Nitartha Digital Library
Tibetan
 
previousམཎྜལ་གྱི་བཤད་པ་ཀུན་བཟང་མཆོད་སྤྲིན།next

མཎྜལ་གྱི་བཤད་པ་ཀུན་བཟང་མཆོད་སྤྲིན།

མཎྜལ་གྱི་བཤད་པ་ཀུན་བཟང་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །

ཨོཾ་བདེ་ལེགས་སུ་གྱུར་ཅིགརྨད་བྱུང་ཚོགས་གཉིས་རྒྱ་མཚོའི་དཔལ་ལས་འཁྲུངས། ། ངོ་མཚར་མཚན་དཔེའི་ལང་ཚོའི་གཟི་དཔལ་བཞད། ། ཕན་བདེའི་གེ་སར་བཞད་པའི་གཉེན་གཅིག་པུ། ། མཉམ་མེད་ཟས་གཙང་སྲས་ཀྱིས་དགེ་ལེགས་སྩོལ། ། དོན་དམ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། ། གཙང་བདག་བདེ་ཆེན་རྟག་པའི་མཐར་ཐུག་པའི། ། སྐུ་བཞིའི་མངའ་བདག་དོན་དམ་དེ་བཞིན་ཉིད། ། བདེ་གཤེགས་སྙིང་པོར་གུས་པའི་ཕྱག་འཚལ་ལོ། ། རྒྱལ་བའི་རྒྱལ་ཚབ་མི་ཕམ་མགོན་པོ་དང༌། ། རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས། །རྒྱལ་བའི་ལུང་བསྟན་ཀླུ་སྒྲུབ་ཐོགས་མེད་ཞབས། །སྤྱི་གཙུག་པད་ཟླའི་གདན་ལ་བཞུགས་སུ་གསོལ། །རྒྱལ་ཟླ་རྣམ་གནོན་རྒྱལ་སྲས་བྱང་སེམས་ཚུལ། ། རྒྱལ་གསུང་འགྲེལ་ལ་རྒྱལ་བའི་ཤེས་རབ་གཏམས། ། རྒྱལ་བའི་ལུང་བསྟན་རྒྱལ་བའི་མཚན་འཛིན་པས། ། རྒྱལ་བསྟན་འཛིན་པའི་ཞབས་པད་བརྟན་དུ་གསོལ། །དཔལ་ལྡན་ནག་པོ་སྤྱོད་པའི་སྒྱུ་འཕྲུལ་གྱིས། །ཐུབ་བསྟན་ཕན་བདེའི་སྙིང་པོ་ངེས་གསང་མཆོག །རྒྱལ་བ་གཉིས་པའི་བསྟན་པ་ས་གསུམ་དུ། །སྤེལ་མཛད་ཏཱ་ར་ནཱ་ཐའི་ཞབས་ལ་འདུད། །རྨད་བྱུང་སྐུ་བཞིའི་མི་འཇིགས་ལྷུན་པོ་ལ། །འཆི་མེད་ཚེ་ཡི་དཔལ་ན་མངོན་མཐོ་བའི། །ཚེ་ཡི་ལྷ་མཆོག་རྣམས་ཀྱི་དགེ་ལེགས་ཀྱིས། །དཔལ་ལྡན་བླ་མའི་ཞབས་པད་བརྟན་དུ་གསོལ། །གསང་བདག་སྒྱུ་འཕྲུལ་མར་མེ་གཅིག་ཉིད་ལས། །རང་འདྲ་ཆད་པའི་ངུར་སྨྲིག་རྣམ་རོལ་བའི། །དམ་ཆོས་བདུད་རྩིའི་རྩེ་དགའ་འགྱེད་པ་ཡི། །དཔལ་ལྡན་བླ་མའི་ཞབས་པད་བརྟན་དུ་གསོལ། །བསོད་ནམས་འོ་མའི་རྒྱ་མཚོ་འཕྱུར་བ་ལས། །རྒྱལ་བསྟན་རྒྱ་མཚོའི་གསང་མཛོད་འཛིན་པ་ལ། །རླབས་ཆེན་མཛད་པའི་ནོར་བུའི་གཏེར་བརྡོལ་བའི། །དཔལ་ལྡན་བླ་མའི་ཞབས་པད་བརྟན་དུ་གསོལ། །འཇི༵གས་མེ༵ད་བདེན་གསུངས་དམ་ཆོས་ནཱ་དའི་གླུ། །སྙན་དགུར་ལེན་པས་རྒྱལ་བ་རྒྱ་མཚོ་ཡི། །ཟབ་ལམ་རྡོ༵་རྗེ༵འི་སྙིང་པོ་ཐང་མལ་བརྡལ། །དཔལ་ལྡན་བླ་མའི་ཞབས་པད་བརྟན་དུ་གསོལ། །ཞེས་ཤིས་པར་བརྗོད་པ་ཨུ་དམ་ཝ་རའི་ཆུན་པོས་མདུན་བསུས་ཏེ། གང་བརྗོད་པར་བྱ་བ་ནི་མས་གཏམ་སྲིད་པ་ཆགས་པའི་ལོ་རྒྱུས་ཡས་གཏམ་དམ་པ་ལྷ་ཆོས་ཀྱི་བྱུང་ཚུལ། སྟེང་ན་ལྷ་ཡི་གདུང་རབས། འོག་ན་འབངས་ཀྱྀ་མི་རབས། སྟོང་སྡེ་བའི་ཆགས་ཚུལ་འཇིག་རྟེན་ལུགས་ཀྱི་རྣམ་བཞག་སོགས་མང་དུ་ཡོད་པ་ལས། འདིར་སྐབས་སུ་བབས་པ་ནི། འོ་དེ་ཡང་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་མེ་ཏོག་གི་ཆུན་པོ། སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་རང་བསྲེལ་ངོ་མཚར་མཚན་དཔེའི་ཟ་མ་ཏོག་ཏུ་སྤུངས་བའི་ཚོམ་བུ། སྲིད་ཞིའི་དབྱིངས་ན་ཉི་ཟླ་དཔག་བསམ་བུམ་བཟང་ཡིད་བཞིན་གྱི་ནོར་བུའི་མཆེད་ཟླར་འབར་ཞིང་ལྷ་དང་མི་དང་ལྷ་མ་ཡིན་གྱི་གཙོ་བོ་བྱེ་བ་ཕྲག་བརྒྱའི་ཅོད་པན་གྱིས་མངོན་པར་བཏུད་པ།ས་སྟེང་གི་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་རྗེ་བཙུན་བླ་མ་དམ་པ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐྱབས་རྗེ་མཚུངས་མེད་གཙང་ཆེན་སྤྲུལ་བའི་སྐུ་རིན་པོ་ཆེ་༧་འཇིག་མེད་རྡོ་རྗེ་དཔལ་བཟང་པོའི་ཞབས་མཐིལ་རྩིབས་སྟོང་གསེར་གྱི་འཁོར་ལོ་རབ་འབར་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲིའི་དྲུང་དུ། རབ་དང་མངོན་འདོད་ཡིད་ཆེས་ཀྱི་སོར་བཅུ་སྙིང་ག་དྷརྨ་ཙཀྲའི་མཛེས་རྒྱན་དུ་བཀོད་དེ་བཅོས་མིན་གུས་ཕྱག་གི་དངོས་པོ་འབུམ་ཕྲག་དང་བཅས་གསོལ་བ་རྩེ་གཅིག་ཏུ་འདེབས་འབྲས།རྣམ་འདྲེན་སྟོབས་བཅུ་མངའ་བ་མཐའ་དག་གི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་མཛོད་གཅིག་པུར་གྱུར་བ་མགོན་པོ་མཚུངས་ཟླ་མ་མཆིས་པ་ཉིད་ནི་བསྐལ་བ་དཔག་ཏུ་མ་མཆིས་པའི་སྔ་རོལ་ནས་ཟུང་འཇུག་སྐུ་བཞིའི་གོ་འཕང་མངོན་དུ་མཛད་དེ། ཇི་སྐད་དུ། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང༌། ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདིནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་གསུངས་པ་ལྟར་ཡོངས་སུ་གྲགས་པ་དང་མ་གྲགས་པའི་གཟུགས་སྐུའི་བཀོད་པ་ཆུ་ཟླ་དང་མིག་འཕྲུལ་བཞིན་གང་ལ་གང་འདུལ་གྱི་རོལ་གར་གཞལ་དུ་མི་སྤོབས་པའི་སྐད་ཅིག་རེ་རེ་ཞིང་ཁམས་རབ་འབྱམས་ཀྱི་རྡུལ་གྲངས་དང་མཉམ་པའི་ལུས་ཅན་བྱང་གྲོལ་ལམ་འབྲས་ཀྱི་བདུད་རྩིས་ཚིམ་པར་མཛད་པའི་རང་བཞིན་ནི་ཚུར་རོལ་མཐོང་བ་བདག་ལྟ་བུས་བརྗོད་པར་ག་ལ་ནུས། དེ་ཡང་ལྷག་པར་བདག་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་གྲུབ་ཆེན་དུས་ཞབས་པ་ཆེན་པོ་ནས་བགྲང་བའི་གཙང་ཆེན་དགོན་པའི་བྱིན་རླབས་དོན་བརྒྱུད་ཀྱི་རིམ་པ་ཞེ་བདུན་པ་ཆེན་པོ། རྗེ་བཙུན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་བོ་མཚུངས་མེད་གཙང་ཆེན་སྤྲུལ་བའི་སྐུ་༧འཇིག་མེད་རྡོ་རྗེདཔལ་བཟང་བོ་མཆོག་ནི། རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་གྱི་ལོར་ལྷར་བཅས་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་དཔལ་དུ་གཟུགས་སྐུའི་མེ་ཏོག་ལྗོངས་འདིར་གསར་དུ་བཞད། དེ་ནས་བསེ་དགོན་ཕྱོགས་ལས་རྣམ་རྒྱལ་གླིང་གི་བླ་སྤྲུལ་རྣམས་གྱིས་རྗེ་འདི་ནི་སྤྲུལ་བའི་སྐུ་དམ་པ་ཞིག་ཡིན་ཞེས་མཚན་གསོལ་ཏེ་གསེར་ཁྲི་མངའ་གསོལ་མཛད། དེ་ནས་འཛམ་ཐང་གཙང་ཆེན་དགོན་པར་ཆིབས་ཁ་བསྒྱུར་ཏེ་ཕེབས་པ་ན། བསེ་སྤྲུལ་པདྨ་དབང་དྲག་རྩལ་གྱིས་སྐུ་འབྲང་གི་སྤྲུལ་སྐུ་འཁྲུལ་མེད་ཡིན་ཞེས་ལུང་བསྟན་གནང༌། དེ་སྐབས་རྡོ་རྗེ་འཛིན་པ་ཤུ་ནང་བླ་མ་ངག་དཔལ་དང་བྱ་ཡུལ་བླ་མ་བསྟན་པ་རབ་རྒྱས་རྣམ་གཉིས་ཀྱིས་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་གཙང་བ་སྐུ་འབྲང་གི་ཡང་སྤྲུལ་དུ་ལུང་གིས་བསྔགས། དེ་ནས་འཕྲལ་ཕུག་གི་དགེ་ལེགས་ཐམས་ཅད་ཀྱི་འབྱུངས་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་རིམ་བཞིན་ཡི་གེ་འབྲི་ཀློག་སུམ་རྟགས་དག་གསུམ་སོགས་ལ་སློབ་གཉེར་རྒྱ་ཆེར་བྱས། འབྲོག་དགེ་བློ་གྲོས་རྣམ་རྒྱལ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ངག་དབང་དཀོན་མཆོག་དར་རྒྱས་དང་ངག་དབང་བློ་གྲོས་གྲགས་པ་རྣམ་གཉིས་ཀྱི་མདུན་ནས་ཟབ་ལམ་རྡོ་རྗེའི་སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་གྱི་གདམས་པ་གསན་ནས་རྣལ་འབྱོར་ལ་རྩེ་གཅིག་ཏུ་བརྩོན་ནས་ཉམས་རྟོགས་ཀྱི་འབྲས་བཟང་རབ་ཏུ་སྨིན་ཏེ་ངེས་གསང་བསྟན་པའི་མཛོད་ལ་མངའ་མཉེས་པར་གྱུར། དུས་ཀྱི་འཕོ་འགྱུར་གྱི་དབང་གིས་རྒྱལ་བསྟན་མཉམ་ཆུང་བའི་སྐབས་སུ་རྗེ་འདི་ཉིད་དབེན་གནས་རྣམས་སུ་སྒྲུབ་པ་ཉམས་ལེན་མཛད་དེ་གྲུབ་པའི་གཙུག་རྒྱན་དུ་གྱུར། དགུང་གྲངས་ཉི་ཤུའི་སྐབས་སུ་བསེ་དགོན་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་བླ་མ་ཐུགས་རྗེ་དཔལ་སོགས་དགེ་འདུན་གྲངས་ཚང་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་བཞེས་མཛད། སྐབས་དུ་མར་རྩི་ནང་བླ་མ་མཁས་བཟང་དང༌། བླ་མ་ཐུགས་རྗེ་དཔལ་དང༌། འཁར་བླ་མ་བསྟན་པ་ཆོས་འཕེལ་དང༌། འབྲོག་དགེ་སྤྲུལ་སྐུ་བློ་གྲོས་རྣམ་རྒྱལ། རྡོ་རྗེ་འཛིན་པ་བླ་མ་ཡོན་ཏན་བཟང་པོ་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱི་ཞབས་ལ་གཏུགས་ཏེ། གཤིན་རྗེ་རབ་འབྱམས། བདེ་མཆོག་རབ་འབྱམས། རྡོ་རྗེ་འཕྲེང་བ། རིན་འབྱུང༌། མི་ཌ་བརྒྱ་རྩ། རྗེ་སྒྲོལ་མགོན་ཞབས་ཀྱི་རྒྱུད་སྡེ་ཐོར་བུ་སོགས་གནས་ཏེ། ཆོས་བཀའ་དབང་ལུང་མན་ངག་གི་མཛོད་ཀློང་དུ་གྱུར། གཞན་ཡང་མཁས་གྲུབ་གཉིས་ལྡན་གྱི་བཤེས་གཉེན་བཅུ་ཕྲག་དུ་མའི་ཞབས་རྡུལ་ནོར་བུའི་རེ་ཁ་སྤྱི་གཙུག་བདེ་ཆེན་འཁོར་ལོའི་མཛེས་རྒྱན་དུ་བཀོད་དེ། གངས་ལྗོངས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ལས་བརྒྱུད་པའི་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་སྤྱི་དང༌། ཁྱད་པར་རྒྱལ་བ་ཇོ་ནང་བ་ཆེན་པོའི་ཟབ་བཀའ་ཡོངས་རྫོགས་ཀྱི་སྨིན་བྱེད་ཀྱི་དབང༌། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་བཅས་ལྷག་ལུས་མེད་པར་གསན་བསམ་མཛད་པར་མ་ཟད། སྒོམ་སྒྲུབ་ཀྱང་ཚད་དང་ལྡན་པར་མཛད་པས་རྟོགས་པའི་རང་རྒྱུད་གྲོལ་ནས་གསང་གསུམ་གྱི་ཡོན་ཏན་ཟད་མི་ཤེས་པ་ལ་མངའ་དབང་འབྱོར་བར་གྱུར་ལ། མདོར་ན་དམ་པ་འདི་ཉིད་ཀྱིས་བསླབ་གསུམ་ལུང་རྟོགས་ཀྱི་བང་མཛོད་ཐེག་པ་མཆོག་གི་ཡོངས་འཛིན་དགེ་བའི་བཤེས་གཉེན་དུ་མ་ལས་འདུལ་བ་ཀཱ་རི་ཀཱ་ལྔ་བཅུ་བ་ནས་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་བར་གྱི་དམ་ཆོས་བདུད་རྩིས་བགོ་སྐལ་མཐའ་དག་བུམ་པ་གང་བྱོས་ཀྱི་རྣམ་པར་ལྷག་མེད་དུ་བཞེས་ཏེ། མཚན་སྙན་གྱི་འབྲུག་སྟོང་མཁའ་ལ་ལྡིར་ཞིང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་བ་དན་སྲིད་རྩེར་བསྒྲེངས། གཞན་ཡང་མཛད་ཕྲིན་གྱིས་གཞན་རྒྱུད་སྨིན་པར་བྱས་ཚུལ་ཡང༌། མཁས་ཤིང་གྲུབ་པའི་དབང་ཕྱུག་ངག་དབང་དཀོན་མཆོག་དར་རྒྱས་སོགས་སྐྱེས་ཆེན་དུ་མས་བཀའ་ལུང་ལྟར་གཙང་ཆེན་དགོན་པའི་རྡོ་རྗེ་སློབ་དཔོན་བཅུ་བ་ཆེན་པོ་བླ་མ་ཡོན་ཏན་བཟང་གིས་རྡོར་དྲིལ་དང་ཁྲིད་ཡིག་མཐོང་བ་དོན་ལྡན་སོགས་རྗེ་འདི་ཉིད་ལ་ཕུལ་ནས་གཙང་ཆེན་དགོན་པའི་རྡོ་རྗེ་སློབ་དཔོན་བཅུ་གཅིག་པ་ཆེན་པོའི་མཚན་གསོལ། དེ་ནས་བཟུང་གཙང་ཆེན་དགོན་དང༌།རྩི་ནང་དགོན་དང༌། བྱ་ཡུལ་དགོན། ཆོས་སྒར་སོགས་ཀྱི་རྡོ་རྗེ་སློབ་དཔོན་མཛད་ནས་སྒྲུབ་རྒྱུད་བསྟན་པའི་མངའ་བདག་ཆེན་པོར་གྱུར། རབ་རྒྱན་ཤིང་བྱ་ལོར་སྒྲུབ་བརྒྱུད་བསྟན་པའི་གནས་གཞི་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་རྒྱལ་བ་ཇོ་ནང་བའི་དགོན་ཁག་ལྔ་བཅུ་ལྷག་གི་བླ་སྤྲུལ་བསྟན་བདག་དང་སྐུ་ཚབ་མཉམ་འཛོམས་ཀྱི་སྒོ་ནས་ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཀྱི་བློ་འདྲི་ལྷན་ཚོགས་གྱི་ཚོགས་གཙོར་མངའ་གསོལ་མཛད། རབ་གནས་ཀུན་འཛིན་ཞེས་པ་ས་བྱིའི་ལོ་འདིར་ཇོ་ནང་སྤྱིའི་བཤད་གྲྭ་མདོ་སྔགས་མཐོ་སློབ་བློ་གསལ་དགའ་ཚལ་གླིང་འདི་ཉིད་ཀྱི་ཐུགས་འཁན་རྒྱ་ཆེན་པོ་བཞེས་ནས་བཤད་པའི་བསྟན་པ་མཐར་རྒྱས་སུ་མཛད་དེ་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་གྱུར་ཏེ་ད་ལྟ་སྐུ་འཚོ་ཞིང་ཞུགས་པ་ལགས་ལ། དེ་སོགས་ངོ་མཚར་བའི་རྣམ་ཐར་རྒྱ་ཆེར་མངའ་ཞིང་ད་ལྟར་གྱི་དུས་སུ་སའི་སྟེང་མ་ལུས་པ་འཕྲིན་ལས་ཀྱི་གདུགས་དཀར་གཅིག་གིས་ལྷམ་མེར་གཡོག་པ་སོགས་ཡ་མཚན་པའི་རྣམ་ཐར་མཐོང་ཐོས་དྲན་རེག་དོན་ལྡན་གྱི་གནས་སུ་ཆེ་ཡང༌། ཇི་སྐད་དུ། དེ་ཕྱིར་བདག་འདྲས་ཁྱོད་ཡོན་འདི་དག་ཅི། ཤེས་པ་དང་ནི་བརྗོད་པར་ནུས་གྱུར་རམ། ཞེས་གསུངས་པ་ལྟར་ཚུར་རོལ་མཐོང་བ་བདག་ལྟ་བུས་ཞིབ་པར་བརྗོད་པར་ག་ལ་སྤོབས། དེ་ལྟར་མཆོག་གི་མཛད་ཚུལ་ལ་སྙིང་ནས་ཡི་རང་ཞིང་གུས་པས་ཕྱག་བགྱི་བའི་ཕྱིར་དང༌། དེང་འདིར་ཡང་རྗེ་ཀུན་མཁྱེན་ཆེན་པོས་ཞལ་སྔ་ནས། ཇི་སྐད་དུ། མ་ཀི་འཛི་ཀ་ཞེས་པའི་ས་ཕྱོགས་སུ། །ཆུ་བོ་འགྲམ་ལ་བརྟེན་པའི་ལུང་པ་རུ། །སྐྱེ་བོ་དམུ་རྒོད་དར་བའི་ཡུལ་ས་ན། །ཨ་མི་སྐུ་མཆེད་དག་གི་བསྟན་པ་རྒྱས། །གནོད་སྦྱིན་གཏེར་བདག་མིང་གི་དགོན་པ་རུ། །དུས་ཀྱི་འཁོར་ལོའི་བཤད་སྒྲུབ་གཙོ་བོར་སྟོན། །ཟབ་ལམ་རྡོ་རྗེ་ཐེག་པའི་དགེ་ལེགས་རྒྱས། །སྐྱེ་བོ་ཀུན་གྱི་མཆོད་གནས་བཀུར་བའི་ཞིང༌། །ཞེས་གསུངས་པ་ལྟར་གནས་ཕུན་སུམ་ཚོགས་པ་ཤམྦྷ་ལ་གཉིས་པ་ཤར་འཛམ་ཐང་བསམ་འགྲུབ་ནོར་བའི་གླིང་དུ། དུས་ཕུན་སུམ་ཚོགས་པ་དཔལ་ལྡན་དུས་ཀྱི་འཁོར་ལོའི་རྩ་རྒྱུད་གསུངས་བའི་དུས་བཟང་ནག་པ་ཟླ་བ། སྟོན་པ་ཕུན་སུམ་ཚོགས་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་གཙང་ཆེན་སྤྲུལ་བའི་སྐུ་འཇིག་མེད་རྡོ་རྗེ་དཔལ་བཟང་པོ་མཆོག་དང༌། ཆོས་ཕུན་སུམ་ཚོགས་པ་རྣམ་འདྲེན་བཞི་བ་མཉམ་མེད་ཐུབ་པའི་དབང་པོའི་ནག་པ་ཟླ་བའི་ཉ་ལ་དཔལ་ལྡན་འབྲས་སྤུང་གི་མཆོད་རྟེན་ཆེན་པོར་དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས། དེའི་རྗེས་སུ་རིགས་ལྡན་འཇམ་དཔལ་གྲགས་པས་རྩ་བའི་རྒྱུད་ཡོངས་སུ་རྫོགས་པའི་ཚིག་དོན་མཐའ་དག་བསྡུས་ཏེ་བསྡུས་པའི་རྒྱུད་ཤོ་ལོ་ཀ་སྟོང་དང་སུམ་ཅུ་བསྟན། དེའི་འགྲེལ་བ་རིགས་ལྡན་པདྨ་དཀར་པོས་རྒྱས་འགྲེལ་དྲི་མེད་འོད་མཛད། རྒྱལ་བའི་ལུང་བསྟན་པའི་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་རྒྱུད་དེ་དག་གི་དགོངས་དོན་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་རྗེས་སུ་བཟུང་བའི་ཆེད་དུ་སྨིན་བྱེད་དབང་གི་རིམ་པ་དབང་ཆོག་ཡེ་ཤེས་རྒྱ་མཚོ་མཛད། དེའི་དགོངས་དོན་བཞིན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་ཆོག་དབང་གི་ཆོ་ག་དང་བཅས་པ་ཡེ་ཤེས་རྒྱ་མཚོའི་ངག་འདོན་འཁྲུལ་མེད་སོགས་ཀྱི་དགོངས་དོན་བཞིན་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན། འཁོར་ཕུན་སུམ་ཚོགས་པ་མཁན་རིན་པོ་ཆེ་ཤེས་རབ་གསལ་བྱེད་ཕུན་ཚོགས་འབྱུང་གནས་མཆོག་དང༌། བསེ་སྤྲུལ་འཇིག་མེད་ཕུན་ཚོགས་དང༌། དགེ་བཤེས་བདེ་ལེགས་རབ་རྒྱས་དང༌། རྡོ་རྗེ་སློབ་དཔོན་འགྱུར་མེད་རྒྱ་མཚོ་དང༌། རྡོ་རྗེ་སློབ་དཔོན་མཐོང་གསལ་དང༌། མཁན་རིག་དཔལ་དང༌། མཁན་སངས་རིན་དང༌། མཁན་འོད་རབ་སོགས་སྐལ་བ་དང་ལྡན་པའི་འཁོར་འདུས་པ་རྒྱ་མཚོ་སྟེ། དེ་ལྟ་བུའི་ཕུན་སུམ་ཚོགས་པ་ལྔ་ལ། མཆོག་སྤྲུལ་དམ་པ་འཇིགས་མེད་རྡོ་རྗེ་དཔལ་བཟང་པོ་མཆོག་གིས། ཕྱི་ལོ་༢༠༠༩རབ་བྱུང་བཅུ་བདུན་པའི་ས་གླང་གི་ནག་པ་ཟླ་བའི་ཚེས་༢༣ནས་ཚེས་༢༨བར་དུ་ཐུགས་ཆོས་ཀྱི་མཛོད་ཀློང་ནས་རིམ་གཉིས་ལམ་སྨིན་བྱེད་དབང་གི་རིམ་པ་ལེགས་པར་རྗེས་སུ་གནང་བ་ལ། དཀྱིལ་འཁོར་གྱི་གཙོ་བོ་དཔལ་ལྡན་དང་བོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་ལྷ་དྲུག་བརྒྱ་སོ་དྲུག་གི་ཡེ་ཤེས་ཀྱི་སྐུར་བཞེངས་ཏེ་རྡོ་རྗེའི་སློབ་མ་དག་ཐུགས་བརྩེ་བས་རྗེས་སུ་བཟུང་སྟེ། དཔལ་དུས་ཀྱི་འཁོར་ལོའི་དབང་མོ་ཆེ། སློབ་མ་རྗེས་འཛིན། སྟ་གོན། བྱིས་པ་འཇུག་པའི་དབང་བདུན། མཆོག་དབང་གོང་མ་བཞི། མཆོག་དབང་ཁྱད་པར་ཅན་ཏེ་རྡོ་རྗེ་སློབ་མའི་དབང་རྣམས་དང༌། བདག་པོ་དང་བདག་པོ་ཆེན་པོའི་དབང་སྟེ་རྡོ་རྗེ་སློབ་དཔོན་གྱི་དབང་དང་བཅས་ཡོངས་སུ་རྫོགས་པ་ཐུགས་བརྩེ་ཆེན་པོས་ལེགས་པར་གནང་བའི་བཀའ་དྲིན་གཏང་རག་ཏུ་དབང་ཆེན་གསེར་གྱི་ས་གཞི། རིན་ཆེན་སྣ་ཚོགས་ལས་གྲུབ་པའི་རིའི་རྒྱལ་པོ་རི་རབ། རི་བདུན་མཚོ་བདུན་གླིང་བཞི་གླིང་ཕྲན་བརྒྱད། ཉི་མ་ཟླ་བ་སྒྲ་གཅན་དུས་མེ་གཟའ་སྐར་དང་བཅས་པ་དང༌། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། བཀྲ་ཤིས་རྫས་བརྒྱད། ཉེར་སྤྱོད་བདུན།འདོད་ཡོན་ལྔ། ལྷའི་དར་གོས། རིན་པོ་ཆེ་འབྲུ་དྲུག ཁང་བཟང༌། སྐྱེད་ཚལ་ལ་སོགས་པ་ལྷ་དང་མིའི་དཔལ་འབྱོར་གྱི་ལོངས་སྤྱོད་ཀྱི་རིགས་ཐམས་ཅད་གང་ཡང་མ་ཚང་བ་མེད་པས་ཕྱུར་བུར་བཀང་བའི་སྣོད་བཅུད་ཞིང་ཁམས་རྒྱ་མཚོའི་བཀོད་པ་ཡིད་དུ་འོང་བ་དང༌། བདག་གཞན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་དགེ་ཚོགས་དང་བཅས་པ་དང༌། འཕགས་པ་རྣམས་ཀྱིས་སྤྲུལ་པའི་མཆོད་སྤྲིན་ལ་སོགས་པ་འཁོར་འདས་ཀྱི་མཆོད་པ་མཐའ་དག་འཕགས་པ་ཀུན་ཏུ་བཟང་པོས་སྤྲུལ་པའི་མཆོད་པའི་སྣ་དྲངས་ཏེ། སྐུ་ཚེ་མགོན་པོ་ཚེ་མཐའ་ཡས་པའི་ངོ་བོར་བཞུགས་པའི་རྟེན་མཚོན་སྐུ་ཡི་རྟེན་ཐུབ་པའི་གསེར་སྐུ། གསུང་དབྱངས་ཡན་ལག་དྲུག་ཅུའི་སྙན་པ་སྒྲོགས་པའི་རྟེན་མཚོན་གླེགས་བམ་གསུང་གི་རྟེན་པདྨ་བཀའ་ཐང་ཚར་བཅུ་གསུམ། ཐུགས་མི་འགྱུར་བདེ་བ་ཆེན་པོ་ཡིན་པར་མཚོན་དོན་དུ་ཐུགས་ཀྱི་རྟེན་མཆོད་རྟེན་ཆ་བརྒྱད།ཐུགས་ཡེ་ཤེས་ཆེན་པོའི་བདག་ཉིད་བདེ་སྟོང་ཟུང་འཇུག་གི་ངོ་བོ་ཡིན་པར་མཚོན་དོན་རྡོར་དྲིལ་གྱི་རྟེན། དམངས་སྒོར་དང༌། ས་གདན་གསུམ་སོགས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བའི་དངོས་པོ་བཅས་ལྟོས་པ་མེད་པར་ཕུལ་བ་ལགས་ན་དངོས་འབྱོར་གྱི་འབུལ་བ་པདྨའི་རྩ་བ་ལྟར་ཕྲ་རུང༌།བདག་ཅག་བསོད་ནམས་ཀྱི་ཕུང་བོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆགས་བྲལ་གསེར་དང་བུང་བ་མཉམ་པའི་ཡེ་ཤེས་ཀྱི་གཟིགས་ངོར་ཡིད་ཙམ་མངའ་བར་ཞུས་ནས། སླར་ཡང་གསོལ་བ་འདེབས་པའི་སྙིང་བོ་ནི། སྤྱིར་རྣམ་འདྲེན་རྒྱལ་བ་མཉམ་མེད་ཟས་གཙང་སྲས་ཀྱི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཀུན་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པ་དང༌། ཁྱད་པར་དུ་དཔལ་རྒྱལ་བ་ཇོ་ནང་བ་ཆེན་པོའི་ཟབ་མོ་གཞན་སྟོང་དབུ་མའི་ལྟ་བ་ཉིན་བྱེད་འོད་སྟོང་འབར་བས་ས་གསུམ་འགྲོ་བློའི་མུན་པ་སེལ་ཞིང༌། དགེ་མཚན་འོད་སྣང་འབུམ་གྱིས་ངེས་གསང་པདྨོའི་གེ་སར་འདབ་སྟོང་རྣམ་པར་བཞད་པའི་ཆེད་དུ་མགོན་པོ་གང་གི་སྐུ་ཚེ་མི་འགྱུར་རྡོ་རྗེའི་ཁྲི་འཕང་བསྐལ་བརྒྱའི་བར་དུ་བཞུགས་སུ་གསོལ། བདག་ཅག་གུས་སློབ་རྣམས་ཀྱིས་གསོལ་བ་རྩེ་གཅིག་ཏུ་འདེབས་སྙིང་དམ་པ་གང་ཉིད་ལུགས་གཉིས་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ། བསྟན་པ་དང་འགྲོ་བའི་དོན་དུ་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ནས་མཛད་འཕྲིན་ཉི་ཟླའི་འོད་ཀྱིས་བསྟན་འགྲོའི་རྒུད་པའི་མུན་པ་དག་ལྷག་མེད་དུ་བཅོམ་ནས་སྐུ་ཚེ་མི་འགྱུར་ཚེ་མཐའ་ཡས་པའི་ངོ་བོར་འཚོ་ཞིང་བཞེས་པར་ཐུགས་བརྩེ་བའི་ཉེ་བར་དགོངས་སུ་གསོལ། གཞན་ཡང་མཚུངས་མེད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་གཙང་ཆེན་སྤྲུལ་བའི་སྐུ༧འཇིག་མེད་རྡོ་རྗེ་མཆོག་ཉིད་ཀྱི་ཐུགས་བརྩེ་བས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཁྱད་པར་དུ་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་གསེར་སྦྱང་བཙོ་མ་ལྟ་བུ་འདི་ཉིད་ཉམ་ཆུང་ཞིང་ཉག་ཕྲ་བ་ལ་ཉེ་བར་དགོངས་ནས་གང་གི་སྐུ་ཚེ་མི་འགྱུར་རྡོ་རྗེའི་ཁམས་སུ་བརྟན་ཏེ་ལོ་ཁྲི་ཕྲག་ནས་ཁྲི་ཕྲག་བར་དུ་བརྟན་པར་བཞུགས་སུ་གསོལ། མགོན་པོ་གང་གིས་ལེགས་པར་རྗེས་སུ་བཟུང་བའི་བདག་ཅག་སློབ་འབངས་རྣམས་ལ་མགོན་སྐྱབས་དམ་པ་ཁྱེད་ལས་གཞན་ན་རེ་ས་མ་མཆིས་པས་ན་བདག་ཅག་རྣམས་བླ་མེད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དམ་པ་གང་ཉིད་སྐུ་ཚེ་མི་འགྱུར་རྟག་བརྟན་དུ་བཞུགས་ནས་མགོན་སྐྱབས་དམ་པ་མཛད་དུ་གསོལ། དུས་འདིར་ཡང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ལེགས་པར་ཐོབ་པའི་རྣམ་པར་དཀར་བ་དང༌། བདག་ཅག་སློབ་མ་རྣམས་ཀྱི་དད་གུས་ཀྱི་རྣམ་དཀར་ཅི་མཆིས་པ་འདིས་རྗེ་བཙུན་དམ་པ་མཚུངས་མེད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་གཙང་ཆེན་སྤྲུལ་བའི་སྐུ༧འཇིག་མེད་རྡོ་རྗེ་མཆོག་ཉིད་ཀྱི་སྐུ་ཚེ་མི་འགྱུར་བསྐལ་བ་མཐའ་མེད་མུ་མེད་ཀྱི་བར་དུ་བཞུགས་ནས་མཛད་འཕྲིན་འོད་སྣང་ཕྱོགས་བཅུར་རྒྱས་པར་ཤོག མཆོག་གསུམ་དཀོན་མཆོག་རྒྱ་མཚོའི་བདེན་པའི་མཐུ་ལ་བརྟེན་ནས་རྗེ་བཙུན་དམ་པའི་སྐུ་ཚེ་སྲིད་མཐའི་བར་དུ་བརྟན་པར་བཞུགས་པར་བྱིན་གྱིས་བརླབ་ཏུ་གསོལ། སླར་སྨས་པ། དབང་ལུང་མན་ངག་བདུད་རྩིའི་ཆུ་རྒྱུན་གྱིས། །སྐལ་བཟང་གདུལ་བྱའི་རེ་བསྐོང་དཔག་བསམ་ཤིང༌། །དགོས་འདོད་ཀུན་འབྱུང་རྗེ་བཙུན་བླ་མ་ཡི། །སྐུ་ཚེ་མི་འགྱུར་བསྐལ་བརྒྱར་ཞབས་བརྟན་ཤོག །གདམས་ང༵ག་ཆོས་ཀྱི་དཔལ་ལ་དབ༵ང་བསྒྱུར་བ། །འཇི༵གས་མེ༵ད་རྒྱལ་བསྟན་འཛིན་པའི་མངའ་བདག་མཆོག །གསང་གསུམ་མི་འགྱུར་རྡོ༵་རྗེ༵འི་ཁམས་བརྟན་ནས། །མཛད་འཕྲིན་འོད་སྣང་ཕྱོགས་བཅུར་རྒྱས་པར་ཤོག ། ཅེས་པ་འདི་ནི་སྤྲུལ་འཇིག་མེད་རྡོ་རྗེའི་དུས་འཁོར་དབང་ཆེན་གནང་སྐབས་མཎྜལ་གྱི་བཤད་པ་ཀུན་བཟང་མཆོད་སྤྲིན་འདི་ནི་གཞན་གྱི་མོས་འདུན་ལྟར་མཁན་དངོས་གྲུབ་དཔལ་གྱིས་བསྒྲིགས་པའོ། །བཀྲ་ཤིས་པར་གྱུར་ཅིག ། །།


previousམཎྜལ་གྱི་བཤད་པ་ཀུན་བཟང་མཆོད་སྤྲིན།next