Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ། གྲུབ་མཐའ་དང་ས་ལམ་སོགས།

3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]


 expand section
 expand section
 expand section
  
expand section
 expand section
 expand section
  
  
  
  
 expand section
  
  
  
  
  
  
 collapse section
རྗེ་བཙུན་ཏཱ་ར་ནཱ་ཐའི་ལམ་རིམ་མཇུག་སྡོམ་གྱི་འགྲེལ་བ་དད་པའི་འོད་སྣང་།
  
  
  
  
  
  


3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousརྗེ་བཙུན་ཏཱ་ར་ནཱ་ཐའི་ལམ་རིམ་མཇུག་སྡོམ་གྱི་འགྲེལ་བ་དད་པའི་འོད་སྣང་།next

རྗེ་བཙུན་ཏཱ་ར་ནཱ་ཐའི་ལམ་རིམ་མཇུག་སྡོམ་གྱི་འགྲེལ་བ་དད་པའི་འོད་སྣང་།

རྗེ་བཙུན་ཏཱ་ར་ནཱ་ཐའི་ལམ་རིམ་མཇུག་སྡོམ་གྱི་འགྲེལ་བ་དད་པའི་འོད་སྣང་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭ་སྟི། ཡོན་ཏན་མཐར་ཐུག་མ་ལུས་འབྱུང་བའི་གནས། །བྱང་ཆུབ་སེམས་མཆོག་རིན་ཆེན་དམ་པ་ཡི། །མངའ་བདག་འཕགས་མཆོག་རྒྱལ་དང་རྒྱལ་སྲས་རྣམས། །སྒོ་གསུམ་གུས་པས་སྤྱི་གཙུག་རྒྱན་དུ་མཛེས། །དཔལ་ལྡན་མར་མེ་མཛད་ཀྱི་བྱམས་བརྩེ་ལས། །གང་ཟག་གཅིག་གིས་ཉམས་སུ་ལེན་པའི་ཐབས། །མདོ་སྔགས་མ་ལུས་གནད་དུ་དྲིལ་བའི་གཞུང༌། །བྱང་ཆུབ་ལམ་གྱི་སྒྲོན་མེའི་བསྟན་བཅོས་བཞད། །གངས་ལྗོངས་མཁས་མང་ཉིན་བྱེད་དབང་པོ་ཡིས། །དེ་ཡི་དགོངས་འགྲེལ་རྒྱས་བསྡུས་དུ་མ་མཛད། །རྒྱུ་སྐར་དབུས་ན་ཁྱད་འཕགས་རི་བོང་ཅན། །ལམ་རིམ་བདུད་རྩིའི་ཉིང་ཁུ་ཞེས་བྱ་བའི། ། མཇུག་སྡོམ་ཚིག་དོན་གོ་སླའི་འགྲེལ་བ་ཞིག ། ངག་གི་རྒྱུད་མང་དཀྲོལ་ལ་དགའ་བ་འབུམ། ། དེ་ལ་འདིར་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ལམ་རིམ་བདུད་རྩིའི་ཉིང་ཁུའི་མཇུག་སྡོམ་གྱི་བར་སྐབས་ཀྱི་ཚིགས་སུ་བཅད་པའི་དོན་འཆད་པ་ལ། སྐྱེས་བུ་གསུམ་གྱི་ལམ་གྱི་བསྡུས་དོན་དང༌། འཆི་བ་མི་རྟག་པ་གལ་ཆེ་བ་དང༌། ལས་འབྲས་བསླུ་མེད་ལ་ཡིད་ཆེས་སྐྱེ་བ་གལ་ཆེ་བ་དང༌། ཐེག་པ་ཆེན་པོའི་ཐབས་ཤེས་བཤད་པ་དང་བཞི། དང་པོ་ལ་སྐྱེས་བུ་ཆུང་ངུའི་ལམ་གྱི་རྩ་བ་དང༌། སྐྱེས་བུ་འབྲིང་གི་ལམ་གྱི་རྩ་བ་དང༌། སྐྱེས་བུ་ཆེན་པོའི་ལམ་གྱི་རྩ་བ་དང༌། བསྡུས་ཏེ་གསོལ་བ་གདབ་དགོས་པར་བཤད་པ་དང་བཞི།དང་པོ་ནི། རྩ་བར། དད་པ་རྣམ་དག་སྐྱེས་བུ་ཆུང་ངུའི་ལམ། །ཞེས་གསུངས་ལ། དེའི་དོན་ནི། མཆོག་གསུམ་དང་ལས་འབྲས་སོགས་ལ་དད་པ་རྣམ་པར་དག་པ་ནི། ལམ་སྒྲོན་གྱི་དངོས་བསྟན་གྱི་སྐྱེས་བུ་ཆུང་ངུའི་ལམ་རྒྱུད་ལ་སྐྱེ་བའི་སྒོ་ལྟ་བུ་ཡིན་ལ། དེ་ཡང་མངོན་མཐོ་ལྷ་མིའི་གོ་འཕང་འཐོབ་བྱེད་ཀྱི་ལམ་སྒྲུབ་པ་ལ། ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་སྐྱེས་ནས་ངན་སོང་ངམ་སྡུག་བསྔལ་གྱི་སྡུག་བསྔལ་ལ་འཇིགས་སྐྲག་སྐྱེས། དཀོན་མཆོག་གསུམ་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་ནས་སྐྱབས་སུ་འགྲོ་དགོས་པས་ན་སྐྱེས་བུ་ཆུང་ངུའི་ལམ་ལ་བློ་སྦྱོང་པ་ལ་དད་པ་གལ་ཆེའོ། །དེ་ཡང་རྗེ་བཙུན་ཏཱ་ར་ནཱ་ཐའི་རྣམ་ཐར་མ་བཅོས་ལྷུག་པ་ལས། ཆོས་ཀྱི་རྩ་བ་སྐྱབས་འགྲོ་དང༌། སྐྱབས་འགྲོའི་རྩ་བ་དད་པ་ཡིན་ཞིང། དད་པའི་རྩ་བ་སྟོན་པ་བཅོམ་ལྡན་འདས་ཀྱི་རྣམ་ཐར་གོ་བ་ལ་རག་ལས། ཞེས་གསུངས་པ་ལྟར་ཡིན་ལ། སྤྱིར་དཀར་བོའི་ཆོས་རང་རྒྱུད་ལ་སྐྱེ་བ་ལ་དད་པ་ཡོད་དགོས་ཏེ། མདོ་ལས།དད་པ་མེད་པའི་མི་རྣམས་ལ། །དཀར་བོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་འཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་དང༌། ཇི་སྐད་དུ། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། ། བྱིན་རླབས་ཀྱི་ཆུ་རྒྱུན་མི་འབེབས་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་གསུངས་སོ། །དད་པ་དང་ཤེས་རབ་གཉིས་ཟུང་འབྲེལ་དུ་བྱས་ནས་ལམ་ལ་སློབ་དགོས་ཏེ། མདོ་མྱང་འདས་ལས། དད་པ་ཡོད་ཅིང་ཤེས་རབ་མེད་པ་ནི། །མ་རིག་རྨོངས་པ་འཕེལ་བའི་རྒྱུ། །ཤེས་རབ་ཡོད་ཅིང་དད་པ་མེད་པ་ནི། །ལོག་པའི་ལྟ་བ་འཕེལ་བའི་རྒྱུ། །ཞེས་གསུངས་ལ། དད་ཤེས་གཉིས་ལས་ཉོན་མོངས་པ་སྤོང་བ་ལ་ཤེས་རབ་གཙོ་བོ་ཡིན་ཀྱང་སྔོན་དུ་དད་པ་འགྲོ་དགོས་པ་ཡིན་ཏེ། ཇི་སྐད་དུ། མདོ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །ཅེས་དང༌། དབུ་མ་རིན་ཆེན་ཕྲེང་བ་ལས། འདི་གཉིས་གཙོ་བོ་ཤེས་རབ་སྟེ། །འདི་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་གསུངས་པ་ལྟར་ཡིན་ནོ། །དད་པ་དང་མི་དགེ་བཅུ་སྤོང་གི་དགེ་བ་ལ་བརྟེན་ནས་འཁོར་བའི་བདེ་བ་ཙམ་དོན་དུ་གཉེར་བར་བྱེད་པའི་སྐྱེས་བུ་ནི། སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་ཡིན་ཏེ། བྱང་ཆུབ་ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་ལས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །དེ་ནི་སྐྱེས་བུ་ཐ་མར་ཤེས། །ཞེས་གསུངས་སོ། །

གཉིས་པ་སྐྱེས་བུ་འབྲིང་གི་ལམ་གྱི་རྩ་བ།

གཉིས་པ་སྐྱེས་བུ་འབྲིང་གི་ལམ་གྱི་རྩ་བ་ནི།

རྩ་བར། ངེས་འབྱུང་རྣམ་དག་སྐྱེས་བུ་འབྲིང་གི་ལམ། །ཞེས་གསུངས་ལ། དེའི་དོན་ནི། ཡང་ཐར་བའི་འཇུག་སྒོ་ནི་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་ཡིན་པས་དེ་ཙམ་རྒྱུད་ལ་སྐྱེས་པ་ནས་སྐྱེས་བུ་འབྲིང་གི་ལམ་རྒྱུད་ལ་སྐྱེས་པ་ཞེས་བྱའོ། །དེ་ཡང་འཁོར་བའི་ཕུན་ཚོགས་མཐའ་དག་ལ་མེ་འབར་བའི་འོབས་ལྟར་མཐོང་ནས་དེ་ལས་ཐར་འདོད་ཀྱི་བློ་བཅོས་མ་མ་ཡིན་པའི་བསམ་པ་ནི། ངེས་འབྱུང་གི་བསམ་པ་རྣམ་དག་ཡིན་ལ། དེ་འདྲའི་ངེས་འབྱུང་གི་བསམ་པ་མེད་ན་དགེ་བ་ཇི་ལྟར་བསྒྲུབས་ཀྱང་ཞི་བ་ཐར་བ་ཐོབ་པའི་ཐབས་སུ་མི་འགྱུར་ཏེ། དབུ་མ་བཞི་བརྒྱ་བ་ལས། གང་ལ་འདི་སྐྱོ་ཡོད་མིན་པ། །དེ་ལ་ཞི་གུས་ག་ལ་ཡོད། །ཅེས་གསུངས་སོ། །དེས་ན་ཐར་བའི་རྒྱུ་བསྒྲུབ་པ་ལ་ཐོག་མར་ངེས་འབྱུང་གི་བསམ་པ་གལ་ཆེ་བའོ། །སྲིད་པ་འཁོར་བའི་བདེ་བ་ལ་ཞེན་པ་ལོག་སྟེ་སྡིག་པའི་ལས་ལ་འཛེམ་ཞིང་རང་ཁོ་ནའི་དོན་དུ་ཐར་བ་དོན་དུ་གཉེར་བའི་སྐྱེས་བུ་ནི་སྐྱེས་བུ་འབྲིང་ཞེས་བྱ་སྟེ། ལམ་སྒྲོན་ལས། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་གསུངས་སོ། །ཐེག་པ་ཆེན་པོའི་ཆོས་ལ་བློ་སྦྱོང་པ་ལ་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་གི་ལམ་ལ་བློ་སྦྱོང་དགོས་ཀྱང་ཆུང་འབྲིང་གི་ལམ་དངོས་ལ་ཞུགས་མི་རུང་ངོ༌། །

གསུམ་པ་སྐྱེས་བུ་ཆེན་པོའི་ལམ་གྱི་རྩ་བ་བསྟན་པ།

གསུམ་པ་སྐྱེས་བུ་ཆེན་པོའི་ལམ་གྱི་རྩ་བ་བསྟན་པ་ནི།

རྩ་བར། ལྷག་བསམ་རྣམ་དག་སྐྱེས་བུ་ཆེན་པོའི་ལམ། །ཞེས་གསུངས་ལ། དེའི་དོན་ནི། ལྷག་བསམ་རྣམ་དག་རྒྱུད་ལ་སྐྱེས་པ་ནས་སྐྱེས་བུ་ཆེན་པོའི་ལམ་རྒྱུད་ལ་སྐྱེས་པ་ཡིན་ལ། ལྷག་བསམ་རྣམ་དག་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བ་བདག་གིས་བྱའོ་སྙམ་པའི་སྙིང་རྗེ་ཆེན་པོ་ཡིན་ནོ། །རང་གི་སྡུག་བསྔལ་གྱིས་མཚོན་ནས་སེམས་ཅན་ཀུན་ཀྱི་སྡུག་བསྔལ་བྲལ་བར་བདག་གིས་བྱའོ་སྙམ་པའི་སྙིང་རྗེས་ཟིན་པའི་དགེ་བ་དེ་སྐྱེས་བུ་ཆེན་པོའི་ལམ་ཡིན་ཏེ། ལམ་སྒྲོན་ལས། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་སོ། །དེ་འདྲའི་སྙིང་རྗེ་ཆེན་པོ་ནི་ཉན་རང་གི་བསམ་པ་ལས་ལྷག་པའི་སྙིང་རྗེ་ཡིན་པས་ལྷག་པའི་བསམ་པ་ཡིན་ནོ། ། བཞི་བ་བསྡུས་ཏེ་གསོལ་བ་གདབ་དགོས་པ་ནི། རྩ་བར། རྣམ་དག་ལམ་གསུམ་ཐོབ་པར་བྱིན་གྱིས་རློབས། །ཞེས་སྐྱེས་བུ་ཆུང་འབྲིང་ཆེན་པོའི་ལམ་རྣམ་དག་ལ་བློ་སྦྱོང་བའི་ཉམས་ལེན་ཐོབ་པར་ཟབ་མོ་ལྟ་བའི་བརྒྱུད་པ་དང༌། རྒྱ་ཆེན་སྤྱོད་པའི་བརྒྱུད་པ། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་གསུམ་གྱི་དཔལ་ལྡན་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་གདབ་པར་བྱའོ། །

གཉིས་པ་འཆི་བ་མི་རྟག་པ་གལ་ཆེ་བ།

གཉིས་པ་འཆི་བ་མི་རྟག་པ་གལ་ཆེ་བ་ནི།

རྩ་བར། མི་རྟག་འཆི་བ་རྒྱུད་ལ་མ་སྐྱེས་ན། །ཇི་ལྟར་འབད་ཀྱང་ཚེ་འདིའི་ཁ་འཛིན་ཅན། །རང་བློ་ཆོས་སུ་འགྲོ་བར་མི་འདུག་པས། །ཆོས་བརྒྱད་འཆིང་བ་གྲོལ་བར་བྱིན་གྱིས་རློབས། །ཞེས་གསུངས་ལ། དེའི་དོན་ནི། ས་བཟང་གི་བླང་དོར་རབ་གསལ་ལས། འདུས་བྱས་མི་རྟག་རྟག་པར་འཛིན་པས་འཁྲུལ། །ངེས་པར་འཆི་ཞིང་འཆི་རྐྱེན་ཤིན་ཏུ་མང༌། །ནམ་འཆི་ངེས་མེད་མྱུར་བ་ཉིད་དུ་འཆི། །བྱུང་ཚེ་མི་བཟློག་དེ་ཕྱིར་དགེ་ལ་འབད། །ཅེས་གསུངས་པ་ལྟར་ངེས་པར་འཆི་བ། ནམ་འཆི་ཆ་མེད་པ། འཆི་རྐྱེན་ངེས་པ་མེད་པ་ལ་སོགས་པ་ལ་ཞིབ་པར་བསམ་ནས་མི་རྟག་པའི་འཆི་བ་སྒོམ་པས་ཡིད་འགྱུར་གྱི་མྱོང་བ་རྒྱུད་ལ་མ་སྐྱེས་ན་དགེ་བ་སོགས་ཇི་ལྟར་འབད་པ་བྱེད་ཁུལ་བྱས་ཀྱང་ཚེ་ཕྱི་མ་དང་ཚེ་འདི་གཉིས་ལས་ཚེ་འདིའི་ཁ་འཛིན་ཅན་ནམ་ཕྱོགས་བཟུང་ནས་བྱ་སྤྱོད་ཐམས་ཅད་བརྩོན་པར་འགྲོ་བས་ན། རང་གི་བློ་དམ་པའི་ཆོས་ཀྱི་ཕྱོགས་སུ་འགྲོ་བར་མི་འདུག་པ་ཡིན་པས། བདག་གི་རྒྱུད་ལ་རྙེད་ན་དགའ་ལ་མ་རྙེད་ན་མི་དགའ་བ་དང༌། སྙན་ན་དགའ་ལ་མི་སྙན་ན་མི་དགའ་བ་དང༌། བསྟོད་ན་དགའ་ལ་སྨད་ན་མི་དགའ་བ་དང༌། བདེ་ན་དགའ་ལ་མི་བདེ་ན་མི་དགའ་བའི་འཇིག་རྟེན་ཆོས་བརྒྱད་ཀྱི་འཆིང་བ་ལས་གྲོལ་བར་ཟབ་མོ་ལྟ་བའི་བརྒྱུད་པ་དང༌། རྒྱ་ཆེན་སྤྱོད་པའི་བརྒྱུད་པ། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག་ཅེས་སྨོན་པའོ། །སྤྱིར་འཆི་བ་མི་རྟག་པ་སྒོམ་པ་གལ་ཆེ་སྟེ། པོ་ཏོ་བའི་ཞལ་ནས། ཆོས་གཅིག་ཏུ་བྱ་བ་ལ་མི་རྟག་པ་བསྒོམ་པ་འདི་གལ་ཆེ་སྟེ། འཆི་བ་མི་རྟག་པ་འདི་བསྒོམ་ན།དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་དགེ་སྦྱོར་ལ་སྐུལ་བའི་རྐྱེན་བྱེད། ཐ་མ་ཆོས་མཉམ་པ་ཉིད་དུ་རྟོགས་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམས་ན་དང་པོ་ཚེ་འདིའི་གདོས་ཐག་ཆོད་པའི་རྒྱུ་བྱེད། བར་དུ་འཁོར་བ་མཐའ་དག་ལ་ཞེན་པ་ལྡོག་པའི་རྐྱེན་བྱེད། ཐ་མ་མྱ་ངན་ལས་འདས་པའི་ལམ་དུ་འཇུག་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམས་ན་དང་པོ་དད་པ་བྱེད་པའི་རྒྱུ་བྱེད། བར་དུ་བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད། ཐ་མར་ཤེས་རབ་སྐྱེ་བའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམས་ཤིང་རྒྱུད་ལ་སྐྱེས་ན་དང་པོ་ཆོས་འཚོལ་བའི་རྒྱུ་བྱེད། བར་དུ་ཆོས་སྒྲུབ་པའི་རྐྱེན་བྱེད། ཐ་མར་ཆོས་མཐར་ཕྱིན་པའི་གྲོགས་བྱེད། ཅེས་དང༌། ཕ་དམ་པའི་ཞལ་ནས། མི་རྟག་པ་འདི་རྒྱུད་ལ་སྐྱེས་ན་དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་བརྩོན་འགྲུས་ཀྱི་ལྕག་བྱེད། མཐར་འོད་གསལ་ཆོས་སྐུ་ཐོབ་པར་བྱེད། ཅེས་གསུངས་སོ། །གསུམ་པ་ལས་འབྲས་བསླུ་མེད་ལ་ཡིད་ཆེས་སྐྱེ་བ་གལ་ཆེ་བ་ནི། རྩ་བར། ལས་འབྲས་བསླུ་མེད་ཡིད་ཆེས་མ་སྐྱེས་ན། །ཆོས་སྤྱོད་ཐམས་ཅད་བཟང་བརྫུའི་ངང་དུ་འཆོར། །སྒྲུབ་པ་ལྷུར་ལེན་སྐད་ཀྱང་གཞན་ངོར་ཐལ། །ཆོས་ལ་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས། །ཞེས་གསུངས་ལ། དེའི་དོན་ནི། རྒྱུ་ལས་དགེ་མི་དགེ་དང་དེའི་འབྲས་བུ་བདེ་སྡུག་སོགས་བསླུ་བ་མེད་པ་ལ་ཡིད་ཆེས་པའི་བློ་རང་རྒྱུད་ལ་ལེགས་པར་མ་སྐྱེས་ན་རང་གིས་ཆོས་སྤྱོད་ཀྱི་བྱ་བ་བརྩོན་ཁུལ་བྱེད་པ་ཐམས་ཅད་ཀྱང་རང་ཉིད་གཞན་ངོར་བཟང་བརྫུའི་ངང་ཚུལ་དུ་འཆོར་བར་འགྱུར་བ་ཡིན་པས་རང་གིས་སྒྲུབ་པ་ཉམས་ལེན་ལྷུར་ལེན་པ་ཡིན་ཞེས་དེ་སྐད་བཤད་ཀྱང་དོན་ལ་གཞན་ངོར་ཆོས་པའི་གཟུགས་བརྙན་ཙམ་དུ་ཐལ་བར་འགྱུར་བ་ཡོད་སྲིད་པས་གནས་དེ་ལྟ་བུ་ལ་གཟབ་པར་བྱའོ། །དེས་ན་དམ་ཆོས་ལ་ཡིད་ཆེས་རྣམ་དག་རྒྱུད་ལ་མྱུར་དུ་སྐྱེ་བར་བླ་མ་དང་མཆོག་གསུམ་གྱིས་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་གདབ་པར་བྱ། སྤྱིར་བླང་དོར་རབ་གསལ་ལས། མི་དགེ་བ་ལས་སྡུག་བསྔལ་ཐམས་ཅད་དང༌། །ཁྱད་པར་ངན་འགྲོའི་གནོད་པ་ཐམས་ཅད་འབྱུང། །དགེ་བ་ལས་ནི་བདེ་འགྲོ་ཐམས་ཅད་དང༌། །རྣམ་པ་ཀུན་ཏུ་བདེ་ཆེན་ཐོབ་པར་གསུངས། །ཞེས་གསུངས་པ་ལྟར་ལས་དགེ་བ་བྱས་པ་ལས་འབྲས་བུ་བདེ་བ་འབྱུང་བ་དང༌། ལས་མི་དགེ་བ་བྱས་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་མི་བསླུ་བ་ཡིན་ཏེ། མདོ་སྡེ་ལས་བརྒྱ་བ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། ། འབྲས་བུ་དེ་ཉིད་སྨིན་པར་འགྱུར། །ཞེས་དང༌། བླང་དོར་རབ་གསལ་ལས། ལས་ཀྱི་བག་ཆགས་སྣ་ཚོགས་ཀུན་གཞི་ལ། ། གནས་པ་བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །རྐྱེན་རྣམས་ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་རིམ་པ་བཞིན་དུ་སྨིན་པར་གསུངས། །ཞེས་དང། རྒྱལ་བོ་ལ་གདམས་པའི་མདོ་ལས། དུས་ཀྱིས་ཉེན་ཏེ་རྒྱལ་བོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་བཤེས་རྣམས་རྗེས་མི་འབྲང༌། ། སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང༌། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང། །ཞེས་གསུངས་པས་སོ། །བཞི་བ་ཐེག་པ་ཆེན་པོའི་ཐབས་ཤེས་བཤད་པ་ལ། ཐེག་ཆེན་གྱི་ཐབས་དང་ཤེས་རབ་བཤད་པ་གཉིས་ལས། དང་པོ་ཐེག་ཆེན་གྱི་ཐབས་ནི། རྩ་བར། བྱམས་དང་སྙིང་རྗེ་རྒྱུད་ལ་མ་སྐྱེས་ན། །སྒྲུབ་ལ་བརྩོན་ཡང་ཐེག་པ་དམན་པར་གོལ། །འགྲོ་བ་ཀུན་གྱི་སྡུག་བསྔལ་ཁུར་ཁྱེར་ནས། །བྱང་ཆུབ་སེམས་མཆོག་འབྱོང་བར་བྱིན་གྱིས་རློབས། །ཞེས་གསུངས་ལ།དེའི་དོན་ནི། སེམས་ཅན་རྣམས་ལ་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་ཆེན་པོ་དང་སྡུག་བསྔལ་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་རྒྱུད་ལ་ལེགས་པར་མ་སྐྱེས་ན་ལམ་ཉམས་ལེན་གྱི་སྒྲུབ་པ་ལ་བརྩོན་པ་ཇི་ལྟར་བསྐྱེད་པར་བྱེད་ན་ཡང་ཉན་ཐོས་རང་རྒྱལ་གྱི་ཐེག་པ་དམན་པའི་ལམ་དུ་ཞུགས་པར་འགྱུར་ནས་ལམ་ནོར་བའམ་གོལ་བར་འགྱུར་རོ། །རྒྱུ་མཚན་དེས་ན་ནམ་མཁའ་དང་མཉམ་པའི་འགྲོ་བ་ཀུན་གྱི་སྡུག་བསྔལ་མ་ལུས་པ་བདག་གིས་བསྒྲལ་བར་བྱ་སྙམ་པའི་ཁུར་ཁྱེར་གྱི་སྙིང་རྗེ་བསྐྱེད་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མཆོག་བདག་གི་རྒྱུད་ལ་འབྱོང་བར་ཟབ་མོ་ལྟ་བའི་བརྒྱུད་པ་དང༌། རྒྱ་ཆེན་སྤྱོད་པའི་བརྒྱུད་པ། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་གསུམ་གྱི་དཔལ་ལྡན་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་གདབ་པར་བྱའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་བསྒོམས་ན་བསོད་ནམས་རྒྱ་ཆེན་པོ་བསགས་ཏེ། དཔའ་བྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དང༌། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་བའི་སྐད་ཅིག་ལ། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱིས་སྲས་ཞེས་རབ་བརྗོད་ཅིང༌། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་པས་སོ། །

གཉིས་པ་ཐེག་པ་ཆེན་པོའི་ཤེས་རབ།

གཉིས་པ་ཐེག་པ་ཆེན་པོའི་ཤེས་རབ་ནི།

རྩ་བར། སྤྲོས་ཀུན་རང་གྲོལ་སྟོང་ཉིད་མ་རྟོགས་ན། །ཆོས་ཀུན་སྒྱུ་མ་ལྟ་བུར་མི་ཤེས་ཤིང༌། །མཚན་འཛིན་དབང་སོང་རང་སེམས་མི་གྲོལ་བས། །གནས་ལུགས་མཐར་ཐུག་རྟོགས་པར་བྱིན་གྱིས་རློབས། །ཞེས་གསོལ་བ་གདབ་པར་བྱའོ། །ཞེས་གསུངས་ལ། དེའི་དོན་ནི། བདག་དང་སྐྱེ་འགག་སོགས་ཀྱི་སྤྲོས་པ་ཀུན་རང་གི་ངོ་བོ་རང་བཞིན་གྱིས་གྲུབ་པ་ལས་གྲོལ་བའི་སྟོང་བ་ཉིད་མ་རྟོགས་པ་ཡིན་ན་ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཀུན་བདེན་པར་སྣང་ཡང་བདེན་པར་མ་གྲུབ་པ་དཔེར་ན་རྫས་སྔགས་ལ་བརྟེན་ནས་རྟ་གླང་དུ་སྣང་ཡང་སྣང་བ་ལྟར་མ་གྲུབ་པ་སྒྱུ་མ་ལྟ་བུར་ཡིན་ཡང་དེ་ལྟར་མི་ཤེས་ཤིང་རྟོགས་པར་མི་འགྱུར་ན་བདེན་པར་གྲུབ་པའི་མཚན་མར་འཛིན་པའི་དབང་དུ་སོང་ནས་རང་སེམས་ཉོན་ཤེས་ཀྱི་སྒྲིབ་པ་ལས་མི་གྲོལ་བ་ཡིན་ཏེ།དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། མཚན་མ་མེད་པར་མ་རྟོགས་པར། །ཁྱོད་ཀྱིས་ཐར་བ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་ལས། ། དེ་ནི་ཚང་བར་བསྟན་པ་ལགས། །ཞེས་གསུངས་སོ། །རྒྱུ་མཚན་དེ་བས་ན་གནས་ལུགས་མཐར་ཐུག་དོན་དམ་ཆོས་ཀྱི་དབྱིངས་རྟོགས་པར་ཟབ་མོ་ལྟ་བའི་བརྒྱུད་པ་དང༌། རྒྱ་ཆེན་སྤྱོད་པའི་བརྒྱུད་པ། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་གསུམ་གྱི་དཔལ་ལྡན་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཞེས་གསོལ་བ་གདབ་པར་བྱའོ། །འཁོར་བ་ལས་གྲོལ་བ་ལ་གང་ཟག་གི་བདག་མེད་སྒོམ་དགོས་ཏེ། ཐེག་མཆོག་དབུ་མ་ལས། གང་ཟག་བདག་མེད་སྒོམ་པ་ཡོད་མེད་ལས། །སྲིད་ལས་གྲོལ་བ་ཡོད་མེད་རྗེས་སུ་དཔོག །ཅེས་གསུངས་སོ། །ཐེག་ཆེན་གྱི་ཐར་བ་ཐོབ་པ་ལ་སྟོང་ཉིད་སྒོམ་དགོས་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་མེད་ན་གཞན་རྣམས་ཀྱིས་བྱང་ཆུབ་ཐོབ་མི་ནུས་ཏེ། ཡུམ་མདོ་ལས། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་དང༌། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་གསུངས་པས་སོ། །སྟོང་ཉིད་ལ་ཐོས་བསམ་བྱས་ནས་ཐེ་ཚོམ་ཙམ་ཞིག་ཟོས་ནའང་སྲིད་པ་འཁོར་བ་ཧྲུལ་བོར་བྱེད་ནུས་ཏེ། དབུ་མ་བཞི་བརྒྱ་བ་ལས། ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང༌། །སྲིད་པ་ཧྲུལ་བོ་བྱེད་པར་འགྱུར། །ཞེས་གསུངས་སོ། །དེས་ན་ཐབས་ཤེས་ཡ་མ་བྲལ་བར་ཐེག་ཆེན་གྱི་ལམ་ལ་སློབ་དགོས་སོ། །

སྨྲས་པ། སྐྱེས་བུ་གསུམ་དང་མི་རྟག་འཆི་བ་དང༌། །ལས་འབྲས་བསླུ་མེད་ཐེག་ཆེན་ཐབས་ཤེས་ཀུན། །ལམ་གྱི་གནད་ཀུན་བསྡུས་པའི་གདམས་ངག་འདི། །ལེགས་པར་བཟུང་ནས་ཉམས་སུ་ལེན་པར་གྱིས། །འདིར་འབད་དགེ་བས་མཁའ་མཉམ་སྐྱེ་བོ་ཀུན། །སྐྱེས་བུ་གསུམ་གྱི་ལམ་ལ་བསླབ་བྱས་ཏེ། །ཚོགས་གཉིས་རྫོགས་ནས་དོན་གཉིས་མཐར་ཕྱིན་ནས། །གཞན་དོན་ལྷུན་གྲུབ་རྒྱུན་མི་འཆད་པར་ཤོག །ཅེས་རྗེ་བཙུན་གྱི་ལམ་རིམ་མཇུག་སྡོམ་གྱི་འགྲེལ་བ་དད་པའི་འོད་སྣང་འདི་ནི་འདོད་ཆུང་ཆོག་ཤེས་ངང་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བ་གཙང་གོང་རྡོ་རྗེ་སློབ་དཔོན་ངག་དབང་བསམ་གཏན་བཟང་བོ་དང་བླ་མ་ཚུལ་འཕགས་རྣམ་གཉིས་ཀྱིས་བཀས་བསྐུལ་བ་ལ་བརྟེན་ནས་ངག་དབང་དངོས་གྲུབ་དཔལ་གྱིས་ཆུ་སྟོད་ཟླ་བའི་ཚེས་ཉེར་དྲུག་གི་སྔ་དྲོར་རྫོགས་པར་བྲིས་པའོ།། །།འདིས་ཀྱང་སྐྱེས་བུ་གསུམ་གྱི་ལམ་ལ་སློབ་པའི་རྒྱུར་གྱུར་ཅིགསརྦ་མངྒ་ལཾ། །


previousརྗེ་བཙུན་ཏཱ་ར་ནཱ་ཐའི་ལམ་རིམ་མཇུག་སྡོམ་གྱི་འགྲེལ་བ་དད་པའི་འོད་སྣང་།next