Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ། གྲུབ་མཐའ་དང་ས་ལམ་སོགས།

3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]


 expand section
 expand section
 expand section
  
collapse section
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
 expand section
  
  
  
  
 expand section
  
  
  
  
  
  
ཇོ་ནང་རི་ཁྲོད་ཀྱི་བྱུང་བ་དང་འབྲེལ་ཏེ་ཆོས་རྗེ་ཀུན་མཁྱེན་ཇོ་ནང་པའི་རྣམ་ཐར་མདོར་བསྡུས་པ།
 expand section
  
  


3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousཇོ་ནང་རི་ཁྲོད་ཀྱི་བྱུང་བ་དང་འབྲེལ་ཏེ་ཆོས་རྗེ་ཀུན་མཁྱེན་ཇོ་ནང་པའི་རྣམ་ཐར་མདོར་བསྡུས་པ།next

ཇོ་ནང་རི་ཁྲོད་ཀྱི་བྱུང་བ་དང་འབྲེལ་ཏེ་ཆོས་རྗེ་ཀུན་མཁྱེན་ཇོ་ནང་པའི་རྣམ་ཐར་མདོར་བསྡུས་པ།

ཇོ་ནང་རི་ཁྲོད་ཀྱི་བྱུང་བ་དང་འབྲེལ་ཏེ་ཆོས་རྗེ་ཀུན་མཁྱེན་ཇོ་ནང་པའི་རྣམ་ཐར་མདོར་བསྡུས་པ་ཞེས་བྱ་བ་བཞུགས་སོ། །

དེ་ལ་འདིར་གང་གླེང་བར་བྱ་བ་ནི། ༧ཆོས་རྗེ་ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ནི། བོད་གངས་རིའི་ལྗོངས་ཀྱི་ནང་བ་སངས་རྒྱས་པའི་ཆོས་བརྒྱུད་ཆེན་པོ་ལྔའི་ཡ་གྱལ་དཔལ་ལྡན་རྒྱལ་བ་ཇོ་ནང་གི་གཞན་སྟོང་དབུ་མ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་གྲུབ་མཐའི་བཞེད་སྲོལ་རྒྱ་ཆེར་བོད་འདིར་ཐོག་མར་འབྱེད་པ་པོ་ཡིན་ལ། དེ་ཡང་རྔ་བོ་ཆེའི་མདོ་སྡེ་ལས། ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་མ་འོངས་པའི་དུས་ན་ཀ་ཡོ་རིའི་རྒྱུད་དུ་ངའི་མིང་འཆང་བའི་དགེ་སློང་དུ་གྱུར་ཏེ། ཞེས་སོགས་གསུངས་པ་དང༌། གཙུག་ཏོར་རྣམ་པར་རྒྱལ་མའི་རྒྱུད་ལས། བདེ་གཤེགས་མྱ་ངན་འདའ་འོག་ནས། །ལོ་ནི་སྟོང་ཕྲག་ཕྱེད་རིང་ཚེ། །གདོང་དམར་ཡུལ་དུུ་ང་འདྲ་བའི། །བསྟན་པ་འཛིན་པའི་དགེ་སློང་ཞིག །ཆུ་བོ་ལྗོན་ཤིང་འཕྲེང་མཛེས་སུ། །ཀ་ཡོ་རི་ཡི་གྲོང་ཁྱེར་དུ། །ཡབ་ནི་ཡེ་ཤེས་དབང་ཕྱུག་ཆེ། །ཡུམ་ནི་ཚུལ་ཁྲིམས་རྒྱན་ཞེས་གྲགས། །སྲས་ནི་སངས་རྒྱས་མིང་ཅན་འབྱུང༌། །ང་ཡི་བསྟན་པའི་རྒྱལ་མཚན་འཛུག །ཆོས་ཀྱི་དུང་འབུད་དར་ཕྱར་འགྱུར། །ཞེས་སོགས་མདོ་རྒྱུད་དུ་མ་ནས་ཡང་ཡང་ལུང་བསྟན་པ་ལྟར་ཕྱི་ལོ༡༢༩༢་རབ་ལོ༢༦༦ལོར་ཡུལ་མངའ་རིས་དོལ་པོ་པན་ཚང་ཀ་ཡོ་རིའི་གྲོང་ཁྱེར་དུ་ཡབ་ཡེ་ཤེས་དབང་ཕྱུག་དང་ཡུམ་ལྷ་མོ་ཚུལ་ཁྲིམས་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་བ་ཆུ་ཕོ་འབྲུག་ལ་ཆེས་ངོ་མཚར་བའི་མཛད་ཚུལ་དང་བཅས་སྐུ་བལྟམས། ཡུལ་དུ་བླ་མ་སྐྱི་སྟེངས་པ་སོགས་བླ་མ་མང་རབ་བསྟེན། ཆོས་ཀྱང་རྙིང་མ་དང་དབུ་མ་རིག་ཚོགས་སོགས་དང༌། རིག་གནས་བཟོ་གནས་ཕྲ་མོ་མང་པོ་ཆུང་ངུའི་དུས་ནས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གཅིག་ལ་མཁན་པོ་ཚུལ་ཁྲིམས་སྙིང་པོ་སོགས་ལས་དགེ་ཚུལ་གྱི་སྡོམ་པ་བླངས་ནས་མཚན་ཤེས་རབ་རྒྱལ་མཚན་བཏགས་ཤིང་ཀ་རི་ཀ་དང་གཞུང་འགྲེལ་སོགས་གསན། དགུང་ལོ་བཅུ་དྲུག་ལ་སྐྱི་སྟོན་འཇམ་དབྱངས་གྲགས་པ་དང་མཇལ་ནས་འཕྲེང་བ་སྐོར་གསུམ་སོགས་ཟབ་ཆོས་མང་དུ་གསན། དགུང་ལོ་ཉེར་གཅིག་ནས་སླར་བླ་མ་སྐྱི་སྟོན་པ་སོགས་ཀྱི་དྲུང་ནས་ཕར་ཚད་མངོན་གསུམ་དང༌། སྤྱོད་འཇུགརྒྱས་འབྲིང་བསྡུས་གསུམ་སོགས་ཤེར་ཕྱིན་གྱི་མདོ་རྣམས་ཡུད་ཙམ་གསན་པས་ཐམས་ཅད་ཐུགས་སུ་ཆུད། དབུས་གཙང་གི་སྡེ་ཕལ་ཆེར་དུ་གྲྭ་སྐོར་ལ་ཕེབས་པས་མཁྱེན་རབ་ཀྱི་རྩལ་དང༌། རིག་པའི་རྣམ་འགྱུར་ཕུལ་དུ་བྱུང་ཞིང༌། ཤེར་ཕྱིན་འབུམ་པ་སོགས་མདོ་སྡེ་དུ་མའི་ཚིག་མཐའ་དག་ཐུགས་ལ་བྱང་བར་བཞུགས་པ་དང༌། གཞུང་ཆེ་ཆུང་གང་ལ་ཡང་ཐོགས་པ་མེད་པར་མཁྱེན་པ་རྒྱས་པས་ཐམས་ཅད་ཀྱིས་ཀྱང་ཀུན་མཁྱེན་རང་དུ་འདུག་ཅེས་བསྔགས་པས་ཀུན་མཁྱེན་གྱི་མཚན་དེ་དུས་ནས་ཀྱང་ཐོགས། སྤྱིར་མདོ་སྔགས་ཀྱི་ཆོས་གསན་པའི་བླ་མ་སུམ་ཅུ་ལྷག་མངའ་བ་ལས་མཆོག་ཏུ་གྱུར་པ་སྐྱི་སྟོན་འཇམ་དབྱངས་ལ། མདོ་སྔགས་ཀྱི་གཞུང་ཆེ་ཆུང་དཔག་མེད་གསན། དུས་འཁོར་གྱི་ཕྱོགས་ལ་ཡང་དང་བོར་བླ་མ་འདིའི་དྲུང་དུ་དབང་རྒྱུད་མན་ངག་ཐམས་ཅད་ལ་ཤིན་ཏུ་མཁས་པར་མཛད། འཆད་ཉན་ཟུར་ཆོས་པ་ཡང་ལོ་ཤས་མཛད་ནས་ཆོས་ལུང་ཚོགས་པའི་མཁན་ཆེན་བསོད་ནམས་གྲགས་པ་སོགས་དགེ་འདུན་གྲངས་ཚང་ལས་བསྙེན་རྫོགས་ཞུས་ཤིང༌། འདུལ་བ་མདོ་རྩ་གཞུང་འགྲེལ་བཅས་པ་གསན་ཅིང་མཁྱེན། དགུང་ལོ་སོ་གཅིག་པ་ཕྱི་ལོ་༡༣༢༢རབ་ལོ༢༩༦ལོར་ཇོ་ནང་རི་ཁྲོད་ཆེན་མོར་ཕེབས། གནས་མཆོག་དེ་ནི་ཇོ་ནང་གི་རྩ་བའི་གདན་སའམ་ཐོག་མའི་དགོན་སྡེ་ཡིན་ཞིང༌། གནས་དེ་ནི། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བོད་དུ་བྱོན་པའི་དུས་སུ། ཇོ་ནང་ནགས་རྒྱལ་གྱི་རི་ལ་ལན་མང་དུ་ཕེབས་ནས་བཞུགས། དེ་རྗེས་སུ་རིག་པ་འཛིན་པའི་ས་ལ་བཞུགས་པ། སྣུབས་ཆེན་ནམ་མཁའི་སྙིང་པོ་ལ་སོགས་པས་སྒྲུབ་གནས་སུ་མཛད། དེའི་རྗེས་ནས་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་དང༌། བྱང་སེམས་རྒྱལ་བ་ཡེ་ཤེས་དང༌། མཁས་བཙུན་ཡོན་ཏན་རྒྱ་མཚོ་རྣམས་བཞུགས། དེ་ནས་གནས་འདིར་༧ཆོས་རྗེ་ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཕེབས་ཤིང་ལོ་བཅོ་ལྔའི་བར་དུ་གདན་སར་བཞུགས་ལ། མཁས་བཙུན་ཆེན་པོ་ལ་སྤྱིར་དབང་དང་གདམས་པ་མང་དུ་གསན། སྦྱོར་དྲུག་གི་ཁྲིད་གསན་ཏེ་ཉམས་སུ་བླངས་པ་ལ་བརྟེན་ནས་སོར་བསམ་སྲོག་རྩོལ་མཐར་ཕྱིན་པའི་རྟགས་རྒྱུད་ནས་བཤད་པ་བཞིན་མངའ། དེ་ཡང་བླ་མའི་བཀའ་ནན་ཆེན་པོས་དགུང་ལོ་སོ་ལྔ་པར་གདན་སར་ཕེབས། མཁས་བཙུན་ཆེན་པོ་ཤིན་ཏུ་དགྱེས་ནས་དབང་ལུང་ཁྲིད་གསུམ་སོགས་བླ་མ་ཉིད་ལ་མངའ་བའི་ཆོས་ཐམས་ཅད་སྩལ། སྤྱིར་སྐྱི་སྟོན་འཇམ་དབྱངས་དང་མཁས་བཙུན་ཆེན་པོ་ལ་ཆོས་གསན་པ་ནི་མཐའ་ཡས་ཀྱང་འདིར་མ་སྤྲོས་སོ། །གཞན་ཡང་བཀའ་དང་བསྟན་བཅོས་འགྱུར་རོ་འཚལ་རྫོགས་པར་ནན་ཏན་དང་བཅས་པས་ཚར་གཅིག་གཟིགས། དེའི་དོན་ཐམས་ཅད་མ་འདྲེས་པར་ཐུགས་སུ་ཆུད། གཞན་སྟོང་གི་ལྟ་སྒོམ་ཁྱད་པར་ཅན་ནི་མཁའ་སྤྱོད་བདེ་ལྡན་དུ་བཞུགས་པའི་ཚེ་ཐུགས་ལ་འཁྲུངས་པ་ཡིན་ཀྱང་ལོ་ཤས་ཤིག་གཞན་ལ་མ་གསུངས། གདན་སར་ཕེབས་ནས་ལོ་ཤས་ནས་སྐུ་འབུམ་ཆེན་མོའི་རྨང་འདིངས་པ་དང་བཟང་ལྡན་གོང་གི་ཆོས་ཁྲིར་བཞུགས། བཤེས་གཉེན་དམ་པ་བཅུ་ལྷག་ལ་སྙིང་པོའི་མདོ་བཅུའི་བཤད་པ་རང་བཞེད་རྩལ་དུ་བཏོན་ནས་རྒྱས་པར་གསུངས། གཞན་སྟོང་སྟོན་པའི་གསུང་རབ་རི་ཆོས་ངེས་དོན་རྒྱ་མཚོ་སོགས་མང་དུ་མཛད་དཔེ་རྣམས་དང་ཆོས་སྐད་ཕྱོགས་ཐམས་ཅད་དུ་ཁྱབ་པས་མཁས་པ་ཕལ་གྱི་བློར་མ་ཤོང་དངོས་སུ་འབེལ་གཏམ་རྩོད་པ་ཞུས་པ་རྣམས་རྒྱ་མཚོ་ལ་ཁ་བ་བབ་པ་བཞིན་དུ་སོང་བས་དངོས་སུ་མཇལ་བ་རྣམས་གྲུབ་མཐའ་ལ་ངེས་ཤེས་དང་བླ་མ་ལ་དད་པ་ཐོབ་པ་ཤ་སྟག་བྱུང༌། ཐུབ་བསྟན་སྤྱི་དང་ངེས་དོན་དབུ་མ་ཆེན་མོ་མདོ་སྔགས་ཀྱི་གནས་ལུགས་མཐར་ཐུག་ཏུ་ལུང་རིགས་དྲི་མ་མེད་པས་གཏན་ལ་ཕབས་ཏེ་རྒྱུ་དང་འབྲས་བུའི་ཐེག་པའི་ཆོས་སྒོ་མཐའ་དག་གསལ་བར་བྱས། དགུང་ལོ་བདུན་ཅུ་སོན་པ་ལྕགས་མོ་གླང་གི་ལོའི་དགུན་ཟླ་ར་བ་ཡར་ངོའི་ཚེས་དྲུག་གི་སྲོད་ཐུན་དང་བོའི་དུས་སུ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བར་མཛད་དོ། །རྗེ་ཇོ་ནང་པ་ཆེན་པོ་གང་གི་དངོས་སློབ་སངས་རྒྱས་བྱང་སེམས་ཀྱི་རྣམའཕྲུལ་ཐུགས་སྲས་བཅུ་གསུམ་སོགས་བྱུང་བའོ། །ཆོས་རྗེ་ཀུན་མཁྱེན་དང་ཇོ་ནང་རི་ཁྲོད་གཉིས་ཀྱི་བྱུང་བ་ཆེས་མདོར་བསྡུས་པའོ། །སྤྲང་འཁྱམས་པ་དངོས་གྲུབ་དཔལ་གྱིས་བྲིས་པའོ། །


previousཇོ་ནང་རི་ཁྲོད་ཀྱི་བྱུང་བ་དང་འབྲེལ་ཏེ་ཆོས་རྗེ་ཀུན་མཁྱེན་ཇོ་ནང་པའི་རྣམ་ཐར་མདོར་བསྡུས་པ།next