Nitartha Digital Library
Tibetan
གསུང་འབུམ་པོད་བདུན་པ། དྲང་ངེས་སོགས།

9 occurrences of ཀུན་གཞི་རྣམ་ཤེས་
[Clear Hits]


collapse section
  
  
  
  
  
  
  
  
  
  
  
  
  
 
གཉིས་པ་དབུ་མ་ཆེན་པོ།
  
  
  
  
  
  
  
 
  
  
  
  
  
  
  
 
  
  
  
  
  
  
  
 
  
  
 
  
  
  
  
  
  
  
  
 
  
  
  
 expand section
  
  
 expand section


9 occurrences of ཀུན་གཞི་རྣམ་ཤེས་
[Clear Hits]

 
previousགཉིས་པ་དབུ་མ་ཆེན་པོ།next

གཉིས་པ་དབུ་མ་ཆེན་པོ།

གཉིས་པ་དབུ་མ་ཆེན་པོ་ནི།

བོད་དུ་གཞན་སྟོང་དུ་གྲགས་པ་རྣམ་རིག་གི་དབུ་མ་སྟེ། རྗེ་བཙུན་བྱམས་པའི་གཞུང་དང༌། འཕགས་པ་ཐོགས་མེད་དང༌། མཁས་མཆོག་དབྱིག་གཉེན་གྱིས་གསལ་པར་མཛད་ཅིང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པར་ཡང་ཆེས་གསལ་བས། འཕགས་མཆོག་གཉིས་ཅར་གྱི་བཞེད་པ་གཞན་སྟོང་ཡིན་ནོ། །ཞེས་དང༌། སྤྱིར་གཞན་སྟོང་གི་དབུ་མ་ནི་སྐུ་མཆེད་གཉིས་ཀྱི་བསྟན་བཅོས་མཐའ་དག་ན་གསལ་ཞིང་དབྱིག་གཉེན་གྱི་ཉི་ཁྲིའི་འགྲེལ་བ་གནོད་འཇོམས་དང༌།ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་ན་ཤིན་ཏུ་གསལ་ཞིང་རྒྱས་པའོ། །གཞན་སྟོང་གི་གྲུབ་མཐའ་སྤྱི་དེ་ནི། ཕྱོགས་གླང་དང་བློ་གྲོས་བརྟན་པ་ལ་སོགས་པའི་སློབ་མ་སློབ་བརྒྱུད་མང་ལ་བཟང་བ་རྣམས་ཀྱིས་རྒྱ་ཆེར་བཤད་ཅིང༌། ཐུན་མོང་མ་ཡིན་པ་དེ་ནི་གཞན་གྱི་བློར་ཤོང་བ་དཀའ་ནས་སློབ་མ་མཆོག་རྣམས་ལ་སྙན་ནས་སྙན་དུ་བརྒྱུད་ཚུལ་གྱིས་དར་བར་མཛད་དོ། །ཕྱིས་གཞན་སྟོང་གི་དབུ་མ་འདི་དང༌། སེམས་ཙམ་གྱི་གྲུབ་མཐའ་འདྲ་འདྲེས་སུ་བྱས་པ་རྒྱ་གར་དུ་མང་དུ་བྱུང་བ་ལ་བརྟེན་བོད་པ་ཕལ་ཆེར་གྱིས་གཅིག་པར་འཁྲུལ་ལོ། །ཞེས་དང༌། འཕགས་པ་ཐོགས་མེད་ཀྱིས་རྒྱུད་བླ་ཐོགས་འགྲེལ་གྱི་སྐབས་སུ་དབུ་མའི་ལུགས་ཁོ་ནར་བཀྲལ་བའི་ཕྱིར་རོ། །གལ་ཏེ་འཕགས་པ་ཐོགས་མེད་ཀྱིས་དྲང་ངེས་ཕྱེ་བ་དེ་ཡང་དག་པ་མ་ཡིན་ན་རྒྱལ་བས་དྲང་ངེས་འབྱེད་པར་ལུང་བསྟན་པ་དང་འགལ་བའོ། ། ལུགས་འདིའི་མདོ་ནི་འཁོར་ལོ་ཐ་མའི་མདོ་ཕལ་ཆེར་དང༌། ལུགས་འདིའི་བསྟན་བཅོས་ཡང་སློབ་དཔོན་བཙུན་པ་ཆེན་པོ་ཨ་བི་ཏརྐ་དང༌། ཛྙཱ་ན་ཏ་ལ་སོགས་པ་སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་དེ་དག་གིས་མཛད་པའི་བསྟན་བཅོས་དག་ཡིན་མོད་བོད་དུ་མ་འགྱུར་བ་ཡིན་ཏེ། གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྦྱོར་ལས། འོ་ན་སེམས་ཙམ་གྱི་མདོ་དང་བསྟན་བཅོས་ལོགས་སུ་མེད་པར་འགྱུར་སྙམ་ན། མདོ་སྡེ་ནི་ལོགས་སུ་ཡོད་པ་མ་ཡིན་ཏེ། དཔེར་ན་བྱེ་མདོ་གཉིས་ལ་ཡང་མདོ་སྡེ་ཐ་དད་མེད་པ་བཞིན་ནོ། །སེམས་ཙམ་པའི་བསྟན་བཅོས་ཐོར་བུ་འགའ་ཞིག་ནི་ཡོད་པར་གསལ་ན་ཡང༌། བྱམས་ཆོས་དང༌། ཐོགས་མེད་སྐུ་མཆེད་ཀྱི་གཞུང་གི་རྗེས་སུ་འབྲང་བ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་སོགས་ཐོགས་མེད་སྐུ་མཆེད་ཀྱི་སྔོན་དུ་བྱུང་བའི་བསྟན་བཅོས་ནས་བཀག་པ་སོགས་ཀྱིས་འཕགས་པ་ནཱ་གཱ་རྫུ་ནའི་སྔ་རོལ་དུ་བྱུང་བའི་ཕྱིར་རོ། །དེས་ན་བཙུན་པ་ཆེན་པོ་ཨ་བི་ཏརྐ་དང༌། ཛྙཱ་ན་ཏ་ལ་སོགས་པ་རྣལ་འབྱོར་སྤྱོད་པའི་སློབ་དཔོན་ལྔ་བརྒྱ་བྱུང་བར་གྲགས་པ་ལྟར་ཡིན་པར་མངོན་ནོ། །དེ་དག་གི་བསྟན་བཅོས་ནི་བོད་དུ་མ་འགྱུར་བ་ཡིན་ཏེ། སྡེ་བ་བཅོ་བརྒྱད་ཀྱི་བསྟན་བཅོས་རྣམས་བཞིན་ནོ། །ཞེས་དང༌། རྗེ་བཙུན་གྱི་རྒྱ་གར་ཆོས་འབྱུང་ལས། བཙུན་པ་ཆེན་པོ་ཨ་བི་ཏརྐ་དང༌། བི་ག་ཏ་ར་ག་དྷྭ་ཛ་དང༌། དི་བྱ་ག་ར་གུབྟ་དང༌། རཱ་ཧུ་ལ་མི་ཏྲ་དང༌། ཛྙ་ན་ཏ་ལ་དང༌། དགེ་བསྙེན་ཆེན་པོ་སངྒ་ཏ་ལ་ལ་སོགས་པ་ཆོས་སྟོན་པ་པོ་ལྔ་བརྒྱ་ཙམ་བྱུང་ངོ༌། །ཞེས་དང༌། གཞན་སྟོང་སྙིང་པོ་ལས། ཐེག་ཆེན་པ་དེ་རྣམས་ཐེག་ཆེན་གྱི་མདོ་ཐམས་ཅད་བཀར་འདོད་ཀྱང༌། སེམས་ཙམ་པ་རྣམས་ནི་མདོ་སྡེ་དགོངས་པ་ངེས་འགྲེལ་དང༌། ལང་ཀར་གཤེགས་པ་དང༌། རྒྱན་སྟུག་པོ་དང༌། ཕལ་པོ་ཆེ་སྟེ་མདོ་བཞིར་གྲགས་པ་རྣམས་ངེས་དོན་དུ་འཛིན་ཏེ། གཞན་རྣམས་དྲང་དོན་དུ་འདོད་ལ། གྲུབ་མཐའ་བྱེད་པ་པོ་ནི་སྔོན་གྱི་སློབ་དཔོན་ལྔ་བརྒྱ་པོའོ། །ཞེས་གསུངས་སོ། །སེམས་ཙམ་པའི་གྲུབ་མཐའི་བྱེད་པ་པོའམ་ཤིང་རྟའི་སྲོལ་འབྱེད་ནི་ཨ་བི་ཏརྐ་སོགས་སློབ་དཔོན་ལྔ་བརྒྱ་ཡིན་པར་གྲུབ་བོ། །དེ་དག་འཕགས་པ་ཀླུ་སྒྲུབ་ཀྱི་སྔ་རོལ་ཏུ་བྱུང་ལ།དུས་མཉམ་དུ་སེམས་ཙམ་པའི་སློབ་དཔོན་བཙུན་པ་དགའ་བོ་དང༌། བཙུན་པ་དམ་པའི་སྡེ་དང༌། བཙུན་པ་ཡང་དག་བདེན་གསུམ་བྱུང་བ་ཡིན་ཏེ། རྗེ་བཙུན་གྱི་རྒྱ་གར་ཆོས་འབྱུང་ལས། དཔལ་ས་ར་ཧའམ་བྲམ་ཟེ་ཆེན་པོ་སྒྲ་གཅན་འཛིན་བྲམ་ཟེའི་སྤྱོད་པ་ལ་གནས་པའི་དུས་སུ་ནི། རྣལ་འབྱོར་སྤྱོད་པའི་སློབ་དཔོན་ལྔ་བརྒྱ་པོ་དེ་རྣམས་བྱུང་བ་ཡིན་ལ། མཐར་དེ་ཉིད་ཀྱི་སྐུ་ཚེའི་རིང་ལ་ཤེར་ཕྱིན་འབུམ་པ་མ་གཏོགས་ཐེག་པ་ཆེན་པོའི་མདོ་སྡེ་ཕལ་ཆེར་བྱུང་ཞེས་གྲགས་སོ། །ཞེས་དང༌། དེའི་འོག་ཏུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་བསྟན་པ་བསྐྱངས་ཏེ། དབུ་མའི་ཚུལ་ལུགས་ལྷག་པར་དར་བར་མཛད། ཉན་ཐོས་པ་རྣམས་ལ་ཡང་ཕན་ཆེར་བཏགས། ཁྱད་པར་དགེ་སློང་དང་དགེ་ཚུལ་བསླབ་པ་འཆལ་བ་མང་པོ་དགེ་འདུན་གྱི་ནང་ན་དབང་ཆེན་པོར་ཡོད་པ་ཐམས་ཅད་གནས་ནས་བསྐྲད་དེ་སྟོང་ཕྲག་བརྒྱད་ཙམ་བྱུང་བར་གྲགས་ལ། སྡེ་པ་ཀུན་གྱི་བདག་པོ་མཛད། དེ་ཙམ་ན་བཙུན་པ་དགའ་བོ་དང༌། བཙུན་པ་དམ་པའི་སྡེ་དང༌། བཙུན་པ་ཡང་དག་བདེན་གསུམ་གྱིས་རྣལ་འབྱོར་སྤྱོད་པ་སེམས་ཙམ་གྱི་སྲོལ་བཟུང་ཞིང་བསྟན་བཅོས་ཀྱང་ཅི་རིགས་པར་བྱས་སོ། །མངོན་པར་ཀུན་གཞིའི་བཤད་པའི་སྐབས་སུ་བཙུན་པ་འདི་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་ཞེས་ཟེར་བའི་རྒྱུ་མཚན་ཡང་ཐོགས་མེད་སྐུ་མཆེད་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་པར་འཇོག་པས་དེའི་རྗེས་འབྲང་མ་ཡིན་པ་གསལ་བར་སྟོན་པའི་ཚིག་གོ །ཞེས་གསུངས་སོ། །རྒྱ་གར་དུ་སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་ཀྱིས་ཀླུ་ཐོགས་དགོངས་པ་སོ་སོར་བཀྲལ་བ་ཡིན་ཏེ། རྒྱ་གར་ཆོས་འབྱུང་ལས། སློབ་དཔོན་འདི་གཉིས་མ་བྱོན་གྱི་བར་དུ་ཐེག་པ་ཆེན་པོ་པ་མཐའ་དག་བསྟན་པ་གཅིག་ཏུ་གནས་པ་ལས། སློབ་དཔོན་འདི་གཉིས་ཀྱིས་འཕགས་པ་ཀླུ་སྒྲུབ་དང༌། འཕགས་པ་ཐོགས་མེད་ཀྱི་ལུགས་གཉིས་ནི་ཤིན་ཏུ་ཐ་དད་དེ། ཐོགས་མེད་ཀྱི་ལུགས་ནི་དབུ་མའི་ལམ་སྟོན་པ་མ་ཡིན་པར་སེམས་ཙམ་ཁོ་ན་ཡིན་ལ། འཕགས་པ་ཀླུ་སྒྲུབ་ཀྱི་བཞེད་པ་ནི་ཁོ་བོ་ཅག་གི་འདི་ལས་གཞན་དུ་མེད་དོ་ཞེས་མཐའ་གཞན་འགོག་པར་མཛད་པས། ལེགས་ལྡན་སྐུ་འདས་པའི་འོག་ཙམ་ནས་ཐེག་པ་ཆེན་པོ་པའང་ནང་དུ་སྡེ་གཉིས་སུ་གྱེས་ནས་རྩོད་པ་བྱུང་ངོ༌། །དེ་ཡང་སློབ་དཔོན་བླཽ་གྲོས་བརྟན་པས་དབུ་མ་རྩ་བའི་དགོངས་པ་རྣམ་རིག་ཏུ་འགྲེལ་བའི་རྣམ་བཤད་ཅིག་མཛད་ལ། དེའི་གླེགས་བམ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་ནས་ལེགས་ལྡན་གྱི་སློབ་མ་རྣམས་ཀྱིས་མི་འཐད་པར་བྱས་སོ། །ཞེས་གསུངས་སོ། །སེམས་ཙམ་པའི་ལུགས་ལ་དྲང་ངེས་ཀྱི་མདོའི་ཁྱད་པར་སྒྲས་ཟིན་སྒྲ་ཇི་བཞིན་ཡིན་མིན་གྱི་སྒོ་ནས་བཞག་པ་ཡིན་པར་རྗེ་ཙོང་ཁ་བ་རྗེས་འབྲང་དང་བཅས་པས་གསལ་བར་གསུངས་ལ། རང་ལུགས་ལ་དེ་བཞིན་བྱེད་དགོས་སྙམ། སེམས་ཙམ་པས་མདོ་སྡེ་དགོངས་པ་ངེས་འགྲེལ་ལ་བརྟེན་ནས་དྲང་ངེས་ཀྱི་མདོ་སོ་སོར་འཇོག་དགོས་ན་ཅུང་ཟད་དཔྱད་རྒྱུ་ཡོད་ཀྱང་སྤྱི་དང་མཐུན་པར་སྒྲས་ཟིན་སྒྲ་ཇི་བཞིན་པ་ཡིན་པའི་མདོ། ངེས་དོན་གྱི་མདོའི་མཚན་ཉིད། སྒྲས་ཟིན་སྒྲ་ཇི་བཞིན་པ་མ་ཡིན་པའི་མདོ། དྲང་དོན་གྱི་མདོའི་མཚན་ཉིད་ཡིན་ནོ། །ཆོས་འཁོར་གསུམ་ལས་དང་པོ་གཉིས་དྲང་དོན་དང་ཐ་མའི་མདོ་སྡེ་དགོངས་པ་ངེས་འགྲེལ་སོགས་སེམས་ཙམ་མདོ་བཞི་སོགས་ངེས་དོན་གྱི་མདོ་ཡིན་ལ། དྲང་ངེས་ཀྱི་མདོའི་ཁྱད་པར་ཡང་མདོ་སྡེ་དགོངས་པ་ངེས་འགྲེལ་ལ་བརྟེན་ནས་ཕྱེ་བ་དང༌། ཤེར་མདོའི་སྐབས་སུ་ངོ་བོ་ཉིད་མེད་པར་གསུངས་པ་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་གསུངས་པ་ཡིན་པས་ཤེར་མདོ་སྒྲས་ཟིན་སྒྲ་ཇི་བཞིན་པ་མ་ཡིན་པ་ཡིན་པས་དྲང་དོན་གྱི་མདོ་ཡིན་པར་འདོད་པ་སོགས་མདོ་སྡེ་དགོངས་འགྲེལ་སོགས་སེམས་ཙམ་གྱི་མདོ་བཞིའི་ཚིག་ཟིན་ལྟར་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་འཇོག་པ་ཡིན་ནོ། །སེམས་ཙམ་པའི་སློབ་དཔོན་རྣམས་ཀྱིས་མཛད་པའི་བསྟན་བཅོས་བོད་དུ་མ་འགྱུར་བའི་དབང་གིས་ཞིབ་ཕྲའི་རྣམ་བཞག་མི་གསལ་བ་མང་དུ་ཡོད། འོན་ཀྱང་སེམས་ཙམ་པའི་སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་སོགས་ཀྱི་ལུང་རྒྱ་ནག་གི་མཁན་པོ་ཝེན་ཚེག་གི་དགོངས་འགྲེལ་འགྲེལ་ཆེན་དུ་མང་དུ་བཀོད་ཡོད་པ་དག་ལས་གསལ་བ་མང་ཡང་རེ་ཞིག་རྒྱས་པར་བཤད་པ་ལ་དགོས་པ་ཆེར་མ་མཐོང་བས་དེ་ཙམ་ལས་ངལ་བ་མ་བྱས་པའོ། །སྡོམ་རྣམ་གཉིས་དང་ས་སྡེ་ལྔ་སེམས་ཙམ་པའི་རང་གཞུང་མ་ཡིན་ཀྱང་སེམས་ཙམ་དང་མཐུན་པ་མང་དུ་ཡོད་པ་དང༌། དྲི་མེད་འོད་སོགས་རྒྱ་གཞུང་འགའ་ཞིག་ན་སེམས་ཙམ་པའི་འདོད་པ་བསྟན་པ་ཡོད་པ་དག་ལས་ཤེས་དགོས། འོག་ཏུ་དགོངས་པ་ངེས་འགྲེལ་གྱི་མདོའི་དོན་གཞན་སྟོང་གི་ཐུན་མོང་མ་ཡིན་པའི་ལུགས་སུ་བཀྲལ་ཚུལ་དང༌། ཡོངས་གྲུབ་ཀྱི་མཚན་གཞི། རྣམ་ཤེས་བདེན་ཡོད་འདོད་མི་འདོད། ངེས་དོན་གྱི་མདོའི་མཚན་གཞི་མི་འདྲ་བ་མ་གཏོགས་སྒོ་ཕལ་ཆེར་འདྲ་བ་ཡིན་པས་འཆད་འགྱུར་ལྟར་ཤེས་དགོས་སོ། །དགོངས་པ་ངེས་འགྲེལ་གྱི་སྐབས་སུ་དྲང་ངེས་ཀྱི་ཁྱད་པར་ཕྱེས་ཀྱང་གཞི་རྒྱུད་ཀྱི་བདེ་གཤེགས་སྙིང་པོའམ་སེམས་ཀྱི་རང་བཞིན་འོད་གསལ་བ་རྩལ་འདོན་མ་མཛད་དོ། །རྒྱ་བོད་གཉིས་ཀར་ཐོགས་མེད་སྐུ་མཆེད་དང༌། ཕྱོགས་གླང་ཡབ་སྲས་སོགས་སེམས་ཙམ་པར་འདོད་མཁན་ཡོད་ཀྱང་རང་ལུགས་དེ་དག་གི་རྗེས་སུ་འབྲང་བར་མི་བྱའོ། །སེམས་ཙམ་པའི་མཚན་ཉིད་ནི། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། སེམས་ཙམ་པའི་མཚན་ཉིད། ཐེག་ཆེན་པ་གང་ཞིག རང་རིག་པའི་འདུས་བྱས་བདེན་དངོས་འདོད་པའོ། །ཞེས་སོ། །དྲི་མེད་འོད་ལས། ཡན་ལག་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་ཡང་ཡོད་མ་ཡིན། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དམིགས་པ་མེད་པར་རབ་ཏུ་སྣང༌། །གཟུང་དང་འཛིན་ལས་རྣམ་རོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང༌། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །ཞེས་གསུངས་པ་ལྟར་འཆད་པ་སྟེ། བླང་དོར་རབ་གསལ་ལས། རྣལ་འབྱོར་སྤྱོད་པ་སེམས་ཙམ་སྨྲ་བ་དག །མུ་སྟེགས་ཅན་རྣམས་འདོད་པ་ལྟ་བུ་ཡི། །ཡན་ལག་ཅན་ཞེས་བྱ་བའི་བདག་མེད་ཅིང༌། །ཉན་ཐོས་སྡེ་གཉིས་འདོད་པ་ལྟ་བུ་ཡི། །ཕྲ་རབ་རྡུལ་ཡང་དཔྱད་ན་རྫས་གྲུབ་མེད། །རྨི་ལམ་སྣང་བ་བཞིན་དུ་ཕྱི་རོལ་གྱི། །དམིགས་པ་དོན་ལ་མེད་ཀྱང་བག་ཆགས་ཀྱི། །དབང་གིས་དོན་དུ་སྣང་བ་ཙམ་དུ་འདོད། །ཅེས་པ་ལྟར་མུ་སྟེགས་པ་རྣམས་ཀྱིས་བཏགས་པའི་རྟག་གཅིག་རང་དབང་ཅན་ལ་སོགས་པའི་ཡན་ལག་ཅན་ཞེས་བྱ་བའི་བདག་ནི་མེད་ཅིང༌། ཉི་ཤུ་པར། དྲུག་གིས་གཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས་པ་ལ་སོགས་པའི་རིགས་པས་དཔྱད་ན། ཉན་ཐོས་སྡེ་བ་གཉིས་ཀྱི་འདོད་པའི་རྡུལ་ཕྲ་རབ་ཆ་མེད་དང༌། དེ་བསགས་པའི་ཕྱི་རོལ་གྱི་དོན་ཡང་བདེན་པར་ཡོད་པ་མ་ཡིན་ལ། ལང་ཀར་གཤེགས་པར། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་པ་དང༌། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །ཞེས་གསུངས་པ་ལྟར། དོན་མེད་ཀྱང་གཟུགས་ཀྱི་གཞི་དོན་དུ་སྣང་པ་ནི་རྨི་ལམ་དུ་དོན་གྱི་རྣམ་པ་ཉམས་སུ་མྱོང་བ་བཞིན་དུ་བག་ཆགས་ཀྱི་དབང་གིས་སྣང་བ་ཙམ་ཡིན་ཞིང༌།བླང་དོར་རབ་གསལ་ལས། གཟུང་འཛིན་གཉིས་མེད་རང་རིག་རང་གསལ་གྱི། །རྣམ་ཤེས་དོན་དམ་ཡོད་པར་འདོད་མོད་ཀྱི། །ཤེས་པ་སྐད་ཅིག་ངོ་བོར་མ་གྲུབ་པས། །དེ་བསགས་རྒྱུན་ཡང་དོན་ལ་གྲུབ་པ་མེད། །ཅེས་པ་ལྟར་སེམས་ཀྱི་གཞི་རྣམ་པར་ཤེས་པ་ཚོགས་བརྒྱད་དང་དེ་དག་གི་འཁོར་སེམས་ལས་བྱུང་བ་ཐམས་ཅད་ཀྱང༌། གཟུང་དང་འཛིན་པ་མེད་པའི་ཕྱིར། །དེ་ནི་དེ་ལྟར་རང་ཉིད་གསལ། །ཞེས་པ་ལྟར་གཟུང་འཛིན་གྱི་དྲི་མས་མ་གོས་པའི་རང་རིག་རང་གསལ་དོན་དམ་པར་ཡོད་པར་འདོད། ཅེས་གསུངས་པའི་ཕྱིར་རོ། །གཞན་སྟོང་སྙིང་པོ་ལས། སེམས་ཙམ་པ་ནི། གཟུགས་སོགས་ཕྱི་རོལ་གྱི་ཡུལ་རྣམས་རྨི་ལམ་གྱི་གཟུགས་སོགས་ལྟར་ཤེས་པ་ཉིད་དེ་དང་དེར་སྣང་བ་ཡིན་གྱི། ཕྱི་རོལ་ན་དེ་ལྟར་སྣང་བ་མེད་དེ་དཔེར་ན་གཟུགས་ལ་མཚོན་ན། མིག་གི་དབང་པོར་གྲགས་པ་ཡང༌། མིག་གི་རྣམ་པར་སྣང་བའི་སེམས་ཡིན་པས། མིག་རང་མཚན་པ་ཞིག་མེད་ལ། གཟུགས་སུ་གྲགས་པ་ཡང་གཟུགས་ཀྱི་རྣམ་པར་སྣང་བའི་སེམས་ཡིན་པས་གཟུགས་རང་མཚན་པ་ཞིག་མེད་ལ། གཟུགས་སུ་གྲགས་པ་ཡང་གཟུགས་ཀྱི་རྣམ་པར་སྣང་བའི་སེམས་ཡིན་པས་གཟུགས་རང་མཚན་པ་མེད་ཅིང་དེ་དག་ལས་མིག་གི་རྣམ་པར་ཤེས་པ་སྐྱེས་པར་སྣང་བ་ཙམ་ཡིན་པས། གསུམ་ཀར་ཡང་ཐ་དད་པར་སྣང་བ་ནི་འཁྲུལ་བ་ཡིན་ཅིང༌། ཤེས་པའི་ངོ་བོར་རྫས་གཅིག་པས། མིག་ཤེས་ཀྱིས་གཟུགས་མཐོང་བ་ནི། རང་གིས་རང་མཐོང་བ་ཡིན་ཅིང༌། གཟུགས་ཀྱི་རྣམ་པ་འཆར་བའི་རྒྱུ། ཤེས་པ་ལས་གཞན་ཕྱི་རོལ་ཏུ་རྣམ་པ་གཏོད་བྱེད་གཟུགས་སུ་གྲུབ་པ་ནི་གཏན་ནས་མེད་དོ། །འོན་ཀྱང་མ་བརྟགས་མ་དཔྱད་པའི་ངོར་མིག་གིས་གཟུགས་མཐོང་ཞེས་སོགས་འདོད་ཀྱང༌། དཔྱད་ན་གཟུགས་ནི་མ་གྲུབ། གཟུགས་སུ་སྣང་བའི་ཤེས་པ་དེ་ནི་བདེན་པར་གྲུབ་བོ། །དེས་ན་འདི་ནི་རྣམ་ཤེས་སོགས་ཤེས་པ་ཐམས་ཅད་ཀྱི་ངོ་བོར་བདེན་པར་གྲུབ་ལ། ཡུལ་ཕྱི་རོལ་ན་ཡོད་པ་ལྟར་སྣང་བ་གཟུང་ཆ་དང༌། རིག་པ་ནང་ན་ཡོད་པ་ལྟར་སྣང་བ་འཛིན་ཆ་སྟེ་དེ་གཉིས་འཁྲུལ་བ་ཡིན་པའི་ཕྱིར། གཟུང་འཛིན་གཉིས་མེད་ལ། གཟུང་འཛིན་གཉིས་སྤངས་པའི་རྣམ་པར་ཤེས་པ་ནི་བདེན་པར་འདོད་དོ། །ཞེས་འདོད་པས་གཟུང་ཆ་དང་འཛིན་ཆ་གཉིས་ཐ་དད་མ་གྲུབ་པས་གཟུང་འཛིན་གཉིས་མེད་ཀྱི་གོ་ཆོད་པ་དང༌། རྣམ་ཤེས་ཀྱི་རང་ངོ་ཙམ་ཡེ་ཤེས་སུ་འདོད་པ་ཡིན་ནོ། །སེམས་ཙམ་ཁོ་རང་གི་རང་ལུགས་ཀྱི་གཟུང་འཛིན་བཀག་པར་རློམ་ཡང་གྲུབ་མཐའ་གོང་མས་གཞལ་ན་གཟུང་འཛིན་བཀག་པར་མ་སོང་སྟེ་གཟུང་འཛིན་རྫས་གཞན་མེད་པ་ཙམ་ཁས་བླངས་བ་ཡིན་ཀྱང༌། འཛིན་པ་རང་ངོས་ནས་ཁས་བླངས་བར་སོང་བས་སོ། །དེ་ལྟར་ན་འདིའི་འདོད་པའི་གཟུགས་སོགས་ཕྱི་དོན་དུ་སྣང་བའི་རྣམ་རིག་བདེན་གྲུབ་དང༌། རྣམ་ཤེས་ཀྱི་ངོ་ལྡོག་ཙམ་གཟུང་འཛིན་གཉིས་མིན་གྱི་ཡེ་ཤེས་སུ་འདོད་པ་དང༌། འཛིན་པའི་ངོ་བོ་རྣམ་ཤེས་ཉིད་ལ་མི་འདོད་པར་ཡུལ་དུ་སྣང་བའི་རྣམ་རིག་ལས་ཐ་དད་པར་སྣང་བའི་ཆ་ཙམ་ལ་འདོད་པ་ནི་འཁྲུལ་བ་ཡིན་ལ། གཞན་རྣམས་མ་ནོར་བའོ། །ཞེས་གསུངས་སོ། ། ཡང་ལུགས་འདི་ལ་གྲུབ་མཐའི་རྣམ་བཞག་དོན་གསལ་ལས། སེམས་ཙམ་པས་ནི་ཆོས་རྣམས་ཀུན། །སྟོང་བ་ནམ་མཁའི་མེ་ཏོག་ལྟར། །ཆད་པར་ལྟ་བ་མ་རུང་པ། །མི་དབང་ཁྱོད་ཀྱིས་ཤེས་པར་འཚལ། །ཞེས་ཆོས་ཐམས་ཅད་སྟོང་བ་ནམ་མཁའི་མེ་ཏོག་ལྟར་དངོས་སུ་ཁས་མི་ལེན་ཡང་དོན་གྱིས་ཁས་ལེན་ཡིན་སྙམ་སྟེ་དཔྱད་པར་བྱའོ། །དེས་ན་སེམས་ཙམ་པའི་ལུགས་ལ་དོན་དམ་བདེན་པའམ་ཡོངས་གྲུབ་ནི་གཟུང་འཛིན་གཉིས་ཀྱིས་ཁ་མ་བསྒྱུར་བའི་རྣམ་ཤེས་རང་རིག་རང་གསལ་བ་ཞིག་ལ་འདོད་པའོ། །སུམ་ཅུ་པ་ལས། གྲུབ་ནི་དེ་ལ་སྔ་མ་པོ། །རྟག་ཏུ་མེད་པར་གྱུར་པ་གང༌། །ཞེས་པའི་དངོས་བསྟན་སེམས་ཙམ་པའི་ཡོངས་གྲུབ་ལ་བཤད་རིགས་ཏེ། ཐེག་མཆོག་དབུའི་ཟིན་བྲིས་མ་ལས། ཡོངས་གྲུབ་ནི་གཞན་དབང་དེ་ལ་སྔ་མ་ཀུན་བཏགས་རྟག་ཏུ་མེད་པར་གྱུར་པ་གང་ཡིན་པ་དེ་ནི་དངོས་བསྟན་ལྟར་ན་སེམས་ཙམ་པའི་དོན་དུ་གསུངས་པས། གནས་སྐབས་ཀུན་རྫོབ་ཀྱི་དབང་དུ་མཛད་པའང་ཡིན་ལ། ཞེས་གསུངས་སོ། ། སེམས་ཙམ་པའི་ལུགས་ལ་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་ཉིད་དེ་ལས་གཅིག་འདོགས་པར་མཛད་ལགས་སོ། །ཞེས་པའི་དོན་ཆོས་བདག་མེད་ཙམ་ལ་མི་བྱེད་པར་ཆོས་བདག་གིས་སྟོང་བའི་གཟུང་འཛིན་གྱི་དྲི་མས་མ་གོས་པའི་རྣམ་ཤེས་དག་པ་བ་ཞིག་ལ་འདོད་སྙམ་སྟེ། དྲི་མེད་འོད་ལས། གཟུང་དང་འཛིན་ལས་རྣམ་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དགག་ གཞི་གཞན་དབང་གི་སྟེང་དུ་དགག་བྱ་ཀུན་བཏགས་བཀག་པའི་རྣམཤེས next hit་དག་པ་ཙམ་ཞིག་ལ། ཡོངས་གྲུབ་ཀྱི་མིང་དུ་བཏགས་པ་མང་དུ་ཡོད་མོད་ཀྱི། དེ་དོན་དམ་མཐར་ཐུག་ཏུ་བཟུང་ན་སེམས་ཙམ་གྱི་གྲུབ་མཐའ་ལས་མ་འདས་སོ། །ཞེས་གསུངས་པས་སོ། །རྣམ་ཤེས་དག་པ་བ་ནི། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དེ་ཡང་རྣམ་ཤེས་དག་པ་བ་ཞེས་པ་ནི། ཞེས་པ་ནས། འཕྲལ་གྱི་འཁྲུལ་རྒྱུ་དེ་རྣམས་ཀྱིས་མ་བསླད་པ་ལ་རྣམ་ཤེས་དག་པ་བ་ཞེས་བྱའོ། །ཞེས་གསུངས་སོ། །དེ་ལ་མངོན་སུམ་ཡིན་ན་དེ་ཡིན་པས་ཁྱབ་པ་ཡོད་མེད་དང༌། དེ་ཡིན་ན་ཡོངས་གྲུབ་ཡིན་པས་ཁྱབ་པ་མེད་དགོས་པ་ཡིན་མིན་སོགས་ལ་དཔྱད་པར་ཞུ། ལུགས་འདིས་རྣམ་ཤེས་ཚོགས་བརྒྱད་དང༌། རང་རིག་དང༌། ཕྱི་དོན་དུ་མ་གྲུབ་པ་དང༌། མཐར་ཐུག་ཐེག་པ་གསུམ་གྲུབ་དང༌། རིགས་ཆད་ཡོད་པར་འདོད་དོ། །དགེ་ལུགས་པའི་ལུགས་ལ་ཕྱི་དོན་དུ་གྲུབ་པས་སྟོང་བ་དང༌། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པས་སྟོང་བ་སེམས་ཙམ་པའི་ལུགས་ཀྱི་ཡོངས་གྲུབ་ཏུ་བཞེད་དོ། །


previousགཉིས་པ་དབུ་མ་ཆེན་པོ།next