Nitartha Digital Library
Tibetan
གསུང་འབུམ་པོད་དགུ་པ། དྲིས་ལན།


  collapse section
ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་གི་རྩོམ་གཞིའི་དྲིས་ལན་རབ་གསལ་སྣང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
  expand section


 
no previousཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་གི་རྩོམ་གཞིའི་དྲིས་ལན་རབ་གསལ་སྣང་བ།next

ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་གི་རྩོམ་གཞིའི་དྲིས་ལན་རབ་གསལ་སྣང་བ།

ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་གི་རྩོམ་གཞིའི་དྲིས་ལན་རབ་གསལ་སྣང་བ་ཞེས་བྱ་བ་བཞུགས་སོ།

ཨོཾ་བདེ་ལེགས་སུ་གྱུར་ཅིག དགེ་ལེགས་ཡོན་ཏན་རིན་ཆེན་རྒྱན་སྤྲས་པའི། །ངེས་གསང་བཤ༷ད་སྒྲུ༷བ་རྒྱ་མཚོའི་དཔ༷ལ་མངའ་བ། །དྲིན་ཅན་བླ་མ་མཆོག་ལ་ཕྱག་བྱས་ནས། །དྲིས་ལན་མདོར་བསྡུས་རབ་གསལ་བྲི་བར་བྱ། །དེ་ལ་འདིར་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉམ་མེད་ཐུབ་པའི་དབང་པོ་མཆོག་སྐྱེ་དགུ་ཐམས་ཅད་ཀྱི་མ་འདྲེས་པའི་གཉེན་དུ་གྱུར་བ་གང་ཉིད་ཀྱི་རྗེས་སུ་འཇུག་པའི་གྲུབ་མཐའ་སྨྲ་བ་བཞི་ལ་གཞི་ལམ་འབྲས་བུའི་རྣམ་བཞག་མི་འདྲ་བའི་བཞེད་ཚུལ་ཟ་འོག་གི་རི་མོ་ལྟར་སྣ་ཚོགས་པ་ཞིག་ཡོད་པ་མ་ཟད། གྲུབ་པའི་མཐའ་གཅིག་ལའང་དེར་བཞུགས་ཀྱི་མཁས་དབང་སོ་སོའི་བཞེད་ཚུལ་གཅིག་མཚུངས་མ་ཡིན་པར་མི་འདྲ་བ་དུ་མ་བྱུང་ལ། དབུ་མའི་གྲུབ་མཐའ་ལ་ཡང་བཀའ་འཁོར་ལོ་བར་བའི་རྗེས་འབྲང་གི་དབུ་མ་རང་སྟོང་བ་ཞེས་གྲགས་པ་དང༌། འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་གཞན་སྟོང་བ་དང་གཉིས་བྱུང་ལ། གཞན་སྟོང་བ་ལའང་མཁས་དབང་རྣམས་བཞེད་ཕྱོགས་དུ་མ་ཞིག་བྱུང་བ་དེ་རྣམས་ལ་བདག་ནི་དད་གུས་མཉམ་པར་ལྡན་པའོ། །འོན་ཀྱང་ད་ལན་བདག་གི་སྔོན་གྱི་ལས་སྨོན་གྱི་འབྲེལ་བའི་མེ་ཏོག་གང་ལ་ཕོག་པའི་ཆོས་རྒྱུད་ནི་དཔལ་ལྡན་རྒྱལ་བ་ཇོ་ནང་བ་ཡིན་པས། ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དང༌།ཐམས་ཅད་མཁྱེན་པ་ཏཱ་ར་ནཱའ་ཐ་རྣམ་གཉིས་ཀྱི་དགོངས་དོན་གཙོ་བོར་བྱས་ཏེ། གང་ཟག་ལ་དག་སྣང་དང་ཆོས་ལ་བརྟགས་དཔྱད་དགོས་པར་གསུངས་པའི་མན་ངག་ཡིད་ལ་སེམས་ནས་ལུང་རིགས་དྲི་མ་མེད་པའི་ལམ་ནས་ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་རྩོམ་གཞིའི་དྲིས་ལན་དག་འདི་ལྟར་བརྗོད་པར་བྱའོ། །

དྲི་བ་དང་པོ་འཇིག་རྟེན་པའི་ཡང་དག་ཀུན་རྫོབ།

དྲི་བ་དང་པོ་འཇིག་རྟེན་པའི་ཡང་དག་ཀུན་རྫོབ།

དྲི་བ་དང་པོ་འཇིག་རྟེན་པའི་ཡང་དག་ཀུན་རྫོབ་དང༌། རྣལ་འབྱོར་བའི་ཡང་དག་ཀུན་རྫོབ་གཉིས་ཀྱི་མཚན་ཉིད་དང་མཚན་གཞི་སོགས་ལ་ཁྱད་པར་ཇི་ལྟར་ཡོད་ཅེས་པའི་དྲིས་ལན།

འཇིག་རྟེན་པའི་ཡང་དག་ཀུན་རྫོབ་དང༌། རྣལ་འབྱོར་བའི་ཡང་དག་ཀུན་རྫོབ་གཉིས་ཀྱི་མཚན་ཉིད་དང་མཚན་གཞི་སོགས་ལ་ཁྱད་པར་ཇི་ལྟར་ཡོད་ཅེས་པའོ། །དེའི་ལན་ནི། འཇིག་རྟེན་པའི་ཡང་དག་ཀུན་རྫོབ་དང་རྣལ་འབྱོར་བའི་ཡང་དག་ཀུན་རྫོབ་གཉིས་ལས། དང་པོ་ནི། ཐེག་མཆོག་དབུ་མ་ལས། ཡང་དག་ཀུན་རྫོབ་འཇིག་རྟེན་རྣལ་འབྱོར་གཉིས། །མ་བརྟགས་ཕྱི་ནང་སྣང་བ་འཇིག་རྟེན་པའི། །ཞེས་དང༌། དེའི་ཟིན་བྲིས་ལས། དེ་ཡང་རིགས་པས་མ་བརྟགས་མ་དཔྱད་པའི་ཚེ་ན་ཕྱི་གཟུགས་སོགས་ནང་དབང་བོ་སོགས་ཀྱི་ཆོས་སྣ་ཚོགས་སུ་སྣང་བ་ཡིན་ལ། སྣང་བ་ལྟར་དོན་བྱེད་ནུས་པ་རྣམས་ནི། ཡང་དག་ཀུན་རྫོབ་དང༌། ཞེས་གསུངས་པ་ལྟར་ཡིན་པས།འཇིག་རྟེན་པའི་ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད་ནི་རེ་ཞིག་འདི་ལྟ་སྟེ། རིགས་པས་མ་བརྟགས་མ་དཔྱད་པའི་འཇིག་རྟེན་པའི་རྣམ་ཤེས་ཀྱི་ཡུལ་གང་ཞིག་འཇིག་རྟེན་པའི་ངོར་སྣང་བ་ལྟར་དོན་བྱེད་ནུས་པ། འཇིག་རྟེན་པའི་ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད། མཚན་གཞི་ནི། གཟུགས་སོགས་དང༌། རྡུལ་ཕྲ་རབ་ལྟ་བུའོ། །

ཐེག་མཆོག་དབུ་མ་ལས། གཞན་དབང་རྣམ་རིག་ཙམ་ནི་རྣལ་འབྱོར་པའོ། །ཞེས་དང༌། དེའི་ཟིན་བྲིས་ལས། དེ་དག་གི་སྣང་གཞིར་གྱུར་བའི་གཞན་དབང་རྣམ་པར་རིག་པ་ཙམ་ནི་རྣལ་འབྱོར་བའི་ཡང་དག་ཀུན་རྫོབ་ཅེས་བྱའོ། །ཞེས་གསུངས་པས། གཟུང་འཛིན་གཉིས་སུ་མེད་པ་ལ་ཞི་ལྷག་ཐོབ་པའི་རྣལ་འབྱོར་བའི་རྣམ་ཤེས་ཀྱི་ཡུལ་གང་ཞིག རྣལ་འབྱོར་བའི་ངོར་འཁོར་བ་འཇུག་ལྡོག་སོགས་སྣང་བའི་རྣམ་རིག་ཙམ་དེ། རྣལ་འབྱོར་བའི་ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད། མཚན་གཞི་ནི། གཞན་དབང་རྣམ་རིག་ཙམ་དང༌། ཕྱི་དོན་དུ་མ་གྲུབ་པའི་རྣམ་རིག་སོགས་སོ། །

དྲི་བ་གཉིས་པ་མཚན་ཉིད་གསུམ་གྱི་ངོ་བོ་དང་དབྱེ་བ་ཇི་ལྟར་ཡིན།

དྲི་བ་གཉིས་པ་མཚན་ཉིད་གསུམ་གྱི་ངོ་བོ་དང་དབྱེ་བ་ཇི་ལྟར་ཡིན་ཞེས་པའི་དྲིས་ལན།

མཚན་ཉིད་གསུམ་གྱི་ངོ་བོ་དང་དབྱེ་བ་ཇི་ལྟར་ཡིན་ཞེས་པའོ། །དེའི་ལན་ནི། དེ་ལ་ཀུན་བརྟགས་ཀྱི་ངོ་བོ་ནི། བརྗོད་པ་སྒྲ་རྟོག་གིས་བཏགས་པའི་བཏགས་ཆ་དེ་ཡིན་ཞིང༌། དེ་ཡང་མིང་དང་བརྡས་བཞག་པའི་མཚན་ཉིད་ལས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་རྫས་སུ་མ་གྲུབ་པ་གང་ཡིན་པ་ནི་ཀུན་བརྟགས་ཡིན་ཏེ། མདོ་སྡེ་དགོངས་འགྲེལ་ལས། རྣམ་པར་རྟོག་པའི་སྤྱོད་ཡུལ། ཞེས་པ་ནས། མིང་དང་བརྡས་རྣམ་པར་བཞག་པ་གང་ལགས་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ལགས་ཏེཞེས་དང༌། མདོ་སྡེ་རྒྱན་ལས། མིང་དང་དོན་དུ་སྣང་བ་དང༌། །དོན་དང་མིང་དུ་སྣང་བ་དང༌། །ཡང་དག་མིན་རྟོག་མཚན་ཉིད་ནི། །ཀུན་བརྟགས་པ་ཡི་མཚན་ཉིད་དོ། །ཞེས་དང༌། སུམ་ཅུ་པ་ལས། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ཉིད་ཀུན་ཏུ་བརྟགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། བརྗོད་པས་བརྟགས་པའི་བརྟགས་ཆ་ཀུན་བརྟགས་དང༌། །ཞེས་དང༌། ཉ་དབོན་པའི་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། ཡང་དག་མིན་པའི་རྣམ་རྟོག་གིས་གཟུང་བ་ཙམ་ཡིན་གྱི་དཔྱད་མི་བཟོད་ཅིང་རྫས་སུ་ཡང་མེད་པ་ནི་ཀུན་བརྟགས་ཏེ། ཞེས་གསུངས་སོ། །ཀུན་བརྟགས་ལ་དབྱེ་ན། མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟགས་དང༌། རྣམ་གྲངས་པའི་ཀུན་བརྟགས་དང༌། ལྟོས་པའི་ཀུན་བརྟགས་དང་གསུམ་ཡོད་དེ།ཐེག་མཆོག་དབུ་མ་ལས། ཀུན་བརྟགས་དེ་ནི་རྣམ་པ་གསུམ་ཡིན་ཏེ། །མཚན་ཉིད་ཆད་དང་རྣམ་གྲངས་ལྟོས་པའོ། །ཞེས་གསུངས་སོ། །ཡང་ངོ་བོ་ཀུན་བརྟགས་དང༌། ཁྱད་པར་ཀུན་བརྟགས་དང་གཉིས་ཡོད་དེ། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། ངོ་བོ་ཀུན་བརྟགས་དང་ཁྱད་པར་ཀུན་བརྟགས་གཉིས་སུའང་འགྱུར་རོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། ངོ་བོ་ཉིད་དང་ཁྱད་པར་ཀུན་བརྟགས་གཉིས། །ཞེས་གསུངས་པའི་ཕྱིར་རོ། །གཞན་དབང་གི་ངོ་བོ་ནི། རང་དབང་གི་མི་སྐྱེ་བར་རང་གི་རྒྱུ་རྐྱེན་གཞན་ལས་སྐྱེས་པའི་རྣམ་རིག་གི་བདག་ཉིད་རྫས་སུ་གྲུབ་པའི་འདུས་བྱས་གང་ཡིན་པའོ། །དེ་ཡང་རྣམ་པར་རྟོག་པའི་སྤྱོད་ཡུལ། ཀུན་བརྟགས་པའི་གནས། འདུ་བྱེད་ཀྱི་མཚན་མ་ལ་གཞན་དབང་ཞེས་བྱ་སྟེ། དགོངས་འགྲེལ་ལས། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ། ཞེས་དང༌། མདོ་སྡེ་རྒྱན་ལས། རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །གཟུང་དང་འཛིན་པའི་མཚན་ཉིད་དེ། །ཡང་དག་མ་ཡིན་ཀུན་རྟོག་ནི། །གཞན་གྱི་དབང་གི་མཚན་ཉིད་དོ། །ཞེས་དང༌། སུམ་ཅུ་པ་ལས། གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང༌། །ཞེས་དང༌། ཐེག་མཆོག་དབུ་མ་ལས།རང་གི་རྒྱུ་རྐྱེན་ལས་སྐྱེས་རྣམ་རིག་གཞན། །ཞེས་གསུངས་སོ། །དེ་ལ་དབྱེ་ན། མ་དག་གཞན་དབང་དང༌། དག་པའི་གཞན་དབང་གཉིས་ཡོད་དེ། ཐེག་མཆོག་དབུ་མ་ལས།ཡང་ན་མ་དག་དག་པའི་འཇིག་རྟེན་གཉིས། །ཞེས་གསུངས་སོ། །ཡོངས་གྲུབ་ཀྱི་ངོ་བོ་ནི། བདག་གཉིས་ཀྱིས་སྟོང་བའི་གནས་ལུགས་དོན་དམ་པར་གྲུབ་པའི་དེ་བཞིན་ཉིད་སོ་སོ་རང་རིག་པའི་ཡེ་ཤེས་གང་ཡིན་པ་དེ་ཡིན་ཏེ། མདོ་སྡེ་དགོངས་འགྲེལ་ལས། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད། ཀུན་བརྟགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་ལ་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། ཞེས་དང༌། ཐེག་མཆོག་དབུ་མ་ལས། གནས་ལུགས་གདོད་མར་གྲུབ་པ་ཡོངས་གྲུབ་བོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་དབྱེ་ན། ཡུམ་རྒྱས་པ་སོགས་ལས་ཡོངས་གྲུབ་དགུར་གསུངས་ཏེ། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པའི་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་གནས་པ་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ཏེ་ཡོངས་གྲུབ་དགུར་གསུངས་སོ། །ཡང་ན་ཆོས་ཉིད་འདུས་མ་བྱས་འགྱུར་བ་མེད་པའི་ཡོངས་གྲུབ་དང༌། འཕགས་པའི་ལམ་གྱི་ཡེ་ཤེས་འདུས་བྱས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཉིས་ཏེ། དབུས་མཐར། འགྱུར་མེད་ཕྱིན་ཅི་མ་ལོག་པའི།། ཡོངས་སུ་གྲུབ་པ་རྣམ་པ་གཉིས། །ཞེས་གསུངས་པ་ལྟར་ཡིན་ཞིང་དབྱེ་བ་དངོས་མ་ཡིན་ནོ། །

དྲི་བ་གསུམ་པ་བྱམས་ཆོས་སྡེ་ལྔ་དབུ་མའི་གཞུང་ཡིན་པའི་ཤེས་བྱེད་གང་ཡིན་ཞེས་པའི་དྲིས་ལན།།

དྲི་བ་གསུམ་པ་བྱམས་ཆོས་སྡེ་ལྔ་དབུ་མའི་གཞུང་ཡིན་པའི་ཤེས་བྱེད་གང་ཡིན་ཞེས་པའི་དྲིས་ལན།

བྱམས་ཆོས་སྡེ་ལྔ་དབུ་མའི་གཞུང་ཡིན་པའི་ཤེས་བྱེད་གང་ཡིན་ཞེས་པའོ། །དེའི་ལན་ནི། བྱམས་ཆོས་སྡེ་ལྔ་ལས་བསྟན་བཅོས་མངོན་རྟོགས་རྒྱན་དང་རྒྱུད་བླ་མ་གཉིས་དབུ་མའི་གཞུང་ཡིན་པར་ཡོངས་སུ་གྲགས་ཤིང་གྲུབ་ལ། དབུ་མའི་གཞུང་ཡིན་པ་མ་ཟད་གཞན་སྟོང་དབུ་མ་ཆེན་པོའི་གཞུང་ཡིན་པར་ཡང་གྲུབ་ཏེ། བསྟན་བཅོས་དེ་གཉིས་ཀར། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་དང༌། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི ། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་སོགས་ཀྱིས་གཞན་སྟོང་དབུ་མའི་རྣམ་བཞག་གསལ་བར་ཡང་ཡང་གསུངས་ལ། དེའི་ཚུལ་གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྦྱོར་དུ་ཤེས་པར་བྱའོ། །ཁ་ཅིག་མདོ་སྡེ་རྒྱན་སེམས་ཙམ་པའི་གཞུང་ཡིན་ཏེ། མཐར་ཐུག་ཐེག་གསུམ་དང་རིགས་ཆད་དང་ཀུན་གཞི་དང་མཚན་ཉིད་གསུམ་བསྟན་པའི་ཕྱིར་ཟེར་ན། དེ་ལ་མཐར་ཐུག་ཐེག་གསུམ་བསྟན་པ་མ་གྲུབ་ཏེ། ཁྱོད་རང་གིས་མཐར་ཐུག་ཐེག་གསུམ་བསྟན་པར་འདོད་པའི་མདོ་སྡེ་རྒྱན་གྱི་ལུང༌། ཁ་ཅིག་དག་ནི་དྲང་ཕྱིར་དང༌། །གཞན་དག་ཡང་དག་གཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཞེས་པའི་གཞུང་འདིས་མཐར་ཐུག་ཐེག་གཅིག་དྲང་དོན་དུ་བསྟན་པ་ཅུང་ཟད་ཀྱང་མེད་པར་མཐར་ཐུག་ཐེག་གཅིག་བསྟན་པའི་དགོས་པ་བསྟན་པ་ཡིན་ལ། དགོས་པ་བསྟན་པའི་དྲང་དོན་དུ་འགྱུར་ན་བཀའ་ཐམས་ཅད་དྲང་དོན་དུ་འགྱུར་རོ། །ཡང་སྐབས་འདིར་དཔྱད་པར་བྱ་བ་འདི་ཡོད་དེ། མདོ་སྡེ་རྒྱན་རྩ་འགྲེལ་ལས། ཐེག་པ་གཅིག་པ་ཉིད་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་བདུན་ཏེ། ཆོས་དང་བདག་མེད་གྲོལ་བ་རྣམས། །མཚུངས་ཕྱིར་རིགས་ནི་ཐ་དད་ཕྱིར། །བསམ་གཉིས་ཐོབ་ཕྱིར་སྤྲུལ་བའི་ཕྱིར། །མཐར་ཐུག་ཕྱིར་ན་ཐེག་གཅིག་ཉིད། །ཉན་ཐོས་ལ་སོགས་པའི་ཆོས་ཀྱི་དབྱིངས་ཐ་མི་དད་པས་ན་ཆོས་ཀྱི་དབྱིངས་མཚུངས་པའི་ཕྱིར་ཐེག་པ་གཅིག་པ་ཉིད་དེ། བགྲོད་པར་བྱ་བས་ན་ཐེག་པ་གཅིག་པས་སོ། །ཞེས་པ་ནས། དེ་ལྟར་ན་བསམ་པ་གཅིག་པ་ཉིད་ཐོབ་པས་སངས་རྒྱས་དང༌། ཉན་ཐོས་རྣམས་གཅིག་པའི་ཕྱིར་ཐེག་པ་གཅིག་པ་ཉིད་དོ། །སྤྲུལ་བའི་ཕྱིར་ཐེག་པ་གཅིག་པ་ཉིད་དེ། ཇི་སྐད་དུ། ང་ནི་ལན་བརྒྱ་ཕྲག་དུ་མར་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདས་སོ། །ཞེས་གསུངས་པ་ལྟ་བུ་སྟེ། གདུལ་བྱ་རྣམས་ཀྱི་དོན་དུ་དེ་ལྟར་སྟོན་པའི་ཕྱིར། ཞེས་པ་ནས། དེ་ལྟ་བས་ན་མདོ་དེ་དང་དེ་ལས་ནི་དགོངས་པ་དེ་དང་དེས་ཐེག་པ་གཅིག་ཉིད་དུ་གསུངས་པར་རིག་པར་བྱའི། ཐེག་པ་གསུམ་མེད་པ་ནི་མ་ཡིན་ནོ། །ཡང་ཅིའི་ཕྱིར་སངས་རྒྱས་རྣམས་ཀྱིས་དགོངས་པ་དེ་དང་དེས་ཐེག་པ་གཅིག་པ་ཉིད་དུ་བཤད་ཅེ་ན། ཁ་ཅིག་དག་ནི་དྲང་ཕྱིར་དང༌། །གཞན་དག་ཡང་དག་གཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བཤད། །ཁ་ཅིག་དྲང་བའི་ཕྱིར་ཞེས་བྱ་བ་ནི་ཉན་ཐོས་ཀྱི་རིགས་ཅན་མ་ངེས་པ་གང་དག་ཡིན་པའོ། །གཞན་དག་ཡང་དག་པར་གཟུང་བའི་ཕྱིར་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་མ་ངེས་པ་གང་དག་ཡིན་པའོ། །ཞེས་མཐར་ཐུག་ཐེག་གཅིག་བཤད་པའི་དགོངས་གཞི་དང༌། ཐེག་གཅིག་བཤད་པ་དྲང་དོན་ཡིན་པར་བསྟན་མ་བསྟན་ལ་དཔྱད་དགོས་སོ། །ཡང་མཚན་ཉིད་གསུམ་བསྟན་ན་སེམས་ཙམ་པའི་རང་གཞུང་ཡིན་པས་མ་ཁྱབ་སྟེ། གལ་ཏེ་ཁྱབ་ན་ཤེར་ཕྱིན་བྱམས་ཞུས་ལེའུ་དང༌། ཤེར་ཕྱིན་ལྔ་བརྒྱ་བ་དང་བྱང་ཆུབ་སེམས་འགྲེལ་སོགས་དབུ་མའི་གཞུང་ལུགས་དུ་མ་སེམས་ཙམ་གྱི་གཞུང་དུ་འགྱུར་རོ། །དེ་ཡང་བྱམས་ཞུས་ལས། འདི་ནི་ཡོངས་སུ་བརྟགས་པའི་གཟུགས། འདི་ནི་རྣམ་པར་བརྟགས་པའི་གཟུགས། འདི་ནི་ཆོས་ཉིད་ཀྱི་གཟུགས་སོ། །ཞེས་སོགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་སྦྱར་ནས་གསུངས་པ་དང༌། བྱང་ཆུབ་སེམས་འགྲེལ་ལས།ཀུན་བརྟགས་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཉིད་དག་ནི། །སྟོང་ཉིད་བདག་ཉིད་གཅིག་པུ་ཡི། །ངོ་བོ་སེམས་ལ་བརྟགས་པ་ཡིན། །ཞེས་མཚན་ཉིད་གསུམ་གསུངས་པའོ། །ཡང་མདོ་སྡེ་རྒྱན་དང༌། དབུས་མཐའ་རྣམ་འབྱེད་དང༌། ཆོས་ཉིད་རྣམ་འབྱེད་སེམས་ཙམ་པའི་རང་གཞུང་མ་ཡིན་ཏེ། དེ་དག་ལས་རྣམ་ཤེས་དོན་དམ་པར་མེད་པར་གསུངས་པ་གང་ཞིག སེམས་ཙམ་པས་རྣམ་ཤེས་དོན་དམ་དུ་ཡོད་པར་འདོད་པའི་ཕྱིར། དང་པོ་གྲུབ་སྟེ། མདོ་སྡེ་རྒྱན་ལས། སེམས་ལས་གཞན་མེད་པར་ཡང་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རིག ། བློ་དང་ལྡན་པའི་གཉིས་པོ་མེད་རིག་ན། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་དང༌། དབུས་མཐའ་རྣམ་འབྱེད་ལས། དོན་དང་སེམས་ཅན་བདག་རྣམ་རིག ། སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེའོ་དེའི་དོན་མེད། །དེ་མེད་པས་ན་དེ་ཡང་མེད། །ཅེས་དང༌། ཆོས་ཉིད་རྣམ་འབྱེད་ལས། གཟུང་བར་སྣང་བ་མེད་གྲུབ་ན། །འཛིན་པར་སྣང་བ་མེད་གྲུབ་བོ། །ཞེས་སོགས་གསུངས་སོ། །རྟགས་གཉིས་པ་གྲུབ་སྟེ། རྗེ་སྤྱན་རས་གཟིགས་ཀྱི་རྒྱས་འགྲེལ་དྲི་མེདའོད་ལས། གཟུང་དང་འཛིན་ལས་རྣམ་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང༌། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །ཞེས་གསུངས་པའི་ཕྱིར། གཞན་ཡང་མདོ་སྡེ་རྒྱན་དང་དབུས་མཐའ་སོགས་ལས་སྤྲོས་བྲལ་དང་དེ་བཞིན་ཉིད་སངས་རྒྱས་འགྱུར་མེད་ཡོངས་གྲུབ་གསུངས་པ་སོགས་ཀྱིས་གྲུབ་སྟེ།མདོ་སྡེ་རྒྱན་ལས། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འཇིག་མེད་འབྲི་བར་མི་འགྱུར་ཏེ། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམམ་པར་དག་འགྱུར་དེ་ནི་དོན་དམ་མཚན། །ཞེས་དང༌། དེ་བཞིན་ཉིད་ནི་སངས་རྒྱས་འདོད། །ཅེས་དང༌། དབུས་མཐའ་རྣམ་འབྱེད་ལས། སྟོང་བ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་བྱམས་ཆོས་དང་ས་སྡེ་སོགས་ཀྱིས་གནས་སྐབས་སེམས་ཙམ་སྟོན་པ་ཡོད་ཀྱང་སེམས་ཙམ་པའི་རང་གཞུང་དུ་མི་འགྱུར་ཏེ། དཔེར་ན་ཐེག་ཆེན་གྱི་སྡེ་སྣོད་དུ་ཐེག་དམན་གྱི་ལམ་སོགས་སྟོན་ཡང་ཐེག་དམན་གྱི་སྡེ་སྣོད་ཡིན་མི་དགོས་པ་བཞིན་ནོ། །དེ་སོགས་ལུང་རིགས་མང་མོད་ཀྱང་རེ་ཞིག་དེ་ཙམ་མོ། །

དྲི་བ་བཞི་བ་མདོ་སྡེ་རྒྱན་ལས་རིགས་ཆད་བསྟན་པས་སེམས་ཙམ་པའི་གཞུང་དུ་མི་འགྱུར་བའི་རྒྱུ་མཚན་གང་ཡིན་ཞེས་པ།

དྲི་བ་བཞི་བ་མདོ་སྡེ་རྒྱན་ལས་རིགས་ཆད་བསྟན་པས་སེམས་ཙམ་པའི་གཞུང་དུ་མི་འགྱུར་བའི་རྒྱུ་མཚན་གང་ཡིན་ཞེས་པའོ། །

དེའི་ལན་ནི། མདོ་སྡེ་རྒྱན་ལས་རིགས་ཆད་བསྟན་ཞེས་པ་གནས་སྐབས་རིགས་ཆད་བསྟན་པ་ལ་བྱེད་ན་གཞན་སྟོང་དབུ་མའི་རྒྱན་ལས། གནས་སྐབས་རིགས་ཆད་ཀྱང་ནི་མདོ་དེར་བཤད། །ཅེས་གསུངས་པ་ལྟར་ཤེར་མདོ་སོགས་ལས་གནས་སྐབས་རིགས་ཆད་བསྟན་པས་དེ་བསྟན་པ་ཙམ་གྱིས་སེམས་ཙམ་གྱི་གཞུང་ཡིན་པར་མ་ངེས་པ་ཡིན་ནོ། །རྒྱན་ལས་གཏན་ནས་རིགས་ཆད་བསྟན་ཟེར་ན། འདོད་མི་ནུས་ཏེ། རྒྱན་ལས་རང་བཞིན་གནས་རིགས་ལུས་ཅན་ཀུན་ལ་ཡོད་པར་གསུངས་པའི་ཕྱིར་ཏེ། དེ་ལས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པར་གསུངས་པའི་ཕྱིར་ཏེ། ཇི་སྐད་དུ། དེ་བཞིན་ཉིད་དེ་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་པ་ལ་སོགས་པ་རྒྱས་པར་གསུངས་སོ། །འོ་ན་མདོ་སྡེ་རྒྱན་ལས། ལ་ལ་གཅིག་ཏུ་ཉེས་པར་སྤྱོད་ངེས་ཡོད། །ལ་ལ་དཀར་བོའི་ཆོས་རྣམས་ཀུན་ཏུ་བཅོམ། །ལ་ལ་ཐར་བའི་ཆ་མཐུན་དགེ་བ་མེད། །དཀར་བོ་དམན་པ་ཡོད་པ་རྒྱུ་དང་བྲལ། །ཞེས་པའི་སྐབས་སུ་གཏན་ནས་རིགས་ཆད་བསྟན་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ནི་ཐེག་ཆེན་གྱི་ཆོས་ལ་སྡང་བ་བཟློག་པའི་ཆེད་དུ། ཡུན་རིང་པོར་རྒྱས་འགྱུར་གྱི་རིགས་ཆད་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། རྒྱུད་བླ་ཐོགས་འགྲེལ་ལས། ལོག་སྲེད་ཅན་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་གསུངས་པ་གང་ཡིན་པ་དེ་ནི།ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་ལོག་སྲེད་ཅན་གྱི་རྒྱུ་ཡིན་པའི་ཕྱིར་ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་བཟློག་པའི་དོན་དུ་དུས་གཞན་ལ་དགོངས་པ་ཡིན་ནོ། །རང་བཞིན་གྱིས་རྣམ་པར་དག་པའི་རིགས་ཡོད་པའི་ཕྱིར། འགའ་ཡང་གཏན་རྣམ་པར་དག་པར་མི་འགྱུར་བ་ནི་འོས་མ་ཡིན། ཞེས་འབྱུང་བ་ལྟར་རོ། །དེ་ལྟར་ཆོས་རྗེ་ཀུན་མཁྱེན་གྱི་རི་ཆོས་ངེས་དོན་རྒྱ་མཚོ་ལས་གསུངས་ཏེ། ཇི་སྐད་དུ། རང་བཞིན་གྱི་རིགས་ཆད་པ་ནི་སུ་ཡང་མི་སྲིད་ཅིང༌། རྒྱས་པའི་རིགས་ཆད་པ་ནི་མང་པོ་ཡོད་ལ། དེ་ལྟར་དོན་ལ་གནས་བཞིན་དུ་དབུ་མའི་གཞུང་ལུགས་མྱང་འདས་ཆེན་པོ་དང༌། སོར་མོའི་འཕྲེང་བ་ལ་ཕན་པ་དང༌། རྒྱུད་བླ་མ་ལ་སོགས་པ་རྣམས་སུ་ཡང༌། ལེགས་པར་གསུངས་པ་ཡིན་ནོ། །ཞེས་གསུངས་སོ། །

དྲི་བ་ལྔ་བ་བཀའ་འཁོར་ལོ་ཐ་མ་ངེས་དོན་ཡིན་པར་སྒྲུབ་པའི་ལུང་དང་རིགས་པ་གང་དག་ལ་བརྟེན་པ་ཡིན་ཞེས་པའི་དྲིས་ལན།

དྲི་བ་ལྔ་བ་བཀའ་འཁོར་ལོ་ཐ་མ་ངེས་དོན་ཡིན་པར་སྒྲུབ་པའི་ལུང་དང་རིགས་པ་གང་དག་ལ་བརྟེན་པ་ཡིན་ཞེས་པའི་དྲིས་ལན།

བཀའ་འཁོར་ལོ་ཐ་མ་ངེས་དོན་ཡིན་པར་སྒྲུབ་པའི་ལུང་དང་རིགས་པ་གང་དག་ལ་བརྟེན་པ་ཡིན་ཞེས་པའོ། །དེའི་ལན་ནི། བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་དེ་ནི་ངེས་དོན་གྱི་མདོ་སྡེ་ཡིན་པར་སྒྲུབ་བྱེད་ཀྱི་ལུང་དང་རིགས་པ་གཉིས་ལས། དང་པོ་ལུང་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་ར་ཎཱ་སི་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་བའམ་མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར། འཇིག་རྟེན་དུ་མ་བསྐོར་བ་གཅིག་རབ་ཏུ་བསྐོར་ཏེ།བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་བ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་ཉིད་དང༌། འགག་པ་མ་མཆིས་པ་ཉིད་དང༌། གཟོད་མ་ནས་ཞི་བ་ཉིད་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་དང༌། གཟུངས་ཀྱི་དབང་ཕྱུག་རྒྱལ་བོའི་ཞུས་པ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས་ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ་ལན་ཚྭའི་ཆུ་རྣོན་པོས་སྦངས་ནས་སྐྲའི་རེ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོངས་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྦངས་ནས་བལ་གྱི་ལྭ་བའི་ཡོངས་སུ་སྦྱོང་བས་སྦྱོངས་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བ་ལ་ཡང་སྦངས་ནས་རས་སྲབ་མོའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོངས་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་དྲི་མ་དང་བྲལ་བ་ནི་བཻ་ཌཱུརྻའི་རིགས་ཆེན་པོ་ཞེས་བརྗོད་དོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་མི་གཙང་པ་ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་སྐྱེད་པར་མཛད་དེ་འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་༼ཆོས་འཁོར་གཉིས་པ་ཆོས་ཐམས་ཅད་གང་ཟག་གི་བདགགི༽སྟོང་བ་ཉིད་དང་༼འགོག་པ་ཞི་བ་གྱ་ནོམ༽མཚན་མ་མེད་པ་དང་༼འདུས་བྱས་མི་རྟག་པ་ཟག་བཅས་སྡུག་བསྔལ་བ་ནི༽སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། །ཞེས་གསུངས་ལ། འཁོར་གསུམ་ཡོངས་སུ་དག་པ་ནི། བརྒྱད་སྟོང་བ་ལས། འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། འདས་པ་ལ་སེམས་མི་འཇུག མ་འོངས་པ་ལ་རྣམ་པར་ཤེས་པ་མི་འཇུག ད་ལྟར་བྱུང་བ་ལ་ཡིད་ལ་བྱེད་པར་མི་འཇུག་གོ ། ཞེས་སོ། །ཡང་འཕགས་པ་ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བ་ལས། བརྡ་སྤྲོད་པ་དག་ཇི་ལྟ་བར། །ཡི་གེ་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཞེས་གསུངས་སོ། །གཞན་ཡང་མྱང་འདས་ཆེན་པོར་འོ་མའི་སྨན་གྱི་དཔེ་དང་སྦྱར་བ་སོགས་སོར་ཕྲེང་གི་མདོ་དང་བློ་གྲོས་མི་ཟད་པའི་མདོ་སོགས་ཡོད་མོད་ཀྱང་འདིར་མ་སྤྲོས་སོ། །གཉིས་པ་རིགས་པ་ནི། འཁོར་ལོ་ཐ་མ་ཆོས་ཅན། ངེས་དོན་གྱི་མདོ་ཡིན་ཏེ། ངེས་དོན་དོན་དམ་བདེན་པ་དངོས་བསྟན་གཙོ་བོར་བསྟན་པའི་མདོ་ཡིན་པའི་ཕྱིར། གལ་ཏེ་ཁ་ཅིག་གིས་འདོད་པ་ལྟར་འཁོར་ལོ་བར་བ་ངེས་དོན་ཐ་མ་དྲང་དོན་ཡིན་ན། གདུལ་བྱ་ངེས་དོན་ལ་ཁྲིད་ཟིན་པའི་འོག་ཏུ་སླར་ཡང་དྲང་དོན་ལ་ཁྲིད་དགོས་པ་ལས་དེ་མི་རུང་བའི་ཕྱིར་ཏེ། འཕགས་པ་ཐུགས་རྗེ་ཆེན་པོ་བསྟན་པའི་མདོ་སྔར་བཀོད་པ་ལྟར་འཁོར་ལོ་རྣམ་གསུམ་གདུལ་བྱའི་རྒྱུད་སྦྱོང་ཚུལ་གྱི་རིམ་པ་ཡིན་པས་ཁྱོད་ལྟར་ན་དྲང་ངེས་སྟོན་པའི་གོ་རིམ་འཁྲུགས་པའི་ཕྱིར་རོ། །ཡང་ཐ་མའི་གདུལ་བྱ་ཐེག་པ་མཐའ་དག་ལ་ཞུགས་པས་རྒྱུད་སྦྱངས་ཟིན་པའི་དབང་རྣོན་ཡིན་པས་དེ་ལ་ངེས་དོན་མཐར་ཐུག་སྟོན་པ་སྐབས་སུ་བབས་པ་ཡིན་ལ། མདོ་སྡེ་དགོངས་འགྲེལ་ལས་དྲང་ངེས་ཕྱེ་བ་དེ་དྲང་དོན་ཡིན་ན་རྗེ་བཙུན་བྱམས་པ་དང་ཐོགས་མེད་སོགས་ཀྱིས་དྲང་དོན་དུ་བཀྲལ་དགོས་ཀྱང་ངེས་དོན་མཐར་ཐུག་ཏུ་བཀྲལ་བའི་ཕྱིར་ཐ་མ་ངེས་དོན་གྱི་མདོར་གྲུབ་ལ། དེ་ལྟ་མ་ཡིན་ན་སངས་རྒྱས་རང་ཉིད་ཀྱིས་འཕགས་པ་ཐོགས་མེད་ལུང་བསྟན་པར། མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་དྲང་ངེས་འབྱེད་པར་ལུང་སྟོན་པ་འཁྲུལ་བར་འགྱུར་རོ། །

དྲི་བ་དྲུག་པ་གཅིག་དུ་བྲལ་གྱི་རིགས་པས་ཆོས་དབྱིངས་བདེན་མེད་དུ་སྒྲུབ་པ་ལ་ལན་ཇི་ལྟར་འདེབས།

དྲི་བ་དྲུག་པ་གཅིག་དུ་བྲལ་གྱི་རིགས་པས་ཆོས་དབྱིངས་བདེན་མེད་དུ་སྒྲུབ་པ་ལ་ལན་ཇི་ལྟར་འདེབས་ཞེས་པའི་དྲིས་ལན།

གཅིག་དུ་བྲལ་གྱི་རིགས་པས་ཆོས་དབྱིངས་བདེན་མེད་དུ་སྒྲུབ་པ་ལ་ལན་ཇི་ལྟར་འདེབས་ཞེས་པའོ། །དེའི་ལན་ནི། ཆོས་དབྱིངས་ཆོས་ཅན། བདེན་པར་མེད་དེ། གཅིག་དང་དུ་མ་གང་དུ་ཡང་བདེན་པར་མ་གྲུབ་པའི་ཕྱིར་ཞེ་ན། དེ་ལ་མ་ཁྱབ་ཀྱི་ལན་འདེབས་དགོས་ལ། འོ་ན་དེ་ལ་ཁྱབ་པ་མེད་ན་ཀུན་རྫོབ་རྣམས་གཅིག་དུ་བྲལ་གྱིས་ཚུལ་ཇི་ལྟར་བདེན་མེད་དུ་སྒྲུབ་ཅེ་ན། དེ་ནི་ཀུན་རྫོབ་ཀྱི་ཆོས་རྣམས་ཆོས་ཅན།བདེན་པར་མེད་དེ། སྣང་གྲགས་ཀྱི་ཆོས་གང་ཞིག གཅིག་དང་དུ་མ་གང་དུ་བདེན་པར་མེད་པའི་ཕྱིར། དེའི་གནད་ཀྱང་ཀུན་རྫོབ་ཀྱི་ཆོས་རྣམས་གཅིག་དང་དུ་མ་གང་དུ་བདེན་པར་མེད་ན་གཞན་དུ་བདེན་པར་གྲུབ་ཚུལ་མེད་ལ། ཆོས་དབྱིངས་དོན་དམ་བདེན་པ་ནི་གཅིག་དང་དུ་མ་གང་དུུ་བདེན་པར་མེད་ཀྱང་དེ་ལས་གཞན་མཉམ་བཞག་སོ་སོ་རང་རིག་གི་ངོར་བདེན་པས་ན་བདེན་པའོ། །ཡང་ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཡང་དོན་དམ་དབྱིངས་དེ་ཆོས་ཅན། རང་བཞིན་གྱིས་མ་གྲུབ་སྟེ། ཁྱོད་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་པའི་ཕྱིར་རོ་སྙམ་ན། དེ་ལ་འགལ་ཁྱབ་ཡིན་ཏེ། གཅིག་དང་དུ་མ་གང་རུང་དུ་གྲུབ་ན། རང་བཞིན་གྱིས་གྲུབ་པ་བུད་དོ། །ཞེས་པའི་ཚིག་ཟིན་གྱི་དགོངས་དོན་གང་ཡིན་དང༌། གལ་ཏེ་ཡི་གེ་མ་དག་པ་ཡིན་ན་ནོར་བཅོས་ཇི་ལྟར་བྱེད་དགོས་སོགས་ལ་དཔྱད་པར་བྱའོ། །

དྲི་བ་བདུན་པ་རྣམ་པར་བཞག་པའི་བདེན་བཞིའི་མཚན་ཉིད་དང་དབྱེ་བ་གང་ཞེས་པའི་དྲིས་ལན།

དྲི་བ་བདུན་པ་རྣམ་པར་བཞག་པའི་བདེན་བཞིའི་མཚན་ཉིད་དང་དབྱེ་བ་གང་ཞེས་པའི་དྲིས་ལན།

རྣམ་པར་བཞག་པའི་བདེན་བཞིའི་མཚན་ཉིད་དང་དབྱེ་བ་གང་ཞེས་པ་དེའོ། །དེའི་ལན་ནི། དེ་ལ་དང་པོ་རྣམ་པར་བཞག་མ་བཞག་གི་བདེན་པ་བཞི་ལས། རྣམ་པར་མ་བཞག་པའི་བདེན་བཞི་ནི། དོན་དམ་པའི་བདེན་བཞི་སྟེ་ཆོས་ཀྱི་དབྱིངས་ལམ་བདེན་གྱི་རྣམ་པར་ཤར་བ་དོན་དམ་པའི་ལམ་བདེན་དང༌། སངས་རྒྱས་ཀྱི་ཆོས་སྐུ་དོན་དམ་པའི་སྲིད་པ་གསུམ་གྱི་རྣམ་པར་ཤར་བ་དོན་དམ་པའི་སྡུག་བསྔལ་གྱི་བདེན་པ་དང༌། ཆོས་སྐུ་དོན་དམ་པའི་ལས་ཉོན་གྱི་རྣམ་པར་ཤར་བ་ནི་དོན་དམ་པའི་ཀུན་འབྱུང་ཞེས་བྱ་སྟེ། དེ་དག་ནི་ཐུན་མོང་མ་ཡིན་པའི་འགོག་པའི་བདེན་པ་དངོས་ཡིན་ནོ། །རྣམ་པར་བཞག་པའི་བདེན་པ་བཞི་ནི། ཐེག་པ་ཀུན་ལ་གྲགས་པའི་སྒྲ་རྟོག་གིས་ཐ་སྙད་རྣམ་པར་བཞག་ཏུ་ཡོད་པའི་བདེན་པ་བཞི་ཡིན་ཏེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས།སྤྱིར་བདེན་པ་བཞི་ལ་རྣམ་པར་བཞག་པའི་བདེན་པ་བཞི་དང༌། རྣམ་པར་མ་བཞག་པའི་བདེན་བཞི་གཉིས་ལས། དང་པོ་ནི། ཐེག་པ་ཀུན་ལ་གྲགས་པ་སྟེ་དེ་ནི་སྒྲ་དང་རྟོག་པས་ཐ་སྙད་རྣམ་པར་བཞག་ཏུ་ཡོད་པས་ན་དེ་སྐད་ཅེས་བྱ་ལ། གཉིས་པ་ནི་སྒྲ་རྟོག་གིས་ཐ་སྙད་བཞག་ཏུ་མེད་པ་དོན་དམ་ཆོས་ཉིད་བདེན་བཞིའི་རྣམ་པར་སྣང་བ་དེའོ། །དེས་ན་རྒྱུ་མཚན་ལ་རྣམ་པར་བཞག་པའི་བདེན་པ་བཞི་ཆར་གྱི་ཆ་ཡོད་པ་ཡིན་ལ། ཞེས་གསུངས་སོ། །དེ་ལྟའི་རྣམ་པར་བཞག་པའི་བདེན་བཞི་བཤད་པ་ལ་བཞི་ལས། དང་པོ་སྡུག་བདེན་གྱི་མཚན་ཉིད་དང་དབྱེ་བ་ནི། ཉོན་མོངས་པའི་ཟག་པ་དང་བཅས་པའི་རང་རྒྱུ་ལས་ཉོན་གྱི་འབྲས་བུས་བསྡུས་པ་ནི། སྡུག་བདེན་གྱི་མཚན་ཉིད། མཚན་གཞི་དང་དབྱེ་བ་ནི། ལས་ཉོན་གྱིས་བསྐྱེད་པའི་སྣོད་བཅུད་གཉིས་ཡིན་ཏེ། ཀུན་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཀུན་འབྱུང་བདེན་པའི་མཚན་ཉིད་དང་དབྱེ་བ་ནི། ཉོན་མོངས་པའི་ཟག་པ་དང་བཅས་པའི་རང་འབྲས་སྡུག་བདེན་གྱི་རྒྱུས་བསྡུས་པ་དེ།ཀུན་འབྱུང་བདེན་པའི་མཚན་ཉིད། མཚན་གཞི་དང་དབྱེ་བ་ནི། ཟག་བཅས་ཀྱི་ལས་དང་ཉོན་མོངས་པ་གཉིས་ཡིན་ཏེ། མངོན་པ་ཀུན་བཏུས་ལས། ཀུན་འབྱུང་བའི་བདེན་པ་གང་ཞེ་ན། ཉོན་མོངས་པ་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ལས་སོ། །ཞེས་གསུངས་སོ། །གསུམ་པ་རྣམ་པར་བཞག་པའི་འགོག་བདེན་གྱི་མཚན་ཉིད་དང་དབྱེ་བ་ནི། ཉ་ཊཱིཀ་ལྟར་འགོག་བདེན་གྱི་མཚན་ཉིད་ནི། ཐུན་མོང་གི་དབང་དུ་བྱས་པའི་འདུས་མ་བྱས་གང་ཞིག རང་རྒྱུ་ལམ་བདེན་གྱི་བྲལ་འབྲས་ཡིན་པའོ། །དབྱེ་ན། རྗེས་མཐུན་དང་མཚན་ཉིད་པ་གཉིས་དང༌། སློབ་མི་སློབ་དང༌། དགྲ་བཅོམ་རྒྱན་བཅས་རྒྱན་མེད་དང༌། ལྷག་བཅས་ལྷག་མེད་གཉིས་དང༌། སངས་རྒྱས་བྱང་སེམས་ཀྱི་མྱང་འདས་གཉིས་སྟེ་ཚན་པ་ལྔའོ། །རྣམ་པར་མ་བཞག་པའམ་ཐུན་མོང་མ་ཡིན་པའི་འགོག་བདེན་གྱི་མཚན་ཉིད་སོགས་ནི། ཆོས་ཀྱི་དབྱིངས་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པའི་དེ་བཞིན་ཉིད་དེ། འགོག་བདེན་གྱི་མཚན་ཉིད། མཚན་གཞི་དང་དབྱེ་བ་ནི། རང་བཞིན་རྣམ་དག་དང༌། གློ་བུར་རྣམ་དག་གི་དེ་བཞིན་ཉིད་དོ། །བཞི་བ་ལམ་བདེན་གྱི་མཚན་ཉིད་དང་དབྱེ་བ་ནི། ཚོགས་ཆོས་བདེན་བཞིའི་རྣམ་བཤད་ལྟར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་དགེ་བ་གང་ཞིག རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ་དེ། ལམ་བདེན་གྱི་མཚན་ཉིད། ཡང་ན་ཉ་ཊཱིཀ་ལྟར་གཉེན་པོའི་སྒོ་ནས་ཟག་མེད་འདུས་བྱས་གང་ཞིག་འགོག་བདེན་གྱི་བྲལ་རྒྱུ་དེ། ལམ་བདེན་གྱི་མཚན་ཉིད། མཚན་གཞི་དང་དབྱེ་བ་ནི། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་རྣམས་ཡིན་ཏེ། ཀུན་བཏུས་ལས། ལམ་རྣམ་པ་ལྔ་སྟེ། ཚོགས་ཀྱི་ལམ་དང༌། སྦྱོར་བའི་ལམ་དང༌། མཐོང་བའི་ལམ་དང༌། སྒོམ་པའི་ལམ་དང༌། མཐར་ཕྱིན་པའི་ལམ་མོ། །ཞེས་གསུངས་པའི་ཕྱིར་རོ། །

དྲི་བ་བརྒྱད་པ་ཀུན་རྫོབ་གཟུགས་སྐུ་གཉིས་སངས་རྒྱས་དངོས་ཡིན་ནམ་མིན་ཞེས་པའི་དྲིས་ལན།

དྲི་བ་བརྒྱད་པ་ཀུན་རྫོབ་གཟུགས་སྐུ་གཉིས་སངས་རྒྱས་དངོས་ཡིན་ནམ་མིན་ཞེས་པའི་དྲིས་ལན།

ཀུན་རྫོབ་གཟུགས་སྐུ་གཉིས་སངས་རྒྱས་དངོས་ཡིན་ནམ་མིན་ཞེས་པ་དེའོ། །དེའི་ལན་ནི། རང་ལུགས་ཀྱི་གཞུང་རྣམས་སུ་གཟུགས་སྐུ་རྣམ་གཉིས་དོན་དམ་ལ་སྦྱར་ནས་དོན་དམ་པའི་གཟུགས་སྐུ་གཉིས་གཟུགས་སྐུ་དངོས་དང་ཀུན་རྫོབ་ཀྱི་གཟུགས་སྐུ་སངས་རྒྱས་དངོས་མ་ཡིན་པར་གཟུགས་སྐུ་བཏགས་པ་ཡིན་པར་གསུངས་ཟིན་ལ་བཤད་པ་དང༌། གཟུགས་སྐུ་གཉིས་ཀུན་རྫོབ་གཟུགས་ཀྱི་སྐུ་ལ་སྦྱར་ནས་སངས་རྒྱས་ཡིན་པ་ལྟ་བུར་གསུངས་ཚུལ་གཉིས་ལས། དང་པོ་ནི། རྡོ་རྗེ་གཅོད་པའི་མདོ་ལས། གང་དག་ང་ལ་གཟུགས་སུ་ལྟ། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སོང་ལ་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་ལྟ། །ཞེས་རང་ཉིད་ཀྱི་ཡིན་ལུགས་དང༌། གདུལ་བྱའི་མཐོང་ལུགས་གཉིས་གསུངས་ལ། སྤྱན་རས་གཟིགས་ཀྱི་དྲི་མེད་འོད་ལས། ངོ་བོ་ཉིད་ཀྱི་སྐུ་དེ་སྐུ་གསུམ་མཛད་པ་དང་བཞིར་ངེས་པར་བྱམས་པས་གསུངས། ཞེས་གསུངས་པས་ངོ་བོ་ཉིད་སྐུ་དབྱེ་གཞི་དང་སྐུ་ལྷག་མ་གསུམ་དང་མཛད་པ་རྣམས་དབྱེ་བ་ཡིན་པ་ལྟ་བུར་གསུངས་པ་དང༌། ཕར་ཕྱིན་མདོ་ལུགས་མ་ལས། ཆོས་སྐུའི་རྣམ་འགྱུར་ཡིན་པས་དོན་ལ་ཆོས་སྐུ་མ་ཡིན་པའི་གཟུགས་སྐུ་མེད་ཅེས་པའི་དོན་ཏོ། །ཞེས་དང༌། གཟུགས་སྐུ་གཉིས་ནི་སངས་རྒྱས་རང་ཉིད་ཀྱི་ཆ་ནས་དོན་དམ་པ་ཆོས་ཉིད་ཀྱི་སྐུ་འབའ་ཞིག་ཡིན་ཡང༌། གདུལ་བྱ་སེམས་ཅན་གྱིས་ཆོས་ཅན་དངོས་པོའི་སྐུར་མཐོང་བའི་ཆ་ནས་ཀུན་རྫོབ་པའི་སྐུ་དང༌། བཏགས་པ་པ་ཡི་སྐུ་དང༌། བརྡའི་སྐུ་ལ་སོགས་པར་གསུངས་སོ། དེས་ཆོས་ཉིད་ཀྱི་ལོངས་སྐུ་དང༌། སྤྲུལ་སྐུ་དེ་ཉིད་གདུལ་བྱ་དངོས་པོར་འཛིན་པའི་བག་ཆགས་ཤས་ཆེ་བ་རྣམས་ལ་དངོས་པོའི་སྐུ་སྣ་ཚོགས་པར་སྣང་ཡང་དངོས་པོའི་སྐུ་ནི་གདགས་གཞི་དེ་ཉིད་ལ་བརྟགས་པ་ཙམ་དུ་ཟད་ཀྱི། དོན་ལ་ནི་གཟུགས་སྐུའི་རྣམ་པར་སྣང་ཡང་ཆོས་སྐུ་ཉིད་ཡིན་པའི་ཕྱིར་རོ། །ཞེས་དང༌། དེས་ན་ཆོས་ཀྱི་སྐུ་ཉིད་གཟུགས་སྐུའི་རྣམ་པར་ཤར་བ་ལ་སེམས་ཅན་གྱིས་དངོས་པོའི་སྐུར་མཐོང་བའི་ཆ་དེ་ཉིད་སྐུ་བཏགས་པ་བ་དང་ཀུན་རྫོབ་པ་དང༌། བརྡའི་སྐུ་ཡིན་ནོ། །ཞེས་དང༌། རང་ཉིད་ཀྱི་ཡིན་ལུགས་རེ་དང་སེམས་ཅན་གྱི་མཐོང་ལུགས་རེ་སྟེ། གཞི་གཅིག་གི་སྟེང་དུ་བདེན་པ་གཉིས་ཀའི་སྐུ་སྟོན་ཏོ། །ཞེས་དང༌། སེམས་ཅན་གྱི་བསམ་པ་དགེ་བའི་བག་ཆགས་མི་འདྲ་བའི་དབང་གིས་དངོས་པོ་སྣ་ཚོགས་ཀྱི་སྐུར་མཐོང་བ་འདི་ལོངས་སྐུ་བཏགས་པ་བ་ཡིན་ནོ། །ཞེས་དང༌། ཤེར་འགྲེལ་སྔོན་མེད་ལེགས་བཤད་ལས། སངས་རྒྱས་རང་སྣང་གི་དོན་གནས་ཚུལ་གྱི་སྤྲུལ་སྐུ་དངོས་ཡིན་ཞིང༌། ས་བཅུའི་སེམས་དཔའ་ལ་སྣང་བ་དེ་དངོས་མ་ཡིན་ཡང་ཕྱོགས་མཐུན་དུ་བསྡུ་ལ། ཞེས་སོགས་ཀྱི་གསུངས་ཟིན་ལ་གཟུགས་སྐུ་གཉིས་དོན་དམ་ལ་སྦྱར་ནས་གཟུགས་སྐུ་སངས་རྒྱས་ཡིན་ཡང་ཀུན་རྫོབ་གཟུགས་སྐུ་སངས་རྒྱས་མ་ཡིན་པ་ལྟ་བུར་གསུངས་པ་དང༌། ཚུལ་གཉིས་རྣམ་འབྱེད་ལས། གཟུགས་སྐུ་གདུལ་བྱ་གཞན་སྣང་གིས་བསྡུས་ཀྱི་སངས་རྒྱས་མ་ཡིན་པར་བཞེད་པ་དང༌། ཞེས་གཟུགས་སྐུ་སངས་རྒྱས་མ་ཡིན་པར་ཚིག་ཟིན་ལ་གསུངས་པ་དང༌། གཞན་སྟོང་སྙིང་པོ་ལས། ལོངས་སྤྲུལ་གཉིས་ལ་དངོས་བཏགས་མ་ཕྱེ་ན་ཆ་མཉམ་ཞིང༌། ཞེས་དེ་གཉིས་དངོས་བཏགས་མ་ཕྱེ་ན་བདེན་པ་གཉིས་ཀའི་ཆ་ཡོད་པ་མཉམ་པར་གསུངས་པ་ཡིན་ནོ། །གཉིས་པ་ནི། བསྟན་བཅོས་རྒྱུད་བླ་མ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ཡི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག ། བདག་ཉིད་ཀྱི་ནི་འབྱོར་བའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡའ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན། །ཞེས་བྲལ་འབྲས་ཆོས་སྐུ་ལ་བྲལ་བའི་ཡོན་ཏན་སྟོབས་སོགས་ཚང་བ་དང༌། བསྐྱེད་འབྲས་གཟུགས་སྐུ་ལ་བསྐྱེད་པའི་ཡོན་ཏན་མཚན་བཟང་སོགས་གསུངས་ལ། རྒྱུད་བླའི་ལུང་འདི་རི་ཆོས་སུ་དྲངས་ནས་འདི་ལྟར་གསུངས་ཏེ། འདི་དག་གིས་ནི་ཁ་ཅིག་ཆོས་སྐུའང་བསྐྱེད་འབྲས་ཀུན་རྫོབ་ཏུ་འདོད་པ་དང༌། ཁ་ཅིག་གཟུགས་སྐུ་ཡང་བྲལ་འབྲས་དོན་དམ་དུ་འདོད་པ་བསལ་བ་ཡིན་ནོ། །ཞེས་པ་ནས། ཁ་ཅིག་ཆོས་སྐུའང་སེམས་ཅན་རྣམས་ལ་དང་པོ་ནས་མེད་པར་འདོད་པ་དང༌། ཁ་ཅིག་གཟུགས་སྐུའང་སེམས་ཅན་རྣམས་ལ་དང་པོ་ནས་ཡོད་པར་འདོད་པ་ཡང་ཤིན་ཏུ་འཁྲུལ་ཏེ། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །ཞེས་དང༌། དེ་ལྟར་སྐུ་གསུམ་མམ་སྐུ་བཞི་གང་ལྟར་བཞག་ཀྱང་གཟུགས་སྐུ་གཉིས་ནི་ཀུན་རྫོབ་བརྡའི་སྐུ་སྟེ། ཞེས་དང༌། འདིར་ལོངས་སྤྱོད་རྫོགས་པ་དང་སྤྲུལ་བའི་སྐུ་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་ན་ཐུབ་པའི་བཀའ་ལ་མི་རྨོངས་པར་འགྱུར་རོ། །དེ་ལ་གཟུགས་སྐུ་རྣམ་པ་གཉིས་ནི་ཀུན་རྫོབ་ཀྱི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་བའི་སྐུ་སྟེ་ཐུན་མོང་དུ་རབ་ཏུ་གྲགས་པའོ། །ཞེས་དང༌། ཆོས་རྗེ་ཀུན་མཁྱེན་གྱི་རྒྱུད་བླའི་འགྲེལ་བར། སངས་རྒྱས་ཞེས་པའང་རང་དོན་ཕུན་སུམ་ཚོགས་པ་དང༌། གཞན་དོན་ཕུན་སུམ་ཚོགས་པ་མཐར་ཕྱིན་པས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ཡང་རྟེན་རང་དོན་དོན་དམ་པ་ཆོས་ཀྱི་སྐུ་དང་ནི། དེ་ལ་བརྟེན་པའི་གཞན་དོན་ཀུན་རྫོབ་གཟུགས་ཀྱི་སྐུ་དེ་ཉིད་དེ། སྐུ་གཉིས་ཀྱི་བདག་ཉིད་ཅན་ཡིན་ཞིང༌། དེ་དག་ལ་ཡོད་པ་ལ་བརྟེན་པའི་ཡོན་ཏན་ལ་ཕྱེ་ནའང་ཆོས་སྐུ་ལ་ཡོད་པ་བྲལ་བའི་འབྲས་བུའི་ཡོན་ཏན་སུམ་ཅུ་རྩ་གཉིས་དང༌། གཟུགས་སྐུ་ལ་ཡོད་པ་རྣམ་པར་སྨིན་པའི་འབྲས་བུ་ནི་ཡོན་ཏན་སུམ་ཅུ་རྩ་གཉིས་ཏེ། གཉིས་ཀ་བསྡོམས་པ་ལས་ཡོན་ཏན་གྱི་དབྱེ་བ་དྲུག་ཅུ་རྩ་བཞི་པོ་འདི་དག་ཡིན་ནོ། །ཞེས་སོགས་གསུངས་པས་གང་གི་གསུངས་ཟིན་ལྟར་འཇོག་ཅེ་ན། བདག་གི་རྣམ་པར་རྟོག་པ་ལ་རེ་ཞིག་འདི་ལྟར་ཁས་ལེན་པར་བྱ་སྟེ། ཀུན་རྫོབ་གཟུགས་སྐུ་སངས་རྒྱས་མ་ཡིན་པ་ཚིག་ཟིན་ལ་གསུངས་པ་ནི། དོན་གྱི་གནས་ལུགས་ལ་སངས་རྒྱས་མ་ཡིན་པར་དགོངས་པ་དང༌། ཀུན་རྫོབ་གཟུགས་སྐུ་གཉིས་གཟུགས་སྐུ་བཏགས་པ་བ་གསུངས་ཟིན་ལ་བཤད་པ་ནི། དོན་དམ་པའི་སྐུ་བཞི་གཙོ་བོར་བསྟན་པའི་དབང་དུ་བྱས་ནས་དེ་སྐད་གསུངས་པའོ། །གཟུགས་སྐུ་གཉིས་སངས་རྒྱས་དངོས་ཡིན་ཡང་སངས་རྒྱས་མ་ཡིན་པ་ལྟ་བུར་གསུངས་པ་ནི་གནས་ལུགས་དོན་དམ་པའི་སངས་རྒྱས་མ་ཡིན་པ་དང་སངས་རྒྱས་རང་སྣང་ལ་སངས་རྒྱས་མ་ཡིན་པར་དགོངས་པ་ཡིན་ནམ་སྙམ། དེ་ལྟར་མ་ཡིན་ན་ཀུན་རྫོབ་གཟུགས་སྐུ་སངས་རྒྱས་ལ་མ་ཐོབ་དགོས་ལ། དེ་ལྟར་ན་ཐོབ་བྱ་ནི་ཡིན་པས་སེམས་ཅན་ལ་ཐོབ་དགོས་ལ། དེ་འདོད་ན། སེམས་ཅན་ལ་སངས་རྒྱས་ཡོད་ཀྱང་སངས་རྒྱས་ཡིན་མི་དགོས་པའི་རྒྱུ་མཚན་དུ། རི་ཆོས་ལས། སེམས་ཅན་ཐམས་ཅད་ལ་ཀུན་རྫོབ་ཀྱི་སངས་རྒྱས་ཡོད་པར་ཁས་མ་བླངས་པའི་ཕྱིར། ཞེས་གསུངས་པ་འབྲེལ་མེད་དུ་འགྱུར་རོ། །ཁྱད་པར་དུ་གཟུགས་སྐུ་གཉིས་སངས་རྒྱས་ཡིན་པར་ཉ་དབོན་ཀུན་དགའ་དཔལ་གྱིས་མཛད་པའི་གཞི་ལམ་འབྲས་གསུམ་ལས་བརྩམས་པའི་དྲིས་ལན་ཡིད་ཀྱི་མུན་སེལ་ལས་ལུང་རིགས་ཞིབ་རྒྱས་ཀྱིས་འདི་ལྟར་གསུངས་སྟེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱི་དོན་ལ་རྟོན་པར་བྱ་ཡི་ཚིག་འབྲུ་ལ་རྟོན་པར་མི་བྱའོ། ཞེས་བཀའ་བསྩལ་བ་ལྟར་དགོངས་པ་ཟབ་མོ་གང་ཡིན་དཔྱད་ནས་དེ་དང་མི་འགལ་བ་ཁས་བླངས་ཀྱི་སྒྲ་ཅི་བཞིན་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་རྒྱུད་བླ་མའི་ལུང་དོན་སྒྲ་ཅི་བཞིན་པར་བྱས་ནས་མཆོག་གི་སྤྲུལ་བའི་སྐུ་གདུལ་བྱ་སོ་སྐྱེའི་རང་སེམས་ཀྱི་སྣང་བ་ཡིན་གྱི་སངས་རྒྱས་སས་བསྡུས་ཀྱི་སྐུ་མཚན་ཉིད་པ་མིན་ན་ཆུ་ནང་གི་ཟླ་གཉིས་ལྟ་བུ་མེད་པ་སྣང་བ་གཅིག་ཡིན་ནམ་རྫས་སུ་ཡོད་པའི་སྣང་བ་ཡིན། དང་པོ་ལྟར་ན་ཤཱཀྱ་ཐུབ་པ་ལྟ་བུ་མཆོག་གི་སྤྲུལ་བའི་སྐུ་དེས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ཆོས་འཁོར་བསྐོར་བའང་མིན་པར་འགྱུར་རོ། །ཆུ་ནང་གི་ཟླ་གཉིས་བཞིན་མེད་པའི་སྣང་བ་ཡིན་པའི་ཕྱིར་རོ། །འདོད་མི་ནུས་ཏེ། མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག། གང་རྣམས་ཐུབ་པའི་གསུང་དེ་དག །ཅེས་སོགས་དང༌། མངོན་རྟོགས་རྒྱན་དུ། གང་དང་ཡང་དག་ལྡན་པའི་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུང་བ། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་ཀྱི་ལུང་མཐའ་ཡས་སོ། །གཉིས་པ་ལྟར་ན། མཐའ་གཞན་བཀག་པའི་ལུང་རིགས་ཀྱིས་གདུལ་བྱ་སོ་སྐྱེས་རང་ཉིད་ཀྱི་རྣམ་ཤེས་ཀྱིས་བསྡུས་པའི་དངོས་པོ་ཞིག་ཏུ་ཁས་ལེན་དགོས་པར་འགྱུར་བ་ལས་མ་འདས་ལ། དེ་ལྟར་ན་དེས་གསུངས་པའི་འཁོར་ལོ་རིམ་གསུམ། གསུང་རབ་ཡན་ལག་བཅུ་གཉིས་རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་མ་ཡིན་པར་འགྱུར། དེ་གསུང་བ་པོ་སངས་རྒྱས་ཡིན་པའི་གཟུགས་སྐུ་མེད་ཀྱི་དེ་གསུང་པ་པོར་འདོད་པའི་གཟུགས་སྐུ་དེ་ནི་གདུལ་བྱ་སོ་སྐྱེའི་རྣམ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར། འདོད་ན། བཀའ་འཁོར་ལོ་རིམ་པ་གསུམ་དང༌། གསུང་རབ་ཡན་ལག་བཅུ་གཉིས་སངས་རྒྱས་ཀྱི་བཀའ་མཚན་ཉིད་པ་མ་ཡིན་པར་ཐལ་བར་འགྱུར། དེ་ཡང་འདོད་ན། དེ་རྣམས་སྟོན་པ་སངས་རྒྱས་ཀྱི་བཀར་མཛད་དེ་སེམས་དཔའ་ཆེན་པོ་རྣམས་དང་དགྲ་བཅོམ་ཆེན་པོ་རྣམས་ཀྱིས་བཀའ་བསྡུ་བ་རིམ་པར་མཛད་པ་མི་འཐད་པར་ཐལ་བ་དང༌། རྒྱན་དྲུག་ལ་སོགས་པའི་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཀའི་དགོངས་འགྲེལ་མཛད་དེ་བསྟན་པ་རྒྱས་པར་མཛད་པ་མི་འཐད་པར་ཐལ་བ་ལ་སོགས་པ་སྐྱོན་དུ་མ་ཡོད་ཅིང༌། གཞན་ཡང་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ནས་ལུང་དང་རྟོགས་པའི་དམ་པའི་ཆོས་ལ་འཇུག་ཅིང་བསྒྲུབ་པ་ནན་ཏན་དུ་བྱེད་པའི་སོ་སྐྱེས་དང་འཕགས་པའི་གང་ཟག་སློབ་ལམ་མེད་པར་འགྱུར་ཏེ། ཆོས་གསུང་བ་པོའི་སངས་རྒྱས་གཟུགས་སྐུ་མེད་ཅིང༌། སྔར་བཤད་ཀྱི་རྟོགས་པ་ཡེ་ཤེས་ཆོས་སྐུ་དང༌། ངོ་བོ་ཉིད་སྐུ་ནི། གང་ཟག་དེ་དག་ལ་དངོས་སུ་ཆོས་སྟོན་པར་ཁྱེད་ཀྱིས་ཁས་ལེན་པར་མི་ནུས་ཏེ། དེ་གཉིས་ནི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཡིན་གྱི་གང་ཟག་དེ་དག་གི་སྤྱོད་ཡུལ་མ་ཡིན་པར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་རོ། །གཞན་ཡང་གདུལ་བྱ་སོ་སྐྱེས་རྣམས་ཀྱིས་མཚན་བཟང་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་བོ་བརྒྱད་ཅུའང་ཐོབ་པར་འགྱུར།སངས་རྒྱས་མཆོག་གི་སྤྲུལ་བའི་སྐུ་དེ་རང་སེམས་ཀྱི་རྫས་ཡིན་ཅིང༌། རང་སེམས་དེ་རང་རྒྱུད་ལ་རྫས་སུ་མེད་ཀྱིས་བསྙོན་དུ་མེད་པའི་སྐྱེས་བུ་ཡིན་པའི་ཕྱིར། ཡང་ལོངས་སྐུ་བྱང་སེམས་འཕགས་པའི་རང་སྣང་ཡིན་གྱི་སངས་རྒྱས་མཚན་ཉིད་པ་མ་ཡིན་ན། གནས་འོག་མིན་ཆེན་པོ་ཁོ་ནར་བཞུགས་པ་ལ་སོགས་པའི་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་དེ་གནསམ་ལུས་པར་གྱུར་བའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་དུ་བྱམས་པས་གསུངས་པ་མི་འཐད་པར་ཐལ་བར་འགྱུར་དེ་གདུལ་བྱ་སློབ་ལམ་པ་འགའ་ཞིག་གི་སེམས་ཀྱི་རང་སྣང་ཡིན་གྱི་སངས་རྒྱས་མིན་པའི་ཕྱིར། འདོད་མི་ནུས་ཏེ། མདོ་སྡེ་རྒྱན་དུ། ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་རོ། །ཞེས་སོ། །བྱང་སེམས་འཕགས་པ་སློབ་ལམ་པ་དེ་རྣམས་ཀྱང་གནས་འོག་མིན་ཆེན་པོར་སངས་རྒྱས་ཟིན་པར་འགྱུར་ཏེ། མདོ་བསྟན་ཆོས་རྣམས་སུ་གསུངས་པའི་སྐུ་གསུམ་པ་ལོངས་སྤྱོད་རྫོགས་པའི་སྐུ་དེ། དེའི་རང་སེམས་ཀྱི་རང་སྣང་གི་རྫས་ཉིད་ཡིན་པའི་ཕྱིར། ཇི་སྐད་དུ། ལང་ཀར་གཤེགས་མདོར།གཙང་མའི་གནས་དག་སྤངས་པ་ཡི། །འོག་མིན་གནས་ནི་ཉམས་དགའ་བ། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་བ་པོ་ནི་འདིར་འཚང་རྒྱ། །ཞེས་བཤད་དོ། །རྐང་བ་ཕྱི་མ་འདིས་མཆོག་གི་སྤྲུལ་སྐུ་ཡང་སངས་རྒྱས་སུ་འགྲུབ་པོ། །ཞེས་གསུངས་པ་དང༌། སངས་རྒྱས་ཀྱི་གཟུགས་སྐུ་སངས་རྒྱས་ཀྱི་སས་མ་བསྡུས་པར་གདུལ་བྱའི་སེམས་ཀྱི་སྣང་བ་ཙམ་དུ་སྟོན་པ་མ་ཡིན་ནོ། །དེ་ལྟར་མ་ཡིན་པར་གཟུགས་སྐུ་གདུལ་བྱའི་རང་སྣང་ཁོ་ན་ཡིན་ན། དབུ་མ་རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུས་ན། །རྒྱལ་བོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པས། གང་ཟག་ལྷས་སྦྱིན་གྱིས་སྐལ་བ་གྲངས་མེད་དུ་མར་བསོད་ནམས་ཀྱི་ཚོགས་རབ་ཀྱི་མཐར་ཕྱིན་པར་བསགས་པའི་འབྲས་བུ་དངོས་དེ་ཁོང་གིས་མ་ཐོབ་པར་གདུལ་བྱ་མཆོད་སྦྱིན་གྱིས་ཐོབ་པར་འགྱུར་ཞིང༌། འདོད་ན་ལས་བྱས་པ་ཆུད་ཟོས་ཤིང་མ་བྱས་པ་དང་འཕྲད་པར་འགྱུར་རོ། །གཞན་ཡང་མདོ་གསེར་འོད་དམ་པ་ལས། དཔེར་ན་ནམ་མཁའ་ལ་བརྟེན་ནས་གློག་འབྱུང་ངོ༌། །གློག་ལ་བརྟེན་ནས་འོད་འབྱུང་ངོ༌། །དེ་བཞིན་དུ་ཆོས་ཀྱི་སྐུ་ལ་བརྟེན་ནས་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་ངོ༌། །ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་ནས་སྤྲུལ་བའི་སྐུ་འབྱུང་ངོ༌། །ཞེས་གསུངས་ཏེ། དཔེ་དོན་རྣམ་པ་ཐམས་ཅད་དུ་མཚུངས་དགོས་པ་མ་ཡིན་མོད། སྐབས་སུ་བབ་པའི་མཚུངས་ཆོས་ངེས་པར་སྦྱོར་དགོས་པས་འདིར་གློག་གི་འོད་དེ་གློག་དེ་ཉིད་ཀྱི་རང་གི་མདངས་གསལ་བའི་ཆ་གཅིག་ཡིན་ལ། གློག་དང་བྲལ་མི་ཤེས་པ་ཡིན་ཞིང༌། དེ་གཉིས་ལ་མཆོག་དམན་གྱི་ཁྱད་མེད་པ་དེ་བཞིན་དུུ་སངས་རྒྱས་ཀྱི་ལོངས་སྐུ་དང་སངས་རྒྱས་རང་ཉིད་ཀྱིས་སྤྲུལ་བའི་སྤྲུལ་སྐུ་དང༌། སངས་རྒྱས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་གདུལ་བྱའི་སྤྱོད་ཡུལ་དུ་གསལ་བའི་ཡེ་ཤེས་ཀྱི་རྣམ་འགྱུར་ཉིད་ཡིན་པས།སངས་རྒྱས་ཀྱི་ས་ཉིད་ཀྱིས་བསྡུས་པའི་ཕྱིར། དེ་གཉིས་ལ་བཟང་ངན་གྱི་ཁྱད་མེད་ཅིང་གདུལ་བྱའི་སེམས་རྒྱུད་ཀྱིས་བསྡུས་པ་མ་ཡིན་ནོ། །ཞེས་པ་ནས། དེས་ན་རྫོགས་པའི་སངས་རྒྱས་ཀྱི་ལོངས་སྤྲུལ་གཉིས་པོ་ཡང་སངས་རྒྱས་ཀྱི་སས་བསྡུས་ཀྱི་ཡོན་ཏན་ཁོ་ནར་ངེས་སོ། །ཞེས་སོགས་གསུངས་པས་རྒྱས་པར་དེར་བལྟ་བར་བྱའོ།། གཞན་ཡང་ཀུན་རྫོབ་གཟུགས་སྐུ་གཉིས་སངས་རྒྱས་མ་ཡིན་ན་ཀུན་རྫོབ་ཀྱི་མེ་ལོང་ཡེ་ཤེས་སོགས་ཡེ་ཤེས་བཞི་དང༌། མཐར་ཕྱིན་པའི་ལམ་བདེན་སོགས་སངས་རྒྱས་ཀྱི་རྒྱུད་ལ་མེད་པར་འགྱུར་བ་དང༌། རི་ཆོས་ལས། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་ལ་ནི། འདུས་བྱས་ཀྱང་ཡོད་ཅིང་འདུས་མ་བྱས་ཀྱང་ཡོད་པས་ཀུན་རྫོབ་ཀྱང་ཡོད་ལ། ཞེས་པ་ནས། གཞན་བྱུང་ཡེ་ཤེས་བཞི་དང་རང་བྱུང་ཡེ་ཤེས་ལྔ་སྟེ། ཞེས་དང༌། ཀུན་རྫོབ་གཟུགས་སྐུ་བསྐྱེད་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་དགོས། ཞེས་དང༌། ཤེར་འགྲེལ་སྔོན་མེད་ལེགས་བཤད་ལས། ལམ་བདེན་དངོས་ནི། མཐོང་སྒོམ་མི་སློབ་ལམ་གསུམ་གྱིས་བསྡུས་པའི་ཡེ་ཤེས་གསར་བྱུང་རྒྱུ་རྐྱེན་ལས་སྐྱེས་པ་རྣམས་ཡིན་ལ། ཞེས་གསུངས་པ་དང༌། ཀུན་རྫོབ་ཀྱི་སངས་རྒྱས་སངས་རྒྱས་མིན་ན་ཀུན་གཞི་ཡེ་ཤེས་ལྔའི་རབ་ཏུ་དབྱེ་བ་ལས། ཀུན་གཞི་ཡིན་ལ་སངས་རྒྱས་མིན་པ་ཡོད། །སངས་རྒྱས་ཡིན་ལ་ཀུན་གཞི་མིན་པ་ཡོད།། གཉིས་ཀ་ཡིན་ལ་གཉིས་ཀ་མིན་པ་ཡོད། །ཅེས་མུ་བཞི་གསུངས་པ་ཡང་མེད་པར་འགྱུར་བ་སོགས་འགལ་བ་དུ་མར་འགྱུར་བས་ཞིབ་ཏུ་དཔྱད་པར་བྱའོ། །

དྲི་བ་དགུ་བ་འཕགས་རྒྱུད་ཀྱི་ཉོན་ཡིད་དང་ཀུན་གཞིའི་མཚན་ཉིད་ལྡོག་ཚེ་ཉོན་ཡིད་དང་ཀུན་གཞི་ཡིན་ནམ་མིན་ཞེས་པའི་དྲིས་ལན།

དྲི་བ་དགུ་བ་འཕགས་རྒྱུད་ཀྱི་ཉོན་ཡིད་དང་ཀུན་གཞིའི་མཚན་ཉིད་ལྡོག་ཚེ་ཉོན་ཡིད་དང་ཀུན་གཞི་ཡིན་ནམ་མིན་ཞེས་པའི་དྲིས་ལན།

འཕགས་རྒྱུད་ཀྱི་ཉོན་ཡིད་དང་ཀུན་གཞིའི་མཚན་ཉིད་ལྡོག་ཚེ་ཉོན་ཡིད་དང་ཀུན་གཞི་ཡིན་ནམ་མིན་ཞེས་པའོ། །དེའི་ལན་ནི། ཀུན་གཞི་རྣམ་ཤེས་དང་ཉོན་ཡིད་གཉིས་ཀྱི་མཚན་ཉིད་སོགས་ལྡོག་ཚུལ་ནི་འདི་ལྟར་ཤེས་པར་བྱ་སྟེ།སུམ་ཅུ་པ་ལས། དགྲ་བཅོམ་ཉིད་ན་དེ་ལྡོག་གོ ། ཞེས་དང༌། དེ་དགྲ་བཅོམ་མེད། །འགོག་པའི་སྙོམས་པར་འཇུག་ལ་མེད། །འཇིག་རྟེན་འདས་པའི་ལམ་ན་མེད། །ཅེས་དང༌།བློ་བརྟན་གྱི་སུམ་ཅུ་པའི་འགྲེལ་བ་ལས། རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་སྟེ།ཇི་སྲིད་དུ་དེ་ཡོད་པ་དེ་སྲིད་དུ་དེ་དག་དང་མཚུངས་པར་ལྡན་ནོ། །ཞེས་དང༌། དགྲ་བཅོམ་ཉིད་ན་དེ་ལྡོག་གོ་ཞེས་བྱ་བ་སྨོས་སོ། །དགྲ་བཅོམ་པ་ཉིད་ཅེས་བྱ་བ་ཅི་ཞེ་ན་གང་དང་ལྡན་ན་འདི་དགྲ་བཅོམ་པ་ཞེས་བྱའོ། །ཅི་དང་ལྡན་ན་དགྲ་བཅོམ་པ་ཞེས་བྱ་ཞེ་ན། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པ་ཐོབ་པའི་ཕྱིར་རོ། །ཞེས་དང༌། བློ་བརྟན་གྱི་ཕུང་ལྔའི་རབ་བཤད་བྱེ་བྲག་ཏུ་བཤད་པ་ལས། དགྲ་བཅོམ་པ་ནི་ཁམས་གསུམ་པའི་ཉོན་མོངས་པ་ཅན་གྱི་ཆོས་སྤངས་པའི་ཕྱིར། དགྲ་བཅོམ་པའི་དུས་ནི་མི་འབྱུང་ངོ། །ཞེས་དང༌།ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཀུན་གཞི་ལྡོག་པའི་མཚམས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ན་ལྡོག་པར་བཤད་པ་ཡིནཞིང༌། དེ་ཡང་ཐེག་ཆེན་དགྲ་བཅོམ་པ་སངས་རྒྱས་ཐོབ་ཚེ་ཀུན་གཞིའི་ངོ་བོ་སྤངས་ཤིང་དེའི་རིགས་རྒྱུན་ཙམ་ཞིག་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་གྱུར་པ་ཡིན་ནོ། །དམན་པའི་དགྲ་བཅོམ་གཉིས་དང༌། ཐེག་ཆེན་གྱི་འཕགས་ལམ་ཐོབ་པའི་ཚེ་ཀུན་གཞི་ཡོངས་སུ་རྫོགས་པ་ལྡོག་པ་མ་ཡིན་ཡང༌། ཀུན་གཞི་འདིའི་མཚན་ཉིད་མཐའ་དག་མ་ཚང་བར་བྱས་པ་ཡིན་ཏེ། སྤྱིར་ཀུན་གཞི་ཉིད་བག་ཆགས་ཀུན་དང་ལྡན་པ་ཡིན་ལ། དེའི་ཚེ་ཁམས་གསུམ་འཁོར་བའི་ས་བོན་དང་བག་ཆགས་ཐམས་ཅད་སྤངས་པས་ན་མཚན་ཉིད་དང་མི་ལྡན་པར་སོང་བས་སོ། །ཞེས་དང༌། ཐེག་ཆེན་གྱིས་བརྒྱད་པ་ཐོབ་པ་དེ་སྲིད་དུ་ཉོན་ཡིད་ཀྱི་རིགས་རྒྱུན་ཙམ་ཡོད་ཀྱང་དེ་ཐོབ་པ་ན་དེ་རྩ་བ་ནས་སྤངས་པ་ཡིན་ཞིང༌། དམན་པའི་དགྲ་བཅོམ་གཉིས་ཐོབ་པ་ན་ཡང་ཉོན་ཡིད་མཚན་ཉིད་པ་དེ་མེད་པ་ཡིན་ནོ། །དེ་བཞིན་དུ་འགོག་པའི་སྙོམས་འཇུག་ན་གནས་པ་ལ་ཡང་ཉོན་ཡིད་མེད་དེ། ཞེས་པ་ནས། ཐེག་པ་ཆེ་ཆུང་གི་འཇིག་རྟེན་ལས་འདས་པའི་ལམ་ན་ཡང་ཉོན་ཡིད་མཚན་ཉིད་པ་མེད་པ་ནི་སྔར་བཤད་ཟིན་པ་ལྟར་རོ། །ཞེས་དང༌། ཀུན་གཞིའི་རྣམ་ཤེས་ཀྱང་ཁམས་གསུམ་འཁོར་བའི་བག་ཆགས་ཐམས་ཅད་བྲལ་བའི་ཕྱིར་མཚན་ཉིད་མཐའ་དག་ཚང་བ་མ་ཡིན་ཏེ། དཔེར་ན་སྔར་ཁམས་ཀྱི་རྒྱལ་ཕྲན་ཞིག་ཡིན་པ་ལ་ཕྱིས་རྒྱལ་སྲིད་ཕྱེད་ཤོར་བའི་ཁམས་ཀྱི་རྒྱལ་ཕྲན་ཀྱི་མཚན་ཉིད་མ་ཚང་བ་བཞིན་ནོ། །ཞེས་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། ལྡོག་ཚུལ་ལ་ཀུན་གཞིའི་རྣམ་སྨིན་གྱི་ཆ་ནི། ཞེས་པ་ནས། ཐེག་ཆེན་པའི་ལུགས་ཀྱིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྗེས་ལ་མེ་ལོང་ཡེ་ཤེས་སུ་གནས་གྱུར་ནས་ལྡོག་སྟེ། གང་ཡང་ཀུན་གཞིའི་རྣམ་པར་ཤེས། །མེ་ལོང་ཡེ་ཤེས་གནས་གྱུར་པ། །ཞེས་དང༌། འཇུག་ལྡོག་ནི། གཞུང་དུ་འབྱུང་བ་ལྟར་གནས་སྐབས་གསུམ་མ་གཏོགས་པར་ཀུན་གཞི་ལ་དམིགས་ནས་རྒྱུན་ལྡན་དུ་འབྱུང་ཞིང༌། ས་བརྒྱད་པ་ལ་གནས་གྱུར་པས་ལྡོག་སྟེ། ཡིད་དང་འཛིན་དང་རྣམ་པར་རྟོག ། གྱུར་ཕྱིར་རྣམ་པར་མི་རྟོག་དང༌། །ཞེས་པ་ལྟར་རོ། །སངས་རྒྱས་ས་གནས་གྱུར་མཐར་ཐུག་པ་མཉམ་ཉིད་ཀྱི་ཡེ་ཤེས་སུ་འགྱུར་ཏེ། ཉོན་མོངས་ཅན་ཡིད་གནས་གྱུར་བ། །མཉམ་ཉིད་ཡེ་ཤེས་བརྗོད་པར་བྱ། །ཞེས་པ་ལྟར་རོ། །ཞེས་སོགས་གསུངས་པས། ཀུན་གཞི་རྣམ་ཤེས་དང་ཉོན་ཡིད་ཀྱི་མཚན་ཉིད་ལྡོག་ཚེ་གང་ཟག་དེའི་རྒྱུད་ལ་དེ་གཉིས་ཀྱི་རྒྱུན་རྣམ་ཤེས་གསལ་རིག་གི་ངོ་བོ་མ་ལོག་ཀྱང་ཀུན་གཞིའི་རྣམ་ཤེས་དང་ཉོན་ཡིད་ནི་མེད་དེ། དེའི་ཚེ་དེའི་རྒྱུད་ཀྱི་ཤེས་པ་གང་ལ་ཡང་ཀུན་གཞིའི་རྣམ་པར་ཤེས་པའི་མཚན་ཉིད་མི་ཚང་བ་གང་ཞིག ཉོན་ཡིད་ཀྱི་མཚན་ཉིད་མི་ཚང་བའི་ཕྱིར། ཁྱབ་སྟེ། བུམ་པའི་མཚན་ཉིད་མ་ཚང་ན་བུམ་པ་མ་ཡིན་དགོས་པ་བཞིན་ཡིན་པའི་ཕྱིར། འོ་ན་དེ་གཉིས་ཀྱི་མཚན་ཉིད་གང་ཡིན་ཞེ་ན། ཀུན་གཞིའི་རྣམ་ཤེས་ཀྱི་མཚན་ཉིད་ནི། ས་བཟང་གིས་གསུངས་པ་ལྟར་རྣམ་སྨིན་དང་ས་བོན་ཐམས་ཅད་ཇི་ལྟར་རིགས་པ་བརྟེན་ཞིང་མ་བསྒྲིབས་ལུང་མ་བསྟན་གྱི་དོན་གྱི་ངོ་བོ་རིག་པ་དེ་ཡིན་ཏེ། ཆོས་མངོན་པའི་མདོ་ལས། ཆོས་ཀུན་ས་བོན་ཐམས་ཅད་པའི། །རྣམ་པར་ཤེས་པ་ཀུན་གཞི་སྟེ། །ཞེས་དང༌། སུམ་ཅུ་པ་ལས།དེ་ལ་ཀུན་གཞིའི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པར། །ཞེས་གསུངས་ སོ། །ཉོན་ཡིད་ཀྱི་མཚན་ཉིད་ནི། ཀུན་གཞིའི་རྣམ་ཤེས་ལ་དམིགས་ནས་བདག་ཏུ་རློམ་པའི་འཁོར་ཉོན་མོངས་པ་བཞི་དང་རྟག་ཏུ་འགྲོགས་པའི་རིགས་སུ་གནས་པའི་བསྒྲིབས་ལུང་མ་བསྟན་གྱི་གཙོ་སེམས་དེ་ཡིན་ཏེ། སུམ་ཅུ་པ་ལས། དེ་ལ་གནས་ཏེ་རབ་བྱུང་ཞིང༌། །དེ་ལ་དམིགས་པས་ཡིད་ཅེས་བྱ། །རྣམ་ཤེས་ངར་སེམས་བདག་ཉིད་ཅན། །བསྒྲིབས་ལ་ལུང་དུ་མ་བསྟན་པ། །ཉོན་མོངས་བཞི་དང་རྟག་ཏུ་འགྲོགས། །བདག་ཏུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་ཆགས་འདུ་ཤེས་པ། །ཞེས་གསུངས་སོ། །ཡང་དཔྱད་པར་བྱ་བ་འདི་ཡོད་དེ། ཀུན་མཁྱེན་ཉ་དབོན་པའི་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། གང་ཞིག ཡིད་ཀྱི་ས་བའི་ཉོན་མོངས་པ་གློ་བུར་བ་རྣམས་ཀྱིས་མ་བསྒྲིབས་ལ་ལུང་དུ་མ་བསྟན་ཞིང་བག་ཆགས་བགོ་བའི་གཞིར་གྱུར་བ་ནི་ཀུན་གཞིའི་རྣམ་པར་ཤེས་པའི་མཚན་ཉིད། ཅེས་གསུངས་པའི་མཚན་ཉིད་དེ་ཀུན་གཞིའི་མཚན་ཉིད་ལོག་ཀྱང་ངོ་བོ་མ་ལོག་པ་དེ་ལ་ཚང་བ་ཡིན་མིན་དང༌། དེ་ཚང་ན་ཀུན་གཞིའི་རྣམ་ཤེས་ཡིན་དགོས་མིན་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཀུན་གཞི་དེ་ནི་སེམས་ཅན་ཀུན་ལ་མཚུངས་པར་ཡོད་པ་ཡིན་ལ། ཞིབ་མོར་ན་འཕགས་པའི་ལམ་མ་ཐོབ་པའི་སེམས་ཅན་ཐམས་ཅད་ལ་ཤིན་ཏུ་མཚུངས་པར་ཡོད་པ་ཡིན་ཀྱང༌། འཕགས་ལམ་ཐོབ་ཕན་ཆད་ནས་ཇི་སྲིད་སངས་མ་རྒྱས་ཀྱི་བར་དུ་ཀུན་གཞི་ཡོད་ཀྱང་སོ་སོ་སྐྱེ་བོའི་ཀུན་གཞི་དང་ཆེས་མི་འདྲ་བ་ཡིན་ནོ། །ཞེས་སངས་མ་རྒྱས་བར་ཀུན་གཞི་ཡོད་པ་ལྟ་བུ་གསུངས་པ་ནི་སངས་མ་རྒྱས་བར་ཀུན་གཞི་གནས་གྱུར་མཐར་ཐུག་མ་ཐོབ་པ་ལ་དགོངས་པ་ཡིན་ནམ་གཟུར་གནས་མཁས་པ་རྣམས་ཀྱིས་དཔྱད་པར་བྱའོ། །བདག་གི་རྣམ་པར་རྟོག་པ་ལ་ཀུན་གཞི་རྣམ་ཤེས་ལ་རྣམ་སྨིན་མི་དགོས་བའི་དབང་དུ་བྱས་ན་སངས་མ་རྒྱས་བར་ཀུན་གཞི་དངོས་གནས་པ་ཡོད་པར་ཁས་བླངས་ཀྱང་སྐྱོན་མེད་ལ། སུམ་ཅུ་པའི་དངོས་བསྟན་ལྟར་ཀུན་གཞི་རྣམ་ཤེས་ལ་རྣམ་སྨིན་དང་ཀུན་བྱང་གི་བག་ཆགས་ཀྱི་གཞི་ཞིག་དགོས་པའི་དབང་དུ་བྱས་ན་སངས་མ་རྒྱས་པའི་སྔ་རོལ་ནས་ཀུན་གཞིའི་རྣམ་ཤེས་མེད་ཟེར་དགོས་པས་དོན་ལ་རྟོན་པ་ལ་གང་ལྟར་ཡང་སྐྱོན་མེད་སྙམ་མོ། །

དྲི་བ་བཅུ་བ་ཀུན་རྫོབ་དང་རྟེན་འབྲེལ་དོན་གཅིག་ཏུ་འདོད་དམ་མི་འདོད་ཅེས་པའི་དྲིས་ལན།

དྲི་བ་བཅུ་བ་ཀུན་རྫོབ་དང་རྟེན་འབྲེལ་དོན་གཅིག་ཏུ་འདོད་དམ་མི་འདོད་ཅེས་པའི་དྲིས་ལན།

ཀུན་རྫོབ་དང་རྟེན་འབྲེལ་དོན་གཅིག་ཏུ་འདོད་དམ་མི་འདོད་ཅེས་པའོ། །དེའི་ལན་ནི། ཀུན་རྫོབ་ཀྱི་ཆོས་དང་རྟེན་འབྲེལ་དོན་གཅིག་པ་ཡིན་ཏེ། དོན་དམ་བདེན་པ་ནི་རྟེན་འབྲེལ་མ་ཡིན་པ་གང་ཞིག་འདུས་བྱས་རྣམས་རྟེན་འབྲེལ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྩ་ཤེར་ལས། རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས།དོན་དམ་སྟོང་ཉིད་རྟེན་འབྲེལ་ལས་འདས་ཀྱང་ཤིན་ཏུ་མཐར་ཐུག་པའི་སྟོང་ཉིད་ཟབ་མོ་ཡིན་པའི་ཕྱིར་རོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། དོན་དམ་ལ་ནི་རྟེན་འབྲེལ་ནམ་ཡང་མེད། །ཅེས་དང༌། དོན་དམ་རྟེན་འབྲེལ་དེ་ནི་རྟེན་འབྱུང་མིན། །ཞེས་དང༌། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། དེས་ན་ངོ་བོ་ཉིད་སྐུ་སོགས་རྟེན་འབྲེལ་མ་ཡིན་པར་སྤྱན་རས་གཟིགས་ཀྱིས་གསུངས་སོ། །ཞེས་དང༌། ངག་དབང་ཚོགས་གཉིས་རྒྱ་མཚོའི་མཐར་འཛིན་གདོང་འཕྲོག་ལས། འོ་ན་ཐུན་མོང་གི་འཛིན་འཚམས་ལ། ཆོས་ཉིད་དེ་རྟེན་འབྲེལ་དུ་ཡང་ཁས་ལེན་རིགས་པར་ཐལ། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོགས་ལུང་དུ་མར་ཆོས་ཉིད་སོགས་ཤེས་བྱ་ཐམས་ཅད་རྟེན་འབྲེལ་ཡིན་པར་གསུངས་པའི་ཕྱིར་ཞེ་ན་འདི་ལ་མ་ཁྱབ་སྟེ། དེ་ནི་ཀུན་རྫོབ་ཀྱི་ཆོས་ཁོ་ན་ལ་དགོངས་པ་ཡིན་གྱི་ཆོས་ཉིད་རྟེན་འབྲེལ་དུ་ཁས་ལེན་མི་རིགས་པའི་ཕྱིར།ཞེས་གསུངས་ལ་རྒྱས་པར་སྔར་བདག་གིས་བཀའ་བསྡུ་བཞི་བའི་འགྲེལ་བར་བཤད་ཟིན་ཏོ། །རྩ་རྟགས་གཉིས་པ་གྲུབ་སྟེ། ཁྱེའུ་བཞིའི་ཏྀང་ངེ་འཛིན་ཅེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས། གང་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ནི་མི་རྟག་པའོ། །གང་མི་རྟག་པ་དེ་སྡུག་བསྔལ་བའོ། །ཞེས་དང༌། རྩ་ཤེར་ལས། རྒྱུུ་དང་རྐྱེན་ལས་བྱུང་བ་ནི། །རང་བཞིན་བྱས་པ་ཅན་ཞེས་བྱ། །ཞེས་དང༌། རི་ཆོས་ལས། དོན་དམ་པའི་བདེན་པ་རྟེན་འབྲེལ་ལས་མ་འདས་ན། མཐར་ཐུག་འགོག་པའི་བདེན་པ་ཡང་རྟེན་འབྲེལ་ལས་མ་འདས་པར་འགྱུར་ལ། འདོད་ན་འདུས་བྱས་ལས་མ་འདས་པར་འགྱུར་ཞིང༌། ཞེས་པ་ནས།དེས་ན་འདུས་བྱས་རྟེན་འབྲེལ་གང་ཡིན་པ་སྟོང་ཉིད་ཡིན་པས་ཁྱབ་ཀྱང་སྟོང་ཉིད་གང་ཡིན་ཐམས་ཅད་རྟེན་འབྲེལ་དུ་འདོད་པ་ནི་འཁྲུལ་ཏེ། ཞེས་དང༌། ཐེག་མཆོག་དབུ་མ་ལས། ཀུན་བརྟགས་གཞན་དབང་རྟེན་འབྲེལ་ཉིད་དུ་བརྗོད། །ཅེས་དང༌། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། རྟེན་ཅིང་འབྲེལ་འབྱུང་གི་ཆོས་ཡིན་ན་རྒྱུ་རྐྱེན་གྱིས་བསྐྱེད་དགོས་ཏེ། འདུས་བྱས་ཡིན་པས་སོ། །ཞེས་གསུངས་སོ། །

དྲི་བ་བཅུ་གཅིག་པ་ཚོགས་སྦྱོར་གཉིས་ལམ་བདེན་ཡིན་ནམ་མིན་ཞེས་པའི་དྲིས་ལན།

དྲི་བ་བཅུ་གཅིག་པ་ཚོགས་སྦྱོར་གཉིས་ལམ་བདེན་ཡིན་ནམ་མིན་ཞེས་པའི་དྲིས་ལན།

ཚོགས་སྦྱོར་གཉིས་ལམ་བདེན་ཡིན་ནམ་མིན་ཞེས་པའོ། །དེའི་ལན་ནི། ཚོགས་སྦྱོར་གཉིས་ལམ་བདེན་དུ་འཐད་པར་མངོན་ཏེ། མངོན་པ་ཀུན་བཏུས་དང༌། ཚོགས་ཆོས་བདེན་བཞིའི་རྣམ་བཤད་དང༌། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་སོགས་ལས་ཚོགས་སྦྱོར་གཉིས་ལམ་བདེན་གྱི་དབྱེ་བར་གསུངས་པ་དང༌། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། ཚོགས་ལམ་ཡང་ལམ་བདེན་དུ་འཐད་པར་མངོན་ནོ། །ཞེས་གསུངས་སོ། །འདིའི་སྐབས་སུ་དཔྱད་པར་བྱ་བ་འདི་ཡོད་དེ། ཐེག་མཆོག་དབུ་མ་ལས།ལམ་དངོས་འཕགས་ལམ་ཡིན་ཏེ་ཚོགས་སྦྱོར་ཡང༌། །བྱང་ཕྱོགས་ཕ་རོལ་ཕྱིན་སོགས་མཚན་གཞིར་འདོད། །ཅེས་པའི་ཐད་ཀྱི་ཟིན་བྲིས་ལས། ལམ་གྱི་བདེན་པ་དངོས་ལ་ནི། འཕགས་པའི་ལམ་རྣམས་ཡིན་ལ། ཚོགས་སྦྱོར་ཡང་ལམ་བདེན་རྗེས་མཐུན་པར་འཇོག་གོ ། ཞེས་དང༌། ཤེར་འགྲེལ་སྔོན་མེད་ལེགས་བཤད་ལས། ལམ་བདེན་དངོས་ནི། མཐོང་སྒོམ་མི་སློབ་ལམ་གསུམ་གྱིས་བསྡུས་པའི་ཡེ་ཤེས་གསར་བྱུང་རྒྱུ་རྐྱེན་ལས་སྐྱེས་པ་རྣམས་ཡིན་ལ། རྗེས་མཐུན་པ་ནི་སོ་སོ་སྐྱེ་བོའི་ལམ་རྣམས་ཀྱང་སྟེ། ཞེས་གསུངས་པའི་དགོངས་པ་ནི་དངོས་བཏགས་མ་ཡིན་པར་གཙོ་ཕལ་ལ་བཤད་ན་དགོངས་པ་གཅིག་ཏུ་འགྱུར་བ་ཡིན་ནོ། །

དྲི་བ་བཅུ་གཉིས་པ་ཀུན་གཞིའི་བག་ཆགས་ཀྱི་དབང་གིས་གཟུགས་སྒྲ་སོགས་ཀྱི་སྣང་བ་སྣ་ཚོགས་སུ་ཤར་བ།

དྲི་བ་བཅུ་གཉིས་པ་ཀུན་གཞིའི་བག་ཆགས་ཀྱི་དབང་གིས་གཟུགས་སྒྲ་སོགས་ཀྱི་སྣང་བ་སྣ་ཚོགས་སུ་ཤར་བ་དེ་སེམས་ཡིན་ནམ་མིན་ཞེས་པའི་དྲིས་ལན།

ཀུན་གཞིའི་བག་ཆགས་ཀྱི་དབང་གིས་གཟུགས་སྒྲ་སོགས་ཀྱི་སྣང་བ་སྣ་ཚོགས་སུ་ཤར་བ་དེ་སེམས་ཡིན་ནམ་མིན་ཞེས་པའོ། །དེའི་ལན་ནི། ཀུན་གཞིའི་སྟེང་གི་བག་ཆགས་ཀྱི་དབང་གིས་གནས་དོན་ལུས་གསུམ་གྱི་སྣང་བ་སྣ་ཚོགས་པ་སྣང་བ་སེམས་ཡིན་མིན་ལ། རང་ལུགས་ཀྱི་གཞུང་རྣམས་སུ་འདི་ལྟར་འབྱུང་སྟེ། གཞན་སྟོང་སྙིང་པོ་ལས་སེམས་ཙམ་པའི་འདོད་པ་བརྗོད་པའི་སྐབས་སུ། སེམས་ཙམ་པ་ནི་གཟུགས་སོགས་ཕྱི་རོལ་གྱི་ཡུལ་རྣམས་རྨི་ལམ་གྱི་གཟུགས་སོགས་ལྟར་ཤེས་པ་ཉིད་དེ་དང་དེར་སྣང་བ་ཡིན་གྱི། ཕྱི་རོལ་ན་དེ་ལྟར་སྣང་བ་མེད་དེ་དཔེར་ན་གཟུགས་ལ་མཚོན་ན། མིག་གི་དབང་བོར་གྲགས་པ་ཡང༌། མིག་གི་རྣམ་པར་སྣང་བའི་སེམས་ཡིན་པས། མིག་རང་མཚན་པ་ཞིག་མེད་ལ། གཟུགས་སུ་གྲགས་པ་ཡང་གཟུགས་ཀྱི་རྣམ་པར་སྣང་བའི་སེམས་ཡིན། ཞེས་པ་ནས། མིག་གིས་གཟུགས་མཐོང་བ་ནི། རང་གིས་རང་ཉིད་མཐོང་བ་ཡིན་ཞིང༌། ཞེས་པ་ནས། དེ་ལྟར་ན་འདིས་འདོད་པའི་གཟུགས་སོགས་ཕྱི་དོན་སྣང་བའི་རྣམ་རིག་བདེན་གྲུབ་དང༌། རྣམ་ཤེས་ཀྱི་ངོ་ལྡོག་ཙམ་གཟུང་འཛིན་གཉིས་མིན་གྱི་ཡེ་ཤེས་སུ་འདོད་པ་དང༌། འཛིན་པའི་ངོ་བོ་རྣམ་ཤེས་ཉིད་ལ་མི་འདོད་པར་ཡུལ་དུ་སྣང་བའི་རྣམ་རིག་ལས་ཐ་དད་པར་སྣང་བའི་ཆ་ཙམ་ལ་འདོད་པ་ནི་འཁྲུལ་བ་ཡིན་ལ་གཞན་རྣམས་མ་ནོར་བའོ། །ཞེས་གཞན་རྣམས་མ་ནོར་གསུངས་པས་མིག་དང་གཟུགས་སོགས་སེམས་ཡིན་གསུངས་པ་མ་ནོར་བ་ཡིན་པ་ལྟ་བུར་གསུངས་ལ། ཐེག་མཆོག་དབུ་མ་ལས། ཅི་ཙམ་སྣང་བ་གསལ་བའི་སེམས་ཡིན་ཏེ། །རྨི་ལམ་ལ་སོགས་དག་དང་མཚུངས་ཕྱིར་དང༌། །བློ་དང་ལྷན་ཅིག་ཁོ་ནར་དམིགས་པས་ཀྱང༌། །སེམས་སྣང་ཙམ་ཡིན་གཞན་དུ་མེད་པར་གྲུབ།། ཅེས་སོགས་དང༌། དེའི་སྐབས་ཀྱི་ཟིན་བྲིས་ལས། སྣང་བ་སེམས་སུ་སྒྲུབ་པ་ལ་བརྟེན་ནས་ཕྱི་དོན་འགོག་པ་དང༌། ཕྱི་དོན་འགོག་བྱེད་ཀྱི་རིགས་པ་བཤད་པ་གཉིས། དང་པོ་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་འདི་དག་ཐམས་ཅད་རང་གི་སེམས་ཀྱི་སྣང་བ་ཙམ་ཡིན་གྱི། སེམས་ལས་ལོགས་སུ་གྲུབ་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ།ཇི༷་ཙ༷མ་སྣ༷ང་བ༷་གས༷ལ་བ༷འི་སེ༷མས་ཀྱི་བདག་ཉིད་ཡི༷ན་པའི་ཕྱིར། དཔེར་ན། རྨི༷་ལ༷མ་དང་སྒྱུ་མ་ལ༷་སོ༷གས་པ་ད༷ག་ད༷ང་མཚུང༷ས་བའི་ཕྱི༷ར། ཞེས་པ་ནས། སྣང་བ་སེམས་སུ་སྒྲུབ་པའི་རིགས་པ་འཕགས་པ་ཐོགས་མེད་ཀྱི་ཐེག་པ་ཆེན་པོ་བསྡུས་པར་གསུངས་པ། ཞེས་གསུངས་པ་དང༌། ཚད་མ་རྣམ་ངེས་ལས། ལྷན་ཅིག་དམིགས་པར་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་དང༌། ཐེག་བསྡུས་སུ། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་སོགས་ཀྱི་དགོངས་པ་དང༌། རང་ལུགས་ཀྱི་གཞི་ཐུན་མོང་བ་སྤྱིའི་རྣམ་བཞག་དང་མཐུན་པར་བཤད་ན། ཐེག་མཆོག་དབུ་མའི་ཟིན་བྲིས་ལྟར་སེམས་ཀྱི་སྣང་བ་རྣམས་སེམས་ཀྱི་བདག་ཉིད་དུ་གྲུབ་པ་དང༌། སེམས་ཀྱི་སྣང་བ་ཙམ་ཡིན་པ་ལས་ཕྱི་དོན་དུ་མ་གྲུབ་པ་ཡིན་ཏེ། ཀུན་བཏུས་འགྲེལ་བ་ལས། དབུ་མ་པ་ནི་ནོར་བུ་ཚོན་གྱི་རྣམ་པ་བརྟེན་པ་བཞིན་རྣམ་ཤེས་ཀྱང་ཡུལ་ཉེ་བར་བྱུང་བས་ཡུལ་གྱི་རྣམ་པ་ཡོངས་སུ་གཅོད་པ་ནི། ཡུལ་གྱི་རྣམ་པ་ནི་རྣམ་ཤེས་ཀྱང་མིན་རྣམ་ཤེས་ལས་གཞན་ཡང་མིན། ཞེས་དང༌། ཐེག་མཆོག་དབུ་མ་ལས། ཆོས་ཀུན་སེམས་འདིའི་མཐུ་ལས་སྣང་མོད་ཀྱི། །དེ་དག་འདི་དང་གཅིག་པ་མིན་པའི་ཕྱིར། །ཞེས་གསུངས་པའི་ཕྱིར། དེས་སྔར་གྱི་ལུང་དེ་དག་གི་དོན་ཡང་ཡུལ་གཟུགས་སྒྲ་སོགས་སེམས་ཀྱི་བདག་ཉིད་ཡིན་པའི་དོན་དུ་སྣང་ལ། སྤྱིར་ཆོས་དེ་དང་དེའི་བདག་ཉིད་ཡིན་ན་ཆོས་དེ་ཡིན་མི་དགོས་ཏེ། གཟུགས་མི་རྟག་པ་དང་གཟུགས་བདག་མེད་སོགས་གཟུགས་ཀྱི་བདག་ཉིད་དུ་གྲུབ་ཀྱང་གཟུགས་ཡིན་མི་དགོས་པ་དེ་བཞིན་ནོ། །སྣང་བ་རྣམས་སེམས་ཡིན་པར་འདོད་མི་ནུས་ཏེ། ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་དངོས་དངོས་མེད་དང་བེམ་ཤེས་སོགས་ཀྱི་རྣམ་བཞག་རྣམས་འཇིག་པར་འགྱུར་ལ། དེ་ཡང་རང་ལུགས་ལ་བེམ་ཤེས་གཉིས་ཀྱི་རྣམ་བཞག་འཇོག་དགོས་སྟེ། བཀའ་བསྡུ་བཞི་བ་ལས། ཐམས་ཅད་བེམ་རིག་གཉིས་སུ་ཁ་ཚོན་ཆོད། །དེ་ཕྱིར་དེ་ལ་ཕུང་པོ་གསུམ་པ་མེད། །ཅེས་པ་འདི་ནི་རྫོགས་ལྡན་ཆོས་ལུགས་ཡིན། །ཞེས་དང༌། ཤེས་བྱ་ལ་ནི་འདུས་བྱས་འདུས་མ་བྱས། །བེམ་རིག་གཉིས་སུ་འབྱེད་པ་རྫོགས་ལྡན་ལུགས། །ཞེས་གསུངས་ཞིང༌། བེམ་རིག་གཉིས་ཀྱི་གཞི་མཐུན་ནི་འཇོག་མི་རུང་སྟེ། །ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དཔེར་ན་ཕྱི་ནང་གི་ཆོས་ཐམས་ཅད་སེམས་ཀྱི་མཐུ་ལས་བྱུང་མོད་ཀྱི་ཆོས་དེ་རྣམས་དང་སེམས་གཉིས་གཅིག་པ་མ་ཡིན་ཏེ།སེམས་ཀྱི་མཚན་ཉིད་གསལ་ཞིང་རིག་པ་ལ་སོགས་པ་བེམ་པོར་གྱུར་བའི་ཆོས་རྣམས་ལ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །གལ་ཏེ་སྣང་བ་རྣམས་སེམས་ཡིན་ན་གཟུགས་སྒྲ་སོགས་དེ་འཛིན་པའི་ཤེས་པ་ཡིན་དགོས་ལ། དེ་འདོད་ན་བུམ་པ་ལ་ཤེས་པ་ལྡན་པས་སྐྱེས་བུ་ཡིན་པར་འགྱུར་བ་མ་ཡིན་ནམ། ཡང་མི་གཅིག་ལ་དགྲ་གཉེན་གཉིས་ཀྱིས་ལྟ་བའི་ཚེ་དེའི་དབྱིབས་གཟུགས་དེ་དེ་གཉིས་ཀྱི་མིག་ཤེས་ཡིན་མིན་དང༌། ལོང་བའི་རྒྱུད་ཀྱི་གཟུགས་ཀྱི་སྐྱེ་མཆེད་དེ་མིག་ཤེས་ཡིན་མིན་དང༌། དེ་ཡིན་ན་ལོང་བ་ལ་མིག་ཤེས་དང་འོན་པ་ལ་རྣ་ཤེས་ཡོད་པར་འགྱུར་བ་དང༌། འགོག་སྙོམས་པ་ལ་དབང་ཤེས་ཡོད་པར་ཐལ་བ་སོགས་མི་འགྱུར་རམ་ཕྱོགས་འཛིན་གྱི་གདོན་དང་བྲལ་བའི་བློ་ལྡན་རྣམས་ཀྱིསདཔྱད་པར་བྱའོ། །

དྲི་བ་བཅུ་གསུམ་པ་ཟབ་དོན་ཉེར་གཅིག་ཏུ་ས་སྐྱའི་ཤཱཀྱ་མཆོག་ལྡན་གྱི་ལུགས་ལ་སྟོང་ཉིད་བདེན་པར་གྲུབ་ཟེར་བ་དང༌།

དྲི་བ་བཅུ་གསུམ་པ་ཟབ་དོན་ཉེར་གཅིག་ཏུ་ས་སྐྱའི་ཤཱཀྱ་མཆོག་ལྡན་གྱི་ལུགས་ལ་སྟོང་ཉིད་བདེན་པར་གྲུབ་ཟེར་བ་དང༌།

རིགས་པས་དཔྱད་བཟོད་མ་གྲུབ་ཟེར་བ་གཉིས་འགལ་ལམ་མི་འགལ་ཞེས་པའི་དྲིས་ལན།

ཟབ་དོན་ཉེར་གཅིག་ཏུ། ས་སྐྱའི་ཤཱཀྱ་མཆོག་ལྡན་གྱི་ལུགས་ལ་སྟོང་ཉིད་བདེན་པར་གྲུབ་ཟེར་བ་དང༌། རིགས་པས་དཔྱད་བཟོད་མ་གྲུབ་ཟེར་བ་གཉིས་འགལ་ལམ་མི་འགལ་ཞེས་པའོ། །དེའི་ལན་ནི། །རང་ལུགས་ཀྱིས་གཞལ་ན་བདེན་པར་གྲུབ་པ་དང་རིགས་པས་དཔྱད་བཟོད་མ་གྲུབ་ཟེར་བ་གཉིས་འགལ་བའོ། །ཤཱཀ་མཆོག་རང་གི་ལུགས་ལ་སྟོང་ཉིད་མཉམ་བཞག་ཡེ་ཤེས་ངོར་བདེན་པས་ན་བདེན་པར་གྲུབ་ཀྱང་གཅིག་དུ་བྲལ་སོགས་རིགས་པས་དཔྱད་ཚེ་གཅིག་དང་དུ་མ་སོགས་གང་དུུ་དཔྱད་མི་བཟོད་པས་ན་རིགས་པས་དཔྱད་བཟོད་མ་གྲུབ་ཅེས་བཞེད་པ་འདྲ་སྟེ། རྒྱ་མཚོ་སྤྲིན་གྱི་འབྲུག་སྒྲ་ལས། འོན་ཀྱང་ཐ་སྙད་རྣམ་པར་འཇོག་པའི་ཚེ། །རང་བཞིན་འོད་གསལ་བདེན་པར་ཁས་བླངས་ཀྱང༌། །མཉམ་བཞག་སྤྲོས་བྲལ་ནམ་མཁའི་ངང་ཉིད་ལས། །ཇི་སྙེད་སྤྲོས་པའི་ཚོགས་འགའ་ལུས་པ་མེད།། ཅེས་གསུངས་སོ། །

དྲི་བ་བཅུ་བཞི་བ་སྦྱོར་ལམ་མཉམ་བཞག་ཡེ་ཤེས་ཀྱིས་ཆོས་ཉིད་མངོན་སུམ་དུ་རྟོགས་པ་ཡོད་དམ་མེད།

དྲི་བ་བཅུ་བཞི་བ་སྦྱོར་ལམ་མཉམ་བཞག་ཡེ་ཤེས་ཀྱིས་ཆོས་ཉིད་མངོན་སུམ་དུ་རྟོགས་པ་ཡོད་དམ་མེད། མེད་ན་ཉ་ཊཱིཀ་ལས་རྣལ་འབྱོར་མངོན་སུམ་དུ་ཁས་བླང་དགོས་ཞེས་གསུངས་པའི་དོན་ཇི་ལྟར་ཡིན་ཞེས་པའི་དྲིས་ལན།

སྦྱོར་ལམ་མཉམ་བཞག་ཡེ་ཤེས་ཀྱིས་ཆོས་ཉིད་མངོན་སུམ་དུ་རྟོགས་པ་ཡོད་དམ་མེད། མེད་ན་ཉ་ཊཱིཀ་ལས་རྣལ་འབྱོར་མངོན་སུམ་དུ་ཁས་བླང་དགོས་ཞེས་གསུངས་པའི་དོན་ཇི་ལྟར་ཡིན་ཞེས་པའོ། །དེའི་ལན་ནི། དེ་ལ་ཆོས་རྗེ་ཉ་དབོན་པའི་བཞེད་པ་དང༌། རྗེ་ཏཱ་ར་ནཱ་ཐ་དང་ས་བཟང་དང་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་གྱི་བཞེད་པ་བཤད་པ་གཉིས་ལས། དང་པོ་ནི། ཆོས་རྗེ་ཉའི་ཕར་ཕྱིན་ཡིད་ཀྱི་མུན་སེལ་ལས། སྤྱིའི་ཚུལ་གྱིས་རྟོགས་ན་ནི་སྒྲ་དོན་འཛིན་པའི་རྟོག་པར་འགྱུར་རོ། །དེས་ན་བློའི་ངོ་བོ་ཡང་དག་པའི་དོན་བསྒོམས་པ་ལས་བྱུང་བའི་ཡེ་ཤེས་ཆོས་ཉིད་གསལ་སྣང་ཅན་ཡིན་པས་རྣལ་འབྱོར་མངོན་སུམ་དུ་ཁས་བླང་དགོས་ཏེ། དེ་ཡིན་ན་མངོན་སུམ་ལས་མའདས་ཤིང་དབང་ཡིད་མངོན་སུམ་མིན་པའི་རྒྱུ་མཚན་སླ་ཞིང༌། ཞེས་སོགས་ཆོས་རྗེ་ཉ་དབོན་པའི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་གྱི་སྐབས་དང་པོ་ངེས་འབྱེད་ཡན་ལག་གི་སྐབས་སུ་སྦྱོར་ལམ་མཉམ་བཞག་ཡེ་ཤེས་གསལ་སྣང་ཅན་ཡིན་པར་བསྟན་བཅོས་དུ་མ་ལས་གསུངས་པ་རྣམས་དོན་སྤྱི་དང་བྲལ་བའི་གསལ་སྣང་ཅན་ཡིན་ན་རྟོག་མེད་ནི་ཡིན་ལ། རྟོག་མེད་འཁྲུལ་ཤེས་དང༌། དབང་ཡིད་མངོན་སུམ་མ་ཡིན་པས་ན། དེ་རྣལ་འབྱོར་མངོན་སུམ་ཡིན་ཡང་དེ་རྒྱུད་ལྡན་གྱི་གང་ཟག་འཕགས་པ་དང་མཐོང་སྤང་སྤངས་མི་དགོས་པ་ཡིན་པ་ལྟ་བུར་གསུངས་སོ། །གཉིས་པ་ནི། རྗེ་ཏཱ་ར་ནཱ་ཐའི་སྔོན་མེད་ལེགས་བཤད་དུ། སྦྱོར་ལམ་དེ་ཆོས་ཉིད་ལ་གསལ་སྣང་ནི་ཐོབ་པ་ཡིན་ཞིང༌། མི་རྟོག་པའི་ཚུལ་གྱིས་ཆོས་ཉིད་ཅུང་ཟད་རང་གི་རིག་པ་ཡང་ཡིན་ལ། རྣལ་འབྱོར་མངོན་སུམ་གྱིས་རྟོགས་པ་ནི་མ་ཡིན་པ་དང༌། གཟུང་འཛིན་གྱི་རྣམ་རྟོག་གློ་བུར་བ་རྣམས་རིམ་གྱིས་འགག་པར་འགྱུར་བ་ཡིན་པ་དང༌། གང་མངོན་གྱུར་བ་མ་འགགས་པའི་རྟོག་པ་དེ་དང་དེ་ཡང་མཉམ་བཞག་ཏུ་མི་འབྱུང་མོད་ཀྱི། རྗེས་ཐོབ་ཏུ་དེ་དག་འབྱུང་ཞིང༌། དེ་དག་མ་སྤངས་པའི་སྟོབས་ཀྱིས་མཉམ་བཞག་ཀྱང་ཅུང་ཟད་མི་གསལ་བ་ཡིན་ནོ། །སྦྱོར་ལམ་གྱི་ཡེ་ཤེས་འདི་ཀུན་ཀྱང་མི་རྟོག་པ་སྤྲོས་བྲལ་གྱི་རྣམ་པ་ཅན་ཡིན་པས། བར་བར་ན་རྣམ་པར་རྟོག་པའི་འཛིན་པ་དང་ཅུང་ཟད་འདྲེས་པ་ཡོད་ཀྱང་རང་གི་ངོ་བོ་རྟོག་པ་ནམ་ཡང་མ་ཡིན་ཞིང༌། ཆོས་ཉིད་ཅུང་ཟད་ཙམ་གསལ་ལ་ཅུང་ཟད་མི་གསལ་བ་ནི། དཔེར་ན་སེང་རས་ཀྱིས་གདོང་གཡོགས་ཏེ་དངོས་པོ་ལ་བལྟས་པ་བཞིན་ནོ། །ཞེས་སྦྱོར་ལམ་མཉམ་བཞག་རྣལ་འབྱོར་མངོན་སུམ་མ་ཡིན་པར་ཅུང་ཟད་གསལ་སྣང་དང་བཅས་པའི་རྟོག་མེད་ཡིན་པར་གསུངས་སོ། །འོན་ཀྱང་འདིར་རྟོག་མེད་ཅེས་གསུངས་པ་ནི། རྣམ་འགྲེལ་ལས། རྟོག་པའི་དྲ་བ་རྣམ་བསལ་བས། །གསལ་བ་ཉིད་དུ་སྣང་བ་ཡིན། །ཞེས་དང༌། གསལ་བར་སྣང་བ་ཅན་བློ་གང༌། །དེ་ནི་དེ་ལ་རྟོག་མེད་འདོད། །ཅེས་པའི་སྒྲ་དོན་དང་བྲལ་བའི་རྟོག་མེད་མ་ཡིན་པར་སྦྱོར་ལམ་མཉམ་བཞག་ལ་ཆགས་སྡང་སོགས་རྟོག་པ་མ་ཟད་ཤེས་རབ་ཀྱིས་འདི་ཡིན་འདི་མིན་སྙམ་དུ་སོ་སོར་དཔྱོད་པའི་རྟོག་པ་དང༌། འདུ་ཤེས་ཀྱིས་འདི་སྟོང་ཉིད་དོ་སྙམ་དུ་མིང་དོན་གྱི་མཚན་མར་ཆེད་དུ་འཛིན་པའི་རྟོག་པ་སོགས་མ་ཡིན་པའི་དོན་ཡིན་པར་སྣང་སྟེ། ཐེག་མཆོག་དབུ་མའི་རྩ་འགྲེལ་དུ་ཡིད་ཀྱི་རྣམ་ཤེས་ཉོན་ཡིད་སོགས་གཙོ་སེམས་ལ་དོན་གྱི་ངོ་བོ་ཙམ་ལས་དོན་གྱི་ཁྱད་པར་འདིའོ་སྙམ་པའི་འགྱུ་རྟོག་མེད་པ་ཡིན་པས་རྟོག་མེད་ཡིན་པར་གསུངས་པ་སོགས་རྗེ་བཙུན་རིན་པོ་ཆེའི་ཐེག་མཆོག་དབུ་མ་སོགས་སུ་རྟོག་པ་ཞེས་པ་སྐབས་མང་པོར་འགྱུ་བའི་རྣམ་རྟོག་ལ་བྱེད་པ་མང་བའི་ཕྱིར་རོ། །ས་བཟང་མ་ཏི་པཎ་ཆེན་གྱི་རྒྱུད་བླའི་འགྲེལ་བ་རབ་གསལ་སྣང་བར་མཐོང་ལམ་གྱི་ངོ་བོ་བཤད་པའི་སྐབས་སུ། ཆོས་ཉིད་མངོན་སུམ་གྱིས་གསར་དུ་མཐོང་ཞིང༌། ཞེས་དང༌། བླང་དོར་རབ་གསལ་ལས། མཐོང་བའི་ལམ་དུ་འཕགས་པའི་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་དུ་གསར་དུ་མཐོང་བ་ན། གཟུང་འཛིན་གཉིས་ཀ་མེད་པར་རྟོགས་པ་ཡེ་ཤེས་སྐད་ཅིག་བཅུ་དྲུག་རིམ་གྱིས་འཆར། ཞེས་གསུངས་པས་སྦྱོར་ལམ་གྱི་སྐབས་སུ་ཆོས་ཉིད་མངོན་སུམ་དུ་མཐོང་བ་མ་ཡིན་པར་གོ་ནུས་ཏེ། སྦྱོར་ལམ་གྱི་སྐབས་སུ་དེ་མངོན་སུམ་དུ་རྟོགས་ཡོད་ན་མཐོང་ལམ་གྱིས་མངོན་སུམ་དུ་གསར་དུ་མ་རྟོགས་པ་ཡིན་དགོས་ཀྱང་མཐོང་ལམ་གྱིས་གསར་དུ་མངོན་སུམ་དུ་རྟོགས་པར་གསུངས་པའི་ཕྱིར། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་བཞེད་པ་ནི། གང་གི་ཕར་ཕྱིན་མདོ་ལུགས་མ་ལས། རྒྱལ་ཚབ་མི་ཕམ་མགོན་པོའི་དགོངས་པ་ནི། མདོ་སྡེ་རྒྱན་ལས། དེ་ནས་དེ་འདྲར་འགྱུར་བ་ཡི། །བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ༌། །ཞེས་ཚོགས་ལམ་གྱི་རྗེས་དེ་ནས་དྲོད་ཀྱི་གནས་སྐབས་དེ་འདྲར་འགྱུར་བའི་བྱང་ཆུབ་སེམས་དཔའ་མཉམ་པར་བཞག་པ་དེས་ཡིད་ཀྱི་བརྗོད་པ་རང་དང་སྤྱིའི་མཚན་ཉིད་དུ་སྣང་བར་མཐོང་བ་མ་གཏོགས་པ་གཟུང་བའི་དོན་ཀུན་རབ་ཏུ་མི་མཐོང་བ་ནི་དྲོད་ཀྱི་ཡེ་ཤེས་སོ། །ཞེས་དང༌། དེས་ན་ངེས་འབྱེད་ཡན་ལག་རྣམ་བཞི་པོ་འདི་ནི་རྣམ་པར་རྟོག་པ་མ་ཡིན་ནོ། །ཞེས་དང༌། དེས་ན་དྲན་པ་ཉེར་བཞག་ནས་ངེས་འབྱེད་ཆ་མཐུན་གྱི་བར་གྱི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱང་མ་ཡིན་ལ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཁམས་གསུམ་གྱིས་བསྡུས་པའི་སེམས་བྱུང་ཡང་མ་ཡིན་ཞིང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྗེས་མཐུན་པ་ཡིན་པར་གསུངས། ཞེས་གསུངས་ལ། གོང་གི་དེས་ཡིད་ཀྱི་བརྗོད་པ་རང་དང་སྤྱིའི་མཚན་ཉིད་དུ་སྣང་བར་མཐོང་བ། ཞེས་སོགས་ཀྱིས་སྦྱོར་ལམ་མཉམ་བཞག་ཡེ་ཤེས་སྟོང་བ་ཉིད་ལ་དོན་སྤྱི་ཕྲ་མོས་སྒྲིབ་པའི་རྟོག་པ་ཡིན་པར་གྲུབ་པའོ། །འོ་ན་རང་གི་ངོ་བོ་རྟོག་པ་ནམ་ཡང་མ་ཡིན། ཞེས་དང༌། ངེས་འབྱེད་ཡན་ལག་རྣམ་བཞི་པོ་འདི་ནི་རྣམ་པར་རྟོག་པ་མ་ཡིན་ནོ། །ཞེས་སོགས་ཀྱི་དོན་གང་ཞེ་ན། དེའི་སྐབས་ཀྱི་རྟོག་པ་མིན་གསུངས་པ་ནི། ཕར་ཕྱིན་མདོ་ལུགས་མ་ལས། སྐབས་འདིའི་རྟོག་པ་ནི་ཚུལ་བཞིན་མ་ཡིན་པར་མངོན་པར་ཞེན་པའི་བདག་ཉིད་ཡིན། ཞེས་པའི་རྟོག་པ་མིན་པའི་དོན་ཡིན་སྙམ་མོ། དམ་པ་དེ་དག་གི་དགོངས་པ་གཅིག་ཏུ་དྲིལ་ན། ཆོས་རྗེ་ཉ་དབོན་པས་སྦྱོར་ལམ་མཉམ་བཞག་རྣལ་འབྱོར་མངོན་སུམ་ཡིན་པ་ལྟ་བུར་གསུངས་པ་ནི། ཉ་ཊཱིཀ་ལས། ལོ་ཙཱ་པ་ཆེན་པོ་སོགས་བྱང་སེའི་སྦྱོར་ལམ་མཉམ་བཞག་རྣམས་ནི་རྣལ་འབྱོར་མངོན་སུམ་ཡིན་གྱི་དེའི་སྐབས་ན་རྟོག་པ་མེད་གསུང་ངོ༌། །ཞེས་ལོ་ཆེན་སོགས་མཐུན་ཙམ་དང༌། གཞུང་དུ་མར་སྦྱོར་ལམ་མཉམ་བཞག་གསལ་སྣང་འབྱུང་བར་གསུངས་པ་གལ་ཏེ་དོན་སྤྱིའི་མཚན་མ་བྲལ་བའི་དོན་ལ་བྱེད་ན་སྦྱོར་ལམ་མཉམ་བཞག་རྣལ་འབྱོར་མངོན་སུམ་ཁས་བླང་དགོས་པར་འགྱུར་ཞེས་པ་ཡིན་ལ། ཉ་དབོན་པ་རང་གི་དགོངས་པ་ནི། ཕར་ཕྱིན་ཡིད་ཀྱི་མུན་སེལ་གྱི་ཡེ་ཤེས་ཚོགས་ཀྱི་སྐབས་སུ། ཡུལ་ཅན་ཡེ་ཤེས་ཀྱི་ས་མཚམས་འཇོག་ན། ཐེག་ཆེན་ཚོགས་ལམ་དུ་སྤྱིའི་ཚུལ་གྱིས་རྟོགས། སྦྱོར་ལམ་དུ་གསལ་སྣང་སྐྱེས་པའི་ཚུལ་གྱིས་རྟོགས། མཐོང་ལམ་དུ་གསར་དུ། སྒོམ་ལམ་དུ་མཐོང་ཟིན་གོམས།སངས་རྒྱས་སར་སྒྲིབ་པ་ཐམས་ཅད་དང་བྲལ་བས་མཐར་ཕྱིན་པའི་ཚུལ་གྱིས་རྟོགས་སོ། །ཞེས་དང༌། དེའི་སྐབས་གཉིས་པ་ལས། ཆོས་ཉིད་སྔར་མ་མཐོང་བ་གསར་དུ་མངོན་སུམ་དུ་མཐོང་བས་མཐོང༌། དེ་ཁོ་ནའི་དོན་ཚོལ་བས་སམ་བྱང་ཆུབ་ཏུ་བགྲོད་པས་ལམ་མོ། །ཞེས་དང༌། ཆོས་རྗེ་ཉའི་ལྟ་སྒོམ་སྤྱོད་གསུམ་གྱི་དྲིས་ལན་ཡིད་ཀྱི་མུན་སེལ་ལས། ལུང་རིགས་རྣམ་དག་གིས་ཆོས་ཀུན་དེ་ཁོ་ན་ཉིད་དུ་སྤྲོས་བྲལ་སྤྱིའི་རྟོགས་པའི་ཤེས་རབ་གཙོ་བོར་གྱུར་པ་དང༌། དེ་འདྲའི་སྤྲོས་བྲལ་ལམ་སྟོང་ཉིད་ལ་གསལ་སྣང་སྐྱེས་པའི་འཇིག་རྟེན་པའི་སྒོམ་བྱུང་གི་ཤེས་རབ་གཙོ་བོར་གྱུར་པ་དང༌། དེ་འདྲའི་སྤྲོས་བྲལ་ལམ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པ་སློབ་པའི་ཤེས་རབ་གཙོ་བོར་གྱུར་པ་དེ་རྣམས་ཀྱང་ཡང་དག་པའི་ལྟ་བ་མཚན་ཉིད་པ་ཡིན་ཞིང༌། ཞེས་མཐོང་ལམ་མ་གཏོགས་སྦྱོར་ལམ་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པར་མ་གསུངས་པའི་ཕྱིར་ན་ཉ་དབོན་པ་རང་གི་ཐུགས་དགོངས་ལ། སྦྱོར་ལམ་རྣལ་འབྱོར་མངོན་སུམ་མ་ཡིན་པ་དང༌། སྦྱོར་ལམ་མཉམ་བཞག་ཡེ་ཤེས་ཀྱིས་སྟོང་བ་ཉིད་མངོན་སུམ་དུ་མ་རྟོགས་པར་བཞེད་ཅེས་གསུང་ཚུལ་ཞིག་ཡོད་སྙམ།དེ་ལྟ་མ་ཡིན་ན། རྒྱུད་བླ་མ་ལས། སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག ། བདེན་པ་མཐོང་བ་བཟློག་པ་སྟེ།། ཞེས་དང༌། དབུས་མཐའ་ལས། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག །ཅེས་དང༌། མཛོད་ལས། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་སོགས་དང་འགལ་བར་འགྱུར་བར་སྣང་ངོ༌། །འོན་ཀྱང་མཁས་མཆོག་དེ་དག་གི་བཞེད་དགོངས་ནི། ཟབ་ཅིང་རྒྱ་ཆེ་བས་ཇི་བཞིན་དུ་དཔོག་དཀའ་ཡང་རེ་ཞིག་རང་གི་རྣམ་པར་རྟོག་པ་ལ་ཤར་ཙམ་བྲིས་པ་ཡིན་པས་གཟུར་གནས་མཁས་དབང་རྣམས་ཀྱིས་སླར་དཔྱད་པར་བྱའོ། །སྔགས་ཐུན་མོང་མ་ཡིན་པའི་ལུགས་ལ་སོ་སྐྱེས་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཡོད་དེ། བསྟན་བཅོས་སྙིང་པོ་ངེས་པ་ལས། ལས་དང་པོས་ཀྱང་སྙིང་པོ་ཅུང་ཟད་མཐོང༌། །གསང་སྔགས་ཐུན་མོང་མིན་པའི་ཐབས་ལས་སོ། །ཞེས་དང༌། ལྷན་ཐབས་འོད་བརྒྱ་འབར་བ་ལས། ཉན་རང་འཕགས་པ་དང་གསང་སྔགས་ཀྱི་ཐབས་ཟབ་མེད་ན་བྱང་སེམས་སོ་སྐྱེ་རྣམས་ཀྱིས་དད་པས་རྟོགས་བྱ་ཡིན་གྱི་དངོས་སུ་མཐོང་བ་མེད། ཅེས་གསུངས་ལ། དེ་ལྟར་འཇམ་པའི་དབྱངས་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་སྦྱོར་དྲུག་སྤྱི་དོན་དུ་བཤད་དོ། །གཞན་ཡང་མདོ་རྒྱན་རྩ་འགྲེལ་དུ་ཡང༌། ཡང་དག་མིན་རྟོག་ཡང་དག་མིན། །ཡང་དག་མ་ཡིན་མིན་མི་རྟོག ། རྟོག་མིན་མི་རྟོག་མ་ཡིན་པ། །ཤེས་བྱ་ཐམས་ཅད་ཡིན་པར་བརྗོད། །ཡང་དག་མ་ཡིན་པའི་རྟོག་པ་ནི། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་སུ་མཐུན་པ་མ་ཡིན་པའི་རྣམ་པར་རྟོག་པ་གང་ཡིན་པའོ། །ཡང་དག་པ་ཡང་མ་ཡིན་ལ་ཡང་དག་པ་མ་ཡིན་པ་ཡང་མ་ཡིན་པ་ནི་དེའི་རྗེས་སུ་མཐུན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་པར་གང་ཡིན་པའོ། །མི་རྟོག་པ་ནི་དེ་བཞིན་ཉིད་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །རྟོག་པ་ཡང་མ་ཡིན་མི་རྟོག་པ་ཡང་མ་ཡིན་པ་ནི་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པའི་འཇིག་རྟེན་པའི་ཡེ་ཤེས་ཏེ། ཤེས་བྱ་ཐམས་ཅད་ནི་དེ་ཙམ་དུ་ཟད་དོ། །ཞེས་པའི་སྐབས་ནས་བསྟན་པའི་རྟོག་པ་ལ་ཡིན་མིན་གྱི་མུ་བརྩི་ཚུལ་ཐེག་མཆོག་དབུ་མ་ལས་ཀྱང་བསྟན་པས་ཤེས་པར་བྱ་ཞིང༌། །སྤྱིར་རང་ལུགས་ལ་རྟོག་བཅས་རྟོག་མེད་རྣམ་འགྲེལ་ལྟར་འཇོག་པ་ཡིན་མིན་སོགས་ལ་ཐག་བཅད་མི་སྔ་པར་ལུང་རིགས་ཀྱིས་དཔྱད་པར་བྱའོ། །

དྲི་བ་བཅོ་ལྔ་བ་ཀུན་གཞི་རྣམ་ཤེས་འཁོར་འདས་གཉིས་ཀྱི་གཞི་ཡིན་ནམ་མིན་ཞེས་པའི་དྲིས་ལན།

དྲི་བ་བཅོ་ལྔ་བ་ཀུན་གཞི་རྣམ་ཤེས་འཁོར་འདས་གཉིས་ཀྱི་གཞི་ཡིན་ནམ་མིན་ཞེས་པའི་དྲིས་ལན།

ཀུན་གཞི་རྣམ་ཤེས་འཁོར་འདས་གཉིས་ཀྱི་གཞི་ཡིན་ནམ་མིན་ཞེས་པའོ། །དེའི་ལན་ནི། ཀུན་གཞིའི་རྣམ་པར་ཤེས་པ་དེ་འཁོར་འདས་གཉིས་ཀྱི་གཞི་ཡིན་པར་འཇོག་དགོས་པ་ཡིན་པར་སྣང་སྟེ། ཆོས་མངོན་པའི་མདོ་ལས།ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་དང༌། ཆོས་ཀྱི་ཤན་འབྱེད་ལས། ཆོས་ཉིད་ལ་སོགས་པའི་རྣམ་གྲངས་མང་པོ་ཅན་གྱི་བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་ཆོས་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར། དྲི་མ་གནས་པའི་གཞི་དང༌། དེ་སྦྱང་བར་བྱ་བའི་གཞི་ཡང་ཡིན་ནོ། །ཞེས་དང༌། ས་བཟང་གི་ཀུན་བཏུས་ཀྱི་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། དེ་ལྟར་གཉིས་ཀ་ལའང་ཀུན་གཞིའི་སྒྲས་བཤད་དུ་རུང་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་རོ། །དེ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ནི་ཉོན་མོངས་པའི་བག་ཆགས་ཀྱི་རྟེན་ཡིན་པས་འཁོར་བའི་གཞི་བྱེད་ཅིང༌། ཐོས་སོགས་དགེ་བའི་བག་ཆགས་ཀྱི་རྟེན་ཡིན་པས་མྱ་ངན་ལས་འདས་པའི་གཞིའང་བྱེད་པའི་ཕྱིར་དང༌། ཀུན་གཞི་དེ་བཞིན་གཤེགས་པའི་སྙིང་པོ་ནི་གློ་བུར་གྱི་དྲི་མའི་རྟེན་ཡིན་པས་འཁོར་བའི་གཞིར་ཡང་གསུངས་ཤིང༌། དེ་ཉིད་དྲི་མ་དང་བྲལ་ཙམ་གྱིས་རྣམ་པར་གྲོལ་བ་ཐོབ་པས་ན་མྱ་ངན་ལས་འདས་པའི་གཞི་མཐར་ཐུག་པ་ཉིད་ཡིན་པའི་ཕྱིར་རོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། འཁོར་དང་ལམ་གྱི་གཞིར་གྱུར་ཀུན་གཞི་སྟེ། །ཞེས་དང༌། དེའི་ཐད་ཀྱི་ཟིན་བྲིས་ལས། ཀུན་གཞིའི་སྟེང་དུ་ཀུན་ནས་ཉོན་མོངས་པའི་བག་ཆགས་བཞག་པ་ལས་འཁོར་བ་འབྱུང་བ་དང༌། རྣམ་བྱང་གི་ས་བོན་བཞག་པ་ལས་མྱང་འདས་ཐོབ་པར་འགྱུར་བའི་ཕྱིར། འཁོར་འདས་གཉིས་ཀར་གྱི་གཞིར་གྱུར་པ་ཡིན་ལ། ཞེས་དང༌། ཀུན་གཞི་ལ་འཁོར་འདས་ཐམས་ཅད་འབྱུང་བར་འགྱུར་པའི་ནུས་པ་ས་བོན་གྱི་ཚུལ་དུ་ཡོད་པ་ཡིན་ཞིང༌། དེ་ལས་དེ་འབྱུང་བས་ན་རྒྱུའི་དོན་ནོ། །ཆོས་རྣམས་ཀུན་གྱི་གནས་སམ། ཤེས་བྱ་ཀུན་གྱི་གནས་ཡང་ཡིན་ཏེ།འདི་ལ་འགའ་ཞིག་ཏུ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ཟག་པ་དང་བཅས་པ་རྣམས་ཀྱི་གནས་ཞེས་ཟག་པ་མེད་པའི་ཆོས་ཀྱི་གནས་མ་ཡིན་པར་བཤད་མོད་ཀྱང་རང་ལུགས་ལ་ཟག་མེད་ལམ་གྱི་བདེན་པ་རྣམས་ཀྱི་གནས་ཡིན་པས་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ཡིན་ལ། དེ་ལྟ་མ་ཡིན་ན་མྱ་ངན་འདས་པ་ཐོབ་པར་འགྱུར།ཞེས་གསུངས་པ་འབྲེལ་མེད་དུ་འགྱུར་རོ། །ཞེས་དང༌། ཟག་པ་མེད་པའི་ས་བོན་ནི།ཀུན་གཞི་རྣམ་ཤེས་ཀྱི་སྟེང་དུ་བཞག་པ་ཡིན་ལ། ཞེས་གསུངས་པའི་ཕྱིར་རོ། །འོ་ན་ཀུན་མཁྱེན་ཆོས་རྗེའི་ཕར་ཕྱིན་མདོ་ལུགས་མ་ལས། གལ་ཏེ་སེམས་བསྐྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཆོས་ཀྱི་དབྱིངས་ཡིན་ན་ཐོག་མར་ཐར་པའི་ས་བོན་དང་དེ་ནས་རིམ་གྱིས་རྣམ་བྱང་གི་བག་ཆགས་ཐམས་ཅད་ཀུན་གཞི་རྣམ་པར་ཤེས་པ་ལ་འཇོག་ཅིང་དེ་ལ་རྟེན་དགོས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་སྣང་བ་དང་མུན་པའི་རྟེན་གཅིག་ཏུ་མི་རུང་བ་བཞིན་དུ་སྤང་བྱ་དང༌། གཉེན་པོའི་ཆོས་དག་འཇུག་པའི་རྟེན་ཀུན་གཞི་གཉིས་ཡོད་པའི་ཕྱིར་རོ། །གཉིས་པོ་གང་ཞེ་ན། ཀུན་གཞིའི་རྣམ་ཤེས་དང༌། ཀུན་གཞིའི་ཡེ་ཤེས་སོ། །དེ་ལ་སྔ་མ་ནི་རྣམ་སྨིན་དང་ས་བོན་ཐམས་ཅད་པ་དང་རྩ་བའི་རྣམ་ཤེས་དང༌། ལེན་པའི་རྣམ་ཤེས་དང༌། ལུང་དུ་མ་བསྟན་པ་ཡིན་པར་དེང་སང་ཡོངས་སུ་གྲགས་སོ། །ཀུན་གཞི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཉིད་ཡིན་ཞིང༌། ཞེས་པ་ནས། དེ་ཉིད་ལུང་མ་བསྟན་གྱི་ཀུན་གཞི་དང་མི་གཅིག་སྟེ། དོན་དམ་པའི་དགེ་བ་ཡིན་པའི་ཕྱིར། ཞེས་དང༌། འགལ་བ་དག་ནི་རྟེན་གཅིག་པར་མི་འཐད་པའི་ཕྱིར་ཏེ། གྲང་བ་དང་དྲོ་བའི་རེག་པ་རྟེན་གཅིག་པར་མི་འཐད་པ་བཞིན་ནོ། །ཞེས་སོགས་གསུངས་པའི་དགོངས་པ་གང་ཡིན་ཞེ་ན། དེའི་དགོངས་དོན་ནི་ངེས་དོན་གྱི་བསྟན་པ་ཐུགས་ལ་འཆང་བའི་ངག་དབང་བློ་གྲོས་གྲགས་པས་བཤད་མོད་ཀྱི། རང་བློ་དང་མཚམས་པར་དེ་དག་གི་དགོངས་པ་འགལ་མེད་དུ་བཤད་ན་འདི་ལྟར་ཡིན་པར་སྣང་སྟེ། ཀུན་མཁྱེན་ཉིད་ཀྱིས་རང་ལུགས་ལ་ཀུན་གཞི་རྣམ་ཤེས་རྣམ་བྱང་གི་བག་ཆགས་བགོ་གཞིར་མི་རུང་བ་ལྟ་བུར་གསུངས་པ་ནི། ཀུན་གཞི་རྣམ་སྨིན་དེ་རྣམ་བྱང་གི་བག་ཆགས་ཀྱི་རྟེན་ཙམ་ཡིན་ཡང་དེ་ཁོ་ན་མ་ཡིན་པར་ཀུན་གཞི་ཡེ་ཤེས་འཇོག་དགོས་པ་དང༌། ཀུན་གཞི་རྣམ་སྨིན་སྤང་བྱ་ཡིན་པས་གཉེན་པོ་རྣམ་བྱང་གོང་ནས་གོང་དུ་འཕེལ་ཞིང་བསྐྱེད་པའི་རྟེན་མི་བྱེད་པ་དང༌།ལྷག་མེད་དགྲ་བཅོམ་པ་སོགས་ཀྱི་རྒྱུད་ལ་ཀུན་གཞི་མཚན་ཉིད་པའམ་རྣམ་སྨིན་གྱི་ཆ་འགག་ཟིན་པས་དེའི་རྒྱུད་ཀྱི་རྣམ་བྱང་གི་བག་ཆགས་བགོ་གཞི་ཀུན་གཞི་རྣམ་སྨིན་གྱི་ཆ་མ་ཡིན་པར་གསུངས་པ་ཡིན་པའི་གནས་སུ་སྣང་སྟེ། ཕར་ཕྱིན་མདོ་ལུགས་མ་ལས།དེས་ན་འཁོར་འདས་གཉིས་ཀའི་བག་ཆགས་ཀུན་གཞི་རྣམ་ཤེས་འབའ་ཞིག་ལ་འཇོག་ན། འཁོར་འདས་གཉིས་ཀའི་ས་བོན་ཡིན་པའི་ཕྱིར་སྤང་བྱའི་ས་བོན་སྤངས་པའི་གནས་གྱུར་མེད་པས་སྤངས་པ་སླར་ལྡོག་པ་དང༌། སངས་རྒྱས་མི་སྲིད་པ་དང༌། སྤང་གཉེན་གྱི་ས་བོན་སོ་སོར་ངེས་པ་མེད་པ་ལ་སོགས་པར་ཧ་ཅང་ཐལ་བས་གནོད་དོ། །ཆོས་དབྱིངས་བསྟོད་པར་ཡང༌། སེམས་ཉིད་རྣམ་པ་གཉིས་སུ་མཐོང༌། །ཇི་ལྟར་འཇིག་རྟེན་འཇིག་རྟེན་འདས། །བདག་ཏུ་འཛིན་ལས་འཁོར་བ་སྟེ། །སོ་སོར་རིག་ན་དེ་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །ཞེས་གསུངས་པ་དང༌། གོང་གི་ཀུན་གཞི་རྣམ་ཤེས་འབའ་ཞིག་ལ་འཇོག་ན། ཞེས་པའི་འབའ་ཞིག་གི་དོན་ཡོད་པའི་ཕྱིར་རོ། །གཞན་ཡང་མདོ་ལུགས་མར་ཀུན་གཞི་རྣམ་ཤེས་རྣམ་བྱང་གི་བག་ཆགས་བགོ་གཞི་མ་ཡིན་པ་ལྟ་བུར་གསུངས་པའི་དགོངས་པ་ནི། ཀུན་གཞི་རྣམ་ཤེས་ནི་རྣམ་བྱང་ཐོས་སོགས་ཀྱི་བག་ཆགས་ཀྱི་ངོ་བོ་ཉིད་ཀྱི་རྟེན་ནམ་མེ་དང་ཚ་བ་བཞིན་ངོ་བོ་དབྱེར་མེད་པའི་རྟེན་བརྟེན་པ་མ་ཡིན་པར་གསུངས་བ་ཡིན་པར་སྣང་སྟེ། ཕར་ཕྱིན་མདོ་ལུགས་མར་ཐེག་བསྡུས་ཀྱི་ལུང་དྲངས་བ་འདི་ལྟ་སྟེ།ཇི་སྐད་དུ། ཐོས་པའི་བག་ཆགས་གང་ཡིན་པ་དེ་ཡང་ནི། ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ནམ། འོན་ཏེ་མ་ཡིན། གལ་ཏེ་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ན་ནི། ཇི་ལྟར་དེའི་གཉེན་པོའི་ས་བོན་དུ་རུང༌། ཅི་སྟེ་དེའི་ངོ་བོ་ཉིད་མ་ཡིན་ན་ནི། དེས་ན་ཐོས་པའི་བག་ཆགས་ཀྱི་གནས་ཅི་ཞིག་ཡིན་པར་ལྟ་ཞེ་ན། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལ་བརྟེན་ནས་ཐོས་པའི་བག་ཆགས་སུ་གྱུར་བ་གང་ཡིན་པ་གནས་གང་ལ་འཇུག་པ་དེ། ལྷན་ཅིག་འདུག་པའི་ཚུལ་གྱིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་འཇུག་སྟེ།འོ་མ་དང་ཆུ་བཞིན་ནོ། །དེ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་མ་ཡིན་ཏེ། དེའི་གཉེན་པོའི་ས་བོན་ཉིད་ཡིན་པའི་ཕྱིར་རོ། །ཞེས་དང༌། ཀུན་གཞི་རྣམ་པར་ཤེས་པའི་གཉེན་པོ་ཡིན་པས་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་པ་དང༌། ཞེས་དང༌། ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་དང་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་པ་ཆུ་དང་འོ་མ་བཞིན་དུ་ལྷན་གཅིག་གནས་པ་རྣམ་པ་ཐམས་ཅད་དུ་འགྲིབ་པར་ཇི་ལྟར་འགྱུར་ཞེ་ན། ངང་བས་ཆུ་ལས་འོ་མ་འཐུངས་བ་དང༌། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ནས་མཉམ་པར་བཞག་པ་མ་ཡིན་པའི་བག་ཆགས་འགྲིབ་སྟེ། མཉམ་པར་བཞག་པའི་བག་ཆགས་འཕེལ་ནས་གནས་འགྱུར་བ་བཞིན་ནོ། །ཞེས་གསལ་བར་གསུངས་པས་དེ་ལྟར་ཤེས་པར་བྱས་ནས་ཚིག་འབྲུ་ཙམ་གྱིས་འཁྲུལ་བར་མི་བྱའོ། །

དྲི་བ་བཅུ་དྲུག་པ་ཉན་རང་དགྲ་བཅོམ་པས་སྡུག་བདེན་སྤངས་བ་ཡོད་དམ་མེད།

དྲི་བ་བཅུ་དྲུག་པ་ཉན་རང་དགྲ་བཅོམ་པས་སྡུག་བདེན་སྤངས་བ་ཡོད་དམ་མེད། ཡོད་ན་ཀུན་གཞི་སྡུག་བདེན་ཨེ་ཡིན་ཞེས་པའི་དྲིས་ལན།

ཉན་རང་དགྲ་བཅོམ་པའི་སྡུག་བདེན་སྤངས་བ་ཡོད་དམ་མེད། ཡོད་ན་ཀུན་གཞི་སྡུག་བདེན་ཨེ་ཡིན་ཞེས་པའོ།། དེའི་ལན་ནི། ཉན་རང་དགྲ་བཅོམ་ལྷག་མེད་པའི་སྡུག་བདེན་སྤངས་པ་ཡིན་ཏེ། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས།དེ་ཡང་ཕྱི་མའི་ཕུང་པོའི་རྒྱུ་ཉོན་མོངས་པའི་ཀུན་འབྱུང་སྤངས་ཀྱང་སྔ་མའི་ལས་ཉོན་གྱི་འབྲས་བུ་ཚེ་འདིའི་སྡུག་བསྔལ་གྱི་ཕུང་པོ་མ་སྤངས་པའི་མྱང་འདས་དེ་ཐེག་དམན་གྱི་ལྷག་བཅས་མྱང་འདས། ཞེས་པ་ནས། ཐེག་དམན་དགྲ་བཅོམ་དེ་ཉིད་ཚེའི་དུས་བྱས་པ་ན་སྔ་མའི་ལས་ཉོན་གྱི་འབྲས་བུ་སྡུག་བསྔལ་ཡང་སྤངས་པའི་མྱང་འདས་ནི་ཐེག་དམན་གྱི་ལྷག་མེད་མྱང་འདས་ཏེ། ཞེས་གསུངས་པའི་ཕྱིར། ཀུན་གཞི་སྡུག་བདེན་ཨེ་ཡིན་ཞེས་པ་ཀུནགཞི་རྣམ་ཤེས་དང་ཡེ་ཤེས་གཉིས་མ་ཕྱེ་བར་སྤྱིར་སྡུག་བདེན་ཨེ་ཡིན་ཞེས་དྲི་བ་ཡིན་ན་སྡུག་བདེན་མིན་ཞེས་ལན་འདེབས་པར་བྱ་ལ། ཀུན་གཞི་རྣམ་ཤེས་སྡུག་བདེན་ཡིན་ནམ་ཞེས་དྲིས་པ་ཡིན་ན། སྡུག་བདེན་ཡིན་ཞེས་བྱ་སྟེ། ཆོས་ཀྱི་ཤན་འབྱེད་ལས། ཀུན་གཞི་རྣམ་ཤེས་ནི་སྦྱང་བྱ་དྲི་མ་ལས་མ་འདས་ཏེ་ལེན་པའི་རྣམ་ཤེས་ཡིན་པའི་ཕྱིར་དང༌། སྲིད་པའི་ཡན་ལག་གི་རྣམ་ཤེས་ཡིན་པའི་ཕྱིར་དང༌། རྣམ་པར་སྨིན་པའི་རྣམ་ཤེས་ཡིན་པའི་ཕྱིར། འཁོར་བ་ཇི་སྲིད་པའི་ཕུང་པོ་ཡིན་པའི་ཕྱིར། རྩ་བའི་རྣམ་ཤེས་དང་ས་བོན་ཐམས་ཅད་པའི་རྣམ་ཤེས་ཡིན་པའི་ཕྱིར། ཞེས་སོ། །གཞན་ཡང་ཉན་རང་དགྲ་བཅོམ་པ་ལྷག་མེད་དུ་གྱུར་པ་དང་ཀུན་གཞི་རྣམ་ཤེས་ཀྱི་མཚན་ཉིད་ལྡོག་ནས་རྣམ་སྨིན་གྱི་ཆ་སྤངས་པ་ཡིན་ལ། དེ་རིགས་རྒྱུན་ཙམ་ཞིག་ནི་ཡོད་ཅིང་དེ་དུས་གནས་འགྱུར་མཐར་ཐུག་མ་ཐོབ་པའི་ཕྱིར་རོ། །ས་བཟང་གི་མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་ལས། འགའ་ཞིག་འཁོར་བ་ཇི་སྲིད་པར་འཇུག་པའི་རྣམ་ཤེས་ཞེས་གསུངས་པ་ནི་མི་འཐད་དེ། དགྲ་བཅོམ་པའི་ཀུན་གཞི་ལ་མ་ཁྱབ་པའི་ཕྱིར་རོ། །ཞེས་གསུངས་ཀྱང་དེའི་འོག་ཏུ་དུས་འཁོར་བ་ཇི་སྲིད་དུ་རྒྱུན་མི་ཆད་པར་འབྱུང་བ་སྟེ། ཞེས་གསུངས་པས་གོང་མ་རང་ལུགས་ཡིན་མིན་ལ་དཔྱད་པར་བྱའོ། །

དྲི་བ་བཅུ་བདུན་པ་ཆོས་ཐམས་ཅད་གཞན་སྟོང་ཡིན་ནམ་མིན་ཞེས་པའི་དྲིས་ལན།

དྲི་བ་བཅུ་བདུན་པ་ཆོས་ཐམས་ཅད་གཞན་སྟོང་ཡིན་ནམ་མིན་ཞེས་པའི་དྲིས་ལན།

ཆོས་ཐམས་ཅད་གཞན་སྟོང་ཡིན་ནམ་མིན་ཞེས་པའོ། །དེའི་ལན་ནི། བདེན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཞན་སྟོང་མ་ཡིན་ཏེ། ཀུན་རྫོབ་བདེན་པ་གཞན་སྟོང་མ་ཡིན་པའི་ཕྱིར་ཏེ། བཀའ་བསྡུ་བཞི་བ་ལས། བདེ་གཤེགས་སྙིང་པོ་གཞན་སྟོང་ཡིན་པ་ལྟར། །གློ་བུར་དྲི་མ་གཞན་སྟོང་ཡིན་ནམ་ཅི། །ཞེས་དང༌། རྣམ་ཤེས་ཡིན་ན་གཞན་སྟོང་ཟབ་མོ་མིན། །ཞེས་སོགས་གཞན་སྟོང་སྟོན་བྱེད་ཀྱི་མདོ་རྒྱུད་དུ་མ་དང༌། ཀུན་མཁྱེན་དང་རྗེ་སྒྲོལ་མགོན་ཞབས་གཉིས་ཀྱིས་སྐབས་དུ་མར་གཞན་སྟོང་ནི་དོན་དམ་ཁོ་ན་ལ་གསུངས་པའི་ཕྱིར་ཏེ། རྒྱུད་བླ་ཐོགས་འགྲེལ་དུ་མདོ་དྲངས་པ་ལས། གང་ཞིག་གང་ན་གང་མེད་པ་དེ་ནི་དེས་སྟོང་ངོ༌། །གང་ཞིག་ལྷག་མར་གྱུར་པ་དེ་ནི་དེ་ལ་རྟག་ཏུ་ཡོད་དོ། །ཞེས་སྟོང་བའི་གཞི་གཞན་སྟོང་དུ་གསུངས་བ་ལས་དེ་ལས་གཞན་གཞན་སྟོང་དུ་མ་གསུངས་པ་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། གནས་ལུགས་ལ་ཡོད་པ་ནི་གཞན་སྟོང་དང་མེད་པ་ནི་རང་སྟོང་ངོ༌། །ཞེས་དང༌། དེ་ལྟར་སྟོང་བའི་ཆོས་རང་སྟོང་དང༌། སྟོང་བའི་གཞི་གཞན་སྟོང་དུ་རྟོགས་པ་འདི་ནི་སྟོང་བ་ཉིད་ལ་འཇུག་པ་ཡང་དག་པ་ཇི་ལྟ་བ་སྟེ་ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །ཞེས་དང༌། བདེན་གཉིས་གསལ་བའི་ཉི་མ་ལས། ཀུན་རྫོབ་ནི་དོན་ལ་མེད་པས་རང་སྟོང་དང༌། རྣམ་ཤེས་ལ་སྣང་གི་ཡེ་ཤེས་ལ་མི་སྣང་བ་དང༌། དོན་དམ་ནི་དོན་ལ་ཡོད་པས་རང་གིས་མི་སྟོང་བའི་གཞན་སྟོང་དང༌། །ཡེ་ཤེས་ལ་སྣང་གི་རྣམ་ཤེས་ལ་གཏན་མི་སྣང་བ་དང༌། ཞེས་དང༌། གྲུབ་མཐའ་དོན་གསལ་ལས། ཀུན་རྫོབ་བདེན་པ་རང་གིས་སྟོང༌། དོན་དམ་བདེན་པ་གཞན་སྟོང་སྟེ། །སྟོང་ཚུལ་དེ་ལྟར་མ་ཤེས་ན། །རྒྱལ་བའི་བཀའ་ལ་རྨོངས་པ་ཡིན། །ཞེས་དང༌། ཚུལ་གཉིས་རྣམ་འབྱེད་ལས། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་མེད་རང་གི་ངོ་བོས་སྟོང་བའི་རང་སྟོང་ཡིན་ཡང༌། དོན་དམ་དབྱིངས་ནི་བདེན་པར་གྲུབ་པའི་ཕྱིར་རང་གི་ངོ་བོས་མི་སྟོང་ལ། འོན་ཀྱང་སྟོང་ཉིད་ནི་ཡིན་ཏེ། གཞན་གཟུང་འཛིན་སོགས་སྤྲོས་པ་ཐམས་ཅད་ཀྱིས་སྟོང་བའི་ཕྱིར་དོན་དམ་ནི་གཞན་སྟོང་ཡིན་ནོ། །ཞེས་སོགས་དོན་དམ་ཁོ་ན་གཞན་སྟོང་ཡིན་པར་གསུངས་སོ། །འོ་ན་གཞན་སྟོང་དབུ་མའི་རྒྱན་ལས། གང་ཟག་བདག་མེད་རྟག་ཏུ་གཞན་སྟོང་སྟེ། །འོན་ཀྱང་ཐ་ཤལ་སྟོང་ཉིད་མིན་པ་བཞིན། །ཞེས་དང༌། ཉ་དབོན་པའི་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། སྔར་གྱི་སྟོང་ཚུལ་དེ་ཉིད་གཞན་སྟོང་གི་སྟོང་ཚུལ་དངོས་ཡིན་པའི་ཕྱིར་རོ། །དེས་ན་དོན་དམ་ཐམས་ཅད་གཞན་སྟོང་ཡིན་གྱི་རང་སྟོང་མིན་ལ། ཀུན་རྫོབ་ཐམས་ཅད་སྔ་རབས་པའི་འཆད་ཚུལ་དང་བསྟུན་ནས་རང་སྟོང་དང་དོན་ལ་གཞན་སྟོང་སྟེ་གཉིས་ཀའོ། །ཞེས་ཀུན་རྫོབ་ཐམས་ཅད་གཞན་སྟོང་ཡིན་པར་བསྟན་པ་མ་ཡིན་ནམ་ཞེ་ན། མ་ཡིན་པར་སྣང་སྟེ། དེ་ནི་ཀུན་རྫོབ་རྣམས་གཞན་གྱིས་སྟོང་བ་ཙམ་ཡིན་པས་གཞན་སྟོང་གི་སྟོང་ཚུལ་ལམ་སྒྲ་བཤད་ཙམ་ཚང་བའི་དོན་ཡིན་ཞེས་བཤད་ན་རང་ལུགས་ཀྱི་དམ་པ་རྣམས་ཀྱི་དགོངས་པ་འགལ་མེད་དུ་འགྲོའོ། །དེ་ལྟ་མ་ཡིན་ན་གཞན་གྱིས་སྟོང་ན་གཞན་སྟོང་ཡིན་དགོས་ལ། དེ་འདོད་ན་སྐྱེ་བ་མེད་ན་སྐྱེ་མེད་དུ་འགྱུར་ལ། འདོད་ན། ཆོས་ཀྱི་ཤན་འབྱེད་ལས། རང་སྟོང་གིས་དོན་དམ་སྟོང་ཉིད་ཀྱི་གོ་མི་ཆོད་པ་ཇི་ལྟ་བ་དེ་བཞིན་དུ་གཞན་སྟོང་གིས་ཀྱང་ཀུན་རྫོབ་སྟོང་ཉིད་ཀྱི་གོ་མི་ཆོད་དོ། །ཞེས་དང༌། རྒྱལ་བའི་ཡུམ་ལས། སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དེ་ལ་སྐྱེ་འགག་མེད་ཀྱང་ཅི་ཡང་མེད་པ་ལ་སྐྱེ་རྒྱུ་དང་འགག་རྒྱུ་མེད་པས་སྐྱེ་བ་མེད་ཅེས་བཤད་པ་ཡིན་གྱི་སྐྱེ་མེད་ཀྱི་དོན་མ་ཡིན་ནོ། །ཞེས་གསུངས་པ་སོགས་དང་འགལ་བར་འགྱུར་རོ། །ཡང་ཀུན་རྫོབ་ཀྱི་ཆོས་རྣམས་གཞན་སྟོང་ཡིན་ན་སྟོང་ཉིད་ཉི་ཤུའི་གཞན་གྱི་ངོ་བོ་སྟོང་བ་ཉིད་རང་སྟོང་ལ་བཤད་དགོས་ཀྱང་དེ་ལྟར་ཀུན་མཁྱེན་དང་རྗེ་སྒྲོལ་མགོན་གཉིས་ཀྱིས་མ་གསུངས་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། སྟོང་ཉིད་ཉི་ཤུ་བོ་ཐམས་ཅད་རང་སྟོང་ཉིད་དུ་སྨྲ་བ་ནི། རྒྱལ་བ་རྣམས་ཀྱི་དགོངས་པ་ཆེན་པོའི་དོན་མ་ཡིན་ཏེ། དོན་དམ་པའི་བདེན་པ་དང་རང་བཞིན་གྱི་རིགས་དང་ཆོས་སྐུའི་ཡོན་ཏན་གྱི་ཆོས་ཐམས་ཅད་དང་ངོ་བོ་ཉིད་དང་དངོས་པོ་མེད་པའི་ངོ་བོ་ཉིད་དང་གཞན་གྱི་དངོས་པོ་སྟོང་པ་ཉིད་རྣམས་སྟོང་ཉིད་ཡིན་ཀྱང་རང་སྟོང་མ་ཡིན་པའི་ཕྱིར་རོ། །ཞེས་དང༌། ཤེར་འགྲེལ་སྔོན་མེད་ལེགས་བཤད་ལས། རང་གི་ངོ་བོ་སྟོང་བ་ཉིད་ནི། དངོས་མེད་སྟོང་ཉིད་དང་གཅིག་ལ། གཞན་གྱི་ངོ་བོ་སྟོང་བ་ཉིད་ནི། དངོས་མེད་ངོ་བོ་ཉིད་དང་གཅིག་གོ ། རྣམ་བཞག་འདི་ནི་ཤིན་ཏུ་གསལ་བར་སྔགས་ཀྱི་ཐེག་པ་བླ་ན་མེད་པའི་རྒྱུད་གཉིས་ལས་འབྱུང་བ་དང༌། མདོ་ལུགས་ཀྱི་དབུས་མཐའ་རྣམ་འབྱེད་རྩ་འགྲེལ་དང༌། ཡུམ་གསུམ་གནོད་འཇོམས་དང༌། བརྒྱད་སྟོང་དོན་བསྡུ་སོགས་ལས་ཤེས་པར་བྱའོ། །ཞེས་གསུངས་སོ། །ཡང་ཁ་ཅིག་གཞན་སྟོང་སྙིང་པོ་ལས། ཀུན་རྫོབ་རྣམས་གཞན་གྱི་ངོ་བོས་སྟོང་བའི་སྟེང་དུ་རང་གི་ངོ་བོས་ཀྱང་སྟོང་བ་དང༌། ཞེས་སོགས་ཀྱིས་ཀུན་རྫོབ་རྣམས་གཞན་སྟོང་དུ་གྲུབ་པོ་ཞེ་ན། ཁྱོད་རང་ལ་ཀུན་རྫོབ་ཀྱི་ཆོས་གཞན་གྱིས་སྟོང་བར་གསུངས་པས་གཞན་སྟོང་ཡིན་པར་གྲུབ་ན་གཞན་གྱིས་སྟོང་ན་གཞན་སྟོང་དུ་ཁས་བླངས་དགོས་པས་རི་བོང་གི་རྭ་ཡང་གཞན་སྟོང་དུ་འགྱུར་རོ། །ཡང་བཀའ་བསྡུ་བཞི་བར། རྣམ་ཤེས་འདི་མིན་གཞན་སྟོང་ཟབ་མོ་མིན། །ཞེས་གཞན་སྟོང་ཟབ་མོ་ཞེས་པས་ཤུགས་ལ་གཞན་སྟོང་མི་ཟབ་པ་ཡོད་པར་བསྟན་ཏོ་ཞེ་ན་མ་ཡིན་ཏེ། ལུང་དེས་ཤུགས་ལ་རང་སྟོང་མི་ཟབ་པ་ཡིན་པར་སྟོན་ལ། དེ་ལྟར་མ་ཡིན་ན་དོན་དམ་ཟབ་མོ་ཞེས་བརྗོད་ན་དོན་དམ་ལ་མི་ཟབ་པ་ཞིག་ཡོད་པར་བསྟན་པར་ཐལ་ལོ། །ཤེས་རབ་སྙིང་པོའི་ཚིག་འགྲེལ་རྨད་དུ་བྱུང་བ་ལས། མདོ་འདིའི་དངོས་བསྟན་ལ་གཞན་སྟོང་ཐུན་མོང་པ་ནི་གསལ་བར་སྟོན་ཞིང༌། ཐུན་མོང་མ་ཡིན་པ་བདེ་བར་གཤེགས་པའི་སྙིང་པོའི་དོན། རྟག་བརྟན་གཡུང་དྲུང་རྣམ་པ་ཐམས་ཅད་པ་དེ་སྦས་དོན་གྱི་ཚུལ་དུ་འཆད་པ་ཡིན་ནོ། །ཞེས་གཞུང་འདིས་གཞན་སྟོང་ཐུན་མོང་བ་གསལ་བར་སྟོན་ཚུལ་ནི། བདེ་བར་གཤེགས་པའི་སྙིང་པོའི་དོན། རྟག་བརྟན་གཡུང་དྲུང་རྣམ་པ་ཐམས་ཅད་པ་གསལ་བར་མ་བསྟན་པར་རང་གིས་མི་སྟོང་བའི་ཤེར་ཕྱིན་ཟབ་མོའམ་དེ་བཞིན་ཉིད་སོགས་གསལ་བར་སྟོན་པ་དེ་ཡིན་ཏེ། ཤེར་སྙིང་ཚིག་འགྲེལ་དེ་ལས། ཤེར་ཕྱིན་ཟབ་མོ་ནི་རང་གི་ངོ་བོས་མི་སྟོང་བར་གྲུབ་པའི་ཕྱིར། འདི་ནི་གཞན་སྟོང་དབུ་མ་གསལ་བར་སྟོན་པའི་ཚིག་དང་པོའོ། །ཞེས་དང༌། ཡོངས་གྲུབ་དོན་དམ་གྱི་ཡེ་ཤེས་དེ་འཁོར་འདས་ཀུན་ཁྱབ་ཡིན་ཡང་འཁོར་འདས་སོ་སོས་གོས་པ་མེད་ལ། དེ་མེད་པས་འཕོ་འགྱུར་མེད་པའི་ཕྱིར་རྟག་པར་བསྟན་ཏོ། །འདི་ནི་གཞན་སྟོང་དབུ་མ་གསལ་བར་བསྟན་པའི་ཚིག་གསུམ་པའོ། །ཞེས་གསུངས་པ་སོགས་ལས་ཀུན་རྫོབ་ལ་མ་སྦྱར་བར་དོན་དམ་ལ་སྦྱར་བའི་ཕྱིར། ཐུན་མོང་བའི་གཞན་སྟོང་ཞེས་པ་ཀུན་རྫོབ་ཀྱི་ཆོས་ལ་གོ་བའི་གནས་མེད་པ་གཞུང་དེར་བལྟས་པ་ཙམ་གྱིས་ཤེས་ཐུབ་ལ། གཞན་དོགས་པ་ཆེར་མེད་པས་དེ་ཙམ་ལས་མ་སྤྲོས་སོ། །ངག་དབང་ཚོགས་གཉིས་རྒྱ་མཚོ་དང་ངག་དབང་བློ་གྲོས་གྲགས་པས་བདེན་པ་གཉིས་ཀ་གཞན་སྟོང་ཡིན་པ་ལྟ་བུར་གསུངས་སོ། །

དྲི་བ་བཅོ་བརྒྱད་པ་རང་ལུགས་ལ་བག་ཆགས་ཤེས་པ་ཡིན་ནམ་མིན་ཞེས་པའི་དྲིས་ལན།

དྲི་བ་བཅོ་བརྒྱད་པ་རང་ལུགས་ལ་བག་ཆགས་ཤེས་པ་ཡིན་ནམ་མིན་ཞེས་པའི་དྲིས་ལན།

རང་ལུགས་ལ་བག་ཆགས་ཤེས་པ་ཡིན་ནམ་མིན་ཞེས་པའོ། །དེའི་ལན་ནི། བག་ཆགས་ཆོས་ཅན། ཤེས་པ་མ་ཡིན་པར་ཁས་བླངས་བར་བྱ་སྟེ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར་ཏེ། ཐེག་བསྡུས་ལས། ཀུན་གཞིའི་རྣམ་པར་ཤེས་པ་དང༌། ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་ས་བོན་དེ་དག་ཅི་སོ་སོ་ཐ་དད་པ་ཡང་མ་ཡིན། ཐ་མི་དད་པ་ཡང་མ་ཡིན་མོད་ཀྱི་གང་དེ་འབྱུང་བའི་མཐུའི་ཁྱད་པར་ཅན་ཀུན་གཞི་རྣམ་པར་ཤེས་པ་དེ། དེ་བཞིན་དུ་འབྱུང་བ་ལ་ས་བོན་ཐམས་ཅད་པ་ཞེས་བྱའོ། །ཞེས་དང༌། དེའི་འགྲེལ་བ་དོན་གསང་ལས། དེ་ལ་གནས་པ་དེ་དག་དང་རྫས་སུ་ཐ་དད་པ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་རྣམས་ཡིན་ནོ། །ཞེས་བྱ་བའི་དོན་ཏེ། ཞེས་དང༌། འགྲེལ་བ་བཤད་སྦྱར་ལས། བག་ཆགས་ཞེས་བྱ་བ་ནི་ནུས་པའི་ཁྱད་པར་ཏེ་ནུས་པ་ཡང་ནུས་པ་ཅན་དེ་ཉིད་དམ་གཞན་ཞེས་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་དག་དང་ཕན་ཚུན་ཐ་དད་དམ་ཐ་དད་པ་མ་ཡིན་ཞེས་འདྲི་བ་འདི་ཚུལ་གཞན་མ་ཡིན་པ་སྟེ་ནུས་པ་ཅན་རྒྱུར་བྱས་ནས་བཏགས་པའི་ཕྱིར་རོ། །ཞེས་བཀྲལ་བས་ན་ནུས་པ་བཏགས་ཡོད་དང་ནུས་པ་ཅན་རྫས་ཡོད་དུ་བཞེད་པའི་ཕྱིར་དང༌། ཡང་དོན་གསང་དུ། ས་བོན་སྔ་མའི་རྒྱུན་འཇུག་པས་ས་བོན་ཕྱི་མའི་དུས་ཐ་དད་པ་ཁོ་ནའི་རྒྱུའི་རྐྱེན་ཡིན་ནོ། །བདག་པོའི་རྐྱེན་ནི་མ་ཡིན་ཏེ། སྐལ་བ་མཉམ་པ་མངོན་པར་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ཡང་མ་ཡིན་ཏེ། སེམས་ལས་བྱུང་བའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར། དམིགས་པའི་རྐྱེན་ཡང་མ་ཡིན་ཏེ། ས་བོན་ལ་དམིགས་པ་མེད་པའི་ཕྱིར་རོ། །ཞེས་ས་བོན་ལ་དམིགས་པ་མེད་པར་གསུངས་པ་དང༌། བཤད་སྦྱར་དུ། བག་ཆགས་ཙམ་ནི་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་གྱི། ཞེས་བག་ཆགས་ཤེས་པ་ཡིན་ན་ཀུན་གཞི་ཡིན་དགོས་ཀྱང་དེ་མ་ཡིན་པར་གསུངས་པའི་ཕྱིར་དང༌། ལྡན་མིན་བཤད་པའི་སྐབས་ཀྱི་དབྱིག་གཉེན་གྱི་ཕུང་ལྔའི་རབ་ཏུ་བྱེད་པ་ལས། དེ་ལ་ཐོབ་པ་གང་ཞེ་ན། རྙཻད་པ་དང་ལྡན་པའོ། །དེ་ཡང་ས་བོན་དང་དབང་དང་མངོན་དུ་གྱུར་པ་དང་ཅི་རིགས་སུ་སྦྱར་རོ། །ཞེས་དང༌། དེའི་སྐབས་ཀྱི་བློ་བརྟན་གྱི་ཕུང་ལྔའི་རབ་ཏུ་བྱེད་པ་བྱེ་བྲག་ཏུ་བཤད་པ་ལས། ཐོབ་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་དྲིས་པ་དང༌། རྙེད་པ་དང་ལྡན་པའོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྔོན་མ་ཐོབ་པ་ཐོག་མ་ཉིད་དུ་ཐོབ་པ་ ནི་རྙེད་པའོ། །རྙེད་པ་རྣམས་སྐད་གཅིག་གཉིས་པ་ལ་སོགས་པར་ཡོད་པ་ནི་ལྡན་པ་སྟེ་ཡང་དག་པར་རྗེས་སུ་འགྲོ་བ་ནི་ལྡན་པ་ཞེས་བྱའོ། །དེ་ལྟར་ན་ཐོབ་པའི་སྒྲ་ནི་རྙེད་པ་དང་ལྡན་པར་ཡང་སྙེགས་པར་བསྟན་པ་ཡིན་ནོ། །དེ་ཡང་ས་བོན་དང་དབང་དང་མངོན་དུ་གྱུར་པ་དང་རྣམ་པ་གསུམ་དུུ་དབྱེའོ། །ཅི་རིགས་སུ་སྦྱར་རོ་ཞེས་བྱ་བ་དེ་ལ་རིགས་པ་ནི་འདི་ཡིན་ཏེ། སྐད་ཅིག་དང་པོ་ཐོབ་པ་ནས་བརྩམས་ཏེ་དབང་གི་དུས་ཀྱི་བར་དུ་ས་བོན་ཞེས་བྱ་སྟེ། དེ་ལྟར་ན་ས་བོན་ནི་རྙེད་པ་དང་ལྡན་པ་གཉི་གར་བརྗོད་པ་ཡིན་ནོ། །དབང་དང་མངོན་དུ་གྱུར་པ་ནི་ལྡན་པ་ཡིན་ནོ། །ས་བོན་ཅི་ལ་བྱ་ཞེ་ན། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་རྣམ་པར་ཤེས་པ་ལ་མ་འོངས་པ་ན་དེ་དང་རིགས་གཅིག་པའི་ཆོས་ཀྱི་རྒྱུ་བསྐྱེད་པའི་ནུས་པའི་བྱེ་བྲག་ནི་ས་བོན་ནོ། །ས་བོན་རྙེད་ནས་དེ་ལ་རག་ལས་པའི་མངོན་དུ་མ་གྱུར་ཀྱང་དེའི་ས་བོན་གང་ཡིན་པ་དེ་ཐོབ་པ་ཞེས་བྱའོ། །དབང་ནི་དེའི་རྐྱེན་ལ་ལྟོས་ནས་རྒྱུན་གྱི་འབྲས་བུ་བསྒྲུབ་པའི་གནས་སོ། །མངོན་དུ་གྱུར་བ་ནི་དེའི་འབྲས་བུ་གྲུབ་པའི་དུས་སོ། །ཞེས་ས་བོན་ནི་ལྡན་མིན་གྱི་ཐོབ་པ་ལ་བཤད་པ་དང༌། མཛོད་ཀྱི་གནས་གཉིས་པའི་འགྲེལ་བཤད་རྒྱལ་སྲས་མ་ལས། ས་བོན་དང་ནུས་པ་དང་བག་ཆགས་ཞེས་བྱ་བ་ནི་དོན་གཅིག་གོ ། ས་བོན་ནི་བཏགས་པའི་ཡོད་པ་ཡིན་གྱི་རྫས་སུ་ཡོད་པ་ནི་མ་ཡིན་ནོ། །ཞེས་ས་བོན་རྫས་ཡོད་མ་ཡིན་པར་བཏགས་ཡོད་ཡིན་པར་གསུངས་ལ། དེ་སློབ་དཔོན་དབྱིག་གཉེན་གྱི་རང་ལུགས་བཤད་པ་ཡིན་གྱི་བྱེ་བྲག་སྨྲ་བའི་ལུགས་ཡང་མ་ཡིན་ཏེ། དེས་བག་ཆགས་མི་འདོད་པའི་ཕྱིར། སྤྱིར་བག་ཆགས་ཤེས་པ་འདོད་མིན་ལ་གྲུབ་མཐའི་ཁྱད་ཡོད་པར་ལུང་རིགས་སྨྲ་བའི་མཁས་པ་དག་གིས་མ་བཤད་པས་སོ། །ས་བཟང་གི་བླང་དོར་རབ་གསལ་འགྲེལ་བ་ལས། གཉིས་པོ་དེ་གཅིག་གམ་ཐ་དད་ཞེ་ན། ས་བོན་གྱི་ཆ་ནི་དམིགས་རྣམ་མི་འཛིན་ཅིང་ཚོར་བ་དང་མཚུངས་པར་ལྡན་པ་མ་ཡིན་ཏེ། རིག་པ་མ་ཡིན་པའི་ཕྱིར་ཏེ། ཡིན་ན་སྐྱེས་བུ་གཅིག་ཀྱང་ཀུན་གཞིའི་རྣམ་པར་ཤེས་པ་མི་འདྲ་བ་དུ་མ་དང་བཅས་པར་ཐལ་བའི་ཕྱིར། ཞེས་དང༌། དེས་ན་གཉིས་པོ་དེ་ཆོས་ཅན། ལྡོག་པ་ཐ་དད་པ་ཡིན་ཏེ། རིག་པ་ཡིན་མིན་གྱི་ཁྱད་པར་ཡོད་པའི་ཕྱིར། ཞེས་གསུངས་སོ། །ལྡན་མིན་འདུ་བྱེད་ཀྱི་དོན་ནི། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། ལྡན་མིན་འདུ་བྱེད་ལ་སྤྱི་དོན་གསུམ་ལས། ངོ་བོ་ངོས་བཟུང་བ་ནི་གཟུགས་དང་སེམས་དང་སེམས་ལས་བྱུང་བ་གསུམ་གྱི་གནས་སྐབས་ཀྱི་ཆ་ལ་བཏགས་པ་གང་ཞིག་གཟུགས་སོགས་ཀྱི་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་སྟེ། གདགས་གཞི་གཟུགས་སོགས་ལས་གུད་ན་རྫས་གཞན་དུ་གྲུབ་པ་མ་ཡིན་ཞིང༌། ངོ་བོ་གཟུགས་སོགས་ཀྱི་ལྡོག་པ་དེ་ཉིད་ཀྱང་མ་ཡིན་པའོ། །ཞེས་གསུངས་སོ། །སྐབས་འདི་ལ་དཔྱད་པར་བྱ་བ་འདི་ཡོད་དེ། ཀུན་གཞི་ས་བོན་གྱི་ཆ་དང༌། རྣམ་སྨིན་གྱི་ཆ་གཉིས་ཡོད་པའི་སྔ་མ་བག་ཆགས་དང་ཤེས་པ་ཡིན་པ་ལྟ་བུར་གསུངས་ཏེ། ས་བཟང་གི་མངོན་པ་ཀུན་བཏུས་འགྲེལ་བ་ལས། དེ་རྣམས་དོན་གསང་དུ་རིམ་པ་ལྟར། ཐུན་མོང་གི་མཚན་ཉིད་དང༌། ས་བོན་གྱི་མཚན་ཉིད་དང༌། རྣམ་སྨིན་གྱི་ཆའི་མཚན་ཉིད་བཤད་པ་ལ། དེའི་དང་པོ་ནི་བཤད་ཟིན་པ་ལྟར་ཏེ། གཉིས་པ་ནི་ཀུན་གཞི་ལ་ཡོད་པའི་བག་ཆགས་གང་ཞིག ཆོས་གཞན་སྐྱེ་བའི་རྒྱུའི་རྐྱེན་དུ་གནས་པ་ཞེས་པ་དང༌། གསུམ་པ་ནི་ཐོག་མ་མེད་པའི་དུས་ཀྱི་བག་ཆགས་ལ་བརྟེན་ནས་ས་བོན་ཡོངས་སུ་སྨིན་པར་གྱུར་བའི་ཀུན་གཞི་ཞེས་པའོ། །དེ་དག་ཀྱང་ཆོས་ཕྱི་མ་ལ་ལྟོས་ནས་ས་བོན་དང༌། སྔ་མ་ལ་ལྟོས་ནས་རྣམ་སྨིན་དང༌། གཉི་ག་དོན་གྱི་ངོ་བོ་རིག་པའི་ཆ་ནས་རྣམ་ཤེས་ཡིན་པས། གསུམ་གའང་ཀུན་གཞིའི་རྣམ་ཤེས་སུ་ངོ་བོ་གཅིག་པ་ཉིད་དོ། །ཞེས་གསུངས་ལ། འོན་ཀྱང་ལུང་དེས་བག་ཆགས་རང་གི་ངོ་བོ་ཤེས་པ་མ་ཡིན་ཡང་བག་ཆགས་དང་ལྡན་པའི་ཆའི་ཀུན་གཞི་ངོ་བོ་དང་ཐ་དད་མ་ཡིན་ཞེས་དང༌།རྣམ་སྨིན་ཡིན་པའི་ཆའི་ཀུན་གཞིའི་ངོ་བོ་ཤེས་པ་ཡིན་པར་བཤད་རྒྱུ་ཞིག་ཡོད་པར་སྣང་ངོ༌། །ཡང་ཐེག་མཆོག་དབུ་མའི་ཟིན་བྲིས་ལས། བུམ་པའི་སྐྱེ་བ་དང་འགག་པ་ཞེས་པ་བཏགས་ཡོད་དེ། བུམ་པའི་སྐྱེ་འགག་ཅེས་བྱ་ཡང་བུམ་པ་ལས་ལོགས་སུ་མ་གྲུབ་ཅིང་མིང་གིས་བཏགས་པ་ཙམ་ཡིན་པས་ན་ཀུན་བརྟགས་དང༌། ཞེས་དང༌། རྒྱུ་དང་འབྲས་བུ་ཞེས་པ་ཡང་བློས་བཏགས་པ་སྟེ། དཔེར་ན་མྱུ་གུ་ལ་ལྟོས་ཏེ་ས་བོན་བཞག་པ་དང༌། ས་བོན་ལ་ལྟོས་ཏེ་མྱུ་གུ་ལ་འབྲས་བུར་བཏགས་པ་ཡིན་པས་ཀུན་བརྟགས་འབའ་ཞིག་གོ །ཞེས་སོགས་ལྡན་མིན་དུ་གྲགས་པ་དུ་མ་ཞིག་ཀུན་བརྟགས་ལྟ་བུར་གསུངས་པས་བག་ཆགས་ལྡན་མིན་ཡིན་ན་གཞན་དབང་མ་ཡིན་དགོས་སམ། དེ་དགོས་ན་ཐེག་མཆོག་དབུ་མའི་ཟིན་བྲིས་ལས། བག་ཆགས་དེ་ཤེས་པའི་རྫས་ཡིན་པས་གཞན་དབང་མཚན་ཉིད་པ་ཡིན་ལ། ཞེས་པ་དང༌། ཟུང་འཇུག་རབ་གསལ་ལས། དེ་ཡང་ཐིག་ལེ་བཞི་དང་འབྲེལ་བའི་གནས་སྐབས་བཞིའི་བག་ཆགས་ནི་ཤེས་པ་ཁོ་ན་ཡིན་པའི་ཕྱིར། ལུས་ཀྱི་ཆ་ཤས་སོ་སོ་ལ་གནས་པ་མ་ཡིན། ཞེས་གསུངས་པ་སོགས་ལ་དཔྱད་པར་བྱ་ལ། སྤྱིར་སྔགས་བླ་མེད་ཀྱི་རྒྱུད་སྡེ་རྣམས་སུ་ཐིག་ལེ་བཞི་དང་འབྲེལ་བའི་གནས་སྐབས་བཞིའི་སྣང་བ་བསྐྱེད་པའི་ཤེས་པ་ལ་བག་ཆགས་ཀྱི་སྒྲ་སྦྱར་ཡང་བག་ཆགས་ཡིན་མི་དགོས་པར་སྣང་ངོ། །ཐུགས་སྣང་བརྩེ་བའི་ཆོས་མཆེད་མཁས་པ་རྣམས་ཀྱིས་སླར་དཔྱད་པར་ཞུའོ། །

དྲི་བ་བཅུ་དགུ་བ་ཀུན་བརྟགས་ཐམས་ཅད་ཀུན་རྫོབ་ཙམ་ལས་ཀུན་རྫོབ་བདེན་པའི་ངོ་བོར་མེད་ཅེས་པའི་དོན་ཇི་ལྟར་ཡིན་ཞེས་པའི་དྲིས་ལན།

དྲི་བ་བཅུ་དགུ་བ་ཀུན་བརྟགས་ཐམས་ཅད་ཀུན་རྫོབ་ཙམ་ལས་ཀུན་རྫོབ་བདེན་པའི་ངོ་བོར་མེད་ཅེས་པའི་དོན་ཇི་ལྟར་ཡིན་ཞེས་པའི་དྲིས་ལན།

ཀུན་བརྟགས་ཐམས་ཅད་ཀུན་རྫོབ་ཙམ་ལས་ཀུན་རྫོབ་བདེན་པའི་ངོ་བོར་མེད་ཅེས་པའི་དོན་ཇི་ལྟར་ཡིན་ཞེས་པའོ། །དེའི་ལན་ནི།ཀུན་བརྟགས་ཀུན་རྫོབ་ཙམ་ལས་ཀུན་རྫོབ་བདེན་པའི་ངོ་བོར་མ་གྲུབ་ཅེས་གསུངས་པ་འདི་ལྟ་སྟེ། བཀའ་བསྡུ་བཞི་བའི་འགྲེལ་བ་ཕྱོགས་མེད་རིས་མེད་ལས། ཟླ་བ་གཉིས་སྣང་ལ་སོགས་པ་ཀུན་རྫོབ་ཏུ་ཡང་བསླུ་བ་རྣམས་ནི་ལོག་པའི་ཀུན་རྫོབ་དང་ཀུན་རྫོབ་ཙམ་ཞེས་གསུངས་ཀྱི་ཀུན་རྫོབ་ཀྱི་བདེན་པ་ནི་མ་ཡིན་ཏེ། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་སོགས་གང་གསུངས་པའོ། །དེས་ན་ཀུན་རྫོབ་དེ་གཉིས་ཁྱད་པར་ཡོད་ཀྱང་འཁོར་དང་བཅས་པ་ལ་དགོངས་ནས་སྐབས་མང་པོར་ཀུན་རྫོབ་བདེན་པ་ཞེས་པ་དང༌། འཇིག་རྟེན་ཀུན་རྫོབ་ཀྱིས་ཞེས་པ་དང༌། འཇིག་རྟེན་གྱི་བདེན་པས་ཞེས་སོགས་གསུངས་སོ། །ཞེས་དང༌། རི་ཆོས་ལས། ཀུན་བརྟགས་ངོ་བོ་ཉིད་མེད་པ་ནི་རང་གི་མཚན་ཉིད་ཀྱིས་མེད་པ་སྟེ་ཀུན་རྫོབ་ཙམ་མམ་ལོག་པའི་ཀུན་རྫོབ་ཏུ་གྲུབ་པ་ཙམ་ལས་ཀུན་རྫོབ་བདེན་པའམ་ཡང་དག་ཀུན་རྫོབ་ཏུ་ཡང་མ་གྲུབ་བོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། ཀུན་བརྟགས་ནམ་ཡང་མེད་མོད་འཁྲུལ་ངོར་སྣང༌། །ཀུན་རྫོབ་ཙམ་ལ་ལྟོས་པའི་དབུ་མའོ། །ཞེས་དང༌། ཐེག་པ་ཆེན་པོའི་ཆོས་ལྔ་བསྟན་པ་ནི། །ཞེས་པ་ནས། དང་པོ་གཉིས་ནི་ཀུན་རྫོབ་ཙམ་ཡིན་ལ། །གསུམ་པ་ཀུན་རྫོབ་བདེན་པ་ཉིད་དུ་བཤད། །ཐ་མ་གཉིས་ནི་དོན་དམ་དངོས་རྣམ་གྲངས། །ཞེས་དང༌། རང་ལུགས་ཀུན་རྫོབ་ཙམ་དང་ཀུན་རྫོབ་བདེན། །ཀུན་བརྟགས་གཞན་དབང་གཉིས་ལ་རིམ་བཞིན་སྦྱོར། །ཞེས་དང༌། ཤེར་འགྲེལ་སྔོན་མེད་ལེགས་བཤད་ལས། ལོག་པའི་ཀུན་རྫོབ་ནི། ཀུན་རྫོབ་ཙམ་པོ་སྟེ། ཀུན་རྫོབ་བདེན་པ་བཏགས་པ་བ་དང༌། ཡང་དག་ཀུན་རྫོབ་ནི་དེ་དངོས་སོ། །ཞེས་སོགས་ཀྱི་གསུངས་ཟིན་ཙམ་ལ་ལོག་པའི་ཀུན་རྫོབ་དང་ཀུན་བརྟགས་རྣམས་ཀུན་རྫོབ་ཙམ་ལས་ཀུན་རྫོབ་བདེན་པ་མ་ཡིན་པ་ལྟ་བུར་གསུངས་པ་དང༌། དེ་དང་ཚིག་ཟིན་མི་མཐུན་པ་ནི། བདེན་གཉིས་གསལ་བའི་ཉི་མ་ལས། རྣམ་ཤེས་ཀྱི་ཡུལ་གང་ཞིག་གཤིས་ལ་རང་གི་ངོ་བོ་བདེན་པས་སྟོང་བ་ནི། ཀུན་རྫོབ་བདེན་པའི་མཚན་ཉིད་དང༌། འཕགས་པའི་ཡེ་ཤེས་དམ་པའི་ཡུལ་གང་ཞིག་གཤིས་ལ་རང་གི་ངོ་བོ་བདེན་པས་མི་སྟོང་བ་ནི། དོན་དམ་བདེན་པའི་མཚན་ཉིད་དེ། བདེན་གཉིས་ལས། ཀུན་རྫོབ་དང་ནི་བདེན་པའི་དོན། །བདེན་གཉིས་ཐུབ་པའི་གསུངས་པ་ལ། །ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་གཅིག་ཤོས་སོ། །ཞེས་དབུ་མ་བདེན་གཉིས་ཀྱི་ལུང་ཤེས་བྱེད་དང་བཅས་ཏེ་གསུངས་པ་དང༌། ཡང་དེ་ལས། གྲངས་ངེས་ནི་ཤེས་བྱ་ཐམས་ཅད་དོན་དམ་དཔྱོད་པའི་རིགས་པའི་དཔྱད་མི་བཟོད་པ་རྣམ་ཤེས་ཀྱི་ཡུལ་དང༌། བཟོད་པ་ཡང་དག་ཡེ་ཤེས་ཀྱི་ཡུལ་གཉིས་སུ་གྲངས་ངེས་པས་དོན་དམ་བདེན་པ་དང༌། ཀུན་རྫོབ་བདེན་པ་གཉིས་སུ་གྲངས་ངེས་སོ། །ཞེས་དང༌། ཤེར་ཕྱིན་སྔོན་མེད་ལེགས་བཤད་ལས། མཚན་ཉིད་གསུམ་བདེན་པ་གཉིས་སུ་འདུས་ལ་ཞེས་གསུངས་པ་སོགས་ཀྱིས་ཀུན་རྫོབ་ཀྱི་ཆོས་ལ་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་གསུངས་པ་ཡིན་ནོ། །ཡབ་སྲས་མཇལ་བའི་མདོ་ལས། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་པོ་འདིར་ཟད་དོ། །ཞེས་དང༌། ཏིང་ངེ་འཛིན་གྱི་མདོ་ལས་ཀྱང༌། གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་དང༌། དབུ་མ་རྩ་ཤེར་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ༵་ཡང་དག་བརྟེན། །ཞེས་དང༌། དེ་ཉིད་ཀྱི་འགྲེལ་བ་ལས། བདེན་པ་གང་ཡིན་ལ་ཕྱེ་ན་དོན་དམ་བདེན་པ་དང༌། ཀུན་རྫོབ་ཏུ་བདེན་པ་གཉིས་ལས་མི་འདའ་ཞིང༌། ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དོན་དམ་པའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་གནས་ལུགས་ཀྱི་དོན་དེ་ནི་འཕགས་པ་རྣམས་ཀྱི་སོ་སོར་རང་གི་རིག་པའི་ངོ་བོར་བྱུང་ཞིང་གནས་ལུགས་ལ་གྲུབ་པས་ན་དོན་དམ་པར་བདེན་པ་དང༌། གློ་བུར་འཁོར་བའི་ཆོས་རྣམས་ནི་བྱིས་པ་རྣམས་ཀྱི་ངོ་བོར་བདེན་པས་ན་ཀུན་རྫོབ་ཏུ་བདེན་པའོ། །ཞེས་དང༌། བླང་དོར་རབ་གསལ་ལས། ཆོས་ཀུན་བདེན་པ་གཉིས་སུ་འདུ་བས་ན། །ཀུན་རྫོབ་དང་ནི་དོན་དམ་བདེན་པ་ཡི། །གནས་ལུགས་ཤེས་ནས་རབ་འབྱམས་ཤེས་བྱ་ལ། །རྣམ་པར་དཔྱད་པ་ཤེས་ལྡན་རྣམས་ཀྱི་ལུགས། །ཞེས་དང༌།ཀུན་བརྟགས་གཞན་དབང་ཀུན་རྫོབ་བདེན་པ་སྟེ། །ཡོངས་གྲུབ་ཆོས་ཉིད་དོན་དམ་བདེན་པ་ལགས། །ཞེས་སོགས་ཀྱིས་ཀུན་རྫོབ་ཀྱི་ཆོས་ལ་ཀུན་རྫོབ་བདེན་པས་ཁྱབ་པར་གསུངས་སོ། །ད་ནི་དམ་པ་དེ་དག་གི་དགོངས་པ་གཅིག་ཏུ་དྲིལ་ན་སྤྱིར་བདེན་གཉིས་གསལ་བའི་ཉི་མ་ལྟར་ཀུན་རྫོབ་ཀྱི་ཆོས་རྣམས་རྣམ་ཤེས་ཀྱི་ཡུལ་ཡིན་པ་ཙམ་གྱིས་ཀུན་རྫོབ་བདེན་པར་འཇོག་སྟེ། བདེན་པ་གཉིས་སུ་ཕྱེ་བའི་ཀུན་རྫོབ་བདེན་པ་དང༌། ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་སུ་ཕྱེ་བའི་ཀུན་རྫོབ་བདེན་པའམ་ཡང་དག་ཀུན་རྫོབ་མི་འདྲ་བའི་ཕྱིར་ཏེ། སྔ་མ་ནི་རྣམ་ཤེས་ཀྱི་ངོར་བདེན་པའམ་རྟོག་པའི་ཞེན་ངོར་དང་མངོན་སུམ་གྱི་སྣང་ངོར་གང་དུ་བདེན་ཡང་ཀུན་རྫོབ་ཏུ་བདེན་པར་འཇོག་དགོས་པ་གང་ཞིག་ཕྱི་མ་ནི་གསལ་སྣང་ཅན་གྱི་ཤེས་པ་ལ་དོན་བྱེད་ནུས་སུ་སྣང་བ་ལྟར་དོན་བྱེད་ནུས་སུ་བདེན་པ་ལ་བྱེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཐེག་མཆོག་དབུ་མ་ལས།ཀུན་རྫོབ་བདེན་པ་ཀུན་རྫོབ་ཁོ་ནར་བདེན། །དོན་དམ་ཁོ་ནར་བདེན་པ་དོན་དམ་སྟེ། །ཞེན་ངོར་བདེན་པ་སྣང་ངོར་བདེན་པ་གཉིས། །ཀུན་རྫོབ་ཡིན་ཕྱིར། ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། གློ་བུར་འཁོར་བའི་ཆོས་རྣམས་ནི། བྱིས་པ་རྣམས་ཀྱི་ངོ་བོར་བདེན་པས་ན་ཀུན་རྫོབ་ཏུ་བདེན་པའོ། །ཞེས་གསུངས་བའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཐེག་མཆོག་དབུ་མ་ལས། ཐོག་མེད་བསགས་པའི་མ་རིག་བག་ཆགས་ལ། །འཕྲལ་གྱི་འཁྲུལ་རྒྱུས་མ་སླད་གསལ་སྣང་ཅན། །བླང་དོར་བྱ་བའི་ཡུལ་དུ་འོས་པ་ནི། །ཡང་དག་ཀུན་རྫོབ་ཅེས་བྱར་མཁས་རྣམས་འདོད། །ཅེས་དང༌། དབུ་མ་བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག ། ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པས། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་གསུངས་སོ། །དེ་ལྟ་ན་སྔར་བཀའ་བསྡུ་བཞི་བའི་འགྲེལ་བ་སོགས་སུ། ཀུན་བརྟགས་དང༌། ལོག་པའི་ཀུན་རྫོབ་རྣམས་ཀུན་རྫོབ་བདེན་པ་མ་ཡིན་པ་ལྟ་བུར་གསུངས་པ་ནི། སྤྱིར་དེ་དག་ཀུན་རྫོབ་བདེན་པ་མ་ཡིན་པར་གསུངས་པ་མིན་པར་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་སུ་ཕྱེ་བའི་ཀུན་རྫོབ་བདེན་པའམ་ཡང་དག་ཀུན་རྫོབ་མ་ཡིན་པར་གསུངས་པ་ཡིན་ཞེས་བྱས་ན། བདེན་གཉིས་གསལ་བའི་ཉི་མར་བདེན་གཉིས་ཀྱི་མཚན་ཉིད་བཞག་པ་དང༌། བཀའ་བསྡུ་བཞི་བའི་འགྲེལ་བར་དབུ་མ་བདེན་གཉིས་ཀྱི་ཡང་ལོག་སྟོན་བྱེད་ཀྱི་གཞུང་བཀོད་ཚུལ་སོགས་དང༌། ཡབ་སྲས་མཇལ་བའི་མདོ་སོགས་དང་མཐུན་སྙམ་མོ། །ཀུན་བརྟགས་ཡིན་ན་ཡང་དག་ཀུན་རྫོབ་མ་ཡིན་པས་ཁྱབ་པ་གྲུབ་མ་གྲུབ་སྔོན་མེད་ལེགས་བཤད་དུ་ཡང་དག་ཀུན་རྫོབ་ཀྱི་དོན་དང་མཚན་གཞི་དུ་མ་བཞག་པ་དག་གི་སྒོ་ནས་དཔྱད་པརབྱའོ། །

དྲི་བ་ཉི་ཤུ་པ་རང་ལུགས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལས་རྣམ་ཤེས་ཀྱི་རྟེན་འབྲེལ་ས་མཚུངས་དགོས་སམ་མི་དགོས་ཞེས་པའི་དྲིས་ལན།

དྲི་བ་ཉི་ཤུ་པ་རང་ལུགས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལས་རྣམ་ཤེས་ཀྱི་རྟེན་འབྲེལ་ས་མཚུངས་དགོས་སམ་མི་དགོས་ཞེས་པའི་དྲིས་ལན།

རང་ལུགས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལས་རྣམ་ཤེས་ཀྱི་རྟེན་འབྲེལ་ས་མཚུངས་དགོས་སམ་མི་དགོས་ཞེས་པའོ། །དེའི་ལན་ནི། རྣམ་ཤེས་ཀྱི་རྟེན་འབྲེལ་ལ་རང་དང་ཚར་གཅིག་པའི་རྟེན་འབྲེལ་རྣམས་དང་ས་མཚུངས་མི་དགོས་ཏེ། གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་དེ་ཀུན་གཞིའི་རྣམ་ཤེས་ཡིན་པ་གང་ཞིགཐེག་མཆོག་དབུ་མའི་ཟིན་བྲིས་ལྟར་ན་ཀུན་གཞི་ཁམས་གསུམ་གང་གི་སས་མ་བསྡུས་པ་ལྟ་བུར་གསུངས་ཤིང་སས་བསྡུས་ཀྱང་རྒྱུ་དུས་ཀྱི་རྣམ་ཤེས་ལ་ས་མཚུངས་མི་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། གསུམ་པ་རྣམ་ཤེས་ཀྱི་ཡན་ལག་ནི། ཀུན་གཞི་རྣམ་ཤེས་ཀྱི་སྟེང་དུ་ལས་ཀྱི་བག་ཆགས་ཡོངས་སུ་བཞག་པས་རྣམ་ཤེས་དེ་ཉིད་ཡོངས་སུ་གྱུར་བའི་ཆ་ཡིན་ལ། དེ་ལ་ཡང་རྒྱུ་དུས་ཀྱི་རྣམ་ཤེས་དང༌། འབྲས་བུ་དུས་ཀྱི་རྣམ་ཤེས་གཉིས་སུ་ཡོད་དོ། །ཞེས་དང༌། གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་གྱི་སྐབས་སུ་ས་བཟང་གི་ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། རྣམ་པར་ཤེས་པ་དང་ཞེས་པ་ལས་ཀྱི་བག་ཆགས་དང་ལྡན་པའི་ཀུན་གཞི་སྟེ། དེའང་ས་བོན་བཞག་ཙམ་རྒྱུ་དུས་ཀྱི་རྣམ་ཤེས་དང༌། ནུས་པ་བརྟས་ནས་སྐྱེ་གནས་སུ་ཁྲིད་པའི་ཚེ་འབྲས་བུའི་དུས་ཀྱི་རྣམ་ཤེས་སོ། །ཞེས་གསུངས་སོ། །རྟགས་གཉིས་པ་གྲུབ་སྟེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཀུན་གཞིའི་རྣམ་ཤེས་ནི་ས་དགུ་བོ་ཕྱོགས་ལྷུང་དང་བྲལ་བ་ཡིན་པས། འདོད་པའི་ཁམས་ཀྱི་རྟེན་ཅན་གྱི་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་ཀུན་གཞི་དེ་འདོད་ཁམས་ཀྱི་སས་བསྡུས་པ་མ་ཡིན་པར་འཇོག་པ་ཡིན། ཞེས་གསུངས་པའི་ཕྱིར། རང་ལུགས་ལ་ཀུན་གཞི་རྣམ་ཤེས་སས་བསྡུས་བཞག་ཀྱང་རྒྱུ་དུས་ཀྱི་རྣམ་ཤེས་རང་དང་ཚར་གཅིག་པའི་རྟེན་འབྲེལ་གཞན་རྣམས་དང་ས་མཚུངས་མི་དགོས་སོ། །གཞན་ཡང་ཆོས་རྗེ་ཀུན་མཁྱེན་གྱི་ཆོས་ཀྱི་འཇའ་ས་ལས། སེམས་ལའང་ཁམས་གསུམ་གྱིས་བསྡུས་པའི་རྣམ་ཤེས་ཚོགས་བརྒྱད་འཁོར་སེམས་བྱུང་ལྔ་བཅུ་རྩ་གཅིག་དང་བཅས་ཐམས་ཅད་སྤངས་བར་བྱ་བའི་དྲི་མ་ཡིན། ཞེས་དང༌། ས་བཟང་གི་ཀུན་བཏུས་ཀྱི་འགྲེལ་བར། མ་རིག་པ་ལས་གཞན་པའི་ཡན་ལག་བཅུ་གཅིག་ནི་གང་སྐྱེ་བར་འགྱུར་བ་དེའི་ས་པ་ཁོ་ནར་མཚུངས་ཏེ།ས་གཞན་གྱི་ལས་དང་ཉོན་མོངས་པས་ས་གཞན་གྱི་ཕུང་པོ་མངོན་པར་འགྲུབ་པ་མི་སྲིད་པའི་ཕྱིར་དང༌། ས་པ་གཞན་གྱི་རྣམ་སྨིན་ས་པ་གཞན་གྱིས་མྱོང་བར་འགལ་བའི་ཕྱིར་རོ། །དེ་ཡང་དོན་གསང་དུ། སྐྱེ་བའི་ས་པ་གང་ཡིན་པ་དེ་མངོན་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་ཡང་ངེས་པར་དེའི་ས་པ་ཁོ་ན་ཡིན་ནོ་ཞེས་པ་ལྟར་རོ། །འོ་ན་མ་རིག་པ་ཡང་གང་དུ་སྐྱེ་བར་དེའི་ས་བར་ངེས་སམ་སྙམ་ན། དེ་ནི་མངོན་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་མ་ཡིན་ཞིང༌། འཕེན་པར་བྱེད་པའི་ཉོན་མོངས་པ་ཡིན་པས་ངེས་པ་མེད་དེ།དོན་གསང་དུ། འཕེན་པར་བྱེད་པའི་ཉོན་མོངས་པ་ནི་མ་ངེས་སོ། ཞེས་སོགས་ཀྱིས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལས་མ་རིག་པ་ལས་གཞན་རྣམས་ས་མཚུངས་དགོས་པརགསུངས་པའི་དགོངས་པ་ནི། སུམ་ཅུ་པ་ལས། གང་དུ་སྐྱེས་བ་དེ་ཡི་འོ། །ཞེས་པ་ཀུན་གཞི་རྣམ་ཤེས་དང་ཉོན་ཡིད་གཉིས་ཁམས་གང་དུ་སྐྱེ་བ་དེ་ཡི་སས་བསྡུས་ཡིན་པར་སྟོན་བྱེད་དུ་བྱས་ནས་འབྲས་དུས་ཀྱི་རྣམ་ཤེས་ལ་ས་མཚུངས་དགོས་ཞེས་གསུངས་པ་ཡིན་སྙམ། མ་རིག་པ་ལ་ས་མཚུངས་མི་དགོས་པ་ནི། དཔེར་ན་འདོད་རྟེན་ལ་ཁམས་གོང་མ་འཕེན་བྱེད་ཀྱི་ལས་ཞིག་བསགས་ན་དེའི་རྒྱུ་དུས་ཀྱི་ཐོག་མའི་མ་རིག་པ་ནི་ཉོན་ཡིད་ཀྱི་འཁོར་གྱི་མ་རིག་པ་ཡིན་པ་གང་ཞིག་གང་དུ་སྐྱེས་བ་དེ་ཡི་འོ། །ཞེས་པ་ལྟར་དེའི་སྐབས་ཀྱི་ཉོན་ཡིད་དང་དེ་དང་མཚུངས་ལྡན་རྣམས་འདོད་པའི་ཁམས་ཀྱི་སས་བསྡུས་ཡིན་ལ་དེ་འདྲའི་ལས་ནི་ཁམས་གོང་མའི་སས་བསྡུས་ཡིན་པས་ས་མི་མཚུངས་པའི་ཕྱིར། ཐོག་མའི་མ་རིག་པ་ལ་ས་མི་མཚུངས་པས་མ་ཁྱབ་སྟེ། རང་ས་ནས་རང་སར་སྐྱེ་བའི་ལས་བསགས་པ་དག་ས་མཚུངས་སོ། །དེ་ལ་ཐོག་མའི་མ་རིག་པ་ནི་ཉོན་ཡིད་ཀྱི་འཁོར་གྱི་མ་རིག་པ་ཞིག་འཇོག་དགོས་ཏེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཡན་ལག་བཅུ་གཉིས་ཀྱི་མ་རིག་པ་འདི་ལ། རྩ་བའི་མ་རིག་པ་ནི་ཉོན་ཡིད་ཀྱི་འཁོར་དུ་བྱུང་བའི་བདག་ཏུ་རྨོངས་པ་དེ་ཉིད་ཡིན་ལ། ཞེས་སོགས་གསུངས་སོ། །འོ་ན་སས་བསྡུས་ཀྱི་དོན་གང་ཞེ་ན། དེ་ནི་ཆོས་རྗེ་ཀུན་མཁྱེན་གྱི་ཚོགས་ཆོས་བདེན་བཞིའི་རྣམ་བཤད་ལས་གསུངས་པ་འདི་ལྟ་སྟེ། དེ་ལ་ཁམས་ནི་སྲེད་པས་རིས་སུ་བཅད་ཅིང་ལྟ་བས་བདག་གིར་བྱས་པ་ཡིན་ལ། ས་ནི་འདོད་པ་ལ་འདོད་ཆགས་དང་བྲལ་བ་ན་བསམ་གཏན་དང་པོ་ཐོབ་པ་ལྟ་བུ་ཆགས་བྲལ་གྱི་རིམ་པ་ཡིན་པས།ས་དགུས་ཁམས་གསུམ་བསྡུས་ཀྱང༌། ཁམས་གསུམ་གྱིས་ནི་ས་དགུ་མ་བསྡུས་ཏེ། བསམ་གཏན་དང་པོ་ནས་ཅི་ཡང་མེད་པའི་བར་ལ་མཐོང་ལམ་ལ་སོགས་པ་བརྟེན་པ་ན། ཁམས་ཟག་བཅས་ཡིན་ཡང་ས་ཟག་མེད་དུ་སྐྱེ་བའི་ཕྱིར་རོ། །ཞེས་སོགས་ལ་བརྟེན་ནས་སས་བསྡུས་ཀྱི་དོན་ལ་དཔྱད་ནས་དེའི་དོན་ཀུན་གཞི་ལ་ཚང་བ་ཡིན་ན་སས་བསྡུས་ཡིན་དགོས་ལ། ཀུན་གཞི་སས་བསྡུས་གལ་ཏེ་མ་ཡིན་ན་རྟེན་འབྲེལ་བཞི་བ་མིང་གཟུགས་ཀྱི་མིང་བཞིའི་ཕུང་པོ་ཡང་ཀུན་གཞི་དང་དེའི་འཁོར་རྣམས་བཞག་དགོས་པས་རྟེན་འབྲེལ་བཞི་བ་ཡང་སས་མ་བསྡུས་པར་འགྱུར་ཏེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། མིང་གཟུགས་ཀྱི་ཡན་ལག་འདི་ཉིད། ཅེས་པ་ནས། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཀྱི་ཕུང་པོ་གསུམ་ནི་ཀུན་གཞི་རྣམ་ཤེས་ཀྱི་འཁོར་དུ་གྱུར་བའི་ཀུན་འགྲོ་ལྔའི་ནང་ཚན་དེ་ཉིད་ཡིན་ལ། རྣམ་ཤེས་ཀྱི་ཕུང་པོ་ནི་ཀུན་གཞི་རྣམ་ཤེས་ཉིད་དོ། །ཞེས་གསུངས་སོ། །རང་བློ་དང་མཐུན་པའི་རིགས་པས་དཔྱད་ན་ཀུན་གཞི་རྣམ་ཤེས་ལ་སས་བསྡུས་འཇོག་དགོས་སྙམ། འོན་ཀྱང་ཐེག་མཆོག་དབུ་མའི་ཟིན་བྲིས་ལས་སས་བསྡུས་མ་ཡིན་པ་ལྟ་བུར་གསུངས་པ་དམིགས་པའི་སྒོ་ནས་ཡིན་ནམ་དེའི་དགོངས་པ་ཚོལ་དགོས་སོ། །

དྲི་བ་ཉེར་གཅིག་པ་བདེན་གཉིས་ཀྱི་མཚན་ཉིད་དང་དབྱེ་བ་ཇི་ལྟར་ཡིན་ཞེས་པའི་དྲིས་ལན།

དྲི་བ་ཉེར་གཅིག་པ་བདེན་གཉིས་ཀྱི་མཚན་ཉིད་དང་དབྱེ་བ་ཇི་ལྟར་ཡིན་ཞེས་པའི་དྲིས་ལན།

བདེན་གཉིས་ཀྱི་མཚན་ཉིད་དང་དབྱེ་བ་ཇི་ལྟར་ཡིན་ཞེས་པའོ། །དེའི་ལན་ནི། བདེན་གཉིས་ཀྱི་མཚན་ཉིད་དང་དབྱེ་བ་གཉིས་ལས།དང་པོ་མཚན་ཉིད་ནི་འདི་ལྟར་ཏེ། བདེན་གཉིས་གསལ་བའི་ཉི་མ་ལས། རྣམ་ཤེས་ཀྱི་ཡུལ་གང་ཞིག་གཤིས་ལ་རང་གི་ངོ་བོ་བདེན་པས་སྟོང་བ་ནི། ཀུན་རྫོབ་བདེན་པའི་མཚན་ཉིད་དང༌། འཕགས་པའི་ཡེ་ཤེས་དམ་པའི་ཡུལ་གང་ཞིག་གཤིས་ལ་རང་གི་ངོ་བོ་བདེན་པས་མི་སྟོང་བ་ནི། དོན་དམ་བདེན་པའི་མཚན་ཉིད། ཅེས་དང༌། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། དོན་དམ་བདེན་པའི་མཚན་ཉིད། ཆོས་རྣམས་ཀྱི་རང་བཞིན་སྤྲོས་བྲལ་གང་ཞིག གཉིས་མེད་ཡེ་ཤེས་སོ་སོ་རང་རིག་པས་ཤེས་ཀྱི་སྒྲ་རྟོག་སོགས་ཀྱི་དངོས་ཡུལ་ལས་འདས་པ། ཞེས་དང༌། ཀུན་རྫོབ་ཀྱི་མཚན་ཉིད། དོན་དམ་པར་མེད་ཅིང་མ་དཔྱད་པའི་བློ་ངོ་ན་སྣང་བའོ། །ཀུན་རྫོབ་བདེན་པའི་མཚན་ཉིད། ཀུན་རྫོབ་གང་ཞིག་བག་ཆགས་བརྟན་པའི་བློ་ངོར་གྲུབ་པ། ཞེས་དང༌། ཤེར་འགྲེལ་སྔོན་མེད་ལེགས་བཤད་ལས། རྣམ་ཤེས་འཁོར་བཅས་ཀྱི་སྤྱོད་ཡུལ་ནི། ཀུན་རྫོབ་ཀྱི་མཚན་ཉིད་ཡིན་ལ། རང་གི་ངོ་བོ་ཡང་དག་པར་གྲུབ་ཅིང༌། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་སྤྱོད་ཡུལ་ནི། དོན་དམ་བདེན་པའི་མཚན་ཉིད་དོ། །ཀུན་རྫོབ་བདེན་པ་དང༌། ཐ་སྙད་བདེན་པ་དང༌། རྫུན་པའི་བདེན་པ་རྣམས་དོན་གཅིག་ཅེས་དང༌། དབུ་མའི་མན་ངག་ཁྱད་འཕགས་ལས། རང་གི་ངོ་བོ་བདེན་སྟོང་རྣམ་ཤེས་ཀྱི། །ཡུལ་ནི་ཀུན་རྫོབ་ཙམ་གྱི་མཚན་ཉིད་ཡིན། །རང་གི་ངོ་བོ་བདེན་གྲུབ་འཕགས་པ་ཡི། །ཡེ་ཤེས་སྤྱོད་ཡུལ་དོན་དམ་བདེན་པར་གསུངས། །ཞེས་དང༌། དེ་དང་ཚིག་ཟིན་མཐུན་པར་ཐེག་མཆོག་དབུ་མ་ལས་གསུངས་སོ། །གཉིས་པ་དབྱེ་བ་ནི། ཀུན་རྫོབ་བདེན་པ་ལ་དབྱེ་ན། རང་ཡིན་གྱི་ཡང་དག་ཀུན་རྫོབ་དང༌། ལོག་པའི་ཀུན་རྫོབ་གཉིས་ཡོད་ཅིང༌། དོན་དམ་བདེན་པ་ལ་དབྱེ་ན། རྣམ་གྲངས་པའི་དོན་དམ་དང༌། རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ཡོད་དོ། །

དྲི་བ་ཉེར་གཉིས་པ་བདེན་གཉིས་གཅིག་ཐ་དད་ཇི་ལྟར་ཡིན་ཞེས་པའི་དྲིས་ལན།

དྲི་བ་ཉེར་གཉིས་པ་བདེན་གཉིས་གཅིག་ཐ་དད་ཇི་ལྟར་ཡིན་ཞེས་པའི་དྲིས་ལན།

བདེན་གཉིས་གཅིག་ཐ་དད་ཇི་ལྟར་ཡིན་ཞེས་པའོ། །དེའི་ལན་ནི། ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་ཐ་དད་ཀྱི་རྣམ་བཞག་འཇོག་སྟེ། གཞུང་རྣམས་སུ་ཐ་དད་ཀྱི་རྣམ་བཞག་གསུམ་མམ་བཞི་གསུངས་པའི་ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་པའི་ཕྱིར་ཏེ། ཆོས་ཀྱི་ཤན་འབྱེད་ལས། གཞུང་ལུགས་རྣམས་སུ་ཐ་དད་ཀྱི་རྣམ་བཞག་གསུམ་མམ་བཞི་གསུངས་པ་ལས་འདི་སྦྱང་བའི་གཞི་དང་སྦྱང་བྱའི་དྲི་མ་ནི་ངོ་བོ་ཐ་དད་དང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དང༌། མིང་གི་རྣམ་གྲངས་ཙམ་གྱི་ཐ་དད་རྣམས་གང་ཡང་མ་ཡིན་ལ་ཐ་དད་ཀྱང་ཡིན་པའི་ཕྱིར་ཏེ། ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཐ་དད་དོ། །སྦྱང་བྱ་དྲི་མ་དང་སྦྱོང་བྱེད་གཉིས་ཀ་ཀུན་རྫོབ་ཡིན་ཞིང་ཀུན་རྫོབ་ཏུ་ངོ་བོ་ཐ་དད་པ་ཡང་ཡིན་ནོ། །སྦྱང་གཞི་དང་སྦྱང་འབྲས་ནི་གཉིས་ཀ་དོན་དམ་པ་ཡིན་ཞིང་ངོ་བོ་གཅིག་པ་ཡང་ཡིན་ནོ། །ཞེས་གསུངས་སོ། །འོ་ན་གཞུང་དུ་མར་བདེན་གཉིས་གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་ཅན་ཡིན་པར་གསུངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་འདྲ་གསུངས་པ་རྣམས་ཀུན་རྫོབ་བདེན་པ་དང༌། དོན་དམ་བདེན་པ་གཉིས་ངོ་བོ་གཅིག་པ་ཡང་མ་ཡིན་ཞིང་ངོ་བོ་ཐ་དད་པ་ཡང་མ་ཡིན་པར་གསུངས་པ་ཡིན་ཏེ། དོན་དམ་ཡེ་ཤེས་འགྱུར་བ་མེད་པའི་ཆོས་དབྱིངས་ནི་རང་གི་ངོ་བོས་མི་སྟོང་བར་ཡོད་པ་ཡིན་ཞིང༌། ཀུན་རྫོབ་ཀྱི་ཆོས་རྣམས་གདོད་མ་ནས་རང་གི་ངོ་བོས་གྲུབ་པ་མེད་པའི་ཕྱིར། ཁྱབ་རྟགས་གཉིས་གྲུབ་སྟེ། བཀའ་བསྡུ་བཞི་བ་ལས། བདེན་གཉིས་ངོ་བོ་གཅིག་པ་མི་སྲིད་ལ། །ངོ་བོ་ཐ་དད་པ་ཡང་མ་ཡིན་ཞིང༌། ཐ་དད་གཏན་ནས་མེད་པའང་མ་ཡིན་ཏེ། །ངོ་བོ་གཅིག་པ་བཀག་པའི་ཐ་དད་དོ། །འདི་ཉིད་ལ་ནི་ངོ་བོ་གཅིག་ཉིད་དང༌། །གཞན་དུ་བརྗོད་དུ་མེད་ཅེས་གསུངས་པ་སྟེ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། ཡེ་ཤེས་འགྱུར་མེད་ངོ་བོ་ཡོད་ན་ཡང༌། །གཅིག་ཤོས་ནམ་ཡང་གྲུབ་པ་མེད་པའི་ཕྱིར། །མེད་ལ་གཅིག་དང་ཐ་དད་གང་ཡང་མེད། །ཅེས་གསུངས་སོ། །དེས་ན་ངོ་བོ་གཅིག་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པར་གཅིག་པ་བཀག་པའི་ཐ་དད་ཀྱི་ཚུལ་འདི་ཉིད་ལེགས་པར་གྲུབ་སྟེ། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། ལུང་དེས་བདེན་གཉིས་ངོ་བོ་གཅིག་པ་དང༌། ངོ་བོ་ཐ་དད་པ་བཀག་པ་ཡིན་ཏེ། ཞེས་དང༌།ཆོས་ཉིད་རྣམ་འབྱེད་ལས། གཉིས་པོ་དག་ནི་གཅིག་ཉིད་དང༌། །སོ་སོ་བ་ཡང་མ་ཡིན་ཏེ། །ཡོད་པ་དང་ནི་མེད་པ་དག ། ཁྱད་པར་ཡོད་དང་མེད་ཕྱིར་རོ། །ཞེས་དང༌། ཡང་རི་ཆོས་ལས། འདིས་ནི་ཆོས་དང་ཆོས་ཉིད་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་པ་དང༌།ཐ་དད་གཏན་མེད་དུ་འདོད་པ་ཡང་བསལ་བ་ཡིན་ཏེ། དེ་གཉིས་ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་པའི་ཕྱིར་རོ། །ཞེས་གསུངས་ལ། དོན་དམ་པའི་ཡོན་ཏན་རྣམས་གཅིག་གི་རྣམ་བཞག་འཇོག་ཀྱང་དོན་དམ་པར་གཅིག་དང་ཐ་དད་ཀྱི་སྤྲོས་པ་ཀུན་དང་བྲལ་བ་ཡིན་ཏེ། སྦྱོར་དྲུག་ངོ་སྤྲོད་ནང་མ་ལས། འདི་ལ་བརྗོད་པ། དུ་མར་སྣང་ཡང་དུ་མ་མིན། །གཅིག་པའི་རྣམ་བཞག་བྱེད་མོད་ཀྱང༌། །གཅིག་དང་ཐ་དད་ལ་སོགས་པ། །སྤྲོས་པའི་མཚན་མ་ཀུན་ལས་གྲོལ། །ཞེས་བྱ་བ་ཡིན་པས། རྣལ་འབྱོར་བའི་བློ་ངོ་ལ་རྟགས་བཅུ་ཐ་དད་དུ་འཆར་ཏེ། ཐ་དད་དུ་སྣང་བའི་ཆ་ནས་འཁྲུལ་པ་ཡིན་རང་བཞིན་དབྱེ་བ་མེད་པའི་རྟགས་བཅུ་ངོ་བོ་གཅིག་ཅེས་ཐ་སྙད་བྱ་ལ། དོན་དམ་པར་གཅིག་དང་ཐ་དད་གང་ཡང་བཞག་ཏུ་མེད་མོད། ཞེས་པ་ནས། གཅིག་པའི་རྣམ་བཞག་བྱས་ཀྱང་རྣམ་བཞག་འཐདལྡན་ཡིན། ཞེས་སོགས་དང༌། ཆོས་ཉིད་ལ་ངོ་བོས་དབྱེ་བ་མེད་ཀྱང་རྣམ་བཞག་འཇོག་པའི་ཚེ་ལྡོག་ཆ་ཙམ་གྱིས་དབྱེ་བས་ཀུན་རྫོབ་ཀྱི་སྣང་བ་ཐ་དད་པའི་ཆོས་ཉིད་དུ་འཇོག་པ་ལ་འགལ་བ་མེད་ཅིང༌། དོན་གྱི་སྙིང་པོ་ནི་འདི་ལྟ་བུ་ཡིན་ཏེ། ཆོས་དབྱིངས་གཅིག་ཉིད་རྣམ་པ་ཐམས་ཅད་པ་ཡིན་པ། ཞེས་གསུངས་སོ། །ཡང་བདེན་གཉིས་ངོ་བོ་ཐ་དད་ན་སྐྱོན་བཞི་དང་གཅིག་ཡིན་ན་སྐྱོན་བཞི་ཡོད་དེ། བདེན་གཉིས་གསལ་བའི་ཉི་མ་ལས། བདེན་གཉིས་ངོ་བོ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ། མདོ་སྡེ་དགོངས་འགྲེལ་དུ་བདེན་གཉིས་ངོ་བོ་གཅིག་ན་བྱིས་པ་རྣམས་ཀྱིས་ཀུན་རྫོབ་མཐོང་བ་ན་དོན་དམ་ཡང་མཐོང་བས་དེ་དག་གྲོལ་ཟིན་པར་འགྱུར་བ་དང༌། ཀུན་རྫོབ་ལ་ཟག་པ་འཕེལ་བ་ལྟར་དོན་དམ་ལ་ཡང་འགྱུར་བས་དོན་དམ་ཉོན་མོངས་པའི་དམིགས་པར་འགྱུར་བ་དང༌། དོན་དམ་ལ་དབྱེ་བ་མེད་པ་ལྟར་ཀུན་རྫོབ་ལ་ཡང་མེད་པར་འགྱུར་བ་དང༌། ཀུན་རྫོབ་རྣམ་ཤེས་ཀྱིས་མཐོང་ཐོས་ལས་ཡོངས་སུ་བཙལ་དུ་མེད་པ་ལྟར་དོན་དམ་ཡང་ཐོས་བསམ་གྱིས་གཞན་དུ་བཙལ་དུ་མེད་པའི་སྐྱོན་བཞི་དང༌། ཅི་སྟེ་གཞན་ཡིན་ན། དོན་དམ་མཐོང་ཡང་ཀུན་རྫོབ་ལ་བདེན་འཛིན་མི་ལྡོག་པར་འགྱུར་བ་དང༌། དོན་དམ་པ་ཀུན་རྫོབ་ཀྱི་ཆོས་ཉིད་མ་ཡིན་པར་འགྱུར་བ་དང༌། ཀུན་རྫོབ་མ་གྲུབ་ཙམ་གྱི་གཞི་དེ་དོན་དམ་མ་ཡིན་པར་འགྱུར་བ་དང༌། གང་ཟག་གཅིག་ལ་ཉོན་མོངས་དང་རྣམ་བྱང་གཉིས་སུ་དུས་གཅིག་ཏུ་དམིགས་པར་འགྱུར་བའི་སྐྱོན་བཞི་འབྱུང་བར་གསུངས་ཤིང༌། ཞེས་གསུངས་སོ། །རང་ལུགས་ལ་སོ་སོ་བའི་ཆོས། ཐ་དད་ཀྱི་མཚན་ཉིད་དང༌། སོ་སོ་བ་མ་ཡིན་པའི་ཆོས་གཅིག་གི་མཚན་ཉིད་ཡིན་ཞེས་བྱས་ན་སྐྱོན་ཡོད་མེད་དཔྱད་པར་བྱའོ། །

དྲི་བ་ཉེར་གསུམ་པ་རང་ལུགས་ལ་དོན་དམ་བདེན་པ་རྟེན་འབྲེལ་མ་ཡིན་པའི་ཤེས་བྱེད་ལུང་རིགས་གང་དག་ལ་རྟེན་པ་ཡིན་ཞེས་པའི་དྲིས་ལན།

དྲི་བ་ཉེར་གསུམ་པ་རང་ལུགས་ལ་དོན་དམ་བདེན་པ་རྟེན་འབྲེལ་མ་ཡིན་པའི་ཤེས་བྱེད་ལུང་རིགས་གང་དག་ལ་རྟེན་པ་ཡིན་ཞེས་པའི་དྲིས་ལན།

རང་ལུགས་ལ་དོན་དམ་བདེན་པ་རྟེན་འབྲེལ་མ་ཡིན་པའི་ཤེས་བྱེད་ལུང་རིགས་གང་དག་ལ་བརྟེན་པ་ཡིན་ཞེས་པའོ། །དེའི་ལན་ནི།དོན་དམ་བདེན་པ་རྟེན་འབྲེལ་མ་ཡིན་པར་སྒྲུབ་བྱེད་ཀྱི་ལུང་རིགས་གཉིས་ལས། དང་པོ་ལུང་ལ་མདོ་བསྟན་བཅོས་གཉིས་ལས། དང་པོ་མདོ་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཞེ་ན། གང་ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཉིད་དེ་འདི་ལྟར། འདི་ཡོད་པས་འདི་འབྱུང༌། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། ཞེས་སོགས་དང༌། མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་བར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་དང༌། མདོ་ལས། བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་ཀྱི་བརྡ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་འདི་ཡོད་ན་འདི་འབྱུང་འདི་སྐྱེས་པའི་འདི་སྐྱེ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད། ཅེས་སོགས་དང༌། ཁྱེའུ་བཞིའི་ཏིང་ངེ་འཛིན་ཅེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས།གང་རྟེན་ཅིང་འབྲེལ་པ་ལས་བྱུང་བ་དེ་ནི་མི་རྟག་པའོ། །ཞེས་པ་ནས། ཡང་དག་པ་མ་ཡིན་པ་དེ་བརྫུན་པ་བསླུ་བའི་ཆོས་སོ། །གང་བརྫུན་པ་བསླུ་བའི་ཆོས་དེ་མི་བདེན་པའོ། །གང་མི་བདེན་པ་དེ་བཞིན་ཉིད་མ་ཡིན་ནོ། །གང་དེ་བཞིན་ཉིད་མ་ཡིན་པ་དེ་དེ་བཞིན་གཤེགས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་བདེན་པ་ཡང་དག་པ་དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད། ཅེས་སོགས་སོ། །དེ་དག་གི་སྐབས་སུ་དོན་དམ་བདེན་པ་རྟེན་འབྲེལ་མ་ཡིན་པར་བསྟན་ཚུལ་ནི། མདོ་དེ་དག་གིས་རྟེན་འབྲེལ་ནི། རྒྱུ་ལས་བྱུང་བ་དང་མི་རྟག་པ་དང་རྫུན་པ་སླུ་བའི་ཆོས་ཡིན་པར་བསྟན་ལ། དེ་བཞིན་ཉིད་དམ་དོན་དམ་བདེན་པ་ནི་རྟག་པ་འདུས་མ་བྱས་དང་བདེན་པ་ཡིན་པས་ན་རྟེན་འབྲེལ་མ་ཡིན་པར་གྲུབ་པ་ཡིན་ནོ། །གཉིས་པ་བསྟན་བཅོས་ཀྱི་ལུང་ནི།དབུ་མ་རྩ་བ་ཤེས་རབ་ལས། རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟ་བུར་ན་རུང་བར་འགྱུར། །རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་རང་བཞིན་དོན་དམ་བདེན་པ་དེ་གཞན་གང་ལ་མ་ལྟོས་པ་ཡིན་ལ། གལ་ཏེ་ལྟོས་ན་རྒྱུ་རྐྱེན་ལ་ལྟོས་དགོས་པ་དང༌།དེ་ལ་ལྟོས་ན་རང་བཞིན་བཅོས་མ་དང་བྱས་པ་ཡིན་པར་འགྱུར་བར་གསུངས་པས་རང་བཞིན་དོན་དམ་རྟེན་འབྲེལ་མ་ཡིན་པར་གྲུབ་བོ། །དེ་བཞིན་དུ་བུདྡྷ་པཱ་ལི་ཏ་ལས། ངོ་བོ་ཉིད་ནི་བཅོས་མིན་ཡང༌། །གཞན་ལ་ལྟོས་པ་མེད་པ་ཡི། །གང་བྱ་བས་སྒྲུབ་པར་མི་འགྱུར་བ་དང༌། རྒྱུ་དང་རྐྱེན་ལ་ཡང་ལྟོས་པར་མི་འགྱུར་བ་དང༌། ཞེས་སོགས་དང༌། ཚིག་གསལ་ལས། གང་གི་ཕྱིར་དེ་ལྟར་བཅོས་མ་དང༌། གཞན་ལ་ལྟོས་པ་ནི། རང་བཞིན་ཉིད་དུ་མི་འདོད་པ་དེ་ཉིད་ཀྱི་ཕྱིར་ཚ་བ་ཉིད་མེ་ཡི་རང་བཞིན་ཉིད་ཡིན་ནོ། །ཞེས་བྱ་བ་འདི་མི་རིགས་ཏེ་རྒྱུ་དང་རྐྱེན་ལ་རག་ལས་པའི་ཕྱིར་དང༌། སྔར་མ་བྱུང་བ་ལས་ཕྱིས་འབྱུང་བས་བྱས་པ་ཡིན་པའི་ཕྱིར་རོ། །ཞེས་དང༌། སྤྱོད་བསྡུས་སྒྲོན་མེ་ལས། དོན་དམ་པའི་བདེན་པ་དེ་ཡང་མ་བཅོས་པ་ནམ་མཁའ་དང་མཉམ་པ་དྲི་མ་མེད་པའི་ངོ་བོ་ཉིད་དོ། །ཞེས་དང༌། ཡང་རྩ་ཤེར་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་བ་ཉིད་དུ་བཤད། །དེ་ནི་རྒྱུ་བྱས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་དང༌།དབུ་མ་རིན་ཆེན་ཕྲེང་བ་ལས། འདི་ཡོད་པས་ན་འདི་འབྱུང་དཔེར། །རིང་བོ་ཡོད་པས་ཐུང་ངུ་བཞིན། །འདི་སྐྱེས་པས་ན་འདི་སྐྱེ་དཔེར། །མར་མེ་འབྱུང་བས་འོད་བཞིན་ནོ། །ཞེས་སོགས་ཀྱིས་རྟེན་འབྲེལ་རྒྱུ་རྐྱེན་གྱིས་བྱུང་བའི་འདུས་བྱས་ལ་བྱས་ནས་དོན་དམ་རྟེན་འབྲེལ་ལས་འདས་པར་གསུངས། གཞན་ཡང་མཁས་མཆོག་ཉ་དབོན་པའི་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། རྩ་ཤེར། གང་གི་རྟེན་ཅིང་འབྲེལ་བར་འབྱུང༌། །ཞེས་འཆད་པའི་དབུ་མ་ཚིག་གསལ་གྱི་སྐབས་སུ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་འདུས་བྱས་ཉིད་ལ་བཤད་ཅིང༌། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་ཀླུ་སྒྲུབ་ཀྱིས་གསུངས་པ་ཡང་འདུས་བྱས་ཀྱི་ཆོས་ལ་དགོངས་ཏེ་བདེན་དངོས་དགག་པའི་སྐབས་ཡིན་གྱི་འདུས་མ་བྱས་ཀྱི་ཆོས་བདེན་པ་དགག་པའི་སྐབས་མ་ཡིན་ནོ། །རྟེན་ཅིང་འབྲེལ་འབྱུང་གི་ཆོས་ཡིན་ན་རྒྱུ་རྐྱེན་གྱིས་བསྐྱེད་དགོས་ཏེ། འདུས་བྱས་ཡིན་པས་སོ། །དེས་ན་ངོ་བོ་ཉིད་སྐུ་སོགས་རྟེན་འབྲེལ་མ་ཡིན་པར་སྤྱན་རས་གཟིགས་ཀྱིས་གསུངས་སོ། །ཞེས་གསུངས་སོ། །གཉིས་པ་རིགས་པ་ནི། རང་བཞིན་དོན་དམ་བདེན་པ་ཆོས་ཅན། རྟེན་འབྲེལ་མ་ཡིན་པར་ཐལ། འདུས་བྱས་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྟེན་འབྲེལ་ཡིན་ན་འདུས་བྱས་དང་མི་རྟག་པ་དང་རྒྱུ་ལ་བརྟེན་དགོས་པ་སྔར་གྱི་ལུང་དེ་དག་གིས་གྲུབ་པ་ཡིན་ནོ། །རྩ་རྟགས་མ་གྲུབ་ན། འོ་ན་འདུས་བྱས་ཡིན་པར་ཐལ། རྟགས་མ་གྲུབ་པ་དེའི་ཕྱིར། འདོད་ན། མི་རྟག་པ་དང་རྫུན་པ་བསླུ་བའི་ཆོས་སུ་འགྱུར་ཏེ། དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་གང་འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་པ་དེ་ནི་མི་རྟག་པ་ལགས་སོ། །གང་མི་རྟག་པ་དེ་ནི་རྫུན་པ་སླུ་བའི་ཆོས་ཅན་ལགས་སོ། །བཅོམ་ལྡན་འདས་གང་རྫུན་པ་སླུ་བའི་ཆོས་ཅན་དེ་ནི་མི་བདེན་པ་དང་མི་རྟག་པ་ལགས་ཏེ་སྐྱབས་མ་ལགས་སོ། །ཞེས་དང༌། རྩ་ཤེར་ལས། བཅོམ་ལྡན་འདས་ཀྱི་ཆོས་གང་ཞིག ། སླུ་བ་དེ་ནི་རྫུན་ཞེས་གསུངས། །འདུས་བྱས་ཐམས་ཅད་སླུ་བའི་ཆོས། །དེས་ན་དེ་དག་རྫུན་པ་ཡིན། །ཞེས་གསུངས་སོ། །

དྲི་བ་ཉེར་བཞི་པ་གཞི་ལམ་འབྲས་གསུམ་གྱི་དབུ་མ་ཇི་ལྟར་འཇོག་ཅེས་པའི་དྲིས་ལན།

དྲི་བ་ཉེར་བཞི་པ་གཞི་ལམ་འབྲས་གསུམ་གྱི་དབུ་མ་ཇི་ལྟར་འཇོག་ཅེས་པའི་དྲིས་ལན།

གཞི་ལམ་འབྲས་གསུམ་གྱི་དབུ་མ་ཇི་ལྟར་འཇོག་ཅེས་པའོ། །དེའི་ལན་ནི། གཞི་ལམ་འབྲས་གསུམ་གྱི་དབུ་མ་ནི། གློ་བུར་དྲི་མས་སྒྲིབ་པའི་ལམ་དུ་མ་ཞུགས་པའི་སེམས་ཅན་རྣམས་ལ་ལྟོས་ནས་མཐའ་གཉིས་དང་བྲལ་བའི་དོན་དམ་ཆོས་ཉིད་དེ་གཞི་དབུ་མ་དང༌། དེ་འདྲ་རྟོགས་པའི་ཚུལ་ནི་ལམ་ཞེས་བྱ། །ཞེས་པ་ལྟར་ལམ་ལ་ཞུགས་དུས་སུུ་ཆོས་ཉིད་གདོད་མ་ནས་གནས་པ་དང༌། ཀུན་རྫོབ་གློ་བུར་བར་རྟོགས་པ་ལ་ལམ་དབུ་མ་ཞེས་བྱའོ། །འབྲས་བུ་དབུ་མ་ནི། རང་རང་དྲི་མས་དག་ཚེ་འབྲས་བུར་བཏགས། །དབུ་མའི་དོན་གྱི་མདོར་བསྟན་འདི་ཡིན་ཏེ། །ཞེས་གསུངས་པ་ལྟར་སེམས་རང་བཞིན་གྱི་འོད་གསལ་བ་དེ་ལ་གློ་བུར་གྱི་དྲི་མས་གདོད་ནས་མ་གོས་ཀྱང་སེམས་ཅན་རང་རང་གློ་བུར་གྱི་དྲི་མ་དག་པ་དེའི་ཚེ་མཐའ་བྲལ་གྱི་ཆོས་ཉིད་དེ་འབྲས་བུའི་དབུ་མ་ཡིན་ཞེས་བྱའོ། །དེ་ཡང་ཆོས་རྗེ་ཉ་དབོན་པའི་གཞི་ལམ་འབྲས་གསུམ་ལས་བརྩམས་པའི་དྲིས་ལན་ཡིད་ཀྱི་མུན་སེལ་ལས་འདི་ལྟར་གསུངས་ཏེ། ཇི་སྐད་དུ། གཞི་ལམ་འབྲས་བུའི་དབུ་མ་ཞེས་པ་དང༌། གཞི་ལམ་འབྲས་གསུམ། ལྟ་སྒོམ་འབྲས་གསུམ་དག་གཅིག་མི་གཅིག་གསུང་བ་ལ། སྔར་བཤད་ལྟར་གཞི་དབུ་མ་སོགས་གསུམ་གྱི་བརྡའ་ཆད་འདི་བོད་སྔ་རབས་མང་བོས་མཛད་ཅིང༌། ཁོང་རང་རྣམས་ཀྱི་ལུགས་བཀོད་པའི་བསྟན་བཅོས་མང་པོ་ཡོད་པས་དེ་ལྟ་བར་བྱ་ཞིང༌། ཁོ་བོ་ལྟར་ན། སྔར་བཤད་པའི་མཐར་ཐུག་གི་གཞི་དང༌། ལྟ་བའི་ཡུལ་མཐར་ཐུག་པ་དང༌། མཐར་ཐུག་གི་གཞི་དབུ་མ་མཚན་ཉིད་པ་དོན་གཅིག་སྟེ། གཞི་ཡིན་པའི་སྒྲུབ་བྱེད་སྔར་བཤད་པ་ལྟར་ཤེས་པར་བྱ་ཞིང༌། དབུ་མ་མཚནཉིད་པ་ཡིན་ཏེ། མཐའ་དང་བྲལ་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །ཡང་ལམ་དབུ་མ་རྗེས་མཐུན་པ་ནི། དབུ་མའི་གཞུང་ལུགས་སུ་གསུངས་པ་ལྟར་གྱི་བྱང་ཆེན་གྱི་རྒྱུར་འགྱུར་རུང་གི་རྟོག་བསྒོམ་དང་བསོད་ནམས་ཀྱི་ཚོགས་ཅི་རིགས་པ་རྣམས་ཀྱང་ཡིན་ལ། ལམ་དབུ་མ་མཐར་ཐུག་པ་ནི་སྔར་བཤད་པ་ལྟར་གྱི་གཞི་ལམ་འབྲས་གསུམ་གྱི་ལམ་མཐར་ཐུག་དང་ལྟ་སྒོམ་སྤྱོད་འབྲས་ཀྱི་བསྒོམ་མཐར་ཐུག་ཏུ་བཤད་པ་དེ་རྣམས་དོན་གཅིག་སྟེ། ཞེས་དང༌། མཐར་ཐུག་གི་འབྲས་བུ་དབུ་མ་མཚན་ཉིད་པ་སློབ་ལམ་ཐོབ་པ་མེད་ལ། སངས་རྒྱས་པའི་རྟོགས་པ་འདུས་བྱས་ཀྱི་ཆ་རྣམས་འབྲས་བུ་དབུ་མ་རྗེས་མཐུན་པ་ཡིན་ཅིང༌། བྲལ་འབྲས་ཆོས་སྐུ་ནི་འབྲས་བུ་དབུ་མའི་གཙོ་བོར་ཞེས་ཤེས་པར་བྱ་སྟེ། །ཞེས་གསུངས་ལ་རྒྱས་པར་གཞུང་དེར་ལྟ་བར་བྱའོ། །

དྲི་བ་ཉེར་ལྔ་བ་གཞི་ལམ་འབྲས་གསུམ་གྱི་དབུ་མ་ལ་མཚན་བཏགས་ཇི་ལྟར་འབྱེད་ཅེས་པའི་དྲིས་ལན།

དྲི་བ་ཉེར་ལྔ་བ་གཞི་ལམ་འབྲས་གསུམ་གྱི་དབུ་མ་ལ་མཚན་བཏགས་ཇི་ལྟར་འབྱེད་ཅེས་པའི་དྲིས་ལན།

གཞི་ལམ་འབྲས་གསུམ་གྱི་དབུ་མ་ལ་མཚན་བཏགས་ཇི་ལྟར་འབྱེད་ཅེས་པའོ། །དེའི་ལན་ནི། གཞི་དབུ་མ་དང་འབྲས་བུ་དབུ་མ་གཉིས་ནི། གཞི་འབྲས་གཉིས་ཀ་དང་པོའི་ཁོངས་སུ་འདུ། །ཞེས་པ་ལྟར་དོན་དམ་པའི་དབུ་མ་དངོས་ཡིན་ཏེ། སྤྲོས་བྲལ་གྱི་ཆོས་ཉིད་ཡིན་པའི་ཕྱིར། ལམ་དབུ་མ་ནི་དབུ་མ་རྣམ་གྲངས་པའམ་བཏགས་པ་བ་ཡིན་ཏེ། ཀུན་རྫོབ་འདུས་བྱས་ཡིན་པས་སོ། །

དྲི་བ་ཉེར་དྲུག་པ་ལམ་བདེན་འདུས་བྱས་དང་འདུས་མ་བྱས་གང་འཐད་ཅེས་པའི་དྲིས་ལན།

དྲི་བ་ཉེར་དྲུག་པ་ལམ་བདེན་འདུས་བྱས་དང་འདུས་མ་བྱས་གང་འཐད་ཅེས་པའི་དྲིས་ལན།

ལམ་བདེན་འདུས་བྱས་དང་འདུས་མ་བྱས་གང་འཐད་ཅེས་པའོ། །དེའི་ལན་ནི། ལམ་བདེན་ནི་འདུས་བྱས་ཁོ་ནར་ངེས་ཏེ། དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་འདི་དག་ལས་བདེན་པ་གསུམ་ནི་མི་རྟག་པ་ལགས་སོ། །བདེན་པ་གཅིག་ནི་རྟག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདེན་པ་གསུམ་ནི་འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་པའི་སླད་དུ་སྟེ། བཅོམ་ལྡན་འདས་གང་འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་པ་དེ་ནི་མི་རྟག་པ་ལགས་སོ། །ཞེས་སོགས་དང༌། ཡུམ་ཆེན་མོ་ལས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སོ་སོར་ཡང་དག་པར་རིག་པ་བཞི་དང་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དག་སྟེ། དེ་དག་ནི་འདུས་བྱས་ཀྱི་ཆོས་ཞེས་བྱའོ། །ཞེས་དང༌། ཡབ་སྲས་མཇལ་བའི་མདོ་ལས། སངས་རྒྱས་བརྡ་ཙམ་ཉིད་ལགས་ཏེ། །དེ་བཞིན་སྟོབས་དང་ཡེ་ཤེས་དང༌། །མི་འཇིགས་བཞི་ཡང་དེ་བཞིན་དུ། །ཀུན་རྫོབ་ཅེས་ནི་ཐུབ་པའི་གསུངས། །ཞེས་དང༌། རྒྱུད་བླ་ཐོགས་འགྲེལ་ལས། དེ་ལ་ལམ་ནི་འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་ལ། ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། ལམ་གྱི་བདེན་པར་གཏོགས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནི་ཀུན་རྫོབ་བདེན་པ་སྟེ་འདུས་བྱས་གློ་བུར་བའི་ཆོས་སོ། །ཞེས་དང༌། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། ལམ་བདེན་གྱི་མཚན་ཉིད་ནི། འདུས་བྱས་གང་ཞིག ཉོན་མོངས་པའི་ཟག་མེད་རྒྱུས་བསྡུས་པའི་ཆའོ། །ཞེས་གསུངས་སོ། །འོ་ན་དོན་དམ་པའི་ལམ་བདེན་ལམ་བདེན་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཟབ་དོན་ཉེར་གཅིག་ལས།དོན་དམ་པའི་ལམ་བདེན་ནི་གདོད་མ་དང་གཅིག་པའི་ཕྱིར་འགོག་བདེན་ཉིད་ཡིན་པས་ལམ་བདེན་བཏགས་པ་ཡིན་གསུངས། ཞེས་དང༌། ཐེག་མཆོག་དབུ་མ་ལས། དོན་དམ་ལམ་དང་དོན་དམ་སྡུག་བསྔལ་དང༌། དོན་དམ་ཀུན་འབྱུང་ཞེས་བྱ་འགོག་བདེན་ཡིན། །དེ་དེ་སྡུག་ཀུན་ལམ་གྱི་བདེན་པ་མིན། །དོན་དམ་འགོག་པ་འགོག་ཡིན་གཞན་མ་ཡིན། །ཞེས་དང༌། དེའི་སྐབས་ཀྱི་ཟིན་བྲིས་ལས། ཆོས་དབྱིངས་ལམ་གྱི་རྣམ་པར་ཤར་བ་དོན་དམ་པའི་ལམ་བདེན་དང༌། སངས་རྒྱས་ཀྱི་ཆོས་སྐུ་དོན་དམ་པའི་སྲིད་པ་གསུམ་གྱི་རྣམ་པར་ཤར་བ་དོན་དམ་པའི་སྡུག་བསྔལ་གྱི་བདེན་པ་དང༌། ཆོས་སྐུ་དོན་དམ་པའི་ལས་ཉོན་གྱི་རྣམ་པར་ཤར་བ་ནི་དོན་དམ་པའི་ཀུན་འབྱུང་ཞེས་བྱ་སྟེ། དེ་དག་ནི་འགོག་པའི་བདེན་པ་དངོས་ཡིན་ནོ། །དོན་དམ་པའི་ལམ་དང་སྡུག་བསྔལ་དང་ཀུན་འབྱུང་དེ་དག་ནི་སྡུག་བསྔལ་གྱི་བདེན་པ་དང༌། ལམ་དང་ཀུན་འབྱུང་གི་བདེན་པ་དངོས་ནི་མ་ཡིན་ནོ། །དོན་དམ་པའི་འགོག་པ་ནི་འགོག་བདེན་ཡིན་གྱི་དེ་ལས་གཞན་སོ་སོར་བརྟག་འགོག་སོགས་ནི་འགོག་བདེན་དངོས་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

དྲི་བ་ཉེར་བདུན་པ་དོན་དམ་བདེན་པ་དགག་བྱ་མ་ཡིན་པའི་སྒྲུབ་བྱེད་ཁོད་ཅེས་པའི་དྲིས་ལན།

དྲི་བ་ཉེར་བདུན་པ་དོན་དམ་བདེན་པ་དགག་བྱ་མ་ཡིན་པའི་སྒྲུབ་བྱེད་ཁོད་ཅེས་པའི་དྲིས་ལན།

དོན་དམ་བདེན་པ་དགག་བྱ་མ་ཡིན་པའི་སྒྲུབ་བྱེད་ཁོད་ཅེས་པའོ། །དེའི་ལན་ནི། དོན་དམ་བདེན་པ་དགག་བྱ་མ་ཡིན་པར་སྒྲུབ་བྱེད་ཀྱི་རིགས་པ་དང་ལུང་གཉིས་ལས། དང་པོ་རིགས་པ་ནི། དོན་དམ་བདེན་པ་ཆོས་ཅན།དོན་དམ་དཔྱོད་པའི་རིགས་པའི་དགག་བྱ་མ་ཡིན་ཏེ། མ་འཁྲུལ་བ་འཕགས་པའི་མཉམ་བཞག་སོ་སཽ་རང་རིག་པའི་ཡེ་ཤེས་ཀྱི་ངོར་གྲུབ་པའི་ཕྱིར། ཁྱབ་སྟེ། མ་འཁྲུལ་བ་འཕགས་པའི་མཉམ་བཞག་གི་ངོར་གྲུབ་ན་གནས་ལུགས་སམ་དོན་དམ་པ་ཡིན་པར་གྲུབ་དགོས་པའི་ཕྱིར། དོན་དམ་དུ་གྲུབ་ན་དོན་དམ་དུ་དགག་མི་ནུས་པ་ནི། དཔེར་ན་ཀུན་རྫོབ་ཏུ་གྲུབ་ན་ཀུན་རྫོབ་ཏུ་དགག་མི་ནུས་པ་བཞིན་ནོ། །ཡང་དེ་ཆོས་ཅན། དགག་བྱ་མ་ཡིན་ཏེ། སྒྲ་རྟོག་གིས་དགག་སྒྲུབ་ཀྱི་ཡུལ་ལས་འདས་པའི་ཕྱིར་ཏེ། ཐེག་མཆོག་དབུ་མ་ལས།འདི་ནི་སྒྲ་རྟོག་དགག་སྒྲུབ་ཡུལ་ལས་འདས། །ཞེས་གསུངས་པའི་ཕྱིར། ཡང་དེ་ཆོས་ཅན། དགག་བྱ་མ་ཡིན་ཏེ། རིགས་པའི་དཔྱད་བཟོད་དུ་གྲུབ་པའི་ཕྱིར་ཏེ། ཀུན་མཁྱེན་དོལ་བོ་བ་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་གཤག་འབྱེད་བསྡུས་པ་ལས། ཆོས་ཉིད་དོན་དམ་གཞན་སྟོང་སྟེ། ནམ་ཡང་མེད་པ་མ་ཡིན་ཞིང་དཔྱད་བཟོད་པའོ། །ཞེས་དང༌། རྗེ་ཏཱ་ར་ནཱ་ཐས་མཛད་པའི་ཚུལ་གཉིས་རྣམ་འབྱེད་ལས། དེས་ན་དཔྱད་པའི་ཡུལ་མ་ཡིན་པའི་ཕྱིར། རིགས་པའི་དཔྱད་བཟོད་བདེན་གྲུབ་པོ། །ཞེས་དང༌། གཞན་སྟོང་སྙིང་པོ་ལས། དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་རང་རིག་རང་གསལ་ནི་དོན་དམ་བདེན་པ་ཆོས་ཉིད་འདུས་མ་བྱས་ཞེས་བྱ་སྟེ། འདི་ནི་རིགས་པའི་དཔྱད་བཟོད་བདེན་གྲུབ་ཁོ་ན་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་གཞན་གྱིས་དོན་དམ་ཡིན་ཡང་དོན་དམ་པར་མ་གྲུབ་ཅེས་འདོད་པ་དང༌། བདེན་པ་ཡིན་ཀྱང་བདེན་པར་མ་གྲུབ་པར་འདོད་པ་ནི་ནང་འགལ་བ་ཡིན་ཏེ། དཔེར་ན་ཡོད་པ་ཡིན་ཡང་ཡོད་པར་མ་གྲུབ་ཅེས་པ་དང༌། མི་ཡིན་ཡང་མི་ཡིན་པར་མ་གྲུབ་ཅེས་ཟེར་པ་དང་ཞེན་འདོད་ཙམ་ལས་ཁྱད་མེད་དོ། །གཉིས་པ་ལུང་ནི། སོར་ཕྲེང་གི་མདོ་ལས། ཐར་བ་ཐམས་ཅད་ཀྱིས་སྟོང་བ་མ་ཡིན།ཞེས་པ་དང༌། སངས་རྒྱས་བཅོམ་ལྡན་འདས་ནི་སྟོང་བ་མ་ཡིན། ཞེས་པ་དང༌། སྟོང་བ་མ་ཡིན་པའི་ཆོས་རྣམས་ཀྱང་གཞན་ཏེ། ཞེས་དང༌། ཤིན་ཏུ་སྟོང་བ་ཉིད་ལ་བསྒོམས་ཤིང་སྟོང་བ་ཟབ་ཏུ་བསམ་པས་ཆོས་ཐམས་ཅད་ཞིག་པ་མི་བཟོད་པར་མཐོང་ངོ། །ཐར་བ་སྟོང་བ་མ་ཡིན་པ་ཡང་སྟོང་བར་མཐོང་ཞིང་རྟོག་གོ ། ཞེས་དང༌། མྱང་འདས་ཆེན་པོའི་མདོ་ལས། རྣམ་པར་གྲོལ་བ་ནི་མི་སྟོང་བའི་སྟོང་བའོ། །སྟོང་བའི་སྟོང་བ་ཞེས་བྱ་བ་ནི་ཅི་ཡང་མེད་པའོ། །ཞེས་སོགས་དང༌། དེ་ལས། དེ་ལྟར་རྟག་པ་དང་བདེ་བ་དང་བདག་དང་ཡོངས་སུ་དག་པ་དང་ཆོས་རྣམ་པ་བཞི་བོ་འདི་དག་ནི་སྟོང་བ་ཉིད་ཅེས་མི་བྱ་སྟེ། ཞེས་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས། བདེན་པ་ནི་གཅིག་པུ་གཉིས་མ་ཡིན་པ་སྟེ། འདི་ལྟ་སྟེ། འགོག་པའི་བདེན་པའོ། །ཞེས་དང༌། དཔལ་ཕྲེང་གི་མདོ་ལས། སྡུག་བསྔལ་འགོག་པའི་བདེན་པ་འདི་ནི་ཡང་དག་པར་ན་བདེན་པ་དང་རྟག་པ་དང་སྐྱབས་ལགས་སོ། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་རང་འགྲེལ་ག་ལས་འཇིགས་མེད་ལས།དོན་དམ་པའི་བདེན་པ་ནི། འཕགས་པ་རྣམས་ཀྱིས་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །ཞེས་དང༌། དགེ་སློང་དག་འདི་ལྟ་སྟེ་མི་བསླུ་བའི་ཆོས་མྱ་ངན་ལས་འདས་པ་དེ་ནི་བདེན་པའི་མཆོག་གོ ། ཞེས་དང༌། རིགས་པ་དྲུག་ཅུ་པ་ལས། མྱ་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་རྣམས་ཀྱི་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་མིན་ཞེས། །མཁས་པ་སུ་ཞིག་རྟོགས་པར་བྱེད། །ཅེས་ལུང་དེ་དག་གིས་དོན་དམ་བདེན་པ་བདེན་པ་ཡིན་པར་ཡང་ཡང་གསུངས་པས་བདེན་པ་ཡིན་ན་བདེན་པ་དཔྱོད་བྱེད་ཀྱི་རིགས་པས་དགག་མི་ནུས་སོ། །

དྲི་བ་ཉེར་བརྒྱད་པ་གཞན་སྟོང་རང་སྟོང་གཉིས་ཀྱི་ཁྱད་པར་དང་དེ་གཉིས་འགལ་དང་མི་འགལ་རྒྱུ་མཚན་དང་བཅས་ཁོད་ཅེས་པའི་དྲིས་ལན།

དྲི་བ་ཉེར་བརྒྱད་པ་གཞན་སྟོང་རང་སྟོང་གཉིས་ཀྱི་ཁྱད་པར་དང་དེ་གཉིས་འགལ་དང་མི་འགལ་རྒྱུ་མཚན་དང་བཅས་ཁོད་ཅེས་པའི་དྲིས་ལན།

གཞན་སྟོང་རང་སྟོང་གཉིས་ཀྱི་ཁྱད་པར་དང༌།དེ་གཉིས་འགལ་དང་མི་འགལ་རྒྱུ་མཚན་དང་བཅས་ཁོད་ཅེས་པའོ། །དེའི་ལན་ནི། །དབུས་མཐའ་ལས། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་བ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་གསུངས་པ་ལྟར་གཞན་སྟོང་དང་རང་སྟོང་གི་ཁྱད་པར་ནི། ཀུན་རྫོབ་གཟུང་འཛིན་གྱིས་སྟོང་བའི་གཞི་དོན་དམ་རང་བྱུང་གཉིས་མེད་སོ་སོ་རང་རིག་པའི་ཡེ་ཤེས་ནི་གཞན་སྟོང་ཟབ་མོ་ཡིན་ལ། རང་གི་ངོ་བོ་བདེན་པས་སྟོང་བའི་སྣང་གྲགས་ཀྱི་ཆོས་ནི། རང་སྟོང་ཡིན་ནོ། །སྟོང་བ་དེ་གཉིས་ནི་འགལ་བ་ཡིན་ཏེ། གཞན་སྟོང་ལ་ནི་དོན་དམ་བདེན་པ་ལས་གཞན་མ་དམིགས་ལ། དེ་ནི་རང་སྟོང་མིན་ཞིང༌། རང་སྟོང་ལ་ནི་ཀུན་རྫོབ་ལས་གཞན་མ་དམིགས་ལ། ཀུན་རྫོབ་ནི་གཞན་སྟོང་མ་ཡིན་ནོ། །གསུངས་ཟིན་འགའ་རེ་ཀུན་རྫོབ་རྣམས་གཞན་སྟོང་ཡིན་པ་ལྟ་བུར་གསུངས་པ་ཡོད་པ་སྔར་དྲི་བ་བཅུ་བདུན་པའི་སྐབས་སུ་བཤད་ཟིན་ཏོ། །རང་ལུགས་ལ་ཐམས་ཅད་གཞན་སྟོང་དུ་འདོད་པ་དང༌། ཐམས་ཅད་རང་སྟོང་དུ་འདོད་པ་ནི་ཡང་དག་པ་མ་ཡིན་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། དེ་ལྟར་སྟོང་བའི་ཆོས་རང་སྟོང་དང་སྟོང་བའི་གཞི་གཞན་སྟོང་དུ་རྟོགས་པ་འདི་ནི་སྟོང་བ་ཉིད་ལ་འཇུག་པ་ཡང་དག་པ་ཇི་ལྟ་བ་སྟེ་ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །དེ་ལས་གཞན་དུ་ཐམས་ཅད་རང་སྟོང་ཉིད་དུ་འདོད་པའམ། ཐམས་ཅད་གཞན་སྟོང་ཉིད་དུ་འདོད་པ་ནི་ཕྱིན་ཅི་མ་ལོག་པ་མ་ཡིན་ནོ། །ཞེས་དང༌། ཚིགས་བཅད་དང་པོའི་ཊཱི་ཀ་ལས། ཐམས་ཅད་རང་སྟོང་ཉིད་དམ་ཐམས་ཅད་གཞན་སྟོང་ཉིད་དུ་ཁ་ཚོན་གཅོད་ན་ནི་སྟོང་ཉིད་ལེགས་པར་རྟོགས་པ་མ་ཡིན་ཞིང༌། ཞེས་ཐམས་ཅད་གཞན་སྟོང་མ་ཡིན་པར་གསུངས་པ་ནི་ལེགས་བཤད་བླ་ན་མེད་པ་ཡིན་ནཽ། །དེ་ལྟ་མ་ཡིན་པར་མདོ་རྒྱུད་བསྟན་ཆོས་མན་ངག་གང་དུ་མ་གསུངས་བའི་ཀུན་རྫོབ་གཞན་སྟོང་ཞེས་པ་དང༌། ཆོས་གཞན་གྱིས་སྟོང་བ་དེ་གཞན་སྟོང་གི་སྟོང་ཚུལ་བཞག་ནས་དེ་གཞན་སྟོང་གི་ཚད་བཞག་ན་ནི། ལས་འབྲས་མེད་པ་སོགས་གཞན་སྟོང་དུ་ཐལ་བ་ཁས་ལེན་དགོས་པ་སོགས་སུ་འགྱུར་བས། དེ་སྐད་སྨྲ་བ་ནི་གཞུང་ལུགས་རྣམ་དག་གི་རིགས་ལམ་ལས་འདས་པའི་འཇིག་རྟེན་རྒན་པོའི་རིགས་ཚུལ་དུ་ཞུགས་ནས་ཟབ་མོའི་གནས་ལ་རྟོག་དཔྱོད་ཀྱི་མུན་པས་ཐར་བའི་ལམ་བཟང་གི་འོད་སྣང་བསྒྲིབ་པར་འགྱུར་རོ། །ཡང་ཉ་དབོན་པའི་བསྟན་པ་སྤྱི་འགྲེལ་གྱི་ཚིག་ཟིན་ལྟར་ཁས་ལེན་ན་ཀུན་རྫོབ་ཀྱི་ཆོས་རྣམས་སྔ་རབས་པའི་འཆད་ཚུལ་དང་བསྟུན་ན་རང་སྟོང་ཞེས་གསུངས་བ་ལས་དོན་ལ་བུམ་པ་བུམ་པས་མི་སྟོང་བས་རང་སྟོང་མ་ཡིན་པར་ཚིག་ཟིན་དུ་མ་གསུངས་པས་ཀུན་རྫོབ་ཀྱི་ཆོས་རྣམས་རང་སྟོང་མ་ཡིན་པར་འགྱུར་རོ། །དེས་ན་ཚིག་ཙམ་དང་ཨ་ཕའི་ཁ་བོར་གཙང་ཞེན་གྱིས་མི་འཁྲུལ་བར་གཞན་སྟོང་སྟོན་བྱེད་ཀྱི་མདོ་རྒྱུད་རྣམ་པར་དག་པ་རྣམས་སུ་གཞན་སྟོང་སྟོན་ཚུལ་དང་གངས་ཅན་དུ་གཞན་སྟོང་ཤིང་རྟའི་སྲོལ་འབྱེད་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་གྱིས་གཞན་སྟོང་སྟོན་བྱེད་ཀྱི་མདོ་རྒྱུད་ཁུངས་སུ་འདྲེན་ཚུལ་དང་གཞན་སྟོང་བཀྲལ་ཚུལ་སོགས་ལ་ཕྱོགས་སུ་འཛིན་པའི་ཡིད་བོར་ནས་ལེགས་པར་དཔྱད་ན་འཁྲུལ་བའི་གནས་མེད་དོ། །ཕན་ཚུན་བྱམས་བརྩེས་ཡིད་འོང་གི་ཆོས་མཆེད་དམ་པ་རྣམས་ཀྱིས་སླར་དཔྱད་པར་བྱའོ། །རེ་ཞིག་དེ་ཙམ་ལས་མ་སྤྲོས་སོ། །

དྲི་བ་ཉེར་དགུ་པ་གཞི་ན་སངས་རྒྱས་ཡོད་པའི་རིགས་པ་ཇི་ལྟར་ཁོད་ཅེས་པའི་དྲིས་ལན།

དྲི་བ་ཉེར་དགུ་པ་གཞི་ན་སངས་རྒྱས་ཡོད་པའི་རིགས་པ་ཇི་ལྟར་ཁོད་ཅེས་པའི་དྲིས་ལན།

གཞི་ན་སངས་རྒྱས་ཡོད་པའི་རིགས་པ་ཇི་ལྟར་ཁོད་ཅེས་པའོ། །དེའི་ལན་ནི། གཞིའི་སྐབས་སམ་ལུས་ཅན་སེམས་ཅན་རྣམས་ལ་སངས་རྒྱས་སམ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པར་སྒྲུབ་བྱེད་ཀྱི་རིགས་པ་གསུམ་བསྟན་བཅོས་རྒྱུད་བླ་སོགས་ལས་གསུངས་པ་འདི་ལྟ་སྟེ། ལུས་ཅན་སེམས་ཅན་རྣམས་ཆོས་ཅན། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཏེ། ཁྱོད་ལ་སངས་རྒྱས་ཆོས་ཀྱི་སྐུ་འཕྲོ་བ་སྟེ་ཁྱབ་པར་ཡོད་པའི་ཕྱིར་ཏེ། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ལ་ཞུགས་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །ཞེས་དང༌། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །ཞེས་གསུངས་སོ། །ལུས་ཅན་སེམས་ཅན་རྣམས་ཆོས་ཅན། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཏེ། སངས་རྒྱས་དང་སེམས་ཅན་གྱི་དེ་བཞིན་ཉིད་ལ་དབྱེ་བ་མེད་པའི་ཕྱིར་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དྲི་མ་མེད་པ་དེ་ནི་འཁོར་བ་དང་མྱང་འདས་ཀྱི་ཆོས་ཉིད་གཉིས་སུ་དབྱེར་མེད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །ཞེས་དང༌། རང་བཞིན་དྲི་མེད་དེ་ནི་གཉིས་མེད་དེ། །ཞེས་གསུངས་སོ། །ལུས་ཅན་སེམས་ཅན་རྣམས་ཆོས་ཅན། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཏེ། སངས་རྒྱས་ཀྱི་སྟོབས་བཅུ་ལ་སོགས་པ་རང་བཞིན་གྱི་རིགས་སེམས་ཅན་ཐམས་ཅད་ལ་ཡོད་པའི་ཕྱིར་ཏེ། སེམས་ཅན་གྱི་རིགས་དེ་དྲི་མ་དང་བྲལ་བའི་སངས་རྒྱས་ཀྱི་རིགས་དང་ཐ་དད་མེད་པར་ཤིན་ཏུ་འདྲ་ཞིང་ཉེ་བར་སྤྱོད་ཅིང་ཡོད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟགཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང༌། སངས་རྒྱས་རིགས་ལ་དེ་འབྲས་ཉེར་སྤྱོད་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །

དྲི་བ་སུམ་ཅུ་པ་ཀུན་རྫོབ་ཤུགས་ལ་མཁྱེན་ཞེས་པའི་དོན་གང་།

དྲི་བ་སུམ་ཅུ་པ་ཀུན་རྫོབ་ཤུགས་ལ་མཁྱེན་ཞེས་པའི་དོན་གང་ཞེས་པ།

དྲི་བ་སུམ་ཅུ་པ་ཀུན་རྫོབ་ཤུགས་ལ་མཁྱེན་ཞེས་པའི་དོན་གང་ཞེས་པའི་དྲིས་ལན།

ཀུན་རྫོབ་ཤུགས་ལ་མཁྱེན་ཞེས་པའི་དོན་གང་ཞེས་པའོ། །དེའི་དོན་ནི། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཀུན་རྫོབ་ཇི་སྙེད་པའི་ཆོས་ཀུན་མཁྱེན་ཚུལ་ནི། དོན་དམ་རྣམ་པ་ཐམས་ཅད་པ་དེ་ཀུན་རྫོབ་ཀྱི་ཆོས་རྣམས་ཀྱི་ཆོས་ཉིད་དུ་སོང་བ་དང༌། ཀུན་རྫོབ་ཀྱི་ཆོས་ཀུན་དེའི་ཆོས་ཅན་དུ་སོང་བའི་ཚུལ་གྱིས་ཀུན་རྫོབ་ཇི་སྙེད་པ་དེ་དང་དེ་མཁྱེན་ལ། དེ་ཡང་ཆོས་ཉིད་རྣམ་འབྱེད་ལས། དེ་སྣང་ཆོས་ཉིད་མི་སྣང་ཞིང༌། །དེ་མི་སྣང་བའི་ཆོས་ཉིད་སྣང༌། །ཞེས་དང༌། མངོན་རྟོགས་རྒྱན་ལས། ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱི། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་དང༌།ཀུན་མཁྱེན་རྟོན་པ་བཞི་ལྡན་གྱིས། རྒྱལ་བའི་ཡེ་ཤེས་རྣམ་གཉིས་ཀྱིས། །ཇི་ལྟ་ཇི་སྙེད་མཁྱེན་པ་ཡང༌། །ཆོས་ཉིད་སྣང་ནས་དངོས་སུ་མཁྱེན། །ཆོས་རྣམས་མེད་པ་ཤུགས་ལ་མཁྱེན། །ཞེས་གསུངས་པ་ལྟར་དོན་དམ་ཆོས་ཉིད་དངོས་སུ་སྣང་བའི་སྒོ་ནས་ཆོས་ཅན་ཀུན་རྫོབ་རྣམས་མི་སྣང་བར་ཤུགས་ལ་མཁྱེན་པ་ཡིན་ཏེ། དཔེར་ན་མངོན་ཤེས་དང་ལྡན་པ་ཞིག་གིས་གང་ཟག་གཞན་གྱི་རྨི་ལམ་ལ་ཇི་ལྟར་སྣང་བ་བཞིན་མཁྱེན་ཡང་མཁྱེན་མཁན་རང་ཉིད་ལ་གཉིད་མེད་པས་རྨི་ལམ་གྱི་སྣང་བ་དངོས་མེད་པ་བཞིན་ནོ། །གལ་ཏེ་མདོ་སྡེ་རྒྱན་ལས། ཉི་མའི་འོད་ཟེར་གཅིག་བཏང་བས། །འགྲོ་བ་སྣང་བར་བྱེད་པ་ལྟར། །དེ་བཞིན་ཤེས་བྱ་ཐམས་ཅད་ལ། །སངས་རྒྱས་ཡེ་ཤེས་གཅིག་ཆར་སྣང༌། །ཞེས་སངས་རྒྱས་ཀྱི་ཡེ་ཤེས་ལ་ཤེས་བྱ་ཐམས་ཅད་སྣང་བར་བཤད་པས་ཀུན་རྫོབ་མི་སྣང་བ་འགལ་ལོ་ཞེ་ན། མ་ཡིན་ཏེ། ལུང་དེར་ཉི་མའི་འོད་ཟེར་གྱིས་གཟུགས་སོགས་སྣང་བར་བྱས་པ་ལྟར། སངས་རྒྱས་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་མཁྱེན་པས་ཕར་སྣང་བྱེད་ཅེས་པར་སྟོན་གྱི་དེ་ལ་ཚུར་སྣང་བ་མ་ཡིན་ཏེ། ལ་ཞེས་པའི་ཚིག་ཤེས་བྱ་ཐམས་ཅད་ཅེས་པ་ལ་འབྲེལ་གྱི་སངས་རྒྱས་ཡེ་ཤེས་ཞེས་པ་ལ་མ་འབྲེལ་བའི་ཕྱིར། དེ་ལྟར་མ་ཡིན་ན་དེ་ཉིད་དུ། བྱང་ཆུབ་སེམས་དཔའ་དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང༌། ཞེས་དང༌། དེའི་འགྲེལ་བར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་རང་གི་ངང་གིས་ཡང་དག་པ་ཁོ་ན་སྣང་གི་ཡང་དག་པ་མ་ཡིན་པ་ནི་མ་ཡིན་ནོ། །ཞེས་གསུངས་པ་དང་འགལ་པའོ། །འོན་ཀྱང་ཆོས་རྗེ་ཉ་དབོན་པའི་ཕར་ཕྱིན་ཡིད་ཀྱི་མུན་སེལ་ལས། ཆོས་རྗེ་ཀུན་མཁྱེན་ཆེན་པོ་ནི་ཀུན་རྫོབ་སྣང་ནས་མི་མཁྱེན་ལ། མི་སྣང་བར་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་མཁྱེན་ཞེས་གསུང་ངོ༌། །འོན་ཀྱང་སོ་སོའི་སྐྱེ་བོ་ལ་ཇི་ལྟར་སྣང་བ་ལྟར་དུ་སྣང་ནས་མི་མཁྱེན་ཞིང་སོ་སྐྱེ་ལ་མི་སྣང་བ་ལྟར་སྣང་ནས་མཁྱེན་ཏེ། ཞེས་གསུངས་པའི་དགོངས་པ་གང་ཡིན་བཙལ་དགོས་སོ། །

དྲི་བ་སོ་གཅིག་པ་རང་ལུགས་ལ་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་སམ་ཞེས་པའི་དྲིས་ལན།

དྲི་བ་སོ་གཅིག་པ་རང་ལུགས་ལ་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་སམ་ཞེས་པའི་དྲིས་ལན།

རང་ལུགས་ལ་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་སམ་ཞེས་པའོ། །དེའི་ལན་ནི། སྤྱིར་ཉན་རང་གཉིས་ཀས་ཆོས་ཀྱི་བདག་མེད་མ་རྟོགས་པ་ཡིན་པར་གསུངས་ཏེ། གཞན་སྟོང་དབུ་མ་རྒྱན་ལས། དེ་ཕྱིར་ཐེག་དམན་འཕགས་པས་ཆོས་ཐམས་ཅད། །ཆོས་བདག་མེད་པར་རྟོགས་ཞེས་འདི་མི་འཐད། །ཅེས་དང༌། དྲིས་ལན་གནད་ཀྱི་གསལ་བྱེད་ལས། རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་ཉན་རང་ལའང་ཡོད་པ་དང༌། མདོ་ཆེན་པོ་སྟོང་པ་ཉིད་སོགས་སྟོང་ཉིད་ཀྱི་རྣམ་གྲངས་ཐེག་དམན་ལ་ཡང་མང་དུ་འབྱུང་ཞིང༌། འོན་ཀྱང་དེ་དག་གིས་དངོས་བསྟན་ཕལ་ཆེར་བ་ནི།དངོས་པོ་རྣམས་རྒྱུ་རྐྱེན་སྣ་ཚོགས་པའི་རྟེན་འབྲེལ་ལས་འབྱུང་བས། བྱེད་པོ་ལ་སོགས་པས་སྟོངས་པ་དང༌། རགས་པ་དང༌། རྒྱུན་དུ་སྣང་བ་རྣམས་འཁྲུལ་པ་ཙམ་དུ་སྟོན་ཅིང༌། ཆོས་གང་ལ་ཡང་ང་བདག་གི་དངོས་པོས་སྟོངས་པ་ཙམ་ཁོ་ན་སྣང་མོད། དེ་ཙམ་རྟོགས་པ་ལ་ཡང་སྟོང་ཉིད་རྟོགས་པའི་ཐ་སྙད་འཇུག་ཏུ་ནི་རུང་སྟེ། གང་ཟག་གི་བདག་མེད་རྟོགས་པ་ལ། བདག་མེད་རྟོགས་པའི་ཐ་སྙད་ཐོབ་པ་བཞིན་ནོ། །ཞེས་པ་ནས། མདོ་རྒྱན་གྱི་ལུགས་ལ། ཐེག་དམན་པས་བདག་མེད་གཉིས་རྟོགས་ཡོད་པར་འདོད་དགོས་པར་ཐལ་བར་མི་འགྱུར་ཞིང༌། ཞེས་པ་ནས། སྤྱིར་ནི་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པ་ཉིད། ལུང་རིགས་རྣམ་དག་གིས་གྲུབ་སྟེ། ཡོད་པར་འདོད་པ་རྣམས་ཀྱིས་ཁུངས་སུ་འདྲེན་པའི་ལུང་རྣམས་དེའི་ཁུངས་སུ་མི་འགྱུར་ཞིང༌། རིགས་པ་རྣམས་ཀྱང་མ་ངེས་ལ། དེ་ལ་ལྡོག་ཕྱོགས་གནོད་བྱེད་ཀྱི་ལུང་དང་རིགས་པ་ཡང་མང་དུ་ཡོད་པའི་ཕྱིར་རོ། །ཞེས་དང༌། སྐྱེས་བུ་གསུམ་གྱི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་ལས། ཉན་རང་གི་བྱང་ཆུབ་གཉིས་པོ་དེ་རང་དོན་སྤངས་རྟོགས་མ་རྫོགས། གཞན་དོན་སེམས་ཅན་ལ་ཕན་འདོགས་རྒྱ་ཆེན་པོ་དང་བྲལ། སྤངས་པ་མ་རྫོགས་ཏེ། ཉོན་མོངས་པའི་སྒྲིབ་པ་ཁོ་ན་སྤངས་ཀྱི་ཤེས་བྱའི་སྒྲིབ་པ་མ་སྤངས། རྟོགས་པ་མ་རྫོགས་ཏེ། གང་ཟག་གི་བདག་མེད་དང་གནས་སྐབས་ཀྱི་རྟེན་འབྲེལ་ཉི་ཚེ་ཙམ་རྟོགས་ཀྱི་ཆོས་ཀྱི་བདག་མེད་དང༌། རྟེན་འབྲེལ་མཐར་ཐུག་མ་རྟོགས། ཞེས་དང༌། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་མེད་དཔྱད། སྐབས་དོན་གཞི་ཤེས་གཏན་ལ་དབབ་པའོ། །དང་པོ་ནི། འཇུག་པའི་རང་འགྲེལ་དུ། དཔེ་སྔོན་དུ་བཏང་ནས། ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་སེམས་ཡང་སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་བསམ་པའི་ཆེ་བ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་གྱི་རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱོད་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཞེས་པ་ནས། འོན་ཀྱང་སྡུད་པར། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང༌། ཞེས་དང༌། མི་རྟག་ཡོངས་སུ་སྟོན་པ་བཅོས་ལ་སྤྱོད་པ་སྟེ། །ཞེས་སོགས་འདིར་ཡང༌། དེ་ནི་མཚན་མར་དམིགས་སྒོ་ནས། །ཞེས་སོགས་དང༌། གཟུགས་སོགས་ཕུང་པོ་སྟོང་ཉིད་དང༌། ཞེས་པ་ནས། སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་སོགས་བཀའ་ཐ་མ་ཕལ་ཆེ་བ་དང༌། བཀའ་བར་པའི་མདོ་བསྟན་བཅོས་དུ་མ་ལས་ཉན་ཐོས་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བཤད་ཅིང་རང་རྒྱལ་ལའང༌། འཛིན་པ་མི་སྤོང་ཕྱིར་དང་ནི། །ཞེས་འཛིན་པ་རང་བཞིན་མེད་པར་རྟོགས་པ་མེད་པར་བཤད་དོ། །ཞེས་པ་ནས། ཡུམ་གྱི་མདོ་བསྟན་བཅོས་རྒྱན་རྗེས་འབྲང་དང་བཅས་པར་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་ཆེས་གསལ་བར་བཤད་པས་ས་བཅུ་པ་དང་འཕགས་པ་ཀླུའི་གསུངས་དེ་དག་དགོངས་པ་ཅན་དུ་བྱ་དགོས་སམ་སྙམ་སྟེ། ཞེས་གསུངས་པའི་ཕྱིར། ཡང་ཉན་རང་གིསཆོས་ཀྱི་བདག་མེད་མ་རྟོགས་པར་མདོ་སྡེ་དུ་མ་ལས་གསུངས་ཏེ། རྒྱན་སྡུག་པོ་བཀོད་པའི་མདོ་ལས། ཕུང་པོ་གང་ཟག་བདག་མེད་པར། །རབ་ཏུ་རྣམ་ཕྱེ་མཐོང་གྱུར་ཅིང༌། །ཆོས་ཀྱི་དངོས་ཡོད་མ་བཤིག་པར། །ཉན་ཐོས་དེ་དག་མངོན་རྟོགས་གྱུར། །བདག་མེད་གཉིས་ལ་མཁས་པ་རྣམས། །རྒྱལ་བའི་སྲས་རྣམས་སྒོམ་པར་བྱེད། །ཅེས་དང༌། དམ་ཆོས་པད་དཀར་ལས། འོད་སྲུང་ཆེན་པོས། ཆོས་འདི་ཐམས་ཅད་ཟག་མེད་ཞི་བ་སྟེ། །འགོག་པ་དང་ནི་སྐྱེ་བ་རྣམ་པར་སྤངས། །འདི་ན་ཆོས་རྣམས་གང་ཡང་མ་མཆིས་ཤེས། །དེ་ལྟར་བསམ་ན་དད་པར་མ་གྱུར་ཏོ། །ཞེས་དང༌། ལང་གཤེགས་ལས། གཞན་ཡང་བློ་གྲོས་ཆེན་པོ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ནི་ཤེས་བྱའི་སྒྲིབ་པ་དང༌། ལས་ཀྱི་བག་ཆགས་མ་སྤངས་པའི་ཕྱིར་ཆོས་ལ་བདག་མེད་པ་མ་བསྒོམས་ཤིང༌། བསམ་གྱིས་མི་ཁྱབ་པར་འགྱུར་བའི་ཤི་འཕོ་བ་མ་ཐོབ་པས། ཉན་ཐོས་རྣམས་ལ་ཐེག་པ་གསུམ་དུ་བསྟན་ཏེ། ཐེག་པ་གཅིག་ཏུ་མ་ཡིན་ནོ། །ཞེས་གསུངས་པའོ། །ཡང་ཁ་ཅིག་ཉན་ཐོས་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་ཀྱང་རང་རྒྱལ་ལ་དེ་རྟོགས་པ་ཡོད་དེ། གཟུང་བ་བདེན་མེད་རྟོགས་པ་ཡོད་པའི་ཕྱིར་ཏེ། བསྟན་བཅོས་མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། ལུང་དེའི་དགོངས་དོན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་འདི་ལྟར་གསུངས་ཏེ། ཤེར་འགྲེལ་སྔོན་མེད་ལེགས་བཤད་ལས། རང་རྒྱལ་གྱིས་གཟུང་བ་ཆོས་ཀྱི་བདག་མེད་མངོན་སུམ་རྟོགས་སམ་མ་རྟོགས་ཞེ་ན། མ་རྟོགས་ཞེས་བྱའོ། །འོ་ན་ཇི་སྐད་དུ། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པ་ཤེས་པར་བྱ། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། རང་རྒྱལ་རྣམས་ནི་རྟེན་འབྲེལ་ཡུན་རིང་དུུ་གོམས་པ་ལས། འཇིག་རྟེན་མ་རིག་པའྀ་རྐྱེན་ཅན་དུ་ཤེས་པས་ན། དེའི་ཤུགས་ཀྱིས་གཟུང་བའི་རྣམ་རྟོག་ཤིན་ཏུ་ཉམས་སྨད་པ་ཡིན་པས། དེ་ལྟ་བུའི་རྟོགས་པ་དེ་ཡང་བྱང་ཆུབ་སེམས་དཔའི་ལམ་ཤེས་ཀྱི་རྟོགས་རིགས་ཀྱི་ནང་དུ་འདུས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་སྐབས་འགའ་ཞིག་ཏུ་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་དུ་རྟོགས་པས། ང་བདག་དང་ཕྱི་རོལ་གྱི་དོན་གདོད་ནས་མ་གྲུབ་པར་རྟོགས་ཤིང༌། དེ་ཉིད་ཀྱང་སྤྲོས་པ་ཐམས་ཅད་དང་གདོད་ནས་བྲལ་བའི་རྣམ་པ་ཅན་ཡིན་མོད་ཀྱི། འཛིན་པ་ལ་ཆེད་གཏད་ཤུགས་ཕྱུང་ནས་སྟོང་བ་སྒོམ་པ་མེད་པས། གཟུང་དོན་གྱི་རྟོག་པ་སྤོང༌། འཛིན་པའི་རྟོག་པ་མི་སྤོང་ཞེས་ཐ་སྙད་མཛད་པ་ཡིན་གྱི། འཛིན་པའི་མངོན་ཞེན་དང་བཅས་པ་ནི་མ་ཡིན་ནོ། །དེ་ལྟ་བུའི་ཡེ་ཤེས་དེས། རང་རྒྱལ་གྱི་རྟོགས་པ་གང་ཡིན་པ་དེ། རིགས་མཐུན་གྱི་ཚུལ་གྱིས་བསྡུས་པ་ཡིན་པས་རང་རྒྱལ་གྱི་ལམ་གྱི་མིང་བཏགས་པ་ཙམ་མོ། །ཞེས་ཞིབ་པར་གསུངས་པ་དེ་ལྟར་ཡིན་ལ། དེ་བཞིན་དུ་ཕར་ཕྱིན་མདོ་ལུགས་མ་ལས། བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ཉིད་ཀྱི་ཤེར་ཕྱིན་ནི་དོན་དམ་པ་དང༌། གཟུགས་སོགས་སྟོང་ཞེས་བྱ་བར་གཟུང་བར་མི་རྟོག་པས་གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། ཀུན་རྫོབ་ཏུ་ཐེག་པ་གསུམ་ལ་སོགས་པ་བསྟན་ཅིང་ཐོབ་པའི་སྒོ་ནས་བྱེད་པ་པོའི་ཆོས་སུ་འཛིན་པ་ཡོད་པས་འཛིན་པ་མི་སྤོང་ཕྱིར་དང་ནི། རྟེན་བྱང་ཆུབ་སེམས་དཔའི་ལམ་གྱིས་བསེ་རུ་ལྟ་བུའི་ལམ་མི་དམིགས་པའི་ཚུལ་གྱིས་ཡང་དག་པར་བསྡུས་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་རང་ལུགས་ལ་གང་ཟག་གི་བདག་ཏུ་གྲུབ་པའི་ཚད་དང་ཆོས་བདག་ཏུ་གྲུབ་པའི་ཚད་ཅི་ལྟར་ཡིན་ཞེ་ན། སྤྱིར་གང་ཟག་གི་བདག་དང་ཆོས་བདག་གྲུབ་པའི་ཚད་མེད་ཀྱང་བརྟག་པ་མཐའ་བཟུང་གིས་བཞག་ན་གང་ཟག་གི་བདག་ནི་རྟག་གཅིག་རང་དབང་ཅན་དུ་གྲུབ་པ་དེ་ཡིན་ཏེ། གང་ཟག་གི་བདག་ཏུ་གྲུབ་ན་བདག་འཛིན་གྱི་ཇི་ལྟར་འཛིན་པ་ལྟར་གྲུབ་དགོས་ལ། དེས་ནི་རྟག་གཅིག་རང་དབང་ཅན་དུ་གྲུབ་པར་འཛིན་པ་ཡིན་པའི་ཕྱིར་ཏེ། བདག་འཛིན་དེས་ཕུང་བོ་ལ་དམིགས་ནས་ངའོ་སྙམ་དུ་འཛིན་པའི་འཛིན་ཚུལ་ལ་སྔོན་གྱི་ང་དེ་ད་ལྟའི་ང་སོགས་ཡིན་སྙམ་པ་དེ་ལ་རྟག་པར་འཛིན་པ་དང༌། ང་སྙམ་པ་ཤར་དུས་དངོས་པོ་གང་ལ་ཡང་མ་འདྲེས་པའི་ཁོ་རང་གི་ངོ་བོ་ཚུགས་ཐུབ་གཅིག་ཡོད་པའི་ཁུངས་སུ་སྣང་བ་དེ་གཅིག་པུ་འཛིན་པ་ཡིན། ལོངས་སྤྱོད་དང་རྫས་འཁོར་སོགས་ལ་རང་ཉྀད་བདག་པོའི་ཚུལ་དུ་ཡོད་པ་ལྟར་སྣང་བ་དེ་རང་དབང་ཅན་དུ་འཛིན་ཚུལ་ཞེས་བྱ་བ་ཡིན་པའི་ཕྱིར་ཏེ། རྗེ་སྒྲོལ་མགོན་གྱི་སྐྱེས་བུ་གསུམ་གྱི་མན་ངག་བདུད་རྩི་སྙིང་ཁུ་ལས། དེ་ལ་ངའམ་བདག་ཅེས་བྱ་བ་གནས་ལུགས་ལ་ཡོད་ན་ཏ་དེ་བདག་ཡིན་མོད།དེ་འདྲ་དངོས་པོ་ལ་ཡེ་མ་གྲུབ་པས་གང་ཟག་གི་བདག་དེ་འདྲ་ངོ་བོའི་སྒོ་ནས་སྟོན་རྒྱུ་མེད།འོན་ཀྱང་མེད་པ་ལ་ཡོད་པར་འཛིན་པའི་བདག་འཛིན་གྱི་འཛིན་སྟངས་རློམ་ཚུལ་དང་བསྟུན་ན་རྟག་པ་གཅིག་པུ་རང་དབང་ཅན་དུ་འཛིན་པ་ཡིན། དེ་ཡང་ན་ནིང་ངས་འདི་བྱས། ང་ད་གཟོད་འདི་བྱེད་སྙམ་པ། ན་ནིང་གི་ང་དེ་ད་ལྟའི་ང་འདི་ཡིན། འདི་ད་བཟོད་ཡང་འགྲོ་སྙམ་པ་དེ་ལ་རྟག་པར་འཛིན་པ་ཟེར། ང་སྙམ་པ་ཤར་དུས་ཕྱི་ནང་གི་དངོས་པོ་གཞན་སུ་དང་ཡང་མ་འདྲེས་པའི་ཁོ་རང་གི་ངོ་བོ་ཚུགས་ཐུབ་གཅིག་ཡོད་པའི་ཁུངས་སུ་སྣང་བ་དེ་གཅིག་པུར་འཛིན་པ་ཡིན། ཇི་ལྟར་རིགས་པའི་ལོངས་སྤྱོད་དམ། རྫས་སམ་འཁོར་ལ་རང་ཉིད་བདག་པོའི་ཚུལ་དུ་ཡོད་པ་ལྟར་སྣང་བ་དེ་རང་དབང་ཅན་དུ་འཛིན་པ་ཞེས་བྱ་བ་ཡིན། ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། གང་ཟག་གི་བདག་ཏུ་ལྟ་བ་དེའི་ངོ་བོ་ནི། ཕུང་པོ་ལ་དམིགས་ནས་ངའོ་སྙམ་དུ་འཛིན་པ་ཡིན་ཞིང༌། ཁྱད་པར་རྟག་པ་ཡིན་པ། གཅིག་པུ་ཡིན་པ། རང་དབང་ཅན་ཡིན་པར་འཛིན་ཅིང༌། ཞེས་གསུངས་པའི་ཕྱིར། ཆོས་བདག་ནི་མེད་ཀྱང་ཆོས་ཀྱི་བདག་འཛིན་གྱི་འཛིན་ཚུལ་དང་བསྟུན་ནས་བརྟག་པ་མཐའ་བཟུང་གིས་བཞག་ཏུ་ཡོད་དེ། ཕུང་སོགས་ཀྱི་ཆོས་རྣམས་བདེན་དངོས་ཚུགས་ཐུབ་ཀྱི་ངོ་བོར་རང་བཞིན་གྱིས་གྲུབ་པ་དེ། ཆོས་ཀྱི་བདག་ཅེས་བྱ་སྟེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དགག་བྱ་ཆོས་ཀྱི་བདག་འཛིན་དངོས་བཟུང་བ། ཞེས་པ་ནས།འདུས་བྱས་ཀྱི་དངོས་པོ་ཚུགས་ཐུབ་པ་རང་བཞིན་གྱིས་གྲུབ་པ་ཞིག་ཡོད་ན། དེ་ལ་ཆོས་ཀྱི་བདག་ཅེས་བརྗོད་པ་ཡིན་ནོ། ཞེས་གསུངས་སོ། །ཡང་ན་སྣང་གྲགས་ཀྱི་ཆོས་ཀུན་གནས་ལུགས་སུ་གྲུབ་པ་དེ་བཞག་ཆོག་གོ ། གོང་དུ་བཞག་པའི་རྟག་གཅིག་རང་དབང་ཅན་དུ་གྲུབ་པའི་བདག་དེ་མེད་པའི་གང་ཟག་གི་བདག་མེད་ནི་ཉན་རང་རྣམས་ཀྱིས་རྟོགས་པའི་གང་ཟག་གི་བདག་མེད་ཡིན་ལ། གནས་ཚུལ་ལམ་གཤིས་ལུགས་ལ་ང་བདག་ཏུ་གྲུབ་པ་དེ་སྤྲོས་བྲལ་གྱི་གང་ཟག་གི་བདག་མེད་ཀྱི་དགག་བྱ་དང༌། གནས་ལུགས་ལ་ང་བདག་གང་ཡང་མ་གྲུབ་པ་ནི་སྤྲོས་བྲལ་གྱི་གང་ཟག་གི་བདག་མེད་ཡིན་ལ། དེ་ཐེག་ཆེན་གྱི་བསྒོམ་བྱ་དང་ཆོས་ཀྱི་བདག་མེད་ཀྱི་ནང་དུ་འདུ་བའི་ཕྱིར་ཏེ། ཤེས་རབ་སྙིང་པོའི་ཚིག་འགྲེལ་རྨད་དུ་བྱུང་བ་ལས། གང་ཟག་བདག་མེད་བྱང་ཆུབ་སེམས་དཔས་མི་སྒོམ་པ་ལྟར་གསུངས་པ་ནི། དགག་གཞི་ཕུང་པོ་ཡོད་པར་བྱས་ནས་དེའི་སྟེང་དུ་ང་བདག་མེད་པར་སྒོམ་པའི་གང་ཟག་གི་བདག་མེད་སྒོམ་ཚུལ་དེ་འདྲ་མི་བྱེད་ཅེས་པའི་དོན་ཡིན་གྱི། སྤྲོས་བྲལ་གྱི་རྣམ་པ་ཅན་གྱི་གང་ཟག་གི་བདག་མེད་ནི་རྒྱལ་སྲས་རྣམས་ཀྱི་བསྒོམ་བྱ་ཁོ་ནའོ། གནས་ཚུལ་ལ་ང་བདག་གང་ཡང་མ་གྲུབ་པ་ནི། གང་ཟག་གི་བདག་མེད་ཡིན་ལ། གནས་ཚུལ་ལ་སྣང་གྲགས་ཀྱི་ཤེས་བྱ་གང་ཡང་ཡོད་མ་མྱོང་བ་ནི་ཆོས་ཀྱི་བདག་མེད་ཡིན་པས།སྔ་མ་ཕྱི་མའི་ནང་དུ་འདུས་བའི་ཕྱིར་ཆོས་ཀྱི་བདག་མེད་བསྒོམས་པས་གང་ཟག་གི་བདག་མེད་སྒོམ་པར་ཤུགས་ལ་འགྲུབ་བོ། །ཞེས་གསུངས་པའི་ཕྱིར་རོ། །དབུ་མ་ཐལ་འགྱུར་བའི་ལུགས་ལ་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པར་རིགས་པ་གསུམ་དང་ལུང་དགུའི་སྒོ་ནས་སྒྲུབ་པའི་ཕྱིར། རིགས་པ་གསུམ་ལས་དང་པོ་ནི། ཉན་རང་རྣམས་ཆོས་ཅན།ས་དང་པོ་བས་དོན་དམ་སེམས་བསྐྱེད་ཀྱི་སྒོ་ནས་ཁྱོད་ཟིལ་གྱིས་གནོན་པར་ཐལ། ཁྱོད་ལ་ཆོས་ཀྱི་བདག་མེད་རྟོགས་པ་དང་བྲལ་བའི་ཕྱིར། དེ་ལྟར་འཇུག་པ་རང་འགྲེལ་ལས།དངོས་པོ་རང་བཞིན་མེད་པར་ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ལྟར་དེ་དག་ཀྱང་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་རང་གི་བློས་རྣམ་པར་དཔྱད་པས་ཀྱང་ཟིལ་གྱིས་གནོན་པར་འགྱུར་ལ། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ཉན་རང་དགྲ་བཅོམ་པ་ཆོས་ཅན། ཁམས་གསུམ་གྱི་ཕྲ་རྒྱས་མ་སྤངས་པར་ཐལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་གོམས་པ་མེད་པའི་ཕྱིར། དཔེར་ན་ཕྱི་རོལ་བའི་དྲང་སྲོང་བཞིན། རང་འགྲེལ་ལས། ཕྱི་རོལ་པ་བཞིན་དུ་ཁམས་གསུམ་ན་སྤྱོད་པའི་ཕྲ་རྒྱས་ཐམས་ཅད་སྤངས་པར་ཡང་མི་འགྱུར་རོ། །ཞེས་སོ། །གསུམ་པ་ནི། ཉན་རང་དགྲ་བཅོམ་པ་ཆོས་ཅན། གང་ཟག་གི་བདག་མེད་མཚན་ཉིད་ཚང་བ་མ་རྟོགས་པར་ཐལ། གཟུགས་ལ་སོགས་པའི་ཕུང་པོ་ལ་བདེན་པར་དམིགས་པའི་བློ་ཕྱིན་ཅི་ལོག་གི་ཞེན་ཡུལ་སུན་ཅུང་ཟད་ཀྱང་མ་བྱུང་བའི་ཕྱིར། རྟགས་ཁས། ཁྱབ་སྟེ། བདག་ཕུང་པོ་ལས་ཡན་གར་བ་མེད་ཅིང་བདག་དང་གང་ཟག་གི་གདགས་གཞི་ཕུང་པོ་ལ་བདེན་འཛིན་གྱི་ཞེན་པ་ཅུང་ཟད་ཀྱང་མ་ཕྱུང་པའི་ཕྱིར། རང་འགྲེལ་ལས། གཟུགས་ལ་སོགས་པའི་རང་གི་ངོ་བོ་ལ་དམིགས་པས་ཕྱིན་ཅི་ལོག་ཏུ་གྱུར་བའི་ཕྱིར། གང་ཟག་གི་བདག་མེད་པ་རྟོགས་པར་མི་འགྱུར་ཏེ། བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པའི་ཕྱིར། ཞེས་སོགས་གསུངས་སོ། །སྒྲུབ་བྱེད་ཀྱི་ལུང་དགུ་ནི། འཇུག་པ་རང་འགྲེལ་དུ་བཀོད་པའི་ལུང་ལྔ་དང༌། དེ་ལས་གཞན་ཚིག་གསལ་དུ་བཀོད་པའི་ལུང་བཞི་སྟེ་དགུ་བོ་འདི་ལྟ་སྟེ། དང་པོ་ནི་རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོ་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །དཀྱིལ་འཁོར་ལྟ་བུ་ཕན་ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །དེ་ནི་རང་གཞན་གཉིས་ཀ་དང༌། །དུས་གསུམ་ཉིད་དུ་མ་མཐོང་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །དེ་ནས་ལས་དང་སྐྱེ་བ་ཡང༌། ཞེས་དང༌། གཉིས་པ་ཡང་དེ་ལས། ཇི་ལྟར་མིག་ནི་འཁྲུལ་བ་ཡིས། །ཞེས་པ་ནས། གནས་མེད་ལེན་མེད་མངའ་ངན་འདའ། །ཞེས་པའི་བར་རཽ། །གསུམ་པ་ཡང་དེ་ལས། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་བ་ཉིད། །ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པ་དེ་ཕྱིར་བཟོད་པར་གྱིས། །ཞེས་པའོ། །བཞི་བ་ནི། ཉན་ཐོས་ལ་བསྟན་པའི་མདོ་ལས། གཟུགས་ནི་དབུ་བ་བརྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པ་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་པའོ། །ལྔ་བ་ནི་རྩ་བ་ཤེས་རབ་ལས། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏྱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང༌། མེད་པ་གཉིས་ཀའང་དགག་པ་མཛད། །ཅེས་པའོ། །ཀ་ཏྱ་ན་ལ་གདམས་པའི་མདོ་ནི་ལུང་ཕྲན་ཚེགས་ལས། ཀ་ཏྱ་ན་གང་གི་ཕྱིར་འཇིག་རྟེན་འདི་ནི་ཕལ་ཆེར་ཡོད་པ་ཉིད་དང་མེད་པ་ཉིད་ལ་མངོན་པར་ཞེན་ཏེ། དེས་ན་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང༌། འཁྲུག་པ་དག་ལས་ཡོངས་སུ་གྲོལ་བར་མི་འགྱུར། འགྲོ་བ་ལྔའི་འཁོར་བ་ལས་གྲོལ་བར་མི་འགྱུར། འཆི་བའི་སྡུག་བསྔལ་ལས་གྲོལ་བར་མི་འགྱུར། ཞེས་པའོ། །དྲུག་པ་ནི་ཡུམ་ལས། གཟུགས་ལ་སྤྱོད་ན་མཚན་མ་ལ་སྤྱོད་ཀྱི་ཤེར་ཕྱིན་ལ་སྤྱོད་པ་མ་ཡིན་ནོ། །ཞེས་དང༌། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེར་ཕྱིན་ལ་བསླབ་པར་བྱའོ། །ཞེས་སོགས་སོ། །བདུན་པ་ནི། སྡུད་པ་ལས། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང༌། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །དཔེར་ན་ཕ་རོལ་ཚུལ་རོལ་འགྲོ་ངོགས་མི་མཐོང་བཞིན། །ཞེས་པའོ། །བརྒྱད་པ་ནི་ལྷག་བསམ་བསྟན་པའི་མདོ་ལས། དཔེར་ན་མི་ལ་ལ་ཞིག་གིས་སྒྱུ་མ་མཁན་གྱི་རོལ་མོ་བྱུང་བའི་ཚེ། སྒྱུ་མ་མཁན་གྱིས་སྤྲུལ་བའི་བུད་མེད་མཐོང་ནས། འདོད་ཆགས་ཀྱི་སེམས་བསྐྱེད་དེ། དེ་འདོད་ཆགས་ཀྱིས་སེམས་བཀྲིས་ནས་འཁོར་གྱིས་འཇིགས་ཤིང་བག་ཚ་སྟེ། སྟན་ལས་ལངས་ནས་སོང་སྟེ་དེ་སོང་ནས་ཀྱང་བུད་མེད་དེ་ཉིད་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང༌། མི་རྟག་པ་དང་སྡུག་བསྔལ་བ་དང༌། སྟོང་བ་དང་བདག་མེད་པར་ཡིད་ལ་བྱེད་ན། རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། མི་དེ་ཡང་དག་པར་ཞུགས་པ་ཡིན་ནམ་འོན་ཏེ་ལོག་པར་ཞུགས་པ་ཡིན། གསོལ་བ། བཅོམ་ལྡན་འདས་གང་བུད་མེད་མ་མཆིས་པ་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང༌། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་བ་དང༌། བདག་མེད་པར་ཡིད་ལ་བགྱིད་པའི་མི་དེའི་མངོན་པར་བརྩོན་པ་དེ་ནི་ལོག་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ན་དགེ་སློང་དང་དགེ་སློང་མ་དང༌། དགེ་བསྙེན་དང་དགེ་བསྙེན་མ་ཁ་ཅིག་མ་སྐྱེས་ཤིང་མ་བྱུང་བའི་ཆོས་རྣམས་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང༌། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་བ་དང་བདག་མེད་པར་ཡིད་ལ་བྱེད་པ་གང་ཡིན་པ་དེ་དག་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །ང་ནི་མི་བླུན་པོ་དེ་དག་ལ་ལམ་སྒོམ་པ་ཡིན་ནོ་ཞེས་མི་སྨྲ་སྟེ་དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱའོ། །ཞེས་པའོ། །དགུ་བ་ནི་བསམ་གཏན་དཔེ་མཁྱུད་ཀྱི་མདོ་ལས། འཇམ་དཔལ་འཕགས་པའི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུུ་མ་མཐོང་བའི་སེམས་ཅན་ཕྱིན་ཅི་ལོག་བཞིས་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་འཁོར་བ་ཡང་དག་པ་མ་ཡིན་པ་འདི་ལས་འདའ་བར་མི་འགྱུར་རོ། །ཞེས་གསུངས་པ་དེའོ། །གཞན་ཡང་འཇིག་རྟེན་ལས་འདས་པར་བསྟོད་པ་ལས། མཚན་མ་མེད་པར་མ་རྟོགས་པར། །ཁྱོད་ཀྱིས་ཐར་བ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་པས་ཆོས་ཀྱི་བདག་མེད་མ་རྟོགས་ན་ཐར་བ་མི་ཐོབ་པར་བསྟན་མ་བསྟན་དཔྱད་པར་བྱའོ། །ཡང་བདག་མེད་གཉིས་སྟོང་གཞིའི་སྒོ་ནས་སོ་སོར་བཞག་པ་ལས་དགག་བྱ་ལ་ཁྱད་མེད་པར་འདོད་པ་དག་གི་ལུགས་ལ། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས།ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློའི་སྦྱར་བྱ། །ཆོས་རྣམས་ཐམས་ཅད་དེ་ཡི་ངོ་བོ་ཉིད། །ཡོངས་སུ་དག་པ་ནམ་མཁའ་ལྟ་བུ་ཡིན། །གཅིག་གིས་ཀྱང་ནི་ཐམས་ཅད་ཤེས། །གཅིག་གིས་ཀྱང་ནི་ཐམས་ཅད་མཐོང༌། ཞེས་དང༌། དབུ་མ་བཞི་བརྒྱ་བ་ལས། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང༌། །ཞེས་གསུངས་པའི་དགོངས་དོན་ལྟར་ཉན་རང་གིས་ཆོས་གཅིག་གི་སྟེང་གི་སྟོང་ཉིད་རྟོགས་པར་ཁས་བླངས་ནས་ཕུང་སོགས་ཀྱི་སྟོང་ཉིད་མ་རྟོགས་པའི་རྒྱུ་མཚན་རྣམ་དག་འཇོག་དཀའ་བར་སྣང་ངོ༌། །

དྲི་བ་སོ་གཉིས་པ་རིགས་པའི་རྒྱལ་པོ་གང་ཞེས་པའི་དྲིས་ལན།།

དྲི་བ་སོ་གཉིས་པ་རིགས་པའི་རྒྱལ་པོ་གང་ཞེས་པའི་དྲིས་ལན།

རིགས་པའི་རྒྱལ་པོ་གང་ཞེས་པ་དེའོ། །དེའི་ལན་ནི། རང་ལུགས་ལ་རིགས་པའི་རྒྱལ་པོ་ཞེས་པའི་ཐ་སྙད་གསུངས་པ་སྔར་བདག་གིས་མ་མཐོང་ཡང་ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་གྱི་རིགས་པ་དང་ཁྱད་པར་ལ་དཔྱོད་པ་མཐའ་བཞི་སྐྱེ་འགོག་གི་རིགས་པ་གཉིས་རིགས་པའི་གཙོ་བོ་དང་རྩ་བ་ལྟ་བུ་ཡིན་པར་གསུངས་ཏེ། ཐེག་མཆོག་དབུ་མ་ལས། བདག་མེད་གཏན་ཚིགས་གཙོ་བོ་གཉིས་སུ་མཐོང༌།ཞེས་དང༌། དེའི་ཟིན་བྲིས་ལས། ངོ་བོ་འགོག་པ་གཅིག་དུ་བྲལ་དང་ཁྱད་པར་འགོག་པ་མཐའ་བཞི་སྐྱེ་འགོག་གཉིས་སུ་མཐོང་ཞེས་གཏན་ཚིགས་ཀྱི་གཙོ་བོ་གཉིས་སུ་བཞེད་པ་ཡིན། ཞེས་གསུངས་སོ། །དེས་ན་ཚིག་ལ་མི་རྟོན་དོན་ལ་རྟོན་པ་ཡིན་པས་རིགས་པའི་རྒྱལ་བོ་ཡིན་བྱས་ན་འགལ་བ་མེད་པར་སྣང༌། རང་ལུགས་ལ་ནི་རྟེན་འབྲེལ་གྱི་རིགས་པ་གཙོ་བོ་མ་ཡིན་ཏེ། ཐེག་མཆོག་ཟིན་བྲིས་ལས། མུ་བཞི་སྐྱེ་འགོག་དང༌། རྟེན་འབྲེལ་རིགས་པ་གཉིས་ནི་འོག་ཏུ་འཆད་པར་འགྱུར་བ་ལྟར་རྣམ་གྲངས་ཙམ་ཡིནུ་གྱི། བདག་མེད་པར་སྒྲུབ་པའི་གཏན་ཚིགས་གཙོ་བོ་མིན། ཞེས་གསུངས་པའོ། །རང་ལུགས་ལ་རྟེན་འབྲེལ་དེ་རིགས་པའི་གཙོ་བོ་མིན་པའི་རྒྱུ་མཚན་ཐེག་མཆོག་དབུ་མའི་ཟིན་བྲིས་ལས་ཤེས་པར་བྱའོ། །གཅིག་དུ་བྲལ་གྱི་རིགས་པའི་རྩ་སྦྱོར་འགོད་ཚུལ་དང་ཕྱོགས་ཆོས་དང་ཁྱབ་པ་སྒྲུབ་ཚུལ་རྣམས་མདོར་བསྡུས་ཙམ་བརྗོད་ན་འདི་ལྟར། དང་པོ་རྩ་སྦྱོར་ནི། ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན། རང་གི་ངོ་བོ་བདེན་པར་གྲུབ་པ་མ་ཡིན་ཏེ། སྣང་ གྲགས་ཀྱི་ཆོས་གང་ཞིག་བདེན་པའི་གཅིག་དང་དུ་མ་གང་དུ་ཡང་མ་གྲུབ་པའི་ཕྱིར། ཞེས་པ་དེ་ཡིན་ཏེ། ཐེག་མཆོག་དབུ་མ་ལས། དངོས་རྣམས་ངོ་བོས་མ་གྲུབ་གང་ཕྱིར་འདི། །ཆོས་ཡིན་གཅིག་དང་དུ་མར་མ་གྲུབ་ཕྱིར། །དེ་ལྟར་གཏན་ཚིགས་རྩ་སྦྱོར་འགོད་བྱ་སྟེ། །ཞེས་དང༌། དེའི་ཟིན་བྲིས་ལས། ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན། རང་གི་ངོ་བོས་གྲུབ་པ་མ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་སྙམ་ན། དངོས་པོ་འདི་ཀུན་རྣམ་པར་ཤེས་པའི་ཡུལ་སྣང་གྲགས་ཀྱི་ཆོས་ཡིན་པ་གང་ཞིག གཅིག་དང་དུ་མ་གང་རུང་དུ་མ་གྲུབ་པའི་ཕྱིར་ཞེས་དེ་ལྟར་གཏན་ཚིགས་སུ་རྩ་སྦྱོར་འགོད་པར་བྱེད་པ། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཕྱོགས་ཆོས་སྒྲུབ་པ་ནི། ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན། སྣང་གྲགས་ཀྱི་ཆོས་ཡིན་པ་གང་ཞིག བདེན་པའི་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་སྟེ། དང་པོ་གང་ཞིག་ཕྱི་མ་གྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་ཤེས་ལ་སྣང་ཞིང་སྒྲ་རྟོག་ལ་གྲགས་པའི་ཡུལ་ཡིན་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། བདེན་པའྀ་གཅིག་ཏུ་མ་གྲུབ་པ་གང་ཞིག བདེན་པའི་དུ་མར་མ་གྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། ཆ་བཅས་ཡིན་པའི་ཕྱིར་ཏེ། སྣང་གྲགས་ཀྱི་ཆོས་ལ་ཐོག་མཐའ་དབུས་སོགས་མདོར་ན་རང་ཉིད་ཡིན་པའི་ཆ་དང་རང་གི་དོན་སྤྱི་ཡོད་པ་ཅན་ཡིན་པའི་ཆ་དང་རང་གི་ངོ་བོའི་ཡོན་ཏན་གྱི་ཆ་གསུམ་རེ་ངེས་ལྡན་ཡིན་པའི་ཕྱིར། དེས་ན་ཆ་བཅས་ལ་གཅིག་ཏུ་བདེན་པར་གྲུབ་པ་འགལ་བ་ཡིན་ནོ། །གོང་གི་རྟགས་གཉིས་པ་དུ་མར་བདེན་པར་མ་གྲུབ་སྟེ། གཅིག་བདེན་པར་མ་གྲུབ་པའི་ཕྱིར། ཁྱབ་སྟེ། དུ་མ་ནི་གཅིག་ཚོགས་པའི་ངོ་བོ་ཡིན་པའི་ཕྱིར། རྟགས་དབུ་མ་རྒྱན་སོགས་ལུང་རིགས་དུ་མས་གྲུབ་པོ། །གསུམ་པ་ཁྱབ་པ་སྒྲུབ་པ་ནི། སྣང་གྲགས་ཀྱི་ཆོས་ལ་བདེན་པའི་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་ན་དེ་ལ་རང་བཞིན་གྱིས་གྲུབ་པ་མེད་པས་ཁྱབ་སྟེ། སྣང་གྲགས་ཀྱི་ཆོས་ཀྱི་སྟེང་དུ་ཕན་ཚུན་སྤངས་འགལ་དུ་གནས་པའི་ཕྱིར། དེས་ན་གཅིག་ཡིན་ན་དུ་མ་མ་ཡིན་དགོས་དུ་མ་ཡིན་ན་གཅིག་མ་ཡིན་དགོས་པའི་ཕྱིར་རོ། །ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དེའི་ངོར་ཁྱབ་པ་སྒྲུབ་པ་ནི། གཅིག་དང་དུ་མ་གང་རུང་དུ་མ་གྲུབ་ན་རང་བཞིན་གྱིས་མ་གྲུབ་པས་ཁྱབ་སྟེ། ཕན་ཚུན་དངོས་འགལ་གྱི་སྤྱོད་ཡུལ་དུ་གྱུར་པ་ལས་ཕུང་པོ་གསུམ་པ་ནམ་ཡང་ཡོད་པ་མ་ཡིན་ཏེ། གཅིག་ཡིན་ན་དུ་མ་མ་ཡིན་དགོས་ལ། དུ་མ་ཡིན་ན་གཅིག་མ་ཡིན་དགོས་པས་གཅིག་ཀྱང་ཡིན་དུ་མའང་ཡིན་པའི་མུ་གསུམ་པ་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་སོ། །རྒྱས་པར་ཐེག་མཆོག་དབུ་མའི་ཟིན་བྲིས་སོགས་ལས་ཤེས་པར་བྱའོ། །མཁས་པའི་དབང་པོ་རྗེ་ཙོང་ཁ་བ་ཡབ་སྲས་ཀྱི་རང་ལུགས་ལ་རིགས་པའི་རྒྱལ་པོ་ནི་རྟེན་འབྲེལ་གྱི་རིགས་པ་ཡིན་ཏེ། མཐའ་གཉིས་གཅིག་ཆར་སེལ་བ་དང་བདེན་མེད་སྒྲུབ་བྱེད་ཀྱི་རིགས་པ་གཅིག་དུ་བྲལ་གྱི་རིགས་པ་དང༌། མཐའ་བཞི་སྐྱེ་འགོག་གི་རིགས་པ་སོགས་རྟེན་འབྲེལ་གྱི་རིགས་པ་འདི་ལ་བརྟེན་དགོས་པའི་ཕྱིར། དེ་ཡང་འདི་ལྟར་གསུངས་ཏེ། བུམ་པ་བདེན་གྲུབ་ཀྱི་གཅིག་ཡིན་ན་བུམ་པ་དེ་ཆ་གཅིག་ལས་ཆ་གཞན་གང་ཡང་མེད་པ་ཞིག་ཡིན་དགོས་པར་བློ་ངོར་འཆར་བ་ལྟར་ཡིན་ཀྱང་བུམ་པ་ལ་ཡུལ་ཡིན་པའི་ཆ་དང་རང་ལ་སྤྱི་ཡིན་པའི་ཆ་སོགས་དུ་མ་ཡོད་པ་ལ་ལྟོས་ནས་གྲུབ་པ་ཡིན་པས་བདེན་གྲུབ་ཀྱི་གཅིག་མ་ཡིན་པ་དང༌། བུམ་པ་བདེན་གྲུབ་ཀྱི་དུ་མ་ཡོད་ན་གཞི་གཅིག་ལ་བུམ་པ་དུ་མར་ཡིན་དགོས་པར་སྣང་བ་ལྟར་ཡིན་ཀྱང་བུམ་པ་ནི་བློ་ངོར་གཅིག་ལས་དུ་མར་མི་སྣང་བ་ལྟར་དུ་མ་ལ་ལྟོས་ནས་གཅིག་ཏུ་གྲུབ་པའི་རྒྱུ་མཚན་གྱིས་བདེན་གྲུབ་ཀྱི་དུ་མར་མ་ཡིན་པར་རྟོགས་དགོས་པས་ན་གཅིག་དུ་བྲལ་གྱི་རྟགས་དང་དཔེ་སྒྲུབ་བྱ་ངེས་པ་ཡང་རྟེན་འབྲེལ་ལ་ལྟོས་དགོས་པ་དང༌། གང་ཟག་དེ་ཕུང་པོ་ལ་བརྟེན་པ་བདེན་པར་མེད་པ་ཡང་ཕུང་པོ་བདེན་གྲུབ་ལ་གང་ཟག་བདེན་གྲུབ་ཞིག་བརྟེན་ནས་གནས་ན་བློ་ངོར་འཆར་བ་ལྟར་ངོ་བོ་ཐ་དད་ཡིན་དགོས་ཀྱང་དེ་ལྟར་མེད་པས་ན། གང་ཟག་ནི་ཕུང་པོ་ཚོགས་ཙམ་ཡིན་ལ་དེ་ནི་ཕུང་པོ་ལ་ལྟོས་ནས་ཡོད་ཀྱི་མ་ལྟོས་པར་མེད་པས་བདེན་པར་མེད་དོ་སྙམ་དུ་ངེས་དགོས་པས་རིགས་འགྲེ་བ་ལྟར་རྣམ་ལྔ་རྣམ་བདུན་གྱི་རིགས་པ་རྣམས་ཀྱང་མཐར་རྟེན་འབྲེལ་ལ་ཐུག་པ་དང༌། རང་ལས་སྐྱེ་བ་མེད་པ་ཡང་འབྲས་བུ་རྒྱུའི་བདག་ཉིད་དུ་ཡོད་ན་རྒྱུས་བསྐྱེད་མི་དགོས་ཀྱང་རྒྱུ་ལ་མ་ལྟོས་པར་འབྲས་བུ་སྐྱེ་བ་མེད་ལ། རྒྱུ་ལ་ལྟོས་ནས་སྐྱེ་དགོས་པས་རང་ལས་སྐྱེ་བ་མེད་པ་དང༌། དོན་དམ་པར་གཞན་སྐྱེ་མེད་པའང་བདེན་གྲུབ་ཀྱི་རྒྱུ་ལས་འབྲས་བུ་བདེན་གྲུབ་སྐྱེས་ན་འབྲས་བུ་རྒྱུས་མ་བསྐྱེད་པར་ཡོད་དགོས་པར་སྣང་བ་ལྟར་ཡིན་ཀྱང་རྒྱུ་ལ་ལྟོས་ནས་སྐྱེ་དགོས་པས་འབྲས་བུ་བདེན་མེད་དང༌། རྒྱུ་བདེན་གྲུབ་ཡིན་ན་རང་གི་འབྲས་བུ་ལ་མ་ལྟོས་པར་རང་གི་ངོ་བོའི་སྒོ་ནས་རྒྱུ་ཡིན་དགོས་ཀྱང་རང་གི་འབྲས་བུ་ལ་མ་ལྟོས་པར་རྒྱུ་མ་ཡིན་པར་ལྟོས་ནས་རྒྱུ་ཡིན་པས་ན་རྒྱུ་བདེན་མེད་དང༌། གཉིས་ཀ་ལས་མ་སྐྱེས་བ་ཡང་དེ་གཉིས་ཀ་ལྟར་དང༌། རྒྱུ་མེད་ལས་མི་སྐྱེ་བ་ཡང་དངོས་པོ་ཐམས་ཅད་རྒྱུ་ལ་ལྟོས་ནས་སྐྱེས་པ་ཁོ་ན་ཡིན་པས་རྒྱུ་མེད་ལས་སྐྱེ་བ་མེད་པར་རྟོགས་དགོས་པས་ན་རྡོ་རྗེ་གཟེགས་མའི་གཏན་ཚིགས་དང་དཔེ་ཁྱབ་པ་ངེས་པ་ཡང་རྟེན་འབྲེལ་ལ་ཐུག་པ་དང༌། མྱུ་གུ་བདེན་གྲུབ་ཅན་ཡོད་ན་རྒྱུ་དུས་ནས་ཡོད་དགོས་ཀྱང་རྒྱུ་དུས་ནས་མེད་པར་རྒྱུས་བསྐྱེད་པ་ལ་ལྟོས་ནས་གྲུབ་པ་ཡིན་པས་རྒྱུ་དུས་སུ་ཡོད་པའི་མྱུ་གུ་མི་སྐྱེ་བ་དང༌། རྒྱུ་དུས་སུུ་མེད་པའི་མྱུ་གུ་བདེན་གྲུབ་སྐྱེ་ན་མེད་ཆ་བདེན་གྲུབ་དེ་ནམ་ཡང་འདོར་མི་རུང་བས་མྱུ་གུ་སྐྱེ་བ་མི་འཐད་ཀྱང་རྒྱུ་དུས་ན་མེད་པའི་མྱུ་གུ་དེ་རང་གི་རྒྱུ་ལ་ལྟོས་ནས་དེ་སྐྱེ་བས་ན། རྒྱུ་དུས་སུ་མེད་པའི་མྱུ་གུ་བདེན་གྲུབ་མི་སྐྱེ་བར་རྟོགས་པ་ཡིན་པས་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་ཀྱང་རྟེན་འབྲེལ་ལ་ཐུག་པ་དང༌། མྱུ་གུ་བདེན་པར་སྐྱེས་ན་རྒྱུ་དུ་མས་འབྲས་བུ་གཅིག་ཁོ་ན་བསྐྱེད་པ་སོགས་བཞི་པོ་གང་རུང་ཡོད་དགོས་ཀྱང་རྒྱུ་དུ་མས་འབྲས་བུ་གཅིག་བསྐྱེད་ཅེས་པ་ནི་རྒྱུ་རེ་རེས་ཀྱང་འབྲས་བུ་དུ་མ་མི་བསྐྱེད་པ་མེད་ཀྱང་དཔེར་ན་རྐྱེན་གསུམ་གྱིས་མིག་ཤེས་ཀྱི་ལྡོག་པ་གཅིག་བསྐྱེད་པ་ལ་ལྟོས་ནས་བཞག་པ་ཙམ་ཡིན་གྱི་སྤྱིར་རྐྱེན་གསུམ་གྱིས་འབྲས་བུ་དུ་མ་བསྐྱེད་པས་རྟེན་འབྲེལ་གྱི་རྟགས་ཀྱིས་མྱུ་གུ་བདེན་པར་རྒྱུ་དུ་མས་འབྲས་བུ་གཅིག་ཁོ་ན་བསྐྱེད་པ་མེད་པར་རྟོགས་དགོས་པ་སོགས་ལྷག་མ་རྣམས་ཀྱང་མེད་པ་ལྟོས་གྲུབ་ཀྱིས་རྟོགས་དགོས་པས་མུ་བཞི་སྐྱེ་འགོག་གི་རིགས་པ་ཡང་རྟེན་འབྲེལ་ལ་ཐུག་པ་དང༌།ས་སོགས་དོན་དམ་པར་འབྱུང་བའི་ངོ་བོར་གྲུབ་ན་རྒྱུ་ལ་མ་ལྟོས་པར་གྲུབ་དགོས་ཀྱང་ས་སོགས་ནི་རྒྱུ་ལ་ལྟོས་ནས་འབྱུང་བའི་ངོ་བོར་གྲུབ་པ་ཡིན་པས་དོན་དམ་པར་འབྱུང་བའི་ངོ་བོར་མེད་པར་རྟོགས་པ་དང༌། བུམ་པའི་ལྡོག་པ་དང་བུམ་པ་ཤེས་བྱ་ཡིན་པ་སོགས་བདེན་པར་གྲུབ་ན་བུམ་པ་ལ་མ་ལྟོས་པར་གྲུབ་དགོས་ཀྱང་དེ་དག་བུམ་པ་ལ་ལྟོས་ནས་གྲུབ་པ་ཡིན་པས་བདེན་མེད་ཡིན་པར་རྟོགས་པ་ཡིན་པས་འགལ་ཟླ་དམིགས་པའི་རྟགས་ཀྱིས་ཁྱབ་འབྲེལ་ངེས་པ་ཡང་རྟེན་འབྲེལ་ལ་ཐུག་པས་ན་རྟེན་འབྲེལ་གྱི་རིགས་པ་ནི་རིགས་པའི་རྒྱལ་བོ་ཡིན་ནོ། །བློན་པོ་ཐམས་ཅད་ཀྱི་བྱ་བཞག་ཐམས་ཅད་ཀྱི་ཕུགས་རྒྱལ་བོ་ལ་གཏུགས་དགོས་པ་ལྟ་བུ་ཡིན་པས་འདི་ལ་རིགས་པའི་རྒྱལ་བོ་ཞེས་བརྗོད་པའི་ཕྱིར་རོ། །ཡང་རྟེན་འབྲེལ་ཞེས་པ་འདིས་ནི་ལྟོས་ནས་གྲུབ་པ་ལ་བདེན་མེད་ཀྱིས་ཁྱབ་པ་ངེས་ནས་ལྟོས་མེད་དུ་གྲུབ་པའམ་བདེན་པར་གྲུབ་པའི་རྟག་མཐའ་དང་ལྟོས་གྲུབ་ཙམ་རྟོགས་པས་ལྟོས་གྲུབ་ཙམ་དུ་མེད་པའི་ཆད་མཐའ་གཉིས་ཀ་རྟེན་འབྲེལ་ཞེས་པའི་ཚིག་གི་ནུས་པས་གཅིག་ཆར་སེལ་བ་ཡིན་ནོ། །དེ་ལྟར་ན་རྟེན་འབྲེལ་གྱི་རིགས་པ་འདི་ནི་མཐའ་གཉིས་གཅིག་ཆར་སེལ་བའི་རིགས་པའི་རྒྱལ་བོ་ཡིན་ཏེ། དབུ་མ་འཇུག་པ་ལས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །

དྲི་བ་སོ་གསུམ་པ་ཕྱི་རོལ་བ་དང་མཚུངས་པའི་རྩོད་སྤོང་ཇི་ལྟར་བྱེད་ཅེས་པའི་དྲིས་ལན།

དྲི་བ་སོ་གསུམ་པ་ཕྱི་རོལ་བ་དང་མཚུངས་པའི་རྩོད་སྤོང་ཇི་ལྟར་བྱེད་ཅེས་པའི་དྲིས་ལན།

ཕྱི་རོལ་བ་དང་མཚུངས་པའི་རྩོད་སྤོང་ཇི་ལྟར་བྱེད་ཅེས་པ་དེའོ། །དེའི་ལན་ནི། ཕྱི་རོལ་བ་དང་འདྲ་བའི་དོགས་སེལ་ཀུན་མཁྱེན་རྟོན་པ་བཞི་ལྡན་དོལ་བོ་པ་དང༌། འཇམ་མགོན་ཏཱ་ར་ནཱ་ཐ་སོགས་ཀྱིས་ལུང་རིགས་རྣམ་དག་དུ་མས་རྒྱས་པར་བཀག་ཟིན་པས་བདག་གིས་བརྗོད་དགོས་པ་མེད་ཀྱང༌། འདིར་དྲིས་ལན་དུ་མདོར་བསྡུས་ཙམ་ཞིག་བརྗོད་ན། ཕྱོགས་འཛིན་གྱི་གདོན་གྱིས་ཡིད་དཀྲུགས་པའི་ཁ་ཅིག་ན་རེ། ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་ལུགས་དེ་ཕྱི་རོལ་གྲངས་ཅན་པ་དང་འདྲ་བས་གྲུབ་མཐའ་ཡང་དག་པ་མ་ཡིན་ནོ་ཞེས་ཟེར་ན། དེ་ལ་ཐོག་མར་འདི་འདྲི་བར་བྱ་སྟེ། དེ་གཉིས་ཕྱོགས་ཙམ་འདྲ་བས་དེ་གཉིས་འདྲ་ཞེས་པ་ཡིན་ནམ། གྲངས་ཅན་པའི་ལྟ་གྲུབ་དངོས་དང་ཁྱད་མེད་སྙམ་པ་ཡིན། དང་པོ་ལྟར་ན་ཁྱབ་པ་མ་ངེས་ཏེ། ཕྱོགས་རེ་འདྲ་བའི་ཕྱི་ནང་གི་གྲུབ་མཐའ་དུ་མ་ཡོད་པའི་ཕྱིར། དེ་ཡང་དཔེར་ན་ཐལ་འགྱུར་བ་དང་ཉན་ཐོས་སྡེ་གཉིས་ཕྱི་དོན་འདོད་པ་དང༌། བག་ཆགས་ཐམས་ཅད་པའི་ཀུན་གཞི་མི་འདོད་པ་སོགས་ཕྱོགས་རེ་འདྲ་བ་དུ་མ་ཡོད་ཀྱང་དེ་གཉིས་ཀྱི་ལྟ་གྲུབ་འདྲ་མི་དགོས་པ་བཞིན་ནོ། །གཉིས་པ་ལྟར་ན་འདི་ལ་བརྗོད་པར་བྱ་སྟེ། དོན་དམ་ཆོས་དབྱིངས་བདེ་གཤེགས་སྙིང་པོ་དེ་འཁོར་འདས་ཀུན་ལ་ཁྱབ་པའི་རྟག་བརྟན་ཡིན་ཡང་གྲངས་ཅན་པའི་སྒྲོ་བཏགས་པའི་བདག་དང་གཙོ་བོ་དང་འདྲ་བ་མ་ཡིན་ཏེ། སྤྲོས་བྲལ་ཆོས་དབྱིངས་དེ་ནི་མཉམ་བཞག་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་སྤྲོས་པའི་མཚན་མ་ཀུན་དང་བྲལ་བའི་རྣམ་པ་ཀུན་དང་ལྡན་པ་ཡིན་པར་གཟིགས་པ་གང་ཞིག་གྲངས་ཅན་གྱི་ཞེ་འདོད་ཀྱི་བདག་གཙོའི་ཡིན་ཚུལ་ནི་སྒྲ་རྟོག་སྤྲོས་ཞེན་གྱིས་ཚུགས་ཐུབ་བདེན་པའི་རང་བཞིན་ཤེས་རིག་རྟག་རྫས་ཀྱི་བདག་དང༌། བེམ་སྟོང་རྟག་རྫས་ཀྱི་རང་བཞིན་གཙོ་བོ་དེ་ཞེན་རྟོག་གིས་ནན་གྱིས་བཟུང་ནས་བཏགས་དོན་བཙལ་ནས་ཞེན་འཛིན་དམ་པོས་ཆེད་དུ་འཆིང་བཞིན་འཇོག་པ་ཡིན་པས་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་གནས་ལུགས་ཇི་ལྟ་བ་འཇོག་ཚུལ་དང༌། སྒྲ་རྟོག་ཞེན་འཛིན་གྱིས་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པའི་ཚུལ་གཉིས་ཁྱད་པར་ཆེས་ཆེ་བ་ཡོད་དེ། མདོ་སྡེ་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་འདི་ནི་མུ་སྟེགས་བྱེད་པ་རྟག་པ་དང་བསམ་གྱིས་མི་ཁྱབ་པར་སྨྲ་བ་དང་མཐུན་པ་མ་ཡིན་ནོ། །བློ་གྲོས་ཆེན་པོ་རྟག་པ་དང་བསམ་གྱིས་མི་ཁྱབ་པ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པར་བྱ་བའི་དེ་བཞིན་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག་དེ་བཞིན་གཤེགས་པའི་སྙིང་པོ་ནི་མུ་སྟེགས་པའི་བདག་དང་འདྲ་བ་ཡིན་པར་ལང་གཤེགས་ལས་བསྟན་ཟེར་ན། དེ་མི་འཐད་དེ། ལང་གཤེགས་ལས་དེ་བཞིན་གཤེགས་པའི་སྙིང་པོ་མུ་སྟེགས་ཀྱི་བདག་དང་མི་མཚུངས་པར་གསུངས་པའི་ཕྱིར་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི། མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་བ་ཉིད་དང༌། ཡང་དག་པའི་མཐའ་དང༌། ཞེས་སོགས་གསུངས་སོ། །མདོར་ན་བདེ་གཤེགས་སྙིང་པོ་ནི་བདག་གཉིས་ཀྱིས་སྟོང་བའི་ཕྱིར་མུ་སྟེགས་པའི་བདག་དང་མི་འདྲ་བ་ཡིན་ཞེས་བཤད་དགོས་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། དེ་ལ་བདེ་གཤེགས་སྙིང་པོ་བདག་གཉིས་ཀྱིས་སྟོང་བའི་ཕྱིར་མུ་སྟེགས་བྱེད་ཀྱི་བདག་དང་མི་མཚུངས་ཤིང༌། ཞེས་གསུངས་པའི་ཕྱིར་རོ། །

དྲི་བ་སོ་བཞི་བ་སེམས་ཙམ་པ་དང་མཚུངས་པའི་རྩོད་སྤོང་ཇི་ལྟར་བྱེད་ཅེས་པའི་དྲིས་ལན།

དྲི་བ་སོ་བཞི་བ་སེམས་ཙམ་པ་དང་མཚུངས་པའི་རྩོད་སྤོང་ཇི་ལྟར་བྱེད་ཅེས་པའི་དྲིས་ལན།

སེམས་ཙམ་པ་དང་མཚུངས་པའི་རྩོད་སྤོང་ཇི་ལྟར་བྱེད་ཅེས་པ་དེའོ། །དེའི་ལན་ནི། ཡང་ཁ་ཅིག་གིས་ངེས་གསང་གཞན་སྟོང་དབུ་མ་ནི། རྣམ་ཤེས་ཚོགས་བརྒྱད་འདོད་པ་དང༌། ཆོས་དབྱིངས་ཡེ་ཤེས་བདེན་གྲུབ་ཏུ་འདོད་པ་དང༌། མཚན་ཉིད་གསུམ་སོགས་འདོད་པས་སེམས་ཙམ་པའི་གྲུབ་མཐའ་དང་ཁྱད་མེད་དོ་ཞེ་ན། དེ་ལ་འདི་ལྟར་བརྗོད་པར་བྱ་སྟེ། རྣམ་ཤེས་ཚོགས་བརྒྱད་དབུ་མ་བ་འཕགས་པ་ཀླུ་སྒྲུབ་ཀྱིས་བཞེད་དེ། བྱང་ཆུབ་སེམས་འགྲེལ་ལས། དེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང༌། །བརྫུན་ཡང་བདེན་པ་ལྟ་བུར་ནི། །འགྲོ་དང་འོང་བའི་རྣམ་གཡོ་ཞིང༌། །རྟག་ཏུ་སྲིད་པ་གསུམ་པོ་ལེན། །ཞེས་པས་ཀུན་གཞི་རྣམ་ཤེས་བསྟན་ལ་ཀུན་གཞི་རྣམ་ཤེས་འདོད་ན་ཉོན་ཡིད་འདོད་དགོས་ལ། འཇུག་ཤེས་གཞན་འདོད་པ་ལ་དོགས་པ་མེད་པའི་ཕྱིར་དང༌། སྔགས་བླ་མེད་ཀྱི་སེམས་འགྲེལ་སྐོར་གསུམ་སོགས་ལས་རྣམ་ཤེས་ཚོགས་བརྒྱད་བསྟན་པས་ཁྱོད་ལྟར་ན་དེ་དག་སེམས་ཙམ་པའི་རང་གཞུང་དུ་འགྱུར་རོ། །ཆོས་དབྱིངས་ཡེ་ཤེས་བདེན་གྲུབ་ཏུ་འདོད་ན་སེམས་ཙམ་པ་ཡིན་པས་མ་ཁྱབ་སྟེ། སེམས་ཙམ་པས་རྣམ་པར་ཤེས་པའི་དངོས་པོ་བདེན་གྲུབ་ཏུ་སྨྲ་ལ། ངེས་དོན་དབུ་མ་ཆེན་པོའི་ལུགས་ལ་ཆོས་དབྱིངས་ཡེ་ཤེས་བདེན་གྲུབ་ཡིན་ཡང་བདེན་དངོས་དང་སྤྲོས་པའི་བདེན་གྲུབ་མ་ཡིན་པར་བཞེད་པ་དང༌། རྣམ་ཤེས་འཁྲུལ་སྣང་དང་བཅས་པ་རྣམ་པ་ཀུན་ནས་མི་བདེན་པའི་ཚུལ་གྲུབ་ལེགས་པར་འཇོག་པས་སེམས་ཙམ་པ་དང་མི་འདྲ་བར་གསུངས་ཏེ། གཞན་སྟོང་དབུ་མའི་རྒྱན་ལས། སེམས་ཙམ་ལྟ་བ་རྣམ་ཤེས་བདེན་གྲུབ་ཡིན། །ཆོས་དབྱིངས་རྣམ་ཤེས་མིན་ཕྱིར་འདི་མི་མཚུངས། །ཞེས་གསུངས་སོ། །མཚན་ཉིད་གསུམ་འདོད་མི་འདོད་ལས། སེམས་ཙམ་དབུ་མའི་ཁྱད་པར་འབྱེད་མི་ནུས་ཏེ། དེ་ནུས་ན་མཚན་ཉིད་གསུམ་སྟོན་པའི་གཞུང་ལུགས་རྣམས་སེམས་ཙམ་པའི་རང་གཞུང་དུ་འགྱུར་ལ། དེ་ཡང་འདོད་ན། ཤེར་ཕྱིན་ལྔ་བརྒྱ་བ་དང༌། ཤེར་ཕྱིན་བྱམས་ཞུས་ལེའུ་དང༌། བྱང་ཆུབ་སེམས་འགྲེལ་རྣམས་སེམས་ཙམ་གྱི་གཞུང་དུུ་འགྱུར་ཏེ། དེ་དག་ལས་མཚན་ཉིད་གསུམ་བསྟན་པའི་ཕྱིར་ཏེ། ཤེར་ཕྱིན་ལྔ་བརྒྱ་བ་ལས། རབ་འབྱོར་གཟུགས་ནི་དངོས་པོ་མེད་པ་དང༌།དངོས་པོ་ངན་པ་དང༌། དངོས་པོ་ཡོད་པའོ། །ཞེས་སོགས་ཀྱིས་མཚན་ཉིད་གསུམ་གསལ་བར་བསྟན་ཞེས་གཞན་སྟོང་དབུ་མའི་ལུང་སྦྱོར་ལས་གསུངས་སོ། །བྱམས་ཞུས་ལེའུ་ལས། འདི་ནི་ཡོངས་སུ་བརྟགས་པའི་གཟུགས། འདི་ནི་རྣམ་པར་དག་པའི་གཟུགས།འདི་ནི་ཆོས་ཉིད་ཀྱི་གཟུགས་སོ། །ཞེས་སོགས་རྒྱས་པར་གསུངས་ལ། བྱང་ཆུབ་སེམས་འགྲེལ་ལས། ཀུན་བརྟགས་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཉིད་དག་ནི། །སྟོང་ཉིད་བདག་ཉིད་གཅིག་པུ་ཡི། །ངོ་བོ་སེམས་ལ་བརྟགས་པ་ཡིན། །ཞེས་གསུངས་སོ། །

དྲི་བ་སོ་ལྔ་བ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་དགོས་སམ་ཞེས་པའི་དྲིས་ལན།

དྲི་བ་སོ་ལྔ་བ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་དགོས་སམ་ཞེས་པའི་དྲིས་ལན།

དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་དགོས་སམ་ཞེས་པ་དེའོ། །དེའི་ལན་ནི། དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་དགོས་པ་ལྟ་བུ་ཆོས་རྗེ་ཉ་དབོན་པས་གསུངས་ཏེ། གཞི་ལམ་འབྲས་གསུམ་ལས་བརྩམས་པའི་དྲིས་ལན་ཡིད་ཀྱི་མུན་སེལ་ལས། དྲི་མ་མེད་པའི་མདོ་བསྟན་བཅོས་ལ་བརྟེན་ནས་གཟུ་བོའི་བློས་དཔྱད་ན་ཕྱི་ནང་གི་ཆོས་ཀུན་དང་དེའི་སྟོང་ཉིད་དེ་བཞིན་ཉིད་སོགས་ཡང་སྟོང་ངོ་མེད་དོ་ཞེས་སོགས་ཡང་དྲང་དོན་དགོངས་པ་ཅན་ཡིན་གྱི་སྒྲ་ཇི་བཞིན་པ་མིན་ཏེ། བརྟགས་ཞིང་དཔྱད་ན་བདེན་པའི་རྫས་ཅིར་ཡང་གྲུབ་པ་མེད་པ་ལ་དགོངས་ཀྱི། སྒྲ་ཇི་བཞིན་དུ་དེ་དག་གཏན་མེད་པ་མ་ཡིན་ཏེ། དགེ་སྡིག་སོགས་ལས་རྒྱུ་འབྲས་ལ་བསྐུར་བ་བཏབ་པར་འགྱུར་བའོ། །ཞེས་དང༌། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། རང་སྟོང་སྟོང་ཉིད་མཆོག་ཏུ་སྨྲ་བ་རྣམས་ཀྱིས་ནི་དགེ་བ་དགེ་བས་སྟོང༌། སྡིག་པ་སྡིག་པས་སྟོང་ཞེས་སོགས་སྒྲ་ཇི་བཞིན་པར་ཆོས་ཐམས་ཅད་རང་གིས་སྟོང་བར་ཁས་བླངས་སོ། །དེ་ལྟར་ཁས་ལེན་ན་ཆད་ལྟ་ལས་ཀྱང་ཆེས་ཆད་ལྟར་འགྱུར་རོ། །ཞེས་དགག་བྱའི་ཁྱད་པར་མ་སྦྱར་བར་ཆོས་རང་རང་གིས་སྟོང་བ་ཁས་ལེན་ན་ཆད་ལྟ་ཡིན་པར་གསུངས་པ་དང༌། །ཡང་དེ་ལས། གལ་ཏེ་ཆོས་ཐམས་ཅད་རང་རང་ངོ་བོས་སྟོང་ཞེས་ཁྱད་པར་གྱི་ཚིག་གང་ཡང་མ་སྦྱར་བར་སྤྱིར་དེ་སྐད་འདོད་དམ་བརྟགས་ཤིང་དཔྱད་པའི་དེ་ཁོ་ན་ཉིད་ཀྱི་དོན་དམ་པར་ཞེས་དེ་སྐད་འདོད། དང་པོ་ལྟར་ན་བདེན་པ་གཉིས་སུ་རྣམ་དབྱེ་བྱས་པའི་བཀའ་བསྟན་བཅོས་ཐམས་ཅད་ནོར་བ་ཁོ་ནར་འགྱུར་ཞིང༌། གཞི་གྲུབ་ཅུང་ཟད་ཀྱང་མེད་པར་འགྱུར་རོ། །ཞེས་དགག་བྱ་ལ་ཁྱད་པར་གང་ཡང་མ་སྦྱར་ན་སྐྱོན་དུ་མ་ཡོད་པ་ལྟ་བུར་གསུངས་ལ། རང་ལུགས་ཀྱི་གཞུང་རྣམས་སུ་སྐབས་རེ་དོན་དམ་གནས་ལུགས་གཏན་ལ་ཕབ་པའི་དབང་དུ་བྱས་ནས། ཀུན་རྫོབ་ཀྱི་ཆོས་རྣམས་དགག་བྱ་དངོས་སུ་མ་སྦྱར་བར་རང་གི་ངོ་བོས་སྟོང་ཞེས་གསུངས་ལ། སྐབས་རེ་སྤྱིར་བཏང་གི་དབང་དུ་བྱས་ནས་ཀུན་རྫོབ་ཀྱི་ཆོས་རྣམས་དོན་ལ་མེད་ཅེས་དང༌། གནས་ལུགས་ལ་མེད་ཅེས་དང༌། ཡིན་ལུགས་ལ་མེད་ཅེས་དང༌། དོན་དམ་ལ་མེད་ཅེས་སོགས་དགག་བྱའི་ཁྱད་པར་སྦྱར་ནས་གསུངས་བ་ཡིན་ཞིང༌། དེ་ཡང་མདོར་ན་ཀུན་རྫོབ་ཏུ་ཡང་མེད་ཅེས་པ་ལ་སྐབས་ཀྱི་གོ་བའི་སྐྱོན་མེད་ན་དགག་བྱ་ལ་ཁྱད་པར་མ་སྦྱར་ན་ཆོག དེ་འདྲའི་སྐྱོན་ཡོད་ན་དགག་བྱ་ལ་དོན་དམ་སོགས་ཀྱིས་ཁྱད་པར་སྦྱར་དགོས་ཏེ། རྟོན་པ་བཞི་ལྡན་གྱི་བཀའ་བསྡུ་བཞི་བ་ལས། སྣང་གྲགས་འདི་ཀུན་གཤིས་ཀྱི་གནས་ལུགས་ལ། །རི་བོང་རྭ་བཞིན་གཏན་ནས་མ་གྲུབ་ཀྱང༌། །ཐ་སྙད་འཁྲུལ་ངོར་རྨི་ལམ་སྒྱུ་མ་བཞིན། །ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། ཆོས་ཐམས་ཅད་གནས་ལུགས་ལ་རི་བོང་གི་རྭ་དང༌། མོ་གཤམ་གྱི་བུ་ལྟར་ཅི་ཡང་མ་རེད་ཅིང་གང་དུ་ཡང་མ་གྲུབ་པས་ནམ་མཁའི་མེ་ཏོག་ལྟ་བུར་ཐག་ཆོད་དགོས། ཞེས་གནས་ལུགས་དང་གཤིས་ལུགས་ཞེས་ཁྱད་པར་གྱི་སྒྲ་སྦྱར་ནས་གསུངས་སོ། །

དྲི་བ་སོ་དྲུག་པ་ཉི་ཤུ་པ་དང་སུམ་ཅུ་པ།

དྲི་བ་སོ་དྲུག་པ་ཉི་ཤུ་པ་དང་སུམ་ཅུ་པ་སོགས་དང༌། ཀུན་བཏུས་ཚད་མ་རྣམ་འགྲེལ་སོགས་དབུ་མའི་གཞུང་ཡིན་པའི་སྒྲུབ་བྱེད་ཁོད་ཅེས་པའི་དྲིས་ལན།

ཉི་ཤུ་པ་དང་སུམ་ཅུ་པ་སོགས་དང༌། ཀུན་བཏུས་ཚད་མ་རྣམ་འགྲེལ་སོགས་དབུ་མའི་གཞུང་ཡིན་པའི་སྒྲུབ་བྱེད་ཁོད་ཅེས་པའོ། །དེའི་ལན་ནི། གཞུང་དེ་དག་སེམས་ཙམ་པའི་གཞུང་མ་ཡིན་ཞིང་དབུ་མའི་གཞུང་ཡིན་པའི་རྒྱུ་མཚན་ནི་རེ་ཞིག་འདི་ལྟར་བརྗོད་པར་བྱ་སྟེ། གཞུང་དེ་དག་གི་སྐབས་སུ་རྣམ་ཤེས་བདེན་གྲུབ་མེད་པར་ཡང་ཡང་བསྟན་པས་ན་སེམས་ཙམ་གྱི་རང་གཞུང་མ་ཡིན་པར་དབུ་མའི་གཞུང་ཡིན་པར་གྲུབ་པ་ཡིན་ནོ། །འོ་ན་དེ་དག་གིས་རྣམ་ཤེས་བདེན་མེད་དུ་བསྟན་ན་དེ་བསྟན་བྱེད་ཀྱི་ཚིག་གང་ཡིན་ཞེ་ན། དེ་དག་ནི་བརྗོད་པར་བྱ་སྟེ། ཉི་ཤུ་པ་ལས། འདི་དག་རྣམ་པར་རིག་ཙམ་ཉིད། །ཡོད་པ་མ་ཡིན་དོན་སྣང་ཕྱིར། །དཔེར་ན་རབ་རིབ་ཅན་དག་གིས། །སྐྲ་ཟླ་ལ་སོགས་ཡོད་མཐོང་བཞིན། །ཞེས་དང༌། དེའི་སྐབས་ཀྱི་རང་འགྲེལ་ལས། རྣམ་པར་ཤེས་པ་འདི་ཉིད་དོན་དུུ་སྣང་བ་འབྱུང་སྟེ། དཔེར་ན་རབ་རིབ་ཅན་རྣམས་ཀྱིས་སྐྲ་ཟླ་ལ་སོགས་པ་མེད་པར་མཐོང་བ་བཞིན་ཏེ། དོན་གང་ཡང་མེད་དོ། །ཞེས་བྱུང༌།དེའི་སྐབས་ཀྱི་དུལ་ལྷའི་འགྲེལ་བཤད་ལས། དོན་སྔོན་པོ་ལ་སོགས་པ་གུད་ན་གང་ཡང་མེད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །རབ་རིབ་དང་ལྡན་པ་ནི་རབ་རིབ་ཅན་ནོ། །དེ་ལྟར་རེ་ཞིག་བཟུང་བ་བཀག་གོ ། བཟུང་བ་བཀག་ན་འཛིན་པ་ཡང་བཀག་པར་དེ་ཉིད་ཀྱིས་གྲུབ་སྟེ། འདི་ལྟར་གཟུང་བ་མེད་ན་འཛིན་པ་ཡང་མེད་དོ། །ཞེས་རྩ་བ་ཉི་ཤུ་པའི་དགོངས་པ་འགྲེལ་བ་དང་འགྲེལ་བཤད་ཀྱིས་བཀྲལ་བ་ལྟར་འཛིན་པ་བདེན་མེད་དུ་བསྟན་པས་སེམས་ཙམ་གྱི་རང་གཞུང་ལས་འདས་སོ། །སུམ་ཅུ་པའི་རབ་ཏུ་བྱེད་པ་ལས། ནམ་ཞིག་ཤེས་པའི་དམིགས་པ་རྣམས། །མི་དམིགས་དེ་ཡི་ཚེ་ན་ནི། །རྣམ་པར་རིག་པ་ཙམ་ལ་གནས། །གཟུང་བ་མེད་པས་དེ་འཛིན་མེད། །དེ་ནི་སེམས་མེད་མི་དམིགས་པ། །འཇིག་རྟེན་འདས་པའི་ཡེ་ཤེས་ཏེ། །ཞེས་སེམས་ཙམ་ལས་འདས་པའི་རྣམ་བཞག་གསུངས་པ་དང༌། དེ་ལས། གྲུབ་ནི་དེ་ལ་སྔ་མ་བོ། །རྟག་ཏུ་མེད་པར་གྱུར་པ་གང༌། །ཞེས་རྣམ་ཤེས་ལས་འདས་པའི་གཉིས་མེད་ཡེ་ཤེས་བསྟན་པས་སེམས་ཙམ་པའི་གཞུང་མིན་ལ། ཆོས་མངོན་པ་ཀུན་བཏུས་ལས། བྱང་ཆུབ་སེམས་དཔའ་མཉམ་བཞག་པའི། །ཡིད་ཀྱི་གཟུགས་བརྙན་མཐོང་བས་ན། །དོན་གྱི་འདུ་ཤེས་ལྡོག་དེ་ནས། །རང་གི་འདུ་ཤེས་ངེས་པར་གཟུང༌། །དེ་ལྟར་ནང་གི་སེམས་གནས་ཤིང༌། །གཟུང་བ་མེད་པར་རྟོགས་པར་བྱ། །དེ་ཡི་འོག་ཏུ་འཛིན་མེད་པར། །དེ་ནས་མི་དམིགས་རིག་པར་བྱ། །ཞེས་སེམས་ཙམ་ལས་འདས་པའི་མདོ་དྲངས་པ་དང༌། ཐེག་པ་བསྡུས་པ་ལས།ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཇི་ལྟར་འཇུག་ཅེ་ན། རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་ཀྱང་ཟློག་ནས་འཇུག་སྟེ། དེའི་ཚེ་བྱང་ཆུབ་སེམས་དཔའ་དོན་གྱི་འདུ་ཤེས་རྣམ་པར་བཤིགས་པ་དེ་ལ་ཡིད་ཀྱི་བརྗོད་པ་ཐོས་པའི་ཆོས་ཀྱི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་དེ་དག་ལ་དོན་དུ་སྣང་བ་ཐམས་ཅད་འབྱུང་བའི་སྐབས་མེད་པ་ཡིན་ནོ། །དེས་ན་རྣམ་པར་རིག་པ་ཙམ་དུ་ཡང་མི་འབྱུང་སྟེ། །ཞེས་དང༌། ཡེ་ཤེས་རྒྱུ་བ་རྟོགས་མེད་ལ། །དོན་རྣམས་ཐམས་ཅད་མི་སྣང་ཕྱིར། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པ་ན་རྣམ་རིག་མེད། །ཅེས་དོན་ལ་རྣམ་རིག་མེད་པར་གསུངས་པ་དང༌། ཚད་མ་རྣམ་འགྲེལ་ལས། ཡོངས་གཅོད་ནང་ཡིན་ཕྱི་རོལ་ལྟར། །གནས་པ་འདི་ནི་ཆ་གཞན་ཡིན། །ཐ་དད་མེད་ཅན་ཤེས་པ་ཡི། །ཐ་དད་སྣང་བ་བསླད་པ་ཉིད། །དེ་ལ་གཅིག་ནི་མེད་པས་ཀྱང༌། །གཉིས་ལའང་ཉམས་པར་འགྱུར་བ་ཡིན། །དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡི་དེ་ཉིད་ཡིན། །ཞེས་པ་ལ་སོགས་པས་རྣམ་རིག་བདེན་པར་མེད་པར་གསུངས་པ་རྣམས་སེམས་ཙམ་པ་རྣམ་ཤེས་དོན་དམ་དུ་བདེན་པར་འདོད་པ་དང༌། ཤིན་ཏུ་འགལ་བ་ཡིན་པས་དབུ་མའི་གཞུང་ཡིན་པར་གྲུབ་པ་ཡིན་པའོ། །གཞན་ཡང་གཞུང་དེ་དག་གཞན་སྟོང་དབུ་མའི་རང་གཞུང་ཡིན་པར་གྲུབ་སྟེ། དེ་དག་གཞན་སྟོང་དབུ་མའི་ལྟ་གྲུབ་དང་མི་མཐུན་པ་ཅུང་ཟད་མེད་ཅིང་མཐུན་པ་ཁོ་ན་ཡིན་ལ། གཞན་སྟོང་བ་རྣམས་ཀྱི་རང་གཞུང་དུ་དགོངས་པ་བཀྲལ་བའི་ཕྱིར་རོ། །

སྨྲས་པ། གཞུང་འདིར་བཤད་པའི་གསུང་རབ་དགོངས་འགྲེལ་ལུང་དང་ནི། །ཀུན་རྫོབ་དོན་དམ་རྣམ་འབྱེད་རིགས་པ་ལ་བརྟེན་ནས། །བདག་ཉིད་དོན་དང་དོན་མིན་བླང་དོར་ལེགས་ཤེས་ཕྱིར། །གཟུར་གནས་བློ་ལྡན་དག་ལ་ལེགས་བཤད་སྤེལ་ཕྱིར་སྦྱར། །ཇི་ལྟར་ཟབ་ཅིང་ཡངས་བ་རྒྱ་ཆེའི་རྒྱ་མཚོ་ལས། །དེད་དཔོན་མཁས་པས་ཡིད་བཞིན་ནོར་བུ་ལེན་པ་བཞིན། །རྒྱལ་དང་རྒྱལ་སྲས་གསུང་རབ་རྒྱ་མཚོའི་དབུས་ནས་ཀྱང༌། །ངེས་དོན་དོན་དམ་རིན་ཆེན་མཆོག་འདི་བདག་གིས་བླངས། །རང་བློ་ཉེས་པས་འཁྲུལ་བའི་ཆ་མཆིས་ན། །དེ་ཉིད་རིག་པའི་མཁས་ལ་བཟོད་པར་གསོལ། །ལེགས་བཤད་མཆིས་ན་ལེགས་བཤད་དོན་གཉེར་བའི། །བློ་ལྡན་སྐལ་བ་ཅན་རྣམས་དགྱེས་པར་མཛོད། །བློ་གྲོས་དང་བའི་མཁའ་ལས་འོངས་བའི་ལེགས་བཤད་དགེ་བའི་ཉིན་བྱེད་འོད། །སྐྱེ་དགུ་རྣམས་ཀྱི་གླིང་དུ་ཤར་བས་མ་རིག་མུན་པའི་ཚོགས་བཅོམ་ནས། །རང་བྱུང་ཡེ་ཤེས་སྣང་བ་རབ་རྒྱས་ཡོན་ཏན་པད་མོའི་དཔལ་བསྐྱེད་དེ། །རྣམ་གྲོལ་དམ་པ་དགའ་བའི་ཚལ་ལ་ཟག་མེད་བདེ་ལ་སྤྱོད་གྱུར་ཅིག །ཅེས་ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་གི་རྩོམ་གཞིའི་དྲིས་ལན་རབ་གསལ་སྣང་བ་ཞེས་བྱ་བ་འདི་ནི་འབྲས་རབ་འབྱམས་པའི་མིང་ཙམ་འཛིན་པ་དངོས་གྲུབ་དཔལ་ནས་རང་ལོ་སོ་ལྔ་པར་གཞན་སྟོང་བགྲོ་གླེང་ཐེངས་དང་པོའི་གྲ་སྒྲིག་ལྷན་ཚོགས་ནས་གཏན་འབེབས་བྱས་པའི་དྲིས་ལན་དུ་སྦྱར་བའོ། །འདིས་ཀྱང་ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་པའི་རྒྱུ་གྱུར་ཅིག །མངྒ་ལམ།། །།


no previousཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་གི་རྩོམ་གཞིའི་དྲིས་ལན་རབ་གསལ་སྣང་བ།next