Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ། གྲུབ་མཐའ་དང་ས་ལམ་སོགས།

3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]


 expand section
 expand section
 expand section
  
collapse section
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
 expand section
  
  
  
  
 expand section
  
  
  
  
དྲིས་ལན་ཆོས་རྗེ་ཀུན་མཁྱེན་དོལ་པོ་པ་རང་གི་ལུང་གིས་གསལ་བྱེད།
  
  
 expand section
  
  


3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousདྲིས་ལན་ཆོས་རྗེ་ཀུན་མཁྱེན་དོལ་པོ་པ་རང་གི་ལུང་གིས་གསལ་བྱེད།next

དྲིས་ལན་ཆོས་རྗེ་ཀུན་མཁྱེན་དོལ་པོ་པ་རང་གི་ལུང་གིས་གསལ་བྱེད།

དྲིས་ལན་ཆོས་རྗེ་ཀུན་མཁྱེན་དོལ་པོ་པ་རང་གི་ལུང་གིས་གསལ་བྱེད་ཅེས་བྱ་བ་བཞུགས་སོ། །

དྲི་བ། དྲང་ངེས་རྣམ་འབྱེད་ལས། གང་དག་ཤེར་ཕྱིན་ལ་སོགས་པ་ཞེས་པ་ནས་འཕགས་པ་ཡབ་སྲས་ལ་སོགས་པའི་ལུགས་ལས་ཀྱང་ཕྱི་རོལ་ཏུ་གྱུར་པའོ། །ཞེས་པའི་སྐབས་ཀྱི་ཕྱོགས་སྔ་ཇོ་ནང་བ་ཡིན་པར་དྲང་ངེས་འགྲེལ་བ་དག་ཞལ་མཐུན་པ་དང༌། ཕྱི་རོལ་ཏུ་འགྱུར་ཚུལ་ཡོངས་གྲུབ་བདེན་གྲུབ་ཏུ་འདོད་པའི་གནད་ཀྱིས་ཡིན་པར་གསུངས་མོད། ཇོ་ནང་བས་ཡོངས་གྲུབ་བདེན་གྲུབ་ཏུ་འདོད་ཚུལ། ཡོངས་གྲུབ་བདེན་པའི་ངོ་བོའམ། དོན་དམ་བདེན་པའི་ངོ་བོ་ཙམ་དུ་འདོད་པ་རི་ཆོས་ངེས་དོན་རྒྱ་མཚོ་ལས། འདི་ཡང་ཀུན་བརྟགས་དང་གཞན་དབང་གིས་སྟོང་བའི་ཆོས་ཉིད་ཡོངས་གྲུབ་དོན་དམ་དུ་ཡོད་པར་གསུངས་པའི་ཕྱིར། ཞེས་གསུངས་པ་ལ་བརྟག་ན། དོན་དམ་ཙམ་དུ་འདོད་པར་གསལ་བ་དང༌། རྗེས་འཇུག་མཁས་པ་དག་གིས་ཀྱང་ཡོངས་གྲུབ་བདེན་གྲུབ་གསུངས་པ་ཡོངས་གྲུབ་དོན་དམ་ཙམ་དུ་གསུངས་པ་ཡིན་ཞེས་ནན་གྱིས་གསུངས་འདུག་པས། དེ་ལྟར་ཡིན་ན་ཇི་ལྟར་འཕགས་པ་ཡབ་སྲས་ཀྱི་གསུངས་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ཞེས་པའོ། །འདི་ལ་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་གཞུང་འགའ་ལས་གསུང་པའི་གསུང་ཟིན་ཁོ་ན་ལྟར་ལན་མདོར་བསྡུས་སུ་བརྗོད་པ་ལ། གང་དག་ཤེར་ཕྱིན་ལ་སོགས་པ་ཞེས་པ་ནས་འཕགས་པ་ཡབ་སྲས་ལ་སོགས་པའི་ལུགས་ལས་ཀྱང་ཕྱི་རོལ་ཏུ་གྱུར་པའོ། །ཞེས་པའི་སྐབས་ཀྱི་ཕྱོགས་སྔ་ཇོ་ནང་བར་བཞེད་ན་མི་རིགས་པར། ཇོ་ནང་བའི་དེ་ལྟར་ཁས་ལེན་མེད་ཚུལ་དང༌། ཇོ་ནང་རང་ལུགས་འཕགས་པ་ཡབ་སྲས་ཀྱི་གསུང་ལས་ཕྱི་རོལ་ཏུ་གྱུར་བ་མིན་ཚུལ་ཏེ་གཉིས་ལས།དང་པོ་ནི། རྗེ་བདག་ཉིད་ཆེན་པོའི་དྲང་ངེས་ལེགས་བཤད་སྙིང་ལོ་ལས། གང་དག་ཤེར་ཕྱིན་ལ་སོགས་པའི་མདོ་རྣམས་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལ་དགོངས་ཀྱི། དོན་དམ་པ་ལ་དགོངས་པ་ནི་མིན་ནོ། །ཞེས་འཆད་པ་ནི། དགོངས་འགྲེལ་དང་ཐོགས་མེད་སྐུ་མཆེད་ཀྱི་གཞུང་དང་འགལ་ཞིང༌།འཕགས་པ་ཡབ་སྲས་ལ་སོགས་པའི་ལུགས་ལས་ཀྱང་ཕྱི་རོལ་ཏུ་གྱུར་པའོ། །ཞེས་གསུངས་པའི་ཕྱོགས་སྔ་མ་ལ། རྗེས་འབྲང་ཕལ་གྱིས་ཇོ་ནང་བ་ཡིན་པར་བཞེད་ཀྱང༌། འདོད་པ་དེ་རིགས་པའི་འཕུལ་གྱིས་ཇོ་ནང་བར་བཞག་པ་ཡིན་ན་ནི་དེར་ཟད་ཀྱི། ཀུན་མཁྱེན་དོལ་པོ་པ་ཆེན་པོའི་གཞུང་ལས། ཤེར་ཕྱིན་གྱི་མདོ་ལས་ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་པ་ཀུན་རྫོབ་ཁོ་ན་ལས། དོན་དམ་ལ་མ་གསུངས་པར་མི་བཞེད་དེ། དེས་ན་དེའི་ཕྱོགས་སྔ་ལ་ཇོ་ནང་ཀུན་མཁྱེན་ཆེན་པོ་མ་ཡིན་པར། མཁས་པ་གཞན་ཞིག་ཡིན་ནམ་སེམས་སོ། ། རྗེས་འབྲང་དག་གིས་གསུངས་པ་ནི་དགོས་པས་སམ། པནྚི་ཏས་ཐུགས་ཉམས་མ་བཞག་པ་གང་རུང་ཞིག་ལས་མི་འདའ་སྟེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། འཁོར་ལོ་བར་པའི་གཞུང་གཞན་དང་གཞན་དུ་ཡང། རང་སྟོང་མ་ཡིན་པ་ལ་རང་སྟོང་དུ་གསུངས་པ་ཐམས་ཅད་དྲང་དོན་དགོངས་པ་ཅན་ཉིད་དུ་ཁོང་དུ་ཆུད་པར་བྱ་སྟེ། ལེགས་པར་རྣམ་པར་ཕྱེ་བའི་མན་ངག་ཐུན་མོང་མ་ཡིན་པའི་སྒྲོན་མེ་ལ་བརྟེན་ནས་སོ། །ཞེས་དང༌། དེ་ལྟ་བས་ན་རང་སྟོང་དུ་གནས་པ་རྣམས་རང་སྟོང་དུ་སྟོན་པ་ལ་ནི་འགལ་བ་ཅུང་ཟད་ཀྱང་མེད་ཅིང། རང་སྟོང་མ་ཡིན་པ་ལ་རང་སྟོང་དུ་གསུངས་པ་ཇི་སྙེད་ཡོད་པ་རྣམས་ནི་སྔར་བསྟན་པ་བཞིན་དུ་དྲང་དོན་དགོངས་པ་ཅན་ཉིད་དུ་རིག་པར་བྱའོ། །འདི་ལ་དགོངས་ནས། འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོར་ཡང། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ལ་ཡང་སྟོང་པ་ཉིད་ཀྱི་དོན་སྟོན་པའི་མདོ་མང་དུ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོང་པ་ཉིད་སྟོན་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་དགོངས་པ་ཅན་དུ་རིག་པར་བྱ་ལ། བླ་ན་མེད་པའི་མདོ་འདི་ལྟ་བུ་འདི་དག་ནི་དགོངས་པ་ཅན་མ་ཡིན་པར་རིག་པར་བྱའོ། །ཞེས་པ་ལ་སོགས་པ་གསུངས་སོ། །ཞེས་འཁོར་ལོ་བར་བའི་དངོས་ཟིན་ལ་རང་སྟོང་མ་ཡིན་པ་རང་སྟོང་དུ་གསུངས་པ་ཡོད་པར་བཞེད་པ་གང་ཞིག རང་སྟོང་མ་ཡིན་པ་རང་སྟོང་དུ་གསུངས་པ་དེ་དོན་དམ་ངོ་བོ་ཉིད་ཀྱིས་མེད་པར་གསུངས་པའི་མདོ་རྣམ་འཇོག་པའི་ཕྱིར་དང༌། གཞན་ཡང་རི་ཆོས་ངེས་དོན་རྒྱ་མཚོ་ལས། འདིར་དགོངས་གཞི་ནི། ཆོས་ཀྱི་དབྱིངས་ལ་སོགས་པ་དེ་རྣམས་སུ་འཛིན་པ་དང། དེ་རྣམས་ཀྱིས་ཁྱབ་པའི་ཆོས་ཅན་ཀུན་རྫོབ་ཐམས་ཅད་རང་སྟོང་ཡིན་པ་ལ་དགོངས་ནས། དེ་སྐད་གསུངས་པ་སྟེ། གཟུགས་སོགས་ཆོས་ཐམས་ཅད་ལ་ཚན་པ་གསུམ་དུ་གསུངས་པ་ལས། རང་སྟོང་དུ་གསུངས་པ་རྣམས་ཀུན་བརྟགས་གཞན་དབང་གིས་གཟུགས་སོགས་ལ་དགོངས་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དེ་བཞིན་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཞེས་གསུངས་པ་གང་ཡིན་པ་དེ་ཡང། སྔ་མ་བཞིན་དུ་དྲང་དོན་དགོངས་པ་ཅན་ཡིན་ཏེ། ཆོས་དབྱིངས་དེ་བཞིན་ཉིད་མེད་པ་མ་ཡིན་ཡང། དེ་ལ་གློ་བུར་བའི་ཆོས་རྣམས་དབྱེར་མེད་དུ་མེད་པ་ལ་དགོངས་ནས་དེ་སྐད་གསུངས་ཏེ། དེ་དང་དེར་འདུ་ཤེས་པ་དང་རྣམ་པར་རྟོག་པ་ཞི་བར་བྱ་བའི་དོན་དུའོ། །དེ་བཞིན་དུ། ཆོས་ཀྱི་དབྱིངས་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་ངོ་བོ་ཉིད་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཞེས་གསུངས་པ་ཡང། ཆོས་དབྱིངས་དེ་བཞིན་ཉིད་རང་གི་ངོ་བོ་མེད་པ་ལ་དགོངས་པ་མ་ཡིན་གྱི། གཞན་གློ་བུར་བའི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ལ་དགོངས་ནས་དེ་སྐད་གསུངས་ཏེ། འདིར་ཡང་དགོས་པ་ནི་སྔ་མ་བཞིན་ནོ། །ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། གལ་ཏེ་དོན་དམ་ཆོས་ཉིད་རང་གི་ངོ་བོས་མི་སྟོང་ན། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་དང་འགལ་ལོ། །ཞེ་ན། སྐྱོན་མེད་དེ། དེ་དང་དེའི་དགོངས་པ་མི་འགལ་བའི་ཕྱིར་རོ། །ཇི་ལྟར་མི་འགལ་ཞེ་ན། ཀུན་བརྟགས་ལ་ངོ་བོ་མེད་པ་ནི་རང་གི་མཚན་ཉིད་ཀྱིས་མེད་པ་སྟེ། ཀུན་རྫོབ་ཙམ་མམ་ལོག་པའི་ཀུན་རྫོབ་ཏུ་གྲུབ་པ་ཙམ་ལས་ཀུན་རྫོབ་བདེན་པའམ་ཡང་དག་ཀུན་རྫོབ་ཏུ་ཡང་མ་གྲུབ་པོ། །གཞན་དབང་ངོ་བོ་ཉིད་མེད་པ་ནི་ཀུན་རྫོབ་ཏུ་གཞན་ལས་སྐྱེ་བའི་ངོ་བོར་ཡོད་ཀྱང་རང་ལས་སྐྱེ་བའི་ངོ་བོར་མེད་ཅིང་ཡང་དག་པར་ན་ཅིར་ཡང་མ་གྲུབ་པ་སྟེ། དེ་ལྟར་དེ་གཉིས་ནི་རང་སྟོང་ཡིན་པའི་ཕྱིར་རང་གི་ངོ་བོ་མེད་པའོ། །དེ་གཉིས་མེད་པའི་གཞི་ཆོས་ཉིད་ཡོངས་གྲུབ་ནི་རང་གི་ངོ་བོ་མེད་པ་མ་ཡིན་ཡང་དེ་ལས་གཞན་པ་ཀུན་རྫོབ་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་གཞི་ཡིན་པའི་ཕྱིར། དོན་དམ་བདེན་པའི་ངོ་བོ་སྟེ། ངོ་བོ་ཉིད་ཀྱི་སྐུའམ་རང་བཞིན་པའི་སྐུ་རང་བཞིན་འོད་གསལ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་བཞིན་རྣམ་དག་རང་བཞིན་ལྷུན་གྲུབ་རང་བཞིན་དུ་གནས་པའི་རིགས་སོ། །ངོ་བོ་མེད་ལུགས་དེ་ལྟར་ཤེས་ན་ཡོད་མེད་དང་རྟག་ཆད་དང་སྒྲོ་སྐུར་གྱི་མཐར་མ་ལྷུང་བའི་དབུས་རྟོགས་པའི་ཕྱིར་དབུ་མའི་ལམ་ལས་མི་ཉམས་པར་གསུངས་ཏེ། དགོངས་འགྲེལ་དུ། ཆོས་རྣམས་ངོ་བོ་ཉིད་མེད་ཆོས་རྣམས་མ་སྐྱེས་དང། །ཆོས་རྣམས་མ་འགགས་ཆོས་རྣམས་གཟོད་ནས་ཞི་བ་དང། །ཆོས་རྣམས་ཐམས་ཅད་རང་བཞིན་མྱ་ངན་འདས་པར་ནི། །དགོངས་པ་མེད་པར་མཁས་པ་སུ་ཞིག་སྨྲ་བར་བྱེད། །མཚན་ཉིད་ངོ་བོ་ཉིད་མེད་སྐྱེ་བ་ངོ་བོ་ཉིད་མེད་དང། །དོན་དམ་ངོ་བོ་ཉིད་མེད་དོ་ཞེས་ངས་བཤད་དེ། །མཁས་པ་གང་ཞིག་དགོངས་པ་དེ་ལྟར་ཤེས་པ་ནི། །ཡོངས་སུ་ཉམས་པར་འགྱུར་བའི་ལམ་དུ་དེ་མི་འགྲོ། །ཞེས་དང༌།འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱང། ཤིན་ཏུ་རྒྱས་པ་ལས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་གང་གསུངས་པ་དེ་ལ་དགོངས་པ་གང་ཡིན་ཞེ་ན། བདག་ཉིད་ལས་མི་འབྱུང་བ་དང། རང་གི་བདག་ཉིད་དུ་མེད་པ་དང། རང་གི་ངོ་བོ་ལ་མི་གནས་པ་དང། བྱིས་པས་བཟུང་བ་བཞིན་དུ་མཚན་ཉིད་མེད་པའི་ཕྱིར་རོ། །ཡང་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ལ། མཚན་ཉིད་ངོ་བོ་ཉིད་མེད་པ་དང། གཞན་གྱི་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་དང།ཡོངས་སུ་གྲུབ་པ་ལ་དོན་དམ་པ་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཞེས་དང། དེ་དང་གནད་གཅིག་པ་རྒྱལ་བ་བྱམས་པའི་ཞལ་སྔ་ནས་ཀྱང་གསུངས་ཏེ། མེད་པའི་སྟོང་བ་ཉིད་ཤེས་ཤིང། །དེ་བཞིན་ཡོད་པའི་སྟོང་སྟོང་ཉིད་དང། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་པ་ཤེས་པ་ཞེས་བརྗོད་དོ། །ཞེས་ཀུན་བརྟགས་གཞན་དབང་བཅོས་མ་གློ་བུར་པ་ཡིན་པས་རང་གི་ངོ་བོ་མེད་པ་རང་སྟོང་དང། ཆོས་ཉིད་ཡོངས་གྲུབ་རང་བཞིན་གཉུག་མ་ཡིན་པས་གཞན་གྱི་ངོ་བོ་མེད་པ་གཞན་སྟོང་བསྟན་ཏོ། །དེ་ལྟ་བས་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པས་ཆོས་ཉིད་རང་གི་ངོ་བོ་མེད་པར་མི་འགྱུར་ཏེ། ཆོས་དང་ཆོས་ཉིད་ཐ་དད་པའི་ཕྱིར་རོ། །དེ་དག་དབྱེར་མེད་དུ་འདོད་པ་ལ་ནི་ལུང་རིགས་ཀྱི་གནོད་པ་དཔག་ཏུ་མེད་དོ། །ཞེས་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་ཤེར་ཕྱིན་གྱི་མདོ་ལས་དོན་དམ་པ་བདེན་པ་ངོ་བོ་ཉིད་མེད་པར་གསུངས་པར་མ་ཟད། དེའི་དགོངས་གཞི་དོན་དམ་པ་ངོ་བོ་ཉིད་མེད་པར་གསལ་བར་གསུངས་པས་ཀུན་རྫོབ་ཁོ་ན་ལ་དགོངས་པར་གསུངས་པའི་གནས་མེད་པའི་ཕྱིར་རོ།། གཉིས་པ། ཇི་ལྟར་འཕགས་པ་ཡབ་སྲས་ཀྱི་གསུངས་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ཞེས་པ་ལ། འཕགས་པ་ཡབ་སྲས་ཀྱི་གསུང་ལས་ཕྱི་རོལ་ཏུ་གྱུར་བ་མིན་ཚུལ་ནི། གོང་དུ་བཤད་པ་ལྟར་ཁོ་བོ་ནི་སྐབས་འདིའི་ཕྱོགས་སྔ་ཀུན་མཁྱེན་ཇོ་ནང་པ་ཡིན་པར་མི་སེམས་ཤིང༌། རྗེས་འབྲང་དག་གི་གསུང་ཟིན་ལྟར་ཕྱོགས་སྔ་ཀུན་མཁྱེན་ཇོ་ནང་པ་ཡིན་ན་ནི། འཕགས་པ་ཡབ་སྲས་ཀྱི་གསུང་ལས་ཅུང་ཟད་ཀྱང་ཕྱི་རོལ་ཏུ་གྱུར་པ་མིན་ཏེ། ཆོས་ཉིད་དོན་དམ་བདེན་པ་བདེན་གྲུབ་ཏུ་བཞེད་པ་དེ་ཡང༌། བདག་གཉིས་ཀྱི་རང་བཞིན་ནམ། འཇིག་རྟེན་ཀུན་རྟོག་གིས་བརྟགས་པའི་བདེན་གྲུབ་ཏུ་བཞེད་པའི་དོན་གཏན་ནས་མ་ཡིན་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། དེ་ལ་བདེ་གཤེགས་སྙིང་པོ་བདག་གཉིས་ཀྱིས་སྟོང་བའི་ཕྱིར་མུ་སྟེགས་བྱེད་ཀྱི་བདག་དང་མི་མཚུངས་ཤིང། ཞེས་དང༌། ཡང་དེ་ལས། དཔལ་རྙོག་པ་མེད་པའི་རྒྱུད་དུ་ཡང། སངས་རྒྱས་ཐམས་ཅད་འདུས་པའི་བདག །མྱུར་བར་བྱིན་གྱིས་རློབ་པར་འགྱུར། །སངས་རྒྱས་ཐམས་ཅད་འདུས་པའི་བདག །སངས་རྒྱས་ཀུན་གྱི་སྡོམ་པའི་བདག །ཅེས་པ་ལ་སོགས་པའི་དོན་ཡང་མི་སྲིད་པར་འགྱུར་ཏེ། དེ་དག་ལས་དོན་གཞན་དུ་གྱུར་པའི་བདག་ནི་ཐམས་ཅད་མཁྱེན་པས་མ་གསུངས་ཤིང། ཁོ་བོ་ཅག་ཀྱང་མི་འདོད་ལ། མིང་གཞན་ནི་ཤིན་ཏུ་མང་བར་གསུངས་པའི་ཕྱིར། མིང་ཙམ་ལས་འཁྲུལ་བར་མི་བྱ་སྟེ། དོན་ལ་རྟོན་པ་ཉིད་ལས་སོ། །ཞེས་དང༌། དེའི་ཕྱིར་འཁོར་ལོ་ཕྱི་མ་གཉིས་དང་རྡོ་རྗེ་ཐེག་པའི་དོན་གཅིག་མོད་ཀྱི་ཉམས་སུ་ལེན་པ་ན་ལ་ཟློ་བ་ཆོས་ཉིད་ཟབ་མོ་ལ་འཁོར་ལོ་བར་པ་དང་མཐུན་པར་རྟོག་མེད་སྤྲོས་བྲལ་དུ་མཉམ་པར་བཞག་ནས་རྗེས་ཐོབ་ཏུ་ཤན་འབྱེད་པའི་ཚེ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ན་འཁོར་ལོ་ཐ་མ་དང་རྡོ་རྗེའི་ཐེག་པ་ལས་གསུངས་པ་བཞིན་དུ་ལེགས་པར་རྣམ་པར་ཕྱེ་སྟེ་ངོ་སྤྲད་ན་ཐེག་པ་ཆེན་པོའི་གསུང་རབ་ཐམས་ཅད་ཀྱི་དོན་ཟབ་མོ་ཉམས་སུ་ལེན་པ་ཚང་ལ་མ་ནོར་ཞིང་ཡོངས་སུ་དག་པ་ཉིད་དུ་འགྱུར་རོ། །ཞེས་ཆོས་ཉིད་སྤྲོས་པའི་མཚན་མ་གང་དུ་ཡང་མ་གྲུབ་པར་གསུངས་པའི་ཕྱིར་རོ། །དེས་ན་བདེན་པར་གྲུབ་པ་ཞེས་པ། བདེན་པ་དང་རྫུན་པ་ཞེས་པའི་བདེན་པ་མི་བསླུ་བ་དེ་ཉིད་ཀྱི་དོན་དང༌། དོན་དམ་པར་ཡོད་པ་ཞེས་པའི་དོན་ཡང་ཡང་དག་ཡེ་ཤེས་ཀྱི་ཡུལ་དུ་ཡོད་ཚུལ་ཡིན་ཏེ། ཀུན་མཁྱེན་ཆེན་པོའི་བཀའ་བསྡུ་བཞི་པ་ལས། མྱང་འདས་ཆེན་པོ་བདེན་པར་གསུངས་པ་དང། ། འགོག་བདེན་བདེན་པའི་མཆོག་ཏུ་གསུངས་པ་དང། །དེ་བཞིན་ཉིད་བདེན་གཞན་ནི་བརྫུན་པ་དང། །བདེན་དོན་བཅུ་གཉིས་ལ་སོགས་གཤིས་ལུགས་ཀྱི། །བདེན་པ་མཐར་ཐུག་རྫོགས་ལྡན་ཆོས་ལས་གསུངས། །ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། དོན་དམ་པར་ཡོད་པ་དང། དོན་དམ་པར་བདེན་པའི་ཕྱིར་རོ། །དེ་ཡང་བྷཱུ་ཏ་ཀོ་ཊི། ཞེས་པ་འདིར་ཡོད་པའི་མཐར་ཐུག་པ་དང་བདེན་པའི་མཐར་ཐུག་པ་ལ་འཇུག་པའི་དོན་ཉིད་ཀྱིས་ཤེས་པར་བྱའོ། །དེ་ཉིད་མཐར་ཐུག་གི་སངས་རྒྱས་ཡིན་ཞིང་འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས། ཁྱེའུ་བཞིའི་ཏིང་ངེ་འཛིན་གྱི་མདོར།གང་མི་བདེན་པ་དེ་དེ་བཞིན་ཉིད་མ་ཡིན་ནོ། །གང་དེ་བཞིན་ཉིད་མ་ཡིན་པ་དེ་དེ་བཞིན་གཤེགས་པ་མ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གལ་ཏེ་ཆོས་གང་ལ་ཡང་བདེན་པ་མེད་པས་དོན་དམ་པར་བདེན་པ་མི་སྲིད་དོ། །ཞེ་ན་མ་ཡིན་ཏེ། ཀུན་རྫོབ་ཏུ་མི་བདེན་ན་ཀུན་རྫོབ་ཀྱི་བདེན་པར་མི་རུང་བས་ཀུན་རྫོབ་བདེན་པ་གང་ཡིན་པ་དེ་ཀུན་རྫོབ་ཏུ་བདེན་གྱི། དོན་དམ་དུ་མི་བདེན་པ་ཇི་ལྟ་བ་དེ་བཞིན་དུ། དོན་དམ་དུ་མི་བདེན་ན་དོན་དམ་བདེན་པར་མི་རུང་བས་དོན་དམ་བདེན་པ་གང་ཡིན་པ་དེ་དོན་དམ་དུ་བདེན་གྱི་ཀུན་རྫོབ་ཏུ་བདེན་པ་མ་ཡིན་ནོ། །དེ་ཡང། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་རང་འགྲེལ་ག་ལས་འཇིགས་མེད་དུ། དོན་དམ་པའི་བདེན་པ་ནི་འཕགས་པ་རྣམས་ཀྱིས་ཕྱིན་ཅི་ལོག་ཐུགས་སུ་ཆུད་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པགང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །ཞེས་དང། འགྲེལ་མཆོག་འདི་བོད་མར་འདོད་པ་རྣམས་ནི་འཁྲུལ་ཏེ། སློབ་དཔོན་སྤྱན་རས་གཟིགས་བརྟུལ་བཞུགས་ཀྱིས་མཛད་པའི་ཊཱི་ཀ་དང། ཇོ་བོའི་ལམ་སྒྲོན་གྱི་རང་འགྲེལ་དུ། དབུ་མ་རྩ་ཤེ་ལ་འགྲེལ་པ་བརྒྱད་ཡོད་དེ། སློབ་དཔོན་བདག་ཉིད་ཀྱིས་མཛད་པའི་ག་ལས་འཇིགས་མེད་དང། ཞེས་སོགས་གསུངས་པའི་ཕྱིར་རོ། །ཞེས་དང༌། ཆོས་རྗེ་ཀུན་མཁྱེན་ཆེན་པོས་དཔོན་བྱང་ལ་ཕུལ་བའི་ལྟ་བ་ཤན་འབྱེད་ལས། ཡང་དག་པར་མེད་པ་དང། ཡོད་པའི་དོན་ནི། ཆོས་དང་ཆོས་ཉིད་ལ་རྒྱལ་བ་བྱམས་པས་གསུངས་ཏེ། མཐར་ཐུག་གི་དབུ་མ་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ལས། གཉིས་པོ་དག་ནི་གཅིག་ཉིད་དང༌། །སོ་སོ་བ་ཡང་མ་ཡིན་ཏེ། །ཡོད་པ་དང་ནི་མེད་པ་དག །ཁྱད་པར་ཡོད་དང་མེད་ཕྱིར་རོ། །ཞེས་པ་དང། མཐར་ཐུག་གི་དབུ་མ་མདོ་སྡེའི་རྒྱན་དུ་ཡང། བྱིས་པ་ཡང་དག་ཉིད་བསྒྲིབས་ནས། །ཡང་དག་མིན་པ་ཀུན་ཏུ་སྣང། །བྱང་ཆུབ་སེམས་དཔས་དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང། །ཞེས་པ་དང། དོན་མེད་པ་དང་དོན་ཡོད་དག །མི་སྣང་སྣང་བ་ཉིད་ཤེས་བྱ། །ཞེས་པ་དང། འགྲོ་བ་དག་ནི་དེ་ལས་གཞན་ཡང་ཅུང་ཟད་ཡོད་མིན་ལ། །འགྲོ་བ་མ་ལུས་པ་ཡང་དེ་ལ་ཀུན་ཏུ་རྨོངས་པའི་བློས། །ཡོད་པ་ཀུན་ནས་སྤངས་ཏེ་མེད་ལ་མངོན་ཞེན་གང་ཡིན་པ། །འཇིག་རྟེན་རྨོངས་པའི་རྣམ་པ་ཚབས་ཆེན་འདི་ཁོ་ཇི་ལྟ་བུ། །ཞེས་པ་ལ་སོགས་པས་ཀུན་བཏགས་གཞན་དབང་གི་ཆོས་རྣམས་ནི་ཡང་དག་པར་མེད་པ་དང། ཆོས་ཉིད་ཡོངས་གྲུབ་ནི་ཡང་དག་ཏུ་ཡོད་པར་བསྟན་ཏེ། འདི་དག་གིས་ཀྱང་རང་སྟོང་དང་གཞན་སྟོང་གི་དོན་བསྟན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །འདིར་ཀུན་མཁྱེན་ཇོ་ནང་བ་ཆེན་པོ་རང་གི་གཞུང་ལས་ལན་མདོར་བསྡུས་ཤིག་སྐུལ་ངོ་མ་ལྡོག་ཙམ་དུ་ཤར་མར་བྱས་ཀྱི། ཐུགས་སྲས་བུ་ཆེན་དག་དང་རྗེ་ཏཱ་ར་ནཱ་ཐ་སོགས་ཀྱི་གཞུང་ལུགས་ཀྱི་ཟུར་བརྒྱན་པར་ཡང་མ་བྱས་ལ། ཀུན་མཁྱེན་ཆེན་པོའི་གཞུང་གི་བཞེད་པ་ད་དུང་ཞིབ་པ་དང་རྒྱས་པར་ནི་ཁོང་གི་གཞུང་ཆེན་ཁག་ལ་མཇལ་བར་ཞུ་བ་ཡིན་ནོ། །ཅེས་རྗེ་བདག་ཉིད་ཆེན་པོ་ལ་དད་གུས་ཆེ་པའི་ངག་དབང་དངོས་གྲུབ་དཔལ་གྱིས་ཕུལ་བའོ།།


previousདྲིས་ལན་ཆོས་རྗེ་ཀུན་མཁྱེན་དོལ་པོ་པ་རང་གི་ལུང་གིས་གསལ་བྱེད།next