Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ། གྲུབ་མཐའ་དང་ས་ལམ་སོགས།

3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]


 expand section
 collapse section
ས་ལམ་གྱི་རྣམ་བཞག་ཐེག་གསུམ་གསལ་བའི་ཤེལ་དཀར་མེ་ལོང་།
  
  
  
  
  
  
  
  
  
  
  
  
  
 expand section
  
expand section
 expand section
 expand section
  
  
  
  
 expand section
  
  
  
  
  
  
 expand section
  
  


3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousས་ལམ་གྱི་རྣམ་བཞག་ཐེག་གསུམ་གསལ་བའི་ཤེལ་དཀར་མེ་ལོང་།next

ས་ལམ་གྱི་རྣམ་བཞག་ཐེག་གསུམ་གསལ་བའི་ཤེལ་དཀར་མེ་ལོང་།

ས་ལམ་གྱི་རྣམ་བཞག་ཐེག་གསུམ་གསལ་བའི་ཤེལ་དཀར་མེ་ལོང་ཞེས་བྱ་བ་བཞུགས་སོ། །

ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་བྷྱོ་ན་མོ་ན་མ། །གྲངས་མེད་བསྐལ་བར་ཚོགས་གཉིས་རབ་བསགས་ནས། །ས་ལམ་བགྲོད་པ་མཐའ་དག་མཐར་ཕྱིན་ཏེ། །སྐུ་བཞིའི་རྒྱལ་བའི་དཔལ་ལ་རོལ་བ་ཡི། །མཉམ་མེད་ཤཱཀྱ་སེང་གེའི་ཞབས་ལ་འདུད། །དུས་གསུམ་རྒྱལ་དང་སྲས་བཅས་ལ་སོགས་ཀྱིས། །རྣམ་གྲོལ་ཞི་བའི་གོ་འཕང་བགྲོད་པའི་ལམ། །ཐེག་གསུམ་མངོན་རྟོགས་ས་ལམ་རྣམ་བཞག་ཀུན། །མ་ནོར་གསལ་བར་མདོར་བསྡུས་བཤད་པར་བྱ། །དེ་ལ་འདིར་ས་ལམ་གྱི་རྣམ་བཞག་མདོར་བསྡུས་ཙམ་བརྗོད་པ་ལ། ལམ་བཤད་པ་དང༌། ས་བཤད་པ་དང་གཉིས། དང་པོ་ལ་སྐྱེས་བུ་གསུམ་གྱི་ལམ་བཤད་པ་དང༌། ལམ་དངོས་བཤད་པ་དང་གཉིས། དང་པོ་ལ་ཐོག་མར་ལམ་ཐམས་ཅད་ཀྱི་རྩ་བ་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པ་ལ་རག་ལས་པས་ན་བླ་མ་ང་བཅུ་བ་སོགས་ལས་གསུངས་པ་ལྟར་བླ་མ་བསམ་སྦྱོར་གཉིས་ཀྱིས་ལེགས་པར་བསྟེན་དགོས། དེ་ཡང་སྐྱོན་རྟོགས་ཀྱི་བློ་འགོག་པར་བྱས་ནས་ཅི་མཛད་ལེགས་པར་མཐོང་བའི་མོས་གུས་བྱ་ལ། བདག་ལ་སངས་རྒྱས་ཀུན་ལས་ལྷག་པར་བཀའ་དྲིན་ཆེ་བ་དྲན་པའི་སྒོ་ནས་ཆོས་མཐུན་གྱི་བཀའ་བཞིན་བསྒྲུབ་པའོ། །དེ་ནས་སྐྱེས་བུ་གསུམ་གྱི་ལམ་བཤད་པ་ལ། འཁོར་བའི་མངོན་མཐོ་ཙམ་གཙོ་བོར་དོན་དུ་གཉེར་བའི་གང་ཟག་དེ། སྐྱེས་བུ་ཆུང་ངུའི་མཚན་ཉིད་ཡིན་ཏེ། ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །དེ་ནི་སྐྱེས་བུ་ཐ་མར་ཤེས། །ཞེས་སོ། །འཁོར་བའི་མངོན་མཐོ་ཙམ་གཙོ་བོར་དོན་གཉེར་གྱིས་ཟིན་པའི་དགེ་བ་དེ། སྐྱེས་བུ་ཆུང་ངུའི་ལམ་གྱི་མཚན་ཉིད། མཚན་གཞི།སྐྱེས་བུ་ཆུང་ངུའི་རྒྱུད་ཀྱི་མི་དགེ་བཅུ་སྤོང་གི་དགེ་བ་དང་འཆི་བ་མི་རྟག་པར་རྟོགས་པའི་བློ་ལྟ་བུའོ། །སྡིག་པའི་ལས་ལ་འཛེམ་པའི་རང་ཁོ་ནའི་དོན་དུ་ཐར་བ་བགྲོད་པའི་ལམ་ལ་གནས་པའི་གང་ཟག སྐྱེས་བུ་འབྲིང་གི་མཚན་ཉིད་ཡིན་ཏེ། ལམ་སྒྲོན་ལས། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་གསུངས་སོ། །རང་ཁོ་ནའི་དོན་དུ་ཐར་བར་བགྲོད་པའི་མངོན་རྟོགས། སྐྱེས་བུ་འབྲིང་གི་ལམ་གྱི་མཚན་ཉིད། མཚན་གཞི་ནི། དེའི་རྒྱུད་ཀྱི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ལམ་ལྟ་བུའོ། །ས་མཚམས་ནི་དམན་ལམ་དུ་ཞུགས་མ་ཐག་ནས་ཉན་རང་དགྲ་བཅོམ་ལྷག་མེད་ཀྱི་བར་དུ་ཡོད། གཞན་དོན་དུ་གཙོ་བོར་བླ་ན་མེད་པའི་ཐར་བར་བགྲོད་པའི་གང་ཟག་དེ། སྐྱེས་བུ་ཆེན་པོའི་མཚན་ཉིད་ཡིན་ཏེ། ལམ་སྒྲོན་ལས། རང་རྒྱུད་གཏོགས་པའི་སྡུག་བསྔལ་ཀྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་སོ། །གཞན་དོན་དུ་གཙོ་བོར་བླ་ན་མེད་པའི་ཐར་བར་བགྲོད་པའི་ལམ་དེ། སྐྱེས་བུ་ཆེན་པོའི་ལམ་གྱི་མཚན་ཉིད། མཚན་གཞི་ནི། གཞན་དོན་ཁུར་དུ་ཁྱེར་བའི་སྙིང་རྗེ་ཆེན་པོ་དང༌། བྱང་ཆུབ་ཀྱི་སེམས་དང༌། དེའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་བློ་ལྟ་བུའོ། །ས་མཚམས་ནི་གཞན་དོན་ཁུར་ཁྱེར་གྱི་སྙིང་རྗེ་རྒྱུད་ལ་སྐྱེས་པ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད། དེ་ཡང་ཐར་བའི་ལམ་ལ་ཞུགས་པ་ལ་ངེས་འབྱུང་གི་བསམ་པ་དགོས་ལ། ངེས་འབྱུང་གི་བསམ་པ་བཅོས་མ་མ་ཡིན་པ་ནི། འཁོར་བའི་ཕུན་ཚོགས་མཐའ་དག་མེ་འབར་བའི་འོབས་ལྟར་མཐོང་ནས་དེ་ལས་ཐར་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་ལ་ངེས་འབྱུང་གི་བསམ་པ་ཞེས་བྱ་ལ།དེ་རྒྱུད་ལ་སྐྱེས་ན་ཐར་བའི་སྒོར་ཞུགས་ལ། དེ་རྒྱུད་ལ་མ་སྐྱེས་ན་ཐར་བའི་ལམ་དུ་མ་ཞུགས་པ་ཞེས་བྱའོ། །དེས་ན་ཐར་བར་འཇུག་པའི་སྒོ་ནི་ངེས་འབྱུང་གི་བསམ་པའོ། །འཁོར་བའི་མངོན་མཐོའི་གོ་འཕང་ཐོབ་པ་ལ་ངེས་པར་བློ་སྦྱོང་དགོས་པའི་ལམ་དེ། སྐྱེས་བུ་ཆུང་འབྲིང་ཐུན་མོང་གི་ལམ་གྱི་མཚན་ཉིད། མཚན་གཞི་ནི། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དང༌། འཆི་བ་མི་རྟག་པར་རྟོགས་པའི་བློ་ལྟ་བུའོ། །འཁོར་བའི་མངོན་མཐོ་གང་ཡང་ཐོབ་པ་ལ་བློ་སྦྱོང་མི་དགོས་པར་ཐར་བ་ཐོབ་པ་ལ་ངེས་པར་བློ་སྦྱོང་དགོས་པའི་ལམ་དེ། སྐྱེས་བུ་ཆེ་འབྲིང་ཐུན་མོང་གི་ལམ་གྱི་མཚན་ཉིད། མཚན་གཞི་ནི། མི་རྟག་སོགས་བཅུ་དྲུག་རྟོགས་པའི་བློ་ལྟ་བུའོ། །དམན་པའི་ཐར་བ་གང་རུང་ཐོབ་པ་ལ་བློ་སྦྱོང་མི་དགོས་པར་བླ་མེད་བྱང་ཆུབ་ཐོབ་པ་ལ་ངེས་པར་བློ་སྦྱོང་དགོས་པའི་ལམ་དེ། སྐྱེས་བུ་ཆེན་པོའི་ཐུན་མོང་མ་ཡིན་པའི་ལམ་གྱི་མཚན་ཉིད། མཚན་གཞི་ནི། སྐྱེས་བུ་ཆེན་པོའི་སྙིང་རྗེ་ཆེན་པོ་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་བློ་ལྟ་བུའོ། །སྐྱེས་བུ་གསུམ་གྱི་ལམ་གྱི་རྣམ་བཞག་རྒྱས་པར་ལམ་རིམ་རྣམས་ལས་ཤེས་པར་བྱའོ། །

གཉིས་པ་ལམ་དངོས་བཤད་པ།

གཉིས་པ་ལམ་དངོས་བཤད་པ་ལ།

འདིར་ལམ་གྱི་རྣམ་བཞག་དག་ས་བཟང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ལྟར་བཤད་པ་ལ། རྟེན་གྱི་ཁྱད་པར། སྤྱིའི་རྣམ་གཞགསོ་སོའི་ངོ་བོ་དང་གསུམ། དང་པོ་ལ་ལུས་དང་བསམ་པའི་རྟེན་གཉིས་ལས། དང་པོ་ལམ་སྐྱེ་བའི་ལུས་རྟེན་ནི་སྤྱིར་བཏང་ལ། ཇི་སྐད་དུ། མཐུན་པར་གྱུར་བའི་ཡུལ་ན་གནས་པ་དང༌། །སྐྱེས་བུ་དམ་པ་ལ་ནི་བརྟེན་པ་དང༌། །བདག་གིས་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །ཞེས་པ་ལྟར་འཁོར་ལོ་བཞི་དང་ལྡན་ཞིང་སྒྲིབ་པ་གསུམ་དང་བྲལ་བའི་ལྷ་དང་མི་རྣམས་ཀྱི་ལུས་ཏེ། མཛོད་ལས། མཚམས་མེད་པ་ཡི་ལས་རྣམས་དང༌། །ཉོན་མོངས་ཤས་ཆེ་ངན་འགྲོ་དང༌། །འདུ་ཤེས་མེད་པའི་སེམས་ཅན་དང༌། །སྒྲ་མི་སྙན་སྒྲིབ་གསུམ་དུ་འདོད། །ཅེས་པ་ལྟར་མཚམས་མེད་ལྔ་བྱས་པ་ལས་ཀྱི་སྒྲིབ་པ་ཅན་དང༌། ཟ་མ་ལ་སོགས་པ་ཉོན་མོངས་པ་ཤས་ཆེ་བའི་སྒྲིབ་པ་ཅན་དང༌། ངན་སོང་གསུམ་དང་ལྷ་ཚེ་རིང་པོ་དང་སྒྲ་མི་སྙན་པ་རྣམས་ནི་སྐྱེ་བའི་རྟེན་མ་ཡིན་པར་གསུངས་སོ། །དམིགས་བསལ་ནི་ཐེག་ཆེན་པའི་ལུགས་ལ་དུད་འགྲོ་ལའང་སྐྱེ་སྟེ་སྡོང་པོ་བཀོད་པར། གྲོང་ཁྱེར་སྐྱིད་པའི་འབྱུང་གནས་སུ་འཇམ་དཔལ་གྱིས་རྒྱ་མཚོ་ནས་འོངས་པའི་ཀླུ་རྣམས་ལ་སེམས་བསྐྱེད་མཛད་པ་དང༌། ཟ་མ་ཏོག་བཀོད་པར། ཡུལ་འཁོར་མོ་འཇིག་ཏུ་འཇིག་རྟེན་དབང་ཕྱུག་གིས་ཡི་དྭགས་དང་སྲིན་བུའི་རིགས་མང་པོ་བདེན་པ་མཐོང་པ་ལ་བཀོད་པར་གསུངས་པ་ལྟར་རོ། །གནས་པའི་རྟེན་ནི་ཉན་ཐོས་པའི་ལུགས་ཀྱིས་ཁམས་གསུམ་ཅི་རིགས་པར་གནས་ཤིང་ཐེག་ཆེན་པའི་ལུགས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པས་འགྲོ་བ་ཐམས་ཅད་ན་ཡོད་དེ། སྤྱན་རས་གཟིགས་དབང་ཕྱུག་གིས་དམྱལ་བར་གཤེགས་པ་དང༌། སྐྱེས་རབས་ལས་དུད་འགྲོར་གྱུར་པའི་བྱང་ཆུབ་སེམས་དཔའ་མང་དུ་གསུངས་པ་དང༌། མ་དྲོས་པས་ཞུས་པར་ཡང༌། ཀླུའི་རྒྱལ་པོ་དེ་ཉིད་ས་བཅུ་པར་གསུངས་པ་ལྟར་རོ། །གཉིས་པ་སེམས་རྟེན་ནི་ཚོགས་ལམ་གྱི་ཐོས་བསམ་སྒོམ་གསུམ་འདོད་པའི་སེམས་ལ་བརྟེན་པ་གཙོ་ཆེ་ལ། སྦྱོར་ལམ་ནི་མཛོད་ལས། སྒོམ་བྱུང་མི་ལྕོགས་མེད་པ་དང༌། །ཁྱད་པར་བསམ་གཏན་ས་པའོ། །ཞེས་པ་ལྟར་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་དང༌། དངོས་གཞི་ཙམ་ཁྱད་དང་དངོས་གཞི་ཕྱི་མ་གསུམ་སྟེ་ས་དྲུག་ལ་བརྟེན་ཅིང་མཐོང་ལམ་ཡང་དེ་ནི་ཆོས་མཆོག་དང་ས་གཅིག་ཅེས་པ་ལྟར་སྦྱོར་ལམ་དང་འདྲ་ལ། སྒོམ་ལམ་ཁམས་གསུམ་གྱི་ས་དགུ་ཅར་ལ་བརྟེན་ཞེས་ས་བཟང་གི་ཀུན་བཏུས་འགྲེལ་བར་གསུངས་སོ། །ཐེག་ཆེན་པའི་མངོན་རྟོགས་ཕལ་ཆེར་དངོས་གཞི་ལ་བརྟེན་པ་སྟེ། ཐེག་ཆེན་ཚོགས་ལམ་ཆེན་པོ་ནས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་སྟེ་ཆོས་ཀྱི་རྒྱུན་གྱི་ཏིང་འཛིན་སྐྱེས་པ་ལ་བརྟེན་ནས་ནི་ཡུལ་སངས་རྒྱས་སྤྲུལ་པའི་སྐུ་རྣམས་ལས། ཆེད་དུ་བྱ་བ་ཞི་གནས་ཏིང་ངེ་འཛིན་དང་ཡེ་ཤེས་ལྷག་མཐོང་ཡངས་པ་ཐོབ་པར་བྱ་བའི་ཕྱིར། ངོ་བོ་བདག་མེད་མངོན་སུམ་དུ་མཐོང་བའི་ཐབས་གདམས་ངག་རྒྱ་ཆེན་པོ་རྙེད་པར་འགྱུར་བའོ། །

གཉིས་པ་སྤྱིའི་རྣམ་དབྱེ།

གཉིས་པ་སྤྱིའི་རྣམ་དབྱེ་ལ།

མཚན་ཉིད་མཚན་གཞི་བྱེད་ལས་དབྱེ་བ་ངེས་ཚིག་དངོས་བཏགས་དང་དྲུག་ལས། དང་པོ་ནི་གང་ལ་ཞུགས་ནས་མྱ་ངན་ལས་འདས་པར་ཕྱིན་པའི་མངོན་རྟོགས། ཡང་ན་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་དགེ་བ་གང་ཞིག་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ་དེ། ལམ་གྱི་མཚན་ཉིད་ཡིན་ཏེ། མདོ་ལས། ཐབས་དང་བཅས་པའི་ཤེས་རབ་ནི་ལམ་མོ། །ཤེས་རབ་དང་བཅས་པའི་ཐབས་ནི་ལམ་མོ། །ཞེས་གསུངས་སོ། །དེ་བཞིན་དུ་ཚོགས་ཆོས་བདེན་བཞིའི་རྣམ་བཤད་དང་ས་བཟང་གི་རྒྱུད་བླའི་འགྲེལ་བར་གསུངས་སོ། །གཉིས་པ་མཚན་གཞིའི་དངོས་པོ་ནི། ཐེག་པ་རང་ལམ་གྱི་བྱང་ཆུབ་འདོད་པས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་དགེ་བ་བྱང་ཆུབ་ཏུ་བསྔོས་པའི་ལམ་ལྟ་བུའོ། །གསུམ་པ་བྱེད་ལས་ནི་ཟག་པ་དང་བཅས་པ་འབྲས་བུའི་ཆ་ཐམས་ཅད་སྡུག་བསྔལ་དུ་ཤེས་པར་བྱས་ནས་དེའི་རྒྱུ་ལས་དང་ཉོན་མོངས་པ་སྤོང་ཞིང༌། དེ་དག་གི་རྣམ་པར་དག་པ་མངོན་སུམ་དུ་བྱ་བའི་ཆེད་དུ་ཟག་པ་མེད་པའི་དགེ་བའི་རྩ་བ་རྣམས་བསྟེན་པར་བྱེད་པ་སྟེ། ཀུན་ལས་བཏུས་པར། ལམ་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་ཀུན་འབྱུང་སྤོང་བ་དང་འགོག་པ་མངོན་དུ་བྱེད་པ་དང་ལམ་སྒོམ་པ་སྟེ། ལམ་གྱི་མཚན་ཉིད་མདོར་བསྡུས་པའོ། །ཞེས་གསུངས་པ་ལྟར་རོ། །བཞི་བ་དབྱེ་བ་ནི་ཐེག་པ་གསུམ་གྱི་ལམ་གསུམ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་དང༌། སྦྱོར་བ་བར་ཆད་མེད་ལམ་རྣམ་གྲོལ་ལམ་ཁྱད་པར་གྱི་ལམ་བཞི་དང༌། ཞི་གནས་དང་ལྷག་མཐོང་གི་ལམ་གཉིས་དང༌། མཉམ་གཞག་དང་རྗེས་ཐོབ་ཀྱི་ལམ་གཉིས་དང༌། སློབ་པ་དང་མི་སློབ་པའི་ལམ་གཉིས་ལ་སོགས་པའོ། །ལྔ་བ་ངེས་ཚིག་ནི་མྱ་ངན་ལས་འདས་པར་བགྲོད་པའི་གཞིར་གྱུར་པ་ཡིན་པས་ལམ་ཞེས་བྱའོ། །དྲུག་པ་དངོས་བཏགས་ལ། ལམ་ལ་ཕྱིན་བྱེད་དང་ཕྱིན་ཟིན་གྱི་ལམ་གཉིས་སུ་ཕྱེ་ནས་སྔ་མའི་དབང་དུ་བྱས་ན་མི་སློབ་ལམ་ལམ་བཏགས་པ་བ་ཡིན་ཀྱང་སྤྱིར་ལམ་མཚན་ཉིད་པར་བཞག་ན་སྐབས་ཐམས་ཅད་དུ་གསུང་རབ་ཀྱི་ཐ་སྙད་ལ་མི་གནོད་དམ་སྙམ། དེས་ན་ས་བཟང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་ལས། ཐེག་པ་ཆེན་པོ་བ་རྣམས་ཀྱི་ནི་སྤངས་རྟོགས་མཐར་ཕྱིན་པའི་ཕྱིར་ལམ་བཏགས་པ་བ་དང་འབྲས་བུ་མཚན་ཉིད་པ་ཡིན་ནོ། །ཞེས་སོགས་གསུངས་བའི་དགོངས་པ་ཡང་ཕྱིན་བྱེད་ཀྱི་ལམ་དངོས་མ་ཡིན་པ་ལ་དགོངས་པ་ཡིན་པར་སྣང་ངོ༌། །

གསུམ་པ་སོ་སོའི་ངོ་བོ་བཤད་པ།

གསུམ་པ་སོ་སོའི་ངོ་བོ་བཤད་པ་ལ།

ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མཐར་ཕྱིན་པའི་ལམ་བཤད་པ་དང་ལྔ། དང་པོ་ཚོགས་ལམ་བཤད་པ་ལ། མཚན་ཉིད་སྤངས་རྟོགས་ཡོན་ཏན་དབྱེ་བ་བྱེད་ལས་ངེས་ཚིག་ངོ་བོ་བཤད་པ་དང་བདུན། དང་པོ་ཚོགས་ལམ་གྱི་མཚན་ཉིད་ནི། ཐེག་པ་རང་རང་གི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དྲོད་མ་ཐོབ་ཀྱི་བར་གྱི་དགེ་བ་གང་ཞིག་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པའོ། །ཡང་ན་ལས་དང་པོ་པ་རྣམས་ཀྱིས་ཐར་བའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྒྱུད་ཡོན་ཏན་གྱི་ཚོགས་ཀྱིས་འགེངས་ཤིང་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་བ་ཚོགས་ལམ་གྱི་མཚན་ཉིད་དུ་ས་བཟང་གི་རྒྱུད་བླར་གསུངས་ལ། ལམ་ཕྱི་མ་རྣམས་ཀྱི་སྐབས་སུ་མཚན་ཉིད་སྔ་ཕྱི་གཉིས་རེ་བཞག་པ་སྔ་མ་ས་བཟང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་ལྟར་དང་ཕྱི་མ་དེའི་རྒྱུད་བླའི་འགྲེལ་བ་བཞིན་ཡིན་པར་ཤེས་པར་བྱ། ས་མཚམས་ནི་ཐེག་པ་རང་ལམ་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དྲོད་མ་ཐོབ་ཀྱི་བར་དུ་ཡོད་དོ། །གཉིས་པ་སྤངས་རྟོགས་ནི། སྤང་བྱ་ཤིན་ཏུ་རགས་པ་འཁོར་བའི་སྡུག་བསྔལ་སྐྱེད་བྱེད་རྣམས་རྣམ་པར་སུན་འབྱིན་པའི་གཉེན་པོས་སྤངས་པ་དང༌། ཤེས་རབ་གསུམ་གྱིས་བདག་མེད་གཉིས་སྤྱིའི་ཚུལ་དུ་རྟོགས་པའོ། །གསུམ་པ་ཡོན་ཏན་ནི། ཚོགས་ལམ་ཆུང་འབྲིང་ཆེ་གསུམ་ལ་རིམ་བཞིན་དྲན་པ་ཉེ་བར་བཞག་པ་བཞི་དང་ཡང་དག་པར་སྤོང་བ་བཞི་དང་རྫུ་འཕྲུལ་གྱི་རྐང་བ་བཞི་ཐོབ་ལ། ཐེག་ཆེན་ཚོགས་ལམ་དུ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་སངས་རྒྱས་རྣམས་ལས་ཆོས་ཉན་ཅིང་གཞུང་དང་དོན་འཛིན་ནུས་པ་དང༌། སྤྱན་ལྔ་དང་མངོན་ཤེས་ལྔ་ཐོབ་པ་ལ་སོགས་པའོ། །

བཞི་བ་དབྱེ་བ་ནི།

ཐོག་མར་སྐྱེས་པའི་ཚོགས་ལམ། བར་དུ་སྐྱེས་པའི་ཚོགས་ལམ། ཐ་མར་སྐྱེས་པའི་ཚོགས་ལམ་སྟེ་ཆུང་འབྲིང་ཆེ་གསུམ་ཡོད། དབང་པོའི་སྒོ་ནས་ཆེ་འབྲིང་ཆུང་གསུམ་ཡོད་པར་གསུངས། ཐེག་པའི་སྒོ་ནས་ཐེག་པ་གསུམ་གྱི་ཚོགས་ལམ་གསུམ་ཡོད། ཉན་ཐོས་ཚོགས་ལམ་གྱི་མཚན་ཉིད། ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཉན་ཐོས་ཀྱི་དྲོད་མ་ཐོབ་བར་གྱི་དགེ་བ་གང་ཞིག་ཉན་ཐོས་ཀྱི་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པ། དབྱེ་ན་ཆེ་འབྲིང་ཆུང་གསུམ་ཡོད། །རང་རྒྱལ་གྱི་ཚོགས་ལམ་གྱི་མཚན་ཉིད། རང་རྒྱལ་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རང་རྒྱལ་གྱི་དྲོད་མ་ཐོབ་བར་གྱི་དགེ་བ་གང་ཞིག་རང་རྒྱལ་གྱི་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པའོ། །ཐེག་ཆེན་ཚོགས་ལམ་གྱི་མཚན་ཉིད། ཐེག་ཆེན་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཐེག་ཆེན་གྱི་དྲོད་མ་ཐོབ་བར་གྱི་དགེ་བ་གང་ཞིག་མི་གནས་པའི་མྱང་འདས་སུ་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པ་དེ་ཡིན་ནོ། །མིང་གི་རྣམ་གྲངས་ནི་ལས་དང་པོ་པའི་ས་དང་དད་པའི་ས་དང་ཚོགས་ལམ་དང་ཐར་པ་ཆ་མཐུན་ལ་སོགས་པའོ། ། ལྔ་བ་བྱེད་ལས་ནི། རྒྱུད་ཡོངས་སུ་སྨིན་པར་བྱེད་པ་དང༌། སྦྱོར་ལམ་འདྲེན་པར་བྱེད་པ་ལ་སོགས་པའོ། །

དྲུག་པ་ངེས་ཚིག

དྲུག་པ་ངེས་ཚིག་ནི།

རྒྱུད་ཡོན་ཏན་གྱི་ཚོགས་ཀྱིས་འགེངས་ཤིང་ཐར་པར་འགྲོ་བའི་གཞི་ཡིན་པས་ན་ཚོགས་ལམ་ཞེས་པའམ་ཐེག་པ་རང་ལམ་གྱི་ཚོགས་བསགས་པའི་ལམ་གྱི་དང་པོ་ཡིན་པས་སོ། །བདུན་པ་ངོ་བོ་ནི། ཚོགས་ཀྱི་ལམ་གང་ཞེ་ན། སོ་སོ་སྐྱེ་བོའི་ཚུལ་ཁྲིམས་དང༌། དབང་པོའི་སྒོ་སྡོམ་པ་དང༌། ཟས་ཀྱི་ཚོད་ཤེས་པ་དང༌། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང༌། ཤེས་བཞིན་དུ་མངོན་པར་དགའ་བའོ་ཞེས་གསུངས་པ་ལྟར། དལ་འབྱོར་རྙེད་པར་དཀའ་བ་དང་འཆི་བ་མི་རྟག་པ་རྗེས་སུ་དྲན་པའི་སྒོ་ནས། ལས་རྒྱུ་འབྲས་ལ་མངོན་པར་ཡིད་ཆེས་པར་བྱ་སྟེ། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། ། ཅེས་པ་ལྟར་སེམས་ཅན་ལ་གནོད་འཚེ་གཞི་དང་བཅས་པ་སྤོང་བ་སྡོམ་པའི་ཚུལ་ཁྲིམས་དང༌། ལུས་ངག་ཡིད་གསུམ་དགེ་བ་ལ་འཁོལ་བ་དགེ་བ་ཆོས་སྡུད་དང༌། དེ་དག་ཀྱང་གཞན་དོན་དུ་སྤྱོད་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམས་རྣམ་པར་དག་པ་བསྲུང་བ་དང༌། མདོ་ལས། མིག་གིས་གཟུགས་རྣམས་མཐོང་སྟེ་མཚན་མར་མི་འཛིན་མངོན་རྟགས་སུ་མི་འཛིན་ཞེས་གསུངས་པ་ལྟར། དབང་པོ་རྣམས་ཡུལ་ལ་འཇུག་པ་ན་དྲན་པ་དང་ཤེས་བཞིན་གྱིས་ཟིན་པར་བྱས་ཏེ། ཆགས་སྡང་གི་ཉོན་མོངས་པ་སྐྱེ་བ་བསྲུང་ཞིང་སྡོམ་པར་བྱེད་པ་དང༌། བཤེས་སྤྲིང་ལས། ཁ་ཟས་སྨན་དང་འདྲ་བར་རིག་བགྱིས་ནས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །རྒྱགས་ཕྱིར་མ་ལགས་སྒེག་པའི་ཕྱིར་མ་ལགས། །འཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །ཞེས་གསུངས་པ་ལྟར་ཆོས་ཀྱི་དོན་དུ་ལུས་གནས་པའི་ཆེད་དུ་སྡིག་པ་དང་མ་འདྲེས་པའི་ཁ་ཟས་གཙང་མ་ཚོད་ཟིན་པར་བརྟེན་པ་དང༌། རིགས་པའི་བདག་ཉིད་ཉིན་པར་ཐམས་ཅད་དང༌། །མཚན་མོ་དེ་བཞིན་སྟོད་སྨད་ཐུན་བཟླས་ནས། །མནལ་ཚེའང་འབྲས་མེད་ཉིད་དུ་མི་འགྱུར་བར། །དྲན་ལྡན་དེ་སྲིད་བར་དུ་མནལ་བར་མཛོད། །ཅེས་གསུངས་པ་ལྟར་ནམ་གྱི་ཆ་སྟོད་སྨད་ལ་མི་ཉལ་བར་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་ལ་བརྩོན་པར་བྱེད་པ་དང༌། སྤྱོད་འཇུག་ལས། ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །དེ་ཉིད་ཁོ་ན་མདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་སྒོ་གསུམ་གྱི་སྤྱོད་པ་ལ་རང་རིག་གིས་བརྟགས་ནས་རུང་བ་རྣམས་སྤྱོད་ཅིང་མི་རུང་བ་རྣམས་སྤོང་བ་ཤེས་བཞིན་དུ་གནས་པ་སྟེ། ཐར་པའི་རྒྱུར་གྱུར་པའི་དགེ་བ་ལྟུང་བས་འགྱོད་པ་མེད་ཅིང་དགའ་བ་ལས་སེམས་མཉམ་པར་འཇོག་པ་དང༌། མཉམ་པར་བཞག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ལ་སོགས་པ་དང༌། འཕགས་པའི་ནོར་བདུན་ལ་སྤྱོད་པ་དང༌། ཆོས་སྤྱོད་བཅུའི་སྒྲུབ་པ་ལ་བརྩོན་པ་དང༌། ལུང་རྣམ་དག་ཐོས་པ་ལས་བྱུང་བ་དང༌། རིགས་པས་ངེས་པས་ངེས་པར་བསམས་པ་ལས་བྱུང་བ་དང༌། ཏིང་འཛིན་ཟབ་མོ་བསྒོམས་པ་ལས་བྱུང་བའི་ཤེས་རབ་རྣམས་ལ་བརྟེན་ནས་མཐོང་ལམ་བརྒྱུད་ནས་སྐྱེ་ཞིང་སྦྱོར་ལམ་དངོས་སུ་སྐྱེ་བའི་ལམ་འདི་ཉིད་ལ་ལས་དང་པོ་པ་རྣམས་ཀྱིས་བསླབ་པར་བྱའོ། །གཞན་ཡང་ཚོགས་ལམ་ཆུང་ངུའི་གནས་སྐབས་སུ་ལུས་ཚོར་སེམས་ཆོས་དྲན་པ་ཉེ་བར་བཞག་པ་བཞི་གཙོ་ཆེར་སྒོམ་པ་དང་ཚོགས་ལམ་འབྲིང་གི་གནས་སྐབས་སུ་སྡིག་པ་སྐྱེས་པ་རྣམས་སྤངས་པ་དང༌། མ་སྐྱེས་པ་རྣམས་མི་བསྐྱེད་པ་དང༌། དགེ་བ་མ་སྐྱེས་པ་རྣམས་སྐྱེད་པ་དང༌། སྐྱེས་པ་རྣམས་སྤེལ་བ་སྟེ་ཡང་དག་པར་སྤོང་བ་བཞི་གཙོ་བོར་སྒོམ་པ་དང་ཚོགས་ལམ་ཆེན་པོའི་གནས་སྐབས་སུ་འདུན་པ་དང་བརྩོན་འགྲུས་དང་སེམས་དང་དཔྱོད་པའི་ཏིང་ངེ་འཛིན་ཏེ་རྫུ་འཕྲུལ་གྱི་རྐང་བ་བཞི་གཙོ་ཆེར་སྒོམ་པའོ། །ཐེག་ཆེན་གྱིས་མོས་སྤྱོད་ཀྱི་སའི་བར་ལ་གྲངས་མེད་གཅིག་དང༌། མ་དག་ས་བདུན་གྱི་བར་ལ་གྲངས་མེད་གཉིས་པ་དང༌། དག་པ་ས་གསུམ་གྱི་བར་ལ་གྲངས་མེད་གསུམ་པ་སྟེ། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ་ལ་བརྟེན་ནས་སངས་རྒྱས་ཐོབ་པར་གསུངས་པའི་གྲངས་མེད་དང་པོ་ནས་བརྩམས་ཏེ་འཁོར་བའི་སྡུག་བསྔལ་མཐའ་དག་ལས་ངེས་པར་འབྱུང་ཞིང༌། ཐར་པ་ཆེན་པོའི་བདེ་བ་ཐོབ་པར་འདོད་པས་ཐེག་པ་ཆེན་པོ་ལ་དད་ཅིང་མོས་པ་རྣམ་པར་འཕེལ་བར་བྱེད་པ་དེ་ནི། དཔེ་ཇི་ལྟར་ན་ཆུ་མང་པོ་ཡིས་རྒྱ་མཚོ་ཡོངས་སུ་གང་བ་དེ་བཞིན་དུ་དགེ་བའི་ཆོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམས་རིམ་གྱིས་ཡང་དག་པར་རྫོགས་པ་ལ་བརྟེན་ནས་གདམས་ངག་ཟབ་མོ་ཐོབ་པའོ། །ཐེག་ཆེན་ཚོགས་ལམ་གྱི་གནས་སྐབས་སུ་སེམས་དྲུག་གི་འཇུག་ཚུལ་ནི། རྩ་བའི་སེམས་ནི་ཐོག་མར་མདོ་ལ་སོགས་པའི་མིང་ས་བཅུ་པའི་མདོ་སྡེ་ནི་འདིའོ་ཞེས་པ་ལ་སོགས་པ་ཉིད་ལ་སེམས་མཉམ་པར་འཇོག་གོ །གཉིས་པ་རྗེས་སུ་དཔྱོད་པའི་སེམས་ནི། རྩ་བའི་སེམས་ལ་མཉམ་པར་བཞག་པའི་རྗེས་དེ་ནས་མདོ་ལ་སོགས་པ་དེ་དག་གི་རྗོད་བྱེད་ཀྱི་ཚིག་རབ་ཏུ་དབྱེ་བ་ལ་ཡང་ཕྱིན་ཅི་མ་ལོག་པར་དཔྱོད་པར་བྱེད་པའོ། ། གསུམ་པ་རྣམ་པར་དཔྱོད་པའི་སེམས་ནི། མདོའི་སྡེ་ལ་སོགས་པ་དེ་དག་གི་སོ་སོའི་ནང་ཚན་རྣམས་ལ་ཚུལ་བཞིན་དུ་མིང་དང་ཚིག་དེ་དག་གིས་བསྟན་པའི་དོན་ཡང་ཞིབ་ཏུ་རྣམ་པར་དཔྱོད་པ་སྟེ་དོན་དང་ཡི་གེ་དག་ལ་བརྟེན་ནས་སོ། །བཞི་པ་ངེས་པར་འཛིན་པའི་སེམས་ནི། སྔར་རྗེས་སུ་དཔྱད་པ་དང་རྣམ་པར་དཔྱད་པ་དེ་རྣམས་ཀྱི་དོན་དེ་དག་ནི་འདི་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བར་དེ་དག་གི་རྒྱུ་མཚན་ངེས་པར་བཟུང་ནས་གཏན་ལ་འབེབས་པའོ། ། ལྔ་པ་སྡོམ་པའི་སེམས་ནི།

མདོ་སྡེ་ལས་ཚིག་དང་ཡི་གེ་མང་པོ་འབྱུང་ཡང་ཐམས་ཅད་ཀྱི་དོན་བསྡུས་ན་འདི་ཙམ་ཞིག་ཏུ་ཟད་དོ་ཞེས་རྩ་བའི་སེམས་སུ་བསྡུད་ཅིང་སྡོམ་པའོ་ཞེས་འགྲེལ་ཆེན་ལས་འབྱུང་བ་ལྟར་རོ། ། དྲུག་པ་སྨོན་པའི་སེམས་ནི། གདམས་ངག་མནོས་པ་དེའི་དོན་ས་དང་ལམ་དང་འབྲས་བུ་ཡོན་ཏན་ཁྱད་པར་ཅན་ནི་ཐོབ་པར་བྱ་བའི་ཕྱིར། རིམ་གྱིས་སྒོམ་པས་དེ་ནས་དོན་དེ་དག་ལ་རབ་ཏུ་བརྩོན་པ་དེ་ལ་འདུན་པ་དང་ལྷན་ཅིག་སྨོན་པར་བྱེད་པའི་སེམས་རྣམ་པར་དག་པ་འབྱུང་བའོ། །སེམས་གནས་པའི་ཐབས་དགུ་བསྒྲུབས་ནས་བྱང་ཆུབ་སེམས་དཔའ་དེའི་ལུས་དང་སེམས་ཀྱི་གནས་ངན་ལེན་ཅི་རིགས་པ་བྲལ་བར་ལས་སུ་རུང་བར་གྱུར་ཏེ། ཤིན་ཏུ་སྦྱངས་པ་ཆེན་པོ་ཐོབ་ནས་དེ་ཉིད་ཁྱད་པར་དུ་འཕགས་པར་འགྲོ་བ་ཡིས་བསམ་གཏན་བཞིའི་དངོས་གཞིའི་གནས་པ་ཁྱད་པར་ཅན་དེ་རྣམས་ཐོབ་པོ། །འདོད་སེམས་དགུ་སྒྲུབ་ཚུལ་དང་ཞི་ལྷག་སྒྲུབ་ཚུལ་རྣམས་གཞན་ལས་ཤེས་པར་བྱ་སྟེ། འདིར་ཚིག་ཚོགས་མང་བས་མ་སྤྲོས་སོ། །

གཉིས་པ་སྦྱོར་ལམ་བཤད་པ།

གཉིས་པ་སྦྱོར་ལམ་བཤད་པ་ལ།

མཚན་ཉིད་སྤངས་རྟོགས་ཡོན་ཏན་དབྱེ་བ་བྱེད་ལས་ངེས་ཚིག་ངོ་བོ་བཤད་པ་དང་བདུན། དང་པོ་མཚན་ཉིད་ནི། ཚོགས་ལམ་རྫོགས་ནས་མཐོང་ལམ་མ་ཐོབ་བར་གྱི་དགེ་བ་གང་ཞིག་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པ།ཡང་ན་ཚོགས་བསགས་པ་ལས་མོས་པས་སྤྱོད་པ་རྣམས་ཀྱིས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བདེན་པ་རྣམས་མངོན་པར་རྟོགས་པ་ལ་རིམ་གྱིས་སྦྱོར་ཞིང་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་བའོ། །མཚན་གཞི་ནི། ངེས་འབྱེད་ཆ་མཐུན་གྱི་དྲོད་ལྟ་བུའོ། །ས་མཚམས་ནི་ཚོགས་ལམ་རྫོགས་ནས་མཐོང་ལམ་མ་ཐོབ་ཀྱི་བར་དུ་ཡོད། གཉིས་པ་སྤངས་རྟོགས་ནི། ཐེག་པ་རང་ལམ་གྱི་སྤང་བྱའི་གཙོ་བོའི་ཀུན་བརྟགས་རྣམ་པར་མགོ་གནོན་པར་བྱེད་ལ། ཉན་ཐོས་སྦྱོར་ལམ་གྱིས་ཉོན་མོངས་པ་ཀུན་བརྟགས་དང་རང་རྒྱལ་སྦྱོར་ལམ་གྱིས་ཤེས་སྒྲིབ་རགས་པ་ཀུན་བརྟགས་དང༌། ཐེག་ཆེན་སྦྱོར་ལམ་པས་ཤེས་བྱའི་སྒྲིབ་པ་ཀུན་བརྟགས་རྣམས་རྣམ་པར་གནོན་པའི་ཚུལ་གྱིས་སྤོང་ཞིང་ཐེག་པ་རང་རང་གི་བསྒོམ་བྱའི་གཙོ་བོ་ལ་སྒོམ་བྱུང་གི་རྟོག་པ་ཐོབ་པའོ། །གསུམ་པ་ཡོན་ཏན་ནི། མཛོད་ལས། རྩེ་མོ་ཐོབ་པ་རྩ་མི་འཆད། །བཟོད་ཐོབ་ངན་སོང་ཡོངས་མི་ལྟུང༌། །ཞེས་པ་ལྟར་དྲོད་ཐོབ་པ་ནས་མཐོང་ལམ་སྐྱེ་བའི་སྔ་ལྟས་སུ་དྲོད་ལྟ་བུའི་ཡེ་ཤེས་ཐོབ་པ་དང༌། རྩེ་མོ་ཐོབ་པ་ནས་དགེ་རྩ་མི་ཆད་པ་དང༌། བཟོད་པ་ཐོབ་པ་ནས་ལས་ཉོན་གྱི་ངན་སོང་དུ་མི་འགྲོ་བ་དང༌། ཆོས་མཆོག་ཏུ་འཇིག་རྟེན་པའི་དགེ་བ་མཆོག་ཐོབ་པ་ཡིན་ལ། ཡུམ་དང་དེའི་རྒྱན་ལས། དབང་པོ་རྣོན་པོས་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་གསུངས་པ་ལ་སོགས་པ་རྣམས་སོ། ། བཞི་བ་དབྱེ་བ་ནི། སྦྱོར་ལམ་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་བཞི། དེ་རེ་རེ་ལ་ཆུང་འབྲིང་ཆེ་གསུམ་ཡོད། ཡང་ཉན་ཐོས་རང་རྒྱལ་ཐེག་ཆེན་གྱི་སྦྱོར་ལམ་གསུམ་ཡོད། ཉན་ཐོས་ཀྱི་སྦྱོར་ལམ་གྱི་མཚན་ཉིད། ཉན་ཐོས་ཀྱི་ཚོགས་ལམ་རྫོགས་ནས་ཉན་ཐོས་ཀྱི་མཐོང་ལམ་མ་ཐོབ་བར་གྱི་དགེ་བ་གང་ཞིག་ཉན་ཐོས་གྱི་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པ། གཞན་གཉིས་དེས་ཤེས་པར་བྱའོ། །ཐེག་ཆེན་སྦྱོར་ལམ་དྲོད་སོགས་ཀྱི་ཁྱད་པར་སོགས་ནི། ཐེག་ཆེན་སྦྱོར་ལམ་དྲོ་བར་གྱུར་པ་དང་རྩེ་མོ་དང་བཟོད་པ་དང་ཆོས་མཆོག་སྟེ་བཞི་ལས། དང་པོ་ནི་ཚོགས་ལམ་ཐར་པ་ཆ་མཐུན་རྫོགས་པའི་རྗེས་དེ་ནས་སྦྱོར་ལམ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཏེ། བསམ་གཏན་དང་མངོན་ཤེས་ལ་བརྟེན་ནས་ཐེག་པ་བླ་ན་མེད་པའི་སྣོད་དེ་འདྲར་གྱུར་པའི་བྱང་ཆུབ་སེམས་དཔའ་དམིགས་པ་ལ་སེམས་མཉམ་པར་བཞག་པས་ཆོས་ཐམས་ཅད་ཡིད་ཀྱིས་བརྗོད་པ་ཙམ་མ་གཏོགས་པ་ཕྱི་རོལ་གྱི་དོན་ཀུན་རབ་ཏུ་མི་མཐོང་ངོ༌། །ཡིད་ཀྱིས་བརྗོད་པ་ཁོ་ན་རང་དང་སྤྱིའི་མཚན་ཉིད་དུ་སྣང་བ་དེ་ནི་བདེན་པ་རྣམས་ལ་གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཆོས་ཀྱི་སྣང་བ་ཐོབ་པའི་ཞི་གནས་ལྷག་མཐོང་མཚུངས་ལྡན་དང་བཅས་པ་སྟེ། གཙུབ་ཤིང་ལས་མེ་འབྱུང་བ་ལྟར་ཟག་མེད་ཡེ་ཤེས་མེ་ལྟ་བུ་སྐྱེ་བའི་སྔ་ལྟས་ཡིན་པས་དྲོ་བར་གྱུར་པ་ཞེས་བྱའོ། །གཉིས་པ་རྩེ་མོ་ནི་གཟུང་བ་མེད་པར་རྟོགས་པའི་ཆོས་ཀྱི་སྣང་བ་དེ་ཉིད་སྔ་མ་ལས་གོང་དུ་འཕེལ་བར་བྱ་བའི་ཕྱིར། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ལ་མི་གནས་པའི་བརྩོན་འགྲུས་བར་ཆད་ཀྱི་མི་གཡོ་བའི་བརྟན་པོ་རྟག་ཏུ་རྩོམ་པ་དེ་ནི་བདེན་པ་རྣམས་ལ་སྣང་བ་མཆེད་པའི་ཞི་གནས་ལྷག་མཐོང་མཚུངས་ལྡན་དང་བཅས་པ་སྟེ། དགེ་བའི་རྩ་བ་གཡོ་བ་རྣམས་ཀྱི་རབ་མཐའ་ཡིན་པས་རྩེ་མོར་གྱུར་པ་ཞེས་བྱའོ། ། གསུམ་པ་བཟོད་པ་ནི་སླར་ཡང་གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཆོས་ཀྱི་སྣང་བ་དེ་ཉིད་སྔ་མ་ལས་ཀྱང་ཆེས་ཆེར་འཕེལ་ཞིང་མཆེད་པར་གྱུར་ནས་ནི། འདི་ཐམས་ཅད་སེམས་ཁོ་ནར་ཟད་དོ་ཞེས་རྟོགས་པའི་ཕྱིར་སེམས་ཙམ་ལ་ནི་གནས་པར་འགྱུར་ཞིང༌།དེ་ནས་དོན་དུ་སྣང་བ་འདི་མ་ལུས་པ་ཀུན་སེམས་ཀྱི་བདག་ཉིད་དུ་རབ་ཏུ་མཐོང་བར་འགྱུར་གྱི། སེམས་ལས་གཞན་པ་ནི་མ་ཡིན་ནོ་ཞེས་བྱ་བར་རིག་ཅིང༌། སྣང་བ་ཐམས་ཅད་སེམས་ཙམ་དུ་རྟོགས་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་ཡི་གཟུང་བ་བདེན་པར་འཛིན་པའི་རྣམ་པར་གཡེང་བ་འདི་སྤོང་བར་འགྱུར་བ་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པ་དང༌། དེ་ནས་བྱང་ཆུབ་སེམས་དཔའ་དེ་ལ་འཛིན་པ་སེམས་ཙམ་དུ་བདེན་པའི་རྣམ་པར་གཡེང་བ་འབའ་ཞིག་ལུས་ཀྱང་འཛིན་མེད་དུ་རྟོགས་པའི་རྗེས་སུ་སོང་བའི་ཞི་གནས་ལྷག་མཐོང་མཚུངས་ལྡན་དང་བཅས་པ་སྟེ་མི་གཡོ་བའི་སྒོ་ནས་བདེན་པ་མཐོང་བའི་ལམ་དང་རྗེས་སུ་མཐུན་པའི་བཟོད་པ་ཞེས་བྱའོ། །བཞི་པ་ཆོས་མཆོག་ནི་བཟོད་པའི་རྟོགས་པ་མཐར་ཕྱིན་པ་དེའི་ཚེ། མཐོང་ལམ་སྐྱེ་བ་གཞན་གྱིས་བར་ཆད་མེད་པའི་ཏིང་ངེ་འཛིན་ཞི་གནས་དང་ལྷག་མཐོང་མཚུངས་ལྡན་དང་བཅས་པ་ལ་མྱུར་དུ་རེག་པ་སྟེ། འཕགས་པའི་ལམ་རྩལ་གྱིས་འདྲེན་ནུས་པས་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཅེས་བྱའོ། །

མིང་གི་རྣམ་གྲངས་།

མིང་གི་རྣམ་གྲངས་ནི།

སྦྱོར་ལམ་དང་དོན་མངོན་རྟོགས་དང་ངེས་འབྱེད་ཆ་མཐུན་ལ་སོགས་པའོ། །ལྔ་བ་བྱེད་ལས་ནི། མཐོང་ལམ་འདྲེན་པར་བྱེད་པ་དང༌། ཐར་པ་ཐོབ་པར་བྱེད་པ་ལ་སོགས་པའོ། ། དྲུག་པ་ངེས་ཚིག་ནི། བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་ཞིང་ཐར་པར་འགྲོ་བའི་གཞི་ཡིན་པས་ན་སྦྱོར་ལམ་ཞེས་བྱའོ། ། བདུན་པ་ངོ་བོ་ནི་སྦྱོར་ལམ་ཁོ་ན་ཡིན་པ་ཚོགས་ལམ་རྫོགས་ནས་མཐོང་ལམ་སྐྱེ་བ་དང་རྗེས་སུ་མཐུན་པ་དྲོ་བ་ལ་སོགས་པ་བཞི་ཡིན་ཞིང་དེ་དག་རིམ་གྱིས་འཆད་པ་ནི། དྲོ་བར་གྱུར་པ་གང་ཞེ་ན་སོ་སོ་རང་གིས་བདེན་པ་རྣམས་ལ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །ཞེས་གསུངས་པ་ལྟར་གཞན་གྱི་སྒྲ་དང་རྟགས་ལ་མ་བརྟེན་པར་སྒོམ་པ་པོ་རང་གི་རིག་པའི་ཡེ་ཤེས་ཀྱིས་བདེན་བཞིའི་དབང་དུ་བྱས་པའི་ཆོས་རྣམས་ལ་དམིགས་ནས་མཉམ་པར་བཞག་པ་ན། ནང་འཛིན་པ་ཙམ་རྟོགས་པར་གཟུང་བ་ཕྱི་རོལ་གྱི་དོན་མེད་པར་རྟོགས་པའི་སྣང་བ་ཐོབ་པའི་ངོ་བོ་ཏིང་ངེ་འཛིན་ཞི་གནས་དང་ཤེས་རབ་ལྷག་མཐོང་གྲོགས་དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་དང་བཅས་པ་རྣམས་སོ། །དེ་བཞིན་དུ་རྩེ་མོ་གང་ཞེ་ན་སོ་སོ་རང་གིས་བདེན་པ་རྣམས་ལ་སྣང་བ་ཕྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །ཞེས་གསུངས་པ་ལྟར་སྔར་བཞིན་སོ་སོ་རང་རིག་ཡེ་ཤེས་ཀྱིས་བདེན་པ་རྣམས་ལ་གཟུང་བ་མེད་པར་རྟོགས་པའི་སྣང་བ་དེ་ཉིད་སྔ་མ་ལས་གོང་དུ་ཕྱེད་ཅིང་འཕེལ་བར་འགྱུར་པའི་ཞི་གནས་ལྷག་མཐོང་མཚུངས་ལྡན་དང་བཅས་པའོ། །བདེན་པའི་རྗེས་སུ་མཐུན་པའི་བཟོད་པ་གང་ཞེ་ན་སོ་སོ་རང་གིས་བདེན་པ་རྣམས་ལ་ཕྱོགས་གཅིག་ལ་ཞུགས་པ་དང་རྗེས་སུ་སོང་བའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །ཞེས་གསུངས་པ་ལྟར་སོ་སོ་རང་རིག་ཡེ་ཤེས་ཀྱིས་བདེན་པ་རྣམས་ལ་དོན་དུ་སྣང་བ་ཐམས་ཅད་སེམས་ཁོ་ནར་སྣང་བས་ཕྱོགས་གཅིག་གཟུང་བ་རང་བཞིན་མེད་པ་ལ་ཞུགས་པ་དང༌། འཛིན་པ་མེད་པར་རྟོགས་པའི་རྗེས་སུ་མཐུན་པར་ཞུགས་པའི་ཞི་གནས་ལྷག་མཐོང་མཚུངས་ལྡན་དང་བཅས་པ་སྟེ། དེ་གསུམ་ནི་གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་གསལ་སྣང་ཆུང་ངུ་དང་འབྲིང་དང་ཆེན་པོར་གྱུར་པའོ། །འཛིན་པའི་ཆོས་ཀྱི་མཆོག་གང་ཞེ་ན་སོ་སོ་རང་གིས་བདེན་པ་རྣམས་ལ་དེ་མ་ཐག་པའི་སེམས་ཀྱི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །ཞེས་གསུངས་པ་ལྟར་སོ་སོ་རང་རིག་ཡེ་ཤེས་ཀྱིས་བདེན་པ་རྣམས་ལ་དེ་མ་ཐག་པའི་རྗེས་སུ་མཐོང་ལམ་སྐྱེས་ནས་འཛིན་པའང་མེད་པས་རྟོགས་པར་འགྱུར་བའི་ཞི་གནས་ལྷག་མཐོང་མཚུངས་ལྡན་དང་བཅས་པ་སྟེ། དེ་དག་གི་དང་པོ་གཉིས་སུ་དབང་པོ་ལྔ་དང༌། ཕྱི་མ་གཉིས་སུ་སྟོབས་ལྔ་གཙོ་བོར་སྒོམ་ཞིང་ཐོབ་པའོ། །

གསུམ་པ་མཐོང་ལམ་བཤད་པ།

གསུམ་པ་མཐོང་ལམ་བཤད་པ་ལ།

མཚན་ཉིད་སྤངས་རྟོགས་ཡོན་ཏན་དབྱེ་བ་བྱེད་ལས་ངེས་ཚིག་ངོ་བོ་བཤད་པ་དང་བདུན། དང་པོ་མཚན་ཉིད་ནི། ཆོས་མཆོག་རྫོགས་ནས་སྒོམ་ལམ་མ་སྐྱེས་པར་གྱི་དགེ་བ་གང་ཞིག་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པ།ཡང་ན་ཆོས་མཆོག་གི་མཇུག་ཐོགས་སུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་འཕགས་པའི་བདེན་པ་མངོན་སུམ་གྱིས་གསར་དུ་མཐོང་བའི་སྐབས་ཀྱི་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་བའོ། །ས་མཚམས་ནི་ཐེག་པ་རང་ལམ་གྱི་སྦྱོར་ལམ་རྫོགས་ནས་སྒོམ་ལམ་མ་སྐྱེས་ཀྱི་བར་དུ་ཡོད་དོ། །གཉིས་པ་སྤངས་རྟོགས་ནི། ཐེག་པ་རང་རང་གི་མཐོང་སྤང་ས་བོན་རྩ་བ་ནས་སྤངས་ཏེ། ཐེག་པ་རང་ལམ་གྱི་སྒོམ་བྱའི་གཙོ་བོའི་བདག་མེད་ཀྱི་དོན་མངོན་སུམ་དུ་མཐོང་ཞིང་ཆོས་ཅན་ཇི་སྙེད་པའི་དོན་ཡང་ཅི་རིགས་པར་གསར་དུ་མངོན་སུམ་དུ་རྟོགས་པའོ། །གསུམ་པ་ཡོན་ཏན་ནི། སྔར་གྱི་སྤངས་རྟོགས་དེ་དག་དང༌། ཐེག་ཆེན་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་རྗེས་ཐོབ་ཏུ་འབྱུང་བའི་ནུས་པ་ལ་སོགས་པ་ཐོབ་པའོ། ། བཞི་བ་དབྱེ་བ་ནི། གང་ཟག་གིས་ཕྱེ་ན་ཞུགས་གནས་གཉིས་དང༌། ཐེག་པས་ཕྱེ་ན་མཐོང་ལམ་གསུམ་དང༌། ངོ་བོས་ཕྱེ་ན་ཤེས་བཟོད་སྐད་ཅིག་བཅུ་དྲུག་ཡོད། བྱེ་བྲག་སྨྲ་བས། མཛོད་ལས། བཟོད་དང་ཤེས་པ་གོ་རིམ་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །དེ་ལས་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་པ་ལྟར་བཟོད་པ་བརྒྱད་བར་ཆད་མེད་ལམ་དང༌། ཤེས་པ་བརྒྱད་རྣམ་གྲོལ་ལམ་དང༌། སྐད་ཅིག་དང་བོ་བཅོ་ལྔ་ནི་མཐོང་ལམ་དང༌། བཅུ་དྲུག་པ་ལམ་རྗེས་ཤེས་ནི་སྒོམ་ལམ་འདོད་ལ། །ཡང་དེ་ལ་དབྱེ་ན་མཐོང་ལམ་རབ་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་དང་དེ་མ་ཡིན་པའི་མཐོང་ལམ་དང་གསུམ་ཡོད། མཐོང་ལམ་བར་ཆད་མེད་ལམ་གྱི་མཚན་ཉིད། རང་གི་ངོས་སྐལ་གྱི་མཐོང་སྤང་གི་དངོས་གཉེན་དུ་གྱུར་བའི་བདག་མེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཡེ་ཤེས་དེ་ཡིན་ནོ། །དེ་ལ་དབྱེ་ན། ཆོས་བཟོད་བཞི་ཡོད། མཐོང་ལམ་རྣམ་གྲོལ་ལམ་གྱི་མཚན་ཉིད། རང་དངོས་སུ་འདྲེན་བྱེད་ཀྱི་བར་ཆད་མེད་ཀྱི་ངོས་སྐལ་ཀྱི་མཐོང་སྤང་ལས་རྣམ་པར་གྲོལ་བའི་ལམ་དེའོ། །དེ་ལ་དབྱེ་ན་ཆོས་ཤེས་བཞི་ཡོད། དེ་གཉིས་གང་རུང་མ་ཡིན་པའི་མཐོང་ལམ་ནི་རྗེས་བཟོད་བཞི་དང་རྗེས་ཤེས་བཞིའོ། །མཐོང་ལམ་རྗེས་ཐོབ་ཡེ་ཤེས་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས་ཡོད་པར་གསུངས་ཏེ། དེ་ལས། བྱེ་བྲག་སྨྲ་བ། མཐོང་ལམ་ལ་རྗེས་ཐོབ་མེད་པར་འདོད་ཀྱང༌། ཐེག་པ་ཐུན་མོང་བའམ་ཆེན་པོ་ལྟར་ན་རྗེས་ཐོབ་ཡེ་ཤེས་ཡོད་པར་བཤད་དེ་གཞུང་དུ་སྟོན་ནོ། །ཞེས་སོ། །འོན་ཀྱང་ས་བཟང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་སོགས་ན་སྒོམ་ལམ་ལ་རྗེས་ཐོབ་ཡེ་ཤེས་གསལ་བར་བཤད་ཀྱང་མཐོང་ལམ་རྗེས་ཐོབ་ཡེ་ཤེས་མེད་པའི་ཚིག་ཉམས་དུ་མ་སྣང་བས་དཔྱད་པར་བྱའོ། །མིང་གི་རྣམ་གྲངས་ནི། མཐོང་ལམ་བདེན་པ་མངོན་རྟོགས་སོགས་དོན་གཅིག་གོ ། ལྔ་བ་བྱེད་ལས་ནི། སྒོམ་ལམ་འདྲེན་པར་བྱེད་པ་དང༌། འཕགས་པ་ཐོབ་པར་བྱེད་པ་ལ་སོགས་པའོ། །དྲུག་པ་ངེས་ཚིག་ནི། དེ་ཁོ་ན་ཉིད་སྔར་མ་མཐོང་བ་མཐོང་ཞིང་འཕགས་པའི་སར་ཕྱིན་པར་བྱེད་པས་ན་མཐོང་ལམ་ཞེས་པའོ། །བདུན་པ་ངོ་བོ་ནི། མཐོང་བའི་ལམ་གང་ཞེ་ན། མདོར་བསྡུ་ན་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་འཇུག་ཐོགས་སུ་མི་དམིགས་པའི་ཏིང་ངེ་འཛིན་མཚུངས་པར་ལྡན་པ་དང་བཅས་པའོ། །ཞེས་གསུངས་པ་ལྟར་བདག་རྐྱེན་ཆོས་མཆོག་ལ་བརྟེན་ནས་དུས་ཀྱང་དེའི་རྗེས་སུ་བར་ཆད་མེད་པར་ངོ་བོ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཟུང་འཛིན་གཉིས་ཀ་མི་དམིགས་པར་རྟོགས་པའི་ཞི་གནས་ལྷག་མཐོང་མཚུངས་ལྡན་དང་བཅས་པའོ། །དེ་ལ་རིག་པ་དྲུག་བཅུ་པའི་འགྲེལ་བར། སྐད་ཅིག་མ་གཅིག་ཁོ་ན་ལ་དེ་ཁོ་ན་ལ་དེ་ཁོ་ན་ཉིད་མཐོང་སྟེ། ངོ་བོ་གཅིག་པའི་ཡེ་ཤེས་ཁོ་ན་ལ་ཆར་ཕྱེ་ནས་སྐད་ཅིག་བཅུ་དྲུག་ཏུ་བཞག་པ་ནི་དེ་ལྟ་བུ་བསྟན་པས་གདུལ་བྱ་ལ་ཕན་གདགས་པའི་ཆེད་དུའོ། །ཞེས་པ་དང༌། བརྒྱད་སྟོང་འགྲེལ་པར། འབྲས་བུ་མངོན་པར་རྟོགས་པ་ལ་ལྟོས་ནས་སྐད་ཅིག་མ་གཅིག་དང༌། བདེན་པ་སོ་སོ་ལ་ལོག་རྟོག་བསལ་བའི་སྒོ་ནས་སྐད་ཅིག་མ་བཅུ་དྲུག་གོ །ཞེས་པ་དང༌། ཐུབ་པ་དགོངས་རྒྱན་དུ། སྡུག་བསྔལ་ཆོས་བཟོད་མཐོང་ལམ་མཚན་ཉིད་པ་དང༌། གཞན་རྣམས་ནི་བཏགས་པའོ་ཞེས་པ་ལ་སོགས་པའང་གསུང་མོད་ཀྱི། འདིར་ཡང་མཐོང་བའི་ལམ་ལ་རབ་ཏུ་དབྱེ་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ་དང༌། དེ་བཞིན་དུ་ཀུན་འབྱུང་དང་འགོག་པ་དང་ལམ་ལ་ཡང་སྦྱར་ཏེ་གསུངས་པ་ལྟར། བདེན་པ་སོ་སོ་ལ་དམིགས་ནས་རང་རང་གི་མཐོང་སྤང་གི་སྒྲིབ་པ་སྤོང་བ་ཆོས་ཤེས་པའི་བཟོད་པ་དང༌། སྒྲིབ་པ་སྤངས་ནས་ཀྱང་རྣམ་གྲོལ་ཉམས་སུ་མྱོང་བར་བྱེད་པ་ཆོས་ཤེས་པ་དང༌། དེ་ལྟར་སྐད་ཅིག་དང་པོ་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་རྟོགས་པ་རྗེས་སུ་ཤེས་པའི་བཟོད་པ་དང༌། སྐད་ཅིག་གསུམ་པོ་དེ་ཉིད་རང་རིག་པའི་ཚུལ་གྱིས་འཛིན་པའི་རྗེས་སུ་ཤེས་པ་སྟེ། བདེན་པ་རེ་རེ་ལ་སྐད་ཅིག་མ་བཞི་བཞིའི་དབྱེ་བས་སྐད་ཅིག་མ་བཅུ་དྲུག་སྟན་ཐོག་གཅིག་ཏུ་མཉམ་གཞག་གི་རྒྱུན་ཅིག་ལ་རིམ་པ་བཞིན་པར་མ་ཆད་བར་སྐྱེ་སྟེ། གཟུངས་དབང་གི་མདོ་ལས་ཀྱང༌། གང་བརྒྱད་པ་འབྲས་བུ་མ་ཐོབ་པར་ལྡང་བ་འདི་ནི་གནས་མེད་དོ། །ཞེས་གསུངས་པ་ལྟར་རོ། །དེ་དང་ལྷན་ཅིག་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་པའོ། ། མཐོང་ལམ་ཐོབ་ཚུལ་ནི་སྦྱོར་ལམ་ཆོས་མཆོག་ཡོངས་སུ་རྫོགས་པའི་རྗེས་དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་དེས་ནི་ཡེ་ཤེས་དེ་འཇིག་རྟེན་པ་རྣམས་ལ་མེད་ཅིང་འཇིག་རྟེན་པའི་སྤྱོད་ཡུལ་མ་ཡིན་པས། འཇིག་རྟེན་ལས་འདས་པའི་ཡེ་ཤེས་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པ། ཉན་རང་ལ་སོགས་པ་ལས་མཆོག་ཏུ་གྱུར་པས་ཐེག་པ་བླ་ན་མེད་པ། གཟུང་བ་དང་འཛིན་པ་རྣམ་པར་མི་རྟོག་ཅིང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་དྲི་མ་མེད་པ་ཡུལ་དང་ཡུལ་ཅན་དུ་འཛིན་པ་གཉིས་དང་བྲལ་བའི་ཞི་གནས་ལྷག་མཐོང་མཚུངས་ལྡན་དང་བཅས་པ་ཐོབ་པ་སྟེ། མདོ་ལས་ཀྱང༌། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་སྐྱེས་སོ། །ཞེས་གསུངས་པ་ལྟར་རོ། །ས་དང་པོར་མཐོང་ལམ་ཐོབ་པ་འདི་ནི་བྱང་ཆུབ་སེམས་དཔའ་དེས་བསྐལ་པ་དཔག་ཏུ་མེད་པར་ཚོགས་གཉིས་བསགས་པ་ཉིད་ཀྱིས་མཐོང་སྤང་མ་ལུས་པ་ཤིན་ཏུ་རྣམ་པར་དག་པར་འགྱུར་བའོ། །རྒྱལ་བའི་སྲས་རྣམས་སེམས་ཅན་རྣམས་ལ་བདེ་བ་དང་མི་འབྲལ་བར་འདོད་པའི་དགའ་བ་ཚད་མེད་པ་དང་ཕན་པ་དང་བདེ་བར་འདོད་པའི་བྱམས་པ་ཚད་མེད་པ་གང་ཡིན་པ་དང༌། དེ་དག་སྒྲུབ་པའི་དོན་དུ་སྦྱོར་བ་གང་ཡིན་པ་དང༌། གཞན་དོན་གྱི་དཀའ་སྤྱད་དང་ལོག་སྒྲུབ་ཀྱིས་མི་སྐྱོ་བ་གང་ཡིན་པ་དེ་དག་ནི་སྲིད་པ་དག་ན་ཤིན་ཏུ་ངོ་མཚར་ཆེ་བ་ཡང་ཡིན་ནོ། །ལམ་ལེགས་པར་ཤེས་པ་ལ་ལམ་གྱི་སྤང་བྱ་མི་མཐུན་ཕྱོགས་ཤེས་དགོས་པས་འདིར་སྤང་བྱའི་གྲངས་ཙམ་བརྗོད་ན་ས་བཟང་གི་མདོ་སྡེའི་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ལས། སྤྱིར་ཐར་པ་དང་ཐམས་ཅད་མཁྱེན་པའི་གེགས་སམ་བར་དུ་གཅོད་པ་ནི་སྒྲིབ་པ་ཡིན་ཞིང༌། ངོ་བོས་ཕྱེ་ན་དབུས་མཐའ་ལས། ཉོན་མོངས་པ་ཡི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་དག་ཏུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར་འདོད་ཆགས་ལ་སོགས་པ་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་བྱེད་ཅིང༌། ཐར་པ་ཐོབ་པའི་གེགས་སུ་གྱུར་པ་ཉོན་མོངས་པའི་སྒྲིབ་པ་དང༌། ཞེས་པ་ནས། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཤེས་བྱ་ཤེས་པའི་གེགས་སུ་གྱུར་པ་ནི་ཤེས་བྱའི་སྒྲིབ་པ་སྟེ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་མི་ཤེས་པ་སྙོམས་འཇུག་གི་སྒྲིབ་པ་ནི་ཤེས་བྱའི་སྒྲིབ་པའི་ཁྱད་པར་རོ། །ཉོན་མོངས་པ་ལ་གཉེན་པོ་རིམ་གྱིས་ཕྱེ་ན་ཀུན་བརྟགས་ཀྱི་ཆ་རྣམས་མཐོང་བས་སྤང་བར་བྱ་བ་དང༌། ལྷན་སྐྱེས་ཀྱི་ཆ་རྣམས་སྒོམ་པས་སྤང་བར་བྱ་བ་གཉིས་ཀྱི་དང་པོ་ནི། འདོད་པའི་ཁམས་ན་བདེན་པ་བཞི་ལ་ཉོན་མོངས་པ་བཅུའི་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པའི་ལྟ་བ་དང༌། ལོག་པར་ལྟ་བ་དང་ཐེ་ཚོམ་སྟེ་བཞིས་དངོས་སུ་ལོག་པར་རྟོགས་པ་དང༌། མཆོག་འཛིན་གཉིས་དང༌། འདོད་ཆགས་དང་ང་རྒྱལ་དང་ཁོང་ཁྲོ་སྟེ་ལྔས་ལོག་ཞུགས་ལ་སོགས་པར་རྟོགས་པ་དང༌། མ་རིག་པས་གཉིས་ཀ་ལ་ལོག་པར་རྟོགས་པ་སྟེ་བཞི་བཅུ་དང༌། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་པས་བདེན་པ་བཞི་ལ་ཉོན་མོངས་དགུས་ལོག་པར་ཞུགས་པ་སོ་དྲུག་པ་གཉིས་ཏེ། ཀུན་ལས་བཏུས་པར། དེ་དག་མདོར་བསྡུ་ན་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་ནི་མཐོང་བས་ནི་སྤང་བར་བྱ་བའི་རིས་སོ་ཞེས་གསུངས་པ་རྣམས་སོ། །སྒོམ་སྤང་ནི་འཁོར་བ་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའི་ལྷན་སྐྱེས་ཐ་ན་བྱ་དང་རི་དྭགས་ལ་སོགས་པ་ལའང་ཡོད་པ་སྟེ། འདོད་པའི་ཁམས་ན་ཉོན་མོངས་པ་དྲུག་གིས་ཡུལ་ལ་ལོག་པར་ཞུགས་པ་དང༌། ཁམས་གོང་མ་གཉིས་ཁོང་ཁྲོ་མ་གཏོགས་པ་ལྔ་ལྔས་ལོག་པར་ཞུགས་པས་བཅུ་དྲུག་སྟེ། དེ་དག་མདོར་བསྡུ་ན་བཅུ་དྲུག་ནི་སྒོམ་པས་སྤང་བར་བྱ་བའི་རིས་སོ། །ཞེས་དང༌། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། ཁོང་ཁྲོ་མ་གཏོགས་པ་ལྔ་པོ་དེ་ལ་ཁམས་གསུམ་ས་དགུར་རེ་རེ་ལའང་ཆུང་འབྲིང་ཆེ་དགུ་དགུ་ཡོད་ཅིང་འདོད་པའི་ཁོང་ཁྲོ་དགུ་དང་བཅས་པས་བཞི་བརྒྱ་བཅུ་བཞིར་ཡོད་དོ། །ཞེས་གསུངས་པ་ལྟར་རོ། །ཤེས་སྒྲིབ་ལ་གཟུང་འཛིན་གྱི་རྟོག་པ་བཞིའམ་སོ་དྲུག་ལ་མཐོང་སྤང་དང་སྒོམ་སྤང་གཉིས་རེ་ཡོད་ལ། །ཕྱི་མ་ལ་སྐོར་དགུ་སོགས་ཡོད་དོ། །སྤང་བྱ་ཀུན་བརྟགས་མཐོང་སྤང་དང་སྤང་བྱ་ལྷན་སྐྱེས་སྒོམ་སྤང་ཡིན་ཏེ། ས་བཟང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་ལས། མཐོང་བའི་ལམ་གྱི་ཞོར་ལ་ཤེས་སྒྲིབ་ཀུན་བརྟགས་རྣམས་ཀྱང་སྤོང་མོད་ཀྱི། སྤང་བྱའི་གཙོ་བོ་ཉེས་སྤྱོད་ཆེན་པོའི་རྐྱེན་དུ་གྱུར་པ་ཀུན་བརྟགས་ཉོན་མོངས་པའི་སྒྲིབ་པ་རྣམས་ཐམས་ཅད་སྤངས་ཏེ་ཡང་དག་པར་ཟད་པར་བྱས་ནས་སྒོམ་པའི་ལམ་གྱིས་ཉོན་སྒྲིབ་ལྷན་སྐྱེས་རྣམས་ཀྱང་སྤོང་མོད་ཀྱི། གཙོ་ཆེར་ཤེས་བྱའི་སྒྲིབ་པ་ལྷན་སྐྱེས་རྣམས་སྤང་བའི་ཕྱིར་ཆོས་ཉིད་མངོན་སུམ་དུ་མཐོང་ཟིན་ཏེ་སྒོམ་པ་ལ་ནི་རབ་ཏུ་སྦྱོར་རོ། ། མདོར་ན་ས་དང་པོའི་སྟོད་ཀྱི་ཆ་ལ་མཐོང་སྤང་སྤངས་ཏེ་མཐོང་ལམ་ཡོངས་སུ་རྫོགས་པར་ཐོབ་ནས། སྨད་ཀྱི་ཆ་ནས་ས་བཅུ་པའི་བར་ལ་སྒོམ་ལམ་གྱིས་ཤེས་བྱའི་སྒྲིབ་པ་གཙོ་བོར་སྤོང་ཞིང་གཞན་དོན་དུ་སྐྱེ་བ་ལེན་པའི་ནུས་ལྡན་གྱི་ཉོན་མོངས་པ་ཕྲ་མོ་ཆེད་དུ་གཉེར་ནས་མི་སྤོང་བའི་རང་བཞིན་ཅན་ཡིན་ཡང་དེས་ཉོན་མོངས་པའི་ཉེས་པ་མི་སྐྱེད་ལ། དེ་ཡང་བྱང་ཆུབ་ཐོབ་པ་ན་ཤེས་སྒྲིབ་ལྷག་མ་དང་ཅིག་ཅར་སྤོང་སྟེ། ཞེས་གསུངས་སོ། །

བཞི་བ་སྒོམ་ལམ་བཤད་པ།

བཞི་བ་སྒོམ་ལམ་བཤད་པ་ལ།

མཚན་ཉིད་སྤངས་རྟོགས་ཡོན་ཏན་དབྱེ་བ་བྱེད་ལས་ངེས་ཚིག་ངོ་བོ་བཤད་པ་དང་བདུན། དང་པོ་སྒོམ་ལམ་གྱི་མཚན་ཉིད་ནི། རང་ལམ་གྱི་མཐོང་ལམ་རྫོགས་ནས་ཐེག་པ་རང་གི་མི་སློབ་ལམ་མ་ཐོབ་བར་གྱི་དགེ་བ་གང་ཞིག་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པ། ཡང་ན་བདེན་པ་མངོན་སུམ་དུ་རྟོགས་ཟིན་གོམས་པར་བྱེད་པའི་སྐབས་ཀྱི་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་བའོ། །ས་མཚམས་རང་ལམ་གྱི་མཐོང་ལམ་རྫོགས་ནས་རང་ལམ་གྱི་མི་སློབ་ལམ་མ་སྐྱེས་ཀྱི་བར་དུ་ཡོད་དོ། །གཉིས་པ་སྤངས་རྟོགས་ནི། ཉན་རང་གཉིས་ཀས་རང་ལམ་གྱི་སྒོམ་སྤང་རྣམས་རིམ་གྱིས་སྤངས་ཤིང་དེ་དག་སྤངས་པའི་གྲོལ་ལམ་ཐོབ་པ་དང༌། ཐེག་ཆེན་གྱིས་སྒོམ་སྤང་རྣམས་རིམ་གྱིས་སྤངས་ཤིང༌། ཆོས་དབྱིངས་བསྟོད་པར། །ཇི་ལྟར་ཚེས་པའི་ཟླ་བ་ནི། །{ད་ཅིག་སྐད་ཅིག་རྒྱས་པར་མཐོང༌། །དེ་བཞིན་ས་ལ་ཞུགས་རྣམས་ཀྱིས། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང༌། །ཞེས་གསུངས་པ་ལྟར་ཆོས་ཉིད་མངོན་སུམ་དུ་རྟོགས་པའང་གོང་ནས་གོང་དུ་འཕེལ་བར་འགྱུར་བའོ། །གསུམ་པ་ཡོན་ཏན་ནི། ས་གཉིས་པ་ནས་སྟོང་ཕྲག་བཅུ་གཉིས་ལ་སོགས་པར་རིམ་གྱིས་འཕེལ་བར་འགྱུར་བ་རྣམས་སོ། །བཞི་བ་དབྱེ་བ་ནི། ངོ་བོས་ཕྱེ་ན་མཉམ་རྗེས་གཉིས་དང༌། རྣམ་པས་ཕྱེ་ན་ཆེ་འབྲིང་དགུ་དང༌། ཐེག་པས་ཕྱེ་ན་རྣམ་པ་གསུམ་ལ་སོགས་པའོ། །མིང་གི་རྣམ་གྲངས་ནི། སྒོམ་ལམ་དང་རྗེས་ལ་མངོན་རྟོགས་སོགས་དོན་གཅིག་གོ །ལྔ་བ་བྱེད་ལས་ནི་རང་གི་ཡོན་ཏན་ཐོབ་པར་བྱེད་པ་དང༌། གཞན་དག་ཡོངས་སུ་སྨིན་པར་བྱེད་པ་ལ་སོགས་པའོ། །དྲུག་པ་ངེས་ཚིག་ནི། ཆོས་ཉིད་སོགས་མཐོང་ཟིན་གོམས་པར་བྱེད་ཅིང་ཐར་པར་འགྲོ་བའི་གཞི་ཡིན་པས་ན་སྒོམ་ལམ་ཞེས་བྱའོ། །བདུན་པ་ངོ་བོ་ནི། སྒོམ་པའི་ལམ་ལ་སྡུག་བསྔལ་བ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་ཤེས་རྣམས་ཏེ། ཆོས་ཤེས་དང་རྗེས་སུ་རྟོགས་པའི་ཤེས་པའི་ཕྱོགས་རྣམས་དང་དེ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་བསམ་གཏན་དང་པོ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུའོ། །ཞེས་གསུངས་པ་ལྟར་སྒོམ་ལམ་ཟག་མེད་ཀྱི་སྐབས་སུ་ཡང་དམིགས་ཡུལ་བདེན་པ་བཞིའི་ཆོས་ཉིད་ལ་དམིགས་ནས་རྣམ་པ་དེ་དག་མངོན་སུམ་དུ་ཤེས་པའི་ཡེ་ཤེས་རིམ་གྱིས་གོམས་པར་བྱེད་པ་སྟེ། དེ་ཡང་བདེན་པ་བཞིའི་ཆོས་ཉིད་སྤང་བྱས་དག་པའི་རྣམ་གྲོལ་ཉམས་སུ་མྱོང་བ་ཆོས་ཤེས་པ་བཞི་དང༌། དེ་དག་གི་གནས་ལུགས་རང་རིག་པའི་ཚུལ་གྱིས་རྟོགས་པ་རྗེས་སུ་རྟོགས་པའི་ཤེས་པ་བཞིའི་ཕྱོགས་སྒོམ་ལམ་གྱིས་བསྡུས་པ་རྣམས་དང༌། ལྷག་མཐོང་ཤེས་པ་བརྒྱད་པོ་དེ་དག་མཚུངས་ལྡན་གྱི་ཏིང་འཛིན་ཞི་གནས་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ཟག་མེད་དུ་སྐྱེ་བ་ལ་མཉམ་པར་འཇོག་པའོ། །དེ་དག་ཀྱང་སྤང་བྱ་རིམ་གྱིས་སྤོང་ཚུལ་གྱིས་ཕྱེ་ན་ཡུམ་གྱི་རྒྱན་དུ། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་དག་པ་ཡིན། །ཞེས་གསུངས་པ་ལྟར་འདོད་པ་ནས་སྲིད་རྩེའི་བར་ཁམས་གསུམ་གྱི་ས་དགུ་པོ་རེ་རེ་ན་ཡང་སྤང་བྱ་སྒོམ་སྤང་ཆེན་པོའི་ཆེན་པོ་ལ་དགུ་དགུ་ཡོད་པ་རྣམས་གཉེན་པོ་སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུ་དགུ་རིམ་གྱིས་སྐྱེ་བས་སྤོང་བ་སྟེ། དེ་ཡང་རེ་རེ་ཞིང་སྤང་བྱ་སྒོམ་སྤང་ཆེན་པོའི་ཆེན་པོ་དང་ཆེན་པོའི་འབྲིང་པོ་དང་ཆེན་པོའི་ཆུང་ངུ་རྣམས། གཉེན་པོ་སྒོམ་ལམ་ཆུང་ངུའི་ཆུང་ངུ་དང་ཆུང་ངུའི་འབྲིང་པོ་དང༌། ཆུང་ངུའི་ཆེན་པོ་རྣམས་ཀྱིས་སྤོང་ཞིང༌། དེ་བཞིན་དུ་སྒོམ་སྤང་འབྲིང་པོའི་ཆེན་པོ་དང་འབྲིང་པོའི་འབྲིང་པོ་དང་འབྲིང་པོའི་ཆུང་ངུ་རྣམས། སྒོམ་ལམ་འབྲིང་པོའི་ཆུང་ངུ་དང་འབྲིང་པོའི་འབྲིང་པོ་དང་འབྲིང་པོའི་ཆེན་པོ་རྣམས་ཀྱིས་སྤོང་ལ། སྒོམ་སྤང་ཆུང་ངུའི་ཆེན་པོ་དང་ཆུང་ངུའི་འབྲིང་པོ་དང་ཆུང་ངུའི་ཆུང་ངུ་རྣམས་སྒོམ་ལམ་ཆེན་པོའི་ཆུང་ངུ་དང་ཆེན་པོའི་འབྲིང་པོ་དང་ཆེན་པོའི་ཆེན་པོ་རྣམས་ཀྱིས་སྤང༌། འགག་པ་དང་གཉེན་པོ་སྐྱེ་བ་དུས་མཉམ་པའི་ཚུལ་གྱིས་སྤོང་བའོ། །དེ་ལ་སྤང་གཉེན་ཆེ་ཆུང་དོད་སྙོམས་སུ་སྤོང་བར་རིགས་སོ་སྙམ་ན། སྤང་བྱ་ཆེན་པོ་ནི་རྒྱུད་ལ་འབྱུང་བ་རྟོགས་སླ་ཞིང་དྲི་མ་ཆེ་ལོང་འདྲ་བར་གཉེན་པོ་ཆུང་ངུས་ཀྱང་སེལ་ལ། སྤང་བྱ་ཆུང་ངུ་ནི་དཔྱད་དཀའ་ཞིང་རྒྱུད་ལ་ཞེན་པས་དྲི་མ་ཕྲ་མོ་དང་འདྲ་བར་གཉེན་པོ་ཆེན་པོས་བསལ་དགོས་པའི་ཕྱིར་དང༌། ཐོག་མར་ལམ་ཆེན་པོ་སྐྱེ་བ་མི་སྲིད་ཅིང་དེ་སྐྱེས་པ་ན་ཉོན་མོངས་པ་ཆེན་པོའང་མི་སྲིད་པའི་ཕྱིར་སྤང་བྱ་ཆེ་རིམ་ནས་འགག་པ་དང་གཉེན་པོ་ཆུང་རིམ་ནས་སྐྱེ་བར་གསུངས་སོ། །དེའི་སྐབས་སུ་འཕགས་པའི་ལམ་ཡན་ལག་བསྒོམས་ཞིང་ཐོབ་པ་ཡིན་ནོ། །སྒོམ་ལམ་ལ་ཇི་ལྟར་སྦྱོར་ཚུལ་ནི། མཐོང་ལམ་ཐོབ་པའི་རྗེས་དེ་ནས་བྱང་ཆུབ་སེམས་དཔའ་འདི་ནི་ས་དང་པོའི་སྟོད་ཀྱི་ཆ་ལ་མཐོང་ལམ་ཐོབ་པའི་ལྷག་མའི་ས་ནས་བརྩམས་ཏེ་ས་བཅུ་པའི་བར་རྣམས་སུ་ཆོས་ཉིད་མཐོང་ཟིན་སྒོམ་པའི་ལམ་འདི་ལ་མཉམ་གཞག་དང་རྗེས་ཐོབ་ཀྱི་ཡེ་ཤེས་རྣམ་པ་གཉིས་པོ་དག་བསྒོམ་པའི་ཕྱིར་རབ་ཏུ་སྦྱོར་བར་བྱེད་དོ། །རྫོགས་པར་འགྱུར་ཚུལ་ནི་སྔར་ལས་ས་དང་པོ་ཐོབ་ཅིང༌།དེ་ནས་མ་དག་པ་ས་བདུན་གྱི་བར་ལ་གྲངས་མེད་གཅིག་དང་དག་པ་ས་གསུམ་གྱི་བར་ལ་གྲངས་མེད་གཅིག་སྟེ། ས་ཐོབ་ནས་ཀྱང་བསྐལ་པ་གྲངས་མེད་གཉིས་ནི་རྫོགས་པ་ཡིས་སྒོམ་པ་ཡི་ནི་ལམ་མཐར་ཕྱིན་པར་གྱུར་ཏེ། སྒོམ་པའི་ཐ་མ་ས་བཅུ་ཡོངས་སུ་རྫོགས་པར་ཐོབ་ནས་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་ཆེན་པོས་དབང་བསྐུར་བས་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་འགྱུར་བའོ། །

ལྔ་བ་ཐེག་པ་རང་ལམ་གྱི་མཐར་ཕྱིན་པའི་ལམ་བཤད་པ།

ལྔ་བ་ཐེག་པ་རང་ལམ་གྱི་མཐར་ཕྱིན་པའི་ལམ་བཤད་པ་ལ།

མཚན་ཉིད་སྤངས་རྟོགས་ཡོན་ཏན་དབྱེ་བ་བྱེད་ལས་ངེས་ཚིག་ངོ་བོ་བཤད་པ་དང་བདུན། དང་པོ་མཚན་ཉིད་ནི། ཐེག་པ་རང་ལམ་གྱི་མི་སློབ་པའི་རྒྱུད་ལ་མངའ་བའི་དགེ་བ་གང་ཞིག་མྱ་ངན་ལས་འདས་པར་ཕྱིན་པར་གྱུར་པ། ཡང་ན་ཐེག་པ་རང་ལམ་གྱི་བགྲོད་པ་མཐར་ཕྱིན་པའི་རྣམ་གྲོལ་ལམ་གྱི་འཇུག་ངོགས་སུ་གྱུར་བ་དེ། ཐེག་པ་རང་ལམ་གྱི་མི་སློབ་ལམ་གྱི་མཚན་ཉིད་དོ། །ལམ་གྱི་བགྲོད་པ་མཐར་ཕྱིན་པའི་རྣམ་གྲོལ་ལམ་གྱི་འཇུག་ངོགས་སུ་གྱུར་བ་དེ། མི་སློབ་ལམ་གྱི་མཚན་ཉིད། མཚན་གཞི་ནི། ཀུན་རྫོབ་གསར་བྱུང་གི་མཐར་ཐུག་གི་མཁྱེན་པ་ལྟ་བུའོ། །དབྱེ་ན། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་དང་ཇི་སྙེད་པ་རྟོགས་པའི་རྣམ་མཁྱེན་དང་གཉིས་ཡོད། གཉིས་པ་སྤངས་རྟོགས་ནི། རང་རང་གི་ཐར་པའི་གེགས་སུ་གྱུར་པ་མ་ལུས་པ་སྤངས་པ་དང༌། རང་རང་གི་སྤང་བྱས་དག་པའི་བདག་མེད་སོགས་མངོན་སུམ་ཀྱིས་རྟོགས་པའོ། ། གསུམ་པ་ཡོན་ཏན་ནི་ཐུན་མོང་དུ་དགྲ་བཅོམ་པ་ཟག་པ་ཟད་པ་ཉོན་མོངས་པ་མེད་པ་ཞེས་པ་ལ་སོགས་པ་ཡུམ་གྱི་གླེང་གཞི་ལས་འབྱུང་བ་རྣམས་དང༌། ཁྱད་པར་དུ་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་ཐོབ་པའོ། ། བཞི་བ་དབྱེ་བ་ནི། ཐེག་པ་གསུམ་གྱིས་ཕྱེ་བས་མི་སློབ་ལམ་གསུམ་ཡོད། ཉན་ཐོས་ཀྱི་མི་སློབ་ལམ་གྱི་མཚན་ཉིད་ནི། ཉན་ཐོས་ཀྱི་མི་སློབ་པའི་རྒྱུད་ལ་མངའ་བའི་དགེ་བ་གང་ཞིག་ཉན་ཐོས་ཀྱི་མྱ་ངན་ལས་འདས་པར་ཕྱིན་པར་གྱུར་པ་དེའོ། །དེས་གཞན་གཉིས་ལ་ཤེས་པར་བྱའོ། །མིང་གི་རྣམ་གྲངས་ནི། ཐེག་པ་རང་ལམ་གྱི་མི་སློབ་ལམ། ཐེག་པ་རང་ལམ་གྱི་དགྲ་བཅོམ་པའི་ལམ། ཐེག་པ་རང་ལམ་གྱི་མཐར་ཕྱིན་པའི་ལམ་རྣམས་སོ། །ལྔ་བ་བྱེད་ལས་ནི། ཐུན་མོང་དུ་རྣམ་གྲོལ་ཉམས་སུ་མྱོང་བ་དང༌། ཁྱད་པར་དུ་འཕྲིན་ལས་སྤྲོ་བ་ལ་སོགས་པའོ། །དྲུག་པ་ངེས་ཚིག་ནི། བསླབ་པ་མཐར་ཕྱིན་པར་བགྲོད་པས་ན་མཐར་ཕྱིན་པའི་ལམ་ཞེས་པའོ། །བདུན་པ་ངོ་བོ་ནི། རང་ལམ་གྱི་མཐར་ཕྱིན་པའི་ལམ་གང་ཞེ་ན། ཐེག་པ་རང་ལམ་གྱི་སྤང་བྱའི་གནས་ངན་ལེན་ཐམས་ཅད་རྒྱུན་བཅད་པ་དང༌། ཕྲད་པའི་ཐོབ་པ་རྣམས་ཀྱི་རྒྱུན་ཆད་པ་དང༌། བྲལ་བའི་ཐོབ་པ་རྣམས་ཐོབ་པའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས། དེ་མ་ཐག་ཏུ་གནས་མ་ལུས་པར་གྱུར་ཏེ་ཟད་པར་ཤེས་པ་དང་མི་སྐྱེ་བ་ཤེས་པའོ། །ཞེས་གསུངས་པ་ལྟར་སྤང་བྱ་བག་ཆགས་དང་བཅས་པ་སྤངས་པས་ཟག་བཅས་ཀྱི་ཐོབ་པ་རྣམས་རྒྱུན་ཆད་ཀྱི། ཆད་མེད་ཀྱི་ཐོབ་པ་རྣམས་ཐོབ་པའི་ཕྱིར་དངོས་ཀྱི་རྒྱུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་དབྱིངས་རང་བཞིན་གྱིས་དག་པ་སྤང་བྱ་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བའི་ཚུལ་གནས་མ་ལུས་པར་ཡོངས་སུ་གྱུར་ཏེ། རྒྱུ་ཀུན་འབྱུང་མ་ལུས་པ་ཟད་པའི་འགོག་པ་ཤེས་པ་དང༌། འབྲས་བུ་སྡུག་བསྔལ་མཐའ་དག་སྤངས་ནས་མི་སྐྱེ་བ་ཤེས་པའི་ཡེ་ཤེས་མཐར་ཐུག་པ་ཐོབ་པའོ། །ཐེག་ཆེན་མི་སློབ་ལམ་གང་ལ་བརྟེན་ནས་འགྲུབ་ཚུལ་ནི། དཔེར་ན་རྫས་ཀྱི་དངོས་པོ་རྡོ་རྗེ་ཕ་ལམ་རྫས་གཞན་གྱིས་མི་ཤིགས་པ་བཞིན་དུ། རྟེན་སྒོམ་ལམ་ཆེན་པོའི་ཆེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མཚན་མ་དང་རྣམ་པར་རྟོག་པས་མི་ཕྱེད་ཅིང་མི་ཤིགས་པ་ཐོབ་པ་ལ་བརྟེན་ནས་ནི། སྔར་མཐོང་སྤང་དང་བྲལ་ནས་འཇིག་རྟེན་ལས་འདས་པའི་ལམ་དུ་གནས་གྱུར་པར་མ་ཟད། འདིར་གནས་ངན་ལེན་མཐའ་དག་དང་བྲལ་ནས་མི་སློབ་པའི་ལམ་དུ་གནས་མ་ལུས་པ་གཞན་དུ་གྱུར་པ་མཐར་ཐུག་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཀུན་གྱི་དྲི་མ་མེད་པར་གྱུར་པ་ལས་མཐར་ཕྱིན་པའི་འབྲས་བུ་གྲུབ་པའོ། །

རྩ་བའི་ས་བཅད་གཉིས་པ་ས་བཤད་པ།

རྩ་བའི་ས་བཅད་གཉིས་པ་ས་བཤད་པ་ལ།

ཡོན་ཏན་དུ་མའི་རྟེན་དུ་གྱུར་བའི་མངོན་རྟོགས་དེ། ས་ལམ་གཉིས་སུ་ཕྱེ་བའི་སའི་མཚན་ཉིད། མཚན་གཞི་ནི། ཚོགས་ལམ་ལྟ་བུའོ། །དེ་ལ་དབྱེ་ན་ཐེག་པ་གསུམ་གྱི་ས་གསུམ་ཡོད། ཡང་བསམ་གཏན་ས་དྲུག་ཡོད་དེ། བསམ་གཏན་དང་ཉེར་་བསྡོགས་མི་ལྕོགས་མེད་དང༌། དང་བོའི་དངོས་གཞི་ཙམ་པོ་བ་དང་ཁྱད་པར་གྱི་དངོས་གཞི། གཉིས་པའི་དངོས་གཞི། གསུམ་པའི་དངོས་གཞི། བཞི་བའི་དངོས་གཞི་རྣམས་སོ། །ཁམས་གསུམ་ས་དགུ་ནི་འདོད་སེམས་དང་བསམ་གཏན་བཞི་དང་གཟུགས་མེད་བཞིའོ། །ཟག་མེད་ས་དགུ་ཡོད་དེ། ཟག་མེད་ཀྱི་བསམ་གཏན་ས་དྲུག་དང༌། གཟུགས་མེད་དང་བོ་གསུམ་གྱིདངོས་གཞི་ཟག་མེད་རྣམས་སོ། །ངེས་ཚིག་ནི་འཇིག་རྟེན་ན་སའི་རྒྱུ་བ་སེམས་ཅན་དང་མི་རྒྱུ་བ་རྩི་ཤིང་ནགས་ཚལ་གྱི་རྟེན་བྱེད་པ་བཞིན་དུ་ཡོན་ཏན་ཐམས་ཅད་སྐྱེ་བའི་རྟེན་བྱེད་པས་ན་ས་ཞེས་བྱའོ། །ས་ལམ་གཉིས་སུ་ཕྱེ་བའི་ས་ནི་ས་བཏགས་བ་ཡིན་ལ། ས་མཚན་ཉིད་པ་ནི་འབྱུང་བ་བཞིའི་ནང་ཚན་དུ་གྱུར་བའི་ས་ཡིན་ལ། དེའི་མཚན་ཉིད་ནི་སྲ་ཞིང་འཐས་པའི་འབྱུང་བ་དེའོ། །གཞན་ཡང་ཐེག་དམན་གྱི་ས་དང་ཐེག་ཆེན་གྱི་ས་དང་གཉིས་ཡོད། ཐེག་དམན་གྱི་ས་ལ་དམན་པ་ས་བརྒྱད་ཡོད་དེ། དཀར་བོ་རྣམ་པར་མཐོང་བའི་ས། རིགས་ཀྱི་ས། བརྒྱད་པའི་ས། མཐོང་བའི་ས། བསྲབས་པའི་ས། འདོད་ཆགས་དང་བྲལ་བའི་ས། བྱས་པ་རྟོགས་པའི་ས། རང་སངས་རྒྱས་ཀྱི་ས་དང་བརྒྱད་ཡོད་པའི་ཕྱིར་རོ། །ཐེག་ཆེན་གྱི་ས་ལ། བྱང་སེམས་སོ་སྐྱེས་ཀྱི་ས་དང་ཐེག་ཆེན་འཕགས་པའི་ས་དང་གཉིས་ཡོད། དང་པོ་ལ་རང་ཡིན་གྱི་ཚོགས་ཀྱི་ས་དང་སྦྱོར་ལམ་གྱི་ས་དང་གཉིས། ཐེག་ཆེན་གྱི་འཕགས་པའི་སའི་མཚན་ཉིད་ནི། ཐེག་ཆེན་འཕགས་པའི་སྙིང་རྗེ་ཆེན་པོ་སོགས་ཀྱིས་ཟིན་པའི་ཟག་མེད་ཡེ་ཤེས་གང་ཞིག ཐེག་ཆེན་གྱི་སྤངས་རྟོགས་ཡོན་ཏན་གྱི་རྟེན་དུ་གྱུར་པའོ། །དེ་ལ་དབྱེ་ན་བྱང་འཕགས་ཀྱི་ས་དང་སངས་རྒྱས་ཀྱི་ས་དང་གཉིས།

དང་པོ་བྱང་འཕགས་ཀྱི་ས་བཤད་པ།

དང་པོ་བྱང་འཕགས་ཀྱི་ས་བཤད་པ་ལ་བཅུ།

དང་པོ་བྱང་འཕགས་ཀྱི་སའི་མཚན་ཉིད་ནི། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་ཀྱིས་རྟེན་བྱེད་པའི་སློབ་འཕགས་ཀྱི་ས་དེའོ། །གཉིས་པ་སྒྲ་བཤད་ནི། འབྱུང་བོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ། །ཞེས་པ་ལྟར་བྷུ་མི་ཞེས་པ་ས་སྟེ་བྷཱུ་ཏ་འབྱུང་བོ་སྟེ་སེམས་ཅན། ཨ་མི་ཏ་དཔག་མེད། བྷཱུ་ལས་ཨ་བྷ་ཡ་ཞེས་སྦྱར་ན་འཇིགས་མེད།ཡང་ཨ་མི་ཏ་དཔག་མེད་དེ་ཡོན་ཏན་དཔག་ཏུ་མེད་པ་ཅན་ནོ། །ཡང་ན་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་འཇིགས་པ་ཐམས་ཅད་སྤང་བར་བྱ་བའི་ཕྱིར་རོ། །གསུམ་པ་དབྱེ་བ་ནི། ས་དང་པོ་རབ་ཏུ་དགའ་བ། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་བ་འོད་འཕྲོ་བ། ལྔ་བ་སྦྱང་དཀའ་བ། དྲུག་པ་མངོན་དུ་གྱུར་བ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་བ་ལེགས་པའི་བློ་གྲོས། བཅུ་བ་ཆོས་ཀྱི་སྤྲིན་དང་བཅུའོ། །བཞི་པ་ས་ཐོབ་པའི་རྨི་ལམ་གྱི་རྟགས་ནི། ས་དང་པོ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཏེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་གང་བར་མཐོང་ངོ༌། །ཞེས་པ་ནས། ས་བཅུ་བར་དེ་བཞིན་གཤེགས་པའི་སྐུ་མཐོང་སྟེ་ཁ་དོག་གསེར་ལྟ་བུ་འོད་འདོམས་གང་བ་ཚངས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཞིང་མདུན་གྱིས་བལྟས་ནས་ཆོས་སྟོན་པ་མཐོང་ངོ༌། །ཞེས་པའི་བར་བཅུ་བོ་གསེར་འོད་དང་བློ་གྲོས་མི་ཟད་པས་ཞུས་པ་གཉིས་ཅར་ལས་གསུངས་སོ། །

ལྔ་བ་སའི་ཡོན་ཏན་བཤད་པ།

ལྔ་བ་སའི་ཡོན་ཏན་བཤད་པ་ལ།

ས་དང་པོའི་རྗེས་ཐོབ་ཏུ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་སྟེ། ༡ སྐད་ཅིག་གཅིག་གིས་ཏིང་ངེ་འཛིན་བརྒྱ་སོ་སོར་ཐོབ་ཅིང་སྙོམས་པར་འཇུག་གོ ། ༢ དེ་བཞིན་དུ་སངས་རྒྱས་བརྒྱ་མཐོང་བ། ༣ དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཤེས་པ། ༤ འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ། ༥སྣང་བར་ཡང་བྱེད་པ།༦ ཞིང་བརྒྱར་འགྲོ་བ། ༧ སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད་པ། ༨བསྐལ་བ་བརྒྱར་གནས་པ། ༩ སྔོན་དང་ཕྱི་མའི་མཐར་འཇུག་པ། ༡༠ ཆོས་ཀྱི་སྒོ་བརྒྱ་རྣམ་པར་འབྱེད་པ། ༡༡ ལུས་བརྒྱ་སྟོན་པར་བྱེད་པ། ༡༢ལུས་དང་ལུས་ལ་ཡང་བྱང་ཆུབ་སེམས་དཔའ་འཁོར་བརྒྱ་དང་ལྡན་པར་སྟོན་པར་བྱེད་པའོ། །དེ་བཞིན་དུ་བསྒྲེས་ཏེ། ས་གཉིས་པ་སོགས་ལ་ཡོན་ཏན་སྟོང་ཕྲག་བཅུ་གཉིས་དང༌། ས་གསུམ་པར་འབུམ་ཕྲག་བཅུ་གཉིས། ས་བཞི་བར་བྱེ་བ་བརྒྱ་དང༌། ས་ལྔ་བར་བྱེ་བ་སྟོང་དང༌། ས་དྲུག་པར་བྱེ་བ་འབུམ། ས་བདུན་པར་བྱེ་བ་ཁྲག་ཁྲིག་འབུམ་དང༌། ས་བརྒྱད་པར་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དང༌། ས་དགུ་པར་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང༌། ས་བཅུ་བར་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་ལས་འདས་པའི་རྡུལ་ཕྲ་མོ་ཇི་སྙེད་པ་དེ་སྙེད་དོ། །དྲུག་པ་སྐྱེ་བ་ལེན་ཚུལ་ནི། བློ་ལྡན་རྣམས་ཀྱི་ལས་དང་ནི། །གཞན་ཡང་སྨོན་ལམ་དག་དང་ནི། །ཏིང་ངེ་འཛིན་དང་དབང་འབྱོར་བའི། །དབང་གིས་སྐྱེ་བར་འདོད་པ་ཡིན། །ཞེས་པ་ལྟར་མོས་སྤྱོད་པ་རྣམས་ལས་ཀྱིས་འདོད་པའི་གནས་སུ་སྐྱེ་བ་དང༌། ས་ཐོབ་པ་རྣམས་སེམས་ཅན་སྨིན་པའི་ཕྱིར་དུ་དུད་འགྲོ་སོགས་གནས་དམན་པར་སྐྱེ་བ་ནི་སྨོན་ལམ་གྱི་དབང་དང༌། བསམ་གཏན་རྣམས་བཟློག་ནས་འདོད་ཁམས་སུ་སྐྱེ་བ་ཏིང་ངེ་འཛིན་གྱི་དབང་དང༌། སྤྲུལ་བས་དགའ་ལྡན་ན་གནས་པ་སོགས་དབང་འབྱོར་བའི་དབང་གིས་སྐྱེ་བ་སྟེ་དབང་གི་སྐྱེ་བ་བཞིའོ། །རྣམ་སྨིན་གྱི་སྐྱེ་བ་འཛིན་ཚུལ་ནི། ས་བཅུ་ཐོབ་པ་རྣམས་རིམ་བཞིན་དུ། ཛམྦུའི་གླིང༌། གླིང་བཞི། སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་ཀྱི་རྒྱལ་བོ་དང༌། སྟོང་གི་བདག་པོ་ཚང་པ། སྟོང་གཉིས་ཀྱི་བདག་པོ། སྟོང་གསུམ་གྱི་བདག་པོ་གནས་གཙང་མའི་ལྷའི་རྒྱལ་བོ་རྣམས་སུ་ཕལ་ཆེར་སྐྱེའོ། །བདུན་པ་བསླབ་པ་གསུམ་ལ་སློབ་ཚུལ་ནི།ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ལྷག་པའི་ཚུལ་ཁྲིམས་ལྷག་སེམས་དང༌། །ལྷག་པའི་ཤེས་རབ་ལ་རྗེས་སློབ། །ཞེས་པ་ལྟར་ས་དང་པོར་ཆོས་ཉིད་རྟོགས་ནས། གཉིས་པར་ཚུལ་ཁྲིམས་ཀྱི། གསུམ་པར་སེམས་ཀྱི་བསླབ་པ་དང༌། བཞི་བར་བྱང་ཕྱོགས་ལ་མཁས་པ། ལྔ་བར་བདེན་གཉིས་ལ་མཁས་པ། དྲུག་པར་རྟེན་འབྲེལ་ལ་མཁས་པ་སྟེ་གསུམ་པོ་དེར་ཤེས་རབ་ཀྱི་བསླབ་པ་ལ་སློབ་པོ། །དེ་ལྟར་བསླབས་པས་ས་བདུན་པར་མཚན་མ་མེད་ཅིང་མངོན་པར་འདུ་བྱེད་པའི་ཡེ་ཤེས། བརྒྱད་པར་མཚན་མ་དང་འདུ་བྱེད་པ་གཉིས་ཀ་མེད་ཅིང་ཞིང་དག་པ། དགུ་བར་སེམས་ཅན་སྨིན་པར་བྱེད་པ། བཅུ་བར་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་རྣམས་འགྲུབ་པའི་འབྲས་བུ་སྟེ། འབྲས་བུ་དམ་པ་འདི་བཞི་ནི། །ས་བཞི་བོ་ལ་རབ་ཏུ་བརྟེན། །ཞེས་སོ། །བརྒྱད་པ་ཕར་ཕྱིན་ལ་སྤྱོད་ཚུལ་དང་ལྷག་ཚུལ་ནི། ས་དང་པོར་སྦྱིན་པའི་ཕར་ཕྱིན་སྤྱོད་པ་ནས་དྲུག་པར་ཤེས་རབ་ཀྱི་ཕར་ཕྱིན་ལ་སྤྱོད་པ་དང༌། བདུན་པར་ཐབས་ཀྱི་ཕར་ཕྱིན་དང༌། བརྒྱད་པར་སྨོན་ལམ་གྱི་ཕར་ཕྱིན་དང༌། དགུ་བར་སྟོབས་ཀྱི་ཕར་ཕྱིན་དང༌། བཅུ་བར་ཡེ་ཤེས་ཀྱི་ཕར་ཕྱིན་གཙོ་བོར་སྤྱོད་ཅིང་གཞན་ཕལ་བའི་ཚུལ་གྱིས་སྤྱོད་དེ། དབུས་མཐར། ཁྱད་པར་ཅན་དང་ཁྱད་མེད་ནི། །ས་བཅུ་དག་ཏུ་ཤེས་པར་བྱ། །ཞེས་སོ། །

དགུ་བ་སྤངས་རྟོགས་ཀྱི་ཁྱད་པ།

དགུ་བ་སྤངས་རྟོགས་ཀྱི་ཁྱད་པར་ནི།

ས་བཅུ་བོའི་རྟོགས་པ་ལ་ཁྱད་ཅི་ཡོད་ཅེ་ན། མཉམ་གཞག་ཏུ་ཆོས་ཉིད་ཙམ་རྟོགས་པ་ཁྱད་པར་མེད། ཆོས་ཉིད་བཅུ་ལ་སྒྲིབ་པ་བཅུ་སྤངས་པའི་རིམ་གྱིས་ངེས་པ་འདྲེན་ཚུལ་ལ་ཁྱད་ཡོད་པར་བསྟན་ཏོ། །ཡོངས་སྦྱོང་གི་དོན་ནི་ས་དེ་དང་དེ་ལ་གསུངས་པའི་ཆོས་དེ་དང་དེ་དག་ཡོངས་སུ་སྦྱང་ཞིང་དག་པར་བྱ་བ་ཉིད་ས་དེ་དང་དེ་ཡོངས་སུ་སྦྱོང་ཞིང་དག་པ་ཡིན་ནོ། །དེ་ལ་སྦྱང་གཞི་ནི། ཀུན་ཏུ་འགྲོ་བའི་དོན་ལ་སོགས་པ་ཆོས་ཀྱི་དབྱིངས་རྣམ་པ་བཅུའོ། །སྦྱང་བྱ་དྲི་མ་ནི་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་བཅུའོ། །སྦྱོང་བྱེད་ཐབས་ནི། འཁོར་གསུམ་དུ་རྟོག་པའི་རང་བཞིན་མི་དམིགས་པར་རྟོགས་པའོ། །སྦྱོང་མཁན་ནི། ས་དེ་དང་དེ་ལ་གནས་པའི་བྱང་སེམས་སོ། །སྦྱོང་ཚུལ་ནི། ས་དང་པོར་ཡོངས་སྦྱོང་བཅུ། གཉིས་པར་ཡོངས་སྦྱོང་བརྒྱད། གསུམ་པར་ལྔ། བཞི་བར་བཅུ། ལྔ་པར་བཅུ། དྲུག་པར་བཅུ་གཉིས། བདུན་པར་སྤངས་གཉེན་གྱི་སྒོ་ནས་ཉི་ཤུ་པ་གཉིས། བརྒྱད་པར་བརྒྱད། དགུ་བར་བཅུ་གཉིས། ས་བཅུ་བར་དགུ་བའི་ཡོངས་སྦྱོང་བཅུ་གཉིས་པོ་རྫོགས་པར་སྦྱངས་བ་ཉིད་བཅུ་བའི་ཡོངས་སྦྱོང་ཡིན་པར་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས་གསུངས་སོ། །དེ་དག་བསྒོམས་ནས་སྦྱང་བའོ། །བཅུ་བ་འབྲས་བུ་ནི། ས་ཕྱི་མ་ཕྱི་མ་གནས་སྐབས་ཀྱི་འབྲས་བུ། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་དོ། །བྱང་འཕགས་ཀྱི་ས་འདི་རྣམས་ཉ་ཊཱིཀ་ལྟར་བྲིས་པའོ། །དོན་གཉིས་མཐར་ཕྱིན་ཐོབ་ཚུལ་ནི། སངས་རྒྱས་ཀྱི་ས་གང་ལ་གནས་ན་འཁོར་བ་ཇི་སྲིད་པར་མངོན་པར་རྫོགས་པར་བྱང་ཆུབ་པ་དང་མྱ་ངན་ལས་འདས་པར་ཡང་སྟོན་པ་ལ་སོགས་པ་རྣམ་འཕྲུལ་མཐའ་ཡས་པའི་སྒོ་ནས་སེམས་ཅན་ཀུན་ལ་ཕན་པ་དང་བདེ་བའི་ཕྱིར། འཕྲིན་ལས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་རབ་ཏུ་སྒྲུབ་པར་བྱེད་པ་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་རྣམ་པ་ཐམས་ཅད་མངོན་སུམ་གྱིས་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བླ་ན་མེད་པ་སྤངས་རྟོགས་མཐར་ཕྱིན་པ་ཐོབ་པའོ།། །།

སྨྲས་པ། ཐེག་གསུམ་རྣམ་བཞག་ལྷ་ཡི་པད་ཚལ་ལ། །གདུལ་བྱ་རྐང་དྲུག་ཚོགས་རྣམས་འཇུག་ཕྱིར་དུ། །མདོར་བསྡུས་ཚིག་གིས་གསལ་བར་བཀོད་པ་འདི། །མཐའ་བྲལ་དབུ་མའི་ལུགས་བཞིན་ཇི་སྐད་བཤད། །འོན་ཀྱང་བདག་བློ་མི་ཤེས་མུན་པས་བསྒྲིབས། །རྒྱ་ཆེའི་ལམ་རྣམས་གྲངས་མང་ཟབ་ཅིང་ཕྲ། །དེ་སླད་ཉེས་སྐྱོན་ཅི་མཆིས་ཚོགས་རྣམས་ཀུན། །ཆོས་སྤྱན་ལྡན་པའི་མཁས་ལ་བཟོད་པར་གསོལ། །འདིར་སྨྲས་བསོད་ནམས་རྣམ་དཀར་དལ་འབབ་ཀླུང༌། །དུས་གསུམ་རྒྱལ་བའི་བསོད་ནམས་དང་འདྲེས་ཏེ། །ནམ་མཁའི་མཐའ་མཉམ་ལུས་ཅན་སེམས་ཅན་གྱི། །སྡུག་བསྔལ་ཚ་གདུང་མ་ལུས་སེལ་བར་ཤོག །བདག་ནི་ཚེ་རབས་སྐྱེ་གནས་ཐམས་ཅད་དུ། །མཚན་ལྡན་བླ་མའི་བརྩེ་བས་རྗེས་བཟུང་ཞིང༌། །ཟབ་དང་རྒྱ་ཆེའི་ལམ་ལ་རབ་བརྩོན་ཏེ། །བསྟན་དང་འགྲོ་བའི་དོན་ཆེན་བསྒྲུབ་པར་ཤོག །ཅེས་ས་ལམ་གྱི་རྣམ་བཞག་ཐེག་གསུམ་གསལ་བའི་ཤེལ་དཀར་མེ་ལོང་ཞེས་བྱ་བ་འདི་ནི་ས་བཟང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་གཙོ་བོར་བྱས་ཏེ་རང་ལུགས་ཀྱི་དམ་པ་གོང་མའི་གསུང་བཞིན་རྒྱ་ནག་སྤོས་ངད་ལྡན་པའི་གྲོང་ཁྱེར་ནས་གྲྭ་བཙུན་པ་ངག་དབང་དངོས་གྲུབ་དཔལ་གྱིས་ཐུན་གསུམ་གྱི་ཡུན་ལ་རྫོགས་པར་སྦྱར་བའོ། །འདིས་ཀྱང་རྒྱ་ཆེ་བའི་ལམ་གྱི་བསྟན་པ་ཕྱོགས་བཅུ་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག ། །།ཛ་ཡནྟུ།


previousས་ལམ་གྱི་རྣམ་བཞག་ཐེག་གསུམ་གསལ་བའི་ཤེལ་དཀར་མེ་ལོང་།next