Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ། གྲུབ་མཐའ་དང་ས་ལམ་སོགས།

3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]


 expand section
 expand section
 expand section
  
expand section
 expand section
 collapse section
ལྟ་བ་རབ་གསལ་ཆོས་ཀྱི་ཉིན་བྱེད་སྣང་བ།
  
  
  
  
  
  
  
  
  
  
 expand section
  
  
  
  
  
  
 expand section
  
  


3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousལྟ་བ་རབ་གསལ་ཆོས་ཀྱི་ཉིན་བྱེད་སྣང་བ།next

ལྟ་བ་རབ་གསལ་ཆོས་ཀྱི་ཉིན་བྱེད་སྣང་བ།

ལྟ་བ་རབ་གསལ་ཆོས་ཀྱི་ཉིན་བྱེད་སྣང་བ།

ལྟ་བ་རབ་གསལ་ཆོས་ཀྱི་ཉིན་བྱེད་སྣང་བ་ཞེས་བྱ་བ་བཞུགས་སོ། །

ལྷ་ཡི་ཅོད་པན་བདུད་བཅོམ་ཉི་མའི་གཉེན། །བདེན་པའི་རྔ་གསང་གང་དེའི་ལྗགས་ཀྱི་སྐད། །བརྩེ་བས་རབ་བསྐུལ་དར་དིར་བསྡུར་བ་དེ། །ཁ་བའི་ཡུལ་ལ་སྙན་པའི་གདངས་ཀྱིས་ཁྱབ། །རིས་མེད་བསྟན་འཛིན་རྒྱུ་སྐར་བསྟར་བའི་དབུས། །འོད་ཀྱི་ལམ་ལམ་ལྷང་ངེར་གསལ་བ་ཡི། །རལ་གྲི་འཛིན་པ་བློ་བཟང་རྒྱལ་བའི་གར། །ས་ཡི་སྨན་ལྗོངས་གསོ་བའི་དཔྱིད་དུ་ཤར། །གང་གི་གསང་གསུམ་གསེར་གྱི་ག་བུར་ལས། །ཆར་ཆིལ་བསྙིལ་བའི་རྩི་བཅུད་འཛད་མེད་རྒྱུན། །ཟད་མེད་འཐུང་བའི་ཚིམ་པར་མི་ངོམས་པ། །སྲས་དང་ཡང་སྲས་ས་ཆེན་མུ་མཐར་བརྡོལ། །སྐུ་ཡི་གེ་སར་ཚ་བ་རོང་ནས་བལྟམས། །མཁྱེན་པའི་གཏེར་སྒོ་དབུས་ཀྱི་ཞིང་ནས་ཕྱེས། །མདོ་སྨད་ས་རུ་འོད་ཀྱི་ཐིག་ལེ་འགྱེད། །ང༷ག་དབ༷ང་གྲ༷གས་པ༷་སྲས་ཀྱི་ཐུ་བོ་མཆོག །ནག་ནོག་དྲི་བྲལ་གསེར་སྦྱང་བཙོ་མ་ཡི། །དགེ་ལྡན་ལེགས་བཤད་རིགས་ལམ་ལས་འོང་བ། །ཡང་དག་ལྟ་བའི་ལྡིང་ཁང་ཡང་རྩེ་ནས། །སྙན་འཇེབས་དབྱངས་ཀྱིས་ས་གསུམ་གཉིད་ལས་བསླངས། །ཁྱོད་ཀྱི་མཛད་འཕྲིན་ཁྲི་གདུག་སེར་བོའི་ཟླར། །ངོ་མཚར་དྭངས་བ་ཡིད་ཁོང་སྙིང་ནས་མཆེད། །གངས་ལ་བཞག་པའི་ཁྱེད་ཀྱི་ཞབས་རྗེས་དེ། །ལོ་ཟླ་ཁྲི་མ་འབུམ་གྱི་ཤུལ་ན་གསལ། །དེ་ལ་འདིར་རི་བོ་དགེ་ལྡན་པའི་ལྟ་བ་ལས་བརྩམས་ནས་ཅུང་ཟད་བརྗོད་པ་ལ། རྣམ་བཤད་ཀྱི་སྐབས་སུ་ལུགས་འདི་ལ་ཆོས་རྣམས་རྟོག་པའི་དབང་གིས་བཞག་པ་ཙམ་གྱིས་འཇོག་ཚུལ་ཤེས་ན། དེ་ལས་བཟློག་སྟེ་འཛིན་པའི་བདེན་འཛིན་བདེ་བླག་ཏུ་ཤེས་པར་འགྱུར་བས། ཞེས་གསུངས་པ་ལྟར་འདིའི་དོན་བཤད་པ་ལ། ཆོས་རྣམས་རྟོག་པའི་ཕར་བཏགས་པ་ཙམ་དུ་བསྟན་པ་དང༌། དེའི་ལྡོག་ཟླ་དེ་བདེན་པར་གྲུབ་ཚད་དུ་བསྟན་པ་དང༌། མིང་བརྡས་ཕར་བཏགས་ཙམ་ལ་བྱ་བྱེད་ཐམས་ཅད་རུང་བར་བསྟན་པ་དང་གསུམ།དང་པོ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ལ་མིང་རྐྱང་བར་བཏགས་ཙམ་ལས་གདགས་གཞིའི་ངོས་ནས་རྡུལ་ཙམ་ཡང་མེད་པའི་ཕྱིར། དེར་ཐལ། རང་གི་གདགས་གཞིའི་ཕུང་ཁམས་ལ་གང་ཟག་དང༌། ང་ཞེས་མིང་རྐྱང་བ་ཕར་བཏགས་ཙམ་མ་གཏོགས་གདགས་གཞིའི་ཚོགས་ཙམ་དང་རྒྱུན་དང་རེ་རེ་བ་དེ་དག་གི་ཆ་གང་ཡང་གང་ཟག་དང་ང་མ་ཡིན་པའི་ཕྱིར། དེར་ཐལ། དཔེར་ན་བྲག་ཕུག་ལྟ་བུའི་མུན་པ་བབས་པའི་ཐག་ཁྲ་འཁྱིལ་ལུགས་དང་ཁ་དཽག་སོགས་སྦྲུལ་འདྲ་བ་ལ་འཁྲུལ་བས་འདི་སྦྲུལ་ལོ་སྙམ་པའི་ཚེ་ཐག་པ་དེ་ལ་རྟོག་པ་ལ་ཕར་སྦྲུལ་དུ་སྣང་བའམ་སྦྲུལ་གྱི་མིང་བརྡས་ཕར་བཏགས་ཙམ་མ་གཏོགས་ཐག་པའི་ཆ་གང་ཡང་སྦྲུལ་དུ་གྲུབ་པ་མེད་པ་བཞིན་ཡིན་པའི་ཕྱིར་ཏེ། རིན་ཆེན་འཕྲེང་བ་རུ་གཟུགས་ཀྱི་དངོས་པོ་རང་ངོས་མེད་པར་མིང་གིས་བཏགས་ཙམ་ཡིན་པའི་ཕྱིར། ནམ་མཁའ་ཡང་ནི་མིང་ཞིག་བཏགས་པ་ཙམ་མོ། །རྒྱུ་འབྱུང་བ་རང་བཞིན་གྱིས་མེད་ན་འབྲས་བུའི་གཟུགས་རྣམས་རང་བཞིན་གྱིས་གྲུབ་པ་ལྟ་ག་ལ་ཡོད། ཆོས་ཐམས་ཅད་རང་ངོས་ནས་གྲུབ་པ་མེད་པ་དེའི་ཕྱིར་ན་མིང་གིས་བཏགས་ཙམ་པ་ཉིད་ཀྱང་རང་བཞིན་གྱིས་གྲུབ་པ་མེད་པར་གསུངས་པ་དང༌། བཞི་བརྒྱ་བའི་སྐབས་སུ་རང་སྣང་བའི་སྒོ་ནས་འཇོག་བྱེད་ཀྱི་རྟོག་པ་མེད་པར་ནི་འདོད་ཆགས་ལ་སོགས་པ་ལ་རང་ངོས་ནས་གྲུབ་པའི་ཡོད་པ་ཉིད་ཡོད་པ་མིན་ན། ཞེས་སོགས་དང༌། ཡབ་སྲས་མཇལ་བའི་མདོ་ལས། རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་ནི་ཁམས་དྲུག་ལ་ཕར་བཏགས་པ། ཞེས་པ་ནས། བཏགས་གཞི་སའི་ཁམས་ནི་ཐ་སྙད་དེ་བློས་ཕར་བཏགས་ཙམ་མ་གཏོགས་པར་སའི་ཁམས་ཉིད་དུ་རང་ངོས་ནས་གྲུབ་པ་མི་དམིགས་ཏེ། གདགས་གཞིའི་ཐ་སྙད་དེ་བཏགས་ཙམ་གྱིས་ས་ཁམས་དེ་ཡང་བུད་མེད་མིན། སྐྱེས་པ་མིན་གྱི། རྒྱལ་པོ་ཆེན་པོ་དེ་ལྟར་དོན་དེ་དག་ཡང་དག་པ་སྟེ་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་རབ་ཀྱིས་རྟོགས་པར་གྱིས་ཤིག་ཅེས་དེ་བཞིན་དུ་གང་ཟག་གི་གདགས་གཞིའི་ཁམས་ལྷག་མ་ལྔ་ལ་ཡང་སྦྱར་ནས་གསུངས་པའི་ཕྱིར་རོ། །མདོ་དེའི་དོན་བསྡུས་ནས་རིན་ཆེན་ཕྲེང་བ་ལས། སྐྱེས་བུ་ནི་ལུས་ཀྱི་ས་ཁམས་མིན་དེ་བཞིན་དུ་ཆུ་ཁམས་མ་ཡིན་མེ་ཁམས་མིན་རླུང་མིན་ནམ་མཁའ་ཡང་མིན། རྣམ་ཤེས་ཀྱང་མ་ཡིན་ལ་ཁམས་དྲུག་པོ་དེ་ཚོགས་པ་ཡང་མིན་ན། དེ་དག་ལས་གཞན་ན་གདགས་གཞི་ལ་མ་ལྟོས་པར་ཡང་སྐྱེས་བུ་གང་ཞིག་ཡོད་དེ་མེད་པས་སྐྱེས་བུ་ནི་མིང་གིས་བཏགས་པ་ཙམ་མོ། །ཞེས་གསུངས་པའི་ཕྱིར། འདི་དག་དཔེར་ན་མུན་བབ་པ་ལ་ཐག་ཁྲ་འཁྱིལ་བ་སྦྲུལ་དུ་སྣང་ཚེ་སྣང་རྒྱུའི་སྦྲུལ་དེ་ཐག་ཁྲ་ལས་དོན་གཞན་དུ་མེད། ཐག་ཁྲའི་ཆ་ཀུན་ཚོགས་པ་དང་ཆ་ཤས་རེ་རེ་ནས་གང་ཡང་སྦྲུལ་དུ་གྲུབ་པ་མེད་པར་རྟོག་པས་ཕར་བཞག་པའི་རྟོག་པས་ཕར་བཞག་པའི་རྟོག་ལ་ཕར་སྣང་བ་ཁོ་ན་ཡིན་ནོ། །དེ་བཞིན་དུ་བུམ་པ་དེ་རང་གི་གདགས་གཞི་མཆུ་ལྟོ་སོགས་རེ་རེ་ནས་དང༌། དེ་ཀུན་ཚོགས་པ་དང༌། དེ་དག་ལས་དོན་གཞན་གང་དུ་ཡང་མེད་པར་བློ་ལ་སྣང་བ་ཙམ་དང༌། བུམ་པའི་གདགས་གཞི་མཆུ་ལྟོ་སོགས་ཀྱང་གོང་ལྟར་རང་རང་གི་གདགས་གཞིའི་ཚོགས་པ་དང་རེ་རེ་བ་སོགས་མིན་ནོ། ། ཡང་ན་ཐག་པ་ལ་སྦྲུལ་ལྟར་བུམ་པ་གདགས་གཞི་དང་བཅས་པ་དེ་བློ་ལ་ཕར་སྣང་བ་ལས་གང་དུ་སྣང་བའི་གཞི་དེར་རང་གི་སྡོད་ལུགས་ཅུང་ཟད་ཀྱང་མེད་པས་རྟོག་པས་བཏགས་ཙམ་ཡིན་པ་བཞིན་ཆོས་ཐམས་ཅད་ལ་འདྲའོ། །དེ་ཡང་བུམ་པ་དེ་རྟོག་པ་ལ་སྣང་བའི་དབང་གིས་བུམ་པ་ཞེས་མིང་བཏགས་པ་ལས་གདགས་གཞིའི་ངོས་ནས་བཙལ་ན་ཅུང་ཟད་ཙམ་གྲུབ་པ་མེད་པ་ལ་བསམ་ན་བུམ་པ་ནི་བུམ་པ་ཞེས་པའི་མིང་རྐྱང་དེ་ལས་མེད་པས་མིང་རྐྱང་བཏགས་ཡོད་ཟེར་བ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་ལྟར་ཡིན་ནོ། །དེ་ལྟར་རྟོག་པས་བཞག་པ་ཡང༌། བུམ་འཛིན་རྟོག་པ་ལ་བུམ་པ་སྣང་བའི་དབང་གིས་བུམ་པར་བཞག བུམ་པ་རྟག་འཛིན་རྟོག་པ་ལ་བུམ་པ་རྟག་པར་སྣང་བའི་དབང་གིས་བུམ་པ་རྟག་སྣང་བཞག བུམ་པ་བདེན་འཛིན་རྟོག་པ་ལ་བུམ་པ་བདེན་གྲུབ་ཏུ་སྣང་བས་བུམ་པ་བདེན་སྣང་བཞག་པ་སོགས་ཆོས་ཐམས་ཅད་རྟོག་པ་ལ་སྣང་བའི་དབང་གིས་བཞག་པ་ཡིན་ཏེ། རྟོག་པ་ཡིན་ན་ཁྱོད་ཀྱི་སྤྱིར་བློ་དེས་ཆོས་དེ་བཞག་པ་ནི་བློ་དེས་ངེས་ངོར་རྙེད་པ་དེ་བློ་དེས་བཞག་པ་ཡིན་པར་བྱེད་པ་ཡིན་པས་བདེན་འཛིན་དང་བུམ་པ་རྟག་འཛིན་རྟོག་པ་སོགས་ཀྱིས་བཞག་པའི་ཆོས་མེད་པས་དེ་དག་གིས་ཤེས་བྱ་འཇོག་མི་ནུས་ཀྱང༌། བདེན་འཛིན་སོགས་དེ་དག་གིས་སྣང་ངོའི་སྒོ་ནས་ཤེས་བྱ་འཇོག་ནུས་པ་གང་ཞིག བུམ་འཛིན་རྟོག་པ་སོགས་རང་གི་འཛིན་སྟངས་ཀྱི་ཡུལ་ཡོད་པའི་བློ་རྣམས་ཀྱིས་ཤེས་བྱ་འཇོག་ཐུབ་པ་སྨོས་མི་དགོས་པའི་ཕྱིར། ཕྱི་མ་སླ། དང་པོ་གྲུབ་སྟེ། བདེན་འཛིན་གྱིས་ཆོས་འཇོག་མི་ནུས་ཀྱང་དེས་སྣང་བའི་སྒོ་ནས་འཇོག་ནུས་པའི་ཕྱིར། དེར་ཐལ། དེའི་འཛིན་སྟངས་བདེན་གྲུབ་མེད་པས་དེས་ཆོས་གང་ཡང་འཇོག་མི་ཐུབ་ཀྱང༌། དེ་རང་གི་སྣང་བ་ལ་ཚད་མ་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མས་རང་ཡུལ་འཇོག་ཐུབ་པ་ལ་གྲུབ་མཐའ་ཀུན་མཐུན་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། བདེན་འཛིན་དེ་ཚད་མིན་དང་ལོག་ཤེས་ཡིན་ཀྱང་དེ་རང་གི་སྣང་བ་ལ་ཚད་མ་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་སྣང་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། གཉིས་སྣང་ཅན་གྱི་ཤེས་པ་ཡིན་ན་རང་གི་སྣང་བ་ལ་མངོན་སུམ་ཚད་མ་ཡིན་པས་ཁྱབ་པའི་ཕྱིར་རོ། །ཁོ་ན་རེ། ཐལ་འགྱུར་བའི་ལུགས་ལ་བུམ་པ་སོགས་ཡོད་པ་དང༌། བུམ་པ་རྟག་པ་སོགས་མེད་པའི་རྣམ་བཞག་འཇོག་ཏུ་མེད་པར་ཐལ། ཆོས་ཐམས་ཅད་བློ་ལ་སྣང་བ་ཙམ་གྱིས་ཕར་བཏགས་པ་ཙམ་དུ་ཟད་པ་གང་ཞིག བློ་འགའ་ཞིག་ལ་བུམ་པ་རྟག་པ་དང༌། ཐག་ཁྲ་སྦྲུལ་དང༌། རི་བོང་རྭ་སོགས་སྣང་བའི་ཕྱིར་ཞེ་ན་གཏན་མ་ཁྱབ་སྟེ། ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་ཡིན་ཀྱང་ཡོད་མེད་བཟང་ངན་ལ་སོགས་པའི་རྣམ་བཞག་ཤིན་ཏུ་རུང་བའི་ཕྱིར། དེར་ཐལ། བུམ་པ་ནི་རང་གི་ངོས་ནས་གྲུབ་པ་ཡོད་མེད་བཙལ་ན་མེད་ཀྱང་དེ་ལྟར་མ་བཙལ་བར་འཇིག་རྟེན་ཡོངས་ཀྱི་སྣང་ངོར་ཡོད་མེད་དང་སྣང་ཙམ་དུ་ཆུ་སྐྱོར་བའི་བྱ་བ་བྱེད་ནུས་མི་ནུས་དང༌། བློ་ལ་རང་དུས་སྐད་ཅིག་གཉིས་པའི་དུས་སུ་མི་སྡོད་པར་སྣང་རྒྱུ་ཞིག་ཏུ་གནས་མི་གནས་དང༌། རང་རྒྱུ་གང་ལས་སྐྱེས་པ་སོགས་དཔྱད་ན་རང་གི་ངོ་བོ་ཡོད་པ་དང༌། ཆུ་སྐྱོར་བའི་དོན་བྱེད་པ་དང་མི་རྟག་པ་དང༌། རྒྱུ་ལས་སྐྱེས་པ་ཡིན་པ་སོགས་བུམ་པ་སྣང་ཙམ་དེ་ལ་དཔྱོད་པའི་བློ་སྤྱི་ལ་འཆར་རྒྱུ་ཡོད་པ་དང༌། བུམ་པ་རང་གི་ངོ་བོས་གྲུབ་པ་ལ་མི་དཔྱོད་པར་སྣང་ཙམ་གྱི་བུམ་པ་ལ་སྣང་ཙམ་དུ་རང་དུས་གཉིས་པར་མི་སྡོད་པར་འཆར་བ་དང༌། རི་བོང་གི་རྭ་རི་བོང་གི་མགོ་ལ་ཡོད་པ་ནི་མ་བརྟགས་ཉམས་དགའི་བློ་རྟོག་མེད་ལ་མི་འཆར་བ་དང༌། སྨིག་རྒྱུའི་ཆུ་ཆུར་གྲུབ་པས་ཆུའི་དོན་བྱེད་པར་སྐྱེས་བུ་རྣམས་ལ་རྒྱུན་དུ་སྣང་བ་ཞིག་བྱུང་ན་ནི་དེ་ལ་ཡང་ཆུ་ཞེས་འཇོག་རིགས་ཀྱང་དེ་ལྟར་མི་སྣང་བ་ལ་སོགས་པའི་ཕྱིར་ཏེ། ནས་གྲོ་གཉིས་རྒྱུ་འབྲས་དང་བཅས་པ་ལ་སོགས་པ་ནི་རྟོག་པས་བཏགས་ཙམ་ལས་ཅུད་ཟད་ཀྱང་མེད་ཀྱང་བློ་སྤྱི་ལ་ནས་ལས་གྲོ་དང་གྲོ་ལས་ནས་འབྱུང་བ་མི་སྣང་བས་དེ་གཉིས་རྒྱུ་འབྲས་མིན་པ་དང༌། ཚེ་སྔ་ཕྱིའི་སྣང་བ་རྣམས་འཆར་ནུས་པའི་བློ་ངོར་དགེ་བར་སྣང་བའི་རྒྱུ་ལས་བདེ་བར་སྣང་བའི་འབྲས་བུ་འབྱུར་བར་སྣང་བའི་སྒོ་ནས་དེ་གཉིས་རྒྱུ་འབྲས་ཡིན་པ་དང༌། སྡིག་པ་ཡིན་པར་སྣང་བའི་རྒྱུ་ལས་བདེ་བ་ཡིན་པར་སྣང་བའི་འབྲས་བུ་མི་འབྱུང་བར་སྣང་བའི་སྒོ་ནས་དེ་གཉིས་རྒྱུ་འབྲས་མིན་པར་བཞག་པ་སོགས་ལས་འབྲས་དང་འཁོར་འདས་ཀྱི་རྣམ་བཞག་དང༌། ཡོད་མེད་དང་ཡིན་མིན་སོགས་ཀྱི་རྣམ་བཞག་ཐམས་ཅད་ནི་རང་འཇོག་པའི་བློ་དེ་དོན་མཐུན་གྱི་བློ་ཡིན་པར་སྣང་རྒྱུའི་བློ་དེ་ལ་ཇི་ལྟར་སྣང་བའི་སྒོ་ནས་འཇོག་རུང་བའི་ཕྱིར་རོ། །འདིར་རང་རྒྱུད་པས་ཆོས་རྣམས་རྟོག་པས་བཏགས་ཙམ་མིན་པར་འདོད་པ་དང༌། ཐལ་འགྱུར་བས་ཡིན་པར་འདོད་པ་ནི། རང་བཞིན་གྱིས་མེད་ན་མེད་དགོས་པར་འདོད་མི་འདོད་ཀྱི་དབང་གིས་ཡིན་ཏེ། རྟོག་པས་བཏགས་ཙམ་གྱི་དོན་ནི་རྟོག་པས་འཛིན་སྟངས་ལ་བཟུང་བ་ལ་བྱེད་པ་མ་ཡིན་གྱི་རྟོག་པ་ལ་ཕར་སྣང་ཙམ་ལ་བྱེད་པ་ཡིན་ལ། རང་རྒྱུད་པས་བུམ་པ་སོགས་རང་གི་ངོས་ནས་མ་གྲུབ་པར་རྟོག་པ་ལ་ཕར་སྣང་བ་ཙམ་ཡིན་ན་བུམ་པ་མ་ཡིན་པ་དག་ལ་བུམ་པར་སྣང་བ་ཙམ་གྱིས་ཀྱང་བུམ་པའི་དོན་བྱེད་དགོས་ཀྱང་མི་ནུས་པ་དང༌། བུམ་པ་བདེན་འཛིན་གྱི་རྟོག་པ་ལ་གང་སྣང་བ་ཐམས་ཅད་བདེན་གྲུབ་ཁོ་ནར་སྣང་ལ། བདེན་གྲུབ་ཀྱི་ཆོས་ནི་ཅུང་ཟད་ཀྱང་མེད་པར་འདོད། ཐལ་འགྱུར་བས་ནི་རྟོག་པ་ཡིན་ན་ཁྱོད་ཀྱིས་ཆོས་གཅིག་སྣང་བའི་སྒོ་ནས་འཇོག་ཐུབ་པས་ཁྱབ་སྟེ། བུམ་པ་བདེན་འཛིན་གྱི་རྟོག་པ་དེས་བདེན་གྲུབ་འཇོག་མི་ཐུབ་ཀྱང་བུམ་པ་བདེན་སྣང་གི་ཆ་ཙམ་དང༌། བུམ་པ་ཡུལ་དུ་གྲུབ་པའི་ཆ་ཙམ་དང༌། བུམ་པ་དེ་རང་ཐ་དད་པའི་ཆ་ཙམ་སྣང་བའི་ཆ་ལ་མ་འཁྲུལ་བས་དེས་དེ་དག་འཇོག་ཐུབ་པའོ། །སྤྱིར་བདེན་འཛིན་འཛིན་སྟངས་དང་སྣང་ཡུལ་གཉིས་ཀ་ལ་འཁྲུལ་བ་ཡིན་ནོ། །རང་རྒྱུད་པའི་བློ་གནོད་མེད་ནི་བུམ་འཛིན་མངོན་སུམ་ལ་བུམ་པ་རྟག་པར་སྣང་བ་དང༌། བུམ་འཛིན་རྟོག་མེད་ལ་བུམ་པའི་དོན་སྤྱི་བུམ་པར་སྣང་ཡང་འཛིན་སྟངས་ཀྱི་ཡུལ་བུམ་པ་ལ་མ་འཁྲུལ་བའི་ཤེས་པ་ཡིན་པ་ལྟ་བུ་རང་གི་འཛིན་སྟངས་ཀྱི་ཡུལ་ལ་མ་འཁྲུལ་བའི་ཤེས་པ་དེ་ཡིན་ཏེ། འཛིན་སྟངས་ཀྱི་ཡུལ་ཡོད་པའི་ཤེས་པ་ཡིན་ན་ཡོད་པའི་ཡུལ་ལ་རང་ངོས་ནས་གྲུབ་པའི་ཆོས་ཡིན་པས་ཁྱབ་ཕྱིར་རང་མཚན་གྱིས་གྲུབ་པ་ལ་ཚད་མར་སོང་བའི་ཤེས་པ་ཡིན་པས་ཁྱབ་པའི་ཕྱིར་རོ། །འཛིན་སྟངས་ཀྱི་ཡུལ་ལ་འཁྲུལ་བའི་ཤེས་པ་རྣམས་ནི་ཆ་གང་ལ་ཡང་ཚད་མར་འགྲོ་བ་མི་སྲིད་པས་དེས་ཡུལ་གང་ཡང་ཡོད་པར་འཇོག་མི་ནུས་སོ། །བུམ་པ་བདེན་འཛིན་རྟོག་པ་ལ་སྣང་བ་ཙམ་གྱིས་བུམ་པ་དེ་ཡོད་པར་འཇོག་ཐུབ་ན། དེ་ལ་སྣང་བའི་བུམ་པ་དེ་བཙལ་བས་རྙེད་དགོས། འཚོལ་ཚེ་ཇི་ལྟར་དཔྱད་ཀྱང་བདེན་འཛིན་ལ་སྣང་བའི་བུམ་པ་དེའི་ངོས་ན་ནི་གོང་དུ་བཤད་པ་ལྟར་བདེན་གྲུབ་ཀྱི་བུམ་པ་ལས་གཞན་གང་ཡང་མ་དམིགས་པས་བདེན་འཛིན་ལ་སྣང་བའི་བུམ་པ་དེ་གདགས་གཞིའི་ངོས་ནས་ཅུང་ཟད་མི་རྙེད་པས་དེ་ལ་བུམ་པ་དེ་སྣང་བས་བུམ་པ་འཇོག་མི་ནུས་པ་བཞིན་དུ་ལོག་ཤེས་ཐམས་ཅད་ཀྱང་འདྲའོ་བསམ་པ་ཡིན་ནོ། །ཐལ་འགྱུར་བས་ནི་དེ་ལྟར་བཙལ་ན་བདེན་འཛིན་ལ་སྣང་རྒྱུའི་བུམ་པ་མ་ཟད་ཁྱོད་རང་གི་བུམ་འཛིན་ཚད་མ་ལ་སྣང་བའི་བུམ་པ་ཡང་ཅུང་ཟད་ཀྱང་མི་རྙེད་པས་དེ་གཉིས་རང་ངོས་ནས་མེད་པ་ལ་ཡང་འདྲ་མཉམ་ཡིན་ཞིང༌། བུམ་འཛིན་ཚད་མ་ཡང་རང་གི་འཛིན་སྟངས་ཀྱི་ཡུལ་གྱི་བུམ་པ་ལ་ནི་འཁྲུལ་བ་ཁོ་ན་ཡིན་ཀྱང་དེས་བུམ་པ་བཟུང་བའི་སྒོ་ནས་ཡོད་པར་འཇོག་ཐུབ་ན། བུམ་པ་བདེན་འཛིན་ཀྱང་བུམ་པ་བདེན་གྲུབ་ལ་འཁྲུལ་ཡང་དེ་ལ་བུམ་པ་སྣང་བའི་སྒོ་ནས་ཀྱང་བུམ་པ་འཇོག་ཅིའི་ཕྱིར་མི་ཐུབ་སྟེ་ཐུབ་པར་ཐལ། ཆོས་ཐམས་ཅད་བློ་ལ་སྣང་ཙམ་གྱིས་མ་བཞག་ན་གཏན་མི་རྙེད་པ་གང་ཞིག སྣང་ཙམ་གྱིས་འཇོག་ན་ནི་ལོག་ཤེས་ལ་བུམ་པ་སྣང་ན་ཡང་བུམ་པ་སྣང་བ་ཡིན། ཚད་མ་ལ་བུམ་པ་སྣང་ན་ཡང་བུམ་པ་སྣང་བ་ཡིན་པའི་ཕྱིར། སེམས་ཅན་གྱི་ས་ལ་ཆོས་ཐམས་ཅད་ཡོད་པར་འཇོག་བྱེད་ལ་འཁྲུལ་ཤེས་ཁོ་ན་ལས་མེད་དོ། །བུམ་པ་བདེན་འཛིན་དེ་བུམ་པ་བདེན་གྲུབ་ལ་ལོག་ཤེས་དང༌། བུམ་པ་སྣང་བ་ལ་ཚད་མ་ཡིན་ཏེ། ཁྱོད་ཀྱིས་བུམ་པ་བདེན་པར་མེད་ཀྱང་བདེན་པར་བཟུང་བ་གང་ཞིག ཁྱོད་ལ་བུམ་པའི་ཆ་སྣང་བ་ཙམ་གྱི་བུམ་པ་ཡོད་པའི་ཕྱིར། ཞེས་བཞེད་དོ།།

གཉིས་པ་དེའི་བཟློག་ཟླ་བདེན་པར་གྲུབ་པའི་ཚད་དུ་བསྟན་པ།

གཉིས་པ་དེའི་བཟློག་ཟླ་བདེན་པར་གྲུབ་པའི་ཚད་དུ་བསྟན་པ་ནི།

གལ་ཏེ་མིང་གིས་བཏགས་ཙམ་གྱི་བཟློག་ཟླ་མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་མ་ཡིན་པའི་ཡོད་པ་དེ། བདེན་པར་གྲུབ་ཚད་ཡིན་ཏེ། བློ་ལ་ཕར་སྣང་ཙམ་མ་ཡིན་པར་རང་གི་ངོས་ནས་གྲུབ་པ་དེ། དོན་དམ་དཔྱོད་བྱེད་ཀྱི་རྟགས་ཀྱིས་དགག་བྱ་དང༌། རང་ངོས་ནས་གྲུབ་པ་དེ། ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་ཆོས་ཀྱི་སྟེང་དུ་གྲུབ་པ་ཆོས་ཀྱི་བདག་དང༌། གང་ཟག་གི་སྟེང་དུ་གྲུབ་པ་གང་ཟག་གི་བདག་དང༌། དེ་ཁྱད་གཞི་ཆོས་ཀྱི་སྟེང་དུ་མེད་པ་ཆོས་ཀྱི་བདག་མེད་ཕྲ་མོ་དང༌། གང་ཟག་གི་སྟེང་དུ་མེད་པ་གང་ཟག་གི་བདག་མེད་ཕྲ་མོ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཐམས་ཅད་རང་གི་མིང་དང་རྟོག་པས་ཕར་བཏགས་ཙམ་ལས་རང་གི་ངོ་བོས་མེད་པ་དེ་རང་གི་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། དེར་ཐལ། གནས་ལུགས་མཐར་ཐུག་གི་བཟློག་ཟླར་ཞེན་པ་བདེན་འཛིན་ཡིན་པ་གང་ཞིག ཆོས་རྣམས་མིང་གིས་བཏགས་ཙམ་མ་ཡིན་པར་རང་ངོས་ནས་གྲུབ་པར་ཞེན་ནས་བདེན་འཛིན་དུ་འགྱུར་བའི་ཕྱིར། ཡབ་སྲས་མཇལ་བའི་མདོ་ལས། རྒྱལ་པོ་ཆེན་པོ་ཆོས་རྣམས་རེ་རེ་ནས་རང་གི་ངོ་བོས་གྲུབ་པ་ཡོད་མེད་བཙལ་ན་ཐ་སྙད་ཅེས་པ་སྒྲ་རྟོག་གིས་ཕར་བཏགས་པ་ཙམ་མ་གཏོགས་རང་གི་ངོ་བོས་གྲུབ་པའི་མིག་གི་སྐྱེ་མཆེད་མི་དམིགས་སོ། ། ཞེས་སོགས་དང༌། དེ་ཉིད་ལས། དེ་ལྟར་ཆོས་ཐམས་ཅད་ཕར་བཏགས་ཙམ་མ་ཡིན་པར་གྲུབ་པ་གཅིག་མ་དམིགས་ན་རང་གི་ངོས་ནས་གྲུབ་པའི་ལུང་སྟོན་པ་པོ་སངས་རྒྱས་ནི་གང༌། ལུང་བསྟན་བྱ་བྱང་ཆུབ་སེམས་དཔའ་ནི་གང༌། སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལུང་བསྟན་པ་ནི་གང་གི་ཡོད། སངས་རྒྱས་བྱང་སེམས་ཀྱི་གདགས་གཞིའི་གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་བ་ནས་དེ་ལྟར་རྣམ་པར་ཤེས་པའི་བར་དུའོ། །ཞེས་དང༌། དེ་བཞིན་དུ་ཆོས་འདི་དག་ནི་ཐ་སྙད་དེ་རྟོག་པས་བཏགས་ཙམ། མིང་གིས་བཏགས་ཙམ། བརྡ་སྟེ་རྟོག་ངོར་སྣང་ཙམ། ཀུན་རྫོབ་སྟེ་རང་བཞིན་གྱིས་གྲུབ་པར་སྣང་ཡང་རང་བཞིན་གྱིས་སྟོང་བའི་རྫུན་པ་ཙམ། ཚིག་གིས་བརྗོད་བ་ཙམ། བུམ་པའོ་ཀ་བའོ་ཞེས་སོགས་སུ་མིང་བཏགས་པ་ཙམ་སྟེ། ཚུལ་དེ་ལ་མཁས་པ་རྣམས་ཀྱིས་མངོན་པར་ཏེ་དགའ་ཞིང་དད་པར་བྱའི་མི་འཕྱའོ།། ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་མིང་བརྡས་བཏགས་པ་ཙམ་ལ་བྱ་བྱེད་ཐམས་ཅད་རུང་བར་བསྟན་པ།

གསུམ་པ་མིང་བརྡས་བཏགས་པ་ཙམ་ལ་བྱ་བྱེད་ཐམས་ཅད་རུང་བར་བསྟན་པ་ནི།

ཆོས་ཐམས་ཅད་མིང་རྐྱང་བཏགས་ཡོད་ཙམ་ལས་མེད་ཀྱང་འཁོར་འདས་ཀྱི་བྱ་བྱེད་བཟང་ངན་ཐམས་ཅད་དུ་ཐམས་ཅད་རུང་སྟེ། ཆོས་རྣམས་རང་ངོས་ནས་གྲུབ་པ་མེད་པར་ངེས་པས་རྗེས་སུ་ཡང་རང་ངོས་ནས་གྲུབ་མ་གྲུབ་མི་འཚོལ་བར་བློ་ལ་སྣང་ཙམ་འདི་ལ་སྣང་བ་ལྟར་རུང་མི་རུང་གི་ཁྱད་པར་ཡང་མ་བརྟགས་པའི་བློ་ངོར་འཆར་བ་ནི་ཡོད་ལ།ཤར་བ་ལྟར་དུ་རྣམ་བཞག་ཐམས་ཅད་བྱེད་དུ་ཡོད་པའི་ཕྱིར། དེར་ཐལ། ཤེས་བྱའི་ཆོས་འདི་དག་ཐམས་ཅད་ནི་ཐག་ཁྲ་ལ་སྦྲུལ་དུ་སྣང་བ་དང༌། སྤྱོད་འཇུག་ལས། དབྱིབས་སུ་བཀོད་ལུགས་མི་འདྲ་བའི་ཁྱད་པར་གྱིས། ཐོ་ཡོར་ལ་ནི་མིར་སྣང་བའི་བློ་སྐྱེ་བ་བཞིན་ཡིན་ནོ། །གོང་གི་ལུང་དེ་དག་ནི་འབྲུ་འགྲེལ་དང་བཅས་ཏེ་བཀོད་པའོ། །

སྨྲས་པ། མཐའ་བྲལ་དབུ་མ་ཆེན་པོའི་ཤིང་རྟ་ཆེ། །རིགས་ལམ་གསེར་གྱི་ལམ་སྲོལ་ལས་དྲངས་ནས། །ཚུལ་བཞིན་གསལ་མཛད་བསྟན་པའི་མིག་གཅིག་པུ། །རྒྱལ་བ་གཉིས་པའི་བཞེད་དགོངས་ཅི་བཞིན་སྨྲས། །མདོ་སྨད་ཞིང་དུ་ངག་དབང་གྲགས་པ་ཡིས། །ཆོས་སྡེ་བརྒྱ་དང་རྩ་བརྒྱད་ཕྱག་བཏབ་པའི། །ཐོག་མའི་ཆོས་སྡེ་ཨ་འདུས་ཞེས་གྲགས་པའི། །ཕུན་སུམ་ཚོགས་པའི་གནས་མཆོག་ཡིད་དགའ་གནས། །གསེར་གྱི་ཏོག་རྒྱན་དབྱིངས་སུ་མཐོ་བ་ཡི། །འདུ་ཁང་ཆེན་པོ་སྲིད་ན་མཛེས་པ་དེའི། །དགའ་སྟོན་བཀྲ་ཤིས་སྟོན་མོ་བྱེ་བར་སྡེབ། །ཤིག་ཚིག་མུ་ཏིག་འོད་དཀར་ཕྲེང་བ་བསྟར། །སྐྱེ་འགྲོའི་རྒུད་པ་ལྷག་མེད་ཞི་ཕྱིར་དུ། །བདེ་སྐྱིད་འཁྱིལ་བའི་གནས་འདིར་བདེ་ལེགས་ཤོག །ཅེས་པ་འདི་ནི་ཨ་འདུས་དགོན་དགའ་ལྡན་དར་རྒྱས་གླིང་གིས་བསྐུལ་ངོར་རྒྱལ་ཁམས་པ་དངོས་གྲུབ་དཔལ་གྱིས་བྲིས་པའོ། །

དཔལ་ཡུལ་དགོན་ཆེན་གྱི་ནང་བསྟན་མཁས་པའི་བགྲོ་གླེང་ཐེངས་བདུན་པའི་སྐབས་སུ་གནང་བའི་་བཀའ་སློབ།

དཔལ་ཡུལ་དགོན་ཆེན་གྱི་ནང་བསྟན་མཁས་པའི་བགྲོ་གླེང་ཐེངས་བདུན་པའི་སྐབས་སུ་གནང་བའི་བཀའ་སློབ།

ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་མཛེས་པའི་སྐུ། །ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །ཆོས་འཁོར་གསུམ་གྱི་དགོངས་པ་ཇི་བཞིན་མཁྱེན། །རྒྱུད་སྡེ་བཞི་ཡི་དེ་ཉིད་ཐུགས་སུ་ཆུད། །འགྲོ་བ་ཀུན་ལ་མ་ནོར་ལམ་སྟོན་པ། །ཀུན་མཁྱེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །དེ་རིང་འདིར་སྔ་འགྱུར་རྙིང་མའི་གདན་ས་དྲུག་གི་ཡ་གྱལ་དཔལ་ཡུལ་དགོན་ཆེན་གྱི་ནང་བསྟན་མཁས་པའི་བགྲོ་གླེང་ཐེངས་བདུན་པའི་སྐབས་འདིར། བདག་གིས་ཡིན་ན་བགྲོ་གླེང་བཀོད་སྒྲིག་པས་བཀོད་སྒྲིག་གནང་བ་བཞིན་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་ཀྱི་ཕྱོགས་ནས་ཚིག་ཁ་ཤས་ཤིག་ཞུ་རྒྱུ་དེ་ཡིན། དེ་ཡིན་ན་དེ་རིང་འདི་ནས་རང་གིས་ཞུ་བསམ་རྒྱུ་གཙོ་བོ་དྲང་ངེས་ལས་བརྩམས་ཏེ་ཚིག་ཁ་ཤས་ཞུ་བསམ་པ་ཡིན། དེ་ཡིན་ན་དང་པོ་དྲང་ངེས་འབྱེད་ཚུལ་དང༌། དྲང་དོན་དང་ངེས་དོན་གྱི་མདོའི་དགོངས་དོན་བདེན་པ་གཉིས་ཀྱི་རྣམ་བཞག་བཤད་པ་དང་རྩ་བའི་ས་བཅད་དམ་སྡེ་ཚན་གཉིས་ལྟ་བུའི་སྟེང་ནས་ཞུ་རྒྱུ་དེ་ཡིན། དེ་ཡང་དང་པོ་དྲང་ངེས་འབྱེད་པ་དེ་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་གཏན་ལ་འབེབས་པའི་སྐབས་སུ་དྲང་ངེས་འབྱེད་ཡོང་དུས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ཆོས་འཁོར་རིམ་པ་གསུམ་གསུངས་པའི་ནང་ནས་བཀའ་འཁོར་ལོ་ཐ་མ་ངེས་དོན་མདོ་བཅུ། སྙིང་པོའི་མདོ་བཅུ་ལ་སོགས་པ་དེ་ངེས་དོན་མཐར་ཐུག་གི་མདོ་ཡིན་པ་དེ་སངས་རྒྱས་བཅོམ་ལྡན་འདས་རང་གི་དགོངས་པ་རང་གིས་འགྲེལ་བའི་མདོ་སྡེ་དགོངས་པ་ངེས་འགྲེལ་ལ་བརྟེན་ནས་བཀྲལ་བ་རེད། སྤྱིར་བཏང་གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་ལས་བརྩམས་ཏེ་བསམ་བློ་བཏང་ན་འཁོར་ལོ་ཐོག་མཐའ་བར་གསུམ་གྱི་དགོངས་དོན་མཐར་ཐུག་དེ་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་ཏུ་གནས་པ་རེད་ཅེས་གསུང་གི་ཡོད་པ་རེད། ཡིན་ན་ཡང་འཁོར་ལོ་དང་པོའི་སྐབས་སུ་མི་གསལ་བའི་ཚུལ་གྱིས་བསྟན་པ་དང༌། བར་བར་ཅུང་ཟད་གསལ་བའི་ཚུལ་གྱིས་བསྟན་པ་དང༌། ཐ་མར་ལེགས་པ་རྣམ་པར་ཕྱེས་ནས་ཐང་མར་བརྡལ་བའི་ཚུལ་གྱིས་བསྟན་པར་གསུངས་ཡོད་པ་རེད། དེ་ཡང་འཁོར་ལོ་ཐ་མ་ངེས་དོན་མཐར་ཐུག་གི་མདོ་ཡིན་པ་དེ། སངས་རྒྱས་བཅོམ་ལྡན་འདས་རང་གི་དགོངས་པ་རང་གིས་འགྲེལ་བའི་མདོ་སྡེ་དགོངས་པ་ངེས་འགྲེལ་དང༌། མྱང་འདས་ཆེན་པོའི་མདོ། སོར་ཕྲེང་གི་མདོ། བློ་གྲོས་མི་ཟད་པའི་མདོ། གཟུངས་རྒྱལ་གྱིས་ཞུས་པའི་མདོ་སོགས་ཀྱི་སྐབས་སུ་དྲང་ངེས་བཤད་པ་དེ་དགོངས་པ་གཅིག་དང་དབྱངས་གཅིག་གིས་འཁོར་ལོ་ཐ་མ་ངེས་དོན་དུ་བཀྲལ་ཡོད་པ་དེ་འདྲ་ཞིག་རེད། དེ་འདྲ་ཡིན་དུས་སངས་རྒྱས་བཅོམ་ལྡན་འདས་ལ་དོན་དམ་ཡང་དག་འཕགས་ཀྱིས། འཁོར་ལོ་དང་པོའི་སྐབས་སུ་གཟུགས་ནས་འཕགས་ལམ་ཡན་ལག་བར་གྱི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱི་གྲུབ་གྲུབ་ཅེས་པ་ལྟ་བུར་བཀའ་བསྩལ་བ། དེ་ནས་འཁོར་ལོ་བར་བའི་སྐབས་སུ་གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་ཐམས་ཅད་འགྲེས་རྐང་བརྒྱ་རྩ་བརྒྱད་ངོ་བོ་ཉིད་མེད་པར་གསུངས་པས་སྒྲས་ཟིན་ལྟར་ན་འགལ་བར་ལྟར་སྣང་ན་ཡང༌། སངས་རྒྱས་བཅོམ་ལྡན་འདས་ནི་གཟིགས་པ་རྣམ་པར་དག་པའི་མཐར་སོན་པ་ཡིན་པས། དོན་ལ་འགལ་བ་མེད་པའི་རྒྱུ་མཚན་གྱིས་འཁོར་ལོ་བར་པའི་སྐབས་སུ་ཆོས་ཐམས་ཅད་རང་གི་ངོ་བོ་ཉིད་མེད་པར་གསུངས་པ་ཅི་ལ་དགོངས་ནས་གསུངས་པ་ཡིན་ཞེ་ན། ཞེས་དོགས་པ་སྐྱེས་བའི་ཚུལ་གནང་སྟེ་དྲི་བ་ཞུས་པའི་ལན་དུ། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ། ངས་ངོ་བོ་ཉིད་མེད་པར་གསུངས་པ་འདི་ལྟ་སྟེ། དོན་དམ་ཡང་དག་འཕགས། ངས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་ནི་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས། ངས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང༌། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ། །ཞེས་མདོར་བསྟན་ནས་དེའི་དོན་རྒྱས་པར་བཤད་པ་ལ། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། དོན་དམ་ཡང་དག་འཕགས་དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན། ཀུན་བཏགས་པའི་མཚན་ཉིད་གང་ཡིན་པའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི། རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དོན་དམ་ཡང་དག་འཕགས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱི། བདག་ཉིད་ཀྱིས་ནི་མ་ཡིན་པས་དེའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དོན་དམ་ཡང་དག་འཕགས་ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མེད་པ་གང་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་གང་དག་སྐྱེ་བ་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དེ་དག་ནི་དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡང་ཡིན་ནོ། །དེ་ཅི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས་ཆོས་རྣམས་ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་ངས་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་ལ། གཞན་གྱི་དབང་གི་མཚན་ཉིད་དེ་ནི་རྣམ་པར་དག་པའི་དམིགས་པ་མ་ཡིན་པས་དེའི་ཕྱིར་དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དོན་དམ་ཡང་དག་འཕགས་གཞན་ཡང་ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཡིན་པ་དེ་ཡང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་སོགས་ཀྱིས་ཤེར་ཕྱིན་གྱི་མདོར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་པ་ནི། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལ་དགོངས་ནས་གསུངས་པ་དེ་མདོ་སྡེ་དགོངས་པ་ངེས་འགྲེལ་ལས་གསལ་ཞིང་རྒྱས་པར་གསུངས་ཡོད་པ་རེད། དེ་ལ་བརྟེན་ནས་གཞན་སྟོང་དབུ་མ་ཆེན་པོའི་དགོངས་པ་དེ་དེ་ལ་བརྟེན་ནས་བཀྲལ་དགོས་པ་ཆགས་འདུག་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་དེ་ནས་གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་ལ་བསམ་བློ་བཏང་ན་ངེས་དོན་གྱི་མདོ་བཅུ་དང༌། སྙིང་པོའི་མདོ་བཅུ། སྔགས་རྒྱུད་སྡེ་རྣམ་པ་བཞི། དེའི་ནང་གི་སྔགས་བླ་མེད་ཀྱི་རྒྱུད་སྡེ། དེའི་ནང་ནས་ལྷག་པར་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད། དེའི་དགོངས་འགྲེལ་སོགས་སེམས་འགྲེལ་སྐོར་གསུམ་གྱི་མན་ངག་ལ་བརྟེན་ནས་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་དེ་བཀྲལ་བ་ཞིག་རེད། དེའི་རྒྱུ་མཚན་གྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་འཁོར་ལོ་ཐ་མ་དང༌། སྔགས་རྒྱུད་སྡེ་བཞིའི་དགོངས་དོན་དེ་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་ཏུ་གནས་ཡོད་པར་ངེས་པར་བཀྲལ་བའི་སྟེང་ནས་དེའི་དགོངས་འགྲེལ་གྱི་མཁན་པོ་ལ་བསམ་བློ་བཏང་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། དབུ་མ་རིགས་ཚོགས་དྲུག་གི་སྐབས་སུ་ཆོས་ཐམས་ཅད་བདེན་གྲུབ་ཀྱི་སྤྲོས་པ་དང་བྲལ་བ་དེ་གཏན་ལ་ཕབ་ནས། དེའི་རྗེས་སུ་འཁོར་ལོ་ཐ་མའི་སྐབས་སུ་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་རང་བཞིན་འོད་གསལ་བའི་ཡེ་ཤེས་དེ་རྩལ་བཏོན་བྱས་ནས་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་དེ་ཆོས་དབྱིངས་བསྟོད་པ་སོགས་བསྟོད་ཚོགས་དྲུག་གི་སྐབས་སུ་གསུངས་པ་རེད། དེའི་རྒྱུ་མཚན་གྱིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དེ་ཉིད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལུང་གི་བསྟན་ཡོང་དུས། ཡོད་དང་མེད་པའི་ཕྱོགས་འཇིག་པ་ཞེས་པ་ལྟར་ཀླུ་སྒྲུབ་ཀྱིས་ཡོད་པའི་མཐའ་འཇིག་པར་བྱེད་པ་འཁོར་ལོ་བར་བའི་དགོངས་འགྲེལ་གཙོ་བོར་བྱས་ནས་དབུ་མ་རིགས་ཚོགས་དྲུག་ལ་སོགས་པ་མཛད་པ་ཡིན་པ་དེ་དང༌། མེད་པའི་མཐའ་འགོག་པར་བྱེད་པ་དབུ་མ་བསྟོད་ཚོགས་དྲུག་ལ་སོགས་པ་གསུངས་པ་ཡིན་པར་དབུ་མ་གཞན་སྟོང་བས་དགོངས་པ་བཀྲལ་གྱི་ཡོད་པ་རེད། ལྷག་པར་དུ་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་འགྲེལ་བྱེད་ཀྱི་བསྟན་བཅོས་གཙོ་བོ་དེ་སངས་རྒྱས་བཅོམ་ལྡན་འདས་རང་གི་རྒྱལ་ཚབ་ཏུ་མངའ་གསོལ་བ་རྗེ་བཙུན་བྱམས་པ་མགོན་པོས་བྱམས་ཆོས་སྡེ་ལྔ་ལ་བརྟེན་ནས་གསུང་གི་ཡོད་པ་རེད། དེའི་ནང་གི་གཙོ་བོ་དེ་རྒྱུད་བླ་མ་ལ་བརྟེན་ནས་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་དེ་བཀྲལ་གྱི་ཡོད་པ་རེད། མདོར་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དེ་ཡང་གཞན་སྟོང་དབུ་མའི་སྲོལ་འབྱེད་དང་དབུ་མ་སྤྱིའི་སློབ་དཔོན་ཞིག་བཞག་གི་ཡོད་པ་དེ་དང༌། དེ་ནང་བཞིན་དུ་འཕགས་པ་ཐོགས་མེད་ལ་མཚོན་པ་ཡིན་ན་འཕགས་པ་ཐོགས་མེད་ཀྱིས་རྒྱུད་བླ་ཐོགས་འགྲེལ་གྱི་སྐབས་སུ་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་དེ་གསུང་གི་ཡོད་པ་དེ་འདྲ་རེད། དེ་ནང་བཞིན་དུ་གཞན་སྟོང་དབུ་མ་ཆེན་པོའི་གཞི་ཐུན་མོང་བའི་རྣམ་བཞག་དེ་ས་སྡེ་ལྔ་སྡོམ་རྣམ་གཉིས་ལ་སོགས་པའི་སྐབས་སུ་གསུང་གི་ཡོད་པ་དེ་འདྲ་ཞིག་རེད། དེའི་རྒྱུ་མཚན་གྱིས་མདོར་ན་ཀླུ་ཐོགས་རྣམ་གཉིས་གཞན་སྟོང་དབུ་མ་ཆེན་པོའི་ཤིང་རྟའི་སྲོལ་འབྱེད་ཡིན་པས་རྒྱ་གར་འཕགས་པའི་ཡུལ་དུ་རྒྱ་ཆེར་ཕྱེས་པ་ཡིན་པར་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་ཁས་ལེན་པ་རྣམས་ཀྱིས་བཞག་གི་ཡོད་པ་རེད། དེ་ཡང་ཁ་ཅིག་གིས་འདོད་པ་ལྟར་ན་འཕགས་པ་ཐོགས་མེད་དེ་ཉིད་སེམས་ཙམ་པའི་སློབ་དཔོན་ཡིན་ཞེས་ལབ་མཁན་ཡོད་པ་རེད། ཡིན་ན་ཡང་རང་ལུགས་ལ་དེ་མ་ཡིན་པར་སེམས་ཙམ་པའི་སློབ་དཔོན་ནི། རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་གི་སྐབས་སུ་གསུངས་པ་ནང་བཞིན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་མ་བྱོན་པའི་སྔ་རོལ་དུ་སེམས་ཙམ་པའི་སློབ་དཔོན་ཨ་བི་ཏར་ཀ་ལ་སོགས་པའི་སློབ་དཔོན་ལྔ་བརྒྱ་ལ་སོགས་པ་བྱུང་བ་དེ་དག་ཡིན་པར་འདོད་པ་རེད། རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་མ་བྱོན་པའི་སྔ་རོལ་ཏུ་སེམས་ཙམ་པའི་སློབ་དཔོན་དེ་དམིགས་བསལ་གྱིས་འཇོག་པའི་ལོ་རྒྱུས་ཀྱི་ཁུངས་གང་ཡང་མ་རྙེད་པ་ལྟ་བུ་བྱས་ནས་འཕགས་པ་ཐོགས་མེད་བཞག་པ་ལས་གཞན་བཞག་རྒྱུ་མ་རྙེད་པ་ཞིག་རེད། དེའི་རྗེས་སུ་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་རྒྱ་གར་ཆོས་འབྱུང་བརྩམས་པའི་རྗེས་སུ་སྔ་འགྱུར་རྙིང་མའི་མཁས་དབང་ཆེན་པོ་ཀ་ཐོག་དགེ་རྩེ་མ་ཧཱ་པཎྜི་ཏའི་གྲུབ་མཐའ་རབ་གསལ་སྣང་བའི་ནང་ན་ཡང་རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་བཞེད་པ་ལྟར་གཅིག་པ་གཅིག་མཚུངས་བྱས་ནས་གསུང་གི་ཡོད་པ་རེད། དེར་མ་ཟད་དགེ་རྩེ་མ་ཧཱ་པཎྜི་ཏ་ལྟ་བུ་ལ་མཚོན་པ་ཡིན་ན་སྔ་འགྱུར་རྙིང་མའི་ནང་ནས་གཞན་སྟོང་ཁས་ལེན་པ་རྣམས་ཀྱི་ནང་ནས་རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་དང་གཞན་སྟོང་དབུ་མ་ཁས་ལེན་ཚུལ་དགོངས་པ་གཅིག་དང་དབྱངས་གཅིག་གིས་གཏན་ལ་ཕབ་ལ། བརྡ་ཆད་སྦྱར་ཚུལ་སོགས་གང་གི་ཕྱོགས་ནས་ཡང་ཆ་འདྲ་བ་གཅིག་པ་གཅིག་ཀྱང་ཞིག་ཡིན་པ་དེ་ཁོང་གིས་གཞུང་རྣམས་ལས་གསལ་བ་ནང་བཞིན་ཆགས་འདུག་ཡོད་པ་རེད་ལགས།དེའི་རྒྱུ་མཚན་གྱིས་ཇོ་ནང་རང་ལུགས་ཡིན་ན་དཔལ་ལྡན་ཟླ་བ་གྲགས་པ་དང་སློབ་དཔོན་ལེགས་ལྡན་འབྱེད་ལ་སོགས་པ་དེ་དག་རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གཞན་སྟོང་དབུ་མའི་རྒྱན་གྱི་སྐབས་སུ་པཎྜི་ཏ་མཆོག་ཏུ་གྱུར་བ་ཡིན་ན་ཡང་སངས་རྒྱས་ཀྱི་ལུང་གིས་ཟིན་པ་དང་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་མིན་ཞེས་གསུངས། དེའི་རྒྱུ་མཚན་གྱིས་ས་བཅུ་པའི་དབང་ཕྱུག་རྒྱལ་ཚབ་བྱམས་པ་མགོན་པོ་དང༌། ས་གསུམ་པ་ལ་གནས་པ་འཕགས་པ་ཐོགས་མེད་གཉིས་དང་ཆ་འདྲ་བ་མ་ཡིན་པར་བཤད་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་དགོངས་འགྲེལ་མཁན་པོ་ལ་བསམ་བློ་བཏང་ན་འདྲ། བསྟན་བཅོས་ཀྱི་སྒོ་ནས་བསམ་བློ་བཏང་ན་འདྲ་གང་གི་སྒོ་ནས་ཀྱང་ཁྱད་པར་དུ་འཕགས་པ་ཡིན་ཞེས་རང་ལུགས་ཀྱིས་རྩལ་འདོན་བྱས་ནས་དེ་འདྲ་གསུང་གི་ཡོད་པ་རེད། ཡིན་ན་ཡང་གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་ཀྱི་གྲུབ་མཐའ་རྩལ་འདོན་བྱས་ན་དེ་འདྲ་གསུང་གི་རེད་ཞུས་པ་མ་གཏོགས་གཞན་ངན་པ་ཞིག་རེད་ཅེས་ནམ་ཡིན་ན་ལབ་གི་མེད། སྤྱིར་བཏང་ང་ཚོས་གྲུབ་མཐའ་རིས་མེད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཞིག་རེད། ཡིན་ན་ཡང་རང་ལུགས་རྣམ་པར་བཞག་ན་དེ་འདྲ་བཞག་དགོས་པ་རེད། དཔེར་ན་དཔལ་ལྡན་ཟླ་བ་གྲགས་པས། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ། །གཞན་གྱི་ལྟ་ལ་འཁྲུག་གང་རྟོག་པ་ཉིད། །དེ་ཕྱིར་འདོད་ཆགས་ཁོང་ཁྲོ་རྣམས་བསལ་ཏེ། །རྣམ་དཔྱོད་པ་ནི་མྱུར་དུ་གྲོལ་བར་འགྱུར། །ཞེས་གསུངས་པ་ནང་བཞིན་དུ་ང་ཚོས་རིས་མེད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཡིན་ནའང་གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །ཅེས་གསུངས་པ་ནང་བཞིན་གྱི་དུ་རང་ལུགས་ཀྱི་གྲུབ་མཐའ་རྣམ་པར་བཤད་པ་དེའི་ཚེ། རང་གིས་གྲུབ་མཐའ་རྩལ་འདོན་བྱས་ནས་མ་བཤད་རང་བཤད་ཅིག་ཆགས་འདུག་ཡོད་པ་དེ་འདྲ་ཞིག་རེད་ཞུ་རྒྱུ་དེ་ཡིན། བོད་ཁ་བ་གངས་ཅན་གྱི་ལྗོངས་འདིར་གཟུ་བཙན་རྣམ་གཉིས་ལས་བརྒྱུད་དེ་ཀུན་མཁྱེན་དོལ་པོ་པའི་བར་དུ། གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་དེ་གསང་ཆོས་བྱས་ཏེ་གཅིག་ནས་གཅིག་ནས་ཏུ། སྙན་ནས་སྙན་དུ་བརྒྱུད་པ་ཞིག་རེད། དེ་ནས་ཀུན་མཁྱེན་དོལ་པོ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་བཀའ་བསྡུ་བཞི་བ་མཛད་ནས་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་བེམ་སྟོང་ཆད་སྟོང་ཙམ་མ་ཡིན་པར་འོད་གསལ་བའི་དོན་དམ་པའི་ཡོན་ཏན་རྣམ་པ་ཀུན་ལྡན་ཡིན་པ་གཏན་ལ་ཕབ་ནས། དེ་ཡང་སེམས་འགྲེལ་སྐོར་གསུམ་གྱི་མན་ངག་ལ་བརྟེན་ནས་ཁོང་གིས་ཐད་ཀར་ཐད་ཀར་ལམ་ཉམས་སུ་བླངས་ནས་ཉམས་རྟོགས་རྒྱུད་ལས་བསྟན་པ་ལྟར་ཐད་ཀར་རྒྱུད་ལ་སྐྱེས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒྱུར་མི་ཐུབ་པའི་ངེས་ཤེས་ཁྱད་པར་ཅན་རྙེད་པར་ཁོང་གིས་དེ་འདྲ་གསུངས་ཡོད་པ་རེད། ཀུན་མཁྱེན་དོལ་པོ་པས་བཀའ་བསྡུ་བཞི་བའི་སྐབས་སུ་ཆོས་དབྱིངས་དེ་ཡེ་ཤེས་ཡིན་པར་རྩལ་འདོན་བྱས་ནས་གསུངས་ཡོད་པ་རེད། དེ་ནས་ཡོད་མེད་ཡིན་མིན་གང་ཡང་ཁས་མི་ལེན་པའི་ལྟ་བ་དེ་ཀུན་མཁྱེན་དོལ་པོ་པས་ལྟ་བ་ཤན་འབྱེད་ཀྱི་སྐབས་སུ་དགག་པ་བཏང་སྟེ། དེ་ནས་ཡོད་པ་མ་ཡིན་ན་མེད་པར་གྲུབ་དགོས་ཀྱི་འདུག དཔེར་ན་དབུལ་བོ་ཞིག་ལ་གསེར་ཡོད་པ་ཨེ་ཡིན་དྲིས་ཚེ། གསེར་ཡོད་པ་མིན་ཟེར་ན། གསེར་མེད་པ་དེ་གྲུབ་འགྲོ་གི་འདུག དེ་གྲུབ་པའི་རྒྱུ་མཚན་ཡོད་མེད་བར་ན་ཕུང་སུམ་མེད་པའི་རྒྱུ་མཚན་གྱིས་ཡིན་པ་སོགས་ཀྱི་སྒོ་ནས་ལུང་རིགས་མང་པོའི་སྒོ་ནས་ཡོད་མིན་མེད་མིན་གང་ཡང་ཁས་ལེན་མིན་པའི་ལྟ་བ་དེ་མི་འཐད་པར་གསུངས་ཡོད་པ་ཞིག་རེད། དེ་ཡང་མེད་དགག་ཙམ་མ་ཡིན་པར་རང་བཞིན་འོད་གསལ་བའི་ཡེ་ཤེས་ཤིག་ཡིན་པ་དང༌། དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་དང་སེམས་འགྲེལ་སྐོར་གསུམ་གྱི་མན་ངག་ལ་སོགས་པ་ལ་བརྟེན་ནས་གསལ་ཞིང་རྒྱས་པར་གཏན་ལ་ཕབ་ཡོད་པ་རེད། མདོར་ན་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་དེ་གཞི་ལམ་འབྲས་གསུམ་ལས་བརྩམས་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་སོགས་ཀྱི་སྐབས་སུ་གཏན་ལ་ཕབ་ཡོད་པ་རེད། དེ་ཡན་གྱིས་དྲང་ངེས་ལས་བརྩམས་ཏེ།གཞན་སྟོང་བསྟན་སའི་གཞུང་ཁུངས་དང་སྲོལ་འབྱེད་ཀྱི་སློབ་དཔོན་ཙམ་བརྗོད་པ་ཡིན། ད་དྲང་ངེས་ཀྱི་ཁྱད་པར་ཕྱེ་བའི་སྐབས་སུ། ངེས་དོན་དོན་དམ་བདེན་པ་བསྟན་བྱའི་གཙོ་བོར་བྱས་པའི་མདོ་ངེས་དོན་གྱི་མདོ་དང༌། དྲང་དོན་ཀུན་རྫོབ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ཏེ་བསྟན་པའི་མདོ་ཞིག་དྲང་དོན་གྱི་མདོ་ལ་བཞག་ནས། དྲང་ངེས་ཀྱི་ཁྱད་པར་དེ་ལྟར་འཇོག་པ་དང༌། འཁོར་ལོ་ཐ་མ་ལ་སོགས་ངེས་དོན་གྱི་མདོའི་མཚན་གཞིར་འཇོག་གི་ཡོད་པ་རེད། དེའི་སྟེང་ནས་དྲང་ངེས་ལས་བརྩམས་ཏེ་མདོར་བསྡུས་ཤིག་ཞུས་ནས། ད་རྩ་བའི་ས་བཅད་གཉིས་པ་དྲང་ངེས་ཀྱི་མདོ་གཉིས་ཀྱི་དགོངས་དོན་བདེན་གཉིས་ཀྱི་རྣམ་བཞག་བཤད་པ་ལ། དྲང་ངེས་ལས་བརྩམས་ཡོང་དུས། ངེས་དོན་དོན་དམ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོའི་དགོངས་དོན་དོན་དམ་བདེན་པ་དང༌།དྲང་དོན་ཀུན་རྫོབ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོའི་དགོངས་དོན་ཀུན་རྫོབ་བདེན་པ་དང་གཉིས་ཡོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་གང་བསྟན་པ་ཡིན་ན་བདེན་པ་གཉིས་ལ་བརྟེན་ནས་གསུང་གི་ཡོད་པ་རེད། དེས་ན་བདེན་པ་གཉིས་ཀྱི་རྣམ་དབྱེ་ཤེས་ན་ཐུབ་པའི་བཀའ་ལ་མི་རྨོངས་བར་འགྱུར་རོ། །ཞེས་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་བཀའ་བསྩལ་གནང་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་དྲང་ངེས་ཀྱི་བསྟན་བྱའི་དོན་དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པའི་རྣམ་བཞག་མདོ་ཙམ་ཞིག་བརྗོད་ན། དང་པོ་དོན་དམ་བདེན་པའི་རྣམ་བཞག་ལས་མཚན་ཉིད་ནི། འཕགས་པའི་ཡེ་ཤེས་དམ་པའི་ཡུལ་གང་ཞིག གཤིས་ལ་རང་གི་ངོ་བོ་བདེན་པས་མི་སྟོང་བ་དོན་དམ་བདེན་པའི་མཚན་ཉིད་ཡིན་པར་གསུང་ཡོད་པ་རེད་ཞུ་རྒྱུ་དེ་ཡིན། དེ་འདྲ་ཡིན་ན་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་དེ་རྒྱུད་བླ་མའི་སྐབས་སུ་ཚིག་གསལ་བོ་བྱས་པའི་སྒོ་ནས་མར་བསྟན་ཡོང་དུས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དེ་འདྲ་གསུང་གི་ཡོད་པ་རེད། དེ་འདྲ་གསུངས་པའི་སྐབས་སུ་གང་རེད་ཟེར་ན། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། །ཞེས་པས་ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་དགག་བྱའི་བདེན་གྲུབ་དང་སྤྲོས་པའི་བདེན་གྲུབ་ཀྱིས་སྟོང་བ་མ་ཟད། ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་གཟུང་འཛིན་གྱི་སྤྲོས་པ་མཐའ་དག་གིས་སྟོང་པ་ཡིན་པས་སྤྲོས་བྲལ་ཡིན་པ་སོགས་སྟོང་ཕྱོགས་ནས་གཏན་ལ་ཕབ། དེ་ཡང་གཙོ་བོ་རང་ལུགས་ཡིན་ན། འཁོར་ལོ་བར་བས་རྒྱུད་སྦྱོང་བ་སྔོན་དུ་སོང་ནས་འཁོར་ལོ་ཐ་མ་བསྟན་དགོས་པ་རེད་མ་གཏོགས། འཁོར་ལོ་བར་བའི་རྒྱུད་སྦྱོང་བ་སྔོན་དུ་མ་སོང་ན་འཁོར་ལོ་ཐ་མའི་གདུལ་བྱར་གྱུར་ཐུབ་ཀྱི་མ་རེད། འཁོར་ལོ་ཐ་མའི་གདུལ་བྱ་དེ་དབང་པོ་རྣོན་པོ་ཞིག་ལ་བསྟན་དགོས་པར་གསུང་གི་ཡོད་པ་རེད། གོ་རིམ་བྱས་ནའང་དེ་འདྲ་ཞིག་རེད། དེའི་རྒྱུ་མཚན་གྱིས་འཁོར་ལོ་བར་བར་སྤྲོས་བྲལ་གྱི་དབུ་མ་གཏན་ལ་ཕབ་འགྲོ་གི་ཡོད་པ་རེད། སྤྲོས་བྲལ་དུ་གཏན་ལ་ཕབ་ཡོང་དུས་མཉམ་གཞག་གི་སྐབས་སུ་ཡོད་མེད་ཡིན་མིན་གང་ཡང་འཛིན་པ་མེད་པར་སྤྲོས་བྲལ་དུ་འཁོར་ལོ་བར་བ་ལྟར་སྤྲོས་བྲལ་དུ་མཉམ་པར་བཞག་དགོས་པ་རེད། དེ་ཡང་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ། མཉམ་གཞག་ལ་ཟློ་བའི་སྐབས་སུ་འཁོར་ལོ་བར་པ་དང་མཐུན་པར་རྟོག་མེད་སྤྲོས་བྲལ་དུ་མཉམ་པར་བཞག་དགོས་ལ། གསང་སྔགས་རྡོ་རྗེ་ཐེག་པ་དང་འཁོར་ལོ་ཐ་མ་གཉིས་ཀའི་སྐབས་སུ་མཉམ་བཞག་ཏུ་སྤྲོས་བྲལ་དུ་མཉམ་པར་བཞག་དགོས་པ་དེ་འདྲ་གསུང་གི་ཡོད་པ་རེད། དེ་ཡང་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་དེ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ཟེར་གི་ཡོད་པ་རེད། སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ན་ཡང་ཡེ་ཤེས་ཡིན་པ། དོན་དམ་བདེན་པ་ཡིན་པ། དོན་དམ་པར་གྲུབ་པ། གནས་ལུགས་སུ་གྲུབ་པ། སྟོབས་བཅུ་མི་འཇིགས་པ་བཞི་ལ་སོགས་པའི་སངས་རྒྱས་ཀྱི་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་ཐམས་ཅད་དང་ལྡན་པ། གདོད་མ་ཉིད་ནས་བཞུགས་པ་ལ་འགལ་བ་མེད་གསུང་འདུགདེ་ཡང་དོན་དམ་པ་སྤྲོས་པ་མ་ཡིན་པར་ཁོ་སྤྲོས་བྲལ་གྱི་ཚུལ་གྱིས་ལྡན་པར་གསུང་གི་ཡོད་པ་རེད། སྤྱི་ཡོངས་ཀྱི་ཆ་ནས་རྗེས་ཐོབ་ཤན་འབྱེད་ཀྱི་སྐབས་སུ་བསམ་བློ་བཏང་ན། ཡོད་པ་ལ་ཡོད་པར་བལྟས་ན་ཡོད་པའི་སྐྱོན་དུ་འགྱུར་གི་མ་རེད། མེད་པ་ལ་མེད་པར་ལྟ་ན་མེད་པའི་སྐྱོན་དུ་འགྱུར་ཏུ་མི་འགྱུར། རྟག་པ་ལ་རྟག་པར་བལྟས་ན་རྟག་པའི་སྐྱོན་དུ་མི་འགྱུར། མི་རྟག་པ་ལ་མི་རྟག་པར་བལྟས་ན་མི་རྟག་པའི་སྐྱོན་དུ་འགྱུར་བ་མ་ཡིན་པར་གསུང་གི་ཡོད་པ་རེད། མཉམ་བཞག་གི་སྐབས་སུ་ཆོས་ཀྱང་སྤོང་ན་ཆོས་མ་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས། ཞེས་རྡོ་རྗེ་གཅོད་པ་ལ་སོགས་པའི་སྐབས་སུ་གསུངས་པ་ནང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྤྲོས་བྲལ་དུ་མཉམ་པར་བཞག་གི་ཡོད་པ་རེད། དོན་དམ་བདེན་པ་བདེན་པར་གྲུབ་ཀྱང་སྟོང་ཕྱོགས་ནས་བསམ་བློ་བཏང་ན། དགག་བྱའི་བདེན་གྲུབ་དང་སྤྲོས་པའི་བདེན་པར་མ་གྲུབ་པ་ཡིན་ཏེ། རྗེ་བཙུན་ཏཱ་ར་ནཱ་ཐས། ཐེག་མཆོག་དབུ་མ་ལས། དགག་བྱའི་བདག་ནི་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་ཁྱད་པར་འབྱེད་ཤེས་དགོས་པ་རེད། དེ་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། ཇོ་ནང་པའི་འདོད་པ་ཁ་ཅིག་གིས་མ་གོ་ནས། དགག་བྱའི་བདེན་གྲུབ་དང་དོན་དམ་བདེན་པ་ཞེས་པའི་བདེན་པ་གཉིས་ཁྱད་པར་ཕྱེ་བ་ཧ་མ་གོ་ནས་མང་པོ་ཞིག་འཁྲུལ་འགྲོ་གི་འདུག་ཅེས་རྒྱུད་བླའི་འགྲེལ་བའི་སྐབས་སུ་གསུངས་པ་ནང་བཞིན་རེད། ཇོ་ནང་རང་ལུགས་ལ་བསམ་བློ་བཏང་ན། དོན་དམ་བདེན་པ་དགག་བྱའི་བདེན་པར་མ་གྲུབ། དེས་ན་དགག་བྱའི་བདག་ནི་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་ལ། དེ་ལྟར་ཇི་སྐད་དུ། ཀུན་རྫོབ་སྤྲོས་པའི་བདེན་གྲུབ་ངེད་མི་འདོད། །སྤྲོས་པའི་བདེན་གྲུབ་ཡོད་ན་ཀུན་རྫོབ་སྟེ། །ཞེས་རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་གཞན་སྟོང་དབུ་མའི་རྒྱན་གྱི་སྐབས་སུ་དེ་ལྟར་གསུངས་ཡོད་པས་ཡིན་ལ། དགག་བྱ་བདེན་པར་མ་གྲུབ་ཅེས་གསུངས་པ་རེད། དེས་ན་བདེན་པར་གྲུབ་ཅེས་པའི་བདེན་པ་དེ་གང་རེད་ཟེར་ན། དབུ་མ་རྩ་ཤེས་ཀྱི་སྐབས་སུ། མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་པའི་བདེན་པ་དེ་རེད། བདེན་པ་ཞེས་པ་དེ་དོན་དམ་བདེན་པ་ཞེས་པའི་བདེན་པ། སྣང་ཚུལ་དང་གནས་ཚུལ་མཐུན་པའི་བདེན་པ་མི་བསླུ་བ་ལ་བདེན་པ་བཞག་པ་རེད། བདེན་པ་ཡིན་ན་བདེན་པ་ཡིན་པར་གྲུབ་དགོས་པ་སྟེ། དཔེར་ན་ཡོད་པ་ཡིན་ན་ཡོད་པར་གྲུབ་དགོས་པ་བཞིན་རེད་ཅེས་གསུངས་པས་ཚིག་གི་སྟེང་ནས་བརྡ་ཆད་ཙམ་མ་གཏོགས་ཁྱད་པར་ཡོད་པ་མ་རེད། དོན་ལ་ཁྱད་པར་མེད་ན་ཡང་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་ཇོ་ནང་རང་ལུགས་ལ་བསམ་བློ་བཏང་ན། དོན་དམ་བདེན་པ་ཞེས་པའི་བདེན་པ་ཡིན་ན་བདེན་པར་གྲུབ་ཅེས་པའི་བརྡ་ཆད་ཀྱི་སྒོ་ནས་གཏན་ལ་ཕབ་ཡོད་པའི་རྒྱུ་མཚན་གྱིས་བརྡ་ཆད་དེའི་སྟེང་ནས་འགྲོ་དགོས་པ་ཞིག་ཆགས་འདུག་ཡོད་པ་དེའི་སྟེང་ནས་ཁྱད་པར་དེ་འབྱེད་ཤེས་དགོས་པ་རེད་མ་གཏོགས། ཡང་མང་པོ་ཞིག་གིས་དེ་ཧ་གོ་གི་ཡོད་པ་མ་རེད། དེ་ལྟར་གྲུབ་པའི་ཚིག་ཟིན་ཡང༌། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་ཡི་གནས་སྐབས་སུ་ལྷན་གཅིག་སྐྱེས་པའི་སྐུ་ལ་སོགས་པ་སྐུ་གསུམ་པ་ཡང་དག་པ་གྲུབ་པ་ཡིན་ཏེ། ཞེས་གསུངས་པ་དང༌། དེ་བཞིན་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ག་ལས་འཇིགས་མེད་ཀྱི་སྐབས་སུ། དོན་དམ་པར་གྲུབ་པས་ན་དོན་དམ་བདེན་པའོ།། ཞེས་གསུངས་པ་སོགས་མདོ་རྒྱུད་ཀྱི་ལུང་ཧ་ཅང་མང་དུ་མཆིས་ལགས། མདོར་ན་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་དེ་སྤྲོས་པ་ཐམས་ཅད་དང་བྲལ་བའི་གཞིའི་གནས་ལུགས་ཡེ་ཤེས་ཤིག་ཡིན་པ་གཏན་ལ་ཕབ་ཀྱིན་ཡོད་པ་རེད། འོད་གསལ་བའི་ཡེ་ཤེས་དེ་སྟོང་ཕྱོགས་ནས་བསམ་བློ་བཏང་ན་ཀུན་རྫོབ་ཀྱི་སྤྲོས་པ་མཐའ་དག་གིས་སྟོང་བ་རེད། དགག་བྱ་བདེན་པར་མ་གྲུབ་པ་མ་ཟད། ཀུན་རྫོབ་ཀྱི་ཆོས་གང་ཡང་རང་སྟེང་དུ་མ་གྲུབ་པས་ཀུན་རྫོབ་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་འོད་གསལ་བའི་ཡེ་ཤེས་དེ་སྟོང་ཕྱོགས་ནས་བསམ་བློ་བཏང་ན་དེ་ལྟར་རེད། གནས་ལུགས་མཐར་ཐུག་དེ་སྣང་ཕྱོགས་ནས་བསམ་བློ་བཏང་ན་ཁོ་རང་རང་བཞིན་འོད་གསལ་བའི་ཡེ་ཤེས་མ་བཅོས་པ་ཞིག་ཡིན་པར་གསུངས་པ་རེད། མ་བཅོས་པའི་འོད་གསལ་བའི་སེམས་དེ་དོན་དམ་པའི་ཡོན་ཏན་ཐམས་ཅད་སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པའི་ཆོས་བཅོ་བརྒྱད་ལ་སོགས་པ་རང་ཆས་སུ་སྐུ་གསུམ་ཡོངས་སུ་རྫོགས་པའི་བདག་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོར་ཡེ་གདོད་མ་ནས་རང་ཆས་སུ་གྲུབ་པ་ཡིན་པའི་རྒྱུ་མཚན་གྱིས། རྒྱུད་བླ་མའི་སྐབས་སུ། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱི་སྟོང་མ་ཡིན། །ཞེས་བླ་ན་མེད་པའི་དོན་དམ་པའི་དབྱིངས་དང་དབྱེར་མེད་པའི་བླ་ན་མེད་པའི་དོན་དམ་པའི་ཆོས་རྣམས་ཀྱིས་མི་སྟོང་ཞེས་གསུངས་པ་དང༌། དེ་ནང་བཞིན་དུ་རྒྱུད་བླ་མའི་སྐབས་གཉིས་པའི་སྐབས་སུ། འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གང་གཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་ཆོས་རྣམས་ཐམས་ཅད་ཀྱི་ཡོན་ཏན་དང་ལྡན་པ་ཡིན་པ་དེ་འདྲ་གསུང་གི་ཡོད་པ་རེད། དཔེར་ན། སྔ་འགྱུར་རྙིང་མ་ལྟ་བུ་ལ་མཚོན་ན་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ཡིད་བཞིན་མཛོད་ཀྱི་སྐབས་སུ། འགྱུར་མེད་དོན་དམ་བདེན་པའི་རང་བཞིན་ནི། །འོད་གསལ་བདེ་གཤེགས་སྙིང་པོ་ལྷུན་གྲུབ་སྟེ། །སྟོང་གསལ་རིག་པ་དབྱེར་མེད་ཆོས་ཉིད་དོ། །ཞེས་འོད་གསལ་བ་ཡིན་པ་དང༌། བདེ་གཤེགས་སྙིང་པོ་ཡིན་པ་དང༌། ཡོན་ཏན་ལྷུན་གྲུབ་ཡིན་པ་དང༌། སྟོང་གསལ་ཡིན་པ་དང༌། རིག་པ་ཡིན་པ་དང༌། ཆོས་ཉིད་ཡིན་པར་གསུངས་ཡོད་པ་ལས་ལྷག་ཅིག་གཞན་སྟོང་དབུ་མ་པའི་ལུགས་ལ་གསུང་གི་མེད་པ་རེད་ལགས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་གནས་ལུགས་མཛོད་ཀྱི་གནས་སྐབས་སུ། སེང་གེ་རྫོགས་ཀྱི་རྒྱུད་ལུང་དྲངས་ནས། གཞི་ལ་བཞུགས་པའི་རིག་པ་ནི། །ཡེ་ཤེས་དབྱིངས་ན་སྐུ་གསུམ་རྫོགས། །ཞེས་གསུངས་ནས་གཞི་ལ་བཞུགས་པའི་རིག་པ་དེ་ཡེ་ཤེས་དབྱིངས་ལ་སྐུ་གསུམ་ཡོངས་སུ་རྫོགས་པ་ཞིག་རེད་ཅེས་གསུངས་པ་ནང་བཞིན་གཞན་སྟོང་བའི་དོན་དམ་པའི་ཡོན་ཏན་དེ་རྩལ་འདོན་བྱས་ནས་གསུང་གི་ཡོད་པ་ཞིག་རེད། མདོར་ན་སྔ་འགྱུར་རྙིང་མའི་འོད་གསལ་རྫོགས་པ་ཆེན་པོའི་ལྟ་གྲུབ་དེ་སྔགས་བླ་མེད་ལ་སྦྱར་ནས་གསུངས་ཡོང་དུས་དེ་དང་དུས་འཁོར་གྱི་རྒྱུད་ནས་གསུངས་པ་ཕལ་ཆེར་གཅིག་མཚུངས་ཡིན་པར་སྙམ། འོན་ཀྱང་མི་འདྲ་བ་འདོད་མཁན་ཡོད་སྲིད་པ་རེད། ཡིན་ན་ཡང་རྡོ་གྲུབ་འཇིགས་མེད་བསྟན་པའི་དབང་ཕྱུག་གིས་མགུར་འབུམ་ནང་དུ། ལར་རྫོགས་ཆེན་བློ་འདས་རིག་པ་དང༌། །དུས་འཁོར་ལུགས་ཀྱི་ཆོས་སྐད་གཉིས། །མིང་འདོགས་ཚུལ་ཙམ་ལས་སོ་སོར་མེད། །ཅེས་སོ་སོར་མེད་གསུངས་པ་རེད་མ་གཏོགས། སོ་སོར་ཡོད་ཅེས་མ་གསུངས་པས་སོ། །དེ་ནས་ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མེད་པ་ཡིན་ནམ་ཞེ་ན། རང་བཞིན་གྱིས་མེད་པར་འདོད་ལ། དེ་ཐོག་མར་འཁོར་ལོ་བར་པའི་སྐབས་སུ་བདག་མེད་གཉིས་གཏན་ལ་ཕབ་དགོས་སམ་ཞེ་ན་དགོས་པ་རེད། དེ་མ་ཟད་ཐེག་པ་ཆེན་པོའི་དབང་དུ་བྱས་ན་ཆོས་ཐམས་ཅད་བདག་མེད་གཉིས་ཀ་ཡིན་པར་གཏན་ལ་ཕབ་དགོས་གི་ཀྱི་ཡོད་པ་རེད། དོན་དམ་བདེན་པ་ཡང་བདག་ཏུ་མ་གྲུབ་སྟེ། གང་ཟག་གི་བདག་ཏུ་མ་གྲུབ། ཆོས་བདག་ཏུ་ཡང་མ་གྲུབ་པ་ཡིན་པས་སོ།།དེ་ཡང་རྗེ་བཙུན་ཏཱ་ར་ནཱ་ཐས། ཆོས་རྣམས་བདག་མེད་གཉིས་ཀ་ཡིན་པའི་ཕྱིར། །ངོ་བོའི་སྒོ་ནས་དབྱེ་བ་ཡོད་མིན་ཏེ། །དགག་བྱ་ཟློག་ཚུལ་སྒོ་ནས་ལྡོག་པས་ཕྱེ། །ཞེས་དེ་འདྲ་གསུངས་ཡོད་པ་རེད། དེའི་རྩ་བ་དབུ་མའི་མན་ངག་ཁྱད་འཕགས་སུ་ཀུན་མཁྱེན་དོལ་པོ་པས་བརྩམས་ཡོང་དུས། ཆོས་ཐམས་ཅད་གང་ཟག་གི་བདག་ཏུ་མ་གྲུབ། ཆོས་བདག་ཏུ་མ་གྲུབ་ཅེས་སྦྱར་ནས་གསུངས་ཡོད་པ་ནང་བཞིན་རེད། གཞན་གྱིས་བདེ་གཤེགས་སྙིང་པོ་འདོད་ཚུལ་དེ། སྤྱི་གཙོ་བོ་ལ་སོགས་པ་དང་བདག་ཤེས་རིག་གི་སྐྱེས་བུ་འདོད་ཚུལ་དང་མཚུངས་པར་ཐལ་ཟེར་ན། ཅིའི་ཕྱིར། མི་མཚུངས་པའི་རྒྱུ་མཚན་དེ་གང་རེད་ཟེར་ན། ཇོ་ནང་རང་ལུགས་ལ་མཚོན་པ་ཡིན་ན། རི་ཆོས་ལས། དེ་ལ་བདེ་གཤེགས་སྙིང་པོ་བདག་གཉིས་ཀྱིས་སྟོང་པའི་ཕྱིར་མུ་སྟེགས་བྱེད་ཀྱི་བདག་དང་མི་མཚུངས་ཤིང༌། ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་བདག་གཉིས་ཀྱིས་སྟོང་པ་ཇོ་ནང་རང་ལུགས་ཀྱིས་ཁས་ལེན་པ་གང་ཞིག གཞན་མུ་སྟེགས་པས་བདག་ཏུ་གྲུབ་པར་ཁས་ལེན་པའི་ཕྱིར་ན་མི་མཚུངས་ཞེས་ལན་བཏབ་པ་ཡིན་ལ། དེ་ཡང་མདོ་སྡེ་ལང་ཀར་གཤེགས་པའི་སྐབས་སུ། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་དེ་ལྟར་ཕྱི་རོལ་བའི་བདག་དང་མི་འདྲ་བའི་ཁྱད་པར་དེ་ལྟར་གསུངས་ཡོད་ལ། དེ་ཡང་ལང་གཤེགས་ལས། རྟག་པ་བརྟན་པ་ཐེར་ཟུག་པར་ནི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོར་སྨྲ་བ་འདི་ནི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་མི་འདྲ་བ་ལགས། ཞེས་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ་བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སྟོང་པ་ཉིད་དང། ཡང་དག་པའི་མཐའ་དང་མྱ་ངན་ལས་འདས་པ་དང་མ་སྐྱེས་པ་དང་མཚན་མ་མེད་པ་དང། སྨོན་པ་མེད་པ། ཞེས་སྟོང་པ་ཆེན་པོ་ཡིན་པའི་རྒྱུ་མཚན་གྱིས་མི་འདྲ་ཞེས་ལན་བཏབ་ནས་གསུངས་ཡོད་པ་སོགས་མདོར་ན་རབ་དང་རིམ་པ་མང་པོས་མི་འདྲ་བའི་རྒྱུ་མཚན་བཤད་རྒྱུ་ཡོད་པ་རེད། དེས་ན་མ་གཞིའི་ཆ་ནས་རྩ་བ་ཉིད་ནས་འདྲ་བ་མ་ཡིན། སྤྱིར་བཏང་གྲུབ་མཐའ་དེ་ལ་ནང་པ་སངས་རྒྱས་པའི་ཐར་ལམ་གཙོ་བོ་ཡོད་མེད་ཡང་གང་ཟག་གི་བདག་མེད་སྒོམ་པ་ཡོད་མེད་ཀྱི་སྒོ་ནས་འཇོག་གི་ཡོད་པ་རེད། རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། ཐེག་མཆོག་དབུ་མའི་སྐབས་སུ། གང་ཟག་བདག་མེད་སྒོམ་པ་ཡོད་མེད་ལས། །སྲིད་ལས་གྲོལ་བ་ཡོད་མེད་རྗེས་སུ་དཔོག །ཅེས་གསུངས་ཡོད་པ་རེད། འཁོར་བའི་རྩ་བ་ལ་གང་ཟག་གི་བདག་འཛིན་བཞག་ནས་དེའི་ཞེན་ཡུལ་མེད་པར་རྟོགས་པའི་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་སྒོམ་པ་མེད་ན་འཁོར་བའི་རྩ་བའམ་འཁོར་བ་ལས་གྲོལ་བར་མི་ནུས་པར་ཇོ་ནང་བས་ཁས་ལེན་པ་རེད། དེ་ནས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་པར་མེད་པ་རེད། དེ་གནས་ལུགས་མཐར་ཐུག་ཏུ་མི་བཞག་པའི་རྒྱུ་མཚན་གང་རེད་ཟེར་ན། ཀུན་རྫོབ་ཀྱི་ཆོས་རྣམས་བདེན་པར་མེད་པ་དང༌། རྟག་གཅིག་རང་དབང་བའི་བདག་ཏུ་མ་གྲུབ་ན་ཡང༌། དེ་ཙམ་གྱིས་གནས་ལུགས་མཐར་ཐུག་འཇོག་གི་ཡོད་པ་མ་རེད། དེས་ན་གནས་ལུགས་མཐར་ཐུག་ཟེར་བ་དེ་གང་རེད་ཟེར་ན། ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་འདི་དག་ཐམས་ཅད་ང་ཚོའི་སེམས་ཀྱིས་སྣང་བ་ཙམ་རེད་མ་གཏོགས་ཆོས་རྣམས་ཀྱི་རང་བཞིན་མཐར་ཐུག་མ་ཡིན་ལ། རང་བཞིན་ཟེར་བ་དེ་གང་འདྲ་ཞིག་རེད་ཟེར་ན། དེ་ཁམས་བདེ་བར་གཤེགས་པའི་སྙིང་པོའི་ཡེ་ཤེས་ཡིན་པར་གསུང་གི་ཡོད་པ་རེད། དཔེར་ན། ཆུ་ཞིག་རྙོག་གིས་གོས་པ་ཡིན་ན་ཆུ་དེ་རང་བཞིན་གྱིས་བཞག་བཞག་ན་ཆུའི་རྙོག་དེ་དྭངས་འགྲོ་དུས་དེའི་ཤུལ་ན་དྭངས་ཆ་ཞིག་ཡོད་པ་ནང་བཞིན་སེམས་དེ་ཉོན་མོངས་པའི་རྟོག་པ་སྣ་ཚོགས་གྱིས་རྙོག་པ་དང་བཅས་ཡོད་ནའང་སེམས་དེ་ཁོ་རང་མ་བཅོས་པར་བཞག་ན་མ་བཅོས་པ་དེ་མངོན་དུ་གྱུར་ཐུབ་ཀྱི་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་ང་ཚོའི་འདི་ཡིན་འདི་མིན་གྱི་རྟོག་ཚོགས་ཆེད་ཞེན། གཏད་ཞེན། འཛིན་ཞེན་ལ་སོགས་པའི་རྟོག་ཚོགས་ཐམས་ཅད་ཀྱི་སྤྲོས་པ་དང་བྲལ་བའི་སྒོ་ནས་རང་བཞིན་འོད་གསལ་བའི་སེམས་དེ་ལ་མ་མཅོས་པར་མཉམ་པར་བཞག་ན་མངོན་དུ་གྱུར་བའི་མ་བཅོས་པའི་སངས་རྒྱས་ཀྱི་རང་བཞིན་འོད་གསལ་བའི་སེམས་ཤིག་ཡོད་པ་དེ་ཉིད་ཆོས་ཉིད་བདེ་བར་གཤེགས་པའི་ཡེ་ཤེས་ཀྱི་སྙིང་པོ་རེད། དེ་རྣམ་པ་ཀུན་ལྡན་རེད། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཡིན་པར་གསུང་གི་ཡོད་པ་རེད། དེ་ཡང་དཔལ་དུས་ཀྱི་འཁོར་ལོ་རྒྱུད་ཀྱི་སྐབས་སུ། སྲིད་པ་གསུམ་ལས་འདས་ཀྱང་སྲིད་པ་གསུམ་གྱི་རྣམ་པ་ཅན། །ཞེས་པ་ལྟར་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཀྱི་སྐུ་ཡིན་པ་རེད། དེ་ཤེས་པ་ཞིག་ཡིན་ན་ཡང་ཇི་ལྟར་དུ་རྣམ་པ་སྣ་ཚོགས་འཆར་རུང་བ་རེད། མེ་ལོང་ནང་དུ་གཟུགས་བརྙན་ཇི་འདྲ་ཡིན་ན་ཤར་དུ་རུང་བ་ཞིག་ཡིན་པ་ནང་བཞིན་དུ་ཁོ་རང་རྣམ་པ་སྣ་ཚོགས་ཀྱི་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་རྡོ་རྗེའི་སྐུ་དང་ཞིང་ཁམས་རྣམ་པ་ཐམས་ཅད་ཀྱི་བདག་ཉིད་དུ་ཤར་ཐུབ་པ་རང་བཞིན་འོད་གསལ་བའི་ཡེ་ཤེས་གདོད་མ་ཉིད་ནས་རང་ཆས་སུ་བཞུགས་པའི་ཡོན་ཏན་དེ་དེ་འདྲ་ཞིག་གི་སྟེང་ནས་གསུང་གི་ཡོད་པ་རེད། མདོའི་སྐབས་སུ་ཡང་སྟོང་གསུམ་དར་ཡུག་ཆེན་མོའི་མདོའི་གནས་སྐབས་སུ། དཔེ་དོན་སྣ་ཚོགས་ཀྱིས་སྒོ་ནས་གཏན་ལ་ཕབ་ཡོད་པ་རེད། སྟོང་གསུམ་དར་ཡུག་ཆེན་མོའི་མདོ་དེང་སང་བཀའ་འགྱུར་གྱི་ཁྲོད་ན་ཡོད་པ་རེད། རྣམ་པ་ཚོས་གཟིགས་ཏ། དཔེ་གང་འདྲ་ཞིག་གི་སྒོ་ནས་གསུངས་ཡོད་པ་དང༌། ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་གང་འདྲ་ཞིག་ཡིན་པ་རྒྱས་ཤིང་གསལ་བར་གསུང་གི་ཡོད་པ་རེད། ཡིན་ན་ཡང་ད་རེས་ང་ཚོས་འདི་འདྲའི་ཆུ་ཚོད་ཐུང་ཐུང་གི་སྐབས་ཐམས་ཅད་ཞུ་ཁོམ་གྱི་མི་འདུག མདོར་ན་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཡེ་ཤེས་རྡོ་རྗེའི་སྐུ་ཡིན་པ་ཞིག་གི་སྟེང་ནས་གསུང་གི་ཡོད་པ་རེད་ཞུ་རྒྱུ་དེ་ཡིན། གཞན་སྟོང་ངོས་འཛིན་ས་དེ་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་བཞག་གི་ཡོད་པ་རེད། དེ་འདྲ་བསམ་བློ་བཏང་ཡོང་དུས་ང་རང་གིས་བསམ་ཚུལ་ཡིན་ན་སྤྱིར་བཏང་བོད་ན་ལྟ་བ་གྲགས་ཆེན་པོ་ཁས་ལེན་ཀུན་བྲལ་གྱི་ལྟ་བ་ལྟ་བུ་དང༌། ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པ་གནས་ལུགས་མཐར་ཐུག་ཁས་ལེན་པ་དང༌། གཞན་སྟོང་དབུ་མ་ཆེན་པོ་ཁས་ལེན་པ་ལྟ་བུ་སྟེ་བོད་ན་ལྟ་བ་གྲགས་ཆེ་བ་གསུམ་བྱུང་གི་ཡོད་པ་རེད། ཡིན་ན་ཡང་སྔ་འགྱུར་རྙིང་མ་ལ་བསམ་བློ་བཏང་ན་འོད་གསལ་རྫོགས་པ་ཆེན་པོ་དང་འཁོར་ལོ་ཐ་མའི་དགོངས་པ་འགྲེལ་བའི་ཚེ་བསམ་ན་རང་བཞིན་འོད་གསལ་བའི་སེམས་ཀྱི་སྟེང་ནས་གཏན་ལ་ཕབ་པ་མ་གཏོགས་པ་ཡོད་མེད་ཡིན་མིན་གང་ཡང་ཁས་མི་ལེན་པ་ཙམ་གྱིས་བཞག་པ་ཡིན་ན་ཅུང་ཙམ་ཡོང་གི་མེད་པ་ཞིག་བསམ་སོང༌། དེ་བཞིན་དུ་ས་སྐྱ་བ་ལྟ་བུ་མཚོན་པ་ཡིན་ནའང་གོ་རམས་པ་སོགས་ཀྱིས་ཡོད་མེད་ཡིན་མིན་གང་ཡང་ཁས་མི་ལེན་པའི་ཁས་ལེན་ཀུན་བྲལ་གྱི་ལྟ་བ་བཤད་པ་རེད། ཡིན་ན་ཡང་ས་སྐྱའི་སྔགས་ཀྱི་སྐབས་སུ་ལམ་འབྲས་བཤད་ཡོང་དུས། གསལ་སྟོང་འཛིན་མེད་ཀྱི་རིག་པ་ཞེས་རིག་པ་གཅིག་གི་སྟེང་ནས་འགྲེལ་བཤད་གནང་ཚེ་ཁས་ལེན་ཀུན་བྲལ་ཙམ་བཤད་ན་གནས་ལུགས་མཐར་ཐུག་དེ་བཤད་ཐུབ་ཀྱི་མེད་པ་ཞིག་རེད་བསམ་སོང༌། ལྟ་བ་མཐར་ཐུག་དེ། སྔགས་ཀྱི་བསྟན་ཡུལ་གྱི་གདུལ་བྱ་ལས་ལྷག་གི་དབང་རྣོན་ཞིག་ཡོད་རྒྱུ་མ་རེད། དེ་གནས་ལུགས་མཐར་ཐུག་གཏན་ལ་ཕབ་པ་སྐབས་སུ་བབས་པ་ཡིན་པ་རེད། དེས་ན་སྔགས་ཀྱི་སྐབས་སུ་བསྟན་ཡོང་དུས་སེམས་ཀྱི་རང་བཞིན་འོད་གསལ་གྱི་སྒོ་ནས་བཤད་དགོས་པར་འདུག་བསམ་གྱི་ཡོད་ལགས། དེ་ནང་བཞིན་དུ་བཀའ་བརྒྱུད་པ་ལ་མཚོན་པ་ཡིན་ན་ཡང་ཕྱག་ཆེན་གསུངས་པའི་སྐབས་སུ་ཡང་འོད་གསལ་བའི་ཡེ་ཤེས་ཀྱི་སྟེང་ནས་གསུངས་པ་ཨེ་ཡིན་ན་བསམ་གྱི་འདུག དེས་ན་རང་བཞིན་འོད་གསལ་བའི་ཡེ་ཤེས་ཀྱི་སྟེང་ནས་གཏན་ལ་ཕབ་གི་ཡོད་པ་དེ་འདྲ་རེད། ཡིན་ན་ཡང་བོད་ཀྱི་མཁས་པ་རྣམས་ཀྱིས་དགོངས་པ་གཅིག་དང་དབྱངས་གཅིག་ཡིན་པར་བསམ་བློ་བཏང་ན་རི་བོ་དགེ་ལྡན་པ་ལྟ་བུ་ལ་མཚོན་ན་རྗེ་རིན་པོ་ཆེས་རང་བཞིན་གྱིས་མེད་པའི་སྟེང་ནས་གཙོ་བོ་གཏན་ལ་ཕབ་གི་ཡོད་པ་རེད། ཡིན་ན་ཡང་པཎ་ཆེན་བསོད་ནམས་གྲགས་པས། ཕྱག་ཆེན་མཛེས་པའི་རྒྱན་དྲུག་ཅེས་གསུངས་ཡོད་པ་རེད། དེའི་ནང་ཡུལ་དང་ཡུལ་ཅན་གཉིས་ཀྱི་ནང་ནས་ཡུལ་ཅན་གྱི་ལྟ་བ་དེ་གཙོ་བོ་གཏན་ལ་ཕབ་ཡོང་དུས་ཡེ་ཤེས་རྩལ་འདོན་བྱས་ནས་གསུང་གི་འདུག རྗེ་བདག་ཉིད་ཆེན་པོ་ལྟ་བུ་ལ་མཚོན་པ་ཡིན་ན་རྗེ་བདག་ཉིད་ཆེན་པོས་གསུང་པོ་ཏི་བཅོ་བརྒྱད་ཡོད་པའི་ནང་ནས་པོ་ཏི་དང་པོའི་ནང་གི་ཞུ་ལན་བདུད་རྩིའི་སྨན་མཆོག་ཅེས་པའི་གཞུང་དེའི་ནང་ན་རྗེ་རིན་པོ་ཆེ་ལ་ལྷོ་བྲག་ལས་ཀྱི་རྡོ་རྗེ་ལ་བརྒྱུད་ནས་གསང་བདག་ཕྱག་ན་རྡོ་རྗེས་དངོས་སུ་གསུང་ཡོང་དུས་སེམས་ཀྱི་རང་བཞིན་འོད་གསལ་བ་ཚོལ་ཅིག ཅེས་གདམས་འདུག དེང་སང་གསུང་འབུམ་ཁྲོད་ན་བཞུགས་ཡོད་པ་རེད། དེ་ནང་བཞིན་དུ་གནས་ལུགས་མཐར་ཐུག་རྟོགས་དགོས་ན་རང་བཞིན་འོད་གསལ་བའི་སེམས་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་དེ་མ་རྟོགས་ན་གནས་ལུགས་མཐར་ཐུག་རྟོགས་པ་དེ་འགྲོ་ས་མ་རེད་སྙམ། ད་སྐར་མ་གཅིག་མ་གཏོགས་དུས་ཚོད་མི་འདུག དེ་ཡན་ཆད་དུ་དོན་དམ་བདེན་པའི་སྐོར་རགས་རམ་ཙམ་ཞུས་ཟིན་པ་དེ་རེད། དེ་ནས་ཀུན་རྫོབ་ཀྱི་རྣམ་བཞག་དེ། རྣམ་ཤེས་ཀྱི་ཡུལ་གང་ཞིག གཤིས་ལ་རང་གི་ངོ་བོ་བདེན་པས་སྟོང་བ་དེ། ཀུན་རྫོབ་བདེན་པའི་མཚན་ཉིད་ཅེས་གསུང་གི་ཡོད་པ་རེད། ཀུན་རྫོབ་བདེན་པ་ལ་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་ཡོད། ཡིན་ན་ཡང་ཀུན་རྫོབ་དེ་འཁྲུལ་བའི་སྣང་བ་ཙམ་མ་གཏོགས་མེད་པ་རེད། འོན་ཀྱང་སྣང་བ་ཙམ་དེ་འགོག་གི་ཡོད་པ་མ་རེད། སྣང་ཙམ་དུ་འགོག་པའི་དབུ་མ་པ་སུ་ཡང་མེད་པའི་ཕྱིར་ཞེས་བླ་མ་མི་ཕམ་ཚང་གིས་གསུངས་ཡོད་པ་ནང་བཞིན་རེད། སྣང་ཙམ་དེ་ཚད་མས་གྲུབ་པར་ཀུན་མཁྱེན་དོལ་པོ་པས་ལྟ་བ་ཤན་འབྱེད་ཀྱི་སྐབས་སུ་གསུངས་ཡོད་པ་རེད། རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་ཐེག་མཆོག་དབུ་མའི་སྐབས་སུ་ཐ་སྙད་ཚད་གྲུབ་མང་པོ་ཞིག་གསུང་གི་ཡོད་པ་རེད་ཞུ་རྒྱུ་དེ་ཡིན། དེ་ཡིན་ན་མདོ་ཏིང་ངེ་འཛིན་རྒྱལ་པོའི་སྐབས་སུ། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་ཁྱེད་ལ་ཅི་ཞིག་བྱ། །ཞེས་གསུངས་པ་ནི་ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ལ་བསམ་བློ་བཏང་ནས་གསུངས་པ་རེད། དེ་ནང་བཞིན་དུ་དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པའི་སྐབས་སུ་གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །བླུན་པོ་ཚད་མར་རིགས་པའང་མ་ཡིན་ནོ། །རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར། །དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད། །ཅེས་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་དེ་ཁོ་ན་ཉིད་བཤད་པའི་སྐབས་སུ་འཇིག་རྟེན་གྱི་གནོད་པ་མེད་པ་དང༌། འཇིག་རྟེན་དོན་ནི་འཇིག་རྟེན་གྲགས་ཉིད་ཀྱིས། །གལ་ཏེ་སེལ་ན་འཇིག་རྟེན་གྱིས་གནོད་འགྱུར། །ཞེས་འཇིག་རྟེན་གྱིས་གྲགས་པས་གྲུབ་པའི་དོན་དེ་འཇིག་རྟེན་གྲགས་ཚོད་ལྟར་བཞག་དགོས་པར་གསུང་གི་ཡོད་པ་རེད། འདིའི་སྐབས་སུ་འཇིག་རྟེན་ཁོ་རང་ཚད་མ་སོང་ཡོད་པ་མ་རེད། མངོན་སུམ་དུ་ཇི་ལྟ་བ་བཞིན་དུ་རྟོགས་ཡོད་པ་མ་རེད། དེའི་རྒྱུ་མཚན་གྱིས་དེ་ལ་ལྟོས་དགོས་པ་མ་རེད་ཅེས་གསུངས་ཡོད་པ་རེད་མ་གཏོགས་པའི་གནས་ལུགས་དེ་ཁོ་ན་ཉིད་འཇོག་བྱེད་ཀྱི་མངོན་སུམ་ཚད་མ་ཞིག་སོ་སོ་སྐྱེས་བོའི་རྒྱུད་ན་མེད་པ་ཞིག་གསུངས་པ་རེད། སྤྱིར་བཏང་ཐ་སྙད་ཚད་གྲུབ་ཡིན་པ་དེ་ཇོ་ནང་རང་གིས་དགོངས་པ་ཡིན་པར་ཇོ་ནང་གཞུང་ཆེན་ཁག་གི་སྐབས་སུ་ཡང་ནས་ཡང་དུ་དགོངས་པ་གཅིག་དང་དབྱངས་གཅིག་གིས་གསུང་གི་ཡོད་པ་རེད་ཞུས་པ་ཡིན། ཡིན་ན་ཡང་དཔེར་ན་རི་བོ་དགེ་ལྡན་པས་ཀུན་རྫོབ་ཀྱི་ཆོས་ཀུན་རྟོག་པས་བཏགས་ཙམ་ཡིན་པར་ཁས་ལེན་པ་ལས་དེ་འཁྲུལ་སྣང་ཡིན་པར་མི་བཞེད་པ་ལ། ཇོ་ནང་བས་ཀུན་རྫོབ་རྣམས་འཁྲུལ་བ་མ་ཡིན་ཀྱང་འཁྲུལ་བའི་སྣང་བ་རེད། དེའི་རྒྱུ་མཚན་གྱིས་འཁྲུལ་སྣང་ཙམ་མ་གཏོགས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གནས་ལུགས་ལ་མེད་ཟེར་གི་ཡོད་པ་རེད། འཁྲུལ་བའི་སྣང་བ་དེ་སྣང་ཙམ་གྱིས་འཇོག་ཐུབ་དགོས་པ་རེད། དེ་ལས་ལྷག་ཏུ་བཙལ་སོང་ན་རང་ངོས་ནས་མ་གྲུབ་པས་རྙེད་དུ་ཡོད་པ་མ་ཡིན་པར་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཆགས་འགྲོ་གི་རེད་ཞུ་རྒྱུ་དེ་ཡིན། མདོར་ན་དེ་འདྲ་ཞིག་གི་སྟེང་ནས་ཁྱེད་རྣམས་ལ་ཞུས་བཞག་པ་དེ་ཡིན། ད་འདི་ནས་ཆུ་ཚོད་ཚར་སོང་བས་ལྟ་གྲུབ་ཅིག་བཤད་དགོས་ན་ཁ་བྱང་ཙམ་མ་གཏོགས་ཆུ་ཚོད་ཀྱི་རྐྱེན་པས་ཞུ་ཐུབ་གི་མི་འདུག་ལགས། དེ་ཙམ་གྱིས་འཇོག་རྒྱུ་ཡིན་ལགས། དེ་ནས་རྣམ་པ་ཚོས་དྲི་བ་གནང་ཡོང་དུས་དྲི་བ་གཅིག་རེ་གཅིག་རེ་དྲིས་ན་སྟབས་བདེ་བོ་འདུག དྲི་བ་གཅིག་དྲིས་ནས་ངས་ལན་བཏབ་ཟིན་པ་ཡིན་ན་སླར་ཡང་དྲིས་པ་ཡིན་ན་དྲི་བ་དང་ལན་གྱི་གོ་རིམ་ཞིག་ཡོང་བས་ན་རང་གིས་འབོད་སྐུལ་ཞུས་པ་དེ་ཡིན། དེ་མ་གཏོགས་ཞུ་རྒྱུ་མེད། ཐུགས་རྗེ་ཆེ།

སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་དཔལ་ཡུལ་དགོན་ནས་གནང་བའི་གཞན་སྟོང་དབུ་མའི་སྐོར་གྱི་དྲི་བ་དྲིས་ལན།

སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་དཔལ་ཡུལ་དགོན་ནས་གནང་བའི་གཞན་སྟོང་དབུ་མའི་སྐོར་གྱི་དྲི་བ་དྲིས་ལན།

དྲིས་ལན་གསུང་པ་པོ། ཇོ་ནང་དགེ་བཤེས་དངོས་གྲུབ་དཔལ། དྲི་བ། དཔལ་ལྡན་ཟླ་བ་གྲགས་པས། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །ཅེས་གསུངས་པ་ལྟར་ཇོ་ནང་ཏཱ་ར་ནཱ་ཐའི་གཞུང་ལུགས་གཞིར་བཞག་སྟེ་གཞན་སྟོང་དབུ་མ་ཆེན་པོ་རྩལ་འདོན་མཛད་ནས་བཤད་པའི་སྐབས་སུ། ཁྱེད་ཀྱིས་དེ་མ་ཐག་གསུངས་པ་དེ་ག་ནང་བཞིན་རེད། འོན་ཀྱང༌། ཁྱེད་འདྲ་ལ་ཆ་བཞག་ན། ང་ཚོ་སློབ་གླིང་ཚང་མས་ཧ་ལས་པ་རེ་བ་ཆེན་པོ་བྱེད་ས་ཞིག་ཡིན་པའི་ངོས་ནས། གྲུབ་མཐའ་དང་འཆད་ཚུལ་ཙམ་ཞིག་གི་དབང་དུ་མ་བཏང་བར། ཁྱེད་རང་ཉིད་ཀྱི་དགོངས་ཚུལ་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཐར་ཐུག་གི་དགོངས་པ་དེ་གཞན་སྟོང་ལྟར་དུ་གནས་པ་རེད་ཅེས་བཞེད་ཀྱིན་ཡོད་དམ། ཡང་ན་རང་སྟོང་ལྟར་དུ་གནས་པ་ཡིན་པར་དགོངས་ཀྱིན་ཡོད། ལན། ཚོགས་བསགས་སྒྲིབ་སྦྱོང་དང་སྐྱེས་སྦྱང་གི་ཤེས་རབ་སོགས་ཆ་གང་ཐད་ནས། ང་རང་ལ་མཚོན་ན་གཞན་སྟོང་དབུ་མ་ཆེན་པོའི་ལྟ་བ་རྟོགས་ཡོད་ཟེར་དགོས་ན་དཀའ་ལས་ཁག་པོ་རེད་དེ། གཞུང་ཆེན་རྣམས་ལ་ལྟ་རྟོག་བྱེད་ཡོང་དུས། མདོ་ཕྱོགས་ལ་མཚོན་ན། སངས་རྒྱས་རང་ཉིད་ཀྱི་དགོངས་པ་རང་ཉིད་ཀྱིས་བཀྲལ་བའི་མདོ་སྡེ་དགོངས་པ་ངེས་འགྲེལ་ལས་ལྷག་ཅིག་དགོངས་འགྲེལ་ཡོད་པ་མ་རེད་ལ། དེའི་སྐབས་སུ་གཞན་སྟོང་དབུ་མ་ཆེན་པོ་གསུངས་པ་རེད། སྔགས་ཕྱོགས་ལ་བསམ་ན། སྔགས་བླ་མེད་ལས་ལྷག་པའི་སྔགས་ཤིག་ཡོད་པ་མ་རེད་ལ། སྔགས་བླ་མེད་ལས་གཞན་སྟོང་དབུ་མ་ཆེན་པོ་རྩལ་འདོན་གནང་ཡོད་པ་རེད། དཔེར་ན། རྒྱུད་རྡོར་ཕྲེང་དུ། སྟོང་པ་ཉིད་དང་རང་རིག་དང༌། །ཐམས་ཅད་བདག་ཉིད་རྟག་བཞུགས་པ། །རྣལ་འབྱོར་གཅིག་པུས་རྟོགས་པ་སྟེ། །རྟོག་གེ་བ་ཡི་སྤྱོད་ཡུལ་མིན། །ཞེས་གསུངས་པ་དང༌། ལྷག་པར་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དུ་གཞན་སྟོང་གི་སྟོང་ཚུལ་ལྟར་ཚིག་ཟིན་ལ་རྩལ་འདོན་མཛད་ཡོད་པར་མ་ཟད། འཇམ་དཔལ་གྱི་ལྟ་འདོད་མདོར་བསྟན་ལས། ཕུང་པོ་རྣམ་དཔྱད་སྟོང་ཉིད་ནི། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དེ་དཔྱད་པའི་སྟོང་ཉིད་དང་མི་འདྲ་བར་མཆོག་ཏུ་གསུངས་པ་སོགས། མདོ་རྒྱུད་ཀྱི་ལུང་ལ་གཞི་བཅོལ་ན་ལྟ་བའི་མཐར་ཐུག་གཞན་སྟོང་དབུ་མ་ཆེན་པོ་རེད་བསམ་པ་དང༌། ད་ལྟ་ཡིན་ན་ཡང་ཇོ་ནང་པར་དུས་འཁོར་གྱི་སྦྱོར་བ་ཡན་ལག་དྲུག་གི་ཉམས་ལེན་མཛད་སྲོལ་མ་ཉམས་པར་ཡོད་པ་ནང་བཞིན་དུ། རང་ཡིན་ན་ཡང་ཆུང་དུས་འདྲ་ཞིག་ནས། སྦྱོར་བ་ཡན་ལག་དྲུག་ལ་འདུག་ཁུལ་ཞིག་བྱས་པ་ཡིན། དེའི་སྐབས་སུ་ཡང་གཞན་སྟོང་དབུ་མ་ཆེན་པོ་ཇི་ལྟ་བ་བཞིན་དུ། རྣམ་ཀུན་མཆོག་ལྡན་གྱི་དོན་དམ་སྟོང་གཟུགས་ཀྱི་སྐུ་དུས་ཀྱི་འཁོར་ལོའི་རྒྱུད་ལས་གསུངས་པ་ལྟར་འཆར་བ་ཐུན་མོང་དུ་མི་མང་པོ་ལ་ཡོང་གིན་ཡོད་པ་རེད། དེ་ལ་མཚོན་ན་ཡང་རྒྱུད་ཀྱི་དགོངས་པ་མ་ནོར་བའི་བདེན་དཔང་རེད་བསམ་གི་ཡོད། ལྟ་བ་དེ་རྒྱུད་ཀྱི་དགོངས་པ་མ་ཡིན་ན་དེ་བསྒོམས་པས་རྒྱུད་ཇི་ལྟ་བ་བཞིན་དུ་རྟགས་སྣང་རྣམས་ཡོང་ལུགས་ཡོད་པ་མ་རེད། དེས་ན། རང་ལ་མཚོན་ན། གཞན་སྟོང་གི་ལྟ་བ་འདི་རྒྱུད་ཀྱི་དགོངས་པ་མ་ནོར་བ་དང་མ་འཁྲུལ་བ་རེད་འདུག་བསམ་པའི་ཡིད་ཆེས་གཏིང་ནས་ཡོད་པ་ཡིན།དྲི་བ། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་དབུ་མ་རྒྱན་གྱི་སྐབས་སུ། ཇོ་ནང་ཏཱ་ར་ནཱ་ཐ་དང༌། རྗེ་བདག་ཉིད་ཆེན་པོ། དེ་བཞིན་དུ་ས་སྐྱ་པ་དང༌། བཀའ་བརྒྱུད་པའི་མཁས་གྲུབ་ཐམས་ཅད་ཀྱི་ལུང་དྲངས་ཏེ། དགོངས་པ་མཐར་ཐུག་གཅིག་ཡིན་པ་དང༌། དེ་ཡང་རང་སྟོང་ལྟར་དུ་སྒྲུབ་འདུག་བསམ་སོང༌། འོན་ཀྱང་ཁྱེད་ཀྱིས་གསུང་བཤད་གནང་ཡོང་དུས། ཀུན་མཁྱེན་མི་ཕམ་པའི་གསུང་ལ་སྔ་རྩོམ་དང་ཕྱི་རྩོམ་གཉིས་སུ་ཕྱེས་ཏེ་ངེས་ཤེས་སྒྲོན་མེ་སོགས་སྔ་རྩོམ་དང༌། གཞན་སྟོང་སེང་གེའི་ང་རོ་སོགས་ཕྱིས་རྩོམ་དུ་བཞེད་དེ་མི་ཕམ་པའི་དགོངས་པ་མཐར་ཐུག་གཞན་སྟོང་ལྟར་དུ་གནས་པར་གསུངས་པས་དེ་ཇི་ལྟར་ཡིན། ད་དུང་ཀུན་མཁྱེན་མི་ཕམ་པས། བདག་ལ་གཞན་སྟོང་སྒྲུབ་པའི་ཁུར་མེད་ཀྱང༌། །རོང་ཀློང་རྣམ་གཉིས་ཀླུ་སྒྲུབ་གཞུང་དང་མཐུན། །ཞེས་གསུངས་པས། དགེན་ཁྱེད་ཀྱིས་ཀུན་མཁྱེན་མི་ཕམ་པའི་གཞུང་རྣམས་ཀྱི་དགོངས་པ་དངོས་གནས་ག་རེ་ཞིག་རེད་དགོངས་ཀྱིན་ཡོད། ལན། དེ་རིང་འདིར་མང་པོ་ཞིག་ལ་ངོ་འཚོ་རྒྱུ་དང་མཐུན་པོ་བཟོ་རྒྱུའི་དོན་ཙམ་མ་ཡིན་པར། སྤྱིར་བཏང་གིས་རང་གི་ནམ་རྒྱུན་བསམ་ཚུལ་ལ། ས་དགེ་བཀའ་རྙིང་ཇོ་ནང་ཆ་ཚང་གིས་སྤྲོས་བྲལ་གཏན་ལ་དབབ་ཚུལ་གཅིག་མཚུངས་ཡིན་པ་དང༌། སྤྲོས་བྲལ་གཏན་ལ་འབེབ་པའི་སྐབས་སུ་བདག་མེད་རྟོགས་པའི་ཡེ་ཤེས་དེ་སྤྲོས་པའི་བདག་ཏུ་གྲུབ་པར་འཛིན་པའི་གཉེན་པོར་འགྲོ་ཚུལ་དང༌། དེ་ལ་བརྟེན་ནས་ཐར་བའི་ལམ་ཡོད་པ་གཅིག་མཚུངས་རེད། ཡིན་ན་ཡང་མེད་དགག་ཅིག་དང་ཡེ་ཤེས་གཉིས་གཞི་མཐུན་དུ་དུས་ནམ་ཡང་སྒྲུབ་ཐུབ་ཀྱི་མ་རེད། ཇོ་ནང་བའི་ལུགས་ལ། མདོ་དང་ཁུངས་ཐུབ་ཀྱི་བསྟན་བཅོས་དག་ན། ཡོད་མིན་མེད་མིན་དང་ཁས་ལེན་མེད་པར་གསུངས་པའི་དགོངས་པ་དེ། མཉམ་བཞག་ཏུ་ཡོད་མེད་ཡིན་མིན་གྱི་འཛིན་པ་གང་ཡང་ཞུགས་མི་རུང་བའི་དོན་དུ་བཀྲལ་ནས། རྗེས་ཐོབ་ཤན་འབྱེད་ཀྱི་སྐབས་ལ་སླེབས་པ་ན་ཡོད་མེད་ཡིན་མིན་ཤན་ཕྱེས་ཏེ་བཤད་ཀྱིན་ཡོད་པ་རེད། དཔེར་ན། མདོ་སྡེ་རྒྱན་དུ། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །ཞེས་པའི་དོན། སློབ་དཔོན་དབྱིག་གཉེན་གྱི་མདོ་སྡེ་རྒྱན་དབྱིག་འགྲེལ་དུ་གསུང་ཡོང་བ་ན། ཡོངས་གྲུབ་དེ་ཉིད་ཀུན་བཏགས་གཞན་དབང་གི་ངོ་བོར་ཡོད་པ་མ་ཡིན་པ་དང༌། ཡོངས་གྲུབ་དེ་ཉིད་དོན་དམ་པའི་ངོ་བོར་མེད་པ་མ་ཡིན་ཞེས་ཁྱད་པར་སོ་སོ་ལ་སྦྱར་ནས་གསུངས་ཡོད་པ་རེད། དེ་ལས་གཞན་དུ། ཐད་ཀར་ཡོད་མེད་ཡིན་མིན་གང་མ་ཡིན་ཞེས་གསུངས་ཀྱིན་མེད་པ་རེད། དེ་ནས་བླ་མ་མི་ཕམ་ཚང་ལ་མཚོན་ན། ངེས་ཤེས་སྒྲོན་མེའི་གཞུང་གི་སྟོད་དུ་ཞིབ་ཏུ་འབྲུ་འགྲེལ་བྱས་ཏེ་བལྟས་ཡོང་དུས། གོ་རམས་པའི་འཇུག་འགྲེལ་གྱི་གསུང་ཚུལ་དང་གཅིག་མཚུངས་ཆགས་འདུག་བསམ་པ་སྐྱེས་སོང༌། འོན་ཀྱང་ཁྱེད་རྣམ་པས་ཞིབ་ཏུ་བརྡར་ཤ་གཅོད་ཀྱིན་ཡོད་པ་ཡིན་པས། ཡིན་མིན་རང་རང་གི་ངོས་ནས་བལྟ་དགོས་པ་ཞིག་རེད། བརྟག་དཔྱད་བྱེད་པ་ན་ཡང༌། གཟུར་གནས་བློ་ལྡན་དོན་གཉེར་པ། །ཉན་པོ་སྣོད་ཅེས་བྱ་བ་བཤད། །ཅེས་གསུངས་པ་བཞིན་དུ་གཟུ་བོར་གནས་པ་ངེས་པར་དུ་དགོས་པ་རེད་མ་གཏོགས། གཟུ་བོར་མ་གནས་ན་གནས་ལུགས་དེ་གྲུབ་མཐའ་ལ་ཞེན་པས་སྒྲིབ་འགྲོ་གི་རེད། སླ྄ོབ་དཔོན་དཔའ་བོས། བདག་ནི་སྟོན་པའི་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང༌། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་གསུངས་པ་ལྟར་དགོས་པ་རེད། འོན་ཀྱང་ངེས་ཤཻས་སྒྲོན་མེའི་གཞུང་གི་སྨད་ནས་ཀློང་ཆེན་མཛོད་བདུན་ནང་དུ་གསུང་པ་བཞིན་མང་པོ་ཞིག་གསུང་འདུག་བསམ་པ་དེ་ང་རང་གི་བསམ་ཚུལ་ཡིན། བླ་མ་མི་ཕམ་ཚང་གི་དུས་འཁོར་རྒྱུད་འགྲེལ་དང༌། གཉུག་སེམས་སྐོར་གསུམ། གཞན་སྟོང་སེང་གེའི་ང་རོ་ལ་སོགས་པའི་སྐབས་སུ་གཞན་སྟོང་རྐྱང་བ་གསུང་གི་འདུག སྐུ་ཚེ་སྟོད་སྨད་ལས་སྨད་ཀྱི་དགོངས་པ་དང༌། གཞུང་ཡིན་ན་ཡང་ཕྱི་རྩོམ་དབང་བཙན་པ་དང༌། གདུལ་བྱ་ལ་བསམ་ན་ཡང་སྔགས་དང་གཉུག་སེམས་ཀྱི་སྐོར་གསུང་དགོས་ཀྱི་གདུལ་བྱ་དབང་པོ་རྣོ་བ་རེད། དེས་ན་བླ་མ་མི་ཕམ་ཚང་གི་དགོངས་པ་དེ་གཞན་སྟོང་ལྟར་དུ་གནས་པ་རེད་བསམ་གྱིན་ཡོད། བླ་མ་མི་ཕམ་ཚང་གིས། བདག་ལ་གཞན་སྟོང་སྒྲུབ་པའི་ཁུར་མ་མཆིས། །གསུངས་པ་དེ་དངོས་གནས་ཡོད་པ་རེད་དེ། དེའི་དོན་དམ་ཆོས་སོགས་ཀྱིས་ཇོ་ནང་བ་ལ་དགག་པ་མཛད་པ་ལ། བླ་མ་མི་ཕམ་ཚང་གིས་དེ་འགོག་པའི་སྐབས་སུ། ཁོ་བོས་ཇོ་ནང་བའི་ཕྱོགས་འཛིན་བཟུང་སྟེ། དགག་ལན་བྱེད་དགོས་ཀྱི་ཁུར་དེ་མེད་གསུངས་པ་ལས། ལྟ་བ་གཞན་སྟོང་ཁོ་བོས་སྒྲུབ་ཀྱིན་མེད་གསུངས་པ་གཏན་ནས་མ་རེད། གཞན་སྟོང་སེང་གེའི་ང་རོ་ན། ངེད་འཁྲུལ་བ་ཀུན་རྫོབ་དང་མ་འཁྲུལ་བ་དོན་དམ་དུ་བཞེད་པའི་ལུགས་ལ། དོན་དམ་པར་གྲུབ་པ་ནམ་ཡང་དགག་མི་རུང་བས། ཞེས་ངེད་ཅེས་གསུངས་ཡོད་པ་རེད། གལ་སྲིད་གཞན་སྟོང་གི་ལྟ་བ་གསུངས་པ་དེ་ཇོ་ནང་བའི་འདོད་པ་གསུངས་པ་ཙམ་ཡིན་ན། ངེད་ཅེས་གསུངས་དགོས་དོན་ཡོད་པ་མ་རེད། ལྷག་པར་དུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་ཚུལ་དེ་གཞན་སྟོང་ཁོ་ན་ཡིན་པ་དང༌། ཀཿཐོག་དགེ་རྩེ་པནྚི་ཏའི་གཞུང་རྣམས་ཇོ་ནང་གི་གསུང་ཟིན་དང་གཅིག་པ་གཅིག་མཚུངས་བྱུང་གི་ཡོད་པར་མ་ཟད། རྫོགས་ཆེན་གྱི་ལྟ་བ་དང་གཞན་སྟོང་གི་ལྟ་བ་གཅིག་པ་བྱས་ནས་མང་པོ་བསྒྲུབས་ཡོད་པ་རེད། དེ་ཐམས་ཅད་རང་གི་ལྟ་ཚུལ་ཙམ་ཡིན་པས། འགྲིག་མེད་ས་ཅི་ཡོད་ན་དགོངས་འགལ་མེད་པར་ཞུ་ཞུས་པ་ཡིན།དྲི་བ། རིན་པོ་ཆེ་མཆོག་གིས་དེ་མ་ཐག་ཏུ་རྩ་ཤེས་ལས། མྱ་ངན་འདས་པ་བདེན་གཅིག་པུ། །གསུངས་པ་བཞིན་དུ་དོན་དམ་བདེན་པ་བདེན་པར་གྲུབ་པ་རེད་ཅེས་གསུངས་སོང་བ་འདྲ། བདེན་པར་གྲུབ་ལུགས་དེ། གཅིག་དུ་བྲལ་ལྟ་བུའི་དོན་དཔྱོད་རིགས་པས་དཔྱད་ན་རང་ཡང་བདེན་པར་གྲུབ་གསུངས་པ་རེད་དམ། ཡང་ན་རྣམ་རྟོག་གི་ཡུལ་ལས་འདས་པ་ཙམ་ལ་བདེན་པར་གྲུབ་པ་དང་གཞན་སྟོང་ཞེས་གསུངས་པ་རེད།ལན། རང་སྟོང་པ་དང་གཞན་སྟོང་གཉིས་ལ་མི་འདྲ་བའི་གནད་ཆེ་ཐང་དེ་གང་ན་ཡོད་པ་རེད་ཅེ་ན། རང་སྟོང་བ་དག་གིས་དོན་དམ་བདེན་པ་དེ་སྟོང་པ་ཅིར་ཡང་མ་གྲུབ་ཙམ་ལས། སྣང་ཕྱོགས་སྐུ་དང་ཡེ་ཤེས་ཀྱི་རྣམ་པ་གསུང་གིན་མེད་པ་རེད། གཞན་སྟོང་བ་རྣམས་ཀྱིས། མ་དག་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་གདོད་ནས་བྲལ་བའི་དབྱིངས་དོན་དམ་འདུས་མ་བྱས་པ་དེ། སྐུ་རྣམ་པ་ཐམས་ཅད་པ་དང༌། ཡེ་ཤེས་མཐའ་ཡས་པར་བཞུགས་ཡོད་པར་གསུངས་པ་རེད། ངས་ལྟ་ཚུལ་ལ་རང་སྟོང་གཞན་སྟོང་གི་མི་འདྲ་བའི་གནད་དེ་ན་ཡོད་པ་རེད་བསམ་གྱིན་ཡོད། དེ་ལས་གཞན་དུ། དོན་དམ་བདེན་པ་དེ་དོན་དམ་བདེན་པ་ཞེས་པའི་བདེན་པ་དེར་གྲུབ་ཀྱི་ཡོད་པ་རེད་དེ། དེ་ཚིག་ཙམ་གྱི་ཁྱད་པར་རཻད་མ་གཏོགས། དགག་བྱའི་བདེན་གྲུབ་ལྟ་བུ་ཞིག་ནམ་ཡང་འཇོག་གི་མ་རེད། དོན་དམ་བདེན་པ་བདེན་པར་གྲུབ་ལུགས་དེ་དོན་དམ་བདེན་པ་དོན་དམ་པར་བདེན་པ་ཡིན་ལུགས་དེ་རེད། རྗེ་བདག་ཉིད་ཆེན་པོའི་འཇུག་ཊཱིཀ་དགོངས་པ་རབ་གསལ་ན། སྔ་མའི་དོན་དམ་ནི་ཤེས་བྱ་ལ་སྲིད་ལ། ཕྱི་མའི་དོན་དམ་ནི་ཤེས་བྱ་ལ་མི་སྲིད་པའི་ཕྱིར། ཞེས་དོན་དམ་པར་གྲུབ་མ་གྲུབ་ཅེས་པ་ལ། རིག་ཤེས་ལ་དོན་དམ་དུ་བྱས་ཏེ། དེའི་ངོར་གྲུབ་ཚུལ་ཞིག་དང༌། དགག་བྱའི་བདེན་པར་གྲུབ་ཚུལ་གཉིས་ཡོད་པ་རེད་ཅེས་གསལ་བར་ཕྱེས་བཞག་འདུག དེས་ན་ཇོ་ནང་བའི་དོན་དམ་བདེན་པར་གྲུབ་ཅེས་པའི་སྟེང་ནས་གནད་འགག་དང་ཁྱད་པར་ཆེན་པོ་བྱུང་ཡོད་པ་མ་རེད་བསམ་གྱིན་ཡོད། འོན་ཀྱང༌། དོན་དམ་ཡེ་ཤེས་ཡིན་པ་དང༌། སྐུ་དང་ཞིང་ཁམས་ཐམས་ཅད་པ་ཡིན་པ་དང༌། སེམས་ཀྱི་རང་བཞིན་འོད་གསལ་བ་འདི་རང་བྱུང་གི་ཡེ་ཤེས་ཡིན་པ་དང༌། དེ་འདྲའི་ཡེ་ཤེས་དེ་འདུས་མ་བྱས་ཡིན་པ་དང༌། རྟག་པ་རང་བྱུང་ཞིག་ཡིན་པ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཡིན་པ་དང༌། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བདེ་བ་ཆེན་པོ་ཡིན་པ་སོགས་གནད་འགག་ཆེན་པོ་རྣམས་དེ་ཚོ་ཡིན་པ་རེད་བསམ་གྱིན་ཡོད།དྲི་བ། དོན་དམ་བདེན་པ་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ཞེ་ན། ལན་གང་འདེབས་རྒྱུ་ཡིན་པ་དང༌། དོན་དམ་བདེན་པ་རིགས་པའི་དཔྱད་བཟོད་དུ་གྲུབ་བམ་ཅི་ཡིན་ལགས།ལན། དོན་དམ་བདེན་པ་ཆོས་ཅན། བདེན་པར་མ་གྲུབ་སྟེ། བདེན་པའི་གཅིག་དང་དུ་མ་གང་དུ་ཡང་མ་གྲུབ་ཕྱིར་ཞེ་ན། རྟགས་མ་གྲུབ་ཅེས་ལན་མཛད་ཀྱིན་ཡོད་པ་རེད། དོན་དམ་བདེན་པ་རིགས་པས་དཔྱད་བཟོད་དུ་གྲུབ་པར་ཁས་ལེན་པ་རེད། དཔེར་ན། ཀུན་མཁྱེན་ཀློང་ཆེན་པའི་གྲུབ་མཐའ་མཛོད་ལས། ཆོས་ཅན་གང་ཞིག་རིགས་པས་དཔྱད་གཟོད་དུ་གྲུབ་པ་དེ་རང་རྒྱུད་པའི་དོན་དམ་བདེན་པའི་མཚན་ཉིད་དུ་གསུངས་བཞག་འདུག་ཨ། དེ་ནང་བཞིན་དུ་ང་ཚོས་ཀྱང་ཁས་ལེན་པ་རེད། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་པ་ན། དོན་དམ་བདེན་པ་རྟོགས་ཡོང་གི་རེད། དཔེར་ན། ཀུན་རྫོབ་ཀྱི་ཆོས་རྣམས་ཀུན་རྫོབ་དཔྱོད་བྱེད་ཀྱི་བློ་ངོ་ན་གྲུབ་པ་ལྟར། དོན་དམ་བདེན་པ་ཡང་དོན་དམ་དཔྱོད་བྱེད་ཀྱི་བློ་ལ་བརྟེན་ནས་འཇོག་དགོས་པ་རེད། དེས་ན་དོན་དམ་དཔྱོད་པའི་རིགས་པའི་རྙེད་དོན་རེད། དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་ངོར་གྲུབ་ལུགས་དེ་དེ་ལས་གང་ཡང་ཡོད་པ་མ་རེད། བུ་སྟོན་ཐམས་ཅད་མཁྱེན་པ་ཡིན་ན། དོན་དམ་པ་བདེན་པ་ཡིན་ཡང་བདེན་པར་མ་གྲུབ་ཞུ་གི་རེད་ལ། ཀུན་མཁྱེན་དོལ་པོ་པས་བདེན་པ་ཡིན་ན་བདེན་པར་གྲུབ་དགོས། ཡོད་པ་ཡིན་ན་ཡོད་པར་གྲུབ་དགོས་པ་ལྟར་གསུངས་པ་རེད། དེས་ན་སྔོན་མའི་གསུང་རྒྱུན་ལ། བུ་དོལ་རྣམ་གཉིས་ཚིག་གི་ར་ལ་རྩོད་ཟེར་སྲོལ་ཡོད་པ་རེད། བདེན་པ་ཡིན་པར་ཁས་ལེན་པ་གཞིར་བཞག་ཐོག བདེན་པར་གྲུབ་ཅེས་ར་སྒྲ་དེ་སྦྱར་མིན་ལ་རྩོད་པ་ལས། བདེན་པར་གྲུབ་མིན་ཐད་ནས་དོན་གྱིས་གནད་གཅིག་པ་རེད།དྲི་བ། རང་གིས་མ་ཤེས་པའི་དབང་གིས་ཁྱེད་ལ་བཀའ་འདྲི་ཞིག་ཞུ་རྒྱུ་འདུག གང་ཡིན་ཞེ་ན། རྩ་བ་ཤེས་རབ་ལས། རང་བཞིན་དང་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་པའི་སྐབས་ཀྱི་ཁྱད་ཆོས་གསུམ་ལྡན་བཤད་པ་དེ་གཞན་སྟོང་སྨྲ་བ་རྣམས་ཀྱིས་གནས་ལུགས་མཐར་ཐུག་ལ་སྦྱར་ནས་བཤད་པ་ན། དགེ་ལྡན་པ་ལྟ་བུའི་ལུགས་ལ་རང་བཞིན་བཅོས་མིན་དུ་བཞག་ན་དགག་བྱར་འགྱུར་བ་ཨེ་རེད།ལན། དགེ་ལྡན་པས་ཀྱང་གནས་ལུགས་མཐར་ཐུག་མ་བཅོས་པར་ཁས་ལེན་པ་རེད། འོན་ཀྱང༌། མ་བཅོས་པ་ཡིན་ལུགས། རྗེ་ཏཱ་ར་ནཱ་ཐས། མ་བཅོས་སོ་མ་རང་ཤར་ལྷན་ནེ་བ། །ལྷུན་འགྲུབ་འབད་རྩོལ་མེད་པའི་ངང་དུ་བཞག །ཅེས་གསུངས་པ་བཞིན་ང་ཚོས་དོན་དམ་རྟེན་འབྲེལ་མ་ཡིན་ཟེར་བ་རེད། རྟེན་འབྲེལ་མིན་པའི་སྒྲུབ་བྱེད་ཀྱང༌། རྩ་ཤེས་ཀྱི་སྐབས་སུ། རང་བཞིན་དང་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་གསུངས་ཡོད་པ་རེད། ཇོ་ནང་བ་མ་ཟད། དེའི་དོན་བུདྡྷ་པ་ལི་ཏ་དང༌། ཟླ་བ་གྲགས་པའི་ཚིག་གསལ་དུ་ཡང་རང་བཞིན་དེ་གཞན་ལ་མ་ལྟོས་པ་ཡིན་པར་བཀྲལ་ཡོད་པ་རེད། དེས་ན་རང་སྟོང་པ་དག་གིས་འགྲེལ་ཚུལ་ལ་ཡང་རང་བཞིན་གནས་ལུགས་མཐར་ཐུག་དེ། རྟེན་འབྲེལ་མ་ཡིན་པ་དང་གཞན་ལ་མ་བརྟེན་པའི་གསུང་ཚུལ་དེ་ཡོང་གི་འདུགདྲི་བ། བུམ་པ་གནས་ལུགས་སུ་མ་གྲུབ་ཅེས་པའི་བུམ་པ་གནས་ལུགས་སུ་མ་གྲུབ་ཚུལ་ཇི་ལྟར་ཡིན།ལན། བུམ་པ་དེ་ཡིན་ལུགས་དངོས་མ་ཞིག་མ་ཡིན་པར། འཁྲུལ་བའི་སྣང་བ་ཙམ་ཞིག་གྱུར་པ་ཡོད་རེད། དེས་ན་གནས་ལུགས་མཐར་ཐུག་དེ་ལས་གཞན་དུ་ད་དུང་འཚོལ་རྒྱུ་ཡོད་པ་ཞིག་རེད། རྗེ་ཏཱ་ར་ནཱ་ཐའི་སྔོན་མེད་ལེགས་བཤད་ན་དཔེ་དང་བཅས་ཏེ་ཇི་ལྟར་གསུངས་ཡོད་པ་རེད་ཅེ་ན། གང་ཟག་ལ་ལར་དུང་སེར་བོ་ཞིག་སྣང་བཞིན་པ་ཡིན་ན་ཡང༌། དུང་སེར་བོ་དེ་ཡིན་ལུགས་ལ་མེད་པར་མ་ཟད། སྣང་བ་དེས་དུང་དཀར་བོའི་ངོ་བོ་མཐོང་བ་ལ་སྒྲིབ་པར་ཡང་བྱེད་པ་རེད། ཀུན་རྫོབ་ཅེས་པ་ཡང་ལེགས་སྦྱར་གྱི་སྐད་དུ་པྲི་ཏ་སྒྲིབ་པ་ལ་འཇུག་པས། གནས་ལུགས་མཐོང་བ་ལ་ཁོས་སྒྲིབ་འདུག་ཡོད་པས་ན། ནམ་ཞིག་དུང་སེར་སྣང་དང་བྲལ་བ་ན། སྟོང་རྐྱང་ཙམ་མིན་པའི་དུང་གི་ཡིན་ལུགས་དཀར་པོ་ཞིག་སྣང་བ་བཞིན་དུ། ཀུན་རྫོབ་འཁྲུལ་བའི་སྣང་བ་ཐམས་ཅད་ལྡོག་ཡོང་བ་ན། དེའི་ཤུལ་དུ་སྟོང་རྐྱང་མེད་དགག་ཅིག་མིན་པར། སྐུ་དང་ཡེ་ཤེས་ཞིང་ཁམས་ཐམས་ཅད་པའི་བདག་ཉིད་ཅན། རང་བཞིན་འོད་གསལ་བའི་ཡེ་ཤེས་དེ་མངོན་དུ་གྱུར་ཡོང་གིན་ཡོད་པ་རེད་ཞུ་རྒྱུ་དེ་ཡིན། འོན་ཀྱང༌། དེ་འདྲའི་གནས་ལུགས་དེ་བློ་བདེན་འཛིན་གྱིས་ཇི་ལྟར་བཟུང་བ་ལྟར་གྲུབ་སོང་ན། སྤྲོས་པའི་བདེན་པར་གྲུབ་སོང་བ་རེད། དེས་ན་སྤྲོས་པའི་བདེན་པར་གྲུབ་པ་ཡོད་པ་མ་ལགས། ཀུན་རྫོབ་རྣམས་དེ་ལྟར་དོན་ལ་མེད་ན་ཡང༌། ཀུན་རྫོབ་ནང་གསེས་ཀྱི་སྒོ་ནས། ཀུན་རྫོབ་ཀྱི་ཀུན་རྫོབ། ཀུན་རྫོབ་ཀྱི་དོན་དམ་འཇོག་ཆོག་གི་རེད།དྲི་བ། བུམ་པ་རང་བཞིན་གྱིས་མ་གྲུབ་ཟེར་བ་བུམ་པ་དགག་བྱ་བདག་གི་ངོ་བོར་མ་གྲུབ་པ་དང༌། བུམ་པ་རང་བཞིན་གྱིས་གྲུབ་ཟེར་བ་ན་བུམ་པ་དགག་བྱའི་བདེན་གྲུབ་ཏུ་སོང་བ་རེད་དམ། དེ་ལྟ་ན། ཆོས་ཉིད་རང་བཞིན་གྱིས་གྲུབ་ཟེར་བ་ན་ཆོས་ཉིད་དགག་བྱ་བདག་གི་ངོ་བོར་གྲུབ་ཅེས་པར་འགྱུར་རམ་ཅི།ལན། དཔེར་ན། བྱ་ནམ་མཁའ་ལ་འཕུར་ན་ངོ་མཚར་རྒྱུ་མེད་ཀྱང༌། མི་ནམ་མཁའ་ལ་འཕུར་ན་ངོ་མཚར་རྒྱུ་ཡོད་པ་རེད། དེ་བཞིན་དུ། བུམ་པ་རང་བཞིན་གྱིས་གྲུབ་ན་སྤྲོས་པའི་བདག་ཏུ་གྲུབ་དགོས་པ་ཡིན་ཡང༌། ཆོས་ཉིད་རང་བཞིན་གྱིས་གྲུབ་ན་སྤྲོས་པའི་བདག་ཏུ་གྲུབ་དགོས་པ་མ་རེད། བུམ་པ་སྤྱིར་བཏང་ནས། སྤྲོས་པའི་ཕ་རོལ་ན་འཚོལ་དུ་མེད་པ་དང༌། ཆོས་ཉིད་སྤྲོས་པ་དང་བྲལ་བར་རང་བཞིན་གྱིས་སྣང་གནས་མཐུན་པ་ཞིག་ཡིན་པ་རེད།དྲི་བ། སྙིང་པོ་བསྟན་པའི་མདོའི་སྐབས་སུ་མཚན་དང་དཔེ་བྱེད་ཀྱིས་བརྒྱན་པའི་དེ་བཞིན་གཤེགས་པའི་སྐུ་དྲི་མས་མ་གོས་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་གནས་པ་གསུངས་པ་དེ་ཉིད་སྒྲ་ཇི་བཞིན་དུ་ཁས་ལེན་ནམ། དགོངས་པ་ཅན་དུ་འགྲེལ་བ་རེད།ལན། དེ་སྒྲ་ཇི་བཞིན་དུ་ཁས་ལེན་དགོས། ཡིན་ན་ཡང་ལུས་ཀྱི་ནང་ན་ཡོད་ཅེས་པ་དེ་ཉིད་སྐུ་ལ་གཟུངས་གཞུག་བཞག་པ་ལྟ་བུའི་རྫས་གྲུབ་ཀྱི་ངོ་བོ་མ་ཡིན་པར། ལུས་ཅན་སེམས་ཅན་ཐམས་ཅད་འཁྲུལ་བའི་སྣང་བ་རེད། དེའི་གཞིའི་གནས་ལུགས་མཐར་ཐུག་གི་ཚུལ་དུ་ཡོད་ཚུལ་དེ་རེད། སེམས་ཅན་ཞེས་བྱ་བ་འཁྲུལ་སྣང་ཙམ་ལས་གནས་ལུགས་དོན་ལ་མ་གྲུབ་པ་ཡིན་པས། སེམས་ཅན་གྱི་གནས་ལུགས་མཐར་ཐུག་དེ་འཚོལ་ཡོང་བ་ན། གཞིའི་ཡིན་ལུགས་དེ། ངོ་བོ་ཉིད་སྐུ་དག་པ་གཉིས་ལྡན་གྱི་དབྱིངས་རེད། དེ་ལ་མཚན་བཟང་གིས་བརྒྱན་ཞེས་པ། ཡེ་ཤེས་དེ་ཉིད་དོན་དམ་པའི་མཚན་བཟང་གི་རྣམ་པར་འཆར་བ་ཙམ་གྱི་དོན་དམ་པའི་མཚན་བཟང་རེད། ང་ཚོའི་ལུགས་ལ། ཀུན་རྫོབ་ཀྱི་མཚན་བཟང་དང༌། དོན་དམ་གྱི་མཚན་བཟང་གཉིས་ཕྱེ་བ་རེད། རྣམ་མཁྱེན་ལ་ཡང༌། ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་དང༌། དོན་དམ་པའི་རྣམ་མཁྱེན་གཉིས་ཡོད་པ་རེད། ཀུན་རྫོབ་ཀྱི་དེ་དག་རྒྱུ་རྐྱེན་ལས་གསར་དུ་བསྒྲུབ་དགོས་པ་རེད། ཆོས་ཉིད་ཀྱི་མཚན་བཟང་སོགས། སེམས་ཅན་ཐམས་ཅད་ལ་རང་ཆས་སུ་ཡོད་ཀྱང༌། དེ་ཐོབ་ཡོད་པ་མ་རེད། དེ་མངོན་དུ་གྱུར་ཡོད་པ་མ་རེད། སེམས་ཅན་ལ་ལྟོས་ཏེ་སྒྲིབ་པས་བསྒྲིབས་ཏེ་ཡོད་པ་ཡིན་ན་ཡང༌། གདོད་མ་ཉིད་ནས་རང་ཆས་སུ་བཞུགས་འདུག་ཡོད་པ་རེད་ཞུ་རྒྱུ་དེ་ཡིན། དོན་དམ་པའི་མཚན་བཟང་དེ་ཡེ་ཤེས་ཤིག་རེད། དེ་རྣམ་པ་ཐམས་ཅད་པར་འཆར་ན་ཡང་ཆོག་གི་ཡོད་པ་རེད། དཔེར་ན། བུམ་འཛིན་ཤེས་པ་དེ་བུམ་པ་དང་འདྲ་བ་ཞིག་ཏུ་སྐྱེ་བཞིན་ཡོད་པ་ཡིན་ན་ཡང༌། མིག་ཤེས་དེ་བུམ་པ་མ་རེད། དེ་བཞིན་དུ་དོན་དམ་པའི་ཡེ་ཤེས་དེ་ཉིད་རྣམ་པ་ཐམས་ཅད་པར་འཆར་ཆོག་གི་རེད། ཀརྨ་མི་བསྐྱོད་རྡོ་རྗེའི་རྗེ་བཙུན་ངལ་གསོའི་ནང་དུ། མཚན་བཟང་མི་ལྡན་ན་ཡང་རང་བཞིན་འོད་གསལ་བའི་ཤེས་པ་དེ་རྟག་ཏུ་བཞུགས་པའི་འདུས་མ་བྱས་སུ་ཁས་བླངས་ཏེ། སེམས་ཅན་དེ་ཉིད་སངས་རྒྱས་ཐོབ་པ་ན་འོད་གསལ་བའི་ཤེས་པ་དེ་ལ་ཡང་མཚན་བཟང་སོགས་ལྡན་ཡོང་གི་རེད་གསུངས་ཡོད་པ་རེད། ཡིན་ན་ཡང༌། སེམས་ཅན་གྱི་འོད་གསལ་བའི་ཤེས་པ་དེ་འདུས་མ་བྱས་རྟག་པར་ཁས་བླངས་ཚར་བ་ན། སངས་རྒྱས་ཐོབ་པ་ན། གསར་དུ་ཀུན་རྫོབ་པའི་འདུས་བྱས་ཀྱི་མཚན་བཟང་སོགས་ཐོབ་ཚུལ་ཡོད་པ་མ་རེད། དེས་ན། ང་ཚོས་དོན་དམ་པའི་མཚན་བཟང་ཞེས་པ་དོན་དམ་རང་ཉིད་འཇོག་གི་རེད། དོན་དམ་པའི་མཚན་བཟང་ཡིན་ན་གཟུགས་ཡིན་མི་དགོས་པ་དང༌། དོན་དམ་པའི་དབུ་སྐྲ་དེ་དབུ་སྐྲ་མ་ཡིན་པར་ཁས་ལེན་པ་རེད། དོན་དམ་པའི་མཚན་ཡང་དག་པར་བརྗོད་པའི་སྐབས་སུ། འདོད་ཆགས་ཆེན་པོ་དང་གཏི་མུག་ཆེན་པོ་ཞེས་སོགས་ཆེན་པོའི་སྒྲ་སྦྱར་བ་རྣམས། འདོད་ཆགས་དང་གཏི་མུག་རང་མཚན་པ་མ་ཡིན་པ་བཞིན་དུ། དུས་ཀྱི་འཁོར་ལོའི་རྒྱུད་དུ་ཡང༌། ཁྱོད་ནི་སྲིད་པ་གསུམ་ལས་འདས་ཀྱང་སྲིད་པ་གསུམ་གྱི་རྣམ་པ་ཅན། །ཞེས་སྲིད་གསུམ་ལས་འདས་པའི་སྲིད་གསུམ་གྱི་རྣམ་ཅན་ཞིག་གསུང་གིན་ཡོད་པ་དེ་རེད།དྲི་བ། ཁྱེད་ཀྱིས་འཇམ་མགོན་མི་ཕམ་རིན་པོ་ཆེའི་དགོངས་པ་གཞན་སྟོང་ལྟར་དུ་གནས་པ་གསུངས་སོང༌། འོ་ན། གཞུང་སྤྱིའི་དཀའ་གནད་ལས། རང་ལུགས་ནི་རབ་ལན་དུ་གསལ་ཏེ་རང་སྟོང་སྨྲ་བའི་ལུགས་སོ། །ཞེས་རང་སྟོང་ཡིན་པར་གསུང་པས་དེ་ཇི་ལྟར་ཡིན།ལན། སྤྱིར་ན་བླ་མ་མི་ཕམ་ཚང་གི་བདེན་གཉིས་འཇོག་ཚུལ་ལ། སྣང་སྟོང་བདེན་གཉིས་དང༌། གནས་སྣང་བདེན་གཉིས་གཉིས་སུ་ཕྱེ་བ་ལས། སྣང་སྟོང་བདེན་གཉིས་སྐབས་སུ་རང་གི་ངོ་བོས་སྟོང་ཞེས་པ་དགག་བྱའི་བདེན་གྲུབ་ཀྱིས་སྟོང་པའི་ཁྱད་པར་མ་སྦྱར་ཀྱང་དོན་ལ་དགག་བྱའི་བདེན་གྲུབ་ཀྱིས་སྟོང་པ་ཙམ་ལ་གོ་དགོས་པས་རང་སྟོང་གསུངས་ཡོད་ཀྱང༌། དེ་ལྟར་བཤད་པ་དེ་སྣང་སྟོང་བདེན་གཉིས་བཤད་པའི་སྐབས་སུ་རེད། དུས་འཁོར་དང༌། སྔགས་ཀྱི་དོན་འཆད་པ་ན། གནས་སྣང་བདེན་གཉིས་གཙོ་བོར་གསུང་གིན་ཡོད་པ་རེད། ད་དུང་གཉུག་སེམས་སྐོར་གསུམ་གྱི་སྐབས་སུ། གཉུག་མའི་ཡེ་ཤེས་ཀྱི་སྟེང་ནས་གསུངས་འདུག་པར་མ་ཟད། རྙིང་མ་རང་གི་མཁས་པ་འགའ་རེས་གཉུག་སེམས་མི་རྟག་པར་ཁས་ལེན་པ་དེ། རྣམ་ཤེས་ནི་མི་རྟག་པའོ། །ཡེ་ཤེས་ནི་རྟག་པའོ་ཞེས་པའི་མདོ་དྲངས་ནས་མི་འཐད་པར་བསྒྲུབས་བཞག་འདུག་ཨ། ད་དུང་བླ་མ་མི་ཕམ་པས་རྫོགས་པ་ཆེན་པོ་དེ་གནས་ལུགས་མཐར་ཐུག་ཏུ་ཁས་ལེན་པ་ཡིན་པས། རྫོགས་པ་ཆེན་པོ་དེ་འོད་གསལ་བའི་ཡེ་ཤེས་ཀྱི་སྟེང་ནས་མ་བཤད་རང་བཤད་ཆགས་འདུག་ཡོད་པ་རེད། ང་རང་ཆུང་དུས་ཀྱི་དགོན་པ་དེ་སྔོན་མའི་ལོ་རྒྱུས་ཡིན་ན་ཀཿཐོག་གི་དགོན་ལག་ཅིག་ཡིན་པ་རེད། དེས་དབང་གིས་སྐུ་གསུམ་ཆོ་ག་དང་ཐོས་གྲོལ་ལྟ་བུ་མང་པོ་འདོན་མྱོང་ཡོད། དེ་དག་གི་སྐབས་སུ་ཡང༌། ཨོཾ་ཨཿཧཱུཾ། ཡེ་ནས་རང་གྲོལ་སངས་རྒྱས་ཀུན་ཀྱི་ཡབ། །ཆོས་སྐུ་ཀུན་ཏུ་བཟང་ལ་གསོལ་བ་འདེབས། །ཞེས་སྣང་ཕྱོགས་ཀྱི་ཆ་ནས་གསུང་གིན་འདུག་མ་གཏོགས། སྟོང་རྐྱང་ཙམ་ཞིག་གི་ཆ་ནས། ཡེ་ཤེས་མ་ཡིན། སྐུ་གསུམ་མ་ཡིན་ཞེས་གསུང་གིན་ཡོད་པ་མ་རེད། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་སེང་གེ་རྩལ་རྫོགས་ཀྱི་མདོ་དྲངས་ནས་བཤད་པ་ན། གཞི་ན་བཞུགས་པའི་རིག་པ་དེ། །ཡེ་ཤེས་དབྱིངས་ན་སྐུ་གསུམ་རྫོགས། །ཞེས་སྣང་ཕྱོགས་སྐུ་གསུམ་གྱི་རང་བཞིན་ཞིག་གསུངས་ཡོད་པ་རེད་མ་གཏོགས། སྟོང་རྐྱང་ཙམ་ཞིག་གི་ཆ་ནས་གཏན་དུ་གསུངས་ཡོད་པ་མ་རེད། སློབ་གཉེར་བྱེད་སྟངས་ཀྱི་ཐད་ནས། དང་པོ་མདོ་མཚན་ཉིད་ཐེག་པ་ལ་སྦྱོང་བཞིན་པ་ཡིན་པས། མཐར་ཐུག་སྔགས་ཀྱི་དེ་ཉིད་སོགས་འཆད་པ་ན་ཡང་དེའི་ཤན་ཞུགས་འགྲོ་བ་མང་པོ་ཡོང་གིན་འདུག་སྙམ་ལགས།དྲི་བ། གཞན་སྟོང་དབུ་མ་ཆེན་པོ་ཞེས་པ་དེ་གཙོ་བོ་བདེ་གཤེགས་སྙིང་པོའི་སྟོང་ཆ་ནས་ངོས་འཛིན་དགོས་པ་རེད་དམ། ཡང་ན་གསལ་བའི་ཆ་ནས་ངོས་འཛིན་དགོས་པ་རེད། ལན། སྟོང་བའི་ཆ་ནས་ཀྱང་འཇོག་དགོས་པ་རེད་ལ། སྣང་ཕྱོགས་ནས་ཀྱང་འཇོག་དགོས་པ་རེད། བདེ་གཤེགས་སྙིང་པོ་མ་ཡིན་དགག་ཏུ་བཞེད་པ་ཡིན་པས། དགག་བྱ་སྤྲོས་པ་བཀག་ཅིང་དེའི་ཤུལ་ནས་ཡེ་ཤེས་ཤིག་སྒྲུབ་རྒྱུ་ཡོད་པ་དེ་ཁས་ལེན་གྱིན་ཡོད་པ་རེད། བླ་མ་མི་ཕམ་གྱིས། གཞན་རྣམས་མ་ཡིན་དགག་ཏུ་འདོད། །གསུང་པ་བཞིན་དུ་མ་ཡིན་དགག་ཏུ་འདོད་པ་རེད། རང་བཞིན་གསལ་བ་ཞེས་པ་དེ། རང་བཞིན་མཐར་ཐུག་དེ་ཉིད་གསལ་བའི་རང་བཞིན་དུ་བཞུགས་པ་དེ་རེད་མ་གཏོགས། ཀུན་རྫོབ་ཀྱི་ཤེས་པ་གསལ་བ་ཞིག་གཏན་ནས་མ་རེད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པར། ས་ཡི་ནང་ན་གནས་པའི་ཆུ། །དྲི་མ་མེད་པར་ཡང་དག་གནས། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང༌། རྒྱུད་ཀྱི་སྐབས་སུ་ཡང༌། སོ་སོ་རང་རིག་རྟག་བཞུགས་པ། །རྟོག་གེ་བ་ཡི་སྤྱོད་ཡུལ་མིན། །ཞེས་དང༌། རྒྱུད་བླ་མ་ལས། ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་དང༌། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད། ཅེས་གསུངས་ཡོད་པ་རེད། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ཞེས་གསུངས་ཡོང་བ་ན་མི་རྟག་པ་ཞིག་ཡིན་ཚུལ་ཡོད་པ་མ་རེད།མཇུག་མཐར། ཁྱེད་རྣམ་པས་འདི་ལྟ་བུའི་བཀོད་སྒྲིག་ཕུན་སུམ་ཚོགས་པ་གནང་བ་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན། མཇུག་མཐར་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་ཞལ་ནས། བདག་ནི་ཚེ་རབས་ཐམས་ཅད་དུ། །བསྟན་པ་གསལ་བར་བྱེད་པར་ཤོག །བསྟན་པ་གསལ་བར་མ་ནུས་ན། །བསྟན་པའི་ཁུར་ཆེན་ཁུར་བར་ཤོག །ཁུར་ཆེན་ཁུར་བར་མ་ནུས་ན། །བསྟན་པ་སེམས་ཁྲལ་བྱེད་པ་དང༌། །བསྟན་པ་ཉམས་ཀྱིས་དོགས་པ་ཡིས། །བྱ་ར་ཙམ་ཡང་བྱེད་པར་ཤོག །ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང༌། །བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །སྐུ་ཚེ་ཞབས་པད་བརྟན་གྱུར་ཅིག །བཀའ་དྲིན་ཆེ། ཐུགས་རྗེ་ཆེ། ཏིང་ངེ་འཛིན་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ཞེས་སོགས་དོན་བ༷༵ཤད་པ།སྤྲོས་བྲལ་དབུ་མའི་ལམ་སྟོན་ཀླུ་ཐོགས་རྣམ་གཉིས་ལ་ཕྱག་འཚལ་ལོ། །ཏིང་ངེ་འཛིན་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ཞེས་སོགས་ཀྱིས་ཀུན་རྫོབ་རྟོགས་པའི་ཚད་མ་དགག་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ལུང་དེའི་དོན་ནི་འཇིག་རྟེན་སོ་སྐྱེས་ཀྱི་རྒྱུད་ཀྱི་དབང་ཤེས་སོགས་ཆོས་ཉིད་ལ་མངོན་སུམ་དུ་རྟོགས་པའི་ཚད་མ་མ་ཡིན་པའི་དོན་ཡིན་པའི་ཕྱིར་ཏེ། བདེ་མཆོག་བསྟོད་ཆེན་གྱི་རང་འགྲེལ་ཕན་བདེའི་རྒྱ་མཚོ་ལས། དེ་ཡང་ཏིང་ངེ་འཛིན་རྒྱལ་བོ་ལས། མིག་དང་རྣ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱི་སུ་ལ་ཅི་ཞིག་བྱ། །ཞེས་པ་འཇུག་ཤེས་དྲུག་གི་ཆོས་ཉིད་མངོན་སུམ་དུ་རྟོགས་པ་མེད་པའི་དོན། ཞེས་དང༌། དབུ་མ་འཇུག་པ་ལས། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །བླུན་པོ་ཚད་མར་རིགས་པའང་མ་ཡིན་ནོ། །རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར། །དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད། །འཇིག་རྟེན་དོན་ནི་འཇིག་རྟེན་གྲགས་ཉིད་ཀྱིས། །གལ་ཏེ་སེལ་ན་འཇིག་རྟེན་གྱིས་གནོད་འགྱུར། །ཞེས་དང༌། འཇུག་པ་རང་འགྲེལ་ལས། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །བླུན་པོ་ཚད་མར་རིགས་པ་འང་མ་ཡིན་ནོ། །འཇིག་རྟེན་ཚད་མ་ཉིད་དུ་ཁས་བླངས་པ་ཡིན་པ་དང༌། དེ་ཉིད་དེ་ཁོ་ན་ཉིད་མཐོང་བ་ཡིན་པའི་ཕྱིར་མ་རིག་པ་སྤངས་པ་ཡིན་པར་ཁས་བླང་བར་བྱ་དགོས་ན། གང་གི་ཕྱིར་བླུན་པོ་ནི་ཚད་མར་རིགས་པ་ཡང་མ་ཡིན་ནོ། །གང་ལ་གང་གི་ཡུལ་ཅན་གྱི་མི་ཤེས་པ་ཡོད་པ་དེ་ནི་དེ་ལ་ཚད་མ་ཉིད་མ་ཡིན་པར་མཐོང་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ལ་སོགས་པ་བརྟགས་པ་ལ་དེ་མི་ཤེས་པ་རྣམས་ལྟ་བུའོ། །མིག་ལ་སོགས་པ་དག་ཁོ་ནས་དེ་ཁོ་ན་ཉིད་ངེས་པའི་ཕྱིར། འཕགས་པའི་ལམ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཚུལ་ཁྲིམས་དང༌། ཐོས་པ་དང༌། བསམ་པ་དང༌། བསྒོམ་པ་ལ་སོགས་པའི་བསྒྲིམ་པ་འབྲས་བུ་དང་བཅས་པ་མ་ཡིན་པར་ཡང་འགྱུར་བ་ཞིག་ན་དེ་ནི་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར། རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར། །དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད། །ཇི་སྐད་བཤད་པའི་ཚུལ་འདི་ལས་ན་དེ་ཁོ་ན་ཉིད་ཀྱི་སྐབས་སུ་འཇིག་རྟེན་རྣམ་པ་ཐམས་ཅད་དུ་ཚད་མ་མ་ཡིན་ཞིང༌། དེ་ཁོ་ན་ཉིད་ཀྱི་སྐབས་སུ་འཇིག་རྟེན་གྱིས་གནོད་པ་ཡང་མ་ཡིན་ནོ། །འོ་ན་ཅི་ལྟར་འཇིག་རྟེན་གྱིས་གནོད་པར་འགྱུར་ཞེ་ན། བཤད་པ། འཇིག་རྟེན་དོན་ནི་འཇིག་རྟེན་གྲགས་ཉིད་ཀྱིས། །གལ་ཏེ་སེལ་ན་འཇིག་རྟེན་གྱིས་གནོད་འགྱུར། །དཔེར་ན་ཁ་ཅིག་གིས་ངའི་རྫས་ཕྲོགས་སོ་ཞེས་སྨྲས་པ་དང༌། ཅིག་ཤོས་ཀྱིས་དེ་ལ་བརྒལ་ཞིང་བརྟགས་པ། རྫས་དེ་ཅི་ཞིག་ཡིན། དེས་བུམ་པའོ་ཞེས་སྨྲས་པ་ལ། བུམ་པ་ནི་རྫས་མ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར་རྨི་ལམ་གྱི་བུམ་པ་བཞིན་ནོ་ཞེས་དེ་དེས་སུན་འབྱིན་པར་བྱེད་པ་དེ་ལྟ་བུ་ལ་སོགས་པའི་ཡུལ་ལ་འཇིག་རྟེན་པའི་དོན་འཇིག་རྟེན་པའི་གྲགས་པ་ཉིད་ཀྱིས་སེལ་བར་བྱེད་པ་ལ་འཇིག་རྟེན་གྱིས་གནོད་པར་འགྱུར་གྱི། གང་གི་ཚེ་འཕགས་པའི་གཟིགས་པ་ལ་གནས་ཏེ། སྐྱེ་བོ་མཁས་པ་ཚད་མར་བྱེད་པ་དེའི་ཚེ་ནི་འཇིག་རྟེན་གྱི་གནོད་པ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པས་ལེགས་པར་གྲུབ་ལ། དེ་ལྟར་ཟླ་བའི་ལུགས་ལ་ཡོད་པ་དང་རང་བཞིན་གྱིས་གྲུབ་པའི་ཁྱད་པར་ཡོད་དེ། འཇུག་འགྲེལ་ལས། གཟུགས་བརྙན་རང་བཞིན་མེད་པའི་རྒྱུ་དང་འབྲས་བུའི་རྣམ་པར་བཞག་པ་ཡང་ཤེས་བཞིན་དུ། མཁས་པ་སུ་ཞིག་གཟུགས་དང་ཚོར་བ་ལ་སོགས་པ་རྒྱུ་དང། འབྲས་བུ་ལས་ཐ་དད་མེད་པར་གནས་པ་རྣམས་ཡོད་པ་ཙམ་ཞིག་ཏུ་དམིགས་པས། རང་བཞིན་དང་བཅས་པར་ངེས་པར་བྱེད། དེའི་ཕྱིར་ཡོད་པར་དམིགས་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་དོ། །ཞེས་པའི་ཕྱིར་རོ། །ཡང་སློབ་དཔོན་མཁས་པ་ཆེན་པོ་བྷ་བྱས་ཀླུ་ཐོགས་དགོངས་པ་གཅིག་ཏུ་བསྒྲུབས་ནས་གསུངས་སྐབས་སུ། དབུ་མ་རིན་པོ་ཆེའི་སྒྲོན་མ་ལས། བཅོམ་ལྡན་འདས་ཀྱིས་ཀྱང་ཀུན་རྫོབ་ཀྱི་ཆོས་སྔོན་དུ་མ་སོང་ཞིང་དེ་མ་རྟོགས་པར་དོན་དམ་པའི་ཆོས་རྟོགས་པར་མི་ནུས་སོ་ཞེས་གསུངས་སོ། །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས། ཐབས་སུ་གྱུར་པ་ཀུན་རྫོབ་བདེན་པ་དང༌། །ཐབས་ལས་བྱུང་བ་དོན་དམ་བདེན་པ་གཉིས། །གཉིས་པོའི་དབྱེ་བ་གང་གིས་མ་རྟོགས་ན། །དེ་ནི་ལོག་པར་རྟོགས་ནས་ངན་འགྲོར་འགྲོ། །ཞེས་གསུངས་སོ། །གཞན་དུ་ཀུན་རྫོབ་སྤངས་པ་ཡི། །སྟོང་ཉིད་ལྟ་ལ་མངོན་ཞེན་ན། །གསོར་མི་རུང་བའི་ལྟ་ཅན་ཏེ། །སྨན་པས་བཏང་བའི་ནད་པ་བཞིན། །འདིར་ནི་གཞན་དག་གིས་རྒལ་བ། །ཁྱེད་ཅག་ཉིད་ཀྱིས་ཕུང་པོ་ལ་སོགས་པའི་ཆོས་ཁས་བླངས་ནས། ཡང་དེ་ཉིད་འགོག་པར་བྱེད་པས་ཁས་བླངས་པས་གནོད་དོ། །དེ་བཞིན་དུ་ཡུལ་སོ་སོར་ངེས་པ་ལ་འཇུག་པ་ཉིད་ནི་དབང་པོ་རྣམས་ཀྱི་མངོན་སུམ་ཡིན་པས་མཐོང་བ་ལས་ལྷག་པའི་ཚད་མ་ནི་གཞན་མེད་ལ། ཁྱེད་ཅག་ཉིད་ཀྱང་ཡུལ་རྣམས་ཉམས་སུ་མྱོང་བ་ཡིན་ལ། འཇིག་རྟེན་པས་ཀྱང་མངོན་སུམ་དུ་ཉམས་སུ་མྱོང་བ་ཡིན་པས་དེ་དག་ཡོད་བཞིན་དུ་འགོག་པས་མངོན་སུམ་གྱིས་ཀྱང་གནོད་དོ། །དེ་བཞིན་དུ་རི་ཁྲོད་པ་དང༌། བ་ལང་རྫི་ཡན་ཆད་ལ་གྲགས་པའི་སྲ་བ་དང༌། གཤེར་བ་དང༌། ཚ་བ་དང༌། གཡོ་བ་ལ་སོགས་པའི་ཆོས་འཇིག་རྟེན་ལ་གྲགས་པའི་ཆོས་ཐམས་ཅད་སེལ་བར་བྱེད་པས་གྲགས་པས་ཀྱང་གནོད་དོ། །ཞེས་གསུངས་པའོ། །རང་ཉིད་མ་འདུལ་བར་གཞན་འདུལ་བར་རློམ་པའི་དངོས་གྲུབ་དཔལ་གྱིས་བསྒྲིགས་པའོ།།

གཞན་སྟོང་དབུ་མའི་ལྟ་གྲུབ་ལ་བྱི་དོར་ཆེད་དུ་ཅུང་ཟད་བརྗོད་པ།

གཞན་སྟོང་དབུ་མའི་ལྟ་གྲུབ་ལ་བྱི་དོར་ཆེད་དུ་ཅུང་ཟད་བརྗོད་པ།

ཀུན་མཁྱེན་དོལ་པོ་པ་ལ་ཕྱག་འཚལ་ལོ། །ཟབ་ཞི་སྤྲོས་བྲལ་བདེན་པའི་རྒྱལ་ཁམས་ན། །རང་བཞིན་འོད་གསས་དོན་དམ་བདེན་པའི་དབྱིངས། །ཐ་སྙད་རྫུན་པའི་རྟེན་འབྲེལ་སྒྱུ་མའི་ཆོས། །སྣང་སྟོང་འགག་མེད་རོལ་བའི་ཚུལ་འདི་མཚར། །དེ་ལ་འདིར་ཇི་སྐད་དུ། ལོག་པའི་ལམ་ལ་མཐའ་མེད་ཕྱིར།། དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་གསུངས་པ་ལྟར་ལོག་རྟོག་མཐའ་དག་འགོག་དགོས་ན་མཐའ་མེད་པས་དགོས་པ་ཆེར་མེད་མོད། གཞན་སྟོང་དབུ་མའི་ལྟ་གྲུབ་ལ་བྱི་དོར་རམ་དག་ཐེར་ཆེད་དུ་ཅུང་ཟད་བརྗོད་ན་ཇོ་ནང་རང་ལུགས་ལ་ཀུན་རྫོབ་ཀྱི་ཆོས་ཀུན་མེད་པར་འདོད་ན་མི་རུང་བ་ཡིན་ཀྱང་གྲུབ་མཐའི་རྒྱུད་བསླད་ཟིན་པ་རྣམས་ལ་ཞུ་རྒྱུ་མིན། བློ་གཟུ་བོར་གནས་པའི་བློ་ལྡན་དོན་གཉེར་ཅན་རྣམས་ལ་ལུང་འགའ་ཞིག་སྤྲོ་བར་བྱ་སྟེ། འཕགས་པ་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟེན་པ་གང། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང། །ཞེས་དང༌། རིམ་ལྔ་ལས། སྣང་བ་དང་ནི་སྟོང་པ་དག །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་དང༌། སྤྱོད་འཇུག་ལས། ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་དགག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པ། །བདེན་པར་རྟོག་པ་བཟློག་བྱ་ཡིན། །ཞེས་དང༌། དབུ་མ་སྣང་བ་ལས། འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། བརྟགས་པའི་དངོས་པོ་མེད་པ་སྟེ། །གཞན་གྱི་དབང་ནི་ཡོད་པ་ཡིན། །སྒྲོ་འདོགས་པ་དང་སྐུར་འདེབས་པའི། །མཐའ་ལ་རྟོག་པ་བརླག་པར་འགྱུར། །བརྟགས་པའི་ངོ་བོ་ཉིད་ཀྱིས་ནི། །ཆོས་རྣམས་ཐམས་ཅད་མ་སྐྱེས་པ། །གཞན་གྱི་དབང་ལ་བརྟེན་ནས་ནི། །མི་རྣམས་ཀྱི་ནི་རྣམ་རྟོག་སྐྱེ། །ཞེས་གསུངས་ཏེ། འདི་ལས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་དོན་དམ་པར་ཡོད་ལ། དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་ལ་སོགས་པར་བཤད་དོ་ཞེས་བསྟན་པར་འགྱུར་རོ། །ཡང་དེ་ཉིད་ལས། ཕུང་པོ་ལ་ནི་བདག་མེད་དེ། །བདག་ལའང་ཕུང་པོ་མེད་པ་ཉིད། །དེ་དག་ཇི་ལྟར་རྟག་བཞིན་མིན། །དེ་དག་མེད་པ་ཉིད་ཀྱང་མིན། །ཞེས་གསུངས་ཏེ། དགག་པ་འདི་གཉིས་ཀྱིས་ཀྱང་ཕུང་པོ་རྣམས་ཡོད་པ་ཉིད་དུ་བསྟན་པ་ཡིན་ནོ། །སྟོང་པ་ཉིད་ཆེན་པོའི་མདོ་ལས་ཀྱང༌། ལས་ཀྱང་ཡོད། རྣམ་པར་སྨིན་པ་ཡང་ཡོད་དེ། བྱེད་པ་པོ་ནི་མི་དམིགས་སོ་ཞེས་གསུངས་པ་དེ་དང་ཡང་འགལ་ཏེ། འདི་ལྟར་གལ་ཏེ་དོན་དམ་པར་ལས་ཀྱང་ཡོད། རྣམ་པར་སྨིན་པ་ཡང་ཡོད་ན་ནི་དེའི་ཚེ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་མི་འགྱུར་རོ། །འོན་ཏེ་ཀུན་རྫོབ་ཏུ་ཡོད་ན་ནི་དེའི་ཚེ་བྱེད་པ་པོ་ཡང་ཀུན་རྫོབ་ཏུ་ཡོད་པས་བྱེད་པ་པོ་མི་དམིགས་སོ་ཞེས་བརྗོད་པར་མི་བྱའོ། །ཡང་འཕགས་པ་ལང་ཀར་གཤེགས་པ་ལས།ཇི་ལྟར་བྱིས་པས་རྣམ་བརྟགས་ལྟར། །དངོས་པོ་ཐམས་ཅད་ཡོད་པ་ཉིད། ། གལ་ཏེ་ཇི་ལྟར་མཐོང་དེ་ཉིད། །ཐམས་ཅད་དེ་ཉིད་མཐོང་བར་འགྱུར། །ཆོས་རྣམས་ཐམས་ཅད་མེད་པའི་ཕྱིར། །ཀུན་ནས་ཉོན་མོངས་དག་པ་མེད། །དེ་དག་ཇི་ལྟར་མཐོང་བཞིན་མིན། །དེ་དག་མེད་པ་ཉིད་ཀྱང་མིན། །ཞེས་གསུངས་ཏེ། འདི་ལས་ནི་ཆོས་ཐམས་ཅད་མེད་པ་ཉིད་ཡིན་ན་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ལ་སྐུར་པ་འདེབས་པའི་ཉེས་པར་ཐལ་བར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། ། ཞེས་དང༌། ཀུན་མཁྱེན་དོལ་པོ་པའི་ལྟ་བ་ཤན་འབྱེད་ལས། ཤེས་བྱ་འདི་ལ་རྒྱལ་བ་མཁས། །རྒྱལ་བས་བརྫུན་མིན་བདེན་པ་གསུངས། །བདེན་པའི་ཆོས་འཁོར་གསུམ་དུ་གསུངས། །ཆོས་འཁོར་དང་པོ་བདེན་བཞི་གསུངས། །དེས་ན་འགོག་པའི་བདེན་པ་བདེན། །རྒྱུ་འབྲས་བདེན་པ་རྟོགས་ཕྱིར་ཡིན། །བར་པ་མཚན་ཉིད་མེད་པ་གསུངས། །དེས་ན་མཐའ་བཞི་སྤྲོས་བྲལ་བདེན། །ཀུན་རྫོབ་རང་སྟོང་རྟོགས་ཕྱིར་ཡིན། །ཐ་མ་དོན་དམ་ངེས་པ་གསུངས། །དེས་ན་ཟབ་མོ་སྣང་བའང་བདེན། །འགྱུར་མེད་ཡོངས་གྲུབ་རྟོགས་ཕྱིར་ཡིན། ། ཆོས་ཀུན་བདེན་པའང་བཞི་རུ་ཕྱེ། །ཡོད་པའི་དབྱེ་གྲངས་ཡིན་པའི་ཕྱིར། །འགོག་པའི་བདེན་པའང་ཡོད་པར་འགྱུར། །ཤེས་བྱ་བདེན་པ་གཉིས་སུ་བསྡུ། །ཤེས་བྱའི་བསྡུས་གྲངས་ཡིན་པའི་ཕྱིར། །དོན་དམ་བདེན་པའང་ཤེས་བྱར་འགྱུར། །ཤེས་བྱ་ཡིན་ན་ཡོད་དམ་མེད། །ཡོད་ན་དོན་དམ་མཐའ་མེད་གྲུབ། །འཁོར་གསུམ་དག་ཅིག་དངོས་སུ་འཕེན། །མེད་པ་ཁྱེད་ཀྱིས་བསྒྲུབ་མི་ནུས། །གལ་ཏེ་བསྒྲུབ་ན་ལོག་བསྒྲུབ་འགྱུར། །ཡོངས་སུ་གྲགས་པའང་འཇིག་བྱེད་དང། །འོན་ཀྱང་འཁོར་གསུམ་འདི་ཡང་འཁོར། །ཡོད་པ་མིན་ཞེས་བརྗོད་པ་ཡིས། །དོན་དེ་མེད་པར་མི་སྟོན་ན།། དབུལ་བའི་ཕུང་པོ་གསེར་རྣམ་དག །ཡོད་མེད་དྲིས་པས་ཡོད་མེད་ཅེས། །སྨྲ་ན་གསེར་མེད་མི་ཤེས་སམ། །མེད་པ་མིན་ཞེས་བརྗོད་པ་ཡིས། །ཆོས་དེ་ཡོད་པར་མི་སྟོན་ན། །ཕྱུག་པོ་དག་ལ་ལོངས་སྤྱཽད་དག །ཡོད་མེད་དྲིས་པས་མེད་མིན་ཞེས། །སྨྲ་ན་ནོར་ཡོད་མི་ཤེས་སམ། །ཞེས་དང༌། ཆོས་དེ་དགེ་བ་ཡིན་ནམ་མིན། །དགེ་བ་ཡིན་ན་ཡོད་དམ་མེད། ། ཡོད་ན་ཡོད་ལ་ཅི་ཞིག་སྡང། །འཁོར་གསུམ་དག་ཅིག་འདིར་ཡང་འཁོར། །མེད་ན་མེད་ལས་ཀུན་མེད་པས། །ལམ་བདེན་དགེ་བའང་མེད་འགྱུར་ལ། །མེད་མཐའི་ཕྱིར་ནའང་འཁོར་གསུམ་འཁོར། །ཞེས་དང༌། འབྲས་མེད་མ་ཡིན་གཞི་འབྲས་གསུངས། །ལམ་ཀུན་འབྲས་བུ་ཡོད་མིན་ན། །ལམ་བསྒྲུབ་དམ་པ་དུ་མ་ཡང། ། འབྲས་མེད་རྒྱུ་ལ་འབད་དམ་ཀྱེ། །འབྲས་བུ་ཡོད་ན་མིན་པ་འགལ། །དེ་མིན་འགོག་པ་པོ་མིན་ན། །འགོག་ཡོད་མིན་ན་སྤངས་པ་འགལ། ། སྐྱོན་རྣམས་སྤངས་པ་ཡོད་མིན་ནམ། །གཉེན་པོ་ཡོན་ཏན་སྐྱེ་མི་སྲིད། །སྲིད་ན་སྐྱོན་སྤངས་ངལ་བ་འཁྲུལ། །སྤངས་རྟོགས་མཐར་ཕྱིན་ཡོད་མིན་ན། །སངས་རྒྱས་དག་ཀྱང་ཇི་ལྟར་ཡོད། །ཀུན་མཁྱེན་ཡོད་པ་མ་ཡིན་ན། །ཀུན་གྱི་སྐྱབས་དང་དཔང་པོ་སུ། །ཡོད་མིན་དག་གིས་སྐྱོན་གྱི་ནི། །སྐྱབས་མེད་སྐྱབས་ནི་ཚོལ་བ་ཡི། །སྐྱབས་དག་མ་རྙེད་གོང་དུ་ཡང། །སྐྱབས་ཡོད་མིན་ཏེ་མེད་པའི་ཕྱིར། །སྐྱབས་ཚོལ་ངལ་བས་ཅི་ཞིག་བྱ། །འབྲས་བུ་ཡིན་ཀྱང་ཡོད་མིན་ན། །གཟུགས་སྐུ་དག་ཀྱང་ཡོད་མིན་ལ།། འབྲས་བུ་ཀུན་ཀྱང་ཡོད་མིན་ན། །སྡིག་འབྲས་སྡུག་བསྔལ་ངེས་པའང་ཅི། །ཡོད་མིན་འབྲས་བུར་གྲུབ་ན་ནི། །ཡོན་ཏན་བསྒྲུབ་པའི་སྐྱེ་བོ་ཡིས། །འབྲས་བུ་ཡོན་ཏན་མ་གྲུབ་བོ། །ཡོན་ཏན་ཡོད་པ་མེད་པའི་ཕྱིར། །ཡོན་ཏན་བསྒྲུབ་ངལ་ཅི་ཞིག་བྱ། །སླར་ཡང་ཡོན་ཏན་མི་བསྒྲུབས་ན། །ནོར་མེད་སྐྱེ་བོས་ནོར་བསྒྲུབས་པ། ། འབད་རྩོལ་མ་བསླབས་གོང་དུ་ཡང། །འབྲས་བུ་ནོར་ཡོད་མིན་ལ་ཡོད། །ནོར་སྒྲུབ་རྩོལ་བས་ཅི་ཞིག་བྱ། །སྡིག་སྤྱོད་སྐྱེ་བོ་དག་ལའང། །འགོག་བདེན་ཡོད་ཡིན་དེ་ཡོད་ཕྱིར། །དེས་ཀྱང་འགོག་པ་འགྲུབ་འགྱུར་རམ། །འབྲས་ཀུན་རྣམ་དག་གཉིས་སུ་ངེས། །སྐྱེད་འབྲས་སྔར་མེད་གསར་དུ་བྱས། །བྲལ་འབྲས་སྔར་ཡོད་གསར་མ་བྱས། །དེ་ཕྱིར་འབྲས་ཀུན་ཡོད་པར་འགྱུར། །ཡོད་པ་མིན་ན་འབྲས་བུ་མིན། །འབྲས་བུ་ཡིན་ན་མེད་པ་མིན། །འབྲས་བུ་ལ་ལ་ཡོད་མིན་ནམ། །ལ་ལ་ཡོད་པ་མིན་ན་ནི། །རྒྱུ་རྐྱེན་ལ་ལ་ནུས་མེད་ལ། །ལ་ལ་ནུས་དང་བཅས་པར་འགྱུར།། འདི་ཡོད་ཕྱིར་ན་འདི་འབྱུང་ཞེས། །རྒྱུ་འབྲས་ངེས་དང་བརྫུན་པར་འགྱུར། །མི་བརྫུན་རྒྱུ་རྐྱེན་ནུས་མཉམ་ལ། །འབྲས་བུ་སྐྱེས་མཉམ་རྟེན་འབྲེལ་ཆེ། །གཞི་ནི་ཆོས་ཉིད་རྒྱུ་དེ་ལ། །ལམ་བདེན་རྐྱེན་གྱིས་གསལ་བྱ་སྟེ། །འབྲས་བུ་བདེ་འབྱུང་རྟེན་འབྲེལ་ཆེ། །གཞི་ལ་འབྲས་ཡོད་མིན་ན་ནི། །མཁྱེན་པ་གསུམ་ཡང་ཡོད་མིན་མཚུངས། །རྣམ་མཁྱེན་ཡོད་པ་མིན་ན་ནི། །རང་འབྲས་འཕགས་བཞི་སུ་ཡིས་བསྐྱེད།། ཡོད་མེད་རྣམ་པ་སུ་ཡིས་གཞལ། །ལམ་དག་ཤེས་པས་ཅི་ཞིག་བྱ། །གཞི་དག་ཤེས་པའང་སུ་ཡིས་མཐོང། །ཆོས་རྣམས་ཀུན་གྱི་རྟེན་ཡིན་ཕྱིར། །འགོག་བདེན་ཆོས་ཉིད་ཡོད་པར་འགྱུར། །ཞེས་དང། །ཁྱེད་ཀྱི་ཟབ་མོ་སྟོང་པ་དེ། །ནམ་མཁའ་དག་དང་མཚུངས་མི་མཚུངས། །མཚུངས་ན་མཁའ་སྤྱོད་ཕྱིར་ཏེ་ཡོད། །མི་མཚུངས་སྟོང་པ་མིན་པའི་ཕྱིར། །ཆོས་དེ་དངོས་པོ་ཡིན་པར་འགྱུར། །ནམ་མཁའ་དག་ཀྱང་ཡོད་མིན་ན། །ས་སོགས་འབྱུང་བ་བརྟེན་པ་ཅི། །གཞན་དག་རྟེན་ཕྱིར་མཁའ་ཡོད་འགྱུར། །དེ་མཚུངས་ཆོས་ཀྱང་ཡོད་པར་འགྱུར། །ཡོད་པ་སྐྱོན་མིན་ཡོད་འཛིན་སྐྱོན། །རྟག་པ་སྐྱོན་མིན་རྟག་འཛིན་སྐྱོན། །དངོས་པོ་སྐྱོན་མིན་དངོས་འཛིན་སྐྱོན།།ཞེས་གསུངས་ལ། དེ་ལྟར་རྗེ་བཙུན་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མ་ལས། སྙིང་པོ་མེད་ན་ཆོས་ཉིད་མེད་པར་ འགྱུར། །ཆོས་ཉིད་མེད་ན་ཆོས་ཅན་ག་ལ་ཡོད། །དེ་མེད་ན་ནི་མཚན་ཉིད་འཛིན་པ་མེད། །དེ་ཡང་མེད་ན་ཤེས་བྱ་རིག་བྱ་དང། །རྟོགས་བྱ་མཐོང་བ་ལ་སོགས་མེད་པར་འགྱུར། །མེད་ན་ཀུན་རྫོབ་ཇི་ལྟར་སྣང་ཙམ་ལ། །སྐུར་མི་འདེབས་ཞེས་ཟེར་བའང་བསླུ་ཚིག་ཙམ། །སྣང་ན་ཤེས་རིག་རྟོགས་མཐོང་མེད་པར་འགལ། །ཞེས་གསུངས་ལ།ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་བཀའ་བསྡུ་བཞི་པའི་དོན་བསྟན་རྩིས་ཆེན་པོའི་འགྲེལ་པ་ཕྱོགས་མེད་རིས་མེད་ལས། གལ་ཏེ་གཤིས་ལུགས་ལ་ཡོད་པའི་དོན་དམ་བདེ་གཤེགས་སྙིང་པོ་མེད་པར་བལྟས་ན་མེད་ལྟའི་སྐྱོན་དུ་འགྱུར་མོད། ཆད་ལྟའི་སྐྱོན་དུ་ཅི་ལ་འགྱུར་ཞེ་ན། གཤིས་ལ་མེད་པ་དང་གཤིས་ལ་ཆད་པ་དོན་གཅིག་པའི་ཕྱིར་དང། རྟེན་མེད་ན་བརྟེན་པ་མི་སྲིད་པའི་ཕྱིར་དང། ཁྱབ་བྱེད་ཁེགས་ན་ཁྱབ་བྱ་ཁེགས་པའི་ཕྱིར།དོན་དམ་མེད་ན་ཀུན་རྫོབ་ཀྱང་མེད་པས་ཐམས་ཅད་མེད་པ་དང་ཆད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ། ཡེ་ཤེས་མེད་ན་རྣམ་ཤེས་མེད་པས། ཀུན་གཞི་ཡེ་ཤེས་མེད་ན་ཀུན་གཞི་རྣམ་ཤེས་མི་སྲིད་དོ། །ཆོས་ཉིད་མེད་ན་ཆོས་རྣམས་མི་སྲིད་པས། དབུ་མ་མེད་ན་མཐའ་མ་མི་སྲིད་དོ། །རང་བཞིན་གཉུག་མ་མེད་ན་བཅོས་མ་གློ་བུར་མི་སྲིད་པས། རང་བཞིན་གྱིས་རྣམ་བྱང་མྱང་འདས་མེད་ན་ཀུན་ནས་ཉོན་མོངས་འཁོར་བ་མི་སྲིད་དོ། །ཞེས་དང༌། དེ་རྣམས་ཀྱིས་ནི་ཁ་ཅིག་བདེན་པ་ཤེས་བྱ་ལ་མི་སྲིད་པས། བདེན་པ་གཉིས་ལ་དབྱེ་གཞི་མེད་ཅིང། བདེན་པ་སྲིད་ན་ལྟས་ངན་ཡིན་ཞེས་འདོད་པ་ལ་སོགས་པ་དང། རྣམ་གཅོད་ཙམ་མ་གཏོགས་པ་ཡོངས་གཅོད་དུ་གྲུབ་པ་འགའ་ཡང་མེད། ཅེས་སོགས་དང།ཀུན་རྫོབ་ཀྱི་རྣམ་བཞག་དབུ་མ་པའི་རང་ལུགས་ལ་མེད་པས་འཇིག་རྟེན་གྲགས་སྡེའམ་སེམས་ཙམ་པའམ་མདོ་སྡེ་པའི་རྗེས་སུ་འབྲང་ཞེས་འདོད་པ་ལ་སོགས་པ་རྫོགས་ལྡན་གྱི་ཆོས་དང་འགལ་བའི་ལྟ་ངན་མང་པོ་སུན་ཕྱུང་བ་ཡིན་ནོ། །འགལ་འདུས་སྐྱོན་ཡོད་སྐྱོན་མེད་ལ་སོགས་དང། །ཞེས་སོག་གསུངས་པ་དང༌། ཞེས་དང༌། ཀུན་མཁྱེན་དོལ་པོ་པས་མཛད་པའི་སློབ་དཔོན་བློ་གྲོས་སེང་གེས་དྲིས་ལན་ལས། ཡང་ཀུན་བཏགས་ཤེས་བྱ་ཨེ་ཡིན་ཞེས་པ་འདི་ལ་ཡོངས་སུ་བརྟགས་པའི་གཟུགས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་ཞེས་པ་དང༌། དངོས་པོ་མེད་པའི་གཟུགས་སོགས་ཞེས་པ་ལ་སོགས་པ་ཤེས་ཕྱིར་དབུ་མའི་རང་འགྲེལ་རྣམས་སུ་རྒྱ་ཆེར་གསུངས་ཤིང༌། བྱམས་ཆོས་དང་ས་སྡེ་ལ་སོགས་པར་ཤེས་པར་བྱ་བ་ཡིན་པར་འདོད་པ་རྣམས་ཀྱིས་ནི་ཤེས་པའི་མིག་བཙུམས་པ་ཉིད་དུ་ཟད་དོ། །ཞེས་དང༌། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། རྣམ་མཁྱེན་གྱི་དམིགས་པ་འཐད་པ་ལ་ལོག་རྟོག་ནི་རྣམ་མཁྱེན་ནམ་བར་ཆད་མེད་རྩེའི་དམིགས་པ་མི་འཐད་པར་ཐལ། འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་དག་དངོས་པོ་སྟེ་རང་བཞིན་མེད་པ་ཉིད་ཀྱིས་སོ་ཞེ་ན། ཞེས་པ་ནས། དོན་དམ་དུ་རང་བཞིན་མེད་པས་དམིགས་པ་མི་འཐད་པའི་ཁྱབ་པ་མེད་དེ། བར་ཆད་མེད་རྩེའམ་རྣམ་མཁྱེན་ཆོས་ཅན། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པས་ཁྱོད་ཀྱི་དམིགས་ པ་གཏན་མེད་དུ་མི་འགྱུར་ཏེ། དོན་དམ་པར་བདེན་པའི་དངོས་པོ་མེད་པའི་རྟེན་འབྲེལ་སྒྱུ་མ་ལྟ་བུ་དང་བདེན་སྟོང་གི་ཆོས་དབྱིངས་ཀུན་རྫོབ་ཏུ་ཁྱོད་ཀྱི་དམིགས་པར་འཐད་པས་སོ། །ཞེས་དང༌། སངས་རྒྱས་དཀོན་མཆོག་ལ་ལོག་པར་རྟོག་པ་ནི། སངས་རྒྱས་དཀོན་མཆོག་མེད་པར་ཐལ། རྟོགས་པར་བྱ་བ་ཅི་ཡང་མེད་པས་སོ། །ཞེ་ན། ལན་གསུམ་དང། ཤེས་བྱ་ཆོས་ཅན། དོན་དམ་པར་རྟོགས་བྱའི་དངོས་པོ་མེད་པས་སངས་རྒྱས་དཀོན་མཆོག་མེད་པར་མི་འགྱུར་ཏེ། ཆོས་ཀུན་བདེན་སྟོང་གི་ཡང་དག་པའི་དོན་ རྟོགས་པའི་ཡེ་ཤེས་མཐར་ཐུགས་ཡོད་པས་སོ། །ཡང་དག་པའི་དོན་རབ་ཏུ་རྟོགས་པས་དེའི་ཕྱིར་སངས་རྒྱས་ཞེས་བྱའོ། །ཞེས་སོགས་སོ། །ཆོས་དཀོན་མཆོག་ལ་ལོག་རྟོག་ནི། ལུང་རྟོགས་ཀྱི་ཆོས་དཀོན་མཆོག་མེད་པར་ཐལ། དོན་ལ་མེད་པར་མིང་དུ་བཏགས་པ་ཙམ་དུ་ཟད་པས་སོ། །ཞེ་ན། སྔར་ལྟར་དང། ཤེས་བྱ་ཆོས་ཅན། དོན་དམ་པར་ཆོས་ཐམས་ཅད་མིང་ཙམ་དུ་ཟད་པས་ཆོས་དཀོན་མཆོག་མེད་པར་མི་འགྱུར་ཏེ། དེ་ལྟར་ཡིན་ཀྱང་དེ་བཞིན་ཉིད་དང་ཡང་དག་མཐའ་སོགས་ཀྱི་ཆོས་དང་དོན་དམ་པར་ཆོས་ཐམས་ཅད་མིང་དང་མཚན་མ་ཙམ་མངོན་ལོག་རྟོག་དེ་བློའི་ངོ་བོ་ཇི་ཞིག་ཡིན་ཞེ་ན། དབུ་མ་པས། ཆོས་ཐམས་ཅད་རང་བཞིན་མེད་པ་དང་དམིགས་རྣམ་སོགས་ཁས་ལེན་པ་འདི་ཕན་ཚུན་འགལ་བའི་དོན་བསྒྲུབ་པས་ན་དོན་ལ་མི་འཐད་པར་སེམས་ཤིང། དེ་ཉིད་ཀྱིས་ན་ལོག་པ་ཉིད་ཡིན་པར་ཐེ་ཚོམ་གྱི་ངོ་བོ་སྟེ་ཡིད་གཉིས་སུ་གྱུར་པ་ཞིག་གོ། །ཞེས་དང༌། རང་ལུགས་ནི། སྤང་གཉེན་མེད་པར་ཐལ། བླང་དོར་མེད་པའི་ཕྱིར། ལྟ་བུ་ལ་མཚོན་ན། དབུ་མ་པས། ཆོས་ཐམས་ཅད་རང་བཞིན་མེད་བྱས་པ་ལ། འོ་ན། རི་བོང་གི་རྭ་ལྟར་གཏན་མེད་ཡིན་པར་ཁས་ལེན་པ་ཡིན་སྙམ་ནས། བླང་དོར་མེད་པའི་ཕྱིར། ཞེས་ཟེར་བ་དེ། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་སྟེ། ཀུན་རྫོབ་ཀྱི་དབང་དུ་བྱས་པའམ་ཀུན་རྫོབ་ལ་བསམས་ནས་རྩོད་པ་ལ་ཟེར་ལ། དོན་དམ་གྱི་ལན་ནི། ཁོ་བོ་ཅག བླང་དོར་མེད་ཟེར་བ། དོན་དམ་དུ་ཡིན་གྱི་ཀུན་རྫོབ་ཏུ་མིན་པས། རྟགས་མ་གྲུབ་ཅེས་པ་ལྟ་བུའོ།།ཞེས་སོགས་རྒྱ་ཆེར་གསུངས་ནས་ཀུན་རྫོབ་ཏུ་ཡོད་པས་ཡོད་གོ་ཆོད་པ་དང༌། བུམ་པ་བུམ་པས་མ་སྟོང་བ་དང༌། བ་ལང་བ་ལང་གིས་མ་སྟོང་བ་སོགས་ཀུན་མཁྱེན་དོལ་པོ་པ་དང༌། ཉ་དབོན་ཀུན་དགའ་དཔལ་རྣམ་གཉིས་ཀྱིས་གསུངས་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། ཡང་མདོ་དེ་ཉིད་དུ། བ་ལང་ལ་རྟ་མེད་པ་དང་རྟ་ལ་བ་ལང་མེད་པ་དཔེར་མཛད་ནས་དོན་དམ་ཆོས་ཉིད་མྱང་འདས་ཆེན་པོ་རང་གིས་མི་སྟོང་བའི་གཞན་སྟོང་དུ་བཀའ་བསྩལ་པ། འདི་ལྟ་སྟེ། རིགས་ཀྱི་བུ་འདི་ལྟར་མྱ་ངན་ལས་འདས་པ་ནི་སྔ་ནས་མེད་པ་སྟེ། འཇིམ་པའི་ཚེ་རྫ་མ་མེད་པ་ལྟ་བུ་མ་ཡིན། འགགས་ཏེ་མེད་པ་སྟེ་རྫ་མ་ཞིག་ནས་མེད་པ་ལྟ་བུ་ཡང་མ་ཡིན། གཏན་མེད་པ་སྟེ་རུས་སྦལ་གྱི་སྤུ་དང་རི་བོང་གི་རྭ་ལྟ་བུ་ཡང་མ་ཡིན་ཏེ་གཅིག་ལ་གཅིག་མེད་པ་དང་ནི་མཐུན་ནོ། །རིགས་ཀྱི་བུ་ཁྱོད་སྨྲ་བ་ལྟར་བ་ལང་ལ་རྟ་མེད་མོད་ཀྱི་བ་ལང་མེད་ཅེས་བྱར་མི་རུང་ངོ། །རྟ་ལ་བ་གླང་མེད་མོད་ཀྱི་རྟ་ཡང་མེད་ཅེས་བྱར་མི་རུང་ངོ། ། མྱ་ངན་ལས་འདས་པ་ཡང་དེ་དང་འདྲ་སྟེ། ཉོན་མོངས་པ་ལ་མྱ་ངན་ལས་འདས་པ་མེད། མྱ་ངན་ལས་འདས་པ་ལ་ཉོན་མོངས་པ་མེད་དེ་དེ་བས་ན་གཅིག་ལ་གཅིག་མེད་པ་ཞེས་བྱའོ། །ཞེས་སོགས་རབ་ཏུ་རྒྱས་པར་བཞུགས་སོ། ། ཞེས་སོགས་དང༌། ཉ་དབོན་ཀུན་དགའ་དཔལ་གྱིས་མཛད་པའི་དོལ་པོ་པའི་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་དགོངས་པ་རྣམ་གསལ་ཡིད་ཀྱི་མུན་སེལ་ལས། གལ་ཏེ་ཆོས་ཐམས་ཅད་རང་རང་ངོ་བོས་སྟོང་ཞེས་ཁྱད་པར་གྱི་ཚིག་གང་ཡང་མ་སྦྱར་བར་སྤྱིར་དེ་སྐད་འདོད་དམ་བརྟགས་ཤིང་དཔྱད་པའི་དེ་ཁོ་ན་ཉིད་ཀྱི་དོན་དམ་པར་ཞེས་དེ་སྐད་འདོད། དེ་ལྟར་ན་བདེན་པ་གཉིས་སུ་རྣམ་དབྱེ་བྱས་པའི་བཀའ་བསྟན་བཅོས་ཐམས་ཅད་ནོར་བ་ཁོ་ནར་འགྱུར་ཞིང། གཞི་གྲུབ་ཅུང་ཟད་ཀྱང་མེད་པར་འགྱུར་རོ། ། ཞེས་དང༌། དེ་ལྟར་ན་དགོངས་པ་ངེས་པར་འགྲེལ་གྱི་མདོར། འཁོར་ལོ་བར་བ་དྲང་དོན་དུ་གསུངས་པའི་དགོངས་པ་ཡང། འཁོར་ལོ་བར་བར་གཟུགས་སོགས་མེད་པ་དང། མ་སྐྱེས་པ་ལ་སོགས་པ་གསུངས་པ་ཡང་དོན་དམ་དཔྱོད་པའི་རིགས་པས་དཔྱད་བཟོད་ཀྱི་དོན་དམ་དུ་མེད་པ་ལ་སོགས་ལ་དགོངས་ཀྱི་སྒྲ་ཇི་བཞིན་པ་མ་ཡིན་པའི་ཕྱིར་དང། ཞེས་དང༌། རང་སྟོང་སྟོང་ཉིད་མཆོག་ཏུ་སྨྲ་བ་རྣམས་ཀྱིས་ནི་དགེ་བ་དགེ་བས་སྟོང། སྡིག་པ་སྡིག་པས་སྟོང་ཞེས་སོགས་སྒྲ་ཇི་བཞིན་པར་ཆོས་ཐམས་ཅད་རང་གིས་སྟོང་བར་ཁས་བླངས་དགོས་སོ། །དེ་ལྟར་ཁས་ལེན་ན་ཆད་ལྟ་ལས་ཀྱང་ཆེས་ཆད་ལྟར་འགྱུར་རོ། །ཞེས་དང༌། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ཀྱིས་ཀུན་རྫོབ་ཀྱི་ཁས་ལེན་ཚུལ་བཤད་སྐབས་ལས། དེ་ལ་འཕགས་པ་ཀླུ་སྒྲུབ་ནི། རྣལ་འབྱོར་སྤྱོད་པའི་དབུ་མ་བ་ལྟར་ཀུན་རྫོབ་ཀྱི་རྣམ་བཞག་མཛད་པར་གསལ་ཏེ། རིགས་པ་དྲུག་ཅུ་བ་ལས། དགོས་པའི་དབང་གིས་རྒྱལ་བ་རྣམས། །ང་དང་ངའི་ཞེས་གསུངས་པ་ལྟར། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དེ་བཞིན་དགོས་པའི་དབང་གིས་གསུངས། །འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །ཞེས་དང། བྱང་ཆུབ་སེམས་འགྲེལ་ལས། རང་ལུགས་ལ་ཀུན་གཞིའི་རྣམ་ཤེས་ཀྱང་ཡོད་པར་བཤད་དོ། །ཞེས་དང༌། བཀའ་བསྡུ་ལྔ་བ་ལས། ལོངས་སྐུའི་རྟེན་ཆོས་སྐུ་ཡོད་པ་མ་ཡིན་ན། སྤྲུལ་སྐུས་གསུངས་པའི་ཆོས་རྣམས་ཡོད་པ་མིན་པར་འགྱུར། སྤྲུལ་སྐུས་གསུངས་པའི་ཆོས་ཡོད་པ་མིན་ན་ཆོས་ལ་བླང་དོར་བྱེད་པའི་དགེ་འདུན་དང་སྐྱེས་བུ་ཡོད་པ་མིན་པར་འགྱུར། ཆོས་ལ་བླང་དོར་བྱེད་མཁན་གྱི་སྐྱེས་བུ་ཡོད་པ་མ་ཡིན་ན་ལས་རྒྱུ་འབྲས་ལ་བླང་དོར་བྱེད་པ་པོ་ཡོད་པ་མིན་པར་འགྱུར། ལས་རྒྱུ་འབྲས་ལ་བླང་དོར་བྱེད་པ་པོ་ཡོད་པ་མིན་ན། ལས་རྒྱུ་འབྲས་ལ་བླང་དོར་བྱེད་པ་ལས་བྱུང་བའི་འབྲས་བུ་མཐོ་རིས་དང་ཐར་བ། འཁོར་བ་དང་ངན་སོང་སོགས་མེད་པར་ཁས་བླང་དགོས་ཏེ། རྒྱང་འཕེན་པའི་གསང་ཚིག་འཛིན་པ་དང་བཟོད་བྱུང་མི་གདའ་འམ། ཞེས་དང། ཀུན་རྫོབ་གཟུགས་ཀྱི་སྐུ་ཡོད་པའི་རྒྱུ་མཚན་གྱིས་དེའི་རྟེན་དོན་དམ་ཆོས་སྐུ་ཡོད་པར་བསྒྲུབས།ཞེས་དང། རྒྱང་འཕེན་པ་སྐྱེ་བ་སྔ་ཕྱི་དང་ལས་འབྲས་སོགས་ཡོད་པ་ལ་མེད་པར་ལྟ་བས་ཆད་ལྟ་ཟེར་བ་ཡིན་གྱི།ཞེས་དང། ཁ་ཅིག་ཀུན་རྫོབ་སྣང་ཙམ་འདི་ཡང་འགོག །ཁ་ཅིག་དོན་དམ་བདེན་པ་མེད་དོ་ལོ། །གཉིས་ཀ་དྲིལ་ནས་ཤེས་བྱ་ཡུལ་ནས་ཕུད། །རི་བོང་རྭ་ལ་སུ་ཞིག་རྩོད་པ་ཡིན། །ཞེས་དང། ཀུན་རྫོབ་ཆོས་ཀུན་བདེན་པར་ཤེས་ཀྱང་ཤེས་པ་མ་ཡིན་བརྫུན་པ་སླུ་བའི་ཆོས་ཅན་ཡིན། །ཀུན་རྫོབ་ལས་འབྲས་མེད་པར་ཤེས་ཀྱང་ཤེས་པ་མ་ཡིན་ངན་སོང་གསུམ་དུ་འཕེན་བྱེད་ཡིན། །ཞེས་དང༌། བདེན་གཉིས་གསལ་བའི་ཉི་མ་ལས། དབྱེ་གཞི་ནི་ཤེས་བྱ་ཙམ་མོ། །ཞེས་བདེན་གཉིས་ཀྱི་དབྱེ་གཞི་ཤེས་བྱ་ཡིན་པར་གསུངས་སོ། །ཇོ་ནང་ལོ་ཙཱ་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན་གྱི་མདོ་སྡེ་རྒྱན་གྱི་རྣམ་བཤད་ལས། ཐམས་ཅད་མེད་པར་སྟོན་པས་བཀའ་མ་ཡིན་ཞེས་པའང་རིགས་པ་མ་ཡིན་ཏེ། མེད་དོ་ཞེས་པའི་སྒྲ་ནི་བྱིས་པས་ཀུན་བཏགས་པ་བཞིན་མེད་ཅེས་དོན་གཞན་ལ་དགོངས་ནས་གསུངས་པ་ཡིན་གྱི། ཀུན་རྫོབ་གཞན་དབང་དང་དོན་དམ་ཡོངས་གྲུབ་མེད་པར་ནི་སྟོན་པ་མ་ཡིན་པའི་ཕྱིར་བཀའི་མཆོག་ཏུ་གྲུབ་པོ། །ཞེས་དང༌། ས་བཟང་གི་སྤྱོད་འཇུག་ལས། བདེན་གཉིས་མི་འཐད་པར་ཐལ་བ་སྤངས་བ་ནི། ཞེས་པ་ནས། མདོ་ལས། དགེ་སློང་དག་འདི་ཡོད་ན་འདི་འབྱུང་སྟེ། འདི་སྐྱེས་པ་ལས་འདི་སྐྱེའོ། །ཞེས་གསུངས་པ་ལྟར་རྒྱུ་སྔོན་དུ་སོང་བ་ལས་ཕྱིས་འབྲས་བུ་དེ་འབྱུང་བར་ངེས་ཤིང་རྟོགས་པ་རྣམས་ཡོད་པའི་དུས་ན་རྒྱུ་འབྲས་དུས་ན་རྒྱུ་འབྲས་སྣང་ཙམ་དུ་བདེན་པ་དེའང་ཡོད་པས་བདེན་གཉིས་ཀྱི་རྣམ་བཞག་ཀྱང་ཡོད་དེ། དེ་ལྟར་མིན་པར་རྒྱུ་འབྲས་སུ་སྣང་ཙམ་འདི་འགགས་ནས་མེད་པའི་དུས་ན་ཀུན་རྫོབ་མེད་པ་ཉིད་ཡིན་ཡང༌། མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་གྲུབ་པས་སྐྱོན་ཅུང་ཟད་ཀྱང་མེད་དོ། །དེས་ན་དོན་དམ་པར་སྟོང་བ་ཉིད་ཡིན་ཡང་ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡོད་པ་ནི་མི་འགལ་ཏེ། ༼འཕགས་པ་ཀླུས༽སྟོང་ཉིད་ཁོ་ནའི་ཆོས་རྣམས་ལ། །སྟོང་བའི་ཆོས་རྣམས་འབྱུང་བར་འགྱུར། །ཞེས་དང༌། སྟོང་ལ་འདི་དག་ཀུན་འཐད་ཀྱི། །མི་སྟོང་པ་ལ་འཐད་མ་ཡིན། །ཞེས་གསུངས་པ་ལྟར་རོ། །ཞེས་གསུངས་སོ། །མདོ་སྡེ་དགོངས་པ་ངེས་འགྲེལ་ལས་ཤེར་ཕྱིན་གྱི་སྒྲས་ཟིན་ལྟར་ཆོས་ཐམས་ཅད་མེད་པར་ཁས་ལེན་ན་དོན་དམ་མ་ཟད་ཀུན་བཏགས་དང་གཞན་དབང་གཉིས་ལ་བསྐུར་བ་བཏབ་པར་གསུངས་ཏེ། དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་ལས། རང་གི་ལྟ་བ་མཆོག་ཏུ་འཛིན་པར་གནས་པ་དེ་དག་གིས་ནི་ཆོས་དེ་ཐོས་ན་ངའི་དགོངས་བཤད་པ་ཟབ་མོ་ཡང་དག་ཇི་ལྟ་བ་བཞིན་མི་ཤེས་ཏེ། ཆོས་དེ་ལ་མོས་ཀྱང་ཆོས་འདི་དག་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ནོ། །ཆོས་འདི་དག་ཐམས་ཅད་ནི་མ་སྐྱེས་པ་ཁོ་ནའོ། །མ་འགགས་པ་ཁོ་ནའོ། །གཟོད་མ་ནས་ཞི་བ་ཁོ་ནའོ། །རང་བཞིན་གྱིས་མྱ་ངན་ལས་འདས་པ་ཁོ་ནའོ་ཞེས་ཆོས་ཀྱི་དོན་ལ་སྒྲ་ཇི་བཞིན་དུ་ཁོ་ནར་མངོན་པར་ཞེན་པར་བྱེད་དེ། དེ་དག་གཞི་དེས་ན་ཆོས་ཐམས་ཅད་ལ་མེད་པར་ལྟ་བ་དང༌། མཚན་ཉིད་མེད་པར་ལྟ་བ་འཐོབ་པར་འགྱུར་ཏེ། མེད་པར་ལྟ་བ་དང༌། མཚན་ཉིད་མེད་པར་ལྟ་བ་ཐོས་ནས་ཀྱང་ཐམས་ཅད་ལ་མཚན་ཉིད་ཐམས་ཅད་ཀྱིས་སྐུར་བ་འདེབས་ཏེ། ཆོས་རྣམས་ཀྱི་ཀུན་བརྟག་པའི་མཚན་ཉིད་ལ་སྐུར་བ་འདེབས། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚད་ཉིད་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ཡང་བསྐུར་བ་འདེབས་སོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས་འདི་ལྟར་གཞན་གྱི་དབང་ཉིད་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་ཡོད་ན་ནི། ཀུན་བརྟགས་པའི་མཚན་ཉིད་ཀྱང་རབ་ཏུ་ཤེས་པར་གྱུར་ན། དེ་ལ་གང་དག་གཞན་གྱི་དབང་གི་མཚན་ཉིད་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་མཚན་ཉིད་མེད་པར་མཐོང་བ་དེ་དག་གིས་ནི་ཀུན་བརྟགས་པའི་མཚན་ཉིད་ལ་ཡང་སྐུར་པ་བཏབ་པ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་དེ་དག་ནི་མཚན་ཉིད་རྣམ་པ་གསུམ་ཆར་ལ་ཡང་སྐུར་པ་འདེབས་པ་ཞེས་བྱའོ། །ཞེས་དང༌། འཕགས་པ་ཐོག་མེད་ཀྱིས་དོན་དམ་མ་ཟད་ཀུན་བཏགས་གཞན་དབང་གཉིས་མེད་པར་སྨྲ་ན་བསྐུར་འདེབས་ཆེན་པོ་ཡིན་པ་དང༌། ཤེས་བྱ་ལ་རྨོངས་བ་དང༌། མེད་ལྟ་ཡིན་པས་དམྱལ་བར་འགྲོ་བར་གསུངས་ཏེ། བྱང་ས་ལས། དེ་བས་ན་གང་ཟག་ཁ་ཅིག་ཤེས་པར་དཀའ་བའི་མདོ་སྡེ་ཐེག་པ་ཆེན་པོ་དང་ལྡན་པ་ཟབ་མོ་སྟོང་པ་ཉིད་དང་ལྡན་པ་དགོངས་པའི་དོན་བསྟན་པ་དག་ཐོས་ན་བཤད་པའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་ནས་ཚུལ་མ་ཡིན་པར་རྣམ་པར་བརྟགས་ཏེ་རིགས་པ་མ་ཡིན་པས་བསྐྱེད་པའི་རྟོགས་པ་ཙམ་གྱིས་འདི་ཐམས་ཅད་ནི་བཏགས་པ་ཙམ་དུ་ཟད་དེ། འདི་ནི་དེ་ཁོ་ན་ཉིད་ཡིན་ནོ། །སུ་ཞིག་འདི་ལྟར་ལྟ་བ་དེ་ནི་ཡང་དག་པར་ལྟ་བ་ཡིན་ནོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །དེ་དག་གི་ལྟར་ན་འདོགས་པའི་གཞིའི་དངོས་པོ་ཙམ་ཡང་མེད་པས་འདོགས་པ་དེ་ཉིད་ཀྱང་ཐམས་ཅད་ཀྱི་ཐམས་ཅད་མེད་པར་འགྱུར་ན་བཏགས་པ་ཙམ་གྱི་དེ་ཁོ་ན་ལྟ་ཡོད་པར་ག་ལ་འགྱུར་ཏེ། དེ་བས་ན་རྣམ་གྲངས་དེས་ན་དེ་དག་གིས་ནི་དེ་ཁོ་ན་ཉིད་བཏགས་པ་དེ་གཉིས་ཀ་ལ་ཡང་སྐུར་པ་འདེབས་པར་འགྱུར་ཏེ། བཏགས་པ་དེ་ཁོ་ན་ལ་སྐུར་པ་བཏབ་པས་ན་མེད་པར་ལྟ་བའི་གཙོ་བོ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་མེད་པ་དེ་ནི་ཚངས་པ་མཚུངས་པར་སྤྱོད་པ་མཛངས་པ་རྣམས་ཀྱིས་སྨོན་པའི་འོས་པ་མ་ཡིན་པ་དང་འགྲོགས་པར་མི་བྱ་བ་ཡིན་ཏེ། དེ་ནི་བདག་ཉིད་ཀྱང་ཕུང་བར་བྱེད་ལ་འཇིག་རྟེན་གང་དེའི་ལྟ་བ་ལ་སོགས་པ་ཡང་ཕུང་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་འདི་ལ་དགོངས་ནས་འདི་ན་ལ་ལ་གང་ཟག་ཏུ་ལྟ་བ་ནི་བླའི། ལ་ལ་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་བཀའ་སྩལ་ཏོ། ། དེ་ཅིའི་ཕྱིར་ཞེ་ན། གང་ཟག་ཏུ་ལྟ་བ་ཅན་གྱི་སྐྱེ་བོ་ནི་ཤེས་བྱ་ལ་རྨོངས་པ་འབའ་ཞིག་ཏུ་ཟད་ཀྱི། ཤེས་བྱ་ཐམས་ཅད་ལ་སྐུར་པ་འདེབས་པ་མ་ཡིན་ཏེ་གཞི་དེས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་མི་འགྱུར་ལ་གཞན་ཆོས་འདོད་པ་དང་སྡུག་བསྔལ་ལས་རྣམ་པར་ཐར་པར་འདོད་པ་དག་ཀྱང་ཕུང་བར་མི་བྱེད་ཅིང་སླུ་བར་མི་བྱེད་ལ་ཆོས་དང་བདེན་པ་ལ་ཡང་འགོད་པར་བྱེད་དོ། །བསླབ་པའི་གཞི་དག་ལ་ཡང་གཡེལ་བར་མི་འགྱུར་རོ། །སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི་ཤེས་བྱའི་དངོས་པོ་ལ་ཡང་རྨོངས་ལ་ཤེས་བྱ་ཐམས་ཅད་ལ་ཡང་སྐུར་པ་འདེབས་ཏེ། གཞི་དེས་སེམས་ཅན་དམྱལ་བ་རྣམས་སུ་ཡང་སྐྱེ་བར་འགྱུར་ལ་གཞན་ཆོས་འདོད་པ་དང༌། སྡུག་བསྔལ་ལས་ཐར་འདོད་པ་རྣམས་ཀྱང་ཕུང་བར་བྱེད་དོ། །བསླབ་པའི་གཞི་དག་ལ་ཡང་གཡེལ་བར་འགྱུར་ཏེ། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་གྱི་དངོས་པོ་ལ་སྐུར་པ་འདེབས་པ་ནི་ཆོས་འདུལ་བ་འདི་ལས་རབ་ཏུ་ཉམས་པ་ཡིན་ནོ། །ཞེས་གསུངས་སོ། །མཁས་མཆོག་གཞན་གྱི་ལུགས་ལ་མདོ་སྡེ་དགོངས་པ་ངེས་འགྲེལ་དྲང་དོན་གྱི་མདོར་བཞེད་པས་གནོད་པར་མི་འགྲོ་ལུགས་ཞིག་ཡོད་ཀྱང་ཇོ་ནང་གིས་མདོ་དེ་ངེས་དོན་གྱི་མདོར་ཁས་ལེན་པས་ཀུན་རྫོབ་མེད་པར་སྨྲ་བ་ལ་ཆེར་གནོད་དོ། །ལུང་རིགས་ཧ་ཅང་མང་ནའང་དེ་ཙམ་ལས་དགོས་པ་ཆེར་མ་མཐོང་ངོ་། །ཇོ་ནང་རང་ལུགས་ཀྱི་གྲུབ་མཐའི་བབས་ལ་ཀླུ་ཐོགས་དགོངས་པ་གཅིག་ཏུ་བཀྲལ་བ་དང༌། མདོ་སྡེ་དགོངས་པ་ངེས་འགྲེལ་དང་ས་སྡེ་ལྔ་སོགས་རང་གཞུང་དུ་ཁས་ལེན་བཞིན་དུ་ཀུན་རྫོབ་མེད་པར་འདོད་པ་ལུང་རིགས་མཐའ་ཡས་པ་དང་འགལ་བར་འགྱུར་རོ། །སྤྱིར་སྟོང་བ་གཏན་ལ་ཕབ་ཚེ་སྣང་བ་འགོག་དགོས་པར་བསམ་པ་ནི་སྣང་སྟོང་ཟུང་འཇུག་དང༌། རང་བཞིན་གྱི་མེད་པ་དང་མེད་པའི་ཁྱད་པར་གཏན་ནས་མ་ཤེས་པ་མ་ཟད་སྣང་བ་ཀུན་རྫོབ་ཏུ་ཡོད་ཅེས་ཚིག་ཙམ་ལས་དོན་ལ་གོ་བ་གཏན་ནས་མ་ཆགས། བུམ་པ་དང་བདེན་གྲུབ་གཅིག་ཏུ་ཞེན་པའི་ངོར་བུམ་པའི་ངོ་བོ་བདེན་གྲུབ་འགོག་ན་བུམ་པ་བཀག་ནས་འཇོག་མི་ཤེས་པ་རེད། དཔེར་ན་བརྟག་པ་སྒྲ་དོན་དང་བུམ་པ་གཅིག་ཏུ་འཁྲུལ་བའི་མུ་སྟེགས་པ་རྣམས་ཀྱིས་བུམ་པ་མ་ཡིན་པར་ལོག་པར་སྣང་བ་རང་མཚན་ཡིན་པ་དགག་ཚེ་བུམ་པ་རང་མཚན་ཡིན་པར་འཇོག་མི་ཤེས་པ་བཞིན་ནོ། །རྒྱང་འཕེན་པས་དོན་དམ་ཀུན་རྫོབ་ཁྱད་མི་ཕྱེ་བར་གཏན་མེད་ཡིན་ཞེས་ཟེར་བ་སྒོ་ཀུན་ནས་མཚུངས་སོ། །བློ་རགས་པ་ཁ་ཅིག་ཀུན་རྫོབ་ཡོད་མེད་ཟེར་བ་དོན་ལ་ཁྱེད་མེད་དེ། མེད་ཟེར་བ་རྣམས་ཀྱིས་རང་བཞིན་གྱིས་མེད་པས་ན་མེད་ཟེར་བ་དང༌། ཡོད་པར་འདོད་པ་རྣམས་ཀྱིས་རང་བཞིན་གྱིས་མེད་ཀྱང་ཐ་སྙད་དུ་ཡོད་པས་ཡོད་ཅེས་བཤད་པ་རེད་ཟེར་ན། དེ་མི་རིགས་དེ། ཕྱི་ནང་གི་གྲུབ་མཐའ་སྨྲ་བ་ཀུན་ཀྱིས་ཆོས་དེ་ཡོད་མེད་རྩོད་ཚེ་ཆོས་དེ་ཡོད་མེད་འཇོག་བྱེད་ཚད་མ་ཡོད་མེད་ཀྱིས་བཞག་ལ། ཐ་སྙད་དུ་ཡོད་པས་ཡོད་གོ་མི་ཆོད་པས་ལུགས་ལ་ཐ་སྙད་དུ་ཡོད་ཚུལ་བདེན་འཛིན་གྱི་ངོར་བདེ་གྲུབ་ཡོད་པ་ཙམ་ལས་འཇོག་མི་ཤེས་སོ། །འཛམ་གླིང་གི་ཤེས་ཡོན་པ་རྣམས་ལ་རྒྱུ་འབྲས་དང་རྟེན་འབྲེལ་དང་སྐྱེ་བ་སྔ་ཕྱི་དང་ནང་བའི་སྟོན་པའི་ཡོན་ཏན་ཡོད་ཅེས་སྨྲ་ན་མཛེས་སོ། །གྲོང་དགེའི་ངག་ཚིག་ལུང་རིགས་གང་ཡང་མེད་པ་དང་འདི་མི་འདྲའོ། །སྤྱིར་ལྟ་གྲུབ་མ་འདྲ་ན་ཡང་ལྟ་བ་མཉམ་གནས་ཀྱི་འདུ་ཤེས་དང་སེམས་ཅན་ཁམས་དབང་མི་འདྲ་བ་ཡིན་པ་ལ་ཐུགས་བསམ་བཞེས་ནས་བྱམས་བརྩེས་མཐུན་པར་གནས་དགོས་སོ། །བོད་ཀྱི་ཆོས་བརྒྱུད་རྣམས་ལས་ཇོ་ནང་རང་ལུགས་ལ་ཀུན་རྫོབ་བདེན་པ་ཡོད་པར་རྩལ་འདོན་བྱས་ནས་ཇོ་ནང་ཀུན་མཁྱེན་དོལ་པོ་སོགས་ཀྱིས་གསལ་བར་མཛད་ཡོད་ཀྱང་རང་གཞན་མང་པོ་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་གྲོས་གཞན་པ་དང༌། ལ་ལས་འོལ་ཚོད་བྱས་ནས་ཇོ་ནང་ལུགས་ལ་ཀུན་རྫོབ་མེད་པར་འདོད་པ་རེད་ཅེས་པའི་ཕྱིན་ཅི་ལོག་སྨྲ་བའི་རྗེས་སུ་མི་འཇུག་པར་ངན་འགྲོ་ལས་སྐྱོབས་པའི་ཕྱིར་དུ་ཀུན་མཁྱེན་དོལ་པོ་པའི་བྱིན་རླབས་ཀྱི་འོད་སྟོང་ལ་བརྟེན་ནས་དངོས་གྲུབ་དཔལ་གྱིས་བཀོད་པའོ། །འདི་བཀོད་དགེ་བས། ། འགྲོ་བ་ཀུན་གྱིས། །བདེ་གཤེགས་སྙིང་པོ། །མྱུར་ཏུ་ཐོབ་ཤོག །

རྒྱ་བོད་མཁས་པས་ཞིབ་ཆ་གསལ་བར་མ་བཤད་པའི་སྔོན་མེད་ལེགས་བཤད་ཀྱི་གཏམ།

རྒྱ་བོད་མཁས་པས་ཞིབ་ཆ་གསལ་བར་མ་བཤད་པའི་སྔོན་མེད་ལེགས་བཤད་ཀྱི་གཏམ།

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རིས་མེད་རྒྱལ་བསྟན་ཚུལ་བཞིན་འདོམས་མཛད་པའི། །དཔལ་ལྡན་བླ་མའི་ཞབས་ལ་གུས་འདུད་ནས། །འཕགས་བོད་མཁས་པས་གསལ་བར་མ་བསྟན་པའི། །མཉན་བྱ་གཏན་ཚིགས་ཡིན་ཚུལ་བདག་གིས་སྤྲོ། །དེ་ལ་འདིར་ལུང་འགལ་ལྔ་བའི་སྐབས་སུ་རྣམ་འགྲེལ་ལས། ཁྱད་པར་རྣམ་པར་གཅོད་པ་ཡི། །གཏན་ཚིགས་སུ་འགྱུར་མ་མཐོང་ཕྱིར། །ཞེས་པའི་སྐབས་སུ་སྤྱིར་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐུན་མོང་མ་ཡིན་པའི་གཏན་ཚིགས་ཡིན་པར་བསྟན་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། སློབ་དཔོན་ཆེན་པོ་མཁས་པ་དཔལ་རིན་ཆེན་འབྱུང་གནས་ཞི་བའི་ནང་གི་ཁྱབ་པ་ལས། ཐུན་མོང་མ་ཡིན་གཏན་ཚིགས་ཀྱི། །རྒོལ་བ་རྨོངས་ལ་ལྟོས་པ་ཡིན། །ཞེས་དང། བློ་གཡེར་བག་ཅན་ནི་ཡང་དཔེའི་སྦྱོར་བ་ལ་ལྟོས་པ་མ་ཡིན་ནོ། །དེ་ཕྱིར་དཔེ་ལ་ཆགས་རྣམས་ལ། །བུམ་པའི་དཔེ་ནི་བསྟན་པར་མཛད། །དེ་མི་དགོས་ལ་དོན་མེད་ཡིན། །ནང་གི་ཁྱབ་པ་བློ་ལྡན་ལའོ། །ཞེས་དང། ཉ་དབོན་ཀུན་དགའ་དཔལ་གྱི་ཚད་མའི་རྒྱས་འགྲེལ་ཡིད་ཀྱི་མུན་སེལ་ལས། མཁས་གྲུབ་ཤནྟི་བ་ཡང་རྨོངས་པ་ལ་དཔེ་དགོས་པས། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཕྱིར། མཁས་པ་རྣམས་ལ་ནི། གཏན་ཚིགས་འབའ་ཞིག་བརྗོད་པར་ཟད། །ཅེས་པས་བསྟན་ཞེས་ནང་གི་ཁྱབ་པར་བཤད་དེ་ལེགས་སམ་སྙམ་མོ། །ཞེས་གསུངས་པའི་ཕྱིར། སློབ་དཔོན་ཆོས་མཆོག་གིས་ཀྱང་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་བཞེད་ལ། དེ་ལྟ་ན་ཕྱོགས་གླང་གིས། ཇི་སྐད་དུ། དབུས་ན་ཐུན་མོངས་མིན་མ་ངེས། །ཞེས་དང༌། ཁྱད་པར་མཉན་པར་བྱ་བ་ཡང་རྟགས་ཡིན་ནོ་ཞེ་ན་དེ་ཡང་རིགས་པ་མ་ཡིན་ནོ། །ཞེས་དང༌། རྣམ་འགྲེལ་ལས། ཁྱད་པར་རྣམ་པར་གཅོད་པ་ཡི། །གཏན་ཚིགས་སུ་འགྱུར་མ་མཐོང་ཕྱིར། །ཞེས་གསུངས་པ་སོགས་དང་འགལ་ལོ་ཟེར་ན། མ་གྲུབ་སྟེ། ལུང་དེ་དག་གི་དོན་ནི། ཚད་མ་སྡེ་བདུན་མདོ་དང་བཅས་པའི་སྐབས་ཀྱི་ཕྱོགས་སྔ་སྒྲའི་ཚངས་པ་བ་དང༌། རིགས་བྱེད་པས་སྒྲ་ནམ་མཁའི་ཡོན་ཏན་དུ་ཁས་བླངས་པས་རྒོལ་བ་དེ་དག་གིས། སྒྲ་རྟག་པར་འདོད་པ་མ་ཟད་སྒྲའམ་མཉན་བྱ་ཡིན་ན་རྟག་པས་ཁྱབ་པར་འདོད་པས། རྒོལ་བ་དེ་དག་གིས་མཉན་བྱ་དེ་སྒྲ་མི་རྟག་པ་དང་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མི་མཐུན་ཕྱོགས་གང་ལ་མ་རྟོགས་པས་ན་དེ་རྣམས་ཀྱི་ངོར་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་ཞེས་པ་སྟེ། དེ་དག་གིས་མཉན་བྱ་ཡིན་ན་རྟག་པ་ཡིན་པས་ཁྱབ་པ་ཁས་ལེན་པས་མཐུན་དཔེ་ཡང་དག་མེད་དོ། །སྤྱིར་བཏང་མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེ་ནི། དུང་གི་མཉན་བྱ་དང༌། གསལ་བྱེད་ཀྱི་ཡི་གེ་ཀ་ལྟ་བུ་མཐའ་ཡས་པ་ཡོད་དོ། །སྤྱིར་ཚད་མ་སྡེ་བདུན་མདོ་དང་བཅས་པའི་ཚད་གཞུང་དག་གིས་རྒོལ་བ་དངོས་སུ་མ་སྦྱར་ཡང་དགག་ཡུལ་གྱི་ཕྱོགས་སྔ་བྱེ་བྲག་པའི་དབང་དུ་བྱས་པ་ཆེས་མང་སྟེ། སྲོག་ལྡན་གསོན་ལུས་བདག་བཅས་སུ་སྒྲུབ་པའི་མི་མཐུན་ཕྱོགས་ལ་མ་མཐོང་བར་གསུངས་པ་དང༌། ལུས་ཅན་དུང་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའི་གཏན་ཚིགས་སུ་བཤད་པ་བྱས་ཡོད་པ་སོགས་སྐབས་དུ་མར་ཤེས་པར་བྱ་དགོས་སོ། །མཁས་པ་ཤནྟི་པ་སོགས་ཀྱིས་རྒོལ་བ་རྨོངས་ལ་ལྟོས་པ་ཡིན། །ཞེས་པའི་སྐབས་ཀྱི་རྒོལ་བ་རྨོངས་བ་ནི་རིག་བྱེད་པ་དག་སྒྲ་ནམ་མཁའི་ཡོན་ཏན་དུ་བཞག་ནས་སྒྲ་རྟག་པར་ཁས་ལེན་པ་དག་ཡིན་པར་ཚད་མ་སྡེ་བདུན་ཀྱི་སྤྱི་གཞུང་གིས་སྒྲུབ་ཚུལ་གྱིས་གྲུབ་པོ། །མཉན་བྱ་དང་སྒྲ་གཉིས་ཀྱི་མིང་དོན་གྱི་འབྲེལ་བ་ངེས་པའི་རྒོལ་བས་མཉན་བྱ་མི་རྟག་པར་ངེས་ན་སྒྲ་མི་རྟག་པར་ངེས་མི་དགོས་ཏེ། དཔེར་ན་ཚད་མའི་དམིགས་པའི་རྟགས་ཀྱིས་ཡོད་པ་བདག་མེད་པར་སྒྲུབ་པའི་རྒོལ་བས། ཚད་མས་དམིགས་པ་དང་ཡོད་པའི་མིང་དོན་གྱི་འབྲེལ་བ་ངེས་ཤིང་ཚད་མས་དམིགས་པ་བདག་མེད་དུ་རྟོགས་ལ་ཡོད་པ་བདག་ཡོད་མེད་ལ་ཤེས་འདོད་ཞུགས་པ་སྲིད་པ་ལྟ་བུའོ། །མདོར་ན་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་ལ་གནོད་བྱེད་མེད་ཅིང་སྒྲུབ་བྱེད་ཡོད་ལ། གལ་ཏེ་མཉན་བྱ་སྒྲ་མི་རྟག་མི་རྟག་གང་དུའང་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་ཟེར་ན། དེ་མི་རིགས་པར་ཐལ། དོན་བྱེད་ནུས་པའི་རྟགས་ཀྱིས་མཉན་བྱ་མི་རྟག་པར་ངེས་པའི་རྒོལ་བ་ལ་མཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པའི་ཕྱིར། དེར་ཐལ། དེ་ལ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད་ཚང་བའི་ཕྱིར། མ་གྲུབ་ན། ཟུར་གང་མ་ཚང་བ་སྨྲོས་ཤིག དེ་འདྲའི་རྒོལ་བ་ལ་མཉན་བྱ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པ་དམིགས་བསལ་ཡིན་ཟེར་ན། སྤྱིར་བཏང་དང་དམིགསབསལ་གྲངས་མང་ཉུང་མེད་པར་ཐལ་བ་དང༌། དེ་འདྲའི་དམིགས་བསལ་ལ་གྲངས་མེད་མཐའ་མེད་པ་ཡོད་པར་ཐལ་ལོ། །

སྨྲས་པ། ལེགས་བཤད་གཏམ་འདི་རྣ་བར་སོན་པ་ན། །བསྒྱུར་དཀའི་སྐྱོ་མ་སྔ་བཙན་མི་བྱེད་པར། །གཟུར་གནས་རྟོག་དཔྱོད་དྲང་པོས་བྱེད་འཚལ་ཞིང༌། །མི་མཐུན་ལུགས་རིགས་མཆིས་ན་སྐྱེས་ཀྱི་མཆོག །རྒྱ་བོད་མཁས་པས་ཞིབ་ཆ་གསལ་བར་མ་བཤད་པའི་སྔོན་མེད་ལེགས་བཤད་ཀྱི་གཏམ་འདི་ནི་རྔ་ཡུལ་ཀིརྟི་དགོན་ཆེན་གྱི་རིགས་ལམ་རྩོམ་སྒྲིག་ཁང་ནས་བསྐུལ་ངོར་དངོས་གྲུབ་དཔལ་གྱིས་བྲིས་པའོ། །


previousལྟ་བ་རབ་གསལ་ཆོས་ཀྱི་ཉིན་བྱེད་སྣང་བ།next