Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ། གྲུབ་མཐའ་དང་ས་ལམ་སོགས།

3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]


 collapse section
གྲུབ་མཐའི་རྣམ་བཞག་ལུང་རིགས་གཏེར་མཛོད་ལེགས་བཤད་འདོད་འཇོ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
 expand section
  
expand section
 expand section
 expand section
  
  
  
  
 expand section
  
  
  
  
  
  
 expand section
  
  


3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]

 
no previousགྲུབ་མཐའི་རྣམ་བཞག་ལུང་རིགས་གཏེར་མཛོད་ལེགས་བཤད་འདོད་འཇོ།next

གྲུབ་མཐའི་རྣམ་བཞག་ལུང་རིགས་གཏེར་མཛོད་ལེགས་བཤད་འདོད་འཇོ།

གྲུབ་མཐའི་རྣམ་བཞག་ལུང་རིགས་གཏེར་མཛོད་ལེགས་བཤད་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །

རྒྱལ་ཀུན་པད་དཀར་ལྟར་བསྔགས་ཉི་མའི་གཉེན། །གང་གསུང་མདོ་སྔགས་ལུང་རྟོགས་དམ་པའི་ཆོས། །དེ་འཛིན་དགེ་འདུན་འཕགས་པའི་ཚོགས་རྣམས་ཀྱིས། །རྣམ་མང་གྲུབ་མཐའ་འཆད་པའི་དགེ་ལེགས་སྩོལ། །རབ་མཛེས་མཚན་དཔེས་མཛེས་སྡུག་རྫོགས་པའི་སྐུ། །རབ་སྙན་ཚངས་དབྱངས་དྲུག་ཅུའི་དབྱངས་ཀྱི་གསུང། །རབ་ཡངས་ཆོས་ཀུན་རྣམ་བཀྲ་གསལ་བའི་ཐུགས། །རབ་མང་ལུང་བསྟན་ཀུན་མཁྱེན་གཙུག་ན་རྒྱལ། །གངས་ཅན་མཁས་གྲུབ་བྱེ་བའི་གཙུག་རྒྱན་མཆོག །ཁྱབ་བདག་སྒྲོལ་བའི་མགོན་པོའི་ཉི་གཞོན་གྱིས། །འཆད་རྩོད་རྩོམ་པའི་འོད་སྣང་རབ་རྒྱས་ནས། །བསྟན་པའི་པད་ཚལ་བཞད་པའི་དགེ་ལེགས་སྩོལ། །འཕགས་བོད་དྲན་དབང་བྱེ་བའི་ལུ༷ང་རི༷གས་ཀྱི། །རིན་ཆེན་གཏེ༷ར་མཛོ༷ད་ཕྱི་ནང་གྲུབ་མཐའ་ཡི། །རྒྱ་མཚོའི་མཐར་སོན་ལེ༷གས་བཤ༷ད་འདོ༷ད་པ་འཇོ༷། །སྐལ་ལྡན་ཞིང་སར་ཆོས་ཆར་སྦྱིན་པར་བྱ། །དེ་ལ་འདིར་སྤྱོད་འཇུག་ལས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུ་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་བ་ག་ལ་འགྱུར། །ཞེས་གསུངས་པ་ལྟར་རྙེད་དཀའ་བའི་དལ་འབྱོར་གྱི་མི་ལུས་ཁྱད་པར་ཅན་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པ་རང་གཞན་གྱི་ལེགས་པའི་དོན་གང་བསྒྲུབ་ན་སྒྲུབ་ཐུབ་པ་ཅན་རྙེད་པའི་སྐབས་འདིར། གཞན་དུད་འགྲོ་དང་འཇིག་རྟེན་ཕལ་བའི་བྱ་བ་ཟ་དང་གཉིད་ལོག་འཁྲིགས་སྤྱོད་ཙམ་ལས་མ་བྱུང་ན༌། རྟེན་ཁྱད་པར་ཅན་ཐོབ་པ་དོན་མེད་དུ་སོང་ནས་སྙིང་པོ་མ་ལོན་པ་ཡིན་ཏེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རྡོའི་འཆང་བུ་དང་བརྗེས་པ་ལས་ཀྱང་ཆེས་ངན་པ་ཡིན་ནོ། །དེ་ལྟ་བས་ན་ངེས་པར་དལ་འབྱོར་གྱི་སྙིང་པོ་ཞིག་ལེན་དགོས་པ་ཡིན་ལ། དེ་ཡང་ཚེ་འདི་ཙམ་མ་ཡིན་པར་ཕྱི་མའི་དོན་ཞིག་སྒྲུབ་དགོས། དེ་ཡང་ཕྱི་མའི་འཁོར་བའི་མངོན་མཐོ་ཙམ་མ་ཡིན་པར་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཕྱིར་དུ་འབད་དགོས་སོ། །དེ་ཡང་ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང༌། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཅེས་གསུངས་པ་ལྟར་རང་གཞན་གྱི་གྲུབ་མཐའི་རྣམ་བཞག་ལེགས་པར་ཤེས་ནས་སྐྱོན་མེད་ཡོན་ཏན་དང་ལྡན་པའི་གྲུབ་མཐའ་ལ་འཇུག་དགོས་ཤིང༌། དེ་ལའང་རང་གཞན་གྱི་གྲུབ་མཐའི་རྣམ་བཞག་རྣམས་མ་འདྲེས་པར་སོ་སོར་ལེགས་པར་ཤེས་དགོས་ཏེ། དེ་མ་ཤེས་ན་དེའི་སྐྱོན་ཡོན་འདི་ཞེས་མི་ཤེས་པའི་ཕྱིར་ཏེ། དཔེར་ན་ལྷ་མི་གཉིས་མ་ཤེས་ན་དེ་གཉིས་ཀྱི་བཟང་ངན་མི་ཤེས་པ་བཞིན་ནོ། །དེའི་སླད་དུ་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་དེ་ལྟར་གྲུབ་པའི་མཐའི་ཚུལ་དང་བསྟན་པའི་མཚན་ཉིད་ལ་ཁྱོད་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་གིས་བརྩོན་པར་བྱའོ། །ཞེས་གསུངས་སོ། །དེ་ཡང་གྲུབ་མཐའི་ལེགས་ཉེས་བླང་དོར་ཚུལ་བཞིན་དུ་འབྱེད་པ་ལ། ཆགས་སྡང་གི་རིས་སུ་མ་བཅད་པར་བློ་གཟུ་བོར་གནས་པ་དང༌། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་ལྡན་པ་དང༌། དོན་གཉེར་དང་ལྡན་པ་དང༌། གུས་པ་ཙམ་མ་ཡིན་པར་ཚུལ་གསུམ་ཚང་བའི་རིགས་པ་ཡང་དག་གིས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་ལེགས་པར་བརྟགས་ནས་བླང་བར་བྱ་བ་ཡིན་ཏེ། དབུ་མ་བཞི་བརྒྱ་བ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བཤད། །སྨྲ་བོ་ཡོན་ཏན་རྣམས་གཞན་དུ། །མི་འགྱུར་ཉན་པ་པོའང་མིན། །ཞེས་དང༌། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་དང༌། མཉམ་མེད་ཇོ་བོ་ཆེན་པོའི་ཀྱང༌། ལེགས་པར་བརྟགས་ལ་བླང་བར་བྱ་བ་ཡིན། །དད་པ་ཙམ་དང་གུས་པ་ཙམ་གྱིས་མིན། །ཞེས་དང༌། ཐེག་མཆོག་དབུ་མ་ལས། ཇི་ལྟར་འཇུག་ཚུལ་ཅི་ཞེ་ན། །ཚད་མའི་ལུང་གི་རྗེས་འབྲང་ཞིང༌། །རིགས་པའི་ཡན་ལག་ཚང་བའི་འཇུག །ཁས་མི་ལེན་པའི་གཡོ་སྒྱུ་བཀག །ཅེས་གསུངས་སོ། །དེས་ན་ལྟ་བའི་གོལ་ས་ཤེས་ནས་སྤངས་པ་དང༌། གང་ཟག་གི་བདག་དང་ཆོས་བདག་མེད་པའི་ལྟ་བ་རྣམ་པར་དག་པ་ལ་འཇུག་པར་བྱ་བའི་ཕྱིར་རང་གཞན་གྱི་གྲུབ་མཐའི་རྣམ་བཞག་བརྗོད་པ་ལ། གྲུབ་མཐའ་སྤྱིར་བསྟན་པ། བྱེ་བྲག་སོ་སོར་བཤད་པ། དོན་བསྡུས་ཏེ་གདམས་པ་དང་གསུམ།

དང་པོ་གྲུབ་མཐའ་སྤྱིར་བསྟན་པ།

དང་པོ་གྲུབ་མཐའ་སྤྱིར་བསྟན་པ།

དང་པོ་ནི། སངས་རྒྱས་ཀྱི་ཆོས་ཚུལ་ལ་བསྟན་པ་དང་གྲུབ་མཐའ་གཉིས་ལས། གྲུབ་མཐའ་ནི་རྣལ་འབྱོར་བ་རྣམས་ཀྱིས་ལེགས་པར་ཤེས་དགོས་ཏེ། ལང་གཤེགས་ལས། ང་ཡི་ཆོས་ཚུལ་རྣམ་གཉིས་ཏེ། །བསྟན་པ་དང་ནི་གྲུབ་མཐའ་འོ། །བྱིས་པ་རྣམས་ལ་བསྟན་པ་བཤད། །རྣལ་འབྱོར་བ་ལ་གྲུབ་མཐའ་འོ། །ཞེས་གསུངས་སོ། །དེ་ཡང་གྲུབ་མཐའ་ཞེས་པ་ནི། གཞུང་ལུགས་སོགས་ལ་སྦྱངས་ནས་རང་གི་བློ་ངོར་ལུང་རིགས་ཀྱིས་འཐད་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཁས་བླངས་ནས་དེ་ལས་གཞན་མ་ཡིན་པར་ཐག་བཅད་པའི་བཞེད་སྲོལ་ཞིག་ལ་གྲུབ་མཐའ་ཞེས་བརྗོད་དེ། ཤེས་རབ་སྒྲོན་མེ་ལས། མཛད་པའི་མཐའ་དང༌། ཞེས་དང༌། དེའི་འགྲེལ་བཤད་ལས། དེ་ལ་མཛད་པའི་མཐའ་ཞེས་བྱ་བ་ནི་ གྲུབ་པའི་མཐའ་སྟེ། བདག་ཉིད་ཆེན་པོ་རྣམས་ཀྱིས་མཛད་པའི་དོན་གྱི་མཐའ་ངེས་པ་ཡིན་པའི་ཕྱིར་རོ། །ཞེས་དང༌། འགྲེལ་བཤད་ཚིག་གསལ་ལས། གྲུབ་པའི་མཐའ་སྟེ། རིགས་པ་དང་ལུང་གིས་རབ་ཏུ་བསྟན་པར་རང་གི་འདོད་པ་གྲུབ་པ་ནི། དེ་ལས་ཕར་ཡང་འགྲོ་བ་མེད་པས་ན་མཐའ་འོ། །ཞེས་གསུངས་པའི་ཕྱིར་རོ། །གང་ཟག་གི་དབང་དུ་བྱས་ན་གྲུབ་མཐས་བློ་མ་བསྒྱུར་བ་དང༌། གྲུབ་མཐས་བསྒྱུར་བ་གཉིས་སོ། །དང་པོ་ནི། གཞུང་ལུགས་ལ་མ་སྦྱངས་པར་རིགས་པས་མ་བརྟགས་མ་དཔྱད་པའི་བློ་ལྷན་སྐྱེས་ཀྱིས་ཚེ་འདི་ཙམ་གྱི་དོན་དུ་ཞེན་པར་བྱེད་པའི་གང་ཟག་གོ །གཉིས་པ་གྲུབ་མཐས་བསྒྱུར་བ་ནི། བརྟགས་དཔྱད་བྱས་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་རང་གི་བློ་ངོར་གྲུབ་པའི་ཚུལ་ལུང་རིགས་ཀྱིས་སྨྲ་བར་བྱེད་པའི་གང་ཟག་ཡིན་ནོ། །དེ་ལ་ཕྱི་རོལ་བའི་གྲུབ་མཐའ་སྨྲ་བ་དང་ནང་བ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་དང་གཉིས་སོ། །ཕྱི་ནང་གི་ཁྱད་པར་ཡོད་དེ། རང་ངམ་གཞན་འཇིགས་པ་ཅི་རིགས་ལས་སྒྲོལ་བའི་དཔུང་གཉེན་དུ་མཆོག་གསུམ་ཡིན་པར་ཡིད་ཆེས་པའི་ཁྱད་པར་བཞི་ལྡན་གྱི་སྐྱབས་འགྲོ་རྒྱུད་ལ་སྐྱེས་པའི་གང་ཟག་དེ་ནང་བ་སངས་རྒྱས་པ་དང༌། དཀོན་མཆོག་གསུམ་ལ་བློ་མི་གཏོད་པར་འཇིག་རྟེན་པའི་ལྷ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བའི་གང་ཟག་དེ་ཕྱི་རོལ་བ་ཡིན་པའི་ཕྱིར། ཕྱི་རོལ་བའི་གྲུབ་མཐའ་སྨྲ་བ་དང་ནང་བའི་གྲུབ་མཐའ་སྨྲ་བའི་དོན་ཡོད་དེ། སྟོན་པ་བསྟན་པ་གྲུབ་མཐའ་གསུམ་གྱི་སྒོ་ནས་འབྱེད་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། རང་སྡེའི་སྟོན་པ་ནི་སྒྲིབ་ཀུན་ཡོངས་སུ་ཟད་པའི་ཡོན་ཏན་ཀུན་དང་ལྡན་པ་ཡིན་པའི་ཕྱིར་ཏེ། ཁྱད་པར་འཕགས་བསྟོད་ལས། བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱོད་ལ་སྐྱབས་སུ་མཆི། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །ཞེས་གསུངས་པའི་ཕྱིར། གཞན་གྱི་སྟོན་པ་ནི་དེ་ལས་བཟློག་པའོ། །རྟགས་ཟུར་གཉིས་པ་གྲུབ་སྟེ། རང་སྡེའི་བསྟན་པ་ནི་སེམས་ཅན་ལ་འཚེ་བ་མེད་པ་ཡིན་པའི་ཕྱིར་ཏེ། དབུ་མ་བཞི་བརྒྱ་བ་ལས། མདོར་ན་ཆོས་ནི་མི་འཚེ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་གསུངས་སོ། །ཕྱི་རོལ་བའི་བསྟན་པ་ནི་དེ་ལས་བཟློག་པའོ། །རྟགས་ཟུར་གསུམ་པ་གྲུབ་སྟེ། རང་སྡེ་ནི་ལྟ་བ་རྟག་གཅིག་རང་དབང་ཅན་གྱི་བདག་ཏུ་མ་གྲུབ་པར་འདོད་པའི་ཁྱད་པར་ཚང་དགོས་པའི་ཕྱིར་ཏེ། ཐེག་མཆོག་དབུ་མ་ལས། གང་ཟག་བདག་མེད་སྒོམ་པ་ཡོད་མེད་ལས། །སྲིད་ལས་གྲོལ་བ་ཡོད་མེད་རྗེས་སུ་དཔོག །ཅེས་དང༌། དེ་ལྟར་གང་ཟག་བདག་མེད་ནི། །ཐེག་པ་ཆེ་ཆུང་ཀུན་ལ་ཡོད། །ཅེས་དང༌། དེའི་ཟིན་བྲིས་ལས། གང་ཟག་གི་བདག་མེད་སྒོམ་པའི་ཚུལ་འདི་ནི། ཐེག་པ་ཆེ་ཆུང་ཀུན་ལ་ཡོད་པ་ཡིན་ཏེ། འདི་ནི་སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་ཀྱི་ལྟ་བ་ཡིན་པའི་ཕྱིར་རོ། །ཅི་སྟེ་སྤྱིར་འདི་ལྟ་བུ་དང་མི་ལྡན་ན། ཚུལ་ཁྲིམས་བསྲུང་བ་དང་བཟོད་པ་ལ་གནས་པ་སོགས་དགེ་བའི་ལས་ལམ་ཇི་ལྟ་བུ་ཞིག་སྤྱོད་ན་ཡང་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་མ་ཡིན་ཏེ། སྤྱིར་དགེ་བའི་ལས་ལམ་ལ་གནས་པ་ཙམ་དུ་ཟད་དོ། །ཞེས་གསུངས་སོ། །འོན་ཀྱང་དེ་ལྟ་བུའི་ལྟ་བ་ཡང་རྟག་གཅིག་རང་དབང་བའི་བདག་མེད་པའི་ལྟ་བ་ལ་བྱེད་ལ། དེ་མེད་ན་ལྟ་བའི་སྒོ་ནས་བསྟན་ལ་མ་ཞུགས་པར་གསུངས་པ་ཡིན་སྙམ་སྟེ། དེ་ལྟ་མ་ཡིན་ན་ཐེག་མཆོག་དབུ་མའི་ཟིན་བྲིས་ལས། གང་ཟག་གི་བདག་རྫས་ཡོད་སྤྱིར་དགག་པ་ནི། ཕྱི་རོལ་མུ་སྟེགས་བྱེད་རྣམས་དང་རང་སྡེ་ཉན་ཐོས་སྡེ་བ་བཅོ་བརྒྱད་ཀྱི་ནང་ན་སྡེ་བ་ལྔ་ཙམ་ཡོད་པས། ཞེས་རང་སྡེ་ལ་ང་བདག་རྫས་ཡོད་ཁས་ལེན་པ་ཡོད་པར་གསུངས་པ་དང་འགལ་བ་ཡིན་ནོ། །གཞན་སྡེ་རྣམས་ཀྱིས་རྟག་གཅིག་རང་དབང་བའི་བདག་ཁས་བླང་བ་ཡིན་ནོ།། །།

གཉིས་པ་གྲུབ་མཐའི་རྣམ་བཞག་བྱེ་བྲག་ཏུ་བཤད་པ།

གཉིས་པ་གྲུབ་མཐའི་རྣམ་བཞག་བྱེ་བྲག་ཏུ་བཤད་པ་ནི།

བླང་དོར་རབ་གསལ་ལས། ཕྱི་ནང་གྲུབ་མཐའི་དབྱེ་བའང་མཁྱེན་བགྱི་སྟེ། །ཞེས་གསུངས་པ་ལྟར་གཞན་ཕྱི་རོལ་བའི་གྲུབ་མཐའི་རྣམ་བཞག་བཤད་པ་དང༌།རང་སྡེ་ནང་བ་སངས་རྒྱས་པའི་གྲུབ་མཐའ་བཤད་པ་དང་གཉིས།

དང་པོ་ལ་མཚན་ཉིད་དབྱེ་བ་གཉིས། དང་པོ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་བར་དེ་ལས་གཞན་པའི་སྟོན་པ་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་དེ། ཕྱི་རོལ་བའི་གྲུབ་མཐའ་སྨྲ་བའི་མཚན་ཉིད་ཡིན་ནོ། །

གཉིས་པ་ཕྱི་རོལ་བའི་གྲུབ་མཐའི་དབྱེ་བ་ལ་མདོར་བསྟན་དང་སོ་སོར་རྒྱས་པར་བཤད་པ་དང་གཉིས། དང་པོ་ནི། བླང་དོར་རབ་གསལ་ལས། ཕྱི་བ་ལ་ཡང་ཚངས་པ་ཁྱབ་འཇུག་དང༌། ། དབང་ཕྱུག་པ་དང་རྒྱང་འཕེན་སྟག་གཟིག་པ། །ཟད་བྱེད་གཅེར་བུ་པ་སྟེ་ལྔ་རུ་གསུངས། །ཞེས་གསུངས་པ་ལྟར་སྤྱིར་གང་ཟག་གི་སྒོ་ནས་ཕྱེ་ན་ཆོས་ཉིད་ཟབ་མོ་རིམ་གྱིས་རྟོགས་ནས་ཉམས་སུ་ལེན་པ་རྣལ་འབྱོར་པ་དང༌། ཆོས་ཅན་འཁྲུལ་བའི་སྣང་བ་ལ་བདེན་པར་འཛིན་པའི་ཕལ་པ་གཉིས་ཡོད་ཅིང༌། ཕལ་པ་ལ་ཡང་གྲུབ་མཐས་བློ་བསྒྱུར་བ་ཕྱི་རོལ་མུ་སྟེགས་པ་ལ་ཕྱེ་ན་མཐའ་ཡས་པ་ཡོད་ཀྱང་རེ་ཞིག་ཚངས་པ་དང༌། ཁྱབ་འཇུག་པ་དང༌། དབང་ཕྱུག་པ་དང༌། རྒྱང་འཕེན་པ་དང༌། ཀླ་ཀློ་སྟག་གཟིག་པ་དང༌། ཟད་བྱེད་གཅེར་བུ་པ་སྟེ་ལྔ་ཡིན་ལ། འདི་རྣམས་ཀྱི་རྣམ་བཞག་ཞིབ་པར་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དུ་གསལ་བར་གསུངས་ཤིང༌། དེ་རྣམས་ཉེར་ལེན་གྱི་ཕུང་པོ་ལ་བདག་དང་བདག་གིར་འཛིན་པ་ལ། ནང་པའི་རྣལ་འབྱོར་པའི་རིགས་པས་གནོད་ཅིང༌། རྣལ་འབྱོར་པ་རྣམས་ཀྱི་བློ་ལ་ཡང་ཡེ་ཤེས་དང་བསམ་གཏན་དང་སྙོམས་འཇུག་ལ་སོགས་པའི་རྟོགས་པ་མཐོ་དམན་གྱི་ཁྱད་པར་ཡོད་པས། གོང་མ་གོང་མ་མཆོག་ཏུ་གྱུར་པ་རྣམས་ཀྱིས་འོག་མ་འོག་མ་དམན་པ་རྣམས་ལ་གནོད་ཅིང་ཟིལ་གྱིས་གནོན་པས་དེ་རྣམས་ཀྱི་བློ་ཁྱད་དང་གྲུབ་མཐའི་ཁྱད་པར་བཟང་ངན་རྣམས་ཤེས་པར་བྱ་བའི་ཕྱིར་སྟོན་པའོ། །གཉིས་པ་སོ་སོར་རྒྱས་པར་བཤད་པ་ལ་ལྔ་ལས།

དང་པོ་ལ་ཚངས་པ་པའི་འདོད་པ་བཤད་པ།

དང་པོ་ལ་ཚངས་པ་པའི་འདོད་པ་བཤད་པ་དང༌།

དེ་དགག་པ་གཉིས། དང་པོ་ནི། ཀུན་མཁྱེན་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་གྲུབ་མཐའི་རྣམ་བཞག་དོན་གསལ་ལས། ཨ་ཤྭ་མེ་དྷྭ་མི་རྟའི་སྲོག་གཅོད་ཀྱིས། །མཆོད་སྦྱིན་བྱས་ན་མཐོ་རིས་ཟེར། །ཞེས་དང༌། བླང་དོར་རབ་གསལ་ལས། ཚངས་པ་པ་ནི་རིག་བྱེད་རྟག་པ་དང༌། །རིགས་བཞི་ཚངས་པའི་ལུས་ལས་བྱུང་བ་དང༌། །རྟ་གཙང་མཆོད་སྦྱིན་བྱས་པས་མཐོ་རིས་ཀྱི། །གོ་འཕང་ཐོབ་པར་འདོད་མོད་དེ་ལྟ་ནའང༌། །ཞེས་ཚངས་བ་པ་ལ་རིག་བྱེད་པ་དང་མཆོད་སྦྱིན་པ་ཞེས་ཀྱང་བྱ་ཞིང༌། དེ་དག་མཆོད་སྦྱིན་དང༌། ངེས་བརྗོད་དང༌། སྙན་ཚིག་དང༌། སྲིད་སྲུང་སྟེ་རིག་བྱེད་བཞི་རང་བྱུང་འདུས་མ་བྱས་ཀྱི་ནམ་མཁའ་ལྟར་ཀུན་ཏུ་འགྲོ་ཞིང༌། རྟག་པ་དང༌། རིགས་བཞི་ལས་ཚངས་པའི་ཁ་ལས་བྲམ་ཟེ་རྣམས་སྐྱེས་པས་ཁ་དོག་དཀར་ཞིང་ཡེ་ཤེས་རིག་པ་དང༌། ལག་པ་ལས་རྒྱལ་རིགས་རྣམས་སྐྱེས་པས་ཁ་དོག་དམར་ཞིང་དཔའ་བ་དང༌། བརླ་གཉིས་ལས་རྗེ་རིགས་རྣམས་སྐྱེས་པས་ཁ་དོག་སེར་ཞིང་ཚོང་ལ་རྒྱུ་བས་ནོར་མང་བ་དང༌། རྐང་པ་དག་ལས་དམངས་རིགས་རྣམས་སྐྱེས་པས་ཁ་དོག་ནག་ཅིང་ཞིང་ལས་དང་རྒྱལ་པོའི་ཞབས་འབྲིང་བྱེད་པ་དང༌། རྟ་དཀར་པོ་གཙང་མ་བསད་དེ་མཆོད་སྦྱིན་བྱས་པས་མཐོ་རིས་ཀྱི་གོ་འཕང་ཐོབ་པར་འདོད་པ་ཡིན་ནོ། །གཉིས་པ་དེ་དགག་པ་ནི། དེ་ལྟར་འདོད་པ་མི་འཐད་དེ། བླང་དོར་རབ་གསལ་ལས། རིག་བྱེད་རང་བྱུང་རྟག་པ་མ་ཡིན་ཏེ། །དང་པོ་ཚངས་པའི་གདོང་བཞི་ལས་བྱུང་ཞིང༌། །ཕྱི་ནས་བྲམ་ཟེ་རྣམས་ཀྱིས་ཀློག་པ་ལས། །འདུས་བྱས་མི་རྟག་ཉིད་དུ་གྲུབ་ཕྱིར་རོ། །ཞེས་མཐོ་རིས་འདོད་པས་མེ་ལ་སྦྱིན་བསྲེག་བྱེད་ཞེས་པ་ལ་སོགས་པའི་རིག་བྱེད་ཀྱི་སྒྲ་དེ་ནི་རང་བྱུང་རྟག་པ་མ་ཡིན་ཏེ། བརྗོད་བྱའི་དོན་རྗོད་པར་བྱེད་པའི་ཕྱིར་དང༌། གང་དོན་གྱི་རྗོད་བྱེད་ཡིན་པ་དེ་ནི། མགྲིན་པ་དང་རྐན་ལ་སོགས་པའི་རྩོལ་བས་བསྐྱེད་པས་རང་བྱུང་མ་ཡིན་པར་གྲུབ་པོ། །ཅི་སྟེ་དོན་རྗོད་བྱེད་རིག་བྱེད་ཀྱི་སྒྲ་ལྟ་བུ་དེ་རིག་བྱེད་ཀྱི་སྒྲ་དངོས་མ་ཡིན་ཞིང༌། དེ་ལས་གཞན་ཡིན་ཏེ། དེ་ནི་རྣ་བའི་བུག་པའི་ནང་དུ་རིག་བྱེད་ཀྱི་སྒྲའི་དོན་ཐམས་ཅད་དང་གཅིག་ཏུ་འདྲེས་པར་གྱུར་ཅིང་རྟག་པ་དེའི་མངོན་པར་གསལ་བྱེད་ཡིན་པའི་ཕྱིར་རོ་ཞེ་ན། དེ་ལྟར་ན་མངོན་པར་གསལ་བྱེད་ཀྱི་སྒྲ་དེས་བུམ་པ་ཞེས་བརྗོད་པ་ན། རྣ་བའི་བུག་པའི་ནང་དུ་རིག་བྱེད་ཀྱི་སྒྲ་དུ་མ་ཅ་ཅོ་དར་དིར་དུ་རྟོགས་པར་བྱ་བར་འགྱུར་ཏེ། དོན་ཐམས་ཅད་དང་འདྲེས་ཤིང་རྟག་པའི་རིག་བྱེད་ཀྱི་སྒྲ་དེ་རྣ་བུག་ཏུ་གསལ་བར་བྱས་པའི་ཕྱིར་རོ། །ཡང་རིག་བྱེད་ཀྱི་སྒྲ་དོན་དང་ཐ་དད་མ་ཡིན་ཞིང༌། གཅིག་པ་ཉིད་ཡིན་ན་མེ་ལ་སྦྱིན་བསྲེག་སྦྱིན་ཞེས་མེའི་སྒྲ་བརྗོད་པ་ན་བརྗོད་པ་པོའི་ཁ་བསྲེག་པར་འགྱུར་ཏེ། མེ་ཞེས་པའི་སྒྲ་ཁ་ནང་ན་ཡོད་ཅིང་དེ་མེ་དང་གཅིག་ཡིན་པའི་ཕྱིར་རོ། ། མདོར་ན་རིག་བྱེད་བཞི་འདུས་མ་བྱས་རྟག་པ་མ་ཡིན་ཏེ། སྔར་ཚངས་པའི་གདོང་བཞི་ལས་སྐྱེས་ཤིང་ཕྱིས་བྲམ་ཟེ་རྣམས་ཀྱིས་ཀློག་པ་ཡིན་པ་གང་ཞིག དེ་ལྟ་བས་ན་འདུས་བྱས་མི་རྟག་པར་གྲུབ་པའི་ཕྱིར། རྟགས་དང་པོ་ཁས། ཡང་རིག་བྱེད་ཀྱི་སྒྲ་དེ་ནམ་མཁའ་ལྟར་ཀུན་ཏུ་འགྲོ་བ་ཡང་མ་ཡིན་ཏེ། བྲམ་ཟེ་ཁོ་ནས་ཀློག་པར་འདོད་པས་ཉི་ཚེ་བར་གྲུབ་པའི་ཕྱིར་རོ། །ཅི་སྟེ་ཀུན་ཏུ་འགྲོ་བ་ཡིན་ན་དམངས་རིགས་རྣམས་ཀྱིས་ཀྱང་ཀློག་ཏུ་རུང་པར་རིགས་པས། འགལ་བ་སྣ་ཚོགས་སྨྲ་བ་འདི་དག་ལ་ཤེས་ལྡན་རྣམས་ཀྱིས་ཡིད་ཆེས་པར་མི་བྱའོ། །བླང་དོར་རབ་གསལ་ལས། རིགས་བཞིའང་རིགས་གཅིག་ཉིད་དུ་ཐལ་འགྱུར་ཏེ། །གང་ཟག་གཅིག་གི་ལུས་ལས་བྱུང་བའི་ཕྱིར། །དཔེར་ན་ཕ་གཅིག་གིས་ནི་བསྐྱེད་པ་ཡི། །བུ་རྣམས་རིགས་གཅིག་ཉིད་དུ་འགྱུར་བ་བཞིན། །ཞེས་གལ་ཏེ་ཐམས་ཅད་ཀྱི་བྱེད་པ་པོ་ཚངས་པས་སྐྱེ་དགུ་རྣམས་བསྐྱེད་པ་ཡིན་ན་བྲམ་ཟེ་ལ་སོགས་པ་རིགས་བཞིའི་ཐ་སྙད་མི་འཐད་པར་གྱུར་ཞིང་ཐམས་ཅད་ཀྱང་རིགས་གཅིག་ཏུ་འགྱུར་ཏེ། ཚངས་པ་གཅིག་ལས་སྐྱེས་པའི་ཕྱིར། དཔེར་ན་ཕ་གཅིག་གི་བུ་རྣམས་རིགས་གཅིག་པ་བཞིན་ནོ། །ཡང་ཚངས་པའི་ཁ་ལས་བྱུང་བ་རྣམས་བྲམ་ཟེའི་རིགས་ཡིན་ན་བྲམ་ཟེ་མོ་རྣམས་བྲམ་ཟེའི་སྲིང་མོར་འགྱུར་ཏེ། སྐྱེ་གནས་གཅིག་ལས་བྱུང་བའི་བུད་མེད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་སྲིང་མོ་བག་མར་བྱས་པ་ལས་ཀླ་ཀློའི་ཆོས་ལ་ཞུགས་ནས་བྲམ་ཟེའི་རིགས་ཉམས་པར་འགྱུར་ཞིང༌། རིགས་ཉམས་པ་ལས་དམྱལ་བར་འགྲོ་བར་འདོད་པའི་ཁས་བླངས་ཀྱིས་ཀྱང་གནོད་པར་འགྱུར་རོ། ། དེ་བཞིན་དུ་རྒྱལ་རིགས་ལ་སོགས་པ་ལ་ཡང་སྦྱར་རོ། །ཅི་སྟེ་ཚངས་པའི་ཁ་ལ་སོགས་པའི་སྐྱེ་གནས་ཐ་དད་པའི་དབྱེ་བས་རིགས་བཞིར་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་ཨུ་དུམ་ཝ་རའི་རྩ་བ་དང་རྐེད་པ་དང་རྩེ་མོ་ལས་སྐྱེས་པའི་འབྲུ་རྣམས་ཀྱང་རོ་དང་གཟུགས་དང་ནུས་པ་ལ་སོགས་པ་ཐ་དད་པར་འགྱུར་བ་ལ་དེ་ལྟར་མ་ཡིན་ནོ། །ཁ་དོག་གི་སྒོ་ནས་རིགས་བཞི་ཐ་དད་དུ་འབྱེད་པ་ཡང་མི་འཐད་དེ། དོན་དམ་བསྙེན་པ་ལས། ཁ་ལས་སྐྱེས་པའི་རི་བོང་འཛིན་པ་ལྟར་དཀར་མིན། །དཔུང་པ་ལས་སྐྱེས་ཉིན་བྱེད་ཤར་དང་འདྲ་བ་མིན། །བརླ་ལས་སྐྱེས་པ་ལྡོང་རོས་ཁ་དོག་འདྲ་མ་ཡིན། ། རྐང་པ་ལས་སྐྱེས་མིག་སྨན་ཆེ་ལྟར་ནག་པ་མིན། །ཞེས་གསུངས་པ་ལྟར། བྲམ་ཟེ་ཁ་དོག་ནག་པོ་དང༌། དམངས་རིགས་ཁ་དོག་དཀར་པོ་ལ་སོགས་པ་སྣ་ཚོགས་སུ་སྣང་བའི་ཕྱིར་རོ། །བློ་དང་འབྱོར་པ་དང་བྱ་བའི་སྒོ་ནས་ཐ་དད་དུ་འབྱེད་པ་ཡང་མི་འཐད་དེ། གཉིས་སྐྱེས་ཡེ་ཤེས་རིགས་ལས་སྐྱེས་མིན་རྒྱལ་རིགས་ནི། །རྒྱལ་པོའི་རིགས་ལས་སྐྱེས་པས་དཔའ་བོ་རྣམས་མ་ཡིན། །རྗེ་རིགས་ཐམས་ཅད་ཕུན་སུམ་ཚོགས་དང་ལྡན་པ་མིན། །འཇིག་རྟེན་དུ་ནི་དམངས་རིགས་ལས་ཆེན་མི་བགྱིད་དོ། །ཞེས་གསུངས་པ་ལྟར་བྲམ་ཟེ་བླུན་པོ་དང་རྒྱལ་རིགས་སྡར་མ་དང་རྗེ་རིགས་དབུལ་པོ་དང་དམངས་རིགས་རྒྱལ་པོ་ལ་སོགས་པ་སྣ་ཚོགས་སུ་སྣང་བའི་ཕྱིར་རོ། །ཡང་བླང་དོར་རབ་གསལ་ལས། སྲོག་ཆགས་བསད་དེ་མཆོད་སྦྱིན་བྱས་པ་ལས། །མཐོ་རིས་གོ་འཕང་ཐོབ་པ་ག་ལ་སྲིད། །སྡིག་པ་བྱས་པས་བདེ་འགྲོ་ཐོབ་འགྱུར་ན། །ངན་འགྲོའི་སྡུག་བསྔལ་གང་ལས་འབྱུང་བར་འགྱུར། །ཞེས་རྟ་བསད་པའི་མཆོད་སྦྱིན་གྱིས་འབྲས་བུ་བདེ་འགྲོ་ཐོབ་པ་ཡང་མི་འཐད་དེ། རྒྱུ་མི་དགེ་བ་བྱས་པ་ལས་འབྲས་བུ་བདེ་བ་ཐོབ་པར་འགལ་པའི་ཕྱིར་རོ། །སྔོན་མཆོད་སྦྱིན་ལ་ཕྱུགས་གསོད་བྱེད་དང་བསད་བྱ་ཐམས་ཅད་ལྷར་སྐྱེས་པར་འདོད་པ་དྲང་སྲོང་རྒྱས་པའི་བུ་དྲང་སྲོང་ཤུ་ཀས་ཀྱང་དོན་ཏེ་མི་འཐད་པར་རིག་ནས། མཆོད་སྡོང་བཙུགས་ནས་ཕྱུགས་བསད་དེ། །ཁྲག་འདམས་བྱས་པས་མཐོ་རིས་སུ། །གལ་ཏེ་འགྲོ་བ་དེ་ལྟར་ན། དམྱལ་བར་གང་གིས་འགྲོ་བར་འགྱུར། །ཞེས་པའི་ཚིག་གིས་སུན་ཕྱུང་བ་ལྟར་རོ། །འདོད་ན། ངན་འགྲོ་མེད་པའི་ཕྱིར་མཐོ་རིས་བསྒྲུབ་ལ་འབད་མི་དགོས་པར་ཐལ་བ་དེའི་ཕྱིར་མཆོད་སྦྱིན་དོན་མེད་དོ། །དེ་བས་ན་བློ་དང་ལྡན་པ་རྣམས་ཀྱིས་གྲུབ་མཐའ་ངན་པ་དེ་དག་གི་རྗེས་སུ་འབྲང་བར་མི་བྱ་སྟེ། ཇི་སྐད་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། གང་ལ་རིགས་ནི་ཚད་མར་གྱུར་པ་དེ་ལ་མི་ཡི་བདག་པོ་རིག་བྱེད་དག་ནི་ཚད་མར་འགྱུར། །གང་ལ་རིག་བྱེད་ཚད་མར་གྱུར་པ་དེ་ལ་ངེས་པར་ས་གཞིའི་གནས་སུ་མཆོད་སྦྱིན་ཚད་མ་སྟེ། །གང་ལ་མཆོད་སྦྱིན་ཚད་མར་གྱུར་པ་དེ་ལ་རྣམ་མང་ཕྱུགས་དང་མི་ལ་འཚེ་བ་ཚད་མར་འགྱུར། །གང་ལ་འཚེ་བ་ཚད་མར་གྱུར་པ་དེ་ལ་དམྱལ་བའི་འཇིགས་པ་བྱེད་པའི་སྡིག་པ་ཚད་མའོ། ། ཞེས་གསུངས་པའི་ཕྱིར་རོ། །མུ་སྟེགས་རིག་བྱེད་པའམ་གསང་བ་པ་ཞེས་པ་དང་མུ་སྟེགས་རིག་པ་ཅན་ཡང་བདག་ཤེས་པ་འདོད་པར་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་དུ་བཤད་དོ།། །།

གཉིས་པ་ནི་ཁྱབ་འཇུག་པ་དང་དབང་ཕྱུག་པའི་འདོད་པ་བཤད་པ།

གཉིས་པ་ནི་ཁྱབ་འཇུག་པ་དང་དབང་ཕྱུག་པའི་འདོད་པ་བཤད་པ་དང༌།

དེ་དགག་པ་གཉིས། དང་པོ་ནི། གྲུབ་མཐའ་དོན་གསལ་ལས། བརྟན་གཡོ་ཐམས་ཅད་དབང་ཕྱུག་གིས། །བྱས་པར་འདོད་པ་ཡིན་པ་ལ། །ཞེས་དང༌། ཁྱབ་འཇུག་རྟག་པ་རང་བྱུང་ཅན། །ཡིན་ཞེས་ཟེར་བ། ཞེས་དང༌། བླང་དོར་རབ་གསལ་ལས། ཁྱབ་འཇུག་དབང་ཕྱུག་པ་དག་ཐུན་མོང་དུ། །དེ་དག་ཀུན་གྱི་བྱེད་པོ་རང་དབང་ཅན། །བདག་ཀྱང་གཅིག་པུ་ཀུན་ལ་ཁྱབ་པ་དང༌། །དུས་གསུམ་འགྱུར་མེད་རྟག་པར་འདོད་མོད་ཀྱི། །ཞེས་ཁྱབ་འཇུག་པ་ལ་བྱེ་བྲག་པ་དང་རིགས་པ་ཅན་པ་དང་གླུ་ཆོས་སུ་སྨྲ་བ་ཞེས་ཀྱང་བྱ་ཞིང༌། དབང་ཕྱུག་པ་ལ་ནི་ཞི་བ་པ་དང༌། འཁྲིག་པ་ཆོས་སུ་སྨྲ་བ་ཞེས་ཀྱང་བྱ་སྟེ། དེ་དག་ནི། ལྷ་གསུམ་པོ་ནི་གཟུགས་གཅིག་སྟེ། ཚངས་དང་ཁྱབ་འཇུག་དབང་ཕྱུག་ཆེ། ཞེས་ཚངས་པ་སྐུ་དང་ཁྱབ་འཇུག་ཐུགས་དང་དབང་ཕྱུག་གསུང་དུའང་འདོད་ཅིང༌། ལྷ་ཆེན་པོ་དེ་དག་ཐམས་ཅད་ཀྱི་བྱེད་པ་པོ་དང༌། བདག་རྟག་པ་གཅིག་པུ་ཐམས་ཅད་དུ་ཁྱབ་པ་དང༌། དུས་གསུམ་རྟག་པར་ཡོད་པ་དང༌། རང་བཞིན་འགྱུར་བ་མེད་པ་དང་ཡོན་ཏན་གསུམ་དང་ལྡན་པ་དང༌། སྟོང་ཉིད་ཞིག་པའི་མེད་དགག་ལ་སོགས་པར་འདོད་པ་ཡིན་ནོ། ། གཉིས་པ་དེ་དགག་པ་ལ། གྲུབ་མཐའི་རྣམ་བཞག་དོན་གསལ་ལས། རྟེན་འབྲེལ་མ་གཏོགས་བྱེད་གཞན་མེད། །ཀུན་རྫོབ་ལས་སྣང་གྲུབ་པར་ཐལ། །ཞེས་དང༌། སྐྱེ་འཆི་གཉིས་ཀྱི་སྡུག་བསྔལ་དག །མྱོང་བས་རང་དབང་ཅན་དུ་འགལ། །ཞེས་དང༌། བླང་དོར་རབ་གསལ་ལས། ཀུན་གྱི་བྱེད་པོ་ཡིན་ན་དགེ་སྡིག་ལས། །བདེ་སྡུག་མྱོང་བ་པོར་ཡང་ཐལ་པར་འགྱུར། །དེ་ལྟར་ན་ནི་རང་དབང་ཅན་དུ་འགལ། །རྟེན་འབྲེལ་མ་གཏོགས་བྱེད་པོ་གཞན་ཡོད་མིན། །ཞེས་གལ་ཏེ་ཁྱབ་འཇུག་དང་དབང་ཕྱུག་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་ན། སེམས་ཅན་རྣམས་ཀྱི་ལས་དགེ་མི་དགེའི་བྱེད་པ་པོར་ཡང་འགྱུར་ལ། དེ་ལྟ་ན་དགེ་སྡིག་གི་འབྲས་བུ་རྣམ་སྨིན་བདེ་བ་དང་སྡུག་བསྔལ་མྱོང་བ་པོར་ཡང་འགྱུར་ཞིང༌། སེམས་ཅན་རྣམས་ཀྱི་བདེ་སྡུག་མྱོང་བ་པོ་ཡིན་ན་བདག་གཅིག་པུ་རང་དབང་ཅན་ཡིན་པར་ཡང་འགལ་བ་ཉིད་དོ། །ཅི་སྟེ་དབང་ཕྱུག་རང་ཉིད་ལས་བྱེད་པ་པོ་མ་ཡིན་ཞིང་གཞན་རྣམས་ལས་བྱེད་པ་ལ་སྦྱོར་བ་པོ་ཡིན་ནོ་ཞེ་ན། ལས་བྱེད་པ་པོ་དངོས་མ་ཡིན་ན་ཐམས་ཅད་ཀྱི་བྱེད་པ་པོ་འདོད་པ་དང་ཡང་འགལ་ཞིང༌། དབང་ཕྱུག་གིས་བསྐུལ་བའི་སེམས་ཅན་གྱིས་དབང་ཕྱུག་གི་ཐུགས་དང་འགལ་བ་མི་དགེ་བའི་ལས་བྱས་པ་ལས། ལས་ལ་སྦྱོར་བ་པོ་དབང་ཕྱུག་དེས་སེམས་ཅན་དེ་ངན་སོང་དུ་བསྐྱུར་ནས་ཚར་གཅོད་པར་འདོད་པ་དང་ཡང་འགལ་ཏེ། སེམས་ཅན་དེ་དག་ལ་རང་དབང་མེད་ཅིང་བྱེད་པ་པོ་དབང་ཕྱུག་གི་གཞན་དབང་ཉིད་དུ་གྱུར་པའི་ཕྱིར་རོ། །གཞན་ཡང་སྤྱོད་འཇུག་ལས། དབང་ཕྱུག་འགྲོ་བའི་རྒྱུ་ཡིན་ན། །རེ་ཤིག་དབང་ཕྱུག་གང་ཡིན་སྨྲོས། །འབྱུང་རྣམས་ཞེ་ན་དེ་ལྟ་མོད། །མིང་ཙམ་ལ་ནི་ཅི་ཞིག་ངལ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་དབང་ཕྱུག་འགྲོ་བ་ཐམས་ཅད་ཀྱི་བྱེད་པ་པོའམ་རྒྱུར་འདོད་པ་ཡིན་ན་དབང་ཕྱུག་དེ་གང་ཡིན་སྨྲོས་བྱས་པ་ལས་འབྱུང་བ་བཞི་པོ་ཡིན་ནོ་ཞེ་ན། དེ་ལྟར་ན་ཀུན་རྫོབ་ཏུ་རྒྱུའི་གཟུགས་འབྱུང་བ་བཞི་པོ་རྣམས་ལ་འབྲས་བུའི་གཟུགས་འབྱུང་འགྱུར་ལྔ་དབང་པོ་ལྔ་དང་དོན་ལྔ་འབྱུང་བར་ངས་ཀྱང་འདོད་པས་མིང་ཙམ་ལ་ནི་མི་བརྩོད་དོ། །འོན་ཀྱང་ས་སོགས་དུ་མ་དང༌། །མི་རྟག་གཡོ་མེད་ལྷ་མིན་ཞིང༌། །འགོམ་བྱ་ཉིད་དང་མི་གཙང་བས། །དེ་རྣམས་དབངཕྱུག་ཉིད་མ་ཡིན། །དབང་ཕྱུག་མཁའ་མིན་གཡོ་མེད་ཕྱིར། །ཞེས་གསུངས་པ་ལྟར་དོན་ལ་བརྟགས་ན་ས་ལ་སོགས་པའི་འབྱུང་བ་བཞི་པོ་རྣམས་ནི་ཁྱོད་འདོད་པའི་དབང་ཕྱུག་དེ་མ་ཡིན་ཏེ། དབང་ཕྱུག་གཅིག་པུར་འདོད་པ་ལ་འབྱུང་བ་རྣམས་ནི་དུ་མ་ཡིན་པའི་ཕྱིར་དང༌། དབང་ཕྱུག་རྟག་པར་འདོད་པ་ལ་འབྱུང་བ་རྣམས་ནི་མི་རྟག་པ་ཡིན་པའི་ཕྱིར། དབང་ཕྱུག་བློ་དང་ལྡན་པར་འདོད་པ་ལ་འབྱུང་བ་རྣམས་ལ་ནི་བློ་ཡི་གཡོ་བ་མེད་པའི་ཕྱིར་དང༌། དབང་ཕྱུག་ལྷའི་འགྲོ་བར་འདོད་པ་ལ་འབྱུང་བ་རྣམས་ནི་ལྷ་མ་ཡིན་པར་བེམ་པོ་ཡིན་པའི་ཕྱིར། དབང་ཕྱུག་མཆོད་པར་འོས་པར་འདོད་པ་ལ་འབྱུང་བ་རྣམས་ནི་རྐང་པས་འགོམ་པར་བྱ་བ་ཡིན་པའི་ཕྱིར་དང༌། དབང་ཕྱུག་གཙང་མར་འདོད་པ་ལ་འབྱུང་བ་རྣམས་ནི་གཤང་གཅི་ལ་སོགས་པའི་མི་གཙང་བས་སྦགས་པ་ཡིན་པའི་ཕྱིར་རོ། །འོན་ཀྱང་དབང་ཕྱུག་ནི་ནམ་མཁའ་ཡིན་ཞེ་ན། དེ་ཡང་མ་ཡིན་ཏེ། དབང་ཕྱུག་ནི་བློའི་གཡོ་བ་དང་བཅས་པས་ཐམས་ཅད་ཀྱི་བྱེད་པ་པོར་འདོད་པ་ལ་ནམ་མཁའ་ལ་ནི་བློའི་གཡོ་བ་མེད་ཅིང་བྱེད་པའང་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །རྒྱུད་ལས་ཀྱང༌། དེ་ཕྱིར་དགེ་དང་མི་དགེའི་འབྲས་སྟེར་དབང་ཕྱུག་བྱེད་པ་མེད་དེ་སྲོག་ཆགས་ལས་ནི་དོར་ནས་ནི། ཞེས་གསུངས་པས། སེམས་ཅན་རྣམས་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་ལ་རང་རང་ཉེ་བར་ལོངས་སྤྱོད་པ་མ་གཏོགས་པ་བྱེད་པ་པོ་དབང་ཕྱུག་ལ་སོགས་པ་གཞན་མེད་པར་གསུངས་སོ། །དོན་དམ་དུ་རྣམ་པར་དཔྱད་ན། དབུ་མ་རྩ་བར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཡིན་ལ་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་རྐྱེན་ཕན་ཚུན་ཡང་དག་པར་སྦྱོར་བ་ལས། ཟླ་བ་དང་ཆུ་ཤེལ་ཕྲད་པ་ལས་ཆུ་འབྱུང་བ་དང༌། ཉི་མ་དང་མེ་ཤེལ་ཕྲད་པ་ལས་མེ་འབྱུང་བ་དང༌། མེ་ལོང་དང་དངོས་པོ་ཕྲད་པ་ལས་གཟུགས་བརྙན་འབྱུང་བ་དང༌། ས་བོན་དང་ཆུ་ལུད་ཕྲད་པ་ལས་མྱུ་གུ་འབྱུང་བ་དང་ལས་དགེ་བ་དང༌། མི་དགེ་བ་ལས་འབྲས་བུ་འདོད་མི་འདོད་འབྱུང་བ་རྣམས་ནི། དངོས་པོའི་ཆོས་ཉིད་ཡིན་གྱི་བྱེད་པ་པོ་དང་སྤྲུལ་པ་པོ་སུ་ཡང་ཡོད་པ་མ་ཡིན་ནོ། །རྒྱན་ལས་ཀྱང༌། བརྟེན་ནས་དངོས་རབ་སྐྱེ་བ་མངོན་འཇུག་པ། །སྐྱེ་བོ་ཅི་ལྟར་གཞན་གྱིས་བྱས་ལ་རྟེན། །གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲའི་མུན་ནག་རྣམ་པ་འདི་གང་ཞིག །ཅེས་གསུངས་པ་ལྟར། དངོས་པོ་རྣམས་རྒྱུ་རྐྱེན་ཕན་ཚུན་རྟེན་ཅིང་འབྲེལ་པ་ལས་སྐྱེ་བར་མངོན་སུམ་དུ་མཐོང་བཞིན་དུ་བྱེད་པོ་གཞན་དབང་ཕྱུག་ལ་སོགས་པས་བྱས་པར་འདོད་པ་རྣམས་ནི་ཤིན་ཏུ་འཁྲུལ་པའོ། །དེ་ཡང་ཡོད་པ་རྟེན་འབྲེལ་གྱི་དོན་མི་མཐོང་བར་མེད་པ་བདག་དང་གཙོ་བོ་ལ་སོགས་པ་མཐོང་བ་འདི་འདྲ་བ་འདི་ནི་སྔོན་མེད་པའི་མུན་པ་ཆེན་པོ་སྟེ། མུན་པ་ཕལ་པས་ནི་ཡོད་པ་མི་མཐོང་བར་ནུས་མོད་མེད་པ་མཐོང་བར་མི་ནུས་པའི་ཕྱིར་རོ། །བླང་དོར་རབ་གསལ་ལས། བདག་ནི་རྟག་པ་གཅིག་པུ་ཐམས་ཅད་དུ། །འགྲོ་བ་ཡིན་ན་གཉེན་དང་བྲལ་བ་ཡི། །སྡུག་བསྔལ་སུས་ཀྱང་མྱོང་བར་མི་འགྱུར་ཏེ། །གཉེན་གྱི་བདག་དེ་རྟག་ཏུ་ཡོད་པའི་ཕྱིར། །ཞེས་གལ་ཏེ་བདག་རྟག་པ་གཅིག་པུ་དེ་ཡུལ་དུས་ཐམས་ཅད་དུ་གང་ཟག་ཐམས་ཅད་ལ་ཁྱབ་པར་ཀུན་ཏུ་འགྲོ་བ་ཡིན་ན། དེ་རྣམས་ཀྱིས་གཉེན་དང་བྲལ་བའི་སྡུག་བསྔལ་ནམ་ཡང་མི་མྱོང་བར་འགྱུར་ཏེ། གཉེན་གྱི་བདག་གཅིག་པུ་རང་དབང་ཅན་དེ་རྟག་ཏུ་མི་འགྱུར་བར་ཡོད་པའི་ཕྱིར་རོ། །ཡང་བླང་དོར་རབ་གསལ་ལས། གཞན་ཡང་སེམས་ཅན་གཅིག་གི་སྡུག་བསྔལ་གྱིས། །སེམས་ཅན་ཐམས་ཅད་སྡུག་བསྔལ་ཉིད་འགྱུར་ཏེ། ། སྡུག་བསྔལ་ཅན་གྱི་བདག་ཉིད་གཅིག་པུ་དེ། །ཀུན་ལ་ཁྱབ་པར་འགྲོ་བ་ཡིན་ཕྱིར་རོ། །ཞེས་སེམས་ཅན་གཅིག་གིས་གཉེན་དང་བྲལ་བ་ལ་སོགས་པའི་སྡུག་བསྔལ་དྲག་པོ་མྱོང་བའི་ཚེ། སེམས་ཅན་གཞན་ཐམས་ཅད་ཀྱིས་དེ་དང་འདྲ་བའི་སྡུག་བསྔལ་མྱོང་བར་འགྱུར་ཏེ། སྡུག་བསྔལ་ཅན་གྱི་བདག་གཅིག་པུ་ཡུལ་དུས་ཐམས་ཅད་དུ་གང་ཟག་ཐམས་ཅད་ལ་ཁྱབ་པར་ཀུན་ཏུ་འགྲོ་བའི་ཕྱིར་རོ། །ཅི་སྟེ་སེམས་ཅན་སོ་སོ་ལ་བདེ་བ་དང་སྡུག་བསྔལ་ཅན་གྱི་བདག་མི་འདྲ་བ་རེ་རེ་ཡོད་པ་ཡིན་ན་བདག་དེ་དུ་མར་འགྱུར་བས་གཅིག་པུ་རང་དབང་ཅན་ཐམས་ཅད་ལ་ཁྱབ་པར་འདོད་པ་དང་འགལ་བ་ཡིན་ནོ། །གལ་ཏེ་བདག་དེ་སད་པའི་གནས་སྐབས་ན་བྱ་བ་དང་བཅས་པ་ཡིན་ན་གཉིད་ལོག་པ་ན་བྱ་བ་དང་བྲལ་བའི་རྨོངས་པ་ཉིད་དུ་ཡང་ཅི་ལྟར་འགྲོ། རྣམ་པརདཔྱད་ན་བདག་འདི་ནི་ཀུན་ཏུ་འགྲོ་བ་དང་ཁྱབ་བདག་དང་གཙོ་བོ་དང་རྟག་པ་ཡང་མ་ཡིན་ལ། ཐམས་ཅད་ཀྱི་བྱེད་པ་པོ་ཡང་མ་ཡིན་པར་གྲུབ་པོ། །ཡང་དེའི་ཁྱབ་འཇུག་གི་འཇུག་པ་བཅུ་བཤད་མོད་འདིར་མང་དུ་དོགས་ནས་མ་བྲིས་པ་ཡིན་ལ། ཤེས་པར་འདོད་པ་དག་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་སོགས་ལས་ཤེས་པར་བྱའོ། །ཡང་དེའི་ཁུངས་སུ་འདུ་བ་གྲངས་ཅན་པ་སྟེ་སེར་སྐྱ་པ་ནི། སྤྱོད་པ་ལ་འཇུག་པར། གཙོ་བོ་རྟག་པ་འགྲོ་བ་ཡི། །རྒྱུ་ཡིན་པར་ནི་གྲངས་ཅན་འདོད། །སྙིང་སྟོབས་རྡུལ་དང་མུན་པ་ཞེས། །བྱ་བའི་ཡོན་ཏན་མཉམ་གནས་ནི། །གཙོ་བོ་ཞེས་བྱར་རབ་བརྗོད་དེ། །མི་མཉམ་འགྲོ་བ་ཡིན་པར་བརྗོད། །ཅེས་༼བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད༽སྙིང་སྟོབས་རྡུལ་མུན་གསུམ་མམ་ཆགས་སྡང་རྨོངས་གསུམ་མམ། བདེ་སྡུག་གཏི་མུག་གསུམ་ཆ་མཉམ་པའི་བེམ་པོ་རྟག་དངོས་གཅིག་པུ་བ་ནི། རང་བཞིན་རྒྱུའི་གཙོ་བོ་ཡིན་ལ། དེ་གསུམ་ཆ་མཉམ་པ་ལས་འགྲོ་བ་སྟེ་རྣམ་འགྱུར་འབྱུང་སྟེ་བློའམ་ཆེན་པོ་ཞེས་པའི་བེམ་པོ་ཤེལ་གྱི་མེ་ལོང་ངོས་གཉིས་པ་ལྟ་བུའི་ནང་ནས་བདག་ཤེས་རིག་གི་གཟུགས་བརྙན་འཆར་བ་ཕྱི་ནས་གཟུགས་སོགས་ཀྱི་གཟུགས་བརྙན་འཆར་བ་ཞིག རང་བཞིན་རྒྱུའི་གཙོ་བོ་ལས་ཐོག་མར་སྐྱེ་ལ། དེ་ནས་སྙིང་སྟོབས་ལས་གྱུར་བའི་ང་རྒྱལ། རྡུལ་ལས་གྱུར་བའི་ང་རྒྱལ། མུན་པ་ལས་གྱུར་བའི་ང་རྒྱལ་གསུམ་འབྱུང༌། ང་རྒྱལ་དང་པོ་གཉིས་ལས་མིག་སོགས་ནང་གི་དབང་བོ་ལྔ་དང༌། ཁ་ལག་རྐང་བ་གཤང་ལམ་གཅི་བའི་ལམ་སྟེ་ལས་ཀྱི་དབང་བོ་ལྔ་དང༌། གཉིས་ཀའི་དབང་པོ་ཡིད་དེ་དབང་བོ་བཅུ་གཅིག་དང༌། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་དེ་ཙམ་ལྔ་དང་བཅུ་དྲུག་འབྱུང་ལ། དེ་ཙམ་ལྔ་ལས་ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ལྔ་སྐྱེ་བའོ། །དེ་ལས་རང་བཞིན་ནི་རྒྱུ་ཁོ་ན་བློ་ང་རྒྱལ་དེ་ཙམ་ལྔ་སྟེ་བདུན་ནི་རྒྱུ་འབྲས་གཉིས་ཀ་དབང་པོ་བཅུ་གཅིག་དང་འབྱུང་བ་ལྔ་ནི་འབྲས་བུ་ཁོ་ན། སྐྱེས་བུ་ནི་གཉིས་ཀ་མིན་པ་ཡིན་ཏེ། དབང་ཕྱུག་ནག་པོའི་གཞུང་ལས། རྩ་བའི་རང་བཞིན་ལ་ནི་འགྱུར་བ་མེད། །ཆེན་པོ་སོགས་བདུན་རྒྱུ་དང་འགྱུར་བ་ཡིན། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་འགྱུར་བ་མིན། །ཞེས་གསུངས་པ་ལྟར་གྲངས་ཅན་པ་རྣམས་གཙོ་བོ་རྟག་པ་གཅིག་པུ་རང་དབང་ཅན་སྣང་བ་དང་ཤེས་པའི་སྤྱོད་ཡུལ་ལས་འདས་པ་བརྟན་གཡོ་ཐམས་ཅད་ཀྱི་རྒྱུ་ཡིན་པར་འདོད་ཅིང༌། དེའི་ངོ་བོ་ལ་སྙིང་སྟོབས་དང་རྡུལ་དང་མུན་པའི་མིང་ཅན་བདེ་སྡུག་བཏང་སྙོམས་གསུམ་ཆ་མཉམ་པ་ལ་ནི་རང་བཞིན་རྒྱུའི་གཙོ་བོ་དང༌། དེ་གསུམ་ཆ་མི་མཉམ་པ་ལས་གནས་སྐབས་རྣམ་འགྱུར་སྣ་ཚོགས་པའི་འགྲོ་བ་རྣམས་འབྱུང་བར་འདོད་དོ། །གྲངས་ཅན་པས་འདོད་པའི་བདག་ནི། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། མུ་སྟེགས་གྲངས་ཅན་པ་ནི། བདག་ཤེས་རིག་གི་སྐྱེས་བུ་ཞེས་ཤེས་པར་འདོད་ལ། དེ་ཡང་མཚན་ཉིད་ལྔ་ལྡན་ཏེ། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར། །ཅེས་སོ། །ཤེས་བྱ་ཉེར་ལྔ་ལས་གཙོ་བོ་དང་བདག་ཤེས་རིག་གཉིས་དོན་དམ་བདེན་པ་དང༌། གཞན་ཉེར་གསུམ་བརྫུན་པར་འདོད་དེ། བསྟན་པ་སྤྱི་འགྲེལ་རྣམ་བཤད་ལས། ཡོན་ཏན་གསུམ་གྱི་རང་བཞིན་མཆོག །མཐོང་བའི་ཡུལ་དུ་གྱུར་མ་ཡིན། །མཐོང་བའི་ཡུལ་དུ་གང་གྱུར་པ། །སྒྱུ་མ་བཞིན་དུ་ཤིན་ཏུ་གསོག །ཅེས་གྲངས་ཅན་དེ་ལྟར་འདོད་པ་ཡིན་པར་ཚད་མ་ཀུན་བཏུས་སུ་བཤད་དེ། དེ་ལྟར་ན་རང་བཞིན་རྒྱུའི་གཙོ་བོ་དང་བདག་ཤེས་རིག་གཉིས་དོན་དམ་བདེན་པ། གཞན་ཉེར་གསུམ་ཀུན་རྫོབ་དུ་འདོད་པར་བཤད་དོ། ཞེས་གསུངས་སོ། །དེ་དག་དགག་པ་ནི། གཅིག་ལ་རང་བཞིན་གསུམ་ཉིད་ནི། །རིགས་མིན་དེས་ན་དེ་ཡོད་མིན། །ཡོན་ཏན་དེ་བཞིན་ཡོད་མིན་ཏེ། །དེ་ཡང་སོ་སོར་རྣམ་གསུམ་ཕྱིར། །ཡོན་ཏན་མེད་ན་སྒྲ་སོགས་ཀྱང༌། །ཡོད་ཉིད་ཤིན་ཏུ་རྒྱང་རིང་འགྱུར། །གཙོ་བོ་རྟག་པ་གཅིག་པུ་ཡིན་པའི་ལུགས་ལ་རྡུལ་མུན་སྙིང་སྟོབས་ཀྱི་རང་བཞིན་གསུམ་ཆ་མཉམ་པ་ཉིད་དུ་བདེན་པར་ཡོད་པ་ནི་རིགས་པ་མ་ཡིན་ཏེ། གཅིག་ཡིན་པ་དང་གསུམ་ཡིན་པ་ཤིན་ཏུ་འགལ་བའི་ཕྱིར་རོ། །དེ་བས་ན་གཙོ་བོ་དེ་བདེན་པར་ཡོད་པ་མ་ཡིན་པས་དེའི་འབྲས་བུ་རྣམས་ཀྱང་བདེན་པར་ཡོད་པ་མ་ཡིན་ནོ། །འོན་ཏེ་གཅིག་པ་དང་གསུམ་དུ་འགྱུར་བ་ནི་མི་འགལ་ཏེ། རྡུལ་ལ་སོགས་པ་རེ་རེའི་ངོ་བོར་གྱུར་པའི་བེམ་པོ་ཐམས་ཅད་ཀྱང་ཡོན་ཏན་གསུམ་གསུམ་གྱི་བདག་ཉིད་དུ་ཡོད་པའི་ཕྱིར་རོ་ཞེ་ན། གཙོ་བོ་བདེན་པར་མེད་པ་དེ་བཞིན་དུ་རྡུལ་མུན་སྙིང་སྟོབས་ཞེས་བྱ་བའི་ཡོན་ཏན་གསུམ་པོ་རྣམས་ཀྱང་རང་རང་ངོ་བོར་རེ་རེ་བདེན་པར་ཡོད་པ་མ་ཡིན་པར་འགྱུར་ཏེ། དེ་དག་རེ་རེ་ཡང་རྡུལ་གྱི་རྡུལ་དང་རྡུལ་གྱི་མུན་པ་དང་རྡུལ་གྱི་སྙིང་སྟོབས་ཞེས་པ་ལ་སོགས་པ་སོ་སོར་རྣམ་པ་གསུམ་གསུམ་གྱི་བདག་ཉིད་དུ་ཡོད་པའི་ཕྱིར། དེ་ལྟར་རྒྱུར་འདོད་པའི་ཡོན་ཏན་གསུམ་བདེན་པར་མེད་ན་འབྲས་བུར་འདོད་པའི་སྒྲ་སོགས་རྣམ་འགྱུར་རྣམས་ཀྱང་ཡོད་པ་ཉིད་དུ་རྒྱང་རིང་ཞིང་མེད་པར་འགྱུར་ཏེ། རྒྱུ་མེད་ན་འབྲས་བུ་མི་འབྱུང་བ་ནི་དངོས་པོའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་གྲངས་ཅན་པ་རྣམས་ནི་དབང་ཕྱུག་གི་གཞུང་ལ་དཔང་དུ་བྱེད་པས་དེའི་ཁོངས་སུ་འདུ་བ་ཡིན་ཏེ། བླང་དོར་རབ་གསལ་ལས། གྲངས་ཅན་པ་ནི་དབང་ཕྱུག་གྲུབ་མཐའ་ལ། །དཔང་དུ་བྱེད་པས་དེ་ཡི་བྱེ་བྲག་ཡིན། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་ཀླ་ཀློ་པ།

གསུམ་པ་ཀླ་ཀློ་པ་ནི།

བླང་དོར་རབ་གསལ་ལས། ཀླ་ཀློ་སྟག་གཟིག་པ་དག་བརྟན་གཡོ་ཡི། །བྱེད་པ་པོ་ནི་ར་ཧ་མ་ཎ་ཡིན། །ཕྱུགས་ཀྱི་མཆོད་སྦྱིན་བྱས་ན་དེ་མཉེས་ཏེ། །མཐོ་རིས་མཆོག་གི་བདེ་བ་སྟེར་བ་དང༌། །མ་མཉེས་ན་ནི་དམྱལ་བའི་སྡུག་བསྔལ་ལ། །སྦྱོར་ཞིང་མི་རྣམས་འདི་ནས་ཤི་འཕོས་ཀྱང༌། །ལུས་དེ་ཉིད་ཀྱིས་བདེ་དང་སྡུག་བསྔལ་དག །མྱོང་བར་འདོད་པ། ཞེས་ཀླ་ཀློ་སྟག་གཟིག་པ་རྣམས་ལ་ནི་སོག་པོ་ར་ཧྨ་ཎ་པ་ཞེས་ཀྱང་བྱ་ཞིང་དེ་དག་ནི་བརྟན་པ་སྣོད་ཀྱི་འཇིག་རྟེན་དང་གཡོ་བ་བཅུད་ཀྱི་འཇིག་རྟེན་ཐམས་ཅད་ཀྱི་བྱེད་པ་པོ་ལྷ་ར་ཧྨ་ཎ་ཡིན་པས་སྲོག་གི་མཆོད་སྦྱིན་གྱིས་དེ་མཉེས་པར་བྱས་ན་བདེ་བ་ལ་སྦྱོར་བ་དང༌། མ་མཉེས་ན་སྡུག་བསྔལ་ལ་སྦྱོར་བ་དང༌། ལུས་རྟག་པ་ཡིན་པས་མི་རྣམས་ཤི་འཕོས་ནས་ཀྱང་ལུས་འདི་ཉིད་ཀྱིས་མཐོ་རིས་ཀྱི་བདེ་བའམ་དམྱལ་བའི་སྡུག་བསྔལ་ལ་ལོངས་སྤྱོད་པར་འདོད་པའོ། །དེ་ནི་རིགས་པ་མ་ཡིན་ཏེ། བླང་དོར་རབ་གསལ་ལས། ཤིན་ཏུ་འཁྲུལ་པ་སྟེ། ཀུན་གྱི་བྱེད་པོར་འདོད་པའི་ལྷ་དེ་ལ། །བདེ་སྡུག་སྟེར་པའི་ནུས་པ་མེད་ཕྱིར་དང༌། །ལུས་འདིས་ཕྱི་མའི་བདེ་སྡུག་མྱོང་བ་ལ། །མངོན་སུམ་རིགས་པས་གནོད་པ་མཐོང་ཕྱིར་རོ། །ཞེས་དང༌། དཔལ་ཀྱཻའི་རྡོ་རྗེར་ཡང༌། རང་གི་རིག་པའི་འགྱུར་བ་འདི། །མནན་པ་ལས་ནི་ལས་སྐྱེ་སྟེ། །རང་གིས་བྱེད་ཅིང་རང་གི་འཕྲོག །རང་གིས་འཕྲོག་ཅིང་རང་གིས་བྱེད། །རང་རིག་རྒྱལ་བོ་རང་གཙོ་བོར། །ཞེས་གསུངས་པ་ལྟར་ལས་རྟག་པ་མ་ཡིན་ཞིང༌། རང་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལ་རང་གིས་ལོངས་སྤྱོད་པ་ཡིན་གྱི་ལྷ་གཞན་ཚངས་པ་དང་དབང་ཕྱུག་དང་ར་ཧྨ་ཎ་ལ་སོགས་པ་རྣམས་ལ་བདེ་སྡུག་སྟེར་བའི་ནུས་པ་མེད་པའི་ཕྱིར་དང༌། ཁྱད་པར་ལུས་འདི་ཉིད་ཀྱིས་ཕྱི་མའི་བདེ་སྡུག་མྱོང་བར་འདོད་པ་ལ་ནི་མངོན་སུམ་གྱི་རིགས་པས་ཀྱང་གནོད་པའི་ཕྱིར་རོ།། །།

བཞི་པ་ཟད་བྱེད་གཅེར་བུ་པ།

བཞི་པ་ཟད་བྱེད་གཅེར་བུ་པས།

བཅིང་གྲོལ་གྱི་རྟེན་བདག་གམ་སྲོག་གི་འདོད་ཚུལ་ནི། བསྡུས་རྒྱུད་ལས། སྲོག་ནི་དྲུག་གི་ལུས་ལ་ཆ་ཤས་སོ། །ཞེས་དང༌། གྲུབ་མཐའི་རྣམ་བཞག་དོན་གསལ་ལས། གེལ་བའི་ཤིང་གི་ལུས་ཚད་ནི། །སྲོག་ཀྱང་རྟག་པ་དེ་ཙམ་འདོད། །ཅེས་དང༌། བླང་དོར་རབ་གསལ་ལས། ཟད་བྱེད་གཅེར་བུ་པ་དག་སྲོག་རྟག་པ། །ལུས་ཀྱི་ཚད་དང་མཉམ་པར་འདོད་མོད་ཀྱི། །ཞེས་ཟད་བྱེད་པ་ལ་གཅེར་བུ་པ་དང་རྒྱལ་བ་པ་དང་མཆོད་འོས་པ་དང་ནམ་མཁའི་གོས་ཅན་པ་ཞེས་ཀྱང་བྱ་ཞིང༌། དེ་དག་སྲོག་ཅན་གྱི་སྡེ་དྲུག་ལ་སྲོག་རྟག་པ་ལུས་ཀྱི་ཚད་དང་མཉམ་པར་འདོད་པའོ། །དེས་ན་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། མུ་སྟེགས་གཅེར་བུ་པ་ཡང་གང་ཟག་གི་བདག་བེམ་པོར་འདོད་དེ། ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། གཅེར་བུ་ལུས་ཀྱི་ཚད་བཞིན་དུ། །སྲོག་ནི་ཞུམ་དང་རྒྱས་པར་སྨྲ། །ཞེས་གསུངས་སོ། །དེས་ན་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། ལུས་དེ་ཉིད་སྲོག་དེའོ། །སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ། །ཞེས་པ་སྟེ་དང་པོ་གཅེར་བུ་པ་སྟེ། ཞེས་པ་ནས། གཉིས་པ་གྲངས་ཅན་ཏེ་བདག་ཤེས་པ་དང་ལུས་སྲོག་ཐམས་ཅད་བེམ་པོར་འདོད་པས་སོ། །ཞེས་གསུངས་སོ། །གཅེར་བུ་པའི་འདོད་པ་དེ་དག་མི་འཐད་དེ། གྲུབ་མཐའི་རྣམ་བཞག་དོན་གསལ་ལས། དུམ་བུར་བྱས་ན་སྲོག་ནི་ཡང༌། །དེ་ནི་མང་དུ་འགྲོའམ་ཅི། །ཞེས་དང༌། བླང་དོར་རབ་གསལ་ལས། དེ་ལྟར་ན་ནི་ལག་པ་ལ་སོགས་པའི། །ཡན་ལག་བཅད་ན་སྲོག་ཀྱང་ཉམས་པར་འགྱུར། ། ལུས་ནི་ཕྲ་སྦོམ་ལ་སོགས་གྱུར་པ་ན། །སྲོག་ཀྱང་དེ་ལྟར་འགྱུར་ན་རྟག་པར་འགལ། །ཞེས་ཁྱོད་ལྟར་ན་ལག་པ་དང་རྐང་པ་ལ་སོགས་པ་ལུས་ཀྱི་ཡན་ལག་བཅད་ན་སྲོག་གི་ཆ་ཤས་ཀྱང་ཉམས་ཤིང་མི་རྟག་པར་འགྱུར་བ་དང༌། ཡང་ལུས་ཕྲ་སྦོམ་དུ་འགྱུར་བ་ན་དེ་དང་མཉམ་པའི་སྲོག་ཀྱང་ཕྲ་སྦོམ་དུ་འགྱུར་དགོས་པ་ལ། དེ་ལྟར་ན་རྟག་པར་འདོད་པ་དང་འགལ་བའི་ཕྱིར་རོ། །ཅི་སྟེ་རང་བཞིན་རྟག་ལ་རྣམ་འགྱུར་མི་རྟག་པས་འགལ་བ་མེད་དོ་ཞེ་ན། རང་བཞིན་དང་རྣམ་འགྱུར་ངོ་བོ་གཅིག་ཡིན་ན་རྟག་མི་རྟག་གཉིས་ཀ་གཞི་གཅིག་ལ་འདུ་བ་འགལ་ཞིང༌། ཐ་དད་ཡིན་ན་རང་བཞིན་མེད་པའི་རྣམ་འགྱུར་ཡང་ཡོད་པར་ཐལ་བ་ལས། དེ་ལྟར་ཡང་མ་ཡིན་ནོ། །ཡང་བླང་དོར་རབ་གསལ་ལས། གཞན་ཡང་བུར་ཤིང་འབྲུ་ལ་སོགས་པ་རྣམས། །རྐང་པས་ཆུ་འཐུངས་ནས་ནི་མེ་ཏོག་དང༌། །འབྲས་བུ་ལ་སོགས་བསྐྱེད་པར་བྱེད་པའི་ཕྱིར། །སྲོག་དང་བཅས་པར་འདོད་པ། ཞེས་གསུངས་པ་ལྟར་འདོད་དོ། །དེ་དགག་པ་ནི། བླང་དོར་རབ་གསལ་ལས། མི་འཐད་དེ། །བུར་ཤིང་དུམ་བུ་དུ་མར་བྱས་པ་ན། །སྲོག་ཀྱང་དུ་མ་ཉིད་དུ་མི་འགྱུར་རམ། །ཞེསུ་བུར་ཤིང་གི་དབྱུག་པ་གཅིག་དུམ་བུ་དུ་མར་བྱས་པ་ན་སྲོག་ཀྱང་དུ་མ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟར་ན་སྲོག་རྟག་པ་གཅིག་པུར་འདོད་པ་དང་འགལ་བར་འགྱུར་རོ། །ཡང་བླང་དོར་རབ་གསལ་ལས། ཅི་སྟེ་དུམ་བུ་གཅིག་ལ་སྲོག་བསྐུམས་ནས། །གཞན་རྣམས་སྲོག་དང་ལྡན་པ་མ་ཡིན་ན། །ཞེས་བུར་ཤིང་གི་དབྱུག་པ་རིང་པོ་ལ་ཡོད་པའི་སྲོག་དེ་ཐུང་ངུར་བསྐུམས་ནས་དུམ་བུ་གཅིག་སྲོག་དང་ལྡན་པ་ཡིན་གྱི་གཞན་རྣམས་ལ་སྲོག་མེད་པས་དུ་མར་མི་འགྱུར་རོ་ཞེ་ན། དེ་ལན་དུ་བླང་དོར་རབ་གསལ་ལས། དེ་དག་ས་ལ་བཙུགས་ན་སོ་སོ་ལ། །མྱུ་གུ་ལ་སོགས་སྐྱེ་བར་མཐོང་བའི་ཕྱིར། །དུམ་བུ་གཞན་རྣམས་སྲོག་དང་མི་ལྡན་པར། །འདོད་པའི་དམ་བཅའ་དང་ཡང་འགལ་བར་འགྱུར། །ཞེས་སྲོག་དང་མི་ལྡན་པར་འདོད་པའི་དུམ་བུ་དེ་དག་ལ་ཡང་སྲོག་ཡོད་པར་འགྱུར་ཏེ། དེ་དག་ས་ལ་བཙུགས་པ་ན་ཡང་རྐང་པས་ཆུ་འཐུངས་ནས་མྱུ་གུ་ལ་སོགས་པ་སྐྱེ་བར་མཐོང་བའི་ཕྱིར་རོ། །དེ་བས་ན་ནགས་ཀྱི་ལྗོན་ཤིང་ལ་སོགས་པས་འབྲས་བུ་བསྐྱེད་པ་ནི་སྲོག་ཡོད་པའི་རྒྱུ་མཚན་གྱིས་མ་ཡིན་གྱི། རྒྱུ་རྐྱེན་རྟེན་འབྲེལ་འཚོགས་པ་དངོས་པོའི་རང་བཞིན་ཡིན་ནོ། །འཁོར་བ་ལས་གྲོལ་བའི་ཐར་བ་འདོད་ཚུལ་ནི། གྲུབ་མཐའི་རྣམ་བཞག་དོན་གསལ་ལས། སྲིད་གསུམ་རྟག་པའི་སྟེང་ནས་ཀྱང༌། །ཐར་བ་གཟུགས་ཅན་ཡོད་པར་འདོད། །ཅེས་དང༌། བླང་དོར་རབ་གསལ་ལས། སྲིད་གསུམ་རྟག་པའི་སྟེང་ན་ཐར་པའི་ཚད། །དཔག་ཚད་འབུམ་ཕྲག་བཞི་བཅུ་རྩ་ལྔ་པ། །གདུགས་ཀྱི་རྣམ་པ་རྟག་པར་འདོད། ཅེས་འཇིག་རྟེན་གསུམ་པོ་འདི་ནི་ཐོག་མ་དང་ཐ་མ་མེད་ཅིང་སྐྱེ་བ་དང་འཇིག་པ་དང་བྲལ་བ་རྡོ་རྗེའི་རང་བཞིན་རྟག་པ་ཡིན་ལ། དེའི་སྟེང་ན། ཁ་བ་རྒྱ་སྤོས་མེ་ཏོག་དང༌། །བ་ཞོ་བ་མོ་མུ་ཏིག་མདོག །གདུགས་བཀན་བཟུང་བའི་དབྱིབས་འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །ཅེས་པ་ལྟར་འཁོར་བ་ལས་གྲོལ་བ་བདེ་བའི་གནས་རྟག་པ་ཡོད་པར་འདོད་པའོ། །དེ་དགག་པ་ནི། གྲུབ་མཐའི་རྣམ་བཞག་དོན་གསལ་ལས། གཟུགས་ཅན་ཡིན་ན་ཕྲ་རབ་རྡུལ། །ཉིད་ལས་གྲུབ་ཕྱིར་རྟག་པ་འགལ། །ཞེས་དང༌། བླང་དོར་རབ་གསལ་ལས། རིགས་པ་མིན་ཏེ་གཟུགས་ཅན་གང་ཡིན་པ། །ཕྲ་རབ་རྡུལ་བསགས་པ་ལས་འབྱུང་བའི་ཕྱིར། །དེ་ཉིད་མི་རྟག་པར་ཡང་ཐལ་པར་འགྱུར། །ཞེས་དེ་ལྟར་འདོད་པ་མི་རིགས་ཏེ། འཇིག་རྟེན་གསུམ་པོ་འདི་ནི་རྡུལ་ཕྲ་རབ་རྣམས་ཀྱིས་བསྐྱེད་པ་ཡིན་གྱི་རྡུལ་ཕྲ་རབ་མེད་པར་ནི་འབྱུང་བ་མ་ཡིན་ལ་དེ་བཞིན་དུ་ཐར་པའང་གཟུགས་ཅན་ཡིན་ན་རྡུལ་ཕྲ་རབ་ཀྱིས་སྐྱེད་དགོས་ལ། གང་རྡུལ་ཕྲ་རབ་ཀྱིས་བསྐྱེད་པ་དེ་ཐམས་ཅད་ནི་མི་རྟག་ཅིང་དུས་ཀྱི་དབང་གིས་འཇིག་པར་འགྱུར་བས་ཐར་པ་གཟུགས་ཅན་རྟག་པ་དང་སྲིད་གསུམ་རྟག་པར་འདོད་པ་ནི་ཤིན་ཏུ་འཁྲུལ་པའོ། །འཁོར་བ་ལས་གྲོལ་བའི་ཐབས་ཀྱི་འདོད་ཚུལ་ནི། གྲུབ་མཐའི་རྣམ་བཞག་དོན་གསལ་ལས། གངྒཱའི་ཆུ་ནི་འཐུངས་བ་དང༌། །མེ་ལྔ་བསྟེན་ཚད་སྡིག་སྒྲིབ་རྣམས། །དག་པར་འདོད་པའི། ཞེས་གསུངས་པ་ལྟར་འཁོར་བའི་ལས་དཀར་ནག་གཉིས་ཀ་ཟད་བྱེད་ཀྱི་ཐབས་ནི་མེ་ལྔ་བསྟེན་པའི་དཀའ་ཐུབ་དང༌། གངྒཱའི་ཆུ་འཐུང་ཞིང་ཁྲུས་བྱེད་པ་སོགས་ཡིན་པར་རིགས་པས་ན། གངྒཱའི་ཆུ་ནི་འཐུངས་བ་དང་མེ་ལྔ་བསྟེན་ཚད་ཀྱི་འགྲོ་བ་རྣམས་ཀྱི་སྡིག་སྒྲིབ་རྩ་བ་ནས་དག་སྟེ་འཁོར་བའི་ལུས་ཟད་ནས་ཐར་བའི་ལུས་ཅན་གྱི་ངོ་བོར་རོ་གཅིག་པར་འདོད་པ་ཡིན་ནོ། །དེ་དགག་པ་ནི། གྲུབ་མཐའི་རྣམ་བཞག་དོན་གསལ་ལས། མེ་དང་ཆུ་ནི་མི་འཐུང་མེད། །ཅེས་གཅེར་བུ་པ་ཁྱོད་ཀྱི་གྲོལ་བའི་ཐབས་དེ་མི་རིགས་ཏེ། ལུས་ཅན་ཀུན་ཐོག་མེད་ནས་གྲོལ་ཟིན་པར་ཐལ་བའི་ཕྱིར་ཏེ། ཐོག་མེད་ནས་མེས་གདུང་མ་མྱོང་བ་དང་ཆུ་འཐུང་ཞིང་ཆུར་ཞུགས་མ་མྱོང་བ་མེད་པའི་ཕྱིར་རོ། །

ལྔ་བ་རྒྱང་འཕེན་པ།

ལྔ་བ་རྒྱང་འཕེན་པ་ནི།

བླང་དོར་རབ་གསལ་ལས། རྒྱང་འཕེན་པ་དག་བུར་སོགས་སྦྱར་བ་ཡི། །ནུས་པ་ལས་ནི་ཆང་སོགས་འབྱུང་བ་ལྟར། །གློ་བུར་ས་སོགས་འབྱུང་བའི་ནུས་པ་ལས། །སེམས་དང་བཅས་པའི་དབང་པོ་འབྱུང་བ་དང༌། །ཤི་ནས་སེམས་ཀྱིས་འཇིག་རྟེན་ཕ་རོལ་ཏུ། །འགྲོ་བ་མེད་པས་སྐྱེ་བ་སྔ་ཕྱི་མེད། །དེ་ཕྱིར་ཚེ་འདིར་ཇི་ལྟར་བདེ་བ་ཡི། །ཐབས་ཀྱིས་ཆོག་པར་འདོད་མོད་དེ་ལྟ་ནའང༌། །ཞེས་རྒྱང་འཕེན་པ་ལ་ནི་ཕུར་བུ་པ་དང༌། ཆད་པ་པ་དང༌། ཚུར་རོལ་མཛེས་པར་སྨྲ་བ་ཞེས་ཀྱང་བྱ་ཞིང་དེ་དག་ནི་ཨ་རུ་ར་དང་བུ་རམ་ལ་སོགས་པ་ཡང་དག་པ་སྦྱར་བའི་ནུས་པ་ལས་ཆང་འབྱུང་བ་བཞིན་དུ་སྐྱེ་བ་སྔ་མ་ནས་འོང་པ་མེད་ཀྱང་གློ་བུར་དུ་ས་ལ་སོགས་པ་ཡང་དག་པར་སྦྱར་བའི་ནུས་པ་ལས་སེམས་ཅན་རྣམས་ཀྱི་དབང་པོ་དང་བཅས་པའི་སེམས་འབྱུང་ལ། འདི་ནས་ཤི་བ་ན་སེམས་ཀྱིས་འཇིག་རྟེན་ཕ་རོལ་གྱི་ལུས་ལེན་པ་མེད་པས་ཚེ་འདིར་ཇི་ལྟར་བདེ་བའི་ཐབས་བྱས་པས་ཆོག་པར་འདོད་པ་ཡིན་ཏེ།ཇི་སྐད་དུ། ཉི་ཤར་ཆུ་བོ་ཐུར་དུ་བབ་པ་དང༌། །སྲན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང༌། །རྨ་བྱའི་མདོངས་ལ་སོགས་པའི་ཆོས་རྣམས་ཀུན། །སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང༌། །ཞེས་ཟེར་རོ། དེ་དགག་པ་ནི། བླང་དོར་རབ་གསལ་ལས། ས་སོགས་གཅིག་ཏུ་འདུས་པའི་ཤིང་རྣམས་ལའང༌། །འབྱུང་བའི་ནུས་པས་སེམས་ཀྱང་ཡོད་པར་འགྱུར། །ཅི་སྟེ་མེད་ན་འབྱུང་བའི་ནུས་པ་ལས། །སེམས་སྐྱེ་པ་ཡི་ནུས་པའང་མེད་པར་མཚུངས། །དེས་ན་ཚུར་རོལ་མཛེས་པར་སྨྲ་བ་ཡི། །ཚིག་འདི་དག་ནི་མངོན་པར་བརྫུན་པ་སྟེ། །མཐོ་རིས་ཐར་པའི་བདེ་བ་འདོད་རྣམས་ཀྱིས། །དེ་འདྲའི་གྲུབ་མཐའ་ངན་པ་སྤང་པར་བྱ། །ཞེས་ས་ལ་སོགས་པ་གཅིག་ཏུ་འདུས་པའི་ཤིང་རྣམས་ལ་ཡང་འབྱུང་བ་རྣམས་ཡང་དག་པར་སྦྱར་བའི་ནུས་པ་ལས་དབང་པོ་དང་བཅས་པའི་སེམས་ཡོད་པར་ཧ་ཅང་ཐལ་པར་འགྱུར་ཏེ་རིགས་པ་མཚུངས་པའི་ཕྱིར་རོ། །ཅི་སྟེ་ཤིང་ལ་སོགས་པ་བརྟན་པའི་དངོས་པོ་འདི་རྣམས་ཀྱི་རྒྱུ་འབྱུང་བ་རྣམས་ལ་སེམས་སྐྱེ་བའི་ནུས་པ་མེད་ན། འབྱུང་བ་རྣམས་ཡང་དག་པར་སྦྱར་བ་ལས་སེམས་ཅན་རྣམས་ཀྱི་དབང་པོ་དང་བཅས་པའི་སེམས་སྐྱེ་བའང་མེད་པར་མཚུངས་པས། ཚུར་རོལ་མཛེས་པར་སྨྲ་བའི་ཚིག་འདི་དག་ནི་རྫུན་པ་སྟེ་མཐོ་རིས་དང་ཐར་བའི་བདེ་བ་འདོད་པ་རྣམས་ཀྱིས་སྤང་བར་བྱའོ། །གཞན་སྡེ་དེ་དག་གིས་ཚད་མའི་གྲངས་འདོད་ཚུལ་ནི། འདི་ལྟ་སྟེ། མཚལ་མིན་པ་བསོད་ནམས་བཟང་པོའི་རྣམ་འགྲེལ་འགྲེལ་བཤད་རིན་ཆེན་འཕྲེང་བ་ལས། གྲངས་ཅན་པ་ནི་མངོན་སུམ་རྗེས་དཔག་སྒྲ་བྱུང་དང་གསུམ་ཁོ་ནའོ་ཞེས་ཟེར། རིགས་པ་ཅན་ནི་དེ་གསུམ་དང་དཔེའི་ཉེར་འཇལ་དང་བཞི་ཁོ་ནའོ་ཟེར་རོ། །རྒྱལ་དཔོག་པ་ནི་དེ་བཞི་དང་དོན་གྱིས་གོ་བ་དང༌། དངོས་པོ་མེད་པའི་ཚད་མ་དྲུག་ཁོ་ནའོ་ཟེར། ཙ་ར་ཀ་པ་ནི་རིགས་པ་དང་མི་དམིགས་པ་དང་སྲིད་པ་དང་ཞེས་གྲགས་པ་དང་སྙམ་སེམས་པ་ཞེས་པ་གཞན་དག་ཀྱང་ཡོད་དོ་ཅེས་ཟེར་རོ་ཅེས་དང༌། རྒྱང་འཕེན་པ་ནི་མངོན་སུམ་ཁོ་ན་ཚད་མ་ཡིན་གྱི་རྗེས་དཔག་ཚད་མ་མེད་དེ། རྟགས་ཐམས་ཅད་འཁྲུལ་བའི་ཕྱིར་རོ། །ཞེས་གསུངས་སོ། །གཞན་ཡང་དེ་དགག་པ་ནི། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། འཁོར་ལོ་དང་པོའི་ཉན་ཐོས་སྡེ་བ་དག ལས་དགེ་བ་ལས་འབྲས་བུ་བདེ་བ་ལས་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་འབྲས་ས་ལའི་ས་བོན་ལས་དེའི་མྱུ་གུ་འབྱུང་ལ། ཀོ་ཊྲ་བའི་ས་བོན་ལས་ཀོ་ཊྲ་བའི་མྱུ་གུ་འབྱུང་བ་བཞིན། དེའི་ཕྱིར་ལས་ཡོད་ཅྀང་ལས་ཀྱིས་རྣམ་པར་སྨིན་པའང་ཡོད་པས་འཁོར་བར་འཁོར་བའང་ཡོད་ཅིང་འཁོར་བ་ལས་ཐར་བ་ཡོད་དོ། །ཞེས་སྟོན་པའི་གསུང་བཞིན་ཁས་བླངས་ནས་རྒྱང་འཕེན་ལ་སོགས་ལས་དང་ལས་ཀྱི་རྣམ་སྨིན་མེད་པའི་ཕྱིར་འཁོར་ཐར་མེད་དོ། །ཞེས་ཆད་པར་སྨྲ་བ་བཀག་གོ །ཞེས་གསུངས་སོ། །ཕྱི་མ་རྒྱང་འཕེན་པ་ཆད་མཐའ་སྨྲ་བ་དང་སྔ་མ་རྣམས་རྟག་མཐའ་སྨྲ་བ་ཡིན་ནོ། །ཡང་བླང་དོར་རབ་གསལ་ལས། ཕྱི་རོལ་པ་རྣམས་བདེ་བར་འདོད་ན་ཡང༌། །དེ་ཡི་ཐབས་ལ་རྨོངས་པས་དོན་མེད་པའི། །དཀའ་སྤྱད་སྡུག་བསྔལ་བརྟུལ་ཞུགས་སྣ་ཚོགས་ཀྱིས། ། རང་གཞན་བསླུ་བར་བྱེད་པ་ཤིན་ཏུ་འཁྲུལ། །ཞེས་དང༌། སྤྱོད་པ་ལ་འཇུག་པར། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང༌། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་པ་ལྟར།ཕྱི་རོལ་པ་རྣམས་ཀྱང་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བར་འདོད་ནའང༌།དེ་དག་གི་ཐབས་ལ་རྨོངས་པས་མེ་ལྔ་བསྟེན་པ་དང༌། རྩེ་གསུམ་ལ་མཆོང་བ་དང༌། གཅེར་བུའི་བརྟུལ་ཞུགས་དང་ཕྱུགས་ཀྱི་མཆོད་སྦྱིན་ལ་སོགས་པ་ལ་འཇུག་པ་ནི་ཐབས་སྣ་ཚོགས་ཀྱིས་དགག་པར་བྱའོ། །ལྟ་བ་ངན་པ་དེ་དག་གིས་མཚོན་ནས་ལྟ་ངན་བཅུ་བཞི་དང་འཇིག་ཚོགས་ལ་ལྟ་བ་ཉི་ཤུ་དང་ལྟ་ངན་དྲུག་ཅུ་རྩ་གཉིས་སོགས་རྟག་ཆད་ཀྱི་ལྟ་བ་ངན་པ་ཐམས་ཅད་སྤང་བར་བྱ་དགོས་ཏེ། གྲུབ་མཐའི་རྣམ་བཞག་དོན་གསལ་ལས། དེ་སོགས་ལྟ་ངན་བཅུ་བཞི་དང༌། །འཇིག་ཚོགས་ལྟ་བ་ཉི་ཤུ་དང༌། །ལྟ་ངན་དྲུག་ཅུ་རྩ་གཉིས་ཀུན། །མི་དབང་ཁྱོད་ཀྱིས་སྤོངས་འཚལ་ལོ། །ཞེས་གསུངས་སོ། །ནང་བ་སངས་རྒྱས་པ་ལ་ཐར་ལམ་དང་ལྡན་ལ། གཞན་སྡེ་ལ་གང་ཟག་གི་བདག་མེད་སྒོམ་པ་མེད་པས་ཐར་ལམ་མེད་ཀྱང་མངོན་མཐོའི་ལམ་རྣམ་དག་ཡོད་མེད་གཉིས་ཡོད་དེ། གཞན་སྟོང་སྙིང་པོ་ལས། གཞན་སྡེ་མུ་སྟེགས་བྱེད་ཀྱི་ལྟ་གྲུབ་ནི་ཐར་བའི་ལམ་དང་བྲལ་བ་ཡིན་ལ། རང་སྡེ་སངས་རྒྱས་པའི་ལྟ་གྲུབ་ནི་ཐར་བའི་ལམ་དང་འབྲེལ་བ་ཡིན་ནོ། །མུ་སྟེགས་པ་ལ་ཐར་ལམ་མེད་ཀྱང༌། མཐོ་རིས་ཀྱི་མངོན་པར་མཐོ་བའི་ཆོས་ནི་ཡོད་མེད་གཉིས་ཏེ། རྒྱང་འཕེན་པ་སོགས་མེད་པར་ལྟ་བ་ཅན་ལས་འབྲས་ལ་སྐུར་བ་འདེབས་པ་སོགས་དང༌། འཚེ་བ་ཆོས་ཀྱི་གཙོ་བོར་སྨྲ་བ་རྣམས་ལ་མཐོ་རིས་ཀྱི་ལམ་རྣམ་དག་མེད་ཅིང༌། གྲངས་ཅན་པ་དང་གཅེར་བུ་པ་དང༌། ལྷའི་མཆོག་གི་རྗེས་འབྲང་འགའ་ཞིག་དང༌། མུ་སྟེགས་བསམ་གཏན་པ་རྣམས་ལ་ནི་མཐོ་རིས་ཀྱི་ལམ་ནི་ཡོད་དེ། སྡིག་པ་སྤངས་ཞིང་དགེ་བ་བསྒྲུབས་པས་མི་དང་འདོད་ཁམས་པའི་ལྷར་སྐྱེ་ཞིང༌། བསམ་གཏན་བཞི་བསྒོམས་པས་གཟུགས་ཁམས་སུ་སྐྱེ་བ་དང༌། གཟུགས་མེད་ཀྱི་ཏིང་ངེ་འཛིན་བཞི་བསྒོམས་པས་གཟུགས་མེད་ཁམས་སུ་སྐྱེ་བས་སོ། །མུ་སྟེགས་རྣམས་ལ་ཐར་ལམ་མེད་པའི་རྒྱུ་མཚན་ནི། གང་ཟག་གི་བདག་འཛིན་ཅེས་བྱ་བ། ང་བདག་ཏུ་འཛིན་པའི་བློ་འདི་སྤོང་བར་མི་བྱེད་པའི་རྒྱུ་མཚན་གྱིས་ཡིན་ཏེ། འཁོར་བ་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའི་ང་བདག་ཏུ་འཛིན་པའི་བློ་བརྟན་པོ་ཡོད་པའི་སྟེང་དུ། གྲུབ་མཐས་ཀྱང་ང་བདག་དེ་ཉིད་ཁྱད་པར་མང་བོ་དང་བཅས་ཏེ་ཡོད་པར་སྒྲུབ་ཅིང༌། དེའི་དོན་སྒོམ་པ་དང༌། བདག་འཛིན་དེ་ལ་གཉེན་པོ་གཞན་ཡང་མེད་པའི་ཕྱིར་བདག་འཛིན་སྤངས་མི་ནུས་ཤིང༌། བདག་འཛིན་དེ་ནི་ཉོན་མོངས་གཞན་ཐམས་ཅད་ཀྱི་ཡང་རྒྱུ་ཡིན་པའི་ཕྱིར་རོ། །འོན་ཀྱང་མུ་སྟེགས་བཟང་བ་དེ་རྣམས་ལ་སྐྱེ་རྒ་ན་འཆི་སོགས་མི་རྟག་པ་རགས་པ་སྒོམ་པ་དང༌། ཚེ་འདི་དང་འདོད་ཁམས་སྡུག་བསྔལ་དུ་ཤེས་པ་དང༌། གཟུགས་སོགས་དངོས་པོ་རགས་པ་རྣམས་བདེན་མེད་དུ་འདོད་པ་དང༌། འདོད་པ་ཆུང་ཞིང་ཆོག་ཤེས་པ་དང༌། བྱམས་སྙིང་རྗེ་དང༌། དགྲ་གཉེན་མཉམ་པ་ཉིད་དུ་སྒོམ་པའི་བཏང་སྙོམས་སོགས་དང༌། རྩ་བ་བཞི་སྤོང་བ་སོགས་ལྟ་སྒོམ་སྤྱོད་པ་ལེགས་པོ་ཡོད་པས་མཐོ་རིས་ཀྱི་ལམ་ནི་ཡོད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཕྱི་བ་དེ་དག་ལ་ལེགས་པའི་ཆ་ཡོད་པ་དག་སུན་དབྱུང་བར་མི་བྱ་སྟེ། ཇི་སྐད་དུ་སྤྱན་རས་གཟིགས་ཀྱི་འགྲེལ་ཆེན་དྲི་མ་མེད་པའི་འོད་ལས། གང་ཞིག་ཀུན་རྫོབ་པའམ་དོན་དམ་པ་སངས་རྒྱས་ཀྱི་གསུང་དང་མཚུངས་པ་དེ་དག་ནི་སུན་དབྱུང་བར་མི་བྱའོ། ། ཞེས་དང༌། བླང་དོར་རབ་གསལ་ལས། དེ་དག་ལ་ཡང་འཚེ་བ་མེད་པ་དང༌། ། བདེན་པར་སྨྲ་དང་ཚངས་པར་སྤྱོད་ལ་སོགས། །སངས་རྒྱས་གསུང་དང་མཐུན་པའི་ཆ་སྣང་ན། །མཁས་པས་སུན་དབྱུང་བར་ཡང་མི་བྱའོ། །ཞེས་གསུངས་པ་ལྟར། བདེན་པ་གཉིས་ཀྱི་ཆ་ལ་སངས་རྒྱས་ཀྱི་གསུང་དང་མཐུན་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་སྣང་བ་རྣམས་ནི་དགག་པར་མི་བྱའོ། །ཕྱི་བའི་གྲུབ་མཐའི་རྣམ་བཞག་རེ་ཞིག་མདོར་བསྡུས་པ་ཙམ་ལས་མ་སྤྲོས་སོ། །རྒྱས་པར་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་དང་ཚད་མ་སྡེ་བདུན་མདོ་དང་བཅས་པ་དང་ལེགས་ལྡན་འབྱེད་ཀྱི་རྟོག་གེ་འབར་བ་སོགས་དང་དབུ་མ་རྒྱན་རྩ་འགྲེལ་སོགས་ལས་ཤེས་པར་བྱའོ། །

སྨྲས་པ། རྟག་ཆད་མཐའ་ལྟའི་མུ་སྟེགས་གྲུབ་མཐའ་ཀུན། །མ་འདྲེས་མ་ནོར་ཟ་འོག་རི་མོ་བཞིན། །རབ་གསལ་རིན་ཕྲེང་སྐལ་བཟང་མགུལ་རྒྱན་དུ། །སྨྲ་བའི་བློ་གྲོས་འདབ་བརྒྱའི་རྣམ་དཔྱོད་བཞད། །ཅེས་གྲུབ་མཐའི་རྣམ་བཞག་ལུང་རིགས་གཏེར་མཛོད་ལེགས་བཤད་འདོད་འཇོ་ཞེས་བྱ་བ་ལས་ཕྱི་རོལ་བའི་གྲུབ་མཐའི་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།། །།

གཉིས་པ་ནང་བ་སངས་རྒྱས་པའི་གྲུབ་མཐའ་བཤད་པ།

གཉིས་པ་ནང་བ་སངས་རྒྱས་པའི་གྲུབ་མཐའ་བཤད་པ་ལ།

སྤྱིར་བསྟན་པ་དང༌། བྱེ་བྲག་བཤད་པ་དང་གཉིས། དང་པོ་ཕྱིར་བསྟན་པ། དང་པོ་ནི། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་ནང་བ་སངས་རྒྱས་པ་དེ། ནང་བའི་གྲུབ་མཐའ་སྨྲ་བའི་མཚན་ཉིད། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ནི། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་རྟག་གཅིག་རང་དབང་བའི་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་རྣམས་སོ། །རང་སྡེ་ལ་རྟག་གཅིག་རང་དབང་བའི་བདག་ཁས་ལེན་མཁན་མེད་ཀྱང་རྫས་ཡོད་ཀྱི་བདག་ཁས་ལེན་མཁན་ཡོད་དེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། གང་ཟག་གི་བདག་རྫས་ཡོད་སྤྱིར་དགག་པ་ནི་ཕྱི་རོལ་མུ་སྟེགས་བྱེད་རྣམས་དང༌། རང་སྡེ་ཉན་ཐོས་སྡེ་བ་བཅོ་བརྒྱད་ཀྱི་ནང་ན། སྡེ་བ་ལྔ་ཙམ་ཞིག་ཡོད་པས། ཞེས་དང༌། རང་སྡེ་གང་ཟག་གི་བདག་རྫས་ཡོད་དུ་སྨྲ་བ་རྣམས་ལ། ཞེས་གསུངས་སོ།། །།

གཉིས་པ་བྱེ་བྲག་ཏུ་བཤད་པ།

གཉིས་པ་བྱེ་བྲག་ཏུ་བཤད་པ་ལ།

མིང་གི་སྒོ་ནས་མདོར་བསྟན་པ་དང༌། སོ་སོར་རྒྱས་པར་བཤད་པ་དང་གཉིས། དང་པོ་མདོར་བསྟན་པ། དང་པོ་ནི། དེ་ཡང་རིགས་ལྡན་འཇམ་དཔལ་གྲགས་པས། བྱེ་བྲག་སྨྲ་དང་མདོ་སྡེ་བ། །རྣལ་འབྱོར་སྤྱོད་དང་དབུ་མ་རུ། །འགྱུར་རོ། །ཞེས་དང༌། རྡོ་རྗེའི་སྙིང་འགྲེལ་ལས། དེ་ནས་བྱེ་བྲག་སྨྲ་བའི་གཞུང༌། །དེ་ནས་མདོ་སྡེ་པ་ཞེས་འགྱུར། །རང་ཆོས་རྣམ་ཤེས་སྨྲ་བ་དང༌། །དེ་ནས་དབུ་མའི་གཞུང་ཞེས་བྱ། །ཞེས་དང༌། གྲུབ་མཐའི་རྣམ་བཞག་དོན་གསལ་ལས། ནང་བ་ལ་ཡང་གྲུབ་མཐའ་བཞི། །བྱེ་བྲག་སྨྲ་དང་མདོ་སྡེ་བ། །རྣམ་རིག་ངོ་བོ་ཉིད་མེད་སྨྲ། །སོ་སོར་རྣམ་བཤད་བསྡུས་པར་འཚལ། །ཞེས་དང༌། བླང་དོར་རབ་གསལ་ལས། ནང་བའི་གྲུབ་མཐའ་རྣམ་པ་བཞི་ཡིན་ཏེ། །བྱེ་བྲག་སྨྲ་དང་མདོ་སྡེ་སྤྱོད་པ་དང༌། ། རྣལ་འབྱོར་སྤྱོད་པ་སེམས་ཙམ་སྨྲ་བ་དང༌། །མཐའ་བྲལ་སྟོན་པ་དབུ་མ་ཆེན་པོའོ། །ཞེས་གསུངས་པ་ལྟར་བྱེ་བྲག་སྨྲ་བ་དང༌། མདོ་སྡེ་བ་དང༌། སེམས་ཙམ་པ་དང༌། དབུ་མ་པའོ། །དེ་ལྟར་རིམ་པ་བཞི་བསྟན་པ་ནི། ཀྱཻའི་རྡོ་རྗེ་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་སྦྱིན། །ཞེས་པ་ལྟར་ཕྱི་མ་ཚུལ་ཁྲིམས་རྣམ་དག་ལ་སྦྱར་ནས། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །རྣལ་འབྱོར་སྤྱོད་པ་དེ་ལས་ཕྱིས། །དེ་ཡི་རྗེས་སུ་དབུ་མ་བསྟན། །ཞེས་གསུངས་པ་ལྟར་རང་གི་མོས་པ་དང་མཐུན་པར་རིམ་གྱིས་དྲངས་ཏེ་མཐར་ཐུག་དབུ་མ་ཆེན་པོ་ལ་སྦྱར་བའི་ཆེད་དུའོ། །ལམ་ལ་ཐེག་པ་གསུམ་དང༌། ནང་བའི་གྲུབ་མཐའ་སྨྲ་བ་ལ་དེ་བཞི་པོ་གྲངས་ངེས་ཏེ། རྡོ་རྗེའི་སྙིང་འགྲེལ་ལས། ཉན་ཐོས་པ་དང་རང་རྒྱལ་འདིར། །ཐེག་པ་ཆེན་པོ་གསུམ་པ་སྟེ། །སངས་རྒྱས་པ་ཡི་བཞི་བ་དང༌། ཐུབ་པའི་གཞུང་ནི་ལྔ་བ་མེད། །ཅེས་དང༌། འཕགས་པ་ལྷས། སངས་རྒྱས་ཆོས་ནི་རྣམ་པ་བཞིར། །ཡིད་འདོད་རྣམས་ཀྱི་མངོན་མཐོང་སྟེ། །བྱེ་བྲག་སྨྲ་ལ་སོགས་པའི་ལམ། །བཤད་པའི་དེ་ཉིད་སྒྲུབ་པ་པོ། །ཞེས་གསུངས་པའི་ཕྱིར་རོ། །ནང་བའི་གྲུབ་མཐའ་སྨྲ་བ་བཞི་པོ་དེ་དག་ཐེག་ཆེན་དང་ཐེག་དམན་གྲུབ་མཐའ་སྨྲ་བ་གཉིས་དང༌། ཐེག་ཆེན་གྱི་གྲུབ་མཐར་ཞུགས་ལ་ལམ་ཐེག་དམན་དུ་ཞུགས་པ་སོགས་ཡོད་དེ། གཞན་སྟོང་སྙིང་པོ་ལས། སངས་རྒྱས་པའི་གྲུབ་མཐའ་ནི་རྣམ་པ་བཞི་སྟེ་བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་དང༌། སེམས་ཙམ་པ་དང༌། དབུ་མ་པའོ། །དེ་ལ་དང་པོ་གཉིས་ནི་ཐེག་དམན་ཉན་ཐོས་པ་དང༌།ཕྱི་མ་གཉིས་ནི་ཐེག་ཆེན་པའོ། །དེ་རྣམས་ལ་ཐེག་པ་ཆེ་ཆུང་དུ་འཇོག་པ་ཡང༌། ཐེག་པ་ཆུང་ངུའི་སྡེ་སྣོད་སངས་རྒྱས་ཀྱི་བཀའ་མཐར་ཐུག་ཏུ་འདོད་པ་དང༌། ཐེག་པ་ཆེན་པོའི་གསུང་རབ་སྡེ་སྣོད་རྣམས་བཀའ་མཐར་ཐུག་ཏུ་འདོད་པས་དེ་ལྟར་བཏགས་པ་ཡིན་པས། ཐེག་དམན་སྨྲ་བ་དང་ཐེག་ཆེན་སྨྲ་བ་ཞེས་བྱ་བའི་གྲུབ་མཐའ་ཐེག་དམན་པ་དང༌། གྲུབ་མཐའ་ཐེག་ཆེན་པ་ཞེས་གྲགས་པ་ལྟར་ཡིན་ལ། གང་ཟག་དེ་ཉིད་ཐེག་ཆུང་ངམ་ཐེག་ཆེན་པར་འཇོག་པ་ནི་གྲུབ་མཐའ་ལ་མཐའ་གཅིག་ཏུ་མ་ངེས་ཏེ། ཐེག་པ་ཆེན་པོའི་བསམ་སྦྱོར་རྒྱུད་ལ་སྐྱེས་པ་ནི་ཐེག་ཆེན་པ་ཡིན་ལ། ཐེག་དམན་གྱི་བསམ་སྦྱོར་རྒྱུད་ལ་སྐྱེས་པ་ནི་ཐེག་དམན་པ་ཡིན་ཞིང༌། དེ་གཉིས་གང་ཡང་རྒྱུད་ལ་མ་སྐྱེས་ན་གསུང་རབ་གང་ཀློག་གཞུང་ཅི་བཟུང་གྲུབ་མཐའ་ཇི་ལྟར་བྱེད་ཀྱང་གང་ཟག་ཐེག་ཆེན་པ་ཡང་མ་ཡིན། གང་ཟག་ཐེག་དམན་པ་ཡང་མ་ཡིན་ནོ། །གཞན་ཡང་གྲུབ་མཐའ་ཐེག་ཆེན་འཛིན་ལ། ལམ་ཐེག་དམན་དུ་ཞུགས་པ་ཡང་ཡོད། གྲུབ་མཐའ་ཐེག་དམན་འཛིན་ལ་ལམ་ཐེག་ཆེན་དུ་ཞུགས་པ་ཡང་ཡོད། གཉིས་ཀ་ཐེག་ཆེན་པ་ཡང་ཡོད། གཉིས་ཀ་ཐེག་དམན་པ་ཡང་ཡོད། གྲུབ་མཐའ་འཛིན་ཅིང་ལམ་དུ་མ་ཞུགས་པ་ནི་ཤིན་ཏུ་ཡང་མང་ལ། ལམ་དུ་ཞུགས་པའི་གང་ཟག་ལ་གྲུབ་མཐའ་མེད་པ་ནི་ཡེ་མི་སྲིད་དོ། །ཞེས་གསུངས་པའི་ཕྱིར་རོ། །གྲུབ་མཐའ་བཞི་བོ་དེ་དག་གི་ལྟ་སྒོམ་རྣམས་ཤེས་པར་བྱས་ནས་ལུང་རིགས་ཀྱིས་འཐད་པ་རྣམས་བསྒོམ་དགོས་ཏེ། ཕྱོགས་རྒྱལ་གྱི་གཞི་ལམ་འབྲས་གསུམ་ཡང་དག་དོན་གསལ་ལས། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པར། སངས་རྒྱས་ཆོས་ནི་རྣམ་པ་བཞིར། །ཡིད་འདོད་རྣམས་ཀྱིས་མངོན་མཐོང་སྟེ། །བྱེ་བྲག་སྨྲ་ལ་སོགས་པའི་ལམ། །བཤད་པ་དེ་ཉིད་བསྒྲུབ་པའོ། །ཞེས་གསུངས་པ་ལྟར། སངས་རྒྱས་པའི་གྲུབ་པའི་མཐའ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པའི་གྲུབ་མཐའ་གཉིས། །ཐེག་པ་ཆེན་པོ་སེམས་ཙམ་པ་དང་དབུ་མ་པའི་གྲུབ་མཐའ་རྣམ་པ་བཞི་ཅར་གྱི་ལྟ་བསྒོམ་གྱི་ལམ་ཡང་ཤེས་པར་བྱ་ཞིང་ཅི་རིགས་པ་བསྒོམ་པར་ཡང་བྱ། ཞེས་གསུངས་སོ།། །།

གཉིས་པ་སོ་སོར་རྒྱས་པར་བཤད་པ།

གཉིས་པ་སོ་སོར་རྒྱས་པར་བཤད་པ་ལ།

བྱེ་བྲག་སྨྲ་བ། མདོ་སྡེ་བ། སེམས་ཙམ་པ། དབུ་མ་པའི་གྲུབ་མཐའ་བཤད་པ་དང་བཞི། བྱེ་བྲག་སྨྲ་བ། དང་པོ་ལ། མཚན་ཉིད། དབྱེ་བ། སྒྲ་བཤད། འདོད་ཚུལ་དང་བཞི། དང་པོ་ནི། རང་རིག་ཁས་མི་ལེན་པར་ཕྱི་དོན་གྱི་རྡུལ་ཕྲ་རགས་དོན་དམ་པར་གྲུབ་ཅིང་ཤེས་པ་རྣམ་མེད་དུ་ཡུལ་དངོས་སུ་རིག་པར་འདོད་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་དེ། བྱེ་བྲག་ཏུ་སྨྲ་བའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། བྱེ་བྲག་སྨྲ་བའི་མཚན་ཉིད་ནི། སངས་རྒྱས་པ་གང་ཞིག བློ་རང་རིག་མེད་པ་དང་ཤེས་པ་རྣམ་མེད་དུ་སྨྲ་བའི་གང་ཟག་གོ །ཞེས་གསུངས་པའི་ཕྱིར་རོ། །བྱེ་བྲག་སྨྲ་བའི་སློབ་དཔོན་ནི། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལས། བཙུན་པ་ཆོས་སྐྱོབ་དང༌། དབྱངས་སྒྲོག་དང༌། དབྱིག་བཤེས་དང༌། སངས་རྒྱས་ལྷ་སྟེ་བཞི་བོ་དེ་ལ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཆེན་པོ་བཞི་ཞེས་གྲགས་ཏེ་རེ་རེ་ལའང་སློབ་མ་འབུམ་ཕྲག་བགྲངས་པ་ཡོད་པར་གྲགས་སོ། །ཞེས་གསུངས་སོ། །གཉིས་པ་དབྱེ་བ་ནི། ཁ་ཆེ་བྱེ་བྲག་སྨྲ་བ། ཉི་འོག་པ། ཡུལ་དབུས་ཀྱི་བྱེ་བྲག་སྨྲ་བ་དང་གསུམ་ཡོད་དོ། །འཕགས་ཡུལ་དུ་ཉན་ཐོས་སྡེ་བ་བཅོ་བརྒྱད་གྱེས་ཚུལ་ལ་འདོད་ཚུལ་མང་མོད་འདིར་ནི་རེ་ཞིག་རྩ་བའི་སྡེ་བཞི་ལས་རིམ་བཞིན་བདུན་དང་ལྔ་དང་གསུམ་དང་གསུམ་གྱེས་པ་ཡིན་ཏེ། དུལ་བ་ལྷས། འོད་སྲུང་ས་སྟོན་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མ་དང༌། །རྣམ་པར་ཕྱེ་དང་གཞི་ཀུན་པ། །ཐམས་ཅད་ཡོད་པར་སྨྲ་བ་བདུན། །ཤར་དང་ནུབ་དང་གངས་རི་གནས། །འདུས་བྱས་རྟག་པར་སྨྲ་བ་དང༌། །འཇིག་རྟེན་འདས་སྨྲ་ཕལ་ཆེན་ལྔ། །རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་གསུམ། །ས་སྒྲོག་རི་དང་བསྲུང་བ་པ། །གནས་མ་བུ་པའི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཞེས་སོ། །གསུམ་པ་སྒྲ་བཤད་པ་ནི། སློབ་དཔོན་དབྱིག་བཤེས་སོགས་ཆོས་ཅན། ཁྱོད་ལ་བྱེ་བྲག་སྨྲ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བྱེ་བྲག་བཤད་མཚོའི་རྗེས་སུ་འབྲང་བ་དང་དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བའི་ཕྱིར། ཁྱབ་སྟེ། འགྲེལ་བ་རྒྱལ་སྲས་མ་ལས། བྱེ་བྲག་བཤད་མཚོ། ཞེས་དང༌། དྲི་མེད་འོད་ལས། ཁ་ཆེའི་གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་བའི་གཞུང་འདོད་འགྱུར། །ཞེས་དང༌། བླང་དོར་རབ་གསལ་ལས། དུས་གསུམ་གཅིག་ནས་གཅིག་འགྲོའི་རྫས་གྲུབ་དང༌། །ཞེས་སོ། །བཞི་བ་འདོད་ཚུལ་ལ། གཞི་ལམ་འབྲས་གསུམ་ལས། དང་པོ་གཞིའི་འདོད་ཚུལ་ནི། དྲི་མེད་འོད་ལས། ནམ་མཁའ་དང་ནི་འགོག་རྣམ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། །འདུས་བྱས་ཐམས་ཅད་སྐད་ཅིག་གམ། །བདག་གིས་སྟོང་ཞིང་བྱེད་པོ་མེད། །དབང་སྐྱེས་བློ་ནི་རྣམ་མེད་ཀྱིས། །ཕྲ་རབ་བསགས་པ་དངོས་སུ་རིག །ཁ་ཆེའི་གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་བའི་གཞུང་འདོད་འགྱུར། །ཞེས་དང༌། གཞན་སྟོང་སྙིང་པོ་ལས། བྱེ་བྲག་ཏུ་སྨྲ་བ་ནི། ཤེས་པ་སེམས་སེམས་བྱུང་གཉིས། ཡུལ་གཟུགས་སོགས་བཅུ། སྐྱེ་འཇིག་སོགས་ལྡན་མིན་འདུ་བྱེད། ནམ་མཁའ་སོགས་འདུས་མ་བྱས་གསུམ། ཞེས་གསུངས་པ་ལྟར་ཤེས་བྱ་ལ་དབྱེ་ན་གཞི་རྣམ་པ་ལྔ་ཡོད་དེ། སྣང་བ་གཟུགས་ཀྱི་གཞི་དང༌། གཙོ་བོ་སེམས་ཀྱི་གཞི་དང༌། འཁོར་སེམས་ལས་འབྱུང་བའི་གཞི་དང༌། མཚུངས་པར་ལྡན་པ་མིན་པའི་འདུ་བྱེད་ཀྱི་གཞི་དང༌། རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་སྟེ་ཤེས་བྱ་གཞི་ལྔ་དང་ཡང་སྦྱར་ནས་སྟོན་པའི་ཕྱིར་ཏེ། བླང་དོར་རབ་གསལ་ལས། དེ་ལ་ཉན་ཐོས་བྱེ་བྲག་སྨྲ་བ་ནི། །འདུས་མ་བྱས་གསུམ་རྟག་པའི་རྫས་གྲུབ་དང༌། །འདུས་བྱས་སྐད་ཅིག་ངོ་བོར་རྫས་གྲུབ་ཅིང༌། །ཁྱད་པར་ལྡན་མིན་འདུ་བྱེད་རྫས་གྲུབ་དང༌། །ཞེས་སྐྱེ་འཇིག་གནས་གསུམ་བྲལ་བའི་ནམ་མཁའ་དང༌། སྤང་བྱའི་ས་བོན་དང་བྲལ་བ་གཉེན་པོས་སོ་སོར་བརྟགས་པས་ཐོབ་པའི་འགོག་པ་དང་རྐྱེན་མ་ཚང་བས་རེ་ཤིག་དགག་བྱ་བཀག་ཙམ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་སྟེ་གང་རྒྱུ་དང་རྐྱེན་མ་ཚང་བའི་སྒོ་ནས་དགག་བྱ་དེ་རེ་ཤིག་འགོག་ལ་དེའི་ས་བོན་རྣམས་བག་ལ་ཉལ་མ་བཅོམ་ཞིང་སྤང་བ་སླར་མི་ལྡོག་བར་མ་བྱས་པར་གཏན་དུ་བྲལ་བ་མ་ཡིན་པ། དཔེར་ན་མིག་ཤེས་སྐྱེས་པ་གཟུགས་ལ་མྱོང་བ་ན་རྣམ་ཤེས་གཞན་མ་སྐྱེས་པ་ལྟ་བུའམ། བྱ་རོག་སོགས་སྣང་རུང་དུ་ཡོད་པ་ན་ལྟ་འདོད་མེད་ཅིང༌། ལྟ་འདོད་ཡོད་པ་ན་དེ་ཕྱོགས་གཞན་དུ་སོང་བ་ན་རེ་ཤིག་མ་མཐོང་ཡང༌། གཏན་ནས་མི་མཐོང་བ་ནི་མ་ཡིན་ནོ། །འདུས་མ་བྱས་གསུམ་ནི། རྒྱུ་རྐྱེན་གྱིས་མ་བསྐྱེད་པ་རྟག་པའི་ངོ་བོར་རྫས་སུ་གྲུབ་པ་དང༌། འདུས་བྱས་གཟུགས་ཀྱིས་བསྡུས་པ་རྣམས་འབྱུང་བ་དང་འབྱུང་འགྱུར་རྡུལ་ཕྲན་དང་རགས་པ་གཉིས་ཡིན་ལ། རྡུལ་ཕྲན་ནི། ཕྱི་རོལ་དོན་གྲུབ་དུ། ཐ་དད་ཕྱོགས་ནས་མང་པོ་དག །འགའ་ལ་ཀུན་ནས་བསྐོར་ཙམ་དུ། །བརྗོད་པར་ཟད་ཀྱི་རྡུལ་དེ་ཡང༌། །ཆ་ཤས་བཅས་པའི་བདག་ཉིད་མིན། །ཞེས་པ་ལྟར་རགས་པ་རྩོམ་པ་ན་དབུས་རྡུལ་ལ་ཕྱོགས་དྲུག་གི་རྡུལ་གྱིས་བསྐོར་ཡང་བར་དང་བཅས་པ་ཆ་ཤས་མེད་པ་རྫས་སུ་གྲུབ་པ་དང༌། རགས་པ་ནི། རྡུལ་ཕྲན་གང་རྣམས་ཕྲད་གྱུར་ཅིང༌། །རིགས་མཐུན་བྱ་བ་གཅིག་བྱེད་པ། །དེ་རྣམས་འདུས་པ་ཞེས་བརྗོད་ན། །དེ་རྣམས་རྫས་མེད་ག་ལ་ཞིག །ཅེས་པ་ལྟར་རྡུལ་ཕྲན་དེ་རྣམས་འཛིན་པར་བྱེད་པའི་རླུང་གིས་ཕྱོགས་གཅིག་ཏུ་བསྡུས་པ་གཡག་རྔ་དང་ནེའུ་སིང་སྔོན་པོ་ལྟ་བུ་རིགས་མཐུན་ཞིང་བྱ་བ་གཅིག་བྱེད་པའི་རྫས་གྲུབ་དང༌། འདུས་བྱས་ཀྱི་ཁྱད་པར་ལྡན་མིན་འདུ་བྱེད་རྣམས་ཀྱང་གཟུགས་དང་སེམས་སེམས་བྱུང་རྣམས་ལས་ཐ་དད་པར་རྫས་སུ་གྲུབ་པར་འདོད་པའི་ཕྱིར་རོ། །ཡང་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། སྒོ་ལྔའི་དབང་ཤེས་ཀྱིས་གཟུང་བ་ཕྱི་དོན་བདེན་པ་བརྗེན་ཆར་གྱི་སྣང་ནས་འཛིན་གྱི། བག་ཆགས་ཀྱི་དབང་གིས་རང་ཉིད་ཕྱི་རོལ་དོན་དུ་སྣང་བའི་རྣམ་པ་མེད་པར་བྱེ་བྲག་སྨྲ་བ་འདོད། ཅེས་དང༌། བླང་དོར་རབ་གསལ་ལས། དུས་གསུམ་གཅིག་ནས་གཅིག་འགྲོའི་རྫས་གྲུབ་དང༌། །དབང་ཤེས་དོན་གྱི་རྣམ་པ་མ་ཤར་ཡང༌། །དོན་དང་ཕྲད་མ་ཐག་ཏུ་ཕྲ་རབ་རྣམས། །བསགས་པའི་རགས་པ་དངོས་སུ་རིག་པ་དང༌། །ཞེས་དུས་གསུམ་གཅིག་ནས་གཅིག་དུ་བརྒྱུད་དེ་འགྲོ་བའི་རྫས་སུ་གྲུབ་པ་དང༌། སེམས་གྱིས་བསྡུས་པ་དབང་པོའི་རྣམ་པར་ཤེས་པ་ཚོགས་དྲུག་རྣམས་ནི་དོན་གྱི་རྣམ་པ་མ་ཤར་ཡང་དོན་དང་ཕྲད་མ་ཐག་ཏུ་རྡུལ་ཕྲ་རབ་བསགས་པ་མངོན་སུམ་དུ་རིག་པ་རྫས་སུ་གྲུབ་པ་དང༌། དབང་ཤེས་ཀྱི་འཁོར་དུ་སྐྱེས་པའི་སེམས་བྱུང་རྣམས་ཀྱང་ཡུལ་གྱི་རྣམ་པ་མ་ཤར་བར་ཡུལ་རིག་པའི་རྫས་སུ་གྲུབ་པར་འདོད་དོ། །ཡང་ཤེས་བྱ་ལ་དབྱེ་ན། བདེན་པ་གཉིས་དང༌། ཟག་བཅས་ཟག་མེད་གཉིས་དང༌། ཡུལ་ཡུལ་ཅན་གཉིས་སུ་ཡོད་ལ། དང་པོ་ནི། བཅོམ་པ་དང་བློས་ཆ་ཤས་སོ་སོར་བསལ་བ་གང་རུང་གིས་རང་འཛིན་གྱི་བློ་འདོར་རུང་བའི་ཆོས་སུ་དམིགས་པ་དེ། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི་ཀ་བུམ་ལྟ་བུའོ། །བཅོམ་པ་དང་བློས་ཆ་ཤས་སོ་སོར་བསལ་བ་གང་རུང་གིས་རང་འཛིན་གྱི་བློ་འདོར་མི་རུང་བའི་ཆོས་སུ་དམིགས་པ་དེ། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ནི་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་གཟུགས་དང་འདུས་མ་བྱས་ནམ་མཁའ་ལྟ་བུའོ། །དེ་གཉིས་ཀྱི་མཚན་ཉིད་དེ་ལྟར་འཐད་དེ། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་གསུངས་སོ། །གཉིས་པ་ཟག་བཅས་ཟག་མེད་ནི། དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྒྱས་སུ་རུང་བའི་ཆོས་དེ། ཟག་བཅས་ཀྱི་མཚན་ཉིད། མཚན་གཞི་ནི། ཉེར་ཕུང་ལྟ་བུའོ། །དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྒྱས་སུ་མི་རུང་བའི་ཆོས་དེ། ཟག་མེད་ཀྱི་མཚན་ཉིད། མཚན་གཞི་ནི། འདུས་བྱས་ལམ་བདེན་དང༌། འདུས་མ་བྱས་རྣམས་སོ། །གསུམ་པ་ཡུལ་ཡུལ་ཅན་ནི། བློ་གང་ཟག་དབང་པོ་སོགས་འདོད། ཤེས་པ་ལ་སེམས་སེམས་བྱུང་གཉིས་སོ། །ཡུལ་ལ་གཟུགས་སོགས་བཅུ་དང༌། ལྡན་མིན་འདུ་བྱེད་དང༌། འདུས་མ་བྱས་རྣམས་སོ། །གྲུབ་མཐའི་རྣམ་བཞག་དོན་གསལ་ལས། བྱེ་བྲག་སྨྲ་བས་ཤེས་བྱའི་རྫས། །ཆོས་དང་གང་ཟག་བདེན་འདོད་པ། །ཞེས་དང༌། གཞན་སྟོང་སྙིང་པོ་ལས། འདས་མ་འོངས་ཀྱི་དངོས་པོ་རྣམས་རང་རང་སོ་སོ་ནས་རྫས་སུ་གྲུབ་པར་འདོད་ཅིང༌། བདེན་གྲུབ་ཀྱི་ཆ་རེ་ཡང་ཡོད་པར་འདོད་ལ། རགས་པའི་དངོས་པོ་དང་རྒྱུན་གྱི་དངོས་པོ་སོགས་ནི་བདེན་མེད་དུ་འདོད་ཅིང༌། ཡུལ་དང་དབང་བོ་བདེན་གྲུབ་ལས་རྣམ་ཤེས་སྐྱེ། མིག་གིས་གཟུགས་དངོས་སུ་མཐོང་ཟེར་རོ། །ཞེས་ཤེས་བྱ་ལ་རྫས་གྲུབ་དང༌། བདེན་པར་གྲུབ་མ་གྲུབ་ཀྱི་ཆ་གཉིས་ཡོད་པ་སོགས་ཤེས་པར་བྱའོ། །འདིའི་ཁས་ལེན་པའི་གཞུང་ལུགས་ནི། མངོན་པ་སྡེ་བདུན་བཀར་འདོད་པ་དང༌། མདོ་སྡེ་དག་དགོངས་པ་ཅན་ཡིན་པས་ལྟ་གྲུབ་བསྟན་བཅོས་ལུགས་བཞིན་བྱེད་དགོས་པར་འདོད་ལ། བསྟན་བཅོས་བྱེ་བྲག་བཤད་མཚོའམ་བཤད་མཛོད་ལ་ངོས་འཛིན་མཛད་དེ། གཞན་སྟོང་སྙིང་པོ་ལས། བྱེ་བྲག་ཏུ་སྨྲ་བ་འདི་ནི་མངོན་པ་སྡེ་བདུན་བཀར་འདོད་ཅིང༌། མདོ་སྡེ་རྣམས་དགོངས་པ་ཅན་དང༌། དྲང་དོན་གསུངས་པ་མང་བས། ལྟ་གྲུབ་རྣམས་བསྟན་བཅོས་ཀྱི་ལུགས་བཞིན་དུ་ཁས་ལེན་དགོས་པར་འདོད་ལ། བསྟན་བཅོས་ཀྱང་བྱེ་བྲག་ཏུ་བཤད་པ་ལ་ངོས་འཛིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །མངོན་པ་སྡེ་བདུན་ནི། ཡེ་ཤེས་འཇུག་པ། རབ་ཏུ་བྱེད་པ། རྣམ་ཤེས་ཀྱི་ཚོགས། ཆོས་ཀྱི་ཕུང་པོ། གདགས་པའི་བསྟན་བཅོས། འགྲོ་བའི་རྣམ་གྲངས། ཁམས་ཀྱི་ཚོགས་དང་བདུན་ནོ། །གཉིས་པ་ལམ་གྱི་རྣམ་བཞག་བཤད་པ་ལ། ལམ་གྱི་དམིགས་པ། ལམ་གྱི་སྤང་བྱ། ལམ་གྱི་རང་བཞིན་བཤད་པའོ། །དང་པོ་ནི་བདེན་བཞི་ཁྱད་ཆོས་མི་རྟག་བཅུ་དྲུག་ཡིན་ལ། དེས་མི་རྟག་པ་དང་བདག་དང་བདག་མེད་འདོད་ཚུལ་ནི། བསྟན་པ་སྤྱི་འགྲེལ་རྣམ་བཤད་ལས། འདུས་བྱས་ཀྱི་དངོས་པོ་རྫས་ཡོད་རྣམས་དུས་མཐའི་སྐད་ཅིག་གིས་སྐྱེ་འགག་བྱེད་པར་གནས་མ་བུའི་སྡེ་བ་མ་གཏོགས་བྱེ་བྲག་སྨྲ་བ་དང༌། མདོ་སེམས་དབུ་མ་བ་ཕལ་ཆེར་ཡང་འདོད་ཅིང༌། འདུས་བྱས་རྫས་ཡོད་གྲུབ་ཙམ་ནས་འཇིག་གི རང་གི་འཇིག་པ་རང་རྒྱུ་མ་ཡིན་པའི་རང་ལས་ཕྱིས་འབྱུང་དོན་གཞན་གྱིས་བསྐྱེད་མི་དགོས་ལ་དེའི་ཕྱིར་འཇིག་པའམ་མི་རྟག་པ་དེ་འདུས་བྱས་རྣམས་ཀྱི་རང་བཞིན་ནམ་གནས་ལུགས་སུ་འདོད་དོ། །དེའི་ཕྱིར་འདུས་བྱས་ཀྱི་དངོས་པོ་རྫས་ཡོད་རེ་རེ་ལ་ཡང༌། སྐྱེ་འགག་གནས་གསུམ་གྱི་སྐབས་ཅིག་ཆར་དུ་ཚང་བར་སྔར་སྨོས་པའི་དངོས་སྨྲ་དེ་རྣམས་ཀྱིས་འདོད་དགོས། ཞེས་དང༌། གཞན་སྟོང་དབུ་མ་སྙིང་པོ་ལས། འདིའི་ནང་ཚན་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་སོགས་གྲུབ་མཐའ་བཟང་བ་རྣམས་ནི། འདུས་བྱས་ཐམས་ཅད་སྐད་ཅིག་གིས་འཇིག་པས་མི་རྟག་པར་འདོད་པ་དང༌། གང་ཟག་གི་བདག་ནི་བློས་བཏགས་པ་ཙམ་མ་གཏོགས་རྫས་སུ་མེད་པར་འདོད། མང་པོས་བཀུར་བའི་སྡེ་བ་སོགས་གྲུབ་མཐའ་ངན་པ་རྣམས་ནི། འདུས་བྱས་རྣམས་མཐར་འཇིག་པས་མི་རྟག་པ་ཡིན་ཀྱང༌། སྐད་ཅིག་གིས་འཇིག་པ་མིན་ཟེར་ཞིང༌། དེ་ཕྱིར་རྒྱུན་གྱི་དངོས་པོ་ཅི་རིགས་པར་འདོད་ལ། མུ་སྟེགས་པ་རྣམས་ཀྱིས་བཏགས་པའི་ང་བདག་རྟག་པ་གཅིག་པུ་རང་དབང་ཅན་དེ་འདྲ་མེད་ཀྱང༌། སྤྱི་བདག་ཙམ་ཞིག་རྫས་གྲུབ་དང་བདེན་གྲུབ་ཏུ་འདོད། །འདི་ལ་བདག་ལྟའི་སྐྱོན་གྱིས་དངོས་སུ་ཐར་བའི་ལམ་མེད་ན་ཡང༌། དཀོན་མཆོག་ལ་སྐྱབས་སུ་སོང་ཞིང༌། ཐར་འདོད་ཀྱི་ཀུན་ནས་བསླངས་པའི་ཚུལ་ཁྲིམས་དང་ཐོས་བསམ་སྒོམ་གསུམ་ཡོད་པས། རིམ་པས་ཐར་བ་ཐོབ་པའི་སྐལ་བ་ཅན་དུ་འགྱུར་རོ། །ཞེས་དང༌། བླང་དོར་རབ་གསལ་ལས། ཕྱི་བས་བརྟགས་པའི་བདག་གིས་སྟོང་པ་དང༌། །དབང་ཕྱུག་ལ་སོགས་བྱེད་པོ་མེད་པར་འདོད། །རྟག་མི་རྟག་སོགས་གང་དུ་བརྗོད་མིན་པའི། །གང་ཟག་བདེན་པར་འདོད་པ་མི་འཐད་དེ། །ཞེས་བྱེ་བྲག་སྨྲ་བ་དག་མུ་སྟེགས་པས་བརྟགས་པའི་བདག་གིས་སྟོང་པ་དང་བྱེད་པ་པོ་དབང་ཕྱུག་ལ་སོགས་པ་མེད་པར་འདོད་པ་ནི་ལེགས་ཀྱི། སྤྱི་བདག་རྫས་གྲུབ་དང་བདེན་པར་གྲུབ་པ་དང༌། བརྗོད་དུ་མེད་པའི་གང་ཟག་གི་བདག་ཡོད་པར་འདོད་པ་ནི་རིགས་པ་མ་ཡིན་ནོ། །བརྗོད་མེད་ཀྱི་བདག་འདོད་མཁན་ནི་ཉན་ཐོས་གནས་མ་བུ་པ་ཡིན་པར་སྣང་སྟེ། བདག་དང་འཇིག་རྟེན་རྟག་མི་རྟག་དང་མཐའ་དང་ལྡན་མི་ལྡན་དང་གྲོངས་ནས་འབྱུང་མི་འབྱུང་གཉིས་མིན་དུ་འདོད་མཁན་ནི་གནས་མ་བུ་པ་ཡིན་པའི་ཕྱིར་ཏེ། ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་བཤད་པའི་སྐབས་སུ་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། བཞི་བ་ནི་གནས་མ་བུ་པའི་ལྟ་བ་བཅུམ་པའོ། །ཞེས་དང༌། དབུ་མ་འཇུག་པ་ལས། ཁ་ཅིག་དེ་ཉིད་གཞན་ཉིད་རྟག་མི་རྟག །ལ་སོགས་བརྗོད་མེད་གང་ཟག་རྫས་ཡོད་འདོད། །ཅེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། གནས་མ་བུའི་སྡེ་བ་རྣམས་སྤྱིར་གང་ཟག་གི་བདག་རྫས་སུ་ནི་ཡོད་ལ། ཕུང་པོ་དང་གཅིག་ཏུ་ཡང་མི་བརྗོད་ཅིང་ཐ་དད་དུ་ཡང་མི་བརྗོད་པས་ན་དེ་ཉིད་གཞན་དུ་བརྗོད་དུ་མེད་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་མདོ་ལས་དགེ་སློང་དག་ལས་བྱེད་པ་པོའི་གང་ཟག་ཡང་ཡོད། ཁུར་འཁུར་བ་པོའི་གང་ཟག་ཡང་ཡོད་དེ། རྟག་པར་མི་སྨྲ་ལ་མི་རྟག་པར་ཡང་ང་མི་སྨྲའོ། །ཞེས་ཁུར་འཁུར་བ་པོའི་གང་ཟག་རྫས་ཡོད་དུ་བསྟན་པ་དང༌། རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་པར་གསུངས་པའི་ཕྱིར། ཞེས་ཟེར་རོ། །ཞེས་གསུངས་སོ། །དེ་དགག་པ་ནི། བླང་དོར་རབ་གསལ་ལས། དེ་ཉིད་ཤེས་པ་ཡིན་ན་བུམ་སོགས་ཀྱི། །ཤེས་པའི་རྫས་སུ་ཤེས་པ་གཞན་སྐྱེ་བས། །མི་རྟག་པར་འགྱུར་བེམ་པོ་ཡིན་ན་ཡང༌། །བདེ་སྡུག་མྱོང་བ་མེད་པས་གང་ཟག་མིན། །ཞེས་གང་ཟག་གི་བདག་དེ་ཤེས་པའི་རང་བཞིན་ཡིན་ནམ། མི་ཤེས་པའི་རང་བཞིན་ཡིན། གལ་ཏེ་ཤེས་པའི་རང་བཞིན་ཡིན་ན་མི་རྟག་པར་འགྱུར་ཏེ། ཡུལ་སྣ་ཚོགས་པ་ལ་འཇུག་པའི་ཤེས་པ་ཡིན་པའི་ཕྱིར་རོ། །དེའང་བུམ་པའི་ཤེས་པ་འགགས་པ་ན་སྣམ་བུའི་ཤེས་པ་འབྱུང་བ་ལ་སོགས་པ་སྣ་ཚོགས་སུ་འགྱུར་བས་མི་རྟག་པར་གྲུབ་པོ། ཅི་སྟེ་མི་ཤེས་པའི་རང་བཞིན་ཡིན་ན་བདེ་བ་དང་སྡུག་བསྔལ་མྱོང་བ་མ་ཡིན་པར་འགྱུར་ཞིང༌། བདེ་སྡུག་རིག་པ་མ་ཡིན་ན་གང་ཟག་ཡིན་པར་ཡང་འགལ་ལོ། །འོ་ན་བཅོམ་ལྡན་འདས་ཀྱིས་ཀྱང་ཁུར་འཁུར་བའི་གང་ཟག་ཡོད་དེ། རྟག་པར་བདག་མི་སྨྲ་ཞིང་མི་རྟག་པར་ཡང་བདག་མི་སྨྲའོ། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་རྨི་ལམ་གྱི་གནས་སྐབས་ཀྱི་གང་ཟག་ལ་དགོངས་ནས་དགོས་པ་བདག་ཏུ་སྨྲ་བ་རྣམས་བསྟན་པར་གཞུག་པའི་དོན་དུ་ལྡེམ་པོར་དགོངས་ཏེ་གསུངས་པ་ཡིན་ནོ། །བྱེ་སྨྲ་འདི་བས་ཆོས་ཀྱི་བདག་མེད་ཕྲ་རགས་ཁས་མི་ལེན་ཏེ། ཆོས་བདག་ཏུ་གྲུབ་པར་ཁས་ལེན་པའི་ཕྱིར་ཏེ། གྲུབ་མཐའི་རྣམ་བཞག་དོན་གསལ་ལས། ཆོས་དང་གང་ཟག་བདེན་འདོད་པ། །ཞེས་གསུངས་སོ། །

གཉིས་པ་ལམ་གྱི་སྤང་བྱ།

གཉིས་པ་ལམ་གྱི་སྤང་བྱ་ནི།

ཉོན་མོངས་ཅན་དང༌། ཉོན་མོངས་ཅན་མ་ཡིན་པའི་སྒྲིབ་པ་གཉིས་ཡོད། དང་པོ་ནི་གཙོ་བོར་ཐར་བ་ཐོབ་པ་ལ་བར་དུ་གཅོད་པ་སྟེ། གང་ཟག་གི་བདག་འཛིན་དང༌། དེའི་དབང་གིས་བྱུང་བའི་ཉོན་མོངས་པ་རྣམས་སོ། །གཉིས་པ་ནི་སངས་རྒྱས་ཀྱི་ཟད་མི་སྐྱེའི་ཡེ་ཤེས་ཐོབ་པ་ལ་གཙོ་བོར་བར་ཏུ་གཅོད་པ་སྟེ། དེ་བཞིན་གཤེགས་པའི་ཆོས་ཟབ་ཅིང་ཕྲ་བས་མི་ཤེས་པ། ཡུལ་ཤིན་ཏུ་བསྐལ་བས་མི་ཤེས་པ། དུས་ཤིན་ཏུ་བསྐལ་བས་མི་ཤེས་པ། རྣམ་པའི་དབྱེ་བ་མཐའ་ཡས་པས་མི་ཤེས་པ་རྣམས་སོ། །གསུམ་པ་ལམ་གྱི་རང་བཞིན་ནི། ཐེག་པ་གསུམ་གྱི་ལམ་གསུམ་དང༌། དེ་རེ་རེ་ལ་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་སྟེ་ལམ་ལྔའི་རྣམ་བཞག་དང༌། ཤེས་བཟོད་སྐད་ཅིག་བཅུ་དྲུག་ལས་དང་པོ་བཅོ་ལྔ་མཐོང་ལམ། བཅུ་དྲུག་པ་ལམ་རྗེས་ཤེས་སྒོམ་ལམ་ཡིན་ལ། དེ་དག་རིམ་ཅན་སྐྱེ་བར་འདོད་དོ། །ལམ་བདེན་ལ་ཤེས་པས་མ་ཁྱབ་སྟེ། ཟག་མེད་ཀྱི་ཕུང་པོ་ལྔ་ལམ་བདེན་དུ་འདོད་པའི་ཕྱིར། བྱང་ཕྱོགས་ཀྱི་ཆོས་སོ་བདུན་གྱི་རྣམ་བཞག་འདོད་ལ། ས་བཅུའི་རྣམ་བཞག་མི་འདོད་པ་ནི་རྟེན་གཞི་མདོ་སོགས་ཀྱི་དབང་གིས་ཡིན་ནོ། །གསུམ་པ་འབྲས་བུ་ནི། མཛོད་ལས། མྱུར་བ་སྲིད་པ་གསུམ་གྱི་ཐར། །ཞེས་སོགས་ལྟར་ཉན་ཐོས་ཀྱི་རིགས་ཅན་རྣམས་ཀྱིས་མི་རྟག་སོགས་བཅུ་དྲུག་ལ་ཚེ་གསུམ་སོགས་གོམས་པར་བྱས་ཏེ་ལམ་ལྔ་དང་རྒྱུན་ཞུགས་ཀྱི་འབྲས་བུ་སོགས་རིམ་གྱིས་ཐོབ་ནས་ཉན་ཐོས་ཀྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས། ཉོན་མོངས་ཅན་གྱི་སྒྲིབ་པ་ཐོབ་པ་ཆད་པའི་ཚུལ་གྱིས་སྤངས་ཏེ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་པ་ཡིན་ནོ། །མཛོད་ལས། བསེ་རུ་བསྐལ་བ་བརྒྱ་ཡི་རྒྱུ། །ཞེས་གསུངས་པ་ལྟར་བསེ་རུ་རང་རྒྱལ་རྣམས་ཀྱིས་བདག་མེད་སོགས་བསྐལ་ཆེན་བརྒྱ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་དང་སྦྲེལ་ཏེ། ཚོགས་ལམ་ཆེན་པོ་མན་ཆད་དུ་ཉམས་སུ་བླངས་ཏེ་སྦྱོར་ལམ་དྲོད་ནས་མི་སློབ་ལམ་བར་སྟན་ཐོག་གཅིག་ལ་མངོན་དུ་བྱེད་དོ། །དམན་པའི་དགྲ་བཅོམ་གཉིས་སྤངས་རྟོགས་ལས་ཉམས་ནས་རྒྱུན་ཞུགས་སོགས་སུ་གྱུར་བ་ཡོད་དོ། །འོན་ཀྱང་ཚེ་དེར་སླར་སོར་ཆུད་དེ། མཛོད་ལས། འབྲས་ལས་ཉམས་པ་འཆི་བ་མེད། །ཅེས་སོ། །མཛོད་ལས། དེ་གྲངས་མེད་གསུམ་ལ་སངས་རྒྱས། །འབྱུང་ངོ་མར་ནི་འགྲིབ་པ་ཡི། །བརྒྱ་ཡི་བར་ལ་དེ་དག་འབྱུང༌། །ཞེས་བྱང་སེམས་རྣམས་ཀྱིས་ཚོགས་ལམ་གྱི་གནས་སྐབས་སུ་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་བསགས་ཏེ་དུས་མར་འགྲིབ་ཀྱི་མགོ་ནས་ཚེ་ལོ་བརྒྱ་བ་ཡན་ཆད་འབྱུང་ཞིང༌། དེ་ནས་མཚན་བཟང་གི་རྒྱུ་བསྐལ་བ་བརྒྱར་བསྒྲུབས་ཏེ་སྲིད་པ་ཐ་མའི་ཚེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག་པའི་ཚེ་སྦྱོར་ལམ། མཐོང་ལམ། སྒོམ་ལམ་གསུམ་བསྒྲོད་དེ་ཐོ་རངས་སྐྱ་རེངས་ཤར་བ་ཙམ་ན་མི་སློབ་ལམ་མངོན་དུ་བྱེད་དོ། །དེས་ན་མཛད་པ་བཅུ་གཉིས་ལས་དང་པོ་དགུ་བྱང་སེམས་ཀྱི་མཛད་པ་དང༌། ཕྱི་མ་གསུམ་སངས་རྒྱས་ཀྱི་མཛད་པར་འདོད་དོ། །ཆོས་འཁོར་ལ་མཐོང་ལམ་གྱིས་ཁྱབ་སྟེ། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། བྱེ་བྲག་ཏུ་སྨྲ་བ་ནི། མཐོང་ལམ་ཁོ་ན་ཆོས་འཁོར་དུ་འདོད་པའི་རྒྱུ་མཚན་དང་བཅས་པ་མཛོད་དུ་བཤད་ལ། ཞེས་སོ། །བྱང་སེམས་སྲིད་པ་ཐ་མ་པས་བྱང་ཆུབ་མངོན་དུ་བྱེད་པའི་གནས་ནི། འདོད་ཁམས་སུ་ངེས་པས་འོག་མིན་སྟུག་པོ་བཀོད་པ་དང༌། ལོངས་སྐུའི་རྣམ་བཞག་མི་འདོད་དོ། །རྣམ་མཁྱེན་གྱི་རྣམ་བཞག་མི་བཞེད་པ་འདྲའོ། །ཆེད་དུ་བརྗོད་པའི་ཚོམ་ལས། ལུས་ཞིག་ཚོར་བ་བསིལ་བར་འགྱུར། །འདུ་ཤེས་འགག་ཅིང་འདུ་བྱེད་ཞི། །རྣམ་པར་ཤེས་པ་ནུབ་གྱུར་བ། །འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །ཞེས་པ་ལྟར་ཐེག་པ་གསུམ་གྱི་དགྲ་བཅོམ་པ་ལ་ལྷག་བཅས་ཀྱིས་ཁྱབ་སྟེ། ལྷག་མེད་དུ་མྱ་ངན་ལས་འདས་པའི་ཚེ་མར་མེ་ཤི་བ་ལྟར་རིག་པ་རྒྱུན་ཆད་པར་འདོད་པའི་ཕྱིར་ཏེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཐོབ་བྱའི་ཡུལ་གཏན་མེད་དུ་འདོད་པ་ནི། ཉན་ཐོས་སྡེ་གཉིས་ཀྱི་འདོད་པ་ལྟར་སྟོན་པ་སངས་རྒྱས་ཉིད་དུ་ཇི་སྲིད་མྱ་ངན་ལས་མ་འདས་པར་སེམས་ཅན་གྱི་དོན་ཅི་ཙམ་མཛད་པ་དེ་ཡིན་གྱི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་པ་ན། དེ་སེམས་ཅན་གྱི་དོན་སྤྱོད་པ་ལ་སོགས་པ་མེད་པར་འགོག་པ་ཙམ་ལ་གནས་པ་ཡིན་ཟེར། ཞེས་གསུངས་སོ། །བྱེ་མདོ་གཉིས་ཀས་མཐར་ཐུག་ཐེག་གསུམ་འདོད་ལ། དེ་གཉིས་ལས་གཞན་རང་སྡེ་རྣམས་ཀྱིས་གནས་སྐབས་ཐེག་གསུམ་འདོད་པ་ཡོད་ཀྱང་མཐར་ཐུག་ཐེག་གཅིག་འདོད་དེ། གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྦྱོར་ལས། བྱེ་མདོ་གཉིས་ནི་ཐེག་པ་གསུམ་གར་མཐར་ཐུག་ཏུ་འདོད། ཀླུ་སྒྲུབ་དང་ཐོགས་མེད་རྗེས་འབྲང་མ་ཡིན་པའི་དབུ་སེམས་ཀྱི་ཐེག་ཆེན་པ་མང་པོ་ཞིག གནས་སྐབས་མཐར་ཐུག་གི་དབྱེ་བ་མེད་པར་ཐེག་པ་གཅིག་ཁོ་ནར་འདོད་མོད། །ཐལ་རང་གི་སློབ་དཔོན་རྣམས་ནི་གནས་སྐབས་ཐེག་གསུམ་དུ་མི་འདོད་མཁན་མེད་ལ། ཞེས་གསུངས་སོ། །མཛོད་ལས། གཟུགས་ཕུང་དེ་མིན་སངས་རྒྱས་མི་སློབ་ཆོས། །ཞེས་པ་ལྟར་སངས་རྒྱས་དཀོན་མཆོག་ནི་དེའི་ཐུགས་རྒྱུད་ཀྱི་ཟད་མི་སྐྱེའི་ཡེ་ཤེས་ལ་འདོད་དོ། །མཛོད་ལས། བདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི། །ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །ཅེས་པ་ལྟར་བྱེ་བྲག་སྨྲ་བའི་གྲུབ་མཐའི་ཁམས་ཀྱི་རབ་དབྱེ། དབང་བོ་ཉེར་གཉིས། སེམས་སེམས་བྱུང༌། རྒྱུ་དྲུག རྐྱེན་བཞི། རྟེན་འབྲེལ་བཅུ་གཉིས། ཁམས་གསུམ་གྱི་སྣོད་བཅུད། ལས་དང་ཕྲ་རྒྱས། དགྲ་བཅོམ་རིགས་དྲུག དགེ་འདུན་ཉི་ཤུ ཞུགས་གནས་བརྒྱད། བྱང་ཕྱོགས་སོ་བདུན། ཡེ་ཤེས། སྙོམས་འཇུག་བརྒྱད་སོགས་མཛོད་ལས་དེའི་ལུགས་བཞིན་བསྟན་ཡོད་པས་དེར་ཤེས་པར་བྱ་དགོས་སོ།། །།

སྨྲས་པ། བྱེ་སྨྲའི་གཞི་ལམ་འབྲས་བུའི་རྣམ་བཞག་ཀུན། །མ་འདྲེས་གྲུབ་མཐའི་བཞེད་གཞུང་བ་གམ་བཀྲ །བློ་གྲོས་སྐབས་གསུམ་རོལ་བའི་ལྷའི་པད་ཚལ། །ལེགས་བཤད་རྐང་འཐུང་ཕྲེང་བས་ཕྱོགས་ཀུན་མཛེས། །ཞེས་གྲུབ་མཐའི་རྣམ་བཞག་ལུང་རིགས་གཏེར་མཛོད་ལེགས་བཤད་འདོད་འཇོ་ཞེས་བྱ་བ་ལས་བྱེ་བྲག་སྨྲ་བའི་གྲུབ་མཐའི་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།། །།

གཉིས་པ་མདོ་སྡེ་པའི་གྲུབ་མཐའ་བཤད་པ།

གཉིས་པ་མདོ་སྡེ་པའི་གྲུབ་མཐའ་བཤད་པ་ལ།

མཚན་ཉིད། དབྱེ་བ། སྒྲ་བཤད། འདོད་ཚུལ་དང་བཞི། དང་པོ་ནི། རང་རིག་དང་ཤེས་པ་ཡུལ་གྱི་རྣམ་ལྡན་དུ་སྐྱེ་བར་ཁས་ལེན་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་དེ། མདོ་སྡེ་བའི་མཚན་ཉིད་ཡིན་ཏེ། ཕར་ཊཱིཀ་ཡིད་ཀྱི་མུན་སེལ་ལས། མདོ་སྡེ་བའི་མཚན་ཉིད་ནི། ཉན་ཐོས་པ་གང་ཞིག བློ་རང་རིག་ཡོད་པར་འདོད་པའོ། །ཞེས་གསུངས་སོ། །མདོ་སྡེ་པ་ལ་རང་རིག་འདོད་པས་ཁྱབ་མ་ཁྱབ་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །སློབ་དཔོན་ནི། རྒྱ་གར་ཆོས་འབྱུང་ལས། ཁ་ཆེའི་ཡུལ་དུ་མདོ་སྡེ་བའི་སློབ་དཔོན་ཆེན་པོ་དཔལ་ལེན། ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། མདོ་སྡེ་བའི་བཙུན་པ་མིའུ་ཐུང༌། ཞེས་པ་ལྟར་རོ། །

གཉིས་པ་དབྱེ་བ་ནི།

གཟུང་འཛིན་གྲངས་མཉམ་པ་དང༌། སྣ་ཚོགས་གཉིས་མེད་པ་དང༌། སྣ་ཚོགས་རིམ་འཛིན་པ་དང་གསུམ་ཡོད་དེ། དབྱེ་བ་དེ་གསུམ་སེམས་ཙམ་པ་ལ་ཡོད་ཀྱང་མདོ་སྡེ་པ་ལ་དེ་གསུམ་འཇོག་དགོས་པ་དབུ་མ་རྒྱན་དང་དེའི་འགྲེལ་བ་དང་འགྲེལ་བཤད་རྣམས་སུ་གསལ་བའི་ཕྱིར་ཏེ། དེ་གསུམ་བཤད་པའི་སྐབས་སུ་འགྲེལ་བཤད་ལས། གང་དག་ཅེས་བྱ་བ་ནི་ ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་ཁ་ཅིག་ཁོ་ན་སྟེ། ཞེས་སོགས་གསུངས་པས་སེམས་ཙམ་པས་ཕྱི་དོན་མི་འདོད་པས་མདོ་སྡེ་བ་ལས་འོས་མེད་དོ། །ཡང་མདོ་སྡེ་པ་ལ། སྔ་རབས་པ་དང༌། ཕྱི་རབས་པ་གཉིས་འཇོག་དགོས་སམ་སྙམ་སྟེ། འགྲེལ་ཆེན་དྲི་མེད་འོད་སོགས་ལས་གསུངས་པའི་མདོ་སྡེ་བ་དེ་སྔ་རབས་པ་དང༌། རྣམ་འགྲེལ་ལེའུ་གསུམ་པའི་སྐབས་སུ་ཚད་མ་ལ་གཉིས་སུ་གྲངས་ངེས་པའི་རྒྱུ་མཚན་གཞལ་བྱ་ལ་རང་སྤྱི་གཉིས་སུ་ངེས་པ་དང༌། དོན་དམ་པར་དོན་བྱེད་ནུས་པ་དང་མི་ནུས་པ་གཉིས་སུ་ངེས་པས་གཞལ་བྱ་ལ་རང་སྤྱི་གཉིས་སུ་ངེས་པར་སྒྲུབ་པ་མདོ་སྡེ་བའི་ལུགས་ལས་འོས་མེད་པ་ཡིན་སྙམ། རྣམ་འགྲེལ་ལས་དེ་ལྟར་གསུངས་པ་ཡིན་ཏེ། རྣམ་འགྲེལ་ལས། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་དང༌། དོན་དམ་དོན་བྱེད་ནུས་པ་གང༌། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་དང༌། དེའི་དོན་མཚལ་མིན་པ་བསོད་ནམས་བཟང་པོའི་རྣམ་འགྲེལ་འགྲེལ་བཤད་ལས། གཞལ་བྱ་ཆོས་ཅན། རང་སྤྱི་གཉིས་སུ་ངེས་ཏེ།དོན་དམ་པར་དོན་བྱེད་ནུས་པ་དང་མི་ནུས་པ་གཉིས་སུ་ངེས་པས་སོ། །ཞེས་སོགས་གསུངས་སོ། །འོན་ཀྱང་རང་ལུགས་ཀྱི་གཞུང་རྣམས་སུ་རྣམ་འགྲེལ་རྗེས་འབྲང་གི་མདོ་སྡེ་བའི་ལུགས་གསལ་ཁ་མེད་པས་དཔྱད་པར་བྱའོ། །

གསུམ་པ་སྒྲ་བཤད་པ་ནི།

མངོན་པ་སྡེ་བདུན་བཀར་མི་འདོད་ཅིང་བྱེ་བྲག་བཤད་པ་སོགས་ལ་འཁྲུལ་བ་ཡོད་པས་གྲུབ་མཐའ་ནི་མདོ་སྡེ་དང་བསྟུན་ནས་བཞག་པས་ན་མདོ་སྡེ་བ་ཞེས་བརྗོད་པ་ཡིན་ཏེ། བདེ་གཤེགས་གཞུང་གི་རང་འགྲེལ་ལས། དེ་ལྟར་མདོ་སྡེ་སྒོ་ནས་སྤྱོད་པའི་མདོ་སྡེ་པ་རྣམས་ཀྱིས། ཞེས་དང༌། མཛོད་འགྲེལ་ལས། ཁོ་བོ་ཅག་མདོ་ཚད་མ་བྱེད་ཀྱི་བསྟན་བཅོས་ཚད་མར་མི་བྱེད།ཅེས་དང༌། གཞན་སྟོང་དབུ་མའི་སྙིང་པོ་ལས། མངོན་པ་སྡེ་བདུན་སོགས་ནི་བཀའ་མ་ཡིན་ཞིང༌། བྱེ་བྲག་བཤད་པ་སོགས་བསྟན་བཅོས་ལ་འཁྲུལ་བ་ཡོད་པས་གྲུབ་མཐའ་ནི་མདོ་སྡེ་དང་བསྟུན་དགོས་པར་འདོད་དོ། །ཞེས་གསུངས་སོ། །བྱེ་མདོ་གཉིས་ཀའི་ཐེག་ཆེན་གྱི་མདོ་བཀར་ཁས་མི་ལེན་པར་སྡེ་སྣོད་ནི་ཉན་ཐོས་ལ་གསུངས་པའི་སྡེ་སྣོད་ཁོ་ན་འདོད་དེ། གཞན་སྟོང་སྙིང་པོ་ལས། གྲུབ་མཐའ་སྨྲ་བའི་སྡེ་འདི་གཉིས་ཀས་ཀྱང་སངས་རྒྱས་ཀྱི་བཀའ་ནི། ཉན་ཐོས་ཀྱི་ཆེད་དུ་གསུངས་པའི་སྡེ་སྣོད་འདི་རྣམས་ཁོ་ན་ཡིན་ཞིང༌། ཤེར་ཕྱིན་དཀོན་བརྩེགས་ཕལ་ཆེན་སོགས་ཐེག་ཆེན་གྱི་མདོར་གྲགས་པ་འདི་ཀུན་ནི་རྒྱལ་བའི་བཀའ་མ་ཡིན་ནོ། །ཐེག་པ་ཆེ་ཆུང་ནི་གང་ཟག་གི་བྱ་བའི་ཁྱད་པར་ཡིན་གྱི་གསུང་རབ་ཐ་དད་པ་མེད་དོ། །ཞེས་ཟེར་རོ། །ཞེས་གསུངས་སོ། །མདོ་སྡེ་བ་འདི་ལ་མཛོད་རང་འགྲེལ་དུ་སྐབས་འགར་དཔེ་སྟོན་པ་ཞེས་གསུངས་སོ། །

བཞི་བ་འདོད་ཚུལ་ལ། གཞིའི་འདོད་ཚུལ། ལམ་གྱི་འདོད་ཚུལ། འབྲས་བུའི་འདོད་ཚུལ་དང་གསུམ་ལས། དང་པོ་གཞི་ནི། དྲི་མེད་འོད་ལས། ཤེས་པ་རྣམ་བཅས་སྐྱེད་བྱེད་ནི། །དབང་པོའི་སྤྱོད་ཡུལ་སྣང་བ་མིན། །ནམ་མཁའ་མོ་གཤམ་བུ་དང་མཚུངས། །འགོག་པ་དང་ནི་ནམ་མཁའ་མཚུངས། །འདུ་བྱེད་བེམ་པོ་ཡོད་མ་ཡིན། །དུས་གསུམ་རྗེས་འགྲོ་དག་ཀྱང་མེད༌། །ཐོགས་པ་མེད་པའི་གཟུགས་ཡོད་མིན། །ཞེས་པ་མདོ་སྡེ་པ་ཡིས་རིག །ཞེས་དང༌། འཇམ་དཔལ་ཞལ་ལུང་ལས། རང་གི་རིག་པ་སྐྱེད་བྱེད་པ། །བལྟ་བྱ་སྤྱོད་ཡུལ་རྣམ་པ་ནི། །འདུས་མ་བྱས་པ་གསུམ་པོ་དག །མོ་གཤམ་བུ་བཞིན་མེད་པ་དང༌། །འདུ་བྱེད་ཐམས་ཅད་བེམ་ལྡོག་དང༌། །དུས་གསུམ་རྒྱུ་བ་མ་ཡིན་དང༌། །དམན་མིན་ཐོགས་མེད་གཟུགས་སུ་ནི། །མདོ་སྡེ་པ་ཡིས་རབ་ཏུ་རྟོགས། །ཞེས་གསུངས་པ་ལྟར་བླང་དོར་རབ་གསལ་ལས། མདོ་སྡེ་པ་དག་ཤེས་པ་ལ་སྣང་བའི། །ཡུལ་གྱི་རྣམ་པ་ཤེས་པ་ཉིད་ཡིན་གྱི། །རང་བས་སྔ་བ་རྣམ་པ་གཏོད་བྱེད་ཀྱི། །གཟུང་དོན་དབང་ཤེས་དེ་ཡི་སྤྱོད་ཡུལ་མིན། །ཞེས་པ་ལྟར་ཤེས་བྱ་གཞི་ལྔའི་ནང་ནས་སེམས་དབང་པོའི་ཤེས་པ་ལ་སྣང་བའི་ཡུལ་གྱི་རྣམ་པ་དེ་ཤེས་པ་ཉིད་ཡིན་གྱི་རང་བས་སྐད་ཅིག་གིས་སྔ་བ་རྣམ་པ་གཏོད་བྱེད་ཀྱི་གཟུང་དོན་ནི་དབང་ཤེས་དེའི་སྤྱོད་ཡུལ་དུ་སྣང་བ་མ་ཡིན་ཏེ། དུས་མི་མཉམ་པའི་ཕྱིར། གཟུང་འཛིན་དུས་མི་མཉམ་ཡང་འདྲ་བ་སྐྱེད་བྱེད་ཡུལ་དང་འདྲ་བར་བསྐྱེད་པས་ཡུལ་ཅན་དུ་འཇོག་སྟེ། རྣམ་འགྲེལ་ལས། དུས་ཐ་དད་པས་ཅི་ལྟར་བཟུང་། །ཞེ་ན་རིགས་པ་ཤེས་བྱ་ཡིས། །ཤེས་པའི་རྣམ་པ་འཇོག་ནུས་པའི། །རྒྱུ་ཉིད་ལ་ནི་གཟུང་པར་ཤེས། །ཞེས་གསུངས་པ་ལྟར་རོ། །སེམས་བྱུང་ཡང་ཡུལ་གྱི་རྣམ་པ་དང་བཅས་པའི་རྫས་སུ་གྲུབ་པར་འདོད་ཅིང༌། གཉིས་ཀ་ཡང་ཤེལ་དག་པ་ལ་སྣང་བའི་ཚོན་གྱི་ཁ་དོག་ཤེལ་གྱི་ངོ་བོ་ཡིན་པ་ལྟར་རང་དང་ངོ་བོ་གཅིག་པའི་དོན་གྱི་རྣམ་པར་རིག་པས་རང་རིག་མཚན་ཉིད་པ་དང་དོན་རིག་བཏགས་པ་བ་སྟེ། དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །རང་རིག་ཡིན་ཡང་དོན་རིག་ཉིད། །ཅེས་གསུངས་པ་ལྟར་རོ། །གཟུགས་ཀྱི་གཞི་ཡང་སྔ་མ་ལྟར་རྩོམ་བྱེད་རྡུལ་ཕྲན་དང་དེས་བརྩམས་པའི་རགས་པ་གཉིས་ཡིན་ལ། རྡུལ་ཕྲན་རྣམས་ནི་མ་རེག་ཀྱང་བར་མེད་པས་རེག་པས་འདུ་ཤེས་སོ་ཞེས་པ་ལྟར་ཕན་ཚུན་མ་རེག་པ་ཡང་ཡིན་ལ་བར་མེད་པ་ཡང་ཡིན་པའི་རྫས་སུ་གྲུབ་པར་འདོད་དོ། །བྱེ་བྲག་སྨྲ་བས་ཕུང་སོགས་གང་ཟག་གི་བདག་གིས་སྟོང་ཞིང་གཟུགས་སོགས་རགས་པ་རྣམས་རྡུལ་རྫས་བརྒྱད་འདུས་དང་དེའི་ཚོགས་པའི་ཆོས་ཙམ་དུ་བདེན་ཞེས་འདོད་ཅིང༌། མདོ་སྡེ་བས་འདོད་ཁམས་ཀྱི་གཟུགས་རགས་པ་རྣམས་རྡུལ་རྫས་བརྒྱད་འདུས་སུ་མ་ངེས་པར་འདོད་དེ། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། ཆོས་འཁོར་དང་པོས་ཕུང་པོ་སོགས་ཆོས་ཐམས་ཅད་གང་ཟག་གི་བདག་གིས་སྟོང་ཞིང༌། གཟུགས་སོགས་ཕྱིའི་རགས་པ་འདི་དག་འབྱུང་བ་བཞི་དང༌། འབྱུང་འགྱུར་བཞི་སྟེ་རྡུལ་རྫས་བརྒྱད་འདུས་སམ་རྡུལ་ཕྲན་ཚོགས་པའི་ཆོས་ཙམ་དུ་བདེན་པར་གསུངས་ཏེ། མཛོད་དུ། བདག་མེད་ཕུང་པོ་ཙམ་ཉིད་དོ། །ཞེས་པ་ལྟར་རོ། །བྱེ་བྲག་སྨྲ་བ་དེར་མཐའ་གཅིག་ཏུ་ཁས་ལེན་ལ། མདོ་སྡེ་ནི་ཕལ་ཆེར་དེ་ལྟར་ཡིན་ཡང་མཐའ་གཅིག་ཏུ་མ་ངེས་སྟེ། ས་རྡོག་སྐམ་པོ་ལྟ་བུ་འབྱུང་བ་གཅིག་ལས་གྱུར་པ་དང༌། ས་རྡོག་དེ་ཉིད་རླན་དང་བཅས་པ་འབྱུང་བ་གཉིས་ལས་གྱུར་པ། ཞེས་པ་ནས། གང་དམིགས་པ་དེ་དེ་ན་ཡོད་ཀྱི་གཞན་དུ་མིན་ནོ། །ཞེས་སློབ་དཔོན་རྒྱལ་པོའི་སྲས་ཀྱིས་བཤད་དེ། མངོན་པ་ཀུན་ལས་བཏུས་ཀྱི་དོན་ནོ། །ཞེས་གསུངས་སོ། །བདེན་གཉིས་ཀྱི་མཚན་ཉིད་བྱེ་བྲག་སྨྲ་བ་ལྟར་འཇོག་པ་ཡིན་ཏེ། མདོ་སྡེ་བའི་སྐབས་སུ་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། རིགས་པས་ལེགས་པར་བརྟགས་ཤིང་དཔྱད་པའི་མཐར་ཐུག་གི་དོན་དམ་དུ་ཕྱིའི་རྡུལ་ཕྲན་ཆ་མེད་རེ་རེ་བ་བདེན་པར་ཡོད། ཕྱིའི་རགས་པ་དང་ཕྱི་ནང་གི་དངོས་པོའི་རྒྱུན་ནི་བརྟགས་ཤིང་དཔྱད་པའི་མཐར་ཐུག་གི་དོན་དམ་དུ་མེད་དེ། རྫ་བུམ་སོགས་ཐོ་བ་སོགས་ཀྱིས་བཅོམ་ཞིང་ཕྱེ་མར་བཏང་བ་ན། ཞིག་པའི་ཕྱིར་བུམ་པའི་བློ་མི་འཇུག་པ། ཞེས་པ་ནས། རྡུལ་ཕྲན་ཆ་མེད་རེ་རེ་བ་ནི་བཅོམ་དང་བློ་ཡི་གཞན་བསལ་ཡང་དེ་བློ་མི་འདོར་བས་དོན་དམ་དུ་བདེན་ཞེས་ཏེ། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེའི་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་སོ། །བླང་དོར་རབ་གསལ་ལས། འདུས་མ་བྱས་གསུམ་མེད་དགག་ཡིན་པས་ན། །མོ་གཤམ་བུ་བཞིན་རྫས་སུ་གྲུབ་པ་མེད། །ལྡན་མིན་འདུ་བྱེད་གཟུགས་སེམས་སེམས་བྱུང་གི །གནས་སྐབས་ཡིན་གྱི་བེམ་པོ་རྫས་གྲུབ་མིན། །ཞེས་པ་ལྟར་འདུས་མ་བྱས་ཀྱི་ནམ་མཁའ་དང་སོ་སོར་བརྟག་པའི་འགོག་པ་དང་སོ་སོར་བརྟག་མིན་གྱི་འགོག་པ་གསུམ་ནི་དགག་བྱ་བཀག་པའི་མེད་དགག་ཙམ་ཡིན་པའི་ཕྱིར་མོ་གཤམ་གྱི་བུ་དང་འདྲ་བར་རྫས་སུ་གྲུབ་པ་མེད་ཅིང༌། ལྡན་མིན་འདུ་བྱེད་ཀྱང་གཟུགས་དང་སེམས་དང་སེམས་བྱུང་གི་གནས་སྐབས་ལ་བཏགས་པ་ཙམ་ཡིན་གྱི། དེ་གསུམ་ལས་རྫས་ཐ་དད་དུ་གྲུབ་པའི་དངོས་པོར་ཡོད་པ་མ་ཡིན་ནོ། །ཡང་བླང་དོར་རབ་གསལ་ལས། དུས་གསུམ་འདུས་བྱས་སྔ་ཕྱི་ལ་ལྟོས་ནས། །བཏགས་པ་ཡིན་གྱི་རྫས་གྲུབ་མིན་པར་འདོད། །ཅེས་དང༌། དབུས་དང་མཐའ་རྣམ་པར་འབྱེད་པ་ལས། འབྲས་བུ་རྒྱུ་རྣམས་སྤྱད་ཟིན་དང༌། །དེ་བཞིན་མ་སྤྱད་གཞན་ཡིན་ནོ། །ཞེས་གསུངས་པ་ལྟར། དུས་གསུམ་ནི་འདུས་བྱས་རྒྱུ་འབྲས་སྔ་ཕྱི་ལ་ལྟོས་ནས་བཏགས་པ་ཡིན་གྱི་གཅིག་ནས་གཅིག་ཏུ་འགྲོ་བའི་རྫས་སུ་གྲུབ་པ་ནི་མེད་པར་འདོད་དོ། །

གཉིས་པ་ལམ་གྱི་རྣམ་བཞག་བཤད་པ།

གཉིས་པ་ལམ་གྱི་རྣམ་བཞག་བཤད་པ་ལ།

ལམ་གྱི་དམིགས་པ། ལམ་གྱི་སྤང་བྱ། ལམ་གྱི་རང་བཞིན་བཤད་པ་དང་གསུམ། དང་པོ་ནི། བདེན་བཞིའི་རྣམ་པ་མི་རྟག་བཅུ་དྲུག་དང༌། རྟེན་འབྲེལ་ཡན་ལག་བཅུ་གཉིས་རྣམས་སོ། །གཉིས་པ་ལམ་གྱི་སྤང་བྱ་ནི། གང་ཟག་གི་བདག་འཛིན་དང༌། ཉོན་མོངས་ཅན་དང༌། ཉོན་མོངས་ཅན་མ་ཡིན་པའི་སྒྲིབ་པ་བཞག་པ་སོགས་བྱེ་སྨྲ་དང་འདྲའོ། །གསུམ་པ་ལམ་གྱི་རང་བཞིན་ནི། ཐེག་པ་གསུམ་གྱི་ལམ་ལ་ཚོགས་སྦྱོར་སོགས་ལམ་ལྔའི་རྣམ་བཞག་བྱེད་དོ། །ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་མཐོང་ལམ་དུ་འདོད་པའོ། །གསུམ་པ་འབྲས་བུའི་འདོད་ཚུལ་ནི། དགྲ་བཅོམ་པ་སྤངས་རྟོགས་ལས་ཉམས་པ་མི་སྲིད་པ་དང༌། སངས་རྒྱས་ཀྱི་གཟུགས་ཕུང་སངས་རྒྱས་སུ་ཁས་ལེན་པའོ། །ལྷག་མེད་མྱང་འདས་མངོན་དུ་བྱེད་ཚུལ་ཡང་བྱེ་སྨྲ་ལྟར་ཡིན་ཏེ། གྲུབ་མཐའི་རྣམ་བཞག་དོན་གསལ་ལས། མདོ་སྡེ་བ་ནི་མྱང་འདས་ཀྱི། །འབྲས་བུ་མར་མེ་བརྣལ་བ་ལྟར། །དཔྱད་ན་ཅུང་ཟད་མེད་པར་འདོད། །ཅེས་དང༌། བླང་དོར་རབ་གསལ་ལས། མྱ་ངན་འདས་ནས་ཐོགས་པ་མེད་པའི་གཟུགས། །ངོ་བོར་གྲུབ་པ་མེད་པར་འདོད་ན་ཡང༌། །ཞེས་མྱ་ངན་ལས་འདས་པ་ན། མར་མེ་ཤི་བར་གྱུར་པ་བཞིན། །དེ་ཡི་སེམས་ནི་རྣམ་པར་རོལ། །ཅེས་གསུངས་པ་ལྟར། ཐོགས་པ་མེད་པའི་ཡེ་ཤེས་ཀྱི་སྐུའམ་གཟུགས་སུ་གྲུབ་པ་ཅུང་ཟད་ཀྱང་མེད་པར་འདོད་དོ། །དེ་དགག་པ་ནི། གྲུབ་མཐའ་དོན་གསལ་ལས། གཅེར་བུ་བ་དང་མཚུངས་པའི་ཕྱིར། །ཞེས་དང༌། བླང་དོར་རབ་གསལ་ལས། འབྲས་བུ་ཐོབ་ནས་མར་མེ་བརྣལ་བ་དང༌། །མཚུངས་པར་ཅི་ཡང་མེད་པ་མ་ཡིན་ཏེ། །སྐུ་དང་ཡེ་ཤེས་རྫུ་འཕྲུལ་མངོན་ཤེས་སོགས། །དོན་གཉིས་ཕུན་སུམ་ཚོགས་པ་ཡོད་ཕྱིར་རོ། །ཞེས་པ་ལྟར་འབྲས་བུ་མཐར་ཐུག་མྱ་ངན་ལས་འདས་པ་ཐོབ་པ་ན་རྡུལ་ཕྲ་རགས་ཀྱི་ཆོས་ལས་འདས་པ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་གཟུགས་སམ་སྐུས་དུས་གསུམ་རིག་པ་མེད་ན། སངས་རྒྱས་དེ་ཐམས་ཅད་མཁྱེན་པ་མ་ཡིན་པ་དང༌། སྐུ་བཞི་དང་ལྡན་པ་མ་ཡིན་པ་དང༌། རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་སྟོན་པ་མ་ཡིན་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་ཆོས་སྟོན་པ་པོ་མ་ཡིན་པ་ལ་སོགས་པར་ཐལ་བར་འགྱུར་བ་ལས་དེ་ལྟར་ཡང་མ་ཡིན་ཏེ། མཚན་ཡང་དག་པར་བརྗོད་པ་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པཎ་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང༌། །ཞེས་པ་ལ་སོགས་པ་གསུངས་པ་ལྟར། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་ན་སྐུ་བཞི་དང་ཡེ་ཤེས་ལྔ་དང་མངོན་པར་ཤེས་པ་དྲུག་ལ་སོགས་པ་དོན་གཉིས་མཐར་ཕྱིན་པའི་ཡོན་ཏན་ཕུན་སུམ་ཚོགས་པ་མཐའ་ཡས་པ་མངའ་བའི་ཕྱིར་རོ། །

སྨྲས་པ། མདོ་སྡེ་ཚད་མར་བྱེད་པའི་གྲུབ་མཐའ་ཡི། །གཞི་ལམ་འབྲས་གསུམ་འདབ་བརྒྱའི་སྦྲང་རྩིའི་དཔལ། །བློ་ལྡན་རྐང་དྲུག་གསོས་སུ་སྨིན་གྱུར་ནས། །ཐུབ་བསྟན་ཕྱོགས་ཀུན་དར་ཞིང་རྒྱས་གྱུར་ཅིག །ཅེས་གྲུབ་མཐའི་རྣམ་བཞག་ལུང་རིགས་གཏེར་མཛོད་ལེགས་བཤད་འདོད་འཇོ་ལས་མདོ་སྡེ་བའི་གྲུབ་མཐའི་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།། །།

གསུམ་པ་སེམས་ཙམ་པའི་གྲུབ་མཐའ་བཤད་པ།

གསུམ་པ་སེམས་ཙམ་པའི་གྲུབ་མཐའ་བཤད་པ་ལ།

མཚན་ཉིད། དབྱེ་བ། སྒྲ་བཤད། འདོད་ཚུལ་བཤད་པ་དང་བཞི། དང་པོ་ནི། ཕྱི་དོན་དུ་མ་གྲུབ་ཅིང་རང་རིག་པའི་འདུས་བྱས་བདེན་དངོས་འདོད་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་དེ། སེམས་ཙམ་པའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། སེམས་ཙམ་པའི་མཚན་ཉིད། ཐེག་ཆེན་པ་གང་ཞིག རང་རིག་པའི་འདུས་བྱས་བདེན་དངོས་འདོད་པའོ། །ཞེས་གསུངས་སོ། །

གཉིས་པ་དབྱེ་བ་ནི།

སེམས་ཙམ་རྣམ་བདེན་པ་དང༌། སེམས་ཙམ་རྣམ་བརྫུན་གཉིས། དེ་གཉིས་ཀྱི་མཚན་ཉིད་དབྱེ་བ་དང་བཅས་ཏེ་འཆད་པར། ཕར་ཊཱིཀ་ཡིད་ཀྱི་མུན་སེལ་ལས། དབྱེ་ན། སེམས་ཙམ་རྣམ་བདེན་པའི་མཚན་ཉིད། ཐེག་ཆེན་སེམས་ཙམ་པ་གང་ཞིག སྒོ་ལྔའི་དོན་སྣང་དོན་དམ་པར་སེམས་སུ་བདེན་པར་འདོད་པའོ། །སེམས་ཙམ་རྣམ་བརྫུན་པའི་མཚན་ཉིད། གང་ཞིག དེ་དོན་དམ་པར་སེམས་སུ་མི་བདེན་པར་འདོད་པའོ། །ཞེས་གསུངས་སོ། །

གསུམ་པ་སྒྲ་བཤད་ནི།

རྒྱུ་མཚན་ཅིའི་ཕྱིར་སེམས་ཙམ་པ་ཞེས་བྱ་ཞེ་ན། ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བས་སེམས་ཙམ་པའམ་རྣམ་རིག་པ་དང༌། རྣལ་འབྱོར་བའི་གཞིའི་སྒོ་ནས་ལམ་གྱི་སྤྱོད་པ་ཉམས་ལེན་གཏན་ལ་འབེབས་པས་རྣལ་འབྱོར་སྤྱོད་པ་བ་ཞེས་བྱ་སྟེ། མདོ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་སྟེ། ཞེས་སོགས་གསུངས་པའི་ཕྱིར་རོ། །

བཞི་བ་འདོད་ཚུལ་ལ།

གཞིའི་འདོད་ཚུལ། ལམ་གྱི་འདོད་ཚུལ། འབྲས་བུའི་འདོད་ཚུལ་དང་གསུམ། དང་པོ་ནི། དྲི་མེད་འོད་ལས། ཡན་ལག་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་ཡང་ཡོད་མ་ཡིན། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དམིགས་པ་མེད་པར་རབ་ཏུ་སྣང༌། །གཟུང་དང་འཛིན་པའི་རྣམ་རོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣམ་འབྱོར་སྤྱོད་པའི་གཞུང༌། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །ཞེས་གསུངས་པ་ལྟར་འཆད་པ་སྟེ། བླང་དོར་རབ་གསལ་ལས། རྣལ་འབྱོར་སྤྱོད་པ་སེམས་ཙམ་སྨྲ་བ་དག །མུ་སྟེགས་ཅན་རྣམས་འདོད་པ་ལྟ་བུ་ཡི། །ཡན་ལག་ཅན་ཞེས་བྱ་བའི་བདག་མེད་ཅིང༌། །ཉན་ཐོས་སྡེ་གཉིས་འདོད་པ་ལྟ་བུ་ཡི། །ཕྲ་རབ་རྡུལ་ཡང་དཔྱད་ན་རྫས་གྲུབ་མེད། །རྨི་ལམ་སྣང་བ་བཞིན་དུ་ཕྱི་རོལ་གྱི། །དམིགས་པ་དོན་ལ་མེད་ཀྱང་བག་ཆགས་ཀྱི། །དབང་གིས་དོན་དུ་སྣང་བ་ཙམ་དུ་འདོད། །ཅེས་པ་ལྟར་མུ་སྟེགས་པ་རྣམས་ཀྱིས་བཏགས་པའི་རྟག་གཅིག་རང་དབང་ཅན་ལ་སོགས་པའི་ཡན་ལག་ཅན་ཞེས་བྱ་བའི་བདག་ནི་མེད་ཅིང༌། ཉི་ཤུ་པར། དྲུག་གིས་གཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས་པ་ལ་སོགས་པའི་རིགས་པས་དཔྱད་ན། ཉན་ཐོས་སྡེ་པ་གཉིས་ཀྱི་འདོད་པའི་རྡུལ་ཕྲ་རབ་ཆ་མེད་དང༌། དེ་བསགས་པའི་ཕྱི་རོལ་གྱི་དོན་ཡང་བདེན་པར་ཡོད་པ་མ་ཡིན་ལ། ལང་ཀར་གཤེགས་པར། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། ། ཞེས་པ་དང༌། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །ཞེས་གསུངས་པ་ལྟར། དོན་མེད་ཀྱང་གཟུགས་ཀྱི་གཞི་དོན་དུ་སྣང་པ་ནི་རྨི་ལམ་དུ་དོན་གྱི་རྣམ་པ་ཉམས་སུ་མྱོང་བ་བཞིན་དུ་བག་ཆགས་ཀྱི་དབང་གིས་སྣང་བ་ཙམ་ཡིན་ཞིང༌། བླང་དོར་རབ་གསལ་ལས། གཟུང་འཛིན་གཉིས་མེད་རང་རིག་རང་གསལ་གྱི། །རྣམ་ཤེས་དོན་དམ་ཡོད་པར་འདོད་མོད་ཀྱི། །ཤེས་པ་སྐད་ཅིག་ངོ་བོར་མ་གྲུབ་པས། །དེ་བསགས་རྒྱུན་ཡང་དོན་ལ་གྲུབ་པ་མེད། །ཅེས་པ་ལྟར་སེམས་ཀྱི་གཞི་རྣམ་པར་ཤེས་པ་ཚོགས་བརྒྱད་དང་དེ་དག་གི་འཁོར་སེམས་ལས་བྱུང་བ་ཐམས་ཅད་ཀྱང༌། གཟུང་དང་འཛིན་པ་མེད་པའི་ཕྱིར། །དེ་ནི་དེ་ལྟར་རང་ཉིད་གསལ། །ཞེས་པ་ལྟར་གཟུང་འཛིན་གྱི་དྲི་མས་མ་གོས་པའི་རང་རིག་རང་གསལ་དོན་དམ་པར་ཡོད་པར་འདོད་མོད། དེ་ལྟར་ཡང་རིགས་པ་མ་ཡིན་ཏེ། ཇི་སྐད་སྐད་ཅིག་མཐོང་བ་བཞིན། །ཐོག་མ་དབུས་ཀྱང་བརྟགས་པར་གྱིས། །ཐོག་མ་དབུས་དང་ཐ་མ་ཡང༌། །སྐད་ཅིག་བཞིན་དུ་བསམ་བྱས་ན། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་གསུངས་པ་ལྟར་ཤེས་པ་སྐད་ཅིག་གི་ངོ་བོར་བདེན་པར་མ་གྲུབ་པས་དེ་བསགས་པའི་རྒྱུན་ཡང་བདེན་པར་མི་འགྲུབ་པའི་ཕྱིར་དང༌། གཟུང་བ་མེད་ན་དེ་འཛིན་མེད། ཅེས་པ་ལྟར། གཟུང་བྱའི་ཡུལ་བདེན་པར་མ་གྲུབ་པས་དེ་འཛིན་གྱི་ཤེས་པའང་བདེན་པར་མ་གྲུབ་པའི་ཕྱིར་རོ། །སྔར་བཞིན་ལྡན་མིན་འདུ་བྱེད་ནི་སེམས་དང་སེམས་བྱུང་གི་གནས་སྐབས་ལ་བཏགས་པ་ཙམ་དང༌། འདུས་མ་བྱས་ཀྱང་མེད་དགག་ཡིན་པས་རྫས་སུ་གྲུབ་པ་མེད་པར་འདོད་དོ། །དེ་ལྟར་གཞན་སྟོང་སྙིང་པོ་ལས། སེམས་ཙམ་པ་ནི། གཟུགས་སོགས་ཕྱི་རོལ་གྱི་ཡུལ་རྣམས་རྨི་ལམ་གྱི་གཟུགས་སོགས་ལྟར་ཤེས་པ་ཉིད་དེ་དང་དེར་སྣང་བ་ཡིན་གྱི། ཕྱི་རོལ་ན་དེ་ལྟར་སྣང་བ་མེད་དེ་དཔེར་ན་གཟུགས་ལ་མཚོན་ན། མིག་གི་དབང་པོར་གྲགས་པ་ཡང༌། མིག་གི་རྣམ་པར་སྣང་བའི་སེམས་ཡིན་པས། མིག་རང་མཚན་པ་ཞིག་མེད་ལ། གཟུགས་སུ་གྲགས་པ་ཡང་གཟུགས་ཀྱི་རྣམ་པར་སྣང་བའི་སེམས་ཡིན་པས་གཟུགས་རང་མཚན་པ་ཞིག་མེད་ལ། གཟུགས་སུ་གྲགས་པ་ཡང་གཟུགས་ཀྱི་རྣམ་པར་སྣང་བའི་སེམས་ཡིན་པས་གཟུགས་རང་མཚན་པ་མེད་ཅིང་དེ་དག་ལས་མིག་གི་རྣམ་པར་ཤེས་པ་སྐྱེས་པར་སྣང་བ་ཙམ་ཡིན་པས༌། གསུམ་ཀར་ཡང་ཐ་དད་པར་སྣང་བ་ནི་འཁྲུལ་བ་ཡིན་ཅིང༌། ཤེས་པའི་ངོ་བོར་རྫས་གཅིག་པས། མིག་ཤེས་ཀྱི་གཟུགས་མཐོང་བ་ནི། རང་གིས་རང་མཐོང་བ་ཡིན་ཅིང༌། གཟུགས་ཀྱི་རྣམ་པ་འཆར་བའི་རྒྱུ། ཤེས་པ་ལས་གཞན་ཕྱི་རོལ་ཏུ་རྣམ་པ་གཏོད་བྱེད་གཟུགས་སུ་གྲུབ་པ་ནི་གཏན་ནས་མེད་དོ། །འོན་ཀྱང་མ་བརྟགས་མ་དཔྱད་པའི་ངོར་མིག་གིས་གཟུགས་མཐོང་ཞེས་སོགས་འདོད་ཀྱང༌། དཔྱད་ན་གཟུགས་ནི་མ་གྲུབ།གཟུགས་སུ་སྣང་བའི་ཤེས་པ་དེ་ནི་བདེན་པར་གྲུབ་བོ། །དེས་ན་འདི་ནི་རྣམ་ཤེས་སོགས་ཤེས་པ་ཐམས་ཅད་ཀྱི་ངོ་བོར་བདེན་པར་གྲུབ་ལ། ཡུལ་ཕྱི་རོལ་ན་ཡོད་པ་ལྟར་སྣང་བ་གཟུང་ཆ་དང༌། རིག་པ་ནང་ན་ཡོད་པ་ལྟར་སྣང་བ་འཛིན་ཆ་སྟེ་དེ་གཉིས་འཁྲུལ་བ་ཡིན་པས་ཕྱིར། གཟུང་འཛིན་གཉིས་མེད་ལ། གཟུང་འཛིན་གཉིས་སྤངས་པའི་རྣམ་པར་ཤེས་པ་ནི་བདེན་པར་འདོད་དོ། ཞེས་འདོད་པས་གཟུང་ཆ་དང་འཛིན་ཆ་གཉིས་ཐ་དད་མ་གྲུབ་པས་གཟུང་འཛིན་གཉིས་མེད་ཀྱི་གོ་ཆོད་པ་དང༌། རྣམ་ཤེས་ཀྱི་རང་ངོ་ཙམ་ཡེ་ཤེས་སུ་འདོད་པ་ཡིན་ནོ། །སེམས་ཙམ་ཁོ་རང་གི་རང་ལུགས་ཀྱི་གཟུང་འཛིན་བཀག་པར་རློམ་ཡང་གྲུབ་མཐའ་གོང་མས་གཞལ་ན་གཟུང་འཛིན་བཀག་པར་མ་སོང་སྟེ་གཟུང་འཛིན་རྫས་གཞན་མེད་པ་ཙམ་ཁས་བླངས་བ་ཡིན་ཀྱང༌། འཛིན་པ་རང་ངོས་ནས་ཁས་བླངས་བར་སོང་བས་སོ། །དེ་ལྟར་ན་འདིའི་འདོད་པའི་གཟུགས་སོགས་ཕྱི་དོན་དུ་སྣང་བའི་རྣམ་རིག་བདེན་གྲུབ་དང༌། རྣམ་ཤེས་ཀྱི་ངོ་ལྡོག་ཙམ་གཟུང་འཛིན་གཉིས་མིན་གྱི་ཡེ་ཤེས་སུ་འདོད་པ་དང༌། འཛིན་པའི་ངོ་བོ་རྣམ་ཤེས་ཉིད་ལ་མི་འདོད་པར་ཡུལ་དུ་སྣང་བའི་རྣམ་རིག་ལས་ཐ་དད་པར་སྣང་བའི་ཆ་ཙམ་ལ་འདོད་པ་ནི་འཁྲུལ་བ་ཡིན་ལ། གཞན་རྣམས་མ་ནོར་བའོ། །ཞེས་གསུངས་སོ། །ཡང་ལུགས་འདི་ལ་གྲུབ་མཐའི་རྣམ་བཞག་དོན་གསལ་ལས། སེམས་ཙམ་པས་ནི་ཆོས་རྣམས་ཀུན། །སྟོང་བ་ནམ་མཁའི་མེ་ཏོག་ལྟར། །ཆད་པར་ལྟ་བ་མ་རུང་པ། །མི་དབང་ཁྱོད་ཀྱིས་ཤེས་པར་འཚལ། །ཞེས་ཆོས་ཐམས་ཅད་སྟོང་བ་ནམ་མཁའི་མེ་ཏོག་ལྟར་དངོས་སུ་ཁས་མི་ལེན་ཡང་དོན་གྱིས་ཁས་ལེན་ཡིན་སྙམ་སྟེ་དཔྱད་པར་བྱའོ། །གཉིས་པ་ལམ་གྱི་འདོད་ཚུལ་ལ་གསུམ། དང་པོ་ལམ་གྱི་དམིགས་པ་ནི། བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་དང༌།གཟུང་འཛིན་རྫས་ཐ་དད་དུ་གྲུབ་པས་སྟོང་བའི་ཆོས་ཀྱི་བདག་མེད་རྣམས་སོ། །

གཉིས་པ་ལམ་གྱི་སྤང་བྱ་ནི།

རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ་སོགས་ཉོན་སྒྲིབ་དང༌། ཆོས་ཀྱི་བདག་འཛིན་བག་ཆགས་དང་བཅས་པ་སོགས་ཤེས་སྒྲིབ་རྣམས་ཡིན་པའོ། །ཐེག་དམན་སློབ་པ་རྣམས་ཀྱིས་ཉོན་སྒྲིབ་སྤང་བྱའི་གཙོ་བོར་བྱེད་ཀྱང༌། ཤེས་སྒྲིབ་སྤང་བར་མི་བྱེད་དོ། །བྱང་སེམས་རྣམས་ཀྱིས་ཤེས་སྒྲིབ་སྤང་བྱའི་གཙོ་བོར་བྱེད་དོ། །གསུམ་པ་ལམ་གྱི་རང་བཞིན་ནི། ཐེག་པ་གསུམ་པོ་རེ་རེ་ལའང་ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་དང་ལྔའི་རྣམ་བཞག་བྱེད་དོ། །ལུགས་འདིར་ས་བཅུའི་རྣམ་བཞག་བྱེད་དོ། །དེ་ཡང་བྱེ་མདོ་གཉིས་ཀྱིས་ས་བཅུའི་རྣམ་བཞག་མི་བཞེད་པ་དང༌། འདིར་བཞེད་པ་ནི་རྟེན་གཞི་མདོའི་དབང་གིས་ཡིན་པའོ། །ལུགས་འདིའི་མདོ་ནི་འཁོར་ལོ་ཐ་མ་དང༌། བསྟན་བཅོས་ལུགས་འདིའི་སློབ་དཔོན་བཙུན་པ་ཆེན་པོ་ཨ་བི་ཏརྐ་དང༌། ཛྙཱ་ན་ཏ་ལ་སོགས་པ་སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་དེ་དག་གིས་མཛད་པའི་བསྟན་བཅོས་དག་ཡིན་མོད་བོད་དུ་མ་འགྱུར་བ་ཡིན་ཏེ། གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྦྱོར་ལས། འོ་ན་སེམས་ཙམ་གྱི་མདོ་དང་བསྟན་བཅོས་ལོགས་སུ་མེད་པར་འགྱུར་སྙམ་ན། མདོ་སྡེ་ནི་ལོགས་སུ་ཡོད་པ་མ་ཡིན་ཏེ། དཔེར་ན་བྱེ་མདོ་གཉིས་ལ་ཡང་མདོ་སྡེ་ཐ་དད་མེད་པ་བཞིན་ནོ། །སེམས་ཙམ་པའི་བསྟན་བཅོས་ཐོར་བུ་འགའ་ཞིག་ནི་ཡོད་པར་གསལ་ན་ཡང༌། བྱམས་ཆོས་དང༌། ཐོགས་མེད་སྐུ་མཆེད་ཀྱི་གཞུང་གི་རྗེས་སུ་འབྲང་བ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་སོགས་ཐོགས་མེད་སྐུ་མཆེད་ཀྱི་སྔོན་དུ་བྱུང་བའི་བསྟན་བཅོས་ནས་བཀག་པ་སོགས་ཀྱིས་འཕགས་པ་ནཱ་གཱ་རྫུ་ནའི་སྔ་རོལ་དུ་བྱུང་བའི་ཕྱིར་རོ། །དེས་ན་བཙུན་པ་ཆེན་པོ་ཨ་བི་ཏརྐ་དང༌། ཛྙཱ་ན་ཏ་ལ་སོགས་པ་རྣལ་འབྱོར་སྤྱོད་པའི་སློབ་དཔོན་ལྔ་བརྒྱ་བྱུང་བར་གྲགས་པ་ལྟར་ཡིན་པར་མངོན་ནོ། །དེ་དག་གི་བསྟན་བཅོས་ནི་བོད་དུ་མ་འགྱུར་བ་ཡིན་ཏེ། སྡེ་བ་བཅོ་བརྒྱད་ཀྱི་བསྟན་བཅོས་རྣམས་བཞིན་ནོ། །ཞེས་དང༌། གཞན་སྟོང་སྙིང་པོ་ལས། ཐེག་ཆེན་པ་དེ་རྣམས་ཐེག་ཆེན་གྱི་མདོ་ཐམས་ཅད་བཀར་འདོད་ཀྱང༌། སེམས་ཙམ་པ་རྣམས་ནི་མདོ་སྡེ་དགོངས་པ་ངེས་འགྲེལ་དང༌། ལང་ཀར་གཤེགས་པ་དང༌། རྒྱན་སྟུག་པོ་དང༌། ཕལ་པོ་ཆེ་སྟེ་མདོ་བཞིར་གྲགས་པ་རྣམས་ངེས་དོན་དུ་འཛིན་ཏེ། གཞན་རྣམས་དྲང་དོན་དུ་འདོད་ལ། གྲུབ་མཐའ་བྱེད་པ་པོ་ནི་སྔོན་གྱི་སློབ་དཔོན་ལྔ་བརྒྱ་པོའོ། །ཞེས་གསུངས་སོ། །དེས་ན་རང་གཞན་ཁ་ཅིག་གིས་ཐོགས་མེད་སྐུ་མཆེད་སེམས་ཙམ་པའི་སློབ་དཔོན་ཡིན་ཟེར་བ་མི་འཐད་དེ། གཞན་སྟོང་དབུ་མའི་ལུང་སྦྱོར་ལས། ཐོགས་མེད་སྐུ་མཆེད་རྗེས་འབྲང་དང་བཅས་པ་རྣམས་དབུ་མ་ཁོ་ན་ལ་ཡོངས་སུ་སྤྱོད་དོ་ཞེས་ཤེས་པར་བྱའོ། །ཞེས་སོ། །གསུམ་པ་འབྲས་བུའི་རྣམ་བཞག་ནི། ཉན་རང་གཉིས་ཀྱིས་རང་དོན་དུ་ལམ་ལྔ་རིམ་གྱིས་བགྲོད་ནས་ཉོན་སྒྲིབ་སྤངས་བ་ན་ཐེག་དམན་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ཡིན་ནོ། །རང་རྒྱལ་ལ་འདོད་རྟེན་ཅན་མ་གཏོགས་མེད་པར་གསུངས་སོ། །རང་རྒྱལ་བསྐལ་བ་བརྒྱར་བསོད་ནམས་ཀྱི་ཚོགས་བསགས་པ་ཡོད་པ་དང༌། དེའི་དབང་གིས་འབྲས་བུ་ཡང་ཉན་ཐོས་ལས་མཆོག་ཡིན་པ་སོགས་ཡོན་ཏན་ཁྱད་པར་དུ་འཕགས་པ་ཡོད་པའི་ཕྱིར་རོ། །མཐར་ཐུག་ཐེག་པ་གསུམ་གྲུབ་ཏུ་འདོད་དོ། །ཐེག་ཆེན་གྱི་གྲངས་མེད་གསུམ་གྱི་ཚོགས་དང་འབྲེལ་བའི་སྒོ་ནས་ལམ་ལྔ་ས་བཅུ་བགྲོད་དེ་རྒྱུན་མཐའི་བར་ཆད་མེད་ལམ་གྱིས་སྒྲིབ་གཉིས་ཟད་པས་སྤངས་ཏེ། སྐུ་བཞི་མངོན་དུ་བྱེད་པ་ཡིན་ནོ།། །།

སྨྲས་པ།ཁམས་གསུམ་སེམས་ཙམ་སྨྲ་བའི་གྲུབ་མཐའ་ཡི། །རྣམ་བཞག་ཆུ་གཏེར་ལས་འཁྲུངས་རིན་ཆེན་གཏེར། །མ་འདྲེས་ཀུན་གསལ་རྒྱུ་སྐར་རྣམ་བཀྲ་བའི། །གྲུབ་མཐའ་རྒྱ་མཚོའི་འཇུག་ངོགས་འདི་ལོངས་ཤིག །ཅེས་གྲུབ་མཐའི་རྣམ་བཞག་ལུང་རིགས་གཏེར་མཛོད་ལེགས་བཤད་འདོད་འཇོ་ཞེས་བྱ་བ་ལས་སེམས་ཙམ་པའི་གྲུབ་མཐའི་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།། །།

བཞི་བ་དབུ་མ་པའི་གྲུབ་མཐའི་རྣམ་བཞག་བཤད་པ།

བཞི་བ་དབུ་མ་པའི་གྲུབ་མཐའི་རྣམ་བཞག་བཤད་པ་ལ།

མཚན་ཉིད། དབྱེ་བ། སྒྲ་བཤད། དབུ་མ་པའི་གྲུབ་མཐའ་སོ་སོའི་དོན་བཤད་པ་དང་བཞི། དང་པོ་ནི། དོན་དམ་པར་བདེན་དངོས་སོགས་སྤྲོས་མཐའ་དངོས་སུ་ཁས་མི་ལེན་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་དེ། དབུ་མ་པའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། དབུ་མ་པའི་མཚན་ཉིད། ཐེག་ཆེན་པ་གང་ཞིག དོན་དམ་པར་བདེན་དངོས་ཁས་མི་ལེན་པ། ཞེས་དང༌། གྲུབ་མཐའི་རྣམ་བཞག་དོན་གསལ་ལས། དབུ་མ་པས་ནི་ཆོས་རྣམས་ཀུན། །གདོད་ནས་མ་བཅོས་རང་བཞིན་སྟོང༌། །ཡོད་མེད་མཐའ་གཉིས་རྣམ་གྲོལ་བ། །མཐའ་བྲལ་རྣམ་དག་ཉིད་དུ་འདོད། །ཅེས་དབུ་མ་པས་ཆོས་ཀུན་སྤྲོས་མཐའ་ཐམས་ཅད་དང་བྲལ་བར་འདོད་པར་གསུངས་སོ། །

གཉིས་པ་དབྱེ་བ་ནི།

འཁོར་ལོ་བར་བའི་རྗེས་འབྲང་གི་དབུ་མ་པ་དང༌། འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་པ་གཉིས་ཡོད་དེ། བླང་དོར་རབ་གསལ་འགྲེལ་བ་ལས། ཀུན་རྫོབ་རྣམ་ཤེས་ལ་སྣང་ཡང་དཔྱད་ན་རང་བཞིན་མེད་པར་སྟོན་པ་བཀའ་བར་བ་དང་མཐུན་པའི་དབུ་མ་དང༌། ཞེས་དང༌། དོན་དམ་ཡེ་ཤེས་ལ་སྣང་ཡང་མུ་བཞིའི་སྤྲོས་པ་དང་བྲལ་བར་སྟོན་པ་བཀའ་ཐ་མ་དང་མཐུན་པའི་དབུ་མའོ། །ཞེས་གསུངས་སོ། །ཡང་ན་དབུ་མ་རང་སྟོང་བ་དང༌། དབུ་མ་གཞན་སྟོང་བ་གཉིས་ཡོད་ལ། དབུ་མ་རང་སྟོང་བ་ཡང་སེམས་ཙམ་ལས་འདས་པའི་ཕྱིར་དབུ་མ་ཙམ་ཡིན་ཀྱང་དབུ་མ་པ་མཐར་ཐུག་མ་ཡིན་ཏེ། གཞན་སྟོང་དབུ་མའི་རྒྱན་ལས། རང་སྟོང་སེམས་ཙམ་ལས་ནི་འདས་པའི་ཕྱིར། །དབུ་མ་ཡིན་མོད་དབུ་མའི་མཐར་ཐུག་མིན། །ཞེས་གསུངས་སོ། །ཡང་དབུ་མ་པ་ལ་དབུ་མ་ཕལ་བ་དང་དབུ་མ་ཆེན་པོ་གཉིས་ཡོད་དེ། གཞན་སྟོང་སྙིང་པོ་ལས། དབུ་མ་པ་ལ་དབུ་མ་ཕལ་པ་དང་དབུ་མ་ཆེན་པོ་གཉིས་ཀྱི་ཕལ་བ་ལ་བོད་ཡུལ་འདིར་རང་སྟོང་དུ་གྲགས་ཤིང༌། རྒྱ་བོད་གཉིས་ཀར་དུ་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་གྲགས་པ་སྟེ། སློབ་དཔོན་སངས་རྒྱས་བརྐྱངས་དང༌། ལེགས་ལྡན་འབྱེད་དང༌། རྣམ་གྲོལ་སྡེ་དང༌། ཞི་བ་མཚོ་རྗེས་འབྲང་དང་བཅས་པ་རྣམས་ཀྱི་ལུགས་སོ། །ཞེས་གསུངས་སོ། །དེས་ན་གཙོ་བོར་འཁོར་ལོ་བར་བའི་རྗེས་འབྲང་གི་དབུ་མ་པ། དབུ་མ་ཕལ་བ། དབུ་མ་རང་སྟོང་བ་རྣམས་དོན་གཅིག གཙོ་བོར་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་པ། དབུ་མ་གཞན་སྟོང་བ། འཁོར་ལོ་ཐ་མའི་རྗེས་འབྲང་གི་རྣམ་རིག་ཙམ་གྱི་དབུ་མ་པ་རྣམས་དོན་གཅིག་ཡིན་ནོ། །ཡང་དབྱེ་ན་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ། མདོ་སྡེ་སྤྱོད་པའི་དབུ་མ་པ། རྣལ་འབྱོར་སྤྱོད་པའི་དབུ་མ་པ་གསུམ་ཡོད་དེ། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། ཡང་གསུམ་དུ་ཡང་འབྱེད་དེ། འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ། མདོ་སྡེ་སྤྱོད་པའི་དབུ་མ་པ། རྣལ་འབྱོར་སྤྱོད་པའི་དབུ་མ་པའོ། །འབྱེད་ཚུལ་གཞན་ཡང་བཤད་དོ། །དང་པོ་ནི། ཐལ་འགྱུར་བ་སྟེ་ཟླ་གྲགས་སོགས་ལ་ཟེར་ཞིང༌། ཕྱི་མ་གཉིས་ལ་རང་རྒྱུད་པ་ཟེར་རོ། །ཞེས་སོ། །ཡང་ན་འཁོར་ལོ་བར་བའི་རྗེས་འབྲང་གི་དབུ་མ་ལ། དབུ་མ་རང་རྒྱུད་པ་དང༌། དཔལ་ལྡན་ཐལ་འགྱུར་བ་དང་གཉིས་ཡོད་དེ། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། དབུ་མ་པ་ལ་ཐལ་འགྱུར་བ་དང་རང་རྒྱུད་པ་གཉིས་སུ་འབྱེད་ཅིང༌། ཞེས་སོ། ། གསུམ་པ་སྒྲ་བཤད་པ་ནི། རྟག་ཆད་ཀྱི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དབུས་ཁས་ལེན་པས་ན་དབུ་མ་པ་ཞེས་བརྗོད་དོ། །

བཞི་བ་དབུ་མ་པའི་གྲུབ་མཐའ་སོ་སོའི་དོན་བཤད་པ།

བཞི་བ་དབུ་མ་པའི་གྲུབ་མཐའ་སོ་སོའི་དོན་བཤད་པ་ལ།

རང་རྒྱུད་པ། ཐལ་འགྱུར་བ། དབུ་མ་གཞན་སྟོང་བའི་གྲུབ་མཐའ་བཤད་པ་དང་གསུམ། དང་པོ་རང་རྒྱུད་པ་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། འཁོར་ལོ་བར་བའི་རྗེས་འབྲང་གི་དབུ་མ་པ་གང་ཞིག རང་རྒྱུད་ཀྱི་སྦྱོར་ངག་རང་ལུགས་ལ་ཁས་བླངས་ནས་དངོས་སྨྲ་འགོག་པ། རང་རྒྱུད་པའི་མཚན་ཉིད་ཡིན་ཏེ། ཕར་ཕྱིན་ཡིད་ཀྱི་མུན་སེལ་ལས། དབུ་མ་རང་རྒྱུད་པའི་མཚན་ཉིད། དབུ་མ་གང་ཞིག རང་རྒྱུད་ཀྱི་སྦྱོར་ངག་རང་ལུགས་ལ་ཁས་བླངས་ནས་དངོས་སྨྲ་འགོག་པ། ཞེས་གསུངས་སོ། །དེའི་སྒྲ་བཤད་ནི། རང་རྒྱུད་ཀྱི་རྟགས་ཁས་བླངས་ནས་གཞན་གྱི་ལོག་རྟོག་འགོག་པར་བྱེད་པས་ན་རང་རྒྱུད་པ་ཞེས་བརྗོད་དེ། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། རང་ལུགས་ལ་རང་རྒྱུད་ཀྱི་རྟགས་ཁས་བླངས་ནས་གཞན་གྱི་ལོག་རྟོག་འགོག་པ་དབུ་མ་རང་རྒྱུད་པར་འདོད་དོ། །གཉིས་པ་དབྱེ་ན། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་གཉིས། དང་པོ་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་མཚན་ཉིད་དང༌། འདོད་ཚུལ་དང་གཉིས། དང་པོ་ནི། ཀུན་རྫོབ་ཏུ་ཕྱི་དོན་གྲུབ་པར་ཁས་ལེན་པའི་དབུ་མ་རང་རྒྱུད་པ་དེ། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་མཚན་ཉིད་ཡིན་ཏེ། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། ཀུན་རྫོབ་ཏུ་ཕྱི་རོལ་གྱི་དོན་གྲུབ་པར་འདོད་པའི་དབུ་མ་རང་རྒྱུད་པ་ལ། མདོ་སྡེ་སྤྱོད་པའི་དབུ་མ་བ་ཟེར་ཏེ་སློབ་དཔོན་ལེགས་ལྡན་འབྱེད་རྗེས་འབྲང་དང་བཅས་པའོ། །ཞེས་སོ། །

གཉིས་པ་འདོད་ཚུལ་ནི།

ཕྱི་དོན་འདོད་ཅིང་རང་རིག་ཁས་མི་ལེན་པ་དང༌། བདེན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པར་མ་གྲུབ་ལ། ཆོས་ཀྱི་བདག་མེད་ཕྲ་མོ་ཡང་བདེན་པར་གྲུབ་པས་སྟོང་བའི་མེད་དགག་ལ་འདོད་དོ། །ཉན་རང་རིགས་ངེས་ཀྱིས་གང་ཟག་གི་བདག་མེད་བསྒོམ་བྱའི་གཙོ་བོར་བྱས་པ་ལས་ཆོས་ཀྱི་བདག་མེད་མ་རྟོགས་པའོ། །ཕྱི་དོན་གྲུབ་པར་འཛིན་པའི་བློ་ཤེས་སྒྲིབ་མ་ཡིན་པར་བློ་དོན་མཐུན་དུ་འདོད་དོ། །ཉན་རང་གཉིས་ཀྱིས་སྤང་བྱ་ཉོན་སྒྲིབ་ཙམ་བྱེད་པ་དང༌། རྟོགས་བྱའི་གང་ཟག་གི་བདག་མེད་ལ་ཁྱད་པར་མེད་པར་བཞེད་དོ། །ཉན་རང་གཉིས་ལ་ཞུགས་གནས་བརྒྱད་ཀྱི་རྣམ་བཞག་མཛད་ལ། ཐེག་ཆེན་རིགས་ངེས་རྣམས་ཀྱིས་སྒྲིབ་གཉིས་རིམ་ཅན་དུ་སྤངས་བ་ཡིན་ཏེ། ས་བརྒྱད་པ་ཐོབ་པའི་སྐབས་སུ་ཉོན་སྒྲིབ་སྤངས་པ་ཡིན་པར་རྟོག་གེ་འབར་བར་གསུངས་ཏེ། དེ་ལས། གང་གི་ཕྱིར་ས་བརྒྱདཔའི་བྱང་ཆུབ་སེམས་དཔའ་ཁོ་ན་ཉོན་མོངས་པ་དང་བྲལ་བ་དགྲ་བཅོམ་པ་དང་འདྲ་ནའང་ཐབས་ཀྱིས་འདོད་པའི་ཡོན་ཏན་ལྔ་མངོན་པར་སྤྲུལ་ནས་བྱང་ཆུབ་སེམས་དཔའ་རྣམས་དང་གྲོས་སུ་མཛད་དེ། རྒྱ་ཆེ་ཞིང་རྣམ་པ་མང་བའི་ཉོན་མོངས་པ་ཅན་ལྟ་བུའི་སྤྱོད་པ་དང་སྟོན་པར་མཛད་དེ། ཞེས་གསུངས་སོ། །

གཉིས་པ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་བཤད་པ།

གཉིས་པ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་བཤད་པ་ལ།

མཚན་ཉིད། འདོད་ཚུལ་བཤད་པ་དང་གཉིས། དང་པོ་ནི། ཡང་དག་ཀུན་རྫོབ་ཙམ་དུ་ཕྱི་དོན་མེད་ཅིང་རང་རིག་འདོད་པའི་དབུ་མ་རང་རྒྱུད་པ་དེ། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་མཚན་ཉིད། མཚན་གཞི་སློབ་དཔོན་ཞི་འཚོ། སེང་བཟང་སོགས་སོ། །མཚན་ཉིད་དང་མཚན་གཞི་དེ་ལྟར་འཐད་དེ། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། ཡང་དག་ཀུན་རྫོབ་ཙམ་དུ་ཡང་ཕྱི་རོལ་གྱི་དོན་གྲུབ་པ་མེད་ཀྱི་ཕྱི་རོལ་དོན་དུ་སྣང་བ་ཐམས་ཅད་སེམས་ཙམ་གྱི་བདག་ཉིད་དམ་སེམས་ཀྱི་སྣང་བ་ཙམ་ཡིན་ཞེས་འདོད་པའི་དབུ་མ་རང་རྒྱུད་པ་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་བ་ཞེས་བཤད་དོ། །དེ་ནི་སློབ་དཔོན་ཞི་བ་འཚོ། སེང་བཟང་ལ་སོགས་པའོ། །ཞེས་གསུངས་སོ། །གཉིས་པ་འདོད་ཚུལ་ལ། རང་རིག་འདོད་ཅིང་ཕྱི་དོན་མི་འདོད་ལ། དེ་ཙམ་མ་གཏོགས་ཕལ་ཆེར་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་འདྲའོ། །

གཉིས་པ་དབུ་མ་ཐལ་འགྱུར་བ།

གཉིས་པ་དབུ་མ་ཐལ་འགྱུར་བ་ལ།

མཚན་ཉིད། སྒྲ་བཤད། འདོད་ཚུལ་དང་གསུམ། དང་པོ་ནི། རང་རྒྱུད་ཀྱི་སྦྱོར་ངག་མི་འགོད་པར་ཐལ་འགྱུར་ཡང་དག་གིས་དངོས་སྨྲ་འགོག་པའི་དབུ་མ་རང་སྟོང་བ་དེ། ཐལ་འགྱུར་བའི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། ཐལ་འགྱུར་བའི་མཚན་ཉིད། གང་ཞིག རང་ལུགས་ལ་རང་རྒྱུད་ཀྱི་སྦྱོར་ངག་མི་འགོད་པར་ཐལ་འགྱུར་ཡང་དག་གིས་དངོས་སྨྲ་འགོག་པའོ། །ཞེས་གསུངས་སོ། །མཚན་གཞི་ནི། དཔལ་ལྡན་ཟླ་བ་གྲགས་པ། སངས་རྒྱས་བསྐྱངས་སོགས་སོ། །གཉིས་པ་སྒྲ་བཤད་ནི། ཐལ་འགྱུར་ཙམ་གྱིས་གཞན་གྱི་ལོག་རྟོག་འགོག་པར་ཁས་ལེན་པས་ན་ཐལ་འགྱུར་བ་ཞེས་བརྗོད་དེ། བསྟན་པ་སྤྱི་འགྲེལ་གྱི་རྣམབཤད་ལས། རང་ལུགས་ལ་རང་རྒྱུད་ཀྱི་རྟགས་ཁས་མི་ལེན་པར་ཐལ་འགྱུར་ཙམ་གྱིས་གཞན་གྱི་ལོག་རྟོག་འགོག་པའི་དབུ་མ་པ་ནི། དབུ་མ་ཐལ་འགྱུར་པ། ཞེས་སོ། །གསུམ་པ་འདོད་ཚུལ་ནི། ཆོས་ཐམས་ཅད་རང་མཚན་གྱིས་མ་གྲུབ་པ་དང༌། བདེན་པར་མ་གྲུབ་པར་འདོད་ལ། བདེན་གྲུབ་ཀྱིས་སྟོང་བ་ཙམ་ཆོས་ཀྱི་བདག་མེད་འདོད་དོ། །ཐེག་པ་གསུམ་པོ་རང་རང་གི་ཐར་བ་ཐོབ་པ་ལ་ཆོས་ཀྱི་བདག་མེད་རྟོགས་དགོས་པར་འདོད་ཅིང༌། སྒྲུབ་བྱེད་ཀྱི་རིགས་པ་གསུམ་དང་ལུང་དགུ་ཡོད་ལ་སྔར་བདག་གིས་གཞན་སྟོང་བགྲོ་གླེང་ཐེངས་དང་པོའི་དྲིས་ལན་དུ་བཤད་ཟིན་ཏོ། །རང་རིག་མི་འདོད་དེ། དབུ་མ་ཚིག་གསལ་དང་འཇུག་པ་རྩ་འགྲེལ་སོགས་ལས་བཀག་པའི་ཕྱིར་རོ། །རྣམ་ཤེས་ཚོགས་དྲུག་ལས་བརྒྱད་མི་འདོད་པ་འདྲ་སྟེ། མདོ་ལས་ཀུན་གཞི་བསྟན་པ་ནི་སྟོང་ཉིད་ལ་དགོངས་པར་གསུངས་ཏེ། འཇུག་པ་རང་འགྲེལ་ལས། དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་ཞུགས་པའི་ཕྱིར་སྟོང་ཉིད་ཁོ་ན་ཀུན་གཞིའི་རྣམ་པར་ཤེས་པའི་སྒྲས་བསྟན་པར་རིག་པར་བྱའོ། །ཞེས་གསུངས་སོ། །འོན་ཀྱང་གཞན་སྟོང་དབུ་མའི་རྒྱན་ལས། ཁྱད་པར་ཐལ་འགྱུར་སྨྲ་བ་མཆོག་ཡིན་ཀྱང༌། །ས་བོན་ཐམས་ཅད་པ་ཡི་ཀུན་གཞི་ནི། །བཀག་མོད་ཀུན་གཞིའི་ངོ་བོ་བཀག་པ་མེད། །ཅེས་ཀུན་གཞིའི་ངོ་བོ་མ་བཀག་གསུངས་པ་ལ་དཔྱད་པར་བྱའོ། །ཉོན་སྒྲིབ་མ་སྤངས་པར་ཤེས་སྒྲིབ་སྤང་བའི་མགོ་མི་རྩོམ་པར་གསུངས་སོ། །ལམ་ལྔ་ས་བཅུ། མཐར་ཐུག་སྐུ་བཞི་སོགས་བཞེད་དོ། །རང་སྟོང་བ་དེ་དག་གིས་ཐུན་མོང་དུ། དྲི་མེད་འོད་ལས། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་བ་ནམ་མཁའི་པད་མོ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། ། གཉིས་ཀའི་བདག་ཉིད་མིན་པའང་མིན་། །མཐའ་བཞི་ལས་ནི་རྣམ་གྲོལ་བའི། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་གསུངས་པ་ལྟར་འཆད་པ་སྟེ། བླང་དོར་རབ་གསལ་ལས། དབུ་མ་པ་རྣམས་མུ་སྟེགས་འདོད་པ་ཡི། །ཡན་ལག་ཅན་ལ་སོགས་པའི་བདག་མེད་ཅིང༌། །ཉན་ཐོས་སྡེ་གཉིས་འདོད་པའི་ཕྱི་རོལ་གྱི། །དོན་ཡང་བདེན་པར་ཡོད་པ་མ་ཡིན་ལ། །ཞེས་དང༌། དབུ་མ་རྩ་བར། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་ཞིང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་པ་ལ་སོགས་པའི་རིགས་པས་མུ་སྟེགས་ཅན་ལ་སོགས་པས་འདོད་པའི་ཡན་ལག་ཅན་གྱི་བདག་བདེན་པར་གྲུབ་པ་མེད་པར་འདོད་དོ། །གྲུབ་མཐའ་བཞི་སྟོན་པའི་ཚིགས་བཅད་དྲི་མེད་འོད་ལས་གསུངས་པ། འདི་རྣམས་འཇམ་དཔལ་གྱིས་མཛད་པའི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་དང༌། དྲི་མེད་འོད་དང༌། འཕགས་པ་ལྷས་མཛད་པའི་ཡེ་ཤེས་སྙིང་བོ་ཀུན་ལས་བཏུས་པ་དང༌། ཛེ་ཏ་རིས་མཛད་པའི་བདེ་གཤེགས་གཞུང་གི་རབ་དབྱེ་རྣམས་ལས་ཀྱང་མཐུན་པར་གསུངས་སོ། །ཡང་དེ་དག་གིས་འདི་ལྟར་འདོད་དེ། གཞན་སྟོང་སྙིང་པོ་ལས། དེ་དག་ལ་གྲུབ་མཐའ་ནང་གསེས་མི་འདྲ་བ་མང་ཡང༌། ཐམས་ཅད་མཐུན་པར་གཟུགས་སེམས་གཉིས་དང་ལྡན་མིན་འདུ་བྱེད་དེ་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་དང༌། ནམ་མཁའ་སོགས་འདུས་མ་བྱས་དང༌། དངོས་མེད་ཐམས་ཅད་དེ་ཆོས་འདི་དག་ཐམས་ཅད་ནི་ཀུན་རྫོབ་ཡིན་ལ། དེ་རྣམས་ཀྱི་རང་བཞིན་བདེན་མེད་ཙམ་ནི་དོན་དམ་ཡིན་ཞིང༌། དེ་གཉིས་ངོ་བོ་གཅིག་དང་ཐ་དད་གང་དུ་ཡང་བརྗོད་དུ་མེད། རྣམ་བཞག་ཙམ་ཐ་དད་དེ། དོན་དམ་དབྱིངས་ཀྱི་ངོ་བོ་ནི་གང་ཡང་མེད་པས་སྤྲོས་བྲལ་ནམ་མཁའི་དཔེས་བསྟན། ཀུན་རྫོབ་སྣང་དུས་ན་བདེན་པས་སྟོང་ཡང༌། སྣང་བ་མ་འགག་པ་སྒྱུ་མའི་དཔེས་བསྟན། དེ་གཉིས་ཀར་ཡོད་མེད་ཡིན་མིན་སོགས་སྤྲོས་པ་ཐམས་ཅད་ལས་འདས་པར་འདོད་དོ། །གྲུབ་མཐའ་འདི་ལ་ཡང༌། དོན་དམ་ཆོས་ཉིད་དེ་སྤྲོས་པ་བཀག་ཙམ་གྱི་ནམ་མཁའ་ལྟ་བུ་ལ་འདོད་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་སོགས་ཀུན་རྫོབ་ཡིན་ཞིང་བདེན་པར་མེད་ཟེར་བ་དང༌། དོན་དམ་བདེན་པ་བདེན་མེད་དུ་འདོད་པ་དང༌། ཁྱད་པར་ཐལ་འགྱུར་བ་རྣམས་ནི་གྲུབ་མཐའི་རྣམ་བཞག་འཇོག་བཞིན་དུ་གཞན་གྱི་རྩོད་པ་ལ་འཛེམ་པའི་ཕྱིར་གང་ཡང་ཁས་མི་ལེན་པ་དང༌། ངེས་ཤེས་མ་སྐྱེས་ཀྱང་ལོག་རྟོག་ཟློག་པར་འདོད་པ་སོགས་འཁྲུལ་བ་ཡིན་ལ། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པར་མེད་པ་དང༌། བདེན་མེད་ཙམ་དེ་ཡང་བདེན་པར་མ་གྲུབ་པ་སོགས་ནི་མ་ནོར་བ་ཡིན་ནོ། ། ཞེས་གསུངས་སོ། །རང་སྟོང་བ་དེ་དག་གིས་ཤེར་ཕྱིན་གྱི་མདོ་སོགས་འཁོར་ལོ་བར་བ་ངེས་དོན་དང༌། དགོངས་འགྲེལ་སོགས་འཁོར་ལོ་ཐ་མ་དྲང་དོན་དུ་འདོད་དེ། གཞན་སྟོང་སྙིང་པོ་ལས། དབུ་མ་ཕལ་བ་འཛིན་པ་རྣམས་ནི། འཁོར་ལོ་ཐ་མའི་མདོ་ཐམས་ཅད་དྲང་དོན་ཡིན་ཞིང༌། འཁོར་ལོ་བར་བའི་ཤེར་ཕྱིན་གྱི་མདོ་རྣམས་ངེས་དོན་མཐར་ཐུག་གོ་ཞེས་སྨྲ། གྲུབ་མཐའ་བྱེད་པ་པོ་ཡིན་ངེས་ནི་སངས་རྒྱས་བསྐྱངས་སོགས་གོང་དུ་སྨོས་པ་དེ་རྣམས་སུ་ཟད་ལ། ཞེས་གསུངས་སོ། །ཡང་དེ་དག་གིས། ཡི་དྭགས་དུད་འགྲོ་མི་རྣམས་དང༌། །ལྷ་རྣམས་སོ་སོ་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན་། །ཞེས་པ་ལྟར། ཆུ་ལྟ་བུ་དངོས་པོ་གཅིག་ཉིད་སེམས་ཅན་སོ་སོ་ལ་མི་འདྲ་བ་སྣ་ཚོགས་སུ་སྣང་བའི་ཕྱིར་ཉན་ཐོས་པའི་འདོད་པ་ལྟར་ཕྱི་རོལ་གྱི་དོན་ཡང་བདེན་པར་ཡོད་པ་མ་ཡིན་ལ། བླང་དོར་རབ་གསལ་ལས། སེམས་ཙམ་པ་རྣམས་འདོད་པའི་རྣམ་ཤེས་ཀྱང༌། །དོན་ལ་བདེན་པར་ཡོད་པ་མ་ཡིན་ཏེ། །གཅིག་དང་དུ་མའི་རང་བཞིན་བྲལ་བའི་ཕྱིར། །དཔེར་ན་ནམ་མཁའི་པད་མོ་ཇི་བཞིན་ནོ། །ཞེས་དང༌། རྣམ་འགྲེལ་ངེས་སུ་ཡང༌། གང་གིས་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ན་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་གསུངས་པ་ལྟར། སྤྱིར་ཕྱི་ནང་གཟུང་འཛིན་གྱི་དངོས་པོ་ཐམས་ཅད་བདེན་པར་ཡོད་པ་མ་ཡིན་ཞིང༌། ཁྱད་པར་སེམས་ཙམ་པས་འདོད་པའི་ནང་རྣམ་པར་ཤེས་པ་དེ་ཡང་བདེན་པར་ཡོད་པ་མ་ཡིན་ཏེ། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར། ཞེས་པས་ཀུན་རྫོབ་རྣམ་ཤེས་ལ་སྣང་ཡང་དཔྱད་ན་རང་བཞིན་མེད་པར་སྟོན་པ་བཀའ་བར་པ་དང་མཐུན་པའི་དབུ་མ་པ་ཡིན་པའོ། ། སེམས་ཙམ་པ་དང་རང་སྟོང་བ་དག་གིས་སྙིང་པོའི་ངེས་གསང་དང༌། དོན་དམ་ཡེ་ཤེས་མི་འདོད་ཅིང་སློབ་དཔོན་སྔ་མ་དག་གིས་གཞན་སྟོང་ལ་དགག་པ་མ་བྱས་ལ། ཕྱིས་སུ་དགག་པ་བྱེད་པ་ཡོད་དེ། གཞན་སྟོང་སྙིང་པོ་ལས། སེམས་ཙམ་པ་དང༌། རང་སྟོང་སྨྲ་བའི་དབུ་མ་པ་འདི་གཉིས་ཀྱིས་བདེ་གཤེགས་སྙིང་པོའི་ངེས་གསང་དང༌། དོན་དམ་ཡེ་ཤེས་རང་རིག་རང་གསལ་ནི་རང་ལུགས་ལ་མི་འདོད་ཅིང་དེ་དག་གི་གནས་ཚུལ་མ་གོ་བས། སློབ་དཔོན་སྔ་མ་རྣམས་ཀྱིས་གཞན་སྟོང་ལ་དགག་པ་བྱས་པ་ནི་མེད་ལ། རྗེས་འབྲང་ཕྱིས་བྱུང་བ་རྣམས་ཀྱིས་དགག་པ་བྱེད་མོད་ཀྱང་གཞན་སྟོང་གི་གྲུབ་མཐའི་གནད་གོ་བ་ནི། གཅིག་ཀྱང་མེད་པས་ཕྱོགས་སྔ་མ་ལོངས་པའི་དགག་པ་ཤ་སྟག་གོ །ཞེས་གསུངས་པའི་ཕྱིར་རོ།། །།

སྨྲས་པ། ཆོས་རྣམས་བདེན་གྲུབ་ནམ་ཡང་ཡོད་མ་མྱོང༌། །འོན་ཀྱང་ལས་འབྲས་ལ་སོགས་བྱ་བྱེད་ཀུན། །རྣམ་བཞག་འཐད་ལྡན་སྨྲ་བའི་ངོ་བོ་ཉིད། །སྨྲ་བའི་གྲུབ་མཐའི་མཛེས་ལྗོངས་འདི་ན་སྣང༌། །ཞེས་གྲུབ་མཐའི་རྣམ་བཞག་ལུང་རིགས་གཏེར་མཛོད་ལེགས་བཤད་འདོད་འཇོ་ཞེས་བྱ་བ་ལས་ངོ་བོ་ཉིད་སྨྲ་བའི་གྲུབ་མཐའི་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།། །།

གསུམ་པ་དབུ་མ་གཞན་སྟོང་ཆེན་པོ་བའམ་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་པའི་གྲུབ་མཐའ་བཤད་པ།

གསུམ་པ་དབུ་མ་གཞན་སྟོང་ཆེན་པོ་བའམ་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་པའི་གྲུབ་མཐའ་བཤད་པ་ལ།

མཚན་ཉིད། སྒྲ་བཤད། འདོད་ཚུལ་དང་གསུམ། དང་པོ་ནི། ཡོངས་གྲུབ་གཉིས་མེད་ཀྱི་ཡེ་ཤེས་གཤིས་ལ་གྲུབ་ཅིང་གཞན་དབང་ཀུན་བརྟགས་ཀྱིས་ཆོས་རྣམས་གཤིས་ལ་མ་གྲུབ་པར་ཁས་ལེན་པའི་དབུ་མ་པ་དེ། གཞན་སྟོང་དབུ་མ་པའི་མཚན་ཉིད་ཡིན་ཏེ། བླང་དོར་རབ་གསལ་ལས། ཀུན་རྫོབ་ཆོས་རྣམས་བརྟགས་ན་མེད་པ་དང༌། །དོན་དམ་རང་བཞིན་ཆོས་དབྱིངས་དེ་བཞིན་ཉིད། །མུ་བཞིའི་སྤྲོས་པ་ཀུན་ལས་རྣམ་གྲོལ་བ། །འགྱུར་མེད་ཡོངས་གྲུབ་དོན་ལ་གནས་པར་བཞེད། །ཅེས་དང༌། ཇི་སྐད་དུ་མདོ་སྡེ་རྒྱན་ལས། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འཇིག་མེད་འཕྲི་བར་མི་འགྱུར་ཏེ། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་འགྱུར་དེ་ནི་དོན་དམ་མཚན། །ཞེས་དང༌། མདོ་སྡེ་རྒྱན་དབྱིག་གཉེན་གྱི་འགྲེལ་པར། གཉིས་སུ་མེད་པའི་དོན་ནི་དམ་པ་སྟེ། །གཉིས་སུ་མེད་པའི་དོན་དེ་ཡང་རྣམ་པ་ལྔས་ཡང་དག་པར་སྟོན་ཏོ། །ཀུན་བཏགས་པ་དང་གཞན་གྱི་དབང་གི་མཚན་ཉིད་དག་གིས་ནི་ཡོད་པ་མ་ཡིན་ནོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱིས་ནི་མེད་པ་མ་ཡིན་ནོ། །ཀུན་བཏགས་པ་དང་གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པ་དག་གཅིག་པ་ཉིད་མེད་པས་དེ་བཞིན་མ་ཡིན་ནོ། །དེ་དག་ཁོ་ན་ལས་གཞན་པ་ཉིད་མེད་པས་གཞན་མ་ཡིན་ནོ། །ཆོས་ཀྱི་དབྱིངས་འདུས་མ་བྱས་པ་ཡིན་པའི་ཕྱིར་སྐྱེ་བ་ཡང་མེད་འཇིག་པ་ཡང་མེད་དོ། ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་འགག་པ་དང་སྐྱེ་བ་ན་དེ་བཞིན་དུ་གནས་པའི་ཕྱིར་འགྲིབ་པར་ཡང་མི་འགྱུར་འཕེལ་བར་ཡང་མི་འགྱུར་རོ། །རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་རྣམ་པར་དག་པར་འགྱུར་བ་མེད་དོ། །གློ་བུར་གྱི་ཉོན་མོངས་པ་དང་བྲལ་བས་རྣམ་པར་མ་དག་པ་ཡང་མ་ཡིན་ཏེ། དེ་ལྟར་ན་གཉིས་སུ་མེད་པའི་མཚན་ཉིད་རྣམ་པ་ལྔ་པོ་དེ་ནི་དོན་དམ་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པ་ལྟར་དོན་དམ་པའི་བདེན་པ་དེ་ཀུན་བཏགས་དང་གཞན་དབང་གིས་བསྡུས་པའི་ཀུན་རྫོབ་གློ་བུར་གྱི་དྲི་མ་མཐའ་དག་གིས་སྟོང་པས་ཡོད་པའི་མཐའ་དང་བྲལ་ཞིང༌། ཡོངས་གྲུབ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཀྱིས་མི་སྟོང་པས་མེད་པའི་མཐའ་དང་བྲལ་ལ། དེ་དག་གཅིག་པ་ཉིད་མེད་པས་གཉིས་ཡིན་གྱི་མཐའ་དང་ཡང་བྲལ་བ་དང་དེ་དག་ལས་གཞན་མེད་པས་གཉིས་མ་ཡིན་གྱི་མཐའ་དང་བྲལ་བའོ། །ཞེས་པ་དོན་དམ་ཡེ་ཤེས་ལ་སྣང་ཡང་མུ་བཞིའི་སྤྲོས་པ་དང་བྲལ་བར་སྟོན་པ་བཀའ་ཐ་མ་དང་མཐུན་པའི་དབུ་མའོ། །

གཉིས་པ་སྒྲ་བཤད་ནི།

སྟོང་གཞི་གཉིས་མེད་ཀྱི་ཡེ་ཤེས་ནི་རང་ངོས་ནས་མི་སྟོང་པ་གཞན་གཟུང་འཛིན་སོགས་སྤྲོས་པ་མཐའ་དག་གིས་གདོད་ནས་སྟོང་བ་དང༌། ཀུན་རྫོབ་གློ་བུར་གྱི་ཆོས་རྣམས་ནི་དོན་དམ་པ་གཞན་གྱི་ངོ་བོས་སྟོང་བར་སྨྲ་བས་ན་དབུ་མ་གཞན་སྟོང་བའོ། །

གསུམ་པ་འདོད་ཚུལ་ལ།

གཞི་དང༌། ལམ་དང༌། འབྲས་བུའི་རྣམ་བཞག་གསུམ་ལས། དང་པོ་ལ། གཞི་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི་གཞི་ཕུང་པོ་ལྔ་སྐྱེ་མཆེད་བཅུ་གཉིས་ཁམས་བཅོ་བརྒྱད་བདེན་པ་བཞི་སོགས་སྣང་གྲགས་ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་རྣམས་ཐུན་མོང་གི་གཞི་ཞེས་བྱ་སྟེ། བདག་དང་རྟག་པ་སོགས་སྒྲོ་འདོགས་པའི་གཞི་དང༌། བདག་མེད་དང་མི་རྟག་སོགས་ཤེས་པར་བྱ་བའི་གཞི་ཡིན་པ་དང༌། མི་རྟག་པ་དང་བདག་མེད་སོགས་ཁྱད་ཆོས་རྣམས་ཀྱི་རྟེན་ནམ་ཆོས་ཅན་ཡིན་པས་ན་གཞི་ཞེས་བྱ་བའི་ཕྱིར་ཏེ། ཆོས་མངོན་པའི་མདོ་ལས། དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་པ་དག་ལ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །ཞེས་དང༌། བསྟན་བཅོས་མངོན་རྟོགས་རྒྱན་ལས། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་གི་རྣམ་བཞག་རྒྱས་པར་ས་སྡེ་དང་སྡོམ་རྣམ་གཉིས་དང༌། ས་བཟང་གི་མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་སོགས་ལས་གསལ་བར་གསུངས་ཡོད་པས་དེར་ཤེས་པར་བྱའོ།། །།གཉིས་པ་གཞི་ཐུན་མོང་མ་ཡིན་པ་ལ། ཀུན་རྫོབ་དང༌། དོན་དམ་གྱི་གཞི་ཐུན་མོང་མ་ཡིན་པ་དང་གཉིས། དང་པོ་ཀུན་རྫོབ་ཀྱི་གཞི་ཐུན་མོང་མ་ཡིན་པ་ནི། ལང་གཤེགས་ལས། ཆོས་ལྔ་དག་དང་རང་བཞིན་དང༌། །རྣམ་པར་ཤེས་པ་བརྒྱད་ཉིད་དང༌། །བདག་མེད་གཉིས་ཀྱི་དངོས་པོ་ནི། །ཐེག་པ་ཆེན་པོ་ཐམས་ཅད་འདུས། །ཞེས་དང༌། གཞན་སྟོང་དབུ་མའི་རྒྱན་ལས། ཆོས་ལྔ་རང་བཞིན་གསུམ་དང་རྣམ་ཤེས་བརྒྱད། །ཐེག་ཆེན་ཐུན་མོང་མིན་པའི་ཆོས་སྐད་རྣམས། །འཁོར་ལོ་ཐ་མའི་མདོ་སྡེ་ཤིན་ཏུ་རྒྱས། །ཞེས་གསུངས་པ་ལྟར་ཐེག་པ་ཆེན་པོའི་ཆོས་ལྔ། རང་བཞིན་གསུམ། རྣམ་ཤེས་ཚོགས་བརྒྱད། བདག་མེད་གཉིས་ཀྱི་རྣམ་བཞག་བཤད་པ་དང་བཞི། དང་པོ་ནི། ཐེག་མཆོག་དབུ་མ་ལས། ཐེག་པ་ཆེན་པོའི་ཆོས་ལྔ་བསྟན་པ་ནི། །སྒྲ་དང་ཡིད་ཀྱི་གཡོ་བའི་རང་བཞིན་གྱི། །བརྗོད་པའི་གནས་ཀྱི་སྤྱི་ནི་རྒྱུ་མཚན་ཏེ། །དེ་ལ་བླ་དྭགས་ཚིག་སྤྱི་མིང་དུ་བརྗོད། །སེམས་དང་སེམས་བྱུང་ཆོས་རྣམས་རྣམ་རྟོག་ཡིན། །དེ་བཞིན་ཉིད་ནི་བརྗོད་པའི་ཡུལ་ལས་འདས། །འཕགས་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་ལོ། །ཡང་དག་ཤེས་པ་མཉམ་བཞག་རྗེས་ཐོབ་གཉིས། །ཞེས་རྒྱུ་མཚན་དང༌། མིང་དང༌། རྣམ་པར་རྟོག་པ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་ཤེས་པ་དང་ལྔ་བོ་ལ་ལང་གཤེགས་རྒྱན་སྡུག་སོགས་སུ་རྒྱས་པར་གསུངས་ལ། རྒྱུ་མཚན་ནི། སྒྲ་དང་ཡིད་ཀྱི་གཡོ་བའི་རྣམ་རྟོག་གི་བརྗོད་པའི་གནས་སམ་ཡུལ་གྱི་སྤྱི་ནི་རྒྱུ་མཚན་ཡིན་ལ། དེ་ཡང་དཔེར་ན་མི་རྟག་པའོ་སྙམ་པའི་རྣམ་རྟོག་གི་འཛིན་སྟངས་ཀྱི་བཟུང་བྱ་བློ་ལ་ཤར་བའི་སྤྱི་དེ་ཡིན་ནོ། །མིང་གི་ངོ་བོ་ནི་རྒྱུ་མཚན་དེ་ལ་བརྟགས་པའི་བླ་དྭགས་དང་ཚིག་སྤྱི་སྣང་བའི་སྒྲ་སྤྱིའོ། །རྣམ་རྟོག་གི་ངོ་བོ་ནི་ཁམས་གསུམ་གྱི་སེམས་དང་སེམས་བྱུང་རྣམས་ཡིན་ནོ། །དེ་བཞིན་ཉིད་ནི་ངག་གི་བརྗོད་པ་དང་ཡིད་ཀྱི་རྟོག་པའི་ཡུལ་ལས་འདས་པའི་ཆོས་ཉིད་དེ་བཞིན་ཉིད་ཡིན་ནོ། །དེ་ནི་འཕགས་པའི་ཡེ་ཤེས་ཁོ་ནའི་ཡུལ་ཡིན་པའོ། །ཡང་དག་པའི་ཤེས་པ་ནི་མཉམ་བཞག་འཇིག་རྟེན་ལས་འདས་པ་དང༌། འཕགས་པའི་རྗེས་ཐོབ་ཡེ་ཤེས་རྣམས་སོ། །རྒྱས་པར་ཐེག་མཆོག་དབུ་མའི་རྩ་འགྲེལ་སོགས་ལས་ཤེས་པར་བྱའོ། །གཉིས་པ་རང་བཞིན་གསུམ་ནི། ཀུན་བརྟགས་ཀྱི་ངོ་བོ་ནི། བརྗོད་པ་སྒྲ་རྟོག་གིས་བཏགས་པའི་བཏགས་ཆ་དེ་ཡིན་ཞིང༌། དེ་ཡང་མིང་དང་བརྡས་བཞག་པའི་མཚན་ཉིད་ལས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་རྫས་སུ་མ་གྲུབ་པ་གང་ཡིན་པ་ནི་ཀུན་བརྟགས་ཡིན་ཏེ། མདོ་སྡེ་དགོངས་འགྲེལ་ལས། རྣམ་པར་རྟོག་པའི་སྤྱོད་ཡུལ། ཞེས་པ་ནས། མིང་དང་བརྡས་རྣམ་པར་བཞག་པ་གང་ལགས་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ལགས་ཏེ། ཞེས་དང༌། མདོ་སྡེ་རྒྱན་ལས། མིང་དང་དོན་དུ་སྣང་བ་དང༌། །དོན་དང་མིང་དུ་སྣང་བ་དང༌། །ཡང་དག་མིན་རྟོག་མཚན་ཉིད་ནི། །ཀུན་བརྟགས་པ་ཡི་མཚན་ཉིད་དོ། །ཞེས་དང༌། སུམ་ཅུ་པ་ལས། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ཉིད་ཀུན་ཏུ་བརྟགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། བརྗོད་པས་བརྟགས་པའི་བརྟགས་ཆ་ཀུན་བརྟགས་དང༌། །ཞེས་དང༌། ཉ་དབོན་པའི་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། ཡང་དག་མིན་པའི་རྣམ་རྟོག་གིས་གཟུང་བ་ཙམ་ཡིན་གྱི་དཔྱད་མི་བཟོད་ཅིང་རྫས་སུ་ཡང་མེད་པ་ནི་ཀུན་བརྟགས་ཏེ། ཞེས་གསུངས་སོ། །ཀུན་བརྟགས་ལ་དབྱེ་ན། མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟགས་དང༌། རྣམ་གྲངས་པའི་ཀུན་བརྟགས་དང༌། ལྟོས་པའི་ཀུན་བརྟགས་དང་གསུམ་ཡོད་དེ། ཐེག་མཆོག་དབུ་མ་ལས། ཀུན་བརྟགས་དེ་ནི་རྣམ་པ་གསུམ་ཡིན་ཏེ། །མཚན་ཉིད་ཆད་དང་རྣམ་གྲངས་ལྟོས་པའོ། །ཞེས་གསུངས་སོ། །ཡང་ངོ་བོ་ཀུན་བརྟགས་དང༌། ཁྱད་པར་ཀུན་བརྟགས་དང་གཉིས་ཡོད་དེ། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། ངོ་བོ་ཀུན་བརྟགས་དང་ཁྱད་པར་ཀུན་བརྟགས་གཉིས་སུའང་འགྱུར་རོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། ངོ་བོ་ཉིད་དང་ཁྱད་པར་ཀུན་བརྟགས་གཉིས། །ཞེས་གསུངས་པའི་ཕྱིར་རོ། །གཞན་དབང་གི་ངོ་བོ་ནི། རང་དབང་གིས་མི་སྐྱེ་བར་རང་གི་རྒྱུ་རྐྱེན་གཞན་ལས་སྐྱེས་པའི་རྣམ་རིག་གི་བདག་ཉིད་རྫས་སུ་གྲུབ་པའི་འདུས་བྱས་གང་ཡིན་པའོ། ། དེ་ཡང་རྣམ་པར་རྟོག་པའི་སྤྱོད་ཡུལ། ཀུན་བརྟགས་པའི་གནས། འདུ་བྱེད་ཀྱི་མཚན་མ་ལ་གཞན་དབང་ཞེས་བྱ་སྟེ། དགོངས་འགྲེལ་ལས། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ། ཞེས་དང༌། མདོ་སྡེ་རྒྱན་ལས། རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །གཟུང་དང་འཛིན་པའི་མཚན་ཉིད་དེ། །ཡང་དག་མ་ཡིན་ཀུན་རྟོག་ནི། །གཞན་གྱི་དབང་གི་མཚན་ཉིད་དོ། །ཞེས་དང༌། སུམ་ཅུ་པ་ལས། གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང༌། །ཞེས་དང༌། ཐེག་མཆོག་དབུ་མ་ལས། རང་གི་རྒྱུ་རྐྱེན་ལས་སྐྱེས་རྣམ་རིག་གཞན། །ཞེས་གསུངས་སོ། །དེ་ལ་དབྱེ་ན། མ་དག་གཞན་དབང་དང༌། དག་པའི་གཞན་དབང་གཉིས་ཡོད་དེ། ཐེག་མཆོག་དབུ་མ་ལས། ཡང་ན་མ་དག་དག་པའི་འཇིག་རྟེན་གཉིས། །ཞེས་གསུངས་སོ། །ཡོངས་གྲུབ་ཀྱི་ངོ་བོ་ནི། བདག་གཉིས་ཀྱིས་སྟོང་བའི་གནས་ལུགས་དོན་དམ་པར་གྲུབ་པའི་དེ་བཞིན་ཉིད་སོ་སོ་རང་རིག་པའི་ཡེ་ཤེས་གང་ཡིན་པ་དེ་ཡིན་ཏེ། མདོ་སྡེ་དགོངས་འགྲེལ་ལས། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད། ཀུན་བརྟགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་ལ་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། ཞེས་དང༌། ཐེག་མཆོག་དབུ་མ་ལས། གནས་ལུགས་གདོད་མར་གྲུབ་པ་ཡོངས་གྲུབ་བོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་དབྱེ་ན། ཡུམ་རྒྱས་པ་སོགས་ལས་ཡོངས་གྲུབ་དགུར་གསུངས་ཏེ། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པའི་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་གནས་པ་ཉིད་དང༌།ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ཏེ་ཡོངས་གྲུབ་དགུར་གསུངས་སོ། །ཡང་ན་ཆོས་ཉིད་འདུས་མ་བྱས་འགྱུར་བ་མེད་པའི་ཡོངས་གྲུབ་དང༌། འཕགས་པའི་ལམ་གྱི་ཡེ་ཤེས་འདུས་བྱས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཉིས་ཏེ། དབུས་མཐར། འགྱུར་མེད་ཕྱིན་ཅི་མ་ལོག་པའི། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། །ཞེས་གསུངས་པ་ལྟར་ཡིན་ཞིང་དབྱེ་བ་དངོས་མ་ཡིན་ནོ། །

གསུམ་པ་རྣམ་ཤེས་ཚོགས་བརྒྱད་བཤད་པ།

གསུམ་པ་རྣམ་ཤེས་ཚོགས་བརྒྱད་བཤད་པ་ལ།

ཀུན་གཞི་རྣམ་པར་ཤེས་པ་དང༌། ཉོན་ཡིད་བཤད་པ་དང༌། འཇུག་ཤེས་བཤད་པ་དང་གསུམ། དང་པོ་ནི། སུམ་ཅུ་པ་ལས། དེ་ལ་ཀུན་གཞི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །དེ་ནི་ལེན་པ་དག་ཏུ་གནས། །རྣམ་པར་རིག་པ་མི་རིག་པ། །རྟག་ཏུ་རེག་དང་ཡིད་བྱེད་པ། །རིག་དང་འདུ་ཤེས་སེམས་པར་ལྡན། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དེ་ནི་མ་བསྒྲིབས་ལུང་མ་བསྟན། །རེག་ལ་སོགས་པའང་དེ་བཞིན་ནོ། །དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དགྲ་བཅོམ་ཉིད་ན་དེ་བཟློག་གོ །ཞེས་པ་ལྟར་ཀུན་གཞི་རྣམ་ཤེས་ཀྱི་མཚན་ཉིད་ནི། རྣམ་སྨིན་དང་ས་བོན་ཅི་རིགས་པ་བགོ་བའི་བརྟེན་གཞིར་གྱུར་བའི་མ་བསྒྲིབས་ལུང་མ་བསྟན་གྱི་དོན་གྱི་ངོ་བོ་རིག་པ་དེའོ། །ངོ་བོ་གསལ་ཞིང་རིག་པ་ཡུལ་གྱི་རྣམ་པ་མི་གསལ་བ། འཁོར་ཀུན་འགྲོ་ལྔ་ཁོ་ན་དང་བཅས་པ། ཚོར་བ་བཏང་སྙོམས་ཁོ་ནའོ། །ལྡོག་དུས་ཐེག་དམན་དགྲ་བཅོམ་ལྷག་མེད་དང༌། ཐེག་ཆེན་ས་དང་པོ་ཐོབ་དུས་སུ་མཚན་ཉིད་ལྡོག་གོ །གསུམ་པ་ཉོན་ཡིད་ནི། དེ་ལ་གནས་ཏེ་རབ་བྱུང་ཞིང༌། །དེ་ལ་དམིགས་པས་ཡིད་ཅེས་བྱ། །རྣམ་ཤེས་ངར་སེམས་བདག་ཉིད་ཅན། །བསྒྲིབས་ལ་ལུང་དུ་མ་བསྟན་པའི། །ཉོན་མོངས་བཞི་དང་རྟག་ཏུ་འགྲོགས། །བདག་ཏུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་ཏུ་ཆགས་པ་སྟེ། །གང་དུ་སྐྱེས་པ་དེའོ་གཞན། །རེག་སོགས་ཀྱང་དེ་དགྲ་བཅོམ་མེད། །འགོག་པའི་སྙོམས་པར་འཇུག་ན་མེད། །འཇིག་རྟེན་འདས་པའི་ལམ་ན་མེད། །ཅེས་པ་ལྟར་ཉོན་ཡིད་ཀྱི་མཚན་ཉིད་ནི། ཀུན་གཞི་རྣམ་ཤེས་ལ་དམིགས་ནས་བདག་ཏུ་རློམ་པའི་བསྒྲིབས་ལུང་མ་བསྟན་གྱི་གཙོ་སེམས་དེའོ། །འཁོར་ཉོན་མོངས་པ་བདག་ཏུ་ལྟ་བ་དང༌། བདག་ཏུ་རྨོངས་པ་དང༌། བདག་ཏུ་ང་རྒྱལ་བ་དང༌། བདག་ཏུ་ཆགས་པ་དང་བཞིའོ། །ཁམས་གང་དུ་སྐྱེས་པ་དེའི་སས་བསྡུས་ལ། འཁོར་ཡང་དེས་བསྡུས་སོ། །ལྡོག་དུས་འགོག་སྙོམས་པ་དང་འདས་ལམ་མཉམ་བཞག་ཏུ་གནས་སྐབས་ལྡོག་ལ། དམན་པའི་དགྲ་བཅོམ་དང་ཐེག་ཆེན་མཐོང་ལམ་ཐོབ་ཚེ་མཚན་ཉིད་ལྡོག་གོ །གསུམ་པ་འཇུག་ཤེས་དྲུག་ནི། གསུམ་པ་ཡུལ་རྣམ་དྲུག་པོ་ལ། །དམིགས་པ་གང་ཡིན་དེ་དག་སྟེ། །མི་དགེ་དགེ་དང་གཉིས་མིན་པའོ། །ཀུན་ཏུ་འགྲོ་དང་བྱེ་བྲག་ངེས། །སེམས་ལས་བྱུང་བ་དགེ་བ་དང༌། དེ་བཞིན་ཉོན་མོངས་ཉེ་ཉོན་མོངས། །ཚོར་བ་གསུམ་དང་དེ་མཚུངས་ལྡན། །ཞེས་པ་ལྟར་རང་གི་བདག་རྐྱེན་མིག་དབང་ལ་བརྟེན་ནས་རང་ཡུལ་དུ་གྱུར་བའི་གཟུགས་ཀྱི་སྐྱེ་མཆེད་ཀྱི་ངོ་བོ་མཐོང་བའི་གཙོ་སེམས་དེ། མིག་གི་རྣམ་པར་ཤེས་པའི་མཚན་ཉིད། གཞན་ལྔ་ལ་རིགས་འདྲ་སྦྱར་བར་བྱའོ། །དེ་དྲུག་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་ལ། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་དང༌། ཉོན་མོངས་པ་དང་མཚུངས་པར་ལྡན་པ་ཡོད་དོ། །འདིར་རྣམ་ཤེས་ཚོགས་བརྒྱད་མདོར་བསྡུས་པ་ཙམ་བརྗོད་པའོ། །རྒྱས་པར་ས་བཟང་གི་མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་སོགས་ལས་ཤེས་པར་བྱའོ། །བཞི་བ་བདག་མེད་གཉིས་བཤད་པ་ལ། དགག་བྱ་ངོས་བཟུང་བའི་སྒོ་ནས་དེ་མེད་པར་གཏན་ལ་བབས་པ་ནི། རང་ལུགས་ལ་སྤྱིར་གང་ཟག་གི་བདག་ཏུ་གྲུབ་པའི་ཚད་མེད་ཀྱང་བརྟག་པ་མཐའ་བཟུང་གྀས་བཞག་ན་གང་ཟག་གི་བདག་ནི་རྟག་གཅིག་རང་དབང་ཅན་དུ་གྲུབ་པ་དེ་ཡིན་པའི་ཕྱིར་ཏེ། གང་ཟག་གི་བདག་ཏུ་གྲུབ་ན་བདག་འཛིན་གྱི་ཇི་ལྟར་འཛིན་པ་ལྟར་གྲུབ་དགོས་ལ། དེས་ནི་རྟག་གཅིག་རང་དབང་ཅན་དུ་གྲུབ་པར་འཛིན་པ་ཡིན་པའི་ཕྱིར་ཏེ། བདག་འཛིན་གྱིས་ཕུང་པོ་ལ་དམིགས་ནས་ངའོ་སྙམ་དུ་འཛིན་པའི་འཛིན་ཚུལ་ལ་སྔོན་གྱི་ང་དེ་ད་ལྟའི་ང་སོགས་ཡིན་སྙམ་པ་དེ་ལ་རྟག་པར་འཛིན་པ་དང༌། ང་སྙམ་པ་ཤར་དུས་དངོས་པོ་གང་ལ་ཡང་མ་འདྲེས་པའི་ཁོ་རང་གི་ངོ་བོ་ཚུགས་ཐུབ་གཅིག་ཡོད་པའི་ཁུངས་སུ་སྣང་བ་དེ་གཅིག་པུ་འཛིན་པ་ཡིན་ལ། ལོངས་སྤྱོད་དང་རྫས་འཁོར་སོགས་ལ་རང་ཉིད་བདག་པོའི་ཚུལ་དུ་ཡོད་པ་ལྟར་སྣང་བ་དེ་རང་དབང་ཅན་དུ་འཛིན་ཚུལ་ཞེས་བྱ་བ་ཡིན་པའི་ཕྱིར་ཏེ། རྗེ་སྒྲོལ་མགོན་གྱི་སྐྱེས་བུ་གསུམ་གྱི་མན་ངག་བདུད་རྩིའི་ཉིང་ཁུ་ལས། དེ་ལ་ངའམ་བདག་ཅེས་བྱ་བ་གནས་ལུགས་ལ་ཡོད་ན་ཏ་དེ་བདག་ཡིན་མོད། དེ་འདྲ་དངོས་པོ་ལ་ཡེ་མ་གྲུབ་པས་གང་ཟག་གི་བདག་དེ་འདྲ་ངོ་བོའི་སྒོ་ནས་སྟོན་རྒྱུ་མེད། འོན་ཀྱང་མེད་པ་ལ་ཡོད་པར་འཛིན་པའི་བདག་འཛིན་གྱི་འཛིན་སྟངས་རློམ་ཚུལ་དང་བསྟུན་ན་རྟག་པ་གཅིག་པུ་རང་དབང་ཅན་དུ་འཛིན་པ་ཡིན་ལ། དེ་ཡང་ན་ནང་ངས་འདི་བྱས། ང་ད་གཟོད་འདི་བྱེད་སྙམ་པ། ན་ནང་གི་ང་དེ་ད་ལྟའི་ང་འདི་ཡིན། འདི་ད་བཟོད་ཡང་འགྲོ་སྙམ་པ་དེ་རྟག་པར་འཛིན་པ་ཟེར། ང་སྙམ་པ་ཤར་དུས་ཕྱི་ནང་གི་དངོས་པོ་གཞན་སུ་དང་ཡང་མ་འདྲེས་པའི་ཁོ་རང་གི་ངོ་བོ་ཚུགས་ཐུབ་ཅིག་ཡོད་པའི་ཁུངས་སུ་སྣང་བ་དེ་གཅིག་པུར་འཛིན་པ་ཡིན། ཇི་ལྟར་རིགས་པའི་ལོངས་སྤྱོད་དམ། རྫས་སམ་འཁོར་ལ་རང་ཉིད་བདག་པོའི་ཚུལ་དུ་ཡོད་པ་ལྟར་སྣང་བ་དེ་རང་དབང་ཅན་དུ་འཛིན་པ་ཞེས་བྱ་བ་ཡིན། ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། གང་ཟག་གི་བདག་ཏུ་ལྟ་བ་དེའི་ངོ་བོ་ནི། ཕུང་པོ་ལ་དམིགས་ནས་ངའོ་སྙམ་དུ་འཛིན་པ་ཡིན་ཞིང༌། ཁྱད་པར་རྟག་པ་ཡིན་པ། གཅིག་པུ་ཡིན་པ། རང་དབང་ཅན་ཡིན་པར་འཛིན་ཅིང༌། ཞེས་གསུངས་པའི་ཕྱིར་རོ། །ཆོས་བདག་ནི་མེད་ཀྱང་ཆོས་ཀྱི་བདག་འཛིན་གྱིས་འཛིན་ཚུལ་དང་བསྟུན་ནས་བརྟག་པ་མཐའ་བཟུང་གིས་བཞག་ཏུ་ཡོད་དེ། ཕུང་སོགས་ཀྱི་ཆོས་རྣམས་བདེན་དངོས་ཚུགས་ཐུབ་ཀྱི་ངོ་བོར་རང་བཞིན་གྱིས་གྲུབ་པ་དེ། ཆོས་ཀྱི་བདག་ཅེས་བྱ་སྟེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དགག་བྱ་ཆོས་ཀྱི་བདག་འཛིན་དངོས་བཟུང་བ། ཞེས་པ་ནས། འདུས་བྱས་ཀྱི་དངོས་པོ་ཚུགས་ཐུབ་པ་རང་བཞིན་གྱིས་གྲུབ་པ་ཞིག་ཡོད་ན། ངོ་བོར་རང་བཞིན་གྱིས་གྲུབ་པ་དེ། ཆོས་ཀྱི་བདག་ཅེས་བརྗོད་པ་ཡིན་ནོ། །ཞེས་གསུངས་སོ། །ཡང་ན་སྣང་གྲགས་ཀྱི་ཆོས་ཀུན་གནས་ལུགས་སུ་གྲུབ་པ་དེ་བཞག་ཆོག་གོ །གོང་དུ་བཞག་པའི་རྟག་གཅིག་རང་དབང་ཅན་དུ་གྲུབ་པའི་བདག་གིས་སྟོང་བའི་གང་ཟག་གི་བདག་མེད་ནི་ཉན་རང་རྣམས་ཀྱིས་རྟོགས་པའི་གང་ཟག་གི་བདག་མེད་ཡིན་ལ། གནས་ཚུལ་ལམ་གཤིས་ལུགས་ལ་ང་བདག་ཏུ་གྲུབ་པ་ནི་སྤྲོས་བྲལ་གྱི་གང་ཟག་གི་བདག་མེད་ཀྱི་དགག་བྱ་དང༌། གནས་ལུགས་ལ་ང་བདག་གང་ཡང་མ་གྲུབ་པ་ནི་སྤྲོས་བྲལ་གྱི་གང་ཟག་གི་བདག་མེད་ཡིན་ལ། དེ་ཐེག་ཆེན་གྱི་བསྒོམ་བྱ་དང་ཆོས་ཀྱི་བདག་མེད་ཀྱི་ནང་དུ་འདུ་བའི་ཕྱིར་ཏེ། ཤེས་རབ་སྙིང་པོའི་ཚིག་འགྲེལ་རྨད་དུ་བྱུང་བ་ལས། གང་ཟག་བདག་མེད་བྱང་ཆུབ་སེམས་དཔས་མི་སྒོམ་པ་ལྟར་གསུངས་པ་ནི། དགག་གཞི་ཕུང་པོ་ཡོད་པར་བྱས་ནས་དེའི་སྟེང་དུ་ང་བདག་མེད་པར་སྒོམ་པའི་གང་ཟག་གི་བདག་མེད་སྒོམ་ཚུལ་དེ་འདྲ་མི་བྱེད་ཅེས་པའི་དོན་ཡིན་གྱི། སྤྲོས་བྲལ་གྱི་རྣམ་པ་ཅན་གྱི་གང་ཟག་གི་བདག་མེད་ནི་རྒྱལ་སྲས་རྣམས་ཀྱི་བསྒོམ་བྱ་ཁོ་ནའོ། །གནས་ཚུལ་ལ་ང་བདག་གང་ཡང་མ་གྲུབ་པ་ནི། གང་ཟག་གི་བདག་མེད་ཡིན་ལ། གནས་ཚུལ་ལ་སྣང་གྲགས་ཀྱི་ཤེས་བྱ་གང་ཡང་ཡོད་མ་མྱོང་བ་ནི་ཆོས་ཀྱི་བདག་མེད་ཡིན་པས། སྔ་མ་ཕྱི་མའི་ནང་དུ་འདུས་པའི་ཕྱིར་ཆོས་ཀྱི་བདག་མེད་བསྒོམས་པས་གང་ཟག་གི་བདག་མེད་སྒོམ་པར་ཤུགས་ལ་འགྲུབ་བོ། །ཞེས་གསུངས་པའི་ཕྱིར་རོ། །ཆོས་ཀྱི་བདག་མེད་གཙོ་བོ་ནི་དོན་དམ་གྱི་གཞི་ཡིན་ནོ། །

གཉིས་པ་དོན་དམ་པའི་དབང་དུ་བྱས་པའི་གཞི་ཐུན་མོང་མ་ཡིན་པ།

གཉིས་པ་དོན་དམ་པའི་དབང་དུ་བྱས་པའི་གཞི་ཐུན་མོང་མ་ཡིན་པ་ནི།

ཆོས་ཉིད་དོན་དམ་འོད་གསལ་ཆོས་སྐུའི་གཏེར་ཆེན་པོ་གཤེགས་སྙིང་རིགས་འདུས་ཆོས་ཅན་བརྟན་དང་གཡོ་བ་ཀུན་ལ་ནམ་མཁའ་ལྟར་ཁྱབ་ཀྱང༌། སྒྲིབ་བྱེད་གློ་བུར་གྱི་དྲི་མས་བསྒྲིབས་ནས་མ་མཐོང་བའི་ཆོས་དབྱིངས་དེ་ཉིད་ནི་གཞི་ཐུན་མོང་མ་ཡིན་པ་ཡིན་ལ། དེ་ཡང་ཆོས་ཀྱི་དབྱིངས་དེ་འཁོར་འདས་གཉིས་ཀྱི་ཆོས་ཀུན་གྱི་གཞི་དང་གནས་དང་རྟེན་བྱེད་པས་ན་གཞི་ཞེས་བྱ་སྟེ། རྒྱུད་བླ་མའི་འགྲེལ་བར་མདོ་དྲངས་ནས་བཤད་པ། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པ་ཐོབ་པ་ཡིན། །ཞེས་དང༌། མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་ནི་ཞེས་པ་ནས་གཞི་དང་གནས་དང་རྟེན་ལགས་སོ། །ཞེས་དང༌། ཀུན་མཁྱེན་ཕྱོགས་རྒྱལ་བའི་གཞི་ལམ་འབྲས་གསུམ་གྱི་ངོ་སྤྲོད་ཡང་དག་དོན་གསལ་ལས།འཁོར་འདས་ཀྱི་ཆོས་ཀུན་གྱི་གཞི་ཡིན་པས་སམ་གློ་བུར་གྱི་དྲི་མ་སྦྱང་བར་བྱ་བའི་གཞི་ཡིན་པས་གཞི་ཞེས་བྱ་སྟེ། དེ་ནི་གཞིའི་དོན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་འཁོར་འདས་གཉིས་ཀྱི་གཞི་བྱེད་ཚུལ་ནི། ཇི་སྐད་དུ། རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་གསུངས་པ་ལྟར་དོན་དམ་ཆོས་དབྱིངས་རང་གི་ངོ་བོ་ལ་དྲི་མས་གདོད་ནས་གོས་མ་མྱོང་བས་དོན་དམ་པའི་མྱང་འདས་ཡིན་ཞིང༌། དེ་ལ་དམིགས་ཏེ་ལམ་ཉམས་སུ་བླངས་ན་མཐར་མྱང་འདས་ཐོབ་པར་འགྱུར་པས་ཞི་བ་མྱང་འདས་ཀྱི་གཞིར་འཇོག་པ་ཡིན་ཏེ། ཐེག་མཆོག་དབུ་མ་ལས། རང་གི་ངོ་བོ་དོན་དམ་མྱ་ངན་འདས། །འདི་ལ་དམིགས་པས་ཞི་བ་ཐམས་ཅད་ཐོབ། །ཅེས་གསུངས་པའི་ཕྱིར་རོ། །དོན་དམ་ཆོས་དབྱིངས་ཀྱིས་འཁོར་བའི་གཞི་བྱེད་ཚུལ་ནི། དཔེར་ན་གསེར་ཡོད་ན་གཡའ་འབྱུང་ལ་མེད་ན་མི་འབྱུང་བ་ལྟར་དོན་དམ་ཆོས་དབྱིངས་ཡོད་པའི་མཐུ་ལས་ཟག་བཅས་འཁོར་བ་འབྱུང་བ་ཡིན་ལ་དེ་མེད་ན་འཁོར་བ་མི་འབྱུང་ངོ། །དོན་དམ་ཆོས་དབྱིངས་རྟེན་གཞིའི་ཚུལ་དུ་ཡོད་པས་འཁོར་བ་དེ་ཡང་འབྱུང་བ་ཆོས་ཉིད་ཀྱི་རིགས་པ་ཡིན་ཏེ། དཔེར་ན་ནམ་མཁའ་ལ་སྤྲིན་འབྱུང་ཞེས་པའང་དེས་དེ་དངོས་སུ་བསྐྱེད་པ་མ་ཡིན་ཀྱང་ནམ་མཁའ་དེ་སྤྲིན་སོགས་གློ་བུར་བ་འབྱུང་བའི་གཞིར་འཇོག་པ་བཞིན་དུ། དོན་དམ་ཆོས་དབྱིངས་འོད་གསལ་བའི་ཀུན་གཞིའི་ཡེ་ཤེས་ལ་བརྟེན་ནས་རྣམ་ཤེས་ཚོགས་བརྒྱད་སོགས་ཀུན་རྫོབ་འཁོར་བའི་བསྡུས་པའི་ཆོས་རྣམས་འབྱུང་བ་ཡིན་པའི་ཕྱིར་ཏེ། ཐེག་མཆོག་དབུ་མ་ལས། གསེར་ཡོད་ན་ནི་དེ་ཡི་གཡའ་བཞིན་དུ། །འཁོར་བ་ཐོག་ཐ་མེད་དེའང་དེ་ལས་ཤར། །དབྱིངས་དེ་འཁོར་བའི་རྒྱུ་ནི་མིན་མོད་ཀྱང༌། །དེ་མེད་ན་ནི་དེ་ཡང་མི་སྲིད་པས། །མཁའ་ལ་རླུང་གི་དཀྱིལ་འཁོར་རྟེན་ཞེས་ལྟར། །འཁོར་བའི་གཞིར་གྱུར་ཞེས་པའི་རྣམ་བཞག་བྱས། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་རང་བཞིན་རྣམ་དག་འོད་གསལ་ཆོས་ཀྱི་དབྱིངས་དོན་དམ་རང་བྱུང་གི་དེ་བཞིན་ཉིད་དེ་ཆོས་ཅན་བརྟན་དང་གཡོ་བ་ཀུན་ལ་ཉེ་རིང་མེད་པར་གདོད་ནས་གཞིའི་ཚུལ་དུ་བཞུགས་པ་ཡིན་ཏེ། ས་བཟང་མ་ཏི་པཎ་ཆེན་གྱི་ཞལ་སྔ་ནས། གཞི་ལ་དོན་དམ་ཆོས་ཉིད་དེ་བཞིན་ཉིད། །རང་བཞིན་རྣམ་དག་འོད་གསལ་ཆོས་ཀྱི་དབྱིངས། །རང་བྱུང་ལྷན་གཅིག་སྐྱེས་པའི་ཡེ་ཤེས་སྐུ། །བརྟན་གཡོ་ཀུན་ལ་གདོད་ནས་ཁྱབ་པར་བཞུགས། །ཞེས་གསུངས་པའི་ཕྱིར། དེ་འདྲའི་གཞི་ཆོས་དབྱིངས་དེ་ལུས་ཅན་སེམས་ཅན་ཐམས་ཅད་ལ་ཁྱད་མེད་དུ་བཞུགས་པར་སྒྲུབ་བྱེད་ཀྱི་ལུང་རིགས་གཉིས་ལས། དང་པོ་ནི། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། དེ་བཞིན་གཤེགས་པ་བྱུང་ཡང་རུང་མ་བྱུང་རུང༌། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་དང༌། ཡུམ་ཚུལ་བརྒྱ་ལྔ་བཅུ་པ་ལས། ཐམས་ཅད་ཀྱི་རང་བཞིན་ནི་ཡིན་པས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་དང༌། ཡུམ་མཆོག་དང་པོ་ལས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་སོགས་ངེས་དོན་གྱི་མདོ་རྒྱུད་མཐའ་ཡས་པ་ཡོད་ལ། རྒྱས་པར་རི་ཆོས་ངེས་དོན་རྒྱ་མཚོ་སོགས་ལས་ཤེས་པར་བྱའོ། །

གཉིས་པ་རིགས་པ་ནི།

ལུས་ཅན་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པར་བསྟན་བཅོས་རྒྱུད་བླ་སོགས་ལས་རིགས་པ་གསུམ་གསུངས་པ་འདི་ལྟ་སྟེ། ལུས་ཅན་སེམས་ཅན་རྣམས་ཆོས་ཅན། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཏེ། ཁྱོད་ལ་སངས་རྒྱས་ཆོས་ཀྱི་སྐུ་འཕྲོ་བ་སྟེ་ཁྱབ་པར་ཡོད་པའི་ཕྱིར་ཏེ། སངས་རྒྱས་ཡེ་ཤེས་སེམས་ཅན་གྱི་ཚོགས་ལ་ཞུགས་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །ཞེས་དང༌། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །ཞེས་གསུངས་སོ། །ལུས་ཅན་སེམས་ཅན་རྣམས་ཆོས་ཅན། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཏེ། སངས་རྒྱས་དང་སེམས་ཅན་གྱི་དེ་བཞིན་ཉིད་ལ་དབྱེ་བ་མེད་པའི་ཕྱིར་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དྲི་མ་མེད་པ་དེ་ནི་འཁོར་བ་དང་མྱང་འདས་ཀྱི་ཆོས་ཉིད་གཉིས་སུ་དབྱེར་མེད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །ཞེས་དང༌། རང་བཞིན་དྲི་མེད་དེ་ནི་གཉིས་མེད་དེ། །ཞེས་གསུངས་སོ། །ལུས་ཅན་སེམས་ཅན་རྣམས་ཆོས་ཅན། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཏེ། སངས་རྒྱས་ཀྱི་སྟོབས་བཅུ་ལ་སོགས་པ་རང་བཞིན་གྱི་རིགས་སེམས་ཅན་ཐམས་ཅད་ལ་ཡོད་པའི་ཕྱིར་ཏེ། སེམས་ཅན་གྱི་རིགས་དེ་དྲི་མ་དང་བྲལ་བའི་ ཕྱིར་དང་སངས་རྒྱས་ཀྱི་རིགས་དང་ཐ་དད་མེད་པར་ཤིན་ཏུ་འདྲ་ཞིང་ཉེ་བར་སྤྱོད་ཅིང་ཡོད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང༌། སངས་རྒྱས་རིགས་ལ་དེ་འབྲས་ཉེར་སྤྱོད་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་ཆོས་དབྱིངས་དེ་ནི་རང་བཞིན་གནས་རིགས་ཀྱང་ཡིན་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། ཆོས་ཉིད་རྣམ་པར་མི་རྟོག་ཅིང་འོད་གསལ་བའི་དབྱིངས་གང་ཡིན་པ་དེ་ནི་རང་བཞིན་གྱི་རིགས་སོ། །ཞེས་གསུངས་སོ། །དེ་འདྲའི་དོན་དམ་ཟག་པ་མེད་པའི་ཡེ་ཤེས་དེ་ནི་དྲི་མས་མ་དག་པའི་གནས་སྐབས་སུ་དྲི་མ་གནས་པའི་གཞི་དང༌། ཅུང་ཟད་དག་པའི་གནས་སྐབས་སུ་དྲི་མ་སྦྱོང་བའི་གཞི་དང༌། ཤིན་ཏུ་རྣམ་དག་གི་གནས་སྐབས་སུ་དྲི་མ་དག་པའི་གཞིར་བཞུགས་པ་ཡིན་པས་ནམ་མཁའ་ལྟར་ཀུན་འགྲོ་ཀུན་ཁྱབ་ཏུ་བཞུགས་པ་ཡིན་ནོ། །དེ་ལྟ་བུའི་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ནི། སངས་རྒྱས་ཀྱི་རང་བཞིན་ཉིད་ཡིན་ལ་དེ་ལ་སྟོབས་དང་མི་འཇིགས་པ་དང༌། ཏིང་ངེ་འཛིན་ཚད་མེད་པ་ལ་སོགས་པ་ཆོས་སྐུའི་ཡོན་ཏན་མཐའ་ཡས་པའི་བདག་ཉིད་དུ་གྲུབ་པ་ཡིན་ཏེ།མྱང་འདས་ཆེན་པོའི་མདོ་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། ཐུགས་རྗེ་ཆེན་པོ་དང༌། དྲན་པ་ཉེ་བར་བཞག་པ་གསུམ་དང༌། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་རྣམ་གྲངས་བྱེ་བ་ཕྲག་བརྒྱད་ཁྲི་རྣམས་དང༌། མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་བོ་བརྒྱད་ཅུ། ཞེས་པ་ནས། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རང་བཞིན་ཡིན་ནོ། །ཞེས་དང༌། བསྟན་བཅོས་རྒྱུད་བླ་མ་ལས། འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གང་གཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་གསུངས་པའི་ཕྱིར། གཞན་ཡང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པ་ངེས་དོན་གྱི་མདོ་སྡེ་རྣམས་ཀྱི་དོན་གྱི་སྙིང་པོ་བསྡུས་ནས་རྗེ་བཙུན་བྱམས་མགོན་གྱིས་གསུངས་པ་འདི་ལྟ་སྟེ། བསྟན་བཅོས་རྒྱུད་བླ་མ་ལས། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང༌། །གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན། །རྟག་ཏུ་མི་འགྱུར་ཡོན་ཏན་རང་བཞིན་ནི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། །ཞེས་རྣམ་བཞག་རྣམ་པ་བཅུ་དང༌། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང༌། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང༌། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་ཡོངས་གྲུབ་དེ་བཞིན་ཉིད་སེམས་ཅན་ལ་ལྟོས་ནས་སྒྲིབ་བྱེད་དྲི་མ་དགུས་བསྒྲིབས་ནས་བཞུགས་ཚུལ་དཔེ་དོན་དང་བཅས་ཏེ་གསལ་བར་གསུངས་སོ། །དེ་ལྟར་རྗེ་རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པ་དང༌། འཇམ་མགོན་བླ་མ་སྒྲོལ་མགོན་ཡབ་སྲས་ཀྱི་གསུང་རབ་ཀྱི་གསུང་ཟིན་དང་མཐུན་པར་གཞིའི་རྣམ་བཞག་མདོར་བསྡུས་ཏེ་བཤད་པའོ། །

གཉིས་པ་ལམ་གྱི་རྣམ་བཞག་བཤད་པ།

གཉིས་པ་ལམ་གྱི་རྣམ་བཞག་བཤད་པ་ལ།

དེ་ལྟར་གཞི་དོན་དམ་ཆོས་ཀྱི་དབྱིངས་ལ་དོན་དམ་གྱི་ཡོན་ཏན་ཐམས་ཅད་རང་བྱུང་དུ་མི་འབྲལ་པར་བཞུགས་ཀྱང་ལམ་ཚོགས་གཉིས་སྒྲུབ་མི་དགོས་པ་མ་ཡིན་ཏེ། སྤྲོས་བྲལ་མི་རྟོག་པའི་ལམ་གཙོ་བོར་གྱུར་བའི་རྒྱ་ཆེ་བའི་ལམ་མཐའ་དག་བསྒོམས་ཏེ་རྣམ་རྟོག་བདག་འཛིན་གཉིས་སོགས་གློ་བུར་གྱི་དྲི་མ་མཐའ་དག་བསལ་ནས་དོན་དམ་པའི་ཡེ་ཤེས་མངོན་དུ་བྱེད་དགོས་པ་གང་ཞིག ཀུན་རྫོབ་གཟུགས་སྐུ་གསར་དུ་བསྐྱེད་ནས་སེམས་ཅན་གྱི་དོན་འཁོར་བ་ཇི་སྲིད་དུ་བྱ་དགོས་པའི་ཕྱིར་ཏེ། རྒྱུ་འབྲས་དབུ་མའི་ཐིག་ལེ་ལས། གཉེན་པོ་རྣམ་པར་མི་རྟོག་ལམ་སྒོམ་བྱ། །ཞེས་དང༌། ཀུན་མཁྱེན་ཕྱོགས་རྒྱལ་བའི་གཞི་ལམ་འབྲས་གསུམ་ངོ་སྤྲོད་ཡང་དག་དོན་གསལ་ལས། དེ་ལྟར་སངས་རྒྱས་དེ་གཞི་ལ་ཡེ་ནས་བཞུགས་ཀྱང༌། སེམས་ཅན་རྣམས་འཁོར་བར་སྡུག་བསྔལ་བ་ནི། སངས་རྒྱས་དེ་ཉིད་ཉོན་མོངས་པ་གློ་བུར་གྱི་དྲི་མས་བསྒྲིབས་པའི་སྐྱོན་ལས་གྱུར་པ་ཡིན་པས་གློ་བུར་གྱི་དྲི་མ་དང་བྲལ་བར་བྱ་དགོས་ཤིང༌། གློ་བུར་གྱི་དྲི་མ་ནི་རྣམ་པར་རྟོག་པའི་ངོ་བོ་ཡིན་པས། དེའི་གཉེན་པོར་ལམ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་འཁོར་དང་བཅས་པ་སྒོམ་པར་བྱ་སྟེ། ཞེས་གསུངས་པ་ལྟར་ལམ་གྱི་རྣམ་བཞག་ཤེས་དགོས་པས་དེ་བཤད་པ་ལ། ལམ་གྱི་སྤང་བྱ། ལམ་གྱི་སྒོམ་བྱ། ལམ་གྱི་རང་བཞིན་བཤད་པ་དང་གསུམ། དང་པོ་ལམ་གྱི་སྤང་བྱ་ནི། ཀུན་མཁྱེན་ཕྱོགས་རྒྱལ་བའི་གཞི་ལམ་འབྲས་གསུམ་ཡང་དག་དོན་གསལ་ལས། སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐུན་མོང་གི་སྒྲིབ་པའི་རྣམ་པར་བཞག་པ་ནི་སྒྲིབ་པ་ཞེས་བྱ་བ་ཐར་བ་དང་ཐམས་ཅད་མཁྱེན་པ་ལ་སྒྲིབ་པས་སམ། སེམས་ཅན་ཐམས་ཅད་ལ་གནས་ལུགས་ཡང་དག་པའི་དོན་གདོད་མ་ནས་བཞུགས་པའི་སངས་རྒྱས་ཆོས་ཀྱི་སྐུ་དེ་ལ་བསྒྲིབས་པས་ན་སྒྲིབ་པ་ཞེས་བྱའོ། །དེ་ལ་སྤྱིར་ཐར་པ་ལ་སྒྲིབ་པ་ཉོན་མོངས་པའི་སྒྲིབ་པ་དང༌། ཐམས་ཅད་མཁྱེན་པ་ལ་སྒྲིབ་པ་ཤེས་བྱའི་སྒྲིབ་པ་སྟེ་འདི་གཉིས་སུ་སྒྲིབ་པ་ཐམས་ཅད་འདུས་པ་ཡིན་ཏེ། རྗེ་བཙུན་བྱམས་པ་མགོན་པོས་དབུས་དང་མཐའ་རྣམ་པར་འབྱེད་པར།ཉོན་མོངས་པ་ཡི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་གསུངས་སོ། །ཡང་ཉོན་སྒྲིབ་དང་ཤེས་སྒྲིབ་དང་སྙོམས་འཇུག་གི་སྒྲིབ་པ་གསུམ་དུའང་གསུངས་ཏེ། རྒྱུད་བླ་མར། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །ཞེས་སོ། །

དེ་ལ་ཉོན་སྒྲིབ་དང་ཤེས་སྒྲིབ།

དེ་ལ་ཉོན་སྒྲིབ་དང་ཤེས་སྒྲིབ་ནི།

རྒྱུད་བླ་མར། འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། སེར་སྣ་ལ་སོགས་རྣམ་རྟོག་གང༌། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཅེས་གསུངས་ཏེ། ལས་དང་བྱ་བ་དང་བྱེད་པ་པོ་སྟེ་འཁོར་གསུམ་དུ་རྣམ་པར་རྟོག་པ་ནི་ཤེས་སྒྲིབ་དང༌། ཕར་ཕྱིན་དང་པོ་ལྔའི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་པའི་རྣམ་རྟོག་ནི་ཉོན་སྒྲིབ་དང༌། སྙོམས་འཇུག་གི་སྒྲིབ་པ་ནི་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་སུ་གྱུར་བ་རྣམས་ཏེ་འདི་ཤེས་བྱའི་སྒྲིབ་པའི་བྱེ་བྲག་ཡིན་ནོ། །ཡང་ཉོན་མོངས་པའི་སྒྲིབ་པ་ལ་མཐོང་སྤང་གི་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་དང༌། སྒོམ་སྤང་གི་ཉོན་མོངས་པ་བཞི་བརྒྱ་དང་བཅུ་བཞི་ཡོད་པར་བཤད་དོ། །ཤེས་སྒྲིབ་ལ་མཐོང་སྒོམ་གྱི་ལམ་གྱི་སྤང་བྱ་གཟུང་འཛིན་གྱི་རྟོག་པ་བཞི་ཡོད་དེ། མངོན་པར་རྟོགས་པའི་རྒྱན་ལས། མཐོང་དང་སྒོམ་པའི་ལམ་དག་ལ། །གཟུང་དང་འཛིན་པའི་རྣམ་རྟོག་རྣམས། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། །ཞེས་དང༌། རྣམ་རྟོག་བཞི་བོ་རེ་རེ་ལ་ཡང་དགུ་དགུ་སྟེ་སུམ་བཅུ་རྩ་དྲུག་ཡོད་པར་བཤད་དོ། །ཡང་ན་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྒྲིབ་པའི་སྒྲིབ་པ་རྣམ་པ་དགུ་གསུངས་ཏེ། ཞེས་གསུངས་སོ། །བདེ་གཤེགས་སྙིང་པོ་སྒྲིབ་བྱེད་ཀྱི་དྲི་མ་དགུ་ནི། རྒྱུད་བླ་མ་ལས། ཆགས་དང་སྡང་དང་རྨོངས་དང་དེའི། །ཀུན་ལྡང་དྲག་དང་བག་ཆགས་དང༌། །མཐོང་སྒོམ་ལམ་སྤང་མ་དག་དང༌། །དག་པའི་ས་ལ་བརྟེན་པ་ཡི། །དྲི་མ་རྣམ་དགུ །ཞེས་གསུངས་ལ། སྤང་བྱ་དེ་རྣམས་རྒྱས་པར་མངོན་པ་གོང་འོག་རྩ་འགྲེལ་དང་རྒྱུད་བླ་རྩ་འགྲེལ་ལས་ཤེས་པར་བྱའོ། །འཁོར་བའི་རྩ་བ་ནི། མ་རིག་པ་ཡིན་པར་གསུངས་སོ། །སྔགས་ཀྱི་ཐེག་པར་གསུངས་པའི་སྒྲིབ་པ་ནི། སྐུ་བཞི་ལ་སྒྲིབ་བྱེད་གནས་སྐབས་བཞིའི་སྒྲིབ་པ་བཞི་དང༌། མ་དག་འཁོར་བའི་ཕུང་ཁམས་སོགས་སྦྱང་བར་བྱ་བའི་དྲི་མ་རྣམས་ཡིན་ཏེ། གཞི་ལམ་འབྲས་གསུམ་ཡང་དག་དོན་གསལ་ལས། སྐུ་བཞིའི་བདག་ཉིད་ལ་སྒྲིབ་པར་བྱེད་པའི་སྒྲིབ་པ་འཁོར་བའི་གནས་སྐབས་རྣམ་པ་བཞིའི་སེམས་ཡིན། ཞེས་པ་ནས། མདོར་ན་མ་དག་པ་འཁོར་བའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་གློ་བུར་པ་ཐམས་ཅད་སྒྲིབ་པའི་ངོ་བོ་སྟེ་སྦྱང་བར་བྱ་བའི་དྲི་མའོ། །ཞེས་པའོ། །སྒྲིབ་པའི་རྩ་བ་ནི་ཐིག་ལེ་འཕོ་བའི་ཆགས་པ་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། ཐིག་ལེ་བཏང་ན་རྣལ་འབྱོར་རྣམས་ཀྱིས་མཆོག་གི་བདེ་བ་སྐྱེ་བའི་ས་བོན་སྤངས་ལ་ཐར་བ་གང༌། །དེ་ཕྱིར་འཁོར་བའི་བདེ་བའི་སྐད་ཅིག་འདི་ནི་སྡོམ་བརྩོན་རྣམས་ཀྱིས་ཐམས་ཅད་དུས་སུ་སྤངས་བར་བྱ། །ཞེས་དང༌། གཞི་ལམ་འབྲས་གསུམ་ཡང་དག་དོན་གསལ་ལས། འཁོར་བ་པ་རྣམས་ཀྱི་ཐིག་ལེ་འཕོ་བའི་ཆགས་པ་ནི་སྒྲིབ་པ་ཐམས་ཅད་ཀྱི་རྩ་བ་ཡིན་པར་གསུངས་སོ། །ཞེས་སོགས་རྒྱས་པར་གསུངས་སོ། །

གཉིས་པ་ལམ་གྱི་སྒོམ་བྱ།

གཉིས་པ་ལམ་གྱི་སྒོམ་བྱ་ནི།

ཐེག་དམན་གྱིས་མི་རྟག་སོགས་བཅུ་དྲུག་དང༌། རྟེན་འབྲེལ་བཅུ་གཉིས། ངེས་འབྱུང་གི་བསམ་པ་སོགས་བསྒོམ་ལ། ཐེག་ཆེན་གྱིས་དེ་རྣམས་ཀྱི་སྟེང་དུ་ཆོས་ཀྱི་བདག་མེད་དང༌། གཞན་དོན་ཁུར་འཁྱེར་གྱི་སྙིང་རྗེ་དང༌། ཐེག་ཆེན་སེམས་བསྐྱེད། ཕར་ཕྱིན་དྲུག་དང༌།མཐར་ཐུག་གི་སྐུ་བཞི་རྣམས་བསྒོམ་པའོ།། །།

གསུམ་པ་ལམ་གྱི་རང་བཞིན་བཤད་པ།

གསུམ་པ་ལམ་གྱི་རང་བཞིན་བཤད་པ་ལ།

ལམ་ལྔ་དང༌། ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་ལམ་བཤད་པ་དང་གཉིས།དང་པོ་ལ། མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན་བཤད་པ་དང་གསུམ། དང་པོ་ནི། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་དགེ་བ་གང་ཞིག རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་བ་དེ། ལམ་མམ་ལམ་བདེན་གྱི་མཚན་ཉིད་ཡིན་ཏེ། མདོ་ལས། ཐབས་དང་བཅས་པའི་ཤེས་རབ་ནི་ལམ་མོ། །ཤེས་རབ་དང་བཅས་པའི་ཐབས་ནི་ལམ་མོ། །ཞེས་གསུངས་སོ། བྱེད་ལས་ནི། ཟག་པ་དང་བཅས་པ་འབྲས་བུའི་ཆོས་ཐམས་ཅད་སྡུག་བསྔལ་དུ་ཤེས་པར་བྱས་ནས་དེའི་རྒྱུ་ཉོན་མོངས་པ་སྤངས་ཞིང༌། དེ་དག་གིས་རྣམ་པར་དག་པ་མངོན་སུམ་དུ་བྱ་བའི་ཆེད་དུ་ཟག་པ་མེད་པའི་དགེ་བའི་རྩ་བ་རྣམས་བསྟེན་པ་ཡིན་ཏེ། མངོན་པ་ཀུན་བཏུས་ལས། ལམ་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་ཀུན་འབྱུང་སྤོང་བ་དང་འགོག་པ་མངོན་དུ་བྱེད་པ་དང་ལམ་བསྒོམ་པ་སྟེ་འདི་ནི་ལམ་གྱི་མཚན་ཉིད་མདོར་བསྡུས་པའོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དབྱེ་བ་ནི་དེ་ཉིད་ལས། ལམ་རྣམ་པ་ལྔ་སྟེ། ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་དང་མཐོང་བའི་ལམ་དང་སྒོམ་པའི་ལམ་དང་མཐར་ཕྱིན་པའི་ལམ་མོ། །ཞེས་པ་ལྟར་རོ། །ཡང་ན་ཐེག་གསུམ་གྱི་ལམ་གསུམ་ཡོད། ཉན་ཐོས་ཀྱི་ལམ་ནི། རྒྱུད་བླ་མ་ལས། མི་རྟག་སྡུག་བསྔལ་བདག་མེད་དང༌། །ཞི་བའི་སྒྲའི་ཐབས་མཁྱེན་པས། །སེམས་ཅན་སྲིད་གསུམ་སྐྱོ་བསྐྱེད་ནས། །མྱ་ངན་འདས་ལ་རབ་ཏུ་འཇུག །ཅེས་པ་ལྟར་མི་རྟག་བཅུ་དྲུག་བསམ་གཏན་ས་དྲུག་ལ་སོགས་ལ་བརྟེན་ནས་བསྒོམས་ཏེ་ཉོན་སྒྲིབ་ཀྱི་གཉེན་པོར་གྱུར་བའི་ཚོགས་ལམ་སོགས་ལམ་རྣམ་པ་ལྔའོ། །རང་རྒྱལ་གྱི་ལམ་ནི། མི་རྟག་སོགས་བཅུ་དྲུག་དང་རྟེནའབྲེལ་བཅུ་གཉིས་སོགས་བསྒོམས་སྟེ་ཉོན་སྒྲིབ་སོགས་སྤོང་བའི་ཚོགས་ལམ་སོགས་ལྔའོ། །ཕྱོགས་རྒྱལ་བ་དང་ཉ་དབོན་པ་སོགས་ཀྱིས་རང་རྒྱལ་གྱིས་གཟུང་བ་ཕྱི་དོན་མེད་པར་རྟོགས་ཏེ། ཤེས་སྒྲིབ་ཀྱི་ཕྱོགས་གཅིག་ཕྱི་རོལ་དོན་འཛིན་གྱི་རྟོག་པ་སྤངས་བར་གསུངས་སོ། །སྔོན་མེད་ལེགས་བཤད་དུ་མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། ཞེས་སོགས་ཀྱི་ལུང་དོན་རང་རྒྱལ་གྱིས་གཟུང་བ་བདེན་མེད་རྟོགས་པའི་དོན་མ་ཡིན་པར་གསུངས་སོ། །ཐེག་ཆེན་གྱི་ལམ་ནི་ཆོས་ཀྱི་བདག་མེད་སོགས་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ཚོགས་ལམ་སྦྱོར་ལམ་མཐོང་ལམ་སྒོམ་ལམ་གྱི་སྐབས་སུ་བསྐལ་ཆེན་གྲངས་མེད་གསུམ་ལ་བསྒོམས་ནས་མཐར་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་མི་སློབ་ལམ་མངོན་དུ་བྱས་ནས་སྐུ་བཞིའི་གོ་འཕང་ཐོབ་པ་ཡིན་ནོ། །གསུམ་པ་སོ་སོའི་རང་བཞིན་བཤད་པ་ལ་ལྔ་ལས། དང་པོ་ཚོགས་ལམ་ནི། ལས་དང་པོ་པ་རྣམས་ཀྱི་ཐར་བའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྒྱུད་ཡོན་ཏན་གྱི་ཚོགས་ཀྱིས་འགེངས་ཤིང༌། རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་བ། ཚོགས་ལམ་གྱི་མཚན་ཉིད་དུ་ས་བཟང་གི་རྒྱུད་བླར་གསུངས་སོ། །དེ་ལ་དབྱེ་ན་ཆུང་འབྲིང་ཆེ་གསུམ་ཡོད།ཆུང་ངུའི་གནས་སྐབས་སུ་ལུས་ཚོར་སེམས་ཆོས་དྲན་པ་ཉེ་བར་བཞག་པ་བཞི་གཙོ་ཆེར་བསྒོམ་པར་བྱ་ཞིང༌། འབྲིང་གི་གནས་སྐབས་སུ་སྡིག་པ་སྐྱེས་པ་རྣམས་སྤངས་པ་དང༌། མ་སྐྱེས་པ་རྣམས་མི་བསྐྱེད་པ་དང༌། དགེ་བ་མ་སྐྱེས་པ་རྣམས་སྐྱེད་པ་དང༌། སྐྱེས་པ་རྣམས་སྤེལ་བ་སྟེ་ཡང་དག་སྤོང་བཞི་གཙོ་བོ་བསྒོམ་པ་དང༌། ཆེན་པོའི་གནས་སྐབས་སུ་འདུན་པ་དང་བརྩོན་འགྲུས་དང་སེམས་དང་དཔྱོད་པའི་ཏིང་ངེ་འཛིན་ཏེ་རྫུ་འཕྲུལ་གྱི་རྐང་བ་བཞི་རྣམས་ཀྱང་གཙོ་ཆེར་བསྒོམ་པར་བྱའོ། །གཉིས་པ་སྦྱོར་ལམ་ནི། ཚོགས་བསགས་པ་ལས་མོས་པས་སྤྱོད་པ་རྣམས་ཀྱིས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བདེན་པ་རྣམས་མངོན་པར་རྟོགས་པ་ལ་རིམ་གྱིས་སྦྱོར་ཞིང་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་བ་དེ། སྦྱོར་ལམ་གྱི་མཚན་ཉིད། དབྱེ་ན། དྲོད་རྩེ་མོ་བཟོད་པ་ཆོས་མཆོག་སྟེ་བཞིའོ། །དང་པོ་གཉིས་ཀྱི་སྐབས་སུ་དད་བརྩོན་དྲན་པ་ཏིང་ངེ་འཛིན་ཤེས་རབ་སྟེ་དབང་བོ་ལྔ་གཙོ་ཆེར་བསྒོམ་པར་བྱ་ལ། ཕྱི་མ་གཉིས་ཀྱི་སྐབས་སུ་དེ་དག་སྟོབས་སུ་གྱུར་པ་ལྔ་གཙོ་ཆེར་བསྒོམ་པར་བྱ་སྟེ། དབུས་མཐའ་ལས། དབང་པོ་རྣམས་དང་སྟོབས་རྣམས་ལ། །ངེས་འབྱེད་ཡན་ལག་གཉིས་གཉིས་སོ། །ཞེས་སོ། །

གསུམ་པ་མཐོང་ལམ།

གསུམ་པ་མཐོང་ལམ་ནི།

ཆོས་མཆོག་གི་མཇུག་ཐོགས་སུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་འཕགས་པའི་བདེན་པ་མངོན་སུམ་གྱིས་གསར་དུ་མཐོང་བའི་སྐབས་ཀྱི་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་བ། མཐོང་ལམ་གྱི་མཚན་ཉིད། དེ་ལ་དབྱེ་ན། བདེན་པ་སོ་སོ་ལ་སྐད་ཅིག་བཞི་བཞིའི་དབྱེ་བས་སྐད་ཅིག་མ་བཅུ་དྲུག་རིམ་ཅན་དུ་སྐྱེས་པའོ། །དེའི་སྐབས་སུ་དྲན་པ་ཤེས་རབ་བརྩོན་འགྲུས་དགའ་བ་ཤིན་སྦྱངས་ཏིང་ངེ་འཛིན་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གཙོ་བོར་བསྒོམ་པའོ། །བཞི་བ་སྒོམ་ལམ་ནི། བདེན་པ་མངོན་སུམ་དུ་རྟོགས་ཟིན་གོམས་པར་བྱེད་པའི་སྐབས་ཀྱི་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ། སྒོམ་ལམ་གྱི་མཚན་ཉིད། དབྱེ་ན། སྒོམ་ལམ་སྐོར་དགུ་ཡོད་དེ། ཁམས་གསུམ་སྤང་བྱ་ཆེན་པོའི་ཆེན་པོ་སོགས་དགུ་སྤོང་བྱེད་ཀྱི་གཉེན་པོ་ཆུང་ངུའི་ཆུང་ངུ་སོགས་དགུ་ཡོད་པའི་ཕྱིར་ཏེ། མངོན་རྟོགས་རྒྱན་ལས། ས་དགུ་ལ་ནི་ཆེན་པོ་ཡི། ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། སོགས་པའི་ལམ་ནི་དག་པ་ཡིན། །ཞེས་སོ། །དེའི་སྐབས་སུ་ཡང་དག་པའི་ལྟ་བ། རྟོགས་པ། ངག ལས་ཀྱི་མཐའ། འཚོ་བ། རྩོལ་བ། དྲན་པ། ཏིང་ངེ་འཛིན་ཏེ་འཕགས་ལམ་ཡན་ལག་བརྒྱད་གཙོ་ཆེར་བསྒོམ་པའོ། །ལྔ་བ་ཐེག་པ་རང་ལམ་གྱི་མི་སློབ་ལམ་ནི། ཐེག་པ་རང་ལམ་གྱི་བགྲོད་པ་མཐར་ཕྱིན་པའི་རྣམ་གྲོལ་ལམ་གྱི་འཇུག་ངོགས་སུ་གྱུར་བ། ཐེག་པ་རང་ལམ་གྱི་མི་སློབ་ལམ་གྱི་མཚན་ཉིད། དབྱེ་ན། ཉན་རང་ཐེག་ཆེན་མི་སློབ་ལམ་དང་གསུམ་མོ། །ལམ་ལྔའི་རྣམ་བཞག་མདོར་བསྡུས་ཙམ་བརྗོད་ཟིན་ཏོ། ། ས་བཅུའི་རྣམ་བཞག་དང༌། ཟབ་ལམ་སྦྱོར་བ་ཡན་ལག་དྲུག་གི་ལམ་རྣམས་གཞན་ལས་ཤེས་པར་བྱའོ། །

གཉིས་པ་ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་ལམ་བཤད་པ།

གཉིས་པ་ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་ལམ་བཤད་པ་ནི།

འདིར་རྣམ་དག་ལེགས་པའི་ལམ་ལ། ཀུན་མཁྱེན་ཇོ་ནང་བ་ཆེན་པོའི་ལྟ་བ་ཤན་འབྱེད་ཡིད་ཀྱི་མུན་སེལ་ལས། ལྟ་སྒོམ་སྤྱོད་པ་ཆོས་ཀྱི་གཞུང༌། །ཞེས་གསུངས་པ་ལྟར་རྣམ་དག་ལེགས་པའི་ལམ་སྒྲུབ་པ་ལ་ལྟ་སྒོམ་སྤྱོད་གསུམ་ཚང་དགོས་པ་ཡིན་པས་དེ་གསུམ་ལས། དང་པོ་ལྟ་བ་ལ་ཐུན་མོང་ཡིན་མིན་གཉིས་ལས། དང་པོ་ནི། རི་ཆོས་ངེས་དོན་རྒྱ་མཚོ་ལས། ཡང་དག་པའི་ལྟ་བ་ཐུན་མོང་དུ་གྲགས་པ་ལེགས་པར་རྟོགས་པ་ལ་ནི། ཆོས་ཐམས་ཅད་གནས་ལུགས་ལ་རི་བོང་གི་རྭ་དང༌། མོ་གཤམ་གྱི་བུ་ལྟར་ཅི་ཡང་མ་རེད་ཅིང་གང་དུ་ཡང་མ་གྲུབ་པས་ནམ་མཁའི་མེ་ཏོག་ལྟ་བུར་ཐག་ཆོད་པ་དགོས་ཏེ་དེའི་ཤེས་བྱེད་རྣམས་ནི་བཀའ་འཁོར་ལོ་བར་བ་དང༌། རིགས་ཚོགས་ལ་སོགས་པ་རྣམས་སུ་གྲགས་པའི་ཕྱིར། ཞེས་དང༌། རྒྱལ་བའི་ཡུམ་ལས། ཤཱ་རིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ལ་ཡང་སློབ་པ་མེད་དོ། །ཞེས་དང༌། སྣ་ཚོགས་འདུ་ཤེས་བྲལ་ཞིང་ཉེ་བར་ཞི་སྤྱོད་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང༌། བཞི་བརྒྱ་བ་ལས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །ཞེས་དང༌། རྩོད་ཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་ཏེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་སྣང་གྲགས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱི་སྤྲོས་པ་ཉེ་བར་ཞི་བའི་སྤྲོས་བྲལ་དུ་གཏན་ལ་ཕབ་དགོས་སོ། །ཐུན་མོང་མ་ཡིན་པའི་ལྟ་བ་ཡང༌། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གསུངས་པ་ལྟར་དོན་དམ་རང་བྱུང་འོད་གསལ་བའི་ཡེ་ཤེས་ཉིད་གཞན་གཟུང་འཛིན་སོགས་སྤྲོས་པ་མཐའ་དག་གིས་གདོད་ནས་སྟོང་ཞིང་དོན་དམ་རང་བྱུང་འདུས་མ་བྱས་པའི་ཡོན་ཏན་སྟོབས་སོགས་ཟག་མེད་ཀྱི་ཡོན་ཏན་རྣམས་ཐོག་མེད་ནས་རང་བཞིན་འགྱུར་བ་མེད་པར་གནས་པའི་ཆོས་དབྱིངས་དེ་བཞིན་ཉིད་ཀྱི་གནས་ལུགས་ཚུལ་བཞིན་དུ་རྟོགས་པའི་མངོན་རྟོགས་ནི། ཡང་དག་པའི་ལྟ་བ་ཡིན་ནོ། །ཡང་གཞི་བདེན་པ་གཉིས་ཀ་ཟུང་འཇུག་ཏུ་ལེགས་པར་རྟོགས་ནས་ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པ་ལ་བླང་དོར་ཕྱིན་ཅི་མ་ལོག་པར་བྱས་ཏེ། ཡང་དག་པའི་ལྟ་བ་རྒྱུད་ལ་སྐྱེས་ན་དངོས་པོར་ཞེན་པའི་བདག་འཛིན་སོགས་དྲི་མ་གློ་བུར་བ་རྣམས་སྤོང་བར་བྱེད་པ་ཡིན་ཏེ། ས་བཟང་མ་ཏི་པཎ་ཆེན་གྱི་ཞལ་ནས། ལྟ་བ་བདེན་གཉིས་ཟུང་འཇུག་རྟོགས་པ་ཡིས། །ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པ་ལ། །བླང་དོར་ཚུལ་བཞིན་བགྱིས་ཏེ་དམ་པའི་དོན། །སྟོང་ཉིད་རྟོགས་ལས་དངོས་འཛིན་མཐའ་དག་སྤངས། །ཞེས་གསུངས་པའི་ཕྱིར་རོ། །ཡང་གནས་ལུགས་སུ་ཡོད་པ་ལ་ཡོད་ཅེས་དང་མེད་པ་ལ་མེད་ཅེས་སོགས་བཀའ་འཁོར་ལོ་ཐ་མ་ལྟ་བ་ཤན་འབྱེད་དོན་དུ་གསུངས་ཏེ། རྗེ་ཇོ་ནང་བའི་ལྟ་བ་ཤན་འབྱེད་ལས། ཡོད་དོ་མེད་དོ་རྟག་ཆད་སོགས། །ལྟ་བ་ཤན་འབྱེད་དོན་དུ་གསུངས། །ཞེས་གསུངས་སོ། །སྤྱིར་སྤྲོས་བྲལ་དུ་གནས་ལུགས་ལ་ལྟ་བ་ནི་མཉམ་བཞག་གི་ལྟ་བ་དང༌། བཀའ་འཁོར་ལོ་ཐ་མ་ལྟར་ཡོད་མེད་སོགས་ཤན་འབྱེད་ནས་བདེན་གཉིས་གནས་ལུགས་ཇི་ལྟ་བར་ལྟ་བ་ནི་རྗེས་ཐོབ་ཀྱི་ལྟ་བ་ཡིན་ནོ། །དེ་ལྟར་ཡང་དག་པའི་ལྟ་བ་ཚུལ་བཞིན་དུ་ཤེས་དགོས་ལ། མ་ཤེས་ན་སྤྱོད་པ་དང་སྒོམ་པ་ལས་ཀྱང་ཉམས་པར་འགྱུར་ཏེ། ལྟ་བ་ཤན་འབྱེད་ཡིད་ཀྱི་མུན་སེལ་ལས། ལྟ་བ་འཁྲུལ་ན་སྤྱོད་པ་ནོར། །དེ་ནས་སྒོམ་པ་ཉམས་པར་འགྱུར། །དེ་ཕྱིར་ཐོག་མར་ལྟ་བ་གཅེས། །ཞེས་གསུངས་པའི་ཕྱིར་རོ།། །།

གཉིས་པ་སྒོམ་བཤད་པ།

གཉིས་པ་སྒོམ་བཤད་པ་ལ།

རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ་དང་སྔགས་ཀྱི་དགོངས་དོན་མཐའ་དག་འགལ་བ་མེད་པར་ཚུལ་བཞིན་དུ་ཉམས་སུ་ལེན་པ་ནི་སྒོམ་པ་ཡིན་ལ། དེ་ལྟར་བཀའ་འཁོར་ལོ་གསུམ་གྱི་དགོངས་དོན་མཐར་ཐུག་ཉམས་སུ་བླངས་པས་བདེ་གཤེགས་སྙིང་པོ་ཡིད་བཞིན་གྱི་ནོར་བུའི་དྲི་མ་རགས་པ་དང་ཕྲ་བ་དང་ཤིན་ཏུ་ཕྲ་བ་རྣམས་སྦྱོང་བའི་ཚུལ་དང་མཐུན་པར་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོ་ལས་གསུངས་ཤིང༌། དེ་ཡང་འཁོར་ལོ་དང་པོ་ནི། ཐེག་ཆེན་གྱི་ངེས་དོན་ཟབ་མོ་སྒོམ་པའི་སྔོན་འགྲོ་དང་ཡང་རྗེས་སུ་མཐུན་ཞིང༌། འཁོར་ལོ་གཉིས་པ་ནི་ཟབ་མོའི་དོན་ལ་མཉམ་པར་བཞག་པའི་ཏིང་ངེ་འཛིན་ཁྱད་པར་ཅན་ཉམས་སུ་ལེན་པ་དང་ཡང་མཐུན་ལ། འཁོར་ལོ་གསུམ་པ་ནི། ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས་པ་ན་ཡོད་མེད་ལ་སོགས་པ་ལེགས་པར་ཕྱེ་སྟེ་ངོ་སྤྲད་གསང་སྔགས་ཟབ་མོ་དང་ཡང་མཐུན་པར་རི་ཆོས་ངེས་དོན་རྒྱ་མཚོ་ལས་གསུངས་སོ། །དེ་ལ་སྒོམ་ཐུན་མོང་བ་བྱམས་སྙིང་རྗེ་དང༌། བདག་གཞན་མཉམ་རྗེ་དང༌། བསྐྱེད་རིམ་སྒོམ་པ་ལ་སོགས་པ་སྒོམ་ཐུན་མོང་བ་རྣམས་ཐུན་མོང་གི་གཞུང་ལུགས་སུ་གྲགས་པ་ལྟར་རོ། །ཐུན་མིན་གྱི་སྒོམ་ནི་འཁོར་ལོ་ཕྱི་མ་གཉིས་དང་གསང་སྔགས་རྡོ་རྗེ་ཐེག་པ་དོན་གཅིག་མོད་ཀྱི་ཉམས་སུ་ལེན་པ་ན་ལ་ཟློ་བ་ཆོས་ཉིད་ཟབ་མོ་ལ་འཁོར་ལོ་བར་བ་དང་མཐུན་པར་རྟོག་མེད་སྤྲོས་བྲལ་དུ་མཉམ་པར་བཞག་ནས་རྗེས་ཐོབ་ཏུ་ཤན་འབྱེད་པའི་ཚེ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ན་འཁོར་ལོ་ཐ་མ་དང་རྡོ་རྗེ་ཐེག་པ་ལས་གསུངས་པ་བཞིན་དུ་ལེགས་པར་རྣམ་པར་ཕྱེ་སྟེ་ངོ་སྤྲད་ན་ཐེག་པ་ཆེན་པོའི་གསུང་རབ་ཐམས་ཅད་ཀྱི་དོན་ཟབ་མོ་ཉམས་སུ་ལེན་པའི་དོན་ཚང་ལ་མ་ནོར་ཞིང་ཡོངས་སུ་དག་པ་ཉིད་དུ་འགྱུར་བས་གནས་ལུགས་ལ་ཡོད་མེད་དང་རང་རང་གི་ངོ་བོས་སྟོང་མི་སྟོང་དང་རྣམ་བཅད་ཡོངས་གཅོད་དང་མེད་དགག་མ་ཡིན་དགག་དང༌། སྤངས་པ་དང་རྟོགས་པ་ལ་སོགས་པ་མདོར་ན་གཤིས་ལ་ཇི་ལྟར་གནས་པ་བཞིན་དུ་ལེགས་པར་ཕྱེ་སྟེ་ཡང་དག་པའི་གནས་ལུགས་ཕྱིན་ཅི་མ་ལོག་པ་དེ་ཐོས་བསམ་གྱིས་ལེགས་པར་རྟོགས་པར་བྱས་ནས་ཀུན་རྫོབ་གློ་བུར་བའི་ཉེས་ཚོགས་གྱིས་དབེན་པའི་དོན་དམ་རང་བྱུང་འདུས་མ་བྱས་པའི་ཡོན་ཏན་རང་ཆས་སུ་དབྱེར་མེད་པའི་ཆོས་སྐུ་དེ་བཞིན་ཉིད་དེ་ཞི་ལྷག་ཟུང་འབྲེལ་དུ་ཡང་དག་པར་སྒོམ་པ་དེ་ཡིན་པའི་ཕྱིར་ཏེ། ཐེག་མཆོག་དབུ་མ་ལས། སྒོམ་པས་ཞི་ལྷག་ཟུང་འཇུག་དབུ་མ་ཡིན། །ཞེས་གསུངས་པའི་ཕྱིར། གོང་དུ་བཤད་པ་བཞིན་མཉམ་བཞག་གི་སྐབས་སུ་འཁོར་གསུམ་རྣམ་པར་རྟོག་པ་བཅོམ་པའི་ཕྱིར་དུ་རང་སེམས་རང་བྱུང་གཉུག་མ་དོན་གྱི་འོད་གསལ་གྱི་ཡེ་ཤེས་ལ་སྤྲོས་བྲལ་དུ་མཉམ་པར་བཞག་དགོས་ཏེ། རྒྱུད་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་གསུངས་པའི་ཕྱིར། དེ་ལྟར་ཚུལ་བཞིན་བསྒོམ་ན་བླང་དོར་མ་ནོར་བ་དང༌། ཟབ་མོའི་དོན་རྟོགས་པ་དང༌། དངོས་འཛིན་སོགས་སྤངས་པ་དང༌། མ་སྒོམ་ན་ལྟ་སྤྱོད་བཟང་ཡང་ཕན་པར་མི་འགྱུར་ཏེ། སྤྱོད་འཇུག་ལས། ལུས་ཀྱི་འདི་དག་སྤྱད་པར་བྱ། །ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ། །སྨན་དཔྱད་བཀློགས་པ་ཙམ་གྱིས་ནི། །ནད་པ་དག་ལ་ཕན་གྱུར་རམ། །ཞེས་དང༌། རྗེ་སྒྲོལ་མགོན་གྱི་ཞལ་སྔ་ནས། སྒོམ་པ་མེད་ན་ལྟ་སྤྱོད་ཀྱང༌། །ས་འོག་གཏེར་བཞིན་ཕན་མི་ཐོགས། །ཞེས་དང༌། ལྟ་སྤྱོད་བཟང་པོ་མང་བཤད་ཀྱང༌། །སྒོམ་དང་སྒྲུབ་དང་བྲལ་བ་ལ། །སེམས་དང་ཆོས་སུ་མ་འདྲེས་པའི། །དགོས་དུས་ཕན་ཐོགས་འབྱུང་བ་དཀའ། །ཞེས་སོགས་གསུངས་སོ། །

གསུམ་པ་སྤྱོད་པ་བཤད་པ།

གསུམ་པ་སྤྱོད་པ་བཤད་པ་ལ།

ཇོ་ནང་ས་བཟང་མ་ཏི་པཎ་ཆེན་གྱི་ཞལ་སྔ་ནས། འདུལ་བ་མདོ་སྡེ་མངོན་པའི་སྡེ་སྣོད་ལས། །གསུང་བཞིན་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཀྱི། །བསླབ་པ་གསུམ་ལ་རྟག་ཏུ་སློབ་པ་དང༌། །སྡེ་སྣོད་གསུམ་ཡང་མཁྱེན་པར་བགྱིད། །ཅེས་དང༌། ཐེག་མཆོག་དབུ་མ་ལས། སྤྱོད་པ་བླང་དོར་མ་ནོར་དབུ་མ་སྟེ། །ཞེས་གསུངས་པ་ལྟར་ཆོས་འདུལ་བའི་སྡེ་སྣོད་ལས་གསུངས་པའི་སོ་སོར་ཐར་བའི་དགག་སྒྲུབ་ཀྱི་བསླབ་བྱ་སོགས་ཚུལ་ཁྲིམས་ཀྱི་བསླབ་ཁྲིམས་ཚུལ་བཞིན་དུ་སྤྱོད་པ་དང༌། མདོ་སྡེའི་སྡེ་སྣོད་ལས་བཤད་པའི་ཏིང་ངེ་འཛིན་གྱི་བསླབ་པ་ལ་སློབ་པ་དང༌། མངོན་པའི་སྡེ་སྣོད་ལས་བཤད་པའི་ཤེས་རབ་ཀྱི་བསླབ་པ་ལ་རྟག་ཏུ་བརྩོན་པ་སོགས་བླང་དོར་མ་ནོར་བ་རྒྱལ་བའི་བཀའ་བཞིན་དུ་སྒྲུབ་པ་ནི་སྤྱོད་པ་དམ་པའོ། །མདོར་ན་སོར་བྱང་སྔགས་གསུམ་གྱི་སྡོམ་པའི་མི་མཐུན་ཕྱོགས་རྣམས་སྤངས་ནས་བསླབ་བྱ་རྣམས་ལ་རྟག་ཏུ་སློབ་དགོས་སོ། །སོར་བྱང་སྔགས་གསུམ་གྱི་བསླབ་བྱ་རྣམས་བདག་གིས་སྡོམ་གསུམ་གྱི་བསླབ་བྱ་དྭངས་གསལ་བདུད་རྩིའི་ཆུ་གཏེར་དུ་བཤད་ཡོད་པས་དེར་ཤེས་པར་བྱའོ། །དེ་ལྟ་བུ་ལ་སྤྱོད་དགོས་པའི་གནད་ཡང་རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པའི་ཕྱིར་ཏེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཞལ་ནས། རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པའི་ཕྱིར། །ལག་ལེན་སྤྱོད་པ་རྣམ་པར་དག་པ་གཅེས། །ཞེས་གསུངས་སོ། །དེ་འདྲའི་ལྟ་སྒོམ་སྤྱོད་པ་ཡ་མ་བྲལ་བར་ཐམས་ཅད་མ་ཚང་བར་མེད་པར་སློབ་དགོས་ཏེ། རྗེ་བཙུན་སྒྲོལ་མགོན་གྱི་ཞལ་ནས། དེ་གསུམ་གཅིག་ལ་གཅིག་རྟེན་ལགས། །ལྟ་མེད་ཀྱི་སྤྱོད་པ་བཟང་ན་ཡང༌། །མཚན་འཛིན་འཁོར་བའི་རྒྱུ་ཞིག་ལགས། །སྤྱོད་པ་ཉམས་པའི་ལྟ་བ་ནི། །བསོད་ནམས་ཚོགས་ཀྱང་མ་རྫོགས་ལ། །ཆད་ལྟའི་གཡང་ལ་ལྷུང་ཉེན་ཡོད། །སྒོམ་པ་མེད་ན་ལྟ་སྤྱོད་ཀྱང༌། །ས་འོག་གཏེར་བཞིན་ཕན་མི་ཐོགས། །ཞེས་གསུངས་པའི་ཕྱིར། ལྟ་སྒོམ་སྤྱོད་གསུམ་ཐམས་ཅད་བསླབ་པ་གསུམ་གྱི་ནང་དུ་འདུ་སྟེ། ཇི་སྐད་དུ། སངས་རྒྱས་སེམས་ཅན་སྤྱི་མེས་དེས། །སེམས་ཅན་རྣམས་ལ་ཕན་དོན་དུ། །ཚུལ་ཁྲིམས་ཤེས་རབ་སེམས་ཞེས་པའི། །བསླབ་པ་རྣམ་གསུམ་གསུངས་པ་ཡིན། །ཚུལ་ཁྲིམས་བསླབ་པ་སྤྱོད་པ་སྟེ། །ཤེས་རབ་བསླབ་པ་ལྟ་བ་ཡིན། །སྒོམ་པ་སེམས་ཀྱི་བསླབ་པ་སྟེ། །བསླབ་གསུམ་འདི་ལ་ནན་ཏན་འཚལ། །ཞེས་གསུངས་པའི་ཕྱིར་རོ། །འདིར་ལྟ་སྒོམ་སྤྱོད་གསུམ་དང་སྦྱར་ནས་ལམ་གྱི་རྣམ་བཞག་ཙམ་བཀོད་པ་ནི་རི་ཆོས་ངེས་དོན་རྒྱ་མཚོ་ལྟར་བཤད་ཁུལ་བྱས་པའོ། །

གསུམ་པ་འབྲས་བུ་བཤད་པ།

གསུམ་པ་འབྲས་བུ་བཤད་པ་ལ།

དེ་ལྟར་ཕྱིན་ཅི་མ་ལོག་པའི་ལྟ་སྒོམ་སྤྱོད་གསུམ་གྱི་ལམ་ཚོགས་གཉིས་ཡོངས་སུ་རྫོགས་པ་ལས་འབྲས་བུ་སྤང་བྱ་སྒྲིབ་གཉིས་མ་ལུས་པ་ཟད་པའི་སངས་རྒྱས་ཀྱི་གོ་འཕང་ལེགས་པར་ཐོབ་ནུས་ཏེ། བསྟན་བཅོས་རྒྱུད་བླ་མ་ལས། རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉི་དང་མཁའ་བཞིན་གློ་བུར་གྱི། །ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ཡིས་ནི་བསྒྲིབས་གྱུར་བ། །དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་ནས་འཐོབ། །ཅེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ས་བོན་གྱུར་བའི་དབྱིངས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །རིམ་གྱིས་སྦྱང་བར་གྱུར་པ་ལས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། དེ་ལྟར་ཐོབ་པའི་འབྲས་བུ་ལ་རྣམ་པ་གཉིས་ལས། དང་པོ་བྲལ་འབྲས་ནི། ཆོས་སྐུ་གང་ཡིན་པ་འགྱུར་མེད་ཡོངས་གྲུབ་དང༌། དེ་བཞིན་ཉིད་ཀྱི་སྐུ་ལ་བྲལ་བའི་ཡོན་ཏན་སྟོབས་དང་མི་འཇིགས་པ་དང༌། མ་འདྲེས་པའི་ཆོས་བཅོ་བརྒྱད་ལ་སོགས་པའི་དོན་དམ་སངས་རྒྱས་ཀྱི་ཡོན་ཏན་ཀུན་དང་ལྡན་པ་དེ་ཉིད་ཡིན་པ་དང༌། གཉིས་པ་སྨིན་འབྲས་ནི་གཟུགས་སྐུ་གང་ཡིན་པ་ལ་ཀུན་རྫོབ་གཟུགས་སྐུའི་མཚན་དཔེ་སོགས་སྨིན་པའི་ཡོན་ཏན་རྣམས་དང་ལྡན་པའི་གཟུགས་སྐུ་དེ་ཡིན་པར་གསུངས་ཏེ། རྒྱུད་བླ་མ་ལས། དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་དག་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན། །ཞེས་དང༌། གཞི་ལམ་འབྲས་གསུམ་ངོ་སྤྲོད་ཡང་དག་དོན་གསལ་ལས། གཞིའི་སངས་རྒྱས་དེ་གློ་བུར་གྱི་དྲི་མ་དང་བྲལ་བར་གནས་གྱུར་པ་ལ་འབྲས་བུ་སངས་རྒྱས་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ། ཞེས་པ་ནས། ཆོས་སྐུ་ཐོབ་པའི་བྱིན་བརླབས་ལས་གདུལ་བྱ་རྒྱུད་དག་པ་རྣམས་ལ་མཚན་དང་དཔེ་བྱད་ཀྱི་བདག་ཉིད་སྐུའི་སྣང་བ་ཤར་བས་དོན་མཛད་པ་ནི་གཟུགས་ཀྱི་སྐུ་ཡིན་ཏེ། དེ་དག་ནི་འབྲས་བུའི་དོན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་ཐོབ་པའི་འབྲས་བུ་ལ་སྐུ་གསུམ་དང་སྐུ་བཞི་རྣམས་དབྱེར་ཡོད་དེ། ཇི་སྐད་དུ། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང༌། །གཞན་ནི་སྤྲུལ་བའི་སྐུ་ཡིན་ཏེ། །དང་པོ་གཉིས་པོའི་རྟེན་ཡིན་ནོ། །ཞེས་དང༌། མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་བ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །ཡང་སྟོང་གཞི་དོན་དམ་ཆོས་ཀྱི་སྐུ་བཞི་ནི། གཞི་འབྲས་དབྱེར་མེད་དུ་བཞུགས་པའི་རྡོ་རྗེ་བཞི་ཡིན་ཏེ། ཡེ་ཤེས་ལེའུ་ལས། རྒྱལ་བའི་སྐུ་ཡི་རྡོ་རྗེ་ཡུལ་དང་ཡུལ་ཅན་རྣམས་ཀྱི་བགྲོད་བྱ་མིན་པ་རྣམ་པ་ཐམས་ཅད་པ། །གསུང་གི་རྡོ་རྗེ་སེམས་ཅན་ཐམས་ཅད་རང་སྙིང་སྐད་རྣམས་དག་གི་ཆོས་ནི་གོ་བར་བྱེད་པའོ། །རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་མཐའ་དག་ས་ལ་གནས། །དྲི་མེད་ནོར་བུ་ལྟ་བུ་དངོས་པོ་རྣམས་ཀྱི་འཛིན་བྱེད་གང་ཡིན་དེ་ཉིད་ཡེ་ཤེས་རྡོ་རྗེའོ། །ཞེས་གསུངས་པའི་ཕྱིར་རོ། །

སྨྲས་པ། མདོ་རྒྱུད་ཀུན་གྱི་དགོངས་དོན་མཐར་ཐུག་པའི། །ངེས་གསང་གཞན་སྟོང་དབུ་མ་ཆེན་པོ་ཡི། །རྣམ་བཞག་མཁས་གྲུབ་བྱེ་བའི་སྙིང་ནོར་མཆོག །དམ་པའི་གསུང་བཞིན་བདེན་པའི་ཚངས་ཐིག་བཏབ། །ཅེས་གྲུབ་མཐའི་རྣམ་བཞག་ལུང་རིགས་གཏེར་མཛོད་ལེགས་བཤད་འདོད་འཇོ་ཞེས་བྱ་བ་ལས་གཞན་སྟོང་དབུ་མ་ཆེན་པོའི་གྲུབ་མཐའི་རྣམ་བཞག་གི་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ། །

གསུམ་པ་དོན་བསྡུས་ཏེ་གདམས་པ།

གསུམ་པ་དོན་བསྡུས་ཏེ་གདམས་པ་ནི།

བླང་དོར་རབ་གསལ་ལས། མདོར་ན་ཕྱི་རོལ་པ་རྣམས་འདོད་པ་ཡི། །བྱེད་པོ་རང་དབང་ཅན་དང་བདག་མེད་ཅིང༌། །སྲོག་གི་མཆོད་པས་མཐོ་རིས་ཐོབ་པ་དང༌། །རྒྱུ་འབྲས་གཏན་ནས་མེད་པའང་མི་འཐད་ལ། །དེ་ཡང་དྲི་མེད་འོད་ལས། ལུས་དང་ངག་དང་ཡིད་ཀྱི་ལས། །དགེ་དང་མི་དགེ་གང་བྱེད་པ། །དེ་འབྲས་སེམས་ཅན་ལོངས་སྤྱོད་དེ། །ལྷ་གཞན་འབྲས་བུ་སྟེར་བ་མིན། །ཞེས་གསུངས་པ་ལྟར་སེམས་ཅན་རྣམས་རང་གི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པ་ཡིན་གྱི། བྱེད་པ་པོ་བདག་དང་དབང་ཕྱུག་ལ་སོགས་པ་སུ་ཡང་མེད་ཅིང༌། སྲོག་གཅོད་ལ་སོགས་པ་མི་དགེ་བ་སྤྱད་པ་ལས་ནི་ངན་སོང་དུ་ལྟུང་བ་ཉིད་དོ། །ཡང་བླང་དོར་རབ་གསལ་ལས། ཉན་ཐོས་བྱེ་བྲག་སྨྲ་བའི་འདོད་པ་ཡི། །བརྗོད་དུ་མེད་པའི་གང་ཟག་བདག་ཀྱང་མེད། །མདོ་སྡེ་པ་ལྟར་མྱ་ངན་འདས་པ་ཡང༌། །མར་མེ་ཤི་བ་ལྟ་བུའི་གཏན་མེད་མིན། །ཞེས་དང༌། རྒྱན་ལས། གང་ཟག་བཏགས་པར་ཡོད་ཉིད་དུ། །རྗོད་བྱེད་རྫས་སུ་མ་ཡིན་ནོ། །མི་དམིགས་ཕྱིན་ཅི་ལོག་པ་དང༌། །ཀུན་ནས་ཉོན་མོངས་ཉོན་མོངས་རྒྱུར། །ཞེས་གསུངས་པ་ལྟར། ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་དོན་དུ་ཀུན་གཞིའི་རྒྱུན་ལ་གང་ཟག་ཅེས་བཏགས་པ་ཙམ་ཡིན་གྱི། དོན་དམ་དུ་རྫས་སུ་གྲུབ་པ་ཡོད་པ་མ་ཡིན་ཏེ། ཡོད་ན་ཚད་མ་ལ་སྣང་དུ་རུང་བ་ལས་མི་དམིགས་པའི་ཕྱིར་དང༌། དེ་ལྟར་འཛིན་པ་ནི་ཕྱིན་ཅི་ལོག་ཡིན་ཞིང༌། ཕྱིན་ཅི་ལོག་གི་དམིགས་པ་དོན་ལ་མི་གནས་པའི་ཕྱིར་དང༌། ངོ་བོའང་ཀུན་ནས་ཉོན་མོངས་པ་ཡིན་ཞིང་ཀུན་ནས་ཉོན་མོངས་གཞན་རྣམས་ཀྱིའང་རྒྱུ་བྱེད་པའི་ཕྱིར་རོ། །མདོ་སྡེ་པའི་འདོད་པ་ལྟར། མྱ་ངན་ལས་འདས་ཕྱིན་ཆད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གཏན་ནས་མེད་པ་རྣམས་ཀྱང་མི་ཤེས་པའི་དབང་དུ་བྱས་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་བསྟོད་པ་ལས། ཇི་ལྟར་ཡི་དྭགས་རྣམས་ཀྱིས་ནི། །རྒྱ་མཚོ་སྐམ་པར་མཐོང་བ་ལྟར། །དེ་བཞིན་མི་ཤེས་པས་སྒྲིབ་པས། །སངས་རྒྱས་རྣམས་ནི་མེད་པར་བཏགས། །ཞེས་གསུངས་པ་ལྟར་རོ། །བླང་དོར་རབ་གསལ་རྩ་འགྲེལ་ལས། ཉན་ཐོས་སྡེ་གཉིས་འདོད་པའི་ཕྱི་རོལ་གྱི། །དོན་ཡང་དོན་ལ་རྫས་སུ་གྲུབ་པ་མེད། །སེམས་ཙམ་པ་རྣམས་འདོད་པའི་རྣམ་ཤེས་ཀྱང༌། །དཔྱད་ན་དོན་ལ་ཡོད་པ་མ་ཡིན་ལ། །ཞེས་ཉན་ཐོས་སྡེ་གཉིས་ཀྱིས་འདོད་པའི་ཕྱི་རོལ་ཀྱི་དོན་དང་སེམས་ཙམ་པ་འདོད་པའི་རྣམ་ཤེས་ཀྱང་སྣང་ཙམ་དུ་ཡོད་མོད། དཔྱད་ན་དོན་དམ་དུ་བདེན་པར་ཡོད་པ་མིན་ཏེ། མི་རྟག་ཡེ་ཤེས་རྒྱུ་བ་ལ། །དོན་དུ་སྣང་བ་མེད་ཕྱིར་ཡང༌། །དོན་མེད་ཁུང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །ཅེས་གསུངས་པ་ལྟར་རོ། །བླང་དོར་རབ་གསལ་ལས། སྣང་མེད་དབུ་མ་པ་དག་འདོད་པ་ཡི། །དོན་དམ་ཅི་ཡང་མེད་པའང་མ་ཡིན་པས། །མཐའ་བྲལ་དབུ་མ་ཆེན་པོའི་དོན་དེ་ཉིད། །གྲུབ་མཐའི་མཐར་ཐུག་ལེགས་པར་མཁྱེན་ན་ལེགས། །ཞེས་པ་དང༌། རྒྱན་ལས། མེད་པ་གང་ཡིན་དེ་ཉིད་ནི། །ཡོད་པ་ཡི་ནི་དམ་པ་ཡིན། །རྣམ་པ་ཀུན་ཏུ་མི་དམིགས་པ། །དམིགས་པ་ཡི་ནི་མཆོག་ཏུ་འདོད། །ཅེས་གསུངས་པ་ལྟར། མེད་ཅིང་མི་དམིགས་པར་གསུངས་པ་ཐམས་ཅད་ཀུན་རྫོབ་གློ་བུར་དྲི་མ་རྣམས་དཔྱད་ན་མེད་པ་ལ་དགོངས་པ་ཡིན་གྱི་དོན་དམ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ནི་མེད་པ་མ་ཡིན།རྣམ་ཤེས་འཁྲུལ་བ་ལ་སྣང་བ་མ་དག་པའི་སྣང་བ་འདི་རྣམས་འགག་ན་རིམ་གྱིས་མངོན་དུ་འགྱུར་བའི་ཕྱིར་རོ། །བླང་དོར་རབ་གསལ་ལས། དེ་ལྟར་ཤེས་ནས་ནང་བའི་ལེགས་བཤད་ལ། །བརྟེན་ནས་ཕྱི་བའི་འཁྲུལ་བ་རྣམས་དགག་ཅིང༌། །ནང་བ་ལ་ཡང་རྣལ་འབྱོར་བློ་ཁྱད་ཀྱིས། །གོང་མ་གོང་མའི་མཆོག་ཏུ་ཤེས་པར་བྱ། །ཞེས་དོན་དེ་ཡང་ཇི་སྐད་དུ། འདི་ལྟར་ཆོས་རྣམས་ཐམས་ཅད་ནི། །བདག་མེད་དམ་པའི་དོན་དུ་ན། །སྟོང་ཉིད་བདག་ཏུ་དམིགས་པ་ནི། །ཉེས་པར་བཤད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་ཆོས་རྣམས་ཀྱི་གནས་ལུགས་ཟབ་མོ་བདག་མེད་པ་དང་སྟོང་པ་ཉིད་སྟོན་པའི་ལེགས་བཤད་ལ་བརྟེན་ནས་ཕྱི་རོལ་པ་རྣམས་བདག་དང་གཙོ་བོ་དང་དབང་ཕྱུག་ལ་སོགས་པ་བདེན་པར་འདོད་པའི་འཁྲུལ་པ་རྣམས་དགག་པར་བྱ་ཞིང༌། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། སངས་རྒྱས་ཆོས་ནི་རྣམ་པ་བཞིར། །ཡིད་འདོད་རྣམས་ཀྱིས་མངོན་མཐོང་སྟེ། །བྱེ་བྲག་སྨྲ་ལ་སོགས་པའི་ལམ། །བཤད་པ་དེ་ཉིད་བསྒྲུབ་པའོ། །ཞེས་པ་ལྟར། ནང་བའི་ཆོས་རྣམས་ཀྱང་གྲུབ་མཐའ་བཞི་ལ་བརྟེན་ནས་བསྟན་པ་ལྟར་ཤེས་པར་བྱ་སྟེ། རིམ་གྱིས་མཆོག་ཏུ་གྱུར་པ་རྣམས་བསྒྲུབ་ཅིང་ཉམས་སུ་བླང་བར་བགྱིའོ། །དེ་ཡང་སེམས་ཙམ་ལ་བརྟེན་ནས་ཉན་ཐོས་པ་ཕྱི་རོལ་གྱི་དོན་བདེན་པར་འདོད་པ་དགག་ཅིང༌། སྣང་མེད་དབུ་མ་ལ་བརྟེན་ནས་སེམས་ཙམ་དུ་བདེན་པར་འདོད་པའང་བཀག་ལ། སྣང་བཅས་དབུ་མ་ལ་བརྟེན་ནས་སྣང་མེད་དུ་བདེན་པར་འདོད་པའང་བཀག་ནས་མཐར་ཐུག་ཆོས་ཀྱི་དབྱིངས་མུ་བཞིའི་སྤྲོས་པ་དང་བྲལ་པར་རྟོགས་པར་བྱ་སྟེ། ལང་གཤེགས་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་དུ་མི་རྟོག་གོ །སྣང་བ་མེད་ལ་བརྟེན་ནས་ནི། །སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་ལ་བརྟེན་ནས་སུ། །སྣང་མེད་ལས་ཀྱང་འདའ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པས། །ཐེག་པ་ཆེན་པོ་མི་མཐོང་ངོ། །ཞེས་དང༌། དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་ལས། (ཉན་ཐོས་སྡེ་གཉིས་འདོད་པ་ལྟར)སྲིད་གསུམ(དོན་དུ་སྣང་བ་འདི་རྡུལ)ཕྲ་རགས་གཟུགས་མིན་འདིར་ནི་རྣམ་པར་ཤེས་པའོ། །ཞེས་སེམས་ཙམ་པས་ཟེར་ལ། དེ་བཞིན་དུ་རྣམ་པར་ཤེས་པ་ཉིད་དོན་དམ་དུ་མེད་པར་སྣང་མེད་དབུ་མ་པ་རྣམས་འདོད་དོ། །ཡང་ཇི་སྐད་དུ། གང་གི་འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ནི་སྟོང་བ་ཉིད་དེ་གཟུང་ནས་སྟོང་པར་ལྟ་བྱེད་པ། །དེས་ན་གཙོ་བོ་གང་ཞིག་འཕོ་མེད་ལྷན་སྐྱེས་སྐུའི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། །ཞེས་གསུངས་པ་ལྟར་སྣང་བཅས་སམ་གཞན་སྟོང་དབུ་མ་ཆེན་པོ་རྣམས་ཀྱིས་བཞེད་པ་ཡིན་པའི་ཕྱིར་རོ། །

སྨྲས་པ། རྨད་བྱུང་ཐོས་བསམ་བརྩོན་པའི་བློ་གྲོས་གངས་ཀྱི་རི། །ཐུགས་རྗེའི་ཉིན་བྱེད་དྲོད་ཀྱིས་བཞུས་པའི་འབབ་ཆུའི་རྒྱུན། །ཕྱི་ནང་གྲུབ་མཐའ་འཛིན་མར་འཁྱིལ་བའི་ཆུ་མཚོ་ལ། །བློ་ལྡན་སྐལ་བཟང་གདེངས་ཅན་བྱེ་བས་རོལ་བར་མཛོད། །འདི་ནི་འདོད་འཇོའི་དཔག་བསམ་ཤིང་བཞིན་དུ། །ལེགས་པར་བཤད་པའི་རིན་ཆེན་འདོད་འབྱུང་གཏེར། །ལེགས་པར་བཤད་པ་བཤེས་གཉེན་དམ་པའི་དྲིན། །ཉེས་བཤད་མཆིས་ན་མཁས་གྲུབ་མདུན་སར་འཆགས། །འདིར་འབད་དགེ་བས་ཕྱི་ནང་གྲུབ་མཐའ་ཀུན། །ལེགས་པར་འབྱེད་པའི་བློ་གྲོས་དཔལ་ཐོབ་ཅིང༌། །རྒྱལ་བའི་བསྟན་ལ་ཡིད་ཆེས་ལུང་རིགས་ཀྱིས། །ངེས་པ་རྙེད་ནས་ཐུབ་བསྟན་གསལ་བར་ཤོག །དོན་དམ་བདེ་བར་གཤེགས་པའི་བྱིན་རླབས་དང༌། །སངས་རྒྱས་ཆོས་ཚོགས་སླུ་བ་མེད་པའི་འཕྲུལ། །བསྟན་སྲུང་རྒྱ་མཚོའི་མཐུ་སྟོབས་ནུས་པ་ཡིས། །ལེགས་བཤད་ཆར་གྱིས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་གྲུབ་མཐའི་རྣམ་བཞག་ལུང་རིགས་གཏེར་མཛོད་ལེགསབཤད་འདོད་འཇོ་ཞེས་བྱ་བ་འདི་ནི་ལྕམ་འདའ་དགོན་གྱི་མཁན་བློ་ཆོས་ཀྱིས་འཇམ་པའི་དབྱངས་ཀྱི་གསེར་སྐུ་དར་དང་བཅས་ཏེ་གསུང་གིས་བསྐུལ་བ་དང༌། གྲྭ་བཙུན་པ་བསམ་བཟང་གི་འདུལ་བ་གཞན་ཕན་སྣང་བའི་མཛོད་དང་དར་བཅས་བསྐུལ་ངོར་སྤྲང་འཁྱམས་པ་ངག་དབང་དངོས་གྲུབ་དཔལ་ལམ་དབྱངས་ཅན་ངག་གི་རོལ་མཚོ་ནས་རང་ལུགས་ཀྱི་དམ་པ་གོང་མའི་གསུང་ལས་བསྡུས་ཏེ་རབ་གནས་ཐམས་ཅད་འདུལ་ཞེས་པའི་ས་གའི་ཟླ་བའི་ཚེས་གསུམ་གྱི་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་རྫོགས་པར་བྲིས་པ་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་དུས་ཀུན་ཏུ་རྒྱས་པར་གྱུར་ཅིག ། །།སརྦ་མངྒ་ལམ།། །།


no previousགྲུབ་མཐའི་རྣམ་བཞག་ལུང་རིགས་གཏེར་མཛོད་ལེགས་བཤད་འདོད་འཇོ།next