེ། རྩ་བར། བསམ་གཏན་རྣམས་ཀྱི་ལྔའམ་བརྒྱད། །ཅེས་དང༌། མཛོད་འགྲེལ་གནད་སྒྲོན་ལས། བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས་ནི་བསམ་གཏན་གྱི་འབྲས་བུ་ཡོངས་སུ་ཤེས་པ་ལྔ་སྟེ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་སྤངས་པའི་རང་བཞིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། ལྔ་ལས་ལྷག་མེད་པར་ཐལ། ལྔ་ངེས་བཟུང་བྱས་པའི་ཕྱིར། འདོད་མི་ནུས་ཏེ། དེའི་འབྲས་བུ་དྲུག་ཡོད་པའི་ཕྱིར་ཏེ། སྔར་གྱི་ལྔ་དང་འཇིག་རྟེན་འཇིག་པའི་ཚེ་བསམ་གཏན་གྱི་དངོས་གཞི་ཆོས་ཉིད་ཀྱིས་ཐོབ་ལ། དེའི་ཚེ་ཐ་མའི་ཆ་མཐུན་ལྔ་སྤངས་འགྲོ་བའི་ཕྱིར་ཟེར་བ་དང༌། ཡང་དེའི་འབྲས་བུ་དགུ་ཡོད་པར་ཐལ། སྔར་གྱི་ལྔ་དང་གཞན་རྣམས་དེའི་སྐྱེས་བུའི་བྱེད་འབྲས་སུ་འོང་བའི་ཕྱིར་ཟེར་བ་དག་ལ་དཔྱད། རྩ་བར། སྒོམ་ལ་གནས་པ་དྲུག་གམ་ནི། །ཞེས་གསུངས་པ་ལྟར་ཆགས་བཅས་བཅུ་དྲུག་པ་ལ་ཡོངས་ཤེས་དྲུག་ལྡན་ན་འགོག་པ་མཐོང་སྤང་སྤངས་པའི་སྤངས་པ་ཡོངས་ཤེས་ལྡན་དགོས་ལ། དེ་ལྟར་ན་འགོག་པ་མཐོང་སྤང་སྤངས་པའི་སྤངས་པ་ཡོངས་ཤེས་ཀྱི་ཐོབ་པ་མཐོང་ལམ་ཡིན་མིན་སོགས་ལ་དཔྱད། ཡང་འཕགས་པ་ཆགས་བཅས་བཅུ་དྲུག་པ་ལམ་རྗེས་ཤེས་ལ་གནས་པ་ཆོས་ཅན། ཁྱོད་ལ་ཡོངས་ཤེས་དྲུག་དང་ལྡན་པ་མི་འཐད་པར་ཐལ། ཁྱོད་ཀྱིས་འབྲས་བུ་བཞི་གང་རུང་ཐོབ་པ་གང་ཞིག དེ་ཐོབ་ན་ཟད་པ་སྡོམ་དགོས་པའི་ཕྱིར། རྟགས་དང་པོ་སླ། རྟགས་གཉིས་པ་གྲུབ་སྟེ། གནས་དྲུག་པ་ལས། འབྲས་བུ་བཞི་རྣམ་བཞག་པ་ནི། །ཞེས་པ་ནས་གཞན་ཐོབ་པ་དང་ཟད་བསྡོམས་དང༌། །ཞེས་གསུངས་པའི་ཕྱིར་ཟེར་ན་ཟད་པ་བསྡོམས་ཀྱང་ཡོངས་ཤེས་མ་བསྡོམས་ཞེས་བཤད་དགོས་ཏེ། མཆིམས་མཛོད་༥༤༨ལས། ༼དེའི་ཚེ༽སྤངས་པ་བསྡོམས་པ་ཡིན་གྱི་ཡོངས་ཤེས་སྡོམ་པ་མ་ཡིན་པས་འགལ་བ་མེད་དོ་ཞེས་ཊཱི་ཀ་དག་འཆད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ལ་འོ་ན་སྤངས་པ་སྡོམ་པ་དང་ཡོངས་ཤེས་བསྡོམས་པ་གཉིས་ཀྱི་ཁྱད་པར་གང་ཡིན་ཞེས་དྲིས་པ་ལ། ཡོངས་ཤེས་བསྡོམས་ལུགས་ནི་སྤངས་པ་དེ་དག་གཅིག་ཏུ་གྱུར་བ་ལ་བྱེད། སྤངས་པ་བསྡོམ་པ་སྤངས་པ་དེ་དག་གི་ཐོབ་པ་གཅིག་ཏུ་གྱུར་བ་ལ་བྱེད་ཟེར་ན། འོ་ན་སྤངས་བ་བསྡོམས་ན་བྲལ་ཐོབ་རྣམས་གཅིག་ཏུ་གྱུར་བས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆགས་བྲལ་བཅུ་དྲུག་ལམ་རྗེས་ཤེས་ལ་གནས་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ཀྱི་བྲལ་ཐོབ་རྣམས་གཅིག་ཏུ་གྱུར་བར་ཐལ། ཟད་པ་བསྡོམས་པའམ་སྤངས་པ་བསྡོམས་པའི་ཕྱིར། འདོད་མི་ནུས་ཏེ། དེའི་རྒྱུད་བྲལ་བའི་ཐོབ་པ་ཟག་བཅས་ཟག་མེད་གཉིས་ཡོད་པའི་ཕྱིར་ཏེ། གནས་དྲུག་པ་ལས། འཇིག་རྟེན་པ་ཡི་ཆགས་བྲལ་བའི། །འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །ཞེས་གསུངས་པའི་ཕྱིར། དེ་ཡང་འདོད་པར་མི་ནུས་ཏེ། མཆིམས་མཛོད་༦༡༦ལས། སྤང་བྱ་ཟད་པ་བསྡོམས་པའི་ཐོབ་པ་གཅིག་རྙེད་པ་དང༌། ཞེས་དང༌། དེ་ཡང་ཟད་པ་བསྡོམས་པ་ནི་སྤངས་པ་སོ་སོ་བ་རྣམས་བཏང་ནས་ཐམས་ཅད་བསྡོམས་པའི་བྲལ་ཐོབ་ཟག་མེད་གཅིག་རྙེད་པ་སྟེ། ཞེས་གསུངས་པའི་ཕྱིར་ཟེར་བའི་རྩོད་ཚུལ་དང༌། གོང་དུ་སྤངས་པ་ཡོངས་ཤེས་བསྡོམས་ཚུལ་བཤད་པ་མི་འཐད་པར་ཐལ། སྤངས་པ་དེ་དག་གཅིག་ཏུ་གྱུར་བ་མི་སྲིད་པའི་ཕྱིར། གནས་དང་པོའི་རྩ་བ་ལས། བྲལ་བའོ་སོ་སོ་སོ་སོ་ཡིན། །ཞེས་དང༌། མཆིམས་མཛོད་༢༥ལས། གལ་ཏེ་༼དབྱེ་བ་ལ་གཉིས་ལས་དང་པོ་ནི་ཅི་ཟག་བཅས་ཀྱི་ཆོས་རྣམས་ཀྱི་སོ་སོར༽འགོག་པ་དེ་གཅིག་གམ་ཐ་དད་ཅེ་ན༼འགྲེལ་བ་ལས། ལྡན་པའི་རྫས་རྣམས་ཇི་སྙེད་པ་བྲལ་བའི་རྫས་རྣམས་ཀྱང་དེ་སྙེད་དོ། །ཞེས་འབྱུང་བས། ཞེས་པ་ནས། སྤང་བྱ་སོ་སོ་བ་རྣམས་ཀྱི་འགོག་པའང་སོ་སོར་ཐ་དད་པ་ཡིན་ཏེ། སྡུག་བསྔལ་མཐོང་སྤང་སྤངས་པའི་འགོག་པ་ཀུན་འབྱུང་མཐོང་སྤང་སྤངས་པའི་འགོག་པ་ལས་ཐ་དད་པ་ལ་སོགས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་ཟེར་བའི་རྩོད་ཚུལ་དང༌། ཡང་སྤངས་པ་བསྡོམས་པ་ཡོད་ན་དགྲ་བཅོམ་པ་དབང་རྟུལ་གཟུགས་མེད་པའི་ཉོན་མོངས་མངོན་དུ་གྱུར་ནས་དགྲ་བཅོམ་པའི་འབྲས་བུ་ལས་ཉམས་ཚེ་ཐ་མའི་ཆ་མཐུན་ལྔ་སྤངས་པའི་བྲལ་བ་དང༌། གཟུགས་ཀྱི་ཟག་པ་ཟད་པའི་བྲལ་བ་ལས་ཉམས་པར་ཐལ། དགྲ་བཅོམ་པའི་རྒྱུད་ལ་དེ་དག་སྤངས་པ་ཡོངས་ཤེས་གཅིག་གི་ངོ་བོར་གནས་པའི་ཕྱིར། རྟགས་ཁས་ཞེས་རྩོད་ཚུལ་དང༌། ཆགས་བྲལ་སྔོན་སོང་གི་བཅུ་དྲུག་པ་ལམ་རྗེས་ཤེས་ཀྱི་ཚེ་ཐ་མའི་ཆ་མཐུན་ལྔ་སྤངས་པའི་ཡོངས་ཤེས་གཅིག་ཁོ་ན་རྙེད་པ་ཡིན་པར་ཐལ། རྩ་བར། སྒོམ་ལ་གནས་པ་དྲུག་གམ་ནི། །གཅིག་གམ། ཞེས་དང༌། མཛོད་འགྲེལ་གནད་སྒྲོན་ལས། སྔོན་ནམ་ཕྱིས་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཐོབ་པ་ནི་གཅིག་གིས་སོ། །ཞེས་དང༌། མཆིམས་མཛོད་༥༤༨ལས། གཅིག་གམ་སྟེ་འཕགས་པ་ཐོག་མར་འཇིག་རྟེན་པའི་ལམ་གྱིས་འདོད་པ་ལས་འདོད་ཆགས་དང་བྲལ་བར་བྱས་ཏེ་ཕྱིས་ངེས་པ་ལ་འཇུག་པའམ། ཐོག་མར་མཐོང་ལམ་ཐོབ་ནས་ཕྱིས་འདོད་པ་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་འཕགས་པ་ཕྱིར་མི་འོང་ཡིན་ཀྱང་རུང་སྟེ། ལམ་ལ་རྗེས་ཤེས་ཀྱི་ཚེ་སྔ་མ་རྣམས་བསྡོམས་ཏེ་༼ཐ་མའི་ཆ་མཐུན་ལྔ་སྤངས་པ༽བདུན་པ་གཅིག་པུ་དང་ལྡན་ལ།༼འཕགས་པ་༽གཟུགས་ལས་འདོད་ཆགས་དང་བྲལ་བ་ལས་ཉམས་ནའང་དེ་ཉིད་དང་ལྡན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་ལ་གོང་མའི་ལམ་མཐོང་སྤང་སྤངས་པའི་ཡོངས་ཤེས་མ་ཐོབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ལམ་རྗེས་ཤེས་ཐོབ་པ་དང༌། ལམ་མཐོང་སྤང་སྤངས་པའི་འགོག་བདེན་ཐོབ་པ་དུས་མཉམ་མ་ཡིན་པར་ཐལ་བས་དཔྱད་པར་བྱའོ། །

སྨྲས་པ། ཀུན་འབྱུང་བདེན་པའི་ཁྱད་པར་ཕྲ་རྒྱས་ཀྱི། །ངོ་བོ་དབྱེ་བའི་རྣམ་པ་དུ་མ་དང༌། །དེ་དག་སྤོང་ཚུལ་སྤངས་པའི་ཡོངས་ཤེས་སོགས། །ཤེས་འདོད་གང་དག་གནས་འདི་མཉན་པར་རིགས། །ཞེས་མཛོད་རྩ་འགྲེལ་གྱི་དོགས་གཅོད་ལམ་བཟང་གསལ་བའི་སྒྲོན་མེ་ཞེས་བྱ་བའི་གནས་ལྔ་པའི་བཤད་པ་རྫོགས་སོ།། །། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་གནས་དྲུག་པའི་དོགས་གཅོད་རགས་ཙམ་འགོད་པ་ལ།

མཚམས་སྦྱོར་དང་དམིགས་པའི་ཡུལ་བདེན་པ་བཤད་སྐབས་ཀྱི་དོགས་གཅོད།

མཚམས་སྦྱོར་དང་དམིགས་པའི་ཡུལ་བདེན་པ་བཤད་སྐབས་ཀྱི་དོགས་གཅོད་ནི།

མཆིམས་མཛོད་༥༥༡ལས། མཚམས་སྦྱོར་བའི་ཚུལ་གྱིས་མདོར་བསྟན་པ་དང༌།དམིགས་པའི་ཡུལ་བདེན་པ་བཤད་པ་དང༌། མངོན་པར་རྟོགས་པའི་རིམ་པ་དང༌། སྒོམ་པ་པོའི་གང་ཟག་རྣམ་པར་བཞག་པ་དང༌། མངོན་པར་རྟོགས་པའི་ལམ་བཤད་པ་ལྔ་ལས།དང་པོ་ནི་གལ་ཏེ་གནས་ལྔ་བར། ཞེས་སོགས་གསུངས་ལ། མཆིམས་ཀྱི་མཚམས་སུ་སྦྱོར་བ་དེ་ལ་མཛོད་འགྲེལ་ཟླ་ཟེར་གྱི་སྐབས་སུ་གཉིས་སུ་ཕྱེ་ནས་བཤད་དེ། མཛོད་འགྲེལ་ཟླ་ཟེར་ལས། དང་པོ་མཚམས་སྦྱར་བ་ནི་གནས་ལྔ་པར་རྒྱུ་མིང་འབྲས་བུ་ལ་བཏགས་པའི་ཕྱིར། སྤངས་པ་ནི་ཡོངས་སུ་ཤེས་པའི་མིང་འཐོབ་ཅེས་བཤད་ན། གཉེན་པོ་གང་གིས་སྤང་བྱ་གང་སྤངས་པ་ལས་ཡོངས་ཤེས་ཀྱི་མིང་ཐོབ་ཅེ་ན། ཉོན་མོངས་སྤངས་པའི་སྟོབས་ཀྱིས་ཡོངས་ཤེས་ཀྱི་མིང་འཐོབ་པོ་ཞེས་བཤད་པ་ཡིན་ནོ། །

གཉིས་པ་ལམ་རང་གི་ངོ་བོ།

གཉིས་པ་ལམ་རང་གི་ངོ་བོ་ནི།

བདེན་པ༷་མཐོང༷་བ་དང༷་མཐོང་དོན་བསྒོམ༷ས་པ༷་ལས༷་མཐོང་སྒོམ་གྱི་སྤང་བྱ་ཉོན༷་མོངས༷་པ་རྣམས་སྤངས༷་པ༷འམ་སྤོང་ངོ་ཞེས༷་བཤད༷་པ༷འི་གཉེན་པོ་མཐོང་སྒོམ་གྱི་ལམ་དེའི་ངོ་བོ་ཟག་བཅས་ཟག་མེད་གང་ཡིན་ནོ་ཞེ་ན། བསྒོམ༷་པའི༷་ལམ༷་ནི༷་ཟག་བཅས་དང་ཟག་མེད་རྣམ༷་པ་གཉིས༷་ཡིན་ཏེ༷། ཞེས་སོགས་གསུངས་མོད་དེར་བཤད་པའི་མཚམས་སྦྱར་དེས་ཡོངས་ཤེས་བཤད་པ་ལས་སྐབས་འདིའི་མཚམས་སྦྱོར་ཚུལ་མེད་པར་གྱུར་བ་དང༌། མཆིམས་ཀྱིས་སྐབས་འདིའི་མཚམས་སྦྱོར་ལམ་མདོར་བསྟན་ལ་སྦྱར་ལ། དེ་ཟླ་ཟེར་དུ་མཚམས་སྦྱོར་ལ་མ་སྦྱར་བར་ལམ་རང་གི་ངོ་བོ་ལ་སྦྱར་ནས་བཤད་པ་འཐད་མིན་དཔྱད། སྒོམ་ལམ་ལ་ཟག་བཅས་ཟག་མེད་གཉིས་དང༌། མཐོང་ལམ་ལ་ཟག་མེད་ཀྱིས་ཁྱབ་པར་ཐལ། མཛོད་ལས། སྒོམ་པའི་ལམ་ནི་རྣམ་གཉིས་ཏེ། །མཐོང་བ་ཞེས་བྱ་ཟག་པ་མེད། །ཅེས་དང༌། སྐབས་འདིར་མཐོང་སྒོམ་གྱི་ཁྱད་པར་དགུ་མཆིམས་མཛོད་༥༥༡ལས། མཐོང་སྒོམ་གཉིས་ཁྱད་པར་མང་སྟེ། ༡ངོ་བོ་ལས་ནི་ཟག་མེད་ཁོ་ན་དང༌། ཟག་བཅས་ཟག་མེད་གཉིས་ཀ་དང༌། ༢དམིགས་པ་ལས་བདེན་བཞི་དང༌། གོང་ས་འོག་ས་གཉིས་ཀ་ལ་དམིགས་པ་དང༌། ༣རྣམ་པ་ལས་བདེན་པ་དང་ཞི་རགས་ཀྱང་ཡིན་པ་དང༌། ༤ངོ་བོའི་དབྱེ་བ་ལས་བཟོད་ཤེས་གཉིས་དང༌། ཤེས་པ་ཁོ་ན་ཡིན་པ་དང༌། ༥སྤང་བྱ་སྤངས་ཚུལ་ལས་དམིགས་པ་ཤེས་པས་ཅིག་ཆར་སྤོང་བ་དང༌། གཉེན་པོ་གོམས་པས་རིམ་གྱིས་སྤོང་བ་དང༌། ༦རྟེན་ལས་འདོད་པ་དང་ཁམས་གསུམ་ག་དང༌། ༧རྒྱུད་ལས་འཕགས་པ་ཁོ་ན་དང༌། སྐྱེ་འཕགས་གཉིས་ཀ་དང༌། ༨སྐྱེ་ཚུལ་ལས་སྟན་གཅིག་ལས་སྐྱེ་བ་དང༌། སྐྱེ་བ་གཞན་ལའང་སྐྱེ་བའོ། །ཞེས་དང༌། ཉ་ཊཱིཀ་ལས། གོམས་པར་བྱ་བའི་ལམ་གང་ཞིག རང་གི་སྤང་བྱ་སྒོམ་སྤང་གི་གཉེན་པོར་གྱུར་པ། སྒོམ་ལམ་ཙམ་གྱི་མཚན་ཉིད་དོ། །སྒོམ་ལམ་གང་ཞིག ཁམས་གསུམ་གྱིས་བསྡུས་པ། འཇིག་རྟེན་སོ་སྐྱེའི་སྒོམ་ལམ་གྱི་མཚན་ཉིད་དོ། །གང་ཞིགཉོན་མོངས་པའི་ཟག་མེད་ནི། འདས་པའི་མཚན་ཉིད་དོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། བཞི་བ་སྒོམ་པའི་ལམ་གང་ཞེ་ན། ཐུན་མོང་གི་དབྱེ་བ། སོ་སོའི་ངོ་བོ། ལམ་སྒོམ་ཚུལ་བཤད་པའོ། །དང་པོ་ནི། མཐོང་བའི་ལམ་གྱིས་སྒོམ་སྤང་སྤོང་མི་ནུས་པ་ལས་འདིས་ཀུན་སྦྱོར་ལྷག་མ་སྒོམ་སྤང་རིམ་གྱིས་སྤོང་བའི་ཕྱིར་ནུས་པ་གོང་མར་གྱུར་པ་སྟེ། དེའང་ཕལ་ཆེ་བས་ཡིན་གྱི། འཇིག་རྟེན་པའི་ལམ་ནི་འབྲས་བུ་འཁོར་བར་སྐྱེད་པས་མཐོང་ལམ་ལས་དམན་པ་ཉིད་དོ། །དེ་དག་ཟག་པ་ཡོད་མེད་ཀྱི་ཕྱེ་ན་འཇིག་རྟེན་པའི་ལམ་དང་འཇིག་རྟེན་ལས་འདས་པའི་ལམ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། ཟག་བཅས་སྒོམ་ལམ་སྒོམ་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཟག་བཅས་སྒོམ་ལམ་རྒྱུད་ལ་སྐྱེས་ན་སྒོམ་ལམ་རྒྱུད་ལ་སྐྱེས་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཟག་བཅས་སྒོམ་ལམ་རྒྱུད་ལ་སྐྱེས་ན་ལམ་རྒྱུད་ལ་སྐྱེས་དགོས་པར་ཐལ། དེ་སྐྱེས་ན་སྒོམ་ལམ་རྒྱུད་ལ་སྐྱེས་དགོས་པའི་ཕྱིར། ཁྱབ་སྟེ། སྒོམ་ལམ་ལམ་ཡིན་པའི་ཕྱིར་ཏེ། ལམ་གྱི་དབྱེ་བ་ཡིན་པའི་ཕྱིར། དེ་རྒྱུད་ལ་སྐྱེས་ན་ལམ་རྒྱུད་ལ་སྐྱེས་དགོས་ན་ཕྱི་རོལ་པའི་རྒྱུད་ལ་ལམ་ཡོད་པར་ཐལ། ཟག་བཅས་སྒོམ་ལམ་ཡོད་པའི་ཕྱིར། དེར་ཐལ། ཞི་རགས་ཀྱི་རྣམ་པ་ཅན་གྱི་ཉེར་བསྡོགས་སོགས་ཡོད་པའི་ཕྱིར་ཟེར་ན། དེ་དག་ལ་འདོད་མི་ནུས་ཏེ། སྒོམ་ལམ་ཡིན་ན་ལམ་བདེན་ཡིན་དགོས་པ་དང༌། སྒོམ་ལམ་གྱི་ངོ་བོར་གྱུར་བའི་དབང་པོ་རྣམས་ཟག་མེད་ཡིན་དགོས་པའི་ཕྱིར་ཏེ། རྩ་བར། མཐོང་སྒོམ་མི་སློབ་ལམ་ལ་དགུ། །གསུམ་ཡིན་གསུམ་ནི་དྲི་མ་མེད། །ཅེས་གསུངས་པའི་ཕྱིར་ཟེར་ན་སྒོམ་ལམ་གྱི་སྒྲས་བཏགས་པ་ཐམས་ཅད་སྒོམ་ལམ་དངོས་ཡིན་མི་དགོས་ཀྱང་འཕགས་རྒྱུད་ཀྱི་ཞི་རགས་རྣམ་ཅན་གྱི་ལམ་ལ་སྒོམ་ལམ་རེ་ཡོད་སྙམ་མོ། །ཡང་མཁས་པ་ཁ་ཅིག་གིས་འཇིག་རྟེན་པའི་ཞི་རགས་རྣམ་ཅན་གྱི་སྒོམ་ལམ་ཡིན་ན་སྒོམ་ལམ་ཡིན་མི་དགོས་པར་བཞེད་པ་ལ། འོ་ན་ཞི་རགས་རྣམ་ཅན་གྱི་སྒོམ་ལམ་གྱི་སྤང་བྱ་ཡིན་ན་སྒོམ་ལམ་གྱི་སྤང་བྱ་ཡིན་མི་དགོས་པར་ཐལ། དེ་སྒོམ་ལམ་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། འཇིག་རྟེན་པའི་སྒོམ་ལམ་གྱི་སྤང་བྱ་ཡིན་ན་སྒོམ་ལམ་གྱི་སྤང་བྱ་ཡིན་དགོས་པའི་ཕྱིར་ཏེ། གནས་ལྔ་བའི་རྩ་བར། སྲིད་རྩེ་ལས་སྐྱེས་བཟོད་པ་ཡིས། །གཞོམ་བྱ་མཐོང་བས་སྤང་བྱ་ཉིད། །ལྷག་སྐྱེས་མཐོང་དང་སྒོམ་གཉིས་ཀྱིས། །བཟོད་པས་གཞོམ་མིན་བསྒོམ་ཁོ་ནས། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། བདེན་བཞིའི་མཚན་ཉིད་ནི། མཆིམས་མཛོད་༥༥༣ལས། དེས་ན་འདིར་ཟག་བཅས་འབྲས་བུའི་ཆ་ཐམས་ཅད་ནི་སྡུག་བསྔལ་དང༌། དེ་ཉིད་རྒྱུར་གྱུར་པའི་ཆ་ནི་ཀུན་འབྱུང་དང༌། འགོག་པ་ནི་འདུས་མ་བྱས་སོ་སོར་བརྟག་འགོག་དང༌། ལམ་ནི་ཟག་མེད་འདུས་བྱས་མཐོང་སྒོམ་མི་སློབ་པའི་ལམ་གསུམ་ཡིན་ཏེ། འགྲེལ་བ་ལས། ཉེ་བར་ལེན་པའི་ཕུང་པོ་འབྲས་བུར་གྱུར་བ་་རྣམས་ནི་སྡུག་བསྔལ་གྱི་བདེན་པ་ཡིན་ནོ། །རྒྱུར་གྱུར་པ་རྣམས་ནི་ཀུན་འབྱུང་གི་བདེན་པ་ཡིན་ཏེ། འདི་ལས་སྡུག་བསྔལ་ཀུན་འབྱུང་བའི་ཕྱིར་རོ། །ཞེས་པ་ནས། བྱེ་བྲག་ཏུ་སྨྲ་བ་བདེན་པ་དང་པོ་གཉིས་ཁྱབ་མཉམ་པར་འདོད་དོ། །ཞེས་གསུངས་པ་ལྟར་སྡུག་ཀུན་ཡིན་ཁྱབ་མཉམ་ཡིན་ན་དེ་གཉིས་ལ་འབྲས་བསྡུས་དང་རྒྱུས་བསྡུས་ཀྱི་ཆ་གཉིས་རེ་འཇོག་ཚུལ་དང༌། རྒྱུ་འབྲས་ཡིན་ཚུལ་དང། སྡུག་བདེན་མངོན་སུམ་དུ་རྟོགས་ཚེ་ཀུན་འབྱུང་མངོན་སུམ་དུ་མ་རྟོགས་པའི་རྒྱུ་མཚན་སོགས་ལ་དཔྱད་པར་བྱའོ། །ཟག་བཅས་ཡིན་ན་སྡུག་བསྔལ་བ་ཡིན་པས་ཁྱབ་པར་ཐལ། མཆིམས་མཛོད་༥༥༣ལས། གལ་ཏེ་སྡུག་བསྔལ་ནི་ཚོར་བའི་ཕུང་པོའི་ཕྱོགས་གཅིག་ཡིན་ན་ཇི་ལྟར་ཟག་བཅས་ཐམས་ཅད་སྡུག་བསྔལ་གྱི་བདེན་པ་ཡིན་ཞེ་ན། ཟག་བཅས་མ་ལུས་པ་ནི་སྡུག་བསྔལ་ལོ་ཞེས་སྦྱར་རོ། །ཅི་ཕྱིར་ཞེ་ན། ཅི་རིགས་པར་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་གསུམ་དང་ལྡན་པའི་ཕྱིར་རོ། །ཞེས་དང༌། དེ་ལས། སྡུག་བསྔལ་གྱི་དོན་ནི་ཟག་བཅས་གང་ཞིག མི་རྟག་ཅིང་འཕགས་པ་དང་མི་མཐུན་པས་གནོད་པ་ཡིན་པའི་ཕྱིར་རོ། །ཟག་བཅས་ཀྱི་འདུ་བྱེད་གཞན་ནི་མདོ་ལས། གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་དང༌། སྲིད་པ་ཐམས་ཅད་ནི་ཐར་པའི་མི་མཐུན་ཕྱོགས་ཡིན་པས་འཕགས་པ་དང་མི་མཐུན་པས་གནོད་པའི་ཕྱིར་སྡུག་བསྔལ་དུ་འདོད། ཅེས་གསུངས་པའི་ཕྱིར། འདོད་ན། ཟག་བཅས་ཀྱི་ཚོར་བ་བདེ་བ་ཆོས་ཅན། སྡུག་བསྔལ་ཡིན་པར་ཐལ། ཟག་བཅས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྡུག་བསྔལ་མ་ཡིན་པར་ཐལ། བདེ་བ་ཡིན་པའི་ཕྱིར་ཏེ། མཆིམས་མཛོད་༥༥༤ལས། ངོ་བོ་བདེ་བ་ཡིན་ཡང་འགྱུར་བ་ན་སྡུག་བསྔལ་བ་དང་ཟག་བཅས་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་དང༌། དེ་བདེ་བ་མ་ཡིན་ན་འཁོར་བའི་མངོན་མཐོ་སོགས་ཡིད་འོང་མ་ཡིན་པར་འགྱུར་པས་དེར་སྐྱེ་བྱེད་ཀྱི་དགེ་བ་རང་འབྲས་ཡིད་འོང་འབྱིན་བྱེད་མ་ཡིན་པར་ཐལ་ལོ་ཟེར་ན་ཚིག་ལ་ཞིབ་ཆ་དགོས་སོ། །ཡང་རྩ་བར། ཡིད་འོང་ཡིད་དུ་མི་འོང་དང༌། །དེ་ལས་གཞན་ཟག་བཅས་རྣམས་ཉིད། །སྡུག་བསྔལ་ཉིད་གསུམ་ལྡན་པའི་ཕྱིར། །ཅི་རིགས་མ་ལུས་སྡུག་བསྔལ་ལོ། །ཞེས་དང༌། རང་འགྲེལ་༥༠༦ལས། སྡུག་བསྔལ་ཉིད་ནི་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང༌། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང༌། འགྱུར་བའི་སྡུག་བསྔལ་ཉིད་དོ། །དེ་དག་གིས་ཅི་རིགས་པར་འདུ་བྱེད་ཟག་པ་དང་བཅས་པ་ཐམས་ཅད་མ་ལུས་པར་སྡུག་བསྔལ་བ་ཡིན་ཏེ། དེ་ལ་ཡིད་དུ་འོང་བ་རྣམས་ནི་འགྱུར་བའི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་དོ། །ཡིད་དུ་མི་འོང་བ་རྣམས་ནི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་དོ། །དེ་དག་ལས་གཞན་པ་རྣམས་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་དོ། །ཡིད་དུ་འོང་བ་ནི་གང་དག་ཡིན། ཡིད་དུ་མི་འོང་བ་ནི་གང་དག་ཡིན། གཉི་ག་མ་ཡིན་པ་ནི་གང་དག་ཡིན་ཞེ་ན། ཚོར་བ་གསུམ་དང་གོ་རིམ་བཞིན་ནོ། །ཞེས་གསུངས་པ་ལ། བསམ་གཏན་བཞི་བ་ཡན་ཆད་ན་ཡིད་འོང་མེད་པར་ཐལ། ཚོར་བ་བདེ་བ་མེད་པའི་ཕྱིར། འདོད་ན། བསམ་གཏན་བཞི་བ་ཡན་ཆད་ཀྱི་འཕེན་བྱེད་ཀྱི་དགེ་བ་དེ་རང་འབྲས་ཡིད་འོང་འབྱིན་བྱེད་མ་ཡིན་པར་ཐལ། དེའི་འབྲས་བུར་གྱུར་བའི་ཡིད་འོང་མེད་པའི་ཕྱིར་ཟེར་བ་དང༌། བུམ་པ་ལྟ་བུ་དེ་ཡིད་དུ་འོང་མི་འོང་གང་ཡིན་དང༌། ཚོར་བ་བདེ་སྡུག་གི་ཡུལ་ལ་ཡིད་འོང་དང་ཡིད་དུ་མི་འོང་གསུམ་ག་ཡོད་མེད་སོགས་ཞིབ་ཏུ་དཔྱད་རྒྱུ་མང་ངོ༌། །བདེན་གཉིས་ཀྱི་མཚན་ཉིད་མཚན་གཞི་ནི། མཛོད་འགྲེལ་གནད་སྒྲོན་༡༧༣ལས། བདེན་པ་གཉིས་ཀྱང་སྟེ། ཀུན་རྫོབ་དང༌།དོན་དམ་པའི་བདེན་པ་སྟེ། དེ་དག་གི་མཚན་ཉིད་ཅི་ཞེ་ན། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །གང་ལ་ཆ་ཤས་སུ་བཅོམ་ན་དེའི་བློ་མི་འཇུག་པ་དེ་ནི་ཀུན་རྫོབ་ཏུ་ཡོད་པ་སྟེ། དཔེར་ན་བུམ་པ་ལྟ་བུའོ། །གང་ལ་བློས་ཆོས་གཞན་བསལ་ན་དེའི་བློ་མི་འཇུག་པ་དེ་ཡང་ཀུན་རྫོབ་ཏུ་ཡོད་དེ། དཔེར་ན་ཆུ་ལྟ་བུའོ། །དེ་ལས་གཞན་ནི་དོན་དམ་པར་ཡོད་དེ། གང་ལ་བཅོམ་པའམ་བློས་ཆོས་གཞན་བསལ་ཡང་དེའི་བློ་འཇུག་པ་ཉིད་ནི་དཔེར་ན་གཟུགས་ལྟ་བུའོ། །དེ་ལ་ནི་རྡུལ་ཕྲ་རབ་ཏུ་བཅོམ་ཡང་རུང༌། བློས་རོ་ལ་སོགས་པའི་ཆོས་བསལ་ཡང་རུང༌། གཟུགས་ཀྱི་རང་བཞིན་གྱི་བློ་འཇུག་པ་ཉིད་དོ། །ཞེས་གསུངས་པ་ཡིན་ལ། འོ་ན་གཟུགས་ཆོས་ཅན། ཀུན་རྫོབ་ཡིན་པར་ཐལ། ཆ་བཅས་ཡིན་པའི་ཕྱིར། ཁྱབ་སྟེ། མཆིམས་མཛོད་༥༥༧ལས། ཀུན་རྫོབ་ཏུ་ཡོད་པར་འདོད་དེ། ཆ་ཤས་དང་བཅས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གོང་གི་རྟགས་མ་གྲུབ་ན། གཟུགས་ལ་ལག་པས་རེག་ཏུ་མེད་པར་ཐལ། ཆ་བཅས་མ་ཡིན་པར་འདོད་པ་གང་ཞིག དེ་ལྟར་ན་ཆ་མེད་དུ་འགྱུར་བའི་ཕྱིར་རོ། །རགས་རྒྱུན་ཀུན་རྫོབ་གཞན་དོན་དམ་དུ་གྲུབ་དགོས་ཏེ། མཆིམས་མཛོད་༥༥༨ལས། དེས་ན་འདི་སྐད་དུ་རྒྱུན་དང་རགས་པ་ནི་ཀུན་རྫོབ་ཡིན་ཏེ། ཞེས་དང༌། ཉ་་ཊཱིཀ་གི་སྐབས་བཞི་བ་ལས། རགས་པ་དང་རྒྱུན་ཀུན་རྫོབ་ཁོ་ན་ཡིན་ལ། སྐད་ཅིག་ཆ་མེད་དང་རྡུལ་ཕྲན་ཆ་མེད་ཁོ་ན་དོན་དམ་པར་ཡོད་པས་སོ། །ཞེས་དང༌། ཟླ་ཟེར་ལས། མདོར་ན་རགས་པ་དང་རྒྱུན་རྣམས་ཀུན་རྫོབ་དང༌། ཕྲ་མོ་དང་སྐད་ཅིག་མ་དང༌། འདུས་མ་བྱས་རྣམས་དོན་དམ་མོ། །ཞེས་དང༌། གཞན་སྟོང་སྙིང་པོ་ལས། འདས་མ་འོངས་ཀྱི་དངོས་པོ་རྣམས་རང་རང་སོ་སོ་ནས་རྫས་སུ་གྲུབ་པར་འདོད་ཅིང༌། བདེན་གྲུབ་ཀྱི་ཆ་རེ་ཡོད་པར་འདོད་ལ། རགས་པའི་དངོས་པོ་དང་རྒྱུན་གྱི་དངོས་པོ་སོགས་ནི་བདེན་མེད་དུ་འདོད་ཅིང༌། ཞེས་གསུངས་པའི་ཕྱིར། དེ་མི་རིགས་པར་ཐལ། བྱེ་བྲག་སྨྲ་བས་ཆོས་ཐམས་ཅད་བདེན་གྲུབ་ཏུ་འདོད་པའི་ཕྱིར་ཏེ། གྲུབ་མཐའ་དོན་གསལ་ལས། བྱེ་བྲག་སྨྲ་བས་ཤེས་བྱའི་རྫས། །ཆོས་དང་གང་ཟག་བདེན་འདོད་པ། །ཞེས་དང༌། གཞན་སྟོང་སྙིང་པོ་ལས། ཡུལ་དང་དབང་པོ་བདེན་གྲུབ་ལས་རྣམ་ཤེས་སྐྱེ། ཞེས་གསུངས་པའི་ཕྱིར་ཟེར་ན་བདེན་གྲུབ་ཅེས་པ་སྐབས་ཐོབ་ཀྱིས་དོན་དམ་བདེན་པ་ཞེས་པའི་བདེན་གྲུབ་དང༌། རང་རང་གི་རྫས་སུ་བདེན་པར་ཡོད་པ་ལ་བདེན་གྲུབ་ཅེས་པ་གཉིས་ཕྱེ་དགོས་སམ་དཔྱད། རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་པས་ཆ་མེད་ཡིན་ན། རྒྱུན་ལྡན་གྱི་ཤེས་པ་ཆོས་ཅན། ཆ་མེད་ཡིན་པར་ཐལ། ཕྱོགས་ཀྱི་ཆ་མེད་པའི་ཕྱིར། ཁྱབ་སྟེ། རྡུལ་ཕྲ་རབ་ལ་ཆ་མེད་ཡིན་པའི་རྒྱུ་མཚན་དེ་ཡིན་པའི་ཕྱིར་ཟེར་བ་དང༌། ཡང་ཐུང་མཐའི་སྐད་ཅིག་མའི་ངོ་བོར་གྱུར་བའི་གཟུགས་རགས་པ་ཆོས་ཅན། ཆ་མེད་ཡིན་པར་ཐལ། དུས་ཀྱི་ཆ་མེད་པའི་ཕྱིར། ཁྱབ་སྟེ། ཐུང་མཐའི་སྐད་ཅིག་མའི་ཤེས་པ་ཆ་མེད་ཡིན་པའི་རྒྱུ་མཚན་དེ་ཡིན་པའི་ཕྱིར་ཟེར་བ་དག་ལ་དཔྱད་པར་བྱའོ།། །།

མངོན་པར་རྟོགས་པའི་རིམ་པ་བཤད་སྐབས་ཀྱི་དོགས་གཅོད།

མངོན་པར་རྟོགས་པའི་རིམ་པ་བཤད་སྐབས་ཀྱི་དོགས་གཅོད་ནི།

ཐོས་སོགས་གསུམ་གྱི་ཁྱད་པར་ནི། རྩ་བར། ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ཀ་དོན་ཡུལ་ཅན། །ཞེས་དང༌། མཆིམས་མཛོད་༥༥༩ལས། བྱེ་བྲག་སྨྲ་བ་ནི། ཐོས་པ་ལས་བྱུང་བའི་བློ་སྟེ་ཤེས་རབ་དང༌། སོགས་པས་བསྡུས་པ་བསམ་བྱུང་དང༌། སྒོམ་བྱུང་གི་ཤེས་རབ་རྣམས་ནི་རིམ་པ་ལྟར་མིང་དང༌། རེས་འགའ་ཡི་གེས་དོན་འདྲེན་ལ་རེས་འགའ་དོན་གྱིས་ཡི་གེ་འདྲེན་པས་མིང་དོན་གཉིས་ཀ་དང༌། ཡི་གེ་ལ་མི་ལྟོས་པར་དོན་ལ་འཇུག་པས་དོན་ཁོ་ནའི་ཡུལ་ཅན་ཡིན་ཏེ། དཔེར་ན་རྐྱལ་ལེགས་པར་མ་ལོབས་པ་དང༌། ཅུང་ཟད་ལོབས་པ་དང༌། ལེགས་པར་ལོབས་པ་དག་ཤིང་ལེབ་ལ་སོགས་པའི་འཇུ་བྱ་ལ་ལྟོས་པ་དང༌། རེས་འགའ་ལྟོས་རེས་འགའ་མི་ལྟོས་པ་དང༌། ཡེ་མི་ལྟོས་པ་བཞིན་ནོ་ཞེས་འདོད་དོ། །ཞེས་གསུངས་པ་ལ། སློབ་དཔོན་གྱིས་བྱེ་སྨྲའི་ལུགས་ལ་བསམ་བྱུང་མི་འགྲུབ་པར་འགྱུར་བ་ཡིན་པར་གསུངས་ཏེ། མཆིམས་མཛོད་༥༥༩ལས། སློབ་དཔོན་ནི་དེ་ལྟར་ན་མིང་ལ་དམིགས་པ་ཐོས་བྱུང་དང་དོན་ལ་དམིགས་པ་སྒོམ་བྱུང་ཡིན་པའི་ཕྱིར་བསམ་བྱུང་མི་འགྲུབ་པར་འགྱུར་བས་བདག་རྐྱེན་ཡིད་ཆེས་པའི་ལུང་དང་རིགས་པས་དཔྱད་པ་དང༌། ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ལས་དོན་རྟོགས་པ་ནི་རིམ་པ་ལྟར་ཤེས་རབ་གསུམ་ཡིན་ནོ་ཞེས་འཆད་དོ། །ཞེས་དང། ཉ་ཊཱིཀ་ལས། དེ་ལ་མིང་ལ་དམིགས་པའི་ཤེས་རབ་ནི་ཐོས་པའི་ཤེས་རབ་པོ། །མིང་དོན་གཉིས་ཀ་ལ་དམིགས་པའི་ཤེས་རབ་ནི་བསམ་བྱུང༌། དོན་ཁོ་ན་ལ་དམིགས་པའི་ཤེས་རབ་ནི་སྒོམ་བྱུང་གི་ཤེས་རབ་ཅེས་མཛོད་དུ། ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ཀ་དོན་ཡུལ་ཅན། །ཞེས་སོ། །དབྱིག་གཉེན་ནི་དེ་ལྟ་ན་བསམ་བྱུང་དུ་འདོད་པའི་ཤེས་རབ་དེ་མིང་ལ་དམིགས་ཆ་ནས་ཐོས་བྱུང་དང་དོན་ལ་དམིགས་ཆ་ནས་སྒོམ་བྱུང་དུ་སོང་བས་བསམ་བྱུང་དངོས་མི་རྙེད་པས། ཡིད་ཆེས་པའི་ལུང་ཚད་མ་ལས་སྐྱེས་པའི་དང༌། རིགས་པས་ངེས་པར་བརྟགས་པ་ལས་སྐྱེས་པའི་དང༌། ཏིང་ངེ་འཛིན་ལས་སྐྱེས་པའི་ཤེས་རབ་གསུམ་ལ་རིམ་པ་བཞིན་དུ་བཞེད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་བྱེ་སྨྲས་དེ་ལྟར་དངོས་སུ་ཁས་བླངས་ཡོད་ན་སློབ་དཔོན་གྱིས་སྐྱོན་བརྗོད་པ་ལ་ལན་ཅི་ལྟར་བཏབ་པ་ཡིན། གོང་དུ་བཀོད་པའི་མཆིམས་མཛོད་ཀྱི་ལུང་དེས་གསུངས་ཚུལ་ལ་བྱེ་བྲག་སྨྲ་བས་བསམ་བྱུང་ལ་མིང་དོན་གཉིས་ཀ་དམིགས་དགོས་པར་འདོད་པ་གསུངས་པར་སྣང་བས་སློབ་དཔོན་གྱིས་སྐྱོན་བརྗོད་ཚུལ་གང་ཡིན་དང༌། རང་འགྲེལ་ལས།གཞན་དག་ན་རེ་རྟོག་པ་འདི་ལ་ནི་མིང་ལ་དམིགས་པ་གང་ཡིན་པ་དེ་ནི་ཐོས་པ་ལས་བྱུང་བ་ཡིན་པར་འགྱུར་ལ། ཞེས་གཞན་དག་ཅེས་གསུངས་པས་སྐྱོན་རྗོད་མཁན་སློབ་དཔོན་རང་ཉིད་ཡིན་མིན་དང༌། ཆོས་ཐམས་ཅད་ལ་དམིགས་པའི་སྒོམ་བྱུང་ཡོད་ན་མིང་རྐྱང་ལ་དམིགས་པའི་སྒོམ་བྱུང་ཡོད་དགོས། དེ་མ་ཟད་ངེས་ཚིག་སོར་རིག་དེ་སྒོམ་བྱུང་གང་ཞིགདེས་མིང་རྐྱང་ལ་དམིགས་པའི་ཕྱིར་ཏེ། གནས་བདུན་པའི་རྩ་བ་ལས། གསུམ་ནི་གོ་རིམ་བཞིན་མིང་དང༌། །དོན་དང་ངག་ལ་ཐོགས་མེད་ཤེས། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། སློབ་དཔོན་གྱི་ལུགས་ལ་ལུང་རིགས་གཉིས་ཀ་ལ་བརྟེན་ནས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་དེ་ཐོས་བསམ་གཉིས་ཀ་ཡིན་མིན་དང༌། ཐོས་བསམ་སྒོམ་གསུམ་རྒྱུ་འབྲས་ཡིན་མིན་སོགས་ལ་དཔྱད། བྱེ་བྲག་སྨྲ་བའི་ལུགས་ལ་རིགས་ཡིན་ན་མ་ཆགས་པ་ཡིན་པས་ཁྱབ་པར་ཐལ། རྩ་བར། མ་ཆགས་འཕགས་རིགས། །ཞེས་གསུངས་པའི་ཕྱིར། འདོད་ན། སྤོང་བ་དང་བསྒོམ་པ་ལ་དགའ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དེ་དད་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། མ་ཆགས་པ་དང་དད་པ་གཉིས་ཀ་ཡིན་པའི་ཕྱིར་ཏེ། མཆིམས་མཛོད་༥༦༠ལས། བཞི་བའང་འདོད་པ་དང་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་མ་ཆགས་པ་ཡིན་ཏེ། སྤོང་བ་ནི་འགོག་པ་དང་བསྒོམ་པ་ནི་ལམ་ཡིན་ལ་དེ་དག་ལ་དགའ་བ་ནི་མ་ཆགས་པ་དང་མཚུངས་ལྡན་གྱི་དད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མ་ཆགས་པ་དང་དད་པ་གཉིས་སེམས་བྱུང་ཐ་དད་པ་གཉིས་ཡིན་པའི་ཕྱིར་ཟེར་བ་ལ། མཆིམས་མཛོད་༡༤༧ལས་དགའ་དད་ལ་མུ་བཞི་གསུངས་པའི་སྒོ་ནས་ཡང་དཔྱད། རིགས་ལ་མ་ཆགས་པས་མ་ཁྱབ་པར་ཐལ། དབང་པོའི་ཁྱད་པར་འགའ་ཞིག་རིགས་སུ་འདོད་པའི་ཕྱིར་ཏེ། ཉ་ཊཱིཀ་ལས། ཡང་སྐྱེ་མཆེད་དབང་བོའི་བྱེ་བྲག་ལ་ཡང་འདོད་དེ། མཛོད་དུ། ཁ་ཅིག་དང་པོ་ནས་དེའི་རིགས། །ཁ་ཅིག་སྦྱངས་པ་ལས་གྱུར་ཏོ། །ཞེས་སོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། མཆིམས་མཛོད་༥༦༠ལས། བཞི་བའང་འདོད་པ་དང་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་མ་ཆགས་པ་ཡིན་ཏེ། ཞེས་གསུངས་པ་དེ་ལ་ཁྱབ་པ་ཡོད་མེད་དང༌། རང་འགྲེལ་༥༡༨ལས། འདི་དག་ལས་འཕགས་པ་རྣམས་སྐྱེ་བས་ན་འཕགས་པའི་རིགས་བཞི་སྟེ། ཞེས་དང༌། མཆིམས་མཛོད་༥༦༠ལས། མ་ཆགས་པ་དེ་དག་ནི་འཕགས་པ་རྣམས་ཀྱི་རིགས་ཡིན་ཏེ། དེ་དག་ལས་འཕགས་པ་རྣམས་སྐྱེ་བའི་ཕྱིར་རོ། །ཞེས་གསུངས་པ་ལ་ཡང་ཁྱབ་བ་ཡོད་མེད་ལ་དཔྱད། བཞི་བ་དེ་སྲེད་པ་གཏན་ཏུ་ཞི་བྱེད་ཡིན་པར་ཐལ། རྩ་བར། གསུམ་གྱིས་ཚུལ་བསྟན་ཐ་མས་ལས། །སྲེད་པ་སྐྱེ་བའི་གཉེན་པོའི་ཕྱིར། །བདག་གིར་བདག་འཛིན་དངོས་འདོད་པ། །དེ་ཡི་དུས་དང་གཏན་ཞིའི་ཕྱིར། །ཞེས་དང༌། མཆིམས་མཛོད་༥༦༡ལས། གཏན་ཏུ་ཞི་བར་བྱ་བའི་ཕྱིར་རིགས་བཞི་བ་བསྟན་པ་ཡིན་ཏེ། དེ་ལ་དེའི་དུས་སུ་ཞི་བ་ནི་རེ་ཞིག་སྤོང་བ་ཡིན་ལ། གཏན་དུ་ཞི་བ་ནི་ཡེ་མི་སྐྱེ་བར་བྱེད་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྤོང་བ་བསམ་གཏན་ལ་དགའ་ན་སྲེད་པ་གཏན་ཞི་བྱེད་པར་འགྱུར་དགོས་ཀྱང་དེ་ལྟར་འགྱུར་བ་ཡིན་མིན་དཔྱད། མི་སྡུག་པ་སྒོམ་པའི་ལམ་ཆོས་ཅན། འདོད་པའི་ཁ་དོག་ལ་ཆགས་པའི་གཉེན་པོ་ཡིན་པར་ཐལ། ཁྱོད་ཀྱིས་འདོད་པའི་ཁ་དོག་དང་དབྱིབས་ལ་དམིགས་ནས་སྒོམ་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། མཆིམས་མཛོད་༥༦༣ལས། དམིགས་པ་ནི་འདོད་པའི་སྣང་བའི་ཆོས་ཁ་དོག་དང་དབྱིབས་ལ་དམིགས་པའོ། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། བསམ་གཏན་གྱི་དངོས་གཞི་ལ་བརྟེན་པའི་དེ་ཆོས་ཅན། འདོད་པའི་གཟུགས་ལ་ཆགས་པའི་གཉེན་པོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བསམ་གཏན་གྱི་དངོས་གཞི་ཐོབ་པ་དང་འདོད་པའི་ཉོན་མོངས་ཐོབ་པ་ཆད་པའི་ཚུལ་གྱིས་སྤངས་པ་དུས་མཉམ་ཡིན་པའི་ཕྱིར་ཟེར་ན། སྤོང་པའི་གཉེན་པོ་སྒོམ་པ་མ་ཡིན་པར་ཐག་བསྲིང་བའི་གཉེན་པོར་སྒོམ་པ་ཡིན་ཞེས་ལན་བཏབ་ན་གཞུང་གི་དགོངས་པ་འབྱོར་རམ་དཔྱད། དབུགས་འབྱུང་རྔུབ་སྒོམ་ཚུལ་དྲུག་ནི། རྩ་བར། བགྲང་ལ་སོགས་པ་རྣམ་པ་དྲུག །དབུགས་རྔུབ་དབུགས་འབྱུང༌། ཞེས་དང༌། རང་འགྲེལ་༥༢༣ལས། དབུགས་རྔུབ་དབུགས་འབྱུང་དྲན་པ་ནི། །བགྲང་དང་རྗེས་འགྲོ་འཇོག་པ་དང༌། རྟོག་པ་དང་ནི་བསྒྱུར་བ་དང༌། །ཡང་དག་རྣམ་པ་དྲུག་ཏུ་འདོད། །ཅེས་དང༌། ཡོངས་སུ་དག་པ་ནི་མཐོང་བའི་ལམ་ལ་སོགས་པ་ལ་འཇུག་པའོ། །ཞེས་དང༌། མཆིམས་མཛོད་༥༦༤ལས། ཟབ་མོ་ཉིད་༼དྲུག་༽གང་ཞེ་ན། བགྲང་བ་དང༌།སོགས་པས་བཟུང་བ་རྗེས་སུ་འགྲོ་བ་དང༌། འཇོག་པ་དང༌། ཉེ་བར་རྟོག་པ་དང༌། བསྒྱུར་བ་དང༌། ཡོངས་སུ་དག་པ་སྟེ། ཞེས་གསུངས་པའོ། །དེ་ལས་ཡོངས་སུ་དག་པ་ནི། མཐོང་སྒོམ་ལ་འཇུག་པ་ལ་སྦྱར་ནས་བཤད་པས་མཐོང་ལམ་ལ་མཉམ་བཞག་པས་ཁྱབ་པས་དབུགས་འབྱུང་རྔུབ་སྒོམ་པ་ཡོད་དམ་དཔྱད། འབྱུང་རྔུབ་ཀྱི་རླུང་རྒྱུད་ཀྱིས་བསྡུས་པ་ཡིན་ཏེ། རྩ་བར། སེམས་ཅན་ཞེས་བྱ་མ་ཟིན་པའོ། །ཞེས་དང༌། མཆིམས་མཛོད་༥༦༥ལས། དབུགས་རྔུབ་པ་དང༌། འབྱུང་བ་ནི་སེ༷མས་ཅ༷ན་ཞེ༷ས་བྱ༷་བའི་གྲངས་སུ་གཏོགས་ཀྱི་རྒྱུད་ཀྱིས་མ་བསྡུས་པ་ནི་མ་ཡིན་འོན་ཀྱང་དབང་པོ་དང་ཐ་དད་པར་འཇུག་པས་ན་སེམས་ཀྱིས་མ༷་ཟི༷ན་པ༷་ཞེས་བྱའོ༷། །ཞེས་གསུངས་པའི་ཕྱིར། འདོད་ན། དམ་བཅའ་བའི་དབུགས་དམ་བཅའ་བའི་རྒྱུད་ཀྱིས་བསྡུས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དམ་བཅའ་བའི་དབུགས་ས་འོག་ཏུ་འདོམ་གང་རྒྱུ་བའི་དབུགས་ཡོད་པ་གང་ཞིག དེ་དམ་བཅའ་བའི་རྒྱུད་ཀྱིས་བསྡུས་པ་ཡིན་ཚུལ་མེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། མཆིམས་མཛོད་༥༦༤ལས། འཇུག་པ་ན་ལྐོག་མ་དང་སྙིང་ཁ་དང་ལྟེ་བ་དང་རྐེད་པ་དང་བརླ་དང་བྱིན་པ་དང་རྐང་མཐིལ་དང་ས་ལ་སྟོབས་ཆེ་ཆུང་གིས་འདོམས་གང་དང་མཐོ་གང་གི་བར་དུ་རིམ་གྱིས་འཇུག་གོ །འབྱུང་བ་ནི་རྐང་བའི་མཐིལ་ནས་རིམ་གྱིས་སྣའི་བུ་ག་ནས་སྟོབས་ཆུང་ན་མཐོ་གང་དང་ཆེ་ན་འདོམ་གང་གི་བར་དུ་འབྱུང་ངོ་ཞེས་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། དབུགས་འབྱུང་རྔུབ་སྒོམ་པའི་དྲན་པ་ཉེར་བཞག་གི་ཡུལ་དུ་གྱུར་བའི་དབུགས་ཡིན་ན་འདོད་པའི་སས་བསྡུས་ཡིན་པས་ཁྱབ་པར་ཐལ། རྩ་བར། འདོད་རྟེན་ཅན། ཞེས་དང༌། རང་འགྲེལ་༥༢༢ལས། དེའི་དམིགས་པ་ནི་རླུང་ཡིན་ནོ། །འདོད་པའི་ཁམས་ཀྱི་རྟེན་ཅན་ཡིན་ནོ། །ལྷ་དང་མི་དག་གི་ནང་ནས་སྐྱེད་དོ། །ཞེས་དང༌། མཆིམས་མཛོད་༥༦༣ལས། འདོད་ཁམས་པའི་རྟེན་ཅན་ཡིན་ཏེ། རྣམ་པར་རྟོག་པ་མང་བའི་ཕྱིར།དེ་ཡང་བློ་གསལ་བས་ལྷ་དང་གླིང་གསུམ་གྱི་མི་ཡིན་ཏེ། གཞན་དག་ནི་བློ་མི་གསལ་བ་དང༌། མཐོང་ལམ་གྱི་རྟེན་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལུས་གང་གི་ས་བ་ཡིན་ན་དེ་འདྲའི་དབུགས་ཡང་དེའི་སས་བསྡུས་ཡིན་དགོས་ཏེ། རང་འགྲེལ་༥༢༣ལས། འདི་གཉིས་ནི་ལུས་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར་ལུས་ས་བ་གང་ཡིན་པ་དེའི་ས་བ་དག་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ཡང་མཐའ་གཅིག་ཏུ་མ་ངེས་པར་ཐལ། སེམས་རྟེན་གང་ལ་བརྟེན་ན་དབུགས་ཡང་དེའི་སས་བསྡུས་ཡིན་དགོས་པ་གང་ཞིག དབུགས་འབྱུང་རྔུབ་སྒོམ་པའི་དྲན་པ་ཉེར་བཞག་གི་སེམས་རྟེན་ལ་བསམ་གཏན་དང་པོའི་དངོས་གཞི་ཡོད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། མཆིམས་མཛོད་༥༦༥ལས། ལུས་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར་སེམས་གང་ལ་བརྟེན་པའི་ལུས་ས་གང་ཡིན་པ་དེའི་ས་པར་རིགས་པར་བྱ་སྟེ། འདོད་པའི་སེམས་ལ་བརྟེན་ན་འདོད་པའི་ས་བ་ཡིན་ལ།བསམ་གཏན་དང་པོ་ལ་བརྟེན་ན་བསམ་གཏན་དང་པོའི་ས་བ་ནས་གསུམ་པ་ལ་བརྟེན་ན་གསུམ་པའི་ས་བའི་རླུང་ཡིན་པའི་བར་དུའོ། །བསམ་གཏན་བཞི་བ་ན་རླུང་རྒྱུ་བ་མེད་པའི་ཕྱིར་དེའི་ས་བ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། གོང་མའི་ལུས་རྟེན་ལ་འོག་མའི་འདོད་པའི་སྤྲུལ་སེམས་སོགས་འབྱུང་བ་ཡོད་དེ། མཆིམས་མཛོད་༥༦༥ལས། གོང་མའི་ལུས་ལ་འོག་མའི་སེམས་ཇི་ལྟར་འབྱུང་ཞེ་ན། འདོད་པ་ནས་བསམ་གཏན་བཞི་བའི་བར་དུ་ས་གོང་མ་ཐོབ་པའི་ལུས་ལ་འོག་མ་འདོད་པ་ལ་སོགས་པའི་སྤྲུལ་སེམས་དང་སྦྱོད་ལམ་པའི་སེམས་གཉིས་འབྱུང་བར་འདོད་དེ། དེ་གཉིས་ཀྱིས་མི་རྟོགས་སོ་ཞེས་བྱ་བའི་དོན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རྒྱལ་སྲས་མའི་བར་སྡོམ་ལས། སྤྱོད་ལམ་རྣམ་སྨིན་སྐྱེས་ལས་བརྒྱད། །དེ་དག་བདུན་ལས། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མཐོང་ལམ་པའི་རྒྱུད་ན་ལུས་དྲན་པ་ཉེར་བཞག་ཡོད་ན། སྡུག་བསྔལ་ཆོས་བཟོད་ལྟ་བུ་དེ་ཡིན་དགོས་པས། དེ་ཆོས་ཅན། ལུས་དྲན་པ་ཉེར་བཞག་མ་ཡིན་པར་ཐལ། ཆོས་དྲན་པ་ཉེར་བཞག་ཡིན་པའི་ཕྱིར། མ་ཁྱབ་ན། དྲན་ཉེ་བཞི་རིམ་གྱིས་སྐྱེ་བར་མི་རིགས་པར་འགྱུར་བ་ལ་དེ་བཞི་རིམ་གྱིས་སྐྱེ་བའི་ཕྱིར། ཟུར་ཕྱི་མ་གྲུབ་སྟེ། མཆིམས་མཛོད་༥༦༨ལས། དྲན་པ་ཉེར་བཞག་དེ་དག་གི་རིམ་པ་ནི་ཇི་ལྟར་སྐྱེ་བའི་རིམ་པ་བཞིན་ཡིན་ཏེ། རགས་པའི་རིམ་པས་སྔར་རྟོགས་པའི་ཕྱིར་རོ་ཞེས་བྱེ་བྲག་སྨྲ་བ་རྣམས་འདོད་དོ། །ཞེས་གསུངས་པའི་ཕྱིར། དེ་དག་རིམ་གྱིས་སྐྱེ་ན་ཚོགས་ལམ་ཐོབ་མ་ཐག་པ་ཡིན་ན་དེའི་རྒྱུད་ལ་ཆོས་དྲན་པ་ཉེར་བཞག་མེད་པས་ཁྱབ་དགོས་ལ་དེ་མི་རིགས་སམ་དཔྱད། ཁམས་གོང་མ་ན་ཚོགས་ལམ་མེད་པར་ཐལ། གོང་ན་སྡུག་བསྔལ་ལ་སྐྱོ་བ་ཤུགས་དྲག་མེད་པའི་ཕྱིར། ཁྱབ་སྟེ། གོང་ན་མཐོང་ལམ་མེད་པའི་རྒྱུ་མཚན་དེ་ཡིན་པའི་ཕྱིར་ཏེ། རྩ་བར། གོང་ན་མཐོང་ལམ་མེད། །མི་སྐྱོ་ལུང་ལས་འདིར་རྩོམ་ཞིང༌། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། གོང་ན་ཚོགས་ལམ་ཡོད་པའི་ཕྱིར་ཏེ། མཆིམས་མཛོད། ༥༧༡ལས། འདོད་གཟུགས་ན་སྤྱོད་པའི་ལྷ་བུ་རྣམས་ལའང་ཚོགས་ལམ་སྐྱེ་བ་ལ་འགལ་བ་མེད་པའི་ཕྱིར་དེ་དག་ཀྱང་རྟེན་དུ་རུང་ངོ༌། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་བྱེ་བྲག་སྨྲ་བའི་ལུགས་ལ་ལམ་ལ་དབྱེ་ན་ཚོགས་ལམ་སོགས་ལྔ་ཡོད་ཟེར་ན། དེ་མེད་པར་ཐལ། ཚོགས་སྦྱོར་གཉིས་ལམ་བཏགས་པ་བ་ཡིན་པའི་ཕྱིར་ཏེ། འགྲེལ་བ་མངོན་པའི་རྒྱན་༥༦༩ལས། ཁ་ཅིག་གིས་ཚོགས་སྦྱོར་གྱི་ལམ་ཡང་ལམ་མཚན་ཉིད་པ་འདོད་པ་ནི་རིགས་པ་མ་ཡིན་ཏེ། དེ་དག་ལམ་བདེན་མཚན་ཉིད་པ་ཡིན་ན་ནི། ཟག་མེད་དུ་འགྱུར་ན། དེ་ལྟ་ནའང་ལམ་དེ་དག་ཐོབ་པ་ན་འཕགས་པར་འགྱུར་ཏེ། ཟག་མེད་ཀྱི་ལམ་རྒྱུད་ལ་སྐྱེས་པའི་ཕྱིར་རོ། །ཞེས་དང༌། དེས་ན་ལམ་དང་པོ་གཉིས་ནི་རིམ་པ་ལྟར་ལམ་དངོས་ལ་འཇུག་པའི་སྒོ་དང༌། དངོས་སུ་སྦྱོར་བ་ཡིན་པས་ལམ་དུ་བཏགས་པ་ཡིན་ལ། ཕྱི་མ་གསུམ་ནི་རིམ་པ་ལྟར་བདེན་པ་མངོན་སུམ་དུ་མཐོང་བ་དང༌། དེའི་རྒྱུན་གོམས་པར་བྱེད་པ་དང༌། གོམས་པ་མཐར་ཕྱིན་པ་ཡིན་པའི་ཕྱིར་ལམ་མཚན་ཉིད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་མི་རིགས་པར་ཐལ། ཚོགས་ལམ་ལམ་མཚན་ཉིད་པ་ཡིན་པའི་ཕྱིར་ཏེ། དེ་རྣམ་པར་གྲོལ་བའི་འཇུག་ངོགས་ཡིན་པའི་ཕྱིར་ཏེ། རྣམ་གྲོལ་ལ་འཇུག་པའི་སྒོ་ཡིན་པའི་ཕྱིར་ཏེ། མཆིམས་མཛོད་༥༧༠ལས། མཚན་ཉིད་ནི། རྣམ་གྲོལ་ལ་འཇུག་པའི་སྒོ་སྦྱོར་ལམ་གྱི་སྔ་རོལ་དུ་བྱུང་བའི་དགེ་བའི་ཚོགས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན། འོ་ན་ཚོགས་ལམ་ཡིན་ན་སྦྱོར་ལམ་གྱི་སྔ་རོལ་བྱུང་དགོས་པར་ཐལ། མཚན་ཉིད་དེའི་ཕྱིར འདོད་ན། སྦྱོར་ལམ་གྱི་འབྲས་བུར་གྱུར་བའི་ཚོགས་ལམ་དང་སྦྱོར་ལམ་དང་དུས་མཉམ་པའི་ཚོགས་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཟེར་ན་དཔྱད། ཆོས་ཐམས་ཅད་རེ་རེ་ནས་རང་སྤྱིའི་མཚན་ཉིད་གཉིས་རེ་འཇོག་པར་ཐལ། རྩ་བར། ལུས་ཚོར་སེམས་དང་ཆོས་རྣམས་ལ། །མཚན་ཉིད་གཉིས་སུ་ཡོངས་བརྟགས་པས། །ཞེས་དང༌། རང་འགྲེལ་༥༢༤ལས། དེ་དག་གི་རང་གི་མཚན་ཉིད་ནི་རང་གི་ངོ་བོའོ། ། སྤྱིའི་མཚན་ཉིད་ནི་འདུས་བྱས་རྣམས་ནི་མི་རྟག་པ་ཉིད་དང༌། ཟག་པ་དང་བཅས་པ་རྣམས་སྡུག་བསྔལ་བ་ཉིད་དང༌། ཞེས་སོགས་གསུངས་པའི་ཕྱིར། འདོད་ན། བདག་མེད་སོགས་ཀྱི་སྟེང་དུ་རང་སྤྱིའི་མཚན་ཉིད་ཀྱི་མཚན་གཞི་དང་སྤྱིར་རང་སྤྱི་སོ་སོའི་ཚད་དང༌། མཚན་ཉིད་མེད་པའི་ཆོས་ལ་རང་གི་མཚན་ཉིད་མེད་དམ་དཔྱད། སྦྱོར་ལམ་གྱིས་བདེན་བཞི་ལ་དམིགས་ལ་ཚོགས་ལམ་གྱིས་བདེན་བཞི་ལ་མི་དམིགས་པ་ཡིན་པར་ཐལ། མཆིམས་མཛོད་༥༧༢ལས། དེས་ན་ཚོགས་ལམ་ནི་བདེན་པ་བཞི་ལ་མི་དམིགས་ལ་སྦྱོར་ལམ་དྲོད་ནས་བདེན་པ་བཞི་ལ་དམིགས་པ་ཤེས་པར་བྱའོ། །གལ་ཏེ་ཚོགས་ལམ་ན་ཕུང་པོ་ལ་དམིགས་པས་བདེན་པ་ལའང་དམིགས་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། དེ་ནི་བདེན་པར་མ་ཕྱེ་བའི་ཕུང་པོ་ལ་དམིགས་ལ། སྦྱོར་ལམ་ནས་བདེན་བཞིར་ཕྱེ་ནས་དམིགས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་རིགས་ཏེ། ཚོགས་ལམ་དུ་སྡུག་བདེན་སོགས་བདེན་བཞི་རྟོགས་པའི་བསམ་བྱུང་སོགས་ཡོད་པའི་ཕྱིར་ཟེར་བ་དང༌། ཁྱོད་སྡུག་བདེན་ཡིན་ན་ཁྱོད་ལ་དམིགས་ན་སྡུག་བདེན་ལ་དམིགས་མི་དགོས་པར་ཐལ། གོང་གི་ལུང་དེའི་ཕྱིར། འདོད་ན། ཁྱོད་ལུས་ཡིན་ན་ཁྱོད་ལ་དམིགས་ན་ལུས་ལ་དམིགས་མི་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་ལ་དམིགས་པའི་དྲན་ཉེ་དེ་ལུས་དྲན་པ་ཉེར་བཞག་མ་ཡིན་པར་ཐལ། ལུས་ལ་དམིགས་པ་མ་ཡིན་པའི་ཕྱིར། རྟགས་དོན་གྱིས་ཁས་ཟེར་ན་དཔྱད། ཚོགས་ལམ་པ་ལ་སྒོམ་བྱུང་མེད་པར་ཐལ། མཆིམས་མཛོད་༥༨༢ལས། །ཐར་བའི་ཆ་མཐུན་དེ་ཡང་ཐོས་པ་དང་བསམ་པ་ལས་བྱུང་བ་ཡིན་གྱི་བསྒོམས་པ་ལས་བྱུང་བ་ནི་མ་ཡིན་ཏེ།དེ་ནི་རྣམ་གཡེང་གི་ས་བ་ཡིན་པའི་ཕྱིར་རམ་ཡང་ན་ཕྱི་རོལ་པའི་སྒོམ་བྱུང་ཐར་ཆར་མི་རུང་ཞིང༌། ནང་པའི་ད་དུང་མ་སྐྱེས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །འདོད་མི་ནུས་ཏེ། ཚོགས་ལམ་གྱི་གནས་སྐབས་སུ་ཐོག་མར་ཞི་གནས་བསྒྲུབས་ནས་ལུས་ཚོར་སོགས་བཞི་ལ་ལྷག་མཐོང་སྒྲུབ། དེ་ནས་བདེན་བཞིའི་རྣམ་པ་བཅུ་དྲུག་སོ་སོར་ཕྱེ་སྟེ་བསྒོམས་ནས་སྦྱོར་ལམ་དུ་འཕོ་བ་གང་ཞིག ཞི་ལྷག་ཡིན་ན་སྒོམ་བྱུང་གིས་ཁྱབ་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྩ་བར། ཞི་གནས་གྲུབ་པར་གྱུར་བ་ཡིས། །དྲན་པ་ཉེར་བཞག་སྒོམ་པར་བྱ། །ཞེས་དང༌། སྤྱི་ལ་དམིགས་པ་ལ་གནས་ཏེ། །དེ་དག་ལ་ནི་མི་རྟག་དང༌། །སྡུག་བསྔལ་སྟོང་བདག་མེད་པར་ལྟ། །དེ་ལས་དྲོ་བར་གྱུར་པ་འབྱུང༌། །ཞེས་དང༌། མཆིམས་མཛོད་༥༦༩ལས། དེ་ལྟར་ཞི་གནས་དང་ལྷག་མཐོང་གཉིས་ནི་ཚོགས་ལམ་གྱི་གཙོ་བོ་ཡིན་པའི་ཕྱིར་འདིར་བསྟན་གྱི། གཞན་དུ་རང་གི་སེམས་བསྐྱེད་པའི་དགེ་བ་སྦྱོར་ལམ་གྱི་སྔ་རོལ་ན་ཡོད་པ་ཐམས་ཅད་ཀྱང་ཚོགས་ལམ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། བུད་མེད་རྟེན་ཅན་གྱིས་ཆོས་མཆོག་སྐྱེས་པ་དང་བུད་མེད་གཉིས་ཀའི་རྟེན་ཅན་གྱི་ཐོབ་པ་ཡིན་པར་ཐལ། རྩ་བར། ཆོས་མཆོག་བུད་མེད་ཀྱིས། །གཉིས་ཀའི་རྟེན་ཅན་ཐོབ་པར་འགྱུར། །ཞེས་དང༌། མཆིམས་མཛོད་༥༧༩ལས། ཆོས་མཆོག་ནི་བུད་མེད་ཀྱིས་སྐྱེས་པ་དང༌། བུད་མེད་གཉིས་ཀའི་རྟེན་ཅན་ཐོབ་པར་འགྱུར་གྱི་སྐྱེས་པས་ནི་གཉིས་ཀའི་རྟེན་ཅན་ཐོབ་པ་མ་ཡིན་ཏེ། ཆོས་མཆོག་ཐོབ་པའི་སྐྱེས་པ་ནི་བུད་མེད་སོ་སོར་བརྟགས་མིན་གྱི་འགོག་པ་ཐོབ་པས་བུད་མེད་དུ་མི་སྐྱེ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་མཆོག་བྱ་རྫོགས་ཀྱི་ཐུང་མཐའི་སྐད་ཅིག་གཅིག་གི་ཡུན་ཚད་ལས་མེད་པས་མཚན་འགྱུར་བའི་སྒོ་ནས་གཉིས་ཀའི་རྟེན་ཅན་གྱིས་ཐོབ་པ་མིན་གཞན་དུ་ཡང་མི་རིགས་པའི་ཕྱིར་དང༌། དགེ་སློང་མ་དགྲ་བཅོམ་པ་དང་རྒྱུད་གཅིག་ཏུ་གྱུར་བའི་ཆོས་མཆོག་པས་ཐོབ་པའི་སྐྱེས་པ་ཡོད་པར་ཐལ། དེ་འདྲའི་རྒྱུད་ཀྱི་ཆོས་མཆོག་བུད་མེད་སྐྱེས་པ་གཉིས་ཀའི་རྟེན་ཅན་ཐོབ་པར་འགྱུར་བའི་ཕྱིར། འདོད་ན་བཞག་དགོས་སོ། །ཡང་སྦྱོར་ལམ་དང་པོ་གསུམ་གྱི་སྐབས་སུ་མཚན་འགྱུར་བ་ཡོད་ཀྱང་ཆོས་མཆོག་གི་སྐབས་སུ་མེད་པ་མཆིམས་མཛོད་ལས།དང་པོ་གསུམ་ནི་སྐྱེས་པས་ཀྱང་བུད་མེད་ཀྱི་རྟེན་ཅན་དང༌། བུད་མེད་ཀྱིས་ཀྱང་སྐྱེས་པའི་རྟེན་ཅན་ཡང་ཐོབ་པས་གཉིས་ཀའི་རྟེན་ཅན་ཐོབ་པར་འགྱུར༼འདི་དག་གི་དུས་སུ་ཕན་ཚུན་མཚན་འགྱུར་བ་དང་འཆོལ་བར་སྐྱེས་བ་ལ་དགོངས་༽ལ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། སྦྱོར་ལམ་ནི་འཕགས་པས་ས་བོར་ནས་གོང་དུ་སྐྱེས་པས་གཏོང་བ་ཡིན་ཏེ།རྩ་བར། འཕགས་པས་དེ་དག་ས་བོར་ནས། །གཏོང་ངོ་འཕགས་མིན་འཆི་བས་གཏོང༌། །ཞེས་དང༌། རང་འགྲེལ་ལས། ཐོབ་པ་རྣམས་ནི་དྲོད་པ་བར་གྱུར་བ་ལ་སོགས་པས་མ་བསྡུས་ཏེ་འཕགས་པ་ལ་དེ་མངོན་སུམ་དུ་གྱུར་བས་དྲོད་པར་གྱུར་བ་ལ་སོགས་པ་ཡང་མངོན་སུམ་དུ་འགྱུར་དུ་འོང་པས་སོ། །ཞེས་དང༌། མཆིམས་མཛོད་༥༧༩ལས། ངེས་པར་འབྱེད་པ་རྣམས་ཇི་ལྟར་གཏོང་ཞེ་ན། འཕགས་པ་རྣམས་ཀྱིས་ནི་ངེས་འབྱེད་ཆ་མཐུན་དེ་དག་ས་གང་ལ་བརྟེན་ནས་ཐོབ་པའི་ས་དེ་བོར་ནས་གཏོང་སྟེ། བསམ་གཏན་དང་པོའི་ས་པས་བསྡུས་པ་ནི་བསམ་གཏན་གཉིས་པར་འཕོས་པས་གཏོང་བ་ལྟ་བུའོ། །དེ་ཡང་ཤི་སྟེ་གོང་དུ་འཕོས་པས་གཏོང་གི་འདོད་ཆགས་དང་བྲལ་བས་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། འདོད་རྟེན་ཅན་གྱི་མཐོང་ལམ་པ་ལ་སྦྱོར་ལམ་ལྡན་པར་ཐལ། གཏོང་རྒྱུ་གང་ཡང་མ་བྱུང་བའི་ཕྱིར། འདོད་ན། དེ་ལ་སོ་སྐྱེས་ཀྱི་ལམ་ལྡན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སོ་སྐྱེས་ཡིན་པར་ཐལ། འདོད་པའི་ཕྱིར། མ་ཁྱབ་ན། འཕགས་ལམ་ལྡན་ན་འཕགས་པ་ཡིན་མི་དགོས་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་༡༥༢ལས། རིགས་པ་ནི་ཐོབ་པ་རྫས་སུ་མེད་ན་འཕགས་པས་འཇིག་རྟེན་པའི་ལམ་མངོན་དུ་བྱས་དུས་ན་སོ་སྐྱེ་དང་སྤངས་རྟོགས་དང་ཁྱད་མེད་དུ་ཐལ་ཏེ། ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་སྦྱོར་ལམ་དེ་འཕགས་མིན་འཆི་བས་ཡང་གཏོང་དགོས་ན་སྦྱོར་ལམ་པ་ཚེ་འཕོས་ཚེ་དེ་ལ་སྦྱོར་ལམ་དང་མི་ལྡན་པར་ཐལ། འཕགས་པ་མ་ཡིན་པ་གང་ཞིག འཆི་བ་བྱུང་བའི་ཕྱིར། འདོད་མི་ནུས་ཏེ། དེའི་ལམ་གཞི་ནས་སློབ་མི་དགོས་པ་དང༌། དེ་ལམ་ཞུགས་ཡིན་པས་ལམ་ལྡན་དགོས་ན་སྦྱོར་ལམ་ལས་གཞན་མི་ལྡན་པ་དང༌། དེ་ལ་ལམ་མི་ལྡན་ན་ལམ་མ་ཞུགས་པར་འགྱུར་བའི་ཕྱིར་ཟེར་ན་དཔྱད། སྦྱོར་ལམ་དེ་བསམ་གཏན་གྱི་དངོས་གཞིའི་ལ་བརྟེན་པ་ཡིན་ན་ཚེ་དེར་མཐོང་ལམ་ཐོབ་པར་ངེས་ཏེ། རྩ་བར། དངོས་གཞི་དེ་ཉིད་ལ་མཐོང་འགྱུར། །ཞེས་དང༌། རང་འགྲེལ༥༣༠ལས། གང་ཞིག་བསམ་གཏན་དངོས་གཞྀའི་ས་བའི་ངེས་པར་འབྱེད་པའི་ཆ་་དང་མཐུན་པ་རྣམས་བསྐྱེད་པར་བྱེད་པ་དེས་ནི་ཚེ་འདི་ཉིད་ལ་གདོན་མི་ཟ་བར་བདེན་པ་རྣམས་མཐོང་བར་འགྱུར་ཏེ། ཡིད་འབྱུང་བ་ཤས་ཆེ་བའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། དེ་འདྲའི་སྦྱོར་ལམ་པ་དེ་མཐོང་ལམ་མ་ཐོབ་པའི་སྔར་ནད་གདོན་སོགས་བར་ཆད་བྱུང་ནས་འཆི་བ་མེད་པའི་རྒྱུ་མཚན་བཙལ་བར་བྱའོ། །ཡང་དངོས་གཞིའི་སེམས་རྟེན་བྱས་པའི་སྦྱོར་ལམ་དེ་དག་འཕགས་པས་གཏོང་བར་མ་ངེས་ཏེ། མཆིམས་མཛོད་༥༨༠ལས། གང་ཞིག་གིས་ངེས་འབྱེད་ཆ་མཐུན་དེ་དག་བསམ་གཏན་དངོས་གཞི་ལ་བརྟེན་ནས་བསྐྱེད་པ་ཡིན་ན་ནི་དེས་ཚེ་དེ་ཉིད་ལ་བདེན་པ་མཐོང་བར་འགྱུར་ཏེ། ཡིད་འབྱུང་བ་ཤས་ཆེ་བའི་ཕྱིར་རོ། །༼མི་ལྕོགས་མེད་དང་བསམ་གཏན་ཁྱད་པར་ཅན་ལ་བརྟེན་པའི་སྦྱོར་ལམ་གྱིས་ནི་ཚེ་དེ་ཉིད་ལ་བདེན་པ་མཐོང་བར་མ་ངེས་ཏེ་ཉམས་པ་སྲིད་པས་སོ། །དེས་ན་དངོས་གཞིའི་སྦྱོར་ལམ་ཐམས་ཅད་འཕགས་པས་གཏོང་བར་མ་ངེས་སོ་གསུང་ངོ༌། །༽ཞེས་གསུངས་པའི་ཕྱིར། དེ་ལ་དཔེ་ཁ་ཅིག་ན། གཏོང་བར་ངེས་སོ། །ཞེས་བཀོད་མོད་གོང་ནས་གསུངས་ཚུལ་ལྟར་ན་དེ་ཡིག་སྐྱོན་ཡིན་པར་སེམས་སོ། །དངོས་གཞིའི་སེམས་རྟེན་བྱས་པའི་སྦྱོར་ལམ་དེ་གཏོང་བ་ལ་འཕགས་པས་གོང་དུ་སྐྱེ་དགོས་པ་སོགས་མི་འཐད་དེ། ས་འཕོས་པས་དེའི་ཚོགས་པར་གཏོགས་པའི་བསམ་གཏན་གྱི་སྡོམ་པ་གཏོང་བའི་ཕྱིར་ཟེར་ན་མ་ཁྱབ་པ་འདྲ། རྟགས་གྲུབ་སྟེ། རྩ་བར་བསམ་གཏན་གྱི་སྡོམ་པའི་གཏོང་རྒྱུ་བཤད་སྐབས་སུ། ས་འཕོས་ཉམས་པ་དག་གིས་གཏོང༌། །ཞེས་གསུངས་པའི་ཕྱིར་ཟེར་བ་དང། མཆིམས་མཛོད༥༨༠ལས། ས་འཕོས་ཉམས་པ་དག་གིས་གཏོང་ཞེས་པས་༽སོ་སོའི་སྐྱེ་བོ་དག་ཡོངས་སུ་ཉམས་པས་ཀྱང་གཏོང་གི་འཕགས་པ་ལ་ནི་དེ་དག་ལས༼མི་མཐུན་ཕྱོགས་ཀྱིས་༽ཉམས་པ་མེད་པའི་ཕྱིར་དང༌། ཕྱི་མ་གཉིས་སོ་སོའི་སྐྱེ་བོ་ལའང་ཉམས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པ་ལ་འཕགས་པ་ལ་འདོད་ཉོན་མངོན་དུ་གྱུར་ནས་འབྲས་བུ་ཕྱི་མ་གསུམ་ཅི་རིགས་ལས་ཉམས་ཚེ་བསམ་གཏན་གྱི་དངོས་གཞིའི་སེམས་རྟེན་བྱས་པའི་སྦྱོར་ལམ་ལས་ཉམས་པའི་ཕྱིར་ཟེར་བ་དང༌།རྩ་བར། དངོས་གཞི་དེ་ཉིད་ལ་མཐོང་འགྱུར། །ཞེས་པའི་ལུང་གི་དོན་མ་གྲུབ་པར་ཐལ། བསམ་གཏན་གྱི་དངོས་གཞི་ཁྱད་པར་ཅན་གྱི་སེམས་རྟེན་བྱས་པའི་སྦྱོར་ལམ་ལ་ཉམས་པ་ཡོད་པའི་ཕྱིར་ཏེ། མཆིམས་མཛོད་༥༨༠མཆན་ལས། མི་ལྕོགས་མེད་དང་བསམ་གཏན་ཁྱད་པར་ཅན་ལ་བརྟེན་པའི་སྦྱོར་ལམ་གྱིས་ནི་ཚེ་དེ་ཉིད་ལ་བདེན་པ་མཐོང་བར་མ་ངེས་ཏེ། ཉམས་པ་སྲིད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། སྦྱོར་ལམ་བཟོད་པ་ཐོབ་ན་ངན་སོང་དུ་སྐྱེ་བྱེད་ཀྱི་ལས་ཉོན་སྤངས་དགོས་པ་ཡིན་པར་ཐལ། རྩ་བར། བཟོད་ཐོབ་ངན་སོང་ཡོང་མི་འགྲོའོ། །ཞེས་དང༌། མཆིམས་མཛོད་༥༨༡ལས། བཟོད་པ་ཐོབ་པ་ནི་རྣམ་པར་ཉམས་ཀྱང་ངན་སོང་གསུམ་དུ་མི་འགྲོ་སྟེ། དེར་འགྲོ་བའི་རྒྱུ་ལས་དང་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། སྟོན་པ་དང་བསེ་རུ་རང་རྒྱལ་གཉིས་ཀས་ངེས་འབྱེད་ཡན་ལག་ནས་བཟུང་སྟེ་མི་སློབ་བར་སྟན་ཐོག་གཅིག་ལ་བགྲོད་པ་ཡིན་ཏེ། རྩ་བར། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཞེས་དང༌། མཆིམས་མཛོད་༥༨༡ལས། སྟོན་པ་སངས་རྒྱས་དང་བསེ་རུ་ལྟ་བུའི་རང་སངས་རྒྱས་ནི། སྐྱོན་བརྒྱད་ལས་གྲོལ་བས་ཏིང་ངེ་འཛིན་མི་གཡོ་བ་དང༌། དབང་པོ་རྣོ་བས་གསལ་ཞིང་སྦྱངས་པས་ངེས་འབྱེད་ཆ་མཐུན་ནམ་མི་སྡུག་པ་ནས་གཟུང་སྟེ་བྱང་ཆུབ་ཟད་མི་སྐྱེ་ཤེས་པའི་བར་གྱི་ལམ་ཀུན་བསམ་གཏན་གྱི་ཡ་མཐའ་བཞི་བ་ལ་བརྟེན་ནས་སྟན་ཅིག་ཁོ་ན་ལ་བསྐྱེད་པའི་ཕྱིར་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། དེའི་བར་དུ་ཚེ་ལ་བར་གཅོད་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་བར་དུ་བར་གཅོད་གཞན་མེད་ལ་དགྲ་བཅོམ་པ་ལ་ཚེ་ལ་བར་གཅོད་གཞན་ཡོད་པའི་རྒྱུ་མཚན་གང་ཡིན་ཟེར་ན་དཔྱད།ཉན་ཐོས་ཐར་པ་ཆ་མཐུན་ནས་མྱུར་བ་སྲིད་པ་གསུམ་གྱིས་ཐར་ཏེ། རྩ་བར། མྱུར་བ་སྲིད་པ་གསུམ་གྱིས་ཐར། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་ལས་སྲིད་པ་གཉིས་ཀྱིས་ཐར་པ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྲིད་པ་གཉིས་ཀྱིས་ཐར་པ་ཡོད་པའི་ཕྱིར་ཏེ། མཆིམས་མཛོད་༥༨༢ལས། དེ་བས་ཀྱང་ཤིན་ཏུ་མྱུར་བ་གང་ཞིག་གི་ཚེ་སྔ་མ་ལའང་ཐར་པའི་ཆ་མཐུན་གྱི་ཚོགས་བསགས་པ་དེ་ནི་ཚེ་གཅིག་ཁོ་ན་ལས་ངེས་འབྱེད་ཆ་མཐུན་དང༌། འཕགས་པའི་ལམ་སྐྱེད་པར་བྱེད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ་ཞེས་ཚེ་གཉིས་ལའང་ཐར་པར་ཊཱིཀ་ལས་༼རྒྱལ་སྲས་མ་༽ལས་བཤད་དེ། ལུང་ལས་ཀྱང་འདི་ཉིད་མང་དུ་གསུངས་ཤིང༌། དངོས་གཞིས་དེ་ཉིད་ལ་བདེན་མཐོང་ཞེས་པ་དང་མཐུན་པས་དེ་ཉིད་རིགས་སོ་ཞེས་གསུང་ངོ༌། །ཞེས་གསུངས་པའི་ཕྱིར། འདོད་ན། ཤིན་ཏུ་མྱུར་བ་ཚེ་གཅིག་གིས་ཐར་ཆ་གསར་དུ་བསྐྱེད་ནས་དགྲ་བཅོམ་པ་ཐོབ་པ་མེད་པར་ཐལ། ཤིན་ཏུ་མྱུར་བ་ཚེ་གཉིས་དགོས་པའི་ཕྱིར། འདོད་མི་ནུས་ཏེ། ཀུན་དགའ་བོའི་ཚ་བོ་གཉིས་སོགས་ཚེ་དེར་ངེས་འབྱུང་གི་བསམ་པ་གསར་དུ་བསྐྱེད་ནས་ཚེ་དེར་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ཡིན་པའི་ཕྱིར་ཏེ། མཚོ་ཊཱིཀ་༦༩ལས། ལུང་གཞི་ནས། ཀུན་དགའ་བོའི་ཚ་བོ་བྱིས་པ་གཉིས་དང༌། ཕྲན་ཚེགས་ནས་མཛེས་དགའ་བོ་དང༌། རྣམ་འབྱེད་ནས་འཆར་ཀ་དང་ཉེ་སྡེ་སྟེ། གང་ཟག་དེ་རྣམས་ཆོས་ཅན། སྡོམ་པ་མ་སྐྱེས་པར་ཐལ། སྡོམ་པ་ལེན་དུས་ན་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པའི་ཕྱིར། ཞེས་པ་ནས། དེ་ཐམས་ཅད་ཀྱིས་དགྲ་བཅོམ་པ་ཐོབ་པ་ལུང་ལས་གསུངས་པ་དང་འགལ་ལོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཐར་ཆའི་དགེ་བ་དེ། མི་ཁོ་ན་ནས་དང་པོ་འཕེན་པར་བྱེད་དེ། རྩ་བར། མི་ཡི་ནང་ནས་འཕེན་པར་བྱེད། །ཅེས་དང༌། མཆིམས་མཛོད་༥༨༣ལས། དགེ་བ་དེ་ནི་གླིང་གསུམ་གྱི་མིའི་ནང་ཁོ་ན་ནས་དང་པོ་འཕེན་པར་བྱེད་ཀྱི་ལྷ་རྣམས་ལ་ཤེས་རབ་ཡོད་ཀྱང་སྐྱོ་བ་ཤས་ཆུང་ཞིང་ངན་སོང་བ་ལ་སྐྱེ་བ་ཡོད་ཀྱང་ཤེས་རབ་མི་གསལ་ལ་སྒྲ་མི་སྙན་པ་ལ་གཉིས་ཀ་མེད་པའི་ཕྱིར་མི་འཕེན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ལྷའི་རྟེན་ལ་སྐྱོ་བ་ཤས་ཆེ་བ་མེད་པར་ཐལ། དེར་ཐར་ཆ་དང་པོར་མི་སྐྱེ་བའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དེར་མཐོང་ལམ་སྐྱེ་བའི་རྒྱུ་མཚན་ཡོད་པའི་ཕྱིར་ཏེ། རྒྱུན་ཞུགས་ཀྱི་འབྲས་བུ་དང་པོ་ལྷའི་རྟེན་ལ་ཐོབ་པའི་ལྷའི་རིགས་ནས་རིགས་སྐྱེ་ཡོད་པའི་ཕྱིར་ཏེ། མཆིམས་མཛོད་༥༩༨ལས། གང་ཞིག་མིའི་རྟེན་ལ་རྒྱུན་ཞུགས་སུ་གྱུར་བ་དེ་ནི་མཐར་དེ་ཁོ་ནར་འོངས་ནས་མྱ་ངན་ལས་འདའ་ལ། ལྷའི་ནང་དུ་དེ་ཐོབ་པའང་མཐར་ལྷའི་རྟེན་ལ་མྱ་ངན་ལས་འདའོ། །ཞེས་གསུངས་པའི་ཕྱིར། གོང་དུ་ཁྱབ་པ་གྲུབ་སྟེ། ཁམས་གོང་མ་ན་སྐྱོ་བ་ཤས་ཆེ་བ་མེད་པས་མཐོང་ལམ་མེད་པའི་ཕྱིར་ཏེ། རྩ་བར། གོང་ན་མཐོང་ལམ་མེད། །མི་སྐྱོ་ལུང་ལས་འདིར་རྩོམ་ཞིང༌། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། ཁམས་གོང་ན་སྡུག་བསྔལ་རྟོགས་པ་ཡོད་ན་དེ་བསྒོམས་ནས་སྐྱོ་བ་ཤུགས་དྲག་སྐྱེ་བ་རིགས་ཏེ། སྡུག་བསྔལ་དེ་ལ་སྐྱོ་བ་ཤུགས་དྲག་སྐྱེ་བ་ལ་སྡུག་བསྔལ་དེ་གང་ཟག་དེ་ལ་ཡོད་མི་དགོས་པའི་ཕྱིར། དཔེར་ན་དམྱལ་བའི་སྡུག་བསྔལ་བཞིན་ཟེར་བ་དག་ལ་དཔྱད་པར་བྱའོ།། །།

སྒོམ་པ་པོའི་གང་ཟག་རྣམ་པར་བཞག་པའི་སྐབས་ཀྱི་དོགས་གཅོད།

སྒོམ་པ་པོའི་གང་ཟག་རྣམ་པར་བཞག་པའི་སྐབས་ཀྱི་དོགས་གཅོད་སྤྲོ་སྟེ།

དབང་རྟུལ་དང་རྒྱུད་གཅིག་ཏུ་གྱུར་བའི་འབྲས་གནས་ཐོབ་མ་ཐག་པ་དེ་དད་པའི་རྗེས་འབྲང་མ་ཡིན་པའི་རྒྱུ་མཚན་བཙལ་བར་བྱའོ། །མཐོང་ལམ་གྱི་སྔར་འདོད་ཉོན་ལྔ་བ་མན་ཅི་རིགས་སྤངས་བའི་རྒྱུན་ཞུགས་དེ་ཆགས་བྲལ་སྔོན་སོང་ཡིན་པར་ཐལ། ཆགས་བྲལ་སྔོན་སོང་བཤད་སྐབས་སུ་མཛོད་འགྲེལ་གནད་སྒྲོན་ལས། བསྒོམ་པས་སྤང་བྱ་མ་སྤང་ནས། །འབྲས་བུ་དང་པོ་ལ་ཞུགས་པ། །དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དེ་དག་ཁོ་ན་འཆིང་བ་མཐའ་དག་དང་ལྡན་པ་ཞིག་ཡིན་ན་དེ་གཉིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཞེས་བྱའོ། །རྣམ་ལྔའི་བར་བཅོམ། འཇིག་རྟེན་པའི་ལམ་གྱིས་བསྒོམ་དེ་སྤང་བར་བྱ་བ་འདོད་པ་ན་སྤྱོད་པ་རྣམས་ལས་རྣམ་པ་ལྔའི་བར་དུ་སྤང་ནའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། མཆིམས་མཛོད་༥༩༡ལས། རྣམ་པ་ལྔ་བ་སྤངས་ནས་མཐོང་ལམ་ཐོབ་པ་ནི་ཆགས་བྲལ་སྔོན་འགྲོར་མ་བཤད་ལ། ཞེས་པ་ནས། འབྲས་བུ་བར་བ་གཉིས་ལ་ཡོད་ཀྱི་སྔ་ཕྱི་གཉིས་ལ་ནི་ཆགས་བྲལ་སྔོན་འགྲོ་མེད་དོ། །ཞེས་གསུངས་པའི་ཕྱིར་ཟེར་བ་ལ། འོ་ན་ཆགས་བྲལ་སྔོན་འགྲོ་བཤད་སྐབས་སུ་དེ་བཤད་པའི་རྒྱུ་མཚན་གང་ཡིན་དང་རྒྱུན་ཞུགས་ལ་ཆགས་བྲལ་སྔོན་འགྲོ་མེད་པའི་རྒྱུ་མཚན་ནི། ཉ་ཊཱིཀ་ལས། ལྔ་བ་དེ་རྒྱུན་ཞུགས་ཀྱི་སྤང་བྱ་མིན་པའི་ཕྱིར་དང༌། མཐོང་ལམ་གྱི་སྔར་སྲིད་རྩེའི་མཐོང་སྤང་འཇིག་རྟེན་པའི་སྒོམ་ལམ་གྱིས་སྤོང་བ་མི་སྲིད་དེ། དེས་སྤོང་ན་འོག་མ་ལ་རགས་པ་གོང་མ་ལ་ཞི་བར་བལྟས་ནས་སྤང་དགོས་ཤིང་སྲིད་རྩེ་ལས་གོང་སའི་འཇིག་རྟེན་པ་མེད་པས་སོ། །འཇིག་རྟེན་འདས་ཀྱིས་སྲིད་རྩེ་ལ། །ཆགས་བྲལ་གཞན་ལ་རྣམ་པ་གཉིས། །ཞེས་མཛོད་དོ། །འོ་ན་འདིར་ཆགས་བྲལ་སྔོན་སོང་སྟོན་པ་ན་སྨོས་པ་ཅི་ཡིན་ཞེ་ན། མཐོང་ལམ་གྱི་སྔར་འདོད་པའི་སྒོམ་སྤང་ཅི་རིགས་སྤངས་པ་ཀུན་ཕྱོགས་གཅིག་ཏུ་སྟོན་པར་བཞེད་ནས་བསྟན་པ་ཙམ་མོ། །ཞེས་དང༌། མཆིམས་མཛོད་༥༩༣ལས། རྒྱུན་ཞུགས་ལའང་ཆགས་བྲལ་སྔོན་འགྲོ་མེད་དེ། བདེན་པ་ཐམས་ཅད་མ་མཐོང་བར་སྲིད་རྩེའི་མཐོང་སྤང་མི་སྤོང་བས་སྔར་འཇིག་རྟེན་པའི་ལམ་གྱིས་རང་གི་སྤང་བྱ་ཐམས་ཅད་སྤངས་བ་མི་སྲིད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དེ་མཐོང་ལམ་གྱི་སྔར་ཅི་ཡང་མེད་མན་ཆད་ཀྱི་ཉོན་མོངས་ཞི་རགས་རྣམ་ཅན་གྱི་ལམ་གྱིས་ཆགས་བྲལ་བྱེད་ནུས་ན། སྲིད་རྩེ་ཡན་ལ་ཁམས་དང་ས་མེད་ཀྱང་སྲིད་རྩེ་ལ་སྐྱོན་དང་ཐར་པའམ་དག་ཞིང་ཞི་བར་ལྟ་བའི་བློས་སྲིད་རྩེའི་མཐོང་སྤང་ལ་ཆགས་བྲལ་བྱེད་མི་ཐུབ་པའི་རྒྱུ་མཚན་དང༌། ཚོགས་སྦྱོར་གྱི་གནས་སྐབས་སུ་འཁོར་བ་ལ་སྐྱོན་དང་མྱང་འདས་ཞི་བར་ལྟ་བའི་བློས་འདོད་ཉོན་ལ་ཆགས་བྲལ་བྱས་པ་མེད་ལ། ཁམས་གོང་འོག་ཏུ་ཞི་རགས་སུ་ལྟ་བས་བློས་ཆགས་བྲལ་བྱེད་པ་ཡོད་པའི་རྒྱུ་མཚན་བཙལ་དགོས་སོ། །འབྲས་བུ་རིམ་གྱིས་པའི་བཅུ་དྲུག་པ་ལམ་རྗེས་ཤེས་ལ་གནས་པ་དེ་གོང་མའི་འབྲས་བུུ་ཐོབ་ཕྱིར་དུ་བརྩོན་པ་མ་ཡིན་ཏེ། རྩ་བར། འབྲས་གནས་ཁྱད་པར་བྱ་བའི་ཕྱིར། །མི་བརྩོན་པ་ནི་ཞུགས་མ་ཡིན། །ཞེས་གསུངས་པའི་ཕྱིར། འདོད་ན། ཉོན་མོངས་པ་སྤོང་ཕྱིར་དུ་བརྩོན་པ་མ་ཡིན་པར་ཐལ།འདོད་པའི་ཕྱིར། འདོད་ན། ཉོན་མོངས་པ་སྤངས་པའི་དགྲ་བཅོམ་པ་ཐོབ་ཕྱིར་དུ་བརྩོན་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐར་པ་ཐོབ་ཕྱིར་དུ་བརྩོན་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། འཁོར་བའི་སྡུག་བསྔལ་མཐའ་དག་ལ་ཞེན་པ་ལོག་ནས་དེ་ལས་ཐར་འདོད་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། ངེས་འབྱུང་གི་བསམ་པ་ཙམ་ཡང་མེད་པར་ཐལ་ལོ་ཟེར་ན་ཞིབ་ཆ་དགོས་སོ། །གྲུབ་མཐའ་གོང་མའི་ལུགས་ལ་འདོད་པའི་ཉོན་མོངས་པ་ཆུང་ངུ་མ་སྤངས་པའི་སྔར་བསམ་གཏན་དང་པོའི་ཉོན་མོངས་པ་ཆེན་པོ་སྤངས་པ་ཡོད་པས་འདོད་པའི་ཉོན་མོངས་པ་བསམ་གཏན་དང་པོའི་ཉོན་མོངས་པ་ཆེན་པོ་ལས་རགས་པས་ཆེན་པོ་མ་སྤངས་པའི་སྔར་སྤང་བྱ་ཆུང་ངུ་སྤངས་བར་ཐལ་བ་དང༌། བྱེ་བྲག་སྨྲ་བའི་ལུགས་ལའང་འདོད་པའི་ཀུན་འབྱུང་མཐོང་སྤང་མ་སྤངས་པའི་སྔར་གོང་མའི་སྡུག་བསྔལ་མཐོང་སྤང་སྤངས་པ་ཡོད་པས་སྤང་བྱ་ཆེ་རིམ་ནས་འགག་མི་དགོས་པར་འགྱུར་རམ་དཔྱད། རྒྱུན་ཞུགས་སྲིད་པ་ལན་བདུན་པ་ལ་རིགས་མཐུན་གྱི་སྐྱེ་བ་བདུན་ལེན་པས་ཁྱབ་པར་ཐལ། ཉ་ཊཱིཀ་ལས། རིམ་གྱིས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པའི་མཚན་ཉིད། རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཙམ་པོ་གང་ཞིགའདོད་པར་ལྷ་མིའི་སྐྱེ་བ་བདུན་ནམ་བཅུ་བཞི་གང་རུང་ངེས་པར་ལེན་པའི་གང་ཟག་གོ །ཞེས་གསུངས་པའི་ཕྱིར། རྒྱས་པར་དེར་ལྟ་བར་བྱའོ། །འདོད་མི་ནུས་ཏེ། མ་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་ཡོད་པའི་ཕྱིར་ཏེ། རང་འགྲེལ་༥༤༢ལས། མཆོག་ཏུ་ཐོགས་ན་ལན་བདུན་པ་གཞན་ཡང་ཡོད་མོད་ཀྱི་མ་ངེས་པས་མི་བརྗོད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། རྒྱུན་ཞུགས་དེས་འགྲོ་བ་རིགས་མཐུན་གྱི་སྐྱེ་བ་ལན་བདུན་ལས་བརྒྱད་མི་ལེན་ཏེ། རང་འགྲེལ་༥༤༡ལས། འོ་ན་གང་མདོ་ལས། གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་སྲིད་པ་བརྒྱད་པ་མངོན་པར་འགྲུབ་པ་གང་ཡིན་པ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ་འདི་ནི་གནས་མེད་དོ་ཞེས་གསུངས་པ་ནི་ཇི་ལྟ་བུ་ཞེ་ན། འགྲོ་བ་གཅིག་ཏུ་དགོངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འོ་ན་རྒྱུན་ཞུགས་ཀྱི་སྔར་རིགས་མཐུན་གྱི་འགྲོ་བར་སྐྱེ་བ་འཕེན་བྱེད་ཀྱི་ལས་བདུན་ལས་བརྒྱད་བསགས་པ་མེད་པའི་རྒྱུ་མཚན་ཆོས་མངོན་པའི་བརྡ་ཆད་ཙམ་ཡིན་པ་ལས་བདག་ལ་དཀའ་བ་བྱུང་སོང་བས་གཟུར་གནས་མཁས་དབང་དག་གིས་དཔྱད་པར་བྱའོ། །འགྲོ་བ་རིགས་མཐུན་བདུན་ལས་མི་ལེན་པ་དེ་རིགས་པར་ཐལ། འགྲོ་བ་རིགས་མཐུན་གྱི་སྐྱེ་བ་དང་པོ་ལེན་པ་གང་ཞིག གཉིས་པ་ནས་ཉེར་བརྒྱད་བར་ལེན་པའི་ཕྱིར་ཟེར་ན་ཚིག་གིས་ཞིབ་ཆ་དགོས། རྒྱུན་ཞུགས་སྲིད་པ་ལན་བདུན་པས་སྐྱེ་བ་ལེན་ཚུལ་ལ། ཉ་ཊཱིཀ་ལས། དེ་ཡང་དང་པོ་མིར་རྒྱུན་ཞུགས་ཐོབ་ན་མཐར་མིའི་རྟེན་ཁོ་ན། དང་པོ་འདོད་ལྷར་ཐོབ་ན། འདོད་ལྷའི་རྟེན་ཁོ་ན་ལ་མྱ་ངན་ལས་འདའ་བར་བཤད་པས་ལྷ་མིའི་སྐྱེ་བ་སྤེལ་མར་ལེན་པར་མངོན་པའམ་དང་པོ་གང་རུང་གཅིག་ཏུ་དྲུག་གཞན་དེར་བདུན། མཐར་དང་པོར་འོང་ནས་སོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་༥༨༨ལས། ལྷ་ནས་མིར་སྐྱེ་ཞིང་མི་ནས་ལྷར་སྐྱེ་བ་ལ་སོགས་པའི་རིམ་པས་ལན་བདུན་ཡན་མན་དུ་སྲིད་པའི་འཁོར་བར་སྐྱེ་བ་ལེན་པར་བྱས་ནས་གང་སྐྱེ་བ་གཞན་དུ་ཉིང་མཚམས་མི་སྦྱོར་བའི་སྡུག་བསྔལ་གྱི་ཐ་མ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་ཅིང༌། དེའང་སྔར་ལྷའི་ནང་དུ་རྒྱུན་ཞུགས་ཐོབ་ན་ལྷའི་ནང་དང༌། མིའི་ནང་དུ་ཐོབ་ན་མིའི་ནང་དུ་འགྲུབ་པར་བྱེད་པ་སྟེ།འབྲས་གནས་སྒོམ་སྤང་བྱ་མ་ཟད། །རེ་ལྟར་ཐོགས་ན་ལན་བདུན་པར། །ཞེས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་རོ། །སྲིད་པ་ལན་བདུན་པ་ལྷའི་རྟེན་ལ་གསར་ཐོབ་ཡོད་ན་མཐོང་ལམ་གསར་ཐོབ་ཡོད་དགོས་ལ། དེ་ལྟར་ཡིན་ན་མཐོང་ལམ་འདོད་ལྷའི་རྟེན་ལ་གསར་ཐོབ་ཡོད་ལ་རྩ་བར། འགོག་པ་དང་པོ་མིའི་ནང་དུའོ། །ཞེས་པ་ལྟར་འགོག་སྙོམས་གསར་ཐོབ་ཀྱི་རྟེན་ལ་འདོད་ལྷ་མེད་པའི་རྒྱུུ་མཚན་གང་ཡིན་དཔྱད། ཡང་ཉ་ཊཱིཀ་ལས། ལམ་རིམ་གྱིས་པའི་རྒྱུན་ཞུགས་ཁྱད་པར་ཅན་རིགས་ནས་རིགས་སྐྱེའི་མཚན་ཉིད་ནི། ལམ་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་གང་ཞིག འདོད་པའི་ལྷའམ་མི་གང་རུང་རེ་རེ་ཚེ་གཉིས་ཡན་མཐུད་ནས་ལེན་པ། ཞེས་པ་ནས་ཁ་ཅིག འདི་དག་ཡང་གཉིས་ཡན་ལེན་པའི་ངེས་པ་མེད་དེ། རང་འགྲེལ་དུ། སྐྱེ་བ་ནི་གལ་ཏེ་གོང་མའི་སྐལ་བ་དང་ལྡན་པའི་ཕྱིར་ཆེས་ཉུང་ངུར་ཡང་འགྱུར་བས་དེའི་ཕྱིར་སྨོས་སོ། །ཞེས་པས་སོ་སྙམ་ན། མིན་ཏེ། ཞེས་ཚེ་གཉིས་ཡན་མཐུད་ནས་ལེན་གསུངས་པ་ལ་དཔྱད། ཡང་རིགས་ནས་རིགས་སྐྱེ་ལ་ཚེ་གཉིས་ལེན་མི་དགོས་པར་ཐལ། མདོ་ལུགས་མ་ལས། སྐྱེ་བ་ལས་ཚེ་གཅིག་གམ་གཉིས་ལུས་པའི་ཕྱིར་རོ། །ཞེས་གསུངས་སོ་ཞེ་ན་དཔྱད་དགོས་སོ། །རྩ་བར། རྣམ་པ་ལྔ་ཡི་བར་བཅོམ་པ། །ཞེས་པས་ཕྱིར་འོང་ཞུགས་པ་ལ་འདོད་ཉོན་ལྔ་བ་སྤངས་དགོས་པ་བསྟན་པར་ཐལ། ཀུན་བཏུས་ས་འགྲེལ་༥༨༦ལས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འཇུག་པ་གང་ཞེ་ན། གང་སྔར་རྒྱུན་ཞུགས་ཐོབ་པའི་རྗེས་སུ་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་སྒོམ་པའི་ལམ་གང་རུང་ལ་འདོད་པ་ན་སྤྱོད་པའི་སྒོམ་སྤང་ཉོན་མོངས་པ་རྣམས་ཀྱི་རྣམ་པ་ལྔ་པ་འབྲིང་པོའི་འབྲིང་པོ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ་ཞེས་པ་སྟེ། རྣམ་པ་ལྔ་ཡི་བར་བཅོམ་པ། །གཉིས་པ་ལ་ནི་ཞུགས་པ་ཡིན། །ཞེས་པ་ལྟར་རོ། །ཞེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ནས་གོང་མའི་འབྲས་བུ་ཐོབ་ཕྱིར་ཏུ་བརྩོན་པ་ཡིན་ན་ཕྱིར་འོང་ཞུགས་པ་ཡིན་དགོས་པའི་ཕྱིར་ཏེ། ཉ་ཊཱིཀ་ལས། རིམ་གྱིས་པའི་ཕྱིར་འོང་ཞུགས་པའི་མཚན་ཉིད། ལམ་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་གང་ཞིག ཕྱིར་འོང་ཐོབ་ཕྱིར་བརྩོན་པ། ཞེས་གསུངས་པའི་ཕྱིར་ཟེར་ན་ཀུན་བཏུས་ས་འགྲེལ་ལ་ཞིབ་ཆ་དགོས་སོ། །ཕྱིར་མི་འོང་མངོན་པར་འདུ་བྱེད་དང་བཅས་ཏེ་འདའ་བ་དང་མངོན་པར་འདུ་བྱེད་མེད་པར་འདའ་བ་གཉིས་ཀྱི་གོ་རིམ་འདུ་བྱེད་དང་བཅས་པར་འདའ་བ་སྔོན་དང་འདུ་བྱེད་མེད་པར་འདའ་བ་རྗེས་ཡིན་པར་ཐལ། མངོན་རྒྱན་ལས། བྱེད་དང་བྱེད་མིན་འོག་མིན་འགྲོ །ཞེས་དང༌། མཛོད་རྩ་བ་ལས། འདུ་བྱེད་དང༌། འདུ་བྱེད་མེད་ཡོངས་མྱ་ངན་འདའ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། འདུ་བྱེད་མེད་པ་སྔོན་ཡིན་པའི་ཕྱིར་ཏེ། རང་འགྲེལ་༥༤༥ལས། མདོ་ལས་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་སྔར་འབྱུང་བས་དེ་ཁོ་ན་བཞིན་དུ་རུང་སྟེ། ལམ་ངང་གིས་འབྱུང་བ་དང༌། ངང་གིས་འབྱུང་བ་མ་ཡིན་པ་དག་ནི་འབད་པ་མེད་པ་དང་འབད་པས་འཐོབ་པའི་སྒོ་ནས་མངོན་པར་འདུ་བྱེད་པ་མེད་པ་དང༌། མངོན་པར་འདུ་བྱེད་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་རིགས་པས་བརྟག་ན་ཕྱི་མ་འཐད་སྙམ་མོ། །མདོ་ལུགས་མ་ལས། ཕྱིར་མི་འོང་བ་ལ་ཞུགས་གནས་གཉིས་ལས་ཞུགས་པ་ནི། སྔར་གྱི་བར་ཆད་གཅིག་པ་དེ་ཉིད་དོ། །ཞེས་དང༌། ཉ་ཊཱིཀ་ལས། ལམ་རིམ་གྱིས་པའི་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་བར་ཆད་གཅིག་པའི་མཚན་ཉིད། རིམ་གྱིས་པའི་དེ་འབྲས་གནས་གང་ཞིག འདོད་པའི་སྒོམ་སྤང་གི་ཉོན་མོངས་བདུན་པ་སྤོང་བར་བརྩོན་པའམ་བདུན་བརྒྱད་གང་རུང་སྤངས་པ་ཡིན་པ། ཞེས་འདོད་ཉོན་བདུན་པ་སྤོང་བ་ལ་བརྩོན་པ་དེ་བར་ཆད་གཅིག་པ་གསུངས་པ་ལ་བརྟག་དགོས་ཏེ། རང་འགྲེལ་༥༤༣ལས། ཉོན་མོངས་པའི་རྣམ་པ་བདུན་ནམ་བརྒྱད་སྤངས་པའི་ཕྱིར། དེའི་ཟག་པ་མེད་པའི་དབང་པོ་ཐོབ་པའི་ཕྱིར་དང༌། ཚེ་གཅིག་ལུས་པའི་ཕྱིར་རོ། །ཞེས་དང༌། མདོ་ལུགས་མ་ལས། ཡང་ལན་གཅིག་ཕྱིར་འོང་བ་དེ་ཉིད་རྒྱུ་གསུམ་གྱིས་བར་ཆད་གཅིག་པ་ཡིན་ཏེ། ཉོན་མོངས་བདུན་ནས་བརྒྱད་སྤངས་པ་དང༌། དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་དང༌། ཚེ་གཅིག་ལུས་པའི་ཕྱིར་རོ། །དེ་ནི་འབྲས་བུ་གསུམ་པ་ལ་ཞུགས་པ་ཡང་ཡིན་ནོ། །ཇི་སྐད་དུ། ཉེས་ཆ་བདུན་དང་བརྒྱད་ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང༌། །གསུམ་པ་ལ་ནི་ཞུགས་པའང་ཡིན། །ཞེས་དང༌། ཉ་ཊཱིཀ་ལས།རྒྱུ་གསུམ་གྱིས་བར་ཆད་གཅིག་པ་སྟེ། ཉོན་མོངས་པའི་རྣམ་པ་བདུན་ནམ་བརྒྱད་སྤངས་པའི་ཕྱིར་དང༌། ཞེས་སོགས་ཀྱིས་འདོད་ཉོན་བདུན་ཟད་པ་དགོས་པར་གསུངས་སོ། །ཡང་མདོ་ལུགས་མ་ལས། མྱ་ངན་འདས་ལ་ཚེ་གཅིག་གིས་ཆོད་པའི་ཕྱིར་རམ་འབྲས་བུ་གསུམ་པ་ལ་ཉོན་མོངས་པ་གཅིག་གིས་ཆོད་པའི་ཕྱིར་ཚེ་གཅིག་བར་ཆད་གཅིག་པའོ། །ཞེས་དང༌།ཉ་ཊཱིཀ་ལས། བདུན་བརྒྱད་སྤངས་པ་གཉིས་ཀའང་ཚེ་གཅིག་པ་ཡིན་ལ་བདུན་སྤངས་ཙམ་དེ་ཉོན་མོངས་གཅིག་གི་བར་ཆད་གཅིག་པ་མིན་ནོ། །ཞེས་གསུངས་པའི་དགོངས་པ་ཡང་འདོད་ཉོན་བདུན་པ་ཙམ་སྤངས་པ་དེ་ཕྱིར་མི་འོང་གི་འབྲས་བུ་ལ་ཉོན་མོངས་གཉིས་ཀྱིས་ཆོད་ཀྱང་གཙོ་བོ་འདོད་ཉོན་དགུ་བས་ཆོད་པས་ན་ཉོན་མོངས་གཅིག་གིས་ཆོད་ཅེས་གསུངས་ན་ཆོག་གམ་སྙམ་མོ། །བར་འདའ་བ་དེ་གཟུགས་སུ་སྐྱེ་བའི་ཀུན་སྦྱོར་སྤངས་ལ་མངོན་པར་འགྲུབ་པའི་ཀུན་སྦྱོར་མ་སྤངས་པ་ཡིན་པར་ཐལ། མངོན་པ་ཀུན་བཏུས་ལས། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། སྐྱེ་བའི་ཀུན་ཏུ་སྦྱོར་བ་ནི་སྤངས་ལ་མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་ནི་མ་སྤངས་པ་སྟེ། ཞེས་དང༌། ཉ་ཊཱིཀ་ལས། གཟུགས་ཀྱི་བར་དོར་སྐྱེས་ནས་དེར་ལམ་ཟག་མེད་བསྒོམ་ཏེ་དགྲ་བཅོམ་ཐོབ་ནས་ཚེ་མ་རྫོགས་པར་མྱུར་དུ་ལྷག་མེད་དུ་འདའ་སྟེ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་སུ་སྐྱེ་བའི་ཀུན་སྦྱོར་གྱི་ལས་དང༌། མངོན་པར་འགྲུབ་པའི་ཀུན་སྦྱོར་གྱི་ལས་གཉིས་ལས་གཅིག་ཡིན་པའི་ཕྱིར་ཏེ། མཛོད་རྩ་བར། དེ་ནི་འཕེན་པ་གཅིག་པའི་ཕྱིར། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། བར་འདའ་བ་དེ་ཐོག་མར་ལྷག་བཅས་མ་ཐོབ་པར་ལྷག་མེད་དུ་འདའ་བ་ཡིན་པར་ཐལ། མཆིམས་མཛོད་༦༠༠ལས། དང་པོ་འདི་ནས་ཤི་འཕོས་ཏེ་གཟུགས་ཀྱི་༼གནས་བཅུ་དྲུག་གང་རུང་གི་༽བར་དེར་༼ལྷག་མེད་༽དགྲ་བཅོམ་ཐོབ་པར་བྱེད་པའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་པ་འདྲ་སྟེ། མཆིམས་མཛོད་༦༠༡ལས། བར་དོར་འདའ་བ་དེ་ཚེ་ལ་དབང་བར་འགྱུར་རོ་ཞེ་ན་མི་དབང་ཡང་བར་དོར་གནས་པར་བྱེད་པའི་ལས་ནི་སྐྱེས་ནས་མྱོང་འགྱུར་ལྟ་བུའི་མཐུ་ཅན་མེད་པས་མྱུར་ཏུ་ལྷག་མེད་དུ་འདའ་ལ། འདི་ནི་ཚད་དེ་རྫོགས་ནས་སོ། །ཞེས་ཞིབ་ཆ་གསུངས་སོ། །གཟུགས་སུ་ཉེར་འགྲོ་ལ་འཕར་བ་དང་ཕྱེད་དུ་འཕར་བ་དང་གནས་ཐམས་ཅད་དུ་འཆི་འཕོ་བ་གསུམ་དུ་མ་ངེས་ཏེ། མཆིམས་མཛོད་༦༠༢ལས། གང་དག་འོད་གསལ་མན་ཆད་དུ་རིམ་གྱིས་སྐྱེས་ནས་དེའི་རྟེན་ལ་དགྲ་བཅོམ་པ་ཐོབ་པ་ལ་སོགས་པའང་ཡོད་པར་རིགས་པའི་ཕྱིར་འདི་གསུམ་དུ་ངེས་པ་ནི་མ་ཡིན་པར་གསལ་ལོ། །ཞེས་གསུངས་པའི་ཕྱིར། འདོད་ན། གསུམ་དུ་ཕྱེ་བ་གང་གི་དབང་དུ་བྱས་པ་ཡིན་བཙལ་དགོས་སོ། །རྩ་བར་སྔར་ཕྱིར་མི་འོང་བཤད་ཟིན་དེ་དག་ལས་གཞན་རྣམས་ཚེ་དེ་ལ་མྱང་འདས་ཐོབ་པ་ཡིན་ཏེ། རྩ་བར། གཞན་ནི་དེ་ལ་མྱ་ངན་འདའ། །ཞེས་དང༌། མཆིམས་མཛོད་༦༠༣ལས། ཕྱིར་མི་འོང་སྔར་གྱི་དེ་དག་ལས་གཞན་ནི་མཐོང་ཆོས་ཚེ་དེ་ཉིད་ལ་དགྲ་བཅོམ་ཐོབ་ནས་མྱ་ངན་ལས་འདའ་བའོ། །ཞེས་གསུངས་པའི་ཕྱིར། འདོད་ན། གང་དག་འོད་གསལ་མན་ཆད་དུ་རིམ་གྱིས་སྐྱེས་ནས་དེའི་རྟེན་ལ་དགྲ་བཅོམ་པ་ཐོབ་འགྱུར་གྱི་ཕྱིར་མི་འོང་དེ་དེ་དག་ལས་གཞན་ཡིན་ན་ཚེ་དེར་དགྲ་བཅོམ་ཐོབ་དགོས་པ་ལ་དེ་མི་རིགས་པ་སླ་ལ། དེ་རྩ་བར་སྔར་བཤད་ན་གང་གི་སྐབས་སུ་བཤད་པ་ཡིན་མིན་དཔྱད།བར་འདའ་བ་དེ་ཉོན་མོངས་པ་ཆེན་པོ་རྒྱུད་ལྡན་མ་ཡིན་དགོས་པར་ཐལ། མཛོད་འགྲེལ་གནད་སྒྲོན་ལས། དེ་དག་གི་ནི་ཁྱད་པར་རྣམས། །ལས་དབང་ཉོན་མོངས་བྱེ་བྲག་ལས། །གསུམ་དང་དགུ་པོ་དེ་དག་གི་ཁྱད་པར་ནི་ལས་དང༌། ཉོན་མོངས་པ་དང༌། དབང་པོའི་བྱེ་བྲག་ལས་ཏེ། རེ་ཞིག་གསུམ་པོ་ནི་མངོན་པར་འགྲུབ་པ་དང༌། སྐྱེས་པ་དང༌། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་བསགས་པའི་ཕྱིར་དང༌། ཉོན་མོངས་པ་ཀུན་ཏུ་སྤྱོད་པ་ཆུང་བ་དང༌། འབྲིང་དང༌། ཆེན་པོའི་ཕྱིར་དང༌། ཞེས་སོགས་གསུངས་པའི་ཕྱིར། ཚངས་རིས་ཀྱི་བར་དོའི་རྟེན་ལ་བར་དོར་འདའ་བའི་འདོད་རྟེན་ཅན་ཕྱིར་མི་འོང་ཆོས་ཅན། ཉོན་མོངས་པ་ཆུང་ངུ་ལས་གཞན་ཆེན་པོ་མེད་པར་ཐལ། བར་འདའ་བ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་ཀྱི་ཉོན་མོངས་པ་སྐོར་དགུའི་ཆེན་པོ་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར་ཟེར་བ་དང༌། སྐྱེ་འདའ་བ་དེ་འཕེན་བྱེད་ཀྱི་ལས་ལ་སྐྱེས་ནས་མྱོང་འགྱུར་གྱིས་མ་ཁྱབ་པར་ཐལ། དེ་ལ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཡོད་སྲིད་པའི་ཕྱིར་ཏེ། སྐྱེ་འདའ་བའི་སྐྱེ་བ་སྔ་མ་ལ་བསགས་པའི་ལས་ཡོད་པའི་ཕྱིར་ཟེར་ན་དཔྱད། བར་འདའ་བ་གསུམ་དང་སྐྱེ་འདའ་བ་གསུམ་ལ་ཉོན་མོངས་པ་དང་དབང་པོའི་བྱེ་བྲག་ལས་ལས་ཀྱི་བྱེ་བྲག་མེད་དེ། མཛོད་འགྲེལ་གནད་སྒྲོན་ལས། གསུམ་ཚན་དང་པོ་གཉིས་ནི་གོང་མ་བཞིན་དུ་ཉོན་མོངས་པ་དང་དབང་པོའི་བྱེ་བྲག་ལས་སོ། །གསུམ་ཚན་ཐ་མ་ནི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་བྱེ་བྲག་ལས་ཀྱང་ངོ༌། །ཞེས་གསུངས་པ་དང༌། གསུམ་ཚན་་དེ་གཉིས་ལ་ལས་ཀྱི་བྱེ་བྲག་མེད་པའི་རྒྱུ་མཚན་ནི་མཆིམས་མཛོད་༦༠༥ལས། དང་པོ་གསུམ་ནི་མངོན་པར་འགྲུབ་པའི་ལས་སུ་མཚུངས་ལ། གཉིས་པ་གསུམ་ནི་སྐྱེས་ནས་མྱོང་འགྱུར་དུ་མཚུངས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། འདོད་ན། སྐྱེས་ནས་མྱོང་འགྱུར་དུ་མཚུངས་ན་ལས་ཀྱི་སྒོ་ནས་བྱེ་བྲག་མེད་པས་ཁྱབ་ན་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་སུ་མཚུངས་ན་ལས་ཀྱི་སྒོ་ནས་བྱེ་བྲག་མེད་དགོས་པར་ཐལ། དེ་གཉིས་མཚུངས་པའི་ཕྱིར། འདོད་ན། གསུམ་ཚན་ཐ་མ་ཡང་ལས་ཀྱི་སྒོ་ནས་བྱེ་བྲག་མེད་པར་ཐལ།ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་སུ་མཚུངས་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་༦༠༥ལས། གསུམ་ཚན་ཐ་མ་ལ་ནི་ལས་དབང་ཉོན་མོངས་གསུམ་གའི་བྱེ་བྲག་ཡོད་དོ། །ཞེས་གསུངས་པའི་ཕྱིར་ཞེས་པའི་རྩོད་ཚུལ་རེ་ཡོད་དོ། །སྐྱེས་བུ་དམ་པའི་འགྲོ་བ་ཡིན་ན་བདུན་པོ་གང་རུང་ཡིན་པས་ཁྱབ་པར་ཐལ། མཆིམས་མཛོད་༦༠༥ལས། ཅིའི་ཕྱིར་འདི་དག་ཁོ་ན་དམ་པར་བརྗོད་ཅེ་ན། ལས་དམ་པ་དགེ་བ་ལ་འཇུག་པའི་ཕྱིར་དང༌། དམ་མིན་མི་དགེ་བ་ལ་མི་འཇུག་པའི་ཕྱིར་དང༌། འགྲོ་བ་འདི་དག་ཏུ་སོན་པ་ཕྱིར་མི་འོང་བའི་ཕྱིར་དེ་དག་ཁོ་ན་སྐྱེས་བུ་དམ་པའི་འགྲོ་བ་ཡིན། ཞེས་གསུངས་པའི་ཕྱིར། འདོད་ན། འདོད་ཉོན་དགུ་བའི་དངོས་གཉེན་བར་ཆད་མེད་ལམ་ལ་གནས་པའི་ཉན་ཐོས་འཕགས་པ་ཆོས་ཅན། དམ་པའི་འགྲོ་བ་མིན་པར་ཐལ། དེ་བདུན་གང་ཡང་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དམ་པའི་འགྲོ་བ་འཇོག་བྱེད་དང་པོ་ལས་དམ་པ་དགེ་བ་ལ་འཇུག་པ་དང༌། གཉིས་པ་དམ་མིན་མི་དགེ་བ་ལ་མི་འཇུག་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། འཇོག་བྱེད་གསུམ་པ་མ་ཚང་ཟེར་ན། འོ་ན་གཟུགས་ཀྱི་རྟེན་ཅན་གྱི་བར་དོར་མྱུར་བར་འདའ་བ་ཆོས་ཅན། དམ་པའི་འགྲོ་བ་མ་ཡིན་པར་ཐལ། དེ་འཇོག་བྱེད་གསུམ་པ་མ་ཚང་བའི་ཕྱིར། ཁྱབ་པ་ཁས་ཟེར་བ་དང༌། སངས་རྒྱ་ཁའི་རྒྱུན་མཐའ་བ་དེ་དམ་པའི་འགྲོ་བ་ཡིན་མིན་སོགས་ལ་དཔྱད།ཡང་མཛོད་ལས། འདོད་པར་ཚེ་ཡོངས་གྱུར་པའི་འཕགས། །ཁམས་གཞན་དུ་ནི་འགྲོ་བ་མེད། །ཅེས་གསུངས་པ་ལ་འདོད་པར་ཚེ་ཡོངས་འགྱུར་གྱི་འཕགས་པ་ཁམས་གོང་མ་སྐྱེ་བ་ཡོད་པར་ཐལ། དེ་འདྲའི་འདོད་པར་ཚེ་ཡོངས་འགྱུར་འཕགས་པ་དེ་ཁམས་གོང་དུ་འགྲོ་བ་མེད་ན་དགྲ་བཅོམ་མ་ཐོབ་གོང་དུ་བསད་པ་སོགས་མེད་པར་འགྱུར་ཕྱིར་དང༌། བརྒྱ་བྱིན་གྱིས་འདོད་པར་འཕགས་ཆོས་ལན་གཉིས་བརྟེན་ནས་ཁམས་གོང་མར་མྱང་འདས་ལ་ཐོབ་པ་སྨོན་ལམ་གནང་བའི་ཕྱིར་ཏེ། བརྒྱ་བྱིན་གྱི་མདོ་ལས། འདི་ནས་ཤི་འཕོས་མི་གྱུར་རྟེན་ལ་མི་འདའ་ཡིས། །བདག་ནི་ཐ་མར་ཉམས་ན་ལྷ་གང་འོག་མིན་ཞེས། །རྣམ་པར་གྲགས་པ་དེར་ནི་སྐྱེ་བར་འགྱུར་བར་ཤོག །བཅོམ་ལྡན་བདག་ནི་རྒྱུན་ཞུགས་བདེ་གཤེགས་རྒྱུན་ཞུགས་ཏེ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ནི་བྱེ་བྲག་སྨྲ་བས་ནི་བརྒྱ་བྱིན་དགའ་བའི་ཕྱིར་མ་བཀག་པ་ཡིན་པར་འདོད་དེ། རང་འགྲེལ་༥༤༩ལས། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཆོས་མངོན་པ་མངོན་པར་མི་ཤེས་པའི་ཕྱིར་ཏེ། ཡང་དག་པར་དགའ་བར་བྱ་བ་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་མ་བཀག་གོ་ཞེས་ཟེར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། བརྒྱ་བྱིན་སྐྱེ་བ་ཕྱི་མ་ལ་དགྲ་བཅོམ་ཐོབ་པར་ལུང་བསྟན་ན་དགའ་བའི་ཕྱིར་ཟེར་ན་དཔྱད། ཡང་གོང་མའི་ལུགས་ལ་བརྒྱ་བྱིན་རྒྱུན་ཞུགས་ཡིན་ན་ཤེར་ཕྱིན་གྱི་མདོ་གསུངས་སྐབས་ཀྱི་འཁོར་ལ་ཀུན་དགའ་བོ་མ་གཏོགས་ཐམས་ཅད་དགྲ་བཅོམ་པ་ཤ་སྟག་ཡིན་པར་གསུངས་པ་འགལ་ལམ་ཅི། དེའི་ཚེ་དེའི་འཁོར་ན་བརྒྱ་བྱིན་ཡོད་དགོས་ཏེ། ཡུམ་མདོ་ན་བརྒྱ་བྱིན་གྱི་ལེའུ་ཡོད་པ་དང་བརྒྱ་བྱིན་དང་དྲི་བ་དྲིས་ལན་གྱིས་ཚུལ་དུ་གསུངས་པ་ཡོད་པས་སོ། །བར་འདའ་བ་དེའི་སློབ་དཔོན་གཞན་ལ་མ་བསྟེན་ན་དེ་རང་རྒྱལ་དུ་འགྱུར་ཏེ། ཉ་ཊཱིཀ་ལས། འདི་སངས་རྒྱས་དང་མ་ཕྲད་ན་རང་རྒྱལ་དགྲ་བཅོམ་ཚོགས་སྤྱོད་དུ་འགྱུར་བར་སློབ་དཔོན་ཐོགས་མེད་ཀྱིས་དགོངས་འགྲེལ་འགྲེལ་བར་གསུངས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། གཟུགས་མེད་ཉེར་འགྲོའི་སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་ལ་སྤྲུལ་བའི་ལུས་བཟུང་ནས་ཆོས་ཉན་དགོས་ཀྱང་དེ་ལ་སྤྲུལ་སེམས་མེད་དེ། སེམས་ཉི་ཤུ་ཕྱེ་སྐབས་གཟུགས་མེད་ན་ལུང་མ་བསྟན་ལས་རྣམ་སྨིན་སྐྱེས་ལས་གཞན་མ་གསུངས་པའི་ཕྱིར་སྤྲུལ་སེམས་མེད་པའི་ཕྱིར་ཟེར་ན་དེ་རང་རྒྱལ་དུ་འགྱུར་མི་དགོས་སམ་དཔྱད། སྤེལ་ཆོས་ཟག་བཅས་དེ་ཉ་ཊཱིཀ་ལས། ཞི་རགས་རྣམ་པ་ཅན་གྱི་ཟག་བཅས། ཞེས་ཞི་རགས་རྣམ་པ་ཅན་དུ་གསུངས་ལ། དེ་ལྟར་ན་སྤེལ་སྒོམ་རྒྱུད་ལྡན་དེས་འོག་ས་ལ་ཆགས་པ་དང་བྲལ་ཟིན་ན་དེ་ཞི་རགས་རྣམ་ཅན་སྒོམ་པའི་དགོས་པ་གང་ཡིན་དཔྱད། ཕྱིར་མི་འོང་གིས་གནས་གཙང་དུ་སྐྱེ་ཕྱིར་དུ་སྤེལ་སྒོམ་བསྒོམ་ན་སྔར་བཤད་ལྟར་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དེ། གནས་གཙང་གི་སྐྱེ་བ་འཕེན་བྱེད་དུ་ཁ་བསྒྱུར་བ་ཡིན་ན་དེ་འདྲའི་ཁ་བསྒྱུར་བའི་ལས་དེ་གསར་བསགས་ཀྱི་གང་ཟག་དེ་སྐྱེ་འཕགས་སུ་ཡིན། གོང་མའི་ལུགས་ལ་དེ་འཕགས་པ་ཡིན་ན། རྟེན་འབྲེལ་མདོ་འགྲེལ་ལས། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་གསུངས་པ་དང་འགལ་ལ། བྱེ་བྲག་སྨྲ་བའི་ལུགས་ལ་ལས་དེ་འཕགས་པའི་བསགས་ནུས་ན་སྤེལ་སྒོམ་གྱིས་ཁ་བསྒྱུར་མི་དགོས་པར་འགྱུར་ལ། རས་དཀར་པོ་ཞིག་དམར་པོ་བསྒྱུར་བ་དེའི་ཚེ་རས་དམར་པོ་དེ་གསར་ཏུ་འཐག་ཟེར་དགོས་པར་འགྱུར་བ་དང༌། བྱིས་པ་ལོ་གཅིག་ཅན་དེ་མའི་མངལ་ལས་སྐྱེས་ཚེ་དེ་དང་རྒྱུད་གཅིག་པའི་ལོ་བརྒྱད་ཅུ་ཅན་དེ་མ་སྐྱེས་པར་འགྱུར་བ་སོགས་ཀྱིས་གནོད་པའི་ཕྱིར། དེ་སོ་སྐྱེ་ཡིན་ན་སྔར་གྱི་ལས་དེ་བསགས་དུས་སུ་གནས་གཙང་སྐྱེ་བྱེད་ཀྱི་ལས་དེ་བསག་དགོས་ལ། དེ་ལྟར་ན་དེ་རྗེས་སུ་གནས་གཙང་སྐྱེ་བ་འཕེན་བྱེད་དུ་ཁ་བསྒྱུར་མི་དགོས་པར་འགྱུར་རོ་ཞེ་ན་དཔྱད། ཡང་ཉ་ཊཱིཀ་ལས། བདེན་པའི་རྣམ་པ་ཅན་གྱི་བཞི་བ་ཟག་མེད། ཞི་རགས་ཀྱི་རྣམ་པ་ཅན་གྱི་ཟག་བཅས། ཡང་བཞི་བ་ཟག་མེད་རྒྱུན་ཆགས་གསུམ་སྤེལ་ནས་སྙོམས་པར་འཇུག་ཅིང༌། ཞེས་དང༌། མདོ་ལུགས་མ་ལས། བསམ་གཏན་རྣམས་སྤེལ་ནས་བསམ་གཏན་དང་པོའི་རོ་མྱངས་ཏེ་བསམ་གཏན་གསུམ་པ་ལས་ཉམས་པ། ཞེས་གསུངས་པ་ལ། བསམ་གཏན་བཞི་བའི་དངོས་གཞི་ཟག་བཅས་ཟག་མེད་གཉིས་ཀ་ལས་ཉམས་པ་མི་འཐད་པར་ཐལ། དེ་གཉིས་འཕགས་ལམ་ཡིན་པའི་ཕྱིར་རོ། །ཡང་ན་ཟག་བཅས་ལས་ཉམས་པ་ཡོད་ཀྱང་དེ་འདྲའི་ཟག་མེད་ཉམས་པ་མེད་པའི་ཕྱིར་ཞེ་ན་དཔྱད།ཉ་ཊཱིཀ་ལས། སློབ་དཔོན་ནི། སངས་རྒྱས་མིན་པས་སྐད་ཅིག་སྤེལ་མི་ནུས་པས། ཞེས་དང༌།ཀུན་བཏུས་ས་འགྲེལ་ལས། དབྱིག་གཉེན་ལ་སོགས་པ་ནི་སྐད་ཅིག་མ་སྤེལ་བ་སངས་རྒྱས་ལས་གཞན་པས་མི་ནུས་པས་རྒྱུན་ཆགས་སྤེལ་བར་བཞེད་དོ། །ཞེས་དང༌། རང་འགྲེལ་༥༥༠ལས། སངས་རྒྱས་མ་གཏོགས་པས་སྐད་ཅིག་སྤེལ་བར་མི་ནུས་ཏེ། ཞེས་གསུངས་པ་ལ། འོ་ན་བྱང་སེམས་ས་དང་པོ་ལ་གནས་པའི་གང་ཟག་གིས་སྐད་ཅིག་མ་གཅིག་ལ་ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་ནུས་པར་གསུངས་པ་སོགས་སློབ་དཔོན་གྱིས་ཁས་ལེན་དགོས་པས་སོ་ཟེར་ན་དཔྱད། ཟག་མེད་གཉིས་ཀྱི་དམིགས་རྣམ་ཁྱད་མེད་ན་ཉ་ཊཱིཀ་ལས། དང་པོ་གཉིས་བར་ཆད་མེད་ལམ་ལྟ་བུ་དང༌། གསུམ་པ་རྣམ་གྲོལ་ལྟ་བུའོ། །ཞེས་གསུངས་པ་ལྟར་དང་པོ་གཉིས་བར་ཆད་མེད་ལམ་དང་གཉིས་པ་རྣམ་གྲོལ་ལམ་ལྟ་བུ་ཡིན་ཚུལ་ལ་དཔྱད། མཆིམས་མཛོད་༦༠༨ལས། དེ་དག་ཏུ་སྐྱེ་བ་ནི་ཟག་བཅས་༼ཀྱི་རྫོགས་བྱེད་ཀྱི་༽དབང་གིས་སྐྱེ་བ་ཡིན་གྱི་༼འཕེན་བྱེད་མིན་ནོ་༽ཟག་མེད་ནི་སྲིད་པའི་གཉེན་པོ་ཡིན་པས་འཕེན་བྱེད་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ན་སྤེལ་སྒོམ་པའི་རྒྱུད་ལ་ཁ་བསྒྱུར་བྱའི་འཕེན་བྱེད་ཀྱི་ལས་ཡོད་མེད་ཅི། ཡོད་ན་དེ་ལ་གང་འཇོག འོན་ཀྱང་ཟླ་ཟེར་༢༩༣ལས།ཟག་བཅས་རྣམས་ཀྱང་གནས་གཙང་དེར་སྐྱེ་བ་འགྲུབ་བྱེད་དམ་རྫོགས་བྱེད་ཡིན་པས་འཕེན་བྱེད་དངོས་ནི་སྔོན་སོ་སྐྱེའི་རྟེན་ལ་བསགས་པ་ཡིན་ལ། འཕེན་བྱེད་ཀྱི་ལས་དེ་ཉིད་ཕྱིར་མི་འོང་གི་རྟེན་ལ་སྤེལ་སྒོམ་བྱས་པ་ན་དངོས་གཞི་ཟག་བཅས་རྣམས་ཀྱིས་འགྲུབ་བྱེད་ཀྱི་ལས་སུ་བསྒྱུར་པ་ནི་ཡིན་ནོ། །ཞེས་གསུངས་སོ། །མེད་ན་ཁ་བསྒྱུར་ཚུལ་མེད་དམ་དཔྱད།དྲུག་སྤེལ་སོགས་ཟག་བཅས་ཟག་མེད་སྤེལ་ཚུལ་ནི། ཟླ་ཟེར་ལས། སྤེལ་ཚུལ་ཡང་ཟག་མེད་གཉིས་དང་ཟག་བཅས་གཉིས་སོགས་སྤེལ་བ་མ་ཡིན་པར་ཟག་མེད་ཟག་བཅས་རེ་རེ་ནས་སྤེལ་དགོས་ལ། དེས་ན་ཟག་མེད་གཉིས་ཀྱི་བར་དུ་ཟག་བཅས་གཅིག་ཙམ་སྤེལ་བ་ཆུང་ངུ་གསུམ་སྤེལ། དེ་ན་ཟག་མེད་གསུམ་དང་ཟག་བཅས་གསུམ་རེ་རེ་ནས་སྤེལ་བར་འབྲིང་དྲུག་སྤེལ། ཟག་མེད་ལྔ་དང་ཟག་བཅས་བཞི་ཙམ་སྤེལ་བ་ཆེན་པོ་དགུ་སྤེལ། ཟག་མེད་དྲུག་དང་ཟག་བཅས་དྲུག་ཙམ་སྤེལ་བ་ཤིན་ཏུ་ཆེན་པོ་བཅུ་གཉིས་སྤེལ། ཟག་མེད་བརྒྱད་དང་ཟག་བཅས་བདུན་སྤེལ་བ་ཆེས་ཤིན་ཏུ་ཆེན་པོ་བཅོ་ལྔ་སྤེལ་ལོ། །ཞེས་གསུངས་ལ། འོན་ཀྱང་དེ་ནི་གཞུང་ཆེན་དག་གི་དགོངས་པར་མི་འགྲོ་སྟེ། རྒྱལ་སྲས་མ་ལས། གཉིས་པ་ལ་ནི་དྲུག་གོ་ཞེས་བྱ་ནི་ཟག་པ་མེད་པ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་ཞེས་བྱ་བ་གསུམ་དང༌། ཡང་ཟག་པ་མེད་པ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་ཞེས་བྱ་བ་དྲུག་ཡིན་ནོ། །གསུམ་པ་ལ་ནི་དགུའོ། །བཞི་བ་ལ་ནི་བཅུ་གཉིས་སོ། །ལྔ་བ་ལ་ནི་བཅོ་ལྔ་སྟེ་ཞེས་བྱ་ཡང་དེ་ཁོ་ན་བཞིན་དུ་སྦྱར་བར་བྱའོ། །ཞེས་དང༌། གང་སྤེལ་ལས། གཉིས་པ་ལ་ནི་དྲུག་གོ་ཞེས་བྱ་ནི་ཟག་པ་མེད་པ་དང༌། ཟག་པ་དང་བཅས་པ་དང༌།ཟག་པ་མེད་པ་དང༌། ཡང་ཟག་པ་མེད་པ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའོ། །ཞེས་གསུངས་པའི་ཕྱིར་རོ། །མཆིམས་མཛོད་སོགས་ལས་དེ་ལྟར་གསུངས་སོ། །སྤེལ་སྒོམ་གྱི་སྤེལ་ཆོས་སྐད་ཅིག་དང་པོ་དེ་སྤེལ་སྒོམ་མ་ཡིན་པར་ཐལ། སྤེལ་སྒོམ་ལ་སྤེལ་བ་དང་སྐད་ཅིག་མ་བསྲེས་དགོས་པའི་ཕྱིར་ཏེ། རྩ་བར། སྐད་ཅིག་མ་ནི་བསྲེས་པས་གྲུབ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་བོ། །རྩ་བར། དེ་དག་གི་ནི་ཁྱད་པར་རྣམས། །ལས་དབང་ཉོན་མོངས་བྱེ་བྲག་ལས། །ཞེས་པས་གོང་འཕོ་དབང་རྟུལ་ཡིན་པར་གསུངས་ལ།སྤེལ་སྒོམ་གྱི་སྐབས་སུ་རང་འགྲེལ་༥༥༠ལས། ཕྱིར་མི་འོང་བ་དབང་པོ་རྣོན་པོ་རྣམས་ནི་གནས་གཙང་མ་རྣམས་སུ་སྐྱེ་བར་བྱ་བའི་ཕྱིར་དང༌། མཐོང་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་རོ། །ཞེས་དབང་རྣོན་ཡིན་གསུངས་པས་གོང་འོག་ཞིབ་ཆ་ཤེས་དགོས་སོ། ། མཆིམས་མཛོད་༦༠༢ལས། བསམ་གཏན་དང་པོའི་བདེ་བའི་རོ་མྱངས་པས་གོང་མ་གསུམ་ལས་ཉམས་ཏེ། །ཞེས་གསུངས་པ་ལྟར་སྤེལ་སྒོམ་ཉམས་ནས་ཚངས་རིས་སུ་སྐྱེས་ཚེ་འོག་མའི་ཉོན་མོངས་མངོན་གྱུར་བས་བསམ་གཏན་གཉིས་པའི་དངོས་གཞི་སོགས་ཉམས་དགོས་ལ། དེ་ལྟར་ན་བསམ་གཏན་བཞི་བའི་དངོས་གཞི་ལས་ཉམས་དགོས་ལ། དེ་ལྟར་ན་བཞི་བའི་ཟག་མེད་ལས་ཉམས་དགོས་པར་འགྱུར་རམ་ཅི། མི་དགོས་ན་འཕགས་ལམ་ལས་ཉམས་པ་མེད་ལ་མི་སློབ་ལམ་ལས་ཉམས་པ་ཡོད་པའི་རྒྱུ་མཚན་དག་འཚོལ་དགོས་སོ། །འབྲས་བུ་ཐོག་མཐའ་གཉིས་དབང་པོ་དགུ་ཙམ་གྱིས་ཐོབ་པ་ཡིན་པར་ཐལ། རྩ་བར། འབྲས་བུ་ཐ་མ་གཉིས་དགུས་ཐོབ། །ཅེས་དང༌། མཛོད་འགྲེལ་གནད་སྒྲོན་ལས། འབྲས་བུ་ཐ་མ་གཉིས་དགུས་འཐོབ། །རྒྱུན་དུ་ཞུགས་པ་དང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དག་ནི་དབང་པོ་དགུས་ཐོབ་བོ། །དེ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་དད་པ་ལ་སོགས་པ་དང༌།ཀུན་ཤེས་པ་དང་ལྡན་པའི་དབང་པོ་མ་གཏོགས་པ་དང༌། ཡིད་དང་བཏང་སྙོམས་ཀྱི་དབང་པོ་དག་དང་དགུས་འཐོབ་བོ། །ཞེས་སོགས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དབང་པོ་བཅུས་ཐོབ་པ་ཡོད་པའི་ཕྱིར་ཏེ། དབང་རྣོན་ཀྱིས་ཉེར་བསྡོགས་ལ་བརྟེན་ཀྱང་མཉམ་བཞག་གི་སྐབས་སུ་དབང་པོ་འཕོ་ཐུབ་པ་གང་ཞིག ཉེར་བསྡོགས་ཀྱི་ཚོར་བ་ཚོར་བ་བཏང་སྙོམས་ཡིན་ལ་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བའི་ཚོར་བ་ཚོར་བ་ཡིད་བདེ་ཡིན་པའི་ཕྱིར། ཕྱི་མ་སླ། དང་པོ་གྲུབ་སྟེ། མཆིམས་མཛོད་༦༡༤ལས། གལ་ཏེ་དབང་པོ་རྣོན་པོ་ཡིན་ན་བསམ་གཏན་གྱི་དངོས་གཞི་ལས་རྣམ་གྲོལ་གྱི་ལམ་ཐ་མ་སྐྱེ་སྟེ། ཉེར་བསྡོགས་ཀྱི་ཚོར་བ་བཏང་སྙོམས་དེ་དངོས་གཞིའི་ཡིད་བདེ་དང་བདེ་བར་སྤོ་ནུས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་གོང་དུ་མ་ཁྱབ་བོ། །ཡང་ཁ་ཅིག་འདོད་པ་ལས་འདོད་ཆགས་དང་བྲལ་བའི་གང་ཟག་ཆོས་ཅན། ཁྱོད་བསམ་གཏན་གཉིས་པར་སྐྱེ་བའི་ཚེ་ཁྱོད་ཀྱི་རྒྱུད་ཀྱི་འདོད་པའི་འདོད་ཆགས་སྤངས་པའི་བྲལ་བ་དེ་ལ་ཐོབ་པ་གཏན་ནས་མེད་པར་ཐལ། དེའི་སྔར་གྱི་ཐོབ་པ་ཟག་བཅས་དེ་བསམ་གཏན་དང་པོའི་དགེ་བ་ཟག་བཅས་ཡིན་པས་གཉིས་པར་སྐྱེས་ཚེ་ས་འཕོས་པས་བཏང་དགོས་པ་གང་ཞིག འདོད་པའི་འདོད་ཆགས་དང་བྲལ་བའི་བྲལ་བ་དེ་ལ་བསམ་གཏན་གཉིས་པའི་སས་བསྡུས་ཀྱི་ཐོབ་པ་མི་སྲིད་པའི་ཕྱིར།རྟགས་དང་པོ་གྲུབ་སྟེ། གནས་བཞི་བ་ལས། བསམ་གཏན་གཏོགས་པའི་དགེ་བ་ནི། །ས་འཕོས་ཉམས་པ་དག་གིས་གཏོང༌། །ཞེས་གསུངས་པའི་ཕྱིར། འོན་ཀྱང་འདིའི་འགྲེལ་བ་དག་ལས་བསམ་གཏན་གྱི་དགེ་བ་གཟུགས་ཅན་ཞེས་པ་ཞིབ་ཆ་ཡིན་མིན་ཚོལ། རྟགས་གཉིས་པ་གྲུབ་སྟེ། བྲལ་བ་དེ་འདྲེན་བྱེད་ཀྱི་བར་ཆད་མེད་ལམ་ས་གང་དུ་གཏོགས་ན་དེའི་བྲལ་ཐོབ་ཀྱང་ས་དེར་གཏོགས་དགོས་པའི་ཕྱིར་ཏེ། གནས་གཉིས་པ་ལས། མ་གཏོགས་རྣམས་ཀྱི་རྣམ་པ་བཞི། །ཞེས་དང༌། མཆིམས་མཛོད་༡༥༥ལས། ཟག་བཅས་ནི་ཐོབ་བྱེད་ཀྱི་དབང་གིས་གཟུགས་གཟུགས་མེད་གང་རུང་དུ་གཏོགས་ཀྱི་འདོད་པར་མི་གཏོགས་པ་སྔར་བཞིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། འཕགས་པས་འཇིག་རྟེན་པའི་ལམ་ལ་བརྟེན་ནས་ཐོབ་པའི་བྲལ་བ་ཡིན་ན་ཁྱོད་ལ་བྲལ་ཐོབ་ཟག་བཅས་ཟག་མེད་གཉིས་ཡོད་པས་ཁྱབ་པར་ཐལ། རྩ་བར། འཇིག་རྟེན་པ་ཡིས་ཆགས་བྲལ་བའི། །འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། དེ་འདྲ་ལ་ཟད་སྡོམ་ཐོབ་ཚེ་དེ་གཉིས་ཡོད་མེད་ཡང་དཔྱད། རྒྱུ་མཚན་ལྔ་ཚང་ན་འབྲས་བུ་བཞི་འཇོག་པའི་ཁྱབ་པར་ཐལ། རྩ་བར། འབྲས་བུ་བཞི་རྣམ་བཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ལྔ་ཚང་ན་འབྲས་བུ་བཞི་ཅི་རིགས་འཇོག་ཅེས་པའི་དོན་ཡིན་ཞེས་ཟེར་ན། དེ་བཞི་གང་རུང་འཇོག་པ་ལ་རྒྱུ་ལྔ་ཞེས་བཤད་མི་དགོས་པར་ཐལ། རྒྱུ་ལྔ་ལས་གཉིས་པ་གཞན་ཐོབ་པ་དེ་ཚང་ན་འབྲས་བུ་བཞི་པོ་གང་རུང་འཇོགདགོས་པའི་ཕྱིར་ཟེར་ན་དཔྱད། ཟད་སྡོམ་ཐོབ་ཚུལ་གོང་དུ་ཅུང་ཟད་བཤད་ཟིན་ཏོ། །ཡང་འབྲས་བུ་བཞི་གང་རུང་འཇོག་པ་རྒྱུ་མཚན་ལྔ་ཚང་དགོས་ན་ཟད་སྡོམ་ཐོབ་དགོས་པས་ན། ཆགས་བཅས་བཅུ་དྲུག་པ་ཆོས་ཅན། ཁྱོད་ལ་ཟད་སྡོམ་ཐོབ་པར་ཐལ། ཁྱོད་རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་པ་ཡིན་པའི་ཕྱིར། འདོད་ན། མཐོང་སྤང་སྤངས་པའི་ཡོངས་ཤེས་དྲུག་སྡོམ་པར་ཐལ།འདོད་པའི་ཕྱིར། འདོད་ན། ཁྱོད་ཡོངས་ཤེས་གཅིག་ཁོ་ན་དང་ལྡན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། གནས་ལྔ་བ་ལས། སྒོམ་ལ་གནས་པ་དྲུག་གམ་ནི། །གཅིག་གམ་ཡང་ན་གཉིས་དང་ངོ༌། །ཞེས་གསུངས་པའི་ཕྱིར་ཟེར་བའི་དཔྱད་ཚུལ་འདི་སྔར་གནས་ལྔ་བར་ཅུང་ཟད་བཤད་ཟིན་ཏོ། །ཡང་ཕྱིར་འོང་གི་འབྲས་བུ་ཆོས་ཅན། ཁྱོད་ལ་ཟད་སྡོམ་ཚང་བར་ཐལ། འབྲས་བུ་བཞི་བོ་གང་རུང་འཇོག་པའི་ཕྱིར། འདོད་ན། སྤངས་པ་སྡོམ་པ་དང་ཡོངས་ཤེས་སྡོམ་པ་ཚང་བར་ཐལ། འདོད་པའི་ཕྱིར། འདོད་ན། ཡོངས་ཤེས་སྡོམ་པའི་རྒྱུ་མཚན་གཉིས་ཚང་བར་ཐལ། འདོད་པའི་ཕྱིར། འདོད་ན། ཁམས་ལས་འདས་པ་དང་འབྲས་བུ་ཐོབ་པ་གཉིས་ཀ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། གནས་ལྔ་བའི་རྩ་བར། ཡོངས་ཤེས་ཁམས་ལས་འདའ་བ་དང༌། །འབྲས་བུ་ཐོབ་ཕྱིར་དེ་དག་བསྡོམས། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། ཁམས་ལས་མ་འདས་པའི་ཕྱིར་ཟེར་ན་དཔྱད། རྒྱུ་ལྔ་བཤད་སྐབས་སུ་སྤངས་པ་སྡོམ་ཚུལ་རང་འགྲེལ་༥༥༩ལས། སྤངས་པ་བསྡོམས་པ་ནི་ཐམས་ཅད་ཀྱི་ཐོབ་པ་གཅིག་རྙེད་པའི་ཕྱིར་རོ། །ཞེས་གསུངས་སོ། །བཅུ་དྲུག་པ་ལ་གནས་པའི་རྒྱུན་ཞུགས་ཆོས་ཅན། མཐོང་སྤང་སྤངས་པའི་ཡོངས་ཤེས་དང་པོ་ལྔ་མི་ལྡན་པར་ཐལ། དེ་ལྔ་བཏང་ཟིན་པའི་ཕྱིར། དེར་ཐལ། དེ་ལྔ་རྒྱུན་ཞུགས་ཀྱི་ཞུགས་ལམ་དང་ཟག་མེད་ལམ་བདེན་ཡིན་པ་གང་ཞིག ཁྱོད་ཀྱི་རྒྱུད་ལ་ཟག་མེད་ཀྱི་གཏོང་རྒྱུ་འབྲས་བུ་ཐོབ་པ་དང༌། དེར་མ་ཟད་འབྲས་བུ་ཐོབ་ཚེ་ཞུགས་ལམ་གཏོང་དགོས་པའི་ཕྱིར།དང་པོ་གྲུབ་སྟེ། ཟག་མེད་འདུས་བྱས་ཡིན་པ་དང༌། དེ་ཡིན་ན་ལམ་བདེན་ཡིན་དགོས།དེ་རྒྱུན་ཞུགས་ཞུགས་པའི་རྒྱུད་ཀྱིས་བསྡུས་པའི་ལམ་བདེན་དུ་འགྱུར་དགོས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། རྩ་བར། འཕགས། འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། །ཞེས་དང༌། འབྲས་ལ་སྔོན་ལམ་བཏང་བ་དང༌། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། རྩ་བར། འཇིག་རྟེན་པ་ཡི་ཐོབ་འབྲས་ནི། །བསྲེས་དང་ཟག་མེད་ཐོབ་འཛིན་ཕྱིར། །ཞེས་དང༌། མཆིམས་མཛོད་༦༡༧ལས། གལ་ཏེ་ཟག་མེད་ཀྱི་ལམ་ཁོ་ན་དགེ་སྦྱོང་གི་ཚུལ་ཡིན་ན་ཆགས་བྲལ་སྔོན་འགྲོས་འཇིག་རྟེན་པའི་ལམ་གྱིས་འབྲས་བུ་བར་བ་གཉིས་ཐོབ་པ་སྲིད་པས་དེ་དག་ཇི་ལྟར་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཡིན་ཞེ་ན། འཕགས་པ་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འབྲས་བུ་བར་བ་གཉིས་ནི་སྒོམ་ལམ་ཟག་བཅས་མཐོང་ལམ་ཟག་མེད་ཀྱི་སྤངས་བ་བསྲེས་ནས་ཐོབ་པའི་ཕྱིར་དང༌། འབྲས་བུ་བར་བ་གཉིས་ཀྱིས་བསྡུས་པའི་ཟག་མེད་ཀྱི་ཐོབ་པ་གཅིག་འཛིན་པའི་ཕྱིར་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འབྲས་བུ་དེ་གཉིས་མཐོང་ལམ་གྱི་འབྲས་བུ་ཡིན་ན་གནས་ལྔ་བའི་རྩ་བར། དྲུག་བཟོད་འབྲས། ལྷག་མ་རྣམས་ནི་ཤེས་པའི་ཡིན། །ཞེས་གསུངས་པ་དང་མི་འགལ་ཚུལ་ཤེས་དགོས་སོ། །འོ་ན་འགོག་བདེན་བརྒྱད་ཅུ་རྩ་དགུ་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ནམ་མིན་དང་པོ་ལྟར་ན་ཚོགས་སྦྱོར་གྱི་གནས་སྐབས་སུ་ཐོབ་པའི་འགོག་བདེན་དེ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཡིན་ཚུལ་གང་ཡིན་དང༌། གཉིས་པ་ལྟར་ན་རྩ་བར། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །འབྲས་བུ་འདུས་བྱས་འདུས་མ་བྱས། །དེ་དག་བརྒྱད་ཅུ་རྩ་དགུའོ། །ཞེས་དང༌། རང་འགྲེལ་༥༥༩ལས། ཉོན་མོངས་པ་དེ་དག་གི་སྤངས་པ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་འདུས་མ་བྱས་དག་ཡིན་ཏེ། དེ་ལྟར་བརྒྱད་ཅུ་རྩ་དགུའོ། །ཞེས་པའི་རྩ་འགྲེལ་དང་མི་འགལ་ཚུལ་ལ་དཔྱད། གཞུང་ཆེན་དུ་མར་བྱེ་བྲག་སྨྲ་བས་མཐོང་ལམ་ཁོ་ན་ལ་ཆོས་འཁོར་འཇོག་པར་བཤད་ལ། དེའི་རྒྱུ་མཚན་སངས་རྒྱས་ཀྱིས་འཁོར་ལྔ་སྡེ་ལ་ཆོས་འཁོར་བསྐོར་ནས་ཀུན་ཤེས་ཀོའུ་དཱིནྱའི་རྒྱུད་ལ་མཐོང་ལམ་སྐྱེས་པ་དེའི་ཚེ་ལྷ་རྣམས་ཀྱིས་འཛམ་བུ་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་རྒྱུ་མཚན་ལྷས་བསྒྲགས་པ་སོགས་ཀྱིས་སོ། །དེས་ན། འཁོར་ལོ་རིན་པོ་ཆེ་དང་འདྲ་ཆོས་ཡོད་པའི་མཐོང་ལམ་དེ། ཆོས་འཁོར་གྱི་མཚན་ཉིད་དུ་བཞག་ན་འགལ་བ་མེད་པར་སྣང་སྟེ། མཛོད་ལས། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །མྱུར་བར་འགྲོ་སོགས། །ཞེས་དང༌། ཉ་ཊཱིཀ་ལས། བྱེ་བྲག་སྨྲ་བ་ནི། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ་ཞེས་མཐོང་ལམ་ཁོ་ན་ཆོས་འཁོར་དུུ་འདོད་དེ།རྒྱུ་མཚན་འཕྲོས་དང་བཅས་པ་མཛོད་ལས་ཤེས་དགོས་སོ། །ཞེས་དང༌། མཆིམས་མཛོད་༦༡༨ལས། དེ་ལ་ཆོས་ཀྱི་འཁོར་ལོ་ནི་མཐོང་བའི་ལམ་དེ་ཉིད་ཡིན་ཏེ། མྱུར་བར་འགྲོ་བ་དང༌། སོགས་པས་བསྡུས་པ་འདོར་བ་དང་འཇུག་པ་དང༌། མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང༌། རྒྱལ་བ་རྣལ་དུ་འགོད་པ་དང༌། འཕར་བ་དང་འབབ་པ་ཞེས་བྱ་བ་འཁོར་ལོ་རིན་པོ་ཆེ་དང་ཆོས་མཐུན་པའི་ཕྱིར། ཞེས་དང༌། མཛོད་རང་འགྲེལ་ལས། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །རྒྱུ་བས་ན་འཁོར་ལོའོ། །དེ་དང་ཆོས་མཐུན་པའི་ཕྱིར་མཐོང་བའི་ལམ་ནི་ཆོས་ཀྱི་འཁོར་ལོ་ཡིན་ནོ། །འདིའི་ཆོས་མཐུན་པ་ཇི་ལྟ་བུ་ཞེ་ན། མྱུར་བར་འགྲོ་སོགས་རྩིབས་སོགས་ཀྱིས། །མྱུར་དུ་འགྲོ་བའི་ཕྱིར་དང༌། འདོར་བ་དང་འཇུག་པའི་ཕྱིར་དང༌། མ་རྒྱལ་བ་རྒྱལ་བར་བྱེད་པ་དང༌། རྒྱལ་བ་རྣལ་དུ་དགོད་པའི་ཕྱིར་དང༌། འཕར་བ་དང་འབབ་པའི་ཕྱིར་ཏེ། མྱུར་བར་འགྲོ་བ་ལ་སོགས་པ་ནི་དེ་ལྟ་བུ་ཡིན་ནོ། །ཞེས་དང༌། མཐོང་བའི་ལམ་ཆོས་ཀྱི་འཁོར་ལོ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ཞེ་ན་འཕགས་པ་ཀོཎྜིནྱ་ལ་དེ་སྐྱེས་པ་ན་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་གསུངས་པའི་ཕྱིར་རོ། །ཞེས་དང༌། གཞི་བསྡུ་བ་ལས། བཅོམ་ལྡན་འདས་ཀྱིས་ཀྱང་ཀུན་ཤེས་ཀོའུ་དཱིནྱའི་རྒྱུད་ལ་ཀུན་ཤེས་པའི་ཆོས་ཉིད་དང་མཐུན་པར་བསྐོར་ལ་དེ་ཡང་གཞན་དག་ལ་མཐུན་པར་བསྐོར་བར་གྱུར་བ་དང༌། དེ་དག་ཀྱང་གཞན་དག་ལ་མཐུན་པར་བསྐོར་བར་འགྱུར་ཏེ། དེ་བས་ན་གཅིག་ནས་གཅིག་ཏུ་བརྒྱུད་དེ་མཐུན་པར་བསྐོར་བའི་དོན་གྱིས་འཁོར་ལོ་ཞེས་བྱའོ། །ཞེས་དང༌། མདོ་ལས།ནམ་མཁའ་ལ་ལྷ་རྣམས་ཀྱིས་ཨ་ལ་ལ་འཛམ་བུ་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཐོང་ངོ༌། ཞེས་གསུངས་སོ། །ཡང་བྱེ་བྲག་སྨྲ་བའི་ལུགས་ལ་ཆོས་འཁོར་ལ་མཐོང་ལམ་གྱིས་མ་ཁྱབ་པར་ཐལ། དེའི་ལུགས་ལ་ལུང་གི་ཆོས་འཁོར་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ། རྟགས་གྲུབ་སྟེ། བྱམས་སྨོན་འགྲེལ་བ་ལས། དེ་ལ་བྱེ་བྲག་ཏུ་སྨྲ་བའི་སྡེ་བ་ཕལ་ཆེ་བ་དག་མཐོང་བའི་ལམ་ཁོ་ན་རྟོགས་པ་དོན་གྱི་ཆོས་འཁོར་དང༌། དེ་ཐོབ་བྱེད་ཀྱི་རྐྱེན་བསྟན་པ་དེ་ཉིད་འབའ་ཞིག་ལུང་གི་ཆོས་འཁོར་དུ་འདོད། ཅེས་གསུངས་པའི་ཕྱིར་རོ། །ཁྱད་ཆོས་དྲུག་ལྡན་གྱི་ཆོས་འཁོར་རྒྱུད་ལ་སྐྱེས་མ་ཐག་པ་དང༌། དེའི་ཡིན་པ་གང་འཇོག་དཔེར་ན་ཐོག་མཐའ་བར་གསུམ་དུ་གལ་ཆེ་བའི་སྙིང་རྗེ་དང༌། ཐེག་གསུམ་གྱི་མ་ལྟ་བུའི་ཤེས་རབ་དང༌། ཁྱད་ཆོས་གསུམ་ལྡན་གྱི་ཡང་དག་མཐའ་དང༌། ལམ་ལྔའི་སྤྱིར་གྱུར་བའི་ལམ་དང༌། ཚོར་བ་དང་མཚུངས་ལྡན་གྱི་སེམས་ཀྱི་ཡིན་པ་དེ་སྐྱེས་མ་ཐག་པ་འཇོག་ཚུལ་ཞིབ་ཏུ་དཔྱད་པར་བྱའོ། །ཆོས་འཁོར་ལ་མཐོང་ལམ་དགོས་པའི་རྒྱུ་མཚན་ལྷས་བསྒྲགས་པ་དགོས་ན་མཐོང་ལམ་ཐམས་ཅད་ལ་མ་ཁྱབ་ལ། ཀུན་ཤེས་ཀོའུ་དཱིནྱའི་རྒྱུད་ལ་མཐོང་ལམ་སྐྱེས་པ་དེའི་ཚེ་ལྷ་རྣམས་ཀྱིས་འཛམ་བུ་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་རྒྱུ་མཚན་ལྷས་བསྒྲགས་པ་ཡོད་པ་ཙམ་ལ་བསམ་ནས་སྤྱིར་མཐོང་ལམ་ཆོས་འཁོར་ཡིན་ན་འཕགས་ལམ་ལ་དེའི་རྒྱུ་མཚན་ཚང་བར་འགྱུར་བ་ཡིན་ལ། བདེན་བཞིའི་ཆེད་དུ་བྱ་བའི་གདུལ་བྱ་ལྔ་སྡེ་འཇོག་ན་དེ་སྐོར་དུས་དེ་དག་གི་རྒྱུད་ལ་མཐོང་ལམ་སྐྱེས་མ་སྐྱེས་དང༌། འཁོར་བསྒྱུར་གྱི་འཁོར་ལོ་མེད་པའི་ས་ཕྱོགས་སུ་འཁོར་བསྒྱུར་གྱི་འཁོར་ལོ་དང་ཆོས་མཚུངས་ཡོད་མེད་སོགས་ལ་དཔྱད། ཁམས་གོང་ན་མཐོང་ལམ་མེད་ལ། དེ་མེད་པའི་རྒྱུ་མཚན་གཟུགས་མེད་པས་འདོད་པའི་སྡུག་བདེན་ལ་དམིགས་མི་ནུས་ལ། གཟུགས་ཁམས་ན་ཚོར་བ་སྡུག་བསྔལ་མེད་པས་སྐྱོ་བ་མེད་པས་ཡིན་ཏེ། རྩ་བར། འདོད་པར་གསུམ་ཐོབ་ཐ་མ་ནི། །གསུམ་དུའོ་གོང་ན་མཐོང་ལམ་མེད། །མི་སྐྱོ་ལུང་ལས་འདིར་རྩོམ་ཞིང༌། །ཞེས་དང༌། རྩ་བར། གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཞེས་དང༌། མཆིམས་མཛོད་༦༢༢ལས། གཟུགས་ཁམས་སུ་སྐྱེས་པའི་སོ་སོའི་སྐྱེ་བོ་ནི་སྙོམས་འཇུག་གི་བདེ་བ་ལ་ཆགས་པའི་ཕྱིར་དང༌། སྡུག་བསྔལ་གྱི་ཚོར་བ་མེད་པའི་ཕྱིར་འཁོར་བ་ལ་མི་སྐྱོ་ལ། སྐྱོ་བ་མེད་པར་འཕགས་ལམ་ཐོབ་པར་མི་ནུས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འོ་ན་གོང་ན་ངེས་འབྱུང་གི་བསམ་པ་མེད་པར་འགྱུར་བ་ཡིན་མིན་དང༌། སྦྱོར་ལམ་གྱི་སྐབས་སུ་རྩ་བར། མི་ཡི་ནང་ནས་འཕེན་པར་བྱེད། །ཅེས་དང༌། འགོག་པ་དང་པོ་མིའི་ནང་དུའོ། །ཞེས་གསུངས་པ་དང༌། སྲིད་པ་ལན་བདུན་སོགས་ཀྱི་སྐབས་སུུ་མཐོང་ལམ་འདོད་ལྷའི་རྟེན་ལ་ཐོབ་པ་ཡོད་པ་སོགས་གོང་འོག་བསྒྲིགས་ནས་དཔྱད་དགོས། སྔར་ཡང་ཅུང་ཟད་བཤད་ཟིན་ཏོ། །མདོ་ལས། དགྲ་བཅོམ་པ་ཉམས་པའི་ཆོས་ཅན་དང༌། ཞེས་གསུངས་པ་ལྟར་དགྲ་བཅོམ་པ་ཉམས་པའི་ཆོས་ཅན་དེ་དགྲ་བཅོམ་པ་ལས་ཉམས་བྱེད་ཀྱི་ཉོན་མོངས་པའི་དངོས་ཀྱི་ཉེར་ལེན་ཡོད་དགོས་ཏེ། བར་སྲིད་སྒྲུབ་བྱེད་ཀྱི་རིགས་པ་གནས་གསུམ་པར༌། འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར། །ཞེས་སོགས་གསུངས་པ་སྔར་བཤད་ཟིན་ཏོ། །གྲུབ་མཐའ་གོང་མའི་ལུགས་ལ་དགྲ་བཅོམ་པ་དགྲ་བཅོམ་པ་མ་ཡིན་པར་གྱུར་ནས་ཉམས་པ་མེད་ཀྱང་དགྲ་བཅོམ་ཉམས་པའི་ཆོས་ཅན་ཡོད་དེ། ཀུན་བཏུས་ས་འགྲེལ་༥༩༣ལས། སློབ་པ་ལ་ཉམས་པ་སྲིད་ཀྱི་དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པ་མི་སྲིད་ལ། ཉམས་པར་གསུངས་པ་ནི་བསམ་གཏན་དངོས་གཞིའི་ཏིང་ངེ་འཛིན་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཉམས་པར་འགྱུར་བ་སྟེ། རྙེད་དང་བཀུར་སྟིས་དབྱེ་ན་སྤྱོས་པས་དབང་པོ་ཉམས་པ་སྲིད་པའི་ཕྱིར་རོ། །ཉམས་པར་བྱེད་པའི་རྒྱུ་ལྔ་ནི་རྒྱལ་བོའི་སྲས་ཀྱིས་མདོ་དྲངས་པ་ལྟར། ལས་ཀྱི་མཐའ་ལ་ཞུགས་པ་དང་སྨྲ་བ་ལ་ཞུགས་པ་དང་རྩོད་པ་ལ་ཞུགས་པ་དང༌།རིང་དུ་རྒྱུ་བས་དུབ་པ་དང་ནད་ཡུན་རིང་པོས་ཐེབས་པ་རྣམས་ཡིན་ལ། མི་ཉམས་པའི་རྒྱུ་ནི་དྲན་པ་དང་ཤེས་བཞིན་གྱིས་སེམས་རྗེས་སུ་སྲུང་བར་བྱེད་པའོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་མཐོང་ཆོས་བདེར་གནས་ཀྱི་བསམ་གཏན་གྱི་དངོས་གཞི་ལས་ཉམས་པ་ལ་འོག་མའི་ཉོན་མོངས་མངོན་དུ་གྱུར་མི་དགོས་ན་འདོད་པ་ལ་ཆགས་པ་དང་བྲལ་ཡང་བསམ་གཏན་གྱི་དངོས་གཞི་མི་ལྡན་པ་ཡོད་མེད་སོགས་ལ་དཔྱད། སྐབས་འདིར་སྙོམས་འཇུག་གི་སྒྲིབ་པ་ལྔ་མཆིམས་མཛོད༦༣༢ལས། དེ་ལ་རྣམ་པར་ཐར་བའི་སྒྲིབ་པ་ནི་༼ལེ་ལོ་དང་༽དམིགས་པ་བརྗེད་པ་དང་བྱིང་བ་དང་རྒོད་པ་དངརྩོལ་བ་དང་མི་རྩོལ་བའི་ཉེས་པ་ལྔ་ལ་སོགས་པ་སྟེ། ཞེས་གསུངས་པས་དེ་དག་ལ་ཉོན་མོངས་ཡོད་ལ། དེ་ལྟར་ན་ཤེས་སྒྲིབ་མ་ཡིན་དགོས་ལ། དེ་མི་རིགས་ཏེ། སྙོམས་འཇུག་གི་སྒྲིབ་པ་ཤེས་སྒྲིབ་ཡིན་པའི་ཕྱིར་ཏེ། མཆིམས་མཛོད་༦༣༣ལས། ཡང་ན་དབུས་མཐའ་ལས། ཉོན་མོངས་པ་ཡི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་གསུངས་པ་ལྟར་ན་ཤེས་བྱའི་སྒྲིབ་པར་འདུས་སོ། །དེ་ལྟ་ན་ཉན་རང་གི་ཤེས་སྒྲིབ་སྤངས་པར་འགྱུར་རོ་ཞེ་ན། ཤེས་སྒྲིབ་མཐའ་དག་སྤངས་པ་ལ་ནི་ཁྱབ་པ་མེད་ལ།ཤེས་སྒྲིབ་ཀྱི་བྱེ་བྲག་འགའ་ཞིག་སྤངས་པ་ནི་འདོད་པ་ཉིད་དེ། ཞེས་དང༌། ཀུན་བཏུས་ས་འགྲེལ༥༨༣ལས། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་གང་ཞེ་ན། ཤེས་རབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྤངས་བས་གང་ཟག་པ་ཟད་པ་དང༌། དངོས་གཞི་ཐོབ་ཅིང་སྙོམས་འཇུག་གི་སྒྲིབ་པའང་སྤངས་པས་རྣམ་པར་ཐར་བ་བརྒྱད་ལ་བསམ་གཏན་ཏུ་བྱེད་ནུས་ཤིང་ཡོན་ཏན་གྱི་རྒྱན་དང་ལྡན་པའི་གང་ཟག་གོ །དེ་དག་ཀྱང༌། འགོག་ཐོབ་གཉིས་ཀ་ལས་རྣམ་གྲོལ། །ཤེས་རབ་ཀྱིས་ནི་ཅིག་ཤོས་སོ། །ཞེས་པ་ལྟར་ཏེ། སྙོམས་འཇུག་གི་སྒྲིབ་པ་ནི་དབུས་མཐའི་ཊཱི་ཀར། ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པར་བཤད་པས་ཤེས་བྱའི་སྒྲིབ་པའི་ཁྱད་པར་ཡིན་ལ། ཐེག་དམན་ལའང་དེ་དག་ཐམས་ཅད་སྤང་བ་མེད་ཀྱང༌། ཅི་རིགས་པ་སྤངས་པ་ཡོད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་ལེ་ལོ་སོགས་ཉོན་སྒྲིབ་ལས་གཞན་དུ་མི་འཐད་པས་དཔྱད། ཡང་དགྲ་བཅོམ་པ་བར་བ་བཞི་བོ་གང་རུང་ཡིན་ན་རིགས་ལས་ཉམས་སྲིད་པས་ཁྱབ་པར་ཐལ། རྩ་བར། བཞི་ནི་རིགས་ལས་ལྔ་འབྲས་ལས། །ཞེས་གསུངས་པའི་ཕྱིར། འདོད་ན། སློབ་ལམ་ནས་རིགས་དེ་དག་ཏུ་ངེས་པའི་དགྲ་བཅོམ་བར་བ་བཞི་ཆོས་ཅན། ཁྱོད་རང་གི་རིགས་ལས་ཉམས་པ་སྲིད་པར་ཐལ། འདོད་པའི་ཕྱིར།འདོད་མི་ནུས་ཏེ། མཆིམས་མཛོད་༦༢༤ལས། འོན་ཀྱང་དང་པོ་ནས་རིགས་ངེས་པ་ལས་ནི་ཐམས་ཅད་ཀྱང་ཉམས་པ་མ་ཡིན་ཏེ། དགྲ་བཅོམ་འཆི་བར་སེམས་པ་ལ་སོགས་པར་ངེས་པ་ནི་སློབ་པ་དང་མི་སློབ་པ་ལམ་གཉིས་ཀྱིས་བརྟན་པོར་བྱས་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །ཁམས་གོང་མ་ན་དགྲ་བཅོམ་རིགས་དྲུག་ཡོད་པར་ཐལ། མཆིམས་མཛོད་༦༢༤ལས། དེ་ལྟར་ན་ཁམས་གསུམ་ཆར་ན་དགྲ་བཅོམ་པ་དྲུག་གི་དབྱེ་བ་རུང་ངོ༌། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཉམས་པའི་ཆོས་ཅན་དང༌། རྟོགས་པའི་སྐལ་བ་ཅན་སོགས་བཞི་མེད་པའི་ཕྱིར་ཏེ། རྩ་བར། དེ་དང་གོང་མར་སྐྱེས་པ་ནི། །ཡོངས་ཉམས་དབང་པོ་འཕོ་མི་བསྟེན། །ཞེས་དང༌། མཆིམས་མཛོད་༦༢༤ལས། གོང་མ་གཉིས་ན་ནི།བཞི་བ་དང་དྲུག་པ་ལས་གཞན་མ་ཡིན་ཏེ། དེ་དང་གོང་མར་སྐྱེས་པ་ནི། །ཡོངས་ཉམས་དབང་པོ་འཕོ་མི་བསྟེན། །ཞེས་པ་དེ་གཉིས་ན་ཡོངས་སུ་ཉམས་པ་མེད་པས་དང་པོ་གསུམ་མེད་ལ་དབང་པོ་འཕོ་བ་མེད་པས་ལྔ་བ་ཡང་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།འདོད་མི་རིགས་ཏེ། ཕྱིར་མི་འོང་རྗེས་སུ་སྲུང་བའི་ཆོས་ཅན་དབང་པོ་མ་སྦྱངས་པར་ཚེ་འཕོས་ནས་ཁམས་གོང་མ་སྐྱེ་བ་མེད་པའི་ལུང་རིགས་མེད་པའི་ཕྱིར་ཟེར་ན་དཔྱད། མཆིམས་མཛོད་༦༣༡ལས། འཕགས་པའི་གང་ཟག་ནི་བདུན་ཏེ། དད་པས་རྗེས་འབྲང་དང༌། ཆོས་ཀྱི་རྗེས་འབྲང་དང༌། དད་པས་མོས་པ་དང༌། མཐོང་བས་ཐོབ་པ་དང༌། ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང༌། ཤེས་རབ་ཀྱི་རྣམ་པར་གྲོལ་བ་དང༌། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའོ། །ཞེས་གསུངས་པ་རྣམས་ནི་རྫས་ཐ་དད་ཡིན་མོད་ཀྱང་མཆིམས་མཛོད་༦༣༡ལས། དེ་ལྟར་ན་མིང་གི་སྒོ་ནས་བདུན་ཡིན་ལ་བདུན་པོ་དེ་དག་ཀྱང་རྫས་སུ་ནི་དྲུག་ཡིན་ཏེ།ཞེས་གསུངས་པས་རྒྱུ་མཚན་ལ་དཔྱད། མཆིམས་མཛོད་༦༣༤ལས། དབང་པོས་རྫོགས་པ་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དུས་དང་མི་སྦྱོར་བའོ། །སྙོམས་འཇུག་གི་རྫོགས་པ་ནི་གཉིས་ཀའི་ཆ་ལས་གྲོལ་བ་དུས་ཀྱི་རྣམ་པར་གྲོལ་བའོ། །དབང་པོ་དང་སྙོམས་འཇུག་གཉིས་ཀས་ཆ་ལས་རྣམ་པར་གྲོལ་བ་དུས་དང་མི་སྦྱོར་བའོ། །ཞེས་གསུངས་པ་ལྟར་དུས་དང་མི་སྦྱོར་བ་ནི་གཉིས་ཀས་ཆ་ལས་རྣམ་པར་གྲོལ་བ་ཡིན་དགོས་པས་རང་རྒྱལ་དགྲ་བཅོམ་པ་དང་སངས་རྒྱས་གཉིས་ཡང་མི་གཡོ་བ་ཡིན་པས་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ཏེ། མཆིམས་མཛོད་༦༣༠ལས། དེ་ལ་སངས་རྒྱས་གཉིས་ནི་མི་གཡོ་བའི་བྱེ་བྲག་ཁོ་ན་ཡིན་ལ་གཉིས་ཀའི་ཆ་ལས་རྣམ་གྲོལ་ཡང་ཡིན་ནོ། །ཞེས་གསུངས་པའི་ཕྱིར།འདོད་ན། དེ་གཉིས་ལ་ཐོབ་པའི་འགོག་སྙོམས་སུའི་རྒྱུད་ལ་ཡོད་དཔྱད།་ རྩ་བར། བསམ་གཏན་དག་གིས་ལམ་རྣམས་སླ། །ས་གཞན་དག་ནི་དཀའ་བ་ཡིན། །ཞེས་པའི་སྐབས་སུ་མངོན་ཤེས་ཀྱི་སེམས་བརྟེན་ལ་ཉེར་བསྡོགས་ཡོད་མེད་མཁས་པ་རྣམས་བཞེད་ཚུལ་མི་མཐུན་པས་དཔྱད་པར་བྱའོ། །བྱང་ཕྱོགས་སོ་བདུན་ལ་རྫས་བཅུ་པོ་གང་རུང་གིས་ཁྱབ་པར་ཐལ། རྩ་བར། རྫས་སུ་རྣམ་པ་བཅུ་ཡིན་ནོ། །ཞེས་དང༌། ཕྱོགས་གླང་གི་མཛོད་འགྲེལ་གནད་སྒྲོན་ལས། མིང་གི་སྒོ་ནས། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་པ་སུམ་ཅུ་རྩ་བདུན་ཞེས་བྱའོ། །རྫས་སུ་བཅུ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཐམས་ཅད་ནི་རྫས་བཅུ་པོ་འདི་ལྟ་སྟེ། དད་དང་བརྩོན་འགྲུས་དྲན་པ་དང༌། །ཤེས་རབ་ཏིང་འཛིན་བཏང་སྙོམས་དགའ། །རྟོག་དང་ཚུལ་ཁྲིམས་ཤིན་ཏུ་སྦྱངས། །ཞེས་གསུངས་པའི་ཕྱིར། འདོད་ན། ལུས་དྲན་པ་ཉེར་བཞག་གི་དྲན་པ་དང་མཚུངས་ལྡན་གྱི་ཚོར་བ་ཆོས་ཅན། དེར་ཐལ། དེའི་ཕྱིར།རྟགས་གྲུབ་སྟེ། རྩ་བར། སྦྱོར་བྱུང་ཡོན་ཏན་ཀུན་ཀྱང་ཡིན། །ཞེས་དང༌། མཆིམས་མཛོད་༦༣༧ལས། གཙོ་བོ་སྨོས་པ་ཡིན་གྱི་དེ་དག་ཀྱང་འཁོར་དང་བཅས་ན་ནི་སྐྱེས་ཐོབ་ཀྱི་ཡོན་ཏན་དད་པ་ལ་སོགས་པ་མ་གཏོགས་པ་སྦྱོར་བ་ལས་བྱུང་བའི་ཡོན་ཏན་ཐོས་པ་དང༌། ཞེས་པ་ནས། དྲན་པ་ཚུལ་ཁྲིམས་ལ་སོགས་པ་ཀུན་ཀྱང་དྲན་པ་ཉེར་བཞག་ལ་སོགས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་སྡེ་ཚན་དང་པོ་གསུམ་ལས་དད་དབང་ལ་སྦྱོར་བྱུང་ཡོན་ཏན་ཀུན་ལྡན་མི་འཇོག་པ་འདྲ་ལ། ཉ་ཊཱིཀ་ལས་ཡང་དག་སྤོང་བའི་མཚན་ཉིད་ཀྱི་ཟུར་ལ་བརྩོན་འགྲུས་ཞེས་གསུངས་པས་སྦྱོར་བྱུང་ཡོན་ཏན་ཀུན་ལྡན་ལ་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །བྱེ་བྲག་སྨྲ་བའི་ལུགས་ལ་མཆིམས་མཛོད་༦༣༧ལས། བྱེ་བྲག་ཏུ་སྨྲ་བ་ལྟར་ན་ཚུལ་ཁྲིམས་ཀྱི་ཡན་ལག་ལུས་ངག་གི་རྫས་ཐ་དད་ཅིང་རིགས་མི་མཐུན་པའི་ཕྱིར་རྫས་བཅུ་གཅིག་ཡིན་ནོ། །ཞེས་གསུངས་སོ། །རྫས་སུ་བཅུ་ཞེས་པ་ངོ་བོ་ཉིད་ཙམ་མ་ཡིན་པར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཐམས་ཅད་ནི་རྫས་བཅུ་པོ་ཞེས་གསུངས་པས་སོ། །འདི་དག་གི་སྐབས་སུ་ཉ་ཊཱིཀ་གི་མཚན་ཉིད་བཞག་ཚུལ་སོགས་ལ་བལྟ་བར་བྱའོ། །ལྷའི་རྣ་བའི་མངོན་ཤེས་དང༌། ལྷའི་མིག་གི་མངོན་ཤེས་ལ་དྲན་པ་ཉེར་བཞག་ཡོད་པར་ཐལ། མཆིམས་མཛོད་༧༠༠ལས། རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང༌། ལྷའི་རྣ་བའི་དང༌། ལྷའི་མིག་གི་མངོན་ཤེས་གསུམ་ནི་དྲན་པ་ཉེར་བཞག་དང་པོ་ལུས་དྲན་པ་ཉེར་བཞག་ཡིན་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། དེ་ལ་ལུང་མ་བསྟན་ཡོད་པར་ཐལ། དེ་ལ་མིག་རྣའི་མངོན་ཤེས་ཡོད་པའི་ཕྱིར། ཁྱབ་སྟེ། རྩ་བར། མངོན་ཤེས་སྤྲུལ་བ་མ་གཏོགས་པ། །ཞེས་དང༌། གནས་བདུན་པར། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན། །ཞེས་གསུངས་པའི་ཕྱིར། དེ་ལ་ལུང་མ་བསྟན་ཡོད་པར་འདོད་མི་ནུས་ཏེ། བྱང་ཕྱོགས་སོ་བདུན་ལ་དགེ་བ་དང་ལམ་གྱིས་ཁྱབ་པའི་ཕྱིར་ཏེ། རྩ་བར། ཟད་དང་མི་སྐྱེ་ཤེས་པ་ནི། །བྱང་ཆུབ་དེ་དང་མཐུན་པའི་ཕྱིར། །ཞེས་དང༌། མཆིམས་མཛོད་༦༣༦ལས། བྱང་ཆུབ་ཀྱི་ཕྱོགས་མཐུན་ཞེས་བྱ་བའི་མིང་ཐོབ་བོ། །ཞེས་པ་ནས། ལམ་འདི་དག་གིས་བྱང་ཆུབ་དེ་དང་དངོས་དང་བརྒྱུད་པའི་སྒོ་ནས་རྗེས་སུ་མཐུན་པའི་རྒྱུ་ཉིད་ཡིན་པའི་ཕྱིར་མདོ་ལས་དྲན་པ་ཉེར་བཞག་བཞི་ལ་སོགས་པ་སུམ་ཅུ་རྩ་བདུན་པོ་ལ་བྱང་ཆུབ་དེའི་ཕྱོགས་དང་མཐུན་པ་ཞེས་འབྱུང་ངོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། སྡེ་ཚན་བདུན་གྱི་ས་མཚམས་ནི། མཆིམས་མཛོད་༦༤༢ལས། སྡེ་ཚན་བདུན་ནི་གནས་སྐབས་དེ་དང་དེར་གཙོ་བོ་ཡིན་པས་གོ་རིམ་བཞིན་དུ་ལས་དང་པོ་པ་ཚོགས་ལམ་པ་དང་ངེས་འབྱེད་ཆ་མཐུན་པའི་བཞི་པོ་རྣམས་དང་ནི་སྒོམ་ལམ་དང་མཐོང་ལམ་ལ་གནས་པའི་གནས་སྐབས་ཀྱི་རབ་ཏུ་ཕྱེ་ཞིང་བཞག་སྟེ། ཞེས་གསུངས་སོ། །དེ་ལྟར་ན་ཐེག་ཆེན་དྲོད་ནས་སྐབས་འདིའི་དབང་པོ་མེད་པར་ཐལ། དེ་སྦྱོར་ལམ་བཟོད་པ་ནས་བཞག་པའི་ཕྱིར། འདོད་མི་ནུས་ཏེ། དེ་ན་མི་ཉམས་པ་ལ་དབང་ཐོབ་པ་ཡོད་པའི་ཕྱིར། ཁྱབ་སྟེ།མཆིམས་མཛོད་༦༤༢ལས། སྔ་མ་གཉིས་ལ་ཉམས་པ་སྲིད་ཅིང་འདི་ལ་ཉམས་པ་མི་སྲིད་པས་མི་ཉམས་པ་ལ་དབང་ཐོབ་པར་བྱ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད།ཡང་མཆིམས་མཛོད་ལས། ཆོས་མཆོག་ལ་ནི་སྟོབས་རྣམས་ཏེ། མི་མཐུན་ཕྱོགས་ཉོན་མོངས་པ་དང༌། འཇིག་རྟེན་པའི་ཆོས་གཞན་དག་གིས་མི་བརྫི་བར་བྱ་བའི་ཕྱིར་རོ། །ཞེས་པས་དེ་ལྟར་ཐེག་ཆེན་དྲོད་ལ་སྟོབས་མ་ཐོབ་བམ་དཔྱད། གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་དགྲ་བཅོམ་པ་ལ་ཤེས་པ་བཅུ་ཐོབ་དགོས་པར་ཐལ། མཆིམས་མཛོད་༦༧༣ལས། མི་སློབ་པའི་ལམ་ལ་གནས་པ་ནི་ཤེས་རབ་ཀྱི་རྣམ་གྲོལ་ལ་ཕ་རོལ་སེམས་ཤེས་མ་གཏོགས་དགུ་དང༌།གཉིས་ཀའི་ཆ་ལས་རྣམ་གྲོལ་ལ་བཅུ་དང་ལྡན་ནོ་ཞེས་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཡིན་ན་ཤེས་པ་བཅུ་ཐོབ་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་༦༣༤ལས། དབང་པོས་རྫོགས་པ་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དུས་དང་མི་སྦྱོར་བའོ། །སྙོམས་འཇུག་གི་རྫོགས་པ་ནི་གཉིས་ཀའི་ཆ་ལས་གྲོལ་བ་དུས་ཀྱི་རྣམ་པར་གྲོལ་བའོ། །དབང་པོ་དང་སྙོམས་འཇུག་གཉིས་ཀས་ཆ་ལས་རྣམ་པར་གྲོལ་བ་དུས་དང་མི་སྦྱོར་བའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ལུས་དྲན་པ་ཉེར་བཞག་གཟུགས་མེད་བཞི་ན་ཡོད་པར་ཐལ། རྩ་བར། བསམ་གཏན་བར་ནའང་གཟུགས་མེད་པ། །གསུམ་ནའང་དེ་དང་ཚུལ་ཡན་ལག །བྱང་ཆུབ་དང་ནི་ལམ་ཡན་ལག །མ་གཏོགས་འདོད་ཁམས་སྲིད་རྩེ་ན། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། གནས་བརྒྱད་པའི་རྩ་བར། གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། གཟུགས་མེད་ཀྱི་དངོས་གཞི་ལ་འོག་ས་ལ་དམིགས་པ་མེད་ཀྱང་ལུས་དྲན་ཉེ་ཡོད་པའི་ཕྱིར་ཏེ། མཆིམས་མཛོད་༦༤༥ལས། གཟུགས་མེད་རང་ས་ན་གཟུགས་མེད་ཀྱང་ནམ་མཁའ་མཐའ་ཡས་ཀྱི་ཉེར་བསྡོགས་ལ་བརྟེན་པའི་དྲན་པ་ཉེར་བཞག་དགེ་བ་ཟག་བཅས་ཀྱིས་བསམ་གཏན་བཞི་པའི་གཟུགས་ཟག་བཅས་ལ་དམིགས་པའི་ཕྱིར་དང༌། འོག་མ་ལ་མི་དམིགས་པར་བཤད་པ་ནི་དངོས་གཞིའི་དགེ་བས་ཟག་བཅས་ལ་མི་དམིགས་པ་ཡིན་ལ། གཟུགས་མེད་དང་པོ་གསུམ་གྱི་དངོས་གཞི་དགེ་བ་ཟག་བཅས་ཟག་མེད་ཀྱིས་བསམ་གཏན་ས་དྲུག་ལ་བརྟེན་པའི་ཟག་མེད་ཀྱི་སྡོམ་པ་ལ་དམིགས་པའི་ཕྱིར་དང༌། སྲིད་རྩེའི་ཤེས་རབ་དགེ་བ་ཟག་བཅས་ཀྱིས་བསམ་གཏན་པའི་ཟག་མེད་ཀྱི་སྡོམ་པ་ལ་དམིགས་པའི་ཕྱིར་དང༌། དེ་ཡང་འབྱུང་འགྱུར་གྱི་གཟུགས་སུ་འདོད་པའི་ཕྱིར་རོ། །ཞེས་རྒྱལ་པོའི་སྲས་འཆད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་སྲིད་རྩེ་ན་རྫུ་འཕྲུལ་གྱི་རྐང་བ་བཞི་ཡོད་པར་གོང་གི་རྩ་བའི་སྐབས་སུ་གསུངས་ལ། དེ་ལྟར་ན་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་བ་ཡོད་དགོས་པ་ལ། དེ་ཡོད་ན་དཔྱོད་པ་ཡོད་དགོས་ཏེ། མཆིམས་མཛོད་༦༤༠ལས། བྱེ་བྲག་ཏུ་སྨྲ་བ་གང་དག་རྫུ་འཕྲུལ་ནི་ཏིང་ངེ་འཛིན་ཁོ་ན་ཡིན་ལ། རྐང་བ་ནི་འདུན་པ་དང་སེམས་དག་བརྩོན་འགྲུས་དང་དཔྱོད་པ་བཞི་ཡིན་ནོ་ཞེས་ཟེར། ཞེས་གསུངས་པའི་ཕྱིར། དེས་ན་སྲིད་རྩེ་དཔྱོད་པའི་དེ་ཡོད་མི་རིགས་ཏེ། བསམ་གཏན་གཉིས་པ་ཡན་ན་དཔྱོད་པ་མེད་པའི་ཕྱིར་ཟེར་ན་དཔྱད། རྣམ་གྲོལ་ལ་འདུས་བྱས་འདུས་མ་བྱས་གཉིས་ཡོད་དེ། རྩ་བར། དེ་རྣམ་གཉིས། ཉོན་མོངས་བཅོམ་པ་འདུས་མ་བྱས། །མོས་པ་འདུས་བྱས་ཡན་ལག་ནི། །དེ་ཡིན་དེ་ཉིད་རྣམ་གྲོལ་གཉིས། །བྱང་ཆུབ་ཇི་སྐད་བཤད་ཤེས་པ། །ཞེས་གསུངས་པའི་ཕྱིར། འདོད་ན། རྣམ་གྲོལ་ལ་འདུས་མ་བྱས་ཡོད་ཆོག་ན་རྣམ་གྲོལ་འདུས་བྱས་ལ་མོས་པ་མི་དགོས་པར་ཐལ། དེ་ལ་སེམས་བྱུང་དུ་མ་ཡོད་ན་སྐྱོན་མེད་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། རྣམ་གྲོལ་གྱི་ཕུང་པོ་འདུས་བྱས་ལ་མོས་པ་དགོས་པའི་ཕྱིར་ཏེ། མཆིམས་མཛོད་༦༩ལས། རྣམ་གྲོལ་གྱི་ཕུང་པོ་ནི་མོས་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་དང་འདི་གཉིས་ལ་ཁྱད་མེད་པའི་ཕྱིར་ཏེ། མཆིམས་མཛོད་༦༤༨ལས། རྣམ་གྲོལ་འདུས་བྱས་དེ་ཉིད་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་ལྔའི་ནང་ནས་རྣམ་པར་གྲོལ་བའི་ཕུང་པོའང་ཡིན་ནོ་ཞེས་བྱེ་བྲག་སྨྲ་བ་རྣམས་འདོད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། རྣམ་གྲོལ་མཐོང་བའི་ཡེ་ཤེས་ལ་ཤེས་རབ་དགོས་པར་ཐལ། མཆིམས་མཛོད༦༩ལས། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ནི་ཤེས་རབ་ཀྱི་བྱེ་བྲག་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རང་གི་བྱང་ཆུབ་ཤེས་པ་ཡིན་ན་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡིན་དགོས་པའི་ཕྱིར་ཏེ། མཆིམས་མཛོད༦༤༨ལས། ཟད་པ་དང་མི་སྐྱེ་བ་ཤེས་པ་གང་ཡིན་པ་དེ་ཉིད་ཡང་དག་པའི་ཤེས་པ་ཡིན་ལ། ཞེས་པ་ནས། ཡང་དག་པའི་ཤེས་པ་དེ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོའང་ཡིན་ཏེ། རང་གི་བྱང་ཆུབ་ཤེས་པའི། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། བྱེ་བྲག་སྨྲ་བའི་ལུགས་འདིར་གཉེན་པོ་འགག་འགྱུར་གྱི་སྒྲིབ་པ་སྤངས་པ་ཡིན་ཏེ། རྩ་བར། འགག་པར་གྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང༌། །ཞེས་གསུངས་པའི་ཕྱིར། འདོད་ན། བར་ཆད་མེད་ལམ་དེའི་ངོས་སྐལ་གྱི་སྤང་བྱ་ཡིན་ན་བར་ཆད་མེད་ལམ་དེ་དང་དུས་མཉམ་མི་དགོས་ཀྱང་སྤྱིར་བར་ཆད་མེད་ལམ་གྱི་རང་དུས་ན་རང་གི་དངོས་སྐལ་ཀྱི་སྤང་བྱ་ཡོད་དགོས་སོ། །འོན་ཀྱང་ཆགས་བྲལ་སྔོན་སོང་གི་སྡུག་བསྔལ་ཆོས་བཟོད་ཀྱི་རང་དུས་ན་དེའི་ངོས་སྐལ་གྱི་སྤང་བྱ་མེད་པས་ན་དཔྱད་པར་བྱའོ། །སྡུག་ཀུན་ལ་དམིགས་པའི་བསམ་གཏན་བཞི་བའི་སེམས་རྟེན་བྱས་པའི་སྒོམ་ལམ་བར་ཆད་མེད་ལམ་ཡིད་འབྱུང་ཡིན་པར་ཐལ། རྩ་བར། སྡུག་བསྔལ་རྒྱུ་བཟོད་ཤེས་རྣམས་ཀྱིས། །ཡིད་འབྱུང༌། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། བསམ་གཏན་བཞི་བའི་ཚོར་བ་དེ་བཏང་སྙོམས་ཡིན་པས་སྐྱོ་བ་མེད་པའི་ཕྱིར། ཁྱབ་སྟེ། མཆིམས་མཛོད་༦༥༠ལས།ཐམས་ཅད་ཀྱང་ཡིད་འབྱུང་བའི་དངོས་པོ་ལ་དམིགས་པས་ཡིད་སྐྱོ་བར་བྱེད་པའི་ཕྱིར་དང༌།ཞེས་གསུངས་པའི་ཕྱིར་ཟེར་ན་བློ་ལྡན་གཟུར་གནས་མཁས་པས་སླར་དཔྱད་པར་བྱའོ། །སྨྲས་པ།བདེན་བཞི་ཤེས་པ་བསྒོམ་པའི་ལམ། །སྒོམ་པའི་གང་ཟག་དེ་ཡི་ལམ། །ལེགས་པར་རྟོགས་ནས་དེར་འཇུག་འདོད། །མཁས་པས་གནས་འདི་ཐོས་པར་འོས། །ཞེས་མཛོད་རྩ་འགྲེལ་གྱི་དོགས་གཅོད་ལམ་བཟང་གསལ་བའི་སྒྲོན་མེ་ཞེས་བྱ་བའི་གནས་དྲུག་པའི་བཤད་པ་རྫོགས་སོ།། །། བླ་མ་དང་སྟོན་པ་ཤཱཀྱ་སེང་གེ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །དེ་ལ་འདིར་གནས་བདུན་པའི་དོགས་གཅོད་རགས་ཙམ་འགོད་པར་བྱ་བ་ལ།

བཟོད་ཤེས་དང་ལྟ་བའི་ཁྱད་པར་བཤད་སྐབས་ཀྱི་དོགས་གཅོད།

བཟོད་ཤེས་དང་ལྟ་བའི་ཁྱད་པར་བཤད་སྐབས་ཀྱི་དོགས་གཅོད་ནི།

ཟག་མེད་བཟོད་པ་རྣམས་སྐབས་འདིའི་ཤེས་པ་མ་ཡིན་ཏེ། རྩ་བར། དྲི་མེད་བཟོད་རྣམས་ཤེས་པ་མིན། །ཞེས་དང༌། རང་འགྲེལ་ལས། བཟོད་པ་རྣམས་ལྟ་བ་ཡིན་གྱི་ཤེས་པ་མ་ཡིན་པ་དེ་བཞིན་དུ། ཞེས་དང༌། མཆིམས་མཛོད་༦༥༢ལས། དྲི་མ་མེད་པའི་བཟོད་པ་བརྒྱད་པོ་རྣམས་ནི་ཤེས་པ་མ་ཡིན་ཏེ། ཤེས་པ་ནི་ངེས་པའི་བདག་ཉིད་ཅན་ཡིན་ན་བཟོད་པ་རྣམས་ནི་ཤེས་པ་མིན་ཏེ། ཤེས་པ་ནི་ངེས་པའི་བདག་ཉིད་ཡིན་ན་བཟོད་པ་རྣམས་ནི་བར་ཆད་མེད་པའི་ལམ་ཡིན་པས་དེའི་རང་གི་སྤང་བྱ་༼ཐེ་ཚོམ་དང་༽ཕྲ་རྒྱས་མ་སྤངས་པས་རང་གི་ཡུལ་ལ་ཐེ་ཚོམ་དང་བཅས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཆགས་པ་དང་བྲལ་བའི་སྡུག་བསྔལ་ཆོས་བཟོད་ཆོས་ཅན། སྐབས་འདིའི་ཤེས་པ་ཡིན་པར་ཐལ། རང་ཡུལ་ལ་ཐེ་ཚོམ་སྤངས་པ་གང་ཞིག གཞན་མ་ཡིན་པའི་རྒྱུ་མཚན་མེད་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། མཆིམས་མཛོད་༦༥༢ལས། ཐེ་ཚོམ་སྤངས་པ་ཤེས་པར་མ་ངེས་ཏེ་ཆགས་བྲལ་སྔོན་འགྲོའི་བཟོད་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། ཟག་མེད་གང་ཞིག སྐབས་འདིའི་ཤེས་པ་ཡིན་ན་རང་ཡུལ་ལ་ཐེ་ཚོམ་སྤངས་དགོས་པར་ཐལ། གོང་གི་ལུང་དེ་དང༌། མཆིམས་མཛོད་༦༥༢ལས། ཤེས་པ་ཟག་མེད་ནི་ཐེ་ཚོམ་སྤངས་པས་ཁྱབ་བོ། །ཞེས་དང༌།༼རང་སྨོས་པ་ནི་ཤེས་པ་དང་པོ་བདུན་ཤེས་པ་མ་ཡིན་པར་ཐལ་བ་སྤང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། མཐོང་ལམ་སྡུག་བསྔལ་ཆོས་ཤེས་ཆོས་ཅན། རང་ཡུལ་ལ་ཐེ་ཚོམ་སྤངས་པར་ཐལ། སྐབས་འདིའི་ཤེས་པ་ཟག་མེད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རང་ཡུལ་ལ་ཐེ་ཚོམ་དང་བཅས་པའི་ཕྱིར། དེར་ཐལ། རང་ཡུལ་ཀུན་འབྱུང་མཐོང་སྤང་གི་ཐེ་ཚོམ་དང་བཅས་པའི་ཕྱིར། དེར་ཐལ། རང་ཡུལ་ལ་སྡུག་བདེན་མཐོང་སྤང་གི་ཐེ་ཚོམ་མེད་ཀྱང་ཀུན་འབྱུང་མཐོང་སྤང་གི་ཐེ་ཚོམ་ཡོད་པའི་ཕྱིར་ཟེར་ན་དཔྱད། མཆིམས་མཛོད་༦༥༢ལས། དྲི་མེད་ཅེས་སྨོས་པས་བཟོད་པ་ཟག་བཅས་ནི་ཤེས་པ་ཡིན་ནོ། །ཞེས་སྤྱིར་ཤེས་པ་ཟག་བཅས་ཟག་མེད་གཉིས་ཡོད་པས་སྐབས་འདིའི་ཤེས་པའི་ཚད་ལ་གང་འཇོག་དཔྱད།ཟད་ཤེས་དང་མི་སྐྱེ་བ་ཤེས་པ་གཉིས་ནི་ལྟ་བ་མ་ཡིན་ཏེ། རྩ་བར། ཟད་དང་མི་སྐྱེ་བློ་ལྟ་མིན། །ཞེས་དང༌། མཆིམས་མཛོད་༦༥༢ལས ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའི་བློ་ནི་ལྟ་བ་མ་ཡིན་ཏེ། ཡང་དག་པར་རྟོག་པ་མེད་པའི་ཕྱིར་དང༌། དམིགས་པ་དང་རྣམ་པ་འཚོལ་བའི་བསམ་པ་ཅན་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྡུག་བསྔལ་ཆོས་ཤེས་ཀྱི་ངོ་བོར་གྱུར་བའི་ཟད་མི་སྐྱེ་བའི་ཤེས་རབ་ཆོས་ཅན། ལྟ་བ་མ་ཡིན་པར་ཐལ།ཆོས་ཅན་དེའི་ཕྱིར། དེ་ཡོད་པར་ཐལ། མཆིམས་མཛོད་ལས། ཟད་དང་མི་སྐྱེ་ཞེས། །རང་རང་བདེན་པ་བཞི་ཤེས་དང༌། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། ལྟ་བ་མ་ཡིན་པར་འདོད་མི་ནུས་ཏེ། སྡུག་བསྔལ་ཆོས་ཤེས་སུ་གྱུར་བའི་ཤེས་རབ་ཡིན་པའི་ཕྱིར། ཁྱབ་སྟེ། མཆིམས་མཛོད་༦༥༢ལས། སྡུག་བསྔལ་ལ་ཆོས་ཤེས་པ་ནས་ལམ་ལ་རྗེས་སུ་ཤེས་པའི་བར་གྱི་ཤེས་རབ་རྣམས་ནི་ཤེས་པ་དང་ཡང་དག་པའི་ལྟ་བ་གཉིས་ཀ་ཡིན་ཏེ།ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། ཡང་དག་པར་རྟོག་པ་མེད་པའི་ཕྱིར་དང༌། དམིགས་པ་དང་རྣམ་པ་འཚོལ་བའི་བསམ་པ་ཅན་མ་ཡིན་ན་ལྟ་བ་མ་ཡིན་དགོས་པར་ཐལ། ཟད་པ་དང་མི་སྐྱེ་བ་ཤེས་པ་གཉིས་ལྟ་བ་མ་ཡིན་པའི་རྒྱུ་མཚན་དེ་ཡིན་པའི་ཕྱིར། འདོད་ན། མིག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། མིག་དང་ཆོས་ཀྱི་ཁམས་ཕྱོགས་ནི། །ལྟ་བ་ཡིན་ཏེ་རྣམ་པ་བརྒྱད། །ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད། སྡུག་བསྔལ་ལ་ཆོས་ཤེས་པ་ནས་ལམ་ལ་རྗེས་སུ་ཤེས་པའི་བར་གྱི་ཤེས་རབ་རྣམས་ཆོས་ཅན།ངེས་རྟོག་ཡིན་པར་ཐལ། ལྟ་བ་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་བར། ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། ཡིད་ཤེས་འཁོར་གྱི་ཤེས་རབ་ཡུལ་ལ་གཡེང་བ་ཡིན་པར་ཐལ། ངེས་རྟོག་ཡིན་པར་འདོད་པའི་ཕྱིར། ཁྱབ་སྟེ། གནས་དང་པོ་ལས། ངེས་པར་རྟོག་དང་རྗེས་དྲན་པའི། །རྣམ་པར་རྟོག་པས་རྣམ་མི་རྟོག །དེ་དག་ཡིད་ཀྱི་ཤེས་རབ་གཡེང༌། །ཡིད་ཀྱི་དྲན་པ་ཐམས་ཅད་ཉིད། །ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད། སྐབས་འདིའི་ཤེས་པ་དང་ལྟ་བ་གཉིས་ལ་ཡིན་མིན་གྱི་མུ་བཞི་ལས། མུ་དང་པོ་ནི། ཟད་ཤེས་དང་མི་སྐྱེ་བ་ཤེས་པ་ཡིན་ཏེ། རྩ་བར། ཟད་དང་མི་སྐྱེ་བློ་ལྟ་མིན། །ཞེས་སོ། །མུ་གཉིས་པ་ནི། ཟག་མེད་བཟོད་པ་རྣམས་ཡིན་ཏེ། རྩ་བར། དྲི་མེད་བཟོད་རྣམས་ཤེས་པ་མིན། །ཞེས་གསུངས་པའི་ཕྱིར། མུ་གསུམ་པ་ནི། མཆིམས་མཛོད་༦༥༢ལས། སྡུག་བསྔལ་ལ་ཆོས་ཤེས་པ་ནས་ལམ་ལ་རྗེས་སུ་ཤེས་པའི་བར་གྱི་ཤེས་རབ་རྣམས་ནི་ཤེས་པ་དང་ཡང་དག་པའི་ལྟ་བ་གཉིས་ཀ་ཡིན། ཞེས་གསུངས་པའི་ཕྱིར་རོ། །མུ་བཞི་བ་ནི། བུམ་པ་ལྟ་བུའོ། །ལྟ་བ་ཁོ་ན་ཡིན་པ་ཡོད་པར་ཐལ། མུ་གཉིས་པ་བཞག་ཚུལ་འཐད་པའི་ཕྱིར།འདོད་མི་ནུས་ཏེ། མཆིམས་མཛོད་༦༥༣ལས། དེས་ན་ལྟ་བ་ཁོ་ན་ཡིན་པ་ནི་མེད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་པར་སྣང་ངོ༌། །ཟད་ཤེས་ཆོས་ཅན། ངེས་པར་རྟོག་པའི་བདག་ཉིད་ཡིན་པར་ཐལ། རྣམ་གྲོལ་ལམ་ཡིན་པའི་ཕྱིར། ཁྱབ་སྟེ། མཆིམས་མཛོད་༦༥༣ལས། རྣམ་གྲོལ་ལམ་ཡིན་པས་རང་གི་ཡུལ་ལ་ཐེ་ཚོམ་སྤངས་པས་ངེས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང་ཡང་དག་པར་རྟོག་པའི་བདག་ཉིད་ཅན་ཡང་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། ལྟ་བ་ཡིན་པར་ཐལ། ངེས་པར་རྟོག་པའི་བདག་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། མཆིམས་མཛོད་༦༥༣ལས། ལྟ་བའང་ཡིན་ཏེ། ངེས་པར་རྟོག་པའི་བདག་ཉིད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། སྤྱིར་ལྟ་བ་དང་གནས་དང་པོར་བསྟན་པའི་ལྟ་བ་དང༌། སྐབས་འདིར་བསྟན་པའི་ལྟ་བ་དང༌།འཕགས་ལམ་ཡན་ལག་བརྒྱད་ཀྱི་ལྟ་བ་རྣམས་ཀྱི་ཚད་དང་ཡིན་མིན་གྱི་མུ་གཉིས་མུ་གསུམ་སོགས་ཡོད་མེད་དཔྱད་པར་བྱའོ།། །།

ཤེས་པའི་ངོ་བོའི་དབྱེ་བ་གྲངས་ངེས་སོགས་བཤད་སྐབས་ཀྱི་དོགས་གཅོད།

ཤེས་པའི་ངོ་བོའི་དབྱེ་བ་གྲངས་ངེས་སོགས་བཤད་སྐབས་ཀྱི་དོགས་གཅོད་ནི།

མཆིམས་མཛོད་༦༥༨ལས། ཤེས་པ་དག་གི་སྡོམ་གྱི་ཚིགས་སུ་བཅད་པ་ནི། ཀུན་རྫོབ་ཆོས་དང་རྗེས་སུ་ཤེས། །གསུམ་ཡིན་དེ་དག་བཅུར་བཤད་དེ། །ཀུན་རྫོབ་ཤེས་པ་རང་དང་ནི། །སེམས་ཤེས་ཆའོ་ཆོས་ཤེས་ནི། །རང་དང་བདེན་པ་བཞི་ཤེས་དང༌། །ཟད་དང་མི་སྐྱེ་སེམས་ཤེས་བརྒྱད། །རྗེས་ཤེས་ཀྱང་ཡིན་བདེན་གསུམ་ཤེས། །རང་དང་ཟད་དང་མི་སྐྱེ་ཤེས། །ཆོས་ཤེས་རྗེས་སུ་ཤེས་པ་དང༌། །ལྔ་ཡིན་ཟད་དང་མི་སྐྱེ་ཞེས། །རང་རང་བདེན་པ་བཞི་ཤེས་དང༌། །ཆོས་ཤེས་རྗེས་སུ་ཤེས་དང་བདུན། །སེམས་ཤེས་ཆོས་ཤེས་རྗེས་ཤེས་དང༌། །ལམ་ཤེས་ཀུན་རྫོབ་ཤེས་པ་དང༌། །རང་དང་ལྔ་ཡིན་ལམ་ཤེས་ནི། །རང་དང་ཆོས་ཤེས་རྗེས་ཤེས་དང༌། །སེམས་ཤེས་ཟད་དང་མི་སྐྱེ་ཞེས། །རྣམ་པ་དྲུག་ཏུ་ཡང་དག་བརྗོད། །ཅེས་བྱའོ། །ཞེས་བློ་ལ་བྱང་བར་བྱའོ། །ཤེས་པ་བཅུ་ལས་ཟག་བཅས་ཁོ་ན་ཡིན་པ་ཀུན་རྫོབ་ཤེས་པ་ཡིན་ཏེ། རྩ་བར། ཤེས་པ་ཟག་བཅས་ཟག་པ་མེད། །དང་པོ་ཀུན་རྫོབ་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཀུན་རྫོབ་ཤེས་པ་ཡིན་ན་ཟག་བཅས་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཟག་ཟད་མཁྱེན་པའི་སྟོབས་ཀྱི་ངོ་བོར་གྱུར་བའི་ཀུན་རྫོབ་ཤེས་པ་ཡོད་པ་གང་ཞིག དེའི་ངོ་བོར་གྱུར་བའི་ཀུན་རྫོབ་ཤེས་པ་ཟག་བཅས་ཡིན་པའི་གནས་མེད་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བར། ཟད་པ་དྲུག་གམ་བཅུ་ཡིན་ནོ། །ཞེས་དང༌། མཆིམས་མཛོད་༦༨༥ལས། ཟག་པ་ཟད་པ་འགོག་བདེན་འབའ་ཞིག་མཁྱེན་པར་འདོད་ན་ནི་ཆོས་ཤེས་རྗེས་ཤེས་དང༌། འགོག་པ་ཤེས་པ་དང་ཟད་མི་སྐྱེ་ཤེས་པ་དང་ཀུན་རྫོབ་ཤེས་པ་དང་དྲུག་ཡིན་ཏེ། ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ།དེ་ཟག་བཅས་འཇོག་བྱེད་མེད་པའི་ཕྱིར་ཟེར་ན་དཔྱད། གཞི་གྲུབ་ན་ཀུན་རྫོབ་ཤེས་པའི་ཡུལ་ཡིན་པས་ཁྱབ་པར་ཐལ། །རྩ་བར། ཀུན་རྫོབ་ཡུལ་ནི་ཐམས་ཅད་དོ། །ཞེས་དང༌། མཛོད་འགྲེལ་གནད་སྒྲོན་ལས། ཀུན་རྫོབ་ཡུལ་ནི་ཐམས་ཅད་དོ། །ཀུན་རྫོབ་ཤེས་པའི་དམིགས་པ་ནི་ཆོས་ཐམས་ཅད་དོ། །ཞེས་དང༌། མཆིམས་མཛོད་༦༥༤ལས། ཀུན་རྫོབ་ཤེས་པའི་ཡུལ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཡིན་ཏེ། ཞེས་དང༌། མཆིམས་མཛོད་༦༦༩ལས ཀུན་རྫོབ་ཤེས་པ་ནི་ཐམས་ཅད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར། ཞེས་དང༌། མཆིམས་མཛོད་༦༧༠ལས། ཀུན་རྫོབ་ཤེས་པའི་ཡུལ་དུ་བཅུ་པོ་ཐམས་ཅད་དང༌། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་༦༥༨ལས། དེས་ཀུན་རྫོབ་ཤེས་ཀྱི་དོན་དམ་མི་ཤེས་པའི་ཕྱིར་རོ། །ཞེས་དང༌། མཆིམས་མཛོད་༦༧༤ལས། ཀུན་རྫོབ་ཤེས་པས་ལམ་བདེན་ནི་ནམ་ཡང་རྟོགས་མི་སྲིད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་པ་འདྲའོ། །མདོར་ན་སྐབས་འདིའི་ཤེས་པའི་མཚན་ཉིད་དམ་ཚད་སོགས་ལ་དཔྱད།ཕ་རོལ་སེམས་ཤེས་ཀྱི་ཡུལ་ལ་རང་ལས་ས་གོང་མ་དང་དབང་པོ་གོང་མ་དང་གང་ཟག་གོང་མ་མེད་པར་ཐལ། རྩ་བར། དེས་ནི་ས་དབང་གང་ཟག་འདས། །ཞིག་དང་མ་སྐྱེས་མི་རིག་གོ །ཞེས་དང༌། མཛོད་འགྲེལ་གནད་སྒྲོན་ལས། དེས་ནི་ས་དབང་གང་ཟག་འདས། །ཞིག་དང་མ་སྐྱེས་མི་རིག་གོ །ས་འདས་པ་མི་རིག་པ་ནི་བསམ་གཏན་འོག་མའི་ས་པས་བསམ་གཏན་གོང་མའི་ས་པའོ། །དབང་པོ་འདས་པ་མི་ཤེས་པ་ནི་དད་པས་མོས་པ་དང༌། དུས་ཀྱི་རྣམ་པར་གྲོལ་བའི་ལམ་གྱིས་མཐོང་བས་ཐོབ་པ་དང་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་མོ། །གང་ཟག་འདས་པ་མི་ཤེས་པ་ནི་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་དང་ཉན་ཐོས་དང༌། རང་སངས་རྒྱས་དང༌། སངས་རྒྱས་ཀྱི་ལམ་འོག་མས་གོང་མའོ། །ཞིག་པ་དང་མ་སྐྱེས་པ་མི་ཤེས་པ་ནི་འདས་པ་དང་མ་འོངས་པའོ། །ཞེས་དང༌། མཆིམས་མཛོད་༦༥༥ལས། འདས་པའི་སྒྲ་ནི་འདིར་གོང་མ་ལ་བརྗོད་པར་འདོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། འོག་མའི་སེམས་ཤེས་ཀྱིས་གོང་མའི་ཆོས་དག་ཤེས་པ་ཡོད་པའི་ཕྱིར། དེར་ཐལ། རང་སྟོབས་ཀྱིས་ཤེས་པ་མེད་ཀྱང་གཞན་གྱི་མཐུ་ལ་བརྟེན་ནས་ཤེས་པ་ཡོད་པའི་ཕྱིར། ཁྱབ་སྟེ། གཞན་གྱི་མཐུ་ལ་བརྟེན་ནས་ཤེས་ནའང་ཤེས་དགོས་པའི་ཕྱིར། གོང་གི་རྟགས་གྲུབ་སྟེ། རྩ་བར། རྫུ་འཕྲུལ་གཞན་རྟེན་མ་གཏོགས་པ། །ཞེས་དང༌། མཆིམས་མཆན་༦༥༥ལས། རང་སྟོབས་ཀྱིས་མི་ཤེས་པ་ལ་བསམ་གྱི་སངས་རྒྱས་ལ་སོགས་པས་བྱིན་གྱིས་རླབས་ན་གང་ཟག་དང་དབང་པོ་འདས་ཀྱང་ཤེས་སོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། སེམས་ཤེས་ཀྱིས་རང་གི་གོང་མའི་ཆོས་མི་ཤེས་པ་ཡིན་ན་མིག་ཤེས་ཀྱིས་རང་གི་གོང་འོག་གི་གཟུགས་མཐོང་བ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བ་ལས། ལུས་ལ་འོག་མའི་མིག་མ་ཡིན། །མིག་གིས་གོང་མའི་གཟུགས་མ་ཡིན། །རྣམ་པར་ཤེས་པའང་དེ་ཡི་གཟུགས། །ལུས་ཀྱི་གཉིས་ཀ་ཐམས་ཅད་དུ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། སེམས་ཤེས་ཡུལ་ལ་ད་ལྟ་བས་མ་ཁྱབ་པར་ཐལ། སེམས་ཤེས་ཀྱིས་འདས་པའི་ཡུལ་ལ་འདས་པ་ཡོད་པའི་ཕྱིར་ཟེར་ན་དེ་དག་ལ་དཔྱད། ཟག་མེད་བདེན་བཞི་རྣམ་པ་བཅུ་དྲུག་ལས་གཞན་མེད་པར་ཐལ། མཛོད་འགྲེལ་གནད་སྒྲོན་ལས། དྲི་མེད་བཅུ་དྲུག་གཞན་རྣམ་མེད། །རྣམ་པ་བཅུ་དྲུག་མ་གཏོགས་པ་ཟག་པ་མེད་པའི་རྣམ་པ་མེད་དོ། །ཞེས་དང༌། ཉ་ཊཱིཀ་ལས། མཛོད་དུ། དྲི་མེད་བཅུ་དྲུག་གཞན་རྣམ་མེད། །ཅེས་པ་དང་འགལ་ལོ་ཞེ་ན། དེ་ནི་ཉོན་སྒྲིབ་ཙམ་གྱི་གཉེན་པོའི་དབང་དུ་བྱས་ཤིང༌། ཞེས་གསུངས་པའི་ཕྱིར།འདོད་ན། ནམ་མཁའ་བདག་མེད་དུ་རྟོགས་པའི་ཟག་མེད་ཀྱི་བློ་མེད་པར་ཐལ་ལོ་ཟེར་ན་དཔྱད། སེམས་ཤེས་ཀྱི་ཡུལ་ལ་ཉན་ཐོས་ཀྱི་མཐོང་ལམ་སྐད་ཅིག་བཅོ་ལྔ་ལས་གཉིས་ཙམ་དང༌། རང་རྒྱལ་མཐོང་ལམ་སྐད་ཅིག་བཅོ་ལྔ་ལས་གསུམ་ཙམ་ལས་མེད་པར་ཐལ། མཛོད་འགྲེལ་གནད་སྒྲོན་ལས། ཉན་ཐོས་མཐོང་བའི་སྐད་ཅིག་གཉིས། །རིག་སྟེ་བསེ་རུ་ལྟ་བུས་གསུམ། །སངས་རྒྱས་སྦྱོར་བ་མེད་པར་ཀུན། །ཕ་རོལ་གྱི་སེམས་ཤེས་པས་སྐད་ཅིག་མ་གཉིས་ཤེས་པ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པའོ། །རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ལ་དམིགས་པ་ནི་སྦྱོར་བ་གཞན་གྱིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །རང་སངས་རྒྱས་ཀྱི་ས་ནི་དང་པོ་གཉིས་དང༌། བརྒྱད་པ་ཀུན་འབྱུང་བ་ལ་རྗེས་སུ་ཤེས་པ་དང༌། གསུམ་ཤེས་ཏེ་སྦྱོར་བ་ཆུང་བའི་ཕྱིར། ཞེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ། སེམས་ཤེས་ཀྱི་ཡུལ་ལ་ཉན་ཐོས་ཀྱི་མཐོང་ལམ་སྐད་ཅིག་བཅོ་ལྔ་ལས་གཉིས་ལས་ལྷག་ཡོད་པ་གང་ཞིག རང་རྒྱལ་མཐོང་ལམ་སྐད་ཅིག་བཅོ་ལྔ་ལས་གསུམ་ལས་ལྷག་ཡོད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེའི་སྐད་ཅིག་བཅོ་ལྔ་ལས་གསུམ་པ་དང་བཞི་བའི་སྔ་རོལ་ཏུ་སྦྱོར་བ་སོང་ནས་དེ་དུས་སུ་དངོས་གཞི་གྲུབ་པ་ཡོད་པའི་ཕྱིར་རོ། །གཉིས་པ་གྲུབ་སྟེ། བསེ་རུའི་མཐོང་ལམ་སྐད་ཅིག་དང་པོ་གཉིས་རྟོགས་པའི་ཕ་རོལ་སེམས་ཤེས་སོང་ནས་གསུམ་པའི་དུས་སུ་སྦྱོར་བ་མ་བརྩམ་ནས་བཞི་བའི་དུས་སུ་སྦྱོར་བ་བརྩམ་ན་སྐད་ཅིག་ལྔའི་རྗེས་ནས་དངོས་གཞི་གྲུབ་པས་སྐད་ཅིག་དགུུ་བ་དང་བཅུ་བ་ཡང་ཤེས་པའི་ཕྱིར་ཟེར་བ་དང༌། སྐད་ཅིག་བཅོ་ལྔ་བོ་རེ་རེ་ནས་ཤེས་པའི་སེམས་ཤེས་ཡོད་པར་ཐལ།རང་རང་སྔ་རོལ་ཏུ་སྦྱོར་བ་སོང་ནས་རང་ཉིད་ཤེས་པའི་སེམས་ཤེས་གསར་དུ་གྲུབ་པ་ཡོད་པའི་ཕྱིར་ཟེར་བ་དག་ལ་དཔྱད། ཡང་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་དག་ལ་ཁྱད་པར་ཡོད་དེ། མཛོད་འགྲེལ་གནད་སྒྲོན་ལས། ཡང་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། ཟད་པ་ཤེས་པ་བདེན་རྣམས་ལ། །ཡོངས་ཤེས་པ་ལ་སོགས་ངེས་པའོ། །ཡོངས་ཤེས་བྱར་མེད་ཅེས་ལ་སོགས། །མི་སྐྱེ་བ་ཡི་བློར་འདོད་དོ། །སྡུག་བསྔལ་ལ་སོགས་པ་རྣམས་ལ་ཡོངས་སུ་ཤེས། སྤངས་པ་མངོན་སུམ་དུ་བྱས། བསྒོམ་པ་ཉིད་ཀྱི་ངེས་པ་ནི་ཟད་པ་ཤེས་པའོ། །དེ་བཞིན་དུ་ཡོངས་སུ་ཤེས་པར་བྱ་བ་མེད་པ་ནས་བསྒོམ་པར་བྱ་བ་མེད་དོ་ཞེས་བྱ་བའི་བར་གྱིས་ངེས་པ་ནི་མྀ་སྐྱེ་བའི་ཤེས་པའོ། །ཞེས་གསུངས་པའི་ཕྱིར། སྡུག་བསྔལ་ཤེས་སོ་ཞེས་པའི་བློས་སྡུག་བདེན་ཤེས་པར་ཐལ། ཟད་ཤེས་ལ་བདེན་པ་བཞི་ཤེས་པ་ཡོད་པ་གང་ཞིག དེ་ལྟར་ན་དེས་ཤེས་དགོས་པའི་ཕྱིར། རྟགས་ཕྱི་མ་སླ། རྟགས་དང་པོ་གྲུབ་སྟེ། མཆིམས་མཛོད་ལས། ཟད་དང་མི་སྐྱེ་ཞེས། །རང་རང་བདེན་པ་བཞི་ཤེས་དང༌། །ཆོས་ཤེས་རྗེས་སུ་ཤེས་དང་བདུན། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྡུག་བདེན་ཤེས་སོ་ཞེས་པའི་བློས་སྡུག་བདེན་མི་ཤེས་པར་ཐལ། གོས་སོ་སྙམ་པའི་བློས་དྲི་མ་མི་ཤེས་དྲི་མའོ་སྙམ་པའི་བློས་གོས་མི་ཤེས་པའི་ཕྱིར་ཏེ། མཛོད་འགྲེལ་གནད་སྒྲོན་ལས། རྫས་རེ་རེ་ཞིག་སྤྱོད་ཡུལ་ལོ། །གང་གི་ཚེ་སེམས་འཛིན་པ་དེའི་ཚེ་སེམས་ལས་བྱུང་པ་རྣམས་མི་འཛིན་ལ། གང་གི་ཚེ་ཚོར་བ་འཛིན་པ་དེའི་ཚེ་འདུ་ཤེས་མི་འཛིན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །ཞེས་དང༌། མཆིམས་མཛོད་༦༦༡ལས། དཔེར་ན་ཤེས་པས་གོས་སོ་སྙམ་དུ་འཛིན་པའི་ཚེ་དྲི་མ་མི་འཛིན་ལ་དྲི་མའོ་སྙམ་དུ་འཛིན་པའི་ཚེ་གོས་མི་འཛིན་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མི་རྟག་སོགས་བཅུ་དྲུག་ལས་ངེས་འབྱིན་གྱི་དོན་ནི། ཟླ་ཟེར་ལས། གཏན་ཏུ་ཡང་དག་པར་འདའ་བར་བྱེད་པས་ངེས་པར་འབྱིན་པའོ། །ཞེས་གསུངས་པ་ལ། ངེས་འབྱིན་ཡིན་ན་གཏན་དུ་འདའ་བས་ཁྱབ་བ་ཡོད་མེད་དཔྱད་དགོས་ཏེ། ལུགས་འདིར་དགྲ་བཅོམ་པ་ཉམས་པ་ཡོད་པའི་ཕྱིར་རོ། །ཕ་རོལ་སེམས་ཤེས་ཀྱི་སེམས་རྟེན་ལ་བསམ་གཏན་བཞིའི་དངོས་གཞི་ལ་རྟེན་པ་ཡོད་དེ། མཛོད་འགྲེལ་གནད་སྒྲོན་ལས། གཞན་ཡིད་ཤེས་པ་བསམ་གཏན་བཞི། །ཕ་རོལ་གྱི་སེམས་ཤེས་པ་ནི་བསམ་གཏན་བཞི་ནའོ། །དེ་ནི་འདོད་དང་གཟུགས་རྟེན་ཅན། །འདོད་པ་དང་གཟུགས་ཀྱི་ཁམས་སུ་དེ་མངོན་སུམ་དུ་བྱེད་དོ། །ཞེས་དང༌། མཆིམས་མཛོད་༦༦༩ལས། གཞན་གྱི་སེམས་ཤེས་དེ་ནི།འདོད་པ་དང་གཟུགས་ཀྱི་རྟེན་ཅན་ཡིན་གྱི་གཟུགས་མེད་པ་ལ་རྟེན་པ་ནི་མ་ཡིན་ཏེ། གང་ཟག་ཕན་ཚུན་ཡུལ་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དེ་ལས་གཟུགས་མེད་ན་གང་ཟག་ཕན་ཚུན་ཡུལ་མ་ཡིན་པར་གསུངས་པས་གཟུགས་མེད་འཕགས་པ་དེ་དག་གིས་རང་ལས་ཐ་དད་པའི་ཆོས་དང་དགྲ་བཅོམ་པ་དང་འཕགས་པ་སོགས་མི་ཤེས་ཟེར་དགོས་ན་དཀའ་སྙམ་མོ། །ཆོས་ཤེས་ཀྱི་ལུས་རྟེན་ལ་འདོད་རྟེན་དགོས་པར་ཐལ། རྩ་བར། ཆོས་ཤེས་བྱ་བ་འདོད་རྟེན་ཅན། །ཞེས་དང༌། མཆིམས་མཛོད་༦༦༩ལས། ཆོས་ཞེས་བྱ་བ་ནི་འདོད་པའི་རྟེན་ཅན་ཁོ་ན་ཡིན་ཏེ། འདོད་པའི་གཉེན་པོ་ཡིན་པའི་ཕྱིར། ཁམས་གོང་མ་གཉིས་སུ་ཆོས་ཤེས་མངོན་དུ་མི་བྱེད་དེ། ཞེས་གསུངས་པའི་ཕྱིར། འདོད་ན། གཟུགས་མེད་རྟེན་ཅན་གྱི་དགྲ་བཅོམ་པ་ཆོས་ཅན། ཁྱོད་ལ་ཐོབ་པའི་ཆོས་ཤེས་དེ་རང་དང་རྒྱུད་གཅིག་ཏུ་གྱུར་བའི་འདོད་པའི་རྟེན་ཅན་གྱི་ཆོས་ཤེས་དེ་ཡིན་པར་ཐལ། ཁྱོད་ལ་ཆོས་ཤེས་ཐོབ་པ་གང་ཞིག ཆོས་ཤེས་ལ་འདོད་རྟེན་ཅན་གྱིས་ཁྱབ་པའི་ཕྱིར། རྟགས་ཕྱི་མ་ལུང་གིས་གྲུབ།རྟགས་དང་པོ་གྲུབ་སྟེ། ཁྱོད་ལ་མི་གཡོ་བས་ཁྱབ་པ་གང་ཞིག མི་གཡོ་བའི་དགྲ་བཅོམ་པ་ལ་ཤེས་པ་བཅུ་ཐོབ་དགོས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། མཆིམས་མཛོད་༦༢༩ལས། དབང་པོ་འཕོ་བ་དེ་ཡང་མི་ཁོ་ནའི་ནང་དུ་འཕེལ་ཞིང་འཕོའི་གཞན་དུ་ནི་མ་ཡིན་ཏེ། ངན་སོང་བ་ལ་ལམ་མི་བརྟེན་པའི་ཕྱིར་དང༌། ཁམས་གོང་གཉིས་ན་ཉམས་པ་མེད་པའི་ཕྱིར། ཞེས་སོགས་གསུངས་པའི་ཕྱིར། འོན་ཀྱང་སྔར་གནས་དྲུག་པར་ཁམས་གོང་མ་ན་དགྲ་བཅོམ་པ་རིགས་དྲུག་ལས་དུ་ཡོད་དཔྱད་ཚུལ་བཤད་ཟིན་ཏོ། །གང་ལྟར་ཡང་གཟུགས་གཟུགས་མེད་ཀྱི་དགྲ་བཅོམ་པ་ལ་དབང་རྣོན་ཡོད་ལ་དེ་ལ་ཆོས་ཤེས་ཐོབ་དགོས་སོ། །རྟགས་ཕྱི་མ་གྲུབ་སྟེ། རྩ་བར། མི་གཡོ་བས་ནི་བཅུ་ཐོབ་བོ། །ཞེས་གསུངས་པའི་ཕྱིར། དེ་ཡོད་པ་ཙམ་ལས་མི་གཡོ་བ་ཡིན་ན་ཤེས་པ་བཅུ་ཐོབ་པས་ཁྱབ་པ་བསྟན་པ་མིན་ཟེར་ན། དེའི་གོང་གི་རྩ་བ་ལས། ཟད་པ་ཤེས་པ་ལ་དགུའོ། །ཞེས་ཟད་ཤེས་ཐོབ་པ་དགུ་ལས་མ་གསུངས་ལ་ཐོབ་པ་ཡོད་པ་ལ་བསམ་ན་དེ་ལ་བཅུ་ཐོབ་པ་ཡོད་པའི་ཕྱིར་ན་མི་འཐད་དོ་ཟེར་ན་དཔྱད།གཟུགས་མེད་དགྲ་བཅོམ་པ་ལ་འདོད་པའི་རྟེན་ཅན་གྱི་ཆོས་ཤེས་ཐོབ་པ་མི་རིགས་ཏེ། དེ་བཏང་ཟིན་པའི་ཕྱིར་ཏེ། འབྲས་གནས་ཐོབ་པའི་ཕྱིར། ཁྱབ་སྟེ། རྩ་བར། འབྲས་ལ་སྔོན་ལམ་བཏང་བ་དང༌། །ཞེས་དང༌། འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། རང་གི་དམིགས་ཡུལ་དུ་གྱུར་བའི་སྡུག་བདེན་ལ་དམིགས་ན་སྡུག་བདེན་ལ་དམིགས་མི་དགོས་པར་ཐལ། མཆིམས་མཛོད་༥༧༢ལས། དེས་ན་ཚོགས་ལམ་ནི་བདེན་བཞི་ལ་མི་དམིགས་ལ་སྦྱོར་ལམ་དྲོད་ནས་བདེན་བཞི་ལ་དམིགས་པར་ཤེས་པར་བྱའོ། །གལ་ཏེ་ཚོགས་ལམ་ན་ཕུང་པོ་ལ་དམིགས་བདེན་ལའང་དམིགས་པར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། དེ་ནི་བདེན་པར་མ་ཕྱེ་བའི་ཕུང་པོ་ལ་དམིགས་ལ་སྦྱོར་ལམ་ནས་བདེན་བཞིར་ཕྱེ་ནས་དམིགས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་ལ་དམིགས་ན་ལུས་ལ་དམིགས་དགོས་པ་གང་ཞིག དེ་དང་མཚུངས་པའི་ཕྱིར། དང་པོ་གྲུབ་སྟེ། གཟུགས་ལ་དམིགས་པའི་དྲན་ཉེ་དེ་ལུས་དྲན་ཉེ་ཡིན་པའི་ཕྱིར། འདོད་ན། རང་ཡུལ་དུ་གྱུར་བའི་གཟུགས་ལ་དམིགས་ན་གཟུགས་ལ་དམིགས་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་ཡུལ་གྱི་སྡུག་བདེན་ལ་དམིགས་ན་བདག་མེད་ལ་དམིགས་དགོས་པར་ཐལ། འདོད་པའི་ཕྱིར། ལམ་བདེན་ལ་དམིགས་ན་འདུས་བྱས་ལ་དམིགས་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ལམ་བདེན་ལ་དམིགས་ན་ཟག་བཅས་ལ་དམིགས་དགོས་པར་ཐལ། ལམ་བདེན་ལ་དམིགས་ན་འདུས་བྱས་ལ་དམིགས་དགོས། འདུས་བྱས་ལ་དམིགས་ན་ཟག་བཅས་ལ་དམིགས་དགོས་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། མཆིམས་མཛོད་༦༧༠ལས། ལམ་ཤེས་པའི་བློའི་དམིགས་པའང་ཤེས་པ་དགུ་ཡིན་ཏེ། དེ་ནི་ཟག་མེད་ཁོ་ན་ལ་དམིགས་པར་ངེས་པས་ཀུན་རྫོབ་ཤེས་པ་མ་གཏོགས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཀུན་རྫོབ་ཤེས་པས་རང་ཚོགས་ལས་གཞན་པ་དག་ཅིག་ཆར་དུ་བདག་མེད་པར་རྟོགས་ཏེ། རྩ་བར། ཀུན་རྫོབ་གཅིག་པུས་རང་ཚོགས་ལས། །གཞན་ནི་བདག་མེད་ཉིད་རིག་འགྱུར། །ཞེས་དང༌། མཛོད་འགྲེལ་གནད་སྒྲོན་ལས། ཀུན་རྫོབ་གཅིག་པུས་རང་ཚོགས་ལས། །གཞན་ནི་བདག་མེད་ཉིད་རིག་འགྱུར། །ཀུན་རྫོབ་ཤེས་པས་ནི་རང་གི་ཚོགས་ལས་གཞན་པའི་ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བདག་མེད་པ་ཉིད་དུ་ཤེས་པར་འགྱུར་རོ། །ཞེས་དང༌། མཆིམས་མཛོད་༦༧༡ལས། འདོད་པ་ན་ཐོས་བསམ་གཉིས་ཀ་དང་གཟུགས་ན་ཐོས་བྱུང་ཁོ་ནའོ། རང་ཉིད་ཡུལ་དུ་མི་བྱེད་དེ། ཡུལ་དང་ཡུལ་ཅན་ཐ་དད་ཀྱི་ཁྱབ་པ་ལ་ཡུལ་དང་ཡུལ་ཅན་ཐ་དད་མེད་པའི་ཕྱིར་དང༌། རང་ཉིད་ལ་བྱེད་པ་འགལ་བའི་ཕྱིར་ཏེ། རལ་གྲིས་རང་ཉིད་མི་གཅོད་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཀུན་རྫོབ་ཤེས་པ་ཐོས་བསམ་ལས་སྒོམ་བྱུང་གིས་དེ་ལྟར་མི་རྟོགས་པར་ཐལ། གོང་གི་ལུང་གིས་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། ཀུན་རྫོབ་ཤེས་པ་སྒོམ་བྱུང་གིས་རང་ཚོགས་ལས་གཞན་བདག་མེད་རྟོགས་པའི་ཕྱིར་ཏེ། གནས་དྲུག་པ་ལས། སྤྱི་ལ་དམིགས་པ་ལ་གནས་ཏེ། །དེ་དག་ལ་ནི་མི་རྟག་དང༌། །སྡུག་བསྔལ་སྟོང་བདག་མེད་པར་ལྟ། །ཞེས་གསུངས་པའི་ཕྱིར། དེ་ལྟར་སྒོམ་ཚུལ་དེ་སྒོམ་བྱུང་གི་སྒོམ་ཡིན་པའི་ཕྱིར་ཏེ།རྩ་བར། ཞི་གནས་གྲུབ་པར་འགྱུར་བ་ཡིས། །དྲན་པ་ཉེར་བཞག་བསྒོམ་པར་བྱ། །ཞེས་དང༌། མཆིམས་མཛོད་༥༦༧ལས། ལྷག་མཐོང་གི་ཤེས་རབ་བསྐྱེད་པའི་ཕྱིར་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་པར་བྱའོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། ཀུན་རྫོབ་ཤེས་པས་རང་ཚོགས་མ་རྟོགས་པར་ཐལ། གོང་དུ་འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཀུན་རྫོབ་ཤེས་པ་གང་རུང་གིས་རྟོགས་པའི་ཕྱིར། ཁྱབ་སྟེ། ཚད་མ་གང་རུང་གིས་རྟོགས་ན་ཚད་མས་རྟོགས་དགོས་པའི་ཕྱིར། དེར་ཐལ། གཞི་གྲུབ་ན་ཚད་མས་རྟོགས་དགོས་པའི་ཕྱིར། དེར་ཐལ། ཚད་མས་དམིགས་པ་ཡོད་པའི་མཚན་ཉིད་དུ་འདོད་པ་ལ་གྲུབ་མཐའ་སྨྲ་བ་བཞི་མཐུན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ།། །།

ཤེས་པའི་ལྡན་ཐོབ་བཤད་སྐབས་ཀྱི་དོགས་གཅོད།

ཤེས་པའི་ལྡན་ཐོབ་བཤད་སྐབས་ཀྱི་དོགས་གཅོད་ནི།

ཆགས་བྲལ་འཕགས་པ་ཡིན་ན་ཕ་རོལ་སེམས་ཤེས་ཐོབ་དགོས་པར་ཐལ། མཛོད་འགྲེལ་གནད་སྒྲོན་ལས། འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ནི་ཐམས་ཅད་དུ་གཞན་གྱི་སེམས་ཤེས་པ་ལྷག་པར་ལྡན་པར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཆགས་བྲལ་བྱས་ནས་དངོས་གཞི་ཐོབ་ཀྱང་མངོན་ཤེས་ཡང་ཡང་འདྲིས་པར་མ་བྱས་ན་མི་འཐོབ་པའི་ཕྱིར་ཏེ། ཤེས་རབ་རྐྱང་བ་ལས་གྲོལ་བའི་དགྲ་བཅོམ་པ་བཞིན་ཡིན་ནོ་ཟེར་ན་དཔྱད། ཀུན་རྫོབ་ཤེས་པ་མཐོང་ལམ་ཆོས་ཤེས་ཀྱི་སྐབས་སུ་མ་ཐོབ་ལ་རྗེས་ཤེས་དང་པོ་གསུམ་གྱི་སྐབས་སུ་ཐོབ་པ་ཡིན་ཏེ། མཛོད་འགྲེལ་གནད་སྒྲོན་ལས། དེ་ཉིད་ལ། རྗེས་གསུམ་ལ་ནི་ཀུན་རྫོབ་ཀྱང༌། །མཐོང་བའི་ལམ་དེ་ཉིད་ལ་སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་ལ་རྗེས་སུ་ཤེས་པ་གསུམ་ལ་ཀུན་རྫོབ་ཤེས་པ་ཡང་འཐོབ་པོ། །ཆོས་ཤེས་པ་ལ་ནི་མ་ཡིན་ཏེ། བདེན་པ་ཟད་པར་མངོན་པར་མ་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་མངོན་རྟོགས་མཐའ་ཞེས་བྱ། །དེ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཤེས་པ་དེ་ནི་མངོན་པར་རྟོགས་པའི་མཐའ་ལས་འབྱུང་བའོ། །དེ་རེས་འགའ་མངོན་སུམ་དུ་བྱེད་དམ་ཞེ་ན། ནམ་ཡང་མི་བྱེད། དེ་མཐའ་གཅིག་ཏུ། དེ་ནི་མི་སྐྱེའི་ཆོས་ཅན་ཡིན། །ཞེས་གསུངས་པའི་ཕྱིར། དེའི་རྒྱུ་མཚན་ནི་མཆིམས་མཛོད་༦༧༤ལས། གསུམ་པོ་དེའི་ཆོས་ཤེས་པ་ལ་ནི་འཐོབ་པ་མ་ཡིན་ཏེ། ཁམས་གོང་མ་གཉིས་ཀྱིས་སྡུག་བསྔལ་མ་ཤེས་ཤིང་ཀུན་འབྱུང་མ་སྤངས་ལ་འགོག་པ་མངོན་དུ་མ་བྱས་པས་བདེན་པ་ཟད་པར་མ་རྟོགས་པའི་ཕྱིར་རོ། །ཞེས་དང༌། ལམ་ལ་རྗེས་ཤེས་ལ་ནི་ཀུན་རྫོབ་ཤེས་པ་མི་འཐོབ་སྟེ། སྔོན་འཇིག་རྟེན་པའི་ལམ་གྱི་བདེན་པ་དང་པོ་གསུམ་རྟོགས་ཀྱི་ཀུན་རྫོབ་ཤེས་པས་ལམ་བདེན་ནི་ནམ་ཡང་རྟོགས་མི་སྲིད་པའི་ཕྱིར་རོ། །འདི་ནི་བདེན་པ་ཟད་པར་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ཡིན་ན་ལམ་ནི་ཟད་པར་སྒོམ་པར་མི་ནུས་ཏེ། ཞེས་པ་ནས། དབྱེ་བ་མང་བས་མཐའ་མེད་པའི་ཕྱིར། ཞེས་པ་དང༌། ཀུན་འབྱུང་མཐོང་སྤང་ནི་མཐའ་དག་སྤངས་པའི་ཕྱིར་འཐོབ་བོ། །ལམ་ནི་རིགས་མང་བའི་ཕྱིར་མཐོང་སྤང་གི་གཉེན་པོ་མཐའ་དག་སྒོམ་པར་མི་ནུས་པའི་ཕྱིར་མི་འཐོབ་བོ། །ཞེས་གསུངས་པའི་ཕྱིར། དེ་ལས། བདེན་པ་ཟད་པ་མངོན་པར་རྟོགས་པ་ཡིན་པ་ལ་བདེན་བཞི་གོ་རིམ་བཞིན་མཐའ་དག་ཤེས་སྤངས་མངོན་དུ་བྱས་སྒོམ་པ་དགོས་སམ་མི་དགོས། དང་པོ་ལྟར་ན་ཀུན་འབྱུང་གི་རིགས་ཀྱང་མཐའ་ཡས་པས་ཀུན་འབྱུང་རྗེས་ཤེས་ཐོབ་ཚེ་མ་ལུས་པ་སྤངས་མི་ནུས་པའི་ཕྱིར་དང༌། འགོག་པ་རྗེས་ཤེས་ཀྱི་ཚེ་འགོག་པ་མཐའ་དག་མངོན་དུ་བྱེད་མི་ནུས་པའི་ཕྱིར་དང༌། སྡུག་བདེན་གྱི་རིགས་མཐའ་མེད་པས་སྡུག་བསྔལ་རྗེས་ཤེས་ཐོབ་ཚེ་སྡུག་བདེན་ཀུན་ཤེས་པ་མེད་པའི་ཕྱིར་ཟེར་ན་རིགས་པ་མི་འདྲ་བའི་རྒྱུ་མཚན་ཚོལ་དགོས་སོ། །གཉིས་པ་ལྟར་ན་ལམ་ལ་རིགས་མང་བས་མཐའ་དག་རྟོགས་པའམ་སྒོམ་པ་མེད་པའི་ལམ་རྗེས་ཤེས་ཀྱི་ཚེ་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་མ་ཐོབ་པར་སྒྲུབ་ཚུལ་མེད་པར་འགྱུར་རོ། །སྐབས་འདིར་དཔེར་བསྟན་པ་ལ་ཀུན་བཏུས་བཀོད་པ་མཆིམས་མཛོད་༦༧༥ལས། ཀུན་བཏུས་ལས་ཀྱང༌། མཐོང་བའི་ལམ་ལ་བདེན་པ་རྣམ་པར་འཇོག་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་རྣམས་ཐོབ་སྟེ། མངོན་དུ་བྱེད་པ་ནི་མ་ཡིན་ནོ། །དེ་དག་ནི་སྒོམ་པའི་ལམ་ལ་མངོན་དུ་བྱེད་དོ། །ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར། འོ་ན་མཐོང་ལམ་པ་ལ་ཐོབ་པའི་ཀུན་རྫོབ་ཤེས་པ་དེ་སྒོམ་ལམ་ཡིན་པར་ཐལ། མཐོང་ལམ་པའི་རྒྱུད་ལ་ཐོབ་ཀྱང་དེ་མེད་པར་སྒོམ་ལམ་པའི་མངོན་དུ་བྱེད་པའི་ལམ་ཡིན་པར་འགྱུར་བའི་ཕྱིར། འདོད་ན། མཐོང་ལམ་པ་ལ་སྒོམ་ལམ་ཐོབ་པར་ཐལ་བ་དང༌། གྲུབ་མཐའ་གོང་མའི་ལུགས་ལ་འཐོབ་ན་ཡོད་མི་དགོས་པ་ཡིན་ནམ་དཔྱད། ཆགས་བཅས་བཅུ་དྲུག་པ་ལ་ཀུན་རྫོབ་ཤེས་པ་མ་ཐོབ་པའི་རྒྱུ་མཚན་སྔོན་རྙེད་ཟིན་པ་དེ་ཡིན་ཏེ། རྩ་བར། ཆགས་བཅས་བཅུ་དྲུག་པ་ལ་དྲུག །ཅེས་དང༌། མཆིམས་མཛོད་༦༧༦ལས། ཕ་རོལ་སེམས་ཤེས་དང་ཀུན་རྫོབ་ཤེས་པ་དང༌། ཟད་པ་དང་མི་སྐྱེ་བ་བཞི་མི་འཐོབ་པ་ནི། རིམ་པ་ལྟར་འདོད་པ་ལས་ཆགས་བཅས་ཡིན་པའི་ཕྱིར་དང༌། སྔོན་རྙེད་མི་ཐོབ་བོ་ཞེས་པས་སྔོན་རྙེད་ཟིན་པའི་ཕྱིར།ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྔོན་རྙེད་ཟིན་ན་མ་ཐོབ་པས་ཁྱབ་པ་མེད་པའི་ཕྱིར། བརྟན་པའི་ཡོན་ཏན་དག་ལྡན་པའི་དགེ་སློང་ལ་སྔོན་དགེ་སློང་གི་སྡོམ་པ་རྙེད་ཟིན་ཀྱང་རང་ལ་དགེ་སློང་གི་སྡོམ་པ་ཐོབ་པའི་ཕྱིར་ཟེར་ན་གཞུང་ལས་གསུངས་པ་དེ་གསར་རྙེད་མ་ཡིན་པར་སྒྲུབ་པ་ཡིན་ནམ་དཔྱད། ཆགས་བྲལ་བཅུ་དྲུག་པ་ལ་སེམས་ཤེས་སོགས་ཤེས་པ་བདུན་ཐོབ་པ་ཡིན་ཏེ། རྩ་བར། འདོད་ལས་ཆགས་དང་བྲལ་ལ་བདུན། །ཞེས་དང༌། མཆིམས་མཛོད་༦༧༦ལས། སྔར་གྱི་དྲུག་དང་ཕ་རོལ་སེམས་ཤེས་དང་བདུན་ཐོབ་བོ། །ཞེས་པ་ནས། སྔ་མ་ལྟར་ན་ད་ལྟ་བ་ནི་གཉིས་དང་ལྔ་ནི་མ་འོངས་པ་འཐོབ་བོ། །སྔོན་རྙེད་ཟིན་པ་དང༌། སློབ་པ་ཡིན་པས་གཞན་གསུམ་ནི་མི་འཐོབ་བོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཆགས་བྲལ་བཅུ་དྲུག་པ་ཡིན་ན་ཕ་རོལ་སེམས་ཤེས་ཐོབ་པའི་ཁྱབ་པར་ཐལ།འདོད་པའི་ཕྱིར། སྐབས་འདིར་དེ་དང་དེ་ལ་དེ་ཐོབ་ཅེས་པ་ཁྱབ་མཐའ་བཟུང་བ་མ་ཡིན་ན།རྩ་བར། ཟད་པ་ཤེས་པ་ལ་དགུའོ། །མི་གཡོ་བས་ནི་བཅུ་ཐོབ་བོ། །ཞེས་གསུངས་པ་དག་དང་འགལ་ཚུལ་གོང་དུ་བརྗོད་ཟིན་ཏོ། །འདོད་ན། ཆགས་བྲལ་གྱི་གང་ཟག་ཡིན་ན་མངོན་ཤེས་ཐོབ་པས་མ་ཁྱབ་པ་ཡང་སྔར་བཤད་ཟིན་ཏོ། །མཛོད་འགྲེལ་གནད་སྒྲོན་ལས། དེ་ཡི་གོང་མ་ཆགས་བཅས་ཀྱིས། །བསྒོམ་པའི་ལམ་ལ་བདུན་ཐོབ་བོ། །སྐད་ཅིག་མ་བཅུ་དྲུག་གི་གོང་མ་ཇི་སྲིད་དུ་འདོད་པ་ལས་འདོད་ཆགས་དང་བྲལ་བ་མ་ཡིན་པ་དེ་སྲིད་དུ་སྦྱོར་བ་དང་བར་ཆད་མེད་པ་དང་རྣམ་པར་གྲོལ་བ་དང༌། ཁྱད་པར་གྱི་ལམ་ཐམས་ཅད་ལ་ཤེས་པ་བདུན་འཐོབ་སྟེ། དྲུག་པོ་དང༌། ཀུན་རྫོབ་ཀྱི་ཤེས་པ་བདུན་པ་ཡིན་ནོ། །ཞེས་གསུངས་པའི་ནང་ནས་རྗེས་ཤེས་ལྡན་ཚུལ་ལ་དཔྱད། རྩ་བར། གོང་མའི་གྲོལ་བའི་ལམ་བརྒྱད་ལའང༌། །ཞེས་དང༌། མཆིམས་མཛོད་༦༧༧ལས། ས་བདུན་ལས་འདོད་ཆགས་དང་བྲལ་བའི་གོ༷ང་མ༷་སྲིད་རྩེ་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོ༷ལ་བ༷འི་ལ༷མ་བརྒྱ༷ད་ལ༷འ༷ང་ཆོས་ཤེས་རྗེས་ཤེས་དང་བདེན་པ་བཞི་ཤེས་དང་ཕ་རོལ་སེམས་ཤེས་དང་བདུན་ཐོབ་སྟེ། ཞེས་པ་ནས། སྲིད་རྩེའི་གཉེན་པོ་མ་ཡིན་པ་དང༌། སློབ་པ་ཡིན་པས་གཞན་གསུམ་མི་ཐོབ་བོ། །ཞེས་གསུངས་པའི་ཕྱིར། དེ་དང་འོག་གི་བཤད་པའི་ལྷག་མའི་སྐབས་སུ་མཆིམས་མཛོད་༦༧༩ལས། སྔར་བཤད་པའི་ལྷག་མ། ཞེས་པ་ནས། ས་བདུན་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བ་དང༌། ཞེས་པ་ནས། ཟད་པ་དང་མི་སྐྱེ་བ་ཤེས་པ་མ་གཏོགས་ཤེས་པ་བརྒྱད་བརྒྱད་མ་འོངས་པ་འཐོབ་སྟེ་སློབ་པའི་དབང་དུ་བྱས་པའོ། །ཞེས་གསུངས་པ་གཉིས་ལས་སྔ་མའི་སྐབས་སུ་ཕ་རོལ་སེམས་ཤེས་སོགས་ཤེས་པ་བདུན་ཐོབ་པར་གསུངས་ལ། ཕྱི་མའི་སྐབས་སུ་ཟད་ཤེས་དང་མི་སྐྱེ་བ་གཉིས་མ་གཏོགས་བརྒྱད་ཐོབ་པར་བཤད་པས་དེའི་རྒྱུ་མཚན་གང་ཡིན་དང༌། གཞུང་ལ་ལར་སྔ་མའི་སྐབས་སུུ་ཀུན་རྫོབ་ཤེས་པ་ཐོབ་ཀྱང་སེམས་ཤེས་མ་ཐོབ་པར་བཤད་པ་དང༌། དེ་ཡང་ཀུན་རྫོབ་ཤེས་པ་མ་ཐོབ་པའི་རྒྱུ་མཚན་སྲིད་རྩེ་གཉེན་པོ་མ་ཡིན་པས་བསྒྲུབ་པ་ཡིན་ན། ཕ་རོལ་སེམས་ཤེས་ཆོས་ཅན། དེར་ཐལ།དེའི་ཕྱིར་ཟེར་བ་དང༌། དེ་ཡིན་ན་སེམས་ཤེས་ཐོབ་པས་ཁྱབ་པ་ཡོད་མེད་དཔྱད། སྔར་བཤད་པའི་ལྷག་མ་བཤད་སྐབས་སུ་མངོན་པར་ཤེས་པ་དང་སྤེལ་མ་སྒོམ་པ་དང་མི་གཡོ་བ་རྟོགས་པར་བྱེད་པ་གསུམ་ལ་རྣམ་གྲོལ་ལམ་བརྒྱད་ཡོད་ཅེས་གསུངས་ཏེ། མཆིམས་མཛོད་༦༧༩ལས། སྔར་བཤད་པའི་ལྷག་མ་འདོད་པ་ལས་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་གྱི་ལམ་དགུ་བ་དང༌། ས་བདུན་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བ་དང༌། མངོན་པར་ཤེས་པ་དང༌། སྤེལ་མ་སྒོམ་པ་དང༌། མི་གཡོ་བ་རྟོགས་པར་བྱེད་པ་གསུམ་གྱི་རྣམ་པར་གྲོལ་བའི་ལམ་དང་པོ་བརྒྱད་པོ་རྣམས་དང༌། དེ་བཞིན་དུ་སྔར་མ་སྨོས་པ་འདོད་པ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་བའི་སྦྱོར་བ་དང་ཁྱད་པར་ཅན་གྱི་ལམ་རྣམས་ལ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་མ་གཏོགས་ཤེས་པ་བརྒྱད་བརྒྱད་མ་འོངས་པ་འཐོབ་སྟེ་སློབ་པའི་དབང་དུ་བྱས་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། མངོན་པར་ཤེས་པ་དང་སྤེལ་སྒོམ་རྟོགས་པར་བྱེད་པ་ལ་རྣམ་གྲོལ་ལམ་བརྒྱད་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མངོན་པར་ཤེས་པ་ལ་དེ་འདྲ་མེད་པ་གང་ཞིག སྤེལ་སྒོམ་ལ་དེ་འདྲ་མེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། སྐབས་འདིར་རང་འགྲེལ་དུ་མངོན་ཤེས་དང་སྤེལ་མ་སྒོམ་པ་ལ་རྣམ་གྲོལ་ལམ་རྣམས་ཞེས་པ་ལས་བརྒྱད་མ་བྱུང་ལ་ཕྱི་མ་མི་གཡོ་བ་རྟོགས་པར་བྱེད་པ་ལ་བརྒྱད་ཅེས་འབྱུང་བའི་ཕྱིར་ཏེ། རང་འགྲེལ་༦༠༦ལས། མངོན་པར་ཤེས་པ་དང་སྤེལ་མ་སྒོམ་པ་དག་གིས་རྣམ་པར་གྲོལ་བའི་ལམ་རྣམས་དང༌། མི་གཡོ་བ་རྟོགས་པར་བྱེད་པའི་རྣམ་པར་གྲོལ་བའི་ལམ་བརྒྱད་དང༌། ཞེས་གསུངས་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། སྤེལ་སྒོམ་ཡིན་པར་གྱུར་བའི་དེ་མེད་པ་གང་ཞིག སྦྱོར་བ་ལ་ཡང་དེ་མེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། སྤེལ་སྒོམ་ལྔ་ལ་རྣམ་གྲོལ་ལམ་ལྔ་ལས་མེད་པའི་ཕྱིར་ཏེ། མཆིམས་མཛོད་༦༠༧ལས། དང་པོ་གཉིས་བར་ཆད་མེད་ལམ་དང༌། གསུམ་པ་ནི་རྣམ་གྲོལ་ལམ་ལྟ་བུ་ཡིན་ནོ་ཞེས་བྱེ་བྲག་སྨྲ་བ་འདོད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། དེ་མ་ཟད་མི་གཡོ་བ་རྟོགས་པར་བྱེད་པའི་རྣམ་གྲོལ་ལམ་བརྒྱད་ཡོད་ཚུལ་ཞིབ་པར་འཚོལ་དགོས་སོ། །དེ་ལ་རྣམ་གྲོལ་ལམ་བརྒྱད་ཡོད་པ་མི་འཐད་དེ། མཛོད་འགྲེལ་གནད་སྒྲོན་གནས་དྲུག་པ་ལས།མཐོང་བས་ཐོབ་ལ་རེ་རེའོ། །མཐོང་བས་ཐོབ་པ་རྟོགས་པར་བྱེད་ན་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་རེ་རེ་སྐྱེའོ། །ཞེས་དང༌། མཆིམས་མཛོད་༦༢༩ལས། ༼སློབ་པ་༽དད་པས་མོས་པ་ཞིག་མཐོང་བས་ཐོབ་པ་རྟོགས་པར་བྱེད་པ་ལ་ནི་བར་ཆད་མེད་པ་དང༌། རྣམ་གྲོལ་གྱི་ལམ་རེ་རེ་༼ཁོ་ན་ལ་སྐྱེ་བ་༽ཡིན་ཏེ། གོམས་པ་ཆུང་བས་སྤང་སླ་བའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མཆིམས་མཛོད་༦༧༩ལས། མི་སློབ་པ་ནི་མངོན་པར་ཤེས་པ་དང་སྤེལ་མ་སྒོམ་པ་དང་མི་གཡོ་པ་རྟོགས་པར་བྱེད་པའི་བར་ཆད་མེད་པའི་ལམ་ལ་དུས་ཀྱི་རྣམ་གྲོལ་ཡིན་ན་ཕ་རོལ་སེམས་ཤེས་དང་མི་སྐྱེ་བ་ཤེས་པ་མ་གཏོགས་པ་བརྒྱད་འཐོབ་ལ། མི་གཡོ་བའི་ཆོས་ཅན་ཞིག་ཡིན་ན་ནི་བར་ཆད་མེད་ལམ་ལ་བཀག་པས་ཕ་རོལ་སེམས་ཤེས་མ་གཏོགས་པ་དགུ་འཐོབ་བོ། །མངོན་པར་ཤེས་པ་དང་སྤེལ་མར་སྒོམ་པ་དང་མི་གཡོ་བ་རྟོགས་པར་བྱེད་པའི་སྦྱོར་བ་དང་རྣམ་པར་གྲོལ་བ་དང་ཁྱད་པར་ཅན་གྱི་ལམ་རྣམས་ལ་དུས་ཀྱི་རྣམ་གྲོལ་གྱི་མི་སྐྱེ་བ་ཤེས་པ་མ་གཏོགས་དགུ་དང༌། མི་གཡོ་བས་བཅུ་འཐོབ་བོ། །ཞེས་གསུངས་པའི་ཚིག་དོན་ཞིབ་པར་དཔྱད་རིགས་སོ། །དེ་ལས་མངོན་པར་ཤེས་པའི་མིག་རྣའི་མངོན་ཤེས་ལ་མ་འོངས་པ་ཐོབ་པ་མེད་པར་བཤད་དེ། རང་འགྲེལ་༦༠༧ལས མངོན་པར་ཤེས་པའི་རྣམ་པར་གྲོལ་བའི་ལམ་གཉིས་ནི་ལུང་དུ་མ་བསྟན་པའི་ཕྱིར་མ་འོངས་པ་ཅུང་ཟད་ཀྱང་མི་འཐོབ་བོ། །ཞེས་དང༌། མཆིམས་མཛོད་༦༧༩ལས། དེ་ཡང་མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ཞེས་འབྱུང་བས་ལྷའི་མིག་དང་རྣ་བའི་མངོན་ཤེས་གཉིས་ཀྱིས་ནི་རྣམ་གྲོལ་གྱི་ལམ་ཡང་ལུང་མ་བསྟན་ཡིན་ལ་ལུང་མ་བསྟན་ལ་ནི་མ་འོངས་པ་ཐོབ་པ་མེད་དོ། །དེ་དག་ནི་མི་སློབ་པའི་དབང་དུ་བྱས་པའོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། མངོན་ཤེས་སྤྲུལ་བ་མ་གཏོགས་པ། །ཞེས་དང༌། རང་འགྲེལ་༡༣༦ལས། མངོན་པར་ཤེས་པ་ལུང་དུ་མ་བསྟན་པ་གཉིས་དང་སྤྲུལ་བའི་སེམས་མ་གཏོགས་པའོ། །དེ་དག་ནི་སྦྱོར་བ་ཁྱད་པར་གྱིས་འགྲུབ་པའི་སྟོབས་དང་ལྡན་པའི་ཕྱིར་སྔར་དང་ཕྱིས་དང་ལྷན་ཅིག་ཏུ་སྐྱེ་བ་ཡང་ཡོད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དེ་ལ་ཞིབ་ཆ་མཆིམས་མཛོད་༦༨༠ལས། མངོན་ཤེས་སྤྲུལ་བ་མ་གཏོགས་སོ་ཞེས་བྱ་བ་ནི་བསམ་གཏན་དགེ་བའི་སྟོབས་ཀྱིས་དེ་དག་མ་འོངས་པར་འཐོབ་པར་བཤད་པ་ཡིན་ལ། འདིར་དེ་དག་གི་མ་འོངས་པ་མི་འཐོབ་པར་འདོད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན། འོན་ཀྱང་དེའི་སྒོ་ནས་ཞིབ་ཆ་ལ་སླར་དཔྱད་པར་ཞུའོ། །སྔོན་རྙེད་ཟིན་པ་ཡིན་ན་མི་འཐོབ་དགོས་པར་ཐལ། མཛོད་འགྲེལ་གནད་སྒྲོན་༢༡༤ལས། རྣམ་པར་ཐར་པ་ལ་སོགས་པ་གང་ཇི་སྙེད་པ་དེ་ཐམས་ཅད་ཐོབ་བམ་ཞེ་ན། གང་སྔོན་མེད་པ་དེ་རྙཻད་ཀྱི། །ས་ཀུན་སྔོན་རྙཻད་མི་འཐོབ་པོ། །གང་རྣམ་པར་ཉམས་པ་ལས་གང་རྙེད་པ་དེ་ཡང་མི་འཐོབ་སྟེ། འཐོབ་པ་བཏང་བའི་ཕྱིར་རོ། །ཅི་ཐོབ་པ་རྙེད་པ་ཁོ་ན་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ནོ། །ཞེས་དང༌། མཆིམས་མཛོད་༦༨༡ལས། དེ་ཡང་སྔོན་རྙེད་ཟིན་པ་མི་འཐོབ་སྟེ། དེ་ནི་ཐོབ་ཟིན་པའི་ཕྱིར་དང༌། ༼དམན་པའི་ཕྱིར་དང་༽ཐོབ་པ་བཏང་བ་ཡིན་ན་འདས་པ་མི་ཐོབ་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཟད་ཤེས་ཐོབ་མ་ཐག་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཚད་མེད་དང་རྣམ་ཐར་གྱི་ཐོབ་པ་སོགས་མེད་པར་ཐལ། དེ་དག་ཁྱོད་ཀྱིས་མ་ཐོབ་པའི་ཕྱིར། དེར་ཐལ། སྔོན་རྙེད་ཟིན་པའི་ཕྱིར། །འདོད་ན། དེ་དག་བཏང་བར་ཐལ། འདོད་པའི་ཕྱིར།འདོད་མི་ནུས་ཏེ། གཏོང་རྒྱུ་མ་བྱུང་བའི་ཕྱིར་ཏེ། ས་འཕོས་པ་དང་ཉམས་པ་གང་ཡང་མ་བྱུང་བའི་ཕྱིར། ཁྱབ་སྟེ། གནས་བཞི་བ་ལས། བསམ་གཏན་གཏོགས་པའི་དགེ་བ་ནི། །ས་འཕོས་ཉམས་པ་དག་གིས་གཏོང༌། །དེ་བཞིན་གཟུགས་མེད། ཅེས་གསུངས་པའི་ཕྱིར་ཟེར་ན་སྔོན་རྙེད་པ་མི་ཐོབ་གསུངས་པ་ནི་གསར་རྙེད་ལ་དགོངས་པ་ཡིན་མིན་དཔྱད་པར་བྱའོ།། །།

ཤེས་པ་དེ་དག་གིས་བསྡུས་པའི་ཡོན་ཏན་བཤད་པ་ལ་དོགས་པ་འགོད་པ།

ཤེས་པ་དེ་དག་གིས་བསྡུས་པའི་ཡོན་ཏན་བཤད་པ་ལ་དོགས་པ་འགོད་པ་ནི།

གནས་དང་གནས་མིན་མཁྱེན་པའི་སྟོབས་ལ་འགོག་པ་ཤེས་པ་ཡོད་བར་ཐལ། རྩ་བར། གནས་དང་གནས་མིན་ཤེས་པ་བཅུ། །ཞེས་གསུངས་པའི་ཕྱིར། འདོད་ན། གནས་དང་གནས་མིན་མཁྱེན་པའི་སྟོབས་ཡིན་པར་གྱུར་བའི་འགོག་པ་ཤེས་པ་ཆོས་ཅན། གནས་དང་གནས་མིན་མཁྱེན་པར་ཐལ། ཆོས་ཅན་དེའི་ཕྱིར་ཏེ། དེ་ཡོད་པ་རྩ་བ་བཀོད་ཟིན་པའི་ཕྱིར།གོང་དུ་འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་ལམ་བདེན་ལས་འགོག་བདེན་ཐོབ་པ་གནས་ཡིན་དང༌། ལམ་ལོག་པ་ལས་འགོག་བདེན་མི་ཐོབ་པ་གནས་མ་ཡིན་པར་རྟོགས་པར་ཐལ།འདོད་པའི་ཕྱིར། འདོད་ན། འགོག་པ་ཤེས་པའི་ཡུལ་དུ་འདུས་བྱས་དང་ཟག་བཅས་ཀྱི་ཆོས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། འགོག་པ་ཤེས་པའི་ཡུལ་ལ་འདུས་མ་བྱས་དགེ་བ་གཅིག་པུ་ལས་གཞན་མེད་པའི་ཕྱིར་ཏེ། རྩ་བར། ཆོས་བཅུ་དག་དང་སྦྱར་བར་བྱ། །ཁམས་གསུམ་པ་དང་དྲི་མེད་ཆོས། །འདུས་མ་བྱས་རྣམས་གཉིས་གཉིས་སོ། །ཞེས་དང༌། མཆིམས་མཛོད་༦༧༡ལས། འགོག་པ་ཤེས་པའི་ཡུལ་དུ་འདུས་མ་བྱས་དགེ་བ་གཅིག་པུ་དང༌། ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། ཡང་གཞི་གྲུབ་ན་གནས་ཡིན་པས་ཁྱབ་ན་གནས་མ་ཡིན་པ་མེད་པར་ཐལ། གཞི་གྲུབ་ན་གནས་ཡིན་པས་ཁྱབ་པའི་ཕྱིར་རམ།ལས་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། གཞན་ཡང་གནས་དང་གནས་མ་ཡིན་པ་མེད་པར་ཐལ། སྲིད་པ་དང་མི་སྲིད་པ་གཉིས་མེད་པའི་ཕྱིར། ཁྱབ་སྟེ། གནས་ཡིན་མིན་ནི་སྲིད་པ་དང་མི་སྲིད་པའི་དོན་ཡིན་པའི་ཕྱིར་ཏེ། གང་སྤེལ་ལས། གནས་དང་གནས་མ་ཡིན་པས་ནི་ཆོས་ཐམས་ཅད་ལ་ཁྱབ་པའི་ཕྱིར་འདུས་བྱས་དང་འདུས་མ་བྱས་སོ། །ཞེས་དང༌། རྒྱལ་སྲས་མ་ལས། སྲིད་པ་ནི་གནས་སོ། །མི་སྲིད་པ་ནི་གནས་མ་ཡིན་པའོ། །ཞེས་གསུངས་པའི་ཕྱིར་ཟེར། རྩ་བར་འདོད་ན། གནས་དང་གནས་མིན་མཁྱེན་པའི་སྟོབས་མེད་པར་ཐལ། གནས་དང་གནས་མིན་མེད་པའི་ཕྱིར་ཟེར་ན་དཔྱད། ལས་འབྲས་མཁྱེན་པའི་སྟོབས་ཡིན་པར་གྱུར་བའི་ཕ་རོལ་སེམས་ཤེས་ཆོས་ཅན། ཁྱོད་ཀྱིས་ལས་འབྲས་དང་ཕ་རོལ་གྱི་སེམས་གཉིས་མཁྱེན་པར་ཐལ། ལས་འབྲས་མཁྱེན་པ་གང་ཞིག ཕ་རོལ་གྱི་སེམས་ཡང་ཤེས་པའི་ཕྱིར། རྟགས་རེ་རེ་ནས་གྲུབ་སྟེ། ཆོས་ཅན་དེའི་ཕྱིར། དེ་ཡོད་པར་ཐལ། རྩ་བར། ལས་འབྲས་ལ་བརྒྱད། ཅེས་གསུངས་པའི་ཕྱིར། རྩ་བར་འདོད་ན། རྩ་བར། རྫས་རེ་རེ་ཞིག་སྤྱོད་ཡུལ་ལོ། །ཞེས་པ་དང་འགལ་བར་འགྱུར་བའི་ཕྱིར་ཟེར་ན་དཔྱད། ཟག་ཟད་མཁྱེན་པའི་སྟོབས་ལ་ཀུན་རྫོབ་ཤེས་པ་སོགས་ཤེས་པ་དྲུག་གམ་བཅུ་ཡོད་དེ། མཛོད་འགྲེལ་གནད་སྒྲོན་ལས། ཟད་པ་དྲུག་གམ་བཅུ་ཡིན་ནོ། །ཟག་པ་ཟད་པའམ་མཁྱེན་པའི་སྟོབས་ནི་ཤེས་པ་དྲུག་སྟེ། ཆོས་ཤེས་པ་དང༌། །རྗེས་སུ་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པ་དང༌།ཀུན་རྫོབ་ཤེས་པ་རྣམས་ཏེ། གལ་ཏེ་ཟག་པ་ཟད་པ་འགོག་པ་ཤེས་པ་ཁོ་ན་ཞིག་ཡིན་ནམ།འོན་ཏེ་ཟད་པ་ཤེས་པ་ཟག་པ་ཟད་པའི་ཤེས་པའི་རྒྱུད་ལ་ཡོད་པ་ཡིན་ན་ནི་དེས་ན་ཤེས་པ་བཅུ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཀུན་རྫོབ་ཤེས་པ་ལ་འགོག་པ་ཤེས་པའི་ཟག་ཟད་མཁྱེན་པའི་སྟོབས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། འགོག་བདེན་མངོན་སུམ་དུ་རྟོགས་པའི་ཀུན་རྫོབ་ཤེས་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ལམ་བདེན་མངོན་སུམ་དུ་རྟོགས་པའི་ཀུན་རྫོབ་ཤེས་པ་ཡོད་པར་ཐལ། འགོག་པ་ལ་དེ་ཡོད་པ་གང་ཞིག དེ་གཉིས་མཚུངས་པའི་ཕྱིར་ཟེར་ན། རྟགས་ཕྱི་མ་མ་གྲུབ་པ་འདྲ། འོན་ཀྱང་འགོག་པ་མངོན་སུམ་དུ་རྟོགས་པའི་ཀུན་རྫོབ་ཤེས་པ་ཡོད་ན་དེ་ཟག་མེད་དུ་མི་འགྱུར་རམ་འགོག་པ་ཤེས་པ་ལ་ཟག་མེད་དགོས་པ་གང་ཞིག དེ་གཉིས་ལ་ཟག་མེད་ཡིན་པ་མི་མཚུངས་པའི་རྒྱུ་མཚན་གང་ཡང་མེད་པའི་ཕྱིར་ཟེར་ན་དཔྱད། ཡང་ཟག་ཟད་མཁྱེན་པའི་སྟོབས་ལ་འགོག་བདེན་ཤེས་པ་ཞིག་དགོས་ན་ཡང་དེ་ལ་སེམས་ཤེས་སོགས་ཡོད་པར་ཐལ། སྟོབས་བཅུའི་སྟོབས་ཡིན་ན་ཆོས་ཐམས་ཅད་ལ་ཐོགས་པ་མི་མངའ་བ་ཞིག་དགོས་པའི་ཕྱིར་ཏེ། མཛོད་འགྲེལ་གནད་སྒྲོན་ལས། སངས་རྒྱས་ཁོ་ནའི་སྟོབས་ཞེས་བྱ་སྟེ། ཅིའི་ཕྱིར།འདི་སྟོབས་གང་ཕྱིར་ཐོགས་མི་མངའ། །གང་གི་ཕྱིར་འདིའི་མཁྱེན་པ་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའ་བར་འཇུག་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྟོབས་བཅུའི་ནང་དུ་ཀུན་རྫོབ་ཤེས་པ་ཡིན་པ་ལ་གཉིས་ལས་མེད་པ་སོགས་ཀྱི་རྒྱུ་མཚན་ཡོད་པའི་ཕྱིར། དེ་མ་ཟད་ལུགས་འདི་ལ་ཡུལ་ལ་ཐོགས་པ་ནི་ཡུལ་རྟོགས་པའི་དོན་ཡིན་ལ་མི་ཐོགས་པ་ནི་ཡུལ་དེ་མི་འཛིན་པའི་དོན་ཡིན་པར་སྣང་སྟེ། རྩ་བར། ཐོགས་དང་བཅས་པ་གཟུགས་ཅན་བཅུ། །ཞེས་པའི་སྐབས་རང་འགྲེལ་༦༨ལས། དེ་ཡང་རྣམ་གསུམ་སྟེ། སྒྲིབ་པ་དང་ཡུལ་དག་ལ་ཐོགས་པའོ། །ཞེས་པ་ནས། དམིགས་པ་ལ་ཐོགས་པ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་རང་གི་དམིགས་པ་དག་ལ་ཐོགས་པའོ། །ཞེས་པ་ནས།གང་ཞིག་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་འཛིན་པ་དེ་ནི་དམིགས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་ཚིག་འདྲ་ཡང་དོན་མི་འདྲ་སྟེ། མཆིམས་མཛོད་༦༨༥ལས། གང་གི་ཕྱིར་འདིའི་མཁྱེན་པ་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའ་བར་འཇུག་པ་དེའི་ཕྱིར་རོ། །དེའི་ཕྱིར་སངས་རྒྱས་ལས་གཞན་ལའང་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པ་ཉི་ཚེ་བ་ཡོད་མོད་ཀྱི་འགའ་ཞིག་ཤེས་ཀྱང་འགའ་ཞིག་མི་ཤེས་པས་ཤེས་བྱ་ལ་ཐོགས་པ་དང་བཅས་པའི་ཕྱིར་སྟོབས་ཞེས་བྱ་བའི་མིང་མི་འཐོབ་སྟེ། ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་དཔྱད། མི་འཇིགས་པ་དང་པོ་རྟོགས་པ་ཕུན་ཚོགས་དམ་བཅས་པ་ལ་མི་འཇིགས་པ་ལ་གནས་དང་གནས་མ་ཡིན་པ་བཞིན་དུ་ཤེས་པ་བཅུ་ཡོད་དེ། རྩ་བ་ལས། ཇི་ལྟར་སྟོབས་ནི་དང་པོ་དང༌། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་ལ་འགོག་པ་ཤེས་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་འཇིགས་པ་དང་པོའི་ཡུལ་ལ་རྟོགས་པས་མ་ཁྱབ་པར་སྤངས་པ་ཡོད་པར་ཐལ། འདོད་པའི་ཕྱིར། མི་འཇིགས་པ་གཉིས་པ་སྤངས་པ་ཕུན་ཚོགས་ལ་དམ་བཅས་པ་ལ་མི་འཇིགས་པ་ལོགས་སུ་འཇོག་མི་དགོས་པར་འགྱུར་རོ་ཟེར་ན་དཔྱད། ངེས་འབྱུང་གི་ལམ་དམ་བཅས་པ་ལ་མི་འཇིགས་པ་ནི་ངེས་འབྱུང་གི་ལམ་ཞིག་དགོས་པར་ཐལ། དེའི་ཚིག་ཟུར་གྱི་ངེས་འབྱུང་གི་དོན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་ཟག་བཅས་ཟག་མེད་སོགས་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་ཡུལ་གྱི་ངན་སོང་དུ་འགྲོ་བའི་ལམ་སོགས་ཡོད་པའི་ཕྱིར་ཏེ། མཛོད་འགྲེལ་གནད་སྒྲོན་ལས།ཀུན་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཇི་ལྟ་བར་ངས་གང་ཉན་ཐོས་རྣམས་ཀྱི་ངེས་པར་འབྱུང་བའི་ལམ་དུ་གསུངས་པ་ལ་ཞེས་བྱ་བའི་མི་འཇིགས་པ་འདི་ཡང་དེ་དང་འདྲའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་གྲུབ་མཐའ་གོང་མའི་ལུགས་ལ་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱི་ཐམས་ཅད་དུ་འགྲོ་བའི་ལམ་ལ་ངན་སོང་དུ་འགྲོ་བའི་ལམ་བཞག་ཀྱང་ལུགས་འདིར་མི་བཞག་པ་འདྲ་བས་དཔྱད། རྩ་བར། དྲན་དང་ཤེས་བཞིན་བདག་ཉིད་གསུམ། །ཞེས་པའི་དྲན་ཉེ་གསུམ་ནི། མཆིམས་མཛོད་༦༨༨ལས། འཁོར་གུས་པར་ཉན་པ་དང་མི་ཉན་པ་དང་གཉིས་ཀའི་བྱེ་བྲག་གིས་གསུམ། ཞེས་དང༌། ཟླ་ཟེར་ལས། སངས་རྒྱས་རང་ཉིད་ལ་ཆོས་གུས་པས་ཉན་པ་ལ་དགའ་བ་དང༌། ཞེས་སོགས་གསུངས་པའི་ཕྱིར། དེ་ལ་མཆིམས་མཛོད་༦༨༩ལས། འོ་ན་ཉན་ཐོས་ཉོན་མོངས་པ་སྤངས་པ་རྣམས་ལའང་འཁོར་གུས་པར་ཉན་མི་ཉན་དང་གཉིས་ཀ་ལ་ཆགས་སྡང་མི་འབྱུང་བ་ཡོད་པའི་ཕྱིར་སངས་རྒྱས་ཀྱིས་མ་འདྲེས་པ་ཇི་ལྟར་འགྱུར་ཞེ་ན། ཉན་ཐོས་ཀྱི་ནི་ཆགས་སྡང་གི་བག་ཆགས་མ་སྤངས་ལ་སངས་རྒྱས་ཀྱི་སྤངས་པའི་ཕྱིར་རོ། །ཞེས་རྩོད་ལན་གསུངས་ལ། ཉན་ཐོས་ཀྱིས་དེ་འདྲའི་བག་ཆགས་སྤངས་པར་ཐལ། དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པའི་ཕྱིར།ཁྱབ་སྟེ། རྒྱལ་སྲས་མ་ལས། དེ་ནི་སྤངས་ཀྱང་དེ་དག་ལ་མིག་ལ་སོགས་པ་བཞིན་དུ་ཀུན་ཏུ་འབྱུང་གི་སངས་རྒྱས་བཅོམ་ལྡན་འདས་ལ་ནི་སྤངས་ཟིན་ཕན་ཆད་ཀུན་ཏུ་མི་འབྱུང་སྟེ། ཞེས་དང༌། གང་སྤེལ་ལས། སྤངས་པའི་བྱེ་བྲག་གི་རྣམ་པ་ལྔའོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། བྱེ་བྲག་སྨྲ་བས་བག་ཆགས་ཁས་ལེན་པར་ཐལ། སངས་རྒྱས་དང་ཉན་ཐོས་གཉིས་ཀྱིས་བག་ཆགས་སྤངས་མ་སྤངས་ཀྱི་ཁྱད་པར་འདོད་པའི་ཕྱིར། འདོད་མི་ནུས་ཏེ།མཆིམས་མཛོད༧༦༠ལས། བྱེ་བྲག་ཏུ་སྨྲ་བ་བག་ཆགས་ཀྱི་རྣམ་བཞག་མི་འདོད་པས་སྔོན་བསམ་གཏན་གོམས་པའི་སྐལ་མཉམ་གྱི་རྒྱུ་ལས་འབྱུང་བ་ལ་འདོད་དོ། །ཞེས་གསུངས་པའི་ཕྱིར་ཟེར་བ་སོགས་སྔར་གནས་དང་པོར་དཔྱད་ཚུལ་བཤད་ཟིན་ཏོ། །ཐུགས་རྗེ་ཆེན་པོ་དང་སྙིང་རྗེ་གཉིས་ལ་ཁྱད་པར་བརྒྱད་ཡོད་དེ། མཛོད་འགྲེལ་གནད་སྒྲོན་ལས། ཐ་དད་བྱ་བ་རྣམ་པ་བརྒྱད། །ངོ་བོ་ཉིད་ལས་ནི་ཞེ་སྡང་མེད་པ་དང༌། གཏི་མུག་མེད་པའི་ངོ་བོའི་ཕྱིར་རོ། །རྣམ་པ་ལས་ནི་སྡུག་བསྔལ་གཅིག་དང༌། གསུམ་གྱི་རྣམ་པ་ཅན་གྱིས་སོ། །དམིགས་པ་ལས་ནི་ཁམས་གཅིག་དང༌། གསུམ་གྱི་སེམས་ཅན་ལ་དམིགས་པས་སོ། །ས་ལས་ནི་བསམ་གཏན་བཞི་དང༌། བསམ་གཏན་བཞི་པའི་ས་བས་སོ། །རྒྱུད་ལས་ནི་ཉན་ཐོས་ལ་སོགས་པ་དང༌། སངས་རྒྱས་ཀྱི་རྒྱུད་ལ་སྐྱེས་པས་སོ། །ཐོབ་པ་ལས་ནི་འདོད་པའི་ཁམས་དང༌། སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བས་ཐོབ་པའི་ཕྱིར་རོ། །ཡོངས་སུ་མི་སྐྱོབ་པ་དང་ཡོངས་སུ་སྐྱོབ་པ་དང༌། མི་འདྲ་བ་དང༌། འདྲ་བར་ཐུགས་རྗེ་ཆེན་པོ་མཛད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་ཆོས་ཅན།སྙིང་རྗེའི་ཁྱད་པར་བརྒྱད་ཚང་བར་ཐལ། སྙིང་རྗེའམ་ཐུགས་རྗེ་ཆེན་པོ་དང་སྙིང་རྗེ་གཉིས་སུ་ཕྱེ་བའི་སྙིང་རྗེ་ཡིན་པའི་ཕྱིར། འདོད་ན། རྒྱུད་ཀྱི་ཁྱད་པར་ཉན་རང་དང་སོ་སོའི་སྐྱེ་བོའི་རྒྱུད་ལ་ཡོད་པ་དེ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེའི་ཕྱིར།འདོད་ན། དེ་ཆོས་ཅན། དེ་གཉིས་གང་ཡང་མ་ཡིན་པར་ཐལ། ཐུགས་རྗེ་ཆེན་པོའི་ཁྱད་པར་མ་ཚང་བ་གང་ཞིག སྙིང་རྗེའི་ཁྱད་པར་མ་ཚང་བ་བཤད་ཟིན་ལྟར་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཐུགས་རྗེ་ཆེན་པོ་ལ་ངོ་བོའི་ཁྱད་པར་གཏི་མུག་མེད་པའི་དགེ་རྩ་དགོས་པ་གང་ཞིག དེ་སྙིང་རྗེ་ཡིན་པས་ཞེ་སྡང་མེད་པའི་དགེ་རྩ་ཡིན་པའི་ཕྱིར་ཟེར་ན་དཔྱད། སྙིང་རྗེ་ཡིན་ན་དམིགས་པའི་ཁྱད་པར་འདོད་ཁམས་ཁོ་ན་ལ་དམིགས་པས་ཁྱབ་དགོས་ན། མཚན་བཟང་གི་རྒྱུར་གྱུར་བའི་སྙིང་རྗེ་ཆོས་ཅན། འདོད་ཁམས་ཁོ་ན་དམིགས་པ་ཡིན་པར་ཐལ།སྙིང་རྗེ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གནས་བཞི་བའི་རྩ་བ་ལས། ཀུན་ལ་ཐམས་ཅད་སྙིང་རྗེ་ཡི། །སྦྱིན་པ་བྱེད་པས་སྦྱིན་པ་རྫོགས། །ཅེས་དང༌། མཆིམས་མཛོད་༤༥༣ལས། གང་གི་ཚེ་སེམས་ཅན་ཀུན་ལ་དངོས་པོ་མིག་ནས་རྐང་བའི་བར་ལུས་དང་ལོངས་སྤྱོད་ཐམས་ཅད་ཀུན་སློང་མངོན་མཐོའི་ཁྱད་པར་ལ་མི་རེ་བར་སྙིང་རྗེ་ཡིས་སྦྱིན་པར་བྱེད་པས་དུས་དེའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་ཏེ། ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། དེ་ཆོས་ཅན། དེ་གཉིས་གང་ཡང་མ་ཡིན་པར་ཐལ། དེ་ནི་འདོད་པའི་སས་བསྡུས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་གཉིས་ནི་སའི་ཁྱད་པར་གོང་དུ་བཤད་ཟིན་ལྟར་ཡིན་པའི་ཕྱིར་རོ། །གོང་གི་རྟགས་གྲུབ་སྟེ། དེའི་འབྲས་བུ་མཚན་བཟང་འདོད་པའི་སས་བསྡུས་ཀྱི་རྣམ་སྨིན་ཡིན་པའི་ཕྱིར་ཟེར་ན་དཔྱད། ཡང་སངས་རྒྱས་ཀྱི་རྒྱུད་ཀྱི་བསམ་གཏན་དང་པོའི་སེམས་རྟེན་བྱས་པའི་སྙིང་རྗེ་ཆེན་པོ་ཆོས་ཅན། ཐུགས་རྗེ་ཆེན་པོ་དང་སྙིང་རྗེ་ཆེན་པོ་གཉིས་གང་ཡང་མ་ཡིན་པར་ཐལ། སེམས་རྟེན་བསམ་གཏན་བཞི་བ་མ་ཡིན་པས་ཐུགས་རྗེ་ཆེན་པོ་མ་ཡིན་པ་གང་ཞིག སངས་རྒྱས་ཀྱི་རྒྱུད་ཀྱིས་བསྡུས་པས་སྙིང་རྗེ་ཆེན་པོ་མ་ཡིན་པའི་ཕྱིར་ཟེར་ན་སྐབས་འདིའི་སྙིང་རྗེ་དང་ཐུགས་རྗེ་ཆེན་པོ་གཉིས་གང་གི་དབང་དུ་བྱས་པ་མིན་ནམ་བརྟག་པར་བྱའོ། །ཁྱད་པར་རྣམ་པ་བརྒྱད་ཀྱི་སྡོམ་ནི། ངོ་བོ་དམིགས་རྣམ་ས་དང་རྒྱུད། །ཐོབ་དང་སྐྱོབ་པ་འདྲ་མི་འདྲ། །ཞེས་སོ། །ཤེས་བཅུས་བསྡུས་པའི་ཡོན་ཏན་ལ་ཐུན་མོང་བ་ཡོད་དེ།རྩ་བར། ཆོས་གཞན་སློབ་དང་ཐུན་མོང་ཡིན། །ཁ་ཅིག་སོ་སོའི་སྐྱེ་བོ་དང༌། །ཞེས་དང༌། མཆིམས་མཛོད་༦༩༡ལས། ཐུན་མོང་གི་ཡོན་ཏན་ལ་ཡང་གཉིས་ལས་མདོར་བསྟན་པ་ནི་མ་འདྲེས་པ་བཅོ་བརྒྱད་མ་གཏོགས་པ་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་གཞན་ནི་སློབ་པ་ཉན་ཐོས་དང་དེས་མཚོན་ནས་རང་རྒྱལ་དང་ཡང་ཐུན་མོང་བ་ཡིན་ལ། ཡོན་ཏན་གྱི་ཆོས་ཁ་ཅིག་ནི་སོ་སོའི་སྐྱེ་བོ་དང་ཡང་ཐུན་མོང་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན།སངས་རྒྱས་ཀྱི་རྒྱུད་ཀྱི་མངོན་ཤེས་ལྟ་བུ་དེ་ཐུན་མོང་གི་ཡོན་ཏན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་སངས་རྒྱས་ཁོ་ནའི་རྒྱུད་ཀྱིས་བསྡུས་པ་ཡིན་པའི་ཕྱིར། མ་ཁྱབ་ན། དམ་བཅའ་བའི་རྒྱུད་ཀྱི་ཤེས་པ་སེམས་ཅན་ཐམས་ཅད་དང་ཐུན་མོང་བ་ཡིན་པར་ཐལ་ལོ་ཟེར་ན་སྤྱིར་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ཚད་དང་སྐབས་ཐོབ་ཀྱི་དེ་གཉིས་ཀྱི་གོ་དོན་ལེགས་པར་བཞག་ན་ཤེས་ནུས་སོ། །ཡང་ཁྱོད་སྡུག་བདེན་ཡིན་ན་ཁྱོད་ཤེས་ན་སྡུག་བདེན་ཤེས་དགོས་པར་ཐལ། མཆིམས་མཛོད་༦༩༥ལས། གལ་ཏེ་ངག་དང་ལམ་ལ་དམིགས་པའི་ཕྱིར་སྡུག་བསྔལ་ཀུན་འབྱུང་ཤེས་པར་ཇི་ལྟར་འགྱུར་ཞེ་ན། ངག་དེ་ཉིད་ཟག་བཅས་ཡིན་པའི་ཕྱིར་སྡུག་བསྔལ་ཡིན་ལ། ཕྱི་མ་བསྐྱེད་པའི་ཕྱིར་ཀུན་འབྱུང་ཡང་ཡིན་པས་དེ་ཤེས་པ་ན་དེ་དག་ཤེས་པར་བཞག་གོ །ཞེས་གསུངས་པའི་ཕྱིར། འདོད་ན། གཟུགས་ཀྱི་སྐྱེ་མཆེད་ཤེས་ན་སྡུག་བདེན་དང་ཀུན་འབྱུང་ཤེས་དགོས་པར་ཐལ། འདོད་པའི་ཕྱིར་ཞེས་སོགས་རིགས་པ་སྤྲོ་ཚུལ་སྔར་བཤད་ཟིན་ཏོ། །རྩ་བར་འདོད་མི་ནུས་ཏེ། ཆོས་དང་ངེས་ཚིག་སོ་སོར་རིག་པ་དེའི་ཡུལ་ལ་མིང་ཚིག་སོགས་བསྟན་པའི་ཆོས་དང་ངག་ཡོད་པ་གང་ཞིག དེ་དག་ སྡུག་བདེན་ཡིན་མོད་ཆོས་དང་ངེས་ཚིག་སོར་རིག་ལ་ཀུན་རྫོབ་ཤེས་པ་ལས་ཤེས་པ་གཞན་སྡུག་བདེན་ཤེས་པ་སོགས་དགུ་བོ་མི་བཞག་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། མཛོད་འགྲེལ་གནད་སྒྲོན་ལས། གསུམ་ནི་གོ་རིམ་བཞིན་མིང་དང༌། །དོན་དང་ངག་ལ་ཐོགས་མེད་ཤེས། །མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་དང༌། དོན་དང༌། ངག་ལ་ཐོགས་པ་མེད་པར་ཤེས་པ་ནི་ཆོས་དང༌། དོན་དང༌། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། མཛོད་འགྲེལ་གནད་སྒྲོན་ལས། གཞན་ཀུན་རྫོབ། ཆོས་དང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དག་ནི་ཀུན་རྫོབ་ཤེས་པའི་རང་བཞིན་ནོ། །ཞེས་དང༌། མཆིམས་མཛོད་༦༩༥ལས། དེ་དག་ལས་གཞན་ཆོས་དང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་གཉིས་ནི་ཀུན་རྫོབ་ཤེས་པའི་རང་བཞིན་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མངོན་ཤེས་ལ་རྣམ་གྲོལ་ལམ་དགོས་ཏེ། རྩ་བར། མངོན་ཤེས་རྣམ་དྲུག་རྣམ་གྲོལ་བློ། །ཞེས་དང༌། མཆིམས་མཛོད་༦༩༧ལས། ངོ་བོ་ནི་མངོན་ཤེས་དྲུག་པོ་དེ་དག་ཐམས་ཅད་ནི་དཔེར་ན་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་འདུས་བྱས་རྣམ་གྲོལ་གྱི་ལམ་གྱི་རང་བཞིན་ཡིན་པ་ལྟར་རྣམ་པར་གྲོལ་བའི་ལམ་གྱི་བློ་ཤེས་རབ་ཀྱི་རང་བཞིན་ཡིན་ནོ། །ཞེས་དང༌། ལྷའི་མིག་དང་རྣ་བའི་མངོན་ཤེས་ནི་དབང་ཤེས་ཡིན་པས་རྣམ་གྲོལ་ལམ་ཇི་ལྟར་ཡིན་ཞེ་ན། ལམ་གཞན་གྱི་རྣམ་གྲོལ་དུ་དེ་དག་འགལ་ཡང་མངོན་ཤེས་ཀྱི་རྣམ་གྲོལ་ཡིན་པས་སྐྱོན་མེད་དོ། །དེ་ལྟར་མིན་ན་སྒོམ་བྱུང་གི་མངོན་ཤེས་སུ་འགལ་ཏེ་རྣམ་གྲོལ་གྱི་ལམ་མིན་པས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་རྣམ་གྲོལ་ལམ་ཡིན་ཚུལ་ལ་དཔྱད། ཟག་བཅས་ཁོ་ན་ཡིན་ན་ཀུན་རྫོབ་ཤེས་པས་ཁྱབ་པར་ཐལ། མཆིམས་མཛོད་༦༩༨ལས། གསུམ་དང་དྲུག་པ་མ་གཏོགས་པ་བཞིའི་ངོ་བོ་ནི་ཀུན་རྫོབ་ཤེས་པ་སྟེ། ཟག་བཅས་ཁོ་ན་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། བུམ་སོགས་ཟག་བཅས་ཡིན་ཀྱང་ཀུན་རྫོབ་ཤེས་པ་མ་ཡིན་པའི་ཕྱིར། དེས་ན་སྐབས་འདིའི་ཤེས་པ་ཡིན་པ་གཞིར་བཞག་པའམ་ཡང་ན་དེའི་ལུང་གི་དོན་ཟག་བཅས་ཀྱི་ཤེས་པ་ཡིན་པའི་དོན་ཡིན་ནམ་དཔྱད། ལྷའི་མིག་གི་མངོན་ཤེས་ཀྱི་ཡུལ་ལ་གཟུགས་ཀྱིས་ཁྱབ་པར་ཐལ། གང་སྤེལ་ལས། འདི་ལྟར་གསུམ་གྱི་དམིགས་པ་ནི་གཟུགས་ཁོ་ན་ཡིན་ལ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། གང་སྤེལ་ལས། འཆི་འཕོ་དང་སྐྱེ་བ་ཤེས་པ་སྟེ། །འདི་ནི་ལྷའི་མིག་གི་མངོན་པར་ཤེས་པར་བཤད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དེའི་དགོངས་པ་ནི། མཆིམས་མཛོད་༧༠༠ལས། གལ་ཏེ་ལྷའི་མིག་གི་མངོན་ཤེས་ཀྱི་དམིགས་ཡུལ་གཟུགས་ཀྱི་སྐྱེ་མཆེད་ཁོ་ན་ཡིན་ན། འོ་ན་མདོ་ལས་འཆི་འཕོ་སྐྱེ་ཤེས་ཀྱིས་སེམས་ཅན་འདི་དག་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་ནོ་ཞེས་པ་ལ་སོགས་པ་སྒོ་གསུམ་གྱི་ལས་དང་ལྡན་པ་ཤེས་པ་དག་ལྡན་པར་གསུངས་པ་དང་འགལ་ཏེ། ཞེས་པ་ནས། ཞེ་ན། བྱེ་བྲག་ཏུ་སྨྲ་བ་དག་དེ་དག་ལྷའི་མིག་གི་མངོན་ཤེས་ཀྱིས་མི་ཤེས་ཀྱི་འོན་ཀྱང་ལྷའི་མིག་གི་མངོན་ཤེས་ཀྱི་འཁོར་དུ་གྱུར་བའི་ཡིད་ཀྱི་རྣམ་ཤེས་ཀྱིས་ཤེས་པ་ཡིན་པས། ཞེས་སོགས་གསུངས་པའི་ཕྱིར་ཟེར་ན། མངོན་ཤེས་བདུན་ཡོད་པར་ཐལ། དྲུག་ལས་གཞན་འཆི་འཕོ་ཤེས་པའི་མངོན་ཤེས་ལོགས་སུ་འཇོག་པའི་ཕྱིར། རྟགས་ཁས་ཟེར་བ་དང༌། དེ་མི་རིགས་པར་ཐལ། མངོན་ཤེས་དྲུག་གྲངས་འདྲེན་ཚེ་འཆི་འཕོ་ཤེས་པ་གཅིག་ལ་བགྲང་དགོས་པའི་ཕྱིར་ཏེ། མཛོད་འགྲེལ་གནད་སྒྲོན་ལས། མངོན་པར་ཤེས་པ་གང་ཞེ་ན། རྫུ་འཕྲུལ་རྣ་བ་ཡིད་དང་ནི། །སྔོན་ཚེ་འཆི་འཕོ་སྐྱེ་བ་དང༌། ཟད་ཤེས་མངོན་དུ་བྱ་བ་ཡི། །མངོན་ཤེས་རྣམ་དྲུག་དེ་དག་ལས་ལྔ་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན། མིག་གི་མངོན་ཤེས་དང་འཆི་འཕོ་སྐྱེ་བ་ཤེས་པ་གཉིས་གཅིག་ཏུ་མི་རུང་བར་ཐལ། དང་པོ་དབང་ཤེས་ཡིན་པས་ད་ལྟའི་དོན་ཅན་ཡིན་པ་གང་ཞིག ཕྱི་མའི་ཡུལ་ལ་འདས་མ་འོངས་ཀྱི་ཆོས་ཡོད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྩ་བར། ད་ལྟའི་དོན་ཅན་དང་པོ་ལྔ། །ཞེས་དང༌། མཆིམས་མཛོད་ལས། ལྷའི་མིག་དང་རྣ་བའི་མངོན་ཤེས་ནི་དབང་ཤེས་ཡིན་པས། ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། མཆིམས་མཛོད་ལས། སྔོན་གནས་རྗེས་སུ་དྲན་པ་དང༌། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་གཉིས་ནི་འདས་པ་དང་མ་འོངས་པའི་ཡུལ་ཅན་ཡིན་པས། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཟག་ཟད་མངོན་ཤེས་ལ་ཤེས་པ་དྲུག་གམ་བཅུ་ཡོད་དེ། རྩ་བར། ཟད་པའི་མངོན་ཤེས་སྟོབས་བཞིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། རང་ལུགས་ལ་ཟག་ཟད་མངོན་ཤེས་ལ་ཤེས་པ་དྲུག་ཡོད་པ་དེ་འཐད་པ་ཡིན་ནམ་བཅུ་ཙམ་ཡོད་པ་དེ་འཐད་པ་ཡིན། དང་པོ་ལྟར་ཡིན་ན། ཟག་པ་ཟད་པའི་གང་ཟག་གི་རྒྱུད་ཀྱི་ཤེས་པ་ལ་ཟག་ཟད་ཀྱི་ཤེས་པ་ཡིན་མི་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉོན་མོངས་པ་ཟད་པའི་གང་ཟག་གི་རྒྱུད་ཀྱི་ཤེས་པ་དེ་ཉོན་མོངས་ཟད་པའི་ཤེས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲིབ་པ་ཟད་པའི་གང་ཟག་གི་རྒྱུད་ཀྱི་ཤེས་པ་དེ་སྒྲིབ་པ་ཟད་པའི་ཤེས་པ་མ་ཡིན་པར་ཐལ།འདོད་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པ་དེ་སྒྲིབ་སྤངས་སངས་རྒྱས་འཕགས་པ་མ་ཡིན་པར་ཐལ་བ་དང༌། ཉོན་མོངས་སྤངས་པའི་དགྲ་བཅོམ་པའི་རྒྱུད་ཀྱི་ཤེས་པ་དེ་དགྲ་བཅོམ་པའི་ཤེས་པ་མ་ཡིན་པར་ཐལ་བ་དང༌། ཟག་ཟད་མངོན་ཤེས་ཀྱི་གོ་དོན་ཟག་པ་ཟད་པའི་རྒྱུད་ཀྱི་ཤེས་པ་ལ་གོ་དགོས་པ་མ་ཡིན་ན་ཟག་ཟད་མངོན་ཤེས་ཐོབ་པ་ལ་དགྲ་བཅོམ་པ་ཐོབ་དགོས་པའི་རྒྱུ་མཚན་དཀའ་བར་འགྱུར་རོ། །དྲུག་ཡོད་པའི་དབང་དུ་བྱས་ན་དེ་ལ་བདེན་བཞི་ཤེས་པ་ལས་གཞན་འཇོག་ཚུལ་མེད། བདེན་བཞི་ཤེས་པ་ལ་ཟག་མེད་ལས་གཞན་མེད་ན་ཀུན་རྫོབ་ཤེས་པ་འཇོག་ཚུལ་ལ་དཔྱད། གཉིས་པ་ལྟར་ན་ཟག་ཟད་མངོན་ཤེས་ལ་ཟག་མེད་ཀྱིས་མ་ཁྱབ་པར་ཐལ། དེ་ལ་ཀུན་རྫོབ་ཤེས་པ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ཟག་ཟད་ཤེས་པའི་མངོན་ཤེས་ལ་ཟག་ཟད་མཁྱེན་པ་དགོས་ལ། དེ་དགོས་ན་ཟག་ཟད་དེ་དེས་རྟོགས་དགོས་པར་ཐལ། འགོག་པ་ཤེས་པའི་མཁྱེན་པ་ལ་འགོག་པ་ཤེས་དགོས་པ་གང་ཞིག དེ་དང་མཚུངས་པའི་ཕྱིར་ཟེར་བ་དང༌། གཞན་ཡང་དགྲ་བཅོམ་པའི་རྒྱུད་ཀྱི་མིག་རྣའི་མངོན་ཤེས་དེ་ཟག་ཟད་ཀྱི་མངོན་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཟག་ཟད་ཀྱི་མངོན་ཤེས་ལ་དགེ་བས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར།འདོད་མི་ནུས་ཏེ། རྩ་བར། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ལྷག་རྣམས་དགེ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། དམན་པའི་ཡུལ་ལ་རང་ལས་གོང་མའི་ཆོས་མེད་པར་ཐལ། རྩ་བར། རང་དང་འོག་སའི་སྤྱོད་ཡུལ་ཅན། །ཞེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ། གཞན་ལ་བརྟེན་ནས་གོང་མའི་ཆོས་རྟོགས་པ་ཡོད་ཚུལ་སྔར་བཤད་ཟིན་པའི་ཕྱིར་དང༌། མི་སློབ་ལམ་མངོན་སུམ་དུ་རྟོགས་པའི་མཐོང་ལམ་མེད་ན་མི་སློབ་ལམ་ལམ་མ་ཡིན་པར་འཛིན་པའི་འཛིན་པ་ཕྱིན་ཅི་ལོག་སྤངས་པ་ལ་དེའི་ཞེན་ཡུལ་མེད་པར་རྟོགས་དགོས་པའི་ཕྱིར་ཟེར་ན་དཔྱད། མིག་རྣའི་མངོན་ཤེས་ལ་ལུང་མ་བསྟན་དགོས་པར་ཐལ། རྩ་བར། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་པར་ཐལ། དེ་དགེ་བ་ཡིན་པའི་ཕྱིར། དེར་ཐལ། དེའི་སེམས་རྟེན་བསམ་གཏན་གྱི་དངོས་གཞི་ཡིན་པའི་ཕྱིར། དེར་ཐལ། རྩ་བར། ལྔ་ནི་བསམ་གཏན་བཞི་དག་ན། །ཞེས་དང༌། མཆིམས་མཛོད་ལས། མངོན་པར་ཤེས་པ་དང་པོ་ལྔ་ནི་བསམ་གཏན་གྱི་དངོས་གཞི་བཞི་དག་ན་ཡོད་ལ། ཞེས་གསུངས་པའི་ཕྱིར་ཞེས་རྩོད་པ་དང༌། མིག་རྣའི་མངོན་ཤེས་ལ་ལུང་མ་བསྟན་དགོས་པའི་རྒྱུ་མཚན་དབང་ཤེས་ཡིན་པས་སྒྲུབ་མི་ནུས་པ་གང་ཞིགགཞན་དེ་གཉིས་ཀུན་སློང་ལ་དགེ་བ་ཡོད་པས་དགེ་བ་མི་འཇོག་པའི་རྒྱུ་མཚན་མེད་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བར། ལུང་མ་བསྟན་བརྒྱད་དེ་དག་ཉིད། །གཟུགས་སྒྲ་མ་གཏོགས་གཞན་རྣམ་གསུམ། །ཞེས་གསུངས་པའི་ཕྱིར་ཞེས་རྩོད་པ་དང༌། ཡང་དེ་གཉིས་བསམ་གཏན་བཞི་ག་ན་ཡོད་པ་མི་འཐད་པར་ཐལ། དེ་གཉིས་དབང་ཤེས་ཡིན་པས་བསམ་གཏན་གཉིས་པ་ཡན་ན་མེད་པའི་ཕྱིར་ཏེ། གནས་བརྒྱད་པའི་རྩ་བར། གཉིས་པ་སོགས་ན་ལུས་མིག་དང༌། །རྣ་བའི་རྣམ་རིག་རྣམ་རིག་སློང༌། །གང་ཡིན་དེ་ནི་དང་པོར་རྟོགས། །ཞེས་གསུངས་པའི་ཕྱིར་ཟེར་ན་སྐྱོན་མེད་ཀྱི་ལན་མཆིམས་མཛོད་༧༠༡ལས། དེ་ལྟ་མོད་ཀྱི་འོན་ཀྱང་གཟུགས་ཀྱི་ཁམས་ན་བཅུ་བཞིའོ་ཞེས་འབྱུང་བས། རྣམ་ཤེས་དེ་དག་གི་རྟེན་མིག་དང་རྣ་བའི་དབང་པོ་བསམ་གཏན་བཞི་བའང་ཡིན་པས་རྟེན་དེ་དག་གི་དབང་གིས་བསམ་གཏན་བཞི་བར་བརྗོད་དོ། །ཡང་ན་བར་ཆད་མེད་ལམ་གྱི་དབང་གིས་དེ་ལྟར་བརྗོད་དེ། ཐོག་མར་སྒྲུབ་པ་ན་ལམ་སླ་བའི་མཆོག་ཡིན་པས་བར་ཆད་མེད་ལམ་བསམ་གཏན་བཞི་བ་ལ་བརྟེན་ནས་སྒྲུབ་དགོས་པའི་ཕྱིར་རོ། །ཞེས་གསུངས་སོ། །ཡང་མངོན་ཤེས་དང་པོ་གཉིས་ལུང་མ་བསྟན་ཡིན་པ་མི་འཐད་པར་ཐལ། དེ་གཉིས་ལ་ལུས་དྲན་པ་ཉེར་བཞག་ཡོད་པའི་ཕྱིར། ཁྱབ་སྟེ།ལུས་དྲན་པ་ཉེར་བཞག་ལ་ལམ་གྱིས་ཁྱབ་པའི་ཕྱིར། དེར་ཐལ། དེ་ལམ་གྱི་དབྱེ་བ་ཡིན་པའི་ཕྱིར། དེར་ཐལ། རྩ་བར། སྡེ་ཚན་བདུན་ནི་གོ་རིམ་བཞིན། །ལས་ནི་དང་པོ་པ་དག་དང༌། །ངེས་འབྱེད་ཆ་མཐུན་རྣམས་དང་ནི། །བསྒོམ་དང་མཐོང་ལ་རབ་ཏུ་ཕྱེ། །ཞེས་གསུངས་པའི་ཕྱིར་རོ། །གོང་གི་མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། མཛོད་འགྲེལ་གནད་སྒྲོན་ལས།དང་པོ་རྫུ་འཕྲུལ་རྣ་བ་མིག །རྫུ་འཕྲུལ་དང༌། ལྷའི་རྣ་བ་དང༌། མིག་གི་མངོན་པར་ཤེས་པ་ནི་ལུས་དྲན་པ་ཉེ་བར་གཞག་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཟག་ཟད་མངོན་ཤེས་ལ་དྲན་པ་ཉེར་བཞག་བཞི་ག་ཡོད་པར་ཐལ། མཛོད་འགྲེལ་གནད་སྒྲོན་ལས།ལྷག་མ་དག་ནི་དམིགས་ཀྱིས་མ་ཕྱེ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་བཞི་ཆར་གྱི་རང་བཞིན་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །ཞེས་དང༌། མཆིམས་མཛོད་༧༠༡ལས། ཡང་ན་ཟག་པ་ཟད་པ་འབའ་ཞིག་ལ་དམིགས་པའི་ཤེས་པ་དྲུག་གི་ངོ་བོ་ཡིན་ཡང་དྲན་པ་ཉེར་བཞག་གཞན་གསུམ་ཡང་མ་འོངས་པ་ཐོབ་པས་དྲན་པ་ཉེར་བཞག་བཞི་ཆར་གྱི་རང་བཞིན་ཞེས་ཊཱིཀ་བྱེད་དག་འཆད་དེ་འགྲེལ་བའི་དགོངས་པའང་དེ་ཉིད་དུ་གསལ་ལོ། །ཞེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ། ཟག་ཟད་མངོན་ཤེས་དེའི་དམིགས་པ་ཟག་ཟད་འབའ་ཞིག་གི་དབང་དུ་བྱས་ན་དེའི་དམིགས་པར་གྱུར་བའི་གཟུགས་གཏན་ནས་མེད་པའི་ཕྱིར་ཟེར་ན་དཔྱད། མངོན་ཤེས་ཕྱི་མ་གསུམ་ནི་རྨོངས་པ་ཟློག་བྱེད་ཡིན་པར་ཐལ། མཛོད་འགྲེལ་གནད་སྒྲོན་ལས།

གསུམ་ནི་རིག་པ།

གསུམ་ནི་རིག་པ།

སྔོན་གྱི་གནས་དང༌། འཆི་འཕོ་བ་དང༌། སྐྱེ་བ་ཤེས་པ་དང༌། ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམས་ནི་མི་སློབ་པའི་རིག་པ་གསུམ་མོ། །ཅིའི་ཕྱིར་དེ་དག་ཁོ་ན་ཡིན་གྱི་གཞན་མ་ཡིན་ཞེ་ན། སྔོན་མཐའ་སོགས། མ་རིག་པ་ནི་བཟློག་ཕྱིར་རོ། །འདི་དག་ནི་སྔོན་དང༌། ཕྱི་མའི་མཐའ་དང༌། བར་ལ་ཀུན་ཏུ་རྨོངས་པ་ཟློག་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། མངོན་ཤེས་དང་པོ་གསུམ་རྨོངས་པ་ཟློག་བྱེད་མ་ཡིན་པར་ཐལ། ཕྱི་མ་གསུམ་དམིགས་ཀྱིས་བཀར་བའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དང་པོ་གསུམ་རྨོངས་པ་ཟློག་བྱེད་ཡིན་པ་རང་གི་ཡུལ་རྟོགས་ཚུལ་གྱི་དབང་དུ་བྱས་ན་སླ་བའི་ཕྱིར་ཟེར་ན་དཔྱད། མི་སློབ་པའི་ཟག་ཟད་མངོན་ཤེས་དང་སྔོན་གནས་རྗེས་དྲན་དང་མི་སློབ་པའི་འཆི་འཕོ་དང་སྐྱེ་བ་ཤེས་པ་གསུམ་ནི་མི་སློབ་པའི་རིག་པ་ཡིན་ཏེ། རྩ་བར། མི་སློབ་པ་ཐ་མ་གཉིས་ནི་དེའི། །རྒྱུད་ལ་སྐྱེས་ཕྱིར་དེའི་ཞེས་བྱ། །ཞེས་དང༌།མཆིམས་མཛོད་༧༠༣ལས། མི་སློབ་པའི་རིག་པ་གསུམ་ནི། ཞེས་པ་ནས། གསུམ་པོ་དེ་དག་ཀྱང་དོན་དམ་པར་མི་སློབ་པ་འང་ཡིན་ལ་དེའི་རིག་པ་ཡིན་པ་ནི་ཟག་མེད་ཡིན་པས་ཐ་མ་ཟག་ཟད་ཀྱི་མངོན་ཤེས་ཁོ་ན་ཡིན་ལ། དང་པོ་གཉིས་ནི་མི་སློབ་པ་དེའི་རྒྱུད་ལ་སྐྱེས་པའི་ཕྱིར་མི་སློབ་པ་དེའི་རིག་པ་ཞེས་བྱའི་དངོས་སུ་ན་དེ་གཉིས་ནི་ཟག་བཅས་ཡིན་པས་དེ་གཉིས་སློབ་པ་མ་ཡིན་མི་སློབ་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཟག་ཟད་ཀྱི་མངོན་ཤེས་ཟག་མེད་དང་མི་སློབ་པར་བཤད་པ་དེ་དང༌། དེ་ལ་ཀུན་རྫོབ་ཤེས་པ་ཡོད་པར་བཤད་པ་གཉིས་འགལ་མེད་དུ་སྒྲུབ་རོགས་ཞུའོ། །ཟག་ཟད་ཀྱི་མངོན་ཤེས་སམ་རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི། ཕྱི་མ་ཡིད་འོང་གི་འབྲས་བུ་ལ་སྦྱོར་བར་བྱེད་པ་ཡིན་ཏེ། རྩ་བར།ཡིད་འོང་འབྲས་ལ་སྦྱོར་བྱེད་ཕྱིར། །ཞེས་དང༌། མཆིམས་མཛོད་༧༠༤ལས། ཕྱི་མ་སྡུག་བསྔལ་གྱི་ཁུར་དང་བྲལ་བས་གཏན་དུ་ཡིད་དུ་འོང་བའི་འབྲས་བུ་ལ་སྦྱོར་བར་བྱེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཟག་ཟད་ཀྱི་མངོན་ཤེས་ཐོབ་པའི་དགྲ་བཅོམ་པ་སླར་སྐྱེ་བ་མི་ལེན་པར་ལྷག་མེད་དུ་འདའ་བ་ཡིན་པའི་ཕྱིར་ཟེར་ན་དཔྱད། སྒྲ་དང་ནང་གི་སྐྱེ་མཆེད་སྤྲུལ་བ་མེད་ལ་ཕྱི་ཡི་སྐྱེ་མཆེད་བཞི་ཙམ་སྤྲུལ་བ་ཡོད་དེ། རྩ་བར།འདོད་པར་གཏོགས་པའི་སྤྲུལ་བ་ནི། །ཕྱི་ཡི་སྐྱེ་མཆེད་བཞི་རྣམ་གཉིས། །ཞེས་དང༌། མཆིམས་མཛོད་༧༠༤ལས། འདོད་པར་གཏོགས་པའི་སྤྲུལ་པ་ནི་ཕྱིའི་སྐྱེ་མཆེད་གཟུགས་དྲི་རོ་རེག་བྱ་བཞི་སྤྲུལ་གྱི་ནང་གི་སྐྱེ་མཆེད་ནི་སྤྲུལ་བར་མི་བྱེད་དེ། དེ་སྤྲུལ་ན་སྔོན་མེད་པའི་སེམས་ཅན་འབྱུང་བར་ཐལ་བའི་ཕྱིར་རོ། །སྒྲ་ནི་རྒྱུན་མེད་པའི་ཕྱིར་མི་སྤྲུལ་ལོ། །ཞེས་གསུངས་སོ། །འོ་ན་ནང་གི་སྐྱེ་མཆེད་སྤྲུལ་བ་ཡོད་ན་་སྔོན་མེད་པའི་སེམས་ཅན་འབྱུང་བར་ཐལ་བར་འགྱུར་ཚུལ་དང་འགྱུར་བའི་རྒྱུ་མཚན་དང༌། གཟུགས་སོགས་གསར་སྐྱེ་ཡོད་ན་སེམས་ཅན་གསར་སྐྱེ་མེད་པའི་གནད་གང་ཡིན་འཚོལ་བ་དང༌། དེ་ཡང་ནང་གི་སྐྱེ་མཆེད་སྤྲུལ་བ་ཡོད་པར་ཐལ། སྤྲུལ་བ་ལ་སེམས་ཡོད་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། སྐྱེས་པས་ཐོབ་པའི་སྤྲུལ་བའི་སེམས་ནི། ནས། སྐྱེ་མཆེད་དགུ་བ་ཡིན་ཏེ། ཞེས་དང༌། མཆིམས་མཛོད་དུ་བཀོད་པའི་གདགས་པ་ལས། སྤྲུལ་བ་ནི་གཉིས་ཏེ། སྐྱེས་ནས་ཐོབ་པ་དང༌། བསྒོམས་པ་ལས་བྱུང་བའོ། །དེ་ལ་དང་པོ་ནི་སེམས་ཅན་དེའི་སེམས་ཀྱི་དབང་གིས་འགྱུར་རོ། །གཉིས་པ་ནི་སྤྲུལ་བའི་སེམས་ཀྱི་དབང་གིས་འཇུག་གོ་ཞེས་བརྗོད་པར་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །ཞེས་དང༌། འགྲེལ་བ་མངོན་རྒྱན་༧༠༩ལས། སྐྱེས་ཐོབ་ལ་སེམས་ཡོད་པར་བཤད་དོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་༧༠༧ལས། དེའི་ཕྱིར་བྱེ་བྲག་ཏུ་སྨྲ་བས་སེམས་ཅན་གསར་སྐྱེ་མེད་པས་དབང་པོ་ལྔ་མི་སྤྲུལ་ལ། ཞེས་གསུངས་པའི་ཕྱིར་ཟེར་ན་ལུགས་སོ་སོར་ཕྱེ་དགོས་པར་སྣང་ངོ༌། །ཡང་སྤྲུལ་བ་ལ་སེམས་མེད་ན་རང་གི་ལུས་དང་འབྲེལ་བའི་སྤྲུལ་བ་ཡོད་པ་གང་ཞིག དེ་ལ་སེམས་མེད་ན་རང་གི་ལུས་ནི་སེང་གེ་སོགས་སུ་སྤྲུལ་བས་དེ་དུས་སུ་སྤྲུལ་བ་ལ་སེམས་མི་གནས་ན་གཞན་ལ་གནས་ཚུལ་མེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། མཆིམས་མཛོད་༧༠༤ལས། དེ་ཡང་བདག་ཉིད་སེང་གེ་གླང་པོ་ཆེ་ལ་སོགས་པར་བསྒྱུར་བས་བདག་གི་ལུས་དང་འབྲེལ་བ་དང༌། བདག་ཉིད་ལས་ཕྱི་རོལ་ཏུ་སེང་གེ་དང་གླང་པོ་ཆེ་ལ་སོགས་པར་སྤྲུལ་བས་གཞན་གྱི་ལུས་དང་འབྲེལ་བ་རྣམ་པ་གཉིས་སོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། སྤྲུལ་ལ་ཕྱིའི་བ་སྐྱེ་མཆེད་ལས་མེད་པ་མི་རིགས་པར་ཐལ། མཆིམས་མཛོད་༧༠༩ལས། ལྷ་ཀླུ་ལ་སོགས་པ་དེ་དག་གིས་བྱས་པའི་སྤྲུལ་བ་རང་དང་གཞན་གྱི་རྒྱུད་དང་འབྲེལ་བ་ནི་སྒྲ་མ་གཏོགས་པའི་གཟུགས་ཅན་གྱི་སྐྱེ་མཆེད་ཐམས་ཅད་ཡིན་པའི་ཕྱིར་སྐྱེ་མཆེད་དགུ་བ་ཡིན་ནོ། །ཞེས་ཟེར་ན་དཔྱད།ཡང་སྒྲ་ལ་རྒྱུན་མེད་ན་སྒྲ་ཐག་རིང་པོར་འཇུག་པ་དང༌། དེང་རབས་ཀྱི་དུས་འདིར་སྒྲ་བླངས་ནས་ལོ་དུ་མར་གནས་པ་ཡོད་པ་དེ་དག་སྒྲའི་རྒྱུན་མེད་ན་ཇི་ལྟར་ཡིན་ཚུལ་དཔྱད། སྤྲུལ་བས་ངག་སྨྲ་བ་ཡོད་པར་ཐལ། རྩ་བར། སྨྲར་འཇུག་པ་ནི་འོག་མས་ཀྱང༌། །ཞེས་དང༌། མཆིམས་མཛོད་༧༠༦ལས། བསམ་གཏན་གཉིས་པ་ཡན་ཆད་པ་དག་གི་སྤྲུལ་པ་ངག་སྨྲར་འཇུག་པ་ནི། རང་ས་ནས་རྟོག་དཔྱོད་མེད་ཅིང་ངག་སྨྲ་བ་ཀུན་སློང་རྟོག་དཔྱོད་ལ་ངེས་པར་ལྟོས་པས་ས་འོག་མ་བསམ་གཏན་དང་པོའི་ས་པའི་སྨྲ་སེམས་ཁོ་ནས་སྨྲར་འཇུག་ལ། ཞེས་གསུངས་པའི་ཕྱིར། འདོད་ན། སྤྲུལ་བའི་ངག་ཆོས་ཅན། ངག་གི་རྣམ་པ་རིག་བྱེད་ཀྱི་སྒྲ་ཡིན་པར་ཐལ། ངག་ཡིན་པའི་ཕྱིར། ཁྱབ་སྟེ། དེ་གཉིས་དོན་གཅིག་ཡིན་པའི་ཕྱིར། རང་འགྲེལ་༣༢༩ལས། ངག་རྣམ་རིག་བྱེད་འདི་དག་སྒྲ། །ངག་གི་རང་བཞིན་གྱི་སྒྲ་གང་ཡིན་པ་དེ་ཉིད་ངག་གི་རྣམ་པར་རིག་བྱེད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྤྲུལ་བའི་ངག་གིས་རང་གི་ཀུན་སློང་རིག་པར་བྱེད་པར་ཐལ། འདོད་པའི་ཕྱིར་ཟེར་བ་དང༌། དེ་འདྲའི་ངག་ཀུན་ནས་སློང་བྱེད་ཀྱི་རྟོག་དཔྱོད་གཉིས་སྤྲུལ་སེམས་ཀྱི་རྗེས་དེ་མ་ཐག་ཏུ་བྱུང་བར་ཐལ། མཆིམས་མཛོད་༧༠༧ལས། དང་པོ་སྦྱོར་བའི་ཚེ་སྤྲུལ་སེམས་ཀྱིས་སྤྲུལ་བ་སྤྲུལ་ནས་བདག་གི་སྤྲུལ་བ་འདི་ཡུན་རིང་དུ་གནས་པར་གྱུར་ཅིག །དེ་ནས་སྨྲ་སེམས་ཀྱིས་སྨྲ་བར་གྱུར་ཅིག་ཅེས་རིམ་པ་ལྟར་འབྱུང་བར་བྱིན་གྱིས་བརླབས་ནས། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྤྲུལ་སེམས་དེ་འདོད་སེམས་མངོན་དུ་བྱས་པ་ཡིན་ན་དེའི་མཇུག་ཏུ་གཟུགས་ཀྱི་སྨྲ་འཇུག་གི་སེམས་འབྱུང་བ་མེད་པའི་ཕྱིར་ཏེ། སེམས་བཅུ་གཉིས་ལས་གཟུགས་ཀྱི་མ་སྒྲིབ་ལུང་མ་བསྟན་གྱི་སེམས་ནི་རང་སའི་གསུམ་པོ་ལས་བྱུང་བ་ཡོད་པ་ལས་གཞན་མེད་པའི་ཕྱིར། རྩ་བར། མ་སྒྲིབ་པ་ནི་གསུམ་ལས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ལྷའི་མིག་དང་ལྷའི་རྣ་བ་ལ་རྟེན་བཅས་ལས་དེ་མཚུངས་མེད་པར་ཐལ། མཛོད་འགྲེལ་གནད་སྒྲོན་ལས། ཡང་དེ་དག་ནི། རྟག་ཏུ་རྟེན་བཅས་མ་ཚང་མེད། །ཐག་རིང་ཕྲ་སོགས་སྤྱོད་ཡུལ་ཅན། །ལྷའི་མིག་དང་རྣ་བ་ནི་དེ་དང་མཚུངས་པ་མེད་དོ། །ཞར་བ་དང་འོན་པ་མེད་པའི་ཕྱིར་མ་ཚང་བ་ཡང་མ་ཡིན་ནོ། །དེ་གཉིས་ཀྱི་ཡུལ་ནི་གཟུགས་དང་སྒྲ་ཐག་རིང་བ་དང༌། ཕྲ་བ་དང༌། བསྒྲིབས་པ་དག་ཀྱང་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་གཉིས་ཐོབ་པའི་གང་ཟག་ལ་འགོག་པ་ལ་སྙོམས་པར་ཞུགས་པ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་སོ། །

སྨྲས་པ། བཟོད་ཤེས་ལྟ་བ་དེ་དག་ཤེས་པའི་གཞི། །ཤེས་པའི་རང་བཞིན་ཇི་སྙེད་ལྡན་ཐོབ་ཚུལ། །ཤེས་བཅུས་བསྡུས་པའི་ཡོན་ཏན་རྣམ་གཉིས་ཀྱི། །གནས་ཚུལ་ཤེས་ནས་ཐོབ་འདོད་དོན་དུ་བཀོད། །ཅེས་མཛོད་རྩ་འགྲེལ་གྱི་དོགས་གཅོད་ལམ་བཟང་གསལ་བའི་སྒྲོན་མེ་ཞེས་བྱ་བའི་གནས་བདུན་པའི་བཤད་པ་རྫོགས་སོ།། །། སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཆེ་བའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེ་ལ་འདིར་གནས་བརྒྱད་པའི་དོགས་གཅོད་མདོར་བསྡུས་བརྗོད་པ་ལ།

བསམ་གཏན་གཟུགས་མེད་བཤད་པའི་དོགས་གཅོད།

བསམ་གཏན་གཟུགས་མེད་བཤད་པའི་དོགས་གཅོད་ནི།

བསམ་གཏན་དང་པོ་ཡིན་ན་དགའ་བདེ་དང་ལྡན་པའི་དཔྱོད་པ་དང་ལྡན་པས་ཁྱབ་པར་ཐལ། མཛོད་འགྲེལ་གནད་སྒྲོན་ལས། དཔྱོད་དང་དགའ་དང་བདེ་དང་ལྡན། བསམ་གཏན་དང་པོ་ནི་དཔྱོད་པ་དང༌། དགའ་བ་དང་བདེ་བ་དང་ལྡན་པ་ཡིན་ནོ། །ལྷན་ཅིག་སྤྱོད་པའི་ཕྱིར་རྟོག་པ་དང་ཡང་ལྡན་ནོ། །ཞེས་དང༌། མཆིམས་མཛོད་༧༡༥ལས། འོ་ན་བསམ་གཏན་དང་པོ་ལ་སོགས་པ་དེ་དག་ཇི་ལྟ་བུ་ཞེ་ན། བསམ་གཏན་དང་པོ་ནི་ས་དེ་ན་དུ་བ་མེས་ཁྱབ་པ་ལྟར་ལྷན་ཅིག་སྤྱོད་པ་ཡིན་པས་རྟོག་པ་མེད་པར་དགའ་བདེ་དང་ལྡན་པའི་དཔྱོད་པ་མི་སྲིད་པས་དཔྱོད་པ་དང་དེས་མཚོན་པའི་རྟོག་པ་དང་དགའ་བ་དང་བདེ་བ་དང་མཚུངས་པར་ལྡན་པའི་དགེ་བ་རྩེ་གཅིག་པའོ། །དེ་ལྟ་ན་ལྷན་ཅིག་དཔྱོད་པས་རྟོག་པས་དཔྱོད་པའང་གོ་བས་རྟོག་དང་དགའ་དང་བདེ་དང་ལྡན་ཞེས་ཅིའི་ཕྱིར་སྨོས་ཞེ་ན། ཡན་ལག་སྔ་སྔ་སྤངས་པ་ཡི། །ཞེས་བརྗོད་པ་ན་བསམ་གཏན་ཁྱད་པར་ཅན་ཡང་གཉིས་པར་ཐལ་བར་འགྱུར་བ་སྤང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་ན་དགའ་བདེ་མེད་པའི་ཕྱིར་ཏེ། དེ་དང་མཚུངས་ལྡན་གྱི་ཚོར་བ་དེ་ཚོར་བ་བཏང་སྙོམས་ཡིན་པའི་ཕྱིར་ཏེ། མཆིམས་མཛོད་༦༤༤ལས། བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་དང་གཉིས་པའི་བར་མ་བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་ནའང་རྟོག་པ་དང་དགའ་བ་མ་གཏོགས་པ་སུམ་ཅུ་རྩ་ལྔ་ཡོད་དེ། རྟོག་པ་སྤངས་ལ་ཚོར་བ་བཏང་སྙོམས་ཀྱི་ས་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྩ་བར། དཔྱོད་དང་དགའ་དང་བདེ་དང་ལྡན། །ཞེས་པའི་སྐབས་སུ་བསམ་གཏན་དང་པོའི་ངོ་བོའམ་མཚན་ཉིད་བསྟན་པ་མ་ཡིན་པར་ཐལ། བསམ་གཏན་དང་པོ་ཡིན་ན་ཚོར་བདེ་དང་ལྡན་པས་མ་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། མཛོད་ཀྱི་སྐབས་སུ་བསམ་གཟུགས་བརྒྱད་ཀྱི་མཚན་ཉིད་བསྟན་པ་གང་ཞིག དཔྱོད་དང་དགའ་དང་བདེ་དང་ལྡན། །ཞེས་པའི་སྐབས་ལས་གཞན་དུ་མ་བསྟན་པའི་ཕྱིར། དུ་བས་མེ་མཚོན་པ་ལྟར་དཔྱོད་པས་རྟོག་པ་མཚོན་མི་ནུས་ཏེ། དཔྱོད་པ་ཡོད་ན་རྟོག་པ་ཡོད་པས་མ་ཁྱབ་པའི་ཕྱིར་ཟེར་ན་ཁ་ཅིག་གིས་དགའ་བདེ་དང་ལྡན་པའི་དཔྱོད་པས་རྟོག་པ་མཚོན་པ་ཡིན་ཟེར་ན། འོ་ན་དེའི་སྐབས་སུ་མཚན་ཉིད་བསྟན་པ་མ་ཡིན་པར་ཐལ་ལོ། །བསམ་གཏན་སྔ་མ་སྔ་མའི་ཡན་ལག་ཕྱི་མ་ཕྱི་མའི་སྐབས་སུ་སྤངས་པ་ཡིན་པར་ཐལ། མཛོད་འགྲེལ་གནད་སྒྲོན་ལས། ཡན་ལག་སྔ་སྔ་སྤངས་པ་ཡིན། །གཉིས་པ་ནི་དགའ་བ་དང༌། བདེ་བ་དང་ལྡན་པའོ། །གསུམ་པ་ནི་དཔྱོད་པ་དང་དགའ་བ་སྤངས་པའོ། །བཞི་པ་ནི་དཔྱོད་པ་དང༌། དགའ་བ་དང་བདེ་བ་སྤངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། བསམ་གཏན་གཉིས་པ་ཐོབ་པའི་སྐབས་སུ་རྟོག་དཔྱོད་གཉིས་སྤངས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་མིག་ཤེས་དང་བསམ་གཏན་དང་པོ་སོགས་མེད་པར་ཐལ། དེའི་རྟོག་དཔྱོད་གཉིས་སྤངས་པའི་ཕྱིར་ཟེར་ན་དཔྱད། གཟུགས་མེད་ཁམས་ན་གཟུགས་མེད་ཀྱང་དེ་ལས་ཚེ་འཕོས་ནས་འདོད་གཟུགས་སུ་སྐྱེ་བའི་ཚེ་ན་སེམས་ལས་གཟུགས་སྐྱེ་བ་ཡིན་པར་ཐལ། མཛོད་འགྲེལ་གནད་སྒྲོན་ལས།གཟུགས་མེད་པ་ན་གཟུགས་མེད་དོ། །དེ་ནི་ཇི་ལྟར་ན་དེ་ནས་འཆི་འཕོ་བ་རྣམས་ཀྱི་གཟུགས་བསྐལ་པ་མི་ཉུང་བ་ཞིག་ཏུ་རྒྱུན་ཆད་པ་ལས་ཡང་སྐྱེ་བར་འགྱུར་ཞེ་ན། གཟུགས་ནི་སེམས་ལས་སྐྱེ་བར་འགྱུར། །གཟུགས་ནི་དེའི་རྣམ་པར་སྨིན་པའི་རྒྱུས་ཡོངས་སུ་བསྒོས་པའི་སེམས་འཇུག་པ་རྙེད་པ་ལས་སྐྱེ་བར་འགྱུར་རོ། །ཞེས་དང༌། མཆིམས་མཛོད་༧༡༩ལས། དེའི་ཚེ་གཟུགས་ནི་ལྷན་ཅིག་བྱེད་པའི་རྐྱེན་ལས་ཀྱིས་འཕངས་བའི་སེམས་ལས་སྐྱེ་བར་འགྱུར་ལ། ཉེ་བར་ལེན་པའི་རྒྱུ་ནི་འདོད་གཟུགས་ན་ཡོད་པའི་འབྱུང་བཞི་ཉིད་ཡིན་ནོ། །ཞེས་དང༌། བྱེ་བྲག་ཏུ་སྨྲ་བ་གནས་སྐབས་དེའི་གཟུགས་འདས་པའི་གཟུགས་ལས་སྐྱེའོ་ཞེས་བྱ་བ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན་དེ་འདྲའི་གཟུགས་ཀྱི་དངོས་ཀྱི་ཉེར་ལེན་ནམ་སྐལ་མཉམ་གྱི་རྒྱུ་ལ་གཟུགས་མེད་ཀྱི་སས་བསྡུས་ཞིག་མེད་འདོད་གཟུགས་ཀྱི་སས་བསྡུས་ཞིག་མེད་པའི་ཕྱིར། མ་གྲུབ་ན་ཞོག་ཅེས་བྱའོ། །དེ་འདྲའི་གཟུགས་ཀྱི་དངོས་ཀྱི་ཉེར་ལེན་མེད་ཟེར་ན་དེ་ཡོད་དགོས་པར་ཐལ། བར་སྲིད་སྒྲུབ་ཚུལ་གྱིས་ཤེས་པའི་ཕྱིར་ཏེ། རྩ་བར། འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར། །སྲིད་པ་ཆད་ལས་འབྱུང་བ་མིན། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། གཟུགས་མེད་ཀྱི་དངོས་གཞི་དང་པོ་གསུམ་གྱི་ཁྱད་པར་མེད་པར་ཐལ། དམིགས་རྣམ་གྱིས་མི་འཇོག་སྦྱོར་བའི་སྒོ་ནས་མི་འཇོག་པའི་ཕྱིར་ཟེར་ན་རྟགས་ཟུར་ཕྱི་མ་མ་གྲུབ་སྟེ། མཆིམས་མཛོད་༧༡༩ལས། འོ་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་དེ་དག་ནམ་མཁའ་ལ་སོགས་པ་ཁོ་ན་དམིགས་པས་མིང་དེ་སྐད་ཅེས་བྱའམ། འོན་ཏེ་སྦྱོར་བའི་མིང་གིས་བཏགས་ཤེ་ན། སྦྱོར་བའི་མིང་གིས་ཏེ། འདི་ལྟར་སྦྱོར་བའི་ཚེ་ནམ་མཁའ་མཐའ་ཡས་སོ་ཞེས་བྱ་བ་དང༌། རྣམ་ཤེས་མཐའ་ཡས་སོ་ཞེས་བྱ་བ་དང༌། ཅི་ཡང་མེད་དོ་ཞེས་བྱ་བ་དེ་ལྟར་སྦྱོར་བའི་ཕྱིར་ནམ་མཁའ་མཐའ་ཡས་ལ་སོགས་པ་དེ་སྐད་བརྗོད་ཀྱི་གཞན་ན་ནི་ཅི་རིགས་པར་ཆོས་གཞན་དག་ལའང་དམིགས་སོ། །ཞེས་དང༌། མཛོད་འགྲེལ་གནད་སྒྲོན་ལས། རྣམ་ཤེས་མཐའ་ཡས་མཁའ་མཐའ་ཡས། །ཅི་ཡང་མེད་ཅེས་བྱ་དེ་ལྟར། །སྦྱོར་ཕྱིར། གྲངས་བཞིན་དུ་ནམ་མཁའ་མཐའ་ཡས་སོ། །རྣམ་པར་ཤེས་པ་མཐའ་ཡས་སོ། །ཅི་ཡང་མེད་ཅེས་ཡིད་ལ་བྱེད་ཅིང་སྦྱོར་བའི་ཕྱིར་དེ་དག་གི་མིང་དེ་སྐད་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ནམ་མཁའ་མཐའ་ཡས་ཀྱི་དངོས་གཞི་ཡིན་ན་སྦྱོར་བའི་སྒོ་ནས་ནམ་མཁའ་མཐའ་ཡས་སོ་སྙམ་པའི་སྒོ་ནས་ཐོབ་དགོས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཟག་མེད་བདེན་པའི་རྣམ་ཅན་གྱི་བསམ་གཏན་བཞི་བའི་དངོས་གཞིས་ཐོབ་པའི་ནམ་མཁའ་མཐའ་ཡས་ཡོད་པའི་ཕྱིར་ཏེ། ཟག་མེད་ཀྱི་དངོས་གཞི་ལ་བརྟེན་ནས་བསམ་གཏན་བཞི་བའི་ཉོན་མོངས་པ་སྤངས་པ་ཡོད་པ་གང་ཞིག འོག་ས་ལས་རྒྱལ་ན་གོང་མའི་དངོས་གཞི་ཐོབ་པའི་ཕྱིར། རྟགས་དང་པོ་སླ། རྟགས་གཉིས་པ་གྲུབ་སྟེ། འོག་མའི་ས་ལས་དབེན་ལས་སྐྱེས། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། ཟག་མེད་ཀྱི་གཟུགས་མེད་དངོས་གཞི་གསུམ་ལ་དམིགས་རྣམ་གྱི་ཁྱད་པར་མེད་པས་དེ་དག་གི་ཁྱད་པར་ལ་དཔྱད། ཉེར་བསྡོགས་ཀྱི་ངོ་བོར་འཕེན་བྱེད་ཀྱི་ལས་བསགས་པ་ཡོད་པར་ཐལ། མཆིམས་མཆན་༡༦༤ལས། འདིའི་སྲོག་དང་རིས་མཐུན་ལ་སོགས་པའི་འཕེན་བྱེད་ནི་བཞི་བའི་ཉེར་བསྡོགས་ཡིན་ནོ། །ཞེས་གསུངས་པ་དང༌། རིགས་པའི་སྒོ་ནས་ཀྱང་ཉེར་བསྡོགས་དགེ་བ་སྟོབས་ཆེན་དེའི་ངོ་བོར་ལས་བསགས་པ་ཡོད་ལ།དེ་ཡོད་ན་གོང་མ་འཕེན་བྱེད་ཀྱི་ལས་ལས་གཞན་བསགས་མི་རིགས་པའི་ཕྱིར་ཟེར་ན།འདོད་མི་ནུས་ཏེ། དངོས་གཞི་མ་ཐོབ་པར་གོང་མ་སྐྱེ་མི་ནུས་པའི་ཕྱིར་ཟེར་ན་དཔྱད། གཟུགས་མེད་ཕྱི་མ་གསུམ་གྱི་ཉེར་བསྡོགས་ལ་གཟུགས་ཀྱི་འདུ་ཤེས་བཤིག་པ་ཡིན་པར་ཐལ། མཛོད་འགྲེལ་གནད་སྒྲོན་ལས། ཉེར་བསྡོགས་གསུམ་དང་བཅས་པར་ནི། །གཟུགས་ཀྱི་འདུ་ཤེས་བཤིག་ཅེས་བྱ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ནི་བསམ་གཏན་བཞི་པ་ལ་དམིགས་པའི་ཕྱིར་གཟུགས་ཀྱི་འདུ་ཤེས་བཤིག་པ་ཞེས་བྱ་བའི་མིང་མི་འཐོབ་བོ། །ཞེས་དང༌། མཆིམས་མཛོད་༧༡༦ལས། །གཟུགས་མེད་པ་དེ་དག་ཀྱང་དངོས་གཞི་བཞི་ཉེར་བསྡོགས་ཕྱི་མ་གསུམ་དང་བཅས་པར་ནི་རང་ས་ན་གཟུགས་མེད་ཅིང་འོག་སའི་ཟག་བཅས་ཀྱི་གཟུགས་ལ་མི་དམིགས་པས་གཟུགས་ཀྱི་འདུ་ཤེས་བཤིག་པ་ཞེས་བྱ་སྟེ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་༦༤༥ལས། གཟུགས་མེད་རང་ས་ན་གཟུགས་མེད་ཀྱང་ནམ་མཁའ་མཐའ་ཡས་ཀྱི་ཉེར་བསྡོགས་ལ་བརྟེན་པའི་དྲན་པ་ཉེར་བཞག་དགེ་བ་ཟག་བཅས་ཀྱིས་བསམ་གཏན་བཞི་པའི་གཟུགས་ཟག་བཅས་ལ་དམིགས་པའི་ཕྱིར་དང༌། འོག་མ་ལ་མི་དམིགས་པར་བཤད་པ་ནི་དངོས་གཞིའི་དགེ་བས་ཟག་བཅས་ལ་མི་དམིགས་པར་ཡིན་ལ། གཟུགས་མེད་དང་པོ་གསུམ་གྱི་དངོས་གཞི་དགེ་བ་ཟག་བཅས་ཟག་མེད་ཀྱིས་བསམ་གཏན་ས་དྲུག་ལ་བརྟེན་པའི་ཟག་མེད་ཀྱི་སྡོམ་པ་ལ་དམིགས་པའི་ཕྱིར་དང༌། སྲིད་རྩེའི་ཤེས་རབ་དགེ་བ་ཟག་བཅས་ཀྱིས་བསམ་གཏན་པའི་ཟག་མེད་ཀྱི་སྡོམ་པ་ལ་དམིགས་པའི་ཕྱིར་དང༌། དེ་ཡང་འབྱུང་འགྱུར་གྱི་གཟུགས་སུ་འདོད་པའི་ཕྱིར་རོ། །ཞེས་རྒྱལ་པོའི་སྲས་འཆད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན།འོ་ན་གཟུགས་མེད་ཀྱི་ཉེར་བསྡོགས་དང་དངོས་གཞི་ལ་གཟུགས་ཀྱི་སྣང་བ་ཡོད་པར་ཐལ།ལུང་དེའི་ཕྱིར། འདོད་མི་ནུས་ཏེ། གཟུགས་མེད་ཀྱི་དངོས་གཞི་དང་ཉེར་བསྡོགས་ཕྱི་མ་གསུམ་ལ་གཟུགས་ཀྱི་སྣང་བ་ལོག་པའི་ཕྱིར། དེར་ཐལ། རྩ་བར། གཟུགས་ཀྱི་འདུ་ཤེས་བཤིག་ཅེས་བྱ། །ཞེས་གསུངས་པ་ལྟར་དེ་དང་དེ་ལ་ཆགས་བྲལ་བྱས་ན་དེའི་སྣང་བ་ལྡོག་དགོས་པའི་ཕྱིར། དེར་ཐལ། བསམ་གཏན་དང་པོ་ན་དྲི་རོ་ལ་ཆགས་པ་དང་བྲལ་བས་དྲི་རོ་སྣང་བའི་སྣ་ལྕེའི་རྣམ་ཤེས་དང་བྲལ་བའི་ཕྱིར་ཟེར་བ་དང༌། གཟུགས་མེད་དངོས་གཞིའི་སེམས་རྟེན་བྱས་པའི་ཟད་ཤེས་ཀྱིས་ཀུན་འབྱུང་ཐམས་ཅད་སྤངས་སོ་སྙམ་དུ་སེམས་པ་མ་ཡིན་པར་ཐལ། དེས་གཟུགས་སུ་གྱུར་བའི་ཀུན་འབྱུང་ལ་མ་དམིགས་པའི་ཕྱིར་ཟེར་ན། འདོད་མི་ནུས་པར་ཐལ། རྩ་བར། ཟད་པ་ཤེས་པ་བདེན་རྣམས་ལ། །ཡོངས་ཤེས་ལ་སོགས་ངེས་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་གཟུགས་མེད་ན་གཟུགས་མེད་པར་ཐལ། རྩ་བར། གཟུགས་མེད་པ་ན་གཟུགས་མེད་དོ། །ཞེས་གསུངས་པའི་ཕྱིར།འདོད་མི་ནུས་པར་ཐལ། དེ་ན་དྲོད་ཡོད་པ་གང་ཞིག དེ་གཟུགས་ཡིན་པའི་ཕྱིར། རྟགས་ཕྱི་མ་སླ། རྟགས་དང་པོ་གྲུབ་སྟེ། སྲོག་ཡོད་པའི་ཕྱིར། ཁྱབ་སྟེ། རྩ་བར། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་དེ་ནི་འདོད་གཟུགས་ཀྱི་སྲོག་ལ་དགོངས་ཟེར་ན། དེའི་སྐབས་སུ་སྲོག་གི་མཚན་ཉིད་བསྟན་པ་མ་ཡིན་པར་ཐལ་བ་དང༌། སྲོག་གི་དོན་རྣམ་ཤེས་ཀྱི་རྟེན་ཡིན་པ་དེ་བཞག་ན་རྣམ་ཤེས་ཀྱི་རྟེན་ཡིད་དབང་སོགས་སྲོག་ཡིན་པར་ཐལ་བ་དང༌། སེམས་མེད་པའི་རྒྱུད་ལ་རྣམ་ཤེས་ཀྱི་རྟེན་མེད་པས་སྲོག་མེད་པར་ཐལ་བ་དང༌། སེམས་མེད་པའི་རྒྱུད་ལ་རྣམ་ཤེས་ཀྱི་རྟེན་ཡོད་ན་དེ་རྣམ་ཤེས་ཡོད་པར་ཐལ་བ་དང་གཉིད་ལོག་པའི་མིག་དབང་མིག་ཤེས་ཀྱི་རྟེན་ཡིན་པར་འགྱུར་རོ་ཟེར་ན་དཔྱད་པར་བྱ། གཟུགས་མེད་ན་གཟུགས་ཡོད་མེད་ཀྱི་མཁས་པའི་བཤད་ཚུལ་མཆིམས་མཛོད་དུ་བལྟ་བར་བྱའོ། །དངོས་གཞི་དག་པ་བ་ཡིན་ན་ཉོན་མོངས་ཅན་གྱིས་མྱོང་བྱ་དགོས་པར་ཐལ། རྩ་བར། དག་པ་དེ་ནི་དེས་མྱང་བྱ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་བོ། །བསམ་གཏན་གཉིས་པའི་ཡན་ལག་བདེ་བ་ཞེས་པ་ཤིན་སྦྱངས་ལ་འཇོག་པ་དེ་མི་རིགས་པར་ཐལ། ཤིན་སྦྱངས་དེ་བསམ་གཏན་བཞི་པ་ན་ཡོད་པའི་ཕྱིར། ཁྱབ་སྟེ། ཡན་ལག་སྔ་སྔ་སྤངས་པ་ཡིན། །ཞེས་གསུངས་པའི་ཕྱིར་ཟེར་ན། གོང་དུ་འདོད་མི་ནུས་ཏེ། རྩ་བར། ཤིན་ཏུ་སྦྱངས་པ་བདེ་བ་ཡིན། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད།མཛོད་འགྲེལ་གནད་སྒྲོན་ལས། དེ་དག་ནི། བཞི་པོ་ལ་མིང་གི་སྒོ་ནས་ཡན་ལག་བཅོ་བརྒྱད་ཡིན་ནོ། །རྫས་སུ་བཅུ་གཅིག །དེ་ལ་བསམ་གཏན་དང་པོ་བའི་ལྔ་དང༌། གཉིས་པ་ན་ནི་རབ་ཏུ་དང་བ་ལྷག་གོ །གསུམ་པ་ན་ནི་བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་དང༌།བདེ་བ་རྣམས་སོ། །བཞི་པ་ན་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཕྱིར་ཚོར་བའོ། །ཞེས་མིང་ནི་བཅོ་བརྒྱད་རྫས་སུ་བཅུ་གཅིག་ཅེས་གསུངས་པ་མི་རིགས་པར་ཐལ། བསམ་གཏན་གྱི་ཡན་ལག་བཅོ་བརྒྱད་པོ་ཐམས་ཅད་རྫས་ཐ་དད་ཡིན་པའི་ཕྱིར་ན་མ་ཁྱབ་བོ། །རྩ་བར། དང་པོ་ལ་ལྔ་རྟོག་དཔྱོད་དང༌། །དགའ་དང་བདེ་དང་ཏིང་འཛིན་རྣམས། །ཞེས་གསུངས་པ་མི་འཐད་པར་ཐལ། བསམ་གཏན་དང་པོའི་ཡན་ལག་ལ་དྲན་ཤེས་བཞིན་སོགས་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ་རྟོག་དཔྱོད་ཀྱིས་སྒྲིབ་པས་མ་བགྲང་ཟེར་ན་དགའ་བདེ་ཡང་མི་བགྲང་བར་ཐལ། རྟོག་དཔྱོད་ཀྱིས་སྒྲིབ་པའི་ཕྱིར་ཞེས་སོགས་བསམ་གཏན་གཉིས་པ་སོགས་ལ་དེ་ལྟར་རྩོད་པར་བྱ། གཉིས་པའི་ཡན་ལག་རབ་དྭངས་དད་པ་ཡིན་པས་དེ་རྟོག་དཔྱོད་ཀྱི་གཉེན་པོ་ཡིན་ཚུལ་ལ་རྩོད་པར་བྱའོ། །བསམ་གཏན་དང་པོ་ལ་སྡུག་བསྔལ་ཡོད་པར་ཐལ། མཆིམས་མཛོད་༧༢༣ལས། བསམ་གཏན་གཉིས་པའི་མི་མཐུན་ཕྱོགས་ནི་བསམ་གཏན་དང་པོའི་འདོད་ཆགས་དང༌། རྟོག་དཔྱོད་གཉིས་གཅིག་ཏུ་བྱས་པ་དང༌། སྡུག་བསྔལ་དང༌། རྒོད་པ་དང༌། ཏིང་ངེ་འཛིན་མ་རྫོགས་པ་དང་ལྔ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། རྩ་བར། སྐྱོན་བརྒྱད་ལས་ནི་གྲོལ་བའི་ཕྱིར། །བཞི་པ་གཡོ་བ་མེད་པ་ཡིན། །ཞེས་གསུངས་ལ། བཞི་བ་གཡོ་བ་་མེད་པ་ཡིན་ཀྱང་གསུམ་པ་གཡོ་བ་མེད་པ་མིན་ན་རྩེ་གཅིག་ཏུ་གནས་པ་ཡིན་མིན་ལ་དཔྱད། ཡང་གཟུགས་མེད་དངོས་གཞིའི་སྙོམས་འཇུག་ལ་ཡན་ལག་མེད་པར་ཐལ། མཆིམས་མཛོད་༧༢༠ས། བསམ་གཏན་ལྟར་གཟུགས་མེད་པ་དག་ལའང་ཡན་ལག་ཡོད་དམ་ཞེ་ན་མེད་དེ། འགྲེལ་བ་ལས།སྙོམས་པར་འཇུག་པའི་རྫས་དེ་དག་ལས་བསམ་གཏན་རྣམས་ཁོ་ན་ཡན་ལག་དང་ལྡན་པ་ཡིན་གྱི་གཟུགས་མེད་པ་རྣམས་ནི་མ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར་རོ། །ཞེས་དང༌། ཉ་ཊཱིཀ་ལས། གཟུགས་མེད་རྣམས་ཡན་ལག་མི་འདྲ་བས་འདའ་བ་མིན་ཏེ། ཐམས་ཅད་ཡན་ལག་བཏང་སྙོམས་དང་རྩེ་གཅིག་པར་འདྲ་བས་སོ། །ཞེས་དང༌། ཀུན་བཏུས་ལས། གཟུགས་མེད་པ་རྣམས་ནི་ཞི་གནས་སུ་རོ་གཅིག་པའི་ཕྱིར་ཡན་ལག་རྣམ་པར་བཞག་པ་མེད་དོ། །ཞེས་དང༌། ཉ་ཊཱིཀ་མཆན་ལས། ཀུན་བཏུས་དང་ཐུབ་དགོངས་སུ་གཟུགས་མེད་ལ་ཡན་ལག་མེད་པར་བཤད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་ལ་ཆ་ཤས་དང༌།ཚོར་བ་བཏང་སྙོམས་མེད་པར་ཐལ། དེ་ལ་ཡན་ལག་མེད་པའི་ཕྱིར། ཁྱབ་སྟེ། ཀུན་བཏུས་ས་འགྲེལ་ལས། ཡན་ལག་གམ་ཆ་ཤས་རྣམ་པར་གཞག་པ། ཞེས་དང༌། བསམ་གཏན་བཞི་བའི་དངོས་གཞིའི་ཡན་ལག་ལ་ཚོར་བ་བཏང་སྙོམས་བཞག་པ་དང་འདྲ་དགོས་པའི་ཕྱིར་ཟེར་ན་དཔྱད་དོ། །བསམ་གཏན་བཞི་བ་ན་དགའ་བ་ཡོད་པར་ཐལ། རང་གི་བླ་མ་ལ་དད་པ་ཡོད་པའི་ཕྱིར། དེར་ཐལ། དགའ་དད་ལ་མུ་བཞི་ཡོད་པའི་ཕྱིར། དེར་ཐལ། མཆིམས་མཛོད་མཆན་༡༤༧ལས། དེ་ཡང་དད་པ་དང་དགའ་བ་ལ་ཆོས་དང་གང་ཟག་ལ་ལྟོས་ནས་མུ་བཞི་སྟེ། ཞེས་སོགས་སྔར་གནས་གཉིས་པའི་སྐབས་སུ་བཤད་ཟིན་པས་དེར་ཤེས་པར་བྱའོ། །རྩ་བར། ཤིན་ཏུ་སྦྱངས་བ་བདེ་བ་ཡིན། །ཞེས་གསུངས་པ་ལྟར་ཤིན་སྦྱངས་བདེ་བ་ཡིན་ན་ཤིན་སྦྱངས་ནི་དགེ་བས་ས་མང་ཡིན་པས་བསམ་གཏན་བཞི་བའི་དངོས་གཞིའི་འཁོར་དུ་ཤིན་སྦྱངས་ཡོད་པས་དེ་འདྲའི་བདེ་བ་མེད་པའི་རྒྱུ་མཚན་མེད་པའི་ཕྱིར་ཟེར་ན་དཔྱད། སྤྱིར་ཚོར་བ་བཏང་སྙོམས་འདོད་སེམས་དང་བསམ་གཏན་དང་པོ་བཞི་བའི་དངོས་གཞི་ལ་ཡོད་ན་གཉིས་པ་གསུམ་པའི་དངོས་གཞི་ལ་ཚོར་བ་བཏང་སྙོམས་མེད་པའི་རྒྱུ་མཚན་དཔྱད། འདོད་པའི་རྟེན་ཅན་གྱི་ལུས་ཤིན་སྦྱངས་དེ་རེག་བྱ་ཡིན་པས་ལུས་ཤེས་ཀྱིས་གཟུང་བྱ་ཡིན་ལ་དེ་འདོད་པའི་ལུས་ཤེས་ཀྱིས་གཟུང་བྱ་མ་ཡིན་ཏེ། རྩ་བར། ཐམས་ཅད་རང་གི་ས་བ་ཉིད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་འདྲའི་ལུས་ཤིན་སྦྱངས་དེ་གཟུགས་ཀྱི་སས་བསྡུས་ཡིན་པའི་ཕྱིར་རོ། །བསམ་གཏན་གཉིས་པའི་རྟེན་ཅན་གྱི་ཕྱིར་མི་འོང་དེས་ཆོས་བསྟན་ཚེ་དེའི་ཀུན་སློང་རྟོག་དཔྱོད་མངོན་དུ་གྱུར་བ་མེད་པར་ཐལ། དེ་འདྲ་དེས་རྟོག་སྤྱོད་ལ་ཆགས་པ་དང་བྲལ་བའི་ཕྱིར། ཁྱབ་སྟེ། འདོད་ཉོན་ལ་ཆགས་བྲལ་བྱས་ན་དེ་འདྲའི་ཆགས་བྲལ་མ་ཉམས་པར་དེའི་རྒྱུད་ལ་འདོད་ཉོན་མངོན་གྱུར་དུ་སྐྱེ་བ་མེད་དགོས་པའི་ཕྱིར་ཟེར་ན་དཔྱད། ཟག་མེད་སྔར་ལྡན་པ་གསར་སྐྱེ་མེད་དེ། རྩ་བར། ཟག་མེད་འདོད་ཆགས་བྲལ་བ་ཡིས། །ཞེས་དང༌། མཆིམས་མཛོད་༧༣༢ལས། མི་སློབ་པ་ཉམས་ན་སློབ་པས་བསྡུས་པའི་སྙོམས་འཇུག་དངོས་གཞི་འཐོབ་ཀྱང་སྙོམས་འཇུག་ཟག་མེད་ཀྱི་རིགས་ཙམ་སྔར་ནས་ལྡན་པས་གསར་ཐོབ་མེད་པས་ཉམས་པས་འཐོབ་པའང་མ་བཤད་ལ། ཟག་མེད་ལ་སྐྱེ་བས་འཐོབ་པ་མེད་དོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མི་སློབ་པ་ལས་ཉམས་ཚེ་སློབ་པའི་ཟག་མེད་གསར་དུ་རྙེད་པ་གང་ཞིག དེ་རྙེད་པས་ཟག་མེད་གསར་དུ་རྙེད་དགོས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། སྔར་བཏང་བ་གང་ཞིག རྙེད་པའི་ཕྱིར། ཁྱབ་སྟེ། བསམ་གཏན་གྱི་དངོས་གཞི་གསར་ཐོབ་ཡོད་པ་གང་ཞིག དེ་གཉིས་མཚུངས་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། སྲོག་དབང་སོགས་ངེས་ལྡན་གྱི་དབང་པོ་གསུམ་ཡང་གསར་རྙེད་གནས་གཉིས་པར་གསུངས་པ་གང་ཞིག མཚུངས་པའི་ཕྱིར་ཟེར་ན་དཔྱད། མཛོད་འགྲེལ་གནད་སྒྲོན་ལས། ཟག་པ་མེད་པའི་མཇུག་ཐོགས་སུ། །ལྟག་འོག་གསུམ་པའི་བར་དགེ་བ། །སྐྱེའོ། །དགེ་བ་སྨོས་པས་ནི་དག་པ་པ་དང་ཟག་པ་མེད་པ་གཟུང་སྟེ། ཟག་མེད་པའི་སྙོམས་པར་འཇུག་པའི་རྫས་ཀྱི་མཇུག་ཐོགས་སུ་རང་གི་ས་པའི་དག་པ་དང༌། ཟག་པ་མེད་པ་དང༌། ས་གོང་མ་དང་འོག་མའི་ས་པ་གཉིས་གཉིས་སྐྱེའོ། །ཞེས་དང༌། རང་འགྲེལ་ལས། ཤིན་ཏུ་རིང་བའི་ཕྱིར་བཞི་བ་ལ་ནི་སྙོམས་པར་མི་འཇུག་གོ །ཞེས་གསུངས་པ་ལ། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་མཇུག་ཏུ་བསམ་གཏན་བཞི་བའི་དངོས་གཞི་བྱུང་བ་མེད་པ་མི་འཐད་པར་ཐལ། ཉེར་བསྡོགས་ཀྱི་སེམས་བརྟེན་བྱས་པའི་ཚོགས་ལམ་གྱི་མཇུག་ཐོགས་དེ་མ་ཐག་ཏུ་བསམ་གཏན་བཞི་བའི་སེམས་རྟེན་བྱས་པའི་སྦྱོར་ལམ་བྱུང་བ་ཡོད་པའི་ཕྱིར། ཁྱབ་སྟེ། ཚོགས་ལམ་ལ་ཐོས་བསམ་ཅི་རིགས་ཀྱིས་ཁྱབ་པ་གང་ཞིགསྦྱོར་ལམ་ཐོག་མར་ཐོབ་ཚེ་དེའི་སེམས་བརྟེན་ལ་བསམ་གཏན་བཞི་བས་བྱེད་པ་ཡོད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྩ་བར། ཤེས་རབ་ཐོས་སོགས་ལས་བྱུང་བ། །ཞེས་དང༌། མཆིམས་མཛོད་༥༨༢ལས། ཐར་བ་ཆ་མཐུན་དེ་ཡང་ཐོས་པ་དང་བསམ་པ་ལས་བྱུང་བ་ཡིན་གྱི། ཞེས་གསུངས་པའི་ཕྱིར་རོ། །རྟགས་གཉིས་པ་གྲུབ་སྟེ། རྩ་བར། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཞེས་གསུངས་པས་སོ་ཟེར་ན་དཔྱད། ཉམས་པ་ཆ་མཐུན་སོགས་ཀྱི་དོན་ནི། རྩ་བར། དེ་ནི་གོ་རིམ་བཞིན། ཉོན་མོངས་སྐྱེ་དང་རང་ས་དང༌། གོང་དང་ཟག་མེད་རྗེས་མཐུན་པའོ། །ཞེས་དང༌། མཆིམས་མཛོད་༧༣༥ལས། ཉམས་པའི་ཆ་མཐུན་ལ་སོགས་པ་དེ་དག་ནི་གོ་རིམ་བཞིན་དུ་ཉོན་མོངས་པ་སྐྱེ་བ་དང་རྗེས་སུ་མཐུན་པ་དང་༼འཕེལ་གྲིབ་མེད་པར༽རང་གི་ས་བ་དང་རྗེས་སུ་མཐུན་པ་དང༌། ས་གོང་མའི་སེམས་སྐྱེ་བ་དང་རྗེས་སུ་མཐུན་པ་དང༌། དེ་ལས་ཟག་མེད་སྐྱེ་བས་ཟག་མེད་ཀྱི་ལམ་སྐྱེ་བ་དང་རྗེས་སུ་མཐུན་པའོ། །དེ་ལ་རྗེས་སུ་མཐུན་པ་ཞེས་བྱ་བའང་དེ་དང་དེ་ལ་སྐྱེ་བ་ལ་ཕྱོགས་པ་ཙམ་ཡིན་གྱི་དངོས་སུ་སྐྱེས་པ་ནི་མ་ཡིན་ཏེ། ཐམས་ཅད་ཀྱང་དག་པ་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་ལ། འོ་ན་ཉམས་པ་ཆ་མཐུན་ཡིན་ན་རང་གི་མཇུག་ཐོགས་སུ་ཉོན་མོངས་པ་གཞན་སྐྱེ་བ་དང་རྗེས་སུ་མཐུན་པས་ཁྱབ་པར་ཐལ། ཉམས་པ་ཆ་མཐུན་སོགས་ཀྱི་དོན་བཞག་ཚུལ་གོང་དུ་ལུང་བཀོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། ཉམས་པ་ཆ་མཐུན་ལ་ཐོག་མཐའ་བར་གསུམ་གྱི་ཆ་གསུམ་ཡོད་པའི་ཕྱིར་དང༌། ཉམས་པ་ཆ་མཐུན་གྱི་མཇུག་ཐོགས་སུ་རང་དང་གནས་པ་ཆ་མཐུན་གཉིས་སྐྱེས་པ་ཡོད་པའི་ཕྱིར་ཏེ། གང་གི་མཇུག་ཐོགས་སུ་གང་འབྱུང་བ་ནི། རྩ་བར། ཉམས་ཆ་མཐུན་སོགས་མཇུག་ཐོགས་སུ། །གཉིས་དང་གསུམ་དང་གསུམ་དང་གཅིག །ཞེས་དང༌། མཆིམས་མཛོད་༧༣༥ལས། ཉམས་པ་ཆ་མཐུན་ལ་སོགས་པ་བཞི་བོ་དེ་དག་གང་གི་མཇུག་ཐོགས་སུ་དུ་འབྱུང་ཞེ་ན། ཉམས་པ་ཆ་མཐུན་གྱི་མཇུག་ཐོགས་སུ་རྒྱུན་གྱི་དུས་སུ་ཉམས་པའི་ཆ་མཐུན་རང་ཉིད་དང༌། །ཁྱད་པར་དུ་འགྲོ་བའི་དུས་སུ་གནས་པའི་ཆ་མཐུན་ཏེ་གཉིས་གཉིས་དང༌།སོགས་པས་གཟུང་བ་གནས་པའི་ཆ་མཐུན་གྱི་མཇུག་ཐོགས་སུ་ངེས་འབྱེད་ཆ་མཐུན་མ་གཏོགས་པ་གསུམ་དང༌། ཁྱད་པར་ཆ་མཐུན་གྱི་མཇུག་ཐོགས་སུ་ཉམས་པའི་ཆ་མཐུན་མ་གཏོགས་པ་གསུམ་དང༌། ངེས་འབྱེད་ཆ་མཐུན་གྱི་མཇུག་ཐོགས་སུ་ཟག་མེད་འབྱུང་ཡང་དག་པ་མ་ཡིན་པས་རྒྱུན་གྱི་ཚུལ་གྱིས་ངེས་འབྱེད་ཆ་མཐུན་དེ་གཅིག་པུ་འབྱུང་སྟེ། དེ་ལྟར་ན་རང་སའི་ཉོན་མོངས་པ་དང༌། དག་པ་དང་གོང་སའི་དག་པ་པ་དང༌། ཟག་མེད་འབྱུང་བ་ནི་གོ་རིམ་བཞིན་དུ་ཉམས་པའི་ཆ་མཐུན་དང༌། གནས་པའི་ཆ་མཐུན་དང་ཁྱད་པར་གྱི་ཆ་མཐུན་དང་ངེས་འབྱེད་ཆ་མཐུན་ཁོ་ན་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པས་སོ། །འདོད་ན། ཉམས་པ་ཆ་མཐུན་གྱི་དོན་གང་ཡིན་ཟེར་ན་དཔྱད། ཉམས་པ་ཆ་མཐུན་ལ་རྒྱུན་གྱི་ཚེ་རང་གི་མཇུག་ཐོགས་སུ་རང་ཉིད་སྐྱེ་བ་ཡོད་པས་ཉམས་པ་ཆ་མཐུན་གྱི་ཐོག་མཐའ་བར་གསུམ་གྱི་ནང་གི་ཐོག་མ་ཆོས་ཅན། གནས་པ་ཆ་མཐུན་ཡིན་པར་ཐལ། གནས་པ་ཆ་མཐུན་གྱི་དོན་ཚང་བའི་ཕྱིར་ཟེར་ན་དཔྱད། རྩ་འགྲེལ་དེ་དག་ལས་གནས་པ་ཆ་མཐུན་གྱི་མཇུག་ཏུ་ངེས་འབྱེད་ཆ་མཐུན་མི་སྐྱེ་བར་གསུངས་པ་མི་འཐད་པར་ཐལ། ངེས་འབྱེད་ཆ་མཐུན་ཐོབ་ཁ་མའི་དངོས་གཞི་དག་པ་བ་ཡོད་ལ། དེ་ཡོད་ན་དེའི་མཇུག་ཐོགས་སུ་ངེས་འབྱེད་ཆ་མཐུན་སྐྱེ་བའི་ཕྱིར་ཟེར་ན་དཔྱད། རང་གི་མཇུག་ཐོགས་སུ་འདོད་པའི་འདོད་ཆགས་དང་བྲལ་བ་ལས་ཉམས་པའི་དག་པ་བ་ཡིན་ན་ཉམས་པ་ཆ་མཐུན་ཡིན་པས་ཁྱབ་པ་ཡོད་མེད་དང༌། ཉམས་ནས་རོ་མྱོང་ཅན་དུ་གྱུར་ཚེ་སྔར་དག་པ་བ་མཚུངས་ལྡན་དུ་སོང་བའི་དད་པ་དང༌། རོ་མྱང་ཅན་དང་མཚུངས་ལྡན་དུ་སོང་བའི་ཉོན་མོངས་པ་དེ་དག་གི་རྫས་རྒྱུན་སྔ་མ་དང་སྐལ་མཉམ་གྱི་རྒྱུ་གང་ཡིན་ལ་དཔྱད། མཛོད་འགྲེལ་གནད་སྒྲོན་ལས། རྟེན་གང་གིས་བསམ་གཏན་དང་གཟུགས་མེད་པ་དུ་ཞིག་མངོན་སུམ་དུ་བྱེད་ཅེ་ན། བསམ་གཏན་གཟུགས་མེད་རང་དང་ནི། །འོག་སའི་རྟེན་ཅན། སྲིད་པའི་རྩེ་མོ་ནི་སྲིད་པའི་རྩེ་མོར་ཡང་མངོན་སུམ་དུ་བྱེད་ལ། འོག་མ་འདོད་པའི་ཁམས་ཀྱི་བར་དུ་ཡང་ངོ། །དེ་བཞིན་དུ་གཞན་ཡང་ངོ། །ཅིའི་ཕྱིར་གོང་དུ་སྐྱེས་པ་སྙོམས་པར་འཇུག་པ་འོག་མ་མངོན་དུ་མི་བྱེད་ཅེ་ན། འདི་ལྟར་དེ་ལ། འོག་དགོས་མེད། སྤྱིར་བསྟན་པར་བྱས་ནས་དམིགས་ཀྱིས་སྟོན་པར་བྱེད་དེ། སྲིད་རྩེར་འཕགས་པའི་ཅི་ཡང་མེད། །མངོན་སུམ་བྱས་ནས་ཟག་པ་ཟད། །སྲིད་པའི་རྩེ་མོར་སྐྱེས་པ་ནི་ཟག་པ་མེད་པའི་ཅི་ཡང་མེད་པའི་སྐྱེ་མཆེད་མངོན་སུམ་དུ་བྱས་ནས་ཟག་པ་ཟད་པར་འགྱུར་རོ། །ཞེས་གསུངས་པ་ལྟར་ན་སྲིད་རྩེ་ན་དམིགས་བསལ་དུ་འོག་ས་ལ་བརྟེན་པ་ཡོད་ལ་དེ་ལས་གཞན་ལ་མེད་པ་ཡིན་ནོ། །དེ་ལྟ་ན་གཉིས་པའི་རྟེན་ཅན་དང་པོའི་ཆགས་བྲལ་ལས་ཉམས་ཚེ་དང་པོའི་དངོས་གཞི་མངོན་དུ་བྱེད་པ་ཡིན་མིན་དང༌། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་ཚེ་འོག་སའི་དངོས་གཞི་མངོན་དུ་བྱེད་པར་རྩ་བར། སྒྲིབ་ལས་བདུན། ཞེས་དང༌། མཆིམས་མཛོད་༢༢༣ལས། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བ་ན་གཟུགས་ཀྱི་དགེ་བ་སྦྱོར་བྱུང་ཁོ་ན་འབྱུང་བའི་ཕྱིར་རོ། །ཞེས་གསུངས་པ་དེ་མི་རིགས་ཏེ། རང་སའི་ཉོན་མོངས་མངོན་དུ་གྱུར་ཚེ་རང་སའི་དངོས་གཞི་ལས་ཉམས་མི་དགོས། དེ་མ་ཉམས་པར་ཡོད་ན་འོག་ས་ལ་བརྟེན་པ་ལ་དགོས་པ་མེད་པའི་ཕྱིར་ཟེར་ན་དཔྱད། གཟུགས་མེད་དངོས་གཞིའི་འོག་ས་ལ་དམིགས་པ་མ་ཡིན་པར་ཐལ། མཛོད་འགྲེལ་གནད་སྒྲོན་ལས། གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །གཟུགས་མེད་པའི་དངོས་གཞི་དགེ་བ་རྣམས་ཀྱི་དམིགས་པ་ནི་ས་འོག་མའི་ཟག་པ་དང་བཅས་པ་མ་ཡིན་ཏེ། རང་གི་ས་དང་གོང་མ་ལ་དམིགས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། གཟུགས་མེད་རྟེན་ཅན་གྱི་འཕགས་པ་རྣམས་ཀྱིས་འདོད་གཟུགས་ཀྱི་འདུས་བྱས་ཐམས་ཅད་མི་རྟག་པ་མ་རྟོགས་པའམ་ཁས་མི་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན། འདུས་བྱས་ཐམས་ཅད་མི་རྟག་པ་ཁས་མི་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན། ནང་བ་སངས་རྒྱས་པ་ལ་ལྟ་བ་བཀའ་བརྟགས་ཀྱི་ཕྱག་རྒྱ་བཞི་ཁས་མི་ལེན་པ་ཡོད་པར་ཐལ། འདོད་པའི་ཕྱིར་ན་དཔྱད། བསམ་གཏན་བཞི་བ་ལ་གནས་ཐ་དད་པ་བརྒྱད་ཡོད་ཀྱང་དེ་དག་ས་ཐ་དད་པ་མ་ཡིན་ཏེ། མཆིམས་མཛོད་༧༣༨ལས། ས་ཐ་དད་དུ་མ་བཅད་པའི་ཕྱིར་ས་གཅིག་པའི་གནས་གཞན་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་གནས་གཞན་གསུམ་གསུམ་པ་རྣམས་དང་བརྒྱད་པོ་དག་ལྟག་འོག་ཏུ་འདུག་ཀྱང་ས་གཅིག་པ་ཉིད་དུ་གྲུབ་བོ། །ཞེས་རྒྱལ་བོའི་སྲས་འཆད་དོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དཔེར་ན་བསམ་གཏན་དང་པོ་ལ་གནས་ཐ་དད་པ་གསུམ་ས་ཐ་དད་པ་མ་ཡིན་ན་བསམ་གཏན་དང་པོའི་རྟོག་པ་ལ་ཆགས་པ་དང་བྲལ་ནས་དཔྱོད་པ་ལ་ཆགས་པ་དང་མ་བྲལ་བར་འཇོག་མི་རིགས་ཀྱང་དེ་མ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེ་དག་སོ་སོར་སྲེད་པས་རིས་སུ་བཅད་ཅིང་ལྟ་བས་བདག་གིར་བྱས་པ་ཡིན་ན་ས་ཐ་དད་པ་ཡིན་དགོས་པའི་ཕྱིར་ཏེ། སས་བསྡུས་ཀྱི་དོན་ཡོད་པའི་ཕྱིར་ཟེར་བ་དང༌། རྩ་བར།བསམ་གཏན་ས་ནི་གསུམ་པ་ཡིན། །བཞི་བ་ས་ནི་བརྒྱད་པ་ཡིན། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། བསམ་གཏན་གཉིས་པ་སོགས་སུ་མིག་ཤེས་མངོན་དུ་བྱེད་ན་མིག་ཤེས་དེ་ལུང་མ་བསྟན་ཡིན་དགོས་པར་ཐལ། མཆིམས་མཛོད་༧༣༨ལས། བསམ་གཏན་གཉིས་པ་ལ་སོགས་པར་དང་པོའི་མིག་ཤེས་ལ་སོགས་པ་མངོན་དུ་བྱེད་པ་ནི་དེ་དག་མ་སྒྲིབ་ལུང་མ་བསྟན་ཡིན་པས་བསམ་གཏན་དང་གཟུགས་མེད་པའི་ཏིང་ངེ་འཛིན་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྤྱིར་མིག་ཤེས་ལ་དགེ་མི་དགེ་ལུང་མ་བསྟན་ཡོད་པ་གང་ཞིག བསམ་གཏན་གཉིས་པ་ན་མིག་ཤེས་མངོན་དུ་བྱེད་པའི་མིག་ཤེས་ལ་ལུང་མ་བསྟན་དགོས་པའི་རྒྱུ་མཚན་མེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། གནས་དང་པོ་ལས། ལུང་མ་བསྟན་བརྒྱད་དེ་དག་ཉིད། །གཟུགས་སྒྲ་མ་གཏོགས་གཞན་རྣམ་གསུམ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། རྩ་བར། ཟག་པ་མེད་པས་ཉོན་མོངས་རྣམས། །སྤོང་ངོ་ཉེར་བསྡོགས་དག་པས་ཀྱང༌། །ཞེས་དང༌། རང་འགྲེལ་༦༤༧ལས། དག་པ་པས་ཀྱང་མི་སྤོང་ན་ཉོན་མོངས་ཅན་གྱིས་ལྟ་སྨོས་ཀྱི་ཅི་དགོས། ཞེས་གསུངས་པ་ལ། དག་པ་བའི་ནང་གི་ངེས་འབྱེད་ཆ་མཐུན་གྱིས་ཆགས་བྲལ་བྱེད་མི་ནུས་པ་ཡིན་ནམ་དཔྱད། ཉེར་བསྡོགས་ལ་རོ་མྱང་ཅན་མེད་པར་ཐལ། མཆིམས་མཛོད་༧༤༠ལས། འོག་ས་ལས་ཡིད་བྱུང་བ་མ་བྲལ་བ་དང༌། འདོད་ཆགས་དང་བྲལ་བའི་ལམ་ཡིན་པས་དག་པ་པ་ཡིན་གྱི་རོ་མྱང་བ་དང་མཚུངས་པར་ལྡན་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ།ཉེར་བསྡོགས་ལ་མཉམ་པར་བཞག་མ་བཞག་གཉིས་ལས་ཕྱི་མ་ཉོན་མོངས་དང་མཚུངས་ལྡན་ཡོད་པའི་ཕྱིར་ཏེ། མཆིམས་མཛོད་༧༤༡ལས། ཉེར་བསྡོགས་གཞན་རྣམས་ལའང་མཉམ་པར་བཞག་པ་དང་མ་བཞག་པ་གཉིས་ཡོད་པ་ལས་དང་པོ་ནི་དགེ་བ་དག་པ་པ་ཁོ་ན་ཡིན་ལ། གཉིས་པ་ནི་ཊཱི་ཀར་བསམ་གཏན་གཟུགས་མེད་བརྒྱད་ཆར་གྱི་ཉེར་བསྡོགས་ཉོན་མོངས་པ་ཅན་མཉམ་བཞག་མ་ཡིན་པས་ཉིང་མཚམས་སྦྱོར་རོ་ཞེས་བྱ་བ་འདི་ནི་གྲུབ་པའི་མཐའ་ཡིན་ནོ། །ཞེས་སོགས་གསུངས་པའི་ཕྱིར་དང༌། རྫས་རྒྱུན་ལ་ཡོད་ན་ཡོད་དགོས་པར་ཐལ། བསམ་གཏན་གྱི་དངོས་གཞི་ལ་རོ་མྱང་ཅན་ཡོད་པའི་རྒྱུ་མཚན་འཐད་པའི་ཕྱིར་ཟེར་བ་དག་ལ་དཔྱད། མཆིམས་མཛོད་༧༤༠ལས། འོག་མའི་ཉོན་མོངས་པ་མངོན་དུ་རྒྱུ་དང་བྲལ་བས་དེ་ཟད་མ་ཟད་བརྟག་པའི་ཕྱིར་དེ་སྐྱེ་བའི་མཚན་མ་ཡིད་ལ་བྱེད་པ་དང༌།ཐོབ་པ་ལ་མངོན་པའི་ང་རྒྱལ་མེད་པ་ལ་སེམས་འཇོག་པར་བྱེད་པ་དཔྱོད་པའི་ཡིད་ལ་བྱེད་པ་དང༌། ཞེས་གསུངས་པ་ལ། དཔྱོད་པའི་ཡིད་བྱེད་དེའི་དུས་སུ་ཉོན་མོངས་མངོན་དུ་མི་འགྱུར་དེའི་རྗེས་སུ་གྱུར་བ་ཡིན་ན་དཔྱོད་པ་རང་ཉིད་འགག་ཟིན་པས་དཔྱོད་པ་ཡིད་བྱེད་དེས་རང་རྒྱུད་ལྡན་གྱིས་འདོད་ཉོན་མ་སྤངས་པ་ཇི་ལྟར་རྟོགས་པའི་ཚུལ་ལ་དཔྱད། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་དང་མཚུངས་ལྡན་གྱི་ཚོར་བ་དེ་ཚོར་བ་བཏང་སྙོམས་ཡིན་ཏེ། མཛོད་འགྲེལ་གནད་སྒྲོན་ལས། རྟོག་མེད་བསམ་གཏན་ཁྱད་པར་ཅན། །བསམ་གཏན་དང་པོ་ཁོ་ན་རྟོག་པ་དང་མཚུངས་པར་མི་ལྡན་པ་ནི་བསམ་གཏན་ཁྱད་པར་ཅན་ཡིན་ཏེ། བསམ་གཏན་གྱི་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །རྣམ་གསུམ་བདེ་མིན་སྡུག་བསྔལ་མིན། །དེ་ནི་ཚངས་ཆེན་འབྲས་བུ་ཅན། །ཞེས་གསུངས་པའི་ཕྱིར་ཟེར་ན་གཞུང་དུ་བསམ་གཏན་དང་པོའི་ཡན་ལག་ལ་དགའ་བདེ་ལས་གཞན་ཚོར་བ་བཏང་སྙོམས་མི་བཞག་པའི་རྒྱུ་མཚན་ལ་དཔྱད། མཆིམས་མཛོད་༧༤༡ལས། ༼མི་ལྕོགས་མེད་དེ་ནི༽འབད་ནས་བསྐྱེད་པར་བྱ་བ་ཡིན་པས་ཚོར་བའང་བདེ་བ་ཡང་མིན་སྡུག་བསྔལ་ཡང་མིན་པ་བཏང་སྙོམས་ཁོ་ན་དང་མཚུངས་པར་ལྡན་པ་ཡིན་ནོ། །དེ་ཉིད་ཀྱིས་ན་༼ཚོར་བ་བདེ་བ་དང་མི་ལྡན་ན་༽ལམ་བསྐྱེད་དཀའ་བ་ཞེས་བྱའོ། །ཞེས་གསུངས་པ་ལ། འོ་ན་བསམ་གཏན་བཞི་བའི་དངོས་གཞི་དེ་ལམ་བསྐྱེད་དཀའ་བ་ཡིན་པར་ཐལ། བདེ་བ་དང་བྲལ་ཞིང་བཏང་སྙོམས་དང་ལྡན་པའི་སྙོམས་འཇུག་ཡིན་པའི་ཕྱིར་ན། འདོད་མི་ནུས་ཏེ། རྩ་བར། བསམ་གཏན་དག་གི་ལམ་རྣམས་སླ། །ས་གཞན་དག་གིདཀའ་བ་ཡིན། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཏིང་ངེ་འཛིན་གསུམ་ནི། མཛོད་འགྲེལ་གནད་སྒྲོན་ལས། ཡང་ཏིང་ངེ་འཛིན་གསུམ་གསུངས་ཏེ།དེ་ལ། མཚན་མེད་ཞི་བའི་རྣམ་པ་ཅན། །འགོག་པའི་བདེན་པའི་རྣམ་པ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ནི་མཚན་མ་མེད་པའོ། ། སྟོང་ཉིད་བདག་མེད་སྟོང་ཉིད་དུ། །འཇུག་པའོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་རྣམ་པ་གཉིས་དང་མཚུངས་པར་ལྡན་ནོ། །སྨོན་པ་མེད་པ་ནི། དེ་ལས་གཞན་བདེན་རྣམ་པ་དང༌། །སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་རྣམ་པ་བཅུ་དང་ལྡན་པར་འཇུག་གོ །ཞེས་གསུངས་ལ། ཡུལ་མྱང་འདས་འགོག་བདེན་དེ་མཚན་མེད་ཡིན་ཏེ། མཆིམས་མཛོད་༧༤༢ལས། ཡུལ་མྱང་འདས་སོ་སོར་བརྟགས་འགོག་ནི་ཡུལ་ལྔ་དང་ཕོ་མོ་དང་འདུས་བྱས་ཀྱི་མཚན་ཉིད་གསུམ་མམ་བཞིའི་མཚན་མ༼སྟེ་བཅུ་༽དང་བྲལ་བས་མཚན་མེད་ཡིན་ལ། ཞེས་གསུངས་པའི་ཕྱིར། འོ་ན་སྟོང་བདག་མེད་གཉིས་ཆོས་ཅན། མཚན་མེད་ཡིན་པར་ཐལ། མཚན་མ་བཅུ་གང་དང་ཡང་མི་ལྡན་པའི་ཕྱིར། ཁྱབ་སྟེ། མཆིམས་ཀྱི་ལུང་དེའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། སྟོང་ཉིད་ཡིན་པའི་ཕྱིར་ཟེར་ན། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་སྟེ། འདུས་བྱས་ཡིན་པའི་ཕྱིར་ཏེ། སྡུག་བསྔལ་ཤེས་པའི་ཡུལ་དུ་འདུས་བྱས་ལས་འདུས་མ་བྱས་མེད་པའི་ཕྱིར་ཏེ། གནས་བདུན་པ་ལས། ཆོས་བཅུ་དག་ནི་སྦྱར་བར་བྱ། །ཞེས་པའི་སྐབས་མཆིམས་མཛོད་༧༦༠ལས། སྡུག་བསྔལ་དང་ཀུན་འབྱུང་ཤེས་པའི་ཡུལ་དུ་ཁམས་ཀྱི་ཆོས་དྲུག་དྲུག་དང༌། ཞེས་གསུངས་པ་ལས་འདུས་མ་བྱས་ཡོད་པར་མ་གསུངས་པ་དང༌། ཡང་མཆིམས་མཛོད་༢༣ལས། བདེན་པ་གསུམ་གྱི་རྣམ་པ་རྣམས་ནི་འདུས་བྱས་ཀྱི་བདག་ཉིད་ཡིན་པའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་བའི་འདུས་མ་བྱས་ལོགས་པ་ནི་མེད་དོ། །ཞེས་གསུངས་པ་ལ། འོ་ན་དེ་གཉིས་སྨོན་མེད་ཡིན་པར་ཐལ། ལམ་བདེན་སྨོན་མེད་གང་ཞིག དེ་དང་མཚུངས་པའི་ཕྱིར་ཟེར་ནས་རྩོད་དོ། །གཞན་ཡང་སོ་སོར་བརྟག་མིན་འགོག་དང་འདུས་མ་བྱས་ནམ་མཁའ་གཉིས་མཚན་མེད་ཡིན་པར་ཐལ། མཚན་མ་བཅུ་དང་བྲལ་བའི་ཕྱིར་ཟེར་ན་དཔྱད། ལམ་བདེན་ཡང་ལྷག་མེད་དུ་འདའ་ཚེ་རྒྱུན་ཆད་པ་ཡིན་ཏེ། མཆིམས་མཛོད་༧༤༣ལས། ལམ་གྱི་རྣམ་པ་བཞིའང་ལུང་བར་མ་ལས་རེ་ཞིག་བླང་བྱ་ཡིན་ཡང་འདུས་བྱས་ཡིན་པས་ཆུ་རྒལ་བའི་གཟིངས་ལྟར་ལྷག་མེད་དུ་འཇུག་པ་ན་ངེས་པར་འདོར་བས་སྤང་བྱར་གསུངས་པས།༼སྨོན་མེད་ཀྱི་ཏིང་ངེ་འཛིན་༽ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་མཆན་༢༠ལས། ལྷག་མེད་ཐོབ་པ་ན་ཕུང་པོ་ལྔ་ག་འགག་ན་འདུས་བྱས་ཀྱི་འཇུག་པ་རྒྱུན་ཆད་པར་ཐལ་ལོ་ཞེ་ན་རྟགས་མ་གྲུབ་སྟེ་ཟག་བཅས་ཀྱི་ཕུང་པོ་ཁེགས་སུ་ཆུག་ཀྱང་ཟག་མེད་ཀྱི་ཕུང་པོ་མི་ཁེགས་ཏེ་དེ་ལ་བརྟགས་འགོག་མི་འཇུག་པས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། གྲུབ་མཐའ་གོང་མའི་ལུགས་ཡིན་པའི་ཕྱིར་ཟེར་རམ་དཔྱད།སྟོང་བ་ཉིད་ལ་སོགས་པ་དང༌། སྟོང་བ་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་དང༌། རྣམ་པར་ཐར་བའི་སྒོ་སྟོང་བ་ཉིད་ལ་སོགས་པ་གསུམ་འགལ་བར་ཐལ། དང་པོ་ལ་ཐོས་བསམ་དང་གཉིས་པ་ལ་འཇིག་རྟེན་པའི་སྒོམ་བྱུང་དང་གསུམ་པ་ལ་འཇིག་རྟེན་ལས་འདས་པའི་སྒོམ་བྱུང་དུ་འཇོག་དགོས་པའི་ཕྱིར་ཏེ། མཆིམས་མཛོད་༧༤༦ལས། དེས་ན་ཐོས་བསམ་ལས་བྱུང་བ་དང༌། འཇིག་རྟེན་པའི་སྒོམ་བྱུང་དང༌། འཇིག་རྟེན་ལས་འདས་པའི་སྒོམ་བྱུང་གི་ཏིང་ངེ་འཛིན་གསུམ་རིམ་པ་ལྟར་སྟོང་བ་ཉིད་ལ་སོགས་པ་དང༌། སྟོང་བ་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་དང༌། རྣམ་པར་ཐར་བའི་སྒོ་སྟོང་བ་ཉིད་ལ་སོགས་པ་ཡིན་ནོ་ཞེས་གསུངས་སོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཕྱི་མ་ཕྱི་མ་སྔ་མ་སྔ་མའི་བྱེ་བྲག་ཡིན་པའི་ཕྱིར་ཏེ། གཏན་ལ་དབབ་པ་བསྡུ་བ་ལས། གང་དུ་སྟོང་བ་ཉིད་དང་སྨོན་པ་མེད་པ་དང༌། མཚན་མ་མེད་པ་བྱེ་བྲག་མེད་པར་གསུངས་པ་དེར་ནི་དེ་དག་ཐོས་པ་དང་བསམ་པ་དང་སྒོམ་པ་ལས་བྱུང་བ་ཉིད་ཡིན་པར་བལྟ་བར་བྱའོ། །གང་དུ་དེ་དག་ཏིང་ངེ་འཛིན་གྱི་སྒྲ་ཁོ་ནར་གསུངས་པ་དེར་ནི་དེ་དག་སྒོམ་པ་ལས་བྱུང་བ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཉིད་ཡིན་པར་བལྟ་བར་བྱའོ། །གང་དུ་དེ་དག་རྣམ་པར་ཐར་བའི་སྒོའི་སྒྲར་གསུངས་པ་དེར་ནི་དེ་དག་འཇིག་རྟེན་ལས་འདས་པ་ཉིད་ཡིན་པར་བལྟ་བར་བྱའོ། །ཞེས་དང༌། ཉ་ཊཱིཀ་ལས། གཏན་ལ་དབབ་པ་བསྡུ་བར། སྟོང་ཉིད་མཚན་མེད་སྨོན་མེད་ཅེས་པ་ཙམ་གསུངས་པ་ནི་ཐོས་བསམ་སྒོམ་པ་གང་རུང་གིས་ཤེས་པ་དང༌། སྟོང་ཉིད་ཀྱི་ཏིང་ངེ་འཛིན་ཞེས་སོགས་ཀྱིས་གསུངས་པ་ནི་སྒོམ་བྱུང་འཇིག་རྟེན་འདས་མ་འདས་གང་རུང་ཁོ་ནས་ཤེས་པ་དང༌། རྣམ་ཐར་གྱི་སྒྲས་གསུངས་པ་ནི་སྒོམ་བྱུང་འདས་པ་ཁོ་ནར་བཤད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མཆིམས་མཛོད་ལ་ཞིབ་ཆ་དགོས་སོ། །ལམ་སུན་འབྱིན་པའི་ཏིང་ངེ་འཛིན་གསུམ་ནི། རྟེན་མིའི་ནང་དང༌། གང་ཟག་དབང་རྣོན་ལ་སྐྱེ་བ་དང༌། ས་བཅུ་གཅིག་ཡོད་དེ། མཛོད་འགྲེལ་གནད་སྒྲོན་ལས། གང་དུ་སྐྱེད་པར་བྱེད་ཅེ་ན།མི་ནང༌། ལྷ་དག་གི་ནང་དུ་ནི་མ་ཡིན་ནོ། །སུ་ལ་སྐྱེ་ཞེ་ན། མི་གཡོ་ལ། དགྲ་བཅོམ་པ་གཞན་ལ་ནི་མ་ཡིན་ནོ། །ས་དུ་བ་ཞིག་ཡིན་ཞེ་ན། ཉེར་བསྡོགས་བདུན་ནི་མ་གཏོགས་སོ། །འདོད་པའི་ཁམས་དང༌། མི་ལྕོགས་པ་མེད་པ་དང༌། བསམ་གཏན་ཁྱད་པར་ཅན་དང༌།བསམ་གཏན་དང༌། གཟུགས་མེད་པ་རྣམས་དང༌། བཅུ་གཅིག་ན་ཡོད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། ལྷ་རྣམས་ལྷག་མེད་དུ་འཕོ་ཚེ་ལམ་སུན་འབྱིན་མི་དགོས་པར་ལམ་རྒྱུན་ཆད་ནུས་ན་མིའི་རྟེན་ཅན་གྱི་དབང་རྣོན་གྱིས་ལམ་སུན་འབྱིན་པའི་ཏིང་ངེ་འཛིན་སྒོམ་པ་དོན་མེད་པར་ཐལ་བར་འགྱུར་རོ་ཞེ་ན། ལྷག་མེད་ཀྱི་ཚེ་ལྷའི་རྒྱུད་ཀྱི་ལམ་དེ་རང་རྒྱུན་ཆད་འགྲོ་བའི་རྒྱུ་མཚན་དང༌། དེ་སྨོན་མེད་ཡྀན་པའི་རྒྱུ་མཚན་གོང་སྨོས་དེ་མ་ཚང་བ་ཡིན་མིན་དག་ལ་དཔྱད། སུན་འབྱིན་པའི་ལམ་གསུམ་ཟག་བཅས་ཡིན་ཏེ། མཆིམས་མཛོད་༧༤༥ལས། ཏིང་ངེ་འཛིན་ཕྱི་མ་གསུམ་པོ་འདི་དག་ནི་གཅིག་ཏུ་ཟག་པ་དང་བཅས་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་ནི་མཆིམས་མཛོད་༧༤༤ལས། འགོག་པ་ལ་དམིགས་ནས་ཞི་བའི་རྣམ་པ་ཁོ་ན་ཡིད་ལ་བྱེད་པ་ཡིན་གྱི། ཞེས་གསུངས་པས་ཞི་བའི་རྣམ་པ་ཁོ་ན་ཡིད་ལ་བྱེད་པའི་དེ་ལ་ཟག་མེད་ཞིག་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་ཟག་མེད་མེད་པའི་རྒྱུ་མཚན་དཀའ་བའི་ཕྱིར་ཟེར་ན་དཔྱད། སྐབས་འདིར་མཆིམས་མཛོད་ལས་སོ་སོར་བརྟགས་མིན་གྱི་འགོག་པ་ཞི་བ་ཡིན་པ་ལྟ་བུར་གསུངས་པ་ལ་དེ་ཐོབ་ན་ཞི་བ་ཐོབ་དགོས་མིན་ལ་དཔྱད། མཆིམས་མཛོད་༧༤༤ལས། ལམ་བདེན་ཡིན་པས་སུན་དབྱུང་བྱ་ཡིན་ལ་སུན་འབྱུང་བྱ་དེ་ཉིད་སུན་འབྱིན་བྱེད་དུ་མི་འཐད་པའི་ཕྱིར་རོ། །ཞེས་གསུངས་པ་ལ། འོ་ན་ཚོགས་སྦྱོར་གཉིས་ཆོས་ཅན། སུན་དབྱུང་བྱ་དང་འབྱིན་བྱེད་མ་ཡིན་པར་ཐལ། དེ་གཉིས་ཡིན་པ་མེད་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། དང་པོ་གང་ཞིག གཉིས་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཟག་བཅས་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། གཉེན་པོ་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ།། །།

སྙོམས་འཇུག་གིས་བསྡུས་པའི་ཡོན་ཏན་བཤད་སྐབས་ཀྱི་དོགས་གཅོད།

སྙོམས་འཇུག་གིས་བསྡུས་པའི་ཡོན་ཏན་བཤད་སྐབས་ཀྱི་དོགས་གཅོད་ནི།

དགའ་བ་ཚད་མེད་ཡིད་བདེ་ཡིན་པར་ཐལ། རྩ་བར། ཡིད་བདེ་བ་ནི་དགའ་བ་ཡིན། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དགའ་དད་ལ་མུ་བཞི་ཡོད་པས་དགའ་བ་ལ་ཚོར་བ་མི་དགོས་ན་སྐབས་འདིར་དགོས་པའི་རྒྱུ་མཚན་ཅི་ཡིན་འཚོལ་དགོས་སོ། །བྱམས་པ་དང་སྙིང་རྗེ་ཚད་མེད་གཉིས་ཞེ་སྡང་མེད་པ་ཡིན་པར་ཐལ། རྩ་བར། ཞེ་སྡང་མེད་བྱམས་སྙིང་རྗེ་ཡང༌། །ཞེས་གསུངས་པའི་ཕྱིར། འདོད་ན། བྱམས་པ་དང་སྙིང་རྗེ་གཉིས་ཞེ་སྡང་གི་གཉེན་པོ་ཡིན་པར་འདྲ་བར་ཐལ། དེ་གཉིས་ཞེ་སྡང་མེད་པའི་དགེ་རྩ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ། མཆིམས་མཛོད་༧༤༨ལས། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང༌།བཏང་སྙོམས་ཏེ་རྣམ་པ་བཞི་ཡིན་ནོ། །དེ་དག་བཞིར་ངེས་པ་ནི་རིམ་པ་ལྟར་གནོད་སེམས་དང༌། སོགས་པས་བསྡུས་པ་རྣམ་པར་འཚེ་བ་དང༌། གཞན་གྱི་ཕུན་སུམ་ཚོགས་པ་ལ་མ་དགའ་བ་དང༌། འདོད་པའི་འདོད་ཆགས་དང༌། གནོད་སེམས་མང་བ་རྣམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་སྙིང་རྗེའི་ངོ་བོ་བཤད་སྐབས་ཞེ་སྡང་མེད་པ་ཡིན་པར་གསུངས་ལ། གཉེན་པོ་བཤད་སྐབས་རྣམ་པར་འཚེ་བའི་གཉེན་པོ་ཡིན་པར་གསུངས་པས་ཅུང་ཟད་དཔྱད། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་པ་དེ་འདུན་པའམ་འདོད་པ་ཡིན་པར་ཐལ། བྱང་ཆུབ་ཐོབ་པར་གྱུར་ཅིག་སྙམ་པ་དེ་འདུན་པ་ཡིན་པའི་ཕྱིར་ཟེར་ན། དེའི་ཞིབ་ཆ་ནི། མཆིམས་མཛོད་༧༤༩ལས། བྱམས་པ་ལ་སོགས་པའང་ཞེ་སྡང་མེད་པ་ལ་སོགས་པ་སེམས་ལས་བྱུང་བ་གཞན་ལ་འདོད་པའི་ཕྱིར་ཇི་ལྟར་དེ་དག་གི་རྣམ་པར་འགྱུར་ཞེ་ན། བདེན་མོད་ཀྱི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་འདུན་པ་དང་མཚུངས་པར་ལྡན་པའི་ཞེ་སྡང་མེད་པ་ལ་འདོད་པའི་ཕྱིར་སྐྱོན་མེད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། རྣམ་ཐར་དང་པོ་གཉིས་ནི་བསམ་གཏན་གཉིས་པ་ཡན་ན་ཡོད་པར་འདོད་མི་ནུས་ཏེ། རྩ་བར། དང་པོ་གཉིས། མི་སྡུག་བསམ་གཏན་གཉིས་ན་ཡོད། །ཅེས་དང༌། མཆིམས་མཛོད་༧༥༢ལས། མི་སྡུག་པ་ནི་ས་བཅུ་པ་ཡིན་ལ། རྣམ་ཐར་དང་པོ་གཉིས་ནི་བསམ་གཏན་གཉིས་པ་ཡན་ཆད་ན་མིག་ཤེས་མེད་པས་ཁ་དོག་གི་འདོད་ཆགས་མེད་དེ། གང་ཡུལ་ལ་འདོད་ཆགས་དང་བྲལ་བ་དེ་ནི་ཡུལ་ཅན་ཤེས་པ་ལས་ཀྱང་འདོད་ཆགས་དང་བྲལ་ཏེ། སྣ་ལྕེའི་རྣམ་ཤེས་བཞིན་ནོ། །༼བསམ་གཏན་ཕྱི་མ་གསུམ་ན་ནང་གི་དབང་པོ་གཟུགས་ཅན་ལ་ཆགས་པ་ཡོད་དོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། བསམ་གཏན་གཉིས་པ་ན་མིག་ཤེས་མེད་པས་ཁ་དོག་གི་འདོད་ཆགས་མེད་ལ། དེ་ལྟར་ན་དེའི་གཉེན་པོར་སྒོམ་མི་དགོས་པ་གང་ཞིག དང་པོའི་ཁ་དོག་ལ་ཆགས་པ་བྲལ་ཟིན་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། མཆིམས་མཛོད་༧༥༣ལས།ཐག་བསྲིང་བའི་གཉེན་པོ་ཡིན་གྱི་དངོས་སུ་སྤོང་བ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་མི་རིགས་པར་ཐལ། བསམ་གཏན་གཉིས་པ་ལ་གཟུགས་ཀྱི་སྐྱེ་མཆེད་ཡོད་པ་གང་ཞིག དེ་ཡོད་ན་དེ་ལ་ཆགས་པའི་གཉེན་པོར་མི་སྡུག་པ་སྒོམ་པ་ཡོད་དགོས་པའི་ཕྱིར། དེར་ཐལ། གནས་དྲུག་པར། མི་སྡུག་མ་ཆགས་ས་བཅུ་དང༌། །དམིགས་པ་འདོད་སྣང་མིས་སྐྱེད་དོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། གོང་དུ་མིག་ཤེས་མེད་པས་རྒྱུ་མཚན་གྱིས་ཁ་དོག་ལ་ཆགས་པ་མེད་པར་སྒྲུབ་པ་ལ་ཁྱབ་བ་ཡོད་དམ་དེ་དག་ལ་དཔྱད། གོང་དུ་བཤད་པ་དེ་ལྟར་རྣམ་ཐར་དང་པོ་གཉིས་བསམ་གཏན་དང་པོ་གཉིས་ཁོ་ན་ལ་ཡོད་པར་ཐལ། མདོ་ལུགས་མ་ལས། རྣམ་པར་ཐར་པ་བརྒྱད་ལ། དང་པོ་གཉིས་ནི་མི་སྡུག་པ་བསམ་གཏན་དང་པོ་གཉིས་པའི་རང་བཞིན་ནོ། །གསུམ་པ་ནི་བསམ་གཏན་བཞི་པའི་རང་བཞིན་ཆགས་པ་མེད་པའི་ངོ་བོ་ཉིད་དོ། །ཞེས་དང༌། ཉ་ཊཱིཀ་ལས། ནང་གི་གཟུགས་ལ་དམིགས་པའི་ཕྱིར་གཟུགས་ཅན་ཞེས་བརྗོད་དོ། །ཕྱི་རོལ་གྱི་གཟུགས་ལ་དམིགས་པའི་ཕྱིར་གཟུགས་ལ་ལྟ་བ་ཞེས་བརྗོད་དོ། །ཞེས་གནོད་འཇོམས་དག་ལྡན་ནོ། །དེ་གཉིས་སུ།འདོད་པའི་ཁ་དོག་ལ་ཆགས་པའི་གཉེན་པོར་བསམ་གཏན་དང་པོ་ལ་འཇུག ཅེས་ཉན་ཐོས་ལྟར་འཆད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན། མདོ་ལུགས་མ་ལས་བཤད་པ་དེ་མཛོད་ལྟར་མ་ཡིན་ཏེ། མཛོད་ལྟར་ན་རྣམ་ཐར་དང་པོ་བསམ་གཏན་དང་པོ་ཁོ་ན་དང་རྣམ་ཐར་གཉིས་པ་བསམ་གཏན་གཉིས་པ་ཁོ་ན་ལ་རྟེན་པ་ཡིན་པ་གང་ཞིག མདོ་ལུགས་མ་ལས་བཤད་པ་དེ་ལྟར་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཉ་ཊཱིཀ་ལས། ས་གང་ལ་བརྟེན་ན། བསམ་གཏན་དང་པོ་ཁོ་ན་ལ་སྟེ། འདོད་པའི་ཁ་དོག་ལ་ཆགས་པའི་གཉེན་པོར་གྱུར་པའི་མི་སྡུག་པའི་རྣམ་པ་ཅན་གྱི་རྣམ་ཐར་ཡིན་པས་སོ། །ཞེས་དང༌། གཉིས་པ་ལའང་ཉན་ཐོས་ལྟར་ན། གང་ཟག་སྔར་བཞིན་དང༌། ས་ནི་བསམ་གཏན་དང་པོའི་ཁ་དོག་ལ་ཆགས་པའི་གཉེན་པོ་ཡིན་པས་བསམ་གཏན་གཉིས་པ་ཁོ་ནར་ཡོད་དེ། དང་པོ་གཉིས། མི་སྡུག་བསམ་གཏན་གཉིས་ན་ཡོད། །ཞེས་སོགས་ཞིབ་ཏུ་ཤེས་དགོས་སོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། མདོ་ལུགས་མ་ལས། དེ་ལ་འདོད་པ་ན་སྤྱོད་པའི་ཁ་དོག་ལ་ཆགས་པའི་གཉེན་པོར་ནང་གི་སྐྲ་སོགས་ལ་དམིགས་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ནས་དེའི་འོག་ཏུ་ཕྱི་རོལ་གྱི་རྣམ་པར་སྔོས་པ་ལ་སོགས་པ་ལ་དམིགས་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བའོ། །དེ་བཞིན་དུ་བསམ་གཏན་དང་པོའི་ས་པའི་ཁ་དོག་ལ་ཆགས་པའི་གཉེན་པོར་རིམ་པ་ལྟར་བསམ་གཏན་དང་པོ་དང་གཉིས་པ་ལ་སྙོམས་པར་འཇུག་པ་ཡང་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཡིན་ནོ། །ནང་གི་དབང་གི་གཟུགས་ཅན་ཕྱི་རོལ་གྱི་དབང་གིས་གཟུགས་རྣམས་ལ་ཞེས་བྱའོ། །ནང་གི་ལ་མ་དམིགས་པར་ཕྱི་རོལ་གྱི་རྣམ་པར་སྔོས་པ་སོགས་འབའ་ཞིག་ལ་དམིགས་ནས་སྔ་མ་བཞིན་དུ་འདོད་པ་དང་བསམ་གཏན་དང་པོའི་ས་པའི་ཁ་དོག་ལ་ཆགས་པའི་གཉེན་པོར་རིམ་པ་ལྟར་བསམ་གཏན་དང་པོ་དང་གཉིས་པ་ལ་སྙོམས་པར་འཇུག་པ་ནི་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མཆིམས་མཛོད་༧༥༤ལས། དེ་ལ་སྙོམས་འཇུག་གི་སྒྲིབ་པ་ནི་སྒྲིབ་པ་གང་ཞིག ཡོད་ན་སེམས་ལས་སུ་མི་རུང་བས་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་དག་གིས་ཀྱང་བསམ་གཏན་དང་པོའི་དངོས་གཞིའང་སྐྱེད་པར་མི་བྱེད་པ་དེ་ཡིན་ནོ་ཞེས་ཊཱིཀ་བྱེད་དག་འཆད་དོ། །ཞེས་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་ཡིན་ན་དགྲ་བཅོམ་པ་ཡིན་དགོས་པས་བསམ་གཏན་དང་པོའི་དངོས་གཞི་སྐྱེད་པར་མི་བྱེད་ཅེས་པའི་དོན་གང་ཡིན་འཚོལ་དགོས་སོ། །རྣམ་ཐར་དང་པོ་གཉིས་ཀྱི་ཡུལ་ལ་འདོད་པའི་གཟུགས་ཀྱི་སྐྱེ་མཆེད་ཀྱིས་ཁྱབ་པར་ཐལ། རྩ་བར། དང་པོ་འདོད་གཏོགས་སྣང་ཡུལ་ཅན། །ཞེས་དང༌། མཆིམས་མཛོད་༧༥༥ལས། རྣམ་ཐར་འདི་དག་ལས་དང་པོ་གསུམ་ལས་སྔ་མ་གཉིས་ལས་ནི་འདོད་པར་གཏོགས་པའི་སྣང་བ་གཟུགས་ཀྱི་སྐྱེ་མཆེད་ཡིད་དུ་འོང་བ་དང༌། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། བསམ་གཏན་དང་པོའི་གཟུགས་ལ་ཆགས་པའི་གཉེན་པོར་སྒོམ་པ་ཡིན་པའི་ཕྱིར་རམ། རྒྱལ་སྲས་མ་ལས། ཇི་ལྟར་རྣམ་པར་ཐར་བ་གཉིས་པ་བསམ་གཏན་གཉིས་པའི་ས་བ་དང༌། བསམ་གཏན་དང་པོའི་གཟུགས་ལ་དམིགས་པ་ཡིན་པ་ལྟར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། གཞན་ས་ལ་ཟད་པ་བཞག་པ་མི་འཐད་པར་ཐལ། ས་ལ་དམིགས་པའི་ཟད་པ་མེད་པའི་ཕྱིར། དེར་ཐལ། ཟད་པ་དང་པོ་བརྒྱད་ཀྱི་དམིགས་ཡུལ་ལ་གཟུགས་ཀྱི་སྐྱེ་མཆེད་དགོས་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། འདོད་པ་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་དོ། །ཞེས་་དང༌། གང་སྤེལ་ལས། བརྒྱད་ཀྱི་སྤྱོད་ཡུལ་ནི་འདོད་པ་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་ཡིན་ནོ། །ཞེས་པ་ནས། ས་ལ་སོགས་པ་རྣམས་ཀྱང་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཡིན་པས་དེ་རྣམས་གཟུགས་ཀྱི་སྐྱེ་མཆེད་ཀྱི་ཡུལ་ཅན་དུ་མི་འགལ་ལོ། །ཞེས་གསུངས་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། དེ་ལ་ས་ཆུ་སོགས་བཞག་པ་གང་ཞིག དེ་དག་རེག་བྱ་ཡིན་པའི་ཕྱིར། རྟགས་ཕྱི་མ་སླ། རྟགས་དང་པོ་གྲུབ་སྟེ། མཛོད་འགྲེལ་གནད་སྒྲོན་༢༣༥ལས། ཟད་པར་བཅུའོ། །བར་ཆད་མེད་པར་ཟད་པར་རྒྱས་པར་བྱེད་པའི་ཕྱིར། ཟད་པར་གྱི་སྐྱེ་མཆེད་ནི་བཅུ་སྟེ། ཟད་པར་ས་དང་ཆུ་དང༌། མེ་དང༌། རླུང་དང༌། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། ཟད་པར་ནམ་མཁའ་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། སྐྱེ་མཆེད་གཞན་ལ་ཟད་པར་མི་འཇོག་པའི་རྒྱུ་མཚན་ལ། འོ་ན་རྣམ་ཤེས་ཆོས་ཅན། ཁྱོད་ལ་ཟད་པར་མི་བཞག་པར་ཐལ། ཁྱོད་ཀྱིས་སྣོད་ཀྱི་འཇིག་རྟེན་ལ་མ་ཁྱབ་པའི་ཕྱིར། ཁྱབ་སྟེ། མཆིམས་མཛོད་༧༥༨ལས། སྐྱེ་མཆེད་གཞན་ལ་ཟད་པར་དུ་མི་འཇོག་པ་ནི་མིག་སོགས་བདུན་གྱིས་སྣོད་ཀྱི་འཇིག་རྟེན་ལ་༼དེའི་རིགས་མེད་པས༽མ་ཁྱབ་ཅིང་དྲི་རོས་གཟུགས་ཁམས་སུ་མ་ཁྱབ་ལ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཟད་པར་བཅུ་ཡོད་པའི་ཕྱིར་ཟེར་ན་དཔྱད། སྒྲ་ལ་རྒྱུན་མེད་པར་ཐལ། མཆིམས་མཛོད་༧༥༨ལས། སྒྲ་ལ་རྒྱུན་མེད་པས་ཟད་པར་དུ་མི་བཞག་གོ །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་ལ་སྐལ་མཉམ་གྱི་རྒྱུ་ཡོད་པའི་ཕྱིར་ཏེ། ཟག་མེད་ཀྱི་སྐད་ཅིག་མ་ཡིན་པའི་འདུས་བྱས་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་ཟེར་ན་དཔྱད། གྲུབ་མཐའ་གོང་མའི་ལུགས་ལ་སྒྲ་ལ་ཟད་པ་མི་བཞག་སྟེ། ཉ་ཊཱིཀ་ལས། སྒྲ་ལ་མིན་ཏེ་རྒྱུན་མེད་པས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་སྒྲ་ལ་རྒྱུན་མེད་པ་མི་རིགས་ཏེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། བྱེ་བྲག་སྨྲ་བ་རྣམས་སྒྲ་ལ་རྒྱུན་མེད་པར་འདོད་པ་ཡིན་ཡང༌། སྒྲ་ལ་རྒྱུན་ནི་ཡོད་པ་ཡིན་ཏེ། སྒྲ་ཐག་རིང་བོར་འཇུག་པ་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །དེས་ན་ཐེག་པ་ཆེན་པོའི་སྐབས་འདིར་རྡུལ་ཕྲན་ཡང་རྡུལ་རྫས་དགུ་དང་ལྡན་པར་དོན་གྱིས་ཁས་ལེན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། མཛོད་འགྲེལ་ལས། ལྷག་མ་ནི། འདོད་ཆགས་བྲལ་དང་སྦྱོར་བས་འཐོབ། །འགོག་པ་ལས་གཞན་པའི་རྣམ་པར་ཐར་པ་ལ་སོགས་པའི་འདོད་ཆགས་དང་བྲལ་བས་འཐོབ་པ་ཡང་ཡིན་ལ། སྦྱོར་བ་ལས་བྱུང་བ་དག་ཀྱང་ཡིན་ཏེ། འདྲིས་པ་དང་མ་འདྲིས་པའི་ཕྱིར་རོ། །ཞེས་དང༌། མཆིམས་མཛོད་༧༥༩ལས། ལྷག་མ་ཉི་ཤུ་རྩ་ལྔ་པོ་རྣམས་ནི་སྔར་འདྲེས་པ་ཡིན་ན་འདོད་ཆགས་དང་བྲལ་བ་ཙམ་དང༌། ༼འདྲིས་པ་ནི་དང་པོ་ནས་སྲིད་རྩེའི་བར་སྔར་ཐོབ་པ་བཏང་བ་དག་གོ། །༽མ་འདྲེས་པ་རྣམས་ནི་སྦྱོར་བ་འབད་རྩོལ་གྱིས་འཐོབ་སྟེ། གོམས་པ་དང་མ་གོམས་པའི་མཐུ་ལས་བྱུང་བའི་ཕྱིར་རོ། །ཞེས་གསུངས་པ་ལ་མ་འདྲེས་པའམ་སྔར་བསམ་གཏན་གྱི་དངོས་གཞི་ཐོབ་མ་མྱོང་བ་ཡོད་མེད་དཔྱད། རྣམ་ཐར་དང་པོ་གསུམ་ཟིལ་གནོན་བརྒྱད་ཟད་པར་བརྒྱད་མི་ཁོ་ནའི་རྟེན་ཅན་ཡིན་ཏེ། རྩ་བར། རྟེན་ཅན་ལྷག་མ་མི་ལས་སྐྱེ། །ཞེས་དང༌། མཆིམས་མཛོད་༧༥༩ལས། ཡང་གཟུགས་མེད་ཅེས་བྱ་བའི་རྣམ་ཐར་བཞི་དང༌། ཟད་པར་གཉིས་ནི་ཁམས་གསུམ་གྱི་རྟེན་ཅན་ཡིན་ལ། དེ་དག་གི་ལྷག་མ༼རྣམ་ཐར་དང་པོ་གསུམ་ཟིལ་གནོན་བརྒྱད་ཟད་པར་བརྒྱད་དེ།༽བཅུ་དགུ་བོ་རྣམས་ནི་མི་ལས་སྐྱེ་བས་མིའི་རྟེན་ཅན་ཁོ་ན་ཡིན་ཏེ། ལྷ་ལ་སོགས་པའི་འགྲོ་བ་གཞན་ན་ལུང་མེད་པའི་ཕྱིར་དང༌། འདི་དག་ནི་ལུང་གི་སྟོབས་ཀྱིས་བསྐྱེད་པར་བྱ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྔོན་པོ་ཟད་པ་ཐོབ་ནས་མ་ཉམས་པར་ཚེ་འཕོས་ནས་ཁམས་གོང་མར་སྐྱེས་ཚེ་དེའི་རྒྱུད་ལ་སྔོན་པོ་ཟད་པ་ཡོད་མེད་དང༌། དེ་དག་ཁམས་གོང་མ་ན་མེད་པའི་རྒྱུ་མཚན་ནི་ལུང་མེད་པས་ཡིན་པར་གསུངས་ལ། གལ་ཏེ་ཁམས་གོང་ན་ལུང་མེད་ཀྱང་འདོད་པར་ལུང་ལ་ཐོས་སོགས་བྱས་ནས་མ་བརྗེད་པར་གོང་ན་སྐྱེ་བ་ཡོད་མེད་དང༌། གོང་ན་ལུང་མེད་ན་ཐོས་བྱུང་ཡོད་པར་གསུངས་པ་དང་འགལ་བ་ཡོད་མེད་དང༌། གཟུགས་ཁམས་ཀྱི་འཕགས་པ་དེ་དག་ལུང་གི་བསྟན་པ་འཛིན་པའི་གང་ཟག་ཡིན་མིན་རྣམས་ལ་དཔྱད། རྒྱུའི་སྟོབས་ཀྱིས་ཐོབ་པ་དང་ལས་ཀྱིས་ཐོབ་པ་གཉིས་དོན་གཅིག་མ་ཡིན་པར་ཐལ། དེ་གཉིས་སོ་སོར་བཞག་པའི་ཕྱིར། དེར་ཐལ། མཛོད་འགྲེལ་གནད་སྒྲོན་ལས། ཇི་ལྟར་ན་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་གཟུགས་མེད་པ་དང༌། བསམ་གཏན་གྱི་ཁྱད་པར་སྐྱེ་ཞེ་ན། ཁམས་གཉིས་དག་ཏུ་གཟུགས་མེད་པ། །རྒྱུ་དང་ལས་ཀྱི་སྟོབས་ཀྱིས་སྐྱེ། །རྒྱུའི་སྟོབས་ཀྱིས་ནི་ཉེ་བ་དང་ཡང་དང་ཡང་དུ་གོམས་པ་ལ་སོགས་པ་ལས་སོ། །ལས་ཀྱི་སྟོབས་ཀྱིས་ནི་ས་གོང་མ་པའི་ལན་གྲངས་གཞན་ལ་མྱོང་པར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉེ་བར་གནས་པའི་ཕྱིར་རོ། །གཟུགས་ཀྱི་ཁམས་སུ་བསམ་གཏན་རྣམས། །དེ་དག་དང་ཆོས་ཉིད་ཀྱིས་ཀྱང༌། །གཟུགས་ཀྱི་ཁམས་སུ་ནི་བསམ་གཏན་རྒྱུ་དང༌། ལས་ཀྱི་སྟོབས་དེ་དག་དང༌། ཆོས་ཉིད་ཀྱིས་ཀྱང་སྟེ། འཇིག་པའི་ཚེ་ལྟ་བུའོ། ཞེས་གསུངས་པའི་ཕྱིར་ཟེར་ན། དེའི་ཞིབ་ཆ་ནི། མཆིམས་མཛོད་༧༦༠ལས། འོན་ཏེ་ལས་ཀྱི་འབྲས་བུར་རྒྱུ་མཐུན་པར་འདོད་ན་ནི་དེའི་རྒྱུ་དང་ཆོས་ཉིད་ཀྱི་སྐྱེ་བའང་ཡིན་པས་རྣམ་པ་གསུམ་གྱི་དབྱེ་བ་མི་འཐད་པར་འགྱུར་མོད་ཀྱི་འོན་ཀྱང་གཙོ་ཆེ་ཆུང་གི་བྱེ་བྲག་ལ་དགོངས་ནས་འདིའི་རྣམ་དབྱེ་མཛད་དོ། །ཞེས་པ་ནས། ལས་དང་ཆོས་ཉིད་ལའང་རྒྱུ་ཡོད་མོད་ཀྱི་དེ་དག་གཙོ་ཆེ་བས་དེ་སྐད་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །མཆིམས་མཛོད་༧༦༡ལས། ལུང་གི་ཆོས་ཀྱི་ངོ་བོ་དང༌། ཚད་ལ་སོགས་པ་ནི་གནས་གཉིས་པར་བཤད་ཟིན་ཏོ། །ཞེས་གསུངས་མོད་ཀྱང་གནས་གཉིས་པར་དེ་འདྲ་མེད་པས་དཔྱད་དོ། །བསྟན་པ་དང་དེ་འཛིན་པའི་ཚད་ཡོད་དེ། མཛོད་འགྲེལ་ལས། དམ་པའི་ཆོས་འདི་ཇི་སྲིད་ཅིག་ཏུ་གནས་ཤེ་ན། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ལུང་ནི་མདོ་སྡེ་ལ་སོགས་པ་གསུམ་མོ། །རྟོགས་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་སོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང༌། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ལུང་ནི་འཛིན་པར་བྱེད་པ། སྨྲ་བར་བྱེད་པ་དག་གོ །རྟོགས་པར་བྱེད་པ་ནི་སྒྲུབ་པར་བྱེད་པའོ། །དེ་བས་ན་འདི་དག་གནས་པའི་བར་དུ་དམ་པའི་ཆོས་ཀྱང་གནས་སོ། །ཞེས་གསུངས་པའི་ཕྱིར། དེ་ལ་འོ་ན་གཟུགས་མེད་འཕགས་པས་ལུང་གི་བསྟན་པ་འཛིན་པ་མ་ཡིན་པར་ཐལ། ལུང་དེ་སྨྲ་བར་བྱེད་པ་མ་ཡིན་པའི་ཕྱིར་ཟེར་བ་དང༌། ཕྱི་རོལ་བའི་མདོ་སྡེ་འདོན་པ་ཡོད་ན་དེའི་རྒྱུད་ཀྱི་མདོ་སྡེ་དེ་ལུང་གི་བསྟན་པ་ཡིན་ན་ཕྱི་རོལ་བའི་རྒྱུད་ལ་ལུང་གི་བསྟན་པ་དང་སངས་རྒྱས་ཀྱི་བསྟན་པ་གནས་མི་གནས་ལ་དཔྱད་པར་བྱའོ། །བསྟན་པ་གནས་ཚད་ལུང་ལས་མང་དུ་གསུངས་ཏེ། མཆིམས་མཛོད་༧༦༢ལས། དེ་ཡང་བསྐལ་བ་བཟང་པོའི་མདོ་ལས་ནི་ལུགས་སྔ་མ་དང་མཐུན་པར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ནི་ལོ་ལྔ་བརྒྱའི་བར་དུ་གནས་སོ། །ལོ་ལྔའི་བར་དུ་ནི་དམ་པའི་ཆོས་ལྟར་སྣང༌། ཞེས་ལོ་སྟོང་གནས་པར་གསུངས་པ། ལུང་ཕྲན་ཚེགས་ལས་ཀྱང་ལོ་སྟོང་ཁོ་ན་གནས་པར་གསུངས་སོ། །ཞེས་དང༌། འབུམ་ཊཱིཀ་ལས་ནི་ལུགས་ཕྱི་མ་དང་མཐུན་པར་ལྔ་སྟོང་ལ་ཕྱེད་ཕྱེད་དུ་བྱས་ནས་ལྔ་བརྒྱ་པ་ཕྲག་བཅུ་ལས་དང་པོ་ལ་དགྲ་བཅོམ་པ་གཉིས་པ་ལ་ཕྱིར་མི་འོང་བ་དང༌། གསུམ་པ་ལ་རྒྱུན་ཞུགས་མང་དུ་འབྱུང་བས་འབྲས་བུའི་དུས་ཀྱི་ལེའུ་གསུམ་དང༌། བཞི་བ་ཤེས་རབ་ཀྱི་བསླབ་པ་དང༌། ལྔ་པ་ལ་སེམས་ཀྱི་བསླབ་པ་དང༌། དྲུག་པ་ལ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གནས་པ་མང་དུ་འབྱུང་བས་སྒྲུབ་པའི་དུས་ཀྱི་ལེའུ་གསུམ་དང༌། བདུན་པ་ལ་མངོན་པ་དང༌། བརྒྱད་པ་ལ་མདོ་སྡེ་དང༌། དགུ་བ་ལ་འདུལ་བ་འཛིན་པ་མང་དུ་འབྱུང་བས་ལུང་གི་དུས་ཀྱི་ལེའུ་གསུམ་དང༌། བཅུ་བ་ནི་རྟགས་ཙམ་འཛིན་པའི་དུས་ཀྱི་ལེའུ་ཞེས་བྱ་སྟེ། ༼དེ་དག་ཏུ་གཙོ་ཆེ་བས་དེ་སྐད་བཤད་ཀྱི་ཐམས་ཅད་ལ་ཐམས་ཅད་མེད་པ་མ་ཡིན་གསུངས་སོ། །༽དེ་ཉིད་ལ་ལྔ་བརྒྱ་པ་ཐ་མ་ཞེས་བྱའོ་ཞེས་བཤད་དོ། །དེ་ནས་དམ་པའི་ཆོས་ནུབ་པར་གྱུར་ཏེ། དེའི་དུས་ན་འཛམ་གླིང་པའི་མིའི་ཚེ་ཚད་ལྔ་བཅུ་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། འདོད་ན། དེ་དག་ལས་གང་གི་རྗེས་སུ་འབྲང་ཞེ་ན། ལོ་ལྔ་སྟོང་དུ་གནས་པ་མཁས་པ་ཐམས་ཅད་ཀྱིས་མཐུན་གྲུབ་ཏུ་བྱེད་དོ། །དེ་ཡང་མི་རིགས་པར་ཐལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་ནུབ་པ་མེད། བྱེ་བྲག་བསྟན་པ་འདིའི་དབང་དུ་བྱས་པའི་བསྟན་པ་ནུབ་པ་མེད་པའི་ཕྱིར་རོ། །ཞེ་ན་རིགས་སྨྲ་མཁས་པའི་བགོ་སྐལ་དུ་བཞག་པའོ། །ལྔ་སྟོང་དུ་གནས་པ་ཡུམ་གསུམ་གནོད་འཇོམས་ལྟར་ཡིན་པས་ལྔ་བརྒྱ་ཐ་མ་དེ་རྟགས་ཙམ་འཛིན་པ་ལ་བྱེད་པ་མི་རིགས་པར་ཐལ། ལྔ་བརྒྱ་ཐ་མའི་ཚེ་བསྟན་པ་བྱང་ནས་བྱང་དུ་དར་བ་གང་ཞིག རྟགས་ཙམ་འཛིན་པའི་ཚེ་བསྟན་པ་བྱང་ནས་བྱང་དུ་དར་བར་མཁས་པ་སུ་ཡང་མི་འདོད་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །གཞུང་འདིར་རང་གིས་བརྗེད་ཀྱི་དོགས་པ་དང༌། གཙོ་བོ་འཆད་རྩོད་རྩོམ་གསུམ་ལས་རྩོད་པ་འཕེལ་ཕྱིར་དུ་གཞུང་གི་དཀའ་གནས་རྣམས་ལུང་རིགས་ཀྱིས་བརྟག་ཚུལ་ཀྱི་རིགས་ལམ་སྔོན་བྱོན་དམ་པའི་གསུང་རྒྱུན་ཇི་བཞིན་དུ་སྨྲས་པའོ། །འོན་ཀྱང་གཙོ་བོར་ལུང་གི་བརྟག་ཚུལ་ལས་རིགས་པའི་བརྟག་ཚུལ་ནི་ཚིག་ཚོགས་མང་དོགས་ནས་རྒྱ་ཆེར་མ་བཀོད་དོ། །ཁས་ལེན་གྱི་ཞིབ་ཆ་གསལ་བར་མ་བཤད་པ་ནི་དང་པོ་བརྟག་ཚུལ་ཤེས་པར་བྱས་ཏེ་ལུང་རིགས་ཀྱིས་རིགས་སྨྲ་མཁས་པའི་ཚོགས་དང་ལྷན་ཅིག་ཏུ་རྩོད་པ་ལེགས་པར་གནང་ན་ཞིབ་ཆ་བདེ་བླག་ཏུ་རྟོགས་པར་འགྱུར་བས་སོ། །

སྨྲས་པ། སངས་རྒྱས་གཉིས་པ་སློབ་དཔོན་དབྱིག་གཉེན་གྱིས། །ཆོས་མངོན་མཛོད་ཀྱི་རྩ་འགྲེལ་འགྲོ་ལ་སྤེལ། །ལེགས་བཤད་ཟླ་འོད་དཀར་པོས་ས་གསུམ་གྱི། །འགྲོ་བའི་ཡིད་ཀྱི་མུན་པ་སེལ་བར་བྱས། །དེས་ན་བདག་གིས་ཆོས་མངོན་མཛོད་ཀྱི་གཞུང༌། །བློ་གསལ་དོན་གཉེར་ལྡན་པའི་དཔྱད་སྒོའི་ཕྱིར། །དོགས་གཅོད་ལམ་བཟང་གསལ་བའི་སྒྲོན་མེ་འདི། །རང་དང་སྐལ་མཉམ་རྣམས་ལ་ཕན་ཕྱིར་བཀོད། །དགེ་བ་དྲི་མེད་རྒྱ་ཆེན་བསགས་གང་དེས། །འགྲོ་རྣམས་སྲིད་ལས་གྲོལ་ནས་འབྲས་བཟང་སྨིན། །ཀུན་མཁྱེན་རྒྱལ་བའི་བསྟན་པ་ཕྱོགས་ཀུན་ཏུ། །མི་ནུབ་དར་རྒྱས་འབྱུང་བའི་རྒྱུར་གནས་ཤོག །བདག་དང་བདག་ལ་འབྲེལ་བའི་ལུས་ཅན་ཀུན། །ཚུལ་ཁྲིམས་གཙང་མའི་གོས་ཀྱིས་རབ་རྒྱན་ནས། །རྒྱལ་བའི་བསྟན་ལ་ཐོས་བསམ་སྒོམ་པ་ཡིས། །འཇུག་ནས་སྐུ་བཞིའི་གོ་འཕང་མྱུར་མངོན་ཤོག །ཅེས་ཆོས་མངོན་པ་མཛོད་ཀྱི་དོགས་གཅོད་ལམ་བཟང་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ནི་བློ་གསལ་དུ་མས་ཡང་ཡང་བསྐུལ་ངོར་རྒྱལ་ཁམས་པ་ངག་དབང་དངོས་གྲུབ་དཔལ་གྱིས་རང་ལོ་ཞེ་ལྔ་པ་ལ་བཀྲ་ཤིས་ཆོས་ཐང་དགོན་ནས་མཇུག་རྫོགས་པར་བྲིས་པའོ། །འདིས་ཀྱང་ཆོས་མངོན་མཛོད་ཀྱི་བསྟན་པ་ཕྱོགས་མཐར་རྒྱས་པའི་རྒྱུར་གྱུར་ཅིག། །།སརྦ་མངྒ་ལཾ།


no previousཆོས་མངོན་པ་མཛོད་ཀྱི་དོགས་གཅོད་ལམ་བཟང་གསལ་བའི་སྒྲོན་མེ།no next