Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ། གྲུབ་མཐའ་དང་ས་ལམ་སོགས།

3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]


 expand section
 expand section
 expand section
  
collapse section
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
 expand section
  
  
  
  
དུས་མ་ཡིན་པའི་ཟས་སྤངས་པའི་དུས་ཀྱི་ངོས་འཛིན།
 expand section
  
  
  
  
  
  
 expand section
  
  


3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousདུས་མ་ཡིན་པའི་ཟས་སྤངས་པའི་དུས་ཀྱི་ངོས་འཛིན།next

དུས་མ་ཡིན་པའི་ཟས་སྤངས་པའི་དུས་ཀྱི་ངོས་འཛིན།

དུས་མ་ཡིན་པའི་ཟས་སྤངས་པའི་དུས་ཀྱི་ངོས་འཛིན།

དགེ་ཚུལ་དང་དགེ་སློང་རྣམས་ཀྱིས་གུང་ཚིགས་གསོལ་བའི་དུས་ནི་སྐྱ་རེངས་ཤར་བ་ནས་ཉིན་གུང་གི་མཐའི་བར་རམ་ཕྱི་དྲོའི་སྔ་རོལ་བར་ཡིན་ལ། དུས་རུང་གི་ཟས་ཟ་མི་རུང་བའི་དུས་ནི་ཉིན་གུང་ཡོལ་བའམ་རང་གནས་པའི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བའི་བར་གྱི་དུས་དེ་ཡིན་ནོ། །མདོ་རྩ་ལས། རང་གི་ཕྱེད་ཡོལ་ནས་སྐྱ་རེངས་འཆར་བའི་བར་དུ་ནི་དུས་མ་ཡིན་ནོ། །དེ་ཉིད་ལ་ཤེས་གཙོའོ། །བཅའ་བར་བྱ་བ་དང་བཟའ་བར་བྱ་བ་ཟོས་ནའོ། །ཞེས་སོ། །གླེང་གཞིའི་དབང་དུ་བྱས་ན་བཅུ་བདུན་སྡེས་ནུབ་མོ་ཟས་ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །ཁ་ཅིག་ཉིན་ཕྱེད་དང་ཉིན་ཕྱེད་ཡོལ་བ་གཉིས་ཀྱིས་ཁྱད་པར་མ་ཤེས་ནས་ཉིན་མོའི་ཆ་ལ་ཆ་གཉིས་ཙམ་ཕྱེས་ནས་ཕྱི་མ་ཕྱི་དྲོ་བཞག་པ་མི་རིགས་ཏེ། ཕྱི་དྲོ་ནི་ཉིན་མོའི་དུས་ལ་སྔ་དྲོ་ཉིན་གུང་ཕྱི་དྲོ་སྟེ་ཆ་གསུམ་ཕྱེ་བའི་ཕྱི་མ་ཡིན་པའི་ཕྱིར་ཏེ། འདུལ་བ་ལུང་གཞི་ལས། ཉིན་མཚན་གྱི་ཆ་བརྗོད་པར་བྱ་སྟེ། སྔ་དྲོ་དང༌། གུང་དང༌། ཕྱི་དྲོ་དང༌། མཚན་མོའི་ཐུན་དང་པོ་དང༌། ཐུན་དང་པོའི་ཕྱེད་དང༌། གུང་ཐུན་དང༌། གུང་ཐུན་གྱི་ཕྱེད་དང༌། ཐུན་ཐ་མ་དང༌། ཐུན་ཐ་མའི་ཕྱེད་དང༌། ཞེས་སོགས་ཉིན་ཞག་གཅིག་ལ་དུས་ཉེར་གཉིས་ཕྱེ་བའི་དང་པོ་གསུམ་ནི་སྔ་དྲོ་དང་ཉིན་གུང་ཕྱི་དྲོ་གསུམ་ཡིན་པར་གསལ་ལ། ཤཱཀྱ་འོད་ཀྱི་སུམ་བརྒྱ་བ་ལས། རང་གླིང་སྐྱ་རེངས་དང་པོ་སོགས་བཟུང་ནས། །ཉི་མ་ཕྱེད་པར་འདིར་ནི་དུས་ཡིན་ཏེ། །དེ་ཡོལ་གང་ཞིག་དུས་རུང་ཟ་བྱེད་དེ། །ཉེས་བྱས་ལྕགས་ཀྱི་གོང་བུའི་ཟས་རྣམས་ཟ། །ཞེས་ཉིན་ཕྱེད་དུས་རུང་གསུངས་པ་དང༌།སུམ་བརྒྱ་བའི་རང་འགྲེལ་འོད་ལྡན་ལས། །རང་གླིང་སྐྱ་རེངས་དང་པོ་སོགས་བཟུང་ནས། །ཉི་མ་ཕྱེད་བར་འདི་ནི་དུས་ཡིན་ཏེ། །དེ་ཡོལ་གང་ཞིག་དུས་རུང་ཟ་བྱེད་དེ། །ཉེས་བྱས་ལྕགས་ཀྱི་གོང་བུའི་ཟས་རྣམས་ཟ། །རང་གི་གླིང་གི་སྐྱ་རེངས་དང་པོ་ལ་སོགས་པ་ནས་བཟུང་ནས་ཉི་མ་ཕྱེད་ཀྱི་བར་འདི་ནི་དུས་ཡིན་ནོ། །རང་གི་གླིང་གི་སྒྲས་སྐྱ་རེངས་ལ་ཡང་སྦྱར་བར་བྱ་སྟེ། རང་གི་གླིང་གི་སྐྱ་རེངས་ནས་བཟུང་ནས། རང་གི་གླིང་གི་ཉི་མ་ཕྱེད་ཀྱི་བར་ཞེས་བྱ་བའི་དུས་དེ་ཡོལ་ནས། དགེ་ཚུལ་གང་ཞིག་བཟའ་བ་དུས་སུ་རུང་བ་ཟ་བ་སྟེ། མིད་པ་དེ་ཉེས་བྱས་ཀྱི་ལྕགས་ཀྱི་གོང་བུ་རྣམས་ཟ་བ་ཡིན་ནོ། །ཉེས་བྱས་ཉིད་ལྕགས་ཀྱི་གོང་བུའི་ཟས་རྣམས་ཡིན་ནོ་ཞེས་ཚིག་སྦྱར་རོ། །རྣམས་ཞེས་མང་པོར་སྨོས་པ་ནི་ཁམ་རེ་རེ་ལ་ཉེས་བྱས་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །རྣམ་པར་འབྱེད་པ་ལས། དུས་མ་ཡིན་པ་རྣམ་པ་གཉིས་ཏེ། སྐྱ་རེངས་མ་ཤར་བ་ནས་ཉི་མ་ཕྱེད་ཡོལ་བའོ་ཞེས་གསུངས་པ་ནི་བྱེ་བྲག་མ་ཕྱེད་པར་གསུངས་པའི་ཕྱིར་འདིར་སྐྱ་རེངས་སྤྱིར་སྨོས་པ་ཡིན་ནོ། །ཞེས་གསུངས་བ་ཞིབ་གཟིགས་བྱེད་རྒྱུ་དང༌། ཚིགས་མཛོད་དུ་མར་དེ་ལྟར་བཤད་ལ། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས། དུས་ནི་གསུམ་སྟེ་སྔ་དྲོ་དང་ཉིན་གུང་དང་ཕྱི་འཕྲེད་དོ། །ཞེས་གསུངས་སོ། །ལག་ལེན་དོག་མཐའ་བཟུང་དགོས་པས་ཁ་ཅིག་གིས་བཤད་པ་འཐད་སྙམ་ན། དེ་མི་རིགས་ཏེ། མདོ་རྒྱུད་གང་ན་ཡང་ཉིན་གུང་ལ་ཕྱི་དྲོ་ཡོད་པར་གསུངས་པ་མེད་པར་མ་ཟད། དེ་ལྟ་ན་ཕྱི་དྲོའི་ཁ་ཟས་སྤོང་མཁན་ཉུང་ངུར་འགྲོ་བའི་འགལ་རྐྱེན་དུ་འགྱུར་བ་དང༌། དུས་མ་ཡིན་པའི་ཟས་ཟ་བའི་ལྟུང་བ་འདུ་ཤེས་གཙོ་བོ་ཡིན་པས་དོན་ལ་དུས་མ་ཡིན་པ་དེ་ཉིད་ལ་དུས་མ་ཡིན་པར་ཤེས་དགོས་པས་སོ། །དེས་ན་འདུལ་བའི་བཅས་འགལ་ཡིན་མིན་འདུལ་བ་ལ་ལྟོས་དགོས་པ་ལས་རང་བཟོར་མི་འོས་སོ། །ཕྱི་ཟླ་བརྒྱད་པ་འདིར་མདོ་སྨད་རྔ་ཡུལ་ལྟ་བུ་ལ་ཆུ་ཚོད་དྲུག་པ་ནས་ནམ་ལངས་དགུང་མོ་ཆུ་ཚོད་༢༠དང་སྐར་མ་༣༥ལ་ས་རུབ་པའི་དབང་དུ་བྱས་ན་ཉིན་དུས་ལ་ཆུ་ཚོད་བཅུ་བཞི་དང་སྐར་མ་སུམ་ཅུ་ཡོད་ལ། དེ་ཆ་གསུམ་བཏང་ན་ཆ་གཉིས་པའི་མཇུག་ཆུ་ཚོད་༡༥བ་དང་སྐར་མ་༤༠ནས་རྫོགས་པ་ཡིན། ཆུ་ཚོད་༡༥བ་དང་སྐར་༤༡ནས་ཕྱི་དྲོའི་འགོ་བཟུང་བས་དེ་ཕན་ཆད་ནས་དུས་མ་ཡིན་པའི་ཟས་སྤང་བར་བྱའོ། །དེ་བཞིན་དུ་ཕྱི་ཟླའམ་ཡེ་ཟླ་དང་པོ་ལ་ནམ་ལངས༧་༤༥-མུན་རུབ༡༨་༡༨དབང་ཏུ་བྱས་ན་ཉིན་དུས་ཆུ་ཚོད་བཅུ་གཅིག་ཡོད་ལ་དེ་ཆ་གསུམ་བྱས་ནས་ཆ་གསུམ་པའི་མགོ་ཆུ་ཚོད་བཅུ་བཞི་པ་དང་སྐར་ལྔ་བཅུ་རྩ་གཅིག་ནས་ཕྱི་དྲོའི་མགོ་བཟུང་བ་སོགས་ཤེས་དགོས་སོ།།བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཞིག་གིས་བླ་བྲང་བཀྲ་ཤིས་འཁྱིལ་བའི་རི་ཁྲོད་གོང་ནས་བཤེས་གཉེན་ཞིག་གིས་ཞལ་གསུང་ལ་དེ་འདྲ་བཤད་ཅེས་ཡང་བདག་གིས་ཐོས་ལ། དེ་ནི་འདུལ་གཞུང་དང་མཐུན་པའོ། །དེ་འདྲ་མ་ཡིན་པར་སྨྲ་ན་དུས་མ་ཡིན་པའི་ཟས་ཟ་བའི་ལྟུང་བ་བཅས་པའི་དགག་བྱ་སོགས་མ་ཤེས་པའོ། །བོད་ཀྱི་བླ་མ་རྣམས་ཀྱི་ཁྲོད་ན་འདི་དང་མི་འདྲ་བ་གསུངས་པ་ཡོད་སྲིད་ཀྱང་རྒྱ་གར་འཕགས་པའི་ཡུལ་གྱི་གཞུང་ལུགས་ན་མེད་དོ། །དེས་ན་དུས་མ་ཡིན་པའི་ཟས་ཟ་བའི་ལྟུང་བའི་དགག་བྱ་དང་དགོས་པ་ཤེས་པར་བྱ་དགོས་སོ། །འདི་ཆོས་འདུལ་བ་དང་མཐུན་པའི་སྒོ་ནས་དུས་མ་ཡིན་པའི་ཟས་སྤངས་བ་མང་དུ་འགྲོ་ཕྱིར་དུ་ངག་དབང་དངོས་གྲུབ་དཔལ་གྱིས་སྤེལ་བའོ། ། ལྔ་བསྡུས་ཀྱི་མིང་ཚིག་བརྗོད་པ།འདས་ལོ་ནི། འདིར་ཁྱིམ་ལོ་གཙོ་བས་གཟའ་རང་རང་གི་ཞག་གསུམ་མཐུན་ལོ་དང། དྲུག་ཅུའི་སྐོར་མཐུན་དག་པའི་ལོ་ཚོགས་ལས་ཅི་ཙམ་འདས་ཟིན་པ་དང། ད་ལྟ་གནམ་ལོ་གང་ལ་གནས་པ་སོགས་དུས་སྐབས་སོ་སོར་མ་འདྲེས་པར་འབྱེད་པའི་གཞིར་གལ་ཆེ་བ་ཞིག་ཡིན་ནོ། ཁྱིམ་ཟླ་ནི། ཁྱིམ་ཞག་སུམ་ཅུ་ཚང་བའི་དུས་ཀྱི་མིང་སྟེ། ཉི་མས་རང་འགྲོས་ཀྱིས་ཡུལ་གྱི་ཆུ་ཚོད་མདའ་ཡོན་ཟླ་བ་བགྲོད་པའི་ཡུན་ཚད་དེ་ལ་ཁྱིམ་ཟླ་ཞེས་བྱའོ། །ཟླ་དག གཟའ་རྣམས་རང་རང་གི་ཚེས་ཟླའི་དཀྱིལ་འཁོར་དང། ཉིན་ཟླའི་དཀྱིལ་འཁོར། ཁྱིམ་ཟླའི་དཀྱིལ་འཁོར་བཅས་ལས་སྐབས་དེའི་ཚེས་ཟླ་སོགས་ཅི་ཙམ་ཞིག་འཁོར་ཟིན་པའི་མཚམས་རྣམ་པར་དག་པ་དེའི་ནང་གསེས་ཀྱི་ཚེས་ཟླ་དག་པ་ལ་གནས་གཉིས་ལས་སྟེང་མ་ཟླ་གྲངས་དང། འོག་མ་ཚེས་ཟླ་གཅིག་རེ་ལྔའི་ཆར་བྱས་པའི་ཆ་གྲངས་ཡིན།དེ་ལ་ཟླ་འཕྲོ་དང་མདའ་རོའི་ལྷག་མ་ཞེས་ཀྱང་ཟེར། ཁྱིམ་ཟླ་དག་པ་ནི་འདས་ལོ་ཁྱིམ་གྱིས་བསྒྱུར། འདས་ཟླ་བསྲེ་བ་ཙམ་གྱིས་འགྲུབ། ཟླ་འཕྲོ་བརྩི་མི་དགོས།ཚེས་ཟླ་དག་པ། འདས་པའི་ལོ་དེ་ཟླ་བའི་གྲངས་སུ་སྤེལ་བའི་ཚོགས་དེ་ལ་ཟེར་ཞིང༌། ཡང་ན་འདས་ལོ་དེ་འདས་ཟླའི་གྲངས་སུ་སྤེལ་ནས་མདའ་རོས་བསྒྲུབས་པའི་ཨང་ཀའི་ཚོགས་དེ་ལ་ཟེར། མིང་བསྡུས་ན་ཚེས་ཀྱི་ཟླ་དག་ཅེས་ཀྱང་ཟེར། དབྱེ་ན། ཟླ་བ་རེ་རེ་ལ་ཟླ་དག་རེ་རེ་སྟེ། ནག་པ་ཟླ་བའི་ཟླ་དག་དང༌། ས་ཀ་ཟླ་བའི་ཟླ་དག སྣྲོན་ཟླ་བའི་ཟླ་དག་སོགས་ལོ་གཅིག་ལ་ཟླ་དག་བཅུ་གཉིས་སམ་བཅུ་གསུམ་ཡོད། །རྣམ་འགྲེལ་གསེར་ཤིང་ལས། བརྩི་བྱའི་འདས་ལོ་གང་ཡིན་པ་དེ་ཉིད་ཉི་མས་བསྒྱུར་ལ་ནག་པ་སོགས་འདས་ཟླ་བསྲེས་ཏེ་ཁྱིམ་ཟླའི་ཚོགས་སུ་བྱས་པ་ལས། ཚེས་ཟླ་ཇི་ཙམ་མང་བའི་ཆ་བསྣན་པའི་ཆེད་དུ་གནས་གཉིས་ཀྱི་འོག་མ་མིག་གིས་བསྒྱུར་ནས་རྩིས་འཕྲོར་ཟླ་བ་སྟེ་གཅིག་བྱིན་ལ་མདའ་རོས་བགོས་པའི་རྙེད་ནོར་གནས་སྟེང་མར་བསྲེའོ། །དེས་ནི་ཚེས་ཟླ་རྣམ་པར་དག་པར་བྱེད་པའི་ཆོ་གའོ། །འདིར་ཁྱིམ་ཟླ་ལས་ཚེས་ཟླ་སྒྲུབ་པ་དེ་ལ་དགོས་པ་ཅི་ཞེ་ན། དེ་ལྟར་སྒྲུབ་དགོས་ཏེ། ཡན་ལག་ལྔའི་ངེས་པ་གཙོ་བོར་ཚེས་ཞག་ལས་བརྩམས་ཏེ་འཆར་བའི་ཕྱིར་རོ། །ཞེས་གསུངས་སོ།།ཚེས་ཞག་རྟགས་ལོངས་ནི།ཚེས་ཞག་རེའི་ཡུན་ཚད་དེ་ཆུ་ཚོད་ལྔ་བཅུ་ང་དགུ་དང༌།ཆུ་སྲང་གསུམ། དབུགས་བཞི། ཆ་ཤས་བཅུ་དྲུག་ཙམ་ཡོད་དོ།།གཟའི་རྟགས་ལོངས་ནི། དུས་ཀྱི་རྟག་ལོངས་ཡིན། དེ་ཡང་ཉིན་རེར་སྤྱོད་པ་ཆ་སྙོམས་སུ་བྱས་པའི་གཟའ་ཚེས་སམ་ཚེས་ཀྱི་རྟག་ལོངས་ཏེ། གྲུབ་པའི་གཟའི་རྟག་ལོངས་ལྟར་ན་ཡུན་ཚད་ནི། ཆུ་ཚོད་ང་དགུ། ཆུ་སྲང་གསུམ། དབུགས་བཞི། རི་རོའི་ཆ་བཅུ་དྲུག་བཅས་ཡིན་ལ། བྱེད་པའི་གཟའི་རྟག་ལོངས་ལྟར་ན་ཡུན་ཚད་ནི། ཆུ་ཚོད་ང་དགུ། ཆུ་སྲང་གསུམ། དབུགས་བཞི་བཅས་ཡོད་དོ། །མདའ་རོ་ནི། དྲུག་ཅུ་རེ་ལྔའི་མངོན་བརྗོད་ཡིན་ལ། ཁྱིམ་གྱི་ཟླ་བ་དང་ཚེས་ཀྱི་ཟླ་བ་དག་གི་ཁྱད་པར་དབྱེ་བྱེད་ཀྱི་གྲངས་ཀ་ཞིག་སྟེ། ཚེས་ཀྱི་ཟླ་བ་དང་ཁྱིམ་གྱི་ཟླ་བ་ལྟོ་སྦྱར་ནས་བསྒྲིག་པ་ན་ཁྱིམ་གྱི་ཟླ་ཕྱེད་རེ་ལྔ་སོང་མཚམས་སུ་ཚེས་ཀྱི་ཟླ་ཕྱེད་རེ་བདུན་ལོངས་ཡོད་པས་ཚེས་ཀྱི་ཟླ་ཕྱེད་གཉིས་ལྷག་མ་ཡོད་པ་དེ་བསྡོམ་ན་ཟླ་ཕྱེད་གཉིས་དེ་ཟླ་བ་གཅིག་ཡིན་པས་སྐབས་དེར་ཟླ་ལྷག་ཐོན་པ་ཡིན། ཁྱིམ་གྱི་ཟླ་ཕྱེད་རེ་ལྔ་ནི་ལོ་གཉིས་དང་ཁྱིམ་ཟླ་བརྒྱད། ཁྱིམ་ཕྱེད་གཅིག་གམ་ཁྱིམ་ཞག་བཅོ་ལྔ་དང་བཅས་པའི་ཡུན་ཚད་ཡིན། དུས་འཁོར་བསྡུས་རྒྱུད་ལས། དུས་ཀྱིས་བསྒྱུར་ལ་མཁའ་མེ་ཟླ་བའི་རྣམ་པར་དབྱེ། །ཞེས་ཁྱིམ་ཟླ་བཞི་ཆར་ཕྱེས་པའི་ཆ་བརྒྱ་དང་སུམ་ཅུ་རེ་སོང་བ་ན་ཚེས་ཟླའི་བཞི་ཆ་བརྒྱ་སོ་བཞི་སྟེ་ཟླ་བ་གཅིག་རེ་ལྷག་མར་ཐོན་པར་གསུངས་པ་དེ་དང་དོན་ལ་གཅིག་ཡིན་ནོ། །རི་རོ་ནི། ཉི་མའི་རྟག་ལོངས་ཀྱི་ཆ་ཤས་ཏེ། རི་རོ་ཞེས་པ་ནི་དྲུག་ཅུ་རེ་བདུན་གྱི་མངོན་བརྗོད་ཡིན་ལ། དབུགས་གཅིག་གི་ཡུལ་གྱི་ལོངས་སྤྱོད་དེ་དྲུག་ཅུ་རེ་བདུན་གྱི་ཆ་ཤས་སུ་ཕྱེས་པ་དེའོ། །རིགས་ལྡན་སྙིང་ཐིག་ལས། གྱེན་རིམ་རི་རོ་དུས་མཁའ་རོ། །ཞེས་བྱུང་ངོ།། འདོད་ཆ་ནི། ཆ་བཅུ་གསུམ་དུ་བྱས་པའི་ཆ་སྟེ། དཔེར་ན། དེ་ཡི་གཟུགས་བུག་གཟུགས་བུག་ཆ་འདོད་པས་བགོས་ན་རི་མཁའ་རིའི་ཆར་འགྱུར་ཞེས་པ་ལྟ་བུ།རི་མཁས་རིའི་ཆ་ནི། གཟའ་རྟག་ལོངས་ཀྱི་ཆ་ཤས་ཏེ། རི་མཁའ་རི་ཞེས་པ་ནི་བདུན་བརྒྱ་དང་བདུན་གྱི་མངོན་བརྗོད་ཡིན་ལ། དབུགས་གཅིག་གི་ཡུན་ཚད་དེ་བདུན་བརྒྱ་དང་བདུན་གྱི་ཆ་ཤས་སུ་ཕྱེས་པ་དེའོ། །རིགས་ལྡན་སྙིང་ཐིག་ལས། རི་མཁའ་རི་དང་དུས་མཁའ་རོ། །ཞེས་བྱུང་ངོ། །རིལ་པོ། ཚེས་རེའི་ཟླ་བའི་རྐང་བ་རེ་སྤྱོད་པའི་ལོངས་སྤྱོད་ལ་རིལ་བོ་ཞེས་བྱ་ལ། ཚེས་རེ་ལ་རིལ་བོ་རེ་དང་རང་གི་ཆ་ཤས་སུམ་ཅུ་རེ་སྤྱོད་ལ། དེས་ཟླ་བའི་རྐང་ཆོག་ལ་བརྟེན་ནས་ཚེས་རེའི་སྒེར་གྱི་ཐུན་མོང་མ་ཡིན་པའི་འཕེལ་འགྲིབ་ཡུན་ཚད་དེ་གཏན་ལ་འབེབ་པར་བྱེད། རིགས་ལྡན་སྙིང་ཐིག་ལས། རིལ་བོར་ཚེས་བསྲེས་མ་ནུས་བགོ ། ཞེས་བྱུང་ངོ། །རིལ་པོའི་འཁོར་ལོ་ནི། ཟླ་བའི་རྐང་བ་ལ་རིམ་དང་རིམ་མིན་བསྡོམས་ན་རྐང་བ་ཉེར་བརྒྱད་ཡོད་པས་རིལ་བོའི་འཁོར་ལོའམ་གྲངས་ཚད་ལངས་པ་ནི་ཉེར་བརྒྱད་ཡིན། རིགས་ལྡན་སྙིང་ཐིག་ལས། སྟེང་བསྲེ་དེ་ཡང་ནོར་ལག་གིས། །བསྒྲིལ་བས་རིལ་ཆ་གསལ་བོར་སྟོན། །ཞེས་བྱུང་ངོ།།ཆ་ཤས་འཁོར་ལོ། རིལ་ཆ་ཞེས་པའི་ཆ་ཤས་དེའི་འཁོར་ལོའམ་གྲངས་ཀ་ལོངས་ཚད་དེ། བརྒྱ་དང་ཉེར་དྲུག་ལོངས་པ་དེ་ཡིན་ལ། རིགས་ལྡན་སྙིང་ཐིག་ལས། དུས་ཁྱིམ་ཐོབ་པ་སྟེང་མར་བསྲེ། །ཞེས་བྱུང་ངོ།།ཉི་བར་ནི། གང་བརྩི་བའི་ཚེས་ཞག་དེ་རྫོགས་མཚམས་སུ་ཉི་མ་ལུག་ཁྱིམ་ལས་ལོངས་སྤྱོད་ཅི་ཙམ་འདས་ཟིན་པའི་ཡུལ་གྱི་ཆུ་ཚོད་རྗེས་འབྲང་བཅས་གྲུབ་ཀྱང་རྐང་ལོངས་སྣོན་འཕྲི་མ་བྱས་པས་ཉིན་ཞག་དེའི་སྐར་གནས་དངོས་སུ་འགྱུར་མི་འགྱུར་ལ་ངེས་པ་མེད་པས་ན་བར་བ་སྟེ་ཕུང་གསུམ་པ་ཞེས་པའི་དོན། གཟའ་ལྔ་སྐབས་ཀྱི་དྲག་རྐང་ཞི་དལ་ཡང་དེ་ཉིད་ཡིན།གཟའ་དྷྲུ་ནི། གཟའི་ཟླ་ལོངས་ཕྱོགས་གཅིག་ཏུ་དྲིལ་བ་ལ་གཟའི་དྷྲུ་ཝ་བརྩི་བྱའི་ཟླ་བ་སྔ་མའི་གནམ་སྟོང་གི་རེས་གཟའ་དང། ཚེས་ཞག་དེ་རྫོགས་མཚམས་ཀྱི་ཆུ་ཚོད་རྒྱུན་དང་བཅས་པའོ། །དེ་ལ་གནས་དྲུག་ལས་གནས་དང་པོ་གཟའ་གནས། གཉིས་པ་ཆུ་ཚོད་གནས། གསུམ་པ་ཆུ་སྲུང་གནས། བཞི་བ་བུགས་གནས། ལྔ་བ་རི་རོའི་གནས། བདུན་པ་རི་མཁའ་རིའི་གནས་སོ། །གཟའི་འཁོར་ལོ་ནི། གཟའི་གནས་ཀྱི་གྲངས་ཀ་ལོངས་ཚད་དེ། གནས་དེར་གྲངས་བདུན་ཟིན་པ་ན་གཟའི་འཁོར་ལོ་གཅིག་ལོངས་པ་ཡིན། རིགས་ལྡན་སྙིང་ཐིག་ལས། ཐིག་མཚམས་ཐུབ་པས་དོར་བའི་ལྷག །ཅེས་བྱུང་ངོ།།སྐར་མའི་འཁོར་ལོ་ནི། སྐར་མའི་གནས་ཀྱི་གྲངས་ཀ་ལོངས་ཚད་དེ། ཉི་ཤུ་བདུན་གྱི་གྲངས་ཀ་ཟིན་པ་ན་སྐར་མའི་འཁོར་ལོ་གཅིག་ལོངས་པ་ཡིན། རིགས་ལྡན་སྙིང་ཐིག་ལས། ཐིག་མཚམས་འཁོར་ལོས་དོར་བའི་ལྷག ། ཅེས་བྱུང་ངོ།།ཆུ་ཚོད་འཁོར་ལོ་ནི། ཆུ་ཚོད་གནས་ཀྱི་གྲངས་ཀ་དྲུག་ཅུ་ཟིན་པ་ན་ཆུ་ཚོད་ཀྱི་འཁོར་ལོ་གཅིག་ལོངས་པ་ཡིན། རིགས་ལྡན་སྙིང་ཐིག་ལས། ཐིག་མཚམས་ཐུབ་པས་དོར་བའི་ལྷག ། ཅེས་བྱུང་ངོ།།དབུགས་ཀྱི་འཁོར་ལོ་ནི། སྐར་རྩིས་འདིར་དུས་དབུགས་གནས་ཀྱི་གྲངས་ཀ་ལོངས་ཚད་དེ། གནས་དེར་གྲངས་དྲུག་ཟིན་པ་ན་དབུགས་ཀྱི་འཁོར་ལོ་གཅིག་ལོངས་པ་ཡིན། རིགས་ལྡན་སྙིང་ཐིག་ལས། རི་མཁའ་རི་དང་དུས་མཁའ་རོ། །ཞེས་གསུངས་སོ།།ཉི་དྷྲུ་ནི། འདས་པའི་ཚེས་ཟླ་རྫོགས་མཚམས་སུ་ཉི་མའི་ཟླ་ལོངས་ཕྱོགས་གཅིག་ཏུ་བསྡོམས་པ་ལ་ཉི་མའི་ངེས་པའམ་ཉི་མའི་དྷྲུ་ཝ་ཟེར་བའི་བསྡུས་ཚིག་ཡིན།ཟླ་དག་ནི། གཟའ་རྣམས་རང་རང་གི་ཚེས་ཟླའི་དཀྱིལ་འཁོར་དང། ཉིན་ཟླའི་དཀྱིལ་འཁོར། ཁྱིམ་ཟླའི་དཀྱིལ་འཁོར་བཅས་ལས་སྐབས་དེའི་ཚེས་ཟླ་སོགས་ཅི་ཙམ་ཞིག་འཁོར་ཟིན་པའི་མཚམས་རྣམ་པར་དག་པ་དེའི་ནང་གསེས་ཀྱི་ཚེས་ཟླ་དག་པ་ལ་གནས་གཉིས་ལས་སྟེང་མ་ཟླ་གྲངས་དང། འོག་མ་ཚེས་ཟླ་གཅིག་རེ་ལྔའི་ཆར་བྱས་པའི་ཆ་གྲངས་ཡིན། དེ་ལ་ཟླ་འཕྲོ་དང་མདའ་རོའི་ལྷག་མ་ཞེས་ཀྱང་ཟེར། ཁྱིམ་ཟླ་དག་པ་ནི་འདས་ལོ་ཁྱིམ་གྱིས་བསྒྱུར། འདས་ཟླ་བསྲེ་བ་ཙམ་གྱིས་འགྲུབ། ཟླ་འཕྲོ་བརྩི་མི་དགོས།ཚེས་ཟླ་དག་པ་ནི། འདས་པའི་ལོ་དེ་ཟླ་བའི་གྲངས་སུ་སྤེལ་བའི་ཚོགས་དེ་ལ་ཟེར་ཞིང༌། ཡང་ན་འདས་ལོ་དེ་འདས་ཟླའི་གྲངས་སུ་སྤེལ་ནས་མདའ་རོས་བསྒྲུབས་པའི་ཨང་ཀའི་ཚོགས་དེ་ལ་ཟེར། མིང་བསྡུས་ན་ཚེས་ཀྱི་ཟླ་དག་ཅེས་ཀྱང་བརྗོད། དབྱེ་ན། ཟླ་བ་རེ་རེ་ལ་ཟླ་དག་རེ་རེ་སྟེ། ནག་པ་ཟླ་བའི་ཟླ་དག་དང༌། ས་ཀ་ཟླ་བའི་ཟླ་དག སྣྲོན་ཟླ་བའི་ཟླ་དག་སོགས་ལོ་གཅིག་ལ་ཟླ་དག་བཅུ་གཉིས་སམ་བཅུ་གསུམ་ཡོད། །རྣམ་འགྲེལ་གསེར་ཤིང་ལས། བརྩི་བྱའི་འདས་ལོ་གང་ཡིན་པ་དེ་ཉིད་ཉི་མས་བསྒྱུར་ལ་ནག་པ་སོགས་འདས་ཟླ་བསྲེས་ཏེ་ཁྱིམ་ཟླའི་ཚོགས་སུ་བྱས་པ་ལས། ཚེས་ཟླ་ཇི་ཙམ་མང་བའི་ཆ་བསྣན་པའི་ཆེད་དུ་གནས་གཉིས་ཀྱི་འོག་མ་མིག་གིས་བསྒྱུར་ནས་རྩིས་འཕྲོར་ཟླ་བ་སྟེ་གཅིག་བྱིན་ལ་མདའ་རོས་བགོས་པའི་རྙེད་ནོར་གནས་སྟེང་མར་བསྲེའོ། །དེས་ནི་ཚེས་ཟླ་རྣམ་པར་དག་པར་བྱེད་པའི་ཆོ་གའོ། །འདིར་ཁྱིམ་ཟླ་ལས་ཚེས་ཟླ་སྒྲུབ་པ་དེ་ལ་དགོས་པ་ཅི་ཞེ་ན། དེ་ལྟར་སྒྲུབ་དགོས་ཏེ། ཡན་ལག་ལྔའི་ངེས་པ་གཙོ་བོར་ཚེས་ཞག་ལས་བརྩམས་ཏེ་འཆར་བའི་ཕྱིར་རོ། །ཞེས་གསུངས།ཟླ་རྐང་ནི། ཟླ་བ་སྐར་མའི་གནས་སུ་འགྲོ་བའི་བགྲོད་པ་ལ་ལྟོས་ནས་འཇོག་ལ།དེ་ཡང་རྐང་པ་བཅུ་བཞི་ཚེས་ཟླ་རེ་ལ་ལན་གཉིས་རེ་འགྲོ་བས་རྐང་པ་ཉེར་བརྒྱད་དུ་འགྱུར་ཞིང། འགྲོས་མྱུར་བུལ་གྱི་དབང་གིས་ཆུ་ཚོད་ང་བཞི་ནས་རེ་བཞིའི་བར་མི་འདྲ་བ་ཡོད།རྐང་སྔོན་ནི། རྐང་ལོངས་རེའུ་མིག་ནང་དུ་རྐང་སྡོམ་ཆུ་ཚོད་གང་དུ་ཡོད་པའི་བྱ་ར་དེའི་འོག་ན་གནས་པའི་སྒྱུར་བྱེད་ཀྱི་རི་མོ་དེ་ནི་ཁྱིམ་རེའམ་སྐར་མ་རེའི་རྐང་པའི་ནོར་དང་བུ་ལོན་གྱི་ཚད་ཡིན། རྐང་སྡོམ་མ་ཟིན་ན་བྱ་ར་དང་པོ་དེས་འཛིན་དགོས་སོ། །རྐང་སྔོན་ནམ་བསྒྱུར་བྱེད་རེ་མིག་ནི།ཟླ་བའི་རྐང་ཆོག་བྱེད་སྐབས་རྐང་འཛིན་གྱིས་བཟུང་བྱའི་རེའུ་ཁང་ཞིག་སྟེ། སྔ་རྐང་གི་སྐབས་སྟེང་ནས་རིམ་བཞིན་ ༥ དང་ ༥ དང་ ༥ དང་ ༤ དང་ ༣ དང་ ༢ དང་ ༡ བཅས་བདུན་དང༌། ཕྱི་རྐང་གི་སྐབས་གོ་རིམ་སྔ་མ་ལས་ལོག་སྟེ། རིམ་བཞིན་ ༡ དང་ ༢ དང་ ༣ དང་ ༤ དང་ ༥ དང་ ༥ དང་ ༥ བཅས་བཅུ་བཞི་ཡོད། དེ་ནི་ཉིན་རེའི་ཚེས་ཀྱི་འཕེལ་འགྲིབ་ཡུན་ཚད་ཀྱི་ཆ་ཡིན་པས་སྒྱུར་བྱེད་ཡིན་ལ། དེས་ཆ་ཤས་དྷྲུ་ཝ་བསྒྱུར་པའི་སྒོ་ནས་ཡང་རྒྱུའི་ལོངས་སྤྱོད་སྒྲུབ་པ་ཡིན། །རིགས་ལྡན་སྙིང་ཐིག་ལས། རྐང་བཟུང་སྔོན་མས་ཆ་ཤས་བསྒྱུར། །ཞེས་བྱུང་ངོ།། རྐང་སྡོམ་ནི། གཟའ་དེ་དང་དེའི་རྐང་པའི་ལོངས་སྤྱོད་ཀྱི་ཆུ་ཚོད་དེ། དེ་ཡང་ཅིག་ཤོས་བར་བའི་ལོངས་སྤྱོད་དང་སྣོན་འཕྲི་གང་རུང་དུ་སྡོམ་པར་བྱེད་པ་དེས་ད་ལྟ་སྤྱོད་བཞིན་པའི་གཟའ་དེའི་རྒྱུན་གྱི་ལོངས་སྤྱོད་རྟོགས་པར་འགྱུར་ལ། རིགས་ལྡན་སྙིང་ཐིག་ལས།སྔ་རྐང་ཟོན་ཟིན་བསྡམ་བྱ་ཞིང༌། །ཕྱི་རྐང་ལ་ནི་ཟ་རྒྱུ་སྡོམ། །ཞེས་བྱུང་ངོ།། ཡང་དག་རྒྱུ་བའི་ལོངས་སྤྱོད་ནི། གཟའ་དེའི་རྐང་ཆོག་གིས་བསྒྲུབས་པའི་ལོངས་སྤྱོད་ལ་སྔ་རྐང་ཕྱི་རྐང་གི་སྣོན་ཕྲི་གང་རུང་གིས་དག་པར་མ་བྱས་པའི་ལོངས་སྤྱོད་དེ་ལ་ཟེར། །རིགས་ལྡན་སྙིང་ཐིག་ལས། ཡང་རྒྱུའི་ཆུ་ཚོད་རྗེས་འབྲང་བཅས། །སྔ་རྐང་བསྣན་ལ་ཕྱི་རྐང་ཕྲི། །ཞེས་བྱུང་ངོ།། གཟའ་ཕྱེད་དག་པ། གཟའ་དག་གི་ཆེད་དུ་གཟའ་བར་ལ་ཟླ་རྐང་གིས་སྣོན་འཕྲི་བྱས་ནས་ཉི་རྐང་གིས་ད་དུང་སྣོན་འཕྲི་མ་བྱས་པས་ན་ཕྱེད་དག་བརྗོད།སྐྱེས་ཁྱིམ་ནི། ཤར་གླིང་དབུས་མའི་ཚངས་ཐིག་སྟེང་དུ་ཀརྚའི་ཐོག་མར་ཉི་མ་སྐྱེས་མ་ཐག་ཏུ་རང་འགྲོས་གཡོན་འཁོར་གྱིས་གཟའ་སོ་སོའི་སྐྱེས་སྐར་སྟེང་དུ་སླེབས་ཏེ་རླུང་འགྲོས་ཀྱིས་ཤར་གླིང་དབུས་མའི་ཚངས་ཐིག་ཐད་དུ་སླེབས་པ་དང་ལྷན་ཅིག་ཏུ་གཟའ་རྣམས་སྐྱེས་པའི་རྒྱུ་སྐར། དེ་ལ་སྐྱེས་སྐར་ཡང་ཟེར། ཉི་མ་ནབས་སོའི་ཆུ་ཚོད་ ༤༥། ཟླ་བ་ཐ་སྐར་ཆུ་ཚོད་ ༠། མིག་དམར་མཆུའི་ཆུ་ཚོད་ ༣༠། ལྷག་པ་ལྷ་མཚམས་ཆུ་ཚོད་ ༣༠། ཕུར་བུ་མེ་བཞིའི་ཆུ་ཚོད་ ༣༠། པ་སངས་ནབས་སོའི་ཆུ་ཚོད་ ༠། སྤེན་པ་སྣྲུབས་ཀྱི་ཆུ་ཚོད་ ༠། སྐར་ ༡༨། སྒྲ་གཅན་ནག་པའི་ཆུ་ཚོད་ ༠། མཇུག་རིང་ཆུ་སྨད་ཆུ་ཚོད་ ༠། སྟེང་དུ་སྐྱེས་པའོ། །ཉི་རྐང་ནི། རིག ཉི་མ་སྐར་མའི་གནས་སུ་འགྲོ་བའི་བགྲོད་པ་ལ་ལྟོས་ནས་འཇོག་ལ། དེ་ཡང་རྐང་པ་དྲུག་ཁྱིམ་ལོ་རེ་ལ་ལན་གཉིས་འགྲོ་བས་རྐང་པ་བཅུ་གཉིས་སུ་འགྱུར་ལ། སྤྱད་ཟིན་པ་དང་མ་སྤྱད་པའི་ཚད་དང་རྐང་སྡོམ་ནི་རེའུ་མིག་ལྟར་རོ། །ཉི་རྐང་རེ་མིག་ནི། ཉི་མ་དག་པར་སྒྲུབ་བྱེད་ཀྱི་ཆོ་གའི་གཙོ་བོ་ཞིག་སྟེ། ལུགས་འབྱུང་ལྡོག་སྡོམ་པའི་རེ་ཁང་དྲུག་ཡོད་ལ། ཕྲེང་དང་པོ་དེ་རྐང་འཛིན་དང་ཕྲེང་གཉིས་པ་རྐང་བཟུང་གདོང་མ་དང༌། ཕྲེང་ཐ་མ་དེ་རྐང་སྡོམ་ཡིན་ལ། ཁྱོན་སྡོམ་ལང་ཚེ་བཅོ་བརྒྱད་ཡོད་པ་དང༌། སྟེང་ནས་རིམ་བཞིན་ལང་ཚེ་གསུམ་ནི་སྔ་རྐང་དང་ལྷག་མ་གསུམ་ནི་ཕྱི་རྐང་བཅས་ཡིན་ལ། སྔ་མ་གསུམ་རིམ་བཞིན་ཀརྐཊ་སེང་བུ་གསུམ་དང་ཆུ་བུམ་ཉ་གསུམ་རྣམས་ལ་ཡོད་དུས་སྔ་རྐང་དང༌། སྲང་སྡིག་གཞུ་གསུམ་དང་ལུག་གླང་འཁྲིག་གསུམ་རྣམས་ལ་སྤྱོད་དུས་ཕྱི་རྐང་གི་སྐབས་སུ་སླེབ་བོ། །རིགས་ལྡན་སྙིང་ཐིག་ལས། བགོས་ཐོབ་ནོར་གྱིས་ཉི་རྐང་བཟུང༌། །ཞེས་བྱུང་གཟའ་དག་ནི། རེས་གཟའ་དག་པ་སྟེ་ལྔ་བསྡུས་ཀྱི་ནང་གསེས། ཚེས་ལོངས་རྫོགས་མཚམས་ཀྱི་རེས་གཟའ་དང། ཆུ་ཚོད། ཆུ་སྲང་སོགས་གསལ་བར་སྟོན་པའོ། །ཉི་དག་ནི། ཉི་མ་སྐར་གནས་དེའི་སྟེང་དུ་སླེབས་པ་ནས་བརྩམས་ཏེ་ཉིན་དེའི་ཚེས་ལོངས་རྫོགས་པར་སྤྱོད་པའི་གྲངས་ཡིན།ཉི་མ་རྣམ་དག་ནི། ལྔ་བསྡུས་ཀྱི་ནང་ཚན་ཞིག་སྟེ། མིའི་སྣང་ཚུལ་གྱི་དབང་དུ་བྱས་ཏེ་ཉི་མ་རྒྱུ་སྐར་གང་དུ་ཡོད་པའི་ལོངས་སྤྱོད་ད་ལྟ་བ་སྟོན་པའི་ཨང་གྲངས་དེ་ལ་ཟེར་ཞིང༌། རྣམ་པར་དག་པའི་ཚུལ་ནི་ཉི་དྷྲུ་ལས་ཉི་བར་དང་དེ་ལས་ཉི་མ་རྣམ་དག་འབྱུང་ལ། ལོངས་སྤྱོད་ནི་ཡུལ་དུས་གཉིས་ལས་ཡུལ་གྱི་ལོངས་སྤྱོད་ཡིན་ལ། འདས་ལུས་ནི་ལོངས་སྤྱོད་ལ་གང་ཡོད་པ་དེ་འདས་པ་ཡིན་ལ། འདས་པའི་མཚམས་ནི་ཉིན་གྱི་ཐོག་མ་དེ་འཇོག་ཅེས་གྲགས་མོད། རིགས་ལྡན་སྙིང་ཐིག་ལས། ཉིན་དེའི་ཚེས་ལོངས་ཟད་མཚམས་ཡིན་པར་གསུངས། ལུས་པ་ནི་ཉི་དག་དེས་ཉིན་ཞག་ཡུན་ཚད་ལ་ཕྲི་ལྷག་ལ་གང་བྱུང་བ་དེ་ཉིན་དེར་ལུས་པའི་ལོངས་སྤྱོད་ཡིན། ཡུན་ཚད་ནི་ཉིན་ཞག་སྔ་མའི་ཉི་དག་དེས་ཉིན་ཞག་ཕྱི་མའི་ཉི་དག་ལ་འཕྲི་ལྷག་གང་ཡོད་པ་དེ་ཡུན་ཚད་ཡིན་ལ། རིགས་ལྡན་སྙིང་ཐིག་ལས། ཉི་མའི་ལོངས་སྤྱོད་རང་ཉིད་ཀྱིས། །སྐར་གནས་དེ་སྟེང་སླེབས་པ་ནས། །བརྩམས་ཏེ་རགས་པར་དེ་ཉིན་གྱི། །ཚེས་ལོངས་རྫོགས་པར་སྤྱོད་པའི་གྲངས། །ཞེས་བྱུང་ངོ། །


previousདུས་མ་ཡིན་པའི་ཟས་སྤངས་པའི་དུས་ཀྱི་ངོས་འཛིན།next