Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ། གྲུབ་མཐའ་དང་ས་ལམ་སོགས།

3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]


 expand section
 expand section
 expand section
  
expand section
 expand section
 expand section
  
  
  
  
 collapse section
གྲངས་ཀྱི་མངོན་བརྗོད།
  
  
  
  
  
  
  
  
  
  
  
  
  
 expand section
  
  


3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previous གྲངས་ཀྱི་མངོན་བརྗོད།next

གྲངས་ཀྱི་མངོན་བརྗོད།

གྲངས་ཀྱི་མངོན་བརྗོད་ཅེས་བྱ་བ་བཞུགས་སོ། །

༼གཅིག་གི་མིང་གི་རྣམ་གྲངས༽ ༼རང་བཞིན༽ཆོས་ཐམས་ཅད་ཀྱི་རང་བཞིན་བདག་མེད་པར་གཅིག་ཡིན་པས་གྲངས་གཅིག་མཚོན། ༼གཟུགས༽གྲངས་ཀ་གཅིག་མཚོན་ཏེ། ལུས་ཀྱི་ཕུང་པོར་གྲུབ་པའི་གཟུགས་ནི་གཅིག་ཡིན་པས་སོ། ། ༼བསེ་རུ༽རི་དྭགས་བསེ་རུ་ལ་རྭ་གཅིག་ལས་མི་སྐྱེ་བས་གྲངས་གཅིག་མཚོན། ༼ཟླ་བ་དང་འོད་དཀར་ཅན།༽ཟླ་བ་གཅིག་ལས་མེད་པས་གྲངས་གཅིག་མཚོན། ༼རི་བོང་ཅན༽ཟླ་བ་ལ་རི་བོང་གི་གཟུགས་བརྙན་གཅིག་ཡོད་པས་གྲངས་གཅིག་མཚོན་པ་ཡིན་ནོ།།༼གཉིས་ཀྱི་མིང་གི་རྣམ་གྲངས༽ ༼མིག༽མིག་ལ་གཡས་གཡོན་གཉིས་ཡོད་པས་གྲངས་གཉིས་མཚོན། ༼ཟུང༌།༽ཟུང་དུ་འབྲེལ་བ་ལ་ཡ་གཉིས་དགོས་པས་གྲངས་གཉིས་མཚོན། ༼བགྲོད་པ༽ལོ་གཅིག་ལ་ཉི་མ་ལྷོ་བགྲོད་དང༌། བྱང་བགྲོད་གཉིས་ཡོད་པས་གྲངས་གཉིས་མཚོན། ༼ཐབས་ཤེས༽ཐབས་དང་ཤེས་རབ་གཉིས་སུ་ངེས་པས་གྲངས་གཉིས་མཚོན། ༼འཁྲིག་པ༽འཁྲིག་པ་སྤྱོད་པ་ལ་ཕོ་མོ་གཉིས་དགོས་པས་གྲངས་གཉིས་མཚོན། ༼སྦྱོར་བ༽ཁ་སྦྱོར་སྐབས་ཕོ་མོ་གཉིས་དགོས་པས་གྲངས་གཉིས་མཚོན། ༼གཤིན་རྗེ༽གཤིན་རྗེ་ལ་ཕོ་མོ་གཉིས་ཡོད་པས་གྲངས་གཉིས་མཚོན། ༼མཚེ་མ༽དུས་གཅིག་ཏུ་ཕྲུ་གུ་གཉིས་མཉམ་དུ་སྐྱེས་པས་གྲངས་གཉིས་མཚོན། ༼ལག་པ༽ལག་པ་ལ་གཡས་གཡོན་གཉིས་ཡོད་པས་གྲངས་གཉིས་མཚོན་པ་ཡིན་ནོ།།༼གསུམ་གྱི་མིང་གི་རྣམ་གྲངས།༽ ༼འཇིག་རྟེན། ༽འཇིག་རྟེན་ལ་ས་འོག་དང༌། ས་སྟེང༌། ས་བླ་སྟེ་གསུམ་ཡོད་པས་གྲངས་གསུམ་མཚོན། ༼ཚ་བ༽ལྒ་སྐྱ་དང༌། པི་པི་ལིང༌། ཕོ་བ་རིས་གསུམ་ལ་ཚ་བ་གསུམ་ཟེར་བས་གྲངས་གསུམ་མཚོན། ༼ཡོན་ཏན༽རྡུལ་དང༌། མུན་པ། སྙིང་སྟོབས་ཀྱི་ཡོན་ཏན་གསུམ་ཡོད་པས་གྲངས་གསུམ་མཚོན། ༼མེ༽ འཛམ་གླིང་ལྷོ་ཕྱོགས་ཀྱི་རྟ་གདོང་མེ་དང༌། ཁྱིམ་གྱི་ཉི་མ་དང༌། བསྲེག་བྱ་ཟ་བའི་མེ་སྟེ་མེ་གསུམ་ཡོད་པས་གྲངས་གསུམ་མཚོན། ཡང་ན་བསྐལ་པའི་མེ་དང༌། ཁྱིམ་གྱི་མེ་དང༌། ལྷོ་ཡི་མེ་བཅས་སོ། ། ༼སྲིད་པ༽ས་འོག་ས་སྟེང་ས་བླའི་ས་གསུམ་ཡོད་པས་གྲངས་གསུམ་མཚོན། ༼རྩེ་མོ༽མཚོན་ཆ་ཏྲི་ཤུ་ཟེར་བ་ཕལ་ཆེར་རྩེ་མོ་གསུམ་ཡོད་པས་གྲངས་གསུམ་མཚོན་པ་ཡིན་ནོ།།༼བཞིའི་མིང་གི་རྣམ་གྲངས༽ ༼ཆུ་གཏེར༽ རི་རབ་ཀྱི་ཕྱོགས་བཞིའི་རྒྱ་མཚོ་བཞི། ༼རྒྱ་མཚོ༽རྒྱ་མཚོ་ཆེན་པོ་ལ་ཁ་དོག་གིས་ཕྱེ་ན་དཀར་སྔོ་དམར་སེར་བཞི་ཡོད་པས་གྲངས་བཞི་མཚོན། ༼ཆུ་བོ༽ རྒྱ་གར་དུ། གངྒཱ་དང༌། པཀྵུ། སི་ཏཱ། སིནྡྷུ་སྟེ་ཆུ་བོ་ཆེན་པོ་བཞི་ཡོད་པས་གྲངས་བཞི་མཚོན། ༼སྡེ་པ༽སྔར་རྒྱ་གར་གྱི་ནང་པ་སངས་རྒྱས་པ་ལ་གནས་བརྟན་པ་དང༌། ཐམས་ཅད་ཡོད་པར་སྨྲ་བ། མང་པོས་བཀུར་བ། ཕལ་ཆེན་པ་སྟེ་རྩ་བའི་སྡེ་པ་ལ་བཞི་ཡོད་པས་གྲངས་བཞི་མཚོན། ༼རིགས་བྱེད༽མཆོད་སྦྱིན་དང༌། ངེས་བརྗོད། སྲིད་སྲུང༌། སྙན་དངགས་བཅས་བཞི་ཡོད་པས་གྲངས་བཞི་མཚོན། ༼བདུད༽བདུད་ལ་ལྷའི་བུ་དང༌། ཉོན་མོངས་པ། འཆི་བདག་ཕུང་པོ་བཅས་བཞི་ཡོད་པས་གྲངས་བཞི་མཚོན། ༼ཟུང་ལྡན༽གྲངས་ཀ་བཞི་སྟེ། ཟུང་ནི་གཉིས་ཀྱི་དོན་ཡིན་ལ། གྲངས་ཀ་བཞི་ལ་ཟུང་གཉིས་ཡོད་པས་ན་ཟུང་ལྡན། འོན་ཀྱང་གཉིས་ལ་ཟུང་ལྡན་བརྗོད་པའི་སྐབས་ཡོད་དོ།།༼ལྔའི་མིང་གི་རྣམས་གྲངས༽ ༼འདོད་ཡོན༽གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་འདོད་ཡོན་ལྔ་ཡོད་པས་སོ། ། ༼ཉེར་སྤྱོད༽མེ་ཏོག་སོགས་མཆོད་པའི་ཉེར་སྤྱོད་ལྔ་བགྲང་བའི་ལུགས་སྲོལ་ཡོད་པས་གྲངས་ལྔ་མཚོན། ༼འབྱུང་བ༽འབྱུང་བ་ལ་ས་ཆུ་མེ་རླུང་ནམ་མཁའ་སྟེ་ལྔ་ཡོད་པས་གྲངས་ལྔ་མཚོན། ༼མདའ༽བདུད་དགའ་རབ་དབང་ཕྱུག་གི་མདའ་ལ་མྱོས་བྱེད་དང༌། སྲེད་བྱེད། རྨོངས་བྱེད། སྐེམ་བྱེད། འཆིང་བྱེད་བཅས་ལྔ་ཡོད་པས་གྲངས་ལྔ་མཚོན། ༼དབང་པོ༽མིག་དང༌། རྣ་བ། སྣ། ལྕེ། ལུས་ཏེ་དབང་པོ་ལ་ལྔ་ཡོད་པས་གྲངས་ལྔ་མཚོན། ༼ཕུང་པོ༽ཕུང་པོ་ལ་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་ཤེས་ལྔ་ཡོད་པས་གྲངས་ལྔ་མཚོན་པ་ཡིན་ནོ། །༼དྲུག་གི་མིང་གི་རྣམ་གྲངས།༽ ༼མཚམས༽ལོ་རེར་དཔྱིད་དང༌། སོ་གདབྱར། སྟོན། དགུན་སྟོད། དགུན་སྨད་དེ་མཚམས་ལ་དྲུག་ཡོད་པས་གྲངས་དྲུག་མཚོན། ༼རོ༽མངར་བ་དང་སྐྱུར་བ། ཁ་བ། བསྐ་བ། ཚ་བ། ལན་ཚ་བ་དྲུག་ཡོད་པས་གྲངས་དྲུག་མཚོན། ༼དུས༽དཔྱིད་དང་སོ་ག དབྱར། སྟོན། དགུན་སྟོད། དགུན་སྨད་དེ་དུས་མཚམས་ལ་དྲུག་ཡོད་པས་གྲངས་དྲུག་མཚོན། ༼འགྲོ་བ༽འགྲོ་བ་རིགས་དྲུག་ཡོད་པས་གྲངས་དྲུག་མཚོན། ༼བྲོ་བ༽བྲོ་བ་ལ་མངར་བ་དང༌། སྐྱུར་བ། ཁ་བ། བསྐ་བ། ཚ་བ། ལན་ཚྭ་བ་བཅས་དྲུག་ཡོད་པས་གྲངས་དྲུག་མཚོན་པ་ཡིན་ནོ། །༼བདུན་གྱི་མིང་གི་རྣམ་གྲངས།༽ ༼རིན་ཆེན༽ནོར་བུ། བཙུན་མོ། བློན་པོ། གླང་པོ། རྟ་མཆོག དམག་དཔོན་ཏེ་རྒྱལ་སྲིད་རིན་ཆེན་ལ་བདུན་ཡོད་པས་གྲངས་བདུན་མཚོན། ༼ས་འཛིན༽རི་རབ་ཀྱི་མཐའ་སྐོར་དུ་གཉའ་ཤིང་འཛིན་དང༌། གཤོལ་མདའ་འཛིན། སེང་ལྡེང་ཅན། ལྟ་ན་སྡུག་རྟ་རྣ། རྣམ་འདུད། མུ་ཁྱུད་འཛིན་ཏེ་གསེར་གྱི་ས་འཛིན་བདུན་ཡོད་པས་གྲངས་བདུན་མཚོན། ༼ཐུབ་པ༽རྣམ་གཟིགས་དང༌། གཙུག་ཏོར་ཅན། ཐམས་ཅད་སྐྱོབ། འཁོར་བ་འཇིག གསེར་ཐུབ། འོད་སྲུང༌། ཤཱཀྱ་ཐུབ་པ་སྟེ་ཐུབ་པ་ལ་བདུན་ཡོད་པས་གྲངས་བདུན་མཚོན། ༼གླིང༽རི་རབ་ཀྱི་ཁོར་ཡུག་ཏུ་ཟླ་བ་དང༌། འོད་དཀར། ཀུ་ཤ། མིའམ་ཅི། ཁྲུང་ཁྲུང༌། དྲག་པོའི་གླིང༌། འཛམ་གླིང་ཆེན་པོ་བཅས་གླིང་བདུན་ཡོད་པས་གྲངས་བདུན་མཚོན། ༼དྲང་སྲོང༽འོད་ཟེར་ཅན་དང༌། ཉི་མ། རྒྱུན་ཤེས། འོད་ཡངས། ལྷ་མིན་འཇོམས། མཆོད་སྦྱིན་ཅན། གནས་འཇོག་སྟེ་སྐར་མ་སྨིན་བདུན་ལ་གནས་པའི་དྲང་སྲོང་བདུན་ཡོད་པས་གྲངས་བདུན་མཚོན། ༼གཟའ༽ཉི་མ་དང༌། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ་སྟེ་རེས་གཟའ་བདུན་ཡོད་པས་གྲངས་བདུན་མཚོན། ༼རེས་གཟའ༽རེས་གཟའ་ལ་བདུན་ཡོད་པས་གྲངས་བདུན་མཚོན། ༼རྟ༽ཉི་མ་ལ་རླུང་དང༌། ཡིད་མགྱོགས། མདོག་ལྔ་པ། ཐིག་ལེ་ཅན། ངེས་བརྗོད། ཤིན་ཏུ་རྒྱལ་མཚན། རི་འཇོམས་ཏེ་རྟ་བདུན་ཡོད་པས་གྲངས་བདུན་མཚོན་པ་ཡིན་ནོ། །༼བརྒྱད་ཀྱི་མིང་གི་རྣམ་གྲངས༽ ༼ལྷ༽ལྷ་ཆེན་ལ་ཚངས་པ་དང༌། བྷྲིངྒི་རི་དྷི། དྲག་པོ། དབང་ཕྱུག སྨིན་དྲུག ཚོགས་བདག ལེགས་ལྡན་ནག་པོ། བི་ཏྲི་པ་ཏྲ་སྟེ་བརྒྱད་ཡོད་པས་གྲངས་བརྒྱད་མཚོན། ༼བཀྲ་ཤིས༽གདུགས་དང༌། གསེར་ཉ། བུམ་པ། པད་མ། དུང་དཀར། དཔལ་བེའུ། རྒྱལ་མཚན། འཁོར་ལོ་སྟེ་བཀྲ་ཤིས་པའི་རྟགས་ལ་བརྒྱད་ཡོད་པས་གྲངས་བརྒྱད་མཚོན། ༼ཀླུ༽ཀླུ་ཆེན་ལ་མཐའ་ཡས་དང༌། འཇོག་པོ། སྟོབས་རྒྱུ། རིགས་ལྡན། ནོར་རྒྱས་བུ། དུང་སྐྱོང༌། པད་མ། པད་མ་ཆེན་པོ་སྟེ། བརྒྱད་ཡོད་པས་གྲངས་བརྒྱད་མཚོན། ༼གདེངས་ཅན༽ཀླུ་ལ་མིང་གཞན་གདེངས་ཅན་ཡང་ཟེར་བས་ཀླུ་བརྒྱད་ཡོད་པས་གྲངས་བརྒྱད་མཚོན། ༼སྦྲུལ༽ཀླུ་ཆེན་བརྒྱད་དུ་ཕྱེ་བའི་ལྟོ་འགྲོ་སྟེ་སྦྲུལ་ལ་བརྒྱད་ཡོད་པས་གྲངས་བརྒྱད་མཚོན། ༼ལྟོ་འགྲོ་དང་བྲང་འགྲོ༽སྦྲུལ་ལ་ལྟོ་འགྲོ་དང་བྲང་ཟེར་བས་བརྒྱད་མཚོན། ༼ནོར་ལྷ༽ནོར་ལྷ་ལ་ཆུ་ལྷ་དང༌། བརྟན་པ། ཟླ་བ། འཛིན་བྱེད། རླུང༌། མེ། ནམ་ལངས། འོད་བྱེད་བཅས་བརྒྱད་ཡོད་པས་གྲངས་བརྒྱད་མཚོན་པ་ཡིན་ནོ།། ༼ནོར༽ནོར་ལྷ་དང་མཚུངས་པས་གྲངས་བརྒྱད་མཚོན། ༼དབྱིག༽ནོར་ལྷའི་མིང་ལ་བརྒྱད་ཡོད་པས་གྲངས་བརྒྱད་མཚོན་པ་ཡིན་ནོ།།༼དགུ་བའི་མིང་གི་རྣམ་གྲངས༽ ༼སྲིན་པོ༽གཏེར་དགུ་ལ་སྲུང་བ་པོ་སྲིན་པོ་དགུ་ཡོད་པས་གྲངས་དགུ་མཚོན། བཤད་སྲོལ་གཞན་ཞིག་ལ་ལངྐ་གྲོང་ཁྱེར་དགུའི་བདག་པོ་སྲིན་པོ་དགུ་ཡོད་པས་གྲངས་དགུ་མཚོན་པ་ཡིན་ནོ།། ༼བུ་ག༽ལུས་ཀྱི་བུ་ག་ལ་དགུ་ཡོད་པས་གྲངས་དགུ་མཚོན། ༼གཏེར༽གཏེར་ལ་པད་མ་ཅན་དང༌། དུང་ཅན། པད་མ་ཆེན་པོ། ཆུ་སྲིན་ཅན། རུས་སྦལ་ཅན། རྔ་ཅན། དགའ་བ་ཅན། སྔོན་པོ། འཛིན་བྱེད་ཅེས་དགུ་ཡོད་པས་གྲངས་ཀ་དགུ་མཚོན། ༼རྩ༽མིའི་གཟུགས་པོར་རྩ་གསུམ་དང་འཁོར་ལོ་དྲུག་སྟེ་རྩ་ལ་དགུ་ཡོད་པས་གྲངས་དགུ་མཚོན་པ་ཡིན་ནོ།།༼བཅུའི་མིང་གི་རྣམ་གྲངས།༽ ༼འཇུག་པ༽ཉ་དང༌། རུས་སྦལ། ཕག་རྒོད། མིའི་སེང་གེ་མིའུ་ཐུང༌། ཤིང་རྟ་བཅུ་པའི་བུ་རཱ་མ་ཎ། ཛམཱད་ཨགྣིའི་བུ་རཱ་མ་ཎ། ནག་པོ། སངས་རྒྱས་ཤཱཀྱ་ཐུབ་པ། རིགས་ལྡན་བྲམ་ཟེའི་བུ་ཀརྐི་ཙེ་བཅས་ཁྱབ་འཇུག་ལ་འཇུག་པ་བཅུ་ཡོད་པས་གྲངས་བཅུ་མཚོན། ༼ཁྲོ་བོ༽དཔལ་ལྡན་གཙུག་གཏོར་གནོད་མཛེས་ཤིན་ཏུ་སྟོབས། །དབྱུག་སྔོན་རྨུགས་བྱེད་འདོད་པའི་རྒྱལ་པོ་དང༌། །ཁེངས་བྱེད་མི་གཡོ་རེངས་བྱེད་སྟོབས་པོ་ཆེ། །རབ་བརྗིད་ཁྲོ་རྒྱལ་བཅུ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་ནང་གི་སྲུང་འཁོར་གྱི་ཕྱོགས་བཅུར་བཞུགས་ནས་སྒྲུབ་པ་པོ་ལ་སྲུང་བའི་ཁྲོ་བོ་བཅུ་ཡོད་པས་གྲངས་བཅུ་མཚོན། ༼སྒྲ་སྒྲོགས༽གྲངས་ཀ་བཅུ་སྟེ། སྲིན་པོའི་རྒྱལ་པོ་སྒྲ་སྒྲོག་ལ་མགྲིན་པ་བཅུ་ཡོད་པས་དེ་ལྟར་ཐོགས། ༼ཕྱོགས༽ཕྱོགས་བཞི་མཚམས་བཞི་སྟེང་འོག་སྟེ་ཕྱོགས་ལ་བཅུ་ཡོད་པས་གྲངས་བཅུ་མཚོན། ༼འབྱོར་པ༽མི་ཡིན་པ་དང༌། ཡུལ་དབུས་སུ་སྐྱེས་པ། དབང་པོ་ཚང་བ། ལས་ཀྱི་མཐའ་མ་ལོག་པ། གནས་ལ་དད་པ་སྟེ་རང་འབྱོར་ལྔ་དང༌། སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་དམ་པའི་ཆོས་སྟོན་པ། བསྟན་པ་གནས་པ། དེའི་རྗེས་སུ་ཞུགས་པ། གཞན་ཕྱིར་སྙིང་བརྩེ་བས་རྗེས་སུ་བཟུང་བ་སྟེ་གཞན་འབྱོར་ལྔ་བཅས་འབྱོར་བ་བཅུས་གྲངས་བཅུ་མཚོན་པའོ།། ༼སྟོབས༽ གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང། ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། ཁམས་སྣ་ཚོགས་མཁྱེན་པའི་སྟོབས། དབང་བོ་མཆོག་དམན་མཁྱེན་པའི་སྟོབས། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། བསམ་གཏན་རྣམ་ཐར་ཏིང་འཛིན་སྙོམས་འཇུག་སོགས་མཁྱེན་པའི་སྟོབས། སྔོན་གནས་རྗེས་དྲན་མཁྱེན་པའི་སྟོབས། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས། ཟག་པ་ཟད་པ་མཁྱེན་པའི་སྟོབས་དང་བཅུ་ཡོད་པས་གྲངས་བཅུ་མཚོན། ༼སོར་མོ༽རྐང་ལག་གཉིས་སོ་སོར་སོར་མོ་བཅུ་རེ་ཡོད་པས་གྲངས་བཅུ་མཚོན་ནོ།།༼བཅུ་གཅིག་གི་མིང་གི་རྣམ་གྲངས༽ ༼དྲག་པོ༽མ་སྐྱེས། རྐང་གཅིག འཕེལ་བ། དྲག་པོ། བརྩོན་འགྲུས་ལྡན། འཕྲོག་བྱེད། བདེ་འབྱུང༌། སྤྱན་གསུམ་པ། གཞན་ལས་རྒྱལ་བ། དབང་ལྡན། ས་གསུམ་པ་བཅས་དྲག་པོའི་ལྷ་བཅུ་གཅིག་ཡོད་པས་བཅུ་གཅིག་མཚོན། ལྷ་དབང་ཕྱུག་ལ་མ་སྐྱེས་སོགས་མིང་བཅུ་གཅིག་ཡོད་པས་བཅུ་གཅིག་ཞེས་བཤད་པ་ཡོད་དོ།། ༼དབང་ཕྱུག༽ལྷ་དབང་ཕྱུག་ཆེན་པོའི་མིང་གི་རྣམ་གྲངས་ལ་མ་སྐྱེས་རྐང་གཅིག་དང༌། འཕེལ་བ་དང༌། བསྟོད་པ། དྲག་པོ། བཙོན་འགྲུས་ལྡན། འཕྲོག་བྱེད། བདེ་འབྱུང༌། སྤྱན་གསུམ། གཞན་ལས་རྒྱལ་བ། དབང་ལྡན། ས་གསུམ་པ་བཅས་བཅུ་གཅིག་ཡོད་པས་གྲངས་བཅུ་གཅིག་མཚོན་ནོ།།མ་སྐྱེས་རྐང་གཅིག་གཉིས་གཅིག་བགྲེང་ནས་བསྟོད་པ་སྣོན་པ་དང༌། མ་སྐྱེས་དང་རྐང་གཅིག་སོ་སོར་བགྲེང་བའི་ཚུལ་གཉིས་ཡོད་པས་གང་ཡིན་དཔྱད་འཚལ། ༼བདེ་བྱེད༽ལྷ་དབང་ཕྱུག་ཆེན་པོའི་མིང་གི་རྣམ་གྲངས་ལ་མ་སྐྱེས་རྐང་གཅིག་དང༌། འཕེལ་བ། བསྟོད་པ་སོགས་བཅུ་གཅིག་ཡོད་པས་གྲངས་བཅུ་གཅིག་མཚོན ༼བདེ་འབྱུང༽ལྷ་དབང་ཕྱུག་ཆེན་པོའི་མིང་གི་རྣམ་གྲངས་ཡིན་པས་གྲངས་བཅུ་གཅིག་མཚོན་ནོ།། ༼འཕྲོག་བྱེད༽ལྷ་དབང་ཕྱུག་ཆེན་པོའི་མིང་ལ་བདེ་བྱེད་དང༌། བདེ་འབྱུང༌། དྲག་པོ་སོགས་བཅུ་གཅིག་ཡོད་པས་གྲངས་བཅུ་གཅིག་མཚོན་ནོ།།༼བཅུ་གཉིས་ཀྱི་མིང་གི་རྣམ་གྲངས༽ ༼ཉི་མ༽ཉི་མ་ལ་ཁྱིམ་གྱི་བདག་པོ་སྟེ། དབང་པོ་དང༌། བྱེད་པོ། ལམ་པ། ཆར་འབེབས། བསྟོད་བྱེད། སྔོན་མིན། སྔོན་འཕགས། མི་གཟུགས། ཁྱབ་འཇུག འོད་ཅན། ཆུ་བདག་གཤིན་རྗེ་བཅས་བཅུ་གཉིས་ཡོད་པས་གྲངས་བཅུ་གཉིས་མཚོན་ནོ། །༼རྟེན་འབྲེལ༽རྟེན་འབྲེལ་ལ་མ་རིག་པ་དང་འདུ་བྱེད་རྣམ་ཤེས་སོགས་ཡན་ལག་བཅུ་གཉིས་ཡོད་པས་གྲངས་བཅུ་གཉིས་མཚོན། ༼ཁྱིམ༽ཉི་མ་ལ་བུམ་པ། ཉ། ལུག འཁྲིག་པ། གླང༌། ཀརྐ་ཊ། སེང་གེབུ་མོ། སྲང༌། སྡིག་པ། གཞུ། ཆུ་སྲིན་བཅས་ཁྱིམ་བཅུ་གཉིས་ཡོད་པས་གྲངས་བཅུ་གཉིས་མཚོན་ནོ།།༼བཅུ་གསུམ་གྱི་མིང་གི་རྣམ་གྲངས།༽གདུགས་རིམ༽གདུགས་བརྩེགས་པའི་རིམ་པ་སྟེ་མཆོད་རྟེན་ལ་གདུགས་རིམ་པ་བཅུ་གསུམ་ཡོད་པས་གྲངས་བཅུ་གསུམ་མཚོན་ནོ།། ༼སྣ་ཚོགས༽འདོད་པ་དང༌། དུས་དང༌། གང་བ་ལ་སོགས་པ་སྣ་ཚོགས་ཀྱི་ལྷ་ལ་བཅུ་གསུམ་ཡོད་པས་གྲངས་བཅུ་གསུམ་མཚོན། ༼ལུས་མེད༽འདི་བདུད་དགའ་རབ་དབང་ཕྱུག་གི་མིང་གི་རྣམ་གྲངས་ཡིན་ལ་དེས་མྱོས་བྱེད་མ་དང༌། གློག་གི་འོད་ཅན་མ། ཐིག་ལེ་མཆོག་མ། པད་དཀར་མ། ལག་བཟང་མ། དགའ་བའི་ཤིང་རྟ་མ། མེ་ནཱ་ཀསྐྲ་འདྲེས་མ། ལེགས་རྒྱན་མ། མུཉྫ་སྐྱེས་མ། ཨ་ལ་མྦུ་ཥཱ། ཆུ་ཤིང་བྲལ་ཅན་མ། སྐེད་ལེགས་མ་བཅས་ལྷའི་སྨད་འཚོང་མ་བཅུ་གསུམ་སྤྲུལ་པས་ན་གྲངས་བཅུ་གསུམ་མཚོན་ནོ།། ༼འདོད་པ༽འདོད་པའི་ལྷ་སྟེ་མྱོས་བྱེད་མ་དང༌། གློག་གི་འོད་ཅན་སོགས་གོང་དུ་བཤད་པའི་ལྷའི་སྨད་འཚོང་མ་བཅུ་གསུམ་ཡོད་པས་གྲངས་བཅུ་གསུམ་མཚོན། ༼མྱོས་བྱེད༽ལྷའི་སྨད་འཚོང་མ་བཅུ་གསུམ་དེ་དག་འདོད་པས་མྱོས་པའི་རྒྱུ་ཡིན་པས་འདོད་པ་དང་མྱོས་བྱེད་ཀྱིས་གྲངས་བཅུ་གསུམ་མཚོན་པ་ཡིན་ནོ།།༼བཅུ་བཞིའི་མིང་གི་རྣམ་གྲངས།༽ ༼མ་ནུ༽རྒྱ་གར་དུ་མིའི་རིམ་པ་མི་འདྲ་བ་བཞིར་ཕྱེ་བའི་ནང་ནས་རྒྱལ་རིགས་ལ་རྐང་ཐང་དང༌། རྟ་པ། གླང་ཆེན། ཤིང་རྟ་པ་བཞི་དང༌། བྲམ་ཟེའི་རིགས་ལ་ནགས་གནས་དང༌། ཁྱིམ་གནས། དཀའ་ཐུབ་པ་གསུམ། རྗེ་རིགས་ལ་ཡིག་མཁན་དང༌། ཚོང་པ། སྨན་པ་གསུམ། དམངས་རིགས་ལ་ས་གཞི་རྨོ་བ་དང༌། བ་ལང་སྐྱོང་བ། འཇིམ་ལས་པ། ཁྱིམ་གནས་པ་བཞི་བཅས་བསྡོམས་ན་བཅུ་བཞི་ཡོད་པས་གྲངས་བཅུ་བཞི་མཚོན། ༼ཤེད་བུ༽མ་ནུའི་མིང་གི་རྣམ་གྲངས་ཡིན་པས་གྲངས་བཅུ་བཞི་མཚོན། ༼ཡིད༽ཡིད་ཅན་ནམ་སེམས་ཅན་གྱི་སྲིད་པ་བཅུ་བཞི་ཡོད་པས་གྲངས་བཅུ་བཞི་མཚོན། ༼སྲིད་པ༽དུས་འཁོར་ལས་བསྟན་པ་སྟེ། འདོད་ལྷ་རིགས་དྲུག་དང་གཟུགས་དང་གཟུགས་མེད་ཀྱིས་ཕྱེ་བས་ལྷ་བརྒྱད་དང༌། དུད་འགྲོ་ལ་སྐྱེ་གནས་ཀྱིས་ཕྱེ་བས་བཞི་དང༌། མི་དང་དམྱལ་བ་དང་བཅས་སྲིད་པ་ལ་བཅུ་བཞི་ཡོད་པས་གྲངས་བཅུ་བཞི་མཚོན། ༼སྲིད་པའི་གནས༽སྔར་གྱི་སྲིད་པ་བཅུ་བཞི་ཡིན་པ་འདྲའོ།།༼བཅོ་ལྔའི་མིང་གི་རྣམ་གྲངས།༽ ༼ཚེས༽རགས་པར་ཟླ་བའི་ཕྱོགས་རེར་ཚེས་ཞག་དང་ཉིན་ཞག་གཉིས་ཀ་བཅོ་ལྔ་རེ་ཡོད་པས་གྲངས་བཅོ་ལྔ་མཚོན་ནོ།།༼བཅུ་དྲུག་གི་མིང་གི་རྣམ་གྲངས༽ ༼ཆ་ཤས༽ཟླ་བ་ལ་ཆ་ཤས་བཅུ་དྲུག་ཡོད་པས་གྲངས་བཅུ་དྲུག་མཚོན། ༼རྒྱལ་བོ༽སྔོན་རྒྱ་གར་དུ་མ་ག་དྷ་སོགས་ཡུལ་ཆེན་ཏེ་རྒྱལ་ཕྲན་བཅུ་དྲུག་ལ་རྒྱལ་པོ་རེ་ཡོད་པ་རྣམས་ཁྱོན་བསྡོམས་རྒྱལ་པོ་བཅུ་དྲུག་ཡོད་པས་གྲངས་བཅུ་དྲུག་མཚོན ༼མི་བདག༽འདི་རྒྱལ་པོའི་མིང་གི་རྣམ་གྲངས་ཡིན་པས་གྲངས་བཅུ་དྲུག་མཚོན་ནོ།།༼བཅུ་བདུན་གྱི་མིང་གི་རྣམ་གྲངས༽ ༼གནས༽གཟུགས་ཁམས་གནས་རིགས་བཅུ་བདུན་ཡོད་པས་གྲངས་བཅུ་བདུན་མཚོན་པར་ད་ལྟ་བཞག་མཁན་ཡོད་དོ། །བསམ་གཏན་དང་པོའི་གནས་གསུམ་ནི། ཚངས་རིས་དང༌། ཚངས་པ་མདུན་ན་འདོན། ཚངས་པ་ཆེན་པོའོ། །བསམ་གཏན་གཉིས་པའི་གསུམ་ནི། འོད་ཆུང་དང༌། ཚད་མེད་འོད། འོད་གསལ་ལོ། །བསམ་གཏན་གསུམ་པའི་གསུམ་ནི། དགེ་ཆུང་དང༌། ཚད་མེད་དགེ དགེ་རྒྱས་སོ། །བསམ་གཏན་བཞི་པའི་བརྒྱད་ནི། སྤྲིན་མེད་དང༌། བསོད་ནམས་སྐྱེས། འབྲས་བུ་ཆེ་བ། མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང་བ། ཤིན་ཏུ་མཐོ་བ། འོག་མིན་ཏེ་བརྒྱད་ལས་དང་པོ་གསུམ་སོ་སྐྱེའི་གནས་དང༌། ཕྱི་མ་ལྔ་འཕགས་པ་ཁོ་ནའི་གནས་ཏེ་གནས་གཙང་ལྔ་ཞེས་གྲགས་སོ། །༼བཅོ་བརྒྱད༽ ༼ཉེས་སྐྱོན༽གྲངས་ཀ་བཅོ་བརྒྱད་མཚོན་ཏེ། གཟུགས་མི་སྡུག་པ། སྐྲ་བྱི་བ། དཔྲལ་བ་ཆུང་བ། མདོག་སེར་སྐྱ། མིག་སེར་བ། སྨིན་མཚམས་འབྱར་བ། སྣ་ལེབ་པ། སོ་སྟོ་བ། དིག་པ། སྨིག་ཟླུམ་པ། མིག་ཆུང་བ། སྒུར་བ། ལྟོ་བ་ཆེ་བ། དཔུང་བ་དང་རྗེ་ངར་ཐུང་བ། སྤུ་ཅན། རྐང་བ་དང་ལག་པ་མི་མཉམ་པ། ཚིགས་སྦོམ་པ། ཁ་དང་ལུས་ལས་དྲི་ངན་པ་འབྱུང་བ་བཅས་ལུས་ལ་མི་སྡུག་པ་སྐྱོན་ནམ་ཉེས་པ་བཅོ་བརྒྱད་ཡོད་པས་སོ། །མ་འོངས་པར་རབ་བྱུང་བཅོ་བརྒྱད་པ་ལ་རབ་ཁམས་ཞེས་བརྗོད་པར་བྱའོ།། ༼ཁམས༽རྣམ་ཤེས་ཀྱི་ཁམས་དྲུག་དང༌། དབང་པོའི་ཁམས་དྲུག ཡུལ་གྱི་ཁམས་དྲུག་སྟེ་ཁམས་ལ་བཅོ་བརྒྱད་ཡོད་པས་གྲངས་བཅོ་བརྒྱད་མཚོན་ནོ།།༼ཉེར་བཞིའི་མིང་གི་རྣམ་གྲངས༽ ༼རྒྱལ་བ༽གྲངས་ཀ་ཉེར་བཞི་མཚོན་ཏེ། ལང་ཀར་གཤེགས་པའི་མདོ་ལས་གསུངས་པའི་རྒྱལ་བ་སྟེ་སངས་རྒྱས་ཉེར་བཞི་ཡོད་པར་གསུངས་པས་ནའོ།། ༼ཡུལ༽༡ པ་ལི་ར་མ་ལ་ཡ། ༢ ཛ་ལནྦྷ་ར། ༣ ཨཽ་ཌི་ཡ་ན། ༤ ཨརྦུཏ། ༥ གཽ་ད་ཝ་རི། ༦ ར་མེ་ཤྭ་རི། ༧ དི་ཝི་ཀོ་ཧྲི། ༨ མཱ་ལ་ཝ། ༩ ཀཱ་མ་རུ་པ། ༡༠ ཨོ་ཧྲེ། ༡༡ ཧྲི་ཤ་ཀུ་ནི། ༡༢ ཀོ་ས་ལ། ༡༣ ཀ་ལིངྐ། ༡༤ ལམ་པ་ཀ ༡༥ ཀཉྩི། ༡༦ ཧི་མ་ལ་ཡ། ༡༧ པྲེ་ཏ་པུ་རི། ༡༨ གྲི་ཧ་དེ་ལྭ་ཏ། ༡༩ སོ་ར་ཥ། ༢༠ སུ་ཝརྣ་དཱི་པ། ༢༡ ནཱ་ག་ར། ༢༢ སིན་དྷུ། ༢༣ མ་རུ། ༢༤ ཀུ་ལུ་ཏ་བཅས་ཕྱི་ནང་གི་ཡུལ་ཉེར་བཞི་ཡོད་པས་གྲངས་ཉེར་བཞི་མཚོན་ནོ།།༼ཉེར་ལྔའི་མིང་གི་རྣམ་གྲངས༽ ༼དེ་ཉིད༽གཙོ་བོ་དང༌། ཆེན་པོ་དང༌། ང་རྒྱལ་དང༌། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་དེ་ཙམ་ལྔ་དང༌། ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ལྔ་དང༌། ངག ལག་པ། རྐང་པ། རྐུབ། འདོམས་ཀྱི་དབང་པོ་སྟེ་ལས་ཀྱི་དབང་པོ་ལྔ་དང༌། མིག རྣ་བ། སྣ། ལྕེ། པགས་པའམ་ལུས་ཀྱི་དབང་པོ་སྟེ་བློའི་དབང་པོ་ལྔ་དང༌། གཉིས་ཀའི་བདག་ཉིད་ཅན་ཡིད་ཀྱི་དབང་པོ་སྟེ་དབང་པོ་བཅུ་གཅིག་དང༌། བདག་ཤེས་རིག་གི་སྐྱེས་བུ་སྟེ་ཉི་ཤུ་རྩ་ལྔ་ཡོད་པས་གྲངས་ཉེར་ལྔ་མཚོན་ནོ། །༼ཉེར་བདུན་གྱི་མིང་གི་རྣམ་གྲངས༽ ༼འཁོར་ལོ༽རྒྱུ་སྐར་གྱི་གོ་ལའི་འཁོར་ལོ་ལ་ཉེར་བདུན་ཡོད་པས་གྲངས་ཉེར་བདུན་མཚོན། ༼སྐར་མ༽གྲོ་བཞིན་དང་བྱི་བཞིན་གཉིས་གཅིག་ཏུ་བྱས་ན་རྒྱུ་སྐར་ལ་ཉེར་བདུན་ཡོད་པས་གྲངས་ཉེར་བདུན་མཚོན། ༼རྒྱུ་སྐར༽༡ སྨིན་དྲུག ༢ སྣར་མ། ༣ མགོ། ༤ ལག ༥ ནབས་སོ། ༦ རྒྱལ། ༧ སྐག ༨ མཆུ། ༩ གྲེ། ༡༠ དབོ། ༡༡ མེ་བཞི། ༡༢ ནག་པ། ༢༣ ས་རི། ༡༤ ས་ག ༡༥ ལྷ་མཚམས། ༡༦ སྣྲོན། ༡༧ སྣྲུབས། ༡༨ ཆུ་སྟོད། ༡༩ ཆུ་སྨད། ༢༠ གྲོ་བཞིན། ༢༡ མོན་གྲེ། ༢༢ མོན་གྲུ། ༢༣ ཁྲུམས་སྟོད། ༢༤ ཁྲུམས་སྨད། ༢༥ ནམ་གྲུ། ༢༦ ཐ་སྐར། ༢༧ བྲ་ཉེ་སྟེ་ཉེར་བདུན་ཡོད་པས་གྲངས་ཉེར་བདུན་མཚོན་ནོ།།༼སུམ་ཅུ་རྩ་གཉིས་ཀྱི་མིང་གི་རྣམ་གྲངས༽ ༼སོ༽མི་ཕལ་ཆེར་གྱི་སོ་ལ་འགྲམ་སོ་དང་བཅས་སོ་གཉིས་ཡོད་པས་གྲངས་སུམ་ཅུ་སོ་གཉིས་མཚོན། ༼གཉིས་སྐྱེས༽སོ་ཡི་མིང་སྟེ། ཐེངས་གཉིས་ལ་སྐྱེས་པས་སོ། །སོའི་མིང་གི་རྣམ་གྲངས་ཡིན་པས་གྲངས་སུམ་ཅུ་སོ་གཉིས་མཚོན་པ་ཡིན་ནོ། །༼ཐིག་ལེའི་མིང་གི་རྣམ་གྲངས༽ ༼སྟོང་བ༽ ༼ནམ་མཁའ༽ནམ་མཁའ་སྟོང་པ་ཡིན་པས་གྲངས་ཀླད་སྐོར་མཚོན་པ་ཡིན་ནོ། །ཞེས་གྲངས་ཀྱི་མངོན་བརྗོད་ཅེས་བྱ་བ་འདི་ནི་སྐར་རྩིས་ཀྱི་སྔོན་འགྲོ་ཁྲིད་པའི་དབུ་བཟུང་དུས་སུ་དངོས་གྲུབ་དཔལ་གྱིས་རབ་གནས་ལྕགས་བྱི་ལོའི་ནག་ཟླ་ཚེས་༡༦གི་ཕྱི་དྲོ་ལ་བྲིས་པའོ། །

ཡངས་པའི་ནོར་ལྡན་ཁྱོན་གྱི་ཐ་གྲུ་ཀུན། །བྱམས་བརྩེ་ཀུན་སྙོམས་འོ་ཆབ་རྒྱུན་བཟང་གིས། །ལུས་ཅན་སེམས་ཀྱི་བུམ་པ་ཡོངས་འགེངས་ཏེ། །མཛའ་གཅུགས་དགའ་བདེས་ཕྱོགས་ཀུན་འཚོ་གྱུར་ཅིག །རྐང་གཉིས་རྐང་བཞི་ནུར་འགྲོས་འདབ་ཆགས་སོགས། །བདེ་དོན་བརྩོན་ཞིང་སྡུག་བསྔལ་སྤོང་འདུན་པའི། །རིས་མེད་འགྲོ་བའི་སེམས་ཀྱི་ཞིང་ས་ལ། །བཅོས་མིན་ལྷག་བསམ་དྲི་མེད་སྨིན་པར་ཤོག །དྲང་སྲོང་ཆེན་པོའི་བདེན་པའི་བྱིན་མཐུ་དང༌། །ཐེག་གསུམ་ཚོགས་ཀྱི་རྣམ་དཀར་དག་པ་དང༌། །བདག་ཅག་རྩེ་གཅིག་སྨོན་པའི་བསམ་པ་རྣམས། །ཡོངས་སུ་བཟླུམས་ཏེ་ཐུབ་བསྟན་རྒྱས་བྱེད་ཤོག །

རིམ་གཉིས་སྨོན་ལམ་གྱིས་བསྟན་དོན་ལ་བཀའ་འདྲིའི་ལན།བཀའ་འདྲི་དང་པོའི་ལན།

རིམ་གཉིས་སྨོན་ལམ་གྱིས་བསྟན་དོན་ལ་བཀའ་འདྲིའི་ལན།བཀའ་འདྲི་དང་པོའི་ལན།

ཞི་སོགས་འཕྲིན་ལས་བཅུ་གཉིས་པོ། །ཞེས་པའི་སྐབས་ཀྱི་འཕྲིན་ལས་བཅུ་གཉིས་ནི། བསྐྱེད་རིམ་བདུད་རྩིའི་བུམ་བཟང་ལས། ཞི་རྒྱས་གཞི་ལ་གསུམ། དབང་དགུག་པ་བསྐྱོད་གསུམ་སྟེ་འཇམ་པོ་དྲུག བསད་བསྐྲད་དབྱེ་གསུམ། རྨོངས་རེངས་གདབ་གདབ་གསུམ་སྟེ་རྩུབ་པོ་དྲུག་དང་བཅུ་གཉིས་སོ། །ཞེས་དང༌། དཔལ་བདེ་མཆོག་གི་རྒྱུད་ལས། དབང་དང་དགུག་པ་དབྱེ་བ་དང༌། །བསད་དང་བསྐྲད་པ་ལ་སོགས་དང༌། །རྨུགས་དང་རེངས་པར་བྱ་བ་དང༌། །རྨོངས་དང་དེ་བཞིན་ཕུར་བུས་གདབ། །ཚིག་འཕྲོག་ལྐུགས་པར་གྱུར་པ་དང༌། །འོན་དང་དེ་བཞིན་ལོང་བ་དང༌། །མ་ནིང་ཉིད་དུ་བྱ་བ་དང༌། །གཟུགས་ནི་ཡོངས་སུ་བརྗེ་བ་འོ། །ཞེས་གསུངས་པ་ལྟར་ཡིན་ལ། འདིར་ཞི་བའི་ལས་ཀྱི་གསལ་ཁ་མ་བྱུང་ཡང་སྔ་ཕྱིར་མང་དུ་གསུངས་ཏེ་དེ་བསྣན་པས་བཅུ་གཉིས་སོ། །ཞེས་རྗེ་བཙུན་རིན་པོ་ཆེའི་བདེ་མཆོག་བསྟོད་པའི་རང་འགྲེལ་དུ་གསུངས་ཤིང༌། འདི་དག་མཚོན་ཙམ་ལས་རྒྱུད་གཞན་དུ་ལས་རིམ་བརྒྱ་སོགས་ལས་རབ་འབྱམས་གསུངས་པར་གཞུང་དེར་གསུངས་སོ། །འབའ་འདའི་དུས་འཁོར་ཡོངས་རྫོགས་མཇུག་ན་ལས་ཆེན་བཅུ་གཉིས་ཡོད་ལགས།བཀའ་འདྲི་གཉིས་པའི་ལན། གྲུབ་ཆེན་བརྒྱད་གཞུང་གང་ནས་གསུངས་ཤེ་ན། གུར་དང་བདེ་མཆོག་ལས་བགྲང་ཚུལ་མི་འདྲ་བ་སོགས་གསུངས་ཏེ། བདེ་མཆོག་བསྟོད་པའི་རང་འགྲེལ་ལས། ཐུན་མོང་གི་དངོས་གྲུབ་འབྲིང་པོ་གྲུབ་པ་ཆེན་པོ་བརྒྱད་ནི། ལྷ་མོ་བཞིས་ཞུས་པ་ལས། རྫས་བརྒྱད་ཡན་ལག་སྒྲུབ་པ་བཤད། །རིལ་ལུ་མིག་སྨན་དངོས་གྲུབ་དང༌། །ས་འོག་རལ་གྲིའི་དངོས་གྲུབ་དང༌། །མཁའ་ལ་འཕུར་དང་མི་སྣང་དང༌། །ཤི་བ་མེད་དང་ནད་འཇོམས་སོ། །ཞེས་དང༌། གུར་ལས། མིག་སྨན་དང་ནི་རྐང་མགྱོགས་དང༌། །རལ་གྲི་དང་ནི་ས་འོག་འགྲུབ། །རིལ་ལུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། །ཞེས་སོགས་རྒྱུད་སོ་སོ་ནས་འདྲེན་ཚུལ་མི་གཅིག་པ་མང་པོ་བྱུང་ཡང༌། རྒྱུད་འདི་ཉིད་ལས། ས་འོག་སྟེང་འགྲོ་རལ་གྲི་དང༌། །ཚར་གཅོད་ཕན་འདོགས་ཉིད་དང་ནི། །རིལ་ལུ་མིག་སྨན་རྟེན་རྣམས་སམ། །རྐང་མགྱོགས་དག་གམ་བཅུད་ཀྱིས་ལེན། །ཞེས་པ་ལྟར་བརྒྱད་དང༌། ཞེས་གསུངས་སོ། །འབའ་མདའ་བླ་མའི་བསྐྱེད་རིམ་གྱི་མཇུག་ཏུའང་གསུངས་ཡོད། བཀའ་འདྲི་གསུམ་པའི་ལན། སྟོང་བ་མཚན་མ་རྣམ་བཅུར་འགྱུར། །ཞེས་པའི་དོན། སྟོང་པ་དུ་བ་སྨིག་རྒྱུ་མེ་ཁྱེར་མར་མེ། ནག་མོ་སེར་མོ་དམར་མོ་དཀར་མོ། མཆོག་གི་ཆ་དང་ཐིག་ལེའི་ཆ་སྟེ་རྟགས་སམ་མཚན་མ་བཅུ་རུ་འགྱུར་ཞེས་པའི་དོན་ཡིན་ལ། མཚན་མ་བཅུ་ཞེས་པ་རྟགས་བཅུའི་རྣམ་གྲངས་ཡིན་ཞིང༌། གྲངས་བགྲང་ཚུལ་ཡང་འདྲའོ། །བཀའ་འདྲི་བཞི་བའི་ལན། རྣལ་འབྱོར་གསུམ་གྱི་ལམ་ལ་བསླབས། །ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱངས། །སྤྱོད་པ་གསུམ་གྱི་མཐར་ཕྱིན་ཏེ། །རྡོ་རྗེ་གསུམ་པོ་མངོན་གྱུར་ཤོག །ཅེས་པའི་སྐབས་ཀྱི་རྣལ་འབྱོར་གསུམ་ནི། སྐུ་རྡོ་རྗེའི་རྣལ་འབྱོར་སོར་སྡུད་དང་བསམ་གཏན་གཉིས། གསུང་རྡོ་རྗེའི་རྣལ་འབྱོར་སྲོག་རྩོལ་དང་འཛིན་པ་གཉིས། ཐུགས་རྡོ་རྗེའི་རྣལ་འབྱོར་རྗེས་དྲན་དང་ཏིང་ངེ་འཛིན་གཉིས་ཏེ་གསུམ་ཡིན་ནོ། །

སྤྱོད་པ་གསུམ།

སྤྱོད་པ་གསུམ་ནི།

རྡོ་རྗེ་རྣལ་འབྱོར་གྱི་ལམ་གསུམ་གྱི་སྤྱོད་པ་གསུམ་ལ་བྱེད། རྡོ་རྗེ་གསུམ་ནི། སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ་སྟེ་གསུམ་ཡིན་ནོ། །བཀའ་འདྲི་ལྔ་བའི་ལན། སྤྱན་ལྔ་རིམ་གྱིས་མངོན་དུ་གྱུར། །ཞེས་པའི་སྤྱན་ལྔ་ནི། སོར་སྡུད་ཡེ་ཤེས་ཤའི་སྤྱན། བསམ་གཏན་ནས་འཛིན་པ་མཐར་མ་ཕྱིན་བར་ལྷའི་སྤྱན། འཛིན་པའི་མཐར་བྱང་སེམས་འཛག་མེད་དུ་གྲུབ་པའི་དུས་ཀྱི་འཛིན་པ་སངས་རྒྱས་ཀྱི་སྤྱན། རྗེས་དྲན་ཤེས་རབ་ཀྱི་སྤྱན། ཏིང་ངེ་འཛིན་ཡེ་ཤེས་ཀྱི་སྤྱན་ཡིན་ལ། སྤྱན་ལྔ་ནི་འགྲེལ་ཆེན་དྲི་མེད་འོད་ལས་བཤད་དེ། དེས་ན་ཆོས་ཡང་དག་པར་སྡུད་པ་ལས་བཅོམ་ལྡན་འདས་ཀྱི་སྤྱན་ལྔ་ཞེས་གསུངས་སོ། །དེ་ལྟར་རིམ་པས་ཤའི་སྤྱན་དང་ལྷའི་སྤྱན་དང་སངས་རྒྱས་ཀྱི་སྤྱན་དང་ཤེས་རབ་ཀྱི་སྤྱན་དང་ཡེ་ཤེས་ཀྱི་སྤྱན། ཞེས་སོ། །བཀའ་འདྲི་དྲུག་པའི་ལན། རིགས་དྲུག་དམ་ཚིག་སྡོམ་པ་བསྟེན། །ཁམས་དྲུག་སྒྲིབ་པ་བྲལ་བ་ཡིས། །ཞེས་པའི་སྐབས་ཀྱི་རིགས་དྲུག་ནི། མི་བསྐྱོད་པའི་རིགས། རིན་ཆེན་འབྱུང་ལྡན་གྱི་རིགས། རྣམ་པར་སྣང་མཛད་ཀྱི་རིགས། དོན་ཡོད་གྲུབ་པའི་རིགས། རྡོ་རྗེ་སེམས་དཔའི་རིགས། པདྨའི་རིགས་ཏེ་དྲུག་པོ་ཡིན་པར་གཞུང་འགའ་ཞིག་ཏུ་གསུངས་ལ། སྤྱིར་རྒྱལ་བ་རིགས་དྲུག་ལ་རྣམ་པར་སྣང་མཛད། མི་བསྐྱོད་པ། རིན་ཆེན་འབྱུང་ལྡན། སྣང་བ་མཐའ་ཡས། དོན་ཡོད་གྲུབ་པ། རྡོ་རྗེ་སེམས་དཔའ་རྣམས་བགྲང་བར་དུས་འཁོར་བསྐྱེད་རིམ་བདུད་རྩིའི་བུམ་བཟང་དུ་གསུངས་སོ། །དེ་ནས་ཁམས་དྲུག་ནི། ས་ཆུ་མེ་རླུང་གི་ཁམས་དང༌། ནམ་མཁའི་ཁམས། ཡེ་ཤེས་ཀྱི་ཁམས་ཏེ་དྲུག་ཡིན་ནོ། །བཀའ་འདྲི་བདུན་པའི་ལན། །རྣལ་འབྱོར་གནས་སྐབས་བཅུ་པོ་བགྲོད། །དབང་བཅུ་སྟོབས་བཅུ་མངོན་དུ་གྱུར། །ཕྱི་ནང་རྣམ་བཅུ་དག་པར་ཤོག །ཅེས་པའི་སྐབས་ཀྱི་རྣལ་འབྱོར་བཅུ་ནི། འདོད་པའི་གནས་སྐབས་དང་པོ་ཆགས་ཡུལ་སེམས་ལ་བསམ་པའི་བདེ་བ་དང་རྣམ་པ་མཐུན་པའི་རྗེས་དྲན་སོགས་བཅུ་བཤད་པ་དེ་ཡིན་སྙམ། འདོད་པའི་གནས་སྐབས་བཅུ་རྒྱུད་ལས་བཤད་ཅིང་འདིའི་སྐོར་སྦྱོར་ཊཱིཀ་སྤྱི་དོན་གྱི་རྗེས་དྲན་སྐབས་ནའང་གསལ་ལོ། །དེ་ནས་དབང་བཅུ་ནི། ༡ཚེ་ལ་དབང་བ། ༢ སེམས་ལ་དབང་བ། ༣ ཡོ་བྱད་ལ་དབང་བ། ༤ ལས་ལ་དབང་བ། ༥ སྐྱེ་བ་ལ་དབང་བ། ༦ མོས་པ་ལ་དབང་བ། ༧ སྨོན་ལམ་ལ་དབང་བ། ༨ རྫུ་འཕྲུལ་ལ་དབང་བ། ༩ ཡེ་ཤེས་ལ་དབང་བ། ༡༠ ཆོས་ལ་དབང་བ་རྣམས་ཡིན་ལ་འདི་དག་གི་དག་དོན་ནི། ཕྱོགས་རྒྱལ་རྒྱུད་མཆན་གྱི་ཡེ་ལེའུ་སྐབས་དང་སྨན་ཆུ་ཁ་བའི་མཚན་བརྗོད་འགྲེལ་བ་སོགས་སུ་གསལ་ལ་མདོ་ཕྱོགས་ཀྱི་གཞུང་ཅི་རིགས་སུའང་གསལ་ལོ། །

དེ་ནས་སྟོབས་བཅུ།

དེ་ནས་སྟོབས་བཅུ་ནི།

མཚན་བརྗོད་འགྲེལ་པ་དྲི་མ་མེད་པའི་འོད་ལས། ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཅེས་པ་སྟོབས་བཅུ་ནི། བསམ་པའི་སྟོབས་དང༌། ལྟ་བའི་སྟོབས་དང༌། སྦྱོར་བའི་སྟོབས་དང༌། ཤེས་རབ་ཀྱི་སྟོབས་དང༌། སྨོན་ལམ་གྱི་སྟོབས་དང༌། ཐེག་པའི་སྟོབས་དང༌། སྤྱོད་པའི་སྟོབས་དང༌། རྣམ་པར་འཕྲུལ་པའི་སྟོབས་དང༌། བྱང་ཆུབ་པའི་སྟོབས་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བའི་སྟོབས་སོ། །ཞེས་སོ། །དེ་ནས་ཕྱི་ནང་རྣམ་བཅུ་ནི། ཕྱི་མ་དག་པ་འཁོར་བའི་གནས་ཀྱི་ས་དཀྱིལ་དང་ཆུ་དཀྱིལ་སོགས་བཅུ། ནང་གི་མ་དག་པ་འཁོར་བའི་སྐབས་ཀྱི་དཔྲལ་བ་རླུང་ཁམས། མགྲིན་པ་མེ་ཁམས་སོགས་བཅུ་ཡིན་ནོ། །བཀའ་འདྲི་བརྒྱད་པའི་ལན། འཕོ་བ་བཅུ་གཉིས་རྒྱུ་བ་འགགས། །ཞེས་པའི་སྐབས་ནས་བསྟན་པའི་འཕོ་བ་བཅུ་གཉིས་ནི། དབང་མདོར་བསྟན་གྱི་འགྲེལ་བ་ལས།དུས་སྦྱོར་དང་ཁྱིམ་དང། འཕོ་བ་ཡང་དོན་གཅིག་གོ ། དེ་ལྟ་བུའི་འཕོ་བ་བཅུ་གཉིས་ནི་ཉིན་ཞག་གཅིག་སྟེ་དེ་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །དབུགས་ཐམས་ཅད་ལ་རང་རང་གི་ཆ་ལ་སུམ་ཅུ་རྩ་གཉིས་སུ་བགོས་པའི་ཆ་གཅིག་ཙམ་ཞིག་དབུ་མ་ནས་འབབ་པ་མཉམ་པར་རྒྱུ་བའི་རླུང་ཡིན་ནོ། ། འཕོ་བ་བཅུ་གཉིས་པོ་དེ་ཡང་ལྟེ་བའི་རྩ་འདབ་བཅུ་གཉིས་དང་སྦྱོར་བས། དང་པོ་ལུག། གསུམ་པ་འཁྲིག་པ། ལྔ་པ་སེང་གེ། བདུན་པ་སྲང༌།དགུ་པ་གཞུ། བཅུ་གཅིག་པ་བུམ་པ་རྣམས་ནི་ཁ་ཡར་བ་ཡིན་པའི་ཕྱིར་མི་མཉམ་པ་ཞེས་བྱ་ལ། དེ་རྣམས་གཡོན་གྱི་རྩ་འདབ་དྲུག་ལ་རིམ་བཞིན་འབྱུང་ངོ། །གཉིས་པ་གླང། བཞི་པ་ཀརྐ་ཊ། དྲུག་པ་བུ་མོ། བརྒྱད་པ་སྡིག་པ། བཅུ་པ་ཆུ་སྲིན། བཅུ་གཉིས་པ་ཉ་རྣམས་ཁ་འཆམ་པ་ཡིན་པའི་ཕྱིར་མཉམ་པ་ཞེས་བྱ་སྟེ། གཡས་ཀྱི་རྩ་འདབ་དྲུག་ལ་རིམ་བཞིན་འབྱུང་ངོ། །ཞེས་སོ། །བཀའ་འདྲི་དགུ་བའི་ལན། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་པའི་སྐབས་ནས་བསྟན་པའི་བདེན་དོན་བཅུ་གཉིས་ནི། དོན་དམ་པའི་རྟེན་འབྲེལ་བཅུ་གཉིས་དང༌། དོན་དམ་པའི་ཁྱིམ་བཅུ་གཉིས་དང༌། དོན་དམ་པའི་ཟླ་བ་བཅུ་གཉིས། དོན་དམ་པའི་ལྷ་ཆེན་བཅུ་གཉིས། དོན་དམ་པའི་ཚིགས་ཆེན་བཅུ་གཉིས་རྣམས་འཇོག་སྟེ། སྨན་ཆུ་ཁ་བའི་མཚན་བརྗོད་འགྲེལ་བ་ལས། དོན་དམ་པའི་ཉི་མའི་ཁྱིམ་བཅུ་གཉིས་ཀྱི་བདེན་པའི་དོན་གྱི་ཡན་ལག་གི་རྣམ་པ་ས་བཅུ་གཉིས། ཞེས་དང༌།དོན་དམ་པའི་རྟེན་འབྲེལ་བཅུ་གཉིས་དང༌། ཁྱིམ་བཅུ་གཉིས་དང༌། ཟླ་བ་བཅུ་གཉིས། ལྷ་ཆེན་བཅུ་གཉིས། ཚིགས་ཆེན་བཅུ་གཉིས་ཀྱང་ས་བཅུ་གཉིས་པོ་འདི་ཉིད་ཡིན་ནོ། །ཞེས་པ་ལྟར་ཡིན་པ་ལས་མཛོད་རང་འགྲེལ་སོགས་སུ་བདེན་བཞི་རང་གི་ངོ་བོ་ལ་དམིགས་རྣམ་བཞི་སོགས་ཕྱེས་ཏེ་བདེན་དོན་བཅུ་གཉིས་ཕྱེ་ཚུལ་ཡོད་པ་སྐབས་འདི་དང་མི་འདྲའོ། །

དེ་ནས་དེ་ཉིད་བཅུ་དྲུག།

དེ་ནས་དེ་ཉིད་བཅུ་དྲུག་ནི།

དོན་དམ་གྱི་ཟླ་བ་དེ་ཁོ་ན་ཉིད་ཀྱི་དགའ་བ་རྣམ་པ་བཅུ་དྲུག་ཡིན་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། དེ་ནས་(གཉིས་པ་ནི་འགོག་བདེན་གྱི)སྐུའི་དགའ་བ་དང། གསུང་གི་དགའ་བ་དང། ཐུགས་ཀྱི་དགའ་བ་དང། ཡེ་ཤེས་ཀྱི་དགའ་བ་དང། དེ་བཞིན་དུ་སྐུའི་མཆོག་དགའ་དང། གསུང་གི་མཆོག་དགའ་དང། ཐུགས་ཀྱི་མཆོག་དགའ་དང། ཡེ་ཤེས་ཀྱི་མཆོག་དགའ་དང། དེ་བཞིན་དུ་སྐུའི་ཁྱད་པར་དགའ་བ་དང། གསུང་གི་ཁྱད་པར་དགའ་བ་དང། ཐུགས་ཀྱི་ཁྱད་པར་དགའ་བ་དང། ཡེ་ཤེས་ཀྱི་ཁྱད་པར་དགའ་བ་དང། དེ་བཞིན་དུ་སྐུའི་ལྷན་ཅིག་སྐྱེས་པའི་དགའ་བ་དང། གསུང་གི་ལྷན་ཅིག་སྐྱེས་པའི་དགའ་བ་དང། ཐུགས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་དང། ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། དེ་ལྟ་བུའི་(འགོག་བདེན་གྱི)དེ་ཉིད་རྣམ་པ་བཅུ་དྲུག་གང་གི་ཚེ་རྣལ་འབྱོར་པས་རིག་པ་དེའི་ཚེ་དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། ། ཞེས་དང༌། སྨན་ཆུ་ཁ་བའི་མཚན་བརྗོད་འགྲེལ་བ་ལས། དོན་དམ་གྱི་ཟླ་བ་དེ་ཁོ་ན་ཉིད་ཀྱི་དགའ་བ་རྣམ་པ་བཅུ་དྲུག ཅེས་གསུངས་སོ། །

རྡོ་རྗེ་མི་འཁྲུགས་པའི་གཟུངས་སྔགས་ཀྱི་དོན་དང་ཕན་ཡོན་ཉུང་བསྡུས།

རྡོ་རྗེ་མི་འཁྲུགས་པའི་གཟུངས་སྔགས་ཀྱི་དོན་དང་ཕན་ཡོན་ཉུང་བསྡུས།

ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སྭཱ་ཧཱ། ཞེས་པའི་དོན་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཨོཾ་ཞེས་པ་དཔལ། ཀཾ་ཀ་ནི་ཀཾ་ཀ་ནི། ཞེས་པ་སྡིག་པ་རྣམས་སྡིག་པ་རྣམས། རོ་ཙ་ནི་རོ་ཙ་ནི། ཞེས་པ་འགག་པར་གྱིས་འགག་པར་གྱིས། ཏྲོ་ཊ་ནི་ཏྲོ་ཊ་ནི། ཞེས་པ་ཆད་པར་གྱིས་ཆད་པར་གྱིས། ཏྲཱ་ས་ནི་ཏྲཱ་ས་ནི། སྐྲག་པར་གྱིས་སྐྲག་པར་གྱིས། པྲ་ཏི་ཧ་ན་པྲ་ཏི་ཧ་ན། ཞེས་པ་སོ་སོར་བསྣུན་སོ་སོར་བསྣུན། སརྦ་ཀརྨཱ་པ་རཾ་པ་རཱ་ཎི། ཞེས་པས་ལས་གཅིག་ནས་གཅིག་ཏུ་བརྒྱུད་ཏེ་ཕ་རོལ་ཏུ་འགྲོ་བར་གྱིས་ཤིག མེ་ནི་བདག སྭཱ་ཧཱ། ཞེས་པ་གཞི་ཚུགས་པའི་དོན་ཡིན་པས་ན། རང་གཞན་སེམས་ཅན་ཀུན་གྱི་སྡིག་སྒྲིབ་ལ་སྐྲག་ཅིང་འཇིགས་པས་སྐྱབས་གནས་བསླུ་མེད་དཀོན་མཆོག་གསུམ་གྱི་བདག་ཉིད་རྡོ་རྗེ་མི་འཁྲུགས་པ་ལ་ལུས་ངག་ཡིད་ཀྱིས་གུས་པས་ཕྱག་འཚལ་ལོ་སྐྱབས་སུ་མཆིའོ། །སྤངས་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པའི་དཔལ་དང་ལྡན་པ་ཁྱེད་ཀྱིས། སྡིག་པ་ལན་གཅིག་ཙམ་མ་ཡིན་པར་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་པ་དང་སྡིག་པའི་འབྲས་བུ་སྡུག་བསྔལ་ཇི་སྙེད་ཡོད་པ་ཐམས་ཅད་ཀྱི་རྒྱུན་བག་ཆགས་དང་བཅས་པའི་སྡིག་པ་རྣམས་སྡིག་པ་རྣམས་འགག་པར་གྱིས་ཤིག་འགག་པར་གྱིས་ཤིག སྡིག་པ་འབྲེལ་ཆགས་པར་གནས་པ་ཀུན་དུམ་བུ་དུམ་བུ་ཆད་པར་གྱིས་ཤིག་ཆད་པར་གྱིས་ཤིག དགྲ་བགེགས་ལྟ་བུའི་སྡིག་པ་རྣམས་སྐྲག་པར་གྱིས་ཤིག་སྐྲག་པར་ཀྱིས་ཤིག ཐོག་མེད་ནས་གོམས་པའི་སྟོབས་ཀྱིས་སྲ་ཞིང་འཁྲིག་པ་སྡིག་པ་ཀུན་སོ་སོར་བསྣུན་པར་གྱིས་ཤིག་སོ་སོར་བསྣུན་པར་གྱིས་ཤིག ཚེ་རབས་གྲངས་མེད་པ་ནས་ལས་གཅིག་ནས་གཅིག་ཏུ་བརྒྱུད་ཏེ་འོང་བ་ཐམས་ཅད་སེམས་རྒྱུད་འོད་གསལ་བ་ལས་ཕ་རོལ་ཏུ་འགྲོ་བར་བྱས་ནས་གཏན་ཆོམ་པར་གྱིས་ཤིག བདག་གི་སེམས་རྒྱུད་སྡིག་པ་འདག་པའི་གཞི་ཤིན་ཏུ་བརྟན་པོ་ཚུགས་པར་མཛོད་ཅིག ཅེས་གསོལ་ཞིང་སྨོན་པའོ། །སྡིག་པ་རྣམས་སྡིག་པ་རྣམས་བཟློས་པ་ནན་གྱིས་བཟུང་བའམ་ཐབས་ཤེས་གཉིས་ཀྱི་སྤང་བྱ་སོ་སོར་སྦྱར་ལ། དེ་ལས་གཞན་ལ་ཡང་གཉིས་རེ་སྨོས་པ་ཐབས་ཤེས་གཉིས་ལ་སོ་སོར་སྦྱར་ནས་འགག་པར་གྱིས་འགག་པར་གྱིས་ཞེས་སྦྱར་ན་རུང་ངོ་།།

ཕན་ཡོན།

ཕན་ཡོན།

རྒྱ་གར་སྐད་དུ། ཨཱརྱ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནི་ནཱ་མ་དྷཱ་རཱ་ཎཱི། བོད་སྐད་དུ། འཕགས་པ་ལས་ཀྱི་སྒྲིབ་པ་ཐཾད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས། བཅོམ་ལྡན་འདས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀྃ་ཀ་ནི་ཀྂ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རྃ་པ་རཱ་ཎི་མེ་སྭཱཧཱ། གཟུངས་སྔགས་འདིའི་ཆོ་ག་ནི། འདི་ཡིན་ཏེ། རྟག་ཏུ་བཟླས་བརྗོད་བྱས་ན། ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དུས་གསུམ་དུ་བཟླས་བརྗོད་བྱས་ན། མཚམས་མེད་པ་ལྔ་ཡང་བྱང་བར་འགྱུར་རོ། །ལན་གཅིག་བཟླས་བརྗོད་བྱས་ན། ལྟས་ངན་པ་དང༌། རྨི་ལམ་ངན་པ་དང༌། བཀྲ་མི་ཤིས་པ་རྣམས་མེད་པར་འགྱུར་རོ། །ལུས་ལ་འཆང་ངམ། གླེགས་བམ་ལ་བྲིས་ནས་མགུལ་དུ་ཐོགས་ཏེ་འཆང་ན། དུས་མ་ཡིན་པར་འཆི་བ་རྣམས་གཏན་དུ་འབྱུང་བར་མི་འགྱུར་རོ། །གང་ཞིག་སྙིང་རྗེས་ནོན་ཏེ་རི་དྭགས་དང༌། བྱ་དང༌། མི་དང༌། མི་མ་ཡིན་པ་རྣམས་ཀྱང་རུང་སྟེ་འཆི་བའི་རྣ་ཁུང་དུ་བརྗོད་ན། དེ་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །ཡང་ན་ཤི་སྟེ་དུས་ལས་འདས་ན་ཤི་འཕོས་པའི་མིང་ནས་སྨོས་ཏེ་དེའི་ཕྱིར་བྱམས་པ་དང་སྙིང་རྗེས་ལན་བརྒྱའམ། སྟོང་ངམ། འབུམ་བརྗོད་ན། སེམས་ཅན་དེ་སེམས་ཅན་དམྱལ་བར་སྐྱེས་སུ་ཟིན་ཀྱང་དེའི་མོད་ལ་ཐར་པར་འགྱུར་རོ། །སའམ། ཏིལ་ལམ། ཡུངས་ཀར་རམ། ཆུ་གང་ཡང་རུང་བ་ལ་བཟླས་བརྗོད་བྱས་ཏེ་ཤི་བའི་ལུས་ལ་གཏོར་རམ། ཁྲུས་བྱས་ནས་དེའི་འོག་ཏུ་བསྲེགས་པའམ། ཡང་ན་མཆོད་རྟེན་གྱི་ནང་དུ་བཅུག་སྟེ་བཞག་ལ། རིག་སྔགས་ཀྱང་བྲིས་ནས་མགོ་ལ་བཏགས་ན། དེ་ངན་སོང་དུ་སྐྱེས་པ་ཡང་ཞག་བདུན་གྱིས་གདོན་མི་ཟ་བར་ཐར་ཏེ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའམ། ཡང་ན་རང་གི་སྨོན་ལམ་གྱི་དབང་གིས་སྐྱེ་བར་འགྱུར་རོ། ། གང་ཞིག་ཟླ་བ་ཉ་བའི་ཚེ་ཁྲུས་བྱས་ལ་གཙང་མར་བྱས་ཏེ་དུས་གསུམ་དུ་གོས་བརྗེ་ཞིང་ཁ་ཟས་མི་ཟ་བའམ། ཡང་ན་ཁ་ཟས་དཀར་བག་བཟའ་ཞིང༌། སྐུ་གདུང་དང་ལྡན་པའི་མཆོད་རྟེན་བསྐོར་བཞིན་དུ་གང་གི་མིང་དང་ལྡན་པས་ལན་འབུམ་བཟླས་བརྗོད་བྱས་ན། དེ་ངན་སོང་ནས་ཐར་ཏེ་གནས་གཙང་མའི་ལྷའི་རིས་སུ་སྐྱེས་ནས་སྒྲུབ་པ་པོའི་ཐད་དུ་འོངས་ཏེ་མཆོད་པར་བྱེད་ཅིང་ལུས་ཀྱང་སྟོན་ལ། ལེགས་སོ་ཞེས་བྱ་བ་ཡང་བྱིན་ནས་ལན་གསུམ་བསྐོར་བ་བྱས་ཏེ་མི་སྣང་བར་འགྱུར་རོ། །དེའི་མིང་བྲིས་ལ་གཟུངས་སྔགས་བཟླས་བརྗོད་བྱེད་ཅིང་མཆོད་རྟེན་འབུམ་བྱས་ལ། གདུགས་དང༌། རྒྱལ་མཚན་དང༌། བ་དན་ལ་སོགས་པས་ལེགས་པར་མཆོད་ནས་རྒྱ་མཚོ་ཆེན་པོ་དང༌། ཡང་ན་ཆུ་ཀླུང་དུ་བཏང་ན། དེས་སེམས་ཅན་དམྱལ་བ་ལ་སོགས་པ་ནས་ཐར་པར་འགྱུར་རོ། །ཡང་ན་དེ་ལྟར་མཆོད་པ་བྱས་ནས་མཇུག་ཏུ་ལམ་གྱི་བཞི་མདོར་མཆོད་རྟེན་ཆེན་པོ་བྱས་ཏེ་གདུགས་དང༌། རྒྱལ་མཚན་དང༌། བ་དན་ལ་སོགས་པས་ལེགས་པར་མཆོད་ལ། འཕགས་པའི་དགེ་འདུན་ལ་ཡང་མཆོད་སྟོན་གསོལ་ནས་ཡོན་ཡང་ཕུལ་ཏེ་ལེགས་པར་མཆོད་ནས་ཆེ་གེ་མོ་ཞིག་གི་དགེ་བའི་རྩ་བར་གྱུར་ཅིག ། འདི་ཁོ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག ། ཅེས་ཀྱང་ཤེས་པར་བྱས་ན། དེ་ཁོ་ན་བཞིན་དུ་སྐྱེས་ནས་ལུས་ཀྱང་སྟོན་ཅིང་ལེགས་སོ་ཞེས་བྱ་བ་ཡང་བྱིན་ནས་མི་སྣང་བར་འགྱུར་རོ། །མཚམས་མེད་པ་ལྔ་བྱེད་བྱེད་པའམ། དམ་པའི་ཆོས་སྤོང་བའམ། འཕགས་པ་ལ་སྐུར་པ་བཏབ་པ་ཡང་རུང་སྟེ་འཆི་གར་རྩིག་པ་ལ་གཟུངས་སྔགས་འདི་བྲིས་པ་མཐོང་ན་ཡང་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ན། འདོན་པ་དང༌། བཟླས་བརྗོད་བྱས་པ་ལྟ་ཅི་སྨོས། དེ་བཞིན་གཤེགས་པ་དེ་ཉིད་བྱོན་ནས་འདི་སྐད་དུ་རིགས་ཀྱི་བུ་ཚུར་ངའི་གན་དུ་ཤོག་ཅེས་ཀྱང་གསུང་བར་འགྱུརོ། །འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།

དཀོན་མཆོག་བརྩེགས་པའི་ཁ་པོད་ཀྱི་འཕགས་པ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་བཀོད་པ།

དཀོན་མཆོག་བརྩེགས་པའི་ཁ་པོད་ཀྱི་འཕགས་པ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་བཀོད་པ།

དཀོན་མཆོག་བརྩེགས་པའི་ཁ་པོད་ཀྱི་འཕགས་པ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པ་མི་འཁྲུགས་པའི་སྐུ་གླང་པོ་ཆེའི་ཁྲི་པད་མའི་གདན་ལ་བཞུགས་པའི་བཀོད་པ་སྟོང་བྱེད་དུ་འཇུག་ན་གང་གི་ཚེ་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་དེ་འཆི་བའི་དུས་བྱེད་པར་འགྱུར་བའི་ཚེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཉན་ཐོས་ཀྱི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་དུ་བདར་ཏེ་གཤེགས་པར་འགྱུར་ཞིང་དེས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་མདུན་ན་བཞུགས་པ་མཐོང་བར་འགྱུར་རོ། །མཐོང་ནས་ཀྱང་སེམས་དགའ་བར་འགྱུར་ཞིང་མི་བརྗེད་པ་དང༌། སེམས་མི་གཡེང་བར་འཆི་བའི་དུས་བྱེད་པར་འགྱུར་ཏེ།འཆི་བའི་དུས་བྱས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པ་དང༌། རྗེ་བཙུན་ཏཱ་ར་ནཱ་ཐའི་མངོན་དགའི་སྨོན་ལམ་ལས། རྒྱབ་ཚབ་དམ་པའི་མཚན་ཐོས་སྨོན་ལམ་འདེབས། །ཕྱོགས་བཅུའི་ཞིང་ཁམས་དག་པར་སྒྲུབ་པ་དང༌། །གཞན་དག་ཞིང་དེར་སྨོན་ལམ་འདེབས་སུ་འཇུག །མི་འཁྲུགས་ཞིང་གི་མདོ་དེར་སྤྱོད་པ་དང༌། །གླང་བོའི་ཁྲི་དང་པདྨ་ལ་ཞུགས་པའི། །སྐུ་གཟུགས་སྟོང་ཕྲག་སྒྲུབ་པར་བྱེད་པ་སོགས། །ཁྱེད་སྐུ་བགྲང་ཡས་དགེ་འདུན་ཚོགས་ཀྱིས་བསྐོར། །མངོན་སུམ་མཐོང་ནས་ཞིང་དེར་འགྲོ་བར་འགྱུར། །སངས་རྒྱས་བདེན་པའི་ཚིག་གིས་དེ་སྐད་གསུངས། །ཞེས་གསུངས་ལ། ཀུན་དགའ་གྲོལ་མཆོག་གི་རྡོ་རྗེ་མི་འཁྲུགས་པའི་ལྷ་དགུའི་ཆོ་ག་ཉུང་ངུ་རྣམ་གསལ་ལས། ཁྱེད་གསུངས་སྔགས་ཟབ་རྟག་ཏུ་དུས་གསུམ་མམ། །ལན་གཅིག་བཟླས་པའི་ལས་ཀུན་ཟད་པ་དང༌། །མཚམས་མེད་སྦྱོང་དང་བར་ཆད་ཀུན་སེལ་བའི།། བཅོམ་ལྡན་མི་འཁྲུག་མགོན་ལ་ཕྱག་འཚལ་ལོ། །སྔགས་བྲིས་ལུས་ལ་བཏགས་པ་ཙམ་གྱིས་ཀྱང༌། །དུས་མིན་འཆི་སྤོང་སྙིང་རྗེས་དུད་འགྲོ་སོགས། །འཆི་ཚེ་རྣ་བར་བསྒྲག་པས་ངན་འགྲོ་བཟློག །བཅོམ་ལྡན་མི་འཁྲུགས་མགོན་ལ་ཕྱག་འཚལ་ལོ། །གང་གི་ཆེད་དུ་མིང་སྨོས་བརྩེ་བ་ཡིས། །བརྒྱ་སྟོང་འབུམ་ཕྲག་གང་རུང་བཟླས་བརྗོད་ཀྱིས། །དམྱལ་བར་སྐྱེས་པའང་མོད་ལ་ཐར་མཛད་པ། །བཅོམ་ལྡན་མི་འཁྲུག་མགོན་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་མི་འཁྲུགས་པའི་སྐུ་གཟུགས་སྟོང་ཕྲག་རེ་བཞེངས་པའམ་མི་འཁྲུགས་པའི་གཟུངས་འབུམ་ཕྲག་རེ་བཟླས་ན་ངན་སོང་ལས་ཐར་ནས་མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་གསུངས་མཁན་ནི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་སོགས་ཡིན་པས་བདེན་པའི་གསུང་ལ་ཡིད་གཉིས་བྱ་བའི་གནས་མེད་པས་ཡིད་ཆེས་བྱའོ། །བླ་རྒན་ཞིག་གིས་སྐྱེ་རྟགས་བཤད་པ་དང་འདི་མི་འདྲའོ། །དེས་ན་ཚེ་འདས་རྣམས་ཀྱི་དོན་དུ་མི་འཁྲུགས་པའི་སྐུ་གཟུགས་སྟོང་ཕྲག་རེ་དང་གཟུངས་འབུམ་རེ་འབད་པར་བྱའོ། །དགུ་བ་ནས་བཅུ་བའི་བར་གསེང་ལ་དངོས་གྲུབ་དཔལ་ནས་ཕྱོགས་བསྡུས་བྱས་ནས་བཀོད་པའོ། །


previous གྲངས་ཀྱི་མངོན་བརྗོད།next