Nitartha Digital Library
Tibetan
 
previousངེས་དོན་རྟག་བརྟན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་བྱུང་བ་དྲང་སྲོང་བདེན་པའི་ཚངས་ཐིགno next

ངེས་དོན་རྟག་བརྟན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་བྱུང་བ་དྲང་སྲོང་བདེན་པའི་ཚངས་ཐིག

ངེས་དོན་རྟག་བརྟན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་བྱུང་བ་དྲང་སྲོང་བདེན་པའི་ཚངས་ཐིག་ཅེས་བྱ་བ་བཞུགས་སོ། །

ཨོཾ་སྭ་སྟི། རྒྱལ་བ་མཆོག་གིས་མཆོག་ཁྱོད་ལུང་བསྟན་བསྟན་པ་འཛིན་པའི་བདག །བདག་ཉིད་དམ་པས་དམ་ཆོས་ཆོས་ཀུ༷ན་ཀུན་ནས་མཁྱེ༷ན་པའི་ཐབས། །ཐབས་ཤེ༷ས་ལེགས་སྟོན་སྟོན་པའི་གསུང་ར༷བ་རབ་འབྱམས་མཁྱེན་པའི་ཐུགས། །ཐུགས་རྗེས་རྒྱ༷ལ་དགོངས་དགོངས་འགྲེལ་འགྲེལ་བཤད་དགེ་མཚ༷ན་བཞད་པའི་གཉེན། ། རྟོན་པ་བཞི་ལྡན་གངས་རི་ལས་འོངས་བའི། །མདོ་རྒྱུད་ཀུན་གྱི་དགོངས་བཅུད་ཆུ་གཏེར་ཉིད། །ལེགས་བཤད་པད་དཀར་ཚལ་དུ་དངར་བའི་བདག །རྗེ་བཙུན་སྒྲོལ་མགོན་ཞབས་ལ་སྤྱི་བོས་འདུད། ། རང་བློ་དམན་པའི་དབུལ་བ་བསལ་བ་དང༌། ། ཆོས་མཐུན་དོན་གཉེར་བློ་ལྡན་གང་དག་ལ། །ཟབ་རྒྱས་ཆོས་ཀྱི་དགའ་སྟོན་སྤེལ་སླད་དུ། །གསུང་རབ་རིན་ཆེན་མཛོད་ཀྱི་སྒོ་ཕྱེའོ། ། ཐུགས་ཀློང་བཤ༷ད་མཛོད་ཆེན་པོའི་རྒྱ་མཚོ་འཁྱིལ། །སྒྲུ༷བ་པའི་ཉམས་རྟོགས་ཁོ་ལག་འཕེལ་ཞིང་རྒྱས། ། དཔ༷ལ་ལྡན་སྐུ་བཞིའི་འབྲས་བུ་ཆེར་སྨིན་པས། ། གང་གྀ་མཛད་བཟང་འཆད་པའི་དགེ་ལེགས་སྩོལ། ། གསང་གསུམ་སྒྱུ་འཕྲུལ་ཟླ་བ་གཅིག་ཉིད་ལས། ། རང་འདྲའི་ཆུ་ཟླས་རྣམ་ཀུན་དོན་ཡོད་ཀྱི། ། མཛད་པའི་དགེ་ལེགས་རྩེ་དགའ་འགྱེད་པ་དག ། སྐལ་བཟང་ཀུན་དགའི་གར་གྱི་རི་མོར་འགོད། །དགེ་ལེགས་དཔལ་གྱི་ནོར་འཛིན་ཡངས་པའི་གཞིར། །འགྲོ་བའི་བསོད་ནམས་ཞིང་མཆོག་སྐྲུན་པ་ཡི། །དཔལ་ལྡན་ངེས་དོན་རྟག་བརྟན་བཤད་སྒྲུབ་གླིང༌། །བྱུང་རིམ་རྒྱུན་བཟང་གཏམ་གྱི་རོལ་མོ་སྤྲོ། ། དེ་ལ་འདིར་མགོ་ལོག་གི་ཆོས་སྡེ་ཡོངས་ཀྱི་ཐོག་མར་གྲགས་པའི་ངེས་དོན་རྟག་བརྟན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་བྱུང་བ་མདོ་ཙམ་བརྗོད་པ་ལ། གང་དུ་ཆགས་པའི་གནས། དེ་ལ་དགོན་པ་ཇི་ལྟར་བཏབ་ཚུལ། དགོན་མགོ་གཏད་ཚུལ། དགོན་གནས་སྤར་ཚུལ། ཉམས་པ་སླར་གསོ་བའི་ཚུལ་དང་ལྔའོ། །དང་པོ་གང་དུ་ཆགས་པའི་གནས་ནི་ལྷོ་རྒྱལ་འཛམ་གླིང་ཆུང་ངུའི་ཡུལ་དབུས་འཕགས་ཡུལ་རྡོ་རྗེ་གདན་ནས་བྱང་གི་ཕྱོགས་སུ་དཔག་ཚད་བརྒྱ་བརྒལ་བ་ན། ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། བྱང་ཕྱོགས་གངས་རིའི་རྒྱུད་ཀྱི་སར། །དགེ་བ་ལྡན་པའི་ས་ཕྱོགས་སུ། །དམ་པའི་ཆོས་ནི་རྒྱས་པར་འགྱུར། ། ཞེས་དང༌། བཀའ་གདམས་གླེགས་བམ་ལས་ཀྱང༌། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། ། ཅེས་དང༌། ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཅེས་སོགས་མདོ་རྒྱུད་དུ་མའི་ལུང་གིས་ཟིན་པ། རབ་དཀར་ཟླ་ཤེལ་ཞུན་མའི་ས་འཛིན་གྱི་ཕྲེང་བ་གནམ་དུ་བསྙེགས་པ་ལྟ་བུས་ཁོར་ཡུག་ཏུ་བསྐོར་བའི་བོད་ཡུལ་གངས་ལྗོངས་དེ་ལ། སྟོད་ཁམས་རིན་ཆེན་འོད་ཀྱི་གླིང༌། བར་ཁམས་རུ་བཞི་སོག་པའི་གླིང༌། སྨད་ཁམས་རྨ་བྱ་འོག་གི་གླིང་སྟེ་བོད་ཁམས་གསུམ་གླིང་དགུ་ཞེས་གྲགས་པར། མངའ་རིས་གུང་ཐང་ནས་སོག་སྐྱ་ལ་བོའི་བར་ལ་དབུས་་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། སོག་ལ་སྐྱ་བོ་ནས་རྨ་ཆུ་ཁུག་པའི་བར་ལ་མདོ་སྟོད་མགོ་ནག་མིའི་ཆོལ་ཁ། རྨ་ཆུ་ཁུག་པ་ནས་རྒྱའི་མཆོད་རྟེན་བར་ལ་མདོ་སྨད་གྱི་ལིང་རྟའི་ཆོལ་ཁ་སྟེ་ཆོལ་ཁ་གསུམ་མམ། སྟོད་མངའ་རིས་སྐོར་གསུམ། བར་དབུ་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གམ། བོད་དང་བོད་ཆེན་པོ་གཉིས་སུ་ཕྱེ་བ་རྣམས་ཀྱི་ཕྱི་མ་རྨ་ཀླུང་དལ་འབབ་རིང་མོ་བགྲོད་ལུགས་ཀྱི་མདོ་སྨད་དབུས་ཀྱི་ས་དབྱིབས་ནོར་བུ་དགའ་འཁྱིལ་ལྟ་བུ་ལ་ལྷོ་བྱང་གི་ཆར་ཕྱེ་བའི་ལྷོ་རྒྱུད་གངས་དཀར་ཤེལ་གྱི་མཆོད་རྟེན་ཚངས་པའི་འཇིག་རྟེན་སྙེགས་པ་ལྟར་མཐོ་ཞིང་བརྟན་ལ་རབ་ཏུ་བརྗིད་ཆགས་པ་སྲིད་པའི་ལྷ་གཉན་ཆེན་པོ་རྨ་རྒྱལ་པོམ་རའི་ཤར་ལྷོ། མདའ་མདུང་རལ་གྲིའི་རུ་མཚོན་རྣམས་ཀྱི་རྩེ་མོ་དགུང་སྔོན་དབྱིངས་སུ་གཟེངས་བ་ལྟ་བུའི་རྫ་རི་སྨུག་པོ་རྔམ་བརྗིད་ཆེ་བའི་ལྷ་ཆེན་གཉན་པོ་གཡུ་རྩེའི་ལྷོ་ཕྱོགས། ཤར་གྱི་རོལ་ཆེན་བཅོ་བརྒྱད་ལས་རྨ་རོལ་སྟོད་ཀྱི་ཆ། རི་མཐོན་པོ་གནམ་གྱི་ཀ་བ་ལྟ་བུ་ཙོང་ཡི་རི་རྒྱལ་ཕྱུགས་མོ་སོགས་རི་བོ་ལྷུན་སྡུག་པ་དུ་མས་བསྐོར་བ། ས་གཞི་ལག་མཐིལ་ལྟར་ཁོད་སྙོམས་ཤིང་འཇམ་མཉེན་སྔོ་ལྗང་རྩྭ་གཞོན་གྱི་མྱུ་གུའི་གོས་བཟང་མངོན་པར་བཀླུབས་པའི་སྤང་ལྗོངས་ཚར་དུ་དངར་བ་དཀར་སེར་དམར་ལྗང་སྔོ་བའི་ཚོན་མདངས་འཇའ་ཚོན་ལྟར་རབ་ཏུ་བཀྲ་བའི་མེ་ཏོག་གི་ཕོན་པོ་དག་ལ་བུང་བའི་འདུ་འགོད་ཀྱི་རྩེད་འཇོའི་དར་དིར་དབྱངས་སུ་ལེན་པ། ལྗོན་ཤིང་སྣ་ཚོགས་ཀྱིས་རི་ཀླུང་གཡོགས་པ་རྣམས་སུ་འགྱུར་ཁུག་དབྱངས་བདུན་རྫོགས་པའི་ཀོ་ཀི་ལས་མགྲིན་པའི་རྒྱུད་མངས་ངོམ་པ། དྭངས་བསིལ་ཆུ་བོའི་མཆོད་ཡོན་གྱི་ངོགས་སུ་འདབ་གཤོག་དཀར་པོའི་ཁྱུ་ཚོགས་ཀྱིས་གྲེ་འགྱུར་སྙན་དགུར་འཁྲོལ་བ། སྔོན་བྱོན་སྐྱེས་ཆེན་དུ་མའི་ཞབས་ཀྱིས་ཡང་ཡང་བཅགས་ཤིང་བྱིན་གྱིས་བརླབས་པ། བཀྲ་ཤིས་པའི་ལྟས་བཟང་གཡང་དུ་ཆགས་ཤིང་དགེ་མཚན་ལང་ཚོའི་དཔལ་གྱིས་མངོན་པར་ཕྱུག་པའི་ནོར་འཛིན་མཆོག་གི་ཐིག་ལེ་དཔལ་མི་འགྱུར་བྲག་དཀར་ལྷུན་པོ་ཞེས་འབོད་པ་ལ་ཆོས་སྡེ་ཆེན་པོ་འདི་ཆགས་སོ། །གཉིས་པ་དེ་ཇི་ལྟར་བཏབ་པའི་ཚུལ་བཤད་པ་ལ་སྤྱིར་དམ་པ་གོང་མ་རྣམས་ཀྱི་གསུང་སྒྲོས་སུ་རྒྱ་གར་ལྷའི་རིགས། རྒྱ་ནག་ཀླུའི་རིགས། ཧོར་ལྷ་མིན་གྱི་རིགས། བོད་སྤྲེལ་སྲིན་གྱི་རིགས་ཞེས་གསུངས་པ་ལྟར་བོད་ཀྱི་མིའི་འགྲོ་བ་རྣམས་ནི་སྤྲེའུ་བྱང་ཆུབ་སེམས་དཔའ་ལས་བྱུང་པ་སྟེ། དེ་ཡང་ཨ་སྤོ་གདུང༌། ཨ་ལྕགས་འབྲི། བསེ་ཁྱུང་སྦྲ། དམུ་ཚ་རྒ་ཞེས་པའི་བོད་དུ་རུས་ཆེན་བཞི་བྱུང་བ་ལས་ཨ་ལྕགས་འབྲི་ཡིན་ལ། དེ་ལ་ཇི་སྐད་དུ། རི་རྩ་བ་གསུམ་དེ་འབྲི་ལ་ཐོབ། །འབྲི་རྒྱལ་ས་ནོན་པ་དེ་ཡི་དོན། ། ཞེས་དང༌། འབྲི་བྱས་པ་ཅན་ཞེས་དགྲ་ལ་རྒོལ་ཞེས་མཁས་ཤིང་མཛངས་པ་དཔའ་ཞིང་བརྟུལ་ཕོད་པའི་ཕ་རུས་ཨ་ལྕགས་འབྲི་དང༌། མ་རྒྱུད་གཉན་པོ་གཡུ་རྩེ་ནས་མཆེད་པའི་ས་ལྷུན་གྲུབ་ཀྱི་སྟེང་ན་གནམ་ལྷ་བབ་ཀྱི་རྒྱལ་པོ་ལྟ་བུ། གཉན་སྲས་ས་སྐྱོང་མིའི་དབང་པོ་ཕག་ཐར་རམ་ཐོག་ཐར་དུ་གྲགས་པ་དེ་ཉིད་ཀྱིས་རྨ་རོལ་མ་ལག་དྲུག་གི་གསེར་ལྡན་འཛིན་མའི་ཁྱོན་ལ་དབང་བསྒྱུར་ཞིང་མཚན་སྙན་གྱི་གྲགས་པ་མདོ་ཁམས་སྒང་དྲུག་ལ་ཁྱབ་པའི་ཚེ་འཇམ་དབྱངས་གོང་མ་ཆེན་པོ་ཞོན་ཏིས་རྒྱལ་པོའི་ལུང་གིས་ཐང་ལོ་ཡེ་ཤེས་ཞེས་ཁྲི་དཔོན་གྱི་གོ་ས་དང༌། གོང་མའི་ནང་མཛོད་ནས་མཐོང་གྲོལ་སྒྲོལ་མ་གསུང་འབྱོན་མ་དང༌། རོལ་མོ་སྒྲ་བརྒྱ་འབར་བ་སོགས་དངོས་རྫས་ཁྱད་མཚར་བ་དུ་མ་གནང་སྦྱིན་དུ་བསྩལ། ད་ལྟ་རང་རེའི་དགོན་པའི་རྟེན་གྱི་གཙོ་བོ་ཡིན་པར་མངོན་སུམ་གྱིས་གྲུབ། དེ་ལ་སྲས་བཞི་བྱུང་བའི་འབྲིང་བ་བསོད་ནམས་སྐྱབས་ནི་ཆོས་སྡེ་ཆེན་པོ་ཀཿཐོག་རྡོ་རྗེ་གདན་དུ་ཕེབས་ཏེ་རྗེ་བླ་མ་བྱང་ཆུབ་སེངྒེའི་དྲུང་ནས་གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་རྒྱབ་རྟེན་དང་བཅས་པ་ཡོངས་སུ་རྫོགས་པ་ཐུགས་སུ་ཆུད་པར་མཛད་པས་མཁས་ཤིང་གྲུབ་པའི་སྐྱེས་བུ་ཆེན་པོར་གྱུར། མཚན་ལ་མགོ་ལོག་བླ་མ་ཆོས་འབུམ་དུ་གསོལ། ཚུར་རང་ཡུལ་དུ་ཕེབས་པ་ན་ཡབ་ས་དབང་མཆོག་དང་སྐུ་མཆེད་རྣམས་ཀྱིས་གྲོས་ལ་རང་རེའི་སྡེར་གཏོགས་ཚད་ཀྱི་སྐྱེ་འགྲོ་རྣམས་ལ་རྣམ་དཀར་བསོད་ནམས་བསགས་པའི་ཞིང་མཆོག་ཏུ་ཆོས་སྡེ་ཞིག་ངེས་པར་འདེབས་དགོས་ཞེས་གསུངས་པ་ལ་བརྟེན་ནས་རྨ་རོལ་སྟོད་སྨད་བར་གསུམ་དུ་ས་བཙལ་བ་ན། མཐར་དཔལ་མི་འགྱུར་བྲག་དཀར་ལྷུན་པོ་ཞེས་པའི་སྟེང་དུ་ས་བརྟག་བསླང་སྦྱངས་བ་ལྟོ་འཕྱེའི་ཐིག་གདབ་སོགས་ཕུན་སུམ་ཚོགས་པར་མཛད་པའི་སྒོ་ནས་རབ་བྱུང་བདུན་པའི་བགྲང་བྱ་ཞེ་བདུན་པ་བག་མེད་ཅེས་པ་ཆུ་མོ་གླང་འཇམ་དབྱངས་གོང་མ་ཆེན་པོ་ཞོན་ཏིས་ཁྲི་ལོ་བདུན་པ་སྤྱི་ལོ་༡༤༣༣ལོར་ཆོས་སྡེ་ཆེན་པོ་བྲག་དཀར་ལྟག་མགོ་དགོན་ཕྱག་འདེབས་མཛད་པ་ཡིན་ལ། ཆོས་སྡེ་དེའི་ཉེ་ལོགས་ཀྱི་དབྱིབས་ཀུན་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་རྣམ་པ་འབུར་དུ་ཐོན་པ་ཡོད་པས་མིང་ལ་དཔལ་བཀྲ་ཤིས་ཆོས་འཁོར་གླིང་ཞེས་བཏགས། ལྟོས་བཅས་འགྲོ་བ་ཡོངས་ལ་ལུགས་གཉིས་མཛད་བཟང་གིས་ཡུན་རིང་བསྐྱངས་ཏེ་དགུང་གྲངས་བདུན་ཅུར་སོན་པའི་ཚེ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་སོ། །དེ་ནས་རིམ་བཞིན་ཨ་ཐུབ་ནམ་མཁའ་དཔལ། བྱ་བཏང་བྱང་ཆུབ་ཆོས་རྗེ། མཚམས་ཁང་རི་ཁྲོད་དུ་བཞུགས་པའི་བླ་མ་དམ་པ་དགེ་བ་རྒྱ་མཚོ། ཆོས་རྗེ་བསོད་ནམས་རྒྱལ་མཚན་སོགས་ཀྱིས་རབ་དཀར་འཁོར་ལོ་གསུམ་གྱི་འཕྲིན་ལས་ནམ་མཁའ་དང་མཉམ་པའི་སྒོ་ནས་གདན་ས་འདི་འཛིན་ཅིང་བསྐྱངས་བ་ལགས་སོ། །སྤྱིར་ཆོས་སྡེ་འདི་ལ་ཀླུ་གདུག་པ་ཅན་ཞིག་དང་བྲག་སྲིན་བསྡེབས་ཏེ་འཚེ་བ་ཡང་ཡང་བྱུང་བའི་སྟབས་ཀྱིས་དར་རྒུད་ཀྱང་སྣ་ཚོགས་བྱུང་ནས་རིང་ཞིག་ལོན་པའི་ཚེ་ཇོ་རྙིང་གཉིས་ཆར་ལ་མཁྱེན་རྒྱ་ཆེ་བའི་མཐུ་སྟོབས་ནུས་པའི་མངའ་བདག་དོམ་ཚ་བླ་མ་ཀུན་དགའ་བཀྲ་ཤིས་དགོན་སྡེ་འདིའི་འཛིན་བདག་ཏུ་གྱུར་ཏོ། །གསུམ་པ་དགོན་འགོ་གཏད་ཚུལ་བཤད་པ་ནི། དེ་ཡང་བླ་མ་དམ་པ་ཆོས་འབུམ་པའི་ཡང་ཚ་མགོ་ལོག་ཨ་སྐྱོང་ངམ་ཨེ་ཆུང་དུ་གྲགས་པ་དེས་ཐོག་མར་མཁར་གྱི་རྨང་བཏང་དུས་སུ་དེ་ལས་ཕ་བོང་ཨ་འབུར་དོད་ཞིག་བྱུང་བ་ལ་གཉན་པོ་གཡུ་རྩེའི་རྫ་རིའི་ཕྱོགས་ནས་དར་དཀར་བརྐྱངས་པ་འདྲ་བའི་འོད་བྱུང་སྟེ་ཐིམ་པ་དང༌། མཁར་བརྩིགས་པའི་ས་དེ་ཡང་མཁའ་ལྡིང་གི་རྒྱལ་པོའི་ལྷོ་འགྲོའི་འཕྱར་སྟབས་སུ་འཛིན་པ་ལྟ་བུའི་དབྱིབས་ཡོད་པ་དང་གཉིས་ལྷན་ཅིག་ཏུ་འཚོགས་པའི་རྟེན་འབྲེལ་གྱིས་འདི་ནས་བཟུང་སྟེ་ཨ་སྐྱོང་གི་དཔོན་རིགས་རྣམས་ལ་ཨ་ཁྱུང་ཞེས་པའི་མིང་བྱུང་ངོ༌། ། དེའི་ཚ་རྒྱུད་དུ་བྱུང་བའི་ཨ་སྐྱོང་བསྟན་འཛིན་དར་རྒྱས་ནི་ཀཿ་ཐོག་ཏུ་གྲྭ་སར་ཕེབས་ཏེ་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་སོགས་བླ་མ་དམ་པ་མང་དུ་བསྟེན། མདོ་རྒྱུད་སེམས་གསུམ་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ཆོས་རྒྱ་མཚོ་ལྟ་བུ་ལ་སྦྱངས་པ་མཐར་ཕྱིན་པ་མཛད་ནས་ཐུགས་ཉམས་སུ་བཞེས་པས་སྒོམ་པའི་དྲོད་བརྙེས། རྟོགས་པའི་རྩལ་རྫོགས། གྲུབ་པའི་རྟགས་མཚན་མངོན་དུ་གྱུར། སྤྱོད་པ་ཤུགས་འབྱུང་དུ་བསྐྱང་དགོས་པའི་བརྡ་ཐབས་སུ་ཤིང་ལིང་འཇང་འགི་ཟིའི་ཉི་ཟླ་སྐར་གསུམ་སོགས་དངོས་རྫས་དུ་མ་གནང་སྟེ་རང་ཡུལ་དུ་ཕེབས། ཆོས་སྲིད་ཉིས་ཆར་ལ་ཐུགས་ཀྱི་ཁོ་ལག་རབ་ཏུ་ཡངས་པའི་སྟབས་ཀྱིས་མགོ་ལོག་པ་ཡོངས་ཀྱི་སྤྱི་དཔོན་དུ་གྱུར། ལྷ་ཆེན་གཉན་པོ་གཡུ་རྩེས་གཉན་གྱི་རྒྱལ་ཐམ་མཐོང་བ་ཟིལ་གནོན་གནང༌།འཇམ་དབྱངས་གོང་མ་ཆེན་པོ་ཁང་ཤིས་རྒྱལ་པོའི་ལུང་གིས་ཏཱ་ཐོས་ཆེན་ཧོས་ཞེས་པའི་མཚན་དང་སྟོང་དཔོན་གྱི་གོ་ས་གནང༌། ཆོས་སྡེ་འདི་ཉིད་སྔར་ཛམ་ཐང་ཆོས་རྗེ་དགོན་པའི་དགོན་ལག་ཡིན་པ་ཆོས་རྗེ་སྐུ་ཕྲེང་གསུམ་པའི་རྣམ་ཐར་ན་པདྨ་གད་དམར་དགོན་ཞེས་གསུངས་པ་ལྟར་ཡིན་ལ། སྟོབས་དང་མངའ་ཐང་རབ་ཏུ་དར་བའི་རྩེ་མོར་སོན་པའི་དུས་སུ་ཆོས་སྡེ་འདི་ཉིད་གཙང་བ་ངག་དབང་བསྟན་འཛིན་རྣམ་རྒྱལ་གྱིས་བདག་སྐྱོང་གནང་བ་ཡིན་ཏེ། དེ་ཡང་སྔོན་གྱི་དུས་ན་རྒྱ་གར་འཕགས་པའི་ཡུལ་དུ་མཉམ་མེད་ཐུབ་པའི་དབང་པོས་འབྲས་སྤུངས་མཆོད་རྟེན་ཆེན་མོར་དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་སོགས་གསུང་སྐབས་ཀྱི་གསང་ཆེན་རྒྱུད་སྡེ་མཐའ་དག་ཞུ་བ་པོ་གསང་བདག་རྡོ་རྗེ་འཛིན་པའི་རྣམ་འཕྲུལ་ ཆོསརྒྱལཟླབཟངཔོ ། བཅོམ་ལྡན་འདས་ཀྱི་ཉེར་གནས་ཉན་ཐོས་ཆེན་པོ་ཀུན་དགའ་བོ། གངས་རིའི་ལྗོངས་སུ་གྲུབ་པའི་འཁོར་བསྒྱུར་པདྨ་འབྱུང་གནས་ཀྱི་སྐུ་དུས་སུ་ལོ་ཆེན་བཻ་རོ་ཙ་ན། རྗེ་ཇོ་ནང་པ་ཆེན་པོའི་ཐུགས་སྲས་ཞིང་སྟོན་བསོད་ནམས་གྲགས་པ་རྣམས་ཀྱི་སྐུའི་རྣམ་པར་རོལ་བ་རིམ་པར་བཟུང་སྟེ། བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་རྗེས་སུ་སླར་ཡང་སྤྲུལ་བའི་སྐུའི་རྣམ་པར་སྙིགས་འགྲོའི་བསོད་ནམས་ཀྱི་ཞིང་དུ་ལེགས་པར་བྱོན་ཏེ་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་སྒྲུབ་རྒྱུད་ཀྱི་བསྟན་པ་མདོ་སྨད་ཀྱི་ཕྱོགས་སུ་སླར་ཆེས་ཆེར་དར་རྒྱས་སུ་མཛད་པའི་གཙང་བ་ངག་དབང་བསྟན་འཛིན་རྣམ་རྒྱལ་ནི། ཛམ་ཐང་ཆོས་རྗེ་རྒྱལ་བ་ལྷུན་གྲུབ་གྲགས་པ་དང༌། ཚཱ་ཀོའི་ནང་སོ་གཉིས་ཀྱིས་གདན་ཞུ་མཛད་པ་༼ངག་རྒྱུན་ལྟར་བཙན་བཤོལ་ཕེབས་པ་༽བཞིན་ཁོང་དཔོན་གཡོག་རྣམས་ཀྱིས་ཆིབས་བསྒྱུར་གནང་སྟེ་སྟོང་གི་ཁས་ཀར་ཐོན་ཚེ་ལྷ་ཆེན་གཉན་པོ་གཡུ་རྩེ་འཁོར་བཅས་བསུ་མར་སླེབས། ཁོང་གིས་གྲྭ་སློབ་རྣམས་ལ་ཡུལ་ལྷ་གཞི་བདག་རྣམས་དགའ་སྤྲོ་དང་བཅས་རང་རེ་བསུ་མར་ཐོན་གསུངས། དེར་གཙང་བའི་བླ་བརྒྱུད་སློབ་འབངས་བཅས་ལ་རྒྱུན་དུ་ཁ་འཛིན་དང་སྡོང་གྲོགས་མཛད་པའི་འཕྲིན་ལས་བཅོལ་ཚེ་ཞལ་བཞེས་ཀྱི་སྣང་བ་གསལ་བོར་བྱུང༌། རིམ་པར་འོངས་ཏེ་རྨ་ལ་བདེ་མོར་ཐོན་ཚེ་གཉན་སྲས་ས་སྐྱོང་མིའི་དབང་པོ་ཨ་སྐྱོང་བསོད་ནམས་བསྟན་འཛིན་དར་རྒྱས་དང་དོམ་ཚ་བླ་མ་ཀུན་དགའ་བཀྲ་ཤིས་གཉིས་ཀྱིས་གཙོས་མཆོག་དམན་ཀུན་གྱིས་གུས་འདུད་ཆེ་བས་བསུ་བ་དང་སྣེ་ལེན་རྒྱ་ཆེར་མཛད། འདིར་ཡང་ཞག་མང་དུ་བཞུགས་ཏེ་རྡོ་རྗེ་འཇིགས་མཛད་དང་ཚེ་ཆོག་སོགས་དབང་བཀའ་རྗེས་གནང་མང་དུ་གསུངས། རྒྱུ་འབྲས་ཀྱི་ཆོས་ཀྱང་བཤད་དེ་མི་ནག་པ་མང་པོ་ཆོས་སྒོར་བཙུད་ནས་དགེ་སྡིག་སྤང་བླང་མཛད་པ་མང་དུ་བྱུང་རབ་བྱུང༌། བཅུ་བཞི་བའི་བགྲང་བྱ་སོ་གཅིག་པ་གསེར་འཕྱང་ཞེས་པ་མེ་མོ་བྱ་འཇམ་དབྱངས་གོང་མ་ཆེན་པོ་ཁང་ཤིས་ཁྲི་ལྔ་དྲུག་པ་མི་དབང་བསྟན་འཛིན་མཆོག་རང་ལོ་སོ་བཞི་བ་སྤྱི་ལོ་༡༧༡༧ལོར་ས་སྐྱོང་མིའི་དབང་པོ་བསོད་ནམས་བསྟན་འཛིན་དར་རྒྱས་དང་དོམ་ཚ་བླ་མས་དགོན་བྲག་དཀར་འགོའམ་དཔལ་བཀྲ་ཤིས་ཆོས་འཁོར་གླིང་ཕུལ་ཏེ་མིང་ལ་མདོ་སྔགས་བཤད་སྒྲུབ་གླིང་བཏགས། མི་དབང་དེ་ཉིད་ཀྱིས་ཨ་སྐྱོང་གི་སྡེར་གཏོགས་ཚད་ཀྱི་གྲྭ་རྒྱུན་ཕུལ་བས་གཉན་ཆེན་དགྲ་འཇོམས་རྩལ་གྱིས་མཐུན་རྐྱེན་སྒྲུབ་པའི་རྟགས་སུ་ཐུགས་ཀྱིས་མཁྱེན། རྗེ་བསོད་ནམས་བསྟན་འཛིན་དར་རྒྱས་ཀྱི་མགོར་ཁོང་གི་ཕྱག་བཞག་སྟེ་རྒྱལ་ཁམས་ཆོས་བཞིན་དུ་སྐྱོང་བའི་ཆོས་རྒྱལ་ཆེན་པོ་ཞེས་པའི་མཚན་གསོལ། མཆོད་ཡོན་གཉིས་ཀྱིས་འདི་ཕྱིའི་ལེགས་ཚོགས་གོང་འཕེལ་དུ་འགྲོ་བའི་ཐུགས་སྨོན་ཤིས་བརྗོད་རྒྱ་ཆེར་མཛད། རྗེ་རྒྱལ་བ་གཉིས་པ་ཇོ་ནང་པའི་ཆོས་བརྒྱུད་འདི་བཟུང་ན་ཡོན་བདག་ལ་དགེ་ལེགས་ཕུན་སུམ་ཚོགས་པའི་ལུང་བསྟན་གང་མང་གནང་སྟེ། ཁོང་གིས་རྒྱབ་རིའི་བྲག་ནག་འཛོམས་ཀྱི་ཕྱོགས་ལ་གཟིགས་ཏེ། འདི་ལ་མི་དཀར་དར་གྱི་རལ་གུ་གྱོན་ཞིང་གཡག་དཀར་པོ་ཞོན་པ་འཁོར་སྡེ་བརྒྱད་ཀྱི་དབུས་ན་སྟོབས་རྩལ་ཆེ་བ་ཞིག་ཡོད་པ་ནི་སྲིད་པ་ལྷའི་གཙོ་བོ་ཡིན་པས་ཡུལ་ལྷ་བཀྲ་ཤིས་དཀར་འཛོམས་ཞེས་མིང་བཏགས་པ་ཡིན་གསུངས། འཇིགས་བྱེད་དབང་གི་དུས་སུ་ཆུའི་ཕ་རིའི་ཆུ་མིག་ནག་མ་འབབ་ཟེར་བ་ནས་མཚར་སྡུག་འོད་དུ་ཆགས་པའི་བུད་མེད་དཀར་མོ་ཡིད་དུ་འོང་བ་ཞིག་གིས་དབང་ཡོན་དུ་ནོར་བུ་ཕུལ་བའི་གསལ་སྣང་བྱུང་བ་ནི་ཀླུ་མི་མགོན་དཀར་བོ་ཡིན་པས་ཆུ་མིག་དེའི་མིང་ལ་དཀར་མོ་འབེབ་དང་གྲོང་འདི་ལ་ཡར་ཐང་ཞེས་རྟེན་འབྲེལ་བསྒྲིགས་པ་ཡིན་གསུངས། ཁོང་གི་ཞལ་ནས་ད་ནས་བཟུང་བླ་མ་གཙང་བའི་སྐུ་རབས་དང་ཨ་སྐྱོང་གི་དཔོན་རབས་རྣམས་གཞན་གང་དང་ཡང་མི་འདྲ་བའི་སྒོ་ནས་བསྟན་འཛིན་གྱི་སྐྱེས་བུ་དང་བསྟན་སྐྱོང་གི་རྒྱལ་པོ་གཉིས་བླ་མ་དང་མི་རྒྱབ་གསེར་སྐུ་དང་རྒྱབ་ཡོལ་གྱི་ཚུལ་དུ་འདི་ཕྱི་འོ་མའི་རྒྱ་མཚོ་མ་སྐེམ། དད་ལྡན་གསེར་གྱི་ཟམ་པའི་རྒྱུན་མ་ཆད་པར་མགོ་ལོག་ཨ་སྐྱོང་གི་ཡུལ་གྲུ་ཆེན་པོའི་སྡེར་གཏོགས་ཚད་ཐམས་ཅད་སྤྱིར་དཔལ་ལྡན་རྒྱལ་བ་ཇོ་ནང་བ་དང་ཁྱད་པར་བླ་མ་གཙང་བའི་ལྷ་འབངས་དང་གྲྭ་རྒྱུན་བསྟན་པའི་སྦྱིན་བདག་བཅས་ཡིན་ཞེས་གསུངས། མི་དབང་བསྟན་འཛིན་དར་རྒྱས་སོགས་མཆོག་དམན་ཀུན་གྱིས་དངོས་རྫས་ཀྱི་འབུལ་བ་སྤམ་མཐོ་བ་ཐམས་ཅད་སྨྲ་རོལ་མདོ་སྔགས་བཤད་སྒྲུབ་གླིང་ཞིག་གསོ་དང༌། སྒྲུབ་གྲྭ་གསར་བཙུགས་ཀྱི་ཐེབས་སུ་བཞག་སྟེ་གདན་ས་སྐྱོང་ཚུལ་སོགས་ཆོས་ལྡན་གྱི་བྱ་བ་ཐམས་ཅད་དོམ་ཚ་བླ་མ་ཀུན་དགའ་བཀྲ་ཤིས་དང་སྐུ་ཚ་དབོན་པོ་ཀུན་དགའ་བསོད་ནམས་བཟང་པོ་གཉིས་ལ་ཞལ་བཀོད་གནང་སྟེ་རིམ་པར་ཛམ་ཐང་དུ་ཕེབས་ནས་བསྟན་འགྲོའི་དོན་མཛད་ཚུལ་སོགས་རྣམ་ཐར་དུ་གསལ་ལོ། །དེ་ནས་དོམ་ཚ་བླ་མ་ཀུན་དགའ་བཀྲ་ཤིས་དང་ཀུན་དགའ་བསོད་ནམས་བཟང་པོ་གཉིས་ནས་རིམ་བཞིན་གདན་ས་བཤད་སྒྲུབ་ལས་གསུམ་གྱིས་ཡུན་རིང་བསྐྱངས་ཏེ་རྗེས་མི་དབང་བསྟན་འཛིན་དར་རྒྱས་མཆོག་གི་སྐུ་ཚ་མཁན་རབས་དང་པོ་མཁན་ཆེན་དགེ་འདུན་རྒྱ་མཚོ་ནི་འབྲོག་དགེའི་དབོན་པོ་ཀུན་དགའ་ལྷུན་གྲུབ་སོགས་བླ་མ་མང་དུ་བསྟེན་མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་རྒྱ་ཆེར་མཛད་པས་མཁས་ཤིང་གྲུབ་པའི་ཕ་རོལ་ཏུ་སོན་ཏེ་སྐྱབས་མགོན་རྒྱལ་བ་ཡབ་སྲས་ཀྱིས་ཀྱང་མཁན་ཐོབ་གནང༌། རྒྱལ་བསྟན་སྤྱི་དང་ཁྱད་པར་རྒྱལ་བ་ཇོ་ནང་པའི་བསྟན་པའི་རྒྱལ་མཚན་མཐོན་པོར་བསྒྲེངས་ཏེ་སྒོ་གསུམ་གྱི་བྱ་བ་ཐམས་ཅད་བསྟན་འགྲོའི་གསོས་སུ་སྨིན་པས་ཆོས་སྲིད་ལུགས་གཉིས་ཀྱི་འཕེལ་ཁ་དབྱར་མཚོ་རྒྱས་པ་ལྟར་བྱུང་ངོ༌། །དེ་ནས་མཐུ་སྟོབས་ནུས་པའི་དབང་ཕྱུག་སྐྱབས་རྗེ་ལྷུན་གྲུབ་རྒྱ་མཚོ་མཆོག་གིས་ཀྱང་གདན་ས་འདི་སྐྱོང་བའི་ཚེ་ཀླུ་བྲག་སྲིན་གྱིས་འཚེ་བ་ཡང་ཡང་བྱུང་བ་ལ་གནམ་ལྕགས་ཞུན་མའི་མེ་ཆར་གྱིས་གནོད་བྱེད་བྱེ་མར་བརླགས་པ་སོགས་འཕྲིན་ལས་རྣམ་བཞིའི་འོད་དཀར་གྱི་ཟེགས་མས་རིས་མེད་འགྲོ་བ་ཡོངས་ཀྱི་ཚ་གདུང་གི་རྒུད་པ་དབྱིངས་སུ་བསལ་བས་ནུས་མཐུ་ཆེ་བའི་མཚན་སྙན་གྱི་གྲགས་པ་རྡོ་འཛུ་སྨྲ་གསུམ་གྱི་ཡུལ་གྲུ་ཀུན་ལ་ཁྱབ་པར་བྱུང༌། དེ་རྗེས་རྒྱལ་བ་བོ་ཛའི་རྣམ་འཕྲུལ་དུ་གྲགས་པའི་མཆོད་རྟེན་བླ་མ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་གདན་ས་འཛིན་པའི་ཁུར་བསྣམས་ཏེ་དགོན་སྡེ་ཞིག་གསོ་དང༌། དེའི་ཉེ་འདབས་སུ་ས་དཔྱད་ཀྱི་མཚན་མ་ཤིན་ཏུ་ལེགས་པའི་ཐང་ཆེན་དེར་མཆོད་རྟེན་བཞེངས་སོ། །

བཞི་བ་དགོན་གནས་སྤར་ཚུལ་བཤད་པ།

བཞི་བ་དགོན་གནས་སྤར་ཚུལ་བཤད་པ་ལ།

ཐོག་མར་རྒྱ་བླ་མ་མཆོག་གི་ལོ་རྒྱུས་ལས་བརྩམས་ཏེ་བརྗོད་པར་བྱ་སྟེ། དེ་ཡང་ཨ་སྐྱོང་རྒྱ་བླ་མ་ཞེས་ས་གསུམ་ན་ཉི་ཟླ་ལྟར་གྲགས་པའི་སྐྱེས་མཆོག་དེ་ཉིད་དོན་གྱི་སླད་དུ་མཚན་ནས་སྨོས་ན་ངག་དབང་དཀོན་མཆོག་རྒྱ་མཚོ་གང་དེ་རང་ཅག་གི་བསོད་ནམས་ཀྱིས་བླ་མའི་སྐལ་བ་ཐོབ་པ་འདི་ནི་ཤིན་ཏུ་ཡ་མཚན་པའི་གནས་ལགས་ཏེ། དེ་ཡང་རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས། ཨ་ཐང་ཞིང་གི་པགས་པ་བརྒྱངས་འདྲའི་མཐར༔ མི་ཤིགས་རྡོ་ཡིས་མཆོད་རྟེན་རབ་ཏུ་བརྩིགས༔ སྐྱེས་བུ་དེ་འབྲེལ་ངན་སོང་སྐྱེ་སྒོ་ཁེགས༔ ཞེས་དང༌། རིག་འཛིན་འཇིགས་མེད་གླིང་པའི་གཏེར་ལུང་ལས། མདོ་སྨད་ཕྱོགས་ནས་དཀོན་མཆོག་མིང་མཐའ་ཅན༔ འགྲོ་དོན་རྟེན་མཆོག་རབ་ཏུ་རྒྱས་པ་དང་༔ དེ་དང་འབྲེལ་ཚད་བདེ་ལྡན་ཞིང་དུ་སྐྱེ༔ ཞེས་སོགས་གཏེར་ལུང་དུ་མ་ནས་ལུང་བསྟན་པའི་ཁྱབ་བདག་འཁོར་ལོའི་མགོན་པོ་གང་ཉིད་ཐུགས་སྙིང་རྗེ་ཆེན་པོས་གཞན་དབང་དུ་གྱུར་ཏེ་སྙིགས་དུས་ཀྱི་འགྲོ་ལ་ཉེ་བར་དགོངས་བཞིན་རྒྱལ་ཀུན་ཆོས་སྐུ་ཉག་གཅིག་གི་དབྱིངས་ལས་རྣམ་འཕྲུལ་མ་འགག་རོལ་རྩེད་ཀྱིས་གདུལ་བྱ་འདྲེན་པའི་མགོན་དུ་གཟུགས་སྐུ་མིའི་ཤ་ཚུགས་ཀྱི་རྣམ་པར་སྐྱེ་བ་བཟུང་པའི་ཡུལ་ནི། རབ་དཀར་ཀེ་ལ་ཤ་ཡི་ས་འཛིན་གྱི་ཕྲེང་བ་ཆུ་ཤེལ་ཞུན་མའི་དུམ་བུ་ཕྱོགས་མཐའ་ཀུན་ཏུ་དངར་བའི་དབུས་བོད་ལྗོངས་མདོ་ཁམས་ སྨད་ཆུ་བཞི་སྒང་དྲུག་གི་ཡ་གྱལ་རྨ་གཡང་འདོད་དགུ་འབྱུང་བའི་རྨ་རྫ་ཟལ་མོ་སྒང་གི་ནང་ཚན་ཤར་ཕྱོགས་རོལ་ཆེན་བཅོ་བརྒྱད་ལས་སྨྲ་རོལ་སྟོད་ཀྱི་ཆ་ཡུལ་གྲོང་ཨེ་རྒེ་འབེས་ཞེས་བྱ་བ་ཡིན་ཞིང༌། དེ་ན་ཡབ་རྒྱ་དྷུ་རུ་དང་ཡུམ་ཧོར་བཟའ་གཉིས་ཀྱི་སྲས་ལྕམ་སྲིང་གསུམ་ལས་ཆེ་བར་གྱུར་ཏེ། རབ་བྱུང་བཅུ་བཞི་བའི་མེ་མོ་ཕག་གི་ལོར་འདྲེན་མཆོག་གང་ཉིད་ཀྱི་གཟུགས་སྐུ་སྒྱུ་མའི་རོལ་གར་གསར་བ་མངོན་པར་བཞད་ནས་གདུལ་བྱ་མ་ལུས་པའི་སྙིང་གི་རྨོངས་པའི་སྨག་རུམ་འཐུག་པོ་སངས་བྱེད་ཀྱི་ཟླ་གཞོན་མྱུ་གུའི་ལང་ཚོ་རབ་ཏུ་རྒྱས་པའི་གཟི་བརྗིད་ཀྱིས་ཡུལ་གྲུ་དེའི་ཟླ་བ་དཀར་ཕྱོགས་ལྷ་སྲུང་མཐའ་དག་གི་ཡིད་ལ་སིམ་པ་སྟེར་བའི་བདུད་རྩི་མཆོག་གི་སྨན་དུ་ལེགས་པར་སོན། དེ་ནས་ཕ་མའི་གསོ་ཐབས་ཀྱིས་བསྐྱེད་ཉེ་བར་བསྲིངས་ཏེ་ན་ཚོད་རིམ་གྱིས་སྨིན་པར་བྱས་པའི་དགུང་ལོ་ལྔ་ནས་བཅུ་བཞིའི་བར་དུ་ཆུང་གྲོགས་ཀྱི་བྱིས་པ་གཞན་དག་དང་མི་འདྲ་བའི་ཁྱད་ཆོས་ཉམ་ཐག་གི་གནས་ལ་ཐུགས་རྗེའི་བརྩེ་བ་གཞན་ལས་ལྷག་ཅིང་རྣམ་པར་དཀར་བའི་ཆོས་ལ་མོས་འདུན་གྱི་དོན་གཉེར་ཆེ་བ་ཆོས་ཕྱིར་ཅི་ལ་ཐུག་ཀྱང་བཟོད་བསྲན་དང་ལྡན་ཞིང༌།དགེ་བ་སྒོ་མཐའ་དག་ནས་ཀུན་སྤྱོད་གཙང་བས་རིམ་པ་འདི་རྣམས་ངང་ཤུགས་ནས་ཀྱང་བྱུང་ཞིང༌། དེ་ནས་དགུང་ལོ་བཅོ་ལྔ་ལ་སྔོན་བསགས་རྣམ་དཀར་གྱི་ལེགས་མཐུ་སྨིན་པའི་དབུ་ཚུགས་པའི་ཚུལ་གྱིས་ཐོག་མར་གསུང་རབ་ཀྱི་སྒྲ་ཚིག་ལ་མི་རྨོངས་པའི་ཕྱིར་ཀློག་སློབ་པའི་སློབ་དཔོན་དུ་ཨ་རྒ་བླ་མ་བསྟེན་ནས་རང་ཡུལ་གྱི་སྲོལ་དང་མཐུན་པའི་འདོན་ཆ་མཐའ་དག་ལ་མཁས་པར་བྱས། དགུང་ལོ་བཅུ་དྲུག་ནས་ཉི་ཤུ་ལ་སླེབས་པའི་བར་དུ་རྗེ་བཙུན་སྒྲོལ་མ་ལ་སོགས་པ་ལྷ་དུ་མའི་ཞལ་གཟིགས་པ་དང༌། གཉན་པོ་གཡུ་རྩེ་སོགས་ཡུལ་ལྷ་གཞི་བདག་རྣམས་ཀྱིས་མཐུན་རྐྱེན་སྒྲུབ་པའི་དགེ་མཚན་གྱི་སྣང་བ་འབད་མེད་དུ་བྱུང་བ་དུ་མ་ཡོད་ཀྱང་ཡི་གེ་མང་བས་མ་བྲིས།དེ་ནས་དགུང་ལོ་ཉེར་གཅིག་པ་མེ་མོ་ལུག་ལ་རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་ལུང་གིས་བསྔགས་པའི་གནས་མཆོག་ཆེན་པོ་རྨུག་འཛིན་དབང་པོའི་རི་ཡི་ཉེ་འདབས་དཔལ་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་ཕེབས་ནས་རྡོ་རྗེ་འཆང་དངོས་གཙང་བ་དགེ་སློང་ངག་དབང་ཆོས་འཕེལ་རྒྱ་མཚོའི་ཞབས་པད་སྤྱི་བོར་བླངས།རྡོ་རྗེ་འཆང་ཆེན་པོས་སྐལ་ལྡན་གྱི་སློབ་མར་གཟིགས་ནས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ་རང་རེ་རྒྱལ་བ་ཇོ་ནང་པའི་མེ་ཏོག་ལྷ་ལས་བབས་པའི་ལྷ་སྐལ་དཔལ་དུས་ཀྱི་འཁོར་ལོའི་གསང་ཆེན་རྡོ་རྗེ་ཐེག་པའི་རིམ་གཉིས་ཟབ་མོའི་ཉེ་ལམ་མཐར་ཐུག་སྦྱོར་བ་ཡན་ལག་དྲུག་གི་སྨིན་བྱེད་དབང་དང་གྲོལ་བྱེད་ལམ་རིམ་པ་གཉིས་ཀྱི་དམིགས་ཁྲིད་ཆ་ཚང་དང༌། སྡོམ་པ་འབོགས་པ་སོགས་ཀྱི་ཚེ་མཚན་ལ་ངག་དབང་དཀོན་མཆོག་རྒྱ་མཚོ་ཞེས་གསོལ་ནས་སྔོན་བྱོན་གོང་མ་དག་གི་ཕྱག་བཞེས་ཇི་ལྟ་བ་བཞིན་ཉམས་སུ་བླངས་པས་དབེན་གསུམ་གྱི་དུས་སུ་ཐུགས་ལ་ཞི་གནས་བརྟན་པོའི་ཉམས་དང་གསལ་སྟོང་རིག་པ་རྗེན་ཆར་དུ་ངོ་འཕྲོད་པ་དང༌། སོར་སྡུད་ཀྱི་སྐབས་སུ་འོད་གསལ་གྱི་སྣང་བ་རབ་འབྱམས་དང༌། ཁྱད་པར་ཁྲོ་ཞལ་མཐིང་སྔོན་འཇིགས་སུ་རུང་བའི་གཟིགས་སྣང་འོད་གསལ་རྟགས་བཅུ་གསལ་ཞིང་བརྟན་པ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཀྱི་ཐིག་ལེ་མཐིང་སྔོན་འོད་ལྔའི་མུ་ཁྱུད་ཅན་སོགས་མཐོང་ཞིང༌། བསམ་གཏན་སྐབས་སུ་གཟུགས་སེམས་དབྱེར་མེད་ཀྱི་ཤེས་རབ་རྟོག་དཔྱོད་དགའ་བདེའི་ཉམས་ཁྱད་པར་བའི་ངང་སྟོང་གཟུགས་སེམས་དང་དབྱེར་མེད་པར་བརྟན་ཅིང་མངོན་ཤེས་ཀྱིས་གཞན་སེམས་སོགས་ལྐོག་གྱུར་གྱི་དོན་དུ་མ་དང༌། གཙང་བ་དགེ་སློང་རྡོ་རྗེ་འཆང་ཉིད་ཀྱི་སྔོན་བྱུང་སྐུ་འཕྲེང་སྣ་ཚོགས་པ་ཇི་བཞིན་གསལ་བར་མཁྱེན་པ་དང་རྨི་ལམ་ངང་ཤམྦྷ་ལ་སོགས་དག་པའི་ཞིང་མང་པོར་ཕྱིན་ནས་གདམས་ངག་དུ་མ་ལེགས་ནོད་མཛད་པ་སོགས་བྱུང༌། སྲོག་རྩོལ་གྱི་སྐབས་རང་ལུས་འོད་ཀྱི་གོང་བུ་དང་དུས་འཁོར་སོགས་སུ་ཤར་ཞིང་ལས་རླུང་དབུ་མར་ཞུགས་ནས་གཏུམ་མོ་འབར་འཛག་གི་སྣང་བ་དང་རྡོ་རྗེའི་ཡེ་ཤེས་འབེབས་ཤིང་འཁྲུལ་འཁོར་ཕྱག་རྒྱ་སྒྲ་སྐད་སྣ་ཚོགས་རང་ཤུགས་ཀྱིས་བྱུང་བ་དང༌། འཛིན་པའི་སྐབས་ལུས་ཀྱི་རྩ་མདུད་ཕལ་ཆེར་གྲོལ་ཞིང་ཐིག་ལེ་འབབ་བཟློག་དགྲམ་གསུམ་ཇི་བཞིན་གྱི་ངང་ནས་དགའ་བཞིའི་ཡེ་ཤེས་མཚན་ཉིད་པ་རྒྱུད་ལས་བསྟན་པ་ལྟར་ཐུགས་ཉམས་སུ་འཁྲུངས་ཤིང་རྒྱ་བོད་གྲུབ་ཆེན་དག་གི་ཞལ་གཟིགས་ཀྱིས་ལུས་སྦྱོང་ཕྱག་ནོར་བ་ལེགས་བཅོས་ཀྱིས་འཁྲུལ་འཁོར་རྩ་འགྲེལ་ལ་མཆན་བུ་ཡང་དམ་པ་འདི་ཉིད་ཀྱི་གཟིགས་སྣང་བཞིན་དམ་པ་དག་གིས་མཛད་ལ། རྗེས་དྲན་སྐབས་དམ་པ་འདིའི་ཉམས་སྣང་དུ་བྱུང་བ་ལྟར་འདུག་སྟངས་གསར་བ་ཞིག་རང་སྟོབས་ཀྱིས་མཛད་འདུག་པ་རྗེས་སོར་ཕྱོགས་རྒྱལ་སྦྱོར་དྲུག་ན་ཇི་བཞིན་ཡོད་པས་འདིར་ཁྲིད་ཡིག་སྤར་ལ་ཆད་པ་སླར་བསབ་མཛད་དེ་རྗེས་ཙམ་ན་དམ་པ་འདི་ཉིད་ལ་གནས་ལུགས་ཀྱི་གཤིས་ལྷག་པར་གསལ་བའི་ཉམས་རྟོགས་གཏིང་ཟབ་པ་སྐྱེས་ཚེ་དགེ་སློང་རྡོ་རྗེ་འཆང་གིས་དེ་ལུགས་ཀྱི་ངོ་ཇི་བཞིན་འཕྲོད་དཀའ་བར་གྱུར་ནས་སྡེ་དགེ་དཔལ་སྤུངས་སུ་ཀོང་སྤྲུལ་བཞུགས་པའི་དྲུང་དུ་བྱོན་པར་ཆས་ཚེ་ནུབ་གཅིག་རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གཟིགས་ཀྱི་ཡེ་ཤེས་ཆེན་པོའི་དབང་བསྐུར་དང་ཉམས་ལེན་གནད་ཀྱི་ངོ་སྤྲོད་མཛད་པས་རང་གི་ཉམས་རྟོགས་ལ་ཐུགས་ཐག་ཆོད་ཅིང་དེ་ནས་བཟུང་རྗེ་བཙུན་རིན་པོ་ཆེ་དང་རྒྱ་གར་གྱི་པཎ་གྲུབ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དུ་མ་དང་སངས་རྒྱས་བྱང་སེམས་མཐའ་ཀླས་པའི་སྣང་བ་དང༌། ཁྱད་པར་འཕགས་མ་སྒྲོལ་མ་ལ་ཐུགས་དམ་མཛད་པས་ནམ་ཡང་དབྱེར་མེད་ཀྱི་གཟིགས་སྣང་དང༌། ཡེ་ཤེས་ཀྱི་ཆོས་སྐྱོང་གུར་མགོན་གཙོ་འཁོར་ཕྱག་དྲུག་པ་དྲཀྴད་དུར་ཁྲོད་བདག་པོ། ཚེ་རིང་མཆེད་ལྔ་སོགས་བྲན་གྱི་ཚུལ་དུ་ཡོད་ལ། ཁོང་གི་ཐུགས་སྣང་ངོར་ཐུབ་པའི་དབང་པོ་རྡོ་རྗེ་འཆང་དུས་འཁོར་བདེ་མཆོག་སོགས་རྒྱུད་སྡེ་སོ་སོའི་དཀྱིལ་འཁོར་གྱི་གཙོ་བོ་ཉིད་དུ་མཐོང་བ་སོགས་མྱོང་རྟགས་ཁྱད་པར་ཅན་དུ་མ་ཐུགས་ཉམས་སུ་འཁྲུངས་ལ་ཁོང་ཉིད་རྫོགས་ཆེན་དཔལ་སྤྲུལ་དང་མཇལ་འཕྲད་བྱུང་བས་རྟོགས་འབུལ་ལེགས་ཞུས་ཀྱི་ཚེ་དཔལ་སྤྲུལ་ནས་ཁྲིད་ཡིག་དང་མཐུན་ཚུལ་གྱི་གཟེངས་བསྟོད་དང་ངོ་སྤྲོད་ལེགས་ངེས་ཀྱི་ཐུགས་དགྱེས་པ་ཆེན་པོས་ཡི་རང་མཛད། རྗེ་བླ་མ་རིན་པོ་ཆེ་གཙང་བ་དགེ་སློང་གིས་མཁན་པོ་མཛད་ནས་དགེ་འདུན་གྲངས་ཚང་པའི་མདུན་དུ་དམ་པ་འདིས་བསྙེན་རྫོགས་ཀྱང་ཞུས། ཕྱིས་སུ་རང་ཡུལ་ཡར་ཐང་དུ་གཙང་བ་དགེ་སློང་བྱོན་ནས་དེའི་མདུན་ནས་དམ་པ་འདིས་འདུས་པ་མང་པོ་དང་ལྷན་ཅིག་དུས་འཁོར་དབང་ཆེན་རྒྱུད་སྡེ་དེ་ཉིད་ལྔ་བའི་ཟབ་དབང་ཕུར་བ་བདུད་འཇོམས་རོལ་བའི་སྟོད་ལས་དང་སྨད་ལས་དབང་བསྐུར་སོགས་ཆོས་བཀའ་ཆེས་མང་པོ་ཡང་གསན། གཞན་ཡང་རྡོ་རྗེ་འཆང་རྗེ་བླ་མའི་ཞལ་གྱི་བུམ་བཟང་ལས་ཟབ་བཀའ་རྒྱ་ཆེ་བའི་བདུད་རྩི་ཉེ་བར་སྩལ་བ་དམ་པ་གང་གིས་ལེགས་པར་ནོད་པ་ཡང་སྒྲུབ་ཐབས་རིན་འབྱུང་ནས་བྱུང་བའི་དབང་བཀའ་ཡོངས་རྫོགས་བདེ་མཆོག་རབ་འབྱམས། གཤིན་རྗེ་རབ་འབྱམས་སོགས་ཀྱི་དབང་དང་ཀུན་མཁྱེན་ཆེན་པོའི་གསུང་འབུམ། ཏཱ་ར་ནཱ་ཐའི་གསུང་འབུམ་ལ་སོགས་པའི་བཀླག་ལུང༌། ཟབ་ཆོས་ཉམས་ལེན་གྱི་དམིགས་ཁྲིད་སོགས་དབང་ལུང་དུ་མ་གསན་པས་བླ་མའི་བྱིན་རླབས་དང་སློབ་མའི་གཞི་རྒྱུད་དག་པ་ལྷན་ཅིག་ཚོགས་པའི་བྱེད་རྐྱེན་གྱིས་སྲས་ཀྱི་ཐུ་བོ་མཆོག་ཏུ་གྱུར། འདིའི་སྐབས་སུ་ཁོང་ལ་སྣང་སྲིད་དག་པ་རབ་འབྱམས་ཀྱི་སྣང་བ་འབའ་ཞིག་ཏུ་གྱུར་ཅིང༌། ཉིད་ཀྱིས་ཨ་སྐྱོང་ཁག་གསུམ་ལ་ཐུགས་སྣང་དུ་རི་བོ་ཆེན་པོ་གསུམ་གྱི་རྩེར་འཁྲི་ཤིང་དར་བཅས་རེ་དང་རྩ་བར་འདབ་ཆགས་སོགས་ཀྱིས་བསྐོར་བ་ལ་འཕེལ་འགྲིབ་མང་ཉུང་གིས་ཐུགས་བརྟག་བཞིན་གྱི་ལུང་བསྟན་འདྲ་མིན་སོ་སོར་གསུངས་པ་རྣམས་རྗེས་སོར་ཇི་བཞིན་ཐོག་ཏུ་ཁེལ་ལ། ཡང་ཐེངས་ཤིག་ཏུ་མཆེད་གྲོགས་ཡོན་ཏན་ཞེས་པའི་འཕོ་བ་སྦྱངས་སྐབས་བར་ཆད་རྐྱེན་གྱིས་གློ་བུར་དུ་དབུགས་ཆད་པ་ཁོང་ཉིད་ཀྱིས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་སྟོབས་ཟབ་མོས་མཆེད་གྲོགས་དེ་ཉིད་སླར་སོས་པར་མཛད་ཅིང་རྗེ་འདི་ཉིད་རྗེ་ཏཱ་ར་ནཱ་ཐའི་སློབ་ཆེན་གྱི་རྒྱལ་ཚབ་རིན་ཆེན་རྒྱ་མཚོ་སྣར་ཐང་གྲུབ་ཆེན་དྭགས་པོ་ལྷ་རྗེ་རྣམས་ཀྱི་རྣམ་འཕྲུལ་དུ་ཉིད་ཀྱིས་ཞལ་བཞེས་ཀྱང་མཛད་ལ། ཁོང་ལ་ཉིན་ཅིག་ཡེ་ཤེས་ཀྱི་མཁའ་འགྲོའི་རྣམ་པར་རོལ་བ་བུད་མེད་ཅིག་གིས་མདའ་དར་དམར་པོ་ཞིག་ཉེ་བར་བསྩལ་ཏེ་དེའི་ཞལ་ནས་ཁྱོད་ཀྱི་དབང་དུ་མ་འདུས་པ་གང་དག་མདའ་དར་འདི་གཡོབ་པར་མཛོད་ཅིག་དང༌། དེ་ཀུན་དབང་དུ་འདུ་བར་འགྱུར་རོ་ཞེས་གསུངས་པའི་ཐུགས་སྣང་བྱུང་སྐབས་འདི་ཙམ་ན་དམ་པ་འདི་ཉིད་ཀྱིས་སྙན་པའི་བ་དན་སྲིད་ན་མངོན་པར་མཐོ་བས་ས་སྐྱོང་མིའི་དབང་པོ་ཨ་སྐྱོང་ཁག་གསུམ་གྱི་རྗེ་རྒྱལ་དག་གིས་བཀའ་གྲོས་ཀྱིས་ཕོ་ཉ་བཏང་སྟེ། རྗེ་བླ་མ་ངག་དབང་དཀོན་མཆོག་ཉིད་གདན་ཕེབས་སུ་ཞུ་རུ་འོང་བའི་ཚེ་ཁོང་གི་རྨི་ལམ་འོད་གསལ་དུ་སྐྱབས་རྗེ་དམ་པའི་ཕྱག་ནས་ཆོས་དུང་ཞིག་གནང་སྟེ་ཞལ་ནས་ཁྱོད་ཀྱིས་ཉར་ཚགས་ཀྱིས་ལ་དུས་ལ་བབས་ཚེ་ཀུན་གྱི་རྣ་ལ་སྒྲ་ལེགས་སྒྲོགས་མཛོད་ཅིག་ཅེས་གསུངས་པའི་ཐུགས་ཉམས་བྱུང་བ་ལྟར་རྡོ་རྗེ་འཆང་ངག་དབང་ཆོས་འཕེལ་རྒྱ་མཚོས་ཐུགས་དགྱེས་བཞིན་དུ་ཕར་སློབ་བུ་ཁྱོད་ཀྱིས་སྒྲུབ་བརྒྱུད་ཀྱི་བསྟན་པ་དང༌། སྐུ་གསུང་ཐུགས་ཀྱི་རྟེན་མཆོག་ཆེས་ཆེར་དར་ཞིང་རྒྱས་པ་ཞིག་འོངས་ཞེས་ལུང་བསྟན་འགྱུར་མེད་རྡོ་རྗེའི་ཚིག་གིས་གཟེངས་བསྟོད་ཆེར་བསྔགས་ཀྱི་མེ་ཏོག་གསར་བ་སྐལ་བ་དང་ལྡན་པའི་དབུའི་གཙུག་གི་ཅོད་པན་མཛེས་བྱེད་ཀྱི་རྒྱན་དུ་ཉེ་བར་ཐོབ་པ་ལ་བརྟེན་ནས་དགུང་གྲངས་ཉེར་དགུའི་ཐོག་རང་ཡུལ་དུ་བྱོན། དེ་ནས་དགུང་ལོ་སུམ་ཅུ་བ་མེ་ཕོ་འབྲུག་གི་ལོ་ལ་ཨ་སྐྱོང་གོང་མའི་དཔོན་ནོར་བུ་དགྲ་འདུལ། ཨ་སྐྱོང་ཁང་རྒན་གྱི་དཔོན་ཨོ་རྒྱན། ཨ་སྐྱོང་ཁང་སར་གྱི་དཔོན་སྐལ་བཟང་དགྲ་འདུལ་རྣམས་ཀྱི་བཀའ་གྲོས་ཀྱི་གསུང་འདི་ལྟར། འུ་ཅག་ཡོན་མཆོད་རྣམས་ནི་གཉན་སྲས་ས་སྐྱོང་མིའི་དབང་པོ་ཨ་སྐྱོང་བསོད་ནམས་བསྟན་འཛིན་དར་རྒྱས་དང་བསྟན་པའི་བདག་པོ་སྐྱབས་རྗེ་གཙང་བ་མཆོག་སྤྲུལ་རིན་པོ་ཆེ་ངག་དབང་བསྟན་འཛིན་རྣམ་རྒྱལ་ཟུང་གི་སྐུ་རིང་ནས་གཞན་གང་དང་ཡང་མི་འདྲ་བར་བླ་མ་དང་མི་རྒྱབ། གསེར་སྐུ་དང་རྒྱབ་ཡོལ། འདི་ཕྱི་འོ་མའི་མཚོ་མ་སྐེམ། དད་ལྡན་གསེར་གྱི་ཟམ་པའི་རྒྱུད་མ་ཆད་པར་ད་ལྟའང་དེ་བཞིན་དུ་གནས་ཡོད་པས་ཁྱེད་ཀྱིས་ཆོས་སྡེ་ཆེན་པོ་སྨྲ་མདོ་སྔགས་བཤད་སྒྲུབ་གླིང་དང་འདི་ཉིད་ཀྱང་ས་དཔྱད་ལ་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན་གྱི་དབྱིབས་ཀྱི་རྣམ་པ་གསལ་བ་སོགས་དགེ་མཚན་དུ་མ་ཚང་པའི་གསེར་ལྡན་འཛིན་མའི་ཐིག་ལེ་མཆོད་རྟེན་བླ་མའི་མཆོད་རྟེན་གྱི་སར་གནས་སྤོས་ཏེ་ཆོས་གཞི་དགོན་གནས་འདེབས་པར་ཅི་ནས་ཀྱང་འཚལ་ཞེས་གསུང་དབྱངས་གཅིག་གིས་མགྲིན་པའི་པདྨོ་བཞད་པའི་ཁོང་གིས་གདུལ་བྱ་དུས་བབས་ལ་དགོངས་ཏེ་དེ་དེ་བཞིན་བགྱིད་པར་ཞལ་གྱིས་བཞེས་པས་རབ་བྱུང་བཅུ་བཞི་བའི་བགྲང་བྱ་ལྔ་བཅུ་བ་མེ་འབྲུག་ལོ་འཇམ་དབྱངས་གོང་མ་ཆེན་པོ་ཞོན་ཧོང་ཁྲི་ལོ་དྲུག་པ་སྤྱི་ལོ་༡༨༥༦ལོར་དགོན་གནས་སྤར་བ་ཡིན་ལ་ལོ་དེའི་ཧོར་ཟླ་བཞི་བའི་ཚེས་གཅིག་ལ་སྒྲོལ་མ་དཔག་ཏུ་མེད་པའི་ཞལ་གཟིགས་ཏེ་ལུང་བསྟན་དང་དགེ་མཚན་དུ་མ་བྱུང་བ་ལ་བརྟེན་ནས་ཚེས་བཅུ་གཅིག་ཉིན་འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་བསགས་པའི་རྟེན་མཆོག་སྒྲོལ་མའི་མཆོད་རྟེན་བཞེངས་བར་བརྩམས་ནས་རྨང་བཏིང་མ་ཐག་ནམ་མཁའ་ལ་འཇའ་འོད་ཀྱིས་ཁེངས་པ་དང་མེ་ཏོག་གི་ཚོགས་ཁ་དོག་སྣ་ཚོགས་པ་མང་པོ་ཟོན་མེད་དུ་བབས་པ་ལ་སོགས་པའི་ངོ་མཚར་བའི་ལྟས་བཟང་གིས་ཁྱབ་པས་མི་དང་མི་མ་ཡིན་དག་གི་མཆོད་རྟེན་བཞེངས་པའི་ཆ་རྐྱེན་ཕུལ་ཞིང་ཁྱད་པར་དུ་སྒྲོལ་མ་དམར་མོའི་དབང་སྡུད་ཀྱི་ལྕགས་ཀྱུ་དང་བདེན་སྟོབས་བརྗོད་པའི་གང་འདོད་ཀྱི་རྒྱུ་རྫས་རྣམས་འབད་མེད་དུ་བྱུང༌། མཆོད་རྟེན་གྱི་ཕྱོགས་རེ་རེ་ལའང་ཨ་སྐྱོང་ཁག་གསུམ་གྱི་འདིར་གནས་པའི་སྐུ་ཚབ་བློན་པོ་རེ་རེས་ལས་དཔོན་བྱས་ནས་བརྩིགས་པ་དང་བཟོ་བོ་རྣམས་ཀྱི་ལས་ཀ་ལ་རིམ་པ་སོགས་ཉིན་མོ་མིའི་བརྩིགས་པ་ལས་མཚན་མོ་རྨ་ཆེན་དང་གཡུ་རྩེ་སོགས་གཞི་བདག་མཐུ་རྩལ་ཅན་རྣམས་ཀྱིས་བརྩིགས་པའི་མཐོ་བ་ནི་ངག་རྒྱུན་ཙམ་མ་ཡིན་པར་ཁོང་གི་ལོ་རྒྱུས་ནང་དུ་གསལ་ལ་ཐུགས་ཀྱི་རྟེན་མཆོག་འདི་ཉིད་ཀྱི་ཐོག་བརྩེགས་དགུ་ལྷག་གི་ཕྱི་ནང་གི་བཀོད་པ་ཡོངས་རྫོགས་ངལ་མེད་དུ་གྲུབ་ཅིང་དགེ་མཚན་ལེགས་པའི་ལྟས་བཟང་ཀུན་གྱི་མངོན་གྱུར་མཐའ་ཡས་པ་དང་བཅས་རབ་གནས་མཐའ་རྒྱས་དགའ་སྟོན་གྱི་སྒོ་ནས་བསོད་ནམས་ཀྱི་ཞིང་དམ་པ་ཉེ་བར་བཞེངས་པ་འདི་དང་ཆབས་གཅིག་ཏུ་ཆོས་སྡེ་ཆེན་པོ་འཛམ་ཐང་དུ་མཆོད་རྟེན་འདི་དང་ཐིག་ཚད་གཅིག་པ་ཞིག་བཞེངས། སྐབས་འདིར་ཨ་སྐྱོང་ཁག་གསུམ་དང་དབང་ཆེན་སྟོད་སྨད་ཀྱི་དབུ་བླ་ནི་འདི་གཅིག་པུ་ཡིན་ཏེ། དེ་དུས་སུ་ཨ་སྐྱོང་ནོར་དགྲ་དང་འབོས་དགྲ་གཉིས་འཁོན་འཛིང་སྡུམ་པའི་གྱོད་གཏམ་གྱི་གཟི་དཔང་དུ་བཞུགས་ཏེ་ཕན་ཚུན་བདེན་རྫུན་གྱི་ཤན་ལ་ཚངས་ཐིག་ལྟར་དྲང་བར་མཛད་པས་རྗེ་བོ་གཉིས་ཀྱང་ཐུགས་དགྱེས་པ་བྱུང༌། དེ་ནས་དགུང་ལོ་སོ་གཅིག་པ་མེ་སྦྲུལ་ལོར་འདུ་ཁང་ཆེན་མོ་བཞེངས་ཏེ་དཀའ་ངལ་མེད་པར་ཕྱི་ནང་གི་བཀོད་པ་ཡོངས་རྫོགས་གྲུབ་སྐབས་ཁྱད་ཆོས་བླ་ན་མེད་པ་དུ་མ་ཡོད་ཀྱང་ཡི་གེ་མང་བར་འཇིགས་ནས་དེ་ཙམ་མོ། ། དེ་དང་ཆབས་ཅིག་ཨ་སྐྱོང་ཁག་གསུམ་གྱི་རྗེ་བོ་རྣམས་ཀྱིས་སྒྲོལ་མའི་མཆོད་རྟེན་ལས་ལྷག་པའི་ཆེ་ཚད་ཀྱི་རྣམ་པར་རྒྱལ་མའི་ཐུགས་ཀྱི་རྟེན་མཆོག་བཞེངས་ཏེ་གྱང་ཆེན་གྱི་བར་དུ་བརྩིགས་ཟིན་དེའི་སྟེང་ནས་རྗེ་བླ་མ་ངག་དབང་དཀོན་མཆོག་གིས་བཞེངས་ནས་ཕྱི་ནང་གི་བཀོད་པ་སོགས་ལ་ངལ་དུབ་མེད་པར་གྲུབ་པོ། ། དེ་ནས་མི་རིང་བར་ཕུར་བའི་མཆོད་རྟེན་ཐོག་བརྩེགས་དགུའི་ལྷག་པོ་བཟོ་བཀོད་ཀྱི་ཁྱད་ཆོས་ཤིན་ཏུ་ལེགས་པ་ཞིག་བཞེངས་པའང་སྔོན་སྒྲོལ་མའི་མཆོད་རྟེན་གྱི་སྐབས་ལྟར་ངོ་མཚར་བའི་རྟགས་ཀྱི་མཛད་པ་དང་བཅས་པའི་སྒོ་ནས་ལེགས་པར་གྲུབ་པས་སོ་སྐྱེས་ཀྱི་སྤྱོད་ཡུལ་ལས་འདས་པ་ཞིག་གོ། དེ་ནས་དགུང་གྲངས་བཞི་བཅུ་བ་མེ་ཕོ་སྟག་གི་ལོར་ཆོས་སྡེ་འདི་ཉིད་ཀྱི་ཉེ་འདབས་སུ་སྒྲུབ་གྲྭ་བཙུགས་པ་དང་དགོན་གོང་མར་གྲྭ་ཁང་དང་གཙུག་ལག་ཁང་བཞེངས་ཏེ་དགོན་དེའི་སྦྱོར་དྲུག་པ་ལ་ཨ་སྐྱོང་གོང་མའི་ཕྱོགས་ནས་ཨ་མཁར་བླ་མ་ངག་དར་སོགས་དང༌། འཛི་སྟོད་ཕྱོགས་ནས་སྒང་བ་བླ་མ་བདེ་ལེགས་སོགས་སློབ་བུ་བརྒྱ་ཕྲག་ལྷག་དང༌། དགོན་འོག་མའི་ནཻ་གུ་བ་དང་བསྐྱེད་རིམ་པ་སོགས་སློམ་མའི་ཚོགས་བརྒྱ་ཕྲག་གསུམ་ལྷག་འདུས་པ་དག་ལ་ཟབ་ལམ་གྱི་ཁྲིད་འདེབས་པ་སོགས་དབང་ལུང་ཁྲིད་གསུམ་གྱི་སྒོ་ནས་ལེགས་པར་བསྐྱངས་པར་མཛད་ལ། གཞན་ཡང་མདོ་སྔགས་ཀྱི་དབང་དང་གཞུང་བཤད་རྒྱ་ཆེར་བསྩལ་པའི་ཚོགས་པ་ཡང་ཉུང་ངུ་ལྔ་བརྒྱ་ཙམ་ཚོགས་ཤིང་མང་པ་ལ་ཚད་མེད་པ་འཚོགས་པར་སྣང་སྟེ། མདོར་ན་ཆོས་རྗེ་འདི་ཉིད་ལ་ཁྲིད་ཞུས་པ་རྣམས་ལ་དགེ་སྦྱོར་གྱི་སྣེ་མ་ཟིན་པ་གཅིག་ཀྱང་མེད་དོ། ། འདྀའི་སྐབས་སུ་ཆོས་ཁྲིའི་སྟེང་ནས་ཚོགས་པ་རྣམས་ལ་ཆོས་གསུངས་པ་དང༌། གཟིམས་ཆུང་ལ་ཐུགས་དམ་དུ་བཞུགས་པ་དང༌། དགོན་གོང་མའི་སྦྱོར་དྲུག་པ་རྣམས་ལ་ཆོས་ཁྲིད་གསུངས་པ་སོགས་སྐུ་ལུས་ཀྱི་བཀོད་པ་གསུམ་དུས་གཅིག་ལ་བྱུང་བར་གྲགས་སོ། །སྐབས་ཅི་རིགས་པར་ས་དབང་ཆེན་པོ་ཨ་སྐྱོང་ཁང་སར་དཔོན་གྱིས་གདན་ཞུ་མཛད་པ་བཞིན་ཕེབས་ཏེ་མུ་ར་དགའ་མདོ་ནས་ཚོགས་པ་སྟོང་ཕྲག་དུ་མ་ལ་ཚེ་དབང་དང་དུས་འཁོར་ལྷ་དགུའི་དབང་སོགས་དབང་བཀའ་རྗེས་གནང་རྒྱ་ཆེར་སྩལ་པས་ཐམས་ཅད་ཀྱི་རྩ་བའི་བླ་མ་མཆོག་ཏུ་བཀུར་མཆོད་ཡོན་ཟུང་གི་འགྲེལ་བ་ཤིན་ཏུ་ཟབ་པར་གྱུར་པས་ས་དབང་མཆོག་ནས་རང་རེའི་ཡུལ་འདིར་ཤི་བོའི་སྔས་གཏོད་ས་གསོན་པོའི་སྐྱབས་བཅོལ་ཡུལ་ལ་ཆོས་སྡེ་ཞིག་ཕྱག་འདེབས་མཛད་དགོས་ཚུལ་ཡང་ཡང་གསོལ་བ་བཏབ་པ་ལྟར་ངེས་དོན་ཐེག་མཆོག་ཆོས་འཁོར་གླིང་གསར་དུ་ཕྱག་འདེབས་མཛད་པ་ཡིན་ལ། དེ་ནས་བཟུང་དགོན་འདི་ནས་བླ་འཚབ་རྣམས་རིམ་བཞིན་བཏང་བ་ཡིན་ནོ། ། དེས་ན་རྗེ་བླ་མ་ངག་དབང་དཀོན་མཆོག་གིས་བཞེངས་པའི་རྟེན་མཆོག་དག་གི་ནང་བཞུགས་ཀྱི་རྟེན་རྣམས་ཀྱང་ཆེ་ལོང་ཙམ་བརྗོད་པར་བྱ་སྟེ། ཐོག་མར་རྣམ་རྒྱལ་མཆོད་རྟེན་གྱི་ནང་བཞུགས་ཀྱི་རྟེན་གྱི་བཞུགས་བྱང་ནི། སྟོན་པ་ཤཱཀྱ་ཐུབ་པའི་གསེར་སྐུ་ཁྲུ་ཚད། སློབ་དཔོན་པདྨ་འབྱུང་གནས་ཀྱི་གསེར་སྐུ་ཁྲུ་ཚད། སྒྲོལ་མའི་གསེར་སྐུ་སོགས་བྱིན་ལྡན་གྱི་གསེར་སྐུ་བཅོ་ལྔ་ལ་སོགས་པའི་གསེར་སྐུ་དུ་མ། ཞལ་ཐང་བརྒྱ་ལྷག གོས་སྐུ་ཆེན་མོ་སོགས་སྐུ་རྟེན་དང་བཀའ་འགྱུར་ཚར་གསུམ། བསྟན་འགྱུར་འབུམ་ཆ་བཅུ། བརྒྱད་སྟོང་པ་ཚར་བརྒྱ། གཟུངས་ཆེན་སྡེ་ལྔ་ཚར་འབུམ་སོགས་གསུང་རྟེན་མཐའ་ཡས་པ་དང༌། མཆོད་རྟེན་ཆ་བརྒྱད་གསུམ་སོགས་ཐུགས་རྟེན་དང༌། ཇོ་ནང་བརྟག་བརྟན། རྒྱུད་གྲྭ་སྟོད་སྨད། གྲྭ་ས་གསུམ། བཀྲ་ཤིས་ལྷུན་པོ། སྐུ་འབུམ། རྡོ་བྲག་སྨིན་གླིང༌། ཀཿཐོག རྫོགས་ཆེན། དཔལ་སྤུངས། ར་རྒྱ། ལྷ་རྩེ། འཛམ་ཐང་སོགས་དགོན་སྡེ་མང་པོའི་རྟེན་འདུས་དང༌། སྐྱེ་བདུན་དམ་རྫས་མྱོང་གྲོལ་བདུད་རྩི་ཆོས་སྨན། སྨན་སྒྲུབ། སྒྲུབ་ཆེན་མང་པོའི་རིལ་བུ། རྒྱུད་སྡེ་དཀྱིལ་འཁོར་སྣ་ཚོགས་ཀྱི་རྡུལ་ཚོན་དམ་རྫས་ཨུ་དུམ་ཝ་ར། ཚེ་རིལ་གཡང་རྫས་རིལ་བུ་ལ་སོགས་པ་དང་ཁོང་གིས་རྫུ་འཕྲུལ་གྱིས་བླངས་པའི་རྒྱ་གར་འབྲས་ཀྱི་སྙེ་མ་དང༌། རྒྱ་གར་གནས་ཆེན་རྣམས་ཀྱི་ས་སྣ་ཤིང་སྣ་བལ་ཡུལ་མཆོད་རྟེན་རྣམ་གསུམ་སོགས་ཀྱི་ས་སྣ་ཤིང་སྣ། བོད་གཙང་སོགས་བོད་ཡུལ་གནས་ཆེན་རྣམས་ཀྱི་ས་ཆུ་རྡོ་ཤིང་སོགས་མཐའ་ཡས་སོ། །གཞན་ཡང་གཞི་བདག་མཐུ་རྩལ་རྣམས་ཀྱིས་གནང་བའི་རྟེན་དང་རྟེན་ཁྱད་འཕགས་ཀྱང་ཡོད་དེ། རྨ་ཆེན་སྤོམ་རས་གནང་བའི་ཙནྡན་སྦྲུལ་གྱི་སྙིང་པོ། བཀྲ་ཤིས་ཚེ་རིང་མས་གནང་བའི་བ་མིན་གྱི་ཞོ། གཉན་པོ་གཡུ་རྩེས་གནང་བའི་བླ་རྡོ་སོགས་དང༌། འབྲི་ཨ་འབུམ་གྱི་གསེར་འབུམ་དངུལ་འབུམ། མཚལ་འབུམ། གཉན་གྱི་རྒྱལ་ཐམ་མཐོང་བ་ཟིལ་གནོན། ཨ་སྐྱོང་བསྟན་ལུང་ངམ་བསོད་ནམས་བསྟན་འཛིན་དར་རྒྱས་ཀྱི་ཤང་ལང་འཇང་འགི་ཟིའི་ཉི་ཟླ་སྐར་གསུམ་སོགས་ས་གསུམ་ན་དཀོན་པའི་དངོས་པོ་དག་ཡོད་པ་ནི་ངག་རྒྱུན་ཙམ་བྲིས་པ་མ་ཡིན་པར་རྣམ་རྒྱལ་མཆོད་རྟེན་གྱི་དཀར་ཆག་དད་གསུམ་ཤིང་རྟའི་ནང་ནས་རགས་ཙམ་བྲིས་པའོ། ། སྒྲོལ་མའི་མཆོད་རྟེན་གྱི་ནང་གཞུག་གི་རྟེན་ཀྱང་སྒྲོལ་མའི་གསེར་སྐུ་ཁྲུ་ཚད་ལས་ལྷག་པ་སོགས་བྱིན་ལྡན་གྱི་གསེར་སྐུ་བཅུ་བདུན། ཞལ་ཐང་བརྒྱད་དང་ཉི་ཤུ། བཀའ་འགྱུར་ཚར་གཉིས།བསྟན་འགྱུར་ཚར་གཉིས། ཉི་ཁྲི་ལྔ་བའི་གླེགས་བམ་བརྒྱ་དང་བཅུ། གཟུངས་ཆེན་སྡེ་ལྔ་ཚར་གསུམ་ལྷག་དང༌། མཆོད་རྟེན་ཆ་བརྒྱད་གཉིས། བཀའ་གདམས་མཆོད་རྟེན་ཁྲུ་གང་ལས་ལྷག་པ། སངས་རྒྱས་འོད་སྲུང་གི་རིང་བསྲེལ་གསེར་བུམ་སོགས་ངོ་མཚར་བའི་རྟེན་དུ་མ་དང༌། ཇོ་ནང་རྟག་བརྟན་སོགས་གནས་ཆེན་ཀུན་གྱི་ས་ཆུ་རྡོ་ཤིང་སོགས་ཀྱི་བར་དུ་རྣམ་རྒྱལ་མཆོད་རྟེན་ལྟར་ཡིན་ནོ། ། ཕུར་བའི་རྟེན་གྱི་ནང་བཞུགས་ཀྱི་རྟེན་རྣམས་ཀྱང་འདི་ལྟར་དང་ཅུང་ཟད་ཙམ་མ་གཏོགས་ཁྱད་པར་མེད་པ་ཡིན་པས་ཡི་གེ་མང་བར་འཇིགས་ནས་མ་བྲིས་སོ། ། མཆོད་རྟེན་གསུམ་གྱི་གནོད་སྦྱིན་མཛོད་གཏེར་ལ་ཆོ་ག་བཞིན་འཁོར་ལོ་ཚད་ལྡན། ནོར་ལྷའི་རིགས་ཀྱི་སྐུ་འབུམ་གཏེར་བརྒྱ་ལྷག་གསེར་དངུལ་གཡུ་བྱུར་སྤོས་ཤེལ་ལ་སོགས་རིན་ཆེན་སྣ་མང་ནས་གྲོ་འབྲས་སྲན་སོགས་འབྲུ་སྣ་མང་པོ་དང༌། ཨ་བར་སྐྱུར་གསུམ་བཟང་པོ་དྲུག་སོགས་སྨན་སྣ་ཚོགས་དང༌། ཇ་མར་ཆུར་བ་གྲོ་མ་སོགས་ཟས་སྣ་ཚོགས། གོས་འཕྲུག་ཐེར་རས་སོགས་དར་ཟབ་སྣ་ཚོགས། མེ་མདའ་གཞུ་མདུང་ཤང་ལང་གྲི་ཐུང་སོགས་མཚོན་ཆ་སྣ་ཚོགས། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག ཕུར་བུ་རལ་གྲི་ཁ་ཊཾ་སོགས་ཕྱག་མཚན་སྣ་ཚོགས་ཏེ་མཁོ་དགུའི་ཡོ་བྱད་མ་ཚང་པ་མེད་པའི་གཏེར་རྒྱས་བཏབ་པ་སོགས་ཡོད། དེ་ནས་དགུང་ལོ་ང་གཅིག་པ་མེ་མོ་གླིང་གི་ལོར་མི་དབང་འབོས་སྒྲ་ཉིད་ཀྱིས་གདན་ཞུ་ལྟར་དབང་ཆེན་སྟོད་སྨད་དུ་ཕེབས་ཏེ་དངོས་རྫས་ཀྱང་གྱ་ནོམ་པ་ཕུལ་བ་དང་ཁྱད་པར་རྒྱ་ཤར་གྱི་ཚོང་པ་ཞིག་གིས་སྒྲོལ་མ་ཉེར་གཅིག་གི་གསེར་སྐུ་ཕུལ། མི་དབང་དེ་ཉིད་ཀྱིས་དགོན་སྡེ་འདིའི་བསྟན་པའི་སྦྱིན་བདག་བྱེད་རྒྱུ་ཁས་བླངས། དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་གྲུབ་ནས་དགུང་གྲངས་དྲུག་ཅུ་བཞེས་པའི་ཚེ་སྐུ་ཚ་དབོན་པོ་བསྟན་གསལ་དང་ཐུགས་སྲས་དམ་པ་བླ་མ་མཁས་དབང་རབ་འབྱོར་གཉིས་ཀྱི་གཙོས་དགེ་འདུན་བརྒྱ་ཕྲག་དུ་མ་ལ་རང་རང་གི་སྐལ་བ་དང་འཚམ་པའི་ཟབ་ཆོས་མང་དུ་གནང་བའི་མཐར་རབ་བྱུང་བཅོ་ལྔ་བའི་མེ་ཕོ་ཁྱིའི་ལོ་ཧོར་ཟླ་བཅུ་བའི་ཚེས་བརྒྱད་ཉིན་སྤྲུལ་བའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་སུ་གཤེགས།འདི་ནས་མི་རིང་བར་ས་དམར་བླ་མས་དགོན་སྡེ་འདི་རུ་དཔལ་མཆོག་དུས་ཀྱི་འཁོར་ལོའི་ཐུགས་ཀྱི་རྟེན་བརྩིགས་ཏེ་ཕྱི་ནང་གི་བཀོད་པ་ཡོངས་རྫོགས་ཀྱང་དགེ་མཚན་གྱི་སྣང་བ་དུ་མ་དང་བཅས་པའི་སྒོ་ནས་གྲུབ། དེ་བཞིན་དུ་དཔོན་མོ་གཟི་བརྗིད་སྒྲོལ་མས་རྣམ་པར་རྒྱལ་མའི་ཐུགས་ཀྱི་རྟེན་མཆོག་བཞེངས་པའི་རྒྱུ་རྫས་རྣམས་སྦྱར་ཏེ་ཨ་སྐྱོང་གོང་མའི་ས་འདིར་གནས་པའི་སྐུ་ཚབ་བརྩོན་རྒྱམ་གྱིས་ལས་དཔོན་བྱས་ཏེ་ཐོག་བརྩེགས་དགུའི་བཀོད་པ་རྣམས་ངལ་མེད་དུ་གྲུབ་ཅིང་རབ་གནས་མཐའ་རྒྱས་དགའ་སྟོན་གྱི་སྒོ་ནས་བསོད་ནམས་ཀྱི་ཞིང་དམ་པ་ཉེ་བར་བཞེངས་སོ། ། འདིའི་ནང་བཞུགས་ཀྱི་རྟེན་ཀྱང་བཀའ་འགྱུར་དང་བསྟན་འགྱུར་སོགས་མཐའ་ཡས་པ་དག་དང༌། ཁྱད་པར་ཨ་སྐྱོང་སྟོད་སྨད་ཁག་གསུམ་གྱི་སྤྱི་ཟོག་རྨོག་བྱང་ཐོད་རྩེ་རྒྱལ། ཁྲབ་བྱང་མིག་དགུ་བ། ཚིམ་ཚིམ་ཨ་ལུང་དགུ་བསྒྲིགས། དགྲ་བླའི་ཚེ་གོས་སེར་བོ། ཤང་ལང་གསེར་ཐུར་ཅན། སྒྱུག་པོའི་གསེར་འབྲུག་ཁ་སྤྲོད། ཐེལ་ཚེ་གསེར་ཡོ་ཅན་རྣམས་སོ། །

རྣལ་འབྱོར་བ་ཆེན་པོ་དབོན་པོ་བསྟན་གསལ་མཆོག

རྣལ་འབྱོར་བ་ཆེན་པོ་དབོན་པོ་བསྟན་གསལ་མཆོག་ནི།

ཡབ་མདོས་ཚེ་པོ་ལེ་དང༌། ཡུམ་རྒྱ་བཟའ་ནག་ཝོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་བའི་མེ་ཕག་ལོར་སྐུ་འཁྲུངས། རྗེ་བླ་མ་ངག་དབང་དཀོན་མཆོག་ལས་ངེས་གསང་ཐེག་པ་མཆོག་གི་ཆོས་ཚན་གྱི་རིམ་པ་རྣམས་པ་རྫོགས་པར་གསན་པས་མངོན་པར་རྟོགས་པའི་ཉམས་མྱོང་གི་ཀློང་བརྡོལ་ཞིང༌། རྗེ་བླ་མ་མཆོག་གི་ཞལ་བཀོད་བཞིན་ཆོས་སྡེ་འདིའི་རྡོ་རྗེ་སློབ་དཔོན་དང་དབང་ལུང་ཁྲིད་གསུམ་སོགས་ཀྱི་ཁུར་བཞེས་ཏེ་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཀུན་ནས་དར་བར་མཛད་ཅིང་ཁྱད་པར་རྟོགས་པའི་དབང་ཕྱུག་ཆེན་པོ་མཚམས་པ་སྨོན་ལམ་བཟང་པོ་ཆོས་སྡེ་འདིར་ཕེབས་ཏེ་ཟླ་དྲུག་པའི་བར་དུ་དབོན་པོ་བསྟན་གསལ་ལས་དབང་དང་གདམས་པ་མང་དུ་གསན། གྲུབ་ཐོབ་འདར་འཕྱར་བའི་རྣམ་འཕྲུལ་རྒྱ་དབོན་བསོད་ནམས་བསྟན་འཛིན་ནི། ཡབ་རྒྱ་རིང་མགོན་དང༌། ཡུམ་ཁྲ་བཟའ་གཉིས་ཀྱི་སྲས་སུ་རབ་ཚེས་མེ་ཕག་ལོར་སྐུ་འཁྲུངས། རྟོགས་པའི་དབང་ཕྱུག་ས་དམར་བླ་མའི་དྲུང་ནས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་ལམ་ལ་ཉམས་ལེན་མཐར་ཕྱིན་མཛད་པས་ཉམས་རྟོགས་ཀྱང་ཁྱད་པར་འཕགས་པ་རྒྱུད་ལ་སྐྱེས། ཕུར་བའི་བསྙེན་སྒྲུབ་ཀྱི་དུས་རྡོ་རྗེ་གཞོན་ནུས་ཞལ་མངོན་སུམ་དུ་གཟིགས་ཤིང༌། ནག་པོ་ཆེན་པོ་སོགས་བྲན་གྱི་ཚུལ་དུ་ཡོད། ལོ་དུ་མར་ཚོགས་དང་སྒྲུབ་མཆོད་འགྲིག་ལམ་སོགས་གཟིགས་རྟོག་ནན་ཏན་མཛད་ཅིང་ལས་སྣེ་བསྐོ་བཞག་དང་ཁྲི་འཛིན་སོགས་ཆོས་ལྡན་གྱི་བྱ་བ་ཐམས་ཅད་ཀྱི་ཁུར་བཞེས་སྟབས་བླ་སྤྲུལ་གཞན་ལས་བཀའ་དྲིན་ཆེ་བའི་ཚད་དུ་བཞག

མཁན་རབས་གཉིས་པ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་རྣམ་འཕྲུལ་རི་ཤུལ་མཁན་པོ་སངས་རྒྱས་འོད་ཟེར།

མཁན་རབས་གཉིས་པ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་རྣམ་འཕྲུལ་རི་ཤུལ་མཁན་པོ་སངས་རྒྱས་འོད་ཟེར་ནི།

རབ་ཚེས་ས་གླང་ལོར་འཁྲུངས། མདོ་དང་སྔགས་ཀྱིས་བསྡུས་པའི་ཆོས་ཐུགས་གཉེར་དཔྱིས་ཕྱིན་པར་གནང་བས་མཁས་པའི་དབང་པོར་གྱུར། ལོ་འགའ་ལ་རང་དགོན་གྱི་དབྱར་གནས་མཁན་པོར་བཞུགས་ཤིང་ལེགས་བཤད་གསེར་ཕྲེང་དང་སྤྱོད་འཇུག་འདུལ་བ་སོགས་ཀྱི་འཆད་ཉན་ཀྱང་མཛད། རྗེས་སོར་རང་དགོན་གྱི་བླ་འཚབ་ཏུ་ངེས་དོན་ཐེག་མཆོག་ཆོས་འཁོར་གླིང་དུ་ཕེབས་ཏེ་བསྟན་འགྲོའི་དོན་མཛད་དོ། །

རྗེ་བླ་མ་ངག་དབང་དཀོན་མཆོག་གི་ཡང་སྤྲུལ་ངག་དབང་བསྟན་འཛིན་བཟང་པོ་མཆོག

རྗེ་བླ་མ་ངག་དབང་དཀོན་མཆོག་གི་ཡང་སྤྲུལ་ངག་དབང་བསྟན་འཛིན་བཟང་པོ་མཆོག་ནི།

ཡབ་སབ་ཀུན་མཁྱེན་དང་ཡུམ་མགར་བཟའ་འོ་མཚོ་གཉིས་ཀྱི་སྲས་སུ་རབ་ཚེས་མེ་སྤྲེལ་ལོར་སྐུ་འཁྲུངས། གཙང་ཆེན་གྱི་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་འབྱོར་རྒྱ་མཚོའི་དྲུང་ནས་ཟབ་ལམ་སྦྱོར་བ་ཡན་ལག་དྲུག་ལ་ཉམས་བཞེས་ལྷོད་མེད་དུ་མཛད་པས་རྒྱུད་ནས་བསྟན་པ་ལྟར་གྱི་ཉམས་རྟོགས་རྣམས་རྒྱུད་ལ་སྐྱེས། མ་ཅག་གི་དམག་གིས་རྟེན་རྣམས་མེས་འཇིག་པ་རྣམས་ཀྱང་ཉམས་གསོ་ཚད་མེད་མཛད་ནས་དམ་པ་གོང་མའི་ཕྱག་བཞེས་ཇི་ལྟ་བ་བཞིན་དུ་གདན་ས་བསྐྱངས་ཏེ་དགུང་གྲངས་ཞེ་བདུན་གྱི་དུས་སུ་སྐུ་གཤེགས།

བྱམས་མགོན་མིའི་རྣམ་རོལ་བླ་མ་དམ་པ་སངས་རྒྱས་རྡོ་རྗེ།

བྱམས་མགོན་མིའི་རྣམ་རོལ་བླ་མ་དམ་པ་སངས་རྒྱས་རྡོ་རྗེ་ནི།

ཡབ་མདོས་ཚེ་མཆོག་དང་ཡུམ་པེ་བཟའ་རྫོགས་ལི་གཉིས་ཀྱི་སྲས་སུ་རབ་ཚེས་ཆུ་སྟག་ལ་འཁྲུངས།བཤེས་གཉེན་ཆེན་པོ་ངག་དབང་ཚོགས་གཉིས་རྒྱ་མཚོ་སོགས་བླ་མ་མང་དུ་བསྟེན། མདོ་སྔགས་ཀྱིས་བསྡུས་པའི་གཞུང་ལུགས་རབ་འབྱམས་ལ་སྦྱངས་བ་མཐར་ཕྱིན་པར་གནང་བས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མཆོག་མངའ་བའི་སྐྱེས་བུ་ཆེན་པོར་གྱུར། ས་ཡོས་ལོར་རྗེ་ཚོགས་གཉིས་རྒྱ་མཚོའི་བཀའ་ལུང་ལྟར་སྒྲུབ་གྲྭ་བསམ་གཏན་གླིང་དུ་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་ཏེ་སྦྱོར་དྲུག་པ་ཆོས་ཚན་བཅུ་གསུམ་ལ་རིམ་པར་གསང་ཆེན་རྡོ་རྗེ་ཐེག་པའི་ཟབ་རྒྱས་གདམ་པ་མཆོག་གིས་ལེགས་པར་བསྐྱངས། གཞན་དོན་གཉེར་ཅན་འགའ་ལ་ལམ་རིམ་བསྡུས་གྲྭའི་ཟུར་དཔྱད་སྤྱོད་འཇུག་ཕུང་ལྔའི་རྣམ་བཤད་སོགས་ཀྱང་འཆད་ཉན་མཛད། ལྷ་དབང་རྣམས་ལ་བསྙུང་གནས་དང་ལས་རྒྱུ་འབྲས་ཀྱི་རྣམ་བཞག ཚེ་དབང༌། རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང་སོགས་གང་ལ་གང་འདོད་ཀྱི་དབང་བཀའ་རྗེས་གནང་མང་དུ་གསུངས། ལྕགས་ཡོས་ལོར་འབྲོག་དགེ་སྤྲུལ་སྐུ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་གདན་ཞུ་བྱས་ཏེ། ཕྱོགས་ཕྱོགས་ནས་འོང་བའི་ཨ་མཁར་སྤྲུལ་སྐུ་འགྲོ་ཕན། རྫ་ནང་བླ་མ་མཁྱེན་ལྡན། རྒྱལ་སྲས་པད་ལོ། འབོ་ཚའི་མཁན་སྤྲུལ་རྣམས་དང༌། ཀ་བཞི་གཏེར་སྟོན་སོགས་འདུས་པ་སྟོང་ཕྲག་དུ་མ་ལ་དུས་འཁོར་དབང་ཆེན་དང་བླ་གྲྭ་རྣམས་ལ་རྒྱུད་སྡེ་རབ་འབྱམས་ཀྱི་དབང་གིས་རྒྱུད་སྨིན་ཅིང་ལམ་སྐྱེ་རུང་གི་ནུས་པ་ཁྱད་པར་ཅན་བཞག་པའི་ཆ་རྐྱེན་བསྐྲུན་ཞིང༌། རྒྱལ་བསྟན་སྤྱི་དང་ཁྱད་པར་ཀུན་མཁྱེན་ཇོ་ནང་པའི་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་རྒྱས་སུ་མཛད་པས་སློབ་མའི་ཚོགས་ཀྱང་གླང་བླ་གསལ་བཟང་དང༌། འཕེས་བླ་ཚུལ་རྒྱམ་སོགས་སློབ་ཆེན་མང་དུ་བྱུང༌། ཚེ་དང་སྒྲུབ་པ་སྙོམས་པར་མཛད་ནས་དགུང་གྲངས་དོན་གཉིས་པ་ཆུ་མོ་གླང་གི་ལོར་མངོན་པར་དགའ་བའི་ཞིང་དུ་གཤེགས། མཁན་རབས་གསུམ་པ་མཁས་དབང་ཆེན་པོ་ངག་དབང་བསྟན་འཛིན་བཟང་པོ་མཆོག་ཀྱང་རབ་རྒྱལ་མེ་ཁྱིའི་ལོ་ནས་ལོ་ཁ་ཤས་ཙམ་ལ་རང་དགོན་གྱི་དབྱར་གནས་མཁན་པོར་བཞུགས་ཤིང་སྡོམ་གསུམ་དང་འདུལ་བ་གཞི་གསུམ་གྱི་ཁྲིད་ཀྱང་ཞིབ་རྒྱས་སུ་བསྩལ། མཁན་རབས་བཞི་བ་བདག་གི་འདྲེན་པ་མཚུངས་མེད་མཁན་ཆེན་ཆོས་ཀྱི་རྒྱལ་པོ་ངག་དབང་བློ་བཟང་འཕྲིན་ལས་མཆོག་ནི། ཡབ་སྐལ་བཟང་སྐྱབས་དང་ཡུམ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་བར་ཚེས་མེ་སྦྲུལ་ལོར་སྐུ་འཁྲུངས། ཡི་གེ་འབྲི་ཀློག་སོགས་ལ་སྦྱངས་པ་ཙམ་གྱིས་ཐུགས་སུ་ཆུད། དམ་པའི་མཚན་རྟགས་ལྷན་སྐྱེས་སུ་མངའ་བས་བླ་མ་དམ་པ་བློ་བཟང་ཚུལ་ཁྲིམས་དང་ངག་དབང་བསྟན་པ་རབ་རྒྱས། ངག་དབང་ཚོགས་གཉིས་རྒྱ་མཚོ་སོགས་མཁས་ཤིང་གྲུབ་པའི་བཤེས་གཉེན་མང་པོའི་ཞབས་པད་སྤྱི་བོར་བླངས་ཏེ་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་གཞུང་ལུགས་རབ་འབྱམས་ལ་སྦྱང་བརྩོན་མཐའ་ཆོད་པར་མཛད་པས་བཤད་སྒྲུབ་ཀྱི་རྩལ་ཡོངས་སུ་རྫོགས་ཏེ་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་བསྟན་པའི་སྣང་བྱེད་ཆེན་པོར་གྱུར། ཁྱད་པར་གསང་བདག་འབྱུང་བོ་འདུལ་བྱེད་ཀྱི་རྣལ་འབྱོར་བསྒོམ་པས་ཐུན་མོང་སྣང་ཚོད་དུ་བསྐྱེད་རིམ་རགས་པ་མཐར་ཕྱིན་ཏེ། ལྷ་དང་བཅས་པའི་གཟིགས་སྣང་དཔག་ཏུ་མེད་ཅིང་ཆོས་སྐྱོང་རྣམས་བྲན་བཞིན་དུ་འཁོར། དགུང་གྲངས་ཞེ་གཅིག་པ་མེ་བྱའི་ལོར་རང་དགོན་དུ་ཕེབས་ནས་སྤྲུལ་སྐུ་རྣམ་གསུམ་གཙོས་ཆོས་ཚན་གསུམ་ལ་སོ་སོར་བསྡུས་གྲྭའི་སྤྱི་དོན་དང་ཕུང་ལྔའི་རྣམ་བཤད་ལྡོག་ཆ་ངོས་འཛིན་སོགས་ཀྱི་འཆད་ཉན་ཀྱང་མཛད། ལོ་དེར་དབྱར་གནས་ཀྱི་མཁན་པོར་བཞུགས་ཤིང་མདོས་དབོན་སངས་རྒྱས་རྡོ་རྗེ་སོགས་འདུས་པ་བརྒྱ་ཕྲག་ལྷག་ལ་རྟ་མགྲིན་གཞུང་ཁྲིད་གནང༌། རྗེས་སོར་ཡང་དགོན་འདིར་ཕེབས་ནས་རྟ་མགྲིན་སྒྲུབ་ཆེན་སྒྲུབ་དཔོན་ཞག་བདུན་ལ་བཞུགས་ཤིང༌། སེར་སྐྱ་ཁྲི་ཕྲག་གཉིས་ལྷག་ལ་དུས་འཁོར་དབང་ཆེན་ལྷ་དགུ་མི་འཁྲུགས་པ་རྟ་ཕྱག་ཁྱུང་གསུམ་བཅས་ཀྱི་དབང་དང་རྗེས་གནང་ལེགས་བསྩལ་ཞིང༌། དགེ་ཚུལ་སློང་ཡང་བརྒྱ་ཕྲག་ཙམ་གྱིས་བསྒྲུབས། ཉིན་གསུམ་རབ་གནས་འགྲོ་ཕན་རྒྱས་བྱེད་ཀྱི་སྒོ་ནས་སྒྲོལ་མའི་མཆོད་རྟེན་སོགས་སྐུ་གསུང་ཐུགས་རྟེན་རྣམས་ལ་རབ་གནས་དགའ་སྟོན་མཐའ་རྒྱས་དང་བཅས་ཏེ་མཇུག་ལེགས་པར་གྲུབ་པོ། །འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་ཉིད་ཀྱང་རབ་གནས་ས་སྟག་ལོར་བསམ་བཞིན་དུ་ཞི་བའི་དབྱིངས་སུ་གཞོལ། ། འཇའ་བླ་མ་ཤེར་དབང་མཆོག་གིས་ཀྱང་རང་དགོན་ལ་དུས་འཁོར་ལྷ་དགུའི་སྒྲུབ་མཆོད་བཙུགས་པ་སོགས་བཀའ་དྲིན་ཤིན་ཏུ་ཆེ་བས་བསྐྱངས། ཉག་བླ་བསོ་རྒྱལ་ལམ་གཏེར་ཆེན་ལས་རབ་གླིང་པའི་རྣམ་འཕྲུལ་ངག་དབང་བཤད་སྒྲུབ་དཔལ་ནི། ཡབ་རྒྱ་སྤྲུལ་ངག་དབང་བསྟན་འཛིན་དང་ཡུམ་ཕྱིར་སྐ་བཟའ་པན་སྒྲོན་གཉིས་ཀྱི་སྲས་སུ་རབ་རྒྱལ་མེ་ཡོས་ལོར་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་འཁྲུངས། བླ་མ་དམ་པ་ངག་དབང་བསྟན་པ་རབ་རྒྱས་དང་མདོས་དབོན་སངས་རྒྱས་རྡོ་རྗེ་གཉིས་ལས་ཟབ་ལམ་རྡོ་རྗེ་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་ལ་ཉམས་ལེན་གནད་སྨིན་མཛད་པས་ཉམས་རྟོགས་ཕུལ་དུ་བྱུང་བ་ཐུགས་ལ་འཁྲུངས་ཏེ་རྟོགས་པའི་དབང་ཕྱུག་ཆེན་པོར་གྱུར། ཆུ་སྦྲུལ་ལོར་དགེ་བའི་བཤེས་གཉེན་ཆེན་པོ་སངས་རྒྱས་རྡོ་རྗེས་ཁོང་གི་རྒྱལ་ཚབ་ཏུ་མངའ་གསོལ་ཏེ་སྦྱོར་དྲུག་པ་ཆོས་ཚན་བཅུ་ལ་རིམ་པར་གདམས་ངག་བདུད་རྩི་མཆོག་གིས་ལེགས་པར་བསྐྱངས། རང་དགོན་དང་འབྲ་ལོ་དགོན་གྱི་ལུང་ཚ་བ་སྒ་མདའ་སོགས་ལ་ཕེབས་ཏེ་རིས་མེད་འགྲོ་བ་ཡོངས་ལ་བདེ་ཆེན་འཆང་དབང་ཞིང་ཁྲིད་སོགས་ཀྱི་ཆོས་སྦྱིན་མི་ཟད་པའི་སྒོ་འཕར་ཡངས་པོར་ཕྱེས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་གྲུབ་པའི་མཐར་རབ་གནས་མེ་ཡོས་ལོར་སྐུ་གཤེགས་སོ། །དཔལ་ལྡན་བླ་མ་དེའི་རྣམ་ཐར་བ་བདག་གི་སྔར་བྲིས་པ་ལས་ཤེས་པར་བྱའོ། །

རབ་ཀ་བླ་མ་མཁས་དབང་གི་ཡང་སྤྲུལ་བསྟན་ནོར་མཆོག

རབ་ཀ་བླ་མ་མཁས་དབང་གི་ཡང་སྤྲུལ་བསྟན་ནོར་མཆོག་ནི།

རབ་རྒྱལ་ས་སྦྲུལ་ལོར་འཁྲུངས། བླ་མ་དམ་པ་སངས་རྒྱས་རྡོ་རྗེ། གླིང་འབུད་མཁན་པོ། མཁན་ཆེན་བློས་འཕྲིན་རྣམས་ཀྱི་དྲུང་ནས་གཞུང་ལུགས་རབ་འབྱམས་ལ་ཐུགས་གཉེར་མཐའ་ཆོད་པར་མཛད་པས་མཁས་པའི་གྲགས་པ་ཆེན་པོ་བྱུང༌། རྗེས་སོར་རང་དགོན་གྱི་ཆོས་ཁྲིམས་སོགས་ལོ་དུ་མར་ཆོས་ལྡན་གྱི་བྱ་བ་ཐམས་ཅད་ཀྱི་ཁུར་བཞེས། ཕྲན་རང་ལ་ཡང་འབའ་མདའ་དང་ཆགས་མེད་ཀྱིས་མཛད་པའི་ནག་རྩིས་ཡོངས་དང་ཉིན་བྱེད་སྣང་བའི་ལྔ་བསྡུས། གཟའ་ལྔ། གཞན་དབྱངས་འཆར་གྱི་འཁོར་ལོ་འགའ་ཞིག་དང་དཀྱིལ་འཁོར་རྒྱ་མཚོའི་ཐིག་ལས་འགའ་རེ་དང་བཅས་པའི་བཀའ་དྲིན་བསྐྱངས་སོ། །

མདོས་དབོན་རྒན་གྱི་ཡང་སྤྲུལ་ཤེར་གྲགས།

མདོས་དབོན་རྒན་གྱི་ཡང་སྤྲུལ་ཤེར་གྲགས་ནི།

ཡབ་རྨང་དགེ་བསོ་གཅེས་དང་ཡུམ་རྟུག་རྒྱ་བཟའ་ཨ་སྒྲོན་གཉིས་ཀྱི་སྲས་སུ་རབ་རྒྱལ་ས་སྟག་ལ་འཁྲུངས། མདོས་དབོན་སངས་རྒྱས་རྡོ་རྗེ་དང་བླ་མ་དམ་པ་བཤད་སྒྲུབ་དཔལ་རྣམ་གཉིས་ཀྱི་དྲུང་ནས་སྦྱོར་བ་ཡན་ལག་དྲུག་ལ་ཉམས་ལེན་གནད་ཁེལ་མཛད་ཀྱང་དུས་ཀྱི་འགྱུར་ལྡོག་གི་དབང་གིས་སྐུ་ཚེ་མཐའ་མ་འཁྱོལ་བས་སོ། ། མཐུ་སྟོབས་ནུས་པའི་མངའ་བདག་སྤྲུལ་སྐུ་བྱང་ཆུབ་དཔལ་ནི། རབ་རྒྱལ་མེ་གླང་ལ་འཁྲུངས། བླ་མ་དམ་པ་སངས་རྒྱས་རྡོ་རྗེ་ལས་ཟབ་ཆོས་རྣལ་འབྱོར་ཡན་ལག་དྲུག་གི་ཆོས་བཀའ་མཐའ་དག་ལེགས་པར་ཐུགས་ཉམས་སུ་བསྟར་བས་ཉམས་དང་རྟོགས་པའི་རྩལ་རྫོགས་ཤིང༌། ཀུན་གྱི་ནུས་མཐུ་ཆེ་བའི་ཚད་དུ་བརྩིས། རབ་རྒྱལ་ལྕགས་སྤྲེལ་ལོར་དགོན་པའི་གཙོ་འགན་བཞེས་ཏེ་བླ་མ་དམ་པ་བཤད་སྒྲུབ་དཔལ་གྱི་སྐུ་གདུང་ལྷ་ཁང་དང་བཅས་པ་བཞེངས། སྒྲོལ་མའི་མཆོད་རྟེན་སོགས་རྟེན་བཞེངས་གཞན་རྣམས་ཀྱི་འགོ་འཛིན་ཀྱང་མཛད། རབ་གནས་ལྕགས་སྟག་ལ་གཤེགས་སོ །

ཨ་མཁར་བླ་མ་མཁས་དབང་རབ་འབྱོར་གྱི་ཡང་སྤྲུལ་འགྲོ་ཕན་རྒྱ་མཚོ་མཆོག

ཨ་མཁར་བླ་མ་མཁས་དབང་རབ་འབྱོར་གྱི་ཡང་སྤྲུལ་འགྲོ་ཕན་རྒྱ་མཚོ་མཆོག་ནི།

ཡབ་མགོ་ཚུལ་དང་ཡུམ་རྡོར་མཚོ་གཉིས་ཀྱི་སྲས་སུ་རབ་རྒྱལ་ཤིང་ཁྱིའི་ལོར་འཁྲུངས། རྟོགས་པའི་དབང་ཕྱུག་གདུང་ཡངས་བླ་མའི་དྲུང་ནས་ཟབ་ལམ་སྦྱོར་བ་ཡན་ལག་དྲུག་གི་གདམས་པ་ཟབ་མོ་རྣམས་ཚུལ་ཇི་ལྟ་བ་བཞིན་ལེགས་པར་ཉམས་སུ་བླངས་པས་ཉམས་དང་རྟོགས་པའི་འཆར་སྒོ་དག་ཀྱང་རྒྱུད་ནས་བསྟན་པ་ལྟར་ཐུགས་ལ་མངའ། རྗེས་སོར་རྒྱ་སྤྲུལ་སྐུ་ངག་དབང་བསྟན་འཛིན་མཆོག་ནས་ཨ་མཁར་བླ་མའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་རབ་རྒྱལ་ས་བྱིའི་ལོར་རང་དགོན་དུ་ཁྲི་སྟོན་ཀྱང་ལེགས་པར་བྱས། ཕྱིས་སུ་རང་དགོན་ལ་དངུལ་གྱི་སྐུ་གདུང་རིན་ཆེན་ཕྲ་ལྡན། བཀའ་འགྱུར། མི་ཕམ་དང་ཀོང་སྤྲུལ་རྣམ་གཉིས་ཀྱི་གསུང་འབུམ། ཉི་ཟླ་རྩེ་ཞྭ་གདན་རིང་ཤམྦྷ་ལས་ཞིང་བཀོད་དང་གནས་བརྟན་བཅུ་དྲུག་གི་ཞལ་ཐང་སོགས་ཞལ་ཐང་སྤུས་ལེགས་བཅུ་སོགས་གནང་སྦྱིན་རྒྱ་ཆེ་བའི་བཀའ་དྲིན་བསྐྱངས། སྐུ་ཚེ་ཧྲིལ་བཽར་སྐུ་བཙུན་པའི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལ་མངའ་དབང་འབྱོར་བ་ཡིན་སྟབས་རི་ཁྲོད་ངེས་མེད་དུ་ཚེ་དང་སྒྲུབ་པ་སྙོམས་པར་མཛད་པའི་སྒོ་ནས་ད་ལྟའང་སྐུ་འཚོ་ཞིང་བཞུགས་བཞིན་པའོ། །

བླ་མ་དམ་པ་ཨེ་མགོན་མཆོག

བླ་མ་དམ་པ་ཨེ་མགོན་མཆོག་ནི།

ཡབ་ལམ་གོའི་པན་བཟང་དང་ཡུམ་འཕེས་བཟའ་ཁུས་ལི་གཉིས་ཀྱི་སྲས་སུ་རབ་རྒྱལ་ཤིང་ཁྱིའི་ལོར་སྐུ་འཁྲུངས། བླ་མ་དམ་པ་སངས་རྒྱས་རྡོ་རྗེའི་དྲུང་ནས་དཔལ་དུས་ཀྱི་འཁོར་ལོའི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་ལ་བླ་མས་ཇི་སྐད་གདམས་པ་ལྟར་སྒྲུབ་པ་ལྷུར་ལེན་གྱི་བརྩོན་པ་ལྷོད་མེད་མཛད་པས་དམ་པའི་རང་རྟགས་མངོན་དུ་གྱུར། མཁན་ཆེན་བློ་བཟང་འཕྲིན་ལས་ལས་བསྡུས་གྲྭའི་སྤྱི་དོན་ལ་སྦྱངས་བཙོན་ལྷོད་མེད་མཛད། བླ་མ་ཐུགས་རྗེ་དཔལ་ལས་རིན་འབྱུང་བརྒྱ་རྩ་སོགས་དབང་ལུང་མན་ངག་རྒྱ་མཚོ་ལྟ་བུ་ལ་གསན་བསམ་རྒྱ་ཆེར་མཛད་ཅིང་རྒྱུན་དུ་འདོད་ཆུང་ཆོག་ཤེས་ཀྱིས་སྒྲུབ་པ་ཉམས་ལེན་ལ་རྟག་ཏུ་གཞོལ་བས། ས་འབྲུག་ལོར་སྒྲུབ་གྲྭ་བསམ་གཏན་གླིང་དུ་རྡོ་རྗེ་སློབ་དཔོན་གྱི་ཁུར་བཞེས་ཏེ་སྦྱོར་དྲུག་པ་ཆོས་ཚན་བཅུ་གསུམ་ལ་རིམ་པར་ལེགས་བཤད་བདུད་རྩིའི་གྲུ་ཆར་གྱི་དགའ་སྟོན་ཕབས་ཏེ་སྐུ་འཚོ་ངེས་ནས་གདུལ་བྱ་སྐྱོང་བཞིན་པའོ། །

ཨ་སྐྱོང་རྒྱ་སྤྲུལ་ངག་དབང་བསྟན་འཛིན་མཆོག

ཨ་སྐྱོང་རྒྱ་སྤྲུལ་ངག་དབང་བསྟན་འཛིན་མཆོག་ནི།

ཡབ་རྨོག་གི་བཀྲ་དཔལ་དང་ཡུམ་ཆོས་རྗེ་བཟའ་ཀླུ་སྐྱིད་གཉིས་ཀྱི་སྲས་སུ་རབ་རྒྱལ་ས་བྱིའི་ལོར་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་འཁྲུངས། སྐྱེས་བུ་དམ་པ་བཅུ་གསུམ་གྱིས་མགྲིན་གཅིག་ཏུ་རྒྱ་སྤྲུལ་སྐུའི་ཡང་སྤྲུལ་འཁྲུལ་མེད་ཡིན་པར་ཐུགས་ཐག་བཅད། ལོ་ལྔ་ལ་སླེབས་དུས་གསེར་ཁྲི་ལ་མངའ་གསོལ། སྒྲོལ་མའི་གསེར་སྐུ་དང༌། རྒྱ་བླ་མའི་ཕྱག་ཕྲེང་ལ་དངོས་འཛིན་མཛད། མཁན་ཆེན་བློ་བཟང་འཕྲིན་ལས་སོགས་མཚན་ཉིད་ལྡན་པའི་བླ་མ་བཅུ་གསུམ་ལྷག་གི་ཞལ་སྔ་ནས་མདོ་དང་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་རྒྱ་ཆེར་མཛད་ནས་ཐུགས་ཉམས་སུ་བསྟར་བས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ་རང་དབང་འབྱོར་བའི་སྐྱེས་ཆེན་དམ་པར་གྱུར། མེ་ཡོས་ལོར་བཟོ་བཀོད་ཤིན་ཏུ་ལེགས་པའི་རྣམ་པར་རྒྱལ་མའི་ཐུགས་ཀྱི་རྟེན་མཆོག་ཐོག་ཚད་དགུ་ལྷག་གི་ཕྱི་ནང་གི་བཀོད་པ་ཡོངས་རྫོགས་ངལ་མེད་དུ་གྲུབ་ལ། རབ་གནས་ཆུ་སྤྲེལ་ལོར་ཕུར་བའི་མཆོད་རྟེན་བཞེངས་པའི་མགོ་བརྩམས་ཏེ་ལོ་གཉིས་ཀྱི་ཁོངས་སུ་ཐོག་ཚད་དགུ་ལྷག་གི་ཕྱི་ནང་གི་བཀོད་པ་རྣམས་ལེགས་གྲུབ་བྱུང༌། མེ་ཕག་ལོ་ནས་བཟུང་དགོན་པའི་མཐའ་ཁོར་དུ་ལྕགས་རིའི་ཚུལ་དུ་འཁོར་ཆུང་འཁོར་ཁང་རང་ཚད་ལ་སྨིད་བརྒྱ་དང་ལྔ་བཅུ་ཙམ་དང་འཁོར་ཆུང་དྲུག་ཅུ་རེ་གཉིས་བཀའ་ཆོས་དུང་འཁོར་ཆེན་མོ་དང༌། ཕྱི་ནང་གི་བཀོད་པ་ཁྱད་པར་ཅན་དང་ལྡན་པའི་ཀ་བརྒྱ་ལྷག་གི་རྒྱ་ཚད་དང་ལྡན་པའི་ལྷ་ཁང་རྟེན་བརྟེན་པ་བཅས་གསར་བཞེངས་མཛད་པ་སོགས་བཀའ་དྲིན་བླ་ན་མེད་པ་བསྐྱངས། མདོར་ན་ཆོས་སྡེ་ཆེན་པོའི་གླིང་འདིའི་ཆོས་ལྡན་གྱི་བྱ་བ་ཐམས་ཅད་ཀྱི་འགན་བཞེས་ཏེ་ལོ་རེ་རེ་བཞིན་རིས་མེད་གདུལ་བྱ་ཡོངས་ལ་བདེ་ཆེན་ཞིང་དབང་དང་ཞིང་ཁྲིད་སོགས་ཞི་བསིལ་ཆོས་ཀྱི་བདུད་རྩིས་བསྐྱངས་པ་ཡིན་ལ། ད་ལྟའང་སྐུུ་འཚོ་ངོས་ནས་བསྟན་འགྲོའི་དོན་དུ་ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་བཞིན་པའི་སྐབས་སོ། །

མཁན་ཆེན་ཤེས་རབ་དཔལ།

མཁན་ཆེན་ཤེས་རབ་དཔལ་ནི།

ཕ་ལུང་རྟོགས་དང་མ་སེམས་སྐྱིད་གཉིས་ལ་རབ་རྒྱལ་ཆུ་འབྲུག་ལོར་སྐྱེས། མཁན་ཆེན་བློ་བཟང་འཕྲིན་ལས་སོགས་བླ་མ་དམ་པ་མང་དུ་བསྟེན། མདོ་སྔགས་རིག་གནས་ཀྱི་གཞུང་སོགས་གཞུང་ལུགས་དུ་མ་ལ་སྦྱངས་པ་རྒྱ་ཆེར་བྱས། ལོ་དགུ་ཙམ་དུ་བཤད་གྲྭ་རྨད་བྱུང་ཐོས་བསམ་གླིང་དུ་མཁན་པོའི་ལས་འགན་ཁུལ་བྱས་ཏེ་འབའ་མདའ་ཡབ་སྲས་ཀྱི་ཡིག་ཆ་གཙོ་བོར་བཟུང་སྟེ། བསྡུས་གྲྭའི་སྤྱི་དོན་ཚར་གསུམ། ལྡོག་ཆ་ངོས་འཛིན་ཚར་གསུམ། བློ་སྦྱོང་དོན་བདུན་མའི་འགྲེལ་བ་ཚར་གསུམ། སྦྱོར་དྲུག་སྤྱི་དོན་ཚར་གཉིས། ཕར་ཕྱིན་དོན་གསལ་མེ་ལོང༌། དབུ་མ་ཕྱོགས་ལྷུང་མུན་སེལ། བསྡུས་གྲྭའི་ཟུར་དཔྱད། རྒྱུ་བཞིའི་རྣམ་བཤད།ཀུན་མཁྱེན་ལམ་བཟང༌། ན་རོའི་སྤྱི་དོན། རྟ་མགྲིན་གཞུང་ཁྲིད། ཕུར་བ་གཙོ་རྐྱང་གི་ཁྲིད། པྲ་ཏིའི་སུམ་རྟགས་འགྲེལ་བ། བོད་མཁས་པའི་སྙན་ངག་འགྲེལ་པ། འདར་ལོའི་སྒྲ་ཊཱིཀ དཀྱིལ་འཁོར་རྒྱ་མཚོའི་ཐིག་ལས་འགའ་རེ་དང་བཅས་པ་འཆད། གཞན་ཡང་རྩམ་ཆོས་ཀྱང་བླ་མ་བློས་འཕྲིན་དང༌། བླ་མ་སྐལ་ལྡན་དང༌། དཔོན་པོ་སངས་རྒྱས་རྡོ་རྗེའི་རྣམ་ཐར་སོགས་མཛད་ནས་བསྟན་འགྲོའི་དོན་རྒྱ་ཆེར་སྒྲུབ་བཞིན་གནས་ལགས་སོ། །

མཁན་རབས་དྲུག་པ་འབྲས་རབ་འབྱམས་པ་མཁན་ཆེན་ངག་དབང་དངོས་གྲུབ་དཔལ་ལགས།

མཁན་རབས་དྲུག་པ་འབྲས་རབ་འབྱམས་པ་མཁན་ཆེན་ངག་དབང་དངོས་གྲུབ་དཔལ་ལགས་ནི།

ཡབ་རྒྱ་ཡི་གདུང་རྒྱུད་དུ་གྲགས་པ་འཇམ་ཤེར་དང༌། ཡུམ་གྱ་ལ་བཟའ་ཞེས་ཆུང་གཉིས་ཀྱི་སྲས་སུ་བོད་རབ་བྱུང་༡༦པའི་བགྲང་བྱ་༤༤པ་ཐུན་མོང་ཞེས་པ་ལྕགས་ཕོ་ཁྱི་ལོའི་ཟླ་བ་དང་པོའི་དགའ་བ་གསུམ་པ་སྤྱི་ལོ་༡༩༧༠དུས་ཕུན་སུམ་ཚོགས་པ་ལ་སྐུ་འཁྲུངས་པ་ལགས་སོ། ། ལོ་བཅོ་ལྔའི་སྟོན་ཁར་རྡོ་རྗེ་འཆང་ཆེན་པོ་བླ་མ་བཤད་སྒྲུབ་དཔལ་གྱི་མདུན་ནས་སྦྱོར་བ་ཡན་ལག་དྲུག་གི་ཉམས་ལེན་བྱས།དེ་ནས་མཁན་ཆེན་བློ་བཟང་འཕྲིན་ལས་ཀྱི་དྲུང་དུ་ཕར་ཕྱིན་དང་སྦྱོར་དྲུག་སྤྱི་དོན།དབུ་མ་གཞན་སྟོང༌། རྟ་མགྲིན། ཕུར་བ། འབྱུང་འདུལ་སོགས་ཀྱི་བསྐྱེད་རིམ་དང་དུས་འཁོར་དབང་ཆེན་སོགས་དབང་ལུང་ཁྲིད་གསུམ་མང་དུ་ཞུས། བླ་མ་ཐུགས་རྗེ་དཔལ་གྱི་མདུན་ནས་སྦྱོང་རྒྱུད་བཅུ་གཉིས་དང་བརྒྱུད་སྡེ་རབ་འབྱམས། ཤང་ཆོས་སྐོར་དང༌། ཕུར་བ་སོགས་ཇོ་ནང་བའི་དབང་ལུང་ཁྲིད་གསུམ་དུ་མ་ཐོབ། ཨ་སྐྱོང་མགོན་པའི་མཁན་པོ་ཤེས་རབ་དཔལ་གྱི་མདུན་ནས་བསྡུས་གྲྭ་སྤྱི་ཟུར་གཉིས་དང༌། ཕར་ཕྱིན།བློ་སྦྱོང་སོགས་ཞུས། ཨ་མཆོག་མཚན་ཉིད་དགོན་དང་བླ་བྲང་བཀྲ་ཤིས་འཁྱིལ་སོགས་མདོ་དབུས་ཁམས་གསུམ་སོགས་ཀྱི་བླ་མ་དུ་མ་བསྟེན་ཏེ་ཐོས་བརྩོན་དཔྱིས་ཕྱིན་པར་མཛད་ཅིང་ལྷག་པར་དུ་འཕགས་ཡུལ་འབྲས་སྤུངས་གྲྭ་སར་མི་ལོ་བརྒྱད་དུ་བཞུགས་ནས་ལྷ་རིམ་དང་པོ་བློ་བཟང་དགེ་འདུན་དང༌། ལྷ་རིམ་པ་ཡོན་ཏན་དམ་ཆོས་བརྟེན་ནས་མཁས་པའི་བྱ་བ་རྣམ་གསུམ་གྱི་མཛད་བཟང་ཕྱོགས་སུ་འཕུར། མཁན་ཆེན་དམ་པ་གང་ཉིད་ཀྱི་ཐུབ་བསྟན་དར་སྤེལ་གྱི་མཛད་པ་ལས་ཁ་བྱང་ཙམ་བརྗོད་ན་བོད་ཡུལ་དུ་ཕེབས་ཁར་སྐྱབས་མགོན་རྒྱལ་དབང་རིན་པོ་ཆེ་བསྟན་འཛིན་རྒྱ་མཚོ་མཆོག་ནས་ཇོ་ནང་མ་དགོན་སུམ་ལ་རྟག་བརྟན་ཕུན་ཚོགས་ཆོས་གླིང་གི་མཁན་པོར་མངའ་གསོལ་ཏེ་ཕྱག་རྟགས་སྤྱི་བོའི་མཛེས་རྒྱན་དུ་གནང༌། རྩ་བའི་གདན་ས་ཨ་སྐྱོང་དགོན་གྱི་བཤད་གྲྭ་རྨད་བྱུང་ཐོས་བསམ་གླིང་སླར་གསོ་མཛད་དེ་ལས་ཐོག་གི་མཁན་པོའི་ཕྱག་ལས་མཛད་དེ་ལོ་གསུམ་བཞུགས།དགོན་དེར་སྔར་མ་བྱུང་བའི་དགེ་འདུན་གྱི་སྡེ་དང་འགྲིག་ལམ་ཡར་རྒྱས་གོང་འཕེལ་གྱི་སྐལ་བ་ཤར། ལྕམ་མདའ་དགོན་ཐུབ་བསྟན་ངེས་དོན་ཆོས་འཁོར་་གླིང་དུ་ཐེངས་ལྔར་བྱོན་ནས་རྩོད་པ་གསར་འཛུགས་དང་སློབ་གྲྭ་བཙུགས། གཞུང་དུ་མ་བཤད་ཁྲིད་དང༌། ལུགས་གཉིས་ཀྱི་སློབ་སྟོན་གནང་བ་སོགས་བཀའ་དྲིན་བླ་ན་མ་མཆིས་པ་བསྐྱངས། མདོ་ལིའི་རྡོ་ཁ་དགོན་ངེས་དོན་ཆོས་འཁོར་གླིང་དུ་ཞབས་ཀྱིས་བཅག་སྟེ་རྩོད་པ་དང་བཅས་པའི་བཤད་གྲྭ་དང་སློབ་གྲྭ་གསར་འཛུགས་བྱས་ནས་ཟླ་བ་བདུན་ཙམ་བཞུགས་ནས་ཟབ་རྒྱས་ཆོས་ཀྱི་དགའ་སྟོན་རྒྱ་ཆེར་གནང༌། ལུང་སྐྱ་དགོན་མི་འགྱུར་བདེ་ཆེན་གླིང་དུ་གདན་འདྲེན་ཞུས་པ་ལྟར་བྱོན་ནས་ཐེག་མཆོག་དབུ་མའི་བཤད་ཁྲིད་ཟླ་བ་བཞི་ཙམ་མཛད། གནས་དེར་ཕྱོགས་ཀྱི་དགེ་འདུན་དུ་མ་འདུས་ནས་ཚད་མའི་འཛིན་གྲྭ་ཐེངས་གསུམ་པ་ཚོགས་པ་སོགས་དགོན་དེར་མཛད་རྗེས་བླ་ན་མེད་པ་བཞག ཕྱོགས་ཀྱི་མཁས་དབང་དུ་མ་ལ་ཚད་མའི་འཛིན་གྲྭ་སྔ་ཕྱི་ཐེངས་གསུམ་ཚོགས་ནས་རང་ལུགས་ཀྱི་ཚད་མའི་འཆད་ཁྲིད་སླར་གསོ་མཛད། ཇོ་ནང་གི་ཆོས་སྡེ་དུ་མ་ལ་སློབ་གྲྭ་གསར་འཛུགས་བྱས་ནས་བསྟན་པའི་གཞི་རྩ་བསྐྲུན། ༢༠༠༦ ལོར་པེ་ཅན་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་གསུམ་པའི་མཐོ་རིམ་རབ་འབྱམས་པའི་འཛིན་གྲྭའི་དགེ་རྒན་དུ་གདན་འདྲེན་ཞུས་པ་ལྟར་བྱོན་ཏེ་མཁན་བློ་ཆོས་དང་དགེ་འདུན་རྒྱ་མཚོ་སོགས་ལ་བཀའ་བསྡུ་བཞི་བའི་ཆོས་ཁྲིད་གནང༌། དེ་ནས་བཟུང་ད་བར་དུ་ལོ་རེ་རེ་བཞིན་སློབ་གྲྭ་དེར་བྱོན་ནས་དཔང་བཞུགས་དགེ་རྒན་དང༌། བོད་བརྒྱུད་ནང་བསྟན་མཐོ་རམས་པའི་ཡོན་གནས་དཔྱད་ཞིབ་པའི་ཕྱག་ལས་གནང་བཞིན་ཡོད། ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཐེངས་གསུམ་པའི་སྐབས་སུ་དམ་པ་གང་ཉིད་རྒྱུན་ལས་རྣམས་ཀྱི་ནང་ནས་གཞན་སྟོང་བགྲོ་གླེང་གི་གཙོ་འགན་པར་བསྐོ་བཞག་གནང༌། ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཐེངས་དང་པོའི་སྐབས་སུ་དམ་པ་གང་གིས་ཐོག་མར་དགོན་སྡེ་དུ་མའི་མཁན་བླ་སྤྲུལ་དུ་མ་ལ་འབོད་བསྐུལ་ཞུས་ནས་ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཚོགས་རྒྱུའི་གྲོས་འཆམས་བྱུང༌། དེ་ནས་༢༠༠༦་གི་ལོར་གཞན་སྟོང་བགྲོ་གླེང་གི་སྐལ་བཟང་ཐེངས་དང་པོ་ཤར། དེ་ནས་བཟུང་ད་བར་ཏུ་དམ་པ་གང་གི་གཞན་སྟོང་བགྲོ་གླེང་ཆེན་པོའི་ཚོགས་ཆུང་དང་རྒྱུན་ལས་ཀྱི་འགན་ཁུར་ཡོངས་རྫོགས་བཞེས་ནས་གཞན་སྟོང་བགྲོ་གླེང་ཆེན་པོའི་རྫོགས་ལྡན་གྱི་སྐལ་བཟང་བཞད། བགྲོ་གླེང་དེ་ལ་བརྟེན་ནས་ཇོ་ནང་དགོན་སྡེ་ཕལ་ཆེར་གྱི་འཆད་ཉན་གོང་འཕེལ་དུ་གྱུར་པའི་ཕུན་སུམ་ཚོགས་པའི་རྨད་བྱུང་གི་རྫོགས་ལྡན་གསར་བའི་ལང་ཚོ་བཞད། ཡང་མཁན་ཆེན་དམ་པ་གང་ཉིད་༢༠༠༨ལོར་ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཐེངས་བཞི་བའི་སྐབས་སུ་ཇོ་ནང་སྤྱིའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་གི་དུས་ཁྲིད་མཁན་པོར་མངའ་གསོལ་མཛད་ནས་གཞན་སྟོང་བགྲོ་གླེང་ཐེངས་བཞི་བའི་སྐབས་རྒྱུད་བླའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་བཤད་ཁྲིད་མཛད། གཞན་སྟོང་བགྲོ་གླེང་ཐེངས་ལྔ་བའི་སྐབས་གཞན་སྟོང་དབུ་མའི་རྒྱན་དང་དེའི་ལུང་སྦྱོར་བཤད་ཁྲིད་གནང་བར་མཛད། ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཀྱིས་མཁན་ཆེན་དམ་པ་དངོས་གྲུབ་དཔལ་ལ་ཇོ་ནང་མདོ་སྔགས་སློབ་གླིང་གི་མཁན་རབས་དང་པོའི་མཚན་གནས་བསྩལ། དམ་པ་གང་གིས་མདོ་སྔགས་སློབ་གླིང་གི་དབུ་འཛུགས་ཏེ་མཁན་པོ་ལས་ཐོག་གི་ལས་འགན་ལོ་གཉིས་ལ་བཞེས། དེའི་རིང་ལ་སྤྱོད་ལམ་དང་འཆད་ཉན་སོགས་སྔར་ལས་ལྷག་པའི་དར་རྒྱས་བླ་ལྷག་ཏུ་འཕེལ། དེ་སྐབས་སུ་ཇོ་ནང་དགོན་སྡེ་དུ་མའི་འཆད་ཉན་གྱི་ཕྱིར་འཆད་རྩོད་རྩོམ་གསུམ་ནུས་པའི་མཁས་པ་བརྒྱད་ཙམ་མཁན་པོ་ལ་མངའ་གསོལ་ཏེ་མཚན་རྟགས་གནང༌། དེ་སྐབས་སུ་ཞར་ལ་མདོ་སྨད་ཀྱི་ཇོ་ནང་གི་ཆོས་སྡེའི་ཐོག་མ་ཆོས་རྗེ་དགོན་ལ་ཚད་མའི་དཔེ་ཁྲིད་གནང་བ་སོགས་བཀའ་དྲིན་བསྐྱངས། དམ་པ་གང་ཉིད་རྒྱལ་རོང་ཕྱོགས་སུ་ལན་དུ་མར་བྱོན་ནས་གང་གིས་བཀའ་སློབ་ཡང་ཡང་གནང་བ་དང་བདག་རྐྱེན་ཅུང་ཟད་སྦྱར་བ་སོགས་ཀྱིས་སྒོ་ནས་འབོད་བསྐུལ་ཞུས་པ་བཞིན་རྒྱལ་རོང་གི་དགོན་སྡེ་བཅུ་ཕྲག་ལྷག་ལ་སློབ་གྲྭ་ལེགས་པར་འཛུགས་པའི་སྐལ་བཟང་མངོན་པར་བཞད། སྔོན་བྱོན་སྐྱེས་བུ་དུ་མས་ལུང་བསྟན་བཞིན་ཛ་མགོའི་རི་ཁྲོད་བྱང་ཆུབ་ཆོས་རྫོང་དུ་ཡང་ཡང་གདན་ཞུས་མཛད་པ་བཞིན་ཞབས་ཀྱིས་བཅག་སྟེ།ཇོ་ནང་བརྩེ་ཆེན་མཐོ་སློབ་རྟག་བརྟན་ལྔ་རིག་དར་རྒྱས་གླིང་བཏབ། ཇོ་ནང་བརྩེ་ཆེན་མཐོ་སློབ་དེར་མཁན་པོའི་གདན་ཁྲིར་བཞུགས་ནས་ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་བཞི་བརྒྱ་ལྷག་ལ་དབུ་ཕར་ཚད་མ་སོགས་དམ་པའི་ཆོས་ཆར་གྱི་སྐལ་བཟང་གི་རྫོགས་ལྡན་གསར་བ་མངོན་པར་བཞད། དགོན་དེར་ལུགས་གཉིས་གང་གི་ཆ་ནས་ཀྱང་ཐུགས་རྗེའི་ཉི་མའི་འོད་སྣང་ལྷག་པར་ཆེས་ཆེར་གསལ་བ་ནི་གངས་རི་པ་སྤྱི་དང་ཇོ་ནང་པ་ལ་བཀའ་དྲིན་གཞལ་མཐའ་བྲལ། ད་ལྟ་ཆོས་ཐང་དགོན་ལྔ་རིག་དར་རྒྱས་གླིང་དུ་སློབ་མ་ལྔ་བརྒྱ་ལྷག་ལ་གཞུང་བཀའ་པོད་ལྔའི་འཆད་ཁྲིད་མཛད་ནས་ལོ་གསུམ་ལོན་པའོ། །དམ་པ་གང་གི་མཛད་བཟང་ཆེ་ཤོས་ནི་གང་ཉིད་རྒྱ་གར་ནས་བྱོན་པ་ནས་བཟུང་ཇོ་ནང་གི་དགོན་སྡེ་དུ་མ་རྩོད་པ་གསར་འཛུགས་དང༌། རང་ལུགས་ཀྱི་ཡིག་ཆའི་འཆད་ཉན་དར་རྒྱས་མཛད་པ་དང༌། ཇོ་ནང་གི་དགོན་སྡེ་དུ་མར་སློབ་གྲྭ་གསར་འཛུགས་དང༌། གོས་རྣམ་གསུམ་མནབ་ལུགས་སོགས་སྤྱོད་ལམ་ཡར་རྒྱས་མཛད་པ་དང༌། གཞན་སྟོང་བགྲོ་གླེང་འཛུགས་དགོས་པའི་བསྐུལ་མ་མཛད་པ་མ་ཟད་བགྲོ་གླེང་གི་སྤྱི་ཁྱབ་ཀྱི་གཙོ་འགན་བཞེས་པ་སོགས་ལ་བརྟེན་ནས་ད་ལྟའི་ཆ་ལ་ཇོ་ནང་དགོན་པ་ཕལ་ཆེར་གྱི་བཤད་གྲྭ་གོང་འཕེལ་ཡོང་བ་ནི་དམ་པ་གང་གི་མཛད་བཟང་གི་འོད་སྣང་ཡིན་ནོ། །སྐྱེས་བུ་དམ་པ་གང་གི་ལྗགས་རྩོམ་ཡང་པར་བསྐྲུན་བྱས་ཟིན་པ་པོད་བཅུ་ཡོད། དམ་པ་གང་གིས་རང་ལོ་ཉེར་བཞི་ནས་བཟུང་ད་བར་ལོ་བཅུ་བདུན་ཙམ་གདུལ་བྱ་ལ་གང་འདུལ་གྱིས་ཆོས་ཁྲིད་མཛད། བོད་བརྒྱུད་ནང་བསྟན་སློབ་གླིང་ནས་བཀའ་པོད་བཞིའི་རྒྱུགས་སྤྲད་ནས་ཨང་དང་པོ་ཐོབ། ལས་གནས་ཐོབ་ཐང་དགེ་རྒན་ཆེན་མོ་རིམ་པ་དང་པོའི་ཕྱག་ཁྱེར་ཐོབ་པའོ། །དེས་ན་དམ་པ་གང་ཉིད་ས་རྡོའི་བསྟན་པ་དང་རླངས་འཁོར་དང་ཁང་བ་རྫིག་པོ་འཁོར་གཡོག་མཛའ་མོ་སོགས་དཔལ་འབྱོར་གྱི་བསྟན་པ་འཛིན་པའི་གང་ཟག་མ་ཡིན་པར་ལྟོ་སྐྱ་གོས་ཧྲུལ་ངང་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་འཆད་རྩོད་རྩོམ་གསུམ་གནང་བའི་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་ལགས་སོ། །བྱུང་བ་འདི་ནི་མཁན་བསམ་འཕེལ་ནོར་བུའི་བྲིས་པ་འདིར་བཀོད་པ་ཡིན་པ་ལས་བདག་གིས་རང་ལ་ཆེ་བརྗོད་བྱས་པ་ནི་མིན་ནོ། །

མཁན་རབས་བདུན་པ་མཁན་པོ་བློ་ཆོས་མཆོག

མཁན་རབས་བདུན་པ་མཁན་པོ་བློ་ཆོས་མཆོག་ནི།

སྤྱི་ལོ་༡༩༦༨ལོའི་བོད་ཟླ་༡༢པའི་ཚེས་༣ལ་ཨ་སྐྱོང་ཞེས་བྱ་བའི་ཡུལ་དུ་ཡབ་རྒྱ་ནག་པ་ལོ་ཧོས་དང་ཡུམ་ཤེས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་ནས་བླ་མ་དོན་གསལ་གྱི་མདུན་ནས་ཀློག་བསླབས། ལོ་བཅུ་བཞིའི་སྟེང་བཀྲ་ཤིས་ཆོས་ཐང་དགོན་དུ་མཁན་ཆེན་བློ་བཟང་འཕྲིན་ལས་ཀྱི་མདུན་ནས་རབ་ཏུ་བྱུང་སྟེ་བསྡུས་གྲྭར་སྦྱངས། ལོ་བཅོ་ལྔའི་སྟོན་ཁར་རྡོ་རྗེ་འཆང་ཆེན་པོ་བླ་མ་བཤད་སྒྲུབ་དཔལ་གྱི་མདུན་ནས་སྦྱོར་བ་ཡན་ལག་དྲུག་གི་ཉམས་ལེན་བྱས། དེ་ནས་མཁན་ཆེན་བློ་བཟང་འཕྲིན་ལས་ཀྱི་དྲུང་དུ་ཕར་ཕྱིན་དང་སྦྱོར་དྲུག་སྤྱི་དོན་གསན། ལོ་གསུམ་གྱི་རིང་ལ་ཨ་སྐྱོང་རྒྱ་དགོན་པའི་མཁན་པོ་ལས་ཐོགས་པའི་ཁུར་བླངས་ཏེ་བསྡུས་གྲྭ། རྟགས་རིགས། སོགས་འགན་ཁུར་ཏེ་འཚོ་བཞིན་བཞུགས་ལགས་སོ། །

མཁན་རབས་བརྒྱད་པ་ཤེས་རབ་རྒྱལ་མཚན་མཆོག

མཁན་རབས་བརྒྱད་པ་ཤེས་རབ་རྒྱལ་མཚན་མཆོག་ནི།

རབ་རྒྱན་ཤིང་ཡོས་ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པདྨ་རྫོང་ལྕགས་རི་ཡུལ་ཚོ་ཨ་སྐྱོང་སྡེ་བར་ཕ་ཡབ་འཇམ་དབྱངས་དབང་ཕྱུག་དང༌། མ་ཡུམ་དབྱངས་ཅན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།དགུང་གྲངས་གསུམ་ཙམ་ནས་རྒྱ་སྤྲུལ་སྐུ་ངག་དབང་བསྟན་འཛིན་ནོར་བུའི་མདུན་ནས་ཀློག་བསླབ་པའི་དབུ་བརྩམས་ཤིང༌། རྗེས་སོར་ཕ་ཡབ་ཞིང་པོ་དཀར་མགོན་གཉིས་ནས་རེས་མོས་ཀྱིས་བསླབ་པ་ན་དཀའ་ཚེགས་མེད་པར་ཀློག་ལ་བྱང་ཆུབ་པར་གྱུར། རབ་རྒྱན་ཤིང་གླང་ལོར་མཁན་ཤེས་རབ་དཔལ་གྱི་མདུན་ནས་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་སོགས་ལ་ཐོས་བསམ་བྱས། དགུང་གྲངས་བཅུ་དྲུག་པར་མཁན་རིག་གྲོལ་གྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་ལོ་དེར་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་མདུན་ནས་སྙིང་ཐིག་ཡ་བཞིའི་དབང་སོགས་གསན།དགུང་གྲངས་སོ་བདུན་པར་རང་དགོན་དུ་ཕེབས་ནས་ཇོ་ནང་ཡར་ཐང་དགོན་ལྔ་རིག་བཤད་གྲྭ་རྨད་བྱུང་ཐོས་བསམ་གླིང་གི་མཁན་པོའི་ཁྲི་རབས་བརྒྱད་པའི་ལས་འགན་བཞེས་ཟིན་པའོ། །ད་ལྟ་ཨ་སྐྱོང་འདིར་མཁན་རབས་དགུ་བ་བསམ་བཟང་གིས་རྨད་བྱུང་ཐོས་བསམ་གླིང་ལས་འཁན་ཡོངས་རྫོགས་བཞེས་ནས་ཆོས་ཁྲིད་བྱེད་བཞིན་པའི་སྐབས་ལགས་སོ། །གཞན་ཡང་རབ་འབྱམས་པའི་མིང་རྟགས་ཐོབ་པ་དཔལ་འབྱོར་ཚེ་རིང་སོགས་སོ། །

ལྔ་བ་ཉམས་པ་སླར་གསོ་ཚུལ།

ལྔ་བ་ཉམས་པ་སླར་གསོ་ཚུལ་ལ།

གསར་དུ་བཞེངས་པའི་རྟེན་གྱི་གྲངས་ཙམ་དང༌། ཞར་བྱུང་དུས་མཆོད་ཀྱི་རིམ་པ་དང་གཉིས་ལས། དང་པོ། རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ་ལོར་ཏང་གི་ཡང་དག་པའི་སྲིད་ཇུས་འོག་དགོན་འདིའི་བླ་སྤྲུལ་དང་ལས་ཐོགས་ཀྱི་ཆོས་ཁྲིམས་དག་གིས་གཙོ་འགན་བཞེས་ཏེ་སེར་སྡེ་དང་ཡུལ་སྡེ་རྣམས་ཀྱིས་བློ་སེམས་གཅིག་དྲིལ་གྱིས་རོགས་སྐྱོར་ལ་བརྟེན་ནས་འདུ་ཁང་ཆེ་ཆུང་གསུམ། ལྷ་ཁང་གཅིག མགོན་ཁང་གཅིག ཇ་ཁང་གཅིག གྱང་ཐང་ཉི་ཤུས་མཚོན་ཞལ་ཐང་བརྒྱ་ལྷག སྨན་འདམ་ལས་གྲུབ་པའི་ལྡེར་སྐུ་ཆེ་ཆུང་ལྔ་བཅུ། གསེར་སྐུ་ཆེ་ཆུང་བཅུ་དྲུག གོས་ཐང་ཆེན་མོ། བཀའ་འགྱུར་དང་བསྟན་འགྱུར་གསུང་འབུམ་དག་གིས་མཚོན་ཁྱོན་པོ་ཏི་སྟོང་ཕྲག་ལྷག མཆོད་རྟེན་ཆེ་ཆུང་བཅོ་བརྒྱད། སྐུ་གདུང་བཅུ་གསུམ། རོལ་མོ་ཆ་བཅུ། སིལ་སྙན་ཆ་བཞི། རྒྱ་གླིང་ཆ་གསུམ། དུང་ཆེན་ཆ་གསུམ། དུང་དཀར་ཆ་བཞི། མཁར་རྔ་ཆ་གསུམ། གྲྭ་ཁང་དྲུག་ཅུ། འཁོར་ཆེན་བཅུ།འཁོར་ཆུང་བརྒྱད་བརྒྱ་ལྷག་འཁོར་ཁང་དང་བཅས་པ་གསར་བསྐྲུན་བགྱིས་ཏེ་ལེགས་གྲུབ་བྱུང་བ་ཡིན་ལ། ཁྱད་པར་དུ་ཆོས་སྡེ་འདི་ལ་སྔ་ཕྱི་བར་གསུམ་དུ་བཀའ་དྲིན་ཤིན་ཏུ་ཆེ་བའི་དད་ལྡན་སྙིང་སྟོབས་མཆོག་ཏུ་དགེ་བའི་ཁང་སར་ཀུན་བཟང་གྱིས་ལྷག་བསམ་གྱིས་རྟེན་བཞེངས་དུ་མ་བྱས་སོ། །

གཉིས་པ་ཞར་བྱུང་དུས་མཆོད་ཀྱི་རིམ་པ།

གཉིས་པ་ཞར་བྱུང་དུས་མཆོད་ཀྱི་རིམ་པ་ནི།

ཧོར་ཟླ་དང་པོར་དཔལ་འཁོར་ལོ་སྡོམ་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་སྦྱོར་བ་ས་ཆོག་ཐིག་གདབ་རྡུལ་ཚོན་བཅའ་བཟོ་དཀྱིལ་འཁོར་རྒྱན་བཀོད་གྲལ་འཛིན་དང་བཅས་པ་ཉིན་དྲུགདངོས་གཞི་སྒྲུབ་མཆོད་ཉིན་བདུན་རྗེས་ཀྱི་བྱ་བ་ཚོགས་ཀྱི་འཁོར་ལོ་རྡུལ་ཚོན་ཆུར་གཤེགས་པའི་ཀླུ་ཆོག་དང་བཅས་པ་ཉིན་གཅིག་སྟེ་ཁྱོན་ཉིན་བཅུ་བཞི། ཧོར་ཟླ་གསུམ་པར་དུས་འཁོར་གསར་བའི་སྒྲུབ་མཆོད་བདེ་མཆོག་ལྟར་ཉིན་བཅུ་བཞི། ཧོར་ཟླ་བཞི་བར་བསྐང་གསོལ་དང་གཏོར་བསྔོ་རྒྱས་པའི་སྒོ་ནས་དགོན་པའི་ལབ་ཙེ་གསོ་བ་ས་བདག་གདོན་གྲོལ་དག་ལ་ཉིན་དགུ། ཧོར་ཟླ་ལྔ་བར་ཡུལ་ལྷ་ལ་ཉིན་ཁ་ཤས་ལ་བསང་མཆོད། ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་ཧོར་ཟླ་བདུན་པའི་ཉེར་དགུའི་བར་ཟླ་ངོ་གསུམ་དུ་དབྱར་གནས་པར་མཛད་དེ་མཁན་པོས་གཞི་གསུམ་གྱི་ལག་ལེན་དང་སྡོམ་གསུམ་གྱི་བཤད་ཁྲིད་གནང་ཞིང་མཐར་དགག་དབྱེ་ལྗོངས་རྒྱུ་དབྱར་སྟོན་བཅས་པའོ། ། ཧོར་ཟླ་དགུ་བར་རྟ་མགྲིན་གཏོ་སྒྲུབ་ཉིན་གསུམ་མམ་ལྔ། ཧོར་ཟླ་བཅུ་བར་བསྐལ་བཟང་མཆོད་ཆོག་དང་བླ་མ་རྣམ་གཉིས་ཀྱི་འདས་མཆོད་ཉིན་ཁ་ཤས།ཧོར་ཟླ་བཅུ་གཅིག་པར་ཇོ་ནང་ཀུན་མཁྱེན་ཆེན་པོའི་འདས་མཆོད་དུ་ཀུན་མཁྱེན་མཆོད་ཆོག་ཉིན་གསུམ། ཧོར་ཟླ་བཅུ་གཉིས་པར་ཕུར་བ་སྒྲུབ་ཆེན་ལ་ཕྱི་ནང་མཚམས་བཅད་དེ་རྒྱལ་ཐོ་འཛུགས་པ་ནས་གཏོར་བཟློག་གི་དགུ་གཏོར་བར་ཉིན་བཅུ་བཞི། འདིའི་སྐབས་སུ་ཕུར་བ་ཁྲོ་བཅུའི་དབྱངས་འཆམ་དང་འགྲོ་བ་བཟང་མོའི་ཟློས་གར་སོགས་འཁྲབ་སྟོན་བྱས་པས་འདུས་པ་སྟོང་ཕྲག་མང་པོའི་མིག་གི་བདུད་རྩིར་གྱུར་ཏེ་ཡང་ཡང་མཐོང་འདོད་ཀྱི་དགའ་བའི་དཔལ་ལ་རོལ་བ་ཡིན་ནོ། ། དེས་ན་ངེས་དོན་རྟག་བརྟན་བཤད་སྒྲུབ་འཕེལ་རྒྱས་ཆེན་པོར་གཞོམ་མེད་ཨ་ཡིག་གིས་བརྒྱན་པའི་ཆོས་སྡེ་སྤྱིར་མགོ་ལོག་ཁག་གསུམ་གྱི་དགོན་པ་ཡིན་པ་གོང་དུ་བཤད་པ་ལྟར་དང༌། ཁྱད་པར་ཨ་སྐྱོང་ཁག་གསུམ་དང་བླ་མ་གཙང་བ་དང་ཁག་བཞིའི་དགོན་པ་ཡིན་པར་སྨོས་མ་དགོས་པ་ཡིན་ཏེ། དེ་ཡང་བསྐལ་བ་བཟང་པོ་སྔ་རབས་ཡི་གེའི་མཆོག་གྱུར་ཨ་ཡིག་གི་སྒྲ་སྦྱར་བའི་མཚན་ཆེན་པོ་གཉན་སྲས་ས་སྐྱོང་མིའི་དབང་པོ་རིན་པོ་ཆེ་ཨ་སྐྱོང་བསོད་ནམས་བསྟན་འཛིན་དར་རྒྱས་དང་ངེས་གསང་བསྟན་པའི་བདག་པོ་སྐྱབས་རྗེ་གཙང་བ་མཆོག་སྤྲུལ་རིན་པོ་ཆེ་ངག་དབང་བསྟན་འཛིན་རྣམ་རྒྱལ་ཟུང་གི་སྐུ་རིང་ནས་གཞན་གང་དང་མི་འདྲ་བའི་སྒོ་ནས་དགོན་སྡེ་འདི་བསྟན་སྐྱོང་གི་རྒྱལ་པོ་དང་བསྟན་འཛིན་གྱི་སྐྱེས་བུའི་ཚུལ་གྱིས་སྐྱོང་བར་ཞལ་གྱིས་བཞེས་པ་དང༌། ཁྱད་པར་རྡོ་རྗེ་འཆང་ཆེན་པོ་བླ་མ་ཝ་ཀིནྚ་རཏྣའི་མཚན་ཅན་དང་ལུགས་གཉིས་ཁྲིམས་ཀྱི་མངའ་བདག་ས་སྐྱོང་མིའི་དབང་པོ་ཨ་ཡིག་ཆེན་པོའི་མཚན་གསོལ་བ་ཕ་རོལ་བདུད་དགྲ་གཞོམ་པའི་ལྷ་ཆེན་གཉན་པོ་གཡུ་རྩེའི་ཚ་རྒྱུད་དུ་འཁྲུངས་པའི་ཡུལ་སྐྱོང་མི་དབང་སྟོབས་ལྡན་རིན་པོ་ཆེ་ཨ་སྐྱོང་གོང་མའི་དཔོན་ནོར་བུ་དགྲ་འདུལ། ཨ་སྐྱོང་ཁང་རྒན་གྱི་དཔོན་ཨོ་རྒྱན། ཨ་སྐྱོང་ཁང་སར་གྱི་དཔོན་བསྐལ་བཟང་དགྲ་འདུལ་རྣམ་གསུམ་གྱི་བློ་རྩེ་གཅིག་ཏུ་དྲིལ་ཏེ་དགོན་སྡེ་འདི་སྐྱོང་བར་ཞལ་གྱིས་བཞེས་ཏེ་གསུང་དབྱངས་གཅིག་གིས་མགྲིན་པའི་པདྨོ་བཞད་པས་ཟབ་གསང་རྡོ་རྗེའི་ཚིག་གསལ་མི་འགྱུར་ཡི་གེ་མཐོང་ཐོས་ཀུན་དགའ་བྲིས་པར་མ་ཟད་གཙང་བ་དང་ཨ་སྐྱོང་གི་དཔོན་རིགས་རྣམས་ཀྱིས་དགོན་སྡེ་འདི་ལ་བཀའ་ཤོག་དང་བཅའ་ཡིག་བྲིས་པ་རྣམས་ད་ལྟའི་བར་དུ་མ་ཉམས་པར་ཡོད་པ་ཡིན་ནོ། །

སླར་སྨྲས་པ། སྔོན་བྱོན་དམ་པས་འགྲོ་བའི་ཞིང་ས་རུ། །རབ་བསྐྲུན་རྟེན་གསུམ་རབ་མཛེས་ཆོས་སྡེ་མཆོག །ལེགས་ཚོགས་དགེ་ལེགས་བཀྲ་ཤིས་འབྱུང་བའི་གནས། །བྱུང་བའི་རིམ་པ་པད་དཀར་ཚལ་དུ་བཞེད། །ཚུལ་འདི་བརྗོད་པའི་ལེགས་ཆ་གང་མཆིས་རྣམས། །བླ་མ་མཉེས་པའི་ཀུན་བཟང་མཆོད་སྤྲིན་དུ། །གྱུར་ནས་ཉེས་ཆ་ཐམས་ཅད་ཡོངས་དག་སྟེ། །ཚེ་རབས་ཀུན་ཏུ་བླ་མའི་ཐུགས་ཟིན་ཤོག །ཅེས་ཆོས་སྡེ་ཆེན་པོ་ངེས་དོན་རྟག་བརྟན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་བྱུང་བ་མདོ་ཙམ་བརྗོད་པ་དྲང་སྲོང་བདེན་པའི་ཚངས་ཐིག་འདི་ནི་མཁན་ཆེན་ཤེས་རབ་དཔལ་གྱིས་དགོན་འདིའི་ལོ་རྒྱུས་བྲིས་པ་གཞིར་བཞག་པ་མ་ཟད་ཚིག་ཕལ་ཆེར་རང་སོར་བཞག་སྟེ་དངོས་གྲུབ་དཔལ་གྱིས་བྲིས་པའོ། །འདིས་ཀྱང་རྒྱལ་བསྟན་སྤྱི་དང་ཁྱད་པར་རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་རིང་ལུགས་དྲི་མ་མེད་པ་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། །།སརྦ་མངྒ་ལཾ།


previousངེས་དོན་རྟག་བརྟན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་བྱུང་བ་དྲང་སྲོང་བདེན་པའི་ཚངས་ཐིགno next