Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ། གྲུབ་མཐའ་དང་ས་ལམ་སོགས།

3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]


 expand section
 expand section
 collapse section
ཡུམ་མདོ་ལས་བཤད་པའི་རྒྱལ་སྲས་ཞེ་ལྔའི་བཤད་པ་པད་དཀར་ཕྲེང་བ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
expand section
 expand section
 expand section
  
  
  
  
 expand section
  
  
  
  
  
  
 expand section
  
  


3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousཡུམ་མདོ་ལས་བཤད་པའི་རྒྱལ་སྲས་ཞེ་ལྔའི་བཤད་པ་པད་དཀར་ཕྲེང་བ།next

ཡུམ་མདོ་ལས་བཤད་པའི་རྒྱལ་སྲས་ཞེ་ལྔའི་བཤད་པ་པད་དཀར་ཕྲེང་བ།

ཡུམ་མདོ་ལས་བཤད་པའི་རྒྱལ་སྲས་ཞེ་ལྔའི་བཤད་པ་པད་དཀར་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

བསྟན་པའི་བདག་པོ་མཉམ་མེད་ཐུབ་པའི་དབང་པོ་ལ་ཕྱག་འཚལ་ལོ། །འགྲོ་ལ་བྱ༵མས་པ༵འི་ཟླ་བའི་དཀྱིལ་འཁོར་རྫོགས། །འགྲོ་ལ་བརྩེ་བའི་ཐུགས་རྗེའི་འོད་དཀར་ཅན། །འགྲོ་ལ་རྒྱལ་ཡུམ་མངོ༵ན་རྟོགས་གསལ་མཛད་པ། །འགྲོ་བའི་གཙུག་རྒྱན་མི་ཕམ་མགོན་ལ་འདུད། །རྒྱལ་སྲས་ཟླ་བ་བརྩེ་བའི་བདག་ཉིད་ཅན། །རྒྱལ་སྲས་རྣམས་ཀྱི་རྣམ་བཞག་རྒྱལ་ཡུམ་ལས། །རྒྱལ་སྲས་གསུམ་དང་ཞེ་ལྔ་གསུངས་པ་རྣམས། །རྒྱལ་སྲས་རྗེས་སུ་སློབ་ཕྱིར་བཤད་པར་བྱ། །དེ་ལ་འདིར་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེས་ཤེར་མདོ་ལས་ཐེག་ཆེན་དགེ་འདུན་དཀོན་མཆོག་གི་སྐབས་སུ་རྒྱལ་སྲས་ཀྱི་རྣམ་བཞག་གསུངས་པ་དག་འདིར་བརྗོད་པར་བྱ་བ་ལ། བཅོམ་ལྡན་འདས་ལ་ཞུ་བ་དང༌། ལན་བསྟན་པ་དང་གཉིས། དང་པོ་བཅོམ་ལྡན་འདས་ལ་ཞུ་བ་ནི། ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདིས་སྤྱོད་པ་དེ་གང་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་ལགས། འདི་ནས་ཤི་འཕོས་ནས་ནི་གང་དུ་སྐྱེ་བར་འགྱུར། ཞེས་བཅོམ་ལྡན་འདས་ལ་ཤཱ་རིའི་བུས་ཞུས་སོ། །

གཉིས་པ་ལན་ལ།

དབྱེ་བ་བསྡུས་ནས་གསུམ་བསྟན་པ་དང༌། དབྱེ་བ་རྒྱས་པར་བཤད་པ་དང་གཉིས། དང་པོ་ལ། མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི། ཉི་ཁྲི་ལྔ་སྟོང་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདིའི་རྣམ་པར་སྤྱོད་པ་དེ་ནི་སངས་རྒྱས་ཀྱི་ཞིང་གཞན་ནས་ཤི་འཕོས་ཏེ་འདིར་སྐྱེས་པའམ། དགའ་ལྡན་གྱི་ལྷའི་རིས་དང་མིའི་ནང་ནས་ཤི་འཕོས་ཏེ་འདིར་སྐྱེས་པར་ཤེས་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་གསུམ་ལས། དང་པོ་སངས་རྒྱས་ཀྱི་ཞིང་ནས་འདིར་སྐྱེས་པའི་རྒྱལ་སྲས་ནི། ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སངས་རྒྱས་ཀྱི་ཞིང་གཞན་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་དེ་ནི།འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ། རྣལ་འབྱོར་མྱུར་དུ་འགྲུབ་པ་སྟེ། ཚེ་རབས་འདི་འདས་ནས་ཀྱང་ཆོས་ཟབ་མོ་འདི་དག་དེ་ལ་མངོན་དུ་འགྱུར་རོ། །དེ་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་མཉམ་པར་གཞོག་གོ །སངས་རྒྱས་ཀྱི་ཞིང་གང་དང་གང་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུའང་སྐྱེ་བར་འགྱུར་ཏེ། དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལའང་བསྙེན་བཀུར་བྱེད་པར་འགྱུར་རོ། །ཞེས་གསུངས་སོ། །

གཉིས་པ་དགའ་ལྡན་ནས་འདིར་སྐྱེས་པའི་རྒྱལ་སྲས།

གཉིས་པ་དགའ་ལྡན་ནས་འདིར་སྐྱེས་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ནས་འདིར་སྐྱེས་པ་དེ་ནི་ཚེ་གཅིག་གིས་ཐོགས་པ་སྟེ། དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཉམས་པ་མེད་པའོ། །གཟུངས་ཀྱི་སྒོ་དང་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ཀྱང་དེར་མ་འདུས་པ་མེད་དོ། །ཞེས་གསུངས་སོ། །མདོ་སྔ་མ་དང་འདི་གཉིས་འཕགས་པའི་ལུགས་ལ་ཉ་ཊཱིཀ་ལས་རྒྱུན་ཞུགས་ཞུགས་པ་དབང་རྣོན་གྱི་མིང་ཅན་གྱི་བྱང་སེམས་སྟོན་བྱེད་དུ་སྦྱར་ནས་བཤད་དོ། །དེ་དང་དེའི་མིང་ཅན་གྱི་བྱང་སེམས་ལ་སྦྱར་བ་འོག་མ་ཐམས་ཅད་འཕགས་པའི་ལུགས་ཡིན་པར་ཤེས་དགོས་སོ། །

གསུམ་པ་མི་ནས་མིར་སྐྱེས་པའི་རྒྱལ་སྲས།

གསུམ་པ་མི་ནས་མིར་སྐྱེས་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མིའི་ནང་ནས་ཤི་འཕོས་ནས། མི་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེས་པ་དེ་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་གཏོགས་པར་དབང་པོ་རྟུལ་བ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལའང་མྱུར་དུ་མཉམ་པར་གཞོག་པ་མ་ཡིན་ནོ། དེ་ལ་གཟུངས་ཀྱི་སྒོ་དང༌། ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་མྱུར་དུ་མངོན་དུ་མི་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ། གང་ཁྱོད་ཀྱིས་དེ་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདི་ལ་སྙོམས་པར་འཇུག་པ་དེ། འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར་ཞེས་སྨྲས་པ་ནི། ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སངས་རྒྱས་ཀྱི་ཞིང་འདི་ནས་ཤི་འཕོས་ནས། གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བའི་སངས་རྒྱས་ཀྱི་ཞིང་དེ་ནས་དེར་འགྲོ་སྟེ། ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཀྱི་བར་དུ། ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྲལ་བར་མི་འགྱུར་རོ།། །།ཞེས་གསུངས་སོ། །ཉ་ཊཱིཀ་ལས། མདོ་འདི་རྒྱུན་ཞུགས་ཞུགས་པ་དབང་རྟུལ་གྱི་མིང་ཅན་སྟོན་བྱེད་དུ་སྦྱར་རོ། །གཉིས་པ་རྒྱལ་སྲས་བྱང་སེམས་ཀྱི་དབྱེ་བ་རྒྱས་པར་བཤད་པ་ལ་ཞེ་ལྔ་ལས།

དང་པོ་ལྷ་ཚེ་རིང་པོར་སྐྱེས་པའི་རྒྱལ་སྲས།

དང་པོ་ལྷ་ཚེ་རིང་པོར་སྐྱེས་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པ་དག་བསམ་གཏན་བཞི་པོ་ལ་མཉམ་པར་གཞོག་ཅིང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལའང་སྤྱོད་དེ། དེ་དག་བསམ་གཏན་ཐོབ་པས་ལྷ་ཚེ་རིང་པོའི་ནང་དུ་སྐྱེས་ཤིང༌། གལ་ཏེ་མིའི་ནང་དུ་སྐྱེ་བ་ཐོབ་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བྱེད་ནའང༌། དེ་དག་དབང་པོ་རྟུལ་ཞིང་དབང་པོ་མི་རྣོ་བའང་ཡོད་དོ། །ཞེས་གསུངས་སོ། །མདོ་འདི་ཉ་ཊཱིཀ་ལས་ཆགས་བྲལ་སྔོན་སོང་གི་འབྲས་བུ་བར་བ་གཉིས་ཀྱི་དབང་རྟུལ་ལ་སྦྱར་ནས་བཤད་དོ། །

གཉིས་པ་བསམ་གཏན་སྤངས་ནས་འདོད་པར་སྐྱེས་པའི་རྒྱལ་སྲས།

གཉིས་པ་བསམ་གཏན་སྤངས་ནས་འདོད་པར་སྐྱེས་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་ལའང་མཉམ་པར་གཞོག་ལ། ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལའང་སྤྱོད་དེ། དེ་དག་ཐབས་ལ་མི་མཁས་པས་བསམ་གཏན་རྣམས་སྤངས་ནས་ཕྱིར་འདོད་པའི་ཁམས་སུ་སྐྱེ་བའང་ཡོད་དེ། ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་དབང་པོ་རྟུལ་བ་ཡིན་ཏེ། དབང་པོ་རྣོ་བ་མ་ཡིན་ནོ། །ཞེས་གསུངས་སོ། །

གསུམ་པ་སངས་རྒྱས་འཚོ་སྐྱོང་བ་དེར་སྐྱེས་པའི་རྒྱལ་སྲས།

གསུམ་པ་སངས་རྒྱས་འཚོ་སྐྱོང་བ་དེར་སྐྱེས་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་པོ་ནས། བཞི་པ་ལའང་སྙོམས་པར་འཇུག བྱམས་པ་ལའང་སྙོམས་པར་འཇུག སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ལའང་སྙོམས་པར་འཇུག ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལའང་སྙོམས་པར་འཇུག རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅུང་ཟད་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའང་སྙོམས་པར་འཇུག དྲན་པ་ཉེ་བར་བཞག་པ་བཞི་ལའང་སྙོམས་པར་འཇུག ཡང་དག་པར་སྤོང་པ་བཞི་དང༌། རྫུ་འཕྲུལ་གྱི་རྐང་བ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལའང་སྙོམས་པར་འཇུག སྙིང་རྗེ་ཆེན་པོ་ལའང་སྙོམས་པར་འཇུག་སྟེ། སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་དག་ཐབས་མཁས་པས་བསམ་གཏན་གྱི་དབང་གིས་མི་སྐྱེ། ཚངས་པའི་རྣམ་པར་སྤྱོད་པའི་དབང་གིས་མི་སྐྱེ། གཟུགས་མེད་པའི་སྙོམས་པར་འཇུག་པའི་དབང་གིས་མི་སྐྱེ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་གང་ན་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེ་བར་འགྱུར་བ་ཡོད་དོ། །དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་དང་མ་བྲལ་བས། བསྐལ་པ་བཟང་པོ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཞེས་གསུངས་སོ། །མདོ་འདི་ཉ་ཊཱིཀ་ལས་ཆགས་བྲལ་སྔོན་སོང་གི་འབྲས་བུ་བར་བ་གཉིས་ཀྱི་དབང་རྣོན་ལ་སྦྱར་ནས་བཤད་དོ། །

བཞི་བ་རྒྱལ་རིགས་སོགས་རིགས་མཐོར་སྐྱེས་པའི་རྒྱལ་སྲས།

བཞི་བ་རྒྱལ་རིགས་སོགས་རིགས་མཐོར་སྐྱེས་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་པོ་ལའང་སྙོམས་པར་འཇུག བྱམས་པ་དང༌།སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ལའང་སྙོམས་པར་འཇུག ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅུང་ཟད་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའང་སྙོམས་པར་འཇུག་ཅིང༌། དེ་དག་ཐབས་མཁས་པས་བསམ་གཏན་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པའི་དབང་གིས་མི་སྐྱེ་བའང་ཡོད་དེ། དེ་དག་ནི་ཕྱིར་འདོད་པའི་ཁམས་འདིར་སྐྱེས་ཀྱང༌། རྒྱལ་རིགས་ཆེ་ཞིང་མཐོ་བའམ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའམ། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་སྟེ། དེའང་སྲིད་པ་ལ་བསྐམ་པའི་ཕྱིར་མ་ཡིན་གྱི། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །ཞེས་གསུངས་སོ། །མདོ་འདི་ཉ་ཊཱིཀ་ལས་རྒྱུན་ཞུགས་མིའི་རིགས་ནས་རིགས་སྐྱེའི་མིང་ཅན་གྱི་བྱང་སེམས་ལ་སྦྱར་ནས་བཤད་དོ། །

ལྔ་བ་རྒྱལ་ཆེན་བཞི་སོགས་སྐལ་བ་མཉམ་པར་སྐྱེས་པའི་རྒྱལ་སྲས།

ལྔ་བ་རྒྱལ་ཆེན་བཞི་སོགས་སྐལ་བ་མཉམ་པར་སྐྱེས་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ།འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་པོ་ལའང་སྙོམས་པར་འཇུག བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ལའང་སྙོམས་པར་འཇུག ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལའང་སྙོམས་པར་འཇུག རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅུང་ཟད་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའང་སྙོམས་པར་འཇུག་ཅིང༌། དེ་དག་ཐབས་མཁས་པས་བསམ་གཏན་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པའི་དབང་གིས་མི་སྐྱེ་བའང་ཡོད་དེ། དེ་དག་ནི་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་བྱའོ། །སུམ་ཅུ་རྩ་གསུམ་དང༌། མཚེ་མ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་ཏེ། དེ་དག་ན་གནས་ཤིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མཉེས་པར་བྱེད་དོ། །ཞེས་གསུངས་སོ། །མདོ་འདི་ཉ་ཊཱིཀ་ལས་རྒྱུན་ཞུགས་ལྷའི་རིགས་ནས་རིགས་སྐྱེའི་མིང་ཅན་གྱི་བྱང་སེམས་ལ་སྦྱར་ནས་བཤད་དོ། །

དྲུག་པ་ཚངས་པའི་འཇིག་རྟེན་སྐྱེས་ཏེ་ཆོས་སྟོན་པ་བསྐུལ་བའི་རྒྱལ་སྲས།

དྲུག་པ་ཚངས་པའི་འཇིག་རྟེན་སྐྱེས་ཏེ་ཆོས་སྟོན་པ་བསྐུལ་བའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དག་ཐབས་མཁས་པས་བསམ་གཏན་བཞི་པོ་ལའང་སྙོམས་པར་འཇུག བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ལའང་སྙོམས་པར་འཇུག ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལའང་སྙོམས་པར་འཇུག རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅུང་ཟད་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའང་སྙོམས་པར་འཇུག་པ་ཡོད་དེ། དེ་དག་ནི་འདི་ནས་ཤི་འཕོས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེའོ། །དེ་དག་དེ་ནའང་ཚངས་པ་ཚངས་ཆེན་དབང་ཆེན་པོ་དང་ལྡན་པ་བརྒྱ་ཕྲག་བཅུ་ལ་དབང་སྒྱུར་བ་དེ་ལྟ་བུའི་སེམས་ཅན་གྱི་ནང་ནའང་མཆོག་དམ་པ་ཕུལ་དུ་བྱ་བར་འགྱུར་ཏེ། དེ་དག་དེ་ན་འཁོད་ཅིང༌། གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མངོན་པར་སངས་རྒྱས་ཤིང་ཆོས་ཀྱི་འཁོར་ལོ་བསྐོར་བ་བཞུགས་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་རྒྱུ་ཞིང་དོང་ངོ༌། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལའང་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་གསོལ་བ་གདབ་པ་བྱེད་དོ། །ཞེས་གསུངས་སོ། །

བདུན་པ་ཚེ་གཅིག་གིས་ཐོགས་པ་དགའ་ལྡན་དུ་སྐྱེས་ནས་འདིར་སྐྱེ་བའི་རྒྱལ་སྲས།

བདུན་པ་ཚེ་གཅིག་གིས་ཐོགས་པ་དགའ་ལྡན་དུ་སྐྱེས་ནས་འདིར་སྐྱེ་བའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དག་ཐབས་མཁས་པའི་བསམ་གཏན་བཞི་པོ་ལའང་སྙོམས་པར་འཇུག བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ལའང་སྙོམས་པར་འཇུག ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལའང་སྙོམས་པར་འཇུག རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅུང་ཟད་མེད་པའི་སྐྱེ་མཆེད་དང༌།འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའང་སྙོམས་པར་འཇུག དྲན་པ་ཉེ་བར་བཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་བ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལའང་བསྒོམ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་ལའང་སྙོམས་པར་འཇུག་ཅིང༌། དེ་དག་གི་དབང་གིས་མི་སྐྱེ་བའང་ཡོད་དེ། དེ་དག་སངས་རྒྱས་བཅོམ་ལྡན་འདས་མངོན་དུ་གྱུར་པ་རྣམས་བསྙེན་བཀུར་ཅིང༌། དེ་དག་ཏུ་ཚངས་པའི་སྤྱོད་པ་སྤྱད་དེ། དགའ་ལྡན་གྱི་ལྷ་དང་སྐལ་བ་མཉམ་པར་སྐྱེ་སྟེ། དེ་དག་དེར་ཚེའི་ཚུལ་བཞིན་དུ་གནས་ནས། དབང་པོ་མ་ཉམས་པ་དང་དྲན་ཞིང་ཤེས་བཞིན་དུ་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བསྐོར་ཏེ་མདུན་དུ་བྱས་ནས་འདིར་སྐྱེ་བ་བསྟན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་དག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །

བརྒྱད་པ་མངོན་ཤེས་ཐོབ་ཅིང་སངས་རྒྱས་ཀྱི་ཞིང་བརྒྱུད་པའི་རྒྱལ་སྲས།

བརྒྱད་པ་མངོན་ཤེས་ཐོབ་ཅིང་སངས་རྒྱས་ཀྱི་ཞིང་བརྒྱུད་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་དག་འདོད་པའི་ཁམས་སུའང་མི་སྐྱེ། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུའང་མི་སྐྱེ་བར། དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་རིམ་གྲོ་དང༌། བཀུར་སྟི་དང༌། བསྟི་སྟང་དང༌། མཆོད་པ་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་བ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །

དགུ་བ་དམན་པའི་སྒྲ་མེད་པའི་སངས་རྒྱས་ཞིང་བརྒྱུད་པ།

དགུ་བ་དམན་པའི་སྒྲ་མེད་པའི་སངས་རྒྱས་ཞིང་བརྒྱུད་པ་ནི།

ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་དག མངོན་པར་ཤེས་པ་དྲུག་པོ་དེ་དག་གིས་རྣམ་པར་རྩེ་ཞིང་སངས་རྒྱས་ཀྱི་ཞིང་གང་ན། ཐེག་པ་ཆེན་པོ་མ་གཏོགས་པར་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པའི་སྒྲའང་མི་གྲག་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་བ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །

བཅུ་བ་ཚེ་དཔག་མེད་ལྟ་བུའི་སངས་རྒྱས་ཀྱི་ཞིང་བརྒྱུད་པའི་རྒྱལ་སྲས།

བཅུ་བ་ཚེ་དཔག་མེད་ལྟ་བུའི་སངས་རྒྱས་ཀྱི་ཞིང་བརྒྱུད་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་དག །མངོན་པར་ཤེས་པ་དེ་དག་གིས་རྣམ་པར་རྩེ་ཞིང་སངས་རྒྱས་ཞིང་གང་ན། སེམས་ཅན་རྣམས་ཀྱི་ཚེ་དཔག་ཏུ་མེད་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ནས། སངས་རྒྱས་ཀྱི་ཞིང་དུ་འདོང་བ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །

བཅུ་གཅིག་པ་མུན་གླིང་དུ་དཀོན་མཆོག་གི་སྒྲ་བསྒྲགས་པའི་རྒྱལ་སྲས།

བཅུ་གཅིག་པ་མུན་གླིང་དུ་དཀོན་མཆོག་གི་སྒྲ་བསྒྲགས་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་དག འཇིག་རྟེན་གྱི་ཁམས་གང་ན་སངས་རྒྱས་ཀྱི་སྒྲ་མི་གྲག་པ་དང༌། ཆོས་ཀྱི་སྒྲ་མི་གྲག་པ་དང༌། དགེ་འདུན་གྱི་སྒྲ་མི་གྲག་པ་དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འདོང་ཞིང་སངས་རྒྱས་ཀྱི་ལེགས་པ་བརྗོད། ཆོས་ཀྱི་ལེགས་པ་བརྗོད། དགེ་འདུན་གྱི་ལེགས་པ་བརྗོད་ཅིང༌། སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་དེས་སེམས་དང་བར་གྱུར་ཏེ། གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པ་དེ་དག་ཏུ་སྐྱེ་བར་འགྱུར་བར་བྱེད་པ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །

བཅུ་གཉིས་པ་ཁམས་གསུམ་དུ་སྐྱེས་ནས་སེམས་ཅན་གྱི་དོན་བྱེད་པའི་རྒྱལ་སྲས།

བཅུ་གཉིས་པ་ཁམས་གསུམ་དུ་སྐྱེས་ནས་སེམས་ཅན་གྱི་དོན་བྱེད་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་ཕྱིན་ཆད། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། མངོན་པར་ཤེས་པ་ལྔ་དང༌། དྲན་པ་ཉེ་བར་བཞག་པ་བཞི་དང༌། ཡང་དག་པར་སྤོང་པ་བཞི་དང༌། རྫུ་འཕྲུལ་གྱི་རྐང་བ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དག་ཀྱང་ཐོབ་ནས། དེ་དག་ནམ་ཡང་འདོད་པའི་ཁམས་སུ་ཡང་མི་སྐྱེ། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུའང་མི་སྐྱེ་ཞིང༌། དེ་དག་ཏུའང་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡོད་དོ། །ཞེས་གསུངས་སོ། །

བཅུ་གསུམ་པ་ཕྱིར་མི་ལྡོག་པའི་ས་ཐོབ་པའི་རྒྱལ་སྲས།

བཅུ་གསུམ་པ་ཕྱིར་མི་ལྡོག་པའི་ས་ཐོབ་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དག དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་བཞུགས་ནས། ཕྱིར་མི་ལྡོག་པའི་ས་ཐོབ་པའང་ཡོད་དོ། །ཞེས་གསུངས་སོ། །མདོ་འདི་ཉ་ཊཱིཀ་ལས་ཕྱིར་མི་འོང་འདུ་བྱེད་མེད་པར་འདའ་བའི་མིང་ཅན་གྱི་བྱང་སེམས་ལ་སྦྱར་ནས་གསུངས་སོ། །

བཅུ་བཞི་པ་སངས་རྒྱས་ནས་ཆོས་ཡུན་རིང་དུ་གནས་པའི་རྒྱལ་སྲས།

བཅུ་བཞི་པ་སངས་རྒྱས་ནས་ཆོས་ཡུན་རིང་དུ་གནས་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་ཞིང༌། མངོན་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་ཚད་མེད་གྲངས་མེད་པའི་དོན་བྱས་ནས། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་ཞིང༌། དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང༌། དམ་པའི་ཆོས་བསྐལ་པའམ། བསྐལ་པ་བས་ལྷག་པར་གནས་པ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །མདོ་འདི་ཉ་ཊཱིཀ་ལས་ཕྱིར་མི་འོང་སྐྱེས་ནས་འདའ་བའི་མིང་ཅན་གྱི་བྱང་སེམས་ལ་སྦྱར་ནས་གསུངས་སོ། །

བཅོ་ལྔ་པ་སངས་རྒྱས་ཀྱི་བརྒྱུད་དེ་སངས་རྒྱས་ལ་ལྟ་བའི་རྒྱལ་སྲས།

བཅོ་ལྔ་པ་སངས་རྒྱས་ཀྱི་བརྒྱུད་དེ་སངས་རྒྱས་ལ་ལྟ་བའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས།ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་ཅིང༌།དེ་དག་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་བལྟ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དོན་དུ་འདོང་བ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །

བཅུ་དྲུག་པ་སྙོམས་འཇུག་དགུ་ལ་སྙོམས་པར་འཇུག་པའི་རྒྱལ་སྲས།

བཅུ་དྲུག་པ་སྙོམས་འཇུག་དགུ་ལ་སྙོམས་པར་འཇུག་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བསམ་གཏན་བཞི་ཐོབ་པ། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཐོབ་པ་དག བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་ཚུལ་དུ་མར་རྣམ་པར་རྩེ་ཞིང༌། འདི་ལྟ་སྟེ། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །དེ་དག་བསམ་གཏན་དང་པོ་དེ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གཉིས་པ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །དེ་ལས་ལངས་ནས་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །དེ་ལས་ལངས་ནས་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །དེ་ལས་ལངས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལའང་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །དེ་ལས་ལངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །དེ་ལས་ལངས་ནས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །དེ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །ཤཱ་ར་དྭ་ཏིའི་བུ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་དང་ལྡན་པ་རྣམས་བསམ་གཏན་དང༌། ཚད་མེད་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་འདི་དག་ཡང་དང་ཡང་དུ་རྣམ་པར་མནན་ཅིང་སྙོམས་པར་འཇུག་པ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །མདོ་འདི་ཉ་ཊཱིཀ་ལས་ཕྱིར་མི་འོང་ལུས་མངོན་བྱེད་ཀྱི་མིང་ཅན་གྱི་བྱང་སེམས་ལ་སྦྱར་ནས་གསུངས་སོ། །

བཅུ་བདུན་པ་དྲན་ཉེ་སོགས་ཐོབ་ཅིང་རྒྱུན་ཞུགས་སོགས་ལ་འགོད་པའི་རྒྱལ་སྲས།

བཅུ་བདུན་པ་དྲན་ཉེ་སོགས་ཐོབ་ཅིང་རྒྱུན་ཞུགས་སོགས་ལ་འགོད་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲན་པ་ཉེ་བར་བཞག་པ་དང༌།ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་བ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཐོབ་པ། འཕགས་པའི་བདེན་པ་རྣམས་དང། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། རྣམ་པར་ཐར་བ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་རྣམས་ཐོབ་པ། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་ཐོབ་པ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐོབ་པ་དང༌། རྣམ་པར་ཐར་བའི་སྒོ་གསུམ་པོ་ཐོབ་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དང༌། རང་བྱང་ཆུབ་ཐོབ་པར་མི་བྱེད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཐབས་མཁས་པས་ཡོངས་སུ་བཟུང་བས་འཕགས་པའི་ལམ་ཡན་ལག་བརྒྱད་པ་སེམས་ཅན་རྣམས་ལ་སྟོན་པར་བྱེད་དེ། སེམས་ཅན་དེ་དག་དེས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་དང༌། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་་བུ་དང༌། དགྲ་བཅོམ་པ་ཉིད་དང༌།རང་བྱང་ཆུབ་ཐོབ་པར་འགྱུར་བར་བྱེད་པ་དག་ཀྱང་ཡོད་དེ། ཤཱ་ར་དྭ་ཏིའི་བུ། ཉན་ཐོས་དང་རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཡེ་ཤེས་གང་ཡིན་པ་དེ་ནྀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ་ཡིན་ཏེ། ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟ་བུས་དེ་ལྟར་རྣམ་པར་སྤྱོད་པ་དེ་དག་ནི་ཕྱིར་མི་ལྡོག་པ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་སོ། །

བཅོ་བརྒྱད་པ་ཕྱིན་དྲུག་ལ་གནས་ཏེ་དགའ་ལྡན་གྱི་གནས་སྦྱོང་བའི་རྒྱལ་སྲས།

བཅོ་བརྒྱད་པ་ཕྱིན་དྲུག་ལ་གནས་ཏེ་དགའ་ལྡན་གྱི་གནས་སྦྱོང་བའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང༌། དགའ་ལྡན་གྱི་གནས་ཡོངས་སུ་སྦྱོང་བ་དག་ཀྱང་ཡོད་དེ། ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྐལ་པ་བཟང་པོ་པར་ཤེས་པར་བྱའོ། །ཞེས་གསུངས་སོ། །

བཅུ་དགུ་བ་བསམ་གཏན་སོགས་ཐོབ་ཅིང་བདེན་བཞི་ཁོང་དུ་ཆུད་ནས་རྟོགས་པ།

བཅུ་དགུ་བ་བསམ་གཏན་སོགས་ཐོབ་ཅིང་བདེན་བཞི་ཁོང་དུ་ཆུད་ནས་རྟོགས་པ།

བཅུ་དགུ་བ་བསམ་གཏན་སོགས་ཐོབ་ཅིང་བདེན་བཞི་ཁོང་དུ་ཆུད་ནས་རྟོགས་པར་མི་བྱེད་པ་ཚེ་གཅིག་གི་ཐོགས་པའི་རྒྱལ་སྲས་ནི། ཉི་ཁྲི་ལྔ་སྟོང་པ་ལས།

ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བསམ་གཏན་བཞི་ཐོབ་པ། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐོབ་པ། མངོན་པར་ཤེས་པ་དྲུག་ཐོབ་པ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐོབ་པ་དག་འཕགས་པའི་བདེན་པ་བཞི་ཁོང་དུ་ཆུད་པར་བྱ་བའི་དོན་དུ་སྤྱོད་ཀྱང༌། བདེན་པ་བཞི་རྟོགས་པར་མི་བྱེད་དག་ཀྱང་ཡོད་དེ། ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཚེ་གཅིག་གིས་ཐོགས་པར་ཤེས་པར་བྱའོ། །ཞེས་གསུངས་སོ། །མདོ་འདི་ཉ་ཊཱིཀ་ལས་ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པའི་མིང་ཅན་གྱི་བྱང་སེམས་ལ་སྦྱར་ནས་གསུངས་སོ། །

ཉི་ཤུ་པ་འཇིག་རྟེན་བརྒྱུད་ཅིང་སེམས་ཅན་བསྐུལ་བའི་རྒྱལ་སྲས།

ཉི་ཤུ་པ་འཇིག་རྟེན་བརྒྱུད་ཅིང་སེམས་ཅན་བསྐུལ་བའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དག་འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འདོང་ཞིང༌། དེ་དག་གི་སེམས་ཅན་རྣམས་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་བ་བྱེད་ཅིང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དག་ཀྱང་ཡོད་དེ། ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྐལ་བ་གྲངས་མེད་ཚད་མེད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཞེས་གསུངས་སོ། །

ཉེར་གཅིག་པ་སེམས་ཅན་གྱི་དོན་ལ་བརྩོན་ཞིང་སྒོ་གསུམ་དག་པའི་རྒྱལ་སྲས།

ཉེར་གཅིག་པ་སེམས་ཅན་གྱི་དོན་ལ་བརྩོན་ཞིང་སྒོ་གསུམ་དག་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་སེམས་ཅན་རྣམས་ཀྱི་དོན་དུ་རྟག་པར་བརྩོན་ཏེ། ནམ་ཡང་གནོད་པར་འགྱུར་བའི་ཚིག་མི་སྨྲ། གནོད་པ་དང་ལྡན་པའི་ལུས་ཀྱི་ལས་དང༌། ཡིད་ཀྱི་ལས་མི་བྱེད་པ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །

ཉེར་གཉིས་པ་སངས་རྒྱས་ཀྱི་ཞིང་བརྒྱུད་ཅིང་ངན་འགྲོའི་རྒྱུད་གཅོད་པའི་རྒྱལ་སྲས།

ཉེར་གཉིས་པ་སངས་རྒྱས་ཀྱི་ཞིང་བརྒྱུད་ཅིང་ངན་འགྲོའི་རྒྱུད་གཅོད་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་བ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་སེམས་ཅན་གྱི་དོན་དུ་རྟག་ཏུ་བརྩོན་པས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང༌། སེམས་ཅན་རྣམས་ཀྱི་ངན་སོང་གི་ལམ་གསུམ་པོ་རྒྱུན་གཅོད་པ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །མདོ་འདི་ཉ་ཊཱིཀ་ཏུ་ཕྱིར་མི་འོང་འདུ་བྱེད་དང་བཅས་ཏེ་འདའ་བའི་མིང་ཅན་གྱི་བྱང་སེམས་ལ་སྦྱར་ནས་གསུངས་སོ། །

ཉེར་གསུམ་པ་སྦྱིན་པའི་ཕར་ཕྱིན་ལྷུར་ལེན་པའི་རྒྱལ་སྲས།

ཉེར་གསུམ་པ་སྦྱིན་པའི་ཕར་ཕྱིན་ལྷུར་ལེན་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་བ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ཏེ། སེམས་ཅན་རྣམས་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་ཉེ་བར་བསྒྲུབ་ཅིང༌། ཟས་འདོད་པ་རྣམས་ལ་ཟས་དང༌། སྐོམ་འདོད་པ་རྣམས་ལ་སྐོམ་དང༌། བཞོན་པ་འདོད་པ་རྣམས་ལ་བཞོན་པ་དང༌། མེ་ཏོག་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། མལ་སྟན་དང༌། གོས་དང༌། རྒྱན་དང༌། འཚོ་བ་དང༌། ཁྱིམ་འདོད་པ་རྣམས་ལ་ཁྱིམ་གྱིས་ཡོངས་སུ་སྡུད་ཅིང་འཚོ་བའི་ཡོ་བྱད་སྐྱོན་མེད་པ་ཡོངས་སུ་བསྒྲུབ་པ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །

ཉེར་བཞི་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷུར་ལེན་པའི་རྒྱལ་སྲས།

ཉེར་བཞི་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷུར་ལེན་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་བ་ལས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ཏེ། སེམས་ཅན་རྣམས་ལུས་དང་ངག་དང་ཡིད་ཀྱི་སྡོམ་པ་ལ་རབ་ཏུ་འགོད་པ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །ཉེར་ལྔ་པ་བཟོད་པའི་ཕར་ཕྱིན་ལྷུར་ལེན་པའི་རྒྱལ་སྲས་ནི། ཉི་ཁྲི་ལྔ་སྟོང་བ་ལས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ཏེ། སེམས་ཅན་རྣམས་ཁྲོ་བ་མེད་པ་དང༌། གནོད་སེམས་མེད་པ་ལ་རབ་ཏུ་འགོད་པ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །

ཉེར་དྲུག་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་ལྷུར་ལེན་པའི་རྒྱལ་སྲས།

ཉེར་དྲུག་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་ལྷུར་ལེན་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་པ་ལས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ཏེ། སེམས་ཅན་རྣམས་དགེ་བའི་ཆོས་ཐམས་ཅད་ལ་མངོན་པར་བརྩོན་པ་ལ་རབ་ཏུ་འགོད་པ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །

ཉེར་བདུན་པ་བསམ་གཏན་གྱི་ཕར་ཕྱིན་ལྷུར་ལེན་པའི་རྒྱལ་སྲས།

ཉེར་བདུན་པ་བསམ་གཏན་གྱི་ཕར་ཕྱིན་ལྷུར་ལེན་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་བ་ལས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ཏེ། སེམས་ཅན་རྣམས་ཞི་གནས་རྩེ་གཅིག་ཏུ་བྱ་བ་དང༌། འདོད་པ་ལས་དབེན་པ་ལ་རབ་ཏུ་འགོད་པ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །ཉེར་བརྒྱད་པ་ཤེས་རབ་ཀྱི་ཕར་ཕྱིན་ལྷུར་ལེན་པའི་རྒྱལ་སྲས་ནི། ཉི་ཁྲི་ལྔ་སྟོང་བ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ཏེ། སེམས་ཅན་རྣམས་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་འགོད་པ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ཏེ། དེ་བཞིན་གཤེགས་པའི་སྐུ་ཅི་འདྲ་བ་དེ་འདྲ་བའི་ལུས་སུ་མངོན་པར་སྤྲུལ་ཏེ། སེམས་ཅན་དམྱལ་བའི་སེམས་ཅན་རྣམས་དང༌། བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་རྣམས་དང༌། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ལ་ངན་སོང་ཐམས་ཅད་ལས་ཡང་དག་པར་འདའ་བའི་ཕྱིར་ཆོས་སྟོན་པ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །

ཉེར་དགུ་བ་སངས་རྒྱས་སུ་སྤྲུལ་ནས་ཤར་གྱི་ཞིང་དུ་མར་ཆོས་སྟོན་པའི་རྒྱལ་སྲས།

ཉེར་དགུ་བ་སངས་རྒྱས་སུ་སྤྲུལ་ནས་ཤར་གྱི་ཞིང་དུ་མར་ཆོས་སྟོན་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་བ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང༌། སངས་རྒྱས་ཀྱི་སྐུ་ཅི་འདྲ་བ་དེ་འདྲ་བའི་ལུས་སུ་མངོན་པར་སྤྲུལ་ནས། ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་འདོང་ཞིང་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང༌། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱེད་པ་དང༌། ཆོས་ཉན་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་དང༌། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་བར་བྱེད་ཅིང༌། དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་གི་མཚན་མ་ཡོངས་སུ་བཟུང་སྟེ། དེ་བས་ཀྱང་རྒྱ་ཆེ་བ་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་བསྒྲུབ་ཅིང༌། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ་ཤ་སྟག་སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །

སུམ་ཅུ་པ་ལྷོ་ནས་སོ་བརྒྱད་པ་སྟེང་གི་སངས་རྒྱས་སུ་སྤྲུལ་ནས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གདོང་ཞིང་ཆོས་སྟོན་པའི་བར་གྱི་རྒྱལ་སྲས་དགུ།

སུམ་ཅུ་པ་ལྷོ་ནས་སོ་བརྒྱད་པ་སྟེང་གི་སངས་རྒྱས་སུ་སྤྲུལ་ནས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གདོང་ཞིང་ཆོས་སྟོན་པའི་བར་གྱི་རྒྱལ་སྲས་དགུ་ནི།

ཉི་ཁྲི་ལྔ་སྟོང་བ་ལས། དེ་བཞིན་དུ་ལྷོ་དང༌། ནུབ་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་དང༌། འོག་དང༌། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང༌། སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་འདོང་ཞིང༌། སེམས་ཅན་རྣམས་ལ་ཆོས་སྟོན་པ་དང༌། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱེད་པ་དང༌། ཆོས་ཉན་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་དང༌། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་བར་བྱེད་ཅིང༌། དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་གི་མཚན་མ་ཡོངས་སུ་བཟུང་སྟེ། དེ་བས་ཀྱང་རྒྱ་ཆེ་བ་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་བསྒྲུབ་ཅིང༌། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ་ཤ་སྟག་སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །སྐབས་འདིར་ཡུམ་གསུམ་གནོད་འཇོམས་ལས་ཕྱོགས་བཅུ་སྡོམ་པའི་སྒོ་ནས་རྒྱལ་སྲས་ཞིག་གསུངས་ཏེ། དེ་ལས། སུམ་ཅུ་རྩ་བདུན་པ་དག་ནི། ཕྱོགས་བཅུའི་སེམས་ཅན་ཡོངས་སུ་སྨིན་པར་བྱས་ནས་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་བསྙེན་བཀུར་བྱས་ཏེ། དེ་ན་མཐོང་བའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་ཁྱད་པར་བཟུང་ནས་བདག་གི་སངས་རྒྱས་ཀྱི་ཞིང་དུ་བསྒྲུབས་ཏེ། དེ་ནི་སྐྱེ་བ་གཅིག་གིས་ཐོགས་པར་གནས་སོ། །ཞེས་གསུངས་པའོ། །སོ་དགུ་བ་མཚན་དང་ལྡན་ཞིང་ལུས་དག་པའི་རྒྱལ་སྲས་ནི། ཉི་ཁྲི་ལྔ་སྟོང་བ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་བྱས་ཏེ། དབང་པོ་གསལ་ཞིང་ཡོངས་སུ་དག་པ་དང་ལྡན་པར་གྱུར་ནས། དེ་དག་ལུས་ཡོངས་སུ་དག་པ་དེ་དག་གིས་སྐྱེ་བོ་མང་པོ་དགའ་བ་དང་མོས་པ་བསྐྱེད་དེ། དེ་དག་འགྲོ་བ་མང་པོའི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བ་དང༌། སེམས་ཅན་དེ་དག་ཀྱང་སེམས་མོས་པར་གྱུར་པའི་དགེ་བའི་རྩ་བ་དེ་ཉིད་ཀྱིས་མཐར་གྱིས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་ཡོངས་སུ་དག་པ་དང༌། ངག་ཡོངས་སུ་དག་པ་དང༌། ཡིད་ཡོངས་སུ་དག་པ་ལ་བསླབ་པར་བྱའོ། །ཞེས་གསུངས་སོ། །མདོ་འདི་ཉ་ཊཱིཀ་ཏུ་ཕྱིར་མི་འོང་མཐོང་ཆོས་ཞིའི་མིང་ཅན་གྱི་བྱང་སེམས་ལ་སྦྱར་ནས་གསུངས་སོ། །

བཞི་བཅུ་པ་དབང་པོ་དག་ཅིང་བདག་བསྟོད་གཞན་སྨོད་མི་བྱེད་པའི་རྒྱལ་སྲས།

བཞི་བཅུ་པ་དབང་པོ་དག་ཅིང་བདག་བསྟོད་གཞན་སྨོད་མི་བྱེད་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་བ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དག་དབང་པོ་ཤིན་ཏུ་གསལ་བ་ཐོབ་ནས། དེ་དག་དབང་པོ་ཤིན་ཏུ་གསལ་བ་དེ་དག་གིས་བདག་མི་བསྟོད་ཅིང་གཞན་མི་སྨོད་པ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །

བཞི་བཅུ་རྩ་གཅིག་པ་སེམས་བསྐྱེད་ནས་ངན་སོང་མི་ལྟུང་བའི་རྒྱལ་སྲས།

བཞི་བཅུ་རྩ་གཅིག་པ་སེམས་བསྐྱེད་ནས་ངན་སོང་མི་ལྟུང་བའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་བ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་ཕྱིན་ཆད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། ཕྱིར་མི་ལྡོག་པའི་ས་མ་ཐོབ་ཀྱི་བར་དུ་ནམ་ཡང་དབུལ་བར་མི་འགྱུར་ཞིང༌། ལོག་པར་འགྲོ་བ་དང༌། ངན་སོང་དུ་མི་ལྟུང་བ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །

བཞི་བཅུ་རྩ་གཉིས་པ་སེམས་བསྐྱེད་ནས་དགེ་བཅུའི་ལམ་མི་གཏོང་བའི་རྒྱལ་སྲས།

བཞི་བཅུ་རྩ་གཉིས་པ་སེམས་བསྐྱེད་ནས་དགེ་བཅུའི་ལམ་མི་གཏོང་བའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་བ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་ཕྱིན་ཆད། ཕྱིར་མི་ལྡོག་པའི་ས་མ་ཐོབ་ཀྱི་བར་དུ་ནམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་མི་གཏོང་བ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །བཞི་བཅུ་རྩ་གསུམ་པ་འཁོར་སྒྱུར་གྱི་ལུས་བཟུང་ནས་སེམས་ཅན་ཡོངས་སུ་སྡུད་དེ་དགེ་བཅུ་ལ་འགོད་པའི་རྒྱལ་སྲས་ནི། ཉི་ཁྲི་ལྔ་སྟོང་བ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ནས། དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་སེམས་ཅན་རབ་ཏུ་འགོད་པ་དང༌། སྦྱིན་པ་དང༌། ངག་སྙན་པས་སེམས་ཅན་ཡོངས་སུ་སྡུད་པ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །བཞི་བཅུ་རྩ་གཉིས་པ་དང་བཞི་བཅུ་རྩ་གསུམ་པ་འདི་གཉིས་གཅིག་ཏུ་བྱས་ནས་ཡུམ་གསུམ་གནོད་འཇོམས་ལས་གསུངས་ཏེ། དེ་ལས། སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷུར་ལེན་ཅིང་ཚེ་རབས་ཀུན་ཏུ་འཁོར་ལོས་བསྒྱུར་བར་གྱུར་ནས། རྫུ་འཕྲུལ་གྱི་སྟོབས་དེས་སེམས་ཅན་རྣམས་བསྡུས་ཏེ་སྦྱིན་པ་དང་ཚུལ་ཁྲིམས་ལ་འགོད་དོ། །ཞེས་གསུངས་སོ། །འདི་གཉིས་འབུམ་གྱི་གནོད་འཇོམས་སུ་སོ་སོར་གསུངས་ཏེ། དེ་༧༢ལས། ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་ཕྱིན་ཆད་ཕྱིར་མི་ལྡོག་པའི་ས་མ་ཐོབ་ཀྱི་བར་ཏུ་ནམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་མི་གཏོང་བ་དག་ཀྱང་ཡོད་དོ། །ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཁ་ཅིག་དགེ་བཅུའི་ལས་ཀྱི་ལམ་ལྟ་བུར་བླངས་ནས་ས་དང་པོ་ཐོབ་པར་བྱས་ཏེ། སེམས་ཅན་རྣམས་ཀྱང་དགེ་བ་བཅུ་ལ་འགོད་པ་དག་ཀྱང་ཡོད་དོ། །ཞེས་བསྟན་པ་སྟེ་དེ་ནི་བཞི་བཅུ་གཉིས་པའོ། །ཞེས་དང༌། འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ནས་སེམས་ཅན་རྣམས་དགེ་བ་བཅུ་ལ་བཀོད་དེ། བསྡུ་བ་རྣམ་པ་གཉིས་ཀྱིས་སྡུད་པ་དག་ཀྱང་ཡོད་དོ། །ཞེས་བསྟན་པ་སྟེ། དེ་བཞི་བཅུ་གསུམ་པའོ། །ཞེས་གསུངས་སོ། །བཞི་བཅུ་རྩ་བཞི་པ་འཁོར་སྒྱུར་གྱི་ལུས་བཟུང་ནས་སངས་རྒྱས་བྱེ་བ་ཁྲིག་ཁྲིག་བརྒྱ་སྟོང་ལ་མཆོད་པའི་རྒྱལ་སྲས་ནི། ཉི་ཁྲི་ལྔ་སྟོང་བ་ལས། ཤཱ་ར་དྭ་ཏིའི་བུ།འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌།ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཡོངས་སུ་བཟུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བརྒྱ་སྟོང་དུ་མ་ལ་གནས་ཤིང་དེ་ལ་གནས་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་མཉེས་པར་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡོ་བྱད་ཐམས་ཅད་དང༌། མཆོད་པ་སྣ་ཚོགས་ཀྱིས་རིམ་གྲོ་དང་བཀུར་སྟི་དང་བསྟི་སྟང་དང་མཆོད་པ་བྱེད་པ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །ཡང་མདོ་འདི་ཉ་ཊཱིཀ་ཏུ་ཕྱིར་མི་འོང་མཐོང་ཆོས་ཞིའི་མིང་ཅན་གྱི་བྱང་སེམས་ལ་སྦྱར་ནས་གསུངས་སོ། །

བཞི་བཅུ་རྩ་ལྔ་བ་ལྟ་ངན་ཅན་ལ་ཆོས་ཀྱི་སྣང་བ་འབྲལ་བར་མི་བྱེད་པའི་རྒྱལ་སྲས།

བཞི་བཅུ་རྩ་ལྔ་བ་ལྟ་ངན་ཅན་ལ་ཆོས་ཀྱི་སྣང་བ་འབྲལ་བར་མི་བྱེད་པའི་རྒྱལ་སྲས་ནི།

ཉི་ཁྲི་ལྔ་སྟོང་བ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང༌། སེམས་ཅན་ལོག་པར་ལྟ་བའི་མུན་པ་ཅན་རྣམས་ལ། སངས་རྒྱས་ཀྱི་ཆོས་ཀྱིས་སྣང་བར་བྱེད་ཅིང༌། བདག་ཉིད་ཀྱང་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་ཀྱི་བར་དུ། སངས་རྒྱས་ཀྱི་ཆོས་སྣང་བ་དེའང་ནམ་ཡང་འབྲལ་བར་མི་བྱེད་པ་དག་ཀྱང་ཡོད་དེ། ཤཱ་ར་དྭ་ཏིའི་བུ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས་ལ་ཡང་དག་པར་བྱུང་བ་ཡིན་ནོ། །ཞེས་གསུངས་སོ། །འཕགས་པའི་ལུགས་ལ་མདོ་འདི་ཉ་ཊཱིཀ་ཏུ་དགྲ་བཅོམ་ཞུགས་པའི་མིང་ཅན་གྱི་བྱང་སེམས་ལ་སྦྱར་ནས་གསུངས་སོ། །དེ་ལྟར་འཐད་དེ། ཉི་ཁྲི་ལྔ་སྟོང་བའི་བཤད་པ་རྫོགས་ལྡན་ལས། ༡ ཤཱ་ར་དྭ་ཏིའི་བུ། ཕྲེང་ཕྱེད་དང་གཉིས་ན། འདོད་པའི་ཁམས་སུ་མིའི་ནང་དུ་སྐྱེ་བའང་ཡོད་དོ། །༢ ཕྲེང་གཅིག་ན། རྣོ་བ་ཡང་མ་ཡིན་ནོ། ། ༣ ཤཱ་ར་དྭ་ཏིའི་བུ། ཕྲེང་དྲུག་ན། འཚང་རྒྱའོ། ། ༤ཤཱ་ར་དྭ་ཏིའི་བུ། ཕྲེང་ལྔ་ན། ཕྱིར་རོ། །༥ ཤཱ་ར་དྭ་ཏིའི་བུ། ཕྲེང་དྲུག་ན། མཉེས་པར་བྱེད་དོ། །༦ཤཱ་ར་དྭ་ཏིའི་བུ། ཕྲེང་བདུན་ན། གསོལ་བ་བཏབ་པ་བྱེད་དོ། །༧ ཕྲེང་བདུན། དག་ཀྱང་ཡོད་དོ། །དཔེར་ན་བདག་ཅག་གི་བཅོམ་ལྡན་འདས་བྱམས་པ་ལྟ་བུའོ། །ཞེས་དབུ་མ་པ་གསུངས། ༨ ཕྲེང་གཉིས་ལྷག་ན། འདོད་པ་དག་ཀྱང་ཡོད་དོ། ། ༩ ཤཱ་ར་དྭ་ཏིའི་བུ། ཕྲེང་གཉིས་ན། དག་ཀྱང་ཡོད་དོ། ། ༡༠ ཤཱ་ར་དྭ་ཏིའི་བུ། ཕྲེང་གཉིས་ན་འདོང་བ་དག་ཀྱང་ཡོད་དོ། ། ༡༡ ཤཱ་ར་དྭ་ཏིའི་བུ། ཕྲེང་གསུམ་ན། བྱེད་པ་དག་ཀྱང་ཡོད་དོ། །༡༢ ཕྲེང་ལྔ་ན། དོན་བྱེད་པ་ཡོད་དོ། །༡༣ ཕྲེང་ཅིག་ལྷག་ན། ས་འཐོབ་པར་ཡོད་དོ། ། ༡༤ ཕྲེང་ཕྱེད་དང་གསུམ་ན། གནས་པ་དག་ཀྱང་ཡོད་དོ། །༡༥ཕྲེང་གསུམ་ན། འདོང་པ་དག་ཀྱང་ཡོད་དོ། །༡༦ ཕྲེང་བཅུ་གཅིག་ན། རྣམ་པར་མནན་ཅིང་ཐོད་རྒལ་དུ་ཞེས་ཁྲི་བརྒྱད་སྟོང་པར་གསུངས། དག་ཀྱང་ཡོད་དོ། །༡༧ ཕྲེང་ཕྱེད་བཅུ་ན། ཤེས་པར་བྱའོ། །༡༨ ཕྲེང་གཉིས་ན་བསྐལ་བ་བཟང་པོ་འདི་ལས་སངས་རྒྱས་པར་ཤེས་ན་འཚང་རྒྱའོ། །དཔེར་ན་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་ལྟ་བུའོ། །ཞེས་དབུ་མ་པ་གསུངས། ༢པར་བྱའོ། ། ༡༩ ཕྲེང་བཞི་ན་ཐོགས་པར་ཤེས་པར་བྱའོ། །༢༠ ཕྲེང་ཕྱེད་དང་གསུམ་༡ ཕྲེང་གཉིས་ན། ཡིད་ཀྱི་ལས་མི་བྱེད་ཅིང་སེམས་ཅན་རྣམས་ལ་ཆོས་འཆད་པ་དག་ཀྱང་ཡོད་དོ། །༢༢ ཕྲེང་གཉིས་ན། གཅོད་པ་དག་ཀྱང་ཡོད་དོ། །༢༣ ཕྲེང་གསུམ་ན་སྒྲུབ་པ་དག་ཀྱང་ཡོད་དོ། །༢༤ ཕྲེང་གཅིག་ན་དག་ཀྱང་ཡོད་དོ། །༢༥ ཕྲེང་གཅིག་ན། དག་ཀྱང་ཡོད་དོ། །༢༦ ཕྲེང་གཅིག་ན་འགོད་པ་དག་ཀྱང་ཡོད་དོ། །༢༧ ཕྲེང་གཅིག་ན་འགོད་པ་དག་ཀྱང་ཡོད་དོ། །༢༨ ཕྲེང་གསུམ་ན། སྟོན་པ་དག་ཀྱང་ཡོད་དོ། ། ༢༩ ཕྲེང་བཞི་ན། བྱེད་པ་དག་ཀྱང་ཡོད་དོ། །༣༠ དེ་བཞིན་དུ་ལྷོ་དང༌། ༣༡ ནུབ་དང༌།༣༢ བྱང་དང༌།༣༣བྱང་ཤར་དང༌། ༣༤ ཤར་ལྷོ་དང༌། ༣༥ ལྷོ་ནུབ་དང༌། ༣༦ ནུབ་བྱང་དང༌།༣༧འོག་དང༌། ༣༨ སྟེང་གི་ཕྱོགས་རེ་རེ་ཞིང༌། ཕྲེང་གསུམ་ལྷག་ན། བྱེད་པ་དག་ཀྱང་ཡོད་དོ། །༣༩ཕྲེང་ལྔ་ན། བསླབ་པར་བྱའོ། །༤༠ ཕྲེང་གཉིས་ན་མི་སྨོད་པ་དག་ཀྱང་ཡོད་དོ། །༤༡ ཕྲེང་གཉིས་ན་མི་ལྟུང་བ་དག་ཀྱང་ཡོད་དོ། །༤༢ ཕྲེང་གཅིག་ན། མི་གཏོང་བ་དག་ཀྱང་ཡོད་དོ། །༤༣ ཕྲེང་གཉིས་ན་སྡུད་པ་དག་ཀྱང་ཡོད་དོ། །༤༤ ཕྲེང་གསུམ་ན། མཆོད་པ་བྱེད་པ་དག་ཀྱང་ཡོད་དོ། ། ༤༥ ཕྲེང་གཉིས་ན། སྣང་བ་དེའང¿དེ་དང༌། དགེ་འདུན་དཀོན་མཆོག་ལ་¿ནམ་ཡང་འབྲལ་བར་མི་བྱེད་པ་དག་ཀྱང་ཡོད་དེ། ཞེས་གསུངས་སོ། །གཞུང་ཁ་ཅིག་ཏུ་རྒྱལ་སྲས་ཞེ་བརྒྱད་ཅེས་གྲགས་ཀྱང་འདིར་རྒྱལ་སྲས་ཞེ་ལྔ་བགྲང་ཚུལ་ནི་འབུམ་གྱི་གནོད་འཇོམས་དང་ཆོས་རྗེ་ཀུན་མཁྱེན་གྱི་ཉི་ཁྲི་ལྔ་སྟོང་བའི་བཤད་པ་རྫོགས་ལྡན་གྱི་ལུགས་ལྟར་བཀོད་པའོ། །

སྨྲས་པ། རྒྱལ་སྲས་དཔའ་བོས་གཅེས་འཛིན་བདུད་དཔུང་མ་ལུས་བཅོ༵༷མ། །རྒྱལ་སྲས་དཔའ་བོས་ཚ་གདུང་འཇོམས་ནས་ཞི་བསིལ་ལྡ༵༷ན། །རྒྱལ་སྲས་དཔའ་བོས་སྙིང་རྗེས་མཚོན་རྣོན་མྱ་ངན་འད༵༷ས། །རྒྱལ་སྲས་དཔའ་བོས་ཐེག་ཆེན་ལམ་དུ་དྲངས་བར་མཛ༵༷ད། །འདི་སྨྲས་དགེ་བས་བདག་གཞན་བརྗེ་བའི་རྒྱལ་སྲས་སེམས། །རིང་མིན་ཐོབ་ནས་མ་ལུས་སེམས་ཅན་རྒྱལ་སྲས་སེམས། །མངོན་དུ་གྱུར་ནས་ནམ་ཡང་མི་འབྲལ་རྒྱལ་སྲས་སེམས། །སྟོབས་བཅུ་མངའ་བའི་རྒྱལ་བསྟན་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་པ་འདི་ནི་རྒྱལ་ཁམས་ཉུལ་བའི་དངོས་གྲུབ་དཔལ་གྱིས་ཇོ་ནང་བརྩེ་ཆེན་མཐོ་སློབ་ནས་གྲོ་བཞིན་ཟླ་བའི་ཚེས་ཉེར་བརྒྱད་ཀྱི་དགོང་ཐུན་དང་མཚན་ཐུན་དང་པོ་གཉིས་ལ་རྫོགས་པར་བྲིས་པའོ། །


previousཡུམ་མདོ་ལས་བཤད་པའི་རྒྱལ་སྲས་ཞེ་ལྔའི་བཤད་པ་པད་དཀར་ཕྲེང་བ།next