Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ། གྲུབ་མཐའ་དང་ས་ལམ་སོགས།

3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]


 expand section
 expand section
 expand section
  
collapse section
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
 expand section
  
  
  
  
 expand section
  
  
  
  
  
  
 expand section
  
  
ག་ལས་འཇིགས་མེད་རང་འགྲེལ་ཡིན་མིན་དཔྱད་པ།


3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousག་ལས་འཇིགས་མེད་རང་འགྲེལ་ཡིན་མིན་དཔྱད་པ།no next

ག་ལས་འཇིགས་མེད་རང་འགྲེལ་ཡིན་མིན་དཔྱད་པ།

ག་ལས་འཇིགས་མེད་རང་འགྲེལ་ཡིན་མིན་དཔྱད་པ།

དབུ་མ་རྩ་བའི་འགྲེལ་བ་མཆོག་ཏུ་གྱུར་བ་འདི་ནི་ཁ་ཅིག་གིས་བོད་ཀྱིས་བརྩམས་པའི་འགྲེལ་བ་ཡིན་པར་འདོད་པ་ཧ་ཅང་འཁྲུལ་བ་སྟེ། འཁྲུལ་བའི་རྒྱུ་མཚན་གང་ཞེ་ན།སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པའི་ཤེས་རབ་སྒྲོན་མེའི་འགྲེལ་བཤད་དུ་དེ་ཉིད་རང་འགྲེལ་ཡིན་པར་གསུངས་པ་དང༌། དེ་བཞིན་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་ལམ་སྒྲོན་རང་འགྲེལ་ལམ་དཀའ་འགྲེལ་དུ། དབུ་མ་རྩ་ཤེས་ལ་འགྲེལ་པ་བརྒྱད་ཡོད་དེ། སློབ་དཔོན་བདག་ཉིད་ཅེས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་རང་ཉིད་ཀྱིས་མཛད་པའི་ག་ལས་འཇིགས་མེད་དང༌། ཞེས་སོགས་ཀྱི་སྐབས་སུ་དབུ་མ་རྩ་ཤེས་ཀྱི་འགྲེལ་བ་བརྒྱད་ཡོད་པར་གསུངས་འདུག འོན་ཀྱང་དེང་སང་བོད་དུ་འགྱུར་ཡོད་པ། རང་འགྲེལ་དེ་དང༌། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་འགྲེལ་བ་བུདྡྷ་པ་ལི་ཏ། དཔལ་ལྡན་ཟླ་བ་གྲགས་པའི་རྩ་ཤེས་འགྲེལ་བ་ཚིག་གསལ་དང༌། དེ་ནས་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མེ་བཅས་མ་གཏོགས་འགྱུར་མེད།དེ་ཡང་མཁས་པའི་གཙུག་རྒྱན་རྗེ་བློ་བཟང་གྲགས་པ་ཁོང་མ་བྱོན་པའི་སྔ་རོལ་ཏུ་ག་ལས་འཇིགས་མེད་དེ་རང་འགྲེལ་ཡིན་པར་རྩོད་མེད་དུ་གྲགས་པ་ཡིན་པར་གསུང་གི་འདུག དེ་ཡང་བསྟན་པ་སྔ་དར་གྱི་སྐབས་སུ་སྔ་འགྱུར་རྙིང་མའི་ཁྲོད་ཀྱི་ལོ་ཆེན་བཻ་རོ་ཙ་ན་སོགས་མཁས་པ་བཞིས་མཛད་པའི་གསང་སྔགས་ལུང་གི་བང་མཛོད་དུ།རང་འགྲེལ་ག་ལས་འཇིགས་མེད་ཅེས་སོགས་རང་འགྲེལ་ཡིན་པར་མང་པོ་ཞིག་གསུང་གི་འདུག བསྟན་པ་ཕྱི་དར་གྱི་སྐབས་སུ་བུ་སྟོན་རིན་པོ་ཆེ་དང་བཅོམ་ལྡན་རིག་པའི་རལ་གྲི་དང་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་སོགས་རྗེ་བདག་ཉིད་ཆེན་པོ་མ་བྱོན་པའི་སྔོན་གྱི་མཁས་པ་ཐམས་ཅད་ཞལ་མཐུན་པར་ག་ལས་འཇིགས་མེད་དེ་རང་འགྲེལ་ཡིན་པར་གསུངས་ཡོད་རེད། སྤྱིར་ན་འདི་མང་པོ་ཞུ་དགོས་ཀྱིན་མི་འདུག་མོད། འོན་ཀྱང་འདི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་ཡིན་དུས་རང་གཞན་ཚང་མས་ཁས་ལེན་དགོས་ཀྱིན་ཡོད་པ་དང༌། ཁོང་ཚོས་གཞུང་འདི་རང་འགྲེལ་མ་ཡིན་པར་བཞག་པ་དེ་ཡང་འདི་རང་སྟོང་དུ་བཀྲལ་བཞག་ན་དེའི་སྒྲའི་ཟིན་ལ་འོས་ཤིང་འཚམ་པ་ཞིག་ཡོང་གི་མེད་པས་ཕྱོགས་གཅིག་ནས་དེའི་སྒོ་ནས་ཀྱང་མ་ཡིན་པར་བཞེད་པ་རེད། གཞན་རྗེ་བདག་ཉིད་ཆེན་པོས་དྲང་ངེས་ལེགས་བཤད་སྙིང་བོར། ག་ལས་འཇིགས་མེད་ལ་རང་འགྲེལ་གྱི་དོན་མེད་པར་རིགས་པ་གཉིས་དང༌། རྩ་ཤེས་ཊཱིཀ་ཆེན་དུ་ཡང་རིགས་པ་གཉིས་སྟེ་རིགས་པ་བཞི་སྦྱོར་མཁན་འདུག མདོར་ན་དྲང་ངེས་ལེགས་བཤད་སྙིང་བོའི་སྐབས་སུ།རབ་བྱེད་ཉེར་བདུན་པའི་འགྲེལ་བ་ག་ལས་འཇིགས་མེད་ལས། བཙུན་པ་འཕགས་པ་ལྷས་ཀྱང༌། ཉན་པ་པོ་མཉན་བྱ་དང༌། །སྨྲ་བོ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་བཤད་དོ། །ཞེས་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པས་རང་འགྲེལ་གྱི་དོན་མེད་དོ། །ཞེས་སློབ་མའི་ལུང་བླ་མས་མི་བཀོད་པའི་རྒྱུ་མཚན་གྱིས་སྒྲུབ་པ་དང༌། ཡང་དེ་ལས། སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་འགྲེལ་པར་འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས་སོ། །ཞེས་གལ་ཏེ་ག་ལས་འཇིགས་མེད་རང་འགྲེལ་ཡིན་ན་གཞུང་དེ་དག་གི་སྐབས་སུ་དྲང་དགོས་ལ་མ་དྲང་པའི་ཕྱིར་ཞེས་པ་སྟེ་རིགས་པ་གཉིས་གསུངས་པ་རེད། ཕྱིས་སུ་རྗེ་རིན་པོ་ཆེའི་རྗེས་འབྲངས་པ་དགེ་ལུགས་པ་སྤྱི་དང་ཀུན་མཁྱེན་གོ་རམས་པ་སོགས་ཀྱང་རྗེ་རིན་པོ་ཆེའི་རྗེས་སུ་འབྲངས་ཏེ་རང་འགྲེལ་མིན་པར་བཞེད་མཁན་མང་པོ་འདུག དེ་འདྲ་གསུངས་ཡོང་དུས་རང་ལུགས་ལ་ག་ལས་འཇིགས་མེད་དེ་རང་འགྲེལ་ཡིན་པར་གཞིར་བཞག་རེད། དེའི་སྟེང་ནས་ཅུང་ཟད་བཤད་ན། གཅིག ཕལ་ཆེར་དེང་སང་བོད་དུ་འགྱུར་ཡོད་པའི་ག་ལས་འཇིགས་མེད་དེར། བཙུན་པ་འཕགས་པ་ལྷས་ཀྱང༌། ཞེས་པ་སོགས་མཆན་དཀྱུས་སུ་ཤོར་སོང་བ་ཡིན་པར་སྣང༌། སྤྱིར་ན་རྒྱ་གཞུང་མང་པོ་ལ་མཆན་དཀྱུས་སུ་ཤོར་བ་མང་པོ་བཤད་རྒྱུ་འདུག ཁྱད་པར་དུ་འདི་ལ་མཆན་དཀྱུས་སུ་ཤོར་བར་སྣང་བའི་རྒྱུ་མཚན། དབུ་མ་རྩ་བ་ཤེས་རབ་དང་ག་ལས་འཇིགས་གཉིས་ཀའི་སྐབས་དེར་སྤྱིར་བདེན་དངོས་ཀྱི་མཐའ་སྟོང་མི་སྟོང་བཤད་པ་དང༌།དབུ་མ་བཞི་བརྒྱ་བའི་དེའི་སྐབས་དེར་འཁོར་བའི་ཕྱི་མཐའ་མཐའ་ཡོད་མེད་བཤད་པའི་སྐབས་ཆགས་འདུག དེས་ན་དེ་དེའི་སྒྲུབ་བྱེད་དུ་མི་འགྲོ་བས་མཆན་དཀྱུས་སུ་ཤོར་བ་ཡིན་པར་སྣང༌། གཉིས། ཡང་གཞན་ཞིག་ནས་བསམ་བློ་གཏང་ན། སློབ་མའི་ལུང་བླ་མས་མི་དྲང་བར་ཡང་མི་གྲུབ་པས་དེ་སྒྲུབ་བྱེད་དུ་དྲངས་ན་ཡང་མི་ཆོག་པ་མེད་སྙམ། དཔེར་ན་སློབ་དཔོན་ཕྱོགས་གླང་དང་སློབ་དཔོན་དཀོན་མཆོག་འབངས་གཉིས་ཀ་ལྟ་བུར་མཚོན་ན་བླ་སློབ་ཀྱང་རེད། དེའི་སྟེང་སློབ་དཔོན་དཀོན་མཆོག་འབངས་དེ་སློབ་དཔོན་ཕྱོགས་གླང་དང་ཐུགས་རྒྱུད་ཀྱི་རྟོགས་པ་མཉམ་པ་ལྟ་བུར་གསུངས་པ་རེད། ཁོང་གཉིས་ཀ་ཧ་ལས་པའི་ཐུགས་བརྩེ་མཐུན་ས་འདྲ་བོ་ཡིན་ས་རེད། དེའི་རྒྱུ་མཚན་གྱིས། སློབ་དཔོན་དཀོན་མཆོག་འབངས་ཀྱིས་མཛད་པའི་བསྟན་བཅོས་རེ་ལ་སློབ་དཔོན་ཕྱོགས་གླང་གིས་འགྲེལ་བཤད་གནང་བཞག་པ་ཡོད་པར་རྗེ་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་དུ་གསུངས་ཡོད། དེས་ན་སློབ་མའི་གསུང་ལ་བླ་མས་འགྲེལ་བ་བརྩམས་ན། སློབ་མའི་ལུང་དེ་ཡང་བླ་མའི་དྲངས་ན་མི་ཆོག་རྒྱུ་མེད་སྙམ། གསུམ། དེ་རང་འགྲེལ་ཡིན་ན་འགྲེལ་བ་ཁག་གི་སྐབས་སུ་དྲང་དགོས་ལ་མ་དྲང་བའི་ཕྱིར་ཞེས་པ་འདི་ལ་ཡང༌། སྤྱིར་བཏང་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མེ་སོགས་ཀྱི་སྐབས་སུ། འགྲེལ་བར་ཞེས་པ་མང་པོ་ཞིག་ཐོན་གི་འདུག དེའི་འགྲེལ་བ་དེ་ག་ལས་འཇིགས་མེད་ཡིན་སྙམ། བཞི། དེ་ལས་གཞན་གཞུང་དེ་དག་གི་སྐབས་སུ་ཡིན་ན། ག་ལས་འཇིགས་མེད་ཀྱིས་རྩོམ་གཞི་བྱས་ནས་འགྲེལ་ཡོང་དུས་ཚིག་ཕལ་ཆེར་ག་ལས་འཇིགས་མེད་ཀྱི་ཚིག་རང་སོར་བཞག་ཡོད་པས་གཅིག་རེ་གཅིག་རེ་ལུང་འདྲེན་དགོས་ན་ལུང་འདྲེན་ཚོད་ཡོད་རྒྱུ་མ་རེད། དེ་ཡང་བཅོམ་ལྡན་རིག་པའི་རལ་གྲིའི་རྩ་ཤེས་འགྲེལ་བར། སློབ་དཔོན་ལེགས་ལྡན་འབྱེད་དང་སངས་རྒྱས་བསྐྱངས་དེ་དག་གིས་རང་འགྲེལ་གྱི་མགོ་ནས་མཇུག་བར་ཕལ་ཆེར་དྲངས་འདུག འོན་ཀྱང་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་མ་གཏོགས་རང་རྒྱུད་ཀྱི་སྦྱོར་བ་བཀོད་མི་འདུག་ཅེས་གསུངས་འདུག དེའི་རྒྱུ་མཚན་གྱིས་གོང་གི་རིགས་པ་དེ་དག་གིས་རང་འགྲེལ་དུ་ཁས་ལེན་པ་ལ་མི་གནོད་པ་འདྲ་ཞིག་རེད་སྙམ། དེས་ན་རང་ལུགས་ལ་རྩ་ཤེས་འགྲེལ་བ་ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་དང༌།དེ་ཡང་རྒྱ་གར་གྱི་སློབ་དཔོན་སྤྱན་རས་གཟིགས་བརྟུལ་བཞུགས་ཀྱིས་མཛད་པའི་ཤེས་རབ་སྒྲོན་མེའི་འགྲེལ་བཤད་དུ་གསུངས་པ་དང༌། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཀྱང༌། སློབ་དཔོན་བདག་ཉིད་ཀྱིས་མཛད་པའི་ག་ལས་འཇིགས་མེད་ཅེས་དེང་སང་ཡང་ལམ་སྒྲོན་དཀའ་འགྲེལ་དུ་ཚིག་ཟིན་ཇི་ལྟ་བར་འདུག དེ་ཡང་ཇོ་བོ་རྗེ་ཡིན་ན། དཔལ་ནཱ་ལེནྡྲ་དང་བི་ཀྲ་མ་ཤཱི་ལ་གཉིས་ཀྱི་དེའི་སྐབས་ཀྱི་པནྜི་ཏ་ཆེས་མཆོག་ཏུ་གྱུར་པ་ཞིག་རེད། དེས་ན་ཁོང་རྣམ་པས་ཀྱང་གལ་ཏེ་དེ་རང་འགྲེལ་མ་ཡིན་ན་རང་འགྲེལ་ཡིན་ཞེས་གསུང་རྒྱུ་མ་རེད་སྙམ་མོ། །ཞེས་པ་དངོས་གྲུབ་དཔལ་གྱིས་བྲིས་པ་དགེའོ།


previousག་ལས་འཇིགས་མེད་རང་འགྲེལ་ཡིན་མིན་དཔྱད་པ།no next