Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ། གྲུབ་མཐའ་དང་ས་ལམ་སོགས།

3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]


 expand section
 expand section
 expand section
  
collapse section
བློ་ལྡོག་རྣམ་བཞིའི་བཤད་པ་གཞན་ཕན་ཉི་མ།
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
 expand section
  
  
  
  
 expand section
  
  
  
  
  
  
 expand section
  
  


3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousབློ་ལྡོག་རྣམ་བཞིའི་བཤད་པ་གཞན་ཕན་ཉི་མ།next

བློ་ལྡོག་རྣམ་བཞིའི་བཤད་པ་གཞན་ཕན་ཉི་མ།

བློ་ལྡོག་རྣམ་བཞིའི་བཤད་པ་གཞན་ཕན་ཉི་མ་ཞེས་བྱ་བ་བཞུགས་སོ། །

དལ་འབྱོར་རྙེད་དཀའ་བཤད་པ།

དལ་འབྱོར་རྙེད་དཀའ་བཤད་པ།

ཨོཾ་སྭ་སྟི། །རྒྱལ་བ་སྟོན་པ་བཅོམ་ལྡན་རྫོགས་སངས་རྒྱས། །སྡུག་བསྔལ་མ་ལུས་སེལ་བའི་དམ་པའི་ཆོས། །ཚོགས་མཆོག་དམ་པ་དགེ་འདུན་རིན་ཆེན་ལ། །འགྲོ་རྣམས་སྡུག་བསྔལ་བསྒྲལ་ཕྱིར་སྐྱབས་སུ་བསྟེན། །བློ་ལྡོག་རྣམ་བཞི་ཐོས་བསམ་སྒོམ་པ་ཡིས། །སྡུག་ཀུན་འཁོར་བའི་ཆོས་ལ་ཞེན་ལྡོག་ནས། །ངེས་འབྱུང་ཐར་བའི་ལམ་ལ་འབད་པའི་ཆེད། །བློ་ལྡོག་རྣམ་བཞིའི་རྣམ་བཞག་བཤད་པར་བྱ། །དེ་ལ་འདིར་ཚེ་འདི་ཕྱིའི་འཁོར་བ་ལ་ཞེན་པ་ལྡོག་པའི་ཆེད་དུ་བློ་ལྡོག་རྣམ་པ་བཞི་བཤད་པ་ལ་བཞི་ལས། དང་པོ་དལ་འབྱོར་རྙེད་དཀའ་བཤད་པ་ནི། བླང་དོར་རབ་གསལ་ལས། དེ་ཡང་དལ་འབྱོར་མི་ལུས་རིན་པོ་ཆེ། །འཁོར་བའི་རྒྱ་མཚོ་ཆེ་ལས་སྒྲོལ་བའི་གྲུ། །ཐར་བའི་གླིང་དུ་འདྲེན་པའི་དེད་དཔོན་མཆོག །ཐོབ་པའི་དུས་འདིར་བརྩོན་པས་འབད་འཚལ་ལོ། །ཞེས་གསུངས་པ་ལྟར་རང་གི་ལུས་དང་གནས་དང་ལོངས་སྤྱོད་དང་ཡུལ་ཕྱོགས་སོགས་ཐམས་ཅད་ལ་གཞིག་འགྲེལ་ཞིག་བཏང་སྟེ། བདག་གིས་ད་རེས་ཐོབ་པའི་མི་ལུས་འདི་འདྲ་བ་ལར་ནས་ཤིན་ཏུ་རྙེད་པར་དཀའ། འདི་དོན་མེད་དུ་མི་གཏོང༌། ཆོས་ལ་འཁོལ་བ་ཅིག་བྱེད་དགོས་སྙམ་དུ་བསམ་ལ། དེ་ཡང་དལ་འབྱོར་རྙེད་དཀའ་སྒོམ་པ་ལ་བཞི་ལས། དང་པོ་ངོ་བོའི་སྒོ་ནས་དལ་འབྱོར་རྙེད་དཀའ་སྒོམ་པ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་ཅན་དང་སངས་རྒྱས་སྟོངས། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་པ་ལྟར་ལས། ༡ དམྱལ་བ་ན་ཚ་གྲང་གི་སྡུག་བསྔལ་ཤུགས་དྲག་པ་དང༌། ༢ཡི་དྭགས་ན་བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་བླག་མེད་པས་མནར་བས་ཆོས་སྒྲུབ་པའི་ལོངས་སྐབས་སྐད་ཅིག་ཀྱང་མེད། དུད་འགྲོ་ནི་བཀོལ་སྤྱོད་དང་ཕན་ཚུན་འཚེ་བ་དང་བླུན་རྨོངས་པའི་སྡུག་བསྔལ་ལ་སྤྱོད་པས་ཆོས་བྱེད་མི་ཁོམས། ༤ ལྷ་ཚེ་རིང་པོ་ནི་འདུ་ཤེས་མེད་པའི་ངང་དུ་ཚེ་རྫོགས་ནས་ཆོས་བྱེད་དུ་མི་ཁོམས། ༥ མིར་སྐྱེས་ཀྱང་ཆོས་མེད་ས་ཆ་ཡུལ་ཕྱོགས་མཐའ་འཁོབ་ཀླ་ཀློར་སྐྱེས་པའམ། ༦ སངས་རྒྱས་མ་བྱོན་པའི་འཇིག་རྟེན་ཁམས་སུ་སྐྱེས་པའམ། སངས་རྒྱས་བྱོན་པའི་ཞིང་ཁམས་སུ་ཡང་ཆོས་དར་བའི་ས་ཆ་ནི་རྒྱ་ཆུང༌། ༧ ཆོས་དར་བའི་ཡུལ་ཕྱོགས་སུ་སྐྱེས་ཀྱང་ལོག་ལྟ་ཅན་ཆོས་ལ་སྡང་བའམ། ༨ གླེན་ལྐུགས་སུ་གྱུར་ནས་བླང་དོར་གྱི་གནས་གང་ཡང་མི་གོ་བར་སོང་ན་ཆོས་བྱེད་པའི་སྐལ་བ་མི་འདུག་པ་ལས། བདག་གིས་ད་རེས་མི་ཁོམ་པ་བརྒྱད་ལས་ལོག་ནས་ཆོས་བྱེད་ནུས་སུ་རུང་བའི་ལུས་ཞིག་ཐོབ་འདུག་སྙམ་དུ་དལ་བ་བརྒྱད་སྒོམ་མོ། །དེ་ནས་འབྱོར་བ་བཅུ་སྒོམ་པ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། མི་ཉིད་དབུས་སྐྱེས་དབང་བོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད། །སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་པ་ལྟར་ཏེ། ༡ མི་ལུས་མ་ཐོབ་ན་ཆོས་དང་མི་མཇལ་བས་བདག་སྤྱིར་མི་ལུས་ཐོབ། ཆོས་མེད་ཡུལ་མཐའ་འཁོབ་ཏུ་སྐྱེས་ན་ཆོས་སྒྲུབ་པའི་སྐལ་བ་མེད་པས་དགོས་སུ་ཡུལ་དབུས་ཆོས་དར་བར་སྐྱེས། ༣ དབང་པོ་མ་ཚང་ན་ཆོས་སྒྲུབ་པའི་གེགས་གྱུར་བ་ཡིན་པས་ཡང་དགོས་སུ་དབང་བོ་སྒོ་ལྔ་ཚང་བས་སྤང་བླང་ཤེས་སུ་རུང༌། ༤ ལས་མཐའ་ལོག་ན་མི་དགེ་བ་ལ་སྤྱོད་ཅིང་ཆོས་ལ་རྒྱབ་ཀྱིས་ཕྱོགས་པ་ལས་ཞེ་དགོས་སུ་ལྟ་བ་ལོག་པ་དང་མ་ཕྲད་ཙམ། མཚམས་མེད་ལྟ་བུ་ལོག་པར་ལྟ་བའི་ལས་ཀྱང་མ་བྱས་ཙམ། ༥དད་པའི་གནས་སངས་རྒྱས་ཀྱི་བསྟན་པ་ལ་མ་དད་ན་ཆོས་ལ་ཡིད་མི་ཕྱོགས་པས། གནས་དམ་པའི་ཆོས་འདུལ་བ་ལ་དད་པ་སྐྱེར་རུང་བ་ཙམ་དུ་འདུག་པས་རང་གི་འབྱོར་བ་ལྔ་ཚང་འདུག ༦འཇིག་རྟེན་དུ་སངས་རྒྱས་ཀྱང་བྱོན་ཟིན།༧ དམ་པའི་ཆོས་ཀྱང་གསུངས་ཟིན། ༨ བསྟན་པ་ཡང་མ་ནུབ་པར་གནས། ༩ ཆོས་ལ་གསར་དུ་འཇུག་པ་ཡང་མང་བའི་སྐབས་སུ་ཡོད། ༡༠ ཆོས་བྱེད་རྣམས་ལ་གཞན་དགེ་བའི་བཤེས་གཉེན་གྱིས་སྙིང་བརྩེ་བའི་སྒོ་ནས་ཆོས་བསྟན་པ་དང༌། སྦྱིན་བདག་གིས་དད་པའི་སྒོ་ནས་ཟས་གོས་ཡོ་བྱད་སོགས་ཀྱང་སྟེར་བ་པོ་མང་པོ་ཡོད་པས་ཆོས་མཐུན་གྱི་འཚོ་བ་འབྱོར་དུ་རུང་བའི་སྐབས་སུ་འདུག་པས་གཞན་འབྱོར་ལྔ་བོ་ཡང་བདག་ལ་ཚང་དེ་ལྟར་ན་མི་ཁོམ་པ་བརྒྱད་ལས་ལོག འབྱོར་བ་བཅུ་ཚང་བའི་ལུས་འདི་ལྟ་བུ་ཤིན་ཏུ་རྙེད་དཀའ། སྐབས་འདིར་ཆོས་ལ་འབད་དགོས། གལ་ཏེ་ཆོས་སྒྲུབ་པའི་མཐུན་རྐྱེན་འདི་འདྲ་ཚང་བ་རྙེད་པར་དཀའ་ལ། འདི་ལས་ལྷག་པ་རྙེད་མི་སྲིད་པས་ཚེ་འདི་ལ་དམ་ཆོས་ཡང་དག་པ་ཞིག་སྒྲུབ་མ་ཐུབ་ན་ད་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་སྒྲུབ་མི་ནུས་པས་ངན་སོང་སོགས་སུ་རྒྱུན་སྡོད་བཅས་ཏེ་གནས་དགོས་པ་ལས་མ་འདས་པར་འདུག་སྙམ་པ་རྒྱུ་མཚན་དྲན་པའི་སྒོ་ནས་ཡང་ཡང་བསམ་མོ། །

གཉིས་པ་གྲངས་ཀྱི་སྒོ་ནས་དལ་འབྱོར་རྙེད་དཀའ་སྒོམ་པ།

གཉིས་པ་གྲངས་ཀྱི་སྒོ་ནས་དལ་འབྱོར་རྙེད་དཀའ་སྒོམ་པ་ནི།

བླང་དོར་རབ་གསལ་ལས། སེམས་ཅན་སྤྱི་ཡི་གྲངས་ལ་ལེགས་བསམ་ན། །མི་ལུས་ཐོབ་པ་མེད་པ་ཙམ་དུ་སྣང༌། །ཞེས་གསུངས་པ་ལྟར་སེམས་ཅན་རྣམས་ཀྱི་ནང་ན་ངན་སོང་གི་འགྲོ་བ་ནི་ཤིན་ཏུ་མང༌། དཔེར་ན། ས་ཆེན་པོའི་རྡུལ་ཙམ་ཡིན། མཐོ་རིས་ཀྱི་འགྲོ་བ་ནི་ཤིན་ཏུ་ཉུང༌། དཔེར་ན་སེན་མོའི་སྟེང་གི་རྡུལ་ཙམ་ཡིན། ཡང་དམྱལ་བ་ནི། ས་གཞི་ཆེན་པོའི་རྡུལ་ཕྲན་ཙམ། ཡི་དྭགས་ནི། ཁ་བ་བུ་ཡུག་འཚུབས་པ་ཙམ། དུད་འགྲོ་བྱིངས་ན་གནས་པ་ནི། རྒྱ་མཚོ་ཆེན་པོ་ལ་ཆང་གར་མའི་སྦང་མ་ཙམ། དུད་འགྲོ་ཁ་འཐོར་བ་ནི། ས་གཞི་རི་ཀླུང་བར་སྣང་ཐམས་ཅད་ཁེངས་པ་ཙམ། ལྷ་དང་མིའི་འགྲོ་བ་ནི། དེ་རྣམས་ལ་ལྟོས་ན་སྲིད་མཐའ་ཙམ་ཡིན་པར་འདུག དེ་ལས་ཀྱང་སྤྱིར་མིའི་འགྲོ་བ་ཉུང༌། དགོས་སུ་འཛམ་བུ་གླིང་གི་མི་ཉུང༌། ཡང་དགོས་སུ་ཆོས་བྱེད་པའི་མི་ལུས་ནི་སྲིད་མཐའ་ཙམ་དུ་འདུག་སྟེ། ད་རེས་ཅིས་ཀྱང་ཆོས་ལ་འབད་དགོས་སྙམ་དུ་ཡང་ཡང་བསྒོམ་དགོས་སོ། །

གསུམ་པ་དལ་འབྱོར་གྱི་མི་ལུས་འདི་རྒྱུའི་སྒོ་ནས་རྙེད་དཀའ་བ་སྒོམ་པ།

གསུམ་པ་དལ་འབྱོར་གྱི་མི་ལུས་འདི་རྒྱུའི་སྒོ་ནས་རྙེད་དཀའ་བ་སྒོམ་པ་ནི།

བླང་དོར་རབ་གསལ་ལས། འཇིག་རྟེན་དགེ་བ་སྤྱོད་པ་དཀོན་པའི་ཕྱིར། །དགེ་འབྲས་མི་ལུས་ཐོབ་པ་ཤིན་ཏུ་དཀོན། །ཞེས་གསུངས་པ་ལྟར་དལ་འབྱོར་གྱི་མི་ལུས་ཐོབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བཟུང༌། སྦྱིན་སོགས་དགེ་བ་མང་པོས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་བ་དགོས་ཀྱང༌། སེམས་ཅན་གྱི་ནང་ན་སྡིག་པའི་ལས་བྱེད་པ་ནི་ཆེས་མང་སྟེ་མཐའ་མེད། དགེ་བའི་ལས་བྱེད་པ་ནི་སྤྱི་ཙམ་ནས་ཀྱང་ཤིན་ཏུ་ཉུང་བ་ཡིན་ལ། དགེ་བའི་ནང་ནས་ཀྱང་མི་ལུས་འཕེན་ཐུབ་པའི་ཚུལ་ཁྲིམས་སྲུང་བ་ནི་ཆེས་ཤིན་ཏུ་དཀོན་པས་དེའི་ཕྱིར་མི་ལུས་རྙེད་དཀའ་བ་ཡིན། དེའི་སྟེང་དུ་ཡང་འབྱོར་བ་བཅུ་ཚང་ཞིང་ཆོས་དང་མཇལ་བ་ལ་བསོད་ནམས་མང་པོ་གསོག་དགོས་པས་འདི་འདྲ་ཤིན་ཏུ་རྙེད་དཀའ་བ་ཡིན་ཡང་སྔོན་སྟེས་དབང་གིས་དགེ་བ་ཆེ་རབ་ཅིག་ལན་གཅིག་བསགས་ཡོད་འདུག་པས་ད་རེས་དལ་འབྱོར་གྱི་ལུས་འདི་ཐོབ་འདུག ད་འདི་ནས་རྡོག་སྣ་ཞིག་འགྲེད་ནས་ངན་སོང་དུ་ལྷུང་ཕྱིན་ཆད་དེ་ནས་ཐར་བ་དང་ཐམས་ཅད་མཁྱེན་པ་མི་ཐོབ་པ་མ་ཟད་བདེ་འགྲོའི་སྒྲ་ཙམ་ཡང་བསྐལ་བ་མུ་མཐའ་ཡས་པར་ཐོས་དཀའ་བའི་ངན་སོང་གི་སྡུག་བསྔལ་བརྒྱུད་མར་མྱོང་དགོས་པ་ཡིན་པས་ན་ད་ནི་ཕྱི་བཤོལ་ཀྱི་ལེ་ལོའི་དབང་དུ་མི་གཏོང་བར་ཉི་མ་དེ་རིང་ནས་བཟུང་སྟེ་དཀོན་མཆོག་གསུམ་གྱི་ཞབས་ལ་འཇུས་ནས་ཆོས་ལ་འབད་པར་བྱ་སྙམ་དུ་ཐག་བཅད་པའི་སྒོ་ནས་བསྒོམ་པར་བྱའོ། །

བཞི་བ་དཔེའི་སྒོ་ནས་རྙེད་དཀའ་བ།

བཞི་བ་དཔེའི་སྒོ་ནས་རྙེད་དཀའ་བ་ནི།

དཔལ་མགོན་ཀླུ་སྒྲུབ་ཀྱིས། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་བུ་ག་དང༌། །རུལ་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །ཅེས་དང༌། ཞི་བ་ལྷས། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི། །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་རྙེད་དཀའ་གསུངས། །ཞེས་གསུངས་པ་ལྟར་སྟོང་གསུམ་རྒྱ་མཚོར་གྱུར་བའི་སྟེང་ན་རླུང་གིས་སྐད་ཅིག་ཀྱང་མི་སྡོད་པར་དེད་འགྲོ་བའི་གཉའ་ཤིང་དང༌། མཚོ་དེའི་གཏིང་ན་རུས་སྦལ་མིག་ལོང་བ་ལོ་བརྒྱ་རེ་ན་མཚོ་ཁར་འོང་བ་ཞིག་ཡོད་ན་དེ་གཉིས་འཕྲད་པ་དཀའ་བ་ལྟར་དལ་འབྱོར་རྙེད་དཀའ་བ་ཡིན་ནོ། །དེ་ལྟར་ཤིན་ཏུ་རྙེད་དཀའ་བའི་མི་ལུས་འདི་ལན་ཅིག་ཐོབ་པའི་སྐབས་འདིར་དོན་ཆེན་པོ་ཞིག་སྒྲུབ་དགོས་པར་འདུག སྐྱེ་བ་ནས་སྐྱེ་བར་འཁོར་བའི་བདེ་བ་ཕུན་སུམ་ཚོགས་པ་འདོད་ན་ཡང་མི་ལུས་འདི་ལ་བརྟེན་ནས་འབད་མེད་དུ་སྒྲུབ་ནུས། འཁོར་བ་ལས་ཐར་པའི་ཉན་རང་གི་བྱང་ཆུབ་སྒྲུབ་ན་ཡང་ད་རེས་སྒྲུབ་ནུས། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པར་འདོད་ཀྱང་ད་རེས་ཀྱི་སྐབས་འདིར་སྒྲུབ་པའི་མཐུན་རྐྱེན་མ་ཚང་བ་མེད་པ་ཡིན་ལ། མི་ལུས་འདི་འདྲ་བ་ཞིག་མ་ཐོབ་ན། ཐར་བ་དང་སངས་རྒྱས་ལྟ་ཅི་སྨོས། འཁོར་བའི་བདེ་སྐྱིད་ཕུན་སུམ་ཚོགས་པ་གཅིག་ཀྱང་སྒྲུབ་མི་ཤེས་པས་ད་རེས་རང་མི་ལུས་ལ་སྙིང་བོ་ལེན་དགོས་སྙམ་དུ་བསྒོམ། དེ་བཞིན་དུ་གལ་ཏེ་མི་ལུས་ལན་ཅིག་ཐོབ་པ་འདི་དོན་མེད་དུ་སོང་ན་རང་གིས་རང་བསླུས་པ་འདི་ལས་ཆེ་བ་མེད་དེ། ཇི་སྐད་དུ། སྤྱོད་འཇུག་ལས། འདི་འདྲའི་དལ་པ་རྙེད་ནས་ནི། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་གསུངས་པ་ལྟར་རང་གིས་རང་ཉིད་ལ་བསླུས་ཚབས་ཆེ། རིན་པོ་ཆེའི་གླིང་དུ་ཕྱིན་ནས་སྟོང་ལྡོག་བྱས་པ་དང་འདྲ། འདོད་དོན་ཁྱད་པར་ཅན་གང་བསྒྲུབས་ཀྱང་འགྲུབ་ཏུ་རུང་བའི་རྟེན་ཁྱད་པར་ཅན་ལན་ཅིག་ཐོབ་པ་ལ་བྱ་བ་གང་ཡང་མ་བྱས་པར་དོན་མེད་དུ་ཐལ་འགྲོ་བ་འདི་རང་སྐྱོན་ཆེ་བར་འདུག ད་སྔ་དེ་ཙམ་ཞིག་དོན་མེད་དུ་སོང༌། སྐྱེ་བ་འདི་ནི་འདུན་མ་གཏན་ལེགས་དང་གཏན་ཉེས་ཀྱི་སོ་མཚམས་ཡིན་པས་ད་ནི་ཉི་མ་དེ་རིང་ནས་བརྩམས་ཏེ་དོན་མེད་དུ་མ་ལུས་པར་ཆོས་ལ་འབད་དགོས་སྙམ་དུ་ཡང་ཡང་བསམ་པའོ། །ཡང་ཚེ་འདིའི་བདེ་སྐྱིད་དང་བྱ་བྱེད་རྣམས་བློས་མི་ཐོངས་སྙམ་ན། འཇིག་རྟེན་ན་ཡང་ཕུགས་སྐྱིད་ཡུན་རིང་བ་ཅིག་ཡོད་ན། འཕྲལ་ཞག་འགའ་ཟླ་ཤས་སོས་དལ་བའི་བདེ་བ་ལ་མི་ལྟ་བར་ཕུགས་ཀྱི་དེ་སྒྲུབ་པ་ལ་འབད་རྩོལ་བྱེད་དགོས་པ་ལྟར་སྐྱེ་བ་གཏན་གྱི་བདེ་སྐྱིད་སྒྲུབ་པའི་ཕྱིར་ཚེ་འདིའི་བྱ་བ་ལ་མ་ཆགས་པར་ཆོས་ཀྱི་བྱ་བ་ལ་འབད་དགོས་སྙམ་དུ་བསམ་པའོ། །དེ་དག་གིས་ནི། དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །སྐྱེས་བུ་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་པ་ལྟར་མི་ལུས་རྙེད་དཀའ་ཞིང་རྙེད་པ་དོན་དང་ལྡན་པར་བྱ་སྙམ་དུ་བསམ་ནས་བསྒོམ་པར་བྱའོ། །(2)འཆི་བ་མི་རྟག་པ་བསམ་པ།

གཉིས་པ་འཆི་བ་མི་རྟག་པ་བསམ་པ།

གཉིས་པ་འཆི་བ་མི་རྟག་པ་བསམ་པ་ལ།

བླང་དོར་རབ་གསལ་ལས། འདུས་བྱས་མི་རྟག་རྟག་པར་འཛིན་པས་འཁྲུལ། །ངེས་པར་འཆི་ཞིང་འཆི་རྐྱེན་ཤིན་ཏུ་མང༌། །ནམ་འཆི་ངེས་མེད་མྱུར་བ་ཉིད་དུ་འཆི། །བྱུང་ཚེ་མི་བཟློག་དེ་ཕྱིར་དགེ་ལ་འབད། །ཅེས་གསུངས་པ་ལྟར་འཆི་བ་མི་རྟག་པ་བཤད་པ་ལ་གསུམ་ལས། དང་བོ་ངེས་པར་མྱུར་དུ་འཆི་བ་བསམ་པ་ནི། མདོ་ལས། བྱུང་དང་འབྱུང་བར་གྱུར་པ་ཇི་སྙེད་པ། །ཀུན་གྱིས་ལུས་འདི་བཏང་ནས་འགྲོ་བ་དང༌། །དེ་ཀུན་འཇིག་པར་མཁས་པས་རྟོགས་བགྱི་སྟེ། །ཆོས་ལ་གནས་བགྱི་ངེས་པར་སྤྱད་པ་སྤྱོད། །ཅེས་གསུངས་པ་ལྟར། གནས་གང་དུ་གནས་ཀྱང་འཆི་བ་ལས་མ་འདས། གྲོགས་སུ་དང་འགྲོགས་ཀྱང་འཆི་བ་ལས་མ་འདས། ས་སྟེང་གི་འགྲོ་བ་སྔར་བྱུང་བ་ཐམས་ཅད་ཀྱང་ཤི། ད་གཟོད་འབྱུང་འགྱུར་ཐམས་ཅད་ཀྱང་འཆི། ད་ལྟ་དངོས་སུ་ཡོད་པའི་འགྲོ་བ་འདི་ཐམས་ཅད་ཀྱང་འཆི་བ་ལས་གྲོལ་བ་སུ་ཡང་མེད། རང་རེ་བཙས་ནས་ཉི་མ་དེ་རིང་ཡན་ཆད་དུ་རང་དང་ཉེ་བ་ཡང་ཇི་ཙམ་ཞིག་ཤི། བར་མ་དང་དགྲ་ཡང་ཇི་ཙམ་ཞིག་ཤི། དེ་རྣམས་ཤི་སྟེ་བདག་ལ་སྡོད་པའི་གདེང་ཡོད་པའང་མིན། སྤྱིར་འཆི་བ་ལས་འོས་མི་འདུག དགོས་སུ་ཚེ་ལ་སྣོན་ཁ་རྒྱག་མཁན་ནི་མེད། དེ་ཡང་བླང་དོར་རབ་གསལ་ལས། ལུས་ཅན་རྣམས་ནི་དང་པོ་སྐྱེས་ཙམ་ནས། །ལམ་གཞན་མི་འགྲོ་འཆི་བདག་གྲོང་དུ་འགྲོ །དཔེར་ན་རི་དྭགས་རྒྱ་རུ་ཚུད་པ་རྣམས། །རྔོན་པའི་དྲུང་དུ་ཉེ་བར་འགྲོ་བ་བཞིན། །ཞེས་གསུངས་པ་ལྟར་དུས་སྐད་ཅིག་ཀྱང་སྡོད་པ་མེད་པར་ཚེའི་སྟེང་ནས་འབྲིད་པ་ཡིན་པས་སྐད་ཅིག་རེ་རེ་སོང་ནས་འཆི་བ་ལ་ཇེ་ཉེ། ཞག་རེ་ཞག་རེ་སོང་ནས་དེ་བས་ཉེ་རུ་སོང༌། ཟླ་བ་རེ་རེ་སོང་གིན་ལྷག་པར་ཉེ་རུ་སོང༌། ལོ་གཅིག་གཅིག་སོང་གིན་ལྷག་པར་ཉེ་རུ་སོང་བ་ཡིན་ཏེ། དཔེར་ན་སེམས་ཅན་ཞིག་གསོད་སར་ཁྲིད་པ་ན་གོམ་པ་རེ་རེ་སྤོས་ན་འཆི་བ་ལ་ཇེ་ཉེ་ཇེ་ཉེར་འགྲོ་བ་བཞིན་ནོ། །དེ་བས་ན་མྱུར་དུ་འཆི་བ་ཡིན། བདག་གིས་ཆོས་ཉམས་སུ་ལེན་དགོས་ན། ད་དུང་རྒས་པ་ལ་ནི་མ་ཐུག་རིམ་པས་བྱས་པས་ཆོག་སྙམ་ན། ཚེ་ཐུང་འདི་ལ་དེ་འདྲའི་ལོང་ཡོད་བྱེད་མི་ཉན། དཔེར་ན་ཚེ་ལོ་དྲུག་ཅུའི་དབང་དུ་བྱེད་ན་གཞོན་པའི་དུས་སུ་ནི་ཆོས་མ་བྱུང་བར་ཡར་འདས། རྒས་ནས་ནི་ཆོས་བྱེད་བློ་བྱས་ཀྱང་ལུས་སེམས་ཀྱི་སྟོབས་ཟད་པས་བོགས་སྐྱེད་མི་འབྱུང༌། དེའི་ལྷག་མའི་ཕྱེད་ནི་གཉིད་ཀྱིས་འདས། གཞན་ཡང་ལྟོ་རྒྱབ་ཀྱི་ཕྱིར་དང༌། འགྲོ་འདུག་དང་གཡེང་བ་སོགས་དོན་མེད་སྣ་ཚོགས་ཀྱི་དབང་དུ་འགྲོ་བས་འདུན་པ་དང་བརྩོན་འགྲུས་ཆེ་བ་ཞིག་གི་དབང་དུ་བྱས་ཀྱང་ཆོས་རང་ཉམས་ལེན་བྱས་པའི་ཚད་ལ་ཡུན་རིང་མི་ཡོང་བ་འདུག དམ་པ་རྣམས་ཀྱི་དུས་ཇི་སྙེད་ཅིག་འབད་པ་བྱས་ཏེ་རྟོགས་པའི་ཆོས་དེ་བདག་གིས་མྱུར་དུ་རྟོགས་དགོས་ན། ཚེ་ཐུང་འདི་ལ་ཆོས་ལ་ཕྱི་འགྱངས་དང༌། ལེ་ལོ་དང་བར་སྐབས་སུ་བཤོལ་བའི་ཐབས་ཡེ་མི་འདུག་སྙམ་དུ་བསམས་ནས་ཡང་ཡང་བསྒོམ་པར་བྱའོ། །གཉིས་པ་ནམ་འཆི་ཆ་མེད་བསམ་པ་ནི། འོ་སྐོལ་རྣམས་སྤྱིར་ཚེ་ཐུང་བར་མ་ཟད་ནམ་འཆི་ཆ་མེད་པ་ཡིན། གལ་ཏེ་སྟེས་དབང་ལེགས་ན་སྔོན་གྱི་ལས་ཀྱིས་འཕངས་པའི་ཚེ་ལོ་དྲུག་ཅུ་བདུན་ཅུ་ཙམ་འཕངས་པ་སྲིད་ཀྱང༌། རང་རེ་ལ་ཚེ་དེ་ཙམ་མེད་དེ་འོང༌། ཡོད་དུ་ཆུག་ཀྱང་ཉི་མ་དེ་རིང་ནས་རྩི་རྒྱུ་མིན། ཕྱེད་ཙམ་སོང་ཟིན་ནམ་ཕལ་ཆེར་སོང་ཟིན། ཡང་གཅིག་ཏུ་ན་སྔོན་གྱི་ལས་ཀྱིས་ཚེ་ལོ་སུམ་ཅུའམ་བཞི་བཅུ་ཙམ་ལས་མ་འཕངས་པ་ཡང་སྲིད། འཆི་བདག་སྒོ་དྲུང་ན་སླེབ་ཚར་བའི་ཚོད་དུ་གདའ། ཚེ་འདིའི་དགྲ་གཉེན་ནོར་རྫས་འཁོར་གཡོག་གྲོགས་པོ། བདེ་སྡུག་གཏམ་གསུམ་འདི་ཀུན་དང་ཡུན་རིང་འགྲོགས་སྐབས་མི་འདུག ཅིས་ཀྱང་ཅི་བྱེད་སྙམ་པ་དང༌། ཇི་སྐད་དུ། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀུན། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །ཞེས་པ་ལྟར་ལུས་ཤ་ཁྲག་རྣག་གི་ཕུང་བོ་འདི་ནི་ཉམ་རེ་ཆུང༌། དབུགས་མི་བརྟན་སྟོན་ཀའི་ན་བུན་བཞིན་དུ་ནམ་ཡལ་འགྲོ་ཆ་མེད། སེམས་ལ་རང་དབང་མ་ཐོབ་གང་ལ་ཡང་གདེངས་མི་འདུག་པས་ནམ་འཆི་ཆ་མེད། ཇི་སྐད་དུ། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང༌། །ཞེས་དང༌། བླང་དོར་རབ་གསལ་ལས། དེ་རིང་ཙམ་ཡང་གནས་པའི་གདེངས་མེད་ཅིང༌། །འཆི་བའི་ཚེ་ན་དམ་ཆོས་མ་གཏོགས་པ། །སྐྱོབ་བར་ནུས་པ་འགའ་ཡང་མ་མཆིས་པས། །ད་ལྟ་ཉིད་དུ་བརྩོན་པར་མཛད་ན་ལེགས། །ཞེས་གསུངས་པ་ལྟར་ནམ་འཆི་ཆ་མེད་ཡང་ཡང་བསྒོམ་པར་བྱའོ། །གསུམ་པ་འཆི་རྐྱེན་ངེས་པ་མེད་པ་སྒོམ་པ་ནི། ཀླུ་སྒྲུབ་ཀྱི་ཞལ་ནས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཡི་ནི་ཉུང་ཟད་ཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་དང༌། སློབ་དཔོན་ཨརྱ་དེ་ཝས། འཆི་བའི་རྐྱེན་ནི་ཤིན་ཏུ་མང༌། །འཚོ་བའི་རྐྱེན་ནི་ཤིན་ཏུ་ཉུང༌། །དེ་ཡང་འཆི་བའི་རྐྱེན་དུ་འགྱུར། །ཞེས་གསུངས་པ་ལྟར། ཕྱིའི་རྐྱེན་མི་དང་དུད་འགྲོ་དང་གདོན་ལ་སོགས་པ་སེམས་ཅན་དུ་གཏོགས་པ་དང༌། གཡང་ས་དང་འཕྲུལ་ཆས་མེ་ཆུ་ལ་སོགས་པ་སྣོད་དང་འབྱུང་བར་གཏོགས་པ། ནང་ལུས་ལ་ནད་རིགས་བཞི་བརྒྱ་རྩ་བཞི་ལ་སོགས་པ་མདོར་ན་འཆི་རྐྱེན་ལ་འདིས་མི་བྱེད་བྱ་བ་མེད། ལུས་གནས་བྱེད་འཚོ་བའི་རྐྱེན་དུ་འདོད་པ་ཟས་གོས་གནས་མལ་སྨན་ལ་སོགས་པ་ཡིན་ན། ཁ་ཟས་མ་འཕྲོད་པ་དང༌། སྨན་ལོག་པ་སོགས་འཚོ་བའི་རྐྱེན་དེ་ཀུན་ཡང་ནམ་ཞིག་ན་འཆི་རྐྱེན་དུ་འགྱུར་ཏེ། ལུས་སྲོག་ལ་རྒོལ་བའི་རྐྱེན་ངན་ཁ་བ་བུ་ཡུག་འཚུབས་པ་ལྟ་བུའི་དབུས་ན་བདག་གནས་པ་ཡིན་ན། འཆི་རྐྱེན་ངེས་པ་མེད་སྙམ་དུ་ཡང་ཡང་བསྒོམ་པར་བྱའོ། །

བཞི་པ་འཆི་བ་ལ་ཆོས་མ་ཡིན་པ་ཅིས་ཀྱང་མི་ཕན་པར་བསམ་པ།

བཞི་པ་འཆི་བ་ལ་ཆོས་མ་ཡིན་པ་ཅིས་ཀྱང་མི་ཕན་པར་བསམ་པ་ནི།

ཇི་སྐད་དུ། ཞི་བ་ལྷས། གཤིན་རྗེའི་སྐྱེས་བུས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །ཞེས་པ་ལྟར་འཆི་བའི་དུས་ན་ནོར་རྫས་མང་ཡང་ཏིལ་འབྲུ་ཙམ་ཡང་འཁྱེར་དབང་མེད། གཉེན་གྲོགས་གཡོག་འཁོར་རྗེ་དཔོན་སོགས་རྩ་འཛིང་ཆེ་ཡང་བྲན་གྱི་ཐ་མ་ཁྱེའུ་གཅིག་ཙམ་ཞིག་རང་ལ་འཁྲིད་དབང་ཡང་མེད་ཁོ་ལ་རྗེས་སུ་འབྲང་དབང་ཡང་མེད། འདི་ཐམས་ཅད་བྱེ་བྲལ་བྱེད་པ་ཆོས་ཉིད་ཡིན། ཅིས་ཀྱང་ཕན་པ་མེད་སྙམ་སྐྱུག་ལོག་གེ་བ་བསྒོམ་དགོས། དགྲ་གཉེན་བདེ་སྡུག་གཏམ་བཟང་ངན་ཐམས་ཅད་ལ་དེ་བཞིན་དུ་སྦྱར། དེ་དག་གིས་ཚེ་ཕྱི་མ་མི་ཕན་པ་མ་ཟད་ཚེ་འདིའི་སྲོག་ཆད་པའི་སྡུག་བསྔལ་ཡང་རང་གཅིག་པུས་མྱོང་དགོས་ཏེ། ཇི་སྐད་དུ། བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་ཀུན་ཀྱིས་མཐའ་སྐོར་ཡང༌། །སྲོག་འཆད་པ་ཡི་ཚོར་བ་ནི། །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །ཞེས་དང༌། བླང་དོར་རབ་གསལ་ལས། ཡིད་འོང་གཉེན་དང་བསྐྱངས་པའི་འཁོར་གཡོག་དང༌། །བརྩིགས་པའི་མཁར་དང་བསགས་པའི་ནོར་རྫས་སོགས། །བདེ་བའི་ཡོ་བྱད་དུ་མས་མཐའ་སྐོར་ཡང༌། །འཆི་བའི་སྡུག་བསྔལ་རང་ཉིད་གཅིག་པུས་མྱོང༌། །ཞེས་གསུངས་པས་སོ། །འོ་ན་འདི་དག་རྗེས་སུ་མི་འབྲང་ན་གང་རྗེས་སུ་འབྲང་སྙམ་ན། རང་གིས་བསགས་པའི་ལས་དགེ་སྡིག་གཉིས་པོ་རྗེས་སུ་འབྲང༌། སྡིག་པ་བྱས་ཟིན་པ་དེ་ཡང་ཤུལ་དུ་བཞག་ཐབས་མེད་རྟག་ཏུ་གནོད་པ་ཡིན། དགེ་བ་གང་བསགས་པ་དེས་ཀྱང་བདག་ལ་ཕན་པ་ཡིན་ཤུལ་དུ་ནི་མི་ལུས། ཆོས་ལྡན་རབ་འབྱོར་གྱི་ཞལ་ནས་ཀྱང༌། དགེ་དང་སྡིག་པ་མ་གཏོགས་པ། །འགྲོ་བ་ཐམས་ཅད་ཕྱིར་ལྡོག་ནས། །འགའ་ཡང་ཁྱོད་རྗེས་མི་འབྲང་བར། །མཁྱེན་པར་གྱིས་ལ་ལེགས་པར་དཔྱོད། །ཅེས་གསུངས་པ་ལྟར་བསམ་པ་དང༌། དེ་ལྟར་ན་ངེས་པར་འཆི། མྱུར་དུ་འཆི། ནམ་འཆི་ཆ་མེད། འཆི་བ་ལ་གཞན་ཅིས་ཀྱང་མི་ཕན། འཆི་ཁ་ཕན་ཆད་སྐྱེ་བ་མཐའ་མེད་དུ་ཕན་ནུས་པ་ནི་དམ་པའི་ཆོས་ཁོ་ན་ཡིན་ན། ད་ལྟ་ཉིད་དུ་ཆོས་ལ་འབད་པར་བྱའོ་སྙམ་དུ་བསྒོམ་དགོས་ཏེ། སྤྱོད་འཇུག་ལས། བསྐལ་བ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །ཞེས་གསུངས་པས་སོ། །ད་ལྟ་རང་རེ་རྣམས་ནམ་ཞིག་འཆི་དགོས་སྙམ་པ་ཙམ་ཡོད་ཀྱང་ནམ་འཆི་ངེས་མེད་ཀྱི་འདུ་ཤེས་རྒྱུད་ལ་མ་སྐྱེས་པས་རྟག་འཛིན་གྱི་དབང་གིས་ཚེ་འདིའི་དོན་བྱ་ཁོ་ན་ལ་གཡེངས་ནས་ཚེ་འདིའི་བདེ་སྐྱིད་སྙན་གསུམ་བསྒྲུབ་པའི་བྱ་རྩོལ་ལ་ཞེན་པའི་སྐབས་འདིར་གློ་བུར་དུ་འཆི་བདག་གི་བདུད་ཀྱིས་ཞགས་ནག་བཟུང༌། ཨམ་གཙིགས་བསྡམས། སོ་ཞོ་ངོམས་ནས་དྲུང་དུ་སླེབས་ཙ་ན། དཔའ་བའི་དཔུང༌། བཙན་པོ་ཤེད། ཕྱུག་པོའི་རྒྱུ། མཁས་པའི་གཏམ། མཛེས་མའི་གཟུགས། མགྱོགས་པའི་བང་གང་གིས་ཀྱང་བཟློག་མི་ནུས་ཏེ། ལྕགས་ཀྱི་སྒམ་ཆུང་སྲུབ་མེད་པ་ཞིག་ཏུ་བཅུག་ནས་དཔའ་བའི་སྐྱེས་བུ་རྣོ་བའི་མཚོན་ཐོགས་པ་འབུམ་ཕྲག་དུ་མས་མདའ་རྩེ་དང་མདུང་རྩེ་ཕྱི་ལ་བསྟན་ནས་བསྐོར་ཏེ་བསྡད་ཀྱང་བསྲུང་རྒྱུ་དང་གབ་རྒྱུ་སྤུ་རྩེ་ཙམ་ཡང་མེད་པར་འཆི་བདག་གི་གཤིན་རྗེ་དེས་ཞགས་ནག་རྐེ་ལ་རྒྱབ། གདོང་}ོ་ཧམ་མེ། མིག་མཆི་མ་སྐྱ་ཙ་རེ། མགོ་དང་རྐང་ལག་གིས་ཡོབ་ཡོབ་བྱེད་བཞིན་ཚེ་ཕྱི་མའི་ལམ་པོ་ཆེར་ཁྲིད་འགྲོ་བ་མ་གཏོགས། དཔའ་བོས་བཀྱེ་ས་མེད། བཙན་པོས་བསྒོ་ས་མེད། དཔལ་འབྱོར་གྱིས་བསླུ་ས་མེད། བྲོས་ས་མེད། གབ་ས་མེད། སྐྱབས་དང་སྐྱོབ་པ། མགོན་དང་དཔུང་གཉེན། ཐབས་དང་ཐུགས་རྗེ་གང་ཡང་མེད་པ་མ་ཟད། སྨན་པའི་རྒྱལ་པོ་དངོས་སུ་བྱོན་ཀྱང་ཚེ་ཟད་པའི་འཆི་བ་ལ་བཤོལ་མི་ཐེབས་པ་ཡིན་པས། དུས་ད་ལྟ་ཉིད་ནས་ཕྱི་བཤོལ་སོགས་ལེ་ལོ་དང་རྣམ་གཡེང་གི་དབང་དུ་མི་འགྲོ་བར་འཆི་ཁར་ཕན་པའི་དམ་ཆོས་ཡང་དག་པ་ཞིག་སྒྲུབ་དགོས་སྙམ་དུ་ཞེ་ཐག་པ་ནས་བསྒོམ་པར་བྱའོ། །ད་ནི་འཆི་བ་མི་རྟག་པ་འདི་བསྒོམ་པ་ལ་རྩ་བའི་ཚིག་ལྔ་ཞེས་བྱ། དང་པོ་མི་སྡོད་འགྱུར་བ་བསམ། །གཞན་དག་ཤི་བ་མང་དུ་བསམ། །འཆི་རྐྱེན་མང་པོ་ཡང་ཡང་བསམ། །འཆི་ཁར་ཇི་ལྟར་འགྱུར་སྙམ་བསྒོམ། །ཤི་ནས་ཇི་ལྟར་འགྱུར་བར་བསམ། །རང་རེ་སྐྱེས་ནས་མ་ཤིའི་བར་དུ་ཡང་ཕུང་བོའི་རྒྱུན་འདི་རྟག་ཏུ་འགྱུར་ཞིང་འགྲོ། བདག་དང་པོ་བུ་ཆུང་གི་དུས་ན་དེ་འདྲ། བྱིས་པའི་དུས་ན་དེ་འདྲ། ལང་ཚོ་ཙ་ན་དེ་འདྲ། ད་ནི་འདི་འདྲ་སྙམ་པ་དང༌། འཆི་བ་ལ་ཇེ་ཉེ་ཇེ་ཉེར་འགྲོ་བ་དེར་འདུག ཅིས་ཀྱང་མི་ཕན་སྙམ་དུ་རིག་པ་བཅུན་ལ་སྐྱོ་ལྷང་ལྷང་བ་ལ་སེམས་བཞག རང་རེས་དྲན་ནས་ད་ལྟ་ཡན་ཆད་ལ་ཡུལ་འདི་ན་མི་འདི་འདྲ་ཅིག་ཡོད་པ་ཡང་ཤི་འདུག དེ་ན་དེ་འདྲ་ཞིག་ཡོད་པ་ཡང་ཤི་འདུག་སྙམ་དུ་རེ་རེ་ནས་ཞིབ་ཏུ་བགྲངས། རང་བས་རྒན་པ་ཡང་ཇི་ཙམ་ཞིག་ཤི་འདུག མཉམ་པ་དང་གཞོན་པ་ཡང་ཇི་ཙམ་ཞིག་ཤི་འདུག་བསམས་ན། ད་ལྟ་ཡོད་པ་བས་ཤི་བ་མང༌། དེ་དག་ཀྱང་ཚེ་ཚད་དུ་ཐུབ་ནས་ཤི་བ་ཙམ་ཆེར་མི་འདུག ཕལ་ཆེར་དུས་མིན་བར་མ་དོར་ཤི། བདག་ཀྱང་དེ་ལྟ་བུའི་ཆོས་ཉིད་ཡིན། དེ་ལྟ་བུའི་རང་བཞིན་ལས་མ་འདས། སྔར་དེ་དག་གི་གསེབ་ཏུ་མ་སོང་བ་ཁར་རྗེ་ཆེ། མ་ཤི་གོང་དུ་ཆོས་གཤའ་མ་ཞིག་མི་བྱེད་པའི་ཐབས་མེད་སྙམ་དུ་བསམ། གཞན་མི་དང་དུད་འགྲོ་ཤི་བ་ཐོས་སམ། མཐོང་ངམ། བྱིས་པ་ནས་རྒན་པོའི་བར་དུ་ལང་ཚོ་འགྱུར་བ་མཐོང་ངམ། མ་ཤི་བ་ཉིད་ལ་ཡང་ཁ་དྲགས་པོ་ཁ་ཞན་པོར་སོང་བ་དང༌། ཞན་པོ་དྲགས་པོར་སོང་བ་དང༌། ཕྱུག་པོ་སྤྲང་བོར་སོང་བ་སོགས་གང་མཐོང་གང་ཐོས་ཀྱང་མི་རྟག་པ་ལྷང་གིས་དྲན་ཏེ། བདག་གམ་བདག་གི་ཕྱོགས་དང༌། བདག་གི་ལོངས་སྤྱོད་སོགས་ཀྱང་འདི་ལྟ་བུའི་རང་བཞིན་ཡིན། འདི་ལྟ་བུའི་ཆོས་ཉིད་ཡིན་སྙམ་དུ་བསམ། དེ་ནས་གོང་བཞིན་འཆི་བའི་རྐྱེན་མང་བར་བསམས་ཏེ། རང་གི་གདོང་དུ་བྱུང་བའི་དངོས་པོ་ཐམས་ཅད་ལ་འདི་ཀུན་གྱིས་ཀྱང་བདག་འཆི་བའི་རྐྱེན་ཇི་ལྟར་བྱེད་མི་ཤེས། ད་ལྟ་རང་ཡང་ཇི་ལྟར་འགྱུར་མི་ཤེས་སྙམ་དུ་བསམ། དེས་ན་ཕྱི་ནང་སྣོད་བཅུད་ཀྱི་ཆོས་འདི་དག་ཐམས་ཅད་ལ་རྟག་པ་དང་བརྟན་པ་གཅིག་ཙམ་ཡང་མེད་དེ། སྐྱེས་པ་ཐམས་ཅད་མི་རྟག་སྟེ་འཆི། བསགས་པ་ཐམས་ཅད་མི་རྟག་སྟེ་འཛད། འདུས་པ་ཐམས་ཅད་མི་རྟག་སྟེ་བྲལ། བརྩིགས་པ་ཐམས་ཅད་མི་རྟག་སྟེ་འགྱེལ། མཐོན་པོ་ཐམས་ཅད་མི་རྟག་སྟེ་ལྷུང༌། དེ་ལྟར་དགྲ་གཉེན་དང་སྐྱིད་སྡུག་བཟང་ངན་སོགས་མདོར་ན་ལས་ཉོན་གྱི་དབང་གིས་བྱུང་བ་ཐམས་ཅད་མི་རྟག་པ་ཡིན་ལ། མཐོན་པོ་གནམ་ལྟ་བུ། བཙན་པོ་ཐོག་ལྟ་བུ། ཕྱུག་པོ་ཀླུ་ལྟ་བུ། མཛེས་པོ་ལྷ་ལྟ་བུ། འཕྱོར་པོ་འཇའ་ཚོན་ལྟ་བུ། སུ་དང་གང་ལ་ཡང་འཆི་བ་གློ་བུར་དུ་སླེབ་ཙ་ན་རང་དབང་སྐད་ཅིག་ཀྱང་མེད་པར་གཅེར་བུ་ལག་སྟོང་མཆན་དུ་བཅུག་ནས་རྒྱུ་ནོར་དང་གཉེན་ཉེ་དུ་དང་འཁོར་སློབ་མ་སྡེ་འབངས་བཟའ་བཏུང་ལོངས་སྤྱོད་ཐམས་ཅད་འབྲལ་མི་ཕོད་བཞིན་དུ་མར་གྱི་དཀྱིལ་ནས་སྤུ་བཏོན་པ་བཞིན་དུ་རང་གཅིག་པུ་ཚེ་ཕྱི་མ་འགྲོ་དགོས། གྲྭ་སྟོང་ཕྲག་མང་པོའི་མགོ་དཔོན་གྱི་བླ་མ་ཡིན་ཀྱང་གྲྭ་པ་གཅིག་ཙམ་ཁྲིད་དབང་མེད། རྒྱལ་ཁབ་ཆེན་མོའི་དཔོན་པོ་ཡིན་ཀྱང་གཡོག་པོ་མི་གཅིག་ཀྱང་ཁྲིད་ས་མེད། འཛམ་གླིང་གི་རྒྱུ་རྫས་ཀྱི་བདག་པོ་ཡིན་ནའང་ཁབ་སྐུད་པ་གཅིག་ཙམ་ཡང་ཁྱེར་དབང་མེད། ཐ་ན་རང་གི་གཅེས་པར་བསྐྱངས་བའི་ལུས་ཀྱང་ཤུལ་དུ་བསྐྱུར་ནས་འགྲོ་དགོས། དེའི་ཚེ་ན་གསོན་དུས་སུ་འབྱོར་ཕྱུག་གཟུགས་མཛེས་སོགས་ཇི་ལྟར་ཡིན་ཡང༌། རོ་ཞེས་བྱ་བ་མཐོང་ན་འཇིགས་པ། ངམ་ནག་པ། ལྗི་ཡོར་རེ་བ་ཞིག་ཏུ་གནས་གྱུར་བ་ཡིན་ལ། ཇི་སྐད་དུ། རྗེ་མི་ལས། རོ་ཞེས་བྱ་མཐོང་ན་འཇིགས་པ་དེ། །དུས་ད་ལྟ་ལུས་ཀྱི་རྩ་ན་འདུག །ཅེས་གསུངས་པ་ལྟར་རོ་དེ་ཐག་པས་བསྡམ།ཡོལ་བས་བསྒྲིབ། ས་དང་རྡོ་བས་བརྟེན་ནས་བཞག་པའི་དུས་སུ་གཅེས་དགུ་དམར་དགུ་ཇི་ལྟར་ལྟ་བུ་ཞིག་ཡིན་ཀྱང་ཡ་ང་བ་དང་སྐྱུགས་བྲོ་བའི་གནས་སུ་གྱུར་བ་ལ་བསམ་ནས་དམ་ཆོས་ལ་བརྩོན་དགོས། འཆི་བའི་ཚེ་མི་དགེ་བའི་སེམས་ཀྱིས་འཆི་ན་ནི་གནད་གཅོད་ཀྱི་ལས་ལ་སོགས་པ་སྡུག་བསྔལ་འཇིགས་སུ་རུང་བ་ཡོད། འཆི་བ་དེ་འདོད་བཞིན་དགའ་བཞིན་དུ་ཡོང་པ་མིན། མི་འདོད་བཞིན་དུ་ཐོག་ཏུ་འབབ་པ་ཡིན། དགའ་བཞིན་སྐྱིད་བཞིན་དུ་འཆི་བ་མ་ཡིན། སྡུག་བསྔལ་ཤུགས་དྲག་པོ་དང་བཅས་ཏེ་འཆི་བ་ཡིན། འཇིག་རྟེན་ཕ་རོལ་ཆ་རྒྱུས་ཡོད་ནས་མ་ཡིན། ཆ་མེད་ཀྱི་ཡུལ་དུ་རྒྱུས་མེད་འཁྱམ་པ་ཡིན་སྙམ་པ་དང༌། བདག་ཤི་ཟིན་པའི་གནས་སྐབས་ན། ལུས་སེམས་གཉིས་ནི་བྱེད་བྲལ་དུ་སོང༌། ལུས་འདི་ནི་ཡང་ན་ས་ལ་སྐུངས་ནས་སྲིན་འབུའི་ཕུང་པོ་གཅིག་གམ། ཡང་ན་ཆུ་ལ་སྐྱུར་ནས་ཉ་སྲམ་གྱི་ཟས་གཅིག་གམ། མེ་ལ་བསྲེགས་ནས་རུས་པ་སྤར་གང་ངམ། རིའམ་ཐང་ལ་བསྐྱལ་ནས་བྱ་ཁྱིའི་ཁ་ན་ཕར་ཡེར་རེ་རེ་བ་གཅིག་གམ། མཐར་ཞག་ཤས་ནས་ཤུལ་ཙམ་ཡང་མི་ལུས། ད་ལྟ་གཅེས་གཅེས་མོར་བྱས་པའི་ལུས་ཀྱི་ཐ་མ་ནི་དེ་འདྲ། སེམས་ནི་ལས་ཀྱི་ཁུར་ཐོགས་ནས་གར་སྐྱེ་ངེས་པ་མེད་པའི་གནས་སུ་འགྲོ་དགོས་ན། ད་ལྟ་ཆོས་མི་བྱེད་པའི་ཐབས་རང་མི་འདུག་གམ། ཕྱིས་ནས་ཕྱི་བཤོལ་དུ་འཇོག་པའི་ཐབས་རང་འདུག་གམ་སྙམ་དུ་བསམ། དེ་རྣམས་ཀྱིས་གཞུག་སྡོམས་ཏེ། ད་ལྟ་རང་ཆོས་གཤའ་མ་ཞིག་བྱེད་སྙམ་པའི་གོ་ཆ་ཡོད་པ་བཞིན་ཆོས་ཀྱི་མགོ་ཐོན་གཞུག་འཁྱོངས་ནས། རང་ཡང་དགའ་བཞིན་དུ་ཚེའི་དུས་བྱེད། གཞན་ཀུན་གྱིས་ཀྱང་ཁོ་ལ་ཆོས་གཤའ་མ་ཞིག་བྱུང་ཟེར་ནས་སྨོན་བཞིན་དུ་ཚེའི་དུས་བྱེད་པ་གཅིག་ལ་གཏད་སོ་འཚོལ་དགོས། དེ་ལ་ཆོས་བསྒོམ་དགོས། བརྟན་པ་ཐོབ་དགོས། གོམས་དགོས། ལྷོངས་སུ་གྱུར་དགོས་པ་འདུག བརྟན་པ་ནི་མ་ཐོབ། གལ་ཏེ་ན་རྐྱེན་ངན་པ་དང་འཕྲད། རང་གི་བློ་ལས་སུ་མ་རུང༌། ཆོས་ཀྱི་གཞུག་མ་འཁྱོངས། ཆོས་དང་འགལ། རང་ཡང་འགྱོད། གཞན་ཀུན་གྱིས་ཀྱང་སྨད་ར་དིར་རེ་འཆི་བ་ཞིག་ཡོང་ཉན་ཡོད་ལ། དེས་ན་བཀའ་བརྒྱུད་གོང་མའི་རྣམ་ཐར་བཞིན་ཕ་ཡུལ་རྒྱབ་དུ་བསྐྱུར། གནས་ཆོས་སྒྲུབ་པའི་འགལ་རྐྱེན་དང་བྲལ་བའི་དབེན་པར་བསྡད། གྲོགས་ཆོས་མཐུན་ནམ་རི་དྭགས་དང་འགྲོགས། གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར་ནས་བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་གྲོགས་སྟོང་ལ་གཏད་དེ། བཀའ་གདམས་གོང་མའི་གཏད་པ་བཞི་པོ་འདི་མཐར་འཁྱོར་བ་ཞིག་བྱེད་དགོས་སྙམ་དུ་སྙིང་ཐག་པ་ནས་བསམ་དགོས། རྗེ་མི་ལས།ང་འཆི་བས་འཇིགས་ནས་རི་ལ་ཕྱིན། །ནམ་འཆི་ཆ་མེད་བསྒོམས་བསྒོམས་པས། འཆི་མེད་གཉུག་མའི་བཙན་ས་ཟིན། །ད་འཆི་བའི་འཇིགས་པ་བོར་ཏེ་ཐལ། །ཞེས་གསུངས་སོ། །ཆོས་གཤའ་མ་ཞིག་ལ་ད་ལྟ་རང་ཞུགས་ཏེ་མ་ཤི་བར་དུ་འཁྱོངས་པ་ཞིག་གཞན་སྨོན་ལ་རང་བདེ་བ་ཞིག་ངེས་པར་བྱེད་སྙམ་དུ་ཞེ་མནའ་ཡང་ཡང་བསྐྱལ། དེང་སང་གི་ཆོས་པ་ཀུན་ལ་གཉེན་པོ་འདི་ཀ་གནད་དུ་ཆེ་ཞེས་རྗེ་ཏཱ་ར་ནཱ་ཐས་ལམ་རིམ་བདུད་རྩི་ཉིང་ཁུ་ལས་གསུངས་སོ། །ཡང་པོ་ཏོ་བའི་ཞལ་ནས། ཆོས་གཅིག་ཏུ་བྱ་བ་ལ་མི་རྟག་པ་བསྒོམ་པ་འདི་གལ་ཆེ་སྟེ། འཆི་བ་མི་རྟག་པ་འདི་བསྒོམ་ན། དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་ཏུ་དགེ་སྦྱོར་ལ་སྐུལ་བའི་རྐྱེན་བྱེད། ཐ་མ་ཆོས་མཉམ་པ་ཉིད་དུ་རྟོགས་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམ་ན་དང་པོ་ཚེ་འདིའི་གདོས་ཐག་ཆོད་པའི་རྒྱུ་བྱེད། བར་དུ་འཁོར་བ་མཐའ་དག་ལ་ཞེན་པ་ལྡོག་པའི་རྐྱེན་བྱེད། ཐ་མ་མྱ་ངན་ལས་འདས་པའི་ལམ་དུ་འཇུག་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམ་ན་དང་པོ་དད་པ་བྱེད་པའི་རྒྱུ་བྱེད། བར་དུ་བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད། ཐ་མར་ཤེས་རབ་སྐྱེ་བའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམས་ཤིང་བརྒྱུད་ལ་སྐྱེས་ན་དང་པོ་ཆོས་ཚོལ་བའི་རྒྱུ་བྱེད། བར་དུ་ཆོས་སྒྲུབ་པའི་རྐྱེན་བྱེད། ཐ་མ་ཆོས་མཐར་ཕྱིན་པའི་གྲོགས་བྱེད། ཅེས་གསུངས་ལ། དེ་བཞིན་དུ་ཕ་དམ་པའི་ཞལ་ནས། མི་རྟག་པ་འདི་རྒྱུད་ལ་སྐྱེས་ན་དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་བརྩོན་འགྲུས་ཀྱི་ལྕག་བྱེད། མཐར་འོད་གསལ་ཆོས་སྐུ་ཐོབ་པར་བྱེད། ཅེས་གསུངས་སོ། །འཆི་བ་མི་རྟག་པ་ཚུལ་བཞིན་དུ་མ་བསྒོམ་ན་ཆོས་ཞུ་ལོ་ཐོས་ལོ་བྱེད་ལོ་སྒྲུབ་ལོ་ཇི་ལྟར་བྱེད་ཀྱང་མཐར་ཆོས་དྲེད་དུ་འགྱུར་བ་ཡིན་ཏེ། ཕ་དམ་པའི་ཞལ་ནས། བོད་ཀྱི་ཆོས་བྱེད་པ་ལ་ཤི་སྙམ་པ་གཅིག་ཀྱང་མི་སྣང་བ་ལ། ལུས་པ་ནི་གཅིག་ཀྱང་མ་མཐོང༌། ལར་སེར་གོས་གྱོན་ནས་ནོར་བསགས་པ་ལ་དགའ་ཚད་འདིས་འཆི་བདག་གཤིན་རྗེ་ལ་ཟས་ནོར་འཇལ་བ་ཨེ་ཡིན་སྙམ། ནོར་བཟང་བཟང་ཐམས་ཅད་ཚགས་བྱེད་ལུགས་ལ། དམྱལ་བ་ལ་ལྐོག་འདུན་འཇལ་བ་ཨེ་ཡིན་སྙམ། བོད་ཀྱི་ཆོས་པ་འདི་ཚོ་མཐོང་ན་དགོད་རེ་བྲོ་ཧ་ཧ་ཧ། ཐོས་པ་སུ་ཆེ་ང་རྒྱལ་ཆེ། །སྒོམ་པ་སུ་བཟང་ཟས་ནོར་གསོག །དབེན་པ་སུ་བརྟེན་འདུ་འཛི་མང༌། །རང་ཡུལ་གང་སྤངས་ངོ་ཚ་མེད། །དེ་ཚོ་ཆོས་ལ་དྲེད་པ་ཡིན། །དེ་ཚོ་སྡིག་ལ་དགའ་བ་ཡིན། །ཞེས་གསུངས་པ་ནི་དོན་ལ་གནས་པ་ཡིན་པས་སེམས་ལ་བཟུང་བར་ཞུ། འཆི་བ་མི་རྟག་པ་བཤད་ཟིན་ཏོ། །

འཁོར་བའི་སྡུག་བསྔལ་བསམ་པ།

འཁོར་བའི་སྡུག་བསྔལ་བསམ་པ།

གསུམ་པ་འཁོར་བའི་སྡུག་བསྔལ་བསམ་པ་ལ། ངན་སོང་གི་སྡུག་བསྔལ་བསམ་པ་དང༌། མཐོ་རིས་ཀྱི་སྡུག་བསྔལ་བསམ་པ་དང༌། འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ་དང་གསུམ་ལས།དང་པོ་ནི། འཁོར་བ་འདི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་མ་ཡིན་པ་ཅུང་ཟད་ཀྱང་མེད་ལ། དེའི་ནང་ནས་ངན་སོང་གསུམ་གྱི་སྡུག་བསྔལ་ནི་བཟོད་དཀའ་བ་ཡིན་པ་དང་སྐྱེས་བུ་ཆུང་ངུས་ཀྱང་ཤེས་དགོས་པས་ཐོག་མར་ངན་སོང་གི་སྡུག་བསྔལ་བསམ་པ་ལ། དམྱལ་བའི་སྡུག་བསྔལ་བསམ་པ། ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ། དུད་འགྲོའི་སྡུག་བསྔལ་བསམ་པ་གསུམ་ལས། དང་པོ་ནི། ཚ་བའི་དམྱལ་བ་བརྒྱད་ཀྱི་སྡོམ། ཡང་སོས་ཐིག་ནག་བསྡུས་འཇོམས་དང༌། །ངུ་འབོད་ངུ་འབོད་ཆེན་པོ་དང༌། །ཚ་བ་རབ་ཚ་མནར་མེད་པའོ། །ཞེས་གསུངས་པ་ལྟར་ཚ་དམྱལ་བརྒྱད་ནི་འཛམ་བུ་གླིང་གི་ལྷོ་ངོས་ཀྱི་ས་འོག་ཏུ་སྟེང་འོག་རིམ་པ་བརྒྱད་དུ་ཆགས་ཏེ་ས་གཞི་དང་རི་ཐང་ཐམས་ཅད་ལྕགས་སྲེག་ལས་གྲུབ་པ་མེ་ལྕེ་ཁྲུ་གང་བ་དུས་རྟག་པར་འབར་བས་ལུས་ཀྱི་ཕྱི་ནང་ཐམས་ཅད་བསྲེག་པ་སྐད་ཅིག་ཀྱང་རྒྱུན་ཆད་དུ་མེད་པ་དང༌། དམྱལ་སྲུང་རྣམས་ཀྱིས་ལྕགས་ཞུན་དང་ཟངས་ཞུན་ཁོལ་མ་ཁར་བླུགས་པས་ནང་ཁྲོལ་ཐམས་ཅད་ཚིག་ཅིང་མེ་འབར་བ་དང༌། ཟངས་ཞུན་ཁོལ་མའི་ནང་དུ་འཚེད་པ་དང༌། ལྕགས་ཀྱི་ཐོ་བ་ཆེན་པོའི་གཏུན་དུ་བརྡུངས་ནས་ཕྱེ་མར་འཐག་པ་དང༌། སྟྭ་རེ་དང་སྟྭེའུ་ལ་སོགས་པས་ཀྱང་རྒྱུན་མི་ཆད་པར་གཤག་ཅིང་གཏུབ་པ་དང༌། དེ་ལ་སོགས་པའི་སྟེང་དུ་ནད་རིགས་བཞི་བརྒྱ་རྩ་བཞིས་དུས་གཅིག་ཏུ་གཟིར་པ་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པ་དུས་གཅིག་ཏུ་མྱོང་དགོས་པ་སོགས་མི་བཟད་པའི་སྡུག་བསྔལ་ལ་གྲངས་ཀྱི་མཐའ་མེད། དམྱལ་བའི་སེམས་ཅན་ནི་ལས་ཀྱི་དབང་གི་སྡུག་བསྔལ་ཅི་ཙམ་ཆེ་བ་བཞིན་སྡུག་བསྔལ་མྱོང་བའི་རིག་པ་ཇེ་གསལ་དུ་འགྲོ་ཞིང༌། བཟོད་སྲན་ཤིན་ཏུ་ཆུང་བ་ཡིན་པས་སྡུག་བསྔལ་ཤིན་ཏུ་ཆེ་ཞིང་ཅུང་ཟད་ཀྱང་བཟོད་མི་ཐུབ་བཞིན་དུ་དམྱལ་བ་ཡང་སོས་པ་རྣམས། མི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞི་པའི་ཞག་གཅིག་ཏུ་བརྩིས་པའི་དེའི་རང་ལོ་ལྔ་བརྒྱ་ཡང་སོས་པའི་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱའི་བར་དུ་གནས་པ་དང༌། ཐིག་ནག་དང༌། བསྡུས་འཇོམས། ངུ་འབོད། དུ་འབོད་ཆེན་པོ། ཚ་བ་དང་ལྔ་ནི་རང་རང་གི་སྔ་མ་སྔ་མའི་ལོ་གྲངས་བརྒྱད་འགྱུར་བརྒྱད་འགྱུར་དང༌། རབ་ཏུ་ཚ་བ་དང་མནར་མེད་པ་གཉིས་ནི་ལོ་གྲངས་ཀྱིས་གཞལ་དུ་མེད་པས་ཚ་བ་བར་བསྐལ་ཕྱེད་དང༌། མནར་མེད་པ་བར་བསྐལ་གཅིག་ཏུ་གནས་དགོས་ཏེ། མངོན་པ་མཛོད་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་ལྔ་བརྒྱའོ། །གོང་མ་གཉིས་ཀ་ཉིས་འགྱུར་རོ། །ཞེས་དང༌། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་གསུངས་སོ། །འཇུག་སྡོམ་སྟེ་བསམ་པ་ནི། དེ་ལྟར་སྡུག་བསྔལ་དོས་ནི་དྲག་ཡུན་ནི་རིང༌། ད་ལྟ་མེ་ཕྲ་མོ་གཅིག་ལ་སོར་མོའི་རྩེ་མོ་ཙམ་ཡང་ཡུད་ཙམ་རེ་ཡང་འཇོག་ཏུ་མི་བཏུབ་ན་ནམ་ཞིག་དེ་ལྟ་བུ་རང་གི་ཐོག་ཏུ་བབས་ན། བཟོད་པའི་གོ་སྐབས་ཅུང་ཟད་ཀྱང་མི་འདུག་སྟེ། ལན་གཅིག་དེར་སྐྱེས་ཟིན་ནས་ཟློག་པའི་ཐབས་མེད། ད་ལྟ་ཟློག་པའི་ཐབས་ཡོད་དེ་དེར་སྐྱེ་བའི་རྒྱུ་ལས་ངན་སྡིག་པ་དག་སྦྱངས་ན་ཟློག་པའི་ཐབས་དེ་ཁོ་ན་ཡིན། དེར་མི་སྐྱེ་བའི་ཕྱིར་ཆོས་ལ་འབད་དགོས་སྙམ་དུ་བསམ་མོ། །གྲང་དམྱལ་གྱི་སྡུག་བསྔལ་བསམ་པར་བྱ་སྟེ། གྲང་དམྱལ་བརྒྱད་ཀྱི་སྡོམ་ནི། ཆུ་བུར་ཆུ་བུར་རྡོལ་བ་ཅན། །ཨ་ཆུ་ཀྱི་ཧུད་སོ་ཐམ་པ། །ཨུཏྤལ་པདྨ་པད་ཆེར་གས། །ཞེས་སོ། །གྲང་དམྱལ་བརྒྱད་ནི། འཛམ་བུའི་གླིང་གི་བྱང་ངོས་ཀྱི་ས་འོག་ཏུ་སྟེང་འོག་རིམ་པ་བརྒྱད་དུ་ཆགས་ཏེ། །ཐམས་ཅད་འདྲ་བར་ས་གཞི་དང་རི་ཐང་ཐམས་ཅད་ཆེས་གྲང་བའི་ཆབ་རོམ་ཤིན་ཏུ་གཏིང་འཐུགས་པ་ལས་གྲུབ་པ། ཤ་རུས་ཀྱི་གཏིང་དུ་ཞེན་པའི་རླུང་རྒྱུ་བ་དང་ཁ་བ་བུ་ཡུག་འཚུབ་པ་རྒྱུན་མི་ཆད་པ། ཉི་ཟླའི་འོད་མེད་ཅིང་མུན་ནག་འཐིབ་པའྀ་གནས། ལྷག་སྐྱོབ་སྤོས་མེ་ཙམ་དང་གོས་ལྷན་པ་ཙམ་ཡང་མེད་པའི་གནས་སུ་དམྱལ་བའི་སེམས་ཅན་རྣམས་ལུས་གཅེར་བུར་སྐྱེས་ཏེ། གྲང་བས་ཤིན་ཏུ་གདུང་བས་ལུས་ཐམས་ཅད་ཆུ་བུར་གྱིས་ཁྱབ་པ་དང༌། གྲང་ཆེས་པས་སོ་འཐམ་པ་དང༌། ལུས་ཐམས་ཅད་གྲང་བས་གདུང་བས་ཚལ་པ་མང་དུ་གས་པ་དང༌། ནང་རོལ་ཐམས་ཅད་ཆབ་རོམ་དུ་གྱུར་ཏེ། ལུས་གས་པའི་ནང་ནས་ཕྱིར་ཏོན་པ་དང༌། ལུས་ཐམས་ཅད་གས་པའི་རྨ་ནང་ནས་སྲིན་བུ་མཆུ་རྣོན་པོ་མང་དུ་བྱུང་བས་ཟ་བ་དང༌། ནད་ཀྱི་རིགས་སྣ་ཚོགས་ཀྱིས་དུས་གཅིག་ཏུ་བཏབ་པ་སོགས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་ཞིང་སྐད་ཅིག་ཀྱང་བཟོད་མི་ཐུབ་བཞིན་དུ། ཆུ་བུར་ཅན་ཁལ་བརྒྱད་ཅུ་ཤོང་བའི་སྣོད་ནི་ཏིལ་སྦྱངས་གཅིག་སྟེ། ཏིལ་སྦྱངས་གཅིག་ཏིལ་གྱིས་ཕྱུར་བུར་བཀང་ནས་ལོ་བརྒྱ་རེ་ན་ཏིལ་རེ་བྱུང་ནས་ཏིལ་ཐམས་ཅད་ཟད་པའི་བར་དང༌། དམྱལ་བ་ཆུ་བུར་རྡོལ་བ་དང༌། སོ་འཐམ་པ་དང༌། ཨ་ཅུ་ཟེར་བ་དང༌། ཀྱེ་ཧུད་ཟེར་བར་དང༌། ཨུཏྤལ་ལྟར་གས་པ་དང༌། པདྨ་ལྟར་གས་པ་དང༌། པདྨ་ལྟར་ཆེར་གས་པ་རྣམས་ནི་རིམ་པ་བཞིན་དུ་རང་རང་གི་དམྱལ་བ་སྔ་མ་སྔ་མ་ལས་ཚེ་ཚད་ཉི་ཤུ་ཉི་ཤུའི་འགྱུར་གྱི་བར་དུ་གནས་དགོས་ཏེ། བླང་དོར་རབ་གསལ་ལས། །ཏིལ་ཁལ་བརྒྱད་བཅུས་གང་བའི་བང་བ་ན། །ལོ་བརྒྱ་རེ་ན་ཏིལ་རེ་བྱུང་བ་ཡིས། །ཟད་པར་གྱུར་པ་ཆུ་བུར་ཅན་གྱི་ཚེ། །འོག་མ་འོག་མ་ཉི་ཤུ་འགྱུར་དུ་གསུངས། །ཞེས་གསུངས་པས་སོ། །ཉེ་འཁོར་གྱི་དམྱལ་བའི་སྡུག་བསྔལ་བསམ་པ་འདི་ནི་མངོན་པ་ལས། བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱགས་དང༌། །སྤུ་གྲི་ལམ་སོགས་ཆུ་བོ་ཡིན། །ཞེས་བྱུང༌། དེ་ཡང་དམྱལ་བའི་དངོས་གཞི་ཚ་དམྱལ་བརྒྱད་པོ་རེ་རེ་ལ་ཡང་སོ་སོའི་ཕྱོགས་བཞི་པོ་རྣམས་སུ་ཉེ་འཁོར་བ་བཞི་པོ་འདི་རྣམས་ཆ་ཚང་བ་རེ་རེ་ཡོད་པ་ཡིན། ཚ་དམྱལ་གྱི་ཉེ་འཁོར་ན་མེ་མ་མུར་གྱི་འོབས་ཞེས་པ་འོབས་ཆེན་པོ་མདག་མེ་རབ་ཏུ་ཚ་བས་ནང་ཐམས་ཅད་ཁྱབ་པའི་ནང་དུ་ལུས་ཀྱི་ཤ་རུས་ཐམས་ཅད་བསྲེག་པ་དང༌། རོ་མྱགས་ཀྱི་འདམ་ཞེས་པ་རོ་རུལ་བ་སོགས་མི་གཙང་བ་རྩོག་དགུས་གང་བའི་འོབས་ཆེན་པོའི་ནང་དུ་ཚུད་ནས་མི་གཙང་བའི་དྲི་ངས་སྙིང་དང་མགོ་འགས་པ་དང༌། དེའི་ནང་ནས་སྲིན་བུ་ལྕགས་ཀྱི་མཆུ་ཅན་མང་དུ་བྱུང་བས་ལུས་འབིག་ཅིང་ནང་རོལ་ཐམས་ཅད་འབྱིན་པ་དང༌། སྤུ་གྲིའི་ཐང་ཞེས་པ་ས་གཞི་ཐམས་ཅད་རལ་གྲི་རྣོན་པོ་སོར་བཞི་པས་བར་མཚམས་མེད་པར་གཏམས་པས་རྐང་པ་གཡས་བཏེགས་ན་གཡོན་པ་གཅོད། གཡོན་པ་བཏེགས་ན་གཡོན་པ་སོས་ཤིང་གཡས་པ་གཅོད། རེས་འགྱེལ་ནས་ལུས་ཐམས་ཅད་གཅོད་པ་དང༌། རལ་གྲི་ལོ་མའི་ནགས་ཚལ་ཞེས་པ་ཡལ་ག་ཐམས་ཅད་རལ་གྲི་རྣོན་པོ་ཅན་གྱི་ནགས་ཚལ་རྒྱ་ཆེན་པོས་ཁྱབ་པའི་གནས་སུ་ནགས་ཚལ་རླུང་གིས་བསྐྱོད་པའི་རལ་གྲིའི་ཡལ་ག་རྣམས་ཆད་པའི་རལ་གྲི་རྣོན་པོའི་ཆར་བབ་པས་ལུས་ཐམས་ཅད་དུམ་བུ་སྟོང་དུ་གཏུབ་པ་དང༌། ཤལ་མ་ལིའི་སྡོང་པོ་ཞེས་པ་ངོས་ཐམས་ཅད་ལྕགས་ཀྱི་ཚེར་མ་ཤིན་ཏུ་རྣོན་པོ་དུ་མས་གང་བའི་སྡོང་པོ་མང་དུ་སྐྱེས་པའི་གནས་སུ་དམྱལ་བའི་སེམས་ཅན་རྣམས་ཁྱི་སྲེ་བོ་འཇིགས་སུ་རུང་བ་ལ་སོགས་པས་བདས་ཏེ་ཤིང་ལ་འཛེགས་པ་ན་ཚེར་མ་ཐམས་ཅད་ཁ་ཐུར་དུ་བལྟས་པས་ཕུགས་ཤིང་གཤག་བཞིན། ཤིང་གི་རྩེར་སླེབ་ཚེ། ཁྭ་ཏ་སོགས་བྱ་གདུག་པ་ཅན་རྣམས་ཀྱིས་མིག་འབྲིད་ཅིང་ཀླད་པ་ཟ་བར་བྱེད། ཡང་མར་འབྲོས་པ་ན་ཚེར་མ་རྣམས་ཁ་གྱེན་དུ་བལྟས་པས་སྔར་ལྟར་ལུས་ཐམས་ཅད་འབིག་བཞིན་ཤིང་གི་རྩ་བར་ཕྱིན་པ་དང༌། ཡང་ཤིང་ལ་འཛེགས་པ་སོགས་འཁོར་མོར་བྱེད་པའོ། །གསུམ་པོ་དེ་མཚོན་ཆའི་གནོད་པ་ཡིན་པས་གཅིག་ཏུ་སྡོམས་སོ། །ཐལ་ཚན་གྱི་ཆུ་བོ་ཞེས་པ་ནང་ཐམས་ཅད་ཐལ་ཚན་གྱིས་གང་བའི་ཆུ་བོའི་ནང་དུ་བྱིང་ནས་ལུས་ཀྱི་ཤ་ལྤགས་ཐམས་ཅད་ཚིག་ནས་རུས་གོང་དཀར་པོར་གྱུར་པ་ན་སྟེང་དུ་ཕྱིན། དེ་མ་ཐག་ཤ་ལྤགས་ཐམས་ཅད་སླར་འཚོ་བ། ཡང་ནུབ་ནས་ཚིག་པ་སོགས་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དོ། །དམྱལ་པ་ཉི་ཚེ་བ་ནི། ཚ་དམྱལ་དང་གྲང་དམྱལ་གྱི་མཐའ་བསྐོར་དང༌། རྒྱ་མཚོའི་འགྲམ་དང་རི་བྲག་ས་སྟེང་ཁང་ཁྱིམ་སོགས་གནས་ངེས་མེད་དུ་གནས་ཏེ། མཚན་མོར་ལྷའི་བདེ་བ་ལྟ་བུ་མྱོང་ནས་ཉིན་མོ་ཁྲོ་ཆུ་ཁོལ་མ་འཐུང་བའི་སྡུག་བསྔལ་དང༌། དེ་ལས་ལྡོག་པ་དང༌། ཀ་བའི་ནང་དུ་ཀ་བ་ལྟ་བུའི་ལུས་བླངས་ནས་ཁང་བའི་འགེབ་ཐམས་ཅད་རང་གི་ལུས་ཀྱིས་མི་ཐེག་པའི་སྡུག་བསྔལ་དང༌། དེ་བཞིན་དུ་ཕྱག་མ་དང༌། ཐག་པ་དང༌། གྲལ་གདན་དང༌། གཏུན་དང༌།མེ་ཐབ་ལྟ་བུ་ལ་སོགས་པ་འདི་མེད་བསམ་པ་མེད་པར་གསུངས་སོ། །

གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ།

གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ནི།

འཛམ་བུ་གླིང་གི་ས་འོག་དཔག་ཚད་ལྔ་བརྒྱ་ན་ཡི་དྭགས་ཀྱི་གྲོང་སེར་སྐྱ་ཞེས་བྱ་བ། སྤང་ལག་མཐིལ་ཙམ་ཡང་མེད་ཅིང་ས་གཞི་རིད་པ་གསེགས་མས་ཁྱབ་པ། བཏུང་བ་ཆུ་ཐིག་ཙམ་དང༌། ཟས་ཤིང་ཐོག་ཙམ་ཡང་མེད་པའི་གནས་སུ་ལས་ངན་གྱིས་འཕངས་ནས་གནས་པ་ཡོད་ལ། སྤྱིར་ཡི་དྭགས་ལ་ཕྱིའི་སྒྲིབ་པ་ཅན།  ནངགིསྒྲིབཅན next hit། ཟས་སྐོམ་གྱི་སྒྲིབ་པ་ཅན་གསུམ་ཡོད་ལ། དང་པོ་ཕྱིའི་སྒྲིབ་པ་ཅན་ནི། ལོ་མང་བོར་ཟས་སྐོམ་ཡེ་མི་རྙེད། རྒྱང་རིང་བོ་ནས་ཟས་ཀྱི་ཕུང་པོ་མཐོང་ཡང་དྲུང་དུ་ཕྱིན་ན་ཤུལ་ཙམ་ཡང་མེད་པར་སྟོང་བ་ལྟར་མཐོང་བ་དང༌། ཆུ་ཀླུང་ཆེན་པོའི་འགྲམ་དུ་ཕྱིན་ན། གསེག་མ་དང་བྱེ་མའི་གྲོག་པོར་འགྲོ་བ་དང༌། ལྗོན་ཤིང་འབྲས་བུ་རྒྱས་པའི་དྲུང་དུ་གཏུགས་ནའང༌། ཤིང་སྐམ་པོར་འགྱུར་བ་སོགས་ཡོད། འགའ་ཞིག་ལ་སྲིན་པོ་མང་པོས་བསྲུངས་ཏེ་མི་གཏོང་བ་ཡང་ཡོད་དོ། །

གཉིས་པ་previous hit ནངགིསྒྲིབཅན next hit

གཉིས་པ་previous hit ནངགིསྒྲིབཅན ་ནི།

ཁ་ཁབ་མིག་ཙམ་དུ་གྱུར་ནས་དང་པོར་བཟའ་བཏུང་ཁར་མི་ཆུད། ཅུང་ཟད་ཆུད་ན་ཡང་ཟས་རྣམས་འགྲམ་ཕུག་ཡངས་པོ་དེར་སྟོར། བཏུང་བ་རྣམས་ཁའི་དུག་ཆེན་པོས་སྐམ། གལ་ཏེ་བཟའ་བཏུང་མིད་ཀྱང་མགྲིན་པ་གཞུ་རྒྱུད་ལྟར་ཕྲ་བ་ནས་མི་འགྲོ། སོང་ཡང་ལྟོ་བ་རིའི་གཏོས་ཙམ་ཡོད་པས་ལྟོ་ཁེངས་བའི་དུས་མེད་པ་ཡིན་ནོ། ། གསུམ་པ་ཟས་སྐོམ་གྱི་སྒྲིབ་པ་ཅན་ནི། བཟའ་བཏུང་ཟོས་ཚད་ཁོང་ནང་དུ་མེ་འབར་བར་སོང་ནས་ཚིག་པ་དང༌། དང་པོ་ཉིད་ནས་ཀྱང་མེ་འདག་དང་བཤང་གཅི་དང་རྣག་ཁྲག་ལ་སོགས་པ་ངན་པ་དང་སྡུག་བསྔལ་སྐྱེད་པ་ཁོ་ན་ཟ་དགོས་ཀྱི། བཟང་པོ་ཡེ་མི་རྙེད་པ་ཡིན། ཡི་དྭགས་དེ་ཐམས་ཅད་སྤྱིར་ན་དུས་རྟག་ཏུ་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་བཟོད་གླགས་མེད་པ་ཡིན། གོས་དང་བྲལ་ཏེ་ཚད་པས་ཚིག་པ་དང༌། གྲང་བས་མནར་པའི་སྡུག་བསྔལ་དཔག་ཏུ་མེད། དགུན་གྲང་དུས་ཉི་མའི་འོད་ཀྱིས་ཀྱང་གྲང་རོགས་བྱེད་པ། སོས་ག་ཚད་དུས་སུ་ཟླ་བའི་འོད་ཀྱིས་ཀྱང་ཚིག་སྟེ་འོང༌། ཆར་བབ་ན་མེ་ཆར་བབས་ཏེ་ཚིག་པའི་སྣང་བ་འབྱུང༌། དུས་རྟག་ཏུ་འཚོལ་འགྲོས་ཀྱི་བྲེལ་བས་ངལ་ཞིང་ཐང་ཆད་པའི་སྡུག་བསྔལ་དང༌། ཟས་སྐོམ་ཡེ་མ་བྱུང་བས་ལུས་སྐམས་པ་ལྟ་བུར་གྱུར། རུས་ཚིགས་སུམ་བརྒྱ་དྲུག་ཅུ་འཁྲོགས་པས་རྡོ་ངར་མ་འཐབས་པ་ལྟར་མེ་ལྕེ་ཉུག་ཉུག་པ་འབྱུང༌། ཕན་ཚུན་དགྲར་གྱུར་བས་བཟུང་བ་དང་འཆིང་བ་དང༌། རྡེག་པ་དང༌། ཆད་པས་གཅོད་པའི་འཇིགས་པ་ཡང་ཡོད། ཞར་བ་རང་འབྲོགས་ཟེར་བའི་ཚུལ་གྱིས་བསྟད་པ་མེད་པར་ཡང་འཇིགས་སྐྲག་ཆེན་པོས་འབྲོས། དེ་འདྲ་བའི་སྡུག་བསྔལ་དོས་དྲག་པ་དང༌། ཡི་དྭགས་ཕལ་མོ་ཆེའི་ཚེ་ཚད་མི་ལོ་སྟོང་ཕྲག་བཅོ་ལྔ་ཐུབ་པས་ཡུན་རིང་བའོ། །དེར་མ་འདུས་པ་མིན་ཀྱང་ད་ལྟའི་ཡི་དྭགས་ཁ་འཐོར་བ་མཁའ་ལ་རྒྱུ་བའི་འདྲེ་བཀྲེན་འདི་རྣམས་ཀྱིས་གཞན་ལ་གནོད་པ་བྱས་པས་སླར་ཡང་ངན་སོང་དུ་འགྲོ་བ་དང༌། ཤུགས་ལ་མ་བསམ་ཀྱང་དུག་ཆེན་པོས་གཞན་ལ་གནོད་པ་འབྱུང་བ་དང༌། མཐུ་བོ་ཆེས་རྡུང་རྡེག་བྱེད་པ་དང༌། མ་ཉེས་མ་ལན་པ་ལ་འདྲེས་བྱས་སོ་ཞེས་ཁག་ངན་བྱུང་བའི་ཚེ། སེམས་ལ་སྡུག་བསྔལ་ཆེན་པོ་སྐྱེ་བ་ཡོད་པར་གསུངས་སོ། །

གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་པ།

གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ནི།

དེ་ལ་དུད་འགྲོ་བྱིངས་ན་གནས་པ་དང་ཁ་འཐོར་བ་དང་གཉིས་ལས། དང་པོ་ནི། རྒྱ་མཚོའི་ནང་དུ་ཀླུ་དང་ཆུ་སྲིན་ལ་སོགས་པ་རྒྱ་མཚོའི་ནང་ཐམས་ཅད་གང་བར་ཡོད་པ་རྣམས་ཏེ། བདེ་བ་སྒྲུབ་པའི་ཐབས་མི་ཤེས། སྡུག་བསྔལ་དང་མི་འདོད་པ་བསལ་བའི་ཐབས་མི་ཤེས་པའི་རྨོངས་པ་ནི་སྡུག་བསྔལ་མཐའ་ཡས་པ་འབྱུང་བའི་རྒྱུ་ཡིན་པས་བླུན་རྨོངས་ཀྱི་སྡུག་བསྔལ་ནི་དུད་འགྲོ་རྣམས་ཀྱི་སྡུག་བསྔལ་གྱི་གཙོ་བོ་དང་ཐུན་མོང་བ་ཡིན་ཞིང༌། དེའི་སྟེང་དུ་ཆུ་སྲིན་སོགས་སྲོག་ཆགས་ཆེན་པོ་རྣམས་ཀྱིས་ཆུང་ངུ་དུ་མ་ཅིག་ཆར་དུ་ཟ་བ་དང༌། དུང་འབུ་སོགས་ཆུང་ངུ་དུ་མས་ཆེན་པོ་རྣམས་ཕུག་སྟེ་ཟ་བ་དང༌། རྒྱ་མཚོའི་རླབས་ཀྱིས་བསྐྱོད་དེ་གནས་གཅིག་ཏུ་སྡོད་པའི་དབང་མེད་པས་ཕྱོགས་ཐམས་ཅད་དུ་འཁྱམས་དགོས་བ་དང༌། དེ་སྐབས་སུ་འཇིགས་པ་སྣ་ཚོགས་དང་འཕྲད་པ་དང༌། གཞན་ཡང་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་བསམ་ལས་འདས་པ་ཡོད་དོ། ། གཉིས་པ་དུད་འགྲོ་ཁ་འཐོར་བ་ནི། མི་དང་ལྷའི་ཡུལ་ན་ཡོད་པ་འདི་རྣམས་ཡིན། མིས་བདག་ཏུ་མ་བཟུང་བ་རྣམས་ནི་ཕན་ཚུན་གཅིག་གིས་གཅིག་ཟ་བ། རྔོན་པས་གསོད་པ། དགྲ་བྱུང་གི་དོགས་པ་དང༌། ཚ་གྲང་དང་བཀྲེས་སྐོམ་གྱིས་ཆེས་གདུང་བ་ལ་སོགས་པ་སྡུག་བསྔལ་འདི་མེད་བསམ་པ་གཅིག་མེད་པས་རྟག་ཏུ་སེམས་ལ་བདེ་བ་མེད། མིས་བདག་ཏུ་བཟུང་བ་རྣམས་ཀྱང་སྤུ་འཛིང་པ་དང༌། སྣ་འབིགས་པ་དང༌། བརྡེག་པ་དང༌། ཁུར་ལྕི་བས་ངལ་བ་སོགས་དང༌། ཤ་དང་ཁྲག་དང་པགས་པ་དང་རུས་པའི་ཕྱིར་གསོད་པ་སོགས་གསོད་གཅོད་བཀོལ་སྤྱད་ཀྱི་སྡུག་བསྔལ་མང་པོ་ཡོད་ལ། གཙོ་བོར་སྡུག་བསྔལ་གྱི་གཙོ་བོ་ཤིན་ཏུ་རྨོངས་བས་གཅིག་ལ་གཅིག་ཟ་བ་ཡིན་ཏེ། མི་ཤ་ཆགས་པའི་དགྲ་ལ་ཟོན་བྱེད་པ་ལྟར་རྟག་ཏུ་གནས་དགོས་པ་ཡིན་ནོ། །དེ་རྣམས་ཀྱི་གནད་བསྡུས་ཏེ་བསམ་པ་ལ། དེ་ལྟར་ངན་སོང་གསུམ་གྱི་སྡུག་བསྔལ་བསམ་ཙ་ན་བཟོད་པའི་ཐབས་མི་འདུག དེ་ལས་སྐྱོབ་པའི་སྐྱབས་ཤིག་དགོས་པར་འདུག སྐྱབས་སུས་ཐུབ་ན། ཚངས་པའམ། བརྒྱ་བྱིན་ནམ་འཁོར་ལོས་སྒྱུར་བའི་རྒྱལ་པོས་ཀྱང་སྐྱོབ་མི་ཐུབ་ན། གཞན་འདི་བ་ཀུན་གྱིས་ག་ལ་ཐུབ། འོ་ན་སུས་ཐུབ་ན་དཀོན་མཆོག་གསུམ་གྱིས་ཐུབ། བདག་ལྷ་ཇོ་བོ་དཀོན་མཆོག་རིན་པོ་ཆེ་གསུམ་ལ་སྐྱབས་སུ་འགྲོ། སངས་རྒྱས་ལ་སྟོན་པ་ཞུ། ཆོས་ལ་ནི་ཉམས་ལེན་ཞུ། དགེ་འདུན་ལ་ནི་དེ་སྒྲུབ་པའི་གྲོགས་ཞུ་བ་ཡིན་སྙམ་དུ་བསམ། ཡང་སྐྱབས་པ་སངས་རྒྱས་ལ་བསྐྱབས་ཀྱང༌། སྐྱོབ་པ་ཆོས་ཀྱིས་སྐྱོབ་བྱ་བ་ཡིན། ཇི་སྐད་དུ། ཐུབ་རྣམས་སྡིག་པ་ཆུ་ཡིས་འཁྲུ་བར་མི་མཛད་ལ། །འགྲོ་བའི་སྡུག་བསྔལ་ཕྱག་གིས་ཀྱང་ནི་སེལ་མི་མཛད། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་བར་མཛད་པ་མིན། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད་པ་ཡིན། །ཞེས་གསུངས་པ་ལྟར་སངས་རྒྱས་ཀྱིས་ཀྱང་མི་ཆུས་ཁྱེར་བ་སྐྲ་ནས་འཛིན་པ་ལྟར་སྐྱབ་ཏུ་མི་བཏུབ། ཆོས་བཤད་ཆོས་བཞིན་བྱེད་དུ་བཅུག་ནས་སྐྱོབ་པ་ཡིན། སངས་རྒྱས་ལ་དད་པ་བསྒོམས་ཏེ། དེས་གསུངས་པའི་ཆོས་ནས་ཇི་སྐད་བཤད་པ་བཞིན་བྱ། འཕགས་པའི་དགེ་འདུན་རྣམས་ཀྱིས་ཇི་འདྲ་མཛད་འདུག་པ་དེ་བཞིན་དུ་རང་རེ་ཡང་དེའི་ལད་མོ་བཟློས་ཏེ་བྱེད་སྙམ་པ་རྒྱུན་དུ་བསྒོམ་མོ། །

གཉིས་པ་མཐོ་རིས་ཀྱི་སྡུག་བསྔལ་བསམ་པ།

གཉིས་པ་མཐོ་རིས་ཀྱི་སྡུག་བསྔལ་བསམ་པ་ལ།

མིའི་སྡུག་བསྔལ་དང༌། ལྷ་མིན་གྱི་སྡུག་བསྔལ་དང༌། ལྷའི་སྡུག་བསྔལ་བསམ་པ་དང་གསུམ་ལས། དང་པོ་ནི། བདག་ལས་ཀྱི་དབང་གིས་འགྲོ་བ་རིགས་དྲུག་ཏུ་སྐྱེ་བ་ལེན་པར་འགྱུར་པ་ལས་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་ནི་དེ་འདྲ། བླང་དོར་རབ་གསལ་ལས། མངལ་ནས་སྐྱེ་བ་དོག་པའི་སྡུག་བསྔལ་དང༌། །ན་ཚོད་འགྱུར་བ་རྒས་པའི་སྡུག་བསྔལ་དང༌། །ཁམས་འགྱུར་བ་ལས་ན་བའི་སྡུག་བསྔལ་དང༌། །སྲོག་འགྱུར་བ་ལས་འཆི་བའི་སྡུག་བསྔལ་དང༌། །ཞེས་གསུངས་པ་ལྟར་མིར་སྐྱེས་ན་སྐྱིད་དོ་སྙམ་ན་དེར་ཡང་མི་སྐྱིད་དེ་མི་ལ་སྡུག་བསྔལ་གྱི་གཙོ་བོ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་བཞི་ཡོད་པ་ལས།

དང་པོ་སྐྱེ་བའི་སྡུག་བསྔལ།

དང་པོ་སྐྱེ་བའི་སྡུག་བསྔལ་ནི།

མི་ཕལ་ཆེར་ལ་མངལ་སྐྱེས་ཡིན། མངལ་དུ་ཟླ་བ་དགུའམ་བཅུའི་བར་དུུ་གནས་དགོས་ན། མངལ་གནས་དེ་ལ་དོག་པའི་སྡུག་བསྔལ་དང༌། མུན་གནག་པའི་སྡུག་བསྔལ་དང༌། དྲི་མི་ཞིམ་པའི་སྡུག་བསྔལ་གསུམ་རྟག་ཏུ་ཡོད། མ་དེ་བཀྲེས་བའི་ཚེ་གཡང་ཟ་བའི་རྣམ་པ་དང༌། འགྲངས་བའི་ཚེ་རིས་ནོན་པ་ལྟ་བུ་དང༌། བཟའ་བཏུང་དྲོན་མོ་ཟོས་འཐུངས་བྱས་ན་ཆུ་ཚན་དུ་བཙོས་པ་ལྟ་བུ་དང༌། གྲང་མོ་ཟོས་འཐུངས་བྱས་ན་འཁྱགས་རུམ་དུ་བསྐྱུར་བ་ལྟ་བུའི་སྡུག་བསྔལ་ཡོད། མངལ་ནས་ཕྱི་རུ་བཙའ་བའི་ཚེ་ཡང་ཏིལ་མར་འཚིར་བའི་ཤིང་གི་བར་དུ་བཅེར་བ་ལྟ་བུ་དང༌། ཚིགས་ཐམས་ཅད་བྱེ་ཞིང་ཞིག་པ་ལྟ་བུའི་སྡུག་བསྔལ་ཡོད། བཙས་མ་ཐག་ཏུ་གང་ལ་རེག་ཀྱང་རྩུབ་སྟེ། དར་འཇམ་པོས་དཀྲིས་ཀྱང་ཚེར་མའི་དོང་དུ་བསྐྱུར་བ་ལྟ་བུ་དང༌། གཞན་གྱི་ལག་ཏུ་བླངས་པ་ན། བྱེའུ་ཁྲས་ཁྱེར་བ་ལྟ་བུའི་སྡུག་བསྔལ་ཡོད། ད་ལྟ་རང་རེས་མ་དྲན་པར་ཟད། དྲན་ན་གཞན་མི་དགོས་པར་སྐྱེ་བའི་སྡུག་བསྔལ་གཅིག་པུ་ལ་བསམ་ཀྱང་མིར་སྐྱེས་པ་ལ་བདེ་བ་ཅི་ཡང་མི་འདུག བདག་ལས་ཀྱི་དབང་གིས་འཁོར་བར་སྐྱེ་བ་མི་ལེན་པའི་ཆོས་ཅིག་བྱ་དགོས། མིའི་འགྲོ་བ་མངལ་སྐྱེས་ཀྱི་སྡུག་བསྔལ་ནི་དེ་ལྟ་བུར་འདུག སྤྱིར་ཁམས་གསུམ་གང་དུ་སྐྱེས་ཀྱང་སྡུག་བསྔལ། འགྲོ་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ། སྐྱེ་གནས་ཇི་ལྟ་བུར་སྐྱེས་ཀྱང་སྡུག་བསྔལ་ཏེ། སྡུག་བསྔལ་རྣམ་པ་ལྔ་དང་ལྡན་པའོ། །དེ་ཡང་སྐྱེ་བ་སྡུག་བསྔལ་དང་ལྡན་པ་ཞེས་བྱ་བ་ཚོར་བ་དྲག་པོ་དང་བཅས་ཏེ་སྐྱེ་དགོས། སྐྱེ་བ་གནས་ངན་ལེན་དང་ལྡན་པ་བྱ་བ་ཉོན་མོངས་པ་སྐྱེད་འཕེལ་གྱི་ས་བོན་དང་ལྡན་པར་སྐྱེ་དགོས། སྐྱེ་བ་སྡུག་བསྔལ་གྱི་གནས་སུ་གྱུར་པ་བྱ་བ། སྐྱེས་པ་ལས་རྒ་ནད་འཆི་བ་སོགས་སྡུག་བསྔལ་གཞན་འབྱུང་བ་ཡིན། སྐྱེ་བ་ཉོན་མོངས་ཀྱི་གནས་སུ་གྱུར་པ་བྱ་བ་སྐྱེ་བ་བླངས་པས་ཕྱིས་རྐྱེན་དང་འཕྲད་ནས་ཉོན་མོངས་བ་མང་པོ་སྐྱེས་ཤིང་དེས་ཀུན་ནས་སླང་པའི་ལས་དུ་མ་གསོག་པའོ། ། སྐྱེ་བ་ཉིད་དབང་མེད་དུ་འཇིག་པས་སྡུག་བསྔལ་བ་བྱ་བ་ནི། སྐྱེ་བ་ཉིད་སྐད་ཅིག་སྐད་ཅིག་གིས་འཇིག་པའོ། །དེ་ལྟར་ན་སྐྱེ་བ་སྡུག་བསྔལ་བའོ་སྙམ་དུ་བསྒོམ་མོ། །

གཉིས་པ་རྒས་པའི་སྡུག་བསྔལ།

གཉིས་པ་རྒས་པའི་སྡུག་བསྔལ་ནི།

མི་རྣམས་ལ་རྒས་པའི་སྡུག་བསྔལ་ཡོད་དེ། རྒས་པའི་ཚེ་ཉམས་པའི་སྡུག་བསྔལ་ལྔ་ཡོད། ཁ་དོག་ཉམས་པ་བྱ་བ་ཤ་མདོག་དང་མདངས་ལེགས་པོ་རྣམས་ནུབ་སྟེ་ཁ་དོག་མི་སྡུག་པ་ནག་སྦམ་པའམ། སྔོ་ཐལ་གྱིས་འགྲོ མགོ་སྤྲ་བའི་མེ་ཏོག་ལྟར་སྐྱ་བ་དང༌། དབང་པོ་ཀུན་གྱི་བཀྲག་མདངས་ཤོར་བ་ཡིན། དབྱིབས་ཉམས་པ་བྱ་བ་ནི། སོ་ནི་ལྷུང༌། ལུས་ནི་གུག་གུག་པོར་སོང༌། ཡན་ལག་རྣམས་ནི་འཁྱོགས། ཤ་ནི་སྐམས། ལྤགས་པ་ནི་ལྷོད། གདོང་བྱད་ནི་གྲས་གདན་རྙིང་བ་ལྟར་གཉེར་མས་ཁེངས་པ་ལ་གང་ལ་བལྟས་ཀྱང་མི་མཛེས་པའོ། །མཐུ་སྟོབས་ཉམས་པ་བྱ་བ་ནི། རྗེ་མི་ལས། བརྟོད་ཕུར་འདོན་པའི་ལྡངས་ལུགས་དང་གཅིག །བྱ་ལ་འཇབ་པའི་འགྲོ་ལུགས་དང་གཉིས། །ས་དོ་ཆད་པའི་སྡོད་ལུགས་དང་གསུམ། །ཞེས་གསུངས་པ་ལྟར་ལྡང་བ་ན་སུག་བཞི་འཛུགས། འགྲོ་བ་ན་འཁྱོར། འདུག་པ་ན་ཚྭ་དོ་ཐག་པ་ཆད་པ་བཞིན་སྡོད། སྨྲ་བ་ན་ལྡབ་ལྡིབ་ལས་མེད་པ་ལ་སོགས་པའོ། །དབང་བོ་ཉམས་པ་བྱ་བ་ནི། མིག་མི་གསལ་རྣ་བ་འོན་པ་སོགས་གཞན་གྱིས་བལྟས་ན་རྫུས་འདེབས་པ་འདྲ་བར་འགྱུར། ལོངས་སྤྱོད་ཉམས་པ་བྱ་བ་ནི། ཁ་ཟས་ཉུང་ན་བཀྲེས། མང་ན་མི་འཇུ་བ་ལ་སོགས་པ་འདོད་ཡོན་ལ་སྤྱད་དུ་མེད་པའོ། །བདག་ཀྱང་རྒས་པའི་སྡུག་བསྔལ་མ་སྤངས་པས།ཚེ་རིང་རྒས་ལོང་བྱུང་ན་ཐ་མ་རྒས་པར་འགྱུར། གཉེན་བཤེས་དང་དགྲ་གཉེན་འགྲོ་བ་འདི་ཀུན་ཀྱང་དེ་དང་འདྲ་སྙམ་དུ་བསྒོམ་པའོ། །

གསུམ་པ་ན་བའི་སྡུག་བསྔལ་བསམ་པ།

གསུམ་པ་ན་བའི་སྡུག་བསྔལ་བསམ་པ་ནི།

སྡུག་བསྔལ་གཞན་ཡང་ཡོད་དེ། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་ནད་རྣམ་པ་སྣ་ཚོགས་པ་འབྱུང་བ་ཡིན། ན་བ་དེ་ཡང་སྡུག་བསྔལ་ལྔ་སྟེ། སྡུག་བསྔལ་དང་ཡིད་མི་བདེ་འཕེལ་བ་ཞེས་བྱ་བ་ནི། ཟུག་རྔུ་དངོས་ཀྱི་སྡུག་བསྔལ་ཡིན། ལུས་ཀྱི་རང་བཞིན་འགྱུར་བ་ནི་ཤ་ཞུ་ལྤགས་པ་སྐམས་པ་ལ་སོགས་པའོ། །ཡུལ་ཡིད་དུ་འོང་བ་སྤྱད་དབང་མེད་པ་དང༌། ཡིད་དུ་མི་འོང་བ་ངེས་པར་བསྟེན་དགོས་པ་གཉིས་ནི་ཟས་དང་སྤྱོད་ལམ་འདོད་པ་བྱེད་དུ་མེད་ཅིང༌། མི་འདོད་པའི་སྨན་ཁ་བ་དང་མེ་གཏར་སོགས་བསྟེན་དགོས་པའོ། །སྲོག་གི་དབང་བོ་དང་འབྲལ་བ་ཞེས་བྱ་བ་ནི། འཆི་བའམ་འཆིར་དོགས་པས་སྡུག་བསྔལ་བ་སྟེ། ན་བ་རང་བས་ཀྱང་འཆི་བའི་སྡུག་བསྔལ་སྔོན་བསུ་བ་ཡིན། བདག་ཀྱང་ན་བ་ལས་མ་ཐར་ན་བར་འགྱུར་དེ་འོང༌། བདག་གི་བཤེས་ལ་སོགས་པ་དགྲ་གཉེན་འགྲོ་བ་འདི་ཀུན་ཀྱང་དེ་དང་འདྲའོ་སྙམ་དུ་བསྒོམ་པར་བྱའོ། །

བཞི་བ་འཆི་བའི་སྡུག་བསྔལ།

བཞི་བ་འཆི་བའི་སྡུག་བསྔལ་ནི།

འཆི་བའི་སྡུག་བསྔལ་རྣམ་པ་ལྔ་ཡོད་དེ། ༡ ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་འབྲལ། ༢ རྩ་འཛིང་ཕུན་སུམ་ཚོགས་པ་དང་འབྲལ༌། ༣ འཁོར་གྲོགས་ཕུན་སུམ་ཚོགས་པ་དང་འབྲལ། ༤ཕངས་ཤིང་སྡུག་པའི་ལུས་དང་ཡང་འབྲལ། ༥འཆི་བ་ཉིད་སྡུག་བསྔལ་དང་ཡིད་མི་བདེ་དྲག་པོ་དང་བཅས་པའོ། །རང་རེ་མངོན་པར་ཞེན་ཅིང་ཆགས་པའི་ཡུལ་ཕྱོགས་སམ། ཁང་ཁྱིམ་མམ། ནོར་རྫས་སམ། ཡར་གྱི་དཔོན། མར་གྱི་གཡོག་ཐད་ཀའི་གྲོགས་པོ་ཐམས་ཅད་དང་བྲལ་ཞིང༌། གནད་གཅོད་ཀྱི་སྡུག་བསྔལ་ཆེན་པོ་དང་བཅས་ཏེ་འཆི་དགོས་པ་སོགས་འཆི་བ་མི་རྟག་པ་བཤད་པའི་སྐབས་སུ་བསྟན་པ་ལྟར་བསྒོམ་པར་བྱའོ། ། སྡུག་བསྔལ་གཞན་ཡང་ཡོད་དེ། འདོད་པ་བཙལ་ཏེ་མ་རྙེད་པས་སྡུག་བསྔལ། དེ་ཡང་ལོངས་སྤྱོད་དམ། ཁ་དྲག་གམ། མངའ་ཐང་འཕྲན་བུ་བསྒྲུབ་པའི་ཕྱིར་དུ་སྲོག་ལ་མ་ལྟས་པར་འཁྲུག་པ་ལ་ཡང་འཇུག ལོ་ཟླ་མང་པོར་བགྲོད་དགོས་པའི་བྱེས་སུ་ཡང་འགྲོ། དུས་བཞིར་ཟིན་པ་དང་འཁོར་བ་མེད་པའི་ལས་ལ་རྟག་ཏུ་འཇུག རྐང་ཁྲག་ནི་རྡོ། ལག་ཁྲག་ནི་ཤིང་བྱས་ནས་ལྟོགས་སྐོམ་ཐམས་ཅད་ནི་དང་དུ་བླངས། ཚ་གྲང་ཐམས་ཅད་ནི་ཁྱད་དུ་བསད། ཉིན་མཚན་ཀུན་ཏུ་ནི་དལ་བ་མེད། ཤ་ཁྲག་ལྦུ་བར་སོང་སོང་ལས་བྱས་ཀྱང་ལྟོ་རྒྱབ་ཙམ་ཡང་མ་འབྱོར། འབད་པ་བྱས་པ་དོན་མེད་དུ་སོང་བས་སེམས་ལ་ཡི་ཆད་སྐྱེ། གཞན་ཡང་མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་བྱ་བ་ཡོད། རང་ཉིད་དགྲ་བོའི་དབང་དུ་སོང་བའམ། ནད་དང་སྡུག་བསྔལ་དྲག་པོ་ཐོག་ཏུ་བབ་པའམ། གསོད་པར་བྱེད་པའི་སྲོག་ཆགས་དང་འཕྲད་པའམ། གཡངས་སུ་ལྷུང་བའམ། ཆུས་ཁྱེར་བའམ། གཏམ་ངན་པ་ཐོས་པའམ། བཙོན་དུ་གཞུག་པ་དང་ཆད་པས་བཅད་པ་མྱོང་བ་ལ་སོགས་པ་ཡིན། གཞན་ཡང་སྡུག་པ་དང་བྲལ་པའི་སྡུག་བསྔལ་བྱ་བ་ཡོད། ཕ་མ་སྤུན་ཟླ་ཁྱིམ་ཐབ་གྲོགས་ལ་སོགས་པ་མེད་ཐབས་མེད་པ་དང་བྲལ་ཙ་ན་སེམས་ལ་བཟོད་ཐབས་མེད་པའི་སྡུག་བསྔལ་ལུས་ཚུན་ཆད་ཀྱང་རྒུད་ནས་འགྲོ་བ་ཡོད། དེ་བཞིན་དུ་ནོར་སྟོར་རླག་བྱུང་པའམ། མངའ་ཐང་ཉམས་པའམ། དབང་ཐང་ཤོར་བའམ། རང་གི་ཡིད་ཆགས་ཤིང་བློ་སྨོན་པའི་གནས་ཅི་འདྲ་ཞིག་ཉམས་ཀྱང་སེམས་ལ་མྱ་ངན་ཆེན་པོ་སྐྱེ་བ་ཡིན་སྙམ་དུ་ཡང་ཡང་བསྒོམ་པར་བྱའོ། །

གཉིས་པ་ལྷ་མིན་གྱི་སྡུག་བསྔལ་བསམ་པ།

གཉིས་པ་ལྷ་མིན་གྱི་སྡུག་བསྔལ་བསམ་པ་ནི།

རང་བཞིན་གྱིས་ལྷའི་དཔལ་ལ་ཕྲག་དོག་པས་སེམས་ལ་མི་བདེ་བ་ཆེན་པོ་རྟག་ཏུ་ཡོད། དུས་དུས་ན་ལྷ་དང་འཐབ་པ་ལས་ལྷ་མིན་བསོད་ནམས་ཀྱི་སྟོབས་ཆུང་བས་གསོད་པ་དང་བརྡེག་པ་དང་ཡན་ལག་གཅོད་པ་དང་འདྲལ་བ་ལ་སོགས་པའི་སྡུག་བསྔལ་ཤིན་ཏུ་མང༌། ཕལ་ཆེར་ནག་ཕྱོགས་ཡིན་པས་ཆོས་ལ་མི་དགའ། འགའ་ཞིག་མོས་སུ་ཆུག་ཀྱང་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པས་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་སྐལ་པ་མེད་དོ། །

གསུམ་པ་ལྷའི་སྡུག་བསྔལ་བསམ་པ།

གསུམ་པ་ལྷའི་སྡུག་བསྔལ་བསམ་པ་ནི།

འདོད་པའི་ཁམས་ཀྱི་ལྷར་སྐྱེས་ན་སྡུག་བསྔལ་བ་སྟེ་འདོད་ཡོན་ལ་བག་མེད་པར་སྤྱད་པས་ཚེ་ཟད་དུ་འགྲོ་བ་མ་གོ་བར་ཟད། གཞན་ཡང་ལྷ་དབང་ཆུང་བ་རྣམས་དབང་ཆེ་བས་གནས་ནས་བསྐྲད་པས་སྡུག་བསྔལ། བསོད་ནམས་ཆུང་བ་འགའ་ཞིག་པི་ཝང་རེ་ཙམ་མ་གཏོགས་ཡོ་བྱད་གང་ཡང་མེད་པས་ཤིན་ཏུ་འཕོངས་བའང་ཡོད། དེ་དག་གིས་ལྷ་གཞན་འབྱོར་པ་ཆེན་པོ་རྣམས་མཐོང་བ་ན། རང་གི་བསོད་ནམས་ལ་ཡི་ཆད་པའི་སེམས་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད། ཁྱད་པར་རྒྱལ་ཆེན་བཞིའི་རིགས་དང་སུམ་ཅུ་རྩ་གསུམ་པའི་གནས་ན་ལྷ་མ་ཡིན་དང་འཐབ་པའི་སྡུག་བསྔལ་ཤིན་ཏུ་ཆེ། འདོད་ཁམས་ཀྱི་ལྷ་ཐམས་ཅད་ལ་ཐུན་མོང་དུ་འཆི་འཕོ་བ་དང་ལྟུང་བའི་སྡུག་བསྔལ་ཞེས་བྱ་བ་ཡོད་དེ། དེ་ལ་ལྷ་རྣམས་འཆི་བའི་སྔོན་རོལ་ཞག་བདུན་ནས་འཆི་ལྟས་ལྔ་འབྱུང་བ་སྟེ། ལུས་ཀྱི་ཁ་དོག་མི་སྡུག་བར་འགྱུར་བ་དང༌། ཡིད་སྐྱོ་ཞིང་སྟན་ལ་མི་དགའ་བ་དང་མེ་ཏོག་གི་ཕྲེང་བའི་རྒྱན་རྣམས་རྙིང་པ་དང༌། གོས་ལ་དྲི་མ་ནག་པོ་ཆགས་པ་དང༌། ལུས་ལས་རྔུལ་འབྱུང་བ་རྣམས་སོ། །དེ་རྣམས་བྱུང་བ་ན་རང་རང་གི་གཡོག་དང་གྲོགས་ཕོ་མོ་རྣམས་ཀྱིས་ཀྱང་སྤངས་ཏེ། ལྷ་གཞན་གྱི་དྲུང་དུ་འགྲོ་ལ། ལྷའི་འདོད་ཡོན་ལ་ནི་ཆགས་ཀྱང་དབང་མེད་དུ་འབྲལ་བར་ཤེས། ཟློག་ཐབས་ནི་མེད། རྔ་མོ་རྟེའུ་སྟོར་བ་ལྟ་བུ་དང༌། ཀླུ་ནམ་མཁའ་ལྡིང་གིས་ཁྱེར་བ་ལྟ་བུ་དང༌། ཉ་བྱེ་ཚན་ལ་བསྒྲེས་པ་ལྟ་བུ་དང༌། རྒྱ་མཚོ་ཆེན་པོའི་དབུས་སུ་གྲུ་ཞིག་པ་ལྟ་བུའི་སྡུག་བསྔལ་འབྱུང༌། དུས་རིང་ཐུང་ནི་ལྷའི་ཞག་བདུན་ཡིན་ན་ཐུང་ཤོས་རྒྱལ་ཆེན་བཞིའི་རིགས་ཀྱི་དབང་དུ་བྱས་ཀྱང་མི་ལོ་ཕྱེད་དང་བཞི་བརྒྱ་ཡིན། དོས་ནི་དྲག ཡུན་ནི་རིང༌། ལྟུང་བའི་སྡུག་བསྔལ་བྱ་བ་ལྷ་རྣམས་ཤི་བའི་འོག་ཏུ་ལྷར་སྐྱེ་བ་ནི་སྲིད་མཐའ་ཙམ། མིར་སྐྱེ་བ་ཡང་ཤིན་ཏུ་ཉུང༌། ཕར་ཆེར་ངན་སོང་དུ་སྐྱེ་བ་ཡིན། ཇི་སྐད་དུ། ལྷ་ཡི་འཇིག་རྟེན་དག་ནས་འཕོས་བ་ལ། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང༌། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །ཞེས་གསུངས། ལྷ་རྣམས་ཀྱི་མངོན་ཤེས་འོག་ཏུ་འཇུག་པས་འཆི་ཁར་གང་དུ་སྐྱེ་བ་ལེན་པ་ཤེས་ནས་མིར་སྐྱེ་ནའང་འདོད་ཡོན་གྱིས་མིག་མི་ཁེངས་ཤིང༌། སྡུག་བསྔལ་མང་པོ་ཅན་དུ་མཐོང༌། གལ་ཏེ་ངན་སོང་གསུམ་དུ་སྐྱེ་ན། དེའི་སྡུག་བསྔལ་མྱོང་དགོས་པར་ཤེས་ནས་སེམས་ཀྱི་སྡུག་བསྔལ་ལ་བཟོད་གླགས་མེད་པ་འབྱུང་བ་ཡིན་ཏེ། ངན་སོང་གསུམ་གྱི་ལུས་ཀྱི་སྡུག་བསྔལ་བས་དེའི་སེམས་ཀྱི་སྡུག་བསྔལ་ཆེ་བ་ཡོད་སྙམ་དུ་བསྒོམ་པར་བྱའོ། །ཁམས་གོང་མའི་ལྷར་སྐྱེས་ན་བདེ་བ་ཡོད་དམ་སྙམ་ན། དེར་ཡང་བདེ་བ་མེད་དེ། ཁམས་གོང་མ་དེ་དག་ན། སོ་སོ་སྐྱེ་བོས་ལྟས་ན་སྡུག་བསྔལ་མངོན་འགྱུར་བ་མེད་ཀྱང་འཕགས་པས་གཟིགས་ན་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་རང་བཞིན་ལས་མ་འདས་པ་དང༌། ཏིང་ངེ་འཛིན་གྱིས་མྱོས་པ་ལྟར་གྱུར་པས་སོ་སོ་སྐྱེ་བོ་རྣམས་ཡོན་ཏན་གོང་ནས་གོང་དུ་འགྲོ་བ་མེད་ཅིང༌། ཏིང་ངེ་འཛིན་གྱི་རོ་མྱང་བས་རོ་མྱང་ཅན་གྱི་ཏིང་ངེ་འཛིན་དེ་འབྲལ་མི་ཕོད་ཅིང༌། དེས་རང་རང་གི་ཏིང་ངེ་འཛིན་ཉམས་ནས་འཆི་བར་འགྱུར་བའང་ཡོད། སྒོས་སུ་དེ་ན་གནས་པའི་འགྲོ་བ་སོ་སོ་སྐྱེ་བོ་ཐམས་ཅད་སྔོན་གྱི་ལས་ཀྱིས་འཕེན་པ་ཟད་པ་ན། སླར་ཡང་འདོད་པའི་ཁམས་སུ་སྐྱེ་བ་ལེན་ཏེ། སྔོན་མིའི་རྟེན་ལ་འཇིག་རྟེན་པའི་ཏིང་ངེ་འཛིན་བསྒོམས་པའི་སྐབས་དང༌། སྐབས་དེར་བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་ཉམས་བདེ་བདེ་འདྲ་བ་སོས་དལ་དལ་འདྲ་བར་འདུག་ཀྱང་ཡིད་བརྟན་ཅི་ཡང་མ་བྱུང་བར་སྐྱེ་བོ་ཕལ་བར་ཉམས་ཏེ། ཉོན་མོངས་དྲག་ལ་སྡུག་བསྔལ་ཆེ་བར་སོང་བ་དེ་འདྲ་བ་ལ་སྙིང་བོ་ཅི་ཡང་མེད་པར་ཤེས་པར་བྱས་ནས་བསྒོམ་པར་བྱའོ། །

གསུམ་པ་འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ།

གསུམ་པ་འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ་ནི།

དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་དང་མི་དང་ལྷ་མ་ཡིན་དང་འདོད་ཁམས་ཀྱི་ལྷ་དང་གཟུགས་དང་གཟུགས་མེད་བའི་ལྷའི་བར་དུ་སྡུག་བསྔལ་དེ་འདྲ་ན། ཁམས་གསུམ་འཁོར་བ་འདི་ཀུན་སྡུག་བསྔལ་གསུམ་མམ་དྲུག་གམ་བརྒྱད་ལ་སོགས་པ་སྡུག་བསྔལ་གྱི་རང་བཞིན་ཅན་དང༌། སྡུག་བསྔལ་གྱི་ཡོ་ལངས། སྡུག་བསྔལ་གྱི་འཁྲུལ་འཁོར། སྡུག་བསྔལ་གྱི་ཁོང་འཚངས་ཅན་དང༌། སྡུག་བསྔལ་གྱིས་ཀུན་ཏུ་བསྐོར་བ་ཡིན། སྡུག་བསྔལ་མེ་ལྟར་འབར། ཆུ་ལྟར་འཁྲུགས། རླུང་ལྟར་གཡེངས། རི་ལྟར་ནོན་པ་ཡིན་པ་ལས་མ་འདས་པས། མེའི་འོབས་ལྟ་བུ། སྲིན་མོའི་གླིང་ལྟ་བུ། རྒྱ་མཚོའི་ཀློང་ལྟ་བུ། མཚོ་ཆའི་རྩེ་ལྟ་བུ། མི་གཙང་བའི་འདམས་ལྟར་བདེ་བའི་གོ་སྐབས་ཅུང་ཟད་མེད་པར་གནས་གང་དུ་གནས་ཀྱང་སྡུག་བསྔལ་གྱི་གནས། ལུས་ཅི་འདྲ་བླངས་ཀྱང་སྡུག་བསྔལ་གྱི་ལུས། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ལོངས་སྤྱོད་ཅི་ལ་ལོངས་སྤྱད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་ཡིན་ཏེ། མདོ་དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུས་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཤིང་རྩོད་པས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་མོ་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང༌། རྗེ་བཙུན་བྱམས་པས། འགྲོ་ལྔ་དག་ན་བདེ་བ་མེད། །མི་གཙང་ཁང་བར་དྲི་ཞིམ་མེད། །ཅེས་དང༌། ཨོ་རྒྱན་ཆེན་པོས། འཁོར་བ་འདི་ལ་ཁབ་གྱི་རྩེ་ཙམ་ཡང༌། །བདེ་བ་ནམ་ཡང་ཡོད་མ་ཡིན་ཞེས་གསུངས། །ཅུང་ཟད་བདེ་ཡང་འགྱུར་བའི་སྡུག་བསྔལ་ཡོད། །ཅེས་གསུངས་སོ། །སྡུག་བསྔལ་དེ་ཡང་རྣམ་པ་གསུམ་སྟེ། ༡ སྡུག་བསྔལ་གྱི་སྡུགབསྔལ་ཞེས་བྱ་བ། ཚ་གྲང་ནད་ལ་སོགས་པ་ཚོར་བ་སྡུག་བསྔལ་ཐམས་ཅད་ཡིན། ༢ འགྱུར་བའི་སྡུག་བསྔལ་ཞེས་བྱ་བ་ཚེ་དང་ལོངས་སྤྱོད་ལ་སོགས་པ་ཐ་ན་བསམ་གཏན་གྱི་བདེ་བ་ཚུན་ཆད་དེ་ཟག་བཅས་ཀྱི་ཚོར་བ་བདེ་བ་ཐམས་ཅད་ཡིན། དེ་ཡང་འཁོར་བསྒྱུར་གྱི་མངའ་ཐང་ལོངས་སྤྱོད་ཀྱི་བདེ་བ་ལ་སོགས་པ་མིའི་བདེ་བ་དང༌། བསམ་གཏན་གསུམ་པ་མན་ཆད་ཀྱི་ལྷའི་བདེ་བ་ལ་སོགས་པ་འཁོར་བའི་བདེ་བ་ཇི་སྙེད་མཆིས་པ་ཐམས་ཅད་ནི་སྡུག་བསྔལ་གྱི་རང་བཞིན་མ་ཡིན་པ་གཅིག་ཀྱང་མེད་དེ། གཟུགས་མཛེས་པ་ལ་སོགས་པ་ཚོར་བ་བདེ་བའི་དམིགས་པ་དང༌། ཚོར་བདེ་དང་མཚུངས་ལྡན་གྱི་སེམས་དང་འདུ་ཤེས་ལ་སོགས་པ་ཚོར་བ་བདེ་བའི་གྲོགས་དང༌། ཚོར་བདེའི་བདག་རྐྱེན་མིག་དབང་ལ་སོགས་པ་ཚོར་བ་བདེ་བའི་རྟེན་དང༌། ཟག་བཅས་ཀྱི་ཚོར་བ་བདེ་བ་རང་ཉིད་དང་བཅས་པ་རྣམས་ནི། དཔེར་ན་ནད་ཚབ་པོ་ཆེ་ཞིག་གིས་བཏབ་པའི་ཚེ་རེ་ཞིག་ན་ནད་ཀྱི་གདུང་བ་ཆེན་པོ་དེ་ཞི་ནས་ནད་ཆུང་ངུ་ཙམ་ལུས་པ་དེ་ལ་བདེ་བར་སྣང་བ་ལྟར། ཡུན་རིང་པོར་དམྱལ་བའི་སྡུག་བསྔལ་ལ་སོགས་པ་སྡུག་བསྔལ་ཤུགས་དྲག་པོས་མནར་མནར་བའི་རྗེས་སུ་ལྷ་མིའི་གནས་སུ་སྐྱེ་ཚེ་སྡུག་བསྔལ་དྲག་པོ་དེ་ཞི་བའི་སྡུག་བསྔལ་ཤུགས་ཆུང་ངུ་ཞིག་མངོན་དུ་གྱུར་པ་ལ་བདེ་བར་སྣང་བ་ཡིན་གྱི་ངོ་བོ་ཉིད་ཀྱིས་བདེ་བ་མ་ཡིན་པའི་ཕྱིར་ཏེ། འཁོར་བའི་བདེ་བ་དེ་དག་རང་གི་ངོ་བོའི་སྒོ་ནས་བདེ་བ་ཡིན་ན་སྡུག་བསྔལ་གྱི་རྒྱུ་ནད་སོགས་ཅི་ཙམ་ཆེ་བ་བཞིན་དུ་སྡུག་བསྔལ་ཆེས་ཆེར་འགྲོ་བ་བཞིན། བཀྲེས་པའི་ཚེ་ཟས་ཅི་ཙམ་ཟོས་བཞིན་བདེ་བ་ཆེར་འགྲོ་བ་དང༌། གྲང་བའི་ཚེ་མེ་དང་ཉི་འོད་བསྟེན་ཅི་ཙམ་དྲགས་པ་བཞིན་བདེ་བ་ཇེ་ཆེར་འགྲོ་དགོས་ཀྱང༌། ཟས་ཧ་ཅིང་ཟོས་དྲགས་པ་དང་མེ་དང་ཉི་མའི་འོད་ཧ་ཅང་བསྟེན་དྲགས་ན་སྡུག་བསྔལ་འབྱུང་བ་ལྟ་བུ་ཡིན་པའི་ཕྱིར་རོ། །འདི་ཟས་རང་གི་ངོ་བོས་བདེ་བའི་རང་བཞིན་ཡིན་ན་ཟས་བདེ་བ་བསྟེན་པ་ཅི་ཙམ་མང་བ་བཞིན་བདེ་བའི་ཚོར་བ་ཆེས་ཆེར་འགྲོ་དགོས་པ་དང༌། དེ་ལྟར་མ་ཡིན་པ་གཉིས་ལ་ངེས་པ་དྲངས་ནས་གཞན་ཐམས་ཅད་ལ་སྦྱར་བའོ། །གཞན་ཡང་ལུས་དང་ལོངས་སྤྱོད་སྙན་གྲགས་ལ་སོགས་པ་འཁོར་བའི་བདེ་འབྱོར་ཐམས་ཅད་ཀྱིས་ནི་རང་ཉིད་རྟག་པ་དང་བརྟན་པ་དང་སྙིང་པོ་ཡོད་པ་ལྟར་དུ་བསྟེན་ནས་རང་ཅག་སོ་སྐྱེས་རྣམས་དེ་དག་ལ་ཆགས་པ་དང༌། དེའི་ཆེད་དུ་སེར་སྣ་དང་འདོད་ཆགས་དང་ང་རྒྱལ་ལ་སོགས་པ་ཉོན་མོངས་པའི་ལས་དུ་མ་གསོག་བཅུག་པའི་སྒོ་ནས་བསླུས་བསླུས་ཏེ། མཐར་རང་ཉིད་རྟག་མི་ཐུབ་པས་འགག་ཅིང་ཟད་པར་འགྱུར་བའི་རྒྱུ་ལས་མི་བཟོད་པའི་སྡུག་བསྔལ་ལ་སྦྱོར་བ་དང༌། ཅི་ཙམ་ལོངས་སྤྱོད་ཀྱང་ནམ་ཡང་ཚིམ་པ་མེད་པ་མ་ཟད་ལྷག་པར་ཡང་འདོད་པ་ཆེས་ཆེར་འཕེལ་བ་ལས་སྙིང་པོ་ཅུང་ཟད་ཀྱང་མེད་པས་སྡུག་བསྔལ་ཁོ་ནའི་རང་བཞིན་ཡིན་སྙམ་དུ་ཡང་ཡང་བསམ་པས་འཁོར་བའི་བདེ་འབྱོར་ལ་སྡུག་བསྔལ་དུ་མཐོང་ནས་ཞེན་པ་ལོག་པར་བྱའོ། །འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བྱ་བ་སྡུག་བསྔལ་དེ་གཉིས་ཀའི་གཞི་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་ཙམ་འདི་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་གནས་དང་ཞིང་ས་ཡིན། འདི་ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་ཁོ་ན་དང་ལྡན་པའི་ཚེ་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་མིང་ཐོགས་པ་ཡིན། ཁྱད་པར་དུ་སྤྱིར་འཁོར་བའི་སྡུག་བདེན་གྱི་དངོས་པོ་ཐམས་ཅད་དང༌། ལྷག་པར་ཡང་རང་རྒྱུད་ཀྱི་འཁོར་བ་ཉེར་ཕུང་འདི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དུ་སྒོམ་པར་བྱ་བ་ནི་ཤིན་ཏུ་གལ་ཆེ་བས་འདི་ལྟར་སྒོམ་པར་བྱ་སྟེ། འཁོར་བས་བསྡུས་པའི་དངོས་པོ་འདི་དག་ཐམས་ཅད་ནི་རྒྱུ་ལས་དང་ཉོན་མོངས་པས་བསྐྱེད་པ་ཁོ་ན་ཡིན་ལ་ལས་ཉོན་གཉིས་ཀྱིས་ནི་རང་གི་འབྲས་བུ་དེ་ཉོན་མོངས་པ་སྐྱེ་བའི་མཐུན་རྐྱེན་དུ་མ་གྱུར་པའི་དངོས་པོ་ཁོ་ནར་བསྐྱེད་པ་ཆོས་ཉིད་ཡིན་པས་ཉོན་མོངས་པ་སྐྱེ་བའི་རྒྱུ་མཐུན་དུ་མ་གྱུར་པའི་འཁོར་བའི་དངོས་པོ་གཅིག་ཀྱང་མེད་དེ། རང་ཅག་གི་རྒྱུད་ལ་ཉོན་མོངས་པ་མངོན་གྱུར་དུ་མེད་ཀྱང༌། གཟུགས་མཛེས་པ་དང་འཕྲད་པ་ན་དེས་འདོད་ཆགས་རང་དབང་མེད་པར་འདྲེན་པ་དང༌། མི་སྡུག་པས་ཁོང་ཁྲོ་འདྲེན་པ་དང༌། ལོངས་སྤྱོད་ཀྱིས་སེར་སྣ་དང་བརྣབ་སེམས་རང་དབང་མེད་པར་བསྐྱེད་པ་ལ་སོགས་པ་འཁོར་བའི་དངོས་པོ་ཐམས་ཅད་ནི་ཉོན་མོངས་པ་དབང་མེད་དུ་འདྲེན་པའི་མཐུན་རྐྱེན་མ་ཡིན་པ་གཅིག་ཀྱང་མེད། ཉོན་མོངས་པས་ནི་འཁོར་བའི་སྡུག་བསྔལ་མི་བཟད་པ་ཡང་ཡང་བསྐྱེད་ཅིང་འཁོར་བའི་སྡུག་བསྔལ་ལས་ནམ་ཡང་མི་ཐར་བ་དང༌། ཐར་བའི་སྲོག་རྩ་བཅད་དེ་བདེ་བའི་གོ་སྐབས་ནམ་ཡང་མེད་པར་བྱེད། དེས་ན་ལས་ཉོན་གྱིས་བསྐྱེད་པའི་སྡུག་བདེན་གྱི་དངོས་པོ་འདི་ནི་ཉོན་མོངས་པ་དང་མཐུན་པའི་སྒོ་ནས་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ཡིན་སྙམ་དུ་བསམ། གཞན་ཡང་འདུས་བྱས་མི་རྟག་པ་ཡིན་ན་རང་ཉིད་མི་རྟག་པའི་སྒོ་ནས་སྡུག་བསྔལ་ཕྱི་མ་ལ་སྦྱོར་བས་ཁྱབ་པ་མེད་ཀྱང་ལས་ཉོན་གྱིས་བསྐྱེད་པའི་ཟག་བཅས་ཀྱི་དངོས་པོ་རྣམས་ནི་རང་རྒྱུ་ལས་ཉོན་གྱིས་སྐད་ཅིག་ནས་འཇིག་པའི་དངོས་པོར་ཡང་བསྐྱེད། རང་ཉིད་ཞིག་པའི་རྗེས་སུ་སྡུག་བསྔལ་ཕྱི་མ་སྐྱེད་བྱེད་དུ་ཡང་བསྐྱེད་པས་ཟག་བཅས་སྡུག་བདེན་གྱི་དངོས་པོ་འདི་དག་ནི། དཔེར་ན་མིའི་ཉེར་ཕུང་འདི་རྟག་ན་དམྱལ་བའི་སྡུགབསྔལ་སོགས་ཕྱི་མའི་སྡུག་བསྔལ་རྣམས་འབྱུང་མི་དགོས་ཀྱང་དེ་མི་རྟག་པའི་རྒྱུ་ལས་དམྱལ་བ་ལ་སོགས་པ་ཕྱི་མའི་སྡུག་བསྔལ་དུ་མ་རིམ་གྱིས་འབྱུང་བ་བཞིན་དུ་རང་ཉིད་ཀྱི་ངོ་བོ་རྟག་མི་ཐུབ་པའི་དབང་གིས་འཁོར་བ་ཐོག་མེད་ནས་ཐ་མའི་བར་དུ་སྡུག་བསྔལ་འདི་མ་མྱོང་བྱ་བ་གཅིག་ཀྱང་མེད་པར་མྱོང་བ་ཡིན་ལ། དེ་བཞིན་དུ་དཔེར་ན་ལོངས་སྤྱོད་དང་འདོད་ཡོན་གྱི་རྒྱུ་ལས་འདོད་ཆགས་ཀྱི་ལས་བསགས་པས་དམྱལ་བའམ་ཡི་དྭགས་སུ་སྐྱེ་བ་ལ་སོགས་པ་ཚེ་ཕྱི་མའི་སྡུག་བསྔལ་དུ་མ་དང༌། འདོད་ཡོན་དང་ལོངས་སྤྱོད་སྒྲུབ་པའི་སྡུག་བསྔལ། དེ་དང་བྲལ་བའི་སྡུག་བསྔལ། དེ་ལ་བརྟེན་ནས་དགྲས་བཅོམ་པ་དང༌། ནད་ཕོག་པ་ལ་སོགས་པ་ཚེ་འདིའི་སྡུག་བསྔལ་དཔག་ཏུ་མེད་པ་འབྱུང་བ་ལ་སོགས་པ་འདི་ཕྱིའི་སྡུག་བསྔལ་དུ་མའི་གནས་སུ་མ་གྱུར་པའི་འཁོར་བའི་ཆོས་གཅིག་ཀྱང་མེད་དེ། གཟུགས་མེད་ཀྱི་ཉེར་ཕུང་མི་རྟག་པའི་རྒྱུ་ལས་དམྱལ་བའི་སྡུག་བསྔལ་ལ་སོགས་པ་ཕྱི་མའི་སྡུག་བསྔལ་གྲངས་མེད་པ་འབྱུང་བ་བཞིན། རང་ཉིད་མི་རྟག་པའི་རྒྱུ་ལས་རྒྱུན་ཕྱི་མའི་སྡུག་བསྔལ་དུ་མས་མི་སྦྱོར་བའི་ཆོས་གཅིག་ཀྱང་མེད་པའི་ཕྱིར་རོ། །དེས་ན་ལས་ཉོན་གྱིས་བསྐྱེད་པའི་སྡུག་བདེན་འདི་དག་ནི་རང་གི་ངོ་བོ་མི་རྟག་པ་ཡིན་པའི་སྒོ་ནས་སྡུག་བསྔལ་བའི་རང་བཞིན་ཀྱང་ཡིན་སྙམ་དུ་བསམ། གཞན་ཡང་རང་ཅག་གི་ལུས་འདི་ལས་ཉོན་གྱིས་ནད་འབྱུང་བ་དང༌། རྒས་པར་འགྱུར་བ་དང༌། འཆི་བར་འགྱུར་བ་དང༌། བཀྲེས་སྐོམ་གྱི་སྡུག་བསྔལ་འབྱུང་བ་ཅན་སོགས་སུ་བསྐྱེད་པས་ནད་མི་འབྱུང་བ་དང༌། རྒས་པར་མི་འགྱུར་བ་སོགས་སུ་ཅི་དགར་བསྒྱུར་དུ་མེད་པའི་ལས་ཉོན་གྱི་གཞན་དབང་ཅན་ཡིན་པ་དང༌། རང་ཅག་གི་སེམས་འདི་ཡང་ལས་དང་ཉོན་མོངས་པས་ཆགས་སྡང་སོགས་ཉོན་མོངས་པའི་རྗེས་སུ་འཇུག་པ་ཅན་དང༌། ཚ་གྲང་ལ་སོགས་པའི་སྡུག་བསྔལ་མྱོང་བ་ཅན་དང༌། སྡུག་བསྔལ་མཐའ་དག་གི་རྩ་བ་ཉོན་མོངས་པའི་བག་ཆགས་མཐའ་དག་འཛིན་པ་ཅན་སོགས་སུ་བསྐྱེད་པས་སེམས་ཉོན་མོངས་པའི་རྗེས་སུ་མི་འཇུག་པ་དང༌། ཚ་གྲང་ལ་སོགས་པའི་སྡུལ་བསྔལ་མི་མྱོང་བ་སོགས་སུ་ཅི་དགར་བསྒྱུར་དུ་མེད་པའི་ལས་ཉོན་གྱི་གཞན་དབང་ཅན་ཡིན་པ་དང༌། ཕྱི་རོལ་གྱི་དངོས་པོ་རྣམས་ཀྱང་ལས་ཉོན་གྱིས་མཛེས་པ་ཐམས་ཅད་འདོད་ཆགས་དང༌། མི་སྡུག་པ་རྣམས་ཞེ་སྡང་དང༌། བར་མ་རྣམས་བདེན་འཛིན་བསྐྱེད་པའི་མཐུན་རྐྱེན་དུ་འགྱུར་བ་དང༌། ལོངས་སྤྱོད་རྣམས་སེར་སྣ་དང༌། གཡོ་སྒྱུ་ལ་སོགས་པ་དང༌། ཚ་རེག་གྲང་རེག་དག་ཚ་གྲང་གི་སྡུག་བསྔལ་སྐྱེད་བྱེད་དུ་བསྐྱེད་པ་ལ་སོགས་པ་ཉོན་མོངས་སྐྱེད་པའི་མཐུན་རྐྱེན་དུ་མ་བསྐྱེད་པ་གཅིག་ཀྱང་མེད་པས་མཛེས་པའི་དངོས་པོ་ཐམས་ཅད་འདོད་ཆགས་ཀྱི་རྒྱུར་མི་འགྱུར་བ་ལ་སོགས་པ་དང༌། ཚ་རེག་རྣམས་ཚ་བའི་སྡུག་བསྔལ་གྱི་རྒྱུར་མི་འགྱུར་བ་སོགས་སུ་ཅི་དགར་བསྒྱུར་དུ་མེད་པའི་ལས་ཉོན་གྱི་གཞན་དབང་ཅན་ནོ། །དེས་ན་ལས་ཉོན་གྱིས་བསྐྱེད་པའི་སྡུག་བདེན་འདི་དག་ནི་ལས་ཉོན་གྱི་གཞན་དབང་ཅན་ཡིན་པའི་སྒོ་ནས་ཀྱང་སྡུག་བསྔལ་བའོ་སྙམ་དུ་བསམ། ཁྱད་པར་དུ་རང་གི་ལུས་སེམས་གཉིས་ཀྱི་སྟེང་དུ་སྦྱར་ནས་བསམ་པར་བྱ་སྟེ། རང་རྒྱུད་ཀྱི་ཟག་བཅས་ཀྱི་ལུས་འདི་མེད་ན་ལུས་འདི་ལ་བརྟེན་ནས་བྱུང་བའི་འདི་ཕྱིའི་སྡུག་བསྔལ་གང་ཡང་མི་འབྱུང་བ་ཡིན་པ་ལ། ལུས་འདི་ལ་བརྟེན་ནས་ནད་སྣ་ཚོགས་ཀྱི་སྡུག་བསྔལ། ཚ་གྲང་དང་བཀྲེས་སྐོམ་གྱི་སྡུག་བསྔལ། རྒས་པའི་སྡུག་བསྔལ། འཆི་བའི་སྡུག་བསྔལ་ལ་སོགས་པ་ཚེ་འདིའི་སྡུག་བསྔལ་མཐའ་ཡས་པ་དང༌། ལུས་གསོ་བའི་ཆེད་དུ་སྲོག་གཅོད། མ་བྱིན་པ་ལེན་པ་ལ་སོགས་པ་མི་དགེ་བའི་ལས་དུ་མ་བསགས་པ་དང༌། ལུས་ལ་ཆགས་པའི་འདོད་ཆགས་དང༌། ལུས་ཀྱི་སྒོ་ནས་ང་རྒྱལ་དང༌། ལུས་འདི་ལ་གནོད་པ་ལ་ཁོང་ཁྲོ་བ་ལ་སོགས་པ་ལུས་ལ་བརྟེན་ནས་ཉོན་མོངས་པ་སྣ་ཚོགས་སྐྱེ། ཉོན་མོངས་པས་ལས་བསགས། ལས་ཉོན་གཉིས་ཀྱིས་ཚེ་ཕྱི་མའི་སྡུག་བསྔལ་མཐའ་ཡས་པ་བསྐྱེད་པ་དང༌།རང་གི་སེམས་འདིས་ནི་ནད་དང་བཀྲེས་སྐོམ་ལ་སོགས་པ་མི་འདོད་པའི་དངོས་པོ་ཐོག་ཏུ་བྱུང་བ་ན་དེ་ལ་ཉེར་ལེན་བྱེད་པའི་སྒོ་ནས་ཚེ་འདིར་ཡང་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་དང༌། སེམས་འདིས་ཉོན་མོངས་པ་དང་འཁོར་བར་འཕེན་པའི་ལས་བརྒྱ་ཕྲག་གི་བག་ཆགས་ཐམས་ཅད་མི་གཏོང་བར་དམ་དུ་འཛིན་པའི་སྒོ་ནས་ཚེ་ཕྱི་མའི་སྡུག་བསྔལ་མཐའ་ཡས་པ་ལ་སྦྱོར་བ་དང༌། ལྷག་པར་ཡང་རང་རྒྱུད་ཀྱི་ཟག་བཅས་ཀྱི་ཕུང་པོ་ལྔ་པོ་འདི་མེད་ན་ཕྱི་མའི་འཁོར་བའི་ཉེར་ལེན་མེད་པས་འཁོར་བར་གཏན་ནས་སྐྱེ་མི་དགོས་པ་ཡིན་པ་ལ། ད་ལྟའི་ཉེར་ཕུང་འདིས་ཚེ་ཕྱི་མའིའཁོར་བ་ཐམས་ཅད་ཀྱི་རྒྱུན་བཟུང་བ་དང་ཉེར་ལེན་གྱི་རྒྱུ་བྱེད་པའི་སྒོ་ནས་ཚེ་ཕྱི་མའི་འཁོར་བ་དང་འཁོར་བའི་སྡུག་བསྔལ་མཐའ་ཡས་པ་རྣམས་རིམ་པ་བཞིན་བསྐྱེད་པས་ན། རང་རྒྱུད་ཀྱི་འཁོར་བའམ་ལུས་སེམས་གཉིས་པོ་འདི་ནི་དམྱལ་བ་མནར་མེད་ཀྱི་སྡུག་བསྔལ་ལས་ཀྱང་གནོད་ཚབས་ཆེ་བའི་སྡུག་བསྔལ་གྱི་དངོས་པོ་ཡིན་ཏེ། དམྱལ་བ་མནར་མེད་ཀྱི་སྡུག་བསྔལ་གྱིས་ལན་འགའ་རེ་ལས་རྒྱུན་མི་ཆད་པར་སྡུག་བསྔལ་མྱོང་བར་མི་བྱེད། རང་རྒྱུད་ཀྱི་འཁོར་བ་འདིས་ནི་ཐོག་མ་མེད་པའི་དུས་ནས་མཐར་འཁོར་བ་འདི་མ་སྤང་བར་དུ་སྡུག་བསྔལ་ལ་མི་སྦྱོར་བའི་དུས་སྐབས་སྐད་ཅིག་ཀྱང་མེད་སྙམ་པ་སོགས་ཡང་ཡང་བསྒོམས་པས་སྤྱིར་འཁོར་བ་ཐམས་ཅད་དང༌།ཁྱད་པར་དུ་རང་རྒྱུད་ཀྱི་འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་འཇིགས་སྐྲག་ཤུགས་དྲག་པོ་དང༌། ཞེན་ལོག་གི་བསམ་པ་བསྐྱེད་པར་བྱའོ། །འདུ་བྱེད་ཀྱི་སྡུག་བསྔལ་འདི་ལས་མ་ཐར་ན་གཞན་གཉིས་ལས་ཐར་བ་མེད་པས་ཅིས་ཀྱང་སྡུག་བསྔལ་གསུམ་ལས་ཐར་བར་བྱ་སྙམ་དུ་བསྒོམ་པར་བྱའོ། །གོང་དུ་བཤད་པ་ལྟར་༡སྐྱེ་བ་སྡུག་བསྔལ། ༢ རྒས་པ་སྡུག་བསྔལ། ༣ ན་བ་སྡུག་བསྔལ། ༤ འཆི་བ་སྡུག་བསྔལ། ༥ མི་སྡུག་པ་དང་ཕྲད་པས་སྡུག་བསྔལ། ༦ སྡུག་པ་དང་བྲལ་བས་སྡུག་བསྔལ། ༧ འདོད་པ་བཙལ་གྱིས་མ་རྙེད་པས་སྡུག་བསྔལ། ༨ ཕུང་པོ་རང་ཉིད་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པར་ཤེས་པར་བྱས་ནས། ཁམས་གསུམ་འཁོར་བ་ཐམས་ཅད་སྡུག་བསྔལ་བརྒྱད་ཀྱི་ངོ་བོ་ཡིན་སྙམ་དུ་བསྒོམ་པར་བྱའོ། །ཡང་འཁོར་བ་འདི་ལ་སྡུག་བསྔལ་རྣམ་གྲངས་དྲུག་ཅེས་བྱ་བ་ཡོད་དེ། དང་པོ་ངེས་པ་མེད་པས་སྡུག་བསྔལ་བའི་ཉེས་པ་ནི། དགྲ་གཉེན་དང་ཕ་བུ་དང༌། གནས་ལུས་ལོངས་སྤྱོད་ཐམས་ཅད་མ་ངེས་པ་ཁོ་ནར་འགྲོ་བ་སྟེ། ཇི་སྐད་དུ། ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་པ་ཡང་བཤེས་ཉིད་དང༌། །ལྡོག་པ་ཉིད་དུ་མཆི་བས་དེ་སླད་དུ། །འཁོར་བ་དག་ན་ངེས་པ་འགའ་མ་མཆིས། །ཞེས་གསུངས་པ་ལྟ་བུའོ། །

གཉིས་པ་ངོམས་མི་ཤེས་པའི་ཉེས་པ།

གཉིས་པ་ངོམས་མི་ཤེས་པའི་ཉེས་པ་ནི།

འདོད་ཡོན་ཇི་ཙམ་སྤྱད་ཀྱང་ངོམས་པ་མེད། སྡུག་བསྔལ་ཇི་ཙམ་མྱོང་ཡང་སུན་རྒྱུ་མེད་པའོ། །མྱ་ངན་བསལ་བ་ལས། ཡང་དང་ཡང་དུ་དམྱལ་བ་ན། །ཟངས་ཞུན་བསྐོལ་བ་གང་འཐུངས་པ། །རྒྱ་མཚོའི་ནང་གི་ཆུ་ལ་ཡང༌། །དེ་ཡི་ཚད་ཙམ་ཡོད་མ་ཡིན། །ཁྱི་དང་ཕག་ཏུ་གྱུར་པ་ན། །མི་གཙང་པ་ནི་གང་ཟོས་པ། །རི་ཡི་རྒྱལ་པོ་ལྷུན་པོ་ཡི། །ཚད་ལས་ཤིན་ཏུ་ལྷག་པར་འགྱུར། ། ཞེས་སོགས་གསུངས་སོ། །

གསུམ་པ་ལུས་ཡང་ཡང་འདོར་བའི་ཉེས་པ།

གསུམ་པ་ལུས་ཡང་ཡང་འདོར་བའི་ཉེས་པ་ནི།

ཡང་ཡང་འཆི་བ་མྱོང་དགོས་པ་སྟེ། རེ་རེས་བདག་ཉིད་རུས་པའི་ཕུང་པོ་ནི། །ལྷུན་པོ་མཉམ་པ་རྙེད་ཅིག་འདས་གྱུར་ཏེ། །ཞེས་གསུངས་སོ། །བཞི་བ་ཡང་ཡང་ཉིང་མཚམས་སྦྱོར་བའི་ཉེས་པ་ནི། སྐྱེ་བ་མཐའ་མེད་པ་ལེན་དགོས་པ་སྟེ། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རི་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་སོ། །ལྔ་པ་ཡང་ཡང་མཐོ་དམན་དུ་འགྱུར་བའི་ཉེས་པ་ནི། བརྒྱ་བྱིན་དུ་གྱུར་ཀྱང་ས་སྟེང་ཏུ་ལྷུང༌། འཁོར་ལོས་སྒྱུར་རྒྱལ་དུ་གྱུར་ཀྱང་བྲན་གྱི་ཐ་མར་སྐྱེ། ཚེ་གཅིག་པོ་དེ་ཉིད་ལ་ཡང་བདེ་སྡུག་མཐོ་དམན་འབྱོར་རྒུད་གང་ལ་ཡང་ཡིད་བརྟན་ཅུང་ཟད་ཀྱང་མེད་པ་སྟེ། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང༌། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང༌། །འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང༌། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །མཐོ་རིས་བུ་མོའི་ནུ་མ་རྐེད་པ་ལ། །རེག་པས་བདེ་བ་ཡུན་རིང་མྱོང་ནས་སླར། །དམྱལ་བར་འཐག་གཅོད་དབྲད་པའི་འཁྲུལ་འཁོར་གྱི། །རེག་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་གསུངས་སོ། །དྲུག་པ་གཅིག་པུར་གྲོགས་མེད་པས་སྡུག་བསྔལ་བའི་ཉེས་པ་ནི། སྐྱེ་ན་ཡང་གཅིག་པུར་སྐྱེ། འཆི་ན་ཡང་གཅིག་པུར་འཆི། རྒས་པ་དང་ན་བ་ཡང་གཅིག་པུར་མྱོང༌། བར་དོར་འགྲོ་བ་ཡང་གཅིག་པུར་འགྲོ་དགོས་ན། འགྲོགས་བཤེས་མཛའ་བ་ཐམས་ཅད་སྙིང་པོ་མེད་པའོ། །དེ་ལྟར་ན་འཁོར་བ་ཐམས་ཅད་སྡུག་བསྔལ་དྲུག་གི་རང་བཞིན་གྱི་སྡུག་བསྔལ་ཏེ། ཡ་གི་སྲིད་པའི་རྩེ་མོར་སྐྱེས་ཀྱང་མནར་མེད་ཀྱི་འགྲམ་རྡོར་འགྲོ་བ་ལ་ཚེགས་མེད། སྡུག་བསྔལ་ཡང་ལ་ཡང་བསྲངས་ཁོ་ན་ཡིན། ཁང་བ་མེ་འབར་བའི་ནང་དུ་ཚུད་པ་དང་འདྲ། ཚོང་བ་སྲིན་མོའི་གླིང་དུ་ཚུད་པ་དང་འདྲ། འབྲོག་དགོན་ལམ་མེད་པར་འཁྱམས་པ་དང་འདྲ་བས། ཅིས་ཀྱང་མྱུར་དུ་འདི་ལས་ཐར་བར་བྱ་སྙམ་དུ་ཡང་ཡང་བསམ་པར་བྱའོ། །དེ་ལྟར་སྡུག་བསྔལ་བ་ལེགས་པར་ཤེས་ནས་དེ་འདོར་བ་ལ་རྒྱུ་ཀུན་འབྱུང་བདེན་པ་སྤང་བར་བྱ་དགོས། ཀུན་འབྱུང་བདེན་པ་ནི་ཉོན་མོངས་པ་དང་དེའི་དབང་གི་བྱུང་བའི་ལས་གཉིས་ཡིན་ནོ། །དེས་ན་མདོ་ལས། སྡུག་བསྔལ་ཤེས་པར་བྱའོ། །ཀུན་འབྱུང་སྤང་བར་བྱའོ། །ཞེས་གསུངས་པའི་ཉམས་ལེན་གྱི་རིམ་པ་ཤེས་པར་བྱའོ། །

ལས་རྒྱུ་འབྲས་བསམ་པ།།

ལས་རྒྱུ་འབྲས་བསམ་པ།

བཞི་བ་ལས་རྒྱུ་འབྲས་བསམ་པ་ནི། ལས་འབྲས་སྤྱིར་བསམ་པ་དང༌། བྱེ་བྲག་ཏུ་བསམ་པའོ། །དང་པོ་ནི། ལས་དཀར་པོ་དགེ་བ་ལས་འབྲས་བུ་བདེ་བ་ཁོ་ན་འབྱུང༌། ལས་ནག་པོ་སྡིག་པ་ལས་འབྲས་བུ་སྡུག་བསྔལ་ཁོ་ན་འབྱུང་སྟེ། བླང་དོར་རབ་གསལ་ལས། མི་དགེ་བ་ལས་སྡུག་བསྔལ་ཐམས་ཅད་དང༌། །ཁྱད་པར་ངན་འགྲོའི་གནོད་པ་ཐམས་ཅད་འབྱུང༌། །དགེ་བ་ལས་ནི་བདེ་འགྲོ་ཐམས་ཅད་དང༌། །རྣམ་པ་ཀུན་ཏུ་བདེ་ཆེན་ཐོབ་པར་གསུངས། །ཞེས་གསུངས་སོ། །དེས་ན་དཀར་ནག་ལས་འབྲས་སོ་སོར་ངེས་པས་ཀྱང་སྤང་བླང་བྱེད་དགོས། ལས་དགེ་སྡིག་གང་ཡིན་ཡང་རུང༌། རྒྱུ་ལས་ཀྱི་དུས་ན་ཆུང་ངུ་ལས་མེད་ཀྱང་འབྲས་བུ་རྣམ་སྨིན་གྱི་དུས་ན་འཕེལ་ཆེ་སྟེ། འགྱུར་ཆུང་ཤོས་རང་ལ་ཡང་བརྒྱ་འགྱུར་སྟོང་འགྱུར་དུ་འཕེལ། འགྱུར་ཆེ་བ་ལ་ཚད་བཟུང་དུ་མེད་པས་སྤང་བླང་གལ་ཆེ། མདོ་སྡེ་ལས་བརྒྱ་བ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་དེ་ཉིད་སྨིན་པར་འགྱུར། །ཞེས་དང༌། བླང་དོར་རབ་གསལ་ལས། ལས་ཀྱི་བག་ཆགས་སྣ་ཚོགས་ཀུན་གཞི་ལ། །གནས་པ་བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །རྐྱེན་རྣམས་འཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་རིམ་པ་བཞིན་དུ་སྨིན་པར་གསུངས། །ཞེས་དང༌། རྒྱལ་བོ་ལ་གདམས་པའི་མདོ་ལས། །དུས་ཀྱི་ཉེན་ཏེ་རྒྱལ་བོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་བཤེས་རྣམས་རྗེས་མི་འབྲངས། ། སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང༌། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང༌། །ཞེས་གསུངས་པ་ལྟར་རང་གིས་བྱས་པའི་ལས་དཀར་ནག་རྣམས་ནི་གཉེན་པོས་མ་བཅོམ་ན། འབྲས་བུ་མ་སྨིན་གྱི་བར་དུ་ཆུད་འཛའ་བ་མི་སྲིད། སྤྱི་རྒྱུ་དང་འབྲས་བུ་གཉིས་ལས་འབྲས་བུ་ཆེ་བ་ཡིན་ལ། དེས་ན་སྡིག་པ་ཆུང་ངུ་ལས་འབྲས་བུ་སྡུག་བསྔལ་ཆེན་པོ་བསྐྱེད་པ་དང་དགེ་སྡིག་གང་ཡིན་ཡང་ཆུང་ངུ་མང་དུ་བསགས་ན་ཆེན་པོར་འགྱུར་བ་ཡིན་ཏེ། མདོ་མཛང་བླུན་ལས། སྡིག་པ་ཆུང་ངུ་དག་ལ་ཡང༌། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་མདག་ཆུང་ངུ་དག་གིས་ཀྱང༌། །རྩྭ་ཕུང་རི་ཙམ་སྲེག་པར་བྱེད། །ཅེས་དང༌། དགེ་བ་ཆུང་ངུ་དག་ལ་ཡང༌། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་བསགས་པ་ཡིས། །སྣོད་ཆེན་རིམ་གྱིས་གང་བར་འགྱུར། །ཞེས་གསུངས་སོ། །རང་གིས་མ་བྱས་ན་ལས་དཀར་ནག་གང་ཡང་རང་རྒྱུད་ལ་འབྱུང་བ་མི་སྲིད་པས། རང་ཉིད་བླང་དོར་གྱི་གནས་ལ་གཟབ་པ་གལ་ཆེ་སྙམ་དུ་བསྒོམ་པར་བྱའོ། །

གཉིས་པ་སོ་སོར་བསྒོམ་པ།

གཉིས་པ་སོ་སོར་བསྒོམ་པ་ལ།

ནག་པོའི་རྒྱུ་འབྲས་བསམ་པ་དང༌། དཀར་པོའི་རྒྱུ་འབྲས་བསམ་པ་དང་གཉིས་ལས། དང་བོ་ནི་འདི་ལྟར་ངན་སོང་གསུམ་དང༌། མཐོ་རིས་ཀྱི་སྡུག་བསྔལ་ཐམས་ཅད་ཀྱང་རྒྱུ་མེད་རྐྱེན་མེད་པ་ལས་བྱུང་བ་མ་ཡིན། རྒྱུ་མི་དགེ་བའི་ལས་ལས་བྱུང་ངོ་སྙམ་དུ་དམིགས་པའི་གཞི་བཅས་ནས་མི་དགེ་བ་དེ་ཡང་རྣམ་གྲངས་མང་མོད་ཀྱི་བླང་དོར་གྱི་གནས་ལ་གལ་ཆེ་བ་རགས་པ་ཆེ་ལོང་ཙམ་དུ་བསྡུས་ན། མི་དགེ་བ་བཅུ་སྟེ། དེ་ལ་ལུས་ཀྱི་ལས་རྣམ་པ་གསུམ་གྱི་སྲོག་གཅོད་པ་ནི། མཛོད་ལས། སྲོག་གཅོད་པ་ནི་བསམས་བཞིན་དུ། །མ་ནོར་གཞན་ནི་བསད་པའོ། །ཞེས་གསུངས་པ་ལྟར་སྲོག་གཅོད་འདོད་ཀྱིས་བསམ་བཞིན་དུ་གསད་བྱ་མ་ནོར་པར་བསད་པ། གསད་བྱ་དེ་མ་ཤི་བར་དུ་གསོད་སེམས་རྒྱུན་མ་ལྡོག་པའོ། །

མ་བྱིན་པར་ལེན་པ།

མ་བྱིན་པར་ལེན་པ་ནི།

མཛོད་ལས། མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། །ཅེས་གསུངས་པ་ལྟར་གཞན་གྱི་ནོར་རང་ལ་མ་བྱིན་པ་འཕྲོག་པའམ་བརྐུས་པ་སོགས་ཇི་ལྟར་ཡིན་ཡང་རུང་སྟེ། རང་གིས་ཐོབ་པོ་སྙམ་པའི་བློ་སྐྱེས་པའོ། །འདོད་པས་ལོག་པར་གཡེམ་པ་ནི། ཡུལ་བགྲོད་པར་བྱ་བ་མ་ཡིན་པ་ལ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པའོ། །ཚངས་པར་སྤྱོད་པའི་བརྟུལ་ཞུགས་ཁས་བླངས་པས་ནི། མི་ཚངས་བར་སྤྱོད་པ་ཅི་འདྲ་ཞིག་བསྟེན་ཀྱང་ལོག་གཡེམ་ཁོ་ན་ཡིན་ནོ། །ངག་གི་ལས་བཞི་ལས་རྫུན་དུ་སྨྲ་བ་ནི། འདུ་ཤེས་བསྒྱུར་ནས་ཤེས་བཞིན་དུ་མི་བདེན་པར་སྨྲས་ལ། སྨྲ་བའི་ཡུལ་མིའི་འགྲོ་བར་གྱུར་པ་དེས་གོ་བ་ནའོ། །

ཕྲ་མ་ནི།

ཕྲ་མ་ནི།

མི་མཐུན་པ་མེད་པའི་འགྲོ་བ་གཉིས་འཁོན་པར་བྱ་བའི་ཕྱིར་དུ་ཕུང་དཀྲུགས་ཀྱི་ཚིག་སྨྲས་ཤིང་ཕ་རོལ་ཀྱིས་གོ་བ་ནའོ། །ཚིག་རྩུབ་པོ་ནི། དངོས་སུ་ཐོས་པར་དེའི་སྐྱོན་བརྗོད་པ་སོགས་ཞེ་ལ་འཕོག་པའི་ཚིག་སྨྲས་ཤིང་དེས་གོ་བའོ། །ངག་འཁྱལ་ནི། དེ་གསུམ་མ་ཡིན་པ་གཞན་ཉོན་མོངས་ཅན་གྱི་ཚིག་ཐམས་ཅད་དེ་ཁ་གསག་དང་གཞོགས་སློང་དང་གླུ་དང་ཟློས་གར་དང་དམག་གི་གཏམ་དང་སྨད་འཚོང་མའི་གཏམ་དང་ཚོང་གི་གཏམ་ལ་སོགས་པ་དང༌། ལྟ་བ་ལོག་པའི་ཆོས་ཀྱི་གཏམ་ལ་སོགས་པའོ། །ཡིད་ཀྱི་ལས་གསུམ་ལ་བརྣབ་སེམས་ནི། གཞན་གྱི་ནོར་དང་བུད་མེད་དང་ཁྱིམ་དང་འཁོར་གཡོག་དང་ཡུལ་ལ་སོགས་པ་རང་གིར་བྱེད་འདོད་པའི་བསམ་པ་གཏིང་ཚུགས་པར་བྱེད་པའོ། །གནོད་སེམས་ནི། གཞན་ལ་གནོད་པར་བྱེད་འདོད་དང་སྡུག་བསྔལ་འབྱུང་བར་གྱུར་ཅིག་པའི་བསམ་པ་གཏིང་ཚུགས་པའོ། །

ལོག་ལྟ།

ལོག་ལྟ་ནི།

བླང་དོར་རབ་གསལ་ལས། ལོག་པར་ལྟ་བ་དགེ་དང་མི་དགེ་སོགས། །རྒྱུ་འབྲས་བདེན་པ་མེད་ཅེས་ལྟ་བའོ། །ཞེས་གསུངས་པ་ལྟར་ལས་འབྲས་མི་བདེན་པ་དང༌། ཚེ་སྔ་ཕྱི་དང༌། དཀོན་མཆོག་གསུམ་སོགས་མེད་པར་འཛིན་པ་དམ་པོ་འཆང་བ་ཡིན་ཏེ། དེ་ལྟར་བཅུ་བོ་དེ་ནི་ལས་ལམ་རྫོགས་པའི་དབང་དུ་བྱས་ལ། བསམ་བཞིན་མ་ཡིན་པ་ལ་ནོར་བར་བསད་པ་སོགས་བཅུ་པོའི་ཕྱོགས་མཐུན་ཐམས་ཅད་ཀྱང་ངེས་པར་སྤོང་དགོས་པའི་ལས་ནི་ཡིན་ནོ། །དེས་ན་བདག་གིས་ཐོག་མ་ཉིད་དུ་ངེས་པར་སྤོང་དགོས་པའི་ལས་ནི་འདི་དག་ཡིན་ནོ་སྙམ་དུ་ཡང་ཡང་་བསྒོམ་པར་བྱའོ། །ད་ནི་མི་དགེ་བ་དེ་དག་གི་འབྲས་བུ་བསམ་པར་བྱ་སྟེ།

རྣམ་སྨིན་གྱི་འབྲས་བུ།

རྣམ་སྨིན་གྱི་འབྲས་བུ་ནི།

བླང་དོར་རབ་གསལ་ལས། མི་དགེ་བཅུ་པོ་ཤས་ཆེར་སྤྱོད་པ་ཡིས། །རྣམ་སྨིན་འབྲས་བུ་དམྱལ་བའི་སྡུག་བསྔལ་ཏེ། །བར་མས་ཡི་དྭགས་གནས་སུ་སྐྱེ་བ་དང༌། །ཆུང་ངུས་དུད་འགྲོའི་གནས་སུ་འཕེན་པར་གསུངས། །ཞེས་པ་ལྟར་མི་དགེ་བ་བཅུ་པོ་འདི་རྣམས་རེ་རེ་ཡང་སྟོབས་ཆེན་པོ་བྱས་པ་དང༌། ཡང་ཡང་བྱས་ན་དམྱལ་བར་སྐྱེ། འབྲིང་དུ་བྱས་ན་ཡི་དྭགས་སུ་སྐྱེ། སྟོབས་ཆུང་བ་དང་ཉུང་ངུར་སྤྱད་པས་དུད་འགྲོར་སྐྱེ་བ་ཡིན་ནོ། །མི་དགེ་བ་དེ་དག་གི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ནི། སྲོག་བཅད་པས་ཚེ་ཐུང་བར་འགྱུར་བ་དང༌། མ་བྱིན་པར་བླངས་པས་ལོངས་སྤྱོད་ཆུང་བ་དང༌། ལོག་གཡེམ་གྱིས་དགྲ་མང་བ་དང༌། རྫུན་གྱིས་རང་ལ་སྐུར་བ་མང་པ་དང༌། ཕྲ་མས་གྲོགས་དང་འཁོན་པ་དང༌། ཚིག་རྩུབ་ཀྱིས་གཏམ་མི་སྙན་པ་ཐོས་པ་དང༌། ངག་འཁྱལ་སྨྲས་པས་རང་གི་ཚིག་ལ་གཞན་གྱིས་མི་ཉན་པ་དང༌། བརྣབ་སེམས་ཀྱིས་རེ་བ་མི་འགྲུབ་པ་དང༌། གནོད་སེམས་ཀྱིས་སེམས་ལ་སྡུག་བསྔལ་དང་འཇིགས་སྐྲག་འབྱུང་བ་དང༌། ལོག་ལྟས་ཤིན་ཏུ་གླེན་ཅིང་གཏི་མུག་པར་འགྱུར་བ་ཡིན་ནོ། །

བྱེད་པ་རྒྱུ་མཐུན།

བྱེད་པ་རྒྱུ་མཐུན་ནི།

སྔར་ལས་དེ་དང་དེ་བྱས་པས་ཕྱིས་ཀྱང་དེ་དང་དེ་ལ་དགའ་བའོ། །བདག་པོའི་འབྲས་བུ་ནི། ཕྱི་རོལ་སྣོད་ཀྱི་འཇིག་རྟེན་ལ་འབྱུང་སྟེ། སྲོག་གཅོད་ཀྱིས་འབྲུ་དང་སྨན་ལ་སོགས་པ་མཐུ་ཆུང་བར་འགྱུར་བ་དང༌། མ་བྱིན་ལེན་གྱིས་ལོ་ཉེས་པ་དང༌། ལོག་གཡེམ་གྱིས་ས་ཕྱོགས་རྡུལ་ཚུབ་ཆེ་ཞིང་དྲི་ང་བ་དང༌། རྫུན་གྱིས་ནི་ས་ཕྱོགས་མཐོ་དམན་ཅན་བགྲོད་མི་བདེ་བར་འགྱུར་བ་དང༌། ཕྲ་མས་ས་ཕྱོགས་ཚ་སྒོ་ཅན་དུ་འགྱུར་བ་དང༌། ཚིག་རྩུབ་ཀྱིས་བྱེ་མ་དང་གསེག་མ་སོགས་འཕེལ་བ་དང༌། ངག་འཁྱལ་གྱིས་དུས་ལོག་ཏུ་འགྱུར་ཏེ། དགུན་ནི་རུལ། དཔྱིད་ནི་རེངས། དབྱར་ནི་ཐན། སྟོན་ནི་ཞོད་པ་ལ་སོགས་པའོ། །བརྣབ་སེམས་ཀྱིས་འབྲུ་ཕྲ་བར་གྱུར་བ་དང༌། གནོད་སེམས་ཀྱིས་རོ་མི་ཞིམ་པར་འགྱུར་བ་དང༌། ལོག་ལྟས་ནི་འབྲུ་རྩ་བ་ནས་མི་ཆགས་པར་བྱེད་དེ། དེ་ལྟ་ན་རྒྱུ་མཐུན་པའི་འབྲས་བུ་འདི་དག་དང༌། བདག་པོའི་འབྲས་བུ་འདི་རྣམས་ལས་དེ་དང་དེ་བྱས་པའི་སྐྱེ་བ་དེ་ཉིད་ལ་འབྱུང་བའང་ཡོད། སྐྱེ་བ་ཕྱི་མའི་གནས་སྐབས་མཐོ་རིས་སུ་སྐྱེས་པའི་སྐབས། དུས་ངེས་མེད་སྣ་ཚོགས་པར་ཡང་འབྱུང་བའོ། །དེ་ལྟར་ན་མི་དགེ་བ་བཅུ་པོ་འདི་ནི་སྡུག་བསྔལ་མི་འདོད་པ་སྣ་ཚོགས་པའི་གཞིར་གྱུར་པའི་ཕྱིར། འདི་རྣམས་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱ། སྔར་བྱས་པ་ཐམས་ཅད་ཀྱང་སྦྱོང་པའི་ཐབས་ལ་འབད་དགོས་སྙམ་དུ་ཡང་ཡང་བསྒོམ་པར་བྱའོ། །ད་ནི་དགེ་བའི་ལས་བསམ་པར་བྱ་སྟེ། མཐོ་རིས་ཀྱི་ལུས་རྟེན་ཐོབ་པ་དང༌། གཞན་ཡང་འཁོར་བའི་བདེ་བ་གང་ཅི་ཡོད་པ་ཐམས་ཅད་དགེ་བའི་ལས་ལས་འབྱུང༌། འཇིག་རྟེན་ལས་འདས་པ་བྱང་ཆུབ་རྣམ་པ་གསུམ་ཡང་དགེ་བ་ལས་འབྱུང་བ་ཡིན་ན། བདག་གིས་སྡིག་པ་ཐམས་ཅད་སྤངས༌། དགེ་བ་ཐམས་ཅད་ལ་ཅི་ནུས་སུ་སློབ་དགོས་པ་ལས་བསླབ་རྒྱུའི་དགེ་བ་ཡང་རིགས་མང་མོད་ཀྱི། དགེ་བ་ཐམས་ཅད་ཀྱི་ཐོག་མའི་འཇུག་སྒོ་ནི། ཆོས་དཀར་པོ་དགེ་བ་བཅུ་ཞེས་བྱ་བ་ཡིན་ནོ། །དེ་ནི་སྔར་བསྟན་པའི་མི་དགེ་བ་བཅུ་བོ་དེ་རྣམས་ཡིད་ཀྱིས་སྤངས་ནས་ལུས་ངག་གིས་སླར་ལོག་པའི་སྤོང་བའི་སེམས་པ་སྤྱོད་ལམ་དང་བཅས་པ་དེ་ཡིན་ན། བདག་འདི་ལ་རྟག་ཏུ་གནས་པར་བྱའོ་སྙམ་དུ་ཡང་ཡང་བསྒོམ། དེ་ལ་མི་དགེ་བ་བཅུ་ཡིད་ཀྱིས་སྤངས་པའི་གོ་དོན་ནི། དེ་རྣམས་ཉེས་དམིགས་ཅན་དང་སྐྱོན་ཆེན་པོར་ཤེས་ནས་ནམ་དུ་ཡང་མི་འདོད་པ་དེ་ཡིན་ལ། ལུས་ངག་གིས་སླར་ལོག་པ་ནི། བཅུ་པོ་དེ་དག་དུས་རྒྱུན་དུའམ། དལ་བར་འདུག་པའི་དུས་སུ་མི་བྱེད་པར་མ་ཟད། དེ་དག་བྱས་ན་ཁེ་ཡོད་པ་ལྟར་སྣང་ཞིང༌། འབད་རྩོལ་མི་དགོས་པར་བྱེད་ཐུབ་པའི་སྐབས་བྱུང་ཡང་སྔར་ཡིད་ཀྱིས་སྤངས་པ་དེ་དྲན་པའི་བྱ་བ་ངན་པ་དེ་ལ་ཡེ་ནས་འཇུག་པར་མི་བྱེད་པ་སྟེ། ལུས་ངག་གི་བདུན་པོ་ལ་ནི་འདི་གཉིས་ཀར་ཚང་བ་དགོས་ལ། ཡིད་ཀྱི་ལས་གསུམ་ལ་ཡིད་ཀྱིས་སྤངས་པ་ཁོ་ནས་ཆོག་གོ། མི་དགེ་བ་ལ་མི་རུང་བར་སེམས་པ་དེ་ཀ་སྤོང་སེམས་ཡིན་ལ། དེ་ནི་མི་རུང་བ་ཡིན་པ་ལ་མི་རུང་བར་ལེགས་པར་ཤེས་པ་ནི་ལམ་གཉེན་པོའི་ཆོས་སུ་འགྱུར་ཞིང༌། འདི་ཚུལ་ཁྲིམས་ཀྱི་ངོ་བོ་ཡིན། སྤོང་སེམས་ཤུགས་ཆེ་བ་ལན་འགའ་རེ་བྱུང་ན། གཉིད་རྨུགས་དང་རྣམ་གཡེང་ལ་སོགས་པས་བར་ཆོད་ཀྱང༌། དེ་ལྟ་བུའི་རྐྱེན་དམིགས་པའི་ཚེ། ཉེས་སྤྱོད་དེ་སྐྱོན་དུ་ཤེས་ནས་མི་བྱེད་ཅིང་སྡོམ་པར་འགྱུར་རོ། །འདི་ནི་སྔར་གྱི་སེམས་པ་དེའི་ཤུགས་ལས་བྱུང་བ་ཡིན་པས་ཤུགས་དེ་ཡང་ས་བོན་གྱི་མཐུ་ལས་ཡིན་ཏེ། དེའི་ཕྱིར་མི་དགེ་བ་བཅུ་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ནི་དགེ་བ་བཅུ་ཡིན་པར་རྗེ་བཙུན་གྱིས་གསུངས་སོ། །ད་ནི་དགེ་བ་བཅུའི་ཕན་ཡོན་བསམ་པར་བྱ་སྟེ། དེ་ཡང་ལས་དགེ་བ་བཅུ་ཆེར་སྤྱད་པ་ལས་རྣམ་སྨིན་གྱི་འབྲས་བུ་ལྷའི་སྐྱེ་བ་ལེན། ཆུང་ངུར་སྤྱད་པ་ལས་རྣམ་སྨིན་གྱི་འབྲས་བུ་མི་ལུས་ཐོབ། དགེ་བ་ཡིན་ཡང་བསམ་པ་མ་དག་པ་སོགས་སྲ་བསྲེ་ཅན་གྱིས་ནི་ལྷ་མིན་དུ་སྐྱེ་བར་མདོ་ལས་བཤད། རྒྱུ་མཐུན་པ་དང་བདག་པོའི་འབྲས་བུ་ཡང་སྔར་མི་དགེ་བཅུའི་སྐབས་སུ་བཤད་པ་དེ་ཉིད་ཕྱིན་ཅི་ལོག་ཏུ་འབྱུང་སྟེ། ཚེ་རིང་འབྱོར་བ་དགྲ་སྤངས་དང༌། །བསྟོད་དང་གྲོགས་མང་སྙན་པའི་གཏམ། །ཚིག་བཙུན་བསམ་པ་འགྲུབ་པ་དང༌། །ཡིད་བདེ་བ་དང་བློ་གྲོས་འཕེལ། །འདི་དག་དགེ་བའི་རྒྱུ་མཐུན་བཅུ། །མཐུ་ཆེ་ལོ་ལེགས་ཉམས་དགའ་བ། །མཐོ་དམན་སྙོམས་དང་ཞིང་ས་གཤིན། །རྩ་ཤིང་རྒྱས་དང་དུས་ཚིགས་རན། །འབྲུ་སྤོམ་རོ་ཞིམ་འབྲས་བུ་རྒྱས། །དགེ་བ་བཅུ་ཡི་བདག་འབྲས་ཡིན། ཞེས་སོ། །དེ་ལྟར་དགེ་བ་བཅུ་ལ་གནས་པ་ནི། ཚེ་འདི་དང་ཕྱི་མར་རྟག་ཏུ་བདེ་བའི་རྒྱུ་ཡིན་པས་བདག་དགེ་བ་བཅུ་ལ་རྟག་ཏུ་གནས་པར་བགྱིའོ་སྙམ་དུ་ཡང་ཡང་བསྒོམ་དགོས་སོ། །ལས་འབྲས་བསླུ་བ་མེད་པ་ཡིན་པར་གྲུབ་སྟེ། བླང་དོར་རབ་གསལ་ལས། ལས་འབྲས་བསླུ་བ་མེད་པར་རྒྱལ་བ་ཡིས། །བདེན་པར་གསུངས་ལ་ཅིས་ཀྱང་ཡིད་ཆེས་འཚལ། །ཞེས་གསུངས་སོ། །འདི་དག་གི་སྐབས་སུ་ལས་འབྲས་ཀྱི་དབྱེ་བ་ཞིབ་མོར་ཤེས་པ་གལ་ཆེ་བས་ཡང་དང་ཡང་དུ་བླ་མས་བཤད་ཅིང༌། མདོ་སྡེ་ལས་བརྒྱ་བ་སོགས་ལ་བལྟ་བར་བྱ་ཞིང༌། སློབ་མས་བློ་ལ་སྐྱོང་བ་དང༌། ཁ་ཕྱིར་ལྟས་སུ་མ་སོང་པར་རང་ཐོག་ཏུ་འགེལ་བ་ཁོ་ན་གནད་ཆེའོ། །

ད་ནི་ལས་འབྲས་བསམས་པའི་ཆོས་སྐོར་རྣམས་ཀྱི་སྙིང་བོའི་གྲུབ་དོན།

ད་ནི་ལས་འབྲས་བསམས་པའི་ཆོས་སྐོར་རྣམས་ཀྱི་སྙིང་བོའི་གྲུབ་དོན་ནི།

སྔར་ཇི་སྐད་བསྟན་པའི་དཀར་ནག་གི་ལས་འབྲས་བསམ། སྡིག་པ་མི་དགེ་བའི་ལས་སྔར་བྱས་ཟིན་ལ། སྟོབས་བཞི་ཚང་བའི་བཤགས་པ་འབུལ་བ་གལ་ཆེ། རྟེན་གྱི་སྟོབས་སྐྱབས་འགྲོ་དང་སེམས་བསྐྱེད་དང༌། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སྡིག་སྦྱོང་གི་དགེ་བ་གང་འགྲུབ་པ་དང༌། སུན་འབྱིན་པའི་སྟོབས་སྔར་བྱས་ལ་དུག་ཁོངས་སུ་སོང་བ་ལྟ་བུའི་འགྱོད་སེམས་དང༌། སླར་ལྡོག་པའི་སྟོབས་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས་ཏེ། དེ་བཞི་ཚང་བར་བྱའོ། །མཁན་པོ་སློབ་དཔོན་བླ་མ་རྟེན་གསུམ་དགེ་འདུན་ལ་སོགས་པའི་དྲུང་དུ་མཐོལ་བཤགས་ཡང་ཡང་འབུལ་བ་དང༌། དེ་དག་མ་འཛོམས་ཀྱང༌། རྒྱལ་བ་སྲས་བཅས་མཁའ་དབྱིངས་གང་བ་ལ་དམིགས་ཏེ་བཤགས་པ་འབུལ། བཤགས་ཚིག་ཕུང་བོ་གསུམ་པའི་མདོ་སོགས་དང༌། རང་གིས་སྡིག་པ་བགྱིས་པ་གང་ཡིན་པ་དེ་འདི་ལྟར་བགྱིས་སོ་ཞེས་མ་སྦས་མ་གསང་བར་བརྗོད་པ་ཉིད་གནད་ཆེ་བ་ཡིན་ནོ། །མི་དགེ་བཅུར་མ་ཟད་སྡིག་པ་མི་དགེ་པའི་ལས་སུ་གཏོགས་པ་ཆེ་ཆུང་ཐམས་ཅད་རང་ཡང་མི་བྱེད། གཞན་ཡང་བྱེད་དུ་མི་འཇུག སྡིག་པ་ལ་ཡི་རང་བའམ་དགའ་བར་མི་བྱ། བསྟོད་ཅིང་བསྔགས་པར་ཡང་མི་བྱ་སྙམ་དུ་བསྒོམ། དཀར་པོ་དགེ་བའི་ལས་ནི་ལས་ལམ་བཅུ་བོ་དེར་མ་ཟད་གཞན་གྱི་སྲོག་བསྐྱབས་པ་དང༌། འཚོ་བ་སྟེར་བ་དང༌། ཡོ་བྱད་སྤྱིན་པ་དང༌། ཚུལ་ཁྲིམས་སྲུང་བ་དང༌། དཀོན་མཆོག་མཆོད་པ་དང༌། དད་པ་ལ་སོགས་པའི་དགེ་བར་གཏོགས་སོ་ཅོག་རང་གིས་ཀྱང་ཅི་ལྕོགས་སུ་སྒྲུབ་གཞན་ཡང་བྱེད་དུ་འཇུག རང་གཞན་གྱིས་དགེ་བ་བྱས་པ་ལ་ཡི་རང་བྱ། བསྔགས་པ་ཡང་བརྗོད་པར་བྱའོ་སྙམ་དུ་བསམ། ཡང་དགེ་སྡིག་གཉིས་མ་ཡིན་པའི་ལས་ལུང་མ་བསྟན་ཞེས་བྱ་བ་འགྲོ་འཆག་ཉལ་འདུག་སོགས་ངེས་མེད་སྣ་ཚོགས་པ་ཞིག་འདུག་པ། དེ་དག་ལ་རྣམ་པར་སྨིན་པའི་འབྲས་བུ་མེད་ཀྱང་དོན་མེད་དུ་དུས་འདའ་བར་འདུག ལེ་ལོ་དང་རྣམ་གཡེང་གི་རྒྱུ་ལས་དེ་དག་གི་དབང་དུ་འགྲོ་ཡིན་འདུག་པ་ལ། ཕྱིན་ཆད་ལེ་ལོ་རྣམ་གཡེང་གི་དབང་དུ་མི་བཏང༌། ལས་ལུང་མ་བསྟན་འབྱུང་བའི་དོད་དུ་ཡང་དགེ་བ་འབའ་ཞིག་ལ་བློ་དང་བྱ་སྤྱོད་བསྒྱུར་བར་བྱའོ་སྙམ་དུ་བསྒོམ་པར་བྱ་དགོས་སོ། །ཟག་བཅས་ཀྱི་ལས་དེ་དག་ནི་ཉོན་མོངས་པ་ལས་བྱུང་ལ། ཉོན་མོངས་པ་ལ་དབྱེ་ན་རྩ་ཉོན་དྲུག་སོགས་མང་ན་ཡང་རྩ་བ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཡིན་ཏེ། བཤེས་སྤྲིངས་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བའོ། །ཞེས་གསུངས་པའི་ཕྱིར། དེ་དག་གི་རྩ་བ་མ་རིག་པ་ཡིན་པས་དེའི་གཉེན་པོ་རིག་པ་ཡེ་ཤེས་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད་དགོས་ལ། གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་མེད་ན་སྲིད་པ་འཁོར་བ་ལས་གྲོལ་བ་མེད་དེ། ཐེག་མཆོག་དབུ་མ་ལས། གང་ཟག་བདག་མེད་སྒོམ་པ་ཡོད་མེད་ལས། །སྲིད་ལས་གྲོལ་བ་ཡོད་མེད་རྗེས་སུ་དཔོག །ཅེས་གསུངས་པའི་ཕྱིར་རོ། །སྤྱིར་ནང་བསྟན་ལ་འཇུག་པའི་སྒོ་སྐྱབས་འགྲོ་ཡིན་ན། དེ་ཡང་བརྒྱུད་ལ་སྐྱེས་པ་ལ་དད་པ་གལ་ཆེ་བ་ཡིན་ལ། དེ་ལ་ཡང་དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་དགོས་པ་ཡིན་ཏེ། རྗེ་ཏཱ་ར་ནཱ་ཐའི་ཞལ་སྔ་ནས། ཆོས་ཀྱི་རྩ་བ་སྐྱབས་འགྲོ་དང༌། སྐྱབས་འགྲོའི་རྩ་བ་དད་པ་ཡིན་ཞིང༌། དད་པའི་རྩ་བ་སྟོན་པ་བཅོམ་ལྡན་འདས་ཀྱི་རྣམ་ཐར་གོ་བ་ལ་རག་ལས། ཞེས་གསུངས་པས་སོ། །སྐྱབས་འགྲོ་རྒྱུད་ལ་སྐྱེ་བ་ལ་སྡུག་བསྔལ་ཅི་རིགས་ལ་འཇིགས་སྐྲག་སྐྱེས་ནས་དཀོན་མཆོག་ལ་དེ་ལས་སྐྱོབས་པའི་ནུས་པ་ཡོད་པར་ཤེས་དགོས་པ་ཡིན་ནོ། །ངེས་འབྱུང་གི་བསམ་པ་རྒྱུད་ལ་མ་སྐྱེས་ན་ཞི་བ་ཐར་བ་ཐོབ་པ་མེད་པ་ཡིན་པར་འཕགས་པ་ལྷས། གང་ལ་འདི་སྐྱོ་ཡོད་མིན་ན། །དེ་ལ་ཞི་གུས་ག་ལ་ཡོད། །ཅེས་གསུངས་ལ། ངེས་འབྱུང་གི་བསམ་པ་རྒྱུད་ལ་སྐྱེ་བ་ལ་འཁོར་བ་སྡུག་བསྔལ་ལམ་སྡུག་བདེན་ཤེས་དགོས་པ་ཡིན། དེ་ཤེས་པ་ལ་བློ་ལྡོག་རྣམ་བཞི་ཤེས་དགོས་ཏེ། རྗེ་བདག་ཉིད་ཆེན་པོས། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལོག །ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམ་ན་ཕྱི་མའི་སྣང་ཤས་ལྡོག །དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང༌། །ཉིན་མཚན་ཀུན་ཏུ་ཐར་བ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེས་གསུངས་སོ། །མདོར་ན་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གང་གི་ལམ་རྒྱུད་ལ་སྐྱེ་བ་ལ་བློ་ལྡོག་རྣམ་བཞི་འདི་གལ་ཆེ་བ་ཡིན་ནོ། །ཆོས་ཆོས་བཞིན་དུ་འགྲོ་བ་ལ་འདི་བསྒོམ་དགོས། དེང་སང་རྫོགས་ཆེན་ཕྱག་ཆེན། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སོགས་ལ་མཐོ་སྙེག་བྱེད་ཀྱང་སྐྱབས་འགྲོ་མེད་ན་ནང་བསྟན་གྱི་སྒོར་མི་ཆུད། ངེས་འབྱུང་གི་བསམ་པ་མེད་ན་ཆོས་གང་བསྒྲུབ་ཁུལ་བྱེད་ནའང་ཐར་བའི་རྒྱུར་མི་འགྲོ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་མེད་ན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་མི་འགྱུར་བའམ་ཐེག་ཆེན་གྱི་ཆོས་སུ་མི་འགྱུར་བ་ཡིན་པས་རང་བློ་དང་འཚམས་པའི་ཆོས་དང༌། ལམ་གྱི་གོ་རིམ་ཡོད་པ་དང༌། ཚིག་འདོན་པ་ཙམ་མ་ཡིན་པར་དོན་བསམ་པ་སོགས་ཡན་ལག་ཚང་བར་བྱས་ནས་ཉམས་སུ་ལེན་དགོས་སོ། །

སྨྲས་པ། དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ། །འཁོར་བ་སྡུག་བསྔལ་ལས་འབྲས་བསླུ་མེད་པའི། །ཆོས་ཚུལ་གནས་ལ་ཐོས་བསམ་སྒོམ་པ་ཡིས། །རྣམ་གྲོལ་ཆོས་ཀྱི་གོ་འཕང་ཐོབ་པར་སྨོན། །དེ་ལྟར་བློ་ལྡོག་རྣམ་བཞིའི་བཤད་པ་གཞན་ཕན་ཉི་མ་ཞེས་བྱ་བ་འདི་ནི་རྒྱལ་རོང་པཱ་ལ་དགོན་གྱི་གྲྭ་བཙུན་ལྷག་བསམ་པ་གསལ་སྟོང་གིས་སྟོན་པའི་གསེར་སྐུ་དར་བཅས་བསྐུལ་ངོར་དངོས་གྲུབ་དཔལ་གྱིས་བྲིས་པའོ། །འདིས་གཞན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །སརྦ་མངྒ་ལཾ།


previousབློ་ལྡོག་རྣམ་བཞིའི་བཤད་པ་གཞན་ཕན་ཉི་མ།next