Nitartha Digital Library
Tibetan
གསུང་འབུམ་པོད་དགུ་པ། དྲིས་ལན།


  expand section
  expand section
  collapse section
ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་གསུམ་པའི་དྲིས་ལན་རབ་གསལ་སྒྲོན་མེ་སྐལ་བཟང་རྒྱན་ཕྲེང༌།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
previousཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་གསུམ་པའི་དྲིས་ལན་རབ་གསལ་སྒྲོན་མེ་སྐལ་བཟང་རྒྱན་ཕྲེང༌།next

ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་གསུམ་པའི་དྲིས་ལན་རབ་གསལ་སྒྲོན་མེ་སྐལ་བཟང་རྒྱན་ཕྲེང༌།

ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་གསུམ་པའི་དྲིས་ལན་རབ་གསལ་སྒྲོན་མེ་སྐལ་བཟང་རྒྱན་ཕྲེང་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་བྷྱཿ དོན་གཉིས་རྫོགས་པའི་སྟོན་པ་རྫོགས་སངས་རྒྱས། །སྤངས་རྟོགས་རྫོགས་པའི་ཞི་བསིལ་དམ་པའི་ཆོས། །རིག་གྲོལ་གཉིས་ལྡན་ཚོགས་ཀྱི་མཆོག་རྣམས་ལ། །བླ་མེད་བྱང་ཆུབ་བར་དུ་སྐྱབས་ཕྱག་འཚལ། །བསྐལ་བ་གྲངས་མེད་ཚོགས་གཉིས་ཁ་བ་རབ་འཁྲིགས་རབ་དཀར་དགེ་ལེགས་གངས་རིའི་སྤོ་ལ་རོལ། །སྤངས་རྟོགས་རྫོགས་པའི་རྩལ་འཆང་ཡོན་ཏན་རལ་བ་རབ་རྒྱས་སྒྲིབ་ཀུན་འཇོམས་པའི་མཆེ་བ་གཙིགས། །རྟོན་པ་བཞི་ཡི་སྡེར་ཁྱིམ་རབ་བགྲད་རྒོལ་ངན་གཉིས་འཐུང་དྲེག་པའི་མྱོས་བུམ་འཇིག་མཛད་པ། །ངེས་དོན་དབུ་མའི་གད་རྒྱངས་ས་གསུམ་སྒྲོགས་པའི་རྒྱལ་བ་གཉིས་པ་རྟག་ཏུ་རྒྱལ་གྱུར་ཅིག །མགོན་དེའི་གདམས་པས་དོན་དམ་སྙིང་པོ་ཡི། །ཡིན་ལུགས་ཇི་བཞིན་གཟིགས་པའི་མཁྱེན་རབ་རྒྱས། །ཉིད་ཀྱིས་གཟིགས་གང་སྐལ་བཟང་གདུལ་བྱ་ལ། །གསལ་མཛད་སྒྲོལ་མགོན་ཞབས་ལ་གུས་པས་འདུད། །རྒྱལ་ཀུན་ལས་ལྷག་བཀའ་དྲིན་འཁོར་མཐའ་བྲལ། །བྱམས་དང་སྙིང་རྗེའི་ཆུ་འཛིན་རབ་དཀར་འཁྲིགས། །གདམས་ངག་ཆོས་ཀྱི་གྲུ་ཆར་འབེབས་མཛད་པའི། །དྲིན་ཅན་བླ་མ་མཆོག་གིས་དགེ་ལེགས་སྩོལ། །ཤིང་རྟ་ཆེན་པོའི་བཞེད་སྲོལ་དབུ་མའི་གྲུབ་པའི་མཐའ། །ཐུན་མོང་མ་ཡིན་ཟབ་གསང་གནད་དོན་ཡོངས་རྫོགས་ཀུན། །ལེགས་བཤད་ཟབ་མོའི་དྲིན་ལས་ཟབ་དོན་ལེགས་མཐོང་བ། །ལུང་རིགས་བྱེ་བའི་ལེགས་བཤད་འོད་སྣང་འགྱེད་ལ་སྤྲོ། །དེ་ལ་འདིར་སློབ་དཔོན་འཕགས་པ་ལྷའི་དབུ་མ་བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཞེས་གསུངས་པ་ལྟར་ཆགས་སྡང་གི་རིས་སུ་མ་ཆད་པར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་གཞི་ལམ་འབྲས་གསུམ་གྱི་གྲུབ་པའི་མཐའ་ཀུན་ལུང་རིགས་རྣམ་དག་གི་སྒོ་ནས་གཏན་ལ་ཕབ་དགོས་ལ། དེ་ལྟར་གཏན་ལ་ཕབ་པ་ལ་གཞུང་ལུགས་རབ་འབྱམས་ལ་མཁྱེན་སྤྱན་ཡངས་པ། བསྟན་བཅོས་སྣ་རེའི་ལུང་ཙམ་ལ་མ་ཞེན་པ། རྨོངས་པ་ཁ་མཐུན་གྱི་དམག་དཔུང་ལ་མི་འཇིགས་པ། རང་བཟོས་དུག་ཆུས་བསྲེ་སླད་མེད་པ། གྲུབ་མཐའ་ལོག་པའི་སྐྱོ་མ་སྔ་བཙན་གྱི་དབང་དུ་མི་འགྲོ་བ། གཞན་གྱི་ཡོན་ཏན་ལ་ཕྲག་དོག་གི་དྲི་མས་མ་སྦགས་པ། གང་ཟག་གི་ཆགས་སྡང་ཆོས་ལ་མི་བསྲེ་བར། ལུང་རིགས་རྣམ་དག་གིས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་ལེགས་པར་བརྟགས་ནས་ཆོས་འཁོར་གསུམ་གྱི་དགོངས་དོན་ལེགས་པར་བཀྲལ་ཏེ་གྲུབ་པའི་མཐའ་རྣམ་པར་བཞག་དགོས་ཏེ། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཕྱོགས་འཛིན་གྱིས་དབང་དུ་མ་སོང་བར་བཀའ་ཐ་མ་དང་དེའི་དགོངས་འགྲེལ་བྱམས་ཆོས་སོགས་གཙོ་བོར་བྱས་ཏེ་ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའིབགྲོ་གླེང་ཐེངས་གསུམ་པའི་དྲིས་ལན་རྣམས་བརྗོད་པར་བྱའོ། །

དྲི་བ་དང་པོ་ནི། ཆོས་ལྔར་ཕྱེ་བའི་ཡང་དག་པའི་ཤེས་པའི་དོན་ཞོག་ཞོག་ཅེས་པའི་ལན།།

དྲི་བ་དང་པོ་ནི། ཆོས་ལྔར་ཕྱེ་བའི་ཡང་དག་པའི་ཤེས་པའི་དོན་ཞོག་ཅེས་པའི་ལན།

ཆོས་ལྔར་ཕྱེ་བའི་ཡང་དག་པའི་ཤེས་པའི་དོན་ཞོག་ཅེས་པའོ། །དེ་ལ་ཆོས་ལྔའི་ངོ་བོ་སོགས་བཤད་པའི་སྒོ་ནས་དེའི་ལན་བཤད་པ་ལ། མིང་གི་སྒོ་ནས་མདོར་བསྟན་པ། རྒྱས་པར་བཤད་པ་དང་གཉིས། དང་པོ་ནི། ཐེག་པ་ཆེན་པོའི་ཆོས་ལྔ་ནི། རྒྱུ་མཚན། མིང༌། རྣམ་རྟོག དེ་བཞིན་ཉིད། ཡང་དག་པའི་ཤེས་པ་རྣམས་ཡིན་ཏེ། ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་༼མདོ་སྡེ་ཆ་པོད་ཤོག་གྲངས་༢༧༦༽ལས། གཞན་ཡང་བློ་གྲོས་ཆེན་པོ་ཆོས་ལྔ་ནི་རྒྱུ་མཚན་དང༌། མིང་དང༌། རྣམ་པར་རྟོག་པ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་ཡེ་ཤེས་སོ། །ཞེས་དང༌། སློབ་དཔོན་བློ་བརྟན་གྱི་དབུས་མཐའི་འགྲེལ་བཤད་༼བསྟན་འགྱུར་སེམས་ཙམ་བི་པོད་ཤོག་གྲངས་༢༥༣༽ལས། དངོས་པོ་ལྔ་ནི། རྒྱུ་མཚན་དང༌། མིང་དང༌། རྣམ་པར་རྟོག་པ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་ཡེ་ཤེས་ཏེ། ཤེས་པར་བྱ་བ་ཐམས་ཅད་དངོས་པོ་རྣམ་པ་ལྔ་པོ་འདིར་བསྡུ་བའི་ཕྱིར་དངོས་པོ་རྣམ་པ་འདི་ལྔ་ལ་བསྡུ་བའི་དེ་ཁོ་ན་ཞེས་བྱའོ། །ཞེས་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། སོ་སོའི་ངོ་བོ། གོ་རིམ། དབྱེ་བ། མཚན་ཉིད་གསུམ་གྱི་ནང་དུ་འདུ་ཚུལ། བདེན་པ་གཉིས་ཀྱི་ནང་དུ་འདུ་ཚུལ་བཤད་པ་དང་ལྔ། དང་པོ་ནི། སྒྲ་དང་ཡིད་ཀྱི་གཡོ་བ་རྣམ་རྟོག་གི་བརྗོད་པའི་གནས་དང་ཡུལ་གྱི་སྤྱི་ནི་རྒྱུ་མཚན་ཡིན་ལ། དེ་ཡང་དཔེར་ན་བུམ་པའོ་སྙམ་པའི་རྣམ་རྟོག་གི་འཛིན་སྟངས་ཀྱི་བཟུང་བྱ་བློ་ལ་ཤར་བའི་སྤྱི་དེ་ཡིན་ཏེ། ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་༼མདོ་སྡེ་ཆ་པོད་ཤོག་གྲངས་༢༧༦༽ལས། བློ་གྲོས་ཆེན་པོ་དེ་ལ་རྒྱུ་མཚན་ནི་གནས་པ་དང༌།དབྱིབས་ཀྱི་མཚན་ཉིད་དང༌། གཟུགས་ལ་སོགས་པའི་མཚན་ཉིད་དུ་སྣང་བ་ནི་རྒྱུ་མཚན་ཞེས་བྱའོ། །ཞེས་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་༼དེབ་ཤོག་གྲངས་༥༣༢༽ལས། རྒྱུ་མཚན་ནི་གང་ལ་བརྟེན་ནས་མིང་གི་མངོན་རྗོད་འཇུག་པ་སྒྲའི་བརྗོད་བྱ་ཐམས་ཅད་དོ། །ཞེས་གསུངས་སོ། །དེས་ན་རྒྱུ་མཚན་ལ་གཟུགས་སྒྲ་སོགས་འཇོག་དགོས་སོ། །མིང་གི་ངོ་བོ་ནི་རྒྱུ་མཚན་དེ་ལ་བརྟགས་པའི་བླ་དང་ཚིག་སྤྱི་སྣང་བ་ནི་མིང་དུ་བརྗོད་དེ།དཔེར་ན་བུམ་པ་འཛིན་པའི་རྣམ་རྟོག་གི་འཛིན་སྟངས་ཀྱི་བཟུང་བྱ་དེ་ལ་བུམ་པ་ཞེས་པའི་མིང་འདོགས་ཤིང༌། དེ་ཡང་རྣ་བར་ཚོར་བ་དེ་མ་ཡིན་པར་དེའི་སྒྲ་སྤྱི་བློ་ལ་སྣང་བ་དེ་ཡིན་ཏེ། ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་༼མདོ་སྡེ་ཆ་པོད་ཤོག་གྲངས་༢༧༦༽ལས། གང་རྒྱུ་མཚན་དེ་ཉིད་ལ་བུམ་པ་ཞེས་བྱ་བ་ལ་སོགས་པའི་མིང་ཡོད་པས་འདི་ནི་དེ་བཞིན་གྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བ་དེ་ནི་མིང་ཞེས་བྱ་བ་སྟེ། མིང་མང་པོ་བཏགས་ནས་རྒྱུ་མཚན་རྣམས་གསལ་བར་བྱེད་པའོ། །ཞེས་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས།མིང་ནི་གཟུགས་ཞེས་བྱ་བ་དང༌། ལྷས་བྱིན་ཞེས་བྱ་བ་ལ་སོགས་པ་ཆོས་དང་གང་ཟག་གི་ཚིག་བླ་དྭགས་རྣམས་སོ། །ཞེས་གསུངས་སོ། །རྣམ་རྟོག་གི་ངོ་བོ་ནི་ཁམས་གསུམ་གྱི་གཙོ་བོ་སེམས་དང་འཁོར་སེམས་ལས་བྱུང་བ་རྣམས་ཡིན་ཏེ། ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་༼མདོ་སྡེ་ཆ་པོད་ཤོག་གྲངས་༢༧༦༽ལས། བུམ་པ་ལ་སོགས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་དེ་ནི་རྣམ་པར་རྟོག་པ་ཞེས་བྱའོ། །ཞེས་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས་རྣམ་པར་རྟོག་པ་ནི་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་ཉིད་ནི་ངག་གི་བརྗོད་པ་དང་ཡིད་ཀྱི་རྟོག་པའི་ཡུལ་ལས་འདས་པའི་ཆོས་ཉིད་དེ་བཞིན་ཉིད་ཡིན་ལ། དེ་ནི་འཕགས་པའི་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཁོ་ནས་སྤྱོད་ཡུལ་ཡིན་ཏེ། ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་༼མདོ་སྡེ་ཆ་པོད་ཤོག་གྲངས་༢༧༦༽ལས།མིང་དེ་དང་རྒྱུ་མཚན་དེ་དག་མཐར་དམིགས་སུ་མེད་པ་དང་ཐོག་མ་དང་ཐ་མ་རིག་པར་བྱ་བ་མེད་པ་དང་ཆོས་རྣམས་ལ་ཕན་ཚུན་མེད་པ་དང་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་དང་བྲལ་བ་ནི་དེ་བཞིན་ཉིད་ཅེས་བྱའོ། །ཞེས་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། དེ་བཞིན་ཉིད་ནི་བདག་མཐའ་དག་གིས་སྟོང་བའི་ཆོས་ཀྱི་དབྱིངས་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་སྒྲའི་རྗོད་པ་ལས་ཡང་དག་པར་འདས་པའོ། །ཞེས་གསུངས་སོ། །ཡང་དག་པའི་ཤེས་པ་ནི་ལམ་གྱི་ཡེ་ཤེས་ལ་མཉམ་བཞག་འཇིག་རྟེན་ལས་འདས་པ་དང༌། རྗེས་ཐོབ་འཇིག་རྟེན་ལས་འདས་མ་འདས་འདྲེས་པའི་མཚན་ཉིད་ཅན་ནམའཕགས་རྒྱུད་ཀྱི་སྒྱུ་མ་ལྟ་བུར་སྣང་བའི་མི་རྟག་བཅུ་དྲུག་སོགས་རྟོགས་པའི་ཡེ་ཤེས་རྣམས་ཡིན་ཏེ། ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་༼མདོ་སྡེ་ཆ་པོད་ཤོག་གྲངས་༢༧༦༽ལས། དེ་ཁོ་ན་ཉིད་ཡང་དག་པར་ངེས་པ་མཐར་ཐུག་པར་ཡང་རང་བཞིན་དམིགས་སུ་མེད་པ་དེ་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད། ཅེས་པ་ནས། རྣམ་པར་རྟོག་པ་མི་འབྱུང་བ་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱི་ཚུལ་དང་རྗེས་སུ་མཐུན་པ། མུ་སྟེགས་ཅན་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱིས་མི་དམིགས་པའི་མཚན་ཉིད་དེ་ནི་ཡང་དག་པའི་ཡེ་ཤེས་ཞེས་བྱའོ། །ཞེས་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། ཡང་དག་པའི་ཡེ་ཤེས་ནི་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་སོ། །ཞེས་གསུངས་སོ། །དེ་ལྟར་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་གསུངས་ཏེ། དེ༼མདོ་སྡེ་ཆ་པོད་ཤོག་གྲངས་༢༤༤༽ལས། འདི་ལྟ་སྟེ། མིང་དང༌། མཚན་མ་དང༌། རྣམ་པར་རྟོག་པ་དང༌། ཡང་དག་པའི་ཡེ་ཤེས་དང༌།དེ་བཞིན་ཉིད་དང༌། ཞེས་པ་ནས། བློ་གྲོས་ཆེན་པོ་མཚན་མ་ནི་མིག་གི་རྣམ་པར་ཤེས་པའི་སྣང་བར་འགྱུར་བ་ཡིན་ཏེ། གཟུགས་ཞེས་བྱ་བའོ། །དེ་བཞིན་དུ་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པ་རྣམས་ལ་སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་ཞེས་བྱ་བ་སྟེ། འདི་ནི་མཚན་མ་ཞེས་བཤད་དོ། །དེ་ལ་བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་ནི་གང་གི་མིང་དུ་བརྗོད་ཅིང༌། འདི་ནི་གླང་པོ་དང༌། རྟ་དང་ཤིང་རྟ་དང༌། རྐང་ཐང་དང༌། སྐྱེས་པ་དང༌། བུད་མེད་ལ་སོགས་པ་ཞེས་བྱ་བ་ཡིན་ཏེ།དེ་བཞིན་གྱི་འདི་ནི་གཞན་དུ་མ་ཡིན་ནོ། །ཞེས་མཚན་མ་གསལ་བར་བྱེད་པ་དེ་ནི་རྣམ་པར་རྟོག་པའོ། །བློ་གྲོས་ཆེན་པོ་ཡང་དག་པའི་ཡེ་ཤེས་ནི་གང་གིས་མིང་དང༌། མཚན་མ་མི་དམིགས་ཤིང༌། ཕན་ཚུན་གློ་བུར་དུ་འབྱུང་བའི་ཕྱིར་རྣམ་པར་ཤེས་པ་མི་འཇུག་པ། རྟག་པ་མེད་པ། ཆད་པ་མེད་པའི་ཕྱིར། མུ་སྟེགས་བྱེད་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་སར་ལྷུང་བར་མི་བྱེད་པས་ཡང་དག་པའི་ཡེ་ཤེས་ཞེས་བྱའོ། །ཞེས་གསུངས་སོ། །དེ་ལྟར་དབུས་མཐའི་འགྲེལ་བཤད་ལས་གསུངས་བར་སྣང་སྟེ། དེ་ལས། ཁ་ཅིག་ན་རེ་དེ་ལ་རྒྱུ་མཚན་ནི་ཀུན་གཞི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་དང༌། འཇུག་པའི་རྣམ་པར་ཤེས་པ་རྣམས་ཏེ། ཕན་ཚུན་རྒྱུའི་དངོས་པོ་ཡིན་པས་རྒྱུ་མཚན་ནོ། །མིང་ནི་རྒྱུ་མཚན་གང་ཡིན་པ་དེ་ཉིད་བརྗོད་དུ་མེད་དུ་ཟིན་ཀྱང་མིང་བརྡ་བཞིན་དུ་གོ་བར་བྱའོ། །ཇི་སྐད་དུ་སྨྲས་པའི་རྒྱུ་མཚན་གྱི་རང་བཞིན་དང་བྱེ་བྲག་དུ་རྣམ་པར་རྟོག་པ་ཁམས་གསུམ་པ་དང་སེམས་ལས་བྱུང་བ་ནི་རྣམ་པར་རྟོག་པའོ། །སྟོང་བ་ཉིད་ནི་དེ་བཞིན་ཉིད་དོ། །ཡང་དག་པའི་ཡེ་ཤེས་ནི་འཇིག་རྟེན་ལས་འདས་པ་སྟེ། དེ་བཞིན་ཉིད་ལ་དམིགས་པའོ། །ཞེས་གསུངས་སོ། །ཡང་དག་པའི་ཡེ་ཤེས་ལ་ལང་གཤེགས་༼༡༤༦༽ལས། བདག་གི་འཕགས་པ་སོ་སོ་རང་གི་ཡེ་ཤེས་དང་མཐུན་པ། ཕ་རོལ་གྱི་ཕྱོགས་སུ་མུ་སྟེགས་བྱེད་དང༌། ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་དེ་ནི་ཡང་དག་པའི་ཡེ་ཤེས་ཏེ། བློ་གྲོས་ཆེན་པོ་དེ་དག་ནི་ཆོས་རྣམ་པ་ལྔའོ། །ཞེས་སོགས་ཀྱི་གསུངས་ཟིན་ལྟར་ན་ཆོས་ལྔའི་ཡ་གྱལ་གྱི་ཡང་དག་པའི་ཡེ་ཤེས་འདུས་བྱས་གཞན་དབང་ཡིན་ལ། སྤྱིར་ཡང་དག་པའི་ཡེ་ཤེས་ཡིན་ན་འདུས་བྱས་ཡིན་པས་ཀྱང་མ་ཁྱབ་མ་ཡིན་པས་ཀྱང་མ་ཁྱབ་ཅེས་དང༌། དེ་བཞིན་ཉིད་ཀྱང་ཡང་དག་པའི་ཤེས་པ་ཡིན་པར་སྣང་ངོ། །ཉན་རང་རིགས་ངེས་པ་དག་གི་རྒྱུད་ལ་མེད་དམ་དཔྱད་པར་བྱའོ། །གཉིས་པ་ཆོས་ལྔའི་གོ་རིམ་ཡོད་དེ། དབུས་མཐའི་འགྲེལ་བཤད་ལས། དེ་དག་གི་གོ་རིམས་ནི་དེ་ལ་ཀུན་ནས་ཉོན་མོངས་པར་གདགས་པའི་དངོས་པོ་ཡིན་པས་ན་དང་པོར་རྒྱུ་མཚན་ནོ། །ཀུན་ནས་ཉོན་མོངས་པ་ཞེས་བཏགས་པའི་ཕྱིར་དེའི་འོག་ཏུ་མིང་ངོ། །མིང་ཇི་ལྟ་བ་དེ་བཞིན་དུ་ཀུན་ནས་ཉོན་མོངས་པར་གདགས་པའི་དངོས་པོ་ལ་རྣམ་པར་རྟོག་པའི་ཕྱིར་དེའི་འོག་ཏུ་རྣམ་པར་རྟོག་པའོ། །ཀུན་ནས་ཉོན་མོངས་པ་དེ་ཡང་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཀྱིས་འགག་པར་འགྱུར་བས་ན་དེའི་འོག་ཏུ་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་སོ་ཞེའོ། །ཞེས་གསུངས་སོ། །ཡང་བྱུང་རིམ་ཡང་རྒྱན་སྡུག་པོ་བཀོད་པ་༼མདོ་སྡེ་ཆ་པོད་ཤོག་གྲངས་༡༧༽ལས། མིང་ནི་མཚན་མའི་མཐུ་ལས་བྱུང༌། །མཚན་མ་རྐྱེན་ལས་བྱུང་བ་སྟེ། །མཚན་མ་ལས་ཀྱང་རྣམ་རྟོག་འབྱུང༌། །ཞེས་སོགས་གསུངས་སོ། །གསུམ་པ་དབྱེ་བ་ལ་ལྔ་ལས། དང་པོ་རྒྱུ་མཚན་གྱི་དབྱེ་བ་ནི། དེ་ལ་རང་བཞིན་གྱི་རྒྱུ་མཚན་དང་གཟུགས་བརྙན་གྱི་རྒྱུ་མཚན་གཉིས་ལས། དང་པོ་ནི། བག་ཆགས་སྣང་བརྙན་སྣ་ཚོགས་པའི་མཚན་མ་འཁོར་བ་ལྷན་སྐྱེས་ཀྱི་བློ་ལ་སྣང་བ་རྣམས་ཡིན་ལ།དེ་ལ་ཡང་རྟོག་པས་བསྐྱེད་པའི་མཚན་མ་དང༌། གྲགས་པས་བསྐྱེད་པའི་མཚན་མ་གཉིས་ལས། དང་པོ་ནི། སྔར་སྔོན་པོ་མཐོང་པའི་བག་ཆགས་ཀུན་གཞི་ལ་བཞག་ཅིང་དེ་སད་པའི་མཐུ་ལས་ཚེ་འདིར་ཡང་སྔོན་པོ་མངོན་སུམ་དུ་སྣང་བ་ལྟ་བུ་ཡིན་ལ། གཉིས་པ་ནི་སྐྱེ་བ་སྔ་མ་རྣམས་སུ་མིང་དོན་འབྲེལ་བར་འཛིན་པའི་བག་ཆགས་ཀྱི་མཐུ་ལས་ཚེ་འདིར་ཡང་ཡུལ་སོ་སོའི་དབང་གིས་མིང་མི་འདྲ་བ་སྲིད་ཀྱང་སྔོ་ལྡིང་བའི་དངོས་པོ་ཞིག་མཐོང་བ་ན་སྔོན་པོ་ཞེས་བརྡ་སྦྱོར་འདོད་ཀྱི་བློ་རང་ཤུགས་ཀྱིས་སྐྱེ་བ་ལྟ་བུ་ཡིན་ལ། དེ་ལ་གྲགས་པས་བསྐྱེད་པའི་མཚན་མ་ཟེར་བའི་རྒྱུ་མཚན་ནི། སྔོན་པོ་ཞེས་པའི་མིང་དང་སྔོ་ལྡིང་བའི་སྔོན་པོ་གཉིས་ཕན་ཚུན་ངོ་བོ་གཅིག་པ་ཡང་མ་ཡིན་ལ། འབྲེལ་བ་ཡོད་པ་ཡང་མ་ཡིན་མོད། འཇིག་རྟེན་གྱི་རྟོག་པས་བརྟགས་པའི་གྲགས་པ་ལ་དེ་ལྟར་དུ་བཞག་གོ ། གཉིས་པ་གཟུགས་བརྙན་གྱི་རྒྱུ་མཚན་ནི། གྲུབ་མཐའ་ལོག་པས་བརྟགས་པའི་བདག་ཏུ་འཛིན་པ་ལ་སོགས་པ་ཡིན་ལ། དེ་ཡང་དུད་འགྲོ་ལ་སོགས་པའི་འགྲོ་བ་བླུན་ཞིང་གཏི་མུག་པརྣམས་དང༌། མིར་གྱུར་བ་ཡིན་ཡང་གྲུབ་མཐའ་ངན་པས་བློ་ཁ་མ་བསྒྱུར་བ་རྣམས་ལ་ཀུན་བཏགས་ཀྱི་བདག་ལ་སོགས་པའི་སྣང་བ་བློ་ལ་མི་འཆར་བར་ཕལ་ཆེ་བ་འདོད་ཅིང༌།དབུ་མ་འཇུག་པར་ཡང༌། གང་དག་བསྐལ་མང་དུད་འགྲོ་བསྐྱལ་གྱུར་བ། །དེས་ཀྱང་མ་སྐྱེས་བདག་འདི་མ་ཤེས་ལ། །ངར་འཛིན་དེ་དག་ལ་ཡང་འཇུག་མཐོང་ནས། །ཞེས་པ་ལ་སོགས་པ་གསུངས་མོད། འོན་ཀྱང་དེ་ལྟ་བུ་མ་ངེས་ཏེ། ཚེ་རབས་སྔ་མ་རྣམས་གྲུབ་མཐའ་ངན་པའི་བརྟགས་པས་བག་ཆགས་ཀུན་གཞི་ལ་བཞག་པ་དེ་ཡོངས་སུ་སད་པའི་མཐུ་ལས། ཚེ་འདིར་གྲུབ་མཐའ་ལ་འཇུག་མ་མྱོང་ཡང༌། གྲུབ་མཐའ་ངན་པས་བཏགས་པའི་ཀུན་བརྟགས་ཀྱི་སྣང་བ་ངེས་པར་འཆར་བར་ཐེག་མཆོག་དབུ་མའི་ཟིན་བྲིས་ལས་གསུངས་སོ། །དེ་ཡང་དཔེར་ན་ཉོན་མོངས་པ་རྣམས་ཀྱི་ནང་ནས་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་དང༌། ལྟ་བ་མཆོག་འཛིན་དང༌། ལོག་པར་ལྟ་བ་རྣམས་ནི་མཐའ་གཅིག་ཏུ་ཀུན་བརྟགས་ཀྱི་ཉོན་མོངས་ཁོ་ནར་ངེས་ལ་འདོད་ཆགས་ཞེ་སྡང་ལ་སོགས་པའི་ཉོན་མོངས་གཞན་རྣམས་ལ་ནི། ཀུན་བརྟགས་དང་ལྷན་སྐྱེས་ཀྱི་ཉོན་མོངས་གཉིས་ཆར་གྱི་ཆ་ཡོད་པ་ཡིན། འོན་ཀྱང་དེ་གཉིས་རྫས་ཐ་དད་པ་མེད་པའི་ཕྱིར། སོ་སོའི་སྐྱེ་བོའི་ཤེས་རིག་གི་དེ་གཉིས་ཀྱི་དབྱེ་བ་བྱེད་པ་ནི་མི་ནུས་ཞེས་ཐེག་མཆོག་དབུ་མའི་ཟིན་བྲིས་ལས་གསུངས་ལ། འོན་ཀྱང་ཅུང་ཟད་དཔྱད་རྒྱུ་ཡོད་པར་སྣང༌། ཡང་རྒྱུ་མཚན་དེ་ལ་དབྱེ་ན། རྟོགས་པ་དང་མ་རྟོགས་པ་དང༌། གསལ་བ་དང་མི་གསལ་བའི་དབྱེ་བ་དང༌། མཚན་བཅས་དང་མཚན་མེད་ཀྱི་རྒྱུ་མཚན་གཉིས་སུ་དབྱེ་བ་ཡིན་པ་ལས། རྟོགས་པ་ནི་ཤེས་པ་རང་གི་ཡུལ་རྟོགས་པ་ལ་བྱ་སྟེ། དཔེར་ན་གཟུགས་འཛིན་མིག་ཤེས་ཀྱིས་ཐག་ཉེ་བ་ན་ཡོད་པའི་གཟུགས་གསལ་བར་རྟོགས་པ་ལྟ་བུ་ཡིན་ལ། གཉིས་པ་ལ། གཟུགས་འཛིན་མིག་ཤེས་ཀྱིས་ཐག་རིང་བ་ན་ཡོད་པའི་གཟུགས་མི་རྟོགས་པ་ཡིན་ལ། གསལ་བ་ནི་གཟུགས་ལ་སོགས་པ་རྣམ་པ་གསལ་བ་དང༌། ནམ་མཁའི་རྣམ་པ་ལ་སོགས་པ་མི་གསལ་བའི་དབྱེ་བ་ལས། རྟོགས་པ་དང་གསལ་བ་གཉིས་མཚན་བཅས་ཀྱི་རྒྱུ་མཚན་དང༌། མ་རྟོགས་པ་དང་མི་གསལ་བ་གཉིས་མཚན་མེད་ཀྱི་རྒྱུ་མཚན་དུ་བརྗོད་དོ། །ཡང་རྒྱུ་མཚན་ལ། ཆོས་ལྔའི་དབྱེ་བ་རྣམ་པ་ལྔ་ཡོད་དེ། རྒྱུ་མཚན་གྱི་རྒྱུ་མཚན་ནི་བུམ་པའོ་སྙམ་དུ་འཛིན་པའི་འཛིན་སྟངས་ཀྱི་ཡུལ་གྱི་སྤྱི་དེར་འཛིན་པའི་འཛིན་སྟངས་ཀྱི་བཟུང་བྱའི་ཡུལ་གྱི་སྤྱི་ལྟ་བུའོ། །མིང་གི་རྒྱུ་མཚན་ནི། བུམ་པ་ཞེས་པའི་སྒྲ་སྤྱི་འཛིན་པའི་འཛིན་སྟངས་ཀྱི་བཟུང་བྱ་བློ་ལ་ཤར་བའི་སྤྱི་དེའོ། །རྣམ་རྟོག་གི་རྒྱུ་མཚན་ནི་སེམས་དང་སེམས་བྱུང་གི་སྤྱི་ལྟ་བུའོ། །དེ་བཞིན་ཉིད་ཀྱི་རྒྱུ་མཚན་ནི་རྟོག་པའི་དེ་བཞིན་ཉིད་དུ་རྟོག་པའི་བཏགས་ཆ་གང་ཡིན་པ་དེའོ། །ཡང་དག་པའི་ཤེས་པའི་རྒྱུ་མཚན་ནི་ལམ་དུ་འཛིན་པའི་འཛིན་སྟངས་ཀྱི་སྤྱི་དེ་ཡིན་ནོ། །གཉིས་པ་མིང་གི་དབྱེ་བ་ནི་དྲུག་ཡོད་པ་ཡིན་ཏེ། དངོས་པོའི་མིང་དུ་བུམ་པ་ཞེས་པའི་སྒྲ་སྤྱི་སྣང་བ་ལྟ་བུ་དང༌། དེ་བཞིན་དུ་འབྲེལ་བའི་མིང་ནི་བུམ་པ་འདི་ནི་ཆེའོ། །བུམ་པ་འདི་ནི་ཆུང་ངོ་སྙམ་པའི་སྒྲ་སྤྱི་སྣང་བ་ལྟ་བུའོ། །འདུས་པའི་མིང་ནི་གསེར་བུམ་དང༌། དངུལ་བུམ་དང༌། ཟངས་བུམ་འདི་རྣམས་ནི་བུམ་པའོ། །ཞེས་མང་པོ་གཅིག་ཏུ་སྣང་པའི་སྒྲ་སྤྱི་ལྟ་བུའོ། །ཐ་དད་པའི་མིང་ནི་གསེར་བུམ་དང་དངུལ་བུམ་དང༌། ཟངས་བུམ་འདི་རྣམས་ཀྱི་མིང་ནི་ཐ་དད་དེ་སོ་སོར་སྣང་བའི་སྒྲ་སྤྱི་ལྟ་བུའོ། །གྲགས་པའི་མིང་དང་མ་གྲགས་པའི་མིང་ནི་ཡུལ་དུས་དེ་དང་དེར་གྲགས་པ་དང་མ་གྲགས་པ་སྟེ། དཔེར་ན་ཧསྟི་ཞེས་པའི་སྒྲ་ལག་ལྡན་ཏེ། གླང་བོ་ཆེ་ལ་གྲགས་པ་ཡིན་ལ། ལག་པ་དང་ལྡན་ཡང་བ་གླང་ལ་དེའི་མིང་མ་གྲགས་པ་ལྟ་བུའོ། །གསུམ་པ་རྣམ་རྟོག་གི་དབྱེ་བ་ལ་མཚན་མ་དང་བཅས་པའི་རྣམ་རྟོག་དང༌། མཚན་མ་མེད་པའི་རྣམ་རྟོག་གཉིས་ལས།གཙོ་བོར་འདོད་ཁམས་ཀྱི་སེམས་དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་དང༌། བསམ་གཏན་དང་པོ་ཚུན་ཆད་ཀྱི་དེ་རྣམས་ཡིན་ལ། གཉིས་པ་ནས་སྲིད་རྩེའི་བར་དང༌། བརྒྱལ་བ་དང་གཉིདལོགས་པའི་གནས་སྐབས་ཀྱི་སེམས་དང་སེམས་བྱུང་རྣམས་ཡིན་ལ། དེ་རྣམས་ལ་མཚན་མ་གཏན་ནས་མེད་པ་ནི་མ་ཡིན་གྱི། དམན་པ་ལ་དགག་པའི་སྒྲ་སྦྱར་བ་ཡིན་ནོ། །ཡང་ན་ཉོན་མོངས་ཅན་གྱི་རྣམ་རྟོག་དང་ཉོན་མོངས་ཅན་མ་ཡིན་པའི་རྣམ་རྟོག་གཉིས་ལས། དང་པོ་ནི། འདོད་ཁམས་ཀྱི་རྣམ་རྟོག་མི་དགེ་བ་རྣམས་དང༌། གཉིས་པ་ནི་དགེ་བ་ཟག་བཅས་དང༌། ལུང་མ་བསྟན་དང༌། ཟག་མེད་ཀྱི་བསྡུས་པའི་རྣམ་རྟོག་རྣམས་སོ། །ཡང་ན་ཡུལ་ལ་འཇུག་པའི་རྣམ་རྟོག་དང༌། འཚོལ་བ་པོའི་རྣམ་རྟོག་དང༌། སོ་སོར་རྟོག་པའི་རྣམ་རྟོག་དང་གསུམ་ལས། དང་པོ་ནི། དབང་ཤེས་ལྔ་པོ་འཁོར་དང་བཅས་པ་རྣམས་ནི་རང་རང་གི་ཡུལ་ལ་འཇུག་པར་བྱེད་པས་ཡིན་ལ། གཉིས་པ་ནི། ཉོན་ཡིད་དང་ཡིད་ཤེས་སེམས་པ་འདུ་བྱེད་རྣམས་ཡིན་ནོ། །གསུམ་པ་ནི། འདུ་ཤེས་དང་སེམས་བྱུང་གཞན་ཡང་རུང་སྟེ། ཡུལ་སོ་སོར་འབྱེད་པའི་རྣམ་རྟོག་རྣམས་སོ། །བཞི་བ་དེ་བཞིན་ཉིད་ཀྱི་དབྱེ་བ་ནི། ཡོངས་གྲུབ་དགུ་སོགས་ཡོད་དོ། །ལྔ་པ་ཡང་དག་པའི་ཤེས་པའི་དབྱེ་བ་ལ་དེ་བཞིན་ཉིད་ལ་མཉམ་པར་བཞག་པའི་ཀུན་རྫོབ་གསར་བྱུང་གི་ཡེ་ཤེས་དང༌། བྱང་འཕགས་ཀྱི་རྗེས་ཐོབ་ཡེ་ཤེས་སོ། །བཞི་བ་མཚན་ཉིད་གསུམ་གྱི་ནང་དུ་འདུ་ཚུལ་ནི། གཟུགས་ཤེས་གང་རུང་གི་ཕྱོགས་མ་ཡིན་པའི་རྒྱུ་མཚན་དང༌། མིང་གཉིས་ནི་ཀུན་བརྟགས་ཡིན་པ་དང༌། རྫས་སུ་ཡོད་པའི་རྒྱུ་མཚན་དང༌། རྣམ་པར་རྟོག་པ་དང༌། སྐབས་འདིའི་ཡང་དག་པའི་ཤེས་པ་རྣམས་ནི་གཞན་དབང་དང༌། དེ་བཞིན་ཉིད་ནི་འགྱུར་བ་མེད་པའི་ཡོངས་གྲུབ་ཡིན་ཏེ། མདོ་སྡེ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་༼མདོ་སྡེ་ཆ་པོད་ཤོག་གྲངས་༢༧༦༽ལས། བློ་གྲོས་ཆེན་པོ་མིང་དང་རྒྱུ་མཚན་དེ་དག་ནི་ཀུན་བརྟགས་པའི་རང་བཞིན་ཡིན་ནོ། །བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་དེ་ལ་བརྟེན་ནས་སེམས་དང་སེམས་ལས་བྱུང་བའི་ཆོས་མིང་དང་ལན་ཅིག་སྐྱེ་སྟེ། ཇི་ལྟར་ཉི་མ་དང་འོད་ཟེར་ལྷན་ཅིག་འབྱུང་བ་བཞིན་དུ་སྣ་ཚོགས་ཀྱི་མཚན་ཉིད་སོ་སོར་རྣམ་པར་བརྟག་ཅིང༌།འཛིན་པར་བྱེད་པ་དེ་ནི་གཞན་གྱི་དབང་གི་རང་བཞིན་ཞེས་བྱའོ། །བློ་གྲོས་ཆེན་པོ་ཡང་དག་པའི་ཡེ་ཤེས་དང༌། དེ་བཞིན་ཉིད་ནི་མི་འཇིག་པའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱའོ། །ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཆོས་ལྔ་པོ་དེ་མཚན་ཉིད་གསུམ་གྱིས་ཇི་ལྟར་བསྡུས་ཚུལ་ནི། འཛིན་ཆ་མི་ཐེ་བའི་རྒྱུ་མཚན་ཕལ་ཆེ་བ་རྣམས་དང༌།མིང་ནི་ཀུན་བརྟགས་ཡིན་ལ། རྣམ་པར་རྟོག་པ་དང་ཡང་དག་པའི་ཤེས་པ་གཉིས་གཞན་དབང་གི་མཚན་ཉིད་ཅན་དང༌། དེ་བཞིན་ཉིད་ནི་འགྱུར་བ་མེད་པའི་ཡོངས་གྲུབ་པོ། །ཞེས་གསུངས་སོ། །འོ་ན་ས་བཟང་གི་ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། བསྡུ་བ་ནི་མིང་བཞིན་དུ་དོན་ལ་མེད་པའི་ཆ་ཀུན་བཏགས་དང༌། རྒྱུ་མཚན་དང་རྣམ་པར་རྟོག་པ་གཞན་དབང་དང༌། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཡོངས་གྲུབ་ཏུ་འདུ་བ་སྟེ། དབུས་མཐར། རྒྱུ་དང་རྣམ་པར་རྟོག་པ་དང༌། །མིང་ནི་རྣམ་པ་གཉིས་སུ་བསྡུ། །ཡང་དག་ཡེ་ཤེས་རབ་ཁོ་ན། །གཅིག་པུ་ཁོ་ནར་བསྡུས་པ་ཡིན། །ཞེས་པ་ལྟར་རོ། །ཞེས་དང༌། དབྱིག་གཉེན་གྱི་དབུས་མཐའི་འགྲེལ་བ་༼སེམས་ཙམ་བི་པོད་༡༣༽ལས། དངོས་པོ་ལྔ་ལས་བརྩམས་ཏེ། རྒྱུ་དང་རྣམ་པར་རྟོག་པ་གཉིས་ནི་གཞན་གྱི་དབང་དུ་བསྡུའོ། །མིང་ནི་ཀུན་བརྟགས་པར་བསྡུའོ། །ཡང་དག་ཡེ་ཤེས་རབ་ཁོ་ན། །གཅིག་པུ་ཁོ་ནས་བསྡུས་པ་ཡིན། །དེ་བཞིན་ཉིད་དང་ཡང་དག་པའི་མཐའི་ཡེ་ཤེས་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱིས་བསྡུས་སོ། །ཞེས་དང༌། དེའི་འགྲེལ་བཤད་ལས། རྒྱུ་དང་རྣམ་པར་རྟོག་པ་གཉིས་ནི་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ཕྱིར་གཞན་དབང་དུ་བསྡུའོ། །ཞེས་པ་ནས། ཡང་དག་ཡེ་ཤེས་རབ་ཁོ་ན། །ཞེས་བྱ་བ་ནི། རྟག་ཏུའམ་མཛེས་པའི་དེ་ཁོ་ན་སྟེ་དེ་བཞིན་ཉིད་དོ། །སྟོང་བ་ཉིད་ལ་དམིགས་པ་གཉིས་སུ་མེད་པའི་ཡེ་ཤེས་དང༌།དེའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པ་ནི་ཡང་དག་པའི་ཡེ་ཤེས་སོ། །དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་དེ་གཉིས་ནི་འགྱུར་བ་མེད་པ་དང༌། ཕྱིན་ཅི་ལོག་མེད་པའི་ཡོངས་སུ་གྲུབ་པས་གོ་རིམ་བཞིན་དུ་ཡོངས་སུ་གྲུབ་པའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གཅིག་པུས་བསྡུས་སོ། །ཞེས་རྒྱུ་མཚན་གཞན་དབང་ཡིན་པ་དང༌། ཡང་དག་པའི་ཡེ་ཤེས་ཡོངས་གྲུབ་གསུངས་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ལུང་དེ་གཉིས་ཀྱི་དགོངས་པ་ནི། རྒྱུ་མཚན་གྱི་འཛིན་ཆའམ་རྫས་ཡོད་རྣམས་གཞན་དབང་ཡིན་པ་དང༌། ཡང་དག་པའི་ཡེ་ཤེས་ནི་ཡོངས་གྲུབ་མ་ཡིན་ཀྱང་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡིན་པས་རྣམ་གྲངས་ཙམ་གྱི་ཡོངས་གྲུབ་ཡིན་པའི་དོན་ཡིན་པར་སྣང་སྟེ། ཐེག་མཆོག་དབུ་མར། རྒྱུ་མཚན་ཕལ་དང་མིང་ནི་ཀུན་བརྟགས་ཡིན། །རྟོག་དང་ཤེས་པ་གཞན་དབང་མཚན་ཉིད་ཅན། །དེ་བཞིན་ཉིད་ནི་འགྱུར་མེད་ཡོངས་གྲུབ་པོ། །ཞེས་རྒྱུ་མཚན་ཕལ་ཆེ་བ་ལས་རྒྱུ་མཚན་ཡིན་ན་ཀུན་བརྟགས་ཡིན་པས་ཁྱབ་ཅེས་མ་གསུངས་པ་དང༌། དེའི་ཟིན་བྲིས་ལས། འཛིན་ཆ་མི་ཐེ་བའི་རྒྱུ་མཚན་ལས་འཛིན་ཆའི་རྒྱུ་མཚན་རྣམས་ཀུན་བརྟགས་ཡིན་པར་མ་གསུངས་པ་དང༌། རྗེ་བཙུན་བྱམས་པས། འགྱུར་མེད་ཕྱིན་ཅི་མ་ལོག་པ། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། །ཞེས་དང༌། ཐེག་མཆོག་དབུ་མ་ལས། ཐ་མ་གཉིས་ནི་དོན་དམ་དངོས་རྣམ་གྲངས། །ཞེས་གསུངས་སོ། །རང་བཞིན་གསུམ་དང་རྣམ་ཤེས་བརྒྱད་དང་བདག་མེད་གཉིས་དང་སངས་རྒྱས་ཀྱི་ཆོས་སོགས་ཤེས་བྱ་ཐམས་ཅད་ཆོས་ལྔ་པོ་འདིའི་ནང་དུ་འདུ་བ་ཡིན་ཏེ། ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་༼མདོ་སྡེ་ཆ་པོད་ཤོག་གྲངས་༢༧༧༽ལས། བློ་གྲོས་ཆེན་པོ་དེ་དག་ནི་ཆོས་ལྔ་ཞེས་བྱ་སྟེ། རང་བཞིན་རྣམ་པ་གསུམ་དང༌། རྣམ་པར་ཤེས་པ་བརྒྱད་དང༌། བདག་མེད་པ་གཉིས་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་དེར་འདུས་ཏེ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་དེ་ལ་བདག་ཉིད་ཀྱིས་ནན་ཏན་དུ་བསླབ་པར་བྱ་ཞིང་གཞན་ལ་ཡང་བསླབ་པར་བྱ་སྟེ། གཞན་གྱི་རྗེས་སུ་འབྲང་བར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཆོས་ལྔ་དང་ནི་རང་བཞིན་གསུམ། རྣམ་ཤེས་བརྒྱད་པོ་ཉིད་དག་དང༌། །བདག་མེད་དོན་ནི་རྣམ་གཉིས་པོར། །ཐེག་ཆེན་ཐམས་ཅད་བསྡུས་པ་ཡིན། །མིང་དང་རྒྱུ་མཚན་རྣམ་པར་རྟོག ། རང་བཞིན་གཉིས་ཀྱི་མཚན་ཉིད་དེ། །ཡང་དག་ཡེ་ཤེས་དེ་བཞིན་ཉིད། །ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཞེས་དང༌། དེ་ལྟར་འཕགས་པ་ལང་གཤེགས་༼ཆ་པོད་༡༤༦༽ལས་གསུངས་པ་དང༌། བློ་བརྟན་གྱི་དབུས་མཐའི་འགྲེལ་བ་ལས། ཤེས་པར་བྱ་བ་ཐམས་ཅད་དངོས་པོ་རྣམ་པ་ལྔ་པོ་འདིར་བསྡུ་བའི་ཕྱིར་དངོས་པོ་རྣམ་པ་འདི་ལྔ་ལ་བསྡུ་བའི་དེ་ཁོ་ན་ཞེས་བྱའོ། །ཞེས་གསུངས་སོ། །འདི་ལ་དཔྱད་པར་བྱ་བ་འདི་ཡོད་དེ། བློ་བརྟན་གྱི་དབུས་མཐའི་འགྲེལ་བ་ལས། མིང་ནི་ཀུན་བརྟགས་པར་ཞེས་བྱ་བ་ལ་མིང་ཇི་བཞིན་དུ་དོན་མེད་པས་མིང་ནི་ཀུན་བརྟགས་པར་བསྡུའོ། །དེ་ལྟར་ན་སྐབས་ཡིན་པའི་ཕྱིར་ཀུན་རྟགས་པར་མིང་བསྡུས་ཀྱི། ངོ་བོ་ཉིད་ཀྱིས་བསྡུས་པ་ནི་མ་ཡིན་ནོ། །ངོ་བོ་ཉིད་མེད་པར་གྲུབ་པ་ལས་ཀུན་བརྟགས་པའི་ངོ་བོ་ཉིད་ནི་རྒྱུ་ལ་སོགས་པ་དངོས་པོ་ལྔས་མ་བསྡུས་སོ་ཞེས་གང་བཤད་པ་དང་འགལ་བ་མེད་དོ། །ཞེས་གསུངས་པའི་དགོངས་པ་དང༌། ཐེག་མཆོག་དབུ་མ་ལས། ཆོས་ཞེས་བྱ་བ་དོན་ཆོས་གོ་བྱེད་དེ། །དངོས་པོ་ཞེས་ཀྱང་བྱ་སྟེ་མཚན་གཞིའམ། །རྟེན་གྱི་ཤེས་བྱ་ཀུན་ཡང་ལྔ་བོ་འདི། །ཆོས་ལྔ་ཞེས་ནི་རབ་ཏུ་བརྟགས་པ་ཡིན། །ཞེས་དང༌། དེའི་ཟིན་བྲིས་ལས། སྐབས་སུ་བབས་པའི་ཆོས་སྒྲ་བཤད་པ་ནི། འདིའི་སྐབས་ཀྱི་ཆོས་ཞེས་པ་དོན་ཆོས་གོ་བར་བྱེད་པའི་གཞི་ལ་ཟེར་བ་ཡིན་ལ། དེ་བཞིན་དུ་དངོས་པོ་ལྔ་ཞེས་ཀྱང་བྱ་སྟེ་དངོས་པོའི་དོན་ཡོད་པ་ཙམ་མོ། །མཚན་ཉིད་མཚན་གཞི་གཉིས་ལས་མཚན་གཞིའི་ཆོས་དང༌། རྟེན་བརྟེན་པ་གཉིས་ལས་རྟེན་གྱི་ཤེས་བྱ་ཀུན་ཡང་ལྔ་པོར་འདིར་འདུས་པ་ཡིན་པས་ཆོས་ལྔ་ཐ་སྙད་རྒྱལ་བ་ཉིད་ཀྱིས་བཏགས་སོ། །ཞེས་མཚན་གཞི་དང་རྟེན་ལས་མཚན་ཉིད་དང་བརྟེན་པ་གཉིས་ཆོས་ལྔ་པོ་འདུ་བར་དངོས་སུ་མ་གསུངས་པའི་དགོངས་པ་འཚོལ་དགོས་སོ། །།ལྔ་བ་བདེན་པ་གཉིས་ཀྱི་ནང་དུ་ཆོས་ལྔ་འདུ་ཚུལ་ནི། ཐེག་མཆོག་དབུ་མ་ལས། གཟུང་འཛིན་གཉིས་གཉིས་དོན་དམ་གཅིག་ཡིན་ཏེ། །དང་པོ་གཉིས་ནི་ཀུན་རྫོབ་ཙམ་ཡིན་ལ། །གསུམ་པ་ཀུན་རྫོབ་བདེན་པ་ཉིད་དུ་བཤད། །ཐ་མ་གཉིས་ནི་དོན་དམ་དངོས་རྣམ་གྲངས། །ཞེས་དང༌། དེའི་ཟིན་བྲིས་ལས། ཆོས་ལྔ་ལས་མིང་རྒྱུ་མཚན་གཉིས་བཟུང་བ་དང༌། རྣམ་རྟོག་དང་ཡང་དག་པའི་ཤེས་པ་གཉིས་འཛིན་པ་དང༌། དེ་བཞིན་ཉིད་དོན་དམ་ཡིན་ཏེ། དང་པོ་གཉིས་ཀུན་རྫོབ་ཙམ་དུ་ཡོད་པ་དང༌། གསུམ་པ་རྣམ་རྟོག་ནི་ཀུན་རྫོབ་བདེན་པར་ཡོད་པ་དང༌། ཕྱི་མ་དེ་བཞིན་ཉིད་དང་ཡང་དག་པའི་ཤེས་པ་གཉིས་པོ་གོ་རིམ་བཞིན་དུ་དོན་དམ་དངོས་དང༌། རྣམ་གྲངས་པའི་དོན་དམ་དུ་འདོད་དོ། །ཞེས་གསུངས་སོ། །དང་པོ་གཉིས་ཀུན་རྫོབ་ཙམ་གསུངས་པ་ནི་ཀུན་རྫོབ་ཀྱི་ཀུན་རྫོབ་བམ་ལོག་པའི་ཀུན་རྫོབ་ཡིན་ནམ་ལུང་རིགས་དྲི་མ་མེད་པའི་སྒོ་ནས་དཔྱད་པར་བྱའོ།། །།

དྲི་བ་གཉིས་པ་ཟིན་བྲིས་ལས་གཞན་དབང་གང་ཡིན་པ་རྣམས་ཀུན་བརྟགས་སུ་འདུས་པའི་ཕྱིར་ཞེས་པའི་འདུ་ཚུལ་གང་ཞེས་པའི་ལན།

དྲི་བ་གཉིས་པ་ཟིན་བྲིས་ལས་གཞན་དབང་གང་ཡིན་པ་རྣམས་ཀུན་བརྟགས་སུ་འདུས་པའི་ཕྱིར་ཞེས་པའི་འདུ་ཚུལ་གང་ཞེས་པའི་ལན།

དེའི་ལན་ནི་ཚུལ་འདི་ལྟ་སྟེ། གཞན་སྟོང་སྙིང་པོ་ལས། རིགས་པའི་རྣམ་པར་དཔྱད་པའི་ཚེ་གཞན་དབང་དངོས་ནི་ཀུན་བརྟགས་སུ་འདུ་ཞིང༌། དེའི་ཆོས་ཉིད་ཀྱི་གནས་ཚུལ་ནི་ཡོངས་གྲུབ་ཡིན་པས། ཀུན་བརྟགས་དང་ཡོངས་གྲུབ་གཉིས་སུ་ཆོས་ཐམས་ཅད་འདུས་སོ། །ཞེས་དང༌།ཐེག་མཆོག་དབུ་མ་ལས། རྣམ་པར་དཔྱད་ན་གཞན་དབང་ཀུན་བརྟགས་སུ། །འདུས་ཕྱིར་མཚན་ཉིད་གཉིས་སུ་འགྱུར་བ་ཡིན། །གཞན་དབང་གི་ནི་སྣང་ཆ་ཀུན་བརྟགས་ཏེ། །འཁྲུལ་བའི་སྣང་བ་བགྲང་ཡས་བསམ་མི་ཁྱབ། །སྣང་གཞིའི་སེམས་ཀྱང་ས་བོན་ཐམས་ཅད་པ། །དེ་དེའི་ཆོས་ཉིད་དུ་སོང་དེ་ཡང་དེའོ། །ཀུན་བརྟགས་མེད་ཕྱིར་གཟུང་འཛིན་སྤྲོས་དང་བྲལ། །ཞེས་དང༌། དེའི་ཟིན་བྲིས་ལས། མཚན་ཉིད་གསུམ་པོ་དེ་གཉིས་སུ་བསྡུ་བ་ནི། དོན་དམ་དཔྱོད་བྱེད་དང་འབྲེལ་བའི་རིགས་པས་རྣམ་པར་དཔྱད་པ་ནི། གཞན་དབང་གང་ཡིན་པ་རྣམས་ཀུན་བརྟགས་སུ་འདུས་པའི་ཕྱིར། ཀུན་བརྟགས་པའི་མཚན་ཉིད་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་གཉིས་སུ་འགྱུར་བ་ཡིན་ལ། དེའི་རྒྱུ་མཚན་ཡང་གཞན་དབང་གི་སྣང་ཆ་ཀུན་བརྟགས་ཡིན་ཞིང༌། དེ་ཡང་འཁྲུལ་བའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། སྣང་བ་དེ་འཆར་བའི་གཞི་སེམས་ཀུན་གཞི་རྣམ་པར་ཤེས་པ་ཡང་ས་བོན་ཐམས་ཅད་པ་ཡིན་པའི་ཕྱིར་རོ། །འཁྲུལ་བའི་སྣང་བ་བསམ་གྱིས་མི་ཁྱབ་པ་དེ་དང༌། དེའི་ཆོས་ཉིད་དུ་གཞན་དབང་ས་བོན་ཐམས་ཅད་པ་དེ་སོང་བ་ཡིན་ཞིང༌།འཁྲུལ་བའི་སྣང་བ་དེ་ཡང་གཞན་དབང་ས་བོན་ཐམས་ཅད་པ་དེའི་ཆོས་ཅན་གྱི་ཚུལ་གྱིས་གནས་པ་ཡིན་ནོ། །དེ་ཡང་དཔེར་ན་བུམ་པར་སྣང་བའི་སྣང་ཆ་དེ་ལ་སྣང་བ་དེ་འཆར་བར་འགྱུར་བའི་ས་བོན་དེ་དེའི་ཆོས་ཉིད་དུ་སོང་བ་ཡིན་པ་སོགས་ཤེས་བྱ་ཐམས་ཅད་ལ་དེས་རིགས་བསྒྲེ་བར་བྱའོ། །འདི་སྐབས་ཀྱི་ཆོས་ཉིད་ཡང་ཀུན་རྫོབ་ཀྱི་ཆོས་ཉིད་ཡིན་ཏེ། ཀུན་རྫོབ་རང་རང་གི་གནས་ལུགས་ལ་ཆོས་ཉིད་ཀྱི་མིང་གི་བསྟན་པ་ཡིན་པས་སོ། །བག་ཆགས་ཀྱིས་ཁ་མ་བསྒྱུར་པའི་གཞན་དབང་དག་པ་བ་དེ་གཅིག་པུུ་ལ་ཀུན་བརྟགས་གཟུང་བ་དང་འཛིན་པ་གཉིས་སུ་མེད་པའི་ཕྱིར། སྤྲོས་པ་དང་བྲལ་བ་ཙམ་ཡིན་ལ། ངེས་པར་ན་ཤེས་རིག་དག་པ་བ་དེ་ཡང་ནང་འཛིན་པའི་ཤེས་པ་ཡིན་མོད། གཟུང་འཛིན་གཉིས་སུ་སྣང་བ་མེད་པའི་ཕྱིར་རོ། །གཟུང་འཛིན་གྱི་སྤྲོས་པ་དང་བྲལ་ཞེས་བསྟན་པ་ཡིན་ནོ། །ཞེས་གསུངས་ལ། དེའི་དོན་ནི། མདོར་ན་འཁྲུལ་བ་ཀུན་བརྟགས་རྣམས་ཆོས་ཅན་དང་འབྲས་བུ་ལྟ་བུར་བྱས་ནས་གཞན་དབང་ས་བོན་སོགས་ཀུན་རྫོབ་གནས་ཐབས་ཀྱི་ཆོས་ཉིད་དང་རྒྱུ་ལྟ་བུར་བྱས་ཏེ། སྐབས་འདིའི་ཆོས་ཉིད་དང་སྣང་བ་འཆར་བྱེད་ས་བོན་རྣམས་དེ་ལས་འཆར་བའི་ཆོས་ཅན་སྣང་ཆས་བསྡུས་ཚུལ་ཞིག་གཞུང་འདིར་བཞག་པར་སྣང་ངོ༌། །གཞན་ཡང་ཐེག་མཆོག་དབུ་མ་ལས། དོན་ལ་སྣང་ཆ་ལས་གཞན་སྣང་བ་མེད། །གཞན་དབང་ལ་ནི་རང་ངོས་ཚུགས་ཐུབ་བྲལ། །དེ་ཡི་རང་བཞིན་ཚུལ་དུ་ཡོངས་གྲུབ་གནས། །རྣམ་པ་གང་ཡིན་ཀུན་བརྟགས་ཚུལ་ཡིན་ནོ། །མདོ་ལས་ཀྱང༌། གང་བརྟགས་པ་ཡི་དངོས་པོ་འདི། །གཞན་གྱི་དབང་ཡང་དེ་ཉིད་དེ། །བརྟགས་པ་སྣ་ཚོགས་སྣང་བ་ནི། །གཞན་གྱི་དབང་ཞེས་རྟོགས་པར་བྱེད། །ཅེས་དང༌། དེའི་ཐད་ཀྱི་ཟིན་བྲིས་ལས། དོན་ལ་སྣང་ཆ་ལས་གཞན་པའི་སྣང་བ་མེད་པས་གཞན་དབང་རང་གི་ངོ་བོ་ཚུགས་ཐུབ་དང་བྲལ་བ་ཡིན་ནོ། །འོ་ན་སྣང་ཆ་ཀུན་བརྟགས་དང་བྲལ་བའི་ཤུལ་ལམ་དེའི་རང་བཞིན་དུ་གཞན་དབང་མེད་ན་དེ་ལ་རང་བཞིན་གཏན་ནས་མེད་པ་ཞིག་ཡིན་ནམ་འོན་ཏེ་གཞན་ཞིག་ཡོད་སྙམ་ན་དེའི་རང་བཞིན་གྱི་ཚུལ་དུུ་ཡོངས་གྲུབ་གནས་པ་ཡིན་ཞིང་ཀུན་རྫོབ་ཀྱི་རྣམ་པ་གང་ཡིན་པ་ཐམས་ཅད་ཀུན་བརྟགས་ཞེས་བརྗོད་དོ། །མཚན་ཉིད་གཉིས་སུ་བསྡུས་པའི་རྒྱབ་བརྟེན་པའི་མདོ་སྡེ་ལང་གཤེགས་ལས་གསུངས་པ་གང་ཀུན་བརྟགས་པའི་དངོས་པོ་འདི་རྣམས་གཞན་གྱི་དབང་ཡང་དེ་ཁོ་ན་ཡིན་ལ། ཀུན་བརྟགས་སྣ་ཚོགས་པའི་སྣང་བ་ཅན་དེ་ནི་གཞན་གྱི་དབང་ཞེས་རྟོགས་པར་བྱའོ། །ཞེས་གསུངས་པའི་དོན་མདོར་བསྡུས་ན་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ཚེ་སྣང་ཆ་ཀུན་བརྟགས་དང་བྲལ་བའི་ཤུལ་ན་གཞན་དབང་ཡང་མེད་པས་དེ་གཉིས་འཁྲུལ་ཤེས་ཀྱིས་བརྟགས་པ་ཡིན་ལ། ཤུལ་ན་ཡོད་པ་ནི་ཡོངས་གྲུབ་གཅིག་པུ་ཡིན་པས་ཆོས་ཅན་ཀུན་རྫོབ་རྣམས་ལ་ཀུན་བརྟགས་ཞེས་བརྗོད་པ་ཡིན་པར་གསུངས་པའོ།། །།

དྲི་བ་གསུམ་པ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་རྟོགས་ཚུལ་ལ་ཉན་རང་གཉིས་ཁྱད་པར་ཡོད་དམ་ཞེས་པ།

དྲི་བ་གསུམ་པ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་རྟོགས་ཚུལ་ལ་ཉན་རང་གཉིས་ཁྱད་པར་ཡོད་དམ་ཞེས་པའོ། །

དེའི་ལན་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་རྟོགས་ཚུལ་ལ་ཉན་རང་གཉིས་ལ་ཁྱད་པར་ཡོད་དེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཉན་རང་གཉིས་ཀས་སྒོམ་པ་ཡིན་ཡང་རང་རྒྱལ་གྱིས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་བཟློག་གི་སྒོ་ནས་རྒྱས་པར་བསྒོམས་ཞིང་རྟོགས་ལ། ཉན་ཐོས་རྣམས་ཀྱིས་དེ་ལྟར་རྒྱས་པར་རྟོགས་པ་ནི་མ་ཡིན་ཏེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས།རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་དེ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་གཉིས་ཆར་ལ་བཅོམ་ལྡན་འདས་ཀྱིས་བསྟན་ཅིང་བསྟན་པ་ལྟར་གཉིས་ཆར་གྱིས་བསྒོམ་པ་ཡིན་ཡང་རང་སངས་རྒྱས་རྣམས་ཀྱིས་ནི་ལུགས་འབྱུང་དང་ལུགས་བཟློག་གི་རྟེན་འབྲེལ་རྣམས་རྒྱས་པར་རྟོགས་པ་ཡིན་ལ། ཉན་ཐོས་རྣམས་ཀྱིས་ནི་རང་རྒྱལ་ལྟར་རྟེན་འབྲེལ་རང་བྱན་ཆུད་པའི་སྒོ་ནས་ཤིན་ཏུ་རྟོགས་པ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །སྤྱིར་བཅོམ་ལྡན་འདས་ཀྱིས་རིགས་ཅན་གསུམ་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་བསྟན་ཅིང༌། བྱང་སེམས་ལ་གཙོ་བོར་ངོ་བོ་ཉིད་རྣམ་པར་འབྱེད་པའི་རྟེན་འབྲེལ་དང༌། རང་རྒྱལ་ལ་གཙོ་བོར་སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པའི་རྟེན་འབྲེལ་དང༌། ཉན་ཐོས་ལ་གཙོ་བོར་ཉེར་སྤྱོད་ཅན་གྱི་རྟེན་འབྲེལ་བསྟན་ཅིང་་བསྟན་པ་ལྟར་རྟོགས་ཤིང་བསྒོམ་པ་ཡིན་ཏེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ངོ་བོ་ཉིད་རྣམ་པར་འབྱེད་པའི་རྟེན་འབྲེལ་དང༌། སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པའི་རྟེན་འབྲེལ་དང༌། ཉེར་སྤྱོད་ཅན་གྱི་རྟེན་འབྲེལ་དང་གསུམ་ལས་དེ་གསུམ་པོ་ཡང་རིམ་པ་བཞིན་དུ་གདུལ་བྱ་རིགས་ཅན་གསུམ་ལ་བཅོམ་ལྡན་འདས་ཀྱིས་གསུངས་ཤིང༌། གསུངས་པ་ལྟར་དེ་དག་གིས་གཙོ་བོར་དེ་དང་དེ་རྟོགས་པ་ཡང་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ངོ་བོ་ཉིད་རྣམ་པར་འབྱེད་པའི་རྟེན་འབྲེལ་ནི། ཐེག་མཆོག་དབུ་མ་ལས། ངོ་བོ་ཉིད་རྣམ་འབྱེད་པའི་རྟེན་འབྲེལ་ནི། །ཆོས་ཀུན་ཀུན་གཞི་རྣམ་ཤེས་ལས་སྤྲུལ་བའོ། །ཞེས་དང༌། དེའི་ཟིན་བྲིས་ལས། ངོ་བོ་ཉིད་རྣམ་པར་འབྱེད་པའི་རྟེན་འབྲེལ་ནི། ཕྱི་ནང་གི་ཆོས་ཀུན་ཀུན་གཞི་རྣམ་པར་ཤེས་པ་ལས་སྤྲུལ་ཞིང་དེའི་མཐུ་ལས་སྣང་བ་ལ་དེར་འཇོག་པ་ཡིན་ལ། དེ་ནི་ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བགོ་སྐལ་དུ་བསྟན་གྱི། རིགས་ཅན་གཞན་གཉིས་ལ་བསྟན་པ་མེད་ཅིང༌། དེའི་ཕྱིར་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཉག་གཅིག་གིས་རྟོགས་པ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་གཉིས་ཀྱིས་ནི་ཕྱོགས་ཙམ་ཡང་རིགས་པ་མ་ཡིན་ནོ། །ཞེས་གསུངས་སོ། །སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པའི་རྟེན་འབྲེལ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང༌། དེ་ལ་ཀུན་ནས་ཉོན་མོངས་པའི་དབང་དུ་བྱས་པ་དང༌། རྣམ་བྱང་གི་དབང་དུ་བྱས་པ་གཉིས་ཡོད་དེ།ཐེག་མཆོག་དབུ་མ་ལས། སྡུག་མི་སྡུག་རྣམ་འབྱེད་པ་བཅུ་གཉིས་ཏེ། །ཞེས་དང༌། དེའི་ཟིན་བྲིས་ལས། སྡུག་དང་མི་སྡུག་པ་རྣམ་པར་འབྱེད་པ་ཡང༌། རྣམ་པར་འབྱེད་པའི་དོན་ནི།གོང་དུ་བཤད་པ་ལྟར་འཕེལ་བ་དང་རྒྱས་པའི་དོན་ཡིན་ལ། སྡུག་པ་ནི་ཡིད་དུ་འོང་བ་དང༌།མི་སྡུག་པ་ནི་ཡིད་དུ་མི་འོང་བ་ཡིན་ཞིང༌། དེ་ལ་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་ཀྱི་དབང་དུ་བྱས་པ་དང༌། རྣམ་བྱང་གི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི་མ་རིག་པ་དང་མཚུངས་ལྡན་གྱི་དགེ་བ་ཟག་བཅས་ཀྱི་མཐུ་ལས། མཐོ་རིས་སུ་སྐྱེ་བ་ནི་སྡུག་པ་རྣམ་པར་འབྱེད་པའི་རྟེན་འབྲེལ་དང༌། མ་རིག་པ་དང་མཚུངས་པར་ལྡན་པའི་ལས་མི་དགེ་བའི་མཐུ་ལས་ངན་སོང་གསུམ་དུ་སྐྱེ་བ་ནི་མི་སྡུག་པ་རྣམ་པར་འབྱེད་པའི་རྟེན་འབྲེལ་ཞེས་བྱའོ། །གཉིས་པ་ནི་མ་རིག་པ་དང་མཚུངས་ལྡན་གྱི་ལས་དགེ་སྡུག་གི་མཐུ་ལས། རིགས་དྲུག་གི་སྐྱེ་བ་ནི་མི་སྡུག་པ་རྣམ་པར་འབྱེད་པ་དང༌། དགེ་བ་ཟག་མེད་ཀྱི་མཐུ་ལས་ཐར་བ་ཐོབ་པ་ནི་སྡུག་པ་རྣམ་པར་འབྱེད་པའི་རྟེན་འབྲེལ་ཞེས་བྱའོ། །ཞེས་གསུངས་སོ། །ཉེར་སྤྱོད་ཅན་གྱི་རྟེན་འབྲེལ་ནི། ཐེག་མཆོག་དབུ་མ་ལས། ཉེར་སྤྱོད་ཅན་ནི་ཚོགས་དྲུག་འཇུག་ཚུལ་ལོ། །ཞེས་དང༌། དེའི་ཟིན་བྲིས་ལས། ཉེར་སྤྱོད་ཅན་གྱི་རྟེན་འབྲེལ་ཞེས་པ་ཡང༌། རྣམ་ཤེས་ཚོགས་དྲུག་སྐྱེ་འགག་བྱེད་པའི་ཚུལ་ཡིན་ལ། དེ་ཡང་ཉེར་བར་སྤྱོད་པ་པོ་ཚོར་བ་དང་ཉེ་བར་སྤྱོད་པ་རེག་པ་ཡིན་ཞིང༌། དེ་ལྟ་བུ་དངོས་པོ་གང་ལ་ལྡན་པ་ལ་ཉེ་བར་སྤྱོད་པ་ཞེས་བྱའོ། །ཞེས་གསུངས་སོ། །རྒྱས་པར་དེར་ཤེས་པར་བྱའོ། །དེ་ལྟར་ས་བཟང་གི་ཀུན་བཏུས་ལས། ངོ་བོ་ཉིད་རྣམ་པར་འབྱེད་པའི་རྟེན་འབྲེལ་ཀུན་གཞི་ལས་ཆོས་ཐམས་ཅད་འབྱུང་བ་དང༌། སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང༌། ཉེ་བར་སྤྱོད་པ་ཅན་གྱི་རྟེན་འབྲེལ་རྣམ་པར་ཤེས་པ་ཚོགས་དྲུག་སྟེ་གསུམ་གསུངས་ཤིང༌། དེའི་དང་པོ་ནི་ཟབ་ཅིང་ཕྲ་བས་ཐེག་ཆེན་ཁོ་ན་ལ་བསྟན་ལ། ཕྱི་མ་དག་ནི་ཐམས་ཅད་ལ་ཐུན་མོང་དུ་བསྟན་པའོ། །ཞེས་གསུངས་སོ། །འདིའི་སྐབས་སུ་དཔྱད་པར་བྱ་བ་འདི་ཡོད་དེ། ཉན་རང་ལ་ངོ་བོ་ཉིད་ཀྱི་རྟེན་འབྲེལ་རྟོགས་པ་ཡོད་དམ་མེད། ཡོད་ན་ངོ་བོ་ཉིད་རྣམ་པར་འབྱེད་པའི་རྟེན་འབྲེལ་ཉན་རང་ལ་བསྟན་པར་འགྱུར་ལ། མེད་ན་ཐེག་དམན་སྡེ་སྣོད་ལས་ཀུན་གཞི་བསྟན་པ་མ་ཡིན་པར་མི་འགྱུར་རམ། ཡང་ཉན་རང་གིས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ནས་གསུམ་པ་རྣམ་ཤེས་རྟོགས་ན་ཀུན་གཞིའི་རྣམ་ཤེས་རྟོགས་དགོས་མི་དགོས་སོགས་ལ་ཕྲ་ཞིབ་ཀྱིས་རིགས་པས་དཔྱད་པར་བྱའོ།། །།

བཞི་བ་རང་ལུགས་ལ་འདུས་མ་བྱས་ཀྱི་རྒྱུ་འབྲས་ཁས་ལེན་ནམ་ཅི་ཞེས་པ།

བཞི་བ་རང་ལུགས་ལ་འདུས་མ་བྱས་ཀྱི་རྒྱུ་འབྲས་ཁས་ལེན་ནམ་ཅི་ཞེས་པའོ། །

དེའི་ལན་བཤད་པ་ལ་ཁ་ཅིག་འདུས་མ་བྱས་ཀྱི་རྒྱུ་འབྲས་མཚན་ཉིད་པ་མེད་ཟེར་བ་ནི་འདུས་མ་བྱས་པའི་རྒྱུ་འབྲས་དེ་འདུས་མ་བྱས་པའི་རྒྱུ་འབྲས་སམ་དོན་དམ་པའི་རྒྱུ་འབྲས་མཚན་ཉིད་པ་ཡིན་ཡང་རྒྱུ་འབྲས་མཚན་ཉིད་པ་མ་ཡིན་པ་དང༌། དོན་དམ་པའི་སྡུག་བདེན་དོན་དམ་པའི་སྡུག་བདེན་མཚན་ཉིད་པ་ཡིན་ཀྱང་སྡུག་བདེན་མཚན་ཉིད་པ་མ་ཡིན་པའི་ཞིབ་ཆ་མ་ཤེས་པས་ལན་པའོ། །དེས་ན་རང་ལུགས་ལ། བཀའ་བསྡུ་བཞི་བའི་གསུང་ཟིན་ལྟར་ན་འདུས་མ་བྱས་ཀྱི་རྒྱུ་འབྲས་ཁས་ལེན་ཀྱང་འདུས་མ་བྱས་ལ་རྒྱུ་འབྲས་མེད་ལ། འདུས་མ་བྱས་ཀྱི་རྒྱུ་འབྲས་དེ་རྒྱུ་འབྲས་མཚན་ཉིད་པ་མ་ཡིན་ཏེ། འདུས་མ་བྱས་ཀྱི་གཟུགས་སམ་དོན་དམ་པའི་གཟུགས་ཕུང་གཟུགས་ཕུང་མ་ཡིན་པ་བཞིན་ཡིན་པའི་ཕྱིར་ཏེ། བཀའ་བསྡུ་བཞི་བ་ལས། རྒྱུ་ལ་སྐྱེད་བྱེད་དང་ནི་བྲལ་བྱེད་ཀྱི། །རྒྱལ་ཁམས་གཉིས་སུ་འབྱེད་པ་མི་ཤེས་པར། །རྒྱུ་རྣམས་ཐམས་ཅད་སྐྱེད་བྱེད་ཁོ་ནར་འདོད། །འབྲས་བུ་ལ་ཡང་སྐྱེད་འབྲས་བྲལ་འབྲས་ཀྱི། །རྒྱལ་ཁམས་གཉིས་སུ་འབྱེད་པ་མི་ཤེས་པ། །འབྲས་བུ་གང་ཡིན་བསྐྱེད་འབྲས་ཁོ་ནར་འདོད། །དེ་ཕྱིར་རྟག་པའི་རྒྱུ་འབྲས་མི་འདོད་ཅིང༌། །འདུས་མ་བྱས་ཀྱི་རྒྱུ་འབྲས་མི་འདོད་ལ། །རྒྱུ་འབྲས་ངོ་བོ་གཅིག་པ་མི་འདོད་ཅིང༌། །གཞི་འབྲས་ངོ་བོ་གཅིག་པ་མི་འདོད་ལ། །རྒྱུ་འབྲས་གཞན་མཆོག་ཕ་རོལ་མི་འདོད་པའང༌། །གསུམ་ལྡན་མར་བཅད་སྐྱོན་ཅན་བསླད་པའི་ལུགས། རྫོགས་ལྡན་ལ་ནི་དེ་དང་དེ་དག་ལས། །བཟློག་པའི་ཆོས་ལུགས་ཁྱད་པར་འཕགས་པ་ཡོད། །ཅེས་དང༌། འདི་ཉིད་ཀྱི་རང་འགྲེལ་ལས། རྒྱུ་དེ་ལ་སྐྱེད་བྱེད་ཀྱི་རྒྱུ་དང༌། བྲལ་བྱེད་ཀྱི་རྒྱུའི་རྒྱལ་ཁམས་གཉིས་དང༌། འབྲས་བུ་ལ་བསྐྱེད་པའི་འབྲས་བུ་དང༌། བྲལ་བའི་འབྲས་བུའི་རྒྱལ་ཁམས་གཉིས་སུ་གནས་ཡོད་ཅིང་འདུས་མ་བྱས་ཀྱི་རྒྱུ་འབྲས་ཟབ་མོ་དང༌། རྟག་ཅིང་བརྟན་པའི་རྒྱུ་འབྲས་ཟབ་མོ་དང༌། རྒྱུ་འབྲས་ངོ་བོ་གཅིག་པ་དང༌། གཞི་འབྲས་ངོ་བོ་གཅིག་པ་དང༌། རྒྱུ་འབྲས་གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཀྱི་རྒྱུུ་ འབྲས་ཀྱང་ཡོད་དོ། །དེ་ལ་འདུས་མ་བྱས་སུ་གཏོགས་པའི་རྒྱུ་འབྲས་ནི། །རྒྱུ་འབྲས་གཞན་དོན་དམ་ཆོས་ཉིད་ཀྱི་རྒྱུ་འབྲས་ཏེ། ཞེས་པ་ནས། རང་སྟོང་དང་རྟེན་འབྲེལ་གྱི་ཆོས་ནི་འགའ་ཙམ་ཡང་འདྲེས་པ་མེད་ལ། ཀུན་བརྟགས་ཐམས་ཅད་དང་བྲལ་བའི་གཞི་འགྱུར་མེད་ཡོངས་གྲུབ་བཅོས་མ་གློ་བུར་བ་ཐམས་ཅད་དང་བྲལ་བའི་གཞི་རང་བཞིན་གཉུག་མ་མཐའ་ཐམས་ཅད་དང་བྲལ་བའི་གཞི་དབུས་མ་བར་མ་ཕུང་བོ་གསུམ་པ་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་འགལ་འདུས་སྐྱོན་མེད་འཇིག་རྟེན་དཔེ་ལས་འདས་ཤིང།དཔེར་བྱ་ཀུན་ལས་འདས་པ་བསམ་གྱིས་མི་ཁྱབ་པའི་དབྱིངས་རིག་དབྱེར་མེད་པའི་ཁྱབ་བདག་དུ་མ་རོ་གཅིག་ནི་རྒྱུ་འབྲས་དབྱེར་མེད་ཀྱང་ཡིན་པར་རྫོགས་ལྡན་གྱི་ཆོས་དང་གང་ཟག་ལ་གྲགས་ཀྱང༌། གསུམ་ལྡན་མར་བཅད་ཀྱི་བློར་ཤོང་བ་དཀའ་འོ། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིར་འདུས་མ་བྱས་པའི་རྒྱུ་འབྲས་སུ་གསུངས་པ་ནི། དོན་དམ་པའི་འགལ་འདུས་སྐྱོན་མེད་ཀྱི་རྒྱུ་འབྲས་ཀྱི་དབང་དུ་བྱས་ཀྱི། འདུས་མ་བྱས་དོན་དམ་ལ་རྒྱུ་འབྲས་མཚན་ཉིད་པ་མེད་དེ། དེ་ལ་རྒྱུ་རྐྱེན་གྱིས་གསར་དུ་བསྐྱེད་པའི་འབྲས་བུ་མེད་པའི་ཕྱིར་ཏེ། ཚོགས་ཆོས་བདེན་བཞི་གསལ་བ་ལས། དོན་དམ་པ་ཡོངས་གྲུབ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དེ་རྒྱུ་རྐྱེན་གྱིས་གསར་དུ་བསྐྱེད་པའི་འབྲས་བུར་ནི་ཡོད་པ་མ་ཡིན་ཏེ། ནམ་ཡང་གཞན་དུ་མི་འགྱུར་ཞིང་འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར། ཞེས་དང༌། གཞན་སྟོང་སྙིང་པོ་ལས། ལམ་ཡང་དེའི་བྲལ་རྒྱུ་ཞེས་རྒྱུ་འབྲས་བཏགས་པ་ཡིན་གྱི་དངོས་མ་ཡིན་ནོ། །ཞེས་དང༌། ཆོས་ཤན་འབྱེད་ལས། ཡང་ཁ་ཅིག་དོན་དམ་གཞན་སྟོང་རྟེན་འབྲེལ་ལས་འདས་ན་ལས་རྒྱུ་འབྲས་དོན་ལ་མི་བདེན་པར་འགྱུར་ཏེ། དེ་ཡང་ལེགས་པར་ཕྱེ་སྟེ་བཤད་པར་བྱའོ། །དེ་ལ་ལས་རྒྱུ་འབྲས་དོན་དམ་གྱི་དོན་ལ་མི་བདེན་པར་འགྱུར་རོ་ཞེ་ན་འདོད་པ་ཁོ་ན་སྟེ། དོན་དམ་ནི་འདུས་མ་བྱས་ཡིན་པས་རྒྱུ་འབྲས་ལས་འདས་པར་ཡང་གསུངས་པའི་ཕྱིར་རོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། དོན་དམ་ལ་ནི་རྟེན་འབྲེལ་ནམ་ཡང་མེད། །དེ་ལ་རྒྱུ་འབྲས་དང་ནི་རྣམ་བཞག་བྲལ། །ཞེས་དང༌། དེའི་ཟིན་བྲིས་ལས། དོན་དམ་པའི་བདེན་པ་རང་བཞིན་འོད་གསལ་གྱི་ཡེ་ཤེས་ལ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། དེའི་རྒྱུུ་མཚན་ཡང་རང་བཞིན་འོད་གསལ་དེ་ལ་ནི། རྒྱུ་འབྲས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྟེན་འབྲེལ་དང༌།རྣམ་པར་གཞག་བྱ་འཇོག་བྱེད་ཀྱི་རྟེན་འབྲེལ་དང་བྲལ་བའི་ཕྱིར། དེ་ཡང་རང་བཞིན་འོད་གསལ་དེ་ནི། རང་གི་ངོ་བོ་རྒྱུ་གང་གིས་ཀྱང་སྐྱེད་པ་མ་ཡིན་པའི་རང་བཞིན་ལྷུན་གྲུབ་ཏུ་གདོད་མའི་ཡེ་ཤེས་ཡིན་པ་དང༌། དེའི་འབྲས་བུ་གཞན་དང་གཞན་དག་སྐྱེད་པའི་རྒྱུའི་བྱ་བ་ཡང་མི་སྐྱེད་པའི་ཕྱིར། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྟེན་འབྲེལ་ལས་འདས་པ་དང༌། རྣམ་པར་གཞག་བྱ་འཇོག་བྱེད་ཀྱི་རྟེན་འབྲེལ་ལས་ཡང་འདས་པ་ཡིན་ཏེ། གཞག་བྱ་འཇོག་བྱེད་ནི། སྒྲ་དང་རྟོག་པས་བཏགས་པས་ན་དེའི་ཡུལ་ཡིན་ལ། རང་བཞིན་འོད་གསལ་ནི།སྒྲ་རྟོག་གིས་ཡུལ་ལས་འདས་པའི་ཕྱིར། དེ་ཡང་རང་བཞིན་འོད་གསལ་དེ་ལ། རྣམ་པར་རྟོག་པས་དེའི་མཚན་ཉིད་ཅི་འདྲ་ཞིག་བཞག་ཀྱང་རང་བཞིན་འོད་གསལ་དེའི་མཚན་ཉིད་ལ་དངོས་སུ་མི་རེག་པ་ཡིན་ཏེ། ཞེས་པ་ནས། གང་རྟེན་འབྲེལ་ཡིན་པ་དེ་ནི། རྒྱུ་རྐྱེན་གྱི་མངོན་པར་སྐྱེ་ཞིང་འཇིག་པའི་རང་བཞིན་ཅན་ཡིན་པས་ན་མི་རྟག་པ་ཡིན་པ་དང༌། རྒྱུ་རྐྱེན་དེ་རྣམས་ཀྱང་སྣ་ཚོགས་པ་དུ་མའི་རང་བཞིན་ཅན་ཡིན་པ་དང༌། དེས་སྐྱེད་པའི་འབྲས་བུ་ཡང༌། སྣ་ཚོགས་པ་ཡིན་པའི་ཕྱིར་དུ་མ་ཡིན་པ་དང༌། དེ་ལྟར་བསྐྱེད་པ་ཡང་རང་དབང་ཅན་མ་ཡིན་གྱི། རྒྱུ་རྐྱེན་གྱི་གཞན་དབང་ལས་བྱུང་བ་ཡིན་པའི་ཕྱིར། གང་ཟག་གི་བདག་གི་མཚན་ཉིད་རྟག་པ་གཅིག་པུ་རང་དབང་ཅན་ཡིན་པ་དེ་ལས་བཟློག་པ། མི་རྟག་དུ་མ་གཞན་དབང་ཅན་ཡིན་པར་རྟོགས་ནུས་པའི་ཕྱིར། གང་ཟག་གི་བདག་མེད་པའི་ཚུལ་ལ་འཇུག་པ་ཡིན་ནོ། །ཞེས་པ་ནས། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་དོན་དམ་པའི་རྟེན་འབྲེལ་དེ་ནི་རྒྱུ་གང་ལས་ཀྱང་མ་བྱུང་ཞིང༌། རྐྱེན་གང་ལ་ཡང་མ་ལྟོས། ངོ་བོ་གཞན་དུ་ཡང་འགྱུར་བ་མེད་པ་སྒྲ་རྟོག་གི་ཡུལ་ཐམས་ཅད་ལས་འདས་པ། སྤྲོས་པ་དང་བྲལ་བ་སྐད་ཅིག་སྐད་ཅིག་གིས་སྐྱེ་འཇིག་བྱེད་པའི་སྟོང་པའི་ཕྱིར་ཏེ། རྟག་པ་ཡིན་པའི་ཕྱིར་རོ། །རྟེན་འབྲེལ་ནི་རང་རང་གི་རྒྱུ་ལས་བྱུང་བ་དང༌། སྣ་ཚོགས་པའི་རྐྱེན་ལ་ལྟོས་པ་དང༌། རང་གི་ངོ་བོ་གཞན་དང་གཞན་དུ་འཕོ་ཞིང་འགྱུར་བ་དང༌། སྤྲོས་པ་དང་བཅས་པ་དང༌། སྐད་ཅིག་སྐད་ཅིག་གིས་སྐྱེ་ཞིང་འཇིག་པའི་མི་རྟག་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ།། །།

དྲི་བ་ལྔ་བ་ནི། བདག་མེད་གཉིས་ཀྱི་དགག་བྱ་དང་དེ་གཉིས་དགག་བྱ་དང་སྟོང་གཞི་གང་གི་སྒོ་ནས་འཇོག་པ་ཡིན་པའི་སྒྲུབ་བྱེད་གང་ཡིན་ཞེས་པའི་ལན།

དྲི་བ་ལྔ་བ་ནི། བདག་མེད་གཉིས་ཀྱི་དགག་བྱ་དང་དེ་གཉིས་དགག་བྱ་དང་སྟོང་གཞི་གང་གི་སྒོ་ནས་འཇོག་པ་ཡིན་པའི་སྒྲུབ་བྱེད་གང་ཡིན་ཞེས་པའི་ལན།

བདག་མེད་གཉིས་ཀྱི་དགག་བྱ་དང་དེ་གཉིས་དགག་བྱ་དང་སྟོང་གཞི་གང་གི་སྒོ་ནས་འཇོག་པ་ཡིན་པའི་སྒྲུབ་བྱེད་གང་ཡིན་ཞེས་པའོ། །དེའི་ལན་བཤད་པ་ལ། རང་ལུགས་ལ་དགག་བྱ་ལ་གང་ཟག་གི་བདག་མེད་ཀྱི་དགག་བྱ་དང་ཆོས་ཀྱི་བདག་མེད་ཀྱི་དགག་བྱ་གཉིས་ལས། དང་པོ་ནི། བརྟགས་པ་མཐའ་བཟུང་གིས་གང་ཟག་གི་བདག་བཞག་ཏུ་ཡོད་དེ། སྤྱིར་གང་ཟག་གི་བདག་ཏུ་གྲུབ་པའི་ཚད་མེད་ཀྱང་བརྟག་པ་མཐའ་བཟུང་གྀས་བཞག་ན་གང་ཟག་གི་བདག་ནི་རྟག་གཅིག་རང་དབང་ཅན་དུ་གྲུབ་པ་དེ་ཡིན་པའི་ཕྱིར་ཏེ། གང་ཟག་གི་བདག་ཏུ་གྲུབ་ན་བདག་འཛིན་གྱི་ཇི་ལྟར་འཛིན་པ་ལྟར་གྲུབ་དགོས་ལ། དེས་ནི་རྟག་གཅིག་རང་དབང་ཅན་དུ་གྲུབ་པར་འཛིན་པ་ཡིན་པའི་ཕྱིར་ཏེ། བདག་འཛིན་གྱིས་ཕུང་པོ་ལ་དམིགས་ནས་ངའོ་སྙམ་དུ་འཛིན་པའི་འཛིན་ཚུལ་ལ་སྔོན་གྱི་ང་དེ་ད་ལྟའི་ང་སོགས་ཡིན་སྙམ་པ་དེ་ལ་རྟག་པར་འཛིན་ཚུལ་དང༌། ང་སྙམ་པ་ཤར་དུས་དངོས་པོ་གང་ལ་ཡང་མ་འདྲེས་པའི་ཁོ་རང་གི་ངོ་བོ་ཚུགས་ཐུབ་ཅིག་ཡོད་པའི་ཁུངས་སུ་སྣང་བ་དེ་གཅིག་པུ་འཛིན་པ་ཡིན་ལ། ལོངས་སྤྱོད་དང་རྫས་འཁོར་སོགས་ལ་རང་ཉིད་བདག་པོའི་ཚུལ་དུ་ཡོད་པ་ལྟར་སྣང་བ་དེ་རང་དབང་ཅན་དུ་འཛིན་ཚུལ་ཞེས་བྱ་བ་ཡིན་པའི་ཕྱིར་ཏེ། རྗེ་སྒྲོལ་མགོན་གྱི་སྐྱེས་བུ་གསུམ་གྱི་མན་ངག་བདུད་རྩིའི་ཉིང་ཁུ་ལས། དེ་ལ་ངའམ་བདག་ཅེས་བྱ་བ་གནས་ལུགས་ལ་ཡོད་ན་ཏ་དེ་བདག་ཡིན་མོད། དེ་འདྲ་དངོས་པོ་ལ་ཡེ་མ་གྲུབ་པས་གང་ཟག་གི་བདག་དེ་འདྲ་ངོ་བོའི་སྒོ་ནས་སྟོན་རྒྱུ་མེད།འོན་ཀྱང་མེད་པ་ལ་ཡོད་པར་འཛིན་པའི་བདག་འཛིན་གྱི་འཛིན་སྟངས་རློམ་ཚུལ་དང་བསྟུན་ན་རྟག་པ་གཅིག་པུ་རང་དབང་ཅན་དུ་འཛིན་པ་ཡིན་ལ། དེ་ཡང་ན་ནང་ངས་འདི་བྱས། ང་ད་གཟོད་འདི་བྱེད་སྙམ་པ། ན་ནང་གི་ང་དེ་ད་ལྟའི་ང་འདི་ཡིན། འདི་ད་བཟོད་ཡང་འགྲོ་སྙམ་པ་དེ་རྟག་པར་འཛིན་པ་ཟེར། ང་སྙམ་པ་ཤར་དུས་ཕྱི་ནང་གི་དངོས་པོ་གཞན་སུ་དང་ཡང་མ་འདྲེས་པའི་ཁོ་རང་གི་ངོ་བོ་ཚུགས་ཐུབ་ཅིག་ཡོད་པའི་ཁོངས་སུ་སྣང་བ་དེ་གཅིག་པུར་འཛིན་པ་ཡིན། ཇི་ལྟར་རིགས་པའི་ལོངས་སྤྱོད་དམ། རྫས་སམ་འཁོར་ལ་རང་ཉིད་བདག་པོའི་ཚུལ་དུ་ཡོད་པ་ལྟར་སྣང་བ་དེ་རང་དབང་ཅན་དུ་འཛིན་པ་ཞེས་བྱ་བ་ཡིན། ཞེས་དང༌། ཐེག་མཆོག་དབུ་མ་ལས། བདག་དངོས་ནམ་ཡང་མི་སྲིད་དེ་ཙམ་ལ། །གང་ཟག་བདག་མེད་ཅེས་སུ་ཐ་སྙད་མཛད། །ཅེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། གང་ཟག་གི་བདག་ཏུ་ལྟ་བ་དེའི་ངོ་བོ་ནི། ཕུང་པོ་ལ་དམིགས་ནས་ངའོ་སྙམ་དུ་འཛིན་པ་ཡིན་ཞིང༌། ཁྱད་པར་རྟག་པ་ཡིན་པ། གཅིག་པུ་ཡིན་པ། རང་དབང་ཅན་ཡིན་པར་འཛིན་ཅིང༌། ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་མིན་ན་ལམ་རིམ་དེར་དེ་ལས་གཞན་མ་གསུངས་པའི་རྒྱུ་མཚན་མི་སྣང་ངོ༌། །དེ་ལྟར་བརྟག་པ་མཐའ་བཟུང་གྀས་གང་ཟག་གི་བདག་ཏུ་གྲུབ་པའི་ཚད་དེ་ལྟར་བཞག་པ་དེ་འཐད་དེ། གང་ཟག་གནས་ལུགས་སུ་གྲུབ་ནའང་རྟག་གཅིག་རང་དབང་ཅན་དུ་གྲུབ་དགོས་པའི་ཕྱིར་རོ། །གཉིས་པ་ནི། ཆོས་བདག་མེད་ཀྱང་ཆོས་ཀྱི་བདག་འཛིན་གྱིས་འཛིན་ཚུལ་དང་བསྟུན་ནས་བརྟག་པ་མཐའ་བཟུང་གིས་ཆོས་བདག་བཞག་ཏུ་ཡོད་དེ། ཕུང་སོགས་ཀྱི་ཆོས་རྣམས་བདེན་དངོས་ཚུགས་ཐུབ་ཀྱི་ངོ་བོར་རང་བཞིན་གྱིས་གྲུབ་པ་དེ། ཆོས་ཀྱི་བདག་ཅེས་བྱ་སྟེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དགག་བྱ་ཆོས་ཀྱི་བདག་འཛིན་ངོས་བཟུང་བ། ཞེས་པ་ནས། འདུས་བྱས་ཀྱི་དངོས་པོ་ཚུགས་ཐུབ་པ་རང་བཞིན་གྱིས་གྲུབ་པ་ཞིག་ཡོད་ན། ངོ་བོར་རང་བཞིན་གྱིས་གྲུབ་པ་དེ། ཆོས་ཀྱི་བདག་ཅེས་བརྗོད་པ་ཡིན་ནོ། །ཞེས་དང༌། ཆོས་ཀྱི་བདག་འཛིན་དང༌། དངོས་པོར་ཞེན་པ་དང༌། བདེན་འཛིན་དང༌། དངོས་པོར་འཛིན་པ་རྣམས་མིང་གི་རྣམ་གྲངས་སོ། །ཞེས་གསུངས་སོ། །ཁ་ཅིག་གིས་རྟག་གཅིག་རང་དབང་ཅན་དུ་གྲུབ་པར་འཛིན་པ་ལ་ཀུན་བརྟགས་ཀྱི་བློས་ཁྱབ་པར་འདོད་པ་ནི་གཞན་ཕྱོགས་ཀྱི་ཡིག་ཆའི་གསུང་ཟིན་ལྟར་ལམ་རིམ་གྱི་རྒྱས་འགྲེལ་དུ་གསུངས་པ་དང༌། སྐྱོ་མ་སྔ་བཙན་གྱི་དབང་དུུ་སོང་ནས་གཞན་ཕྱོགས་པའི་རྗེས་སུ་འབྲང་བ་ལས་མ་འདས་པ་ཡིན་ཏེ། ཐེག་མཆོག་དབུ་མའི་རབ་བྱེད་དྲུག་པའི་རྩ་འགྲེལ་ཐམས་ཅད་དུ་གང་ཟག་གི་བདག་མེད་ཀྱི་དགག་བྱ་ངོས་འཛིན་ཚེ་རྟག་གཅིག་རང་དབང་དུ་གྲུབ་པ་དགག་བྱ་རགས་པ་ཡིན་པ་དང༌། དེ་འཛིན་པའི་བློ་དེ་བདག་འཛིན་རགས་པ་ཡིན་པ་དང་དེ་ལ་ཀུན་བཏགས་ཀྱི་བློས་ཁྱབ་པ་གསུངས་ཟིན་ཙམ་ཡང་མེད་ལ། དེ་ལྟར་རང་ལུགས་ཀྱི་སྔོན་བྱོན་ཚད་མའི་སྐྱེས་བུ་གང་གི་གསུང་ཟུར་ཙམ་ཡང་མི་སྣང་བའི་ཕྱིར། རྒྱས་པར་རྗེ་སྒྲོལ་མགོན་གྱི་ལམ་རིམ་དང༌།ཐེག་མཆོག་རྩ་འགྲེལ་ལས་ཤེས་པར་བྱའོ། །དེས་ན་རང་ལུགས་ཀྱི་གསུང་རབ་ཀྱི་ཐ་སྙད་ལ་མ་གྲགས་པ་རྣམས་སྐབས་ཐམས་ཅད་དུ་དགོས་མེད་དུ་དོར་བར་བྱའོ། །ཡང་ན་སྣང་གྲགས་ཀྱི་ཆོས་ཀུན་གནས་ལུགས་སུ་གྲུབ་པ་དེ་བཞག་ཆོག་གོ ། གོང་དུ་བཞག་པའི་རྟག་གཅིག་རང་དབང་ཅན་དུ་གྲུབ་པའི་བདག་དེ་མེད་པའི་གང་ཟག་གི་བདག་མེད་ནི་ཉན་རང་རྣམས་ཀྱིས་རྟོགས་པའི་གང་ཟག་གི་བདག་མེད་ཡིན་ལ། གནས་ཚུལ་ལམ་གཤིས་ལུགས་ལ་ང་བདག་ཏུ་གྲུབ་པ་ནི་སྤྲོས་བྲལ་གྱི་གང་ཟག་གི་བདག་མེད་ཀྱི་དགག་བྱ་དང༌། གནས་ལུགས་ལ་ང་བདག་གང་ཡང་མ་གྲུབ་པ་ནི་སྤྲོས་བྲལ་གྱི་གང་ཟག་གི་བདག་མེད་ཡིན་ལ།དེ་ཐེག་ཆེན་གྱི་བསྒོམ་བྱ་དང་ཆོས་ཀྱི་བདག་མེད་ཀྱི་ནང་དུ་འདུ་བའི་ཕྱིར་ཏེ། ཤེས་རབ་སྙིང་པོའི་ཚིག་འགྲེལ་རྨད་དུ་བྱུང་བ་ལས། གང་ཟག་བདག་མེད་བྱང་ཆུབ་སེམས་དཔས་མི་སྒོམ་པ་ལྟར་གསུངས་པ་ནི། དགག་གཞི་ཕུང་པོ་ཡོད་པར་བྱས་ནས་དེའི་སྟེང་དུ་ང་བདག་མེད་པར་སྒོམ་པའི་གང་ཟག་གི་བདག་མེད་སྒོམ་ཚུལ་དེ་འདྲ་མི་བྱེད་ཅེས་པའི་དོན་ཡིན་གྱི། སྤྲོས་བྲལ་གྱི་རྣམ་པ་ཅན་གྱི་གང་ཟག་གི་བདག་མེད་ནི་རྒྱལ་སྲས་རྣམས་ཀྱི་བསྒོམ་བྱ་ཁོ་ནའོ། །གནས་ཚུལ་ལ་ང་བདག་གང་ཡང་མ་གྲུབ་པ་ནི། གང་ཟག་གི་བདག་མེད་ཡིན་ལ། གནས་ཚུལ་ལ་སྣང་གྲགས་ཀྱི་ཤེས་བྱ་གང་ཡང་ཡོད་མ་མྱོང་བ་ནི་ཆོས་ཀྱི་བདག་མེད་ཡིན་པས། སྔ་མ་ཕྱི་མའི་ནང་དུ་འདུས་པའི་ཕྱིར་ཆོས་ཀྱི་བདག་མེད་བསྒོམས་པས་གང་ཟག་གི་བདག་མེད་སྒོམ་པར་ཤུགས་ལ་འགྲུབ་བོ། །ཞེས་གསུངས་པའི་ཕྱིར་རོ། །ཁ་ཅིག་གིས་ལུང་འདིས་ཡོངས་གྲུབ་སྟོང་གཞི་བཟུང་ནས་དེ་གང་ཟག་གིས་སྟོང་བ་གཏན་ལ་ཕབ་པ་མ་གོ་བར་སྣང་ངོ༌། ཆོས་ཀྱི་བདག་མེད་གཙོ་བོ་ནི་དོན་དམ་གྱི་གཞི་ཡིན་ནོ། །གྲུབ་མཐའ་བསྲེ་སླད་མེད་པར་བདག་མེད་གཉིས་སྟོང་གཞི་ཙམ་གྱིས་སོ་སོར་བཞག་པ་མ་ཡིན་པར་དགག་བྱའི་སྒོ་ནས་བཞག་པ་ཡིན་ཏེ། དབུ་མའི་མན་ངག་ཁྱད་འཕགས་ལས།ཆོས་ཀུན་བདག་མེད་གཉིས་ཀ་ཡིན་པའི་ཕྱིར། །དགག་བྱ་ལོག་ཚུལ་སྒོ་ནས་ལྡོག་པའི་དབྱེ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། ཆོས་ཀུན་བདག་མེད་གཉིས་ཀ་ཡིན་པའི་ཕྱིར། །ངོ་བོའི་སྒོ་ནས་དབྱེ་བ་ཡོད་མིན་ཏེ། །དགག་བྱ་ལོག་ཚུལ་སྒོ་ནས་ལྡོག་པའི་དབྱེ། །ཐེག་པ་ཆུང་དང་ཆེན་པོའི་རིགས་སོ་སོར། །རྗེས་སུ་བཟུང་ཕྱིར་རྒྱལ་བའི་འདི་གཉིས་གསུངས། །འདི་ཡི་ཡུལ་གྱི་དགག་བྱ་དངོས་མི་སྲིད། །ཅེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དེས་ན་ཆོས་ཐམས་ཅད་གང་ཟག་གི་བདག་མེད་ཡང་ཡིན། ཆོས་ཀྱི་བདག་མེད་ཀྱང་ཡིན་ཡང༌། དགག་བྱ་བདེན་གྲུབ་ལོག་པའི་ལྡོག་ཆ་ནས་ཆོས་ཀྱི་བདག་མེད་དེ་དགག་བྱ་ལོག་ཚུལ་གྱི་སྒོ་ནས་ལྡོག་པས་དབྱེ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ལུང་དེ་དག་གིས་དགག་བྱའི་སྒོ་ནས་བཞག་པའི་བདག་མེད་གཉིས་བསྟན་ནས་དེ་གཉིས་ཐེག་པ་ཆེ་ཆུང་ལ་སོ་སོར་བསྟན་ན་ཉན་རང་གིས་སྤྲོས་བྲལ་གྱི་ཆོས་ཀྱི་བདག་མེད་མ་རྟོགས་ཀྱང་ཕུང་སོགས་བདེན་མེད་རྟོགས་པ་སོགས་འདོད་པ་ནང་འགལ་བར་འགྱུར་རོ། །བདག་མེད་གཉིས་ཕྲ་རགས་མེད་པར་ཁས་བླངས་ནས་ཉན་རང་གིས་ཆོས་ཀྱི་བདག་མེད་མ་གཏོགས་པར་འདོད་པའི་རང་སྡེ་མཁས་པ་མེད་ལ། ཆོས་ཀྱི་བདག་མེད་མ་རྟོགས་པའི་རྒྱུ་མཚན་སྤྲོས་བྲལ་གྱི་ཆོས་ཀྱི་བདག་མེད་མ་རྟོགས་པའི་རྒྱུ་མཚན་ཡིན་ན་གང་ཟག་གི་བདག་མེད་ཡང་མ་རྟོགས་པར་ཐལ། སྤྲོས་བྲལ་གྱི་གང་ཟག་བདག་མེད་མ་རྟོགས་པའི་ཕྱིར་ཟེར་ན་རིགས་པ་མཚུངས་པའོ། །དེས་ན་བདག་མེད་གཉིས་དགག་བྱ་ལོག་ཚུལ་གྱི་སྒོ་ནས་བཞག་པ་ལེགས་བཤད་དུ་ཤེས་པར་བྱའོ། །གང་ཟག་གི་བདག་མེད་ལ་ཕྲ་རགས་བཞག་པ་གཞན་གཞུང་དང་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་གཞུང་འགའ་ཞིག་ན་གསལ་ཀྱང་རང་གཞུང་ཚད་ཐུབ་གང་ན་ཡང་མི་གསལ་བས་ཐ་སྙད་དེ་ལྟར་རེ་ཞིག་མ་མཛད་པའོ། །འདི་དག་རིགས་ལམ་ལས་དྲངས་ཏེ་བཤད་ན་ལེགས་པར་བཤད་རྒྱུ་ཞིག་ཡོད་མོད་རེ་ཞིག་དགོས་པ་ཆེར་མ་མཆིས་པས་དེ་ཙམ་མོ། །ཟུར་གནས་ཆོས་མཆེད་དམ་པ་རྣམས་ཀྱིས་ལེགས་བཤད་ལ་ལེགས་བཤད་དུ་གོ་བར་གྱིས་ཤིག། །།

དྲུག་པ་རྒྱུ་མཚན་ཕལ་དང་མིང་ནི་ཀུན་བརྟགས་ཡིན། །ཞེས་པའི་སྐབས་ནས་བསྟན་པའི་མིང་གི་དོན་ཇི་ལྟར་ཡིན་ཞེས་པའི་ལན།

དྲུག་པ་རྒྱུ་མཚན་ཕལ་དང་མིང་ནི་ཀུན་བརྟགས་ཡིན། །ཞེས་པའི་སྐབས་ནས་བསྟན་པའི་མིང་གི་དོན་ཇི་ལྟར་ཡིན་ཞེས་པའི་ལན།

ཞེས་པའི་སྐབས་ནས་བསྟན་པའི་མིང་གི་དོན་ཇི་ལྟར་ཡིན་ཞེས་པའོ། །དེའི་ལན་ནི། སྔར་གོང་དུ་བཤད་པ་ལྟར་ཆོས་ལྔའི་ཡ་གྱལ་གྱི་མིང་གི་ངོ་བོ་ནི་རྒྱུ་མཚན་ལ་བརྟགས་པའི་བླ་དང་ཚིག་སྤྱི་སྣང་བ་ནི་མིང་དུ་བརྗོད་དེ། དཔེར་ན་བུམ་པ་འཛིན་པའི་རྣམ་རྟོག་གི་འཛིན་སྟངས་ཀྱི་བཟུང་བྱ་དེ་ལ་བུམ་པ་ཞེས་པའི་མིང་འདོགས་ཤིང༌། དེ་ཡང་རྣ་བར་ཚོར་བ་དེ་མ་ཡིན་པར་དེའི་སྒྲ་སྤྱི་བློ་ལ་སྣང་བ་ལྡན་མིན་འདུ་བྱེད་ཞིག་ཡིན་ཏེ། ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་༼མདོ་སྡེ་ཆ་པོད་ཤོག་གྲངས་༢༧༦༽ལས། གང་རྒྱུ་མཚན་དེ་ཉིད་ལ་བུམ་པ་ཞེས་བྱ་བ་ལ་སོགས་པའི་མིང་ཡོད་པས་འདི་ནི་དེ་བཞིན་གྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བ་དེ་ནི་མིང་ཞེས་བྱ་བ་སྟེ། མིང་མང་པོ་བཏགས་ནས་རྒྱུ་མཚན་རྣམས་གསལ་བར་བྱེད་པའོ། །ཞེས་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། མིང་ནི་གཟུགས་ཞེས་བྱ་བ་དང༌། ལྷས་བྱིན་ཞེས་བྱ་བ་ལ་སོགས་པ་ཆོས་དང་གང་ཟག་གི་ཚིག་བླ་དྭགས་རྣམས་སོ། །ཞེས་གསུངས་སོ། །སྤྱིར་རང་ལུགས་ལ་མིང་ནི་བློ་ལ་རྣམ་པར་སྣང་བ་སྒྲ་སྤྱི་ལྡན་མིན་འདུ་བྱེད་དོན་གྱི་ངོ་བོ་སྟོན་པར་བྱེད་པ་ཞིག་ཡིན་ཏེ། ལྡན་མིན་འདུ་བྱེད་ཉེར་གསུམ་བཤད་པའི་སྐབས་སུ་ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། མིང་གི་ཚོགས་གང་ཞེ་ན།ཤེས་བྱའི་ཆོས་རང་གི་མཚན་ཉིད་འཛིན་པ་ཕུང་བོ་ལ་སོགས་པ་རྣམས་ཀྱི་ངོ་བོ་ཉིད་བརྗོད་དུ་མེད་ཀྱང་མིག་དང་རྣ་བ་ཞེས་སོགས་ཆོས་ཀྱི་ངོ་བོ་ལྔ་དང་མི་ཞེས་སོགས་གང་ཟག་གི་ངོ་བོ་ཉིད་དུ་སྒྲོ་བཏགས་ནས་བརྗོད་པ་ཉིད་ཀྱི་ཚིགས་བླ་དྭགས་ཏེ། བརྡས་ཐ་སྙད་འདོགས་པའི་གནས་སྐབས་ལ། བརྗོད་བྱ་རྗོད་བྱེད་ལ་བློ་གཞོལ་བར་བྱེད་པས་ན་མིང་ཞེས་བྱ་ཞིང༌།ཞེས་པ་ནས། མིང་གིས་ནི་སྒྲ་དང་དོན་གྱི་ངོ་བོ་ཙམ་རིག་པར་བྱེད་ལ། ཞེས་དང༌། བསྟན་བཅོས་ཀྱི་ངོ་བོ་བཤད་པའི་སྐབས་སུ་དེ་ལས། ངོ་བོ་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས་མིང་གི་ཕྲེང་བ་ལྡན་མིན་འདུ་བྱེད་ཀྱིས་བསྡུས་པར་འདོད་ཅིང༌། མདོ་སྡེ་བ་སྒྲ་རང་གི་མཚན་ཉིད་གཞུང་ལུགས་ཀྱི་ཚད་དང་མཉམ་པ་གཟུགས་ཀྱི་ཕུང་བོས་བསྡུས་པར་འདོད་དེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ནི། །གང་དག་ཐུབ་པས་གསུངས་དེ་རྣམས། །ཚིག་གམ་མིང་ཡིན་དེ་དག་ཀྱང༌། །གཟུགས་སམ་འདུ་བྱེད་དག་ཏུ་འདུས། །ཞེས་པ་ལྟར་རོ། །ཐེག་ཆེན་པའི་ལུགས་ཀྱིས༼ཐེག་བསྡུས་དང་བཤད་སྦྱར།༽རྐྱང་བ་དང་ཚིགས་སུ་བཅད་པའི་སྒྲར་སྣང་བ་འདོད་པའི་དོན་གྱི་རྗེས་སུ་འཇུག་པ་ཉན་པ་པོའི་རྣམ་པར་རིག་པའི་ཚོགས་ཞེས་པར་འདོད་ཅིང༌། དབུས་མཐའི་འགྲེལ་བཤད་དུའང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པར་བྱེད་པའི་སྒྲའི་ཁྱད་པར་དུ་སྣང་བའི་རྣམ་པར་རིག་པའི་ཚོགས། ཞེས་དང༌།ཐེག་མཆོག་དབུ་མ་ལས། མིང་ནི་ཀུན་བརྟགས་ཡིན། ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། མིང་ཚིག་ཡི་གེ་ལ་སོགས་པ་ཡང་སྒྲ་སྤྱི་ཙམ་བློ་ལ་ཤར་བ་ལ་དེར་བཏགས་པའི་ཕྱིར་རོ། །ཞེས་གསུངས་སོ། །ཐེག་མཆོག་དབུ་མའི་ཟིན་བྲིས་ལས། མིང་དོན་གཉིས་གོ་གཅིག་པ་ནི་མ་ཡིན་ཏེ། དེ་ལྟ་ན་མེ་ཞེས་བརྗོད་པ་ན་ཚ་ཞིང་བསྲེག་པའི་དངོས་པོ་དེ་དང་གཅིག་ཡིན་པས་ཁ་ཚིག་པར་ཐལ་བ་དང༌། ཞེས་མིང་སྒྲ་རང་མཚན་པ་མ་ཡིན་པར་སྒྲ་སྤྱི་ཡིན་ན་མིང་དེ་དོན་དེ་ཡིན་ན་མེ་ཞེས་བརྗོད་པའི་ཚེ་ཁ་ཚིག་པར་ཐལ་བ་བཏང་ཚུལ་ལ་དཔྱད་དགོས་ཏེ། མིང་སྒྲ་སྤྱི་ཡིན་ན་ཁ་ནང་དུ་ཡོད་དགོས་པའི་ངེས་པ་མེད་ལ། མིང་སྒྲ་རང་མཚན་པ་ཡིན་ན་དེ་ལྟར་སྐྱོན་གཏོང་ལུགས་ཡོད་ཀྱང་དེ་སྒྲ་རང་མཚན་པ་མ་ཡིན་པའི་ཕྱིར་རོ། །མིང་འདི་ལ་ད་དུང་དཔྱད་རྒྱུ་ཞིག་སྣང་མོད་དྲི་བ་བཅུ་གསུམ་པའི་ལན་གྱི་སྐབས་སུ་འཆད་པར་འགྱུར་རོ།། །།

དྲི་བ་བདུན་པ་ནི། ཐེག་མཆོག་དབུ་མ་ལས། རྒྱུ་མཚན་ནང་ཚན་འཛིན་པ།

དྲི་བ་བདུན་པ་ནི། ཐེག་མཆོག་དབུ་མ་ལས། རྒྱུ་མཚན་ནང་ཚན་འཛིན་པའི་ཆ་རྣམས་ནི། །རྫས་ཡོད། ཅེས་པའི་སྐབས་ཀྱི་རྫས་ཡོད་ཅེས་པ་གང་ལ་ངོས་འཛིན་དང་དེའི་ཚད་དང་མཚན་གཞིར་ཞོག་ཅེས་པའི་ལན།

ཐེག་མཆོག་དབུ་མ་ལས། རྒྱུ་མཚན་ནང་ཚན་འཛིན་པའི་ཆ་རྣམས་ནི། །རྫས་ཡོད། ཅེས་པའི་སྐབས་ཀྱི་རྫས་ཡོད་ཅེས་པ་གང་ལ་ངོས་འཛིན་དང་དེའི་ཚད་དང་མཚན་གཞི་ཞོག་ཅེས་པའོ། །དེའི་ལན་བཤད་པ་ལ་རྫས་ཡོད་ཀྱི་ངོ་བོའི་སྒོ་ནས་ཚད་དང༌། དབྱེ་བ་བཤད་པའི་སྒོས་མཚན་གཞི་བཞག་པའོ། །དང་པོ་ནི། བསྡུ་བ་ལས། གང་ཅི་ཡང་རུང་སྟེ། དེ་ལས་གཞན་པ་དག་ལ་མི་ལྟོས་ཤིང༌། དེ་ལས་གཞན་པ་དག་ལ་མི་བརྟེན་པར་རང་གི་མཚན་ཉིད་འདོགས་པར་བྱེད་པ་དེ་ནི་མདོར་ན་རྫས་སུ་ཡོད་པ་ཡིན་པར་རིག་པར་བྱའོ། །གང་ཅི་ཡང་རུང་སྟེ། དེ་ལས་གཞན་པ་དག་ལ་ལྟོས་ཤིང༌། དེ་ལས་གཞན་པ་དག་ལ་བརྟེན་ནས་རང་གི་མཚན་ཉིད་འདོགས་པར་བྱེད་པ་དེ་ནི། མདོར་ན་བཏགས་པའི་ཡོད་པ་ཡིན་པར་རིག་པར་བྱ་ཡི་རྫས་སུ་ཡོད་པ་ནི་མ་ཡིན་ཏེ།ཞེས་གསུངས་པ་ལྟར། གཟུགས་ཤེས་གཉིས་རང་གྲུབ་བྱེད་ཀྱི་རྫས་གཞན་ལ་བཏགས་མི་དགོས་པར་རང་གྲུབ་བྱེད་ཀྱི་དགོས་རྫས་ཡོད་པས་རྫས་ཡོད་ཅེས་བྱའོ། །ལྡན་མིན་འདུ་བྱེད་རྣམས་རང་གྲུབ་བྱེད་ཀྱི་དགོས་རྫས་མེད་པར་གཟུགས་ཤེས་གང་རུང་གི་གནས་སྐབས་ལ་བཏགས་པ་ཡིན་པས་བཏགས་ཡོད་ཅེས་བྱའོ། །ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། མཚན་ཉིད་ནི། ཆོས་གང་ཞིག་རང་གི་ངོ་བོ་ཡིད་ཀྱི་དབང་པོའམ་བློའི་ཡུལ་དུ་གྱུར་བ་དེ་བརྗོད་པ་དང་སྒྲ་དང་མིང་ལ་སོགས་པའི་ཐ་སྙད་ལའང་མི་ལྟོས་ཤིང༌། དེ་ལས་གཞན་རྟགས་དང་དཔེ་དང་མཚན་ཉིད་ལ་སོགས་པ་རྣམ་པར་འཇོག་བྱེད་དོན་གཞན་ལ་མི་ལྟོས་པ་ནི་རྫས་སུ་ཡོད་པའོ། །དེའང་བུམ་པ་བློ་ཡུལ་དུ་བྱུང་བ་ལྟོ་ལྟིར་གྱི་གཟུགས་ལ་ལྟོས་པ་ལྟ་བུ་མ་ཡིན་པར་གཟུགས་སོགས་དོན་རང་མཚན་མངོན་སུམ་དུ་མཐོང་བ་ལྟ་བུ་སྟེ། ཞེས་དང༌། ཆོས་གང་ཡིད་ཀྱི་དབང་པོའམ་བློའི་ཡུལ་དུ་གྱུར་བ་དེ་བརྗོད་པ་སྒྲ་དང་མིང་ལ་སོགས་པ་ལ་ལྟོས་ཤིང༌། དེ་ལས་གཞན་གདགས་གཞི་ལ་སོགས་པ་རྣམ་པར་འཇོག་བྱེད་རྒྱུ་མཚན་ལ་ལྟོས་པ་དང་བཅས་པ་ནི་བཏགས་པའི་ཡོད་པའི་མཚན་ཉིད་ཅན་ཏེ། ཕུང་པོ་ལ་གང་ཟག་ཏུ་བཏགས་པའམ། ལྟོ་ལྟིར་བ་ལ་བུམ་པར་བཏགས་པ་ལྟ་བུའོ། །ཞེས་གསུངས་སོ། །རྫས་བཏགས་ཀྱི་ཁྱད་པར་རང་ཉིད་ཚད་མས་ངེས་པ་ལ་ཆོས་གཞན་ཚད་མས་ངེས་པ་ལ་ལྟོས་དགོས་མི་དགོས་ཙམ་གྱིས་འཇོག་པ་ཡོད་ཀྱང་དེའི་སྒོ་ནས་འཇོག་དཀའ་བར་སྣང་ངོ༌། །གཉིས་པ་དབྱེ་བ་བཤད་པའི་སྒོས་མཚན་གཞི་བཞག་པ་ནི། རྫས་ཡོད་ལ་དབྱེ་ན་གཉིས་ཡོད་དེ། གཟུགས་ཀྱི་རྫས་སམ་བེམ་པོའི་རྫས་དང༌། ཀུན་རྫོབ་ཤེས་པའི་རྫས་དང་གཉིས་ཡོད་དེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དེ་ལ་རྫས་ཀྱི་དངོས་པོ་ནི་འབྱུང་བའི་རྡུལ་ལ་སོགས་པ་རྣམས་བེམ་པོའི་རྫས་དང༌། ཡུལ་གྱི་རྣམ་པ་ཤེས་པ་ལ་འཆར་ཞིང་རྣམ་པར་རིག་པ་ལ་ནི་ཤེས་པའི་རྫས་ཞེས་འཇོག་གོ ། ཞེས་གསུངས་སོ། །བཏགས་ཡོད་ལ་དབྱེ་ན་གཉིས་ཡོད་དེ། བཏགས་ཡོད་ཀྱི་དངོས་པོ་དང༌། བཏགས་ཡོད་འབའ་ཞིག་པ་གཉིས་ཡོད་པའི་ཕྱིར་ཏེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཆོས་ཁམས་ལ་ཡང༌། མཚན་གཞིའི་ཆོས་དང༌། མཚན་ཉིད་ཀྱི་ཆོས་དང༌། དངོས་པོ་མེད་པ་སྟེ་གསུམ་དུ་འགྱུར་རོ། །དང་པོ་ནི་རྫས་ཡོད་ཀྱི་ཆོས་རྣམས་སོ། །གཉིས་པ་ནི་བཏགས་ཡོད་ཀྱི་ཆོས་རྣམས་སོ། །གསུམ་པ་ནི་བཏགས་ཡོད་འབའ་ཞིག་གོ ། ཞེས་དང༌། སྤྱིར་སྐྱེ་འཇིག་ཅན་ལ་རྫས་ཡོད་དང་བཏགས་ཡོད་གཉིས་སུ་འདོད་པ་ཡིན་ཞིང༌། དེ་ལ་ཡང་དཔེར་ན་བུམ་པ་ལྟ་བུ་ཞིག་རྫས་ཀྱི་སྐྱེ་འཇིག་ཅན་ཡིན་ལ་བུམ་པའི་སྐྱེ་བ་དང་འཇིག་པ་སོགས་ནི་དེའི་གནས་སྐབས་ལ་སྒྲོ་བཏགས་པའི་བརྟགས་ཆ་ཡིན་པའི་ཕྱིར་རྫས་ཡོད་མ་ཡིན་ནོ། །གནས་པ་ལ་ནི་རྫས་ཡོད་དང་བཏགས་ཡོད་དང༌། དོན་དམ་ཞེས་བྱ་བ་རྣམ་པ་གསུམ་དུ་ཡོད་པ་ཡིན་ལ། ཞེས་གསུངས་སོ། །སྐབས་འདིར་དཔྱད་པར་བྱ་བ་འདི་ཡོད་དེ། མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས།རྫས་ཡོད་དང་བཏགས་ཡོད་ཀྱི་འཇོག་ཚུལ་ནི། དོན་བྱེད་ནུས་པ་དང༌། རིགས་པའི་གྲུབ་པ་དང་བརྟན་པ་དང་རང་སྐྱ་ཐུབ་པའི་རྫས་ཡོད་བཞི་ལས། འདིར་ཕྱི་མ་ཁོ་ནས་རྫས་ཡོད་དུ་འཇོག་སྟེ། གཞན་དུ་ན་ཐམས་ཅད་ཀྱང་དོན་བྱེད་ནུས་པ་དང་རིགས་པའི་གྲུབ་པའི་ཕྱིར་རྫས་ཡོད་དུ་ཐལ་ཞིང༌། འཇིག་ཚོགས་ལྟ་བའང་བརྟན་པའི་ཕྱིར་རྫས་ཡོད་དུ་ཐལ་བར་འགྱུར་རོ། །དེ་བཞིན་དུ་བཏགས་ཡོད་ཀྱང་བཞི་ལས། གནས་སྐབས་ལ་བཏགས་པ་ལྡན་མིན་འདུ་བྱེད་ལྟ་བུ་དང༌། མེད་བཞིན་དུ་སྒྲོ་བཏགས་པ་བདག་དང་རི་བོང་གི་རྭ་ལྟ་བུ་དང༌། དེ་ལས་གཞན་པ་ལ་བཏགས་པ་བུམ་པ་ལྟ་བུ་མ་ཡིན་གྱི། ཆ་ལ་བཏགས་པ་གདགས་གཞིའི་ཆོས་ཀྱི་དུམ་བུ་མ་དོར་བ་སྟེ། སློབ་དཔོན་བློ་བརྟན་གྱིས། གང་ཞིག་གང་གི་རྒྱུད་ལོགས་སུ་གྲུབ་པ་རྫས་ཡོད་དང༌། རང་གི་རྒྱུད་ལོགས་སུ་མ་གྲུབ་པ་བཏགས་ཡོད་དུ་བཤད་པ་ལྟར་རོ། །དེ་ལ་རྫས་ཡོད་ནི་ལྔ་ཚན་དང་བོ་གཉིས་དང༌། གཏི་མུག་མེད་པ་དང༌། བག་ཡོད་དང་བཏང་སྙོམས་དང་རྣམ་པར་མི་འཚེ་བ་མ་གཏོགས་པའི་དགེ་བ་བདུན་དང༌། ལྟ་བ་མ་གཏོགས་པ་ཉོན་མོངས་པ་ལྔ་དང་ཉི་ཤུ་རྩ་གཉིས་སྟེ། གཞན་ལ་མ་ལྟོས་པར་རང་རྐྱ་ཐུབ་པའི་ཕྱིར་རོ། །བཏགས་ཡོད་ནི། དགེ་བ་ལྷག་མ་བཞི་དང༌། ཉོན་མོངས་པའི་ལྟ་བ་དང༌། ཉེ་བའི་ཉོན་མོངས་པ་ཉི་ཤུ་དང༌། བཞི་གཞན་འགྱུར་དང་ཉི་ཤུ་རྩ་དགུ་སྟེ། རང་གི་ངོ་བོ་བློ་ཡུལ་དུ་འགྱུར་བ་གདགས་གཞིའི་ཆོས་ངེས་པ་ལ་ལྟོས་པའི་ཕྱིར་རོ། །བསྡུ་བར། ངོ་ཚ་མེད་པ་དང་ཁྲེལ་མེད་པ་དང་མ་དད་པ་དང་ལེ་ལོ་རྫས་ཡོད་དུ་གསུངས་པ་ནི་ནུས་པ་ཆེ་བ་ལ་དགོངས་པའོ། །ཞེས་སེམས་བྱུང་ཉི་ཤུ་རྩ་དགུ་བཏགས་ཡོད་གསུངས་པ་ནི། སྤྱིར་བཏགས་ཡོད་ཡིན་ན་ཀུན་རྫོབ་ཀྱི་ཤེས་པ་ལ་རྫས་ཡོད་ཀྱིས་མ་ཁྱབ་པར་གྱུར་བས་བསྡུ་བ་སོགས་དང་འགལ་བར་སྣང་ལ། སྤྱིར་བཏགས་ཡོད་མ་ཡིན་པར་སེམས་བྱུང་ལ་རྫས་བཏགས་འཇོག་ཚུལ་རྣམ་གྲངས་པ་ཞིག་ཡིན་ན་གོང་གི་ལུང་དེས་སྤྱི་ལ་སྦྱར་ནས་རྫས་བཏགས་གསུངས་པ་མ་ཡིན་ནམ་ཆོས་བཟང་རིགས་པས་རྣམ་པར་དཔྱད་པའི་བློ་གྲོས་ཀྱི་འདབ་མ་རབ་ཏུ་རྒྱས་པའི་སྐལ་བཟང་རྣམས་ཀྱི་བགོ་སྐལ་དུ་བཞག་པའོ།། །།

དྲི་བ་བརྒྱད་པ་མིང་དང་རྒྱུ་མཚན་གཉིས་གཅིག་དང་ཐ་དད་གང་རུང་ཡིན་ནམ་གཅིག་དང་ཐ་དད་ཀྱི་དོན་ཇི་ལྟར་ཡིན་ཞེས་པ།

དྲི་བ་བརྒྱད་པ་མིང་དང་རྒྱུ་མཚན་གཉིས་གཅིག་དང་ཐ་དད་གང་རུང་ཡིན་ནམ་གཅིག་དང་ཐ་དད་ཀྱི་དོན་ཇི་ལྟར་ཡིན་ཞེས་པའོ། །

དེའི་ལན་བཤད་པ་ལ། རང་ལུགས་ལ་གཞུང་རྣམས་ཀྱི་དགོངས་པ་བརྟགས་ན་གཅིག་ཐ་དད་ཀྱི་དོན་ནི། སོ་སོ་བའི་ཆོས། ཐ་དད་ཀྱི་མཚན་ཉིད། སོ་སོ་བ་མ་ཡིན་པའི་ཆོས། གཅིག་གི་མཚན་ཉིད་བཞག་ན་འགལ་བ་མེད་པར་སྣང་སྟེ། གཏན་ཚིགས་ཀྱི་དོན་བསྡུས་རིན་ཕྲེང་ལས། གཅིག་དང་ཐ་དད་ལ་མཚན་ཉིད་རིམ་པ་ལྟར། ཆོས་གང་མིང་གཅིག་ལ་བརྟེན་ནས་དོན་སྤྱི་གཅིག་ཏུ་འཆར་དུ་རུང་བ་དང༌། མིང་སོ་སོ་ལ་བརྟེན་ནས་དོན་སྤྱི་སོ་སོར་འཆར་དུ་རུང་བའོ། །ཞེས་སོ། །སྤྱིར་གཞུང་རྣམས་སུ་ཐ་དད་ཀྱི་རྣམ་བཞག་གསུམ་མམ་བཞི་གསུངས་པ་ཡིན་ཏེ། ཆོས་ཀྱི་ཤན་འབྱེད་ལས། གཞུང་ལུགས་རྣམས་སུ་ཐ་དད་ཀྱི་རྣམ་བཞག་གསུམ་མམ་བཞི་གསུངས་པ་ལས་འདི་སྦྱང་བའི་གཞི་དང་སྦྱང་བྱའི་དྲི་མ་ནི་ངོ་བོ་ཐ་དད་དང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དང༌། མིང་གི་རྣམ་གྲངས་ཙམ་གྱི་ཐ་དད་རྣམས་གང་ཡང་མ་ཡིན་ལ་ཐ་དད་ཀྱང་ཡིན་པའི་ཕྱིར་ཏེ། ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཐ་དད་དོ། །སྦྱང་བྱ་དྲི་མ་དང་སྦྱོང་བྱེད་གཉིས་ཀ་ཀུན་རྫོབ་ཡིན་ཞིང་ཀུན་རྫོབ་ཏུ་ངོ་བོ་ཐ་དད་པ་ཡང་ཡིན་ནོ། །སྦྱང་གཞི་དང་སྦྱང་འབྲས་ནི་གཉིས་ཀ་དོན་དམ་པ་ཡིན་ཞིང་ངོ་བོ་གཅིག་པ་ཡང་ཡིན་ནོ། །ཞེས་གསུངས་སོ། །དེས་ན་མིང་དང་རྒྱུ་མཚན་གཉིས་ངོ་བོ་ཐ་དད་དང༌། ངོ་བོ་གཅིག་མ་ཡིན་པར་ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་སྙམ་སྟེ། ཐེག་མཆོག་དབུ་མ་ལས། མིང་དང་རྒྱུ་མཚན་དེ་ཉིད་གཞན་ཉིད་མིན། །དེ་བཞིན་ཉིད་དང་ཆོས་བཞིའང་བརྗོད་དུ་མེད། །ཅེས་དང༌། དེའི་ཐད་ཀྱི་ཟིན་བྲིས་ལས། མིང་དང་རྒྱུ་མཚན་གཉིས་གཅིག་དང་ཐ་དད་གང་ཡང་མིན་པས། དེ་ཉིད་གཞན་དུ་བརྗོད་དུ་མེད་པ་ཡིན་ཞིང་དེ་བཞིན་ཉིད་དང་ཆོས་བཞི་པོ་དེ་ཡང་དེ་བཞིན་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་ལ། དེའི་ཚུལ་འོག་བདེན་གཉིས་ཀྱི་སྐབས་སུ་འཆད་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟར་ཐེག་མཆོག་དབུ་མ་ལས། བདེན་པ་འདི་དག་གཅིག་པ་བཀག་པ་སྟེ། །ངོ་བོའི་སྒོ་ནས་གཅིག་དང་ཐ་དད་མིན། །གཅིག་ན་ཀུན་རྫོབ་མཐོང་བས་གྲོལ་བ་དང༌། །ཞེས་བདེན་གཉིས་ནི་ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་ནོ། །འོ་ན་གཞུང་དུ་མར་བདེན་གཉིས་གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་ཅན་ཡིན་པར་གསུངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་འདྲ་གསུངས་པ་རྣམས་ཀུན་རྫོབ་བདེན་པ་དང༌། དོན་དམ་བདེན་པ་གཉིས་ངོ་བོ་གཅིག་པ་ཡང་མ་ཡིན་ཞིང་ངོ་བོ་ཐ་དད་པ་ཡང་མ་ཡིན་པར་གསུངས་པ་ཡིན་ཏེ། དོན་དམ་ཡེ་ཤེས་འགྱུར་བ་མེད་པའི་ཆོས་དབྱིངས་ནི་རང་གི་ངོ་བོས་མི་སྟོང་བར་ཡོད་པ་ཡིན་ཞིང༌། ཀུན་རྫོབ་ཀྱི་ཆོས་རྣམས་གདོད་མ་ནས་རང་གི་ངོ་བོས་གྲུབ་པ་མེད་པའི་ཕྱིར། ཁྱབ་རྟགས་གཉིས་གྲུབ་སྟེ། བཀའ་བསྡུ་བཞི་བ་ལས། བདེན་གཉིས་ངོ་བོ་གཅིག་པ་མི་སྲིད་ལ། །ངོ་བོ་ཐ་དད་པ་ཡང་མ་ཡིན་ཞིང༌། །ཐ་དད་གཏན་ནས་མེད་པའང་མ་ཡིན་ཏེ། །ངོ་བོ་གཅིག་པ་བཀག་པའི་ཐ་དད་དོ། །འདི་ཉིད་ལ་ནི་ངོ་བོ་གཅིག་ཉིད་དང༌། །གཞན་དུ་བརྗོད་དུ་མེད་ཅེས་གསུངས་པ་སྟེ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། ཡེ་ཤེས་འགྱུར་མེད་ངོ་བོ་ཡོད་ན་ཡང༌། །གཅིག་ཤོས་ནམ་ཡང་གྲུབ་པ་མེད་པའི་ཕྱིར། །མེད་ལ་གཅིག་དང་ཐ་དད་གང་ཡང་མེད། །ཅེས་གསུངས་སོ། །དེས་ན་ངོ་བོ་གཅིག་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པར་གཅིག་པ་བཀག་པའི་ཐ་དད་ཀྱི་ཚུལ་འདི་ཉིད་ལེགས་པར་གྲུབ་སྟེ། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། ལུང་དེས་བདེན་གཉིས་ངོ་བོ་གཅིག་པ་དང༌། ངོ་བོ་ཐ་དད་པ་བཀག་པ་ཡིན་ཏེ། ཞེས་དང༌། ཆོས་ཉིད་རྣམ་འབྱེད་ལས། གཉིས་པོ་དག་ནི་གཅིག་ཉིད་དང༌། །སོ་སོ་བ་ཡང་མ་ཡིན་ཏེ། །ཡོད་པ་དང་ནི་མེད་པ་དག །ཁྱད་པར་ཡོད་དང་མེད་ཕྱིར་རོ། །ཞེས་དང༌། ཡང་རི་ཆོས་ལས། འདིས་ནི་ཆོས་དང་ཆོས་ཉིད་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་པ་དང༌། ཐ་དད་གཏན་མེད་དུ་འདོད་པ་ཡང་བསལ་བ་ཡིན་ཏེ། དེ་གཉིས་ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་པའི་ཕྱིར་རོ། །ཞེས་གསུངས་ལ། དོན་དམ་པའི་ཡོན་ཏན་རྣམས་གཅིག་གི་རྣམ་བཞག་འཇོག་ཀྱང་དོན་དམ་པར་གཅིག་དང་ཐ་དད་ཀྱི་སྤྲོས་པ་ཀུན་དང་བྲལ་བ་ཡིན་ཏེ། སྦྱོར་དྲུག་ངོ་སྤྲོད་ནང་མ་ལས།འདི་ལ་བརྗོད་པ། དུ་མར་སྣང་ཡང་དུ་མ་མིན། །གཅིག་པའི་རྣམ་བཞག་བྱེད་མོད་ཀྱང༌། །གཅིག་དང་ཐ་དད་ལ་སོགས་པ། །སྤྲོས་པའི་མཚན་མ་ཀུན་ལས་གྲོལ། །ཞེས་བྱ་བ་ཡིན་པས། རྣམ་འབྱོར་བའི་བློ་ངོ་ལ་རྟགས་བཅུ་ཐ་དད་དུ་འཆར་ཏེ། ཐ་དད་དུ་སྣང་བའི་ཆ་ནས་འཁྲུལ་པ་ཡིན་རང་བཞིན་དབྱེ་བ་མེད་པའི་རྟགས་བཅུ་ངོ་བོ་གཅིག་ཅེས་ཐ་སྙད་བྱ་ལ། དོན་དམ་པར་གཅིག་དང་ཐ་དད་གང་ཡང་བཞག་ཏུ་མེད་མོད། ཞེས་པ་ནས། གཅིག་པའི་རྣམ་བཞག་བྱས་ཀྱང་རྣམ་བཞག་འཐད་ལྡན་ཡིན། ཞེས་སོགས་དང༌། ཆོས་ཉིད་ལ་ངོ་བོས་དབྱེ་བ་མེད་ཀྱང་རྣམ་བཞག་འཇོག་པའི་ཚེ་ལྡོག་ཆ་ཙམ་གྱིས་དབྱེ་བས་ཀུན་རྫོབ་ཀྱི་སྣང་བ་ཐ་དད་པའི་ཆོས་ཉིད་དུ་འཇོག་པ་ལ་འགལ་བ་མེད་ཅིང༌། དོན་གྱི་སྙིང་པོ་ནི་འདི་ལྟ་བུ་ཡིན་ཏེ། ཆོས་དབྱིངས་གཅིག་ཉིད་རྣམ་པ་ཐམས་ཅད་པ་ཡིན་པ། ཞེས་གསུངས་སོ། །ཐ་དད་ཀྱི་རྣམ་བཞག་བཞི་གསུངས་པ་ལས། རྣམ་གྲངས་ཀྱི་ཐ་དད་ཡིན་ན་ཐ་དད་ཡིན་མི་དགོས་ཏེ། དོན་དམ་པའི་ཡོན་ཏན་རྣམས་རྣམ་གྲངས་སམ་རྣམ་པའི་སྒོ་ནས་ཐ་དད་ཡིན་ཀྱང་ཐ་དད་མ་ཡིན་ནོ། །ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ནི། དཔེར་ན་བྱས་མི་རྟག་གཉིས་ལྟ་བུ་ཡིན་ཏེ། ཚད་མ་རྣམ་འགྲེལ་ལས། དེ་ཕྱིར་ཁྱད་པར་གང་ཞིག་ཆོས། །གང་གིས་གོ་བར་གྱུར་བ་དེ། །དེ་ལས་གཞན་གྱིས་ནུས་མ་ཡིན། །དེས་ན་ཐ་དད་རྣམ་པར་གནས། །ཞེས་དང༌། ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་རིན་ཆེན་ཕྲེང་བ་ལས། མི་རྟག་པ་ཆོས་ཅན། བྱས་སོགས་སྒྲས་ཁྱོད་དངོས་སུུ་བརྗོད་པའི་ཚུལ་གྱིས་ཁྱོད་ཐུན་མོང་མིན་པར་གོ་ནུས་པ་མ་ཡིན་ཏེ། མི་རྟག་པ་ཞེས་པའི་སྒྲ་ལས་ཐུན་མོང་མ་ཡིན་པར་གོ་བྱ་ཡིན་པས་སོ། །བྱས་མི་རྟག་ཆོས་ཅན། ངོ་བོ་གཅིག་ཀྱང་ཐ་དད་དུ་རྣམ་པར་གནས་པར་ཐལ། ངོ་བོ་གཅིག་ཀྱང་ལྡོག་པ་སོ་སོ་དང་དངོས་མིང་སོ་སོའི་གོ་བྱ་ཡིན་པ་དེས་ནའོ། །ཞེས་གསུངས་སོ། །ངོ་བོ་ཐ་དད་པ་ནི་དཔེར་ན་ཀ་བུམ་གཉིས་ལྟ་བུའོ། །རྫས་ཐ་དད་ནི་ངོ་བོ་ཐ་དད་ཀྱི་ནང་དུ་འདུ་བ་ཡིན་ནོ།། །།

དྲི་བ་དགུ་བ་ནི། ཐེག་ཊཱིཀ་ལས། འདི་སྐབས་ཀྱི་མཚན་ཉིད་ཅེས་པའི་མཚན་ཉིད་དང་སྤྱིར་མཚན་ཉིད་གཉིས་ཀྱི་ཁྱད་པར་དང་དོན་སོ་སོ་ནས་ཞོག་ཅེས་པའི་ལན།

དྲི་བ་དགུ་བ་ནི། ཐེག་ཊཱིཀ་ལས། འདི་སྐབས་ཀྱི་མཚན་ཉིད་ཅེས་པའི་མཚན་ཉིད་དང་སྤྱིར་མཚན་ཉིད་གཉིས་ཀྱི་ཁྱད་པར་དང་དོན་སོ་སོ་ནས་ཞོག་ཅེས་པའི་ལན།

ཐེག་ཊཱིཀ་ལས། འདི་སྐབས་ཀྱི་མཚན་ཉིད་ཅེས་པའི་མཚན་ཉིད་དང་སྤྱིར་མཚན་ཉིད་གཉིས་ཀྱི་ཁྱད་པར་དང་དོན་སོ་སོ་ནས་ཞོག་ཅེས་པའོ། །དེའི་ལན་ནི་ཐེག་མཆོག་དབུ་མ་ལས། ཕྱི་མ་གཉིས་ནི་ཡུལ་དང་ཡུལ་ཅན་མཚན། །ཞེས་དང༌། དེའི་ཐད་ཀྱི་ཟིན་བྲིས་ལས། ཕྱི་མ་དེ་བཞིན་ཉིད་ནི་ཡང་དག་པའི་ཤེས་པ་གཉིས་ཡུལ་ཡུལ་ཅན་གྱི་མཚན་ཉིད་ཅན་ཡིན་ཏེ། ཡང་དག་པའི་ཤེས་པའི་སྤྱོད་ཡུལ་ནི་དེ་བཞིནཉིད་དང༌། དེ་བཞིན་ཉིད་ཡུལ་དུུ་བྱེད་པའི་ཡུལ་ཅན་ནི་ཡང་དག་པའི་ཤེས་པའི་མཚན་ཉིད་དོ། །འདིའི་སྐབས་ཀྱི་མཚན་ཉིད་ཅེས་པ་ཡང་ད་ལྟ་སྤྱི་ལ་གྲགས་པའི་མ་ཁྱབ་པ་དང༌། ཁྱབ་ཆེས་པ་དང༌། མི་སྲིད་པའི་སྐྱོན་གསུམ་དང་བྲལ་བའི་ངོ་བོ་ལ་སྒྲོ་འདོགས་གཅོད་པའི་མཚན་ཉིད་མ་ཡིན་གྱི་ཁྱད་གཞི་དེའི་སྟེང་དུ་ཁྱད་ཆོས་དེ་ལྡན་པ་ཙམ་ལ་མཚན་ཉིད་ཅེས་བཞག་གོ ། ཞེས་གསུངས་པ་ལྟར་སྐབས་འདིའི་མཚན་ཉིད་ནི་ཁྱད་གཞི་དེའི་སྟེང་དུ་ལྡན་པའི་ཁྱད་ཆོས་དེ་ཙམ་ལ་མཚན་ཉིད་ཅེས་བྱ་བའོ། །སྤྱིར་མཚན་ཉིད་ལ་འཇོག་ཚུལ་དུ་མ་ཞིག་ཡོད་དེ། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། སྤྱི་རིགས་ནས་གང་གིས་གང་མཚོན་པར་བྱེད་པ་དེ་དེའི་མཚན་ཉིད་དུ་ཤེས་པར་བྱ་ཞིང༌། དེ་ལ་ཚུལ་དུ་མ་ཡོད་དེ། རང་ཉིད་ཐུན་མོང་མིན་པར་མཚོན་པར་བྱེད་པ་རང་གི་མཚན་ཉིད་དང༌། དེ་དང་གཞན་ཐུན་མོང་དུ་མཚོན་པར་བྱེད་པ་སྤྱིའི་མཚན་ཉིད་དེ། རིམ་བཞིན་ཚ་སྲེག་གིས་མེ་དང་མི་རྟག་བདག་མེད་སོགས་ཀྱིས་དུ་མ་མཚོན་པ་བཞིན་ནོ། །ཞེས་པ་ནས། ཡང་གསུང་རབ་སྤྱི་དང་བསྟུན་ན་རང་བཞིན་གྱི་མཚན་ཉིད་ནི། མི་རྟག་པ་འདུས་བྱས་ཀྱི་མཚན་ཉིད་ཡིན་པ་སོགས་དང༌།དེ་མ་ཡིན་ལས་འབྱེད་པའི་མཚན་ཉིད་སྐད་ཅིག་མས་མི་རྟག་པ་མཚོན་པ་ལྟ་བུ་སྟེ་རྟག་པ་ལས་འབྱེད་པ་ལྟ་བུའོ། །སྔ་རབས་དག་མཚན་ཉིད་ཡིན་ན་རིགས་མི་མཐུན་ལས་འབྱེད་པ་ཁོ་ནར་རྣམ་བཞག་བྱས་པ་སོགས་ནོར་བའི་ཕྲེང་བ་དུ་མ་སྣང་སྟེ། ཞེས་དང༌། མཁས་པའི་དབང་བོ་བཅོམ་རལ་དང་དཔང་ལོ་ཙ་བ་ནི། མཚན་མཚོན་གཞི་གསུམ་བྱ་བ་མི་འཐད་དེ། རྒྱ་གར་མཁས་པས་མཚོན་བྱ་མཚན་གཞི་གཅིག་ཏུ་བཤད་པ་དང༌། སྐད་དོད་༼མཚན་ཉིད་ཀྱི་སྐད་དོད་ལ་ལྀ་ཊ་ལ་བྱེད་པ་སྟེ་ཀྲི་ཏ་དང་ཀཱུ་ཊ་ཕལ་ཆེ་བའོ། །ཞེས་པས་ཀྲི་ཏའི་རྐྱེན་བྱིན་ན་འདིས་མཚོན་པས་ཤེས་པར་བྱེད་པ་ལ་འཇུག་གོ །༽གཅིག་པ་དང་དོན་འདྲ་བས་སོ་གསུངས་སོ། །མ་ཁྱབ་ཁྱབ་ཆེ་མི་སྲིད་གསུམ་དང་བྲལ་བའི་མཚན་ཉིད་ཀྱི་དབང་དུ་བྱས་ན་གསུམ་དུ་རིགས་ཏེ་སྐད་ཅིག་མ་དེ་བུམ་པའི་སྐྱོན་གསུམ་བྲལ་གྱི་མཚན་ཉིད་མིན་པས་སོ། །ཞེས་དང༌། གཞི་ལམ་འབྲས་གསུམ་དྲིས་ལན་ཡིད་ཀྱི་མུན་སེལ་ལས། གསུང་རབ་དགོངས་འགྲེལ་དང་བཅས་པ་རྣམས་སུ་རང་གི་མཚན་ཉིད་དང༌། སྤྱིའི་མཚན་ཉིད་ཅེས་དང༌། རང་བཞིན་གྱི་མཚན་ཉིད་དང་རྣམ་པར་དབྱེ་བའི་མཚན་ཉིད་ཅེས་དང༌། རིགས་པའི་བསྟན་བཅོས་སུ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་དང་བྲལ་བའི་མཚན་ཉིད་བཤད།དེ་རྣམས་ནི་མཚོན་པར་བྱེད་པས་མཚན་ཉིད་ཅེས་བྱ་ཞིང༌། ཞེས་པ་ནས། ཡང་བདག་མེད་སོགས་ཆོས་ཅན་ཐམས་ཅད་ལ་སྤྱི་ཁྱབ་ཏུ་ཡོད་པའི་ཆོས་ཡིན་པས་སྤྱིའི་མཚན་ཉིད་དམ་རང་བཞིན་ཏེ་ཆོས་ཅན་ཐམས་ཅད་ཀྱི་གནས་ལུགས་ཡིན་པས་རང་བཞིན་གྱི་མཚན་ཉིད་ཡང་ཡིན་ནོ། །བརླན་ཞིང་གཤེར་བ་ཆུ་ཁོ་ན་ལ་ཡོད་པས་ཆུའི་རང་གི་མཚན་ཉིད་དེ་སྔར་ལྟར་རང་བཞིན་གྱི་མཚན་ཉིད་ཡང་ཡིན་ནོ། །དེ་ཉིད་དེའི་རིགས་མི་མཐུན་ལས་འབྱེད་པའི་མཚན་ཉིད་དམ་སྐྱོན་གསུམ་ལས་གྲོལ་བའི་མཚན་ཉིད་ཀྱང་ཡིན་ནོ། །དེ་བཞིན་དུ་མཚོན་པར་བྱེད་པའི་མཚན་ཉིད་དེ་མཚོན་ཞེས་པ་གོ་བའམ་རྟོགས་སམ་ཤེས་ཟེར་བའི་དོན་ཡིན། དཔེར་ན་ཤེས་པར་བྱེད། གོ་བར་བྱེད། རྟོགས་པར་བྱེད་པས་མཚན་ཉིད་ཅེས་པའི་བརྡའ་བྱས་པ་ཡིན། གོ་བའམ་ཤེས་པར་བྱེད་ཚུལ་མང་པོ་ཡོད་པས་མཚན་ཉིད་ཅེས་པ་མང་བོ་ལ་བཤད་དེ། ཆོས་ཐ་དད་པ་མང་པོ་ཐུན་མོང་དུ་ཤེས་པར་བྱེད་པས་སྤྱིའི་མཚན་ཉིད། ཆོས་སོ་སོ་བ་རང་རང་ཐུན་མོང་མ་ཡིན་པར་གོ་བར་བྱེད་པ་རང་གི་མཚན་ཉིད། རང་རང་གནས་ཚུལ་ལྟར་གྱི་གནས་ལུགས་དེ་དང་དེར་ཤེས་པར་བྱེད་པ་རང་བཞིན་གྱི་མཚན་ཉིད། ཆོས་ཅན་རེ་རེའང་རིགས་མ་ཡིན་དུ་མ་ལས་ལོག་པའི་ཆོས་དུ་མར་ཤེས་པར་བྱེད་པ་རྣམ་པར་དབྱེ་བའི་མཚན་ཉིད་དོ། །ཞེས་དང༌། ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། མཚན་ཉིད་ཅེས་བྱ་བ་རང་རང་གི་མཚོན་བྱ་དེ་ཇི་ལྟར་རིགས་པར་ཐུན་མོང་དང་ཐུན་མོང་མ་ཡིན་པར་མཚོན་པར་བྱེད་པ་ཡིན་ལ། དེའང་ཆོས་རྣམས་ཀྱི་རང་གི་ངོ་བོ་གཞན་དང་ཐུན་མོང་མ་ཡིན་པ་མེའི་ཚ་བ་ལ་སོགས་པ་ལྟ་བུ་རང་གི་མཚན་ཉིད་དང༌། ཆོས་གཞན་ལའང་ཡོད་པའི་ངོ་བོ་མི་རྟག་པ་དང་བདག་མེད་པ་ལ་སོགས་པ་ལྟ་བུ་སྤྱིའི་མཚན་ཉིད་དེ་གཉིས་དང༌། ཡང་སྔ་མ་ལྟ་བུ་རང་གི་མཚན་ཉིད་དང༌། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་དངོས་གཞན་གྱི་དངོས་དག་ལས། །ལྡོག་པ་ལ་ནི་བརྟེན་པ་ཅན། །ཞེས་པ་ལྟར་ཆོས་རྣམས་ཀྱི་རྟག་པ་དང་མ་བྱས་པ་ལ་སོགས་པ། ལོག་པ་དུ་མ་ལས་ལོག་པའི་ལྡོག་པ་དུ་མར་གནས་པ་ལྟ་བུ་རྣམ་པར་དབྱེ་བའི་མཚན་ཉིད་དེ་གཉིས་དང༌། ཡང་ཆོས་རྣམས་ཀྱི་ངོ་བོ་ངོས་འཛིན་པ་ཚོར་བའི་མཚན་ཉིད་ནི་མྱོང་བ་ལ་སོགས་པ་ལྟ་བུ་རང་བཞིན་དུ་གནས་པའི་མཚན་ཉིད་དང༌། ཆོས་དེ་གཞན་དང་ཐུན་མོང་མ་ཡིན་པར་མཚོན་པ་རྫོགས་པའི་སངས་རྒྱས་ཀྱི་མཚན་ཉིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཀོད་པ་ལྟ་བུ་དེ་མིན་ལས་འབྱེད་པའི་མཚན་ཉིད་དེ་གཉིས་ལ་སོགས་པའོ། །གཉིས་པ་ལ། འགའ་ཞིག་མཚན་ཉིད་ཅེས་བྱ་བ་དེ་མིན་ལས་འབྱེད་པ་ཁོ་ནའོ་ཞེས་འདོད་པ་ནི་མི་འཐད་དེ། མདོ་ལས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནི་ངེས་པར་འབྱུང་བར་བྱེད་པའི་མཚན་ཉིད་ཅན་ནོ་ཞེས་པ་དང༌། རྣམ་འགྲེལ་ལས།དེ་ཕྱིར་མཚུངས་ཉིད་སྤྱི་འདི་ལ། །དངོས་པོ་མེད་པའི་མཚན་ཉིད་ཅན། །ཞེས་པ་ལ་སོགས་པ་གསུང་རབ་དང་དགོངས་འགྲེལ་རྣམས་སུ་མཚན་ཉིད་ཀྱི་རྣམ་གྲངས་སྣ་ཚོགས་པ་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་མཚོན་བྱ་དང་མཚན་གཞི་ཐ་དད་དུ་བསམ་ནས་མཚན་མཚོན་གཞི་གསུམ་དུ་བཏགས་པའི་སྦྱོར་བ་ལ་སོགས་པར་འདོད་པའང་མི་འཐད་དེ། མཚོན་བྱ་དང་མཚན་གཞི་ནི་རྒྱ་སྐད་གཅིག་ལ་བོད་དུ་འགྱུར་ཐ་དད་ཙམ་ཡིན་གྱི།དོན་ལ་ཐ་དད་མེད་པའི་ཕྱིར་རོ། །ཞེས་པ་ནས། མཚོན་བྱ་གཅིག་ལ་མཚན་ཉིད་གཅིག་ལས་གཞན་པ་མི་རུང་བར་སྨྲ་བ་ལའང་ངེས་པ་མེད་དེ། རིགས་པའི་དབང་ཕྱུག་ཉིད་ཀྱིས་མཚོན་བྱ་དང་ཚད་མ་གཅིག་ལ་མཚན་ཉིད་མི་བསླུ་བའི་ཤེས་པ་དང་མ་རྟོགས་དོན་གྱི་གསལ་བྱེད་གཉིས་གསུངས་པའི་ཕྱིར་དང༌། ཆོས་རེ་རེ་ལའང་གཞུང་ལུགས་སོ་སོར་མཚན་ཉིད་མི་འདྲ་བ་དུ་མ་བཤད་ཅིང༌། དེ་རྣམས་གང་རུང་གིས་ཀྱང་མཚོན་ནུས་པར་མཐོང་བའི་ཕྱིར་རོ། །གསུམ་པ་ནི། སྐབས་འདིའི་མཚན་ཉིད་རྣམས་གཟུགས་ལ་སོགས་པའི་རང་བཞིན་སྟོན་པའོ། །ཞེས་པ་ལྟར་ཕལ་ཆེར་རང་བཞིན་དུ་གནས་པའི་མཚན་ཉིད་འཆད་ལ། དེ་མིན་ལས་འབྱེད་པའི་མཚན་ཉིད་དུ་འགོད་ནའང་ཇི་ལྟར་རིགས་པའི་གཅད་བྱ་བསྣན་པ་ལས་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །རིགས་པའི་བསྟན་བཅོས་སུ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་དང་བྲལ་བའི་མཚན་ཉིད་དང་མཚོན་བྱའི་མཚན་ཉིད་ནི། གཏན་ཚིགས་ཀྱི་དོན་བསྡུས་རིན་ཕྲེང་ལས། མཚན་ཉིད་དང་མཚོན་བྱ་ལ། མཚན་ཉིད་ནི་རིམ་པ་ལྟར། རྣམ་འཇོག་ཆོས་གསུམ་ཚང་བ་དང༌། རྣམ་བཞག་ཆོས་གསུམ་ཚང་བའོ། །ཞེས་གསུངས་སོ།། །།

དྲི་བ་བཅུ་བ་ནི་ཀུན་རྫོབ་རྣམས་གཅིག་དུ་བྲལ་གྱི་རིགས་པས་བདེན་མེད་སྒྲུབ་པའི་རྩ་སྦྱོར་དང་ཚུལ་སྒྲུབ་ཚུལ་ཇི་ལྟར་ཡིན་ཞེས་།

དྲི་བ་བཅུ་བ་ནི་ཀུན་རྫོབ་རྣམས་གཅིག་དུ་བྲལ་གྱི་རིགས་པས་བདེན་མེད་སྒྲུབ་པའི་རྩ་སྦྱོར་དང་ཚུལ་སྒྲུབ་ཚུལ་ཇི་ལྟར་ཡིན་ཞེས་པའོ། །

དེའི་ལན་བཤད་པ་ལ་གཅིག་དུ་བྲལ་གྱི་རིགས་པའི་རྩ་སྦྱོར་འགོད་ཚུལ་དང་ཕྱོགས་ཆོས་དང་ཁྱབ་པ་སྒྲུབ་ཚུལ་སྒྲུབ་ངག་རྣམས་མདོར་བསྡུས་ཙམ་བརྗོད་ན་འདི་ལྟར། དང་པོ་རྩ་སྦྱོར་ནི། ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན། རང་གི་ངོ་བོ་བདེན་པར་གྲུབ་པ་མ་ཡིན་ཏེ། སྣང་གྲགས་ཀྱི་ཆོས་གང་ཞིག བདེན་པའི་གཅིག་དང་དུ་མ་གང་དུ་ཡང་མ་གྲུབ་པའི་ཕྱིར། ཞེས་པ་དེ་ཡིན་ཏེ། ཐེག་མཆོག་དབུ་མ་ལས། དངོས་རྣམས་ངོ་བོས་མ་གྲུབ་གང་ཕྱིར་འདི། །ཆོས་ཡིན་གཅིག་དང་དུ་མར་མ་གྲུབ་ཕྱིར། །དེ་ལྟར་གཏན་ཚིགས་རྩ་སྦྱོར་འགོད་བྱ་སྟེ། །ཞེས་དང༌། དེའི་ཟིན་བྲིས་ལས། ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན། རང་གི་ངོ་བོས་གྲུབ་པ་མ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་སྙམ་ན། དངོས་པོ་འདི་ཀུན་རྣམ་པར་ཤེས་པའི་ཡུལ་སྣང་གྲགས་ཀྱི་ཆོས་ཡིན་པ་གང་ཞིག་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་པའི་ཕྱིར་ཞེས་དེ་ལྟར་གཏན་ཚིགས་སུ་རྩ་སྦྱོར་འགོད་པར་བྱེད་པ། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཕྱོགས་ཆོས་སྒྲུབ་པ་ནི། རྩ་སྦྱོར་དེའི་རྟགས་གྲུབ་སྟེ། དང་པོ་གང་ཞིག་ཕྱི་མ་གྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་ཤེས་ལ་སྣང་ཞིང་སྒྲ་རྟོག་ལ་གྲགས་པའི་ཡུལ་ཡིན་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། བདེན་པའྀ་གཅིག་ཏུ་མ་གྲུབ་པ་གང་ཞིག་བདེན་པའི་དུ་མར་མ་གྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། ཆ་བཅས་ཡིན་པའི་ཕྱིར་ཏེ། སྣང་གྲགས་ཀྱི་ཆོས་ལ་ཐོག་མཐའ་དབུས་སོགས་མདོར་ན་རང་ཉིད་ཡིན་པའི་ཆ་དང་རང་གི་དོན་སྤྱི་ཡོད་པ་ཅན་ཡིན་པའི་ཆ་དང་རང་གི་ངོ་བོའི་ཡོན་ཏན་གྱི་ཆ་གསུམ་རེ་ངེས་ལྡན་ཡིན་པའི་ཕྱིར།དེས་ན་ཆ་བཅས་ལ་གཅིག་ཏུ་བདེན་པར་གྲུབ་པ་འགལ་བ་ཡིན་ནོ། །གོང་གི་རྟགས་གཉིས་པ་དུ་མར་བདེན་པར་མ་གྲུབ་སྟེ། གཅིག་བདེན་པར་མ་གྲུབ་པའི་ཕྱིར། ཁྱབ་སྟེ། དུ་མ་ནི་གཅིག་ཚོགས་པའི་ངོ་བོ་ཡིན་པའི་ཕྱིར། རྟགས་དབུ་མ་རྒྱན་སོགས་ལུང་རིགས་དུ་མས་གྲུབ་པོ། །གསུམ་པ་ཁྱབ་པ་སྒྲུབ་པ་ནི། སྣང་གྲགས་ཀྱི་ཆོས་ལ་བདེན་པའི་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་ན་དེ་ལ་རང་བཞིན་གྱིས་གྲུབ་པ་མེད་པས་ཁྱབ་སྟེ། སྣང་གྲགས་ཀྱི་ཆོས་ཀྱི་སྟེང་དུ་ཕན་ཚུན་དངོས་འགལ་དུ་གནས་པའི་ཕྱིར། དེས་ན་གཅིག་ཡིན་ན་དུ་མ་མ་ཡིན་དགོས་དུ་མ་ཡིན་ན་གཅིག་མ་ཡིན་དགོས་པའི་ཕྱིར་རོ། །ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དེའི་ངོར་ཁྱབ་པ་སྒྲུབ་པ་ནི། གཅིག་དང་དུ་མ་གང་རུང་དུ་མ་གྲུབ་ན་རང་བཞིན་གྱིས་མ་གྲུབ་པས་ཁྱབ་སྟེ། ཕན་ཚུན་དངོས་འགལ་གྱི་སྤྱོད་ཡུལ་དུ་གྱུར་པ་ལས་ཕུང་པོ་གསུམ་པ་ནམ་ཡང་ཡོད་པ་མ་ཡིན་ཏེ། གཅིག་ཡིན་ན་དུ་མ་མ་ཡིན་དགོས་ལ། དུ་མ་ཡིན་ན་གཅིག་མ་ཡིན་དགོས་པས་གཅིག་ཀྱང་ཡིན་དུ་མའང་ཡིན་པའི་མུ་གསུམ་པ་མི་སྲིད་པའི་ཕྱིར་རོ། །དེས་ན་ཕྱི་ནང་གི་དངོས་པོ་འདི་རྣམས་གཅིག་དང་དུ་མ་གང་རུང་མ་ཡིན་པ་རྫུན་པ་ཡིན་པར་རྒོལ་བ་དེའི་ངོ་བོར་གྲུབ་པ་ཡིན་ནོ། །ཁྱབ་སྒྲུབ་ཀྱི་དཔེ་ནི། མེ་ལོང་ནང་གི་གཟུགས་བརྙན་ཆོས་ཅན། རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། མེ་ལོང་ལས་གཞན་དུ་ཡང་མེད། མེ་ལོང་དང་གཅིག་ཏུ་ཡང་གྲུབ་པ་མ་ཡིན་པའི་ཕྱིར། ཞེས་འགོད་པར་བྱེད་དོ། །དེའི་ཕྱོགས་ཆོས་སྒྲུབ་པ་ནི། མེ་ལོང་ནང་གི་བྱད་བཞིན་མེ་ལོང་དང་ངོ་བོ་གཅིག་པ་མ་ཡིན་ཏེ། མེ་ལོང་ནི་ངོས་བརྡར་བརྡར་པོར་ཡིན་ལ། བྱད་བཞིན་ནི་མིག་སྣ་སོགས་མཐོ་དམན་གྱི་རྣམ་པར་ཡོད་པས་དེ་གཉིས་མཚན་ཉིད་མི་མཚུངས་པའི་ཕྱིར། མེ་ལོང་ནང་གི་གཟུགས་བརྙན་མེ་ལོང་ལས་གཞན་དུ་ཡོད་པ་ཡང་མ་ཡིན་ཏེ། གཅིག་གི་གོ་སར་དངོས་པོ་གཉིས་གནས་པ་མེད་པའི་ཕྱིར། ཚུལ་དེ་ལྟར་སྒྲུབ་པ་ལས་མེ་ལོང་ནང་གི་གཟུགས་བརྙན་དེ་བདེན་མེད་ཡིན་པས་དོན་རྒོལ་བ་དེའི་ངོར་མངོན་སུམ་དུ་གྲུབ་པ་ཡིན་ལ། དེའི་ཕྱིར་དཔེ་དེ་ལ་བརྟེན་ནས་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་ཀྱང༌། སྣང་ཙམ་དུ་འཆར་བ་འདི་ཀ་བདེན་མེད་ཡིན་ནོ་ཞེས་བདེན་མེད་ཀྱི་ཐ་སྙད་རྟགས་ཀྱི་སྒྲུབ་པར་འདོད་པ་ཡིན་ནོ། །དེའི་ཕྱིར་འདི་ནི་ཐ་སྙད་འབའ་ཞིག་སྒྲུབ་པའི་གཏན་ཚིགས་སོ། །དེ་རྣམས་ནི་རྗེས་ཁྱབ་ཡིན་ལ། ལྡོག་ཁྱབ་སྒྲུབ་པ་ནི། གཅིག་དང་དུ་མ་གང་རུང་དུ་མེད་ན་རྫས་ཀྱི་དངོས་པོར་ཡོད་པ་མ་ཡིན་ཞིང་ཅི་སྟེ་རྫས་དངོས་སུ་ཡོད་ན་གཅིག་དང་དུ་མ་གང་རུང་ལས་གཞན་དུ་མ་དམིགས་པའི་ཕྱིར། དེའི་རྒྱུ་མཚན་ཡང༌། དེ་གཉིས་ཕན་ཚུན་སྤངས་ཏེ་འགལ་བ་ཅན་ཡིན་པའི་ཕྱིར། དེས་ན་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་ན། རང་བཞིན་གྱིས་མ་གྲུབ་པས་ཁྱབ་པ་ཡིན་ཏེ། རང་བཞིན་གྱིས་གྲུབ་ན་གཅིག་དང་དུ་མ་གང་རུང་དུ་གྲུབ་དགོས་པའི་ཕྱིར་ཞེས་པས་ལྡོག་ཁྱབ་སྒྲུབ་པར་འདོད་པ་ཡིན་ནོ། །ཞེས་གསུངས་ལ།དེ་དག་སྣང་གྲགས་ཀྱི་ཆོས་གཞིར་བཞག་པའི་དབང་དུ་བྱས་པའོ། །ཡང་སྒྲུབ་ངག་འགོད་པ་ལ་ཐེག་མཆོག་དབུ་མའི་ཟིན་བྲིས་ལས། གང་གཅིག་དང་དུ་མ་གང་རུང་དང་བྲལ་ན་རང་བཞིན་གྱིས་མེད་པས་ཁྱབ། དཔེར་ན་མེ་ལོང་གི་ནང་གི་གཟུགས་བརྙན་བཞིན། ཕྱི་ནང་གི་དངོས་པོ་འདི་ཡང་གཅིག་དང་དུ་མ་གང་རུང་དང་བྲལ་བའི་ཕྱིར། རང་བཞིན་གྱིས་མེད་ཅེས་སྒྲུབ་པའི་ངག་ཏུ་བཀོད་པས། ཕྱི་རྒོལ་གྱི་བློ་ངོར་ཕྱི་རོལ་ཀྱི་དངོས་པོ་རང་བཞིན་གྱིས་མ་གྲུབ་པར་ངེས་པའི་རིགས་ཤེས་རྗེས་དཔག་སྐྱེ་བར་འདོད་པ་ཡིན་ནོ། །སྤྱིར་སྒྲུབ་ངག་འཕགས་པ་ཐོགས་མེད་ཀྱི་སའི་དངོས་གཞི་སྒྲུབ་ངག་ཡན་ལག་ལྔ་ལྡན་དུ་གསུངས་ཏེ། དམ་བཅའི་ཡན་ལག གཏན་ཚིགས་ཀྱི་ཡན་ལག དཔེའི་ཡན་ལག ཉེ་བར་སྦྱོར་བའི་ཡན་ལག་མཇུག་སྡུད་ཀྱི་ཡན་ལག་བརྗོད་པ་སྟེ་ལྔའོ། །དེ་བཞིན་དུ་བཀོད་ན་ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན། རང་བཞིན་གྱིས་མ་གྲུབ་སྟེ།༼དམ་བཅའ༽ བདེན་པའི་གཅིག་དང་དུ་མ་གང་རུང་མ་གྲུབ་པའི་ཕྱིར།༼གཏན་ཚིགས།༽ དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་བཞིན།༼དཔེ།༽ དེ་གཅིག་དང་དུ་མ་གང་རུང་དང་བྲལ་བ་དེ་བཞིན་དུ། ཕྱི་ནང་གི་དངོས་པོ་འདི་ཡང་གཅིག་དང་དུ་མ་གང་རུང་དང་བྲལ་བའོ། །༼ཉེ་སྦྱོར།༽དེའི་ཕྱིར་ཕྱི་ནང་གི་དངོས་པོ་འདི་རྣམས་རང་བཞིན་གྱིས་མ་གྲུབ་པ།༼མཇུག་སྡུད།༽ཞེས་འགོད་པ་ལྟ་བུའོ། །འདི་ལ་ཕྱོགས་གང་རུང་ཆོས་གྲགས་ཀྱིས་ཉེ་སྦྱོར་དང༌། དམ་བཅའ་དང་མཇུག་སྡུད་གསུམ་ལྷག་པའི་སྐྱོན་དང༌། ཁྱབ་པ་བརྗོད་པ་ཆད་པས་མི་འཐད་ཅིང་དེས་ན་སྒྲུབ་ངག་ཡན་ལག་གཉིས་ལྡན་ཉིད་གཙོ་བོར་བཞེད་དོ། །འོན་ཀྱང་ཐེག་པ་ཆེན་པོ་དབུ་མའི་ལུགས་འདི་དོན་ལ་རྟོན་པ་ཡིན་པའི་ཕྱིར། རྒོལ་བའི་ངོར་རྟགས་ལ་བརྟེན་ནས་རིགས་ཤེས་རྗེས་དཔག་སྐྱེ་ཐུབ་པ་དང༌། བརྗོད་བྱའི་དོན་དང་མ་འབྲེལ་བའི་སྐྱོན་མེད་པ་ཙམ་བྱུང་ན། ཡན་ལག་ལྷག་ཆད་ཀྱི་སྐྱོན་ཕྲན་བུ་ལ་ལྟོས་པ་མེད་པས། དོན་གྱི་གཙོ་བོ་རྣམ་པ་གཉིས་པོ་དེ་གྲུབ་ན། རྗོད་བྱེད་ཀྱི་ཚིག་རྒྱས་བསྡུས་ལ་ཁྱད་པར་མེད་པའི་ཕྱིར།སྒྲུབ་ངག་ཡན་ལག་གཉིས་ལྡན་ནས་ལྔ་ལྡན་གྱི་བར་ཅི་འདོད་དུ་སྦྱོར་དུ་རུང་ངོ༌། །ཞེས་གསུངས་སོ། །སྒྲུབ་ངག་ཡན་ལག་ལྔ་ལྡན་ལ་དཔྱད་པར་བྱ་བ་འདི་ཡོད་དེ། དབུ་མ་བའི་ལུགས་ལ་ལྷག་པའི་སྐྱོན་ཡོད་དམ་མེད། དང་པོ་ལྟར་ན་སྒྲུབ་ངག་ཡན་ལག་གཉིས་ལྡན་ནས་ལྔ་ལྡན་བར་སྦྱར་བར་བྱ་བ་མི་འཐད་དེ། དེ་གཉིས་ལྡན་ལས་གཞན་རྣམས་ལྷག་ཆད་ཀྱི་སྐྱོན་ཅི་རིགས་རེ་ལྡན་པའི་ཕྱིར། གཉིས་པ་ལྟར་ན་སྒྲུབ་ངག་ཡན་ལག་ལྔ་ལྡན་ལ་ཆོས་གྲགས་ཀྱིས་སྐྱོན་མ་བརྗོད་པར་ཐལ་བ་དང༌། དམ་བཅའ་སོགས་བརྗོད་པ་དགོས་པ་ཡོད་པར་ཐལ་བ་ཡོད་དམ་དཔྱད་པར་བྱའོ། །དེས་ན་རང་ལུགས་ལ་སྒྲུབ་ངག་གམ་གཞན་དོན་རྗེས་དཔག་ཡང་དག་གི་མཚན་ཉིད་ནི་རྣམ་འགྲེལ་འགྲེལ་བཤད་རིན་ཆེན་ཕྲེང་བ་ལས་འདི་ལྟར་གསུངས་ཏེ། ཇི་སྐད་དུ། ཚད་མ་མདོར། གཞན་དོན་རྗེས་སུ་དཔག་པ་ནི། །རང་གི་མཐོང་དོན་རབ་གསལ་བྱེད། །ཅེས་གསུངས་པའི་དོན། གཞན་ལ་བསྟན་བྱ་ཕྱིར་རྒོལ་གྱི་དོན་ནམ་ཆེད་ཡིན་པས་གཞན་དོན་འབྲས་བུ་རྗེས་དཔག་གི་རྒྱུ་ཡིན་པས་རྗེས་དཔག་ཏུ་བཏགས་སོ། དགོས་པ་ནི། རྗེས་དཔག་བསྐྱེད་ནུས་ཀྱི་སྦྱོར་ངག་བྱེ་བྲག་ཏུ་རྟོགས་པའི་ཆེད་ཡིན་པས་སོ། །ཤཱཀྱ་བློས། རང་གི་རྒོལ་བ་གང་གིས་བསྒྲུབ་པ་དགོས་པའོ། །མཐོང་བ་ནི་རྣམ་པར་ངེས་པ་སྟེ་ཚད་མས་ཁོང་དུ་ཆུད་པའོ། །དོན་ནི་ཚུལ་གསུམ་པའི་རྟགས་ཞེས་སོ། །སྒྲ་རྟག་གམ་མི་རྟག་ཐེ་ཚོམ་ཟ་ནས་དྲིས་པ་ན། སྔ་སྒོལ་ཡང་དག་གིས་གང་བྱས་མི་རྟག་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་པའི་སྒྲུབ་ངག་མཚན་གཞི། གཞན་དོན་རྗེས་དཔག་ཏུུ་མཚོན། སྔ་རྒོལ་རང་གིས་མཐོང་བའི་ཚུལ་གསུམ་པའི་རྟགས་ཕྱི་རྒོལ་ལ་སྟོན་པའི་སྒྲུབ་ངག་ཡན་ལག་གཉིས་ལྡན་ཅེས་པའོ། །ཞེས་གསུངས་སོ། །རྒྱས་པར་རྣམ་འགྲེལ་ལེའུ་བཞི་བའི་རྩ་འགྲེལ་དག་ལས་ཤེས་པར་བྱའོ།། །།

དྲི་བ་བཅུ་གཅིག་པ་ནི་རང་ལུགས་དང་གཞན་ལུགས་ཀྱི་རྟེན་འབྲེལ་མི་འདྲ་བར་འཇོག་ཚུལ་ཡོད་དམ་ཅི་ཞེས་པ།

དྲི་བ་བཅུ་གཅིག་པ་ནི་རང་ལུགས་དང་གཞན་ལུགས་ཀྱི་རྟེན་འབྲེལ་མི་འདྲ་བར་འཇོག་ཚུལ་ཡོད་དམ་ཅི་ཞེས་པའོ། །

དེའི་ལན་ནི། སྤྱིར་གཞན་ལུགས་ལ་དུ་མ་ཡོད་ཀྱང་དགེ་ལུགས་པའི་ལུགས་ལྟར་ན་རྟེན་ཅིང་འབྲེལ་འབྱུང་གི་དོན་ནི། རང་གི་ཆ་ཤས་སམ་གདགས་གཞིའམ་ཡན་ལག་ལ་ལྟོས་ནས་གྲུབ་པ་དེ་ཡིན་ལ། འདུས་བྱས་རྟེན་འབྱུང་ནི། རང་གི་རྒྱུ་རྐྱེན་ལ་ལྟོས་ནས་འབྱུང་བ་དེ་ཡིན་ལ། འདི་བས་གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་ཁྱབ་པ་ཞལ་གྱིས་བཞེས་པས་རྟེན་འབྲེལ་ཡིན་ན་འདུས་བྱས་ཡིན་པས་མ་ཁྱབ་པོ། རང་ལུགས་ལ་ལྟོས་ནས་གྲུབ་པ་རྟེན་འབྲེལ་གྱི་དོན་ཡིན་ལ། དེ་ཡིན་ན་འདུས་བྱས་རྟེན་འབྲེལ་ཡིན་པས་ཁྱབ་ལ། རྩ་ཤེས་ལས། རང་བཞིན་གང་ཡིན་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པར་བཤད། །ཅེས་གསུངས་པ་ལྟར་དོན་དམ་བདེན་པ་ནི་རྟེན་འབྲེལ་མ་ཡིན་པར་འདོད་ཚུལ་རྣམས་སྔར་བདག་གིས་བཀའ་བསྡུ་བཞི་བའི་འགྲེལ་བར་བཤད་ཟིན་པས་དེར་ཤེས་པར་བྱའོ། །འོན་ཀྱང་ལུགས་འདི་གཉིས་ཀྱི་རྟེན་འབྲེལ་བཤད་ཚུལ་དགོངས་པ་འགལ་མེད་དུ་སྒྲུབ་ཚུལ་ཞིག་ཡོད་པར་སྣང་ཀྱང་རེ་ཞིག་མ་སྤྲོས་སོ། །རྟེན་འབྲེལ་གྱི་སྒྲ་བཤད་དམ་ངེས་ཚིག་ནི། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། ངེས་ཚིག་ནི། ས་སྡེ་ལས། མྱུར་དུ་འཇིག་པ་དང་ལྡན་པར་སྐྱེ་བས་ན་རྟེན་ཅིང་འབྲེལ་བར་འབྱུང་བའོ། །ཞེས་པ་ལ་སོགས་པར་གསུངས་ཤིང༌། མདོ་འགྲེལ་ལས། གསུང་པའི་དོན་ནི་ཡན་ལག་སྔ་མ་ལ་རྟེན་ཅིང་འབྲེལ་བར་ཕྱི་མ་རྣམས་འབྱུང་བ་ཡིན་ལ། ཚིག་གསལ་དང་མཛོད་འགྲེལ་དང་མཐུན་པར། པྲི་ཏི་ཏྱ་ཕྲད་ནས། ས་མུ་པཱ་ད་འབྱུང་བ་ཡིན་པས། རྒྱུ་དང་རྐྱེན་ཕྲད་ཅིང་ཚོགས་པ་ལ་ལྟོས་ནས་འབྲས་བུ་རྣམས་འབྱུང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །ཞེས་བསྟན་ཏོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས།རྟེན་འབྲེལ་དོན་ནི་ཕྲད་ནས་འབྱུང་བ་སྟེ། །ཚོགས་ལ་ལྟོས་ནས་བཞག་གམ་བྱུང་ཞེས་པའོ། །ཡང་ན་སྔ་མ་ལ་རྟེན་ཕྱི་མར་འབྲེལ། །ཞེས་དང༌། དེའི་ཐད་ཀྱི་ཟིན་བྲིས་ལས། རྟེན་འབྲེལ་གྱི་སྐད་དོད་ལ། པྲ་ཏི་ཏྱ་སཾ་ཨུད་པཱ་ད་ན་བསྐྱེད་པ་སྟེ། འབྱུང་བའི་དོན་ཡིན་ལ། སཾ་ནི་ཉེར་བསྒྱུར་ཏེ་ཡང་དག་པར་བྱུང་བའམ། ངེས་པར་འབྱུང་བའི་དོན་ནོ། །དེ་ཡང་དངོས་པོ་གང་རྒྱུ་གཅིག་ལས་འབྲས་བུ་སྣ་ཚོགས་སྐྱེ་བ་ཡང་མི་སྲིད་ཅིང༌། རྒྱུ་སྣ་ཚོགས་པ་ལས་འབྲས་བུ་གཅིག་ཁོ་ན་སྐྱེ་བ་ཡང་མི་སྲིད་པས། རྒྱུུ་རྐྱེན་སྣ་ཚོགས་པས་ཕྲད་ཅིང་འཚོགས་པ་ལས་འབྲས་བུ་སྣ་ཚོགས་པ་བསྐྱེད་ཅིང་བྱུང་བས་ན་རྟེན་འབྲེལ་ཞེས་བྱ་ཞིང༌། ཞེས་པ་ནས།ཡང་ན་པྲ་ཏི་ཏྱ་ནི་དང་པོ་སྟེ་སྔ་མ་ཡིན་ལ། ཨུཏ་པཱ་ད་སྐྱེས་པ་ཡིན་ཡང་དེ་ཕྱི་མ་དང་འབྲེལ་བའི་ཚེ། འབྲེལ་བ་ཡང་འཇུག་པ་སྟེ། དཔེར་ན་སཾ་བནྡྷ་ཞེས་པའོ། །དེ་ལྟར་ན་ཕྱི་མ་འབྲས་བུ་སྟེ། སྔ་མ་རྒྱུ་ལ་བརྟེན་ནས་བྱུང་ཞིང་སྔ་ཕྱི་གཉིས་པོ་དེ་འབྲེལ་བར་བྱུང་པས་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ། །ཞེས་སོགས་གསུངས་སོ།། །།

དྲི་བ་བཅུ་གཉིས་པ་ནི་སུམ་ཅུ་བར། གྲུབ་ནི་དེ་ལ་སྔ་མ།

དྲི་བ་བཅུ་གཉིས་པ་ནི་སུམ་ཅུ་བར། གྲུབ་ནི་དེ་ལ་སྔ་མའོ། །ཞེས་པ་དང་དགོངས་འགྲེལ་ལས། ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཞེས་སོགས་ཀྱི་སྐབས་ཀྱི་དངོས་བསྟན་གཙོ་བོ་ཡོངས་གྲུབ་མཐར་ཐུག་ཡིན་ནམ་ཅི་ཞེས་པའི་ལན།

གྲུབ་ནི་དེ་ལ་སྔ་མའོ། །ཞེས་པ་དང༌། དགོངས་འགྲེལ་ལས། ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཞེས་སོགས་ཀྱི་སྐབས་ཀྱི་དངོས་བསྟན་གཙོ་བོ་ཡོངས་གྲུབ་མཐར་ཐུག་ཡིན་ནམ་ཅི་ཞེས་པའོ། །དེའིལན་ལ་སུམ་ཅུ་པའི་ལུང་གི་དོན་དང༌། དགོངས་འགྲེལ་གྱི་ལུང་དེའི་དོན་བཤད་པ་གཉིས། དང་པོ་ནི། སུམ་ཅུ་པ་ལས། གྲུབ་ནི་དེ་ལ་སྔ་མའོ། །རྟག་ཏུ་མེད་པར་གྱུར་པ་གང༌། །ཞེས་དང༌། ས་བཟང་གི་མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། ངོ་བོ་ལ། ཀུན་བརྟགས་ནི་མེད་ལ་མེད་བཞིན་དུ་རྟག་གཅིག་རང་དབང་ཅན་ལ་སོགས་པའི་གང་ཟག་གི་བདག་དང༌། གཟུང་བ་དང་འཛིན་པ་ཆོས་ཀྱི་བདག་ཏུ་བརྟགས་པ། རྟོག་བྱེད་ཀྱི་གཟུང་ཆར་སྣང་བ། བརྟགས་པའི་ཆ་ཅི་ཡང་མེད་པ་རི་བོང་གི་རྭ་ལྟ་བུ་སྟེ། སུམ་ཅུ་པར། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ཉིད་ཀུན་ཏུ་བརྟགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་པ་ལྟར་རོ། །གཞན་དབང་ནི་ཁམས་གསུམ་པའི་ཤེས་རིག ། ཀུན་བརྟགས་ཀྱི་གདགས་གཞིར་གྱུར་པ། རྟོག་བྱེད་རྒྱུ་རྐྱེན་ལ་རག་ལས་པ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང༌། །ཞེས་པ་ལྟར་རོ། །ཡོངས་གྲུབ་ནི། སྟོང་བ་ཉིད་ཡིན་ལ་དེའང་གནས་སྐབས་ཀུན་རྫོབ་ལ་སྦྱར་བ་ནི། གཞན་དབང་རྣམ་རིག་ཙམ་དེ་ཉིད། །ཀུན་བརྟགས་བདག་གཉིས་ཀྱིས་སྟོང་སྟེ། །གྲུབ་ནི་དེ་ལ་སྔ་མས་སོ། །རྟག་ཏུ་མེད་པར་གྱུར་པ་གང༌། །ཞེས་པ་དང༌། དབུས་མཐར་ཡང༌། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །ཞེས་པ་ལྟར་རོ། །མཐར་ཐུག་དོན་དམ་པ་ལ་སྦྱར་བ་ནི། །རང་བཞིན་ཆོས་ཀྱི་དབྱིངས་ནམ་མཁའ་ལྟར་འགྱུར་བ་མེད་པ་དེ་ཉིད། ཀུན་བརྟགས་དང་གཞན་དབང་གིས་བསྡུས་པའི་གློ་བུར་དྲི་མ་མཐའ་དག་གིས་སྟོང་པ་སྟེ། འབུམ་གྱི་འགྲེལ་བར། ཀུན་བརྟགས་པ་དང་རྣམ་པར་བརྟགས་པའི་གཟུགས་ཀྱིས་སྟོང་པ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་ཆོས་ཀྱི་གཟུགས་ཞེས་པ་ལ་སོགས་པ་དང༌། རྒྱན་གྱི།ཡོད་མིན་མེད་མིན་ཞེས་པའི་འགྲེལ་པར། ཀུན་བརྟགས་པ་དང་གཞན་གྱི་དབང་གི་མཚན་ཉིད་དག་གིས་ནི་ཡོད་པ་མ་ཡིན་ནོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱིས་ནི་མེད་པ་མ་ཡིན་ནོ། །ཞེས་པ་དང༌། བསམ་གྱིས་མི་ཁྱབ་པར་བསྟོད་པར་ཡང༌། དམ་པའི་དོན་ནི་བཅོས་མ་མིན། །ངོ་བོ་ཉིད་དང་རང་བཞིན་དང༌། །ཡང་དག་རྫས་དངོས་ཡོད་པ་ལགས། །བརྟགས་པའི་དངོས་པོ་མེད་པ་ཉིད། །གཞན་གྱི་དབང་ཡང་ཡོད་མ་ལགས། །ཞེས་པ་ལྟར་རོ། །ཞེས་དང༌། ས་བཟང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ལས། གཞན་དབང་ནི་ཁམས་གསུམ་པའི་ཤེས་རིག་ཀུན་བརྟགས་ཀྱི་གདགས་གཞིར་གྱུར་པ། རྟོག་བྱེད་རྒྱུ་རྐྱེན་ལ་རག་ལས་པ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང༌། །ཞེས་པ་དང་ཡོངས་གྲུབ་ནི་སྟོང་པ་ཉིད་ཡིན་ལ་དེ་ལའང་གནས་སྐབས་ཀུན་རྫོབ་ལ་སྦྱར་བ་ནི། གཞན་དབང་རྣམ་རིག་ཙམ་དེ་ཉིད་ཀུན་བརྟགས་བདག་གཉིས་ཀྱིས་སྟོང་པ་སྟེ། གྲུབ་ནི་དེ་ལ་སྔ་མའོ། །རྟག་ཏུ་བྱེད་པར་འགྱུར་བ་གང༌། །ཞེས་པ་དང་དབུས་མཐར་ཡང༌། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་རོ། །མཐར་ཐུག་དོན་དམ་ལ་སྦྱར་བའི་ཡོངས་གྲུབ་ནི་ཆོས་ཀྱི་དབྱིངས་ནམ་མཁའ་ལྟར་འགྱུར་བ་མེད་པ་དེ་ཉིད། ཀུན་བརྟགས་དང་གཞན་དབང་གིས་བསྡུས་པའི་གློ་བུར་དྲི་མ་མཐའ་དག་གིས་སྟོང་པ་སྟེ། འབུམ་གྱི་འགྲེལ་པར།ཀུན་བརྟགས་དང་རྣམ་པར་བརྟགས་པའི་གཟུགས་ཀྱིས་སྟོང་བ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱི་གཟུགས་ཞེས་པ་ལ་སོགས་པ་དང༌། བསམ་གྱིས་མི་ཁྱབ་པར་བསྟོད་པར་ཡང༌། དམ་པའི་དོན་ནི་བཅོས་མ་མིན། །ངོ་བོ་ཉིད་དང་རང་བཞིན་དང༌། །ཡང་དག་རྫས་དངོས་ཡོད་པ་ལགས། །བརྟགས་པའི་དངོས་པོ་མེད་པ་ཉིད། །གཞན་གྱི་དབང་ཡང་ཡོད་མ་ལགས། །ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས།ཡོངས་གྲུ༵བ་ནི༵་གཞན་དབང་དེ༵་ལ༵་སྔ༵་མ༵་ཀུན་བརྟགས་རྟ༵ག་ཏུ༵་མེ༵ད་པ༵ར་གྱུ༵ར་པ༵་ག༵ང་ཡིན་པ་དེ་ནི་དངོས་བསྟན་ལྟར་ན་སེམས་ཙམ་པ་རྣམས་ཀྱི་དོན་དུ་གསུངས་པས། གནས་སྐབས་ཀུན་རྫོབ་ཀྱི་དབང་དུ་མཛད་པའང་ཡིན་ལ། ཡང་ན་གཞན་དབང་ལ་ཀུན་བརྟགས་མེད་པར་ནམ་གྱུར་བ་དེའི་ཚེ་གཞན་དབང་ཉིད་ཀྱང་མེད་པར་གྱུར་བས་ཤུལ་དུ་ཡོངས་གྲུབ་ཁོ་ན་ལུས་པ་ཡིན་ནོ། །ཞེས་གཞུང་དེ་གཉིས་ཀར་བཤད་ཚུལ་རྣམ་པ་གཉིས་གསུངས་ལ། རང་ལུགས་འཐད་ལྡན་ནི་རེ་ཞིག་གཞན་དབང་ལ་ཀུན་བརྟགས་མེད་པ་རྣམ་གྲངས་ཙམ་གྱི་དོན་དམ་ཡིན་ལ། བཤད་ཚུལ་དང་པོ་དེ་ནི་ཐེག་བསྡུས་ལས། ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཞེ་ན། གང་གཞན་གྱི་དབང་གི་མཚན་ཉིད་དེ་ལ་དོན་གྱི་མཚན་ཉིད་དེ་གཏན་མེད་པ་ཉིད་དོ། །ཞེས་པ་དང་མཐུན་ནོ། །བཤད་ཚུལ་གཉིས་པ་ནི། དོན་དམ་དཔྱོད་བྱེད་དམ་གནས་ལུགས་དོན་དམ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ངོར་གཞན་དབང་དང་ཀུན་བརྟགས་ཀྱིས་སྟོང་བའི་ལྷག་མ་ཡོངས་གྲུབ་ཡིན་ཏེ། མདོ་ལས། གང་ལ་གང་མེད་པ་ནི་དེས་སྟོང་བའོ། །དེའི་ལྷག་མ་གང་ཡིན་པ་ནི་ཡོད་པའོ། །ཞེས་དང༌། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དང༌། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། ཡོངས་གྲུབ་མཚན་ཉིད་པ་ནི། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་བཟོད་ཀྱི་དེ་ཁོ་ན་ཉིད་དམ། གཞན་དབང་ཀུན་བརྟགས་ཀྱིས་སྟོང་བའི་དེ་བཞིན་ཉིད་དོ། །སུམ་ཅུ་པ་ལས། ཡོངས་གྲུབ་དེ་ལ་སྔ་མའོ། །རྟག་ཏུ་མེད་པར་གྱུར་བ་གང༌། །ཞེས་སོ། །དེ་དག་ནི་ཐོགས་མེད་སྐུ་མཆེད་ཀྱི་བཞེད་པ་མཐར་ཐུག་པ་སྟེ། དབུ་མ་པའི་ལུགས་ཡིན་གྱི་དངོས་སྨྲ་བ་དང་ཤིན་ཏུ་མི་མཐུན་ནོ། །དེ་ལྟར་ན་ཀུན་བཏགས་དང་གཞན་དབང་གི་ཆོས་ཐམས་ཅད་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་བཟོད་ཀྱི་དེ་ཁོ་ན་ཉིད་དུ་ཡོད་པ་མིན་ཏེ། ཀུན་རྫོབ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་རྣམས་དང་མཐུན་པ་ཡིན་ནོ། །གཉིས་པ་ལ་ལུང་འགོད་པ་དང༌། ཕྱོགས་སྔའི་འདོད་པ་འགོད་པ་དང༌། རང་ལུགས་འཐད་ལྡན་བཤད་པ་དང་གསུམ། དང་པོ་ནི། དགོངས་འགྲེལ་༼སྡེ་དགེའི་ཤིང་པར་མདོ་སྡེ་ན་པོད༢༣ན༽ལས། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད། ཀུན་བརྟགས་པའི་མཚན་ཉིད་ཀྱི་དེར་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་བདག་མ་མཆིས་པ། དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། ཞེས་གསུངས་སོ། །གཉིས་པ་ནི། མཁས་མཆོག་གཞན་གྱིས་དགོངས་འགྲེལ་གྱི་ལུང་དེའི་དོན་འདི་ལྟར་འཆད་དེ། མཁས་པའི་དབང་ཕྱུག་རྗེ་ཙོང་ཁ་པའི་དྲང་ངེས་ལེགས་བཤད་སྙིང་པོ་ལས། ཆོས་ལ་ཞེས་སོགས་ཀྱིས་ཆོས་ཀྱི་བདག་མེད་དེ་བཞིན་ཉིད་ཅེས་བརྗོད་པ་གང་ལ་དམིགས་ནས་བསྒོམས་པས་སྒྲིབ་པ་དག་པར་འགྱུར་བ་དེ་ཉིད་ཡོངས་གྲུབ་ཏུ་ངོས་བཟུང་ངོ༌། །ཆོས་ཀྱི་བདག་མེད་དེ་གང་ཞེ་ན་ངོ་བོ་ཉིད་མ་མཆིས་པ་ཉིད་དེ་ཉིད་ནི་དེ་ཁོ་ན་ཞེས་པའི་དོན་ནོ། །གང་གི་ངོ་བོ་ཉིད་མེད་པ་ཡིན་སྙམ་པ་ལ། ངོ་བོ་ཉིད་དེ་ཁོ་ནས་ཞེས་ཀུན་བརྟགས་ཀྱི་ངོ་བོ་ཉིད་གོང་དུ་སྨོས་པ་ལ་གསུངས་ནས་ཁོ་ནས་ཞེས་པས་ནི་གཞན་གཅོད་པས། ངོ་བོ་ཉིད་གཞན་གཉིས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལ་མི་བྱེད་ཀྱི་ཀུན་བཏགས་ཁོ་ནའི་ངོ་བོ་མེད་པ་ལ་ཡོངས་གྲུབ་ཏུ་བྱེད་ཅེས་པའི་དོན་ནོ། །དེ་ཉིད་གོང་མས་བཤད་པ་ནི་རྣམ་པར་རྟོག་པ་ཞེས་པ་ནས་དེ་ཉིད་ཅེས་པའི་བར་གྱིས་གཞན་དབང་སྟོང་གཞིར་བསྟན་ནས་ཀུན་བཏགས་ཀྱི་མཚན་ཉིད་དུ་མ་གྲུབ་ཅེས་པས་དེ་ཉིད་ཀུན་བཏགས་ཀྱིས་སྟོང་བ་ལ་ཡོངས་གྲུབ་ཏུ་ཤིན་དུ་གསལ་བས། མདོ་འདིས་སྟོང་ཚུལ་བསྟན་པ་ངེས་དོན་དུ་འདོད་པ་དང་ངོ་བོ་ཉིད་ཐ་མ་ངོ་བོ་ཉིད་དང་པོ་གཉིས་ཀྱིས་སྟོང་བ་ཡོངས་གྲུབ་ཏུ་འདོད་པ་ཡང་འགལ་བའོ། །ཞེས་འདོད་པ་དང༌།གོང་ཐང་གི་དྲང་ངེས་མཆན་ལས། སྟོང་ཉིད་ལ་དགག་བྱ་དེ་བཅད་ཙམ་གྱི་མེད་དགག་ཞིག་དགོས་པའི་ཕྱིར་ཏེ། དེ་ལྟར་དགོས་པ་ཇོ་ནང་བ་ཁྱོད་ཀྱིས་ངེས་དོན་མཐར་ཐུག་ཏུ་འདོད་རྒྱུའི་མདོ་སྡེ་དགོངས་འགྲེལ་གྱི་སྐབས་སུ་ངོ་བོ་ཉིད་དེ་ཁོ་ནའི་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་ལ་བདག་མ་མཆིས་པ་ཞེས་སོགས་ཀྱིས་གསལ་བར་གསུངས་པའི་ཕྱིར། ཞེས་གསུངས་མོད་ཇོ་ནང་རང་ལུགས་ལ་ངོ་བོ་ཉིད་དེ་ཁོ་ནས་སྟོང་བ་ཡིན་ན་མེད་དགག་ཡིན་མི་དགོས་པས་དེ་ལ་མ་ཁྱབ་ཀྱི་ལན་གདབ་པར་བྱ་དགོས་སོ། །སྤྱིར་མཆན་དེར་ཇོ་ནང་བའི་མི་འདོད་པ་དུ་མ་ཞིག་ཇོ་ནང་བའི་འདོད་ཅེས་གསུངས་ཡོད་པས་གཟུར་གནས་བློ་ལྡན་རྣམས་ཀྱིས་ལུང་རིགས་ཀྱིས་ཚངས་ཐིག་གདབ་པར་བྱའོ། །དགག་བཞག་གི་རྣམ་བཞག་དེང་དུས་སུ་ཆགས་སྡང་གི་རྒྱུ་ལས་བསྟན་པའི་མཛེས་རྒྱན་དུ་མི་འགྲོ་བས་མ་སྤྲོས་སོ། །གསུམ་པ་རང་ལུགས་འཐད་ལྡན་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། དེ་ལ་ཡོངས་གྲུབ་ཅེས་བྱ་བ་ནི། རྣ༷མ་པ༷ར་རྟོ༷ག་པ༷འི་སྤྱོ༷ད་ཡུ༷ལ་ཀུ༷ན་བརྟ༷གས་པ༷འི་མཚ༷ན་ཉི༷ད་ཀྱི༷་གན༷ས་སམ་འདོགས་པའི་གཞི་དང་འདུ༷་བྱེ༷ད་ཀྱི༷་མཚ༷ན་མ༷་སྟེ་ཁྱད་ཆོས་གསུམ་ལྡན་གྱི་གཞན་དབང་རེ་ཞིག་སྟོང་གཞིར་བཟུང་ནས། དེ༷་ཉི༷ད་ཀུ༷ན་བརྟག༷ས་པའི་མཚ༷ན་ཉི༷ད་དེ༷ར་ཡོ༷ངས་སུ༷་མ༷་གྲུ༷བ་པ་ཞེས་བྱ་ཞི༷ང༌། ཀུན་བརྟགས་ཀྱི་ངོ༷་བོ༷་ཉི༷ད་དེ༷་ཁོ༷་ན༷ས་ངོ༷་བོ༷་ཉི༷ད་མ༷་མཆི༷ས་པ༷་ཉི༷ད་ཅེས་པས་སྟོང་གཞི་མཐར་ཐུག་ཡོངས་གྲུབ་དེ་ཉིད་ཀུན་བརྟགས་ཀྱིས་སྟོང་བ་ལས་རང་གི་ངོ་བོས་མི་སྟོང་བར་བསྟན་སྙམ། ཆོ༷ས་ལ༷་བད༷ག་མ༷་མཆི༷ས་པ༷འམ་གཟུང་འཛིན་གཉིས་ཀྱིས་སྟོང་བའི་གཞི་དེ༷་བཞི༷ན་ཉི༷ད་དང་རྣ༷མ་པ༷ར་ད༷ག་པ༷འི་འཕགས་པའི་མཉམ་བཞག་གི་དམི༷གས་པ༷་ག༷ང་ལག༷ས་པ༷་དེ༷་ནི༷་ཡོ༷ངས་སུ༷་གྲུ༷བ་པའི༷་མཚ༷ན་ཉི༷ད་ལ༷གས་ཏེ༷། ཞེས་བཤད་དགོས་པ་འདྲ་སྟེ། མདོ་སྡཻ་རྒྱན་ལས། རྟག་ཏུ་གཉིས་བྲལ་འཁྲུལ་བའི་རྟེན་གང་ཡིན་དང་གང་ཞིག་རྣམ་ཀུན་ཏུ། །བརྗོད་པར་ནུས་མ་ཡིན་ཞིང་སྤྲོས་པ་མེད་པའི་བདག་ཉིད་དེ་ཁོ་ན། །ཤེས་བྱ་སྤང་བྱ་རང་བཞིན་དྲི་མེད་འདོད་གང་རྣམ་པར་སྦྱང་བྱ་སྟེ། །ཞེས་དང༌།དེ་ཐད་ཀྱི་དབྱིག་འགྲེལ་ལས། དེ་ཁོ་ན་ཉིད་རྟག་ཏུ་གཉིས་དང་བྲལ་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་ཏེ། གཟུང་བ་དང་འཛིན་པའི་མཚན་ཉིད་དུ་གཏན་མེད་པའི་ཕྱིར་རོ། །འཁྲུལ་བའི་རྟེན་ནི་གཞན་གྱི་དབང་སྟེ། དེས་དེར་ཀུན་ཏུ་རྟོག་པའི་ཕྱིར་རོ། །བརྗོད་དུ་མེད་ཅིང་སྤྲོས་པ་མེད་པའི་བདག་ཉིད་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །ཞེས་དང༌། དེའི་སྐབས་ཀྱི་ས་བཟང་གི་མདོ་སྡེའི་རྒྱན་གྱི་རྣམ་བཤད་ལས། མཚན་ཉིད་གསུམ་དང་སྦྱར་བ་ནི། དུས་རྟག་ཏུ་གཟུང་འཛིན་གཉིས་དང་བྲལ་བ་ལ་གཟུང་འཛིན་གཉིས་སུ་སྣང་བ་ཀུན་བརྟགས་ཀྱི་དེ་ཁོ་ན་ཉིད་དང༌།གཟུང་འཛིན་གཉིས་སུ་འཁྲུལ་པའི་གཞིའམ་རྟེན་དུ་གྱུར་པ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་མ་ཡིན་པ་གཞན་དབང་གི་དེ་ཁོ་ན་ཉིད་དང༌། གང་ཞིག་རྣམ་པ་ཀུན་ཏུ་སྒྲས་བརྗོད་པར་ནུས་པ་མ་ཡིན་ཞིང་ཡོད་མེད་ལ་སོགས་པའི་སྤྲོས་པ་མེད་པའི་བདག་ཉིད་ཡོངས་གྲུབ་ཀྱི་དེ་ཁོ་ན་ཉིད་རྣམས་ནི་རིམ་པ་བཞིན་དུ། ཀུན་བརྟགས་གཟུང་འཛིན་མེད་པ་ལ་མེད་པར་ཤེས་པར་བྱ་ཞིང༌། གཞན་དབང་ཀུན་ཏུ་རྟོག་པ་ཙམ་དེ་སྤང་བར་བྱས་ནས་ཡོངས་གྲུབ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང་དྲི་མ་མེད་པར་འདོད་པ་གང་ཡིན་པ་དེ་གློ་བུར་གྱི་དྲི་མ་ལས་རྣམ་པར་སྦྱང་བར་བྱ་སྟེ། ཡོངས་གྲུབ་དེ་ནི་ནམ་མཁའ་སྤྲིན་དང་བྲལ་བ་དང་གསེར་ས་དང་བྲལ་བ་དང་ཆུ་རྙོག་པ་དང་བྲལ་བ་ལྟར། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་སྤང་བྱ་གློ་བུར་གྱི་དྲི་མ་ཉོན་མོངས་པ་ལས་ཀྱང་རྣམ་པར་དག་པས་དག་པ་གཉིས་ལྡན་དུ་འགྱུར་བར་འདོད་པའོ། །ཞེས་གསུངས་སོ། །དབྱིག་གཉེན་གྱི་དབུས་མཐའི་འགྲེལ་བ་ལས། དེ་ལ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ནི་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པའོ། །གཉིས་པོ་ནི་གཟུང་བ་དང་འཛིན་པའི་དངོས་པོ་དང་བྲལ་བའོ། །སྟོང་བ་ཉིད་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དེ་གཟུང་བ་དང་འཛིན་པའི་དངོས་པོ་དང་བྲལ་བ་ཉིད་དོ། །ཞེས་སོགས་དང༌། བརྟགས་པ་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཉིད་ཀྱང་ངོ། །དོན་ཕྱིར་ཡང་དག་མིན་རྟོག་ཕྱིར། །གཉིས་པོ་མེད་པའི་ཕྱིར་བཤད་དོ། །ཞེས་བྱ་བའོ། །དེ་ལ་དོན་ནི་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་དོ། །ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ནི་གཞན་གྱི་དབང་གི་མཚན་ཉིད་དོ། །གཟུང་བ་དང་འཛིན་པ་མེད་པ་ཉིད་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །ཞེས་དང༌། འདི་ལ་སྟོང་པ་ཉིད་གང་ཡིན་ཞེ་ན། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་བ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་བྱ་བའོ། །གང་ཟག་དང་ཆོས་ཀྱི་དངོས་པོ་མེད་པ་ནི་སྟོང་པ་ཉིད་དོ། །དངོས་པོ་མེད་པ་དེའི་དངོས་པོ་ཡོད་པ་ཡང་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་མདོ་སྡེ་དགོངས་པ་ངེས་འགྲེལ་སོགས་ཀྱིས་ཡོངས་གྲུབ་སྟོན་ཚུལ་ཡོངས་གྲུབ་སྟོང་གཞིར་བཟུང་ནས་ཀུན་བརྟགས་གཞན་དབང་གཉིས་ཀྱིས་སྟོང་བར་བཤད་དགོས་ཏེ། ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་ཤེར་ཕྱིན་གྱི་མདོ་ལས་ངོ་བོ་ཉིད་མེད་པ་དང་མ་སྐྱེས་པ་སོགས་སུ་གསུངས་པ་ཡིན་པར་བཤད་སྐབས་དེ་ལྟར་བཤད་པའི་ཕྱིར་ཏེ། ས་བཟང་གི་མངོན་པ་ཀུན་བཏུས་འགྲེལ་བ་ལས། མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི། ངོ་བོ་ཉིད་གསུམ་གྱི་ཀུན་བརྟགས་ལ་རང་གི་མཚན་ཉིད་མེད་པ་དང༌། གཞན་དབང་ལ་རང་ཉིད་སྐྱེ་བ་མེད་པ་དང༌། ཡོངས་གྲུབ་ལ་ཀུན་བརྟགས་གཞན་དབང་མེད་པ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་མ་སྐྱེས་པ་ལ་སོགས་པ་གསུངས་པ་ལྟ་བུ་དང༌།ཞེས་གསུངས་སོ། །ཡང་རང་གཞན་ཁ་ཅིག་དགོངས་འགྲེལ་སོགས་ཀྱིས་གཞན་དབང་ཀུན་བརྟགས་ཀྱི་སྟོང་བའི་མེད་དགག་དེ་ཡོངས་གྲུབ་ཡིན་པར་གསུངས་ཟེར་བ་མི་འཐད་དེ། དེ་འདྲའི་མེད་དགག་དེ་ཀུན་རྫོབ་ཡིན་པའི་ཕྱིར་ཏེ། གཞན་སྟོང་དབུ་མ་རྒྱན་གྱི་ལུང་སྦྱོར་ལས། འོ་ན་ལང་ཀར་གཤེགས་པ་ལས། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད། །དམ་པའི་དོན་ནི་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་བདེན་གཉིས་ཡོད་དང་མེད་མཉམ་དུ་མི་འགྱུར་རམ་ཞེ་ན། འདི་ནི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་འཁྲུལ་ངོར་ཡོད་ཀྱང༌། དོན་དམ་དུ་མེད་པར་བསྟན་པ་ཡིན་ཏེ། དེ་ཉིད་ལས། ཆོས་རྣམས་རང་བཞིན་མེད་པ་ལ། །དམ་པའི་དོན་དུ་འདོད་ན་ནི། །དམིགས་པ་རང་བཞིན་མེད་པ་ལ། །དེ་བཞིན་ཀུན་རྫོབ་བསྟན་པ་ཡིན། །ཞེས་རང་བཞིན་མེད་ཙམ་དོན་དམ་མ་ཡིན་པར་བཤད་པ་དང༌། ཡང་དག་ཡེ་ཤེས་དེ་ཉིད་ནི། །ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཞེས་ཡེ་ཤེས་དེ་བཞིན་ཉིད་བཤད་པས་སོ། །གཞན་ཡང༌། ཡང་དག་ཉིད་ཀྱང་སྐབས་དེར་མིན། །གང་ཕྱིར་སྐབས་དེར་ཡང་དག་ན། །ནོར་བ་ཡང་དག་ཉིད་དུ་འགྱུར། །ཞེས་གསུངས་པའང་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ངོ་ན་ཡང་དག་ཏུ་ཡང་འཛིན་པ་དང་བྲལ་བར་བཤད་པ་ཡིན་གྱི་ཡང་དག་པ་མེད་པར་བཤད་པ་མ་ཡིན་ནོ། །ཞེས་གསུངས་སོ། །ལུང་དེ་ནི་རང་ལུགས་ཀྱི་བཞེད་པ་གསལ་བྱེད་ཀྱི་སྒྲོན་མེ་དང་གཞན་གྱི་འདོད་པ་འགོག་བྱེད་ཀྱི་རྡོ་རྗེའི་མཚོན་ཆའི་གནད་གསང་ཞིག་ཡིན་ནོ།། །།

དྲི་བ་བཅུ་གསུམ་པ་ནི། མིང་ཡིན་ན་སྡུག་བདེན་ཡིན་པས་ཁྱབ་མ།

དྲི་བ་བཅུ་གསུམ་པ་ནི། མིང་ཡིན་ན་སྡུག་བདེན་ཡིན་པས་ཁྱབ་མ་ཁྱབ་དང༌།

མིང་ཡིན་ན་སྡུག་བདེན་ཡིན་པས་ཁྱབ་མ་ཁྱབ་དང༌། ཀུན་རྫོབ་ཀྱི་ཆོས་ཡིན་ན་ཆོས་ལྔའི་རྒྱུ་མཚན་ཡིན་པས་ཁྱབ་བམ་ཅི་ཞེས་པའོ། །དེའི་ལན་ནི། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། མིང་ནི་སྡུག་བསྔལ་བདེན་པ་ཁོ་ནས་བསྡུས་པས་མིང་ཡིན་ན་སྡུག་བསྔལ་བདེན་པ་ཡིན་པས་ཁྱབ་ཀྱང༌། སྡུག་བདེན་ཡིན་ན་མིང་ཡིན་པས་ནི་མ་ཁྱབ་པོ། །ཞེས་གསུངས་ཟིན་ལ་མིང་ཡིན་ན་སྡུག་བདེན་ཡིན་པས་ཁྱབ་ཅེས་གསུངས་ཀྱང༌། མིང་ལ་སྡུག་བདེན་ཡོད་ཀྱང་མིང་ཡིན་ན་སྡུག་བདེན་ཡིན་པས་མ་ཁྱབ་སྙམ་སྟེ། སྔོན་མེད་ལེགས་བཤད་ལས། གཞུང་དེ་ཡང་རྣམ་པ་གསུམ་ཡོད་དེ། ཞེས་པ་ནས་གཞན་འཕགས་པ་དང་སོ་སོ་སྐྱེ་བོ་རྣམས་ཀྱི་ཡིད་ལ་སྒྲ་སྤྱིའི་རྣམ་པར་ཤར་བའི་མིང་ཚིག་ཡི་གེའི་ཚོགས་པ་ཐེག་ཆེན་གྱི་མདོ་སྡེ་ནི་གཞུང་གཉིས་པའོ། །དེ་དང་མཐུན་པར་ངག་ཏུ་བརྗོད་པའི་སྒྲ་ནི་གཞུང་ཤེར་ཕྱིན་གསུམ་པ་སྟེ། ཞེས་པའི་གཞུང་ཤེར་ཕྱིན་གྱི་གཞུང་ཚིག་ཏུ་གྱུར་བའི་སྒྲ་སྤྱིའི་མིང་ནི་སྡུག་བདེན་ཡིན་པའི་གནས་མེད་དོ། །དེས་ན་ཐེག་མཆོག་དབུ་མར། མིང་ནི་སྡུག་བསྔལ་བདེན་པ་ཁོ་ནས་བསྡུས། །ཞེས་པའི་དགོངས་པ་ནི་མིང་ལ་སྡུག་བདེན་མ་ཡིན་པའི་བདེན་པ་གསུམ་པོ་གང་ཡང་མེད་པའི་དོན་དུ་འཆད་དགོས་པར་སྣང་ངོ༌། །མྀང་ལ་ཀུན་འབྱུང་ཡོད་མེད་དཔྱད། སྔར་བདག་གིས་གཞན་སྟོང་བགྲོ་གླེང་ཐེངས་གཉིས་པའི་དྲིས་ལན་གྱི་སྐབས་སུ་མིང་དང་ནམ་མཁའ་གཉིས་སྡུག་བདེན་ཡིན་མིན་གྱི་ཁྱད་ཡོད་པར་བཤད་པ་དེ་སྡུག་བདེན་གྱུར་བའི་མིང་ཡིན་པར་ཤེས་དགོས་སོ། །ཆོས་ལྔའི་རྒྱུ་མཚན་ལ་ཀུན་རྫོབ་ཀྱི་ཆོས་རྣམས་བཞག་དགོས་པར་སྣང་སྟེ། རྒྱུ་མཚན་ལ། ཐེག་མཆོག་དབུ་མ་ལས། རྒྱུ་མཚན་རྣམ་བཞག་བདེན་པ་བཞི་ཆར་ལ། །ཞེས་གསུངས་པ་དང༌། འཛིན་ཆ་དང་གཟུང་ཆ་སོགས་ཟིན་བྲིས་ལས་གསུངས་ཚུལ་ཞིག་ན་ཀུན་རྫོབ་ཀྱི་ཆོས་ཡིན་ན་སྐབས་འདིའི་རྒྱུ་མཚན་ཡིན་པས་ཁྱབ་དགོས་སོ། །འོན་ཀྱང་འདི་དག་ལ་རིགས་པའི་སྒོ་བརྒྱ་ཡངས་བའི་མཁས་པ་རྣམས་ཀྱིས་སླར་དཔྱད་པར་བྱའོ། །

དྲི་བ་བཅུ་བཞི་པ་ནི། རང་ལུགས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚར་གཅིག་གི་འབྱུང་རིམ་ཇི་ལྟར་ཡིན་ཞེས་པའི་ལན།

དྲི་བ་བཅུ་བཞི་པ་ནི། རང་ལུགས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚར་གཅིག་གི་འབྱུང་རིམ་ཇི་ལྟར་ཡིན་ཞེས་པའི་ལན།

རང་ལུགས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚར་གཅིག་གི་འབྱུང་རིམ་ཇི་ལྟར་ཡིན་ཞེས་པའོ། །དེའི་ལན་ལ་རྟེན་འབྲེལ་བཤད་པ་དང༌། ལན་དངོས་དང་གཉིས། དང་པོ་ནི་ས་བཟང་གི་མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་དང་ཐེག་མཆོགདབུ་མའི་ཟིན་བྲིས་བཞིན་བཤད་པ་ལ། དེ་ཡང་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་བ། འབྱུང་ཚུལ། ས་མཚུངས་ངེས་ཚིག་ཡན་ལག་རྣམས་ཀྱི་ངོ་བོ་དང་དྲུག་གོ ། དང་པོ་མཚན་ཉིད་ནི། ས་བཟང་གི་ཀུན་བཏུས་འགྲེལ་བར་ཆོས་ཅན་ཀུན་རྫོབ་ཐམས་ཅད་དཔྱད་ན་རང་གི་ངོ་བོ་སྟོང་བའི་སྟོང་པ་ཉིད་དུ་གནས་ཀྱང་སྣང་ཙམ་དུ་གང་ལ་བརྟེན་ནས་གང་འབྱུང་བ་དེ་ཡིན་ཏེ། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་བ་ལྟར་རོ། །ཡང་ན་རང་གི་རྒྱུ་སོགས་ལ་ལྟོས་ནས་གྲུབ་པ། རྟེན་འབྲེལ་གྱི་མཚན་ཉིད་དོ། །རིགས་མི་མཐུན་ལས་འབྱེད་པ་མཚན་ཉིད་དང༌། རང་བཞིན་གྱི་མཚན་ཉིད་གཉིས་རིམ་བཞིན་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། མཚན་ཉིད་ནི། གང་ལ་བརྟེན་ནས་སྐྱེ་བའམ་རྒྱུ་རྐྱེན་ལས་སྐྱེར་རུང་བའོ། །ཞེས་དང༌།རིགས་མི་འཐུན་འབྱེད་པའི་མཚན་ཉིད་སྔར་ལྟར་ཏེ། འདིར་ནི་རང་བཞིན་ལ་མཚན་ཉིད་དུ་བརྗོད་པའོ། །དེ་ཡང་རྐྱེན་གསུམ་ལས་བྱུང་བ་སྟེ། མཚན་ཉིད་ཇི་ལྟ་བུ་ཞེ་ན། གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང༌། མི་རྟག་པའི་རྐྱེན་ལས་བྱུང་བ་དང༌། ནུས་པའི་རྐྱེན་ལས་བྱུང་བའི་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་དབྱེ་བ་ནི་རྣམ་པ་གཉིས་ཡིན་ཏེ། བསྐྱེད་བྱ་སྐྱེད་བྱེད་ཀྱིས་དབང་དུ་བྱས་པ་དང༌། རྣམ་པར་གཞག་བྱ་འཇོག་བྱེད་ཀྱི་དབང་དུ་བྱས་པའི་རྟེན་འབྲེལ་གཉིས་ལས། དང་པོ་ནི། གཞན་དབང་དང་གཉིས་པ་ནི་ཀུན་བཏགས་ཉིད་ཡིན་ལ། དེ་ཡང་གཙོ་བོར་འཇོག་པ་ཡིན་གྱི། གཞན་དབང་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྟེན་འབྲེལ་དང༌། ཀུན་བཏགས་ལ་གཞག་བྱ་འཇོག་བྱེད་ཀྱིས་ཁྱབ་པར་ནི་མ་ངེས་སོ། །བསྐྱེད་བྱ་སྐྱེད་བྱེད་ཀྱི་རྟེན་འབྲེལ་ལ་ཡང༌། གནས་སྐབས་པ་དང་ཡང་དག་པའི་རྟེན་འབྲེལ་གཉིས་ལས། དང་པོ་ལ་ཡང་ཕྱི་སྣོད་འཇིག་རྟེན་གྱི་དབང་དུ་བྱས་པ་ནི། དཔེར་ན་ས་བོན་དང༌། ཞིང་ས་དང༌། ཆུ་ལུད་དྲོད་གཤེར་དང༌། ནམ་ཟླ་དུས་མཚུངས་པ་སྟེ། སྐྱེད་བྱེད་རྒྱུ་དེ་རྣམས་ལས། བསྐྱེད་བྱ་མྱུ་གུ་དང༌། སྙེ་མ་དང༌། འབྲས་བུ་རྣམས་སྐྱེ་བར་འགྱུར་བ་ལྟ་བུའོ། །ནང་བཅུད་ཀྱི་སེམས་ཅན་ལྟ་བུ་ལ་མཚོན་ན། གང་ཡང་རུང་བའི་ལས་བསགས་ཤིང༌། ལས་དེ་སེམས་ལ་བག་ཆགས་ཀྱི་ཚུལ་གྱིས་བཞག་བག་ཆགས་དེ་ཕྱི་རོལ་གྱི་རྐྱེན་གྱིས་ཉེ་བར་སད་པ་ལས། རང་གི་ལུས་ངག་ཡིད་གསུམ་གྱི་སྣང་བ་འཆར་བ་ལྟ་བུའོ། །ནང་ཤེས་པ་ལ་དཔེར་མཚོན་ན་སྐྱེད་བྱེད་རྐྱེན་བཞི་ལས་བསྐྱེད་བྱ་དབང་ཤེས་སོགས་ཤེས་པ་རྣམས་སྐྱེད་པར་བྱེད་པ་ལྟ་བུ། རྣམ་པར་གཞག་བྱ་འཇོག་བྱེད་ལ་ཡང༌།བསྐྱེད་བྱ་སྐྱེད་བྱེད་ལས་ལྟོས་པའི་གཞག་བྱ་འཇོག་བྱེད་ཀྱི་རྟེན་འབྲེལ་དང༌། དེ་ལ་མ་ལྟོས་པའི་གཞག་བྱ་འཇོག་བྱེད་ཀྱི་རྟེན་འབྲེལ་གཉིས་ལས། དང་པོ་ནི། དཔེར་ན་ས་བོན་དུ་སྣང་པའི་ཤེས་པ་ལས། མྱུ་གུར་སྣང་པའི་ཤེས་པ་སྐྱེ་བ་ནི། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་དངོས་ཡིན་ལ། དེ་ལ་བརྟེན་ནས་ས་བོན་དུ་སྣང་བ་འདི་ནི། མྱུ་གུའི་རྒྱུའོ་སྙམ་དུ་འཛིན་པའི་རྣམ་པར་རྟོག་པའི་འཛིན་སྟངས་ཀྱི་བཟུང་ཆ་དེ་ལས། མྱུ་གུར་སྣང་བ་དེ་ལ་འབྲས་བུའོ་སྙམ་དུ་འཛིན་པའི་འཛིན་སྟངས་ཀྱི་བཟུང་ཆ་འཆར་བ་ལྟ་བུའོ། །སྤྱིར་ན་ས་བོན་དུ་སྣང་བ་ཙམ་ཞིག་ཤེས་པའི་རྫས་ཡིན་ཞིང༌། སྣང་བའང་ཡིན་ལ་དེ་ཉིད་ཕྱི་རོལ་རྒྱང་ཆད་དུ་སྣང་བ་དང༌། དེ་ཉིད་ལ་རྒྱུ་འབྲས་སུ་འཛིན་པའི་རྣམ་པར་རྟོག་པའི་འཛིན་སྟངས་ཀྱི་ཆ་སོགས་ནི་བཏགས་ཡོད་དེ་སྣང་ཆ་ཡིན་ནོ། །གཉིས་པ་ནི། ཆུང་ངུ་ལ་ལྟོས་ནས་ཆེན་པོར་བཞག་པ་དང༌། མཐའ་ལ་བརྟེན་ནས་དབུས་གཞག་པ་ལྟ་བུ་སྟེ། དཔེར་ན་དངོས་པོ་གཉིས་ཡ་སོ་སོར་གནས་ན། གཅིག་ལ་གཅིག་ལྟོས་ཀྱི་ཆེ་ཆུང་གི་བློར་མི་འཆར་ཡང༌།དངོས་པོ་གཉིས་ཟླ་དང་བཅས་པ་ན་དེ་འཆར་ཏེ། དཔེར་ན་རི་རབ་ལྷུན་པོ་ལ་ལྟོས་ནས་རིའི་རྒྱལ་བོ་གངས་ཅན་ཆུང་ངུར་འཇོག་པ་ལྟ་བུ་སྟེ། རི་རབ་ལྷུན་པོར་ཆེན་པོར་འཛིན་པའི་རྣམ་པར་རྟོག་པ་ལས། གངས་ཅན་ཆུང་ངུའོ་སྙམ་དུ་འཛིན་པའི་རྣམ་པར་རྟོག་པ་སྐྱེ་བ་ཡིན་ཞིང༌། དེ་ཡང་སྔ་མ་འཇོག་བྱེད་ཕྱི་མ་གཞག་བྱའོ། །ཡང་ཀུན་ནས་ཉོན་མོངས་པ་འཁོར་བའི་ཕྱོགས་ཀྱི་རྟེན་འབྲེལ་དང༌། རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ཕྱོགས་ཀྱི་རྟེན་འབྲེལ་གཉིས་ཏེ། དང་པོ་ལའང་ཕྱི་སྣོད་དང༌། ནང་སེམས་ཅན་གྱི་རྟེན་འབྲེལ་གཉིས་སོ། །སེམས་ཅན་ལའང་ཐེག་བསྡུས་སུ། ངོ་བོ་ཉིད་རྣམ་པར་འབྱེད་པའི་རྟེན་འབྲེལ་ཀུན་གཞི་ལས་ཆོས་ཐམས་ཅད་འབྱུང་བ་དང༌། སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང༌། ཉེ་བར་སྤྱོད་པ་ཅན་གྱི་རྟེན་འབྲེལ་རྣམ་པར་ཤེས་པ་ཚོགས་དྲུག་སྟེ་གསུམ་གསུངས་ཤིང༌། དེའི་དང་པོ་ནི་ཟབ་ཅིང་ཕྲ་བས་ཐེག་ཆེན་པ་ཁོ་ན་ལ་བསྟན་ལ། ཕྱི་མ་དག་ནི་ཐམས་ཅད་ལ་ཐུན་མོང་དུ་བསྟན་པའོ། །ཡན་ལག་བཅུ་གཉིས་ནི། མ་རིག་འདུ་བྱེད་རྣམ་པར་ཤེས། །མིང་གཟུགས་སྐྱེ་མཆེད་རེག་པ་དང༌། །ཚོར་བ་སྲེད་པ་ལེན་པ་དང༌། སྲིད་པ་སྐྱེ་བ་རྒ་ཤིའོ། །དེའང་ཡང་དག་པའི་དོན་མཐོང་བ་ལ་སྒྲིབ་པར་བྱེད་པ་མ་རིག་པ་དང༌། དེའི་དབང་གིས་ཀུན་གཞི་ལས་ཀྱི་ས་བོན་འདེབས་པར་བྱེད་པ་འདུ་བྱེད་དང༌། ས་བོན་དང་མཐུན་པར་སྐྱེ་གནས་སུ་འཁྲིད་པར་བྱེད་པ་རྣམ་པར་ཤེས་པ་དང༌། ཁྲིད་པ་ལྟར་ལུས་ཀུན་ཏུ་འཛིན་པར་བྱེད་པ་མིང་དང་གཟུགས་དང༌། བཟུང་བ་ལྟར་ལུས་ཡོངས་སུ་རྫོགས་པར་བྱེད་པ་སྐྱེ་མཆེད་དྲུག་དང༌། དེའི་མཐུ་ལས་གསུམ་འདུས་ནས་ཡུལ་ཡོངས་སུ་གཅོད་པར་བྱེད་པ་རེག་པ་དང༌། བཅད་པ་ལྟར་བདེ་སོགས་ལ་ཉེ་བར་སྤྱོད་པར་བྱེད་པ་ཚོར་བ་དང༌། དེའི་དབང་གིས་ལས་དང་མཐུན་པའི་ཡང་སྲིད་སྡུད་པར་བྱེད་པ་སྲེད་པ་དང༌། སྲེད་པ་ལྟར་རྣམ་ཤེས་སྐྱེ་བ་ལ་སྦྱོར་བར་བྱེད་པ་ལེན་པ་དང༌། སྦྱར་བ་ལྟར་ཡང་སྲིད་སྐྱེ་བ་ལ་མངོན་དུ་ཕྱོགས་པར་བྱེད་པ་སྲིད་པ་དང༌། དེའི་དབང་གིས་སྡུག་བསྔལ་གྱི་ཕུང་པོ་འགྲུབ་པར་བྱེད་པ་སྐྱེ་བ་དང༌། དེའི་ཉེས་དམིགས་ན་ཚོད་དང་སྲོག་འགྱུར་བར་བྱེད་པ་རྒ་ཤི་ཞེས་བྱ་བ་འཁོར་བར་ཀུན་ནས་ཉོན་མོངས་པར་བྱེད་པ་རྣམས་ཏེ། དབུས་མཐར། སྒྲིབ་པའི་ཕྱིར་དང་འདེབས་པའི་ཕྱིར། །འཁྲིད་པའི་ཕྱིར་དང་ཀུན་འཛིན་ཕྱིར། །རྫོགས་བྱེད་ཕྱིར་དང་གསུམ་གཅོད་ཕྱིར། །ཉེ་བར་སྤྱོད་ཕྱིར་སྡུད་པའི་ཕྱིར། །སྦྱོར་བའི་ཕྱིར་དང་མངོན་དུའི་ཕྱིར། །སྡུག་བསྔལ་ཕྱིར་ན་འགྲོ་ཉོན་མོངས། །ཞེས་གསུངས་པ་ལྟར་རོ། །གསུམ་པ་འབྱུང་ཚུལ་ནི། མ་རིག་པ་ལ་རྒྱུ་མེད་ན་འཁོར་བ་ཐོག་མ་ཅན་དུ་འགྱུར་ལ། རྒ་ཤི་ལ་འབྲས་བུ་མེད་ན་ལམ་མ་བསྒོམས་ཀྱང་འཁོར་བ་མཐའ་ཅན་དུ་འགྱུར་ཞིང༌། དེ་དག་ལ་རྒྱུ་འབྲས་ལ་སོགས་པ་ཡོད་ན་ཡན་ལག་བཅུ་གཉིས་ལས་མང་བར་འགྱུར་རོ་ཞེ་ན། དེ་ལྟ་བུའི་སྐྱོན་མེད་དེ། མཛོད་ལས། ཉོན་མོངས་གསུམ་མོ་ལས་གཉིས་སོ། །གཞི་བདུན་དེ་བཞིན་འབྲས་བུ་ཡིན། །ཞེས་པ་ལྟར་བཅུ་གཉིས་པོ་ཡང་གསུམ་དུ་འདུ་ཞིང༌། དེའང་དབུ་མ་རྟེན་འབྲེལ་སྙིང་པོར། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ལོ། །ཞེས་པ་ལྟར།དང་པོ་མ་རིག་པ་དང་བརྒྱད་པ་སྲེད་པ་དགུ་བ་ལེན་པ་གསུམ་ཉོན་མོངས་པ་དང༌། གཉིས་པ་འདུ་བྱེད་དང་བཅུ་བ་སྲིད་པ་གཉིས་ལས་དང༌། ལྷག་མ་རྣམ་ཤེས་སོགས་བདུན་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཡིན་ལ། དེ་རྣམས་ཀྱི། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་པ་ལྟར་ཉོན་མོངས་གསུམ་གྱིས་ལས་གཉིས་བྱས་པ་ལས་གཞི་བདུན་འབྱུང་ཞིང༌། དེ་དག་ལས་ཀྱང་ཉོན་མོངས་པ་འབྱུང་བས། སྒོ་ང་ལས་བྱ་དང་བྱ་ལས་སྒོ་ང་ལྟར་ཕན་ཚུན་འཁོར་བའི་ཚུལ་གྱིས་འབྱུང་བའི་ཕྱིར་རོ། །མདོ་འགྲེལ་དུའང༌། གང་གི་དོན་དུ་ཡན་ལག་བཅུ་གཉིས་བསྟན་པ་དེ་ལ་མ་རིག་པ་ལ་རྐྱེན་མི་དགོས་སོ། །ཞེས་གསུངས་ཤིང༌། དེ་བཞིན་དུ་རྒ་ཤི་ལའང་འབྲས་བུ་བསྟན་མི་དགོས་ཏེ། ཡན་ལག་བཅུ་གཉིས་ནི། མངལ་སྐྱེས་ཀྱི་སྲིད་པ་གཅིག་གིས་མགོ་མཇུག་ཚང་བ་ལ་བྱེད་ན་མི་འབྱུང་བ་རྣམས་ཡན་ལག་ཏུ་བསྟན་པའོ། །མདོ་སྡེར། མ་རིག་པ་ནི་ཚུལ་མིན་ཡིད་ལ་བྱེད་པ་ལས་བྱུང་བའོ། །ཞེས་པ་དང༌། སྒྲིབ་པ་ལྔ་དང་མ་རིག་པ་ཉིད་ལས་བྱུང་བ་དང༌། ལོག་ལྟ་དང་འདོད་ཆགས་ལ་སོགས་པ་ལས་བྱུང་བར་ཡང་གསུང་མོད། བཅུ་གཉིས་ལས་གཞན་དུ་སྟོན་པ་ནི་མ་ཡིན་ནོ། །བཞི་བ་ས་མཚུངས་ནི་སྔར་གཞན་སྟོང་བགྲོ་གླེང་ཐེངས་དང་པོའི་དྲིས་ལན་དུ་བཤད་ཡོད་པས་དེར་ཤེས་པར་བྱའོ། །ས་བཟང་གི་ཀུན་བཏུས་ཀྱི་འགྲེལ་བར། སྐབས་འདིའི་མ་རིག་པ་མཐོང་སྤང་དང་སྒོམ་སྤང་དག་ལས་གང་ཡིན་སྙམ་ན། མདོ་འགྲེལ་དུ། བདེན་པ་མཐོང་ལ་འཕེན་པ་མེད། །སྲེད་དང་བྲལ་ན་འབྱུང་བ་མེད། །ཅེས་པ་དང༌། འགྲེལ་པར་ཡང༌། བདེན་པ་མ་མཐོང་བ་རྣམས་ཀྱི་རྒྱུད་ལ་དེ་ཁོ་ནའི་དོན་ལ་རྨོངས་པའི་མ་རིག་པ། ཞེས་པ་དང༌། དོན་གསང་དུ། རྨོངས་པ་ནི་འདིར་མཐོང་བས་སྤང་བར་བྱ་བའི་མ་རིག་པའོ། །ཞེས་གསུངས་པས་མཐོང་སྤང་ཡིན་ཏེ། ཡང་སྲིད་འཕེན་པར་བྱེད་པའི་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །དེ་དག་ནི་རྒྱུད་བླར། འཕགས་པས་ན་དང་རྒ་བ་དང༌། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པ་དང་མཐུན་པ་ཉིད། ཅེས་གསུངས་ཀྱང་མདོ་འགྲེལ་སོགས་ལས་བདེན་པ་མཐོང་ལ་འཕེན་པ་མེད་གསུངས་པ་ནི་བདེན་པ་མཐོང་བ་ནས་ལས་གསར་བསགས་མེད་པ་ལ་དགོངས་པ་དང༌། བསྟན་བཅོས་རྒྱུད་བླ་མའི་གསུངས་ཟིན་ལ་འཕགས་པས་ན་བ་སོགས་སྤངས་པར་གསུངས་པའི་དགོངས་པ་ནི་ཐེག་ཆེན་འཕགས་པ་ལ་དགོངས་པ་ཡིན་སྙམ་སྟེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། བདེན་པ་མངོན་སུམ་མཐོང་བ་རྣམས་ལ་ནི། ཡང་སྲིད་འཕེན་བྱེད་ཀྱི་ལས་གསར་བ་གསོག་པ་ཅུང་ཟད་ཀྱང་མེད་དོ། །འདིར་བདེན་པ་མཐོང་བ་ཞེས་པ་ཡང་མ་མཐའི་ས་མཚམས་རྒྱུན་དུ་ཞུགས་པ་ནས་འཇོག་པ་ཡིན་ཏེ། ཐེག་ཆེན་མཐོང་ལམ་ནམ་ཐོབ་པ་དེའི་ཚེ་ནི། འཕེན་བྱེད་ཀྱི་ལས་གསར་བ་བསོགས་པ་ལྟ་ཞོག་ཁམས་གསུམ་འཁོར་བའི་ལས་ཉོན་སྡུག་བསྔལ་ཐམས་ཅད་ཡོངས་སུ་སྤངས་པས། ལུས་ངག་ཡིད་གསུམ་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པ་ཡིན་ལ། རང་རྒྱལ་དགྲ་བཅོམ་དང༌། ཉན་ཐོས་ལ་ཡང་དགྲ་བཅོམ་པ་དང༌། ཕྱིར་མི་འོང་དང༌། ཕྱིར་འོང་རྣམས་ཀྱིས་ཀྱང༌། འཕེན་བྱེད་ཀྱི་ལས་གསར་བ་མི་བསོག་པ་ལྟ་སྨོས་ཀྱང་ཅི་དགོས། བདེན་པ་མངོན་སུམ་དུ་མཐོང་བ་སློབ་པ་རྒྱུན་ཞུགས་རྣམས་ཀྱི་ནང་ན་ཡང་འཁོར་བ་འཕེན་བྱེད་ཀྱི་ལས་གསར་བ་གསོག་པ་འགའ་ཡང་མེད་དོ། །ཞེས་དང༌། རྣལ་འབྱོར་སྤྱོད་པའི་ས་ལས། རྒྱུན་དུ་ཞུགས་པས་ཡན་ལག་དུ་ཞིག་སྤོང་ཞེ་ན། ཐམས་ཅད་ཀྱི་ཕྱོགས་གཅིག་སྟེ་གང་ཡང་རུང་བ་དང༌། རིལ་གྱིས་སྤོང་བ་ནི་མ་ཡིན་ནོ། །ཕྱིར་མི་འོང་བས་ཡན་ལག་དུ་ཞིག་སྤོང་ཞེ་ན། འདོད་པ་ན་སྤྱོད་པ་ཐམས་ཅད་དོ། །དགྲ་བཅོམ་པས་ཡན་ལག་དུ་ཞིག་སྤོང་ཞེ་ན། ཁམས་གསུམ་ན་སྤྱོད་པ་ཐམས་ཅད་དོ། །ཞེས་སོགས་གསུངས་པ་དང༌། ཐོག་མའི་མ་རིག་པའི་རྩ་བའི་མ་རིག་པ་ནི།ཐེག་མཆོག་དབུ་མའི་ཟིན་བྲིས་ལས་ཉོན་ཡིད་ཀྱི་འཁོར་དུ་བྱུང་བའི་མ་རིག་ཡིན་པར་གསུངས་པས་དེ་ནི་མཐོང་སྤང་ཡིན་པའི་གནས་མེད་པའི་ཕྱིར་རོ། །དེས་ན་སྐབས་འདིའི་མ་རིག་པ་ལ་མཐོང་སྤང་དང་སྒོམ་སྤང་གཉིས་ཀ་ཡོད་དམ་དཔྱད། ལྔ་བ་ངེས་ཚིག་ནི། ས་སྡེ་ལས།མྱུར་དུ་འཇིག་པ་དང་ལྡན་པར་སྐྱེ་བས་ན་རྟེན་ཅིང་འབྲེལ་བར་འབྱུང་བའོ། །ཞེས་པ་ལ་སོགས་པ་གསུངས་ཤིང༌། མདོ་འགྲེལ་ལས། གསུངས་པའི་དོན་ནི་ཡན་ལག་སྔ་མ་ལ་རྟེན་ཅིང་འབྲེལ་བར་ཕྱི་མ་རྣམས་འབྱུང་བ་ཡིན་ལ། ཚིག་གསལ་དང་མཛོད་འགྲེལ་མཐུན་པར།པྲ་ཏི་ཏྱ་ཕྲད་ནས། ས་མུ་པཱ་ད་འབྱུང་བ་ཡིན་པས། རྒྱུ་དང་རྐྱེན་ཕྲད་ཅིང་ཚོགས་པ་ལ་ལྟོས་ནས་འབྲས་བུ་རྣམས་འབྱུང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །ཞེས་བསྟན་ཏོ། །རྟེན་འབྲེལ་བསྟན་པ་ཡང་བྱེད་པོ་ཚངས་པ་ལ་སོགས་པའི་ཀུན་སློང་ལས་བྱུང་བ་བསལ་བའི་ཆེད་དུ། མདོ་ལས། འདི་ཡོད་ན་འདི་འབྱུང་ཞེས་པ་ལྟར། རྐྱེན་ཚོགས་པ་ཡོད་ན་འབྲས་བུ་འབྱུང་གི་འདི་བསྐྱེད་པར་བྱའོ་སྙམ་པའི་བློའི་གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང༌། གཡོ་བ་ལས་མ་བྱུང་ཡང་བདག་སོགས་རྟག་པ་ལས་འབྱུང་བ་བསལ་བའི་ཆེད་དུ། འདི་སྐྱེས་པའི་ཕྱིར་འདི་སྐྱེས་ཞེས་པ་ལྟར། སྐྱེ་ལྡན་འཇིག་པར་ངེས་པ་མི་རྟག་པའི་རྐྱེན་ལས་བྱུང་བ་དང༌། གཡོ་བ་མེད་ཅིང་མི་རྟག་པ་ལས་འབྱུང་ཡང་རྐྱེན་གང་རུང་ལས་འབྲས་བུ་ཐམས་ཅད་འབྱུང་བ་བསལ་པའི་ཆེད་དུ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་པ་ལྟར། རང་རང་གི་འབྲས་བུ་སྐྱེད་ནུས་པའི་རྐྱེན་ལས་བྱུང་བའི་ཕྱིར་རྟེན་འབྲེལ་གྱི་མཚན་ཉིད་ཅན་དུ་འགྱུར་རོ། །མདོར་ན། རྐྱེན་དུ་འོས་པ་ལས་སྐྱེ་བ་ཞེས་པ་སྟེ། འདིས་ནི་ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་ཀྱི་མཚན་ཉིད་བསྟན་ཞིང༌། ཀུན་ནས་ཉོན་མོངས་ཅན་ནང་གི་རྟེན་འབྲེལ་གྱི་མཚན་ཉིད་ནི། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཟག་བཅས་རྐྱེན་ལས་སྐྱེས་པའོ། །དྲུག་པ་ཡན་ལག་རྣམས་ཀྱི་ངོ་བོ་བཤད་པ་ལ། མདོར་བསྟན་པ་དང་རྒྱས་བཤད་གཉིས་ལས། དང་པོ་ནི། མ་རིག་པ་ནི་ཡང་སྲིད་ཀྱི་རྒྱུ་ལས་ཀུན་ནས་སློང་ནུས་གང་ཞིག་རིག་པ་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་སུ་གྱུར་བའི་སེམས་བྱུང་སྒྲིབ་པའི་བདག་ཉིད་དེ། མདོ་འགྲེལ་དུ། ཡོད་པ་དག་ནི་འགོག་པ་དང༌། །གཞན་པ་ཉིད་དང་འདྲ་བ་དང༌། །སྨད་དང་ཉུང་དང་བྲལ་དོན་དང༌། །གཉེན་པོ་རྣམས་ལ་འདི་ཡིན་ནོ། །ཞེས་དགག་སྒྲ་དོན་བདུན་ལ་འཇུག་པར་གསུངས་པ་ལས། འདིར་ནི། རིག་མི་མཐུན་ཆོས་གཞན་མ་རིག །མི་མཛའ་མི་བདེན་ལ་སོགས་བཞིན། །ཞེས་པ་ལྟར་རིག་པའི་མི་མཐུན་པ་ལ་མ་རིག་པ་ཞེས་བརྗོད་པའོ། །འདུ་བྱེད་ནི་ཡང་སྲིད་འཕེན་པར་ནུས་པའི་སྒོ་གསུམ་གྱི་ལས་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་འདུ་བྱེད་རྣམས་སོ། །རྣམ་པར་ཤེས་པ་ནི་ལས་ཀྱི་བག་ཆགས་དང་ལྡན་པའི་ཀུན་གཞི་སྟེ། དེའང་ས་བོན་བཞག་ཙམ་རྒྱུ་དུས་ཀྱི་རྣམ་ཤེས་དང༌། ནུས་པ་བརྟས་ནས་སྐྱེ་གནས་སུ་ཁྲིད་པའི་ཚེ་འབྲས་བུའི་དུས་ཀྱི་རྣམ་ཤེས་སོ། །མིང་གཟུགས་ནི་ཀུན་གཞིའི་རྣམ་ཤེས་མངལ་དུ་ཞུགས་པ་ལས་གྲུབ་པའི་མིང་བཞི་དང་གཟུགས་ཀྱི་ཕུང་པོ་དབང་པོ་མ་དོད་ཀྱི་བར་རྣམས་སོ། །སྐྱེ་མཆེད་དྲུག་ནི་དེར་མིང་དང་གཟུགས་འཕེལ་བ་ལས་མིག་ལ་སོགས་པའི་དབང་པོ་དྲུག་ཚང་བའོ། །རེག་པ་ནི་གསུམ་འདུས་ནས་བདེ་སོགས་འབྱུང་བ་དང་མཐུན་པའི་དབང་པོའི་འགྱུར་བ་ཡུལ་ཡོངས་སུ་གཅད་པ་སྟེ་མིག་གི་འདུས་ཏེ་རེག་པ་ལ་སོགས་པའོ། །ཚོར་བ་ནི་རེག་པ་ལ་བརྟེན་ནས་སིམ་པ་དང་གདུང་བ་དང་གཉིས་ཀ་མ་ཡིན་པ་ཉམས་སུ་མྱོང་བ་སྟེ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་ལ་སོགས་པའོ། །སྲེད་པ་ནི་ཚོར་བས་བདེ་སོགས་མྱང་བ་རྣམས་ལ་བླང་དོར་དུ་འདོད་ཆགས་ཤིང་ཞེན་པ་སྟེ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲེད་པ་རྣམས་སོ། །ལེན་པ་ནི་སྲེད་པ་འཕེལ་པ་ལས་དངོས་སུ་བླང་དོར་གྱི་སྒོ་ནས་རྩོད་ཅིང་ཡང་སྲིད་ཉེ་བར་ལེན་པར་བྱེད་པ་སྟེ། འདོད་པ་དང་ལྟ་བ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང་བདག་ཏུ་སྨྲ་བའི་ཉེ་བར་ལེན་པ་རྣམས་ཡིན་ལ། དང་པོས་འདོད་པ་དང༌། གཞན་གསུམ་གྱིས་ཁམས་ཐམས་ཅད་དུ་སྡུག་བསྔལ་འགྲུབ་པར་བྱེད་པའོ། །སྲིད་པ་ནི་ཀུན་གཞིའི་རྣམ་ཤེས་ཉེར་ལེན་དང་བཅས་པ་ལས། ལས་ཀྱི་ས་བོན་ནུས་པ་མཐུ་ཆེན་དུ་འཕེལ་ནས། ཡང་སྲིད་སྐྱེ་བ་བསྐྱེད་ངེས་སུ་གྱུར་པ་སྟེ། མདོ་ལས།འགྲོ་བ་རྒྱུད་ལྔའི་སྲིད་པ་དང་བར་དོའི་སྲིད་པ་དང་ལས་ཀྱི་སྲིད་པ་རྣམས་གསུངས་པ་ལས།འདི་ནི་ལས་ཀྱི་སྲིད་པ་ཡིན་ལ། དབྱེ་ན་ཁམས་གསུམ་གྱི་སྲིད་པ་གསུམ་མོ། །སྐྱེ་བ་ནི་ལས་ཀྱིས་སྲིད་པ་སྟོབས་ལྡན་ལས་ཕུང་པོ་གསར་དུ་མངོན་པར་འགྲུབ་པ་སྟེ་སྲོག་དང་བཅས་པར་སྐྱེ་བའོ། །རྒ་ཤི་ནི། སྐྱེས་ཕྱིན་ཆད་ལང་ཚོ་འགྱུར་བ་དང་བཅས་ཤིང་མཐར་སྲོག་ཀྱང་འགགས་པའོ། །གཉིས་པ་ཡན་ལག་རྣམས་ཀྱི་ངོ་བོ་རྒྱས་པར་བཤད་པ་ནི།སྤྱིར་མ་རིག་པའི་ངོ་བོ་ཁྱད་ཆོས་གསུམ་དང་ལྡན་པ་སྟེ། ཤེས་པ་གང་ཞིག་རང་གི་ཡུལ་ལ་དམིགས་པ་དང༌། ཡུལ་དེའི་རྣམ་པ་ཤིན་ཏུ་མི་གསལ་བ་དང༌། དེ་ཉིད་སེམས་རྒྱུད་རབ་ཏུ་མ་ཞི་བ་ཉོན་མོངས་པ་སྐྱེ་བའི་སྒོར་གྱུར་པ་སྟེ། ཁྱད་ཆོས་གསུམ་དང་ལྡན་ནོ། །དེ་ཡང་མ་རིག་པའི་སྐད་དོད་ལ། ཨ་བི་ཏྱ་ཞེས་པ་ཡོད་པ་ལས། བི་ཏྱ་རིག་པ་དང༌། ཨ་ཡིག་ནི་དགག་པའི་དོན་ཏེ། དེ་ཡང་སྤྱིར་རིག་པའི་དགག་སྒྲ་ཙམ་ཞིག རིག་པ་དང་བྲལ་བ་དང༌། རིག་པ་ཆུང་བ་དང༌། རིག་པ་ངན་པ་དང༌། རིག་པ་ལས་གཞན་དུ་འགྱུར་བ་དང༌། རིག་པ་མེད་ཙམ་དང༌། རིག་པ་མ་ཡིན་ཙམ་སྟེ། རྣམ་གྲངས་བདུན་ཙམ་ཞིག་ལ་འཇུག་པར་གསུངས་ཀྱང༌། འདིར་ནི་རིག་པའི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པ་ཞིག་ལ་མ་རིག་པར་འཇོག་པ་ཡིན་ཏེ། རིག་པའི་མི་མཐུན་ཕྱོགས་ཆོས་གཞན་ཞེས་གསུངས་པ་ལྟར་རོ། །སྤྱིར་དེ་ལྟ་བུའི་མ་རིག་པ་དེ་ཡང༌། ཉོན་མོངས་པ་ཅན་གྱི་མ་རིག་པ་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་གཉིས་ལས། ཕྱི་མ་དེ་ནི་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་བྱེད་པ་ཤེས་བྱའི་སྒྲིབ་པ་ཡིན་ལ། དང་པོ་ནི་འཁོར་བའི་རྒྱུར་གྱུར་ཅིང་ཐར་བ་ཐོབ་པ་ལ་སྒྲིབ་པར་བྱེད་པ་ཉོན་མོངས་པའི་སྒྲིབ་པའོ། །ཡན་ལག་བཅུ་གཉིས་ཀྱི་མ་རིག་པ་འདི་ལ། རྩ་བའི་མ་རིག་པ་ནི་ཉོན་ཡིད་ཀྱི་འཁོར་དུ་བྱུང་བའི་བདག་ཏུ་རྨོངས་པ་དེ་ཉིད་ཡིན་ལ། དེ་ནི་ཁ་ནང་ལྟ་བའི་ཤེས་པ་ཡིན་པའི་ཕྱིར། དེས་ཉོན་མོངས་པ་དང༌། ལས་དངོས་སུ་བསྐྱེད་པར་མི་བྱེད་ལ། ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་ན་བདག་ཏུ་རྨོངས་པ་ཞིག་ཡོད་པ་དེ་ལས་ཉོན་མོངས་པ་ཆགས་སྡང་རྨོངས་པ་གསུམ་སྐྱེ་བ་དང༌། མི་དགེ་པའི་ལས་བསོགས་པ་འབྱུང་བ་ཡིན་ཞིང༌། དགེ་བ་ཟག་བཅས་རྣམས་བདག་ཏུ་རྨོངས་པ་དེས། དེའི་དུས་ཀྱི་ཀུན་སློང་བྱས་ཏེ་བསོག་པ་མ་ཡིན་ལ། དེ་ལས་ཆགས་སྡང་རྨོངས་གསུམ་གྱི་ཉོན་མོངས་པ་གཞན་སྐྱེས་ནས་དེས་ཀུན་ནས་བསླངས་ཏེ་བསགས་པ་ཡང་མ་ཡིན་ཏེ། དགེ་བ་རྣམས་ནི་མཐའ་གཅིག་ཏུ་འདོད་ཆགས་མེད་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་སྟེ།མེད་པ་གསུམ་ལས་སྐྱེ་དགོས་པའི་ཕྱིར་རོ། །དེ་ལྟར་ན་ཡིད་ཤེས་ཀྱི་འཁོར་དུ་བྱུང་བའི་བདག་ལ་རྨོངས་པ་དེའི་གྲོགས་སུ་བདག་ལ་ཆགས་པ་ཞིག་ཡོད་པ་ཡིན་ལ། དེའི་མཐུ་ལས་བདག་ལེགས་སུ་འདོད་པ་ཞིག་སྐྱེ་བ་ཡིན་ཞིང༌། དེ་ཙམ་ཞིག་ནི་མི་དགེ་བ་ཡང་མ་ཡིན་ལ།བདག་ལེགས་པར་འདོད་པས་བསམ་པས་ཀུན་ནས་བསླངས་ཏེ། རང་ཉིད་ཚེ་རབས་གཞན་དང་གཞན་དག་ཏུ་བདེ་ཞིང་སྐྱིད་པར་འདོད་པས། དགེ་བའི་རྩ་བ་རྣམ་པ་གསུམ་བསྐྱེད་དེ། དེས་ཀུན་ནས་བསླངས་ཏེ། ཚུལ་ཁྲིམས་བསྲུང་བ་སོགས་དགེ་བའི་འདུ་བྱེད་སྒྲུབ་པ་ཡིན་ནོ། །དེ་ལྟར་ན་ལས་དེ་ལྟ་བུ་ནི་དེ་དུས་ཀྱི་ཀུན་སློང་རྩ་བ་གསུམ་གྱི་ཀུན་ནས་སློང་བ་ཡིན་ཡང༌། རྒྱུ་དུས་ཀྱི་ཀུན་སློང་མ་རིག་པས་བྱས་པའོ། །དེས་བྱིན་གྱིས་རླབས་པའི་ཕྱིར་ལས་དེ་ལ། མ་རིག་པ་དང་མཚུངས་པར་ལྡན་པའི་ལས་དང༌། དེས་ཀུན་ནས་སློང་བའི་བདག་བདེ་ལེགས་སུ་འདོད་པ་དང༌། རྩ་བ་གསུམ་པོ་ཡང་མ་རིག་པའི་ཡན་ལག་ཅེས་བྱའོ། །དེས་ན་ཐོག་མའི་མ་རིག་པ་ནི་རང་གི་ཀུན་ནས་སློང་བྱའི་འཕེན་བྱེད་ལས་ཀྱི་ཐོག་མའི་ཀུན་སློང་དུ་གྱུར་བའི་སེམས་བྱུང་རྨོངས་བ་ཞིག་ཡིན་ནོ། །འགའ་ཞིག་མ་རིག་པ་ངོས་འཛིན་འཇིག་ཚོགས་ལ་ལྟ་བར་མཛད་པ་ནི། རྣམ་པ་གསལ་བའི་ཕྱོགས་ནི་སྨོས་པ་ཙམ་ཡིན་གྱི། དེ་ཉིད་མ་རིག་པའི་མཚན་གཞིར་ངོས་འཛིན་ན་ནི། བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་བཅུའི་རྣམ་བཞག་གསུངས་པ་གྲངས་མ་ཚང་བར་འགྱུར་ཏེ།འཇིག་ལྟ་དང་མ་རིག་པ་གཉིས་གཅིག་ཡིན་པའི་ཕྱིར་དང༌། དེ་བཞིན་དུ་རྩ་བའི་ཉོན་མོངས་པ་དྲུག་གི་གྲངས་ཀྱང་མ་ཚང་བར་ཐལ་བའི་སྐྱོན་འཇུག་གོ ། དེ་ལྟར་ན་འཇིག་ཚོགས་ལ་ལྟ་བ་དེ་ཉིད། མ་རིག་པ་དང་རྗེས་སུ་འབྲེལ་ཞིང༌། དེ་རྣམ་པ་ཤིན་ཏུ་གསལ་བའི་ཕྱིར་རྣམ་པ་གསལ་ཕྱོགས་ནས་སྨོས་པའོ། །ཞེས་ཐེག་མཆོག་དབུ་མའི་ཟིན་བྲིས་ལས་གསུངས་སོ། །དེ་ལ་རྣམ་འགྲེལ་གྱི་འགྲེལ་བ་རིན་ཆེན་ཕྲེང་བ་ལས། འཇིག་ལྟ་ཆོས་ཅན། མ་རིག་པ་ཡིན་ཏེ། རིག་པ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་མི་མཐུན་ཕྱོགས་དངོས་ཡིན་པའི་ཕྱིར། ཞེས་དང༌། དེས་ན་འཇིག་ལྟ་མ་རིག་པ་འཐད་དེ། ཞེས་སོགས་གསུངས་པས་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །ཡན་ལག་གཉིས་པ་འདུ་བྱེད་ཀྱི་ལས་ནི་རང་ཡིན་གྱི་བསོད་ནམས་ཀྱི་ལས་དང༌། བསོད་ནམས་མ་ཡིན་པའི་ལས་དང༌། མི་གཡོ་བའི་ལས་དང་གསུམ་ཡིན་ཞིང༌། དང་པོ་ནི་འདོད་ཁམས་ཀྱི་ལས་དགེ་བ་རྣམས་དང༌། གཉིས་པ་ནི། འདོད་པའི་ཁམས་ཀྱི་ལས་མི་དགེ་བ་རྣམས་དང༌། གསུམ་པ་ནི། ཁམས་གོང་མ་གཉིས་འགྲུབ་བྱེད་ཀྱི་ལས་སོ། །དེ་ལ་མི་གཡོ་བར་འཇོག་པའི་རྒྱུ་མཚན་ཡང༌། ལས་ཀྱི་རྣམ་པར་སྨིན་པ་གཞན་དུ་གཡོ་བ་མེད་པས་ན་དེ་སྐད་ཅེས་བྱ་སྟེ། དེ་ཡང་ལས་དེ་ཉིད་མཉམ་བཞག་གི་ཏིང་ངེ་འཛིན་ཡིན་ཞིང༌། དེས་ཁམས་གོང་མ་གཉིས་སུ་འཕངས་པ་ན། སྲིད་པ་བར་མ་སོགས་སུ་རྐྱེན་གྱི་སྟོབས་ཀྱིས་འགྲོ་བ་རིགས་མཐུན་པ་དང༌། རིགས་མི་མཐུན་སོགས་སུ་སྐྱེ་བ་ལེན་པར་མི་འགྱུར་བར་འཕངས་པ་བཞིན་དུ་གདོན་མི་ཟ་བར་དེ་ཉིད་དུ་སྐྱེ་བ་ལེན་པ་ཡིན་ལ། བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་ཀྱིས་འཕངས་པ་ལ་ནི། བར་མ་དོར་རྐྱེན་གྱིས་ཡོངས་སུ་བསྒྱུར་ཏེ། རིགས་མཐུན་དང་རིགས་མི་མཐུན་གྱིས་འགྲོ་བ་གཞན་དང་གཞན་དག་ཏུ་སྐྱེ་བ་ལེན་པ་ཡོད་པ་ཡིན་ནོ། །དེས་ན་གཉིས་པ་འདུ་བྱེད་ཀྱི་ལས་ནི་སྲིད་པ་འཕེན་པར་བྱེད་པའི་སེམས་བྱུང་སེམས་པའོ། །དེ་ལ་བག་ཆགས་ཡོད་མེད་དཔྱད་པར་བྱའོ། །གསུམ་པ་རྣམ་ཤེས་ཀྱི་ཡན་ལག་ནི། ཀུན་གཞི་རྣམ་ཤེས་ཀྱི་སྟེང་དུ། ལས་ཀྱི་བག་ཆགས་ཡོངས་སུ་བཞག་པས། རྣམ་ཤེས་དེ་ཉིད་ཡོངས་སུ་འགྱུར་བའི་ཆ་ཡིན་ལ། དེ་ལ་ཡང་རྒྱུ་དུས་ཀྱི་རྣམ་ཤེས་དང༌། འབྲས་བུའི་དུས་ཀྱི་རྣམ་ཤེས་གཉིས་སུ་ཡོད་དོ། །དེས་ན་གསུམ་པ་རྣམ་ཤེས་ནི་འཕེན་བྱེད་ལས་ཀྱི་བག་ཆགས་བགོ་གཞིའམ་དེའི་འཕངས་བའི་རྒྱུན་བརྟན་པའི་རྣམ་སྨིན་གྱི་རྣམ་ཤེས་ཡིན་ནོ། །ཡན་ལག་བཞི་བ་མིང་གཟུགས་ནི་མིང་ཞེས་པ། མིང་བཞིའི་ཕུང་པོ་ཡིན་ལ། དེ་ཡང་ཚོར་བ་སོགས་ཕུང་པོ་ཕྱི་མ་བཞིའོ། །དེ་རྣམས་མིང་བཞིའི་ཕུང་པོར་འཇོག་པའི་རྒྱུ་མཚན་ཡང་གཟུགས་ཕུང་ནི་དབང་ཤེས་ལྔའི་སྤྱོད་ཡུལ་དུ་མངོན་སུམ་དུ་གྱུར་པས་ན། མིང་ལ་བརྟེན་ནས་རྟོགས་མི་དགོས་ལ། ཕུང་པོ་ཕྱི་མ་བཞི་ནི། གཞན་གྱི་རྒྱུད་ལ་ཡོད་པས། མིང་ལ་བརྟེན་ནས་རྟོགས་དགོས་པ་ཡིན་ཏེ། དཔེར་ན་གང་ཟག་ཞིག་གི་རྒྱུད་ལ་ཚོར་བ་བདེ་སྡུག་བཏང་སྙོམས་ཀྱི་རྣམ་པ་གང་ཤར་བ་དེ། གཞན་གྱིས་མངོན་སུམ་དུ་མི་རྟོགས་པར། ཚོར་བ་བདེ་སྡུག་བཏང་སྙོམས་འདི་ལྟ་བུ་ཞིག་བྱུང་ཞེས་པའི་ངག་ལ་བརྟེན་ནས་རྟོགས་དགོས་པའི་ཕྱིར་རོ། །དེ་ལྟར་མིང་གཟུགས་ཀྱི་ཡན་ལག་འདི་ཉིད་མངོན་གྱུར་དུ་བྱུང་བ་ནི། ཀུན་གཞི་རྣམ་ཤེས་ཉིད་མངལ་དུ་ཉིང་མཚམས་སྦྱོར་ཏེ་ཕ་མའི་ཁུ་ཁྲག་གཉིས་ཀྱི་དབུས་སུ་ཞུགས་པ་ཁུ་ཁྲག་གཉིས་འདུས་ཀྱི་ཚོགས་པ་སྟེ། དབང་བོ་དྲུག་ཚང་བ་མ་ཡིན་ཡང༌། གཟུགས་སྒྲ་དྲི་རོ་རེག་བྱ་འདུས་པའི་ངོ་བོ་འབྱུང་བ་ལས་གྱུར་པའི་འབྲས་གཟུགས་ཡིན་པས་ན། དེ་ནི་གཟུགས་ཀྱི་ཕུང་པོ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཀྱི་ཕུང་པོ་གསུམ་ནི་ཀུན་གཞི་རྣམ་ཤེས་ཀྱི་འཁོར་དུ་གྱུར་པའི་ཀུན་འགྲོ་ལྔའི་ནང་ཚན་དེ་ཉིད་ཡིན་ལ། རྣམ་ཤེས་ཀྱི་ཕུང་པོ་ནི་ཀུན་གཞི་རྣམ་ཤེས་ཉིད་དོ། །མིང་གཟུགས་ཀྱི་གནས་སྐབས་འདི་དག་ཏུ་ཡིད་ཀྱི་རྣམ་པར་ཤེས་པ་ནི་མེད་དོ། །ཡིད་ཤེས་འབྱུང་བ་ལ། སྔོན་དུ་ཡིད་ཀྱི་དབང་པོ་དགོས་ཤིང༌། དེའི་སྔོན་དུ་དབང་ཤེས་ལྔ་སྐྱེ་བ་སྔོན་དུ་འགྲོ་དགོས་ཏེ། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་གསུངས་པ་ལྟར་ཡིན་པ་ལ་སྐྱེ་མཆེད་དྲུག་མ་དོད་པར་དབང་ཤེས་ལྔ་སྐྱེ་བ་མེད་པའི་ཕྱིར་རོ། །དེ་ལྟར་ནུར་ནུར་པོ་དང༌། མེར་མེར་པོ་དང༌། གོར་གོར་པོ་དང༌། འཁྲང་གྱུར་དང༌། རྐང་ལག་རྣམ་པར་འགྱུར་བ་སྟེ། མངལ་གྱི་གནས་སྐབས་ལྔ་ནི་མིང་གཟུགས་ཡན་ལག་གོ། དེས་ན་བཞི་བ་མིང་གཟུགས་ནི་འཕེན་བྱེད་ལས་ཀྱི་འཕང་བའི་འཕངས་འབྲས་དང་པོའི་ཕུང་པོའོ། །ཡན་ལག་ལྔ་པ་སྐྱེ་མཆེད་དྲུག་ནི། དེའི་རྗེས་སུ་དབང་པོ་དྲུག་ཡོངས་སུ་དོད་པའི་སྐྱེ་མཆེད་དོ། །དེས་ན་ཡན་ལག་ལྔ་པ་ནི་འཕེན་བྱེད་ལས་ཀྱི་འཕང་བའི་འཕངས་འབྲས་གཉིས་པའི་སྐྱེ་མཆེད་གང་ཡིན་པའོ། །ཡན་ལག་དྲུག་པ་རེག་པ་ནི། མངལ་ནས་ཕྱིར་བཙས་ཏེ་ཡུལ་དང་དབང་པོ་དང༌། རྣམ་པར་ཤེས་པ་གསུམ་འདུས་པའི་རེག་པ་འབྱུང་བ་ཡིན་ཞིང༌། དེ་ཡང་རེག་པ་ནི། རྣམ་ཤེས་ཡུལ་དང་འཕྲད་པ་ལས་ཡུལ་དེས་ཤེས་པར་འགྱུར་བའི་ཆ་ཞིག་བྱུང་བ་དེའོ། །དེས་ན་དྲུག་པ་རེག་པ་ནི་འཕེན་བྱེད་ལས་ཀྱི་འཕང་བའི་འཕངས་འབྲས་གསུམ་པའོ། །ཡན་ལག་བདུན་པ་ཚོར་བ་ནི་ཡུལ་དབང་རྣམ་ཤེས་གསུམ་འདུས་པའི་རེག་པ་འབྱུང་བའི་རྗེས་སུ། ཚོར་བ་འབྱུང་བ་ཡིན་ཏེ། དེ་ཡང་དཔེར་ན། མིག་གི་དབང་པོ་དང༌།ཡུལ་གཟུགས་ཡིད་དུ་འོང་བའི་རྣམ་པ་དང༌། མིག་གི་རྣམ་པར་ཤེས་པ་གསུམ་འདུས་པ་ལས། ཡུལ་ཡིད་འོང་དེ། མིག་གི་རྣམ་པར་ཤེས་པས་ཡོངས་སུ་གཅོད་པའི་རེག་པ་འབྱུང་བ་ཡིན་ཞིང་དེའི་རྗེས་སུ་ཡུལ་དེ་ཤེས་པས་ཉམས་སུ་མྱོང་བའི་ཚོར་བ་བདེ་བ་འབྱུང་བ་ཡིན་ནོ། །ཡིད་དུ་མི་འོང་བ་དང༌། བར་མ་ལ་བརྟེན་ནས་སྡུག་བསྔལ་དང༌། བཏང་སྙོམས་ཀྱི་རེག་ཚོར་འབྱུང་ཚུལ་ཡང་ཤེས་པར་བྱ་ཞིང༌། དེ་བཞིན་དུ་དབང་ཤེས་གཞན་རྣམས་ལ་མཚོན་པར་བྱ་སྟེ། དྲུག་པོ་དེ་རྣམས་ལ་བདེ་སྡུག་བཏང་སྙོམས་གསུམ་གྱིས་དབྱེ་བས།ཡིད་ཉེ་བར་རྒྱུ་བ་བཅོ་བརྒྱད་ཅེས་བྱའོ། །དེས་ན་བདུན་པ་ཚོར་བ་ནི་འཕེན་བྱེད་ལས་ཀྱི་འཕང་བའི་འཕངས་འབྲས་བཞི་པའོ། །ཡན་ལག་བརྒྱད་པ་སྲེད་པ་ནི། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ལ་སྲེད་ཅིང་ཞེན་པ་ཡིན་ལ། དེ་ཡང་བདེ་བ་ལ་མི་འབྲལ་བར་སྲེད་པ་དང༌། སྡུག་བསྔལ་ལ་འབྲལ་འདོད་ཀྱི་སྲེད་པ་དང་བཏང་སྙོམས་ལ་མི་འབྲལ་བར་འདོད་པའི་སྲེད་པ་སྐྱེ་བ་ཡིན་ཞིང༌། ཡང་ན་སྲེད་པ་ལ་འདོད་པའི་སྲེད་པ་དང༌། སྲིད་པའི་སྲེད་པ་དང༌། འཇིག་པའི་སྲེད་པ་དང་གསུམ་ལས། ཆོས་མངོན་པ་ལས་ནི་དང་པོ་འདོད་ཁམས་ཀྱི་དང༌། གཉིས་པ་ཁམས་གོང་མ་གཉིས་ཀྱི་དང༌། གསུམ་པ་ནི་ཕུང་པོ་འདོར་བར་འདོད་པ་ལ་སྲེད་པ་རྣམས་ཡིན་ཞེས་བཤད་ལ། དཔལ་ཆོས་ཀྱི་གྲགས་པས་ནི། དང་པོ་གཉིས་མཚུངས་པ་ལ། གསུམ་པ་ནི་ཉེར་སྤྱོད་ཡོངས་སུ་བཟུང་བར་སྲེད་པ་ལ་བཤད་པས་འདི་འཐད་ཕྱོགས་སུ་བཟུང་ངོ༌། །འདོད་པའི་ཁམས་ལ་ནི། གནས་ལུས་ལོངས་སྤྱོད་གསུམ་ཆར་ལ་སྲེད་པ་ཡོད་ཅིང༌། དེ་ལ་བརྟེན་ནས་མི་དགེ་བ་སྐྱེ་བའང་ཡོད་པ་ཡིན་ལ། ཁམས་གོང་མ་གཉིས་ལ་ལོངས་སྤྱོད་ཀྱི་དངོས་པོ་མེད་པས་ལོངས་སྤྱོད་ལ་སྲེད་པ་ནི་མེད་ལ། འོན་ཀྱང་གནས་ལུས་གཉིས་ལ་སྲེད་པ་ཙམ་ཡོད་ཀྱང༌། དེ་ལ་བརྟེན་ནས་མི་དགེ་བ་སྐྱེ་བ་མེད་དོ། །ཡན་ལག་དགུ་བ་ལེན་པ་ནི། དེ་ལྟར་སྲེད་པ་ལ་བརྟེན་ནས༌། ལེན་པ་འབྱུང་བ་ཡིན་ཏེ། དཔེར་ན་བཟའ་བཏུང་ལོངས་སྤྱོད་སོགས་ཡུལ་ཡིད་འོང་གི་རྣམ་པ་ལ་སྲེད་ཅིང་ཞེན་པར་གྱུར་པས་ན། དེ་ཉིད་ཡང་དང་ཡང་དུ་འབྱུང་བར་འདོད་པ་དང༌།དེ་ཉིད་ཀྱི་ཐབས་བྱ་བ་རྣམ་པ་སྣ་ཚོགས་པས་སྒྲུབ་པར་བྱེད་པའི་ནུས་པ་ཅན་དེ་ལ་ལེན་པ་ཞེས་བྱའོ། །ལེན་པ་དེ་ལ་ཡང༌། འདོད་པའི་ལེན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་དང༌། ལྟ་བའི་ལེན་པ་དང༌། བདག་ཏུ་སྨྲ་བའི་ལེན་པ་དང་བཞིར་གསུངས་སོ། །ཡན་ལག་བཅུ་པ་སྲིད་པ་ནི། ཡང་སྲིད་མངོན་པར་འགྲུབ་པར་བྱེད་པའི་ལས་སྟོབས་དང་ལྡན་པས་སོ། །ཡན་ལག་བཅུ་གཅིག་པ་སྐྱེ་བ་ནི། སྐྱེ་བའི་ཡན་ལག་མངོན་འགྱུར་གྱི་དབང་དུ་བྱས་ན། མངལ་དུ་ཉིང་མཚམས་སྦྱོར་བཞིན་པ་ནི་སྐྱེ་བ་ཡིན་ལ། ཉིང་མཚམས་སྦྱར་ཟིན་པ་ནི། རྒ་ཤིའི་ཡན་ལག་ཡིན། ནུར་ནུར་བོ་ལ་སོགས་པའི་གནས་སྐབས་ནས་བཟུང༌། རིམ་པས་སྐད་ཅིག་སྐད་ཅིག་རྒྱུན་འགྱུར་བ་ནི། རྒས་པ་ཡིན་ལ། འདིར་རྒ་ཤི་ཞེས་ཡན་ལག་གཅིག་ཏུ་སྡོམ་པ་ཡང༌། མ་རྒས་པ་ལ་འཆི་བ་ཡང་ཡོད་པས་ན་དེ་ལྟར་དུ་གསུངས་སོ། །རྟེན་འབྲེལ་ལུགས་འབྱུང་བཟློག་ཏུ་སྒོམ་ཚུལ་ནི། ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པ་ཇི་ལྟ་བུ་ཞེ་ན། ཀུན་ནས་ཉོན་མོངས་པའི་དབང་གིས་འཁོར་བར་འཇུག་ཚུལ་གྱི་ལུགས་དང་མཐུན་པ་ནི་རིམ་པ་ཇི་ལྟ་བ་སྟེ། མདོ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་པ་ནས། མཐར་སྐྱེ་པའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་པ་དང་འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ་ཞེས་པ་ལྟ་བུ་དང༌། ལུགས་དང་མི་མཐུན་པ་དང༌། ཞེས་པ་ནི་རིམ་པ་ལྡོག་པ་སྟེ། རྒ་ཤི་ལ་སོགས་པ་སྐྱེ་བ་ལས་འབྱུང༌། སྐྱེ་བ་སྲིད་པ་ལས་འབྱུང༌། སྲིད་པ་ལེན་པ་ལས་འབྱུང་ཞེས་པ་ནས་འདུ་བྱེད་མ་རིག་པ་ལས་འབྱུང་ཞེས་པའི་བར་ཡིན་ཞིང༌། དེ་དག་ཀྱང་རིམ་པའི་སྒོ་ནས་ཆ་གཉིས་སུ་ཕྱེ་བ་མ་གཏོགས་པ་དོན་ནི་འཁོར་བའི་རྒྱུ་འབྲས་ལ་ཡིད་ཆེས་བསྐྱེད་པར་མཚུངས་པ་ཉིད་དོ། །བདེན་པ་ལ་སྦྱར་ནས་རྒ་ཤི་དང༌། རྒ་ཤི་ཀུན་འབྱུང་བ་དང༌། རྒ་ཤི་འགོག་པ་དང༌། རྒ་ཤི་འགོག་པར་འགྲོ་བའི་ལམ་ཞེས་པ་ལ་སོགས་པ་མས་རིམ་གྱིས་གསུངས་པའི་འགོག་ལམ་ནི་རྣམ་བྱང་ཡིན་ལ་བདེན་བཞི་ཚང་བའི་ཆེད་དུ་ཞར་ལས་བྱུང་བའོ། །དེ་བཞིན་དུ་རྣམ་པར་བྱང་བའི་དབང་གིས་མྱ་ངན་ལས་འདས་པར་འཇུག་ཚུལ་གྱི་ལུགས་དང་མཐུན་པ་ནི་ཡས་རིམ་གྱིས། མ་རིག་པ་འགགས་ན་འདུ་བྱེད་འགག་འདུ་བྱེད་འགགས་ན་རྣམ་པར་ཤེས་པ་འགག་ཅེས་པ་ནས། མཐར་སྐྱེ་བ་འགགས་ན་རྒ་ཤི་ལ་སོགས་པ་འགག་ཅེས་པ་དང༌། ལུགས་དང་མི་མཐུན་པ་ནི་མས་རིམ་གྱིས་གང་མེད་ན་རྒ་ཤི་མི་འབྱུང༌། གང་འགགས་ན་རྒ་ཤི་འགག་ཅེས་སྐྱེ་བ་འགགས་ནའོ་ཞེས་པ་ལ་སོགས་པའམ། ཡང་ན་སྐྱེ་བ་འགགས་ན་རྒ་ཤི་འགག་སྲིད་པ་འགགས་ན་སྐྱེ་བ་འགག་ཅེས་པ་ནས། མ་རིག་པ་འགགས་ན་འདུ་བྱེད་འགག་ཅེས་པའི་བར་ཏེ། རིམ་པ་ཙམ་མ་གཏོགས་པ་ནི་མྱ་ངན་ལས་འདས་པ་འཐོབ་ཚུལ་དུ་གཅིག་པ་ཉིད་དོ། །དེ་ལྟར་རྟོགས་པར་གྱུར་པས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པའི་སྒོམ་ཚུལ་བསྟན་པར་བལྟའོ། །དེ་ལ་ཁ་ཅིག་མ་རིག་པ་འགགས་པས་འདུ་བྱེད་འགགཅེས་པ་ལ་སོགས་པ་ཀུན་ནས་ཉོན་མོངས་ཀྱི་ལུགས་ལྡོག་ཏུ་འཆད་པ་ནི་མི་རིགས་ཏེ།དེ་ནི་རྣམ་པར་བྱང་བའི་ལུགས་མཐུན་དུ་གསུངས་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ཕར་ཕྱིན་མདོ་ལུགས་མ་༢༤༢ལས། མ་རིག་པ་འགག་ན་འདུ་བྱེད་འགག་ཅེས་པ་ནས་སྐྱེ་བ་འགག་ན་རྒ་ཤི་འགག་ཅེས་པའི་བར་དུ་ལུགས་དང་མི་འཐུན་པ་ལ་སོ་སོར་རྟོགས་པར་བྱེད་དོ། །ཞེས་གསུངས་པས་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །དེ་བས་ན་འཁོར་བ་སྤངས་ཏེ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་རྣམས་ཀྱིས་ནི་མ་རིག་པ་སྤང་པའི་ཆེད་དུ་ཡང་དག་པའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། དབུ་མའི་རྩ་བར། མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་ཀུན་ཏུ་འབྱུང་མི་འགྱུར། །མ་རིག་འགགས་པར་འགྱུར་བ་ནི། །ཤེས་པ་དེ་ཉིད་བསྒོམས་པས་སོ། །ཞེས་པ་ལྟར་རོ། །དེ་ལྟར་རྩ་བ་མ་རིག་པ་འགགས་ན་སྡུག་བསྔལ་མཐའ་དག་ལས་གྲོལ་བར་འགྱུར་ཏེ། དེ་དང་དེ་ནི་འགགས་གྱུར་པས། །དེ་དང་དེ་ནི་མངོན་མི་འབྱུང༌། །སྡུག་བསྔལ་ཕུང་པོ་འབའ་ཞིག་པ། །དེ་ནི་དེ་ལྟར་ཡང་དག་འགག ། ཅེས་པ་ལྟར་རོ། །གནས་སྐབས་པའི་རྟེན་འབྲེལ་ཚེ་གསུམ་ལ་ཡན་ལག་བཅུ་གཉིས་ཕྲུགས་གཅིག་རྫོགས་པར་འགྱུར་བ་རྒྱུ་འབྲས་ཚར་གཉིས་གསུངས་པ་འདི་ནི་འཕེན་འགྲུབ་ཀྱི་དབྱེ་བ་མེད་པར་བསྲེས་པ་ཡིན་ཏེ། དེ་ཡང་མ་རིག་པ་དང་འདུ་བྱེད་གཉིས་རྒྱུ་དང༌། དེ་ལས་རྣམ་ཤེས་ནས་ཚོར་བའི་བར་ཡན་ལག་ལྔ་འབྱུང་བ་ནི། རྒྱུ་འབྲས་ཀྱི་རིམ་པ་ཚར་གཅིག་པ་དང༌། ཡང་རྒྱུ་སྲེད་པ་དང་ལེན་པ་གཉིས་ལས་འབྲས་བུ་སྲིད་པ་དང༌། སྐྱེ་བ་དང་རྒ་ཤི་རྣམས་འབྱུང་བ་ནི་རྒྱུ་འབྲས་ཀྱི་རིམ་པ་ཚར་གཅིག་སྟེ། འདི་ལ་ནི་རྒྱུ་འབྲས་ཀྱི་རིམ་པ་ཚར་གཉིས་སུ་གསུངས་སོ། །ཞེས་ཐེག་མཆོག་དབུ་མའི་ཟིན་བྲིས་ལས་གསུངས་སོ། །དེ་ལྟར་གསུངས་པའི་དགོས་པ་ཡང་སེམས་ཅན་རྣམས་ཀྱི་སྔོན་གྱི་མཐའ་ལས་རྨོངས་པ་དང༌། ཕྱི་མའི་མཐའ་ལས་རྨོངས་པ་དང༌། ད་ལྟར་གྱི་མཐའ་ལས་རྨོངས་པ་རྣམས་བཟློག་པའི་ཕྱིར། རྟེན་འབྲེལ་གྱི་རྣམ་བཞག་འདི་ཡང་བཅོམ་ལྡན་འདས་ཀྱིས་མདོ་སྡེ་རྣམས་ལས་རྒྱ་ཆེར་གསུངས་སོ། །རྨོངས་པ་རྣམ་པ་གསུམ་བཟློག་པའི་ཚུལ་ཡང༌། མཛོད་ལས། སྔོན་དང་ཕྱི་མཐའ་གཉིས་གཉིས་དང༌། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ནོ། །ཞེས་གསུངས་པ་ལྟར་རོ། །མ་རིག་པ་དང་འདུ་བྱེད་གཉིས་ནི་སྔོན་གྱི་མཐའ་དང༌། རྣམ་ཤེས་ནས་སྲིད་པའི་བར་བརྒྱད་ནི་བར་གྱི་མཐའ་དང༌། སྐྱེ་བ་དང་རྒ་ཤི་གཉིས་ནི་ཕྱི་མའི་མཐའོ། །ཚེ་གཅིག་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་རྫོགས་པར་འགྱུར་བ་ནི། མཐོང་ཆོས་མྱོང་འགྱུར་གྱིས་དབང་དུ་བྱས་པ་སྟེ། དཔེར་ན་སྐྱེས་པ་ཞིག་གིས་བུད་མེད་ཀྱི་སྐྱེ་བ་ཐོབ་འདོད་ཀྱི་བསམ་པ་དྲག་པོའི་ལས་ཞིག་བྱས་ནས། ལས་དེ་རྣམ་ཤེས་ལ་དེར་སྐྱེ་བའི་ས་བོན་ཡོངས་སུ་བཞག་ལ། དེའི་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བའི་ཡན་ལག་གི་ས་བོན་རྣམས་ཀྱང་རིམ་གྱིས་ཡོངས་སུ་བཞག་པ་ལས། དུས་ནམ་ཞིག་གི་ཚེ། དེས་བསྙེན་བཀུར་ལ་སྲེད་པ་དང༌། དེའི་ཀུན་ནས་བསླངས་བའི་བསྙེན་བཀུར་བསྒྲུབ་འདོད་ཀྱི་ལེན་པ་པས་དགྲ་བཅོམ་པའི་དགེ་འདུན་ལྟ་བུ་ཞིག་ལ་འདི་དག་ནི་བུད་མེད་ཀྱི་ཚོགས་པའོ། །ངག་རྩུབ་མོས་སྐུལ་བ་བཏབ་པའི་ལས་བྱས་པ་ལས་བུད་མེད་དུ་སྐྱེ་འགྱུར་གྱི་ལས་སྔར་བཞག་པ་དེ་ཉིད་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་ཏེ། མཐོང་བའི་ཆོས་ཉིད་དེ་ལས། མཚན་ཡོངས་སུ་འགྱུར་ཏེ། བུད་མེད་དུ་འགྱུར་བཞིན་པ་ནི་སྐྱེ་བ་དང༌། དེར་གྱུར་ཟིན་པ་ནི་རྒ་ཤིའི་ཡན་ལག་སྟེ། ཚེ་གཅིག་པུ་དེ་ཉིད་ལ་རྫོགས་པ་ལྟ་བུའོ། །སྐད་ཅིག་མའི་རྟེན་འབྲེལ་ནི། བྱ་བ་རྫོགས་པའི་སྐད་ཅིག་མ་གཅིག་ལ། ཡན་ལག་བཅུ་གཉིས་རྫོགས་པར་ཚང་བ་ནི། སྐད་ཅིག་མའི་རྟེན་འབྲེལ་ཡིན་ལ།དེ་ཡང་ཡན་ལག་བཅུ་གཉིས་པོ་ཚང་བ་ཙམ་གྱིས་ཆོག་པ་མ་ཡིན་གྱི། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་སོགས་ཡན་ལག་བཅུ་གཉིས་པོ་རྣམས་རྐྱེན་དང་རྐྱེན་ཅན་དུ་འགྱུར་བ་ཞིག་དགོས་པ་བཞིན་ནོ། །གཉིས་པ་ལན་དངོས་ནི།རང་ལུགས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚར་གཅིག་གི་འབྱུང་རིམ་ནི། སྔར་རྟེན་འབྲེལ་ཡན་ལག་བཅུ་གཉིས་བཤད་པ་རྣམས་ལས་རྟོགས་ནུས་ཀྱང་འདིར་ཅུང་ཟད་བརྗོད་ན། རྟེན་འབྲེལ་ཡན་ལག་བཅུ་གཉིས་མངོན་གྱུར་བའི་དབང་དུ་བྱས་ན་ཐོག་མར་མ་རིག་པ།དེ་ནས་འདུ་བྱེད་ཀྱི་ལས། དེ་ནས་རྒྱུ་དུས་ཀྱི་རྣམ་ཤེས། དེ་ནས་སྲེད་པ། དེ་ནས་ལེན་པ།དེ་ནས་སྲིད་པ། དེ་ནས་འབྲས་དུས་ཀྱི་རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། དེ་སྐྱེ་བ། རྒ་ཤི་རྣམས་རིམ་གྱིས་འབྱུང་བ་ཡིན་ཏེ། ས་བཟང་གི་མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་ལས། རྒྱུ་འབྲས་ཚར་དུ་ཡིས་བསྡུས་པ་ནི། བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས། དང་པོ་གཉིས་རྒྱུ་དང༌། རྣམ་ཤེས་ལ་སོགས་པ་ལྔ་འབྲས་བུ་དང༌། སྲེད་ལེན་སྲིད་པ་གསུམ་རྒྱུ་དང༌། རྒ་ཤི་གཉིས་འབྲས་བུ་སྟེ་ཚར་གཉིས་ཀྱིས་བསྡུས་པར་ཡང་འདོད་མོད།འདི་མངལ་སྐྱེས་ཀྱི་སྲིད་པ་གཅིག་གི་མགོ་བརྩམས་ནས་མཇུག་རྫོགས་ཀྱི་བར་ལ་རྒྱུ་འབྲས་ཚར་གཅིག་ཏུའང་འདུ་བ་ཡིན་ཏེ། དེའི་གོ་རིམ་ནི་དང་པོ་གསུམ་གྱི་རྗེས་སུ་སྲེད་ལེན་སྲིད་པ་གསུམ་སྦྱར་བའོ། །ཞེས་པ་ནས། འདིར་ནི་ཡང་སྲིད་འཕེན་བྱེད་སྐྱེས་ནས་མྱོང་འགྱུར་འགའ་ཞིག་ཚེ་གཉིས་ལ་རྫོགས་པ་སྲིད་དེ། དེའང་ཚེ་འདིར་མ་རིག་པའི་དབང་གིས་ལས་ཀྱི་བག་ཆགས་ཀུན་གཞི་ལ་བཞག་ནས། ལས་དེ་ཇི་ལྟར་འོང་བའི་སྲེད་ལེན་གྱིས་བརླན་པས་འཆི་ཁར་སྲིད་པ་མཐུ་ཅན་དུ་གྱུར་ཅིང་ཤི་འཕོས་པ་དང༌། ཚེ་གཉིས་པར་ཉིང་མཚམས་སྦྱར་བ་ན། མིང་གཟུགས་ལ་སོགས་པ་བཞི་དང་སྐྱེ་བ་དང་རྒ་ཤི་འགྲུབ་པ་ལྟ་བུའོ། །གཞན་ནི་ངེས་པ་མེད་དེ། ཚེ་རབས་མང་པོས་སྐྱེ་བ་གཅིག་འཕེན་པ་སྲིད་པའི་ཕྱིར་དང༌། ལས་འགའ་ཞིག་རྣམ་པར་སྨིན་པའི་ལུས་བསྐལ་པ་བརྒྱའི་ཕ་རོལ་ལ་སོགས་པར་འབྱུང་བ་སྲིད་པའི་ཕྱིར་རོ། །ཞེས་དང༌། མདོ་སྡེའི་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ལས། དེ་རྣམས་ཀྱི། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌། །གསུམ་འབྱུང་སྲིད་པའི་འཁོར་ལོ་ཅན། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་གསུངས་པ་ལྟར་ཉོན་མོངས་པ་གསུམ་ལས་གཉིས་འབྱུང་ཞིང༌། ལས་གཉིས་ལས་སྡུག་བསྔལ་བདུན་འབྱུང་ལ། སྡུག་བསྔལ་མྱོང་བཞིན་དུའང་ཉོན་མོངས་པའི་དབང་གིས་ལས་ངན་པ་སོགས་པས་སྒོ་ང་ལས་བྱ་དང་བྱ་ལས་སྒོ་ང་ལྟར་ཕན་ཚུན་འཁོར་བའི་ཚུལ་གྱིས་སེམས་ཅན་རྣམས་སྡུག་བསྔལ་བར་གནས་པ་ལ། ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཡིན་ན་ཐེག་མཆོག་དབུ་མ་ལས། ཚེ་གཅིག་ལ་ཡང་རྫོགས་པ་ཡོད་པ་སྟེ། །གོ་རིམ་དཀྲུག་ན་ཡན་ལག་རྫོགས་པ་འགལ། །ཞེས་དང༌། དེའི་ཟིན་བྲིས་ལས།ཕན་ཚུན་བསྲེ་སྟེ། ཚེ་དང་པོའི་སྐབས་ཀྱི་མ་རིག་པ་དང༌། འདུ་བྱེད་གཉིས་འཕེན་པའི་ཡན་ལག་དང༌། ཚེ་བར་བས་ཤས་ཆེར་བསྡུས་པ་རྣམ་ཤེས་སོགས་ལྔ་ནི་འཕངས་པའི་ཡན་ལག་དང༌། ཚེ་བར་བའི་གནས་སྐབས་སུ་བྱུང་བ་སྲེད་ལེན་དང༌། ཚེ་བར་བའི་ཆ་དང་ཚེ་གསུམ་པའི་ཉིང་མཚམས་སྦྱོར་ཁ་མའི་བར་དུ་འབྱུང་བ་སྲིད་པའི་ཡན་ལག་རྣམས་འགྲུབ་བྱེད་ཀྱི་ཡན་ལག་དང༌། ཚེ་གསུམ་པ་ལས་བྱུང་བའི་སྐྱེ་བ་དང༌། རྒ་ཤིའི་ཡན་ལག་ནི་གྲུབ་པའི་ཡན་ལག་ཡིན་ཞེས་སྨྲ་བ་ནི། གཉིས་བསྲེས་པའི་གཉིས་མིན་དུ་གྱུར་པས་མི་འཐད་ལ། དེའི་རྒྱུ་མཚན་ཡང༌། མིང་གཟུགས་ལ་སོགས་པ་བཞི་བོ་དེ་རྣམས་འཕངས་བའི་ཡན་ལག་མ་ཡིན་ཏེ། གྲུབ་པའི་ཡན་ལག་ཡིན་པའི་ཕྱིར། གྲུབ་པའི་ཡན་ལག་ཡིན་ཏེ། དེ་དག་ས་བོན་ཙམ་མ་ཡིན་པར་མངོན་པར་གྱུར་པ་ཡིན་པའི་ཕྱིར། དེ་མངོན་གྱུར་པ་ཡིན་ཡང་འཕངས་པའི་ཡན་ལག་མ་ཡིན་པའི་སྐྱོན་མེད་དོ་ཞེས་ཟེར་ན། འཕངས་བའི་ཡན་ལག་གི་མཚན་ཉིད་མ་ཚང་ཡང་འཕངས་བའི་ཡན་ལག་ཡིན་ཞེས་སྨྲ་ན་ཧ་ཅང་ཐལ་བར་འགྱུར་རོ། །ཞེས་དང༌། དེ་ཡང་ཡན་ལག་བཅུ་གཉིས་པོ་རྣམས་གོ་རིམ་མ་འཁྲུགས་པར་རིམ་པ་ཇི་ལྟ་བ་བཞིན་དུ་རྫོགས་པ་ཞིག་དགོས་པ་ཡིན་གྱི། གཞན་འགའ་ཞིག་གི་འདོད་པ་ལྟར་མ་རིག་པའི་རྗེས་སུ་སྲེད་ལེན། དེ་ནས་འདུ་བྱེད་དང༌། དེ་ནས་སྲིད་པ་དང༌། དེ་ནས་རྣམ་ཤེས་དང༌། དེ་ནས་ཚོར་བ་སོགས་འབྱུང་བར་འདོད་པ་ནི་གོ་རིམ་དཀྲུགས་པའི་ཕྱིར་ན། ཡན་ལག་བཅུ་གཉིས་ཀྱི་རིམ་པ་ཚེ་གཅིག་ལ་རྫོགས་པ་འགལ་བའི་ཕྱིར་རོ། །ཞེས་དང༌། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ཤེས་ཞེས་གསུངས་པ་ཡིན་གྱི། འདུ་བྱེད་ལས་སྲིད་པ་འབྱུང་བ་ལུང་གིས་གནོད་པའི་ཕྱིར་རོ། །དེ་བཞིན་དུ་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་གསུངས་པ་ཡིན་གྱི། ལེན་པ་ལས་འདུ་བྱེད་བྱུང་བ་ལུང་དང་འགལ་བ་དང༌། ཞེས་གསུངས་པ་དག་གི་དགོངས་པ་ཇི་ལྟར་ཡིན་ཞེ་ན། དེ་དག་གི་དགོངས་པ་ནི་གནས་སྐབས་ཀྱི་རྟེན་འབྲེལ་དང་མདོའི་སྒྲས་ཟིན་གྱི་རྟེན་འབྲེལ་ལན་ལག་བཅུ་གཉིས་ནི་ཚར་གཅིག་གི་དབང་དུ་བྱས་པ་མ་ཡིན་པར་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ཤེས། རྣམ་ཤེས་ཀྱི་རྐྱེན་གྱིས་མིང་གཟུགས་སོགས་འབྱུང་བ་སྟེ་སྔ་ཕྱི་རིམ་ཅན་དུ་རྐྱེན་དང་རྐྱེན་ཅན་དུ་གསུངས་པ་དང༌། མངོན་དུ་མ་གྱུར་བའི་རྟེན་འབྲེལ་སོགས་ཅི་རིགས་ཀྱི་དབང་དུ་བྱས་པ་ཡིན་ནམ་སྙམ་སྟེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དེ་ལྟར་ན་ཡན་ལག་བཅུ་གཉིས་པོ་དེ་རྣམས་ཀྱི་བག་ཆགས་ཀུན་གཞི་ལ་བཞག་པ་མངོན་དུ་མ་གྱུར་པ་དང་ས་བོན་ཡོངས་སུ་སྨིན་པ་ལས། ཡན་ལག་བཅུ་གཉིས་མངོན་དུ་འགྱུར་བ་གཉིས་འབྱུང་བ་ཐམས་ཅད་ལ་ཤེས་པར་བྱའོ། །ཞེས་གསུངས་པ་དང༌། ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། དེའི་གོ་རིམ་ནི་དང་པོ་གསུམ་གྱི་རྗེས་སུ་སྲེད་ལེན་སྲིད་པ་གསུམ་སྦྱར་བའོ། །ཞེས་གསུངས་པ་དང༌། གོང་གི་ལུང་དེ་དག་གི་སྐབས་ཐོབ་ལས་ཤེས་ནུས་པའི་ཕྱིར་རོ། །འོན་ཀྱང་རྟེན་འབྲེལ་ལ་ཆོས་ཀྱི་སྤྱན་མངའ་བའི་མཁས་པ་རྣམས་ཀྱིས་སླར་དཔྱད་པར་བྱའོ། །མངོན་དུ་མ་གྱུར་བའི་རྟེན་འབྲེལ་གྱི་འབྱུང་རིམ་ཚེ་གཉིས་ཀྱི་དབང་དུ་བྱས་པ་ནི། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཚེ་གཉིས་ལ་རྫོགས་ཚུལ་རྣམས་གསལ་གྱི་དཔེར་བརྗོད་ན། བདག་ལྟ་དང་མཚུངས་ལྡན་དུ་གྱུར་པའི་མ་རིག་པས་རྒྱུ་དུས་ཀྱི་ཀུན་སློང་བྱས། བདག་ལེགས་པོ་འདོད་པའི་བསམ་པ་ལ་བརྟེན་ནས། རྩ་བ་གསུམ་གྱི་དེ་དུས་ཀྱི་ཀུན་སློང་བྱས་ཏེ། ཡན་ལག་བརྒྱད་པའི་ཚུལ་ཁྲིམས་བསྲུང་བ་ལྟ་བུའི་འདུ་བྱེད་ཀྱི་ལས་བྱས་ཏེ། ཀུན་གཞི་ལ་མིར་སྐྱེ་འགྱུར་གྱི་ས་བོན་བཏབ་པས་ཤེས་པ་དེ་ཉིད་ཡོངས་སུ་འགྱུར་བའི་ཁྱད་པར་ཐོབ་པ་དང༌། དེའི་རྗེས་སུ་མི་མཐུན་པའི་རྐྱེན་མ་བྱུང་བས། སྔར་གྱི་རྒྱུན་མངོན་པར་འཕེལ་ཏེ། མིར་སྐྱེ་འགྱུར་གྱི་མིང་གཟུགས་ཀྱི་ས་བོན་ནུས་པ་མཐུ་ཅན་དུ་བྱས། སླར་ཡང་རིམ་པས་ས་བོན་སྨིན་པར་གྱུར་པས། སྐྱེ་མཆེད་དྲུག་གི་ས་བོན་ནུས་པ་ཅན་དུ་བྱས་པ་དང༌། སླར་ཡང་མི་མཐུན་པའི་གེགས་རྐྱེན་མེད་པར་སྨིན་པ་གོང་འཕེལ་དུ་སོང་བ་ལས། རེག་པ་དང་ཚོར་བའི་ས་བོན་ཡང་སྔ་ཕྱི་རིམ་པ་དང་བཅས་ཏེ་ནུས་པ་མཐུ་ཅན་དུ་གྱུར་པ་དང༌། དེ་ཡན་ཆད་ནི་འཕེན་པའི་རྟེན་འབྲེལ་ཏེ། མ་རིག་འདུ་བྱེད་རྣམ་ཤེས་གསུམ་ནི་འཕེན་བྱེད་ཀྱི་ཡན་ལག་དང༌། མིང་གཟུགས་སོགས་བཞི་བོ་དེ་རྣམས་ནི། འཕངས་པའི་ཡན་ལག་སྟེ། དེ་རྣམས་ཀྱི་མིའི་སྐྱེ་བ་ཞིག་འཕངས་པས། དུས་ནམ་ཞིག་གི་ཚེ། སྐྱེ་བ་དེ་ལེན་པར་ངེས་ཀྱང༌། སྐྱེ་བ་འདིའི་རྟིང་མ་ལྟ་བུ་དུས་ངེས་ཅན་ཞིག་ལ་འགྲུབ་པར་མ་ངེས་པ་ལས་སླར་ཡང་མཐོ་རིས་ལ་སྲེད་པའི་བསམ་པ་དྲག་པོ་ཞིག་སྐྱེས་ཏེ། ཡན་ལག་བརྒྱད་པའི་ཚུལ་ཁྲིམས་བསྲུང་བར་འདོད་པའི་ལེན་པ་དང༌། དེ་ལས་དངོས་སུ་ཚུལ་ཁྲིམས་བསྲུངས་བས། སྔར་གྱི་ས་བོན་ཤིན་ཏུ་སྟོབས་དང་ལྡན་པར་གྱུར་ཏེ། མིར་སྐྱེ་ངེས་ཀྱི་སྲེད་པ་ས་བོན་གྱི་ཚུལ་གྱིས་གྲུབ་པ་ནི་སྲེད་པའི་ཡན་ལག་དང༌། དེ་ཁའི་རྒྱུན་དང་ལྡན་བཞིན་དུ། མིའི་ལུས་རྟེན་ཡོངས་སུ་བཏང་སྟེ། སླར་ཡང་མིར་སྐྱེ་བའི་བར་སྲིད་ཡོངས་སུ་བཟུང་ཞིང་མངལ་དུ་ཉིང་མཚམས་སྦྱོར་ཁ་མའི་བར་ནི་སྲིད་པའི་ཡན་ལག་དང༌།ཉིང་མཚམས་སྦྱོར་བཞིན་པ་ནི་སྐྱེ་བའི་ཡན་ལག་དང༌། སྦྱར་ཟིན་པ་ནས་ཚེ་གཉིས་པ་ཧྲིལ་བོ་རྒ་ཤིའི་སྟེ། མངོན་པར་གྲུབ་པའི་ཡན་ལག་གོ ། ཞེས་གསུངས་པའི་ཕྱིར་རོ།། །།

དྲི་བ་བཅོ་ལྔ་པ་ནི། ཟིན་བྲིས་ལས། འོན་ཀྱང་དེ་གཉིས་རྫས་ཐ་དད་པ་མེད་པའི་ཞེས་པའི་སྐབས་རང་ལུགས་ལ་ཉོན་མོངས་པ་ཀུན་བརྟགས་དང་ལྷན་སྐྱེས་ཀྱི་ཁྱད་པར་དང་མཐོང་སྤང་དང་སྒོམ་སྤང་གི་ཚད་དང་དེ་གཉིས་འགལ་ལམ་ཅི་ཞེས་པའི་ལན།

དྲི་བ་བཅོ་ལྔ་པ་ནི། ཟིན་བྲིས་ལས། འོན་ཀྱང་དེ་གཉིས་རྫས་ཐ་དད་པ་མེད་པའི་ཞེས་པའི་སྐབས་རང་ལུགས་ལ་ཉོན་མོངས་པ་ཀུན་བརྟགས་དང་ལྷན་སྐྱེས་ཀྱི་ཁྱད་པར་དང་མཐོང་སྤང་དང་སྒོམ་སྤང་གི་ཚད་དང་དེ་གཉིས་འགལ་ལམ་ཅི་ཞེས་པའི་ལན།

ཟིན་བྲིས་ལས། འོན་ཀྱང་དེ་གཉིས་རྫས་ཐ་དད་པ་མེད་པའི་ཞེས་པའི་སྐབས་རང་ལུགས་ལ་ཉོན་མོངས་པ་ཀུན་བརྟགས་དང་ལྷན་སྐྱེས་ཀྱི་ཁྱད་པར་དང་མཐོང་སྤང་དང་སྒོམ་སྤང་གི་ཚད་དང་དེ་གཉིས་འགལ་ལམ་ཅི་ཞེས་པའོ། །དེའི་ལན་ནི་ཀུན་བརྟགས་དང་ལྷན་སྐྱེས་ཀྱི་ཁྱད་པར་དང༌། མཐོང་སྤང་དང་སྒོམ་སྤང་གི་ཚད་དང༌། དེ་གཉིས་འགལ་བར་བཤད་པ་དང་གསུམ། དང་པོ་ནི་གྲུབ་མཐའ་དང་སློབ་དཔོན་ངན་པ་དང་རྒྱུ་མཚན་ལྟར་སྣང་སོགས་ལ་བརྟེན་ནས་སྐྱེས་པའི་བློ་ནི་ཀུན་བརྟགས་དང༌། གྲུབ་མཐའ་སོགས་ཀྱིས་མ་ཡིན་པར་ཐོག་མེད་ནས་གོམ་པའི་དབང་གིས་བྱུང་བའི་བློ་ནི་ལྷན་སྐྱེས་ཞེས་བྱ་སྟེ། ཤེས་བྱ་རབ་གསལ་སྣང་བ་ལས། ཀུན་བརྟགས་པ་ཞེས་འཇིག་ཚོགས་དང་མཐར་འཛིན་ལྟ་བ་ལྷན་སྐྱེས་ལས་འབྱེད་དེ། དེ་དག་ལྷན་སྐྱེས་ཇི་ལྟ་བུ་སྙམ་ན། མངོན་པར་རྟོག་པ་ལ་ཞུགས་པ་རྣམས་ལའང་ངའི་བདག་གང་ཡིན་ཞེས་སྐྲག་པ་གང་ལས་འབྱུང་བའི་བདག་ལྟ་དང་ཆད་ལྟ་ཡོད་པའོ། །འདིར་ནི་སྡིག་གྲོགས་བརྟེན་པ་དང༌། ཆོས་མིན་མཉན་པ་དང༌། ཚུལ་མིན་ཡིད་བྱེད་ལ་བརྟེན་ནས་ཀུན་བརྟགས་པའི་ལྟ་བ་ལྔ་བོ་རྣམས་སོ། །རང་བཞིན་གྱིས་བརྗེད་ངེས་ལ་སོགས་པ་མ་བརྟགས་ཀྱང་འབྱུང་བ་ནི་ལྷན་སྐྱེས་ཏེ། ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། གཟུགས་བརྙན་གྱི་རྒྱུ་མཚན་ནི། གྲུབ་མཐའ་ལོག་པས་བརྟགས་པའི་བདག་ཏུ་འཛིན་པ་ལ་སོགས་པ་ཡིན་ལ།དེ་ཡང་དུད་འགྲོ་ལ་སོགས་པའི་འགྲོ་བ་བླུན་ཞིང་གཏི་མུག་པ་རྣམས་དང༌། །མིར་གྱུར་བ་ཡིན་ཡང་གྲུབ་མཐའ་ངན་པས་བློ་ཁ་མ་བསྒྱུར་བ་རྣམས་ལ་ཀུན་བརྟགས་ཀྱི་བདག་ལ་སོགས་པའི་སྣང་བ་བློ་ལ་མི་འཆར་བར་ཕལ་ཆེ་བ་འདོད་ཅིང༌། དབུ་མ་འཇུག་པར་ཡང༌།གང་དག་བསྐལ་མང་དུད་འགྲོ་བསྐྱལ་གྱུར་བ། །དེས་ཀྱང་མ་སྐྱེས་བདག་འདི་མ་ཤེས་ལ། །ངར་འཛིན་དེ་དག་ལ་ཡང་འཇུག་མཐོང་ནས། །ཞེས་པ་ལ་སོགས་པ་གསུངས་མོད། འོན་ཀྱང་དེ་ལྟ་བུ་མ་ངེས་ཏེ། ཚེ་རབས་སྔ་མ་རྣམས་གྲུབ་མཐའ་ངན་པའི་བཏགས་པས་བག་ཆགས་ཀུན་གཞི་ལ་བཞག་པ་དེ་ཡོངས་སུ་སད་པའི་མཐུ་ལས། ཚེ་འདིར་གྲུབ་མཐའ་ལ་འཇུག་མ་མྱོང་ཡང༌། གྲུབ་མཐའ་ངན་པས་བཏགས་པའི་ཀུན་བཏགས་ཀྱི་སྣང་བ་ངེས་པར་འཆར་བས་སོ། །དེ་ཡང་དཔེར་ན་ཉོན་མོངས་པ་རྣམས་ཀྱི་ནང་ནས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་དང༌། ལྟ་བ་མཆོག་འཛིན་དང༌། ལོག་པར་ལྟ་བ་རྣམས་ནི་མཐའ་གཅིག་ཏུ་ཀུན་བཏགས་ཀྱི་ཉོན་མོངས་ཁོ་ནར་ངེས་ལ་འདོད་ཆགས་ཞེ་སྡང་ལ་སོགས་པའི་ཉོན་མོངས་གཞན་རྣམས་ལ་ནི། ཀུན་བརྟགས་དང་ལྷན་སྐྱེས་ཀྱི་ཉོན་མོངས་གཉིས་ཆར་གྱི་ཆ་ཡོད་པ་ཡིན། འོན་ཀྱང་དེ་གཉིས་རྫས་ཐ་དད་པ་མེད་པའི་ཕྱིར། སོ་སོའི་སྐྱེ་བོའི་ཤེས་རིག་གིས་དེ་གཉིས་ཀྱི་དབྱེ་བ་བྱེད་པ་ནི་མི་ནུས་སོ། །ཞེས་གསུངས་སོ། །དེ་ལ་དུད་འགྲོའི་རྒྱུད་ལ་ཀུན་བརྟགས་ཡོད་ཅེས་གསུངས་པ་ལ།ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ནི་སེམས་རབ་ཏུ་མ་ཞི་བར་བྱེད་པ་ལྷན་སྐྱེས་སུ་གྱུར་པ་ཞེས་པའི་མཚན་ཉིད་ཅན་ཐ་ན་བྱ་དང་རི་དྭགས་ལ་སོགས་ལའང་ཡོད་པའི་རང་འཁྲུངས་འཁོར་བ་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའོ། །ཞེས་གསུངས་པས་ཅུང་ཟད་དཔྱད་རྒྱུ་སྣང༌། ཡང་དེ་གཉིས་རྫས་ཐ་དད་མེད་ཅེས་གསུངས་པ་ལ་ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། རྫས་གཅིག་ན་མཚུངས་ལྡན་གྱི་རྒྱུ་འབྲས་མ་ཡིན་པར་ཐལ་བའི་ཕྱིར་དང༌། སེམས་ཉོན་མོངས་པ་རྣམས་དང་ངོ་བོ་གཅིག་པ་ཡིན་ན་ངོ་བོ་ཉིད་ནི་སྤངས་དུ་མི་རུང་བས་གཏན་རྣམ་པར་མི་འདག་པའི་ཡང་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་སེམས་དང་སེམས་ལས་བྱུང་བ་རྣམས་རྫས་ཐ་དད་དུ་གསུངས་སོ། །ཞེས་གསུངས་པས་ན་དགོངས་པ་འཚོལ་དགོས་སོ། །གཉིས་པ་ནི། ཐུན་མོང་བ་ལྟར་ན་ཀུན་ནས་ཉོན་མོངས་པ་གསུམ་པོ་གང་རུང་གིས་བསྡུས་པའི་ཀུན་བརྟགས་ཀྱི་སྤང་བྱ་དང་དེའི་ས་བོན་གྱིས་བསླད་པ་གང་རུང་གིས་བསྡུས་པ་མཐོང་སྤང་ཡིན་ལ། དེ་ལ་རང་ཡིན་གྱི་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་ཡོད། ལྷན་སྐྱེས་ཀྱི་སྤང་བྱ་དང་དེའི་ས་བོན་གྱིས་བསླད་པ་གང་རུང་གིས་བསྡུས་པ་སྒོམ་སྤང་ཡིན་ལ། དེ་ལ་ཡང་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་ཡོད་པ་ཡིན་ཏེ། མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་༢༢༤ལས། མཐོང་སྤང༌། སྒོམ་སྤང༌། སྤང་བྱ་མིན་པ་གསུམ་ལས། ཇི་ལྟར་དུ་ཞིག་ཅིའི་ཕྱིར་མཐོང་བས་སྤང་བར་བྱ་བར་བརྟག་ཅེ་ན། དེའང་ཀུན་ནས་ཉོན་མོངས་པ་གསུམ་གྱིས་བསྡུས་པ་སྟེ། ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་ནི། ཉོན་མོངས་པ་ཅན་གྱི་ལྟ་བ་ཀུན་བརྟགས་པ་རྣམས། ཞེས་པ་ནས། རྩ་བའི་ཉོན་མོངས་པ་དང༌། ངོ་ཚ་མེད་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་བཅུ་ཚན་ཕྱི་མ་གང་ཡིན་པ་དེ་དག་དང་ཞེས་པའོ། །ལས་ཀྱིས་ཀུན་ནས་ཉོན་མོངས་པ་ནི་གང་ཡང་ལྟ་བ་ངན་པ་དེ་རྣམས་དང༌། དེའི་དབང་གིས་བྱུང་བའི་འདོད་ཆགས་ལ་སོགས་པས་ཀུན་ནས་བསྲུངས་པའི་ལུས་ཀྱི་ལས་སྲོག་གཅོད་ལ་སོགས་པ་དང༌། ངག་གི་ལས་རྫུན་དང་ཚིག་རྩུབ་ལ་སོགས་པ་མི་དགེ་བ་རྣམས་ཏེ། ཡིད་ཀྱི་ལས་ནི་ལྟ་བ་ལ་གནས་པས་བསྡུས་པའོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི་དེ་ལྟ་བུའི་ཉོན་མོངས་པ་དང༌། ལས་ཀྱི་དབང་གིས་ཕྱི་མ་ལ་ངན་སོང་པའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་འགྲུབ་པར་འགྱུར་བའི་བག་ཆགས་ཡོད་པའོ། །མངོན་དུ་གྱུར་པ་ནི་མ་ཡིན་ཏེ་མཐོང་ལམ་ཐོབ་པ་ན་དེ་དག་འགགས་པའི་ཕྱིར་རོ། །དེ་ལྟར་ཀུན་ནས་ཉོན་མོངས་པ་གསུམ་གྱིས་བསྡུས་པ་ཐམས་ཅད་ནི་བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་མཐོང་བས་སྤང་བར་བྱ་བར་བལྟའོ། །ཆོས་གསུམ་པོ་ཐམས་ཅད་ཀྱི་ཕྱོགས་གཅིག་ནི་སྒོམ་སྤང་དང་ཟག་མེད་ཀྱིས་བསྡུས་པ་བོར་བ་དག་གོ ། དེའང་ཆོས་གསུམ་དུ་བསྟན་པས་དེ་སྤང་བའི་བདག་མཐོང་བ་ཕུན་སུམ་ཚོགས་པ་དང་ལྡན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་དུ་ཞིག་ཅིའི་ཕྱིར་སྒོམ་པས་སྤང་བར་བྱ་བར་བརྟག་ཅེ་ན། མཐོང་ལམ་མ་ཐོབ་ཀྱི་བར་ལ་སྒོམ་སྤང་མི་སྤོང་བས་མཐོང་བའི་ལམ་ཐོབ་པ་སྟེ་ཡན་ཆད་ཀྱི་རྒྱུད་ལ་ཡོད་པའི་སྤང་བྱ་གང་ཞིག་མཐོང་ལམ་ཐོབ་མ་ཐག་མཐོང་སྤང་སྤངས་ཟིན་པས་མཐོང་བས་སྤང་བར་བྱ་བ་ལས་ལྡོག་པ་འཇིག་ཚོགས་དང་མཐར་འཛིན་ལྟ་བ་ལྷན་སྐྱེས་དང་ལྟ་བའི་གནས་དང་ཡུལ་ལ་ལོག་པར་ཞུགས་པའི་ཉོན་མོངས་པ་རྣམས་དང༌། དེ་དག་གིས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་དང༌། བདེ་འགྲོའི་ཕུང་པོ་ཁམས་སྐྱེ་མཆེད་རྣམས་ཏེ། དེ་ཡན་ཆད་ཟག་མེད་ཀྱང་མང་དུ་ཡོད་པས། ཟག་པ་དང་བཅས་པའི་ཆོས་ཆོས་ཉིད་མཐོང་ཟིན་གོམས་པས་སྤང་བར་བྱ་བ་རྣམས་སོ། །སྔར་ངེས་འབྱེད་ཆ་མཐུན་ཟག་མེད་དང་རྗེས་སུ་མཐུན་པས་ཟག་མེད་དུ་བཤད་ཀྱང༌། འདིར་ནི་ཟག་པའི་ས་བོན་རྗེས་སུ་འབྲེལ་བའི་ཆ་ནས་ཟག་བཅས་སུ་བསྡུའོ། །བསྡུ་བར༌། དགེ་བ་ཟག་བཅས་ཐམས་ཅད་དང་མ་བསྒྲིབས་ལུངམ་བསྟན་ཐམས་ཅད་སྒོམ་སྤང་དུ་བཤད་པ་ནི་འདིར་ཟག་བཅས་སྨོས་པས་འགྲུབ་ཅིང༌། ཞེས་པ་ནས། ཇི་ལྟར་དུ་ཞིག་ཅིའི་ཕྱིར་སྤང་བར་བྱ་བ་མ་ཡིན་པར་བརྟག་ཅེ་ན། འགོག་ལམ་ལ་སོགས་པ་ཟག་པ་མེད་པ་ནི་སྐྱོན་མེད་པའི་ཕྱིར་སྤང་བར་བྱ་བ་མ་ཡིན་པར་བལྟའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་ཟག་པའི་ས་བོན་ཅན་ནམ། རྟོག་པའི་བདག་ཉིད་ཅན་སྒོམ་སྤང་ཡིན་པས་མ་གཏོགས་པར། དེ་ལས་གཞན་པའི་ཕུང་པོ་ལྔ་རྣམས་དང༌། སེམས་ཀྱི་ཁམས་བདུན་གཟུགས་སྒྲ་ཆོས་གསུམ་དང་བཅས་པ་བཅུ་དང༌། གཟུགས་དང་སྒྲ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་བཞིའི་ཕྱོགས་ནི་འཇིག་རྟེན་ལས་འདས་པའི་མཉམ་གཞག་དང་དེའི་རྗེས་ཐོབ་དེ་བཞིན་དུ་སྣང་བ་ལ་སོགས་པས་བསྡུས་པ་རྣམས་སོ། །ཡང་ན་སྔར་བཤད་པ་ལྟར་ཡིད་དང་ཆོས་དང་ཡིད་ཤེས་ཀྱི་ཁམས་གསུམ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་གཉིས་ཀྱི་ཕྱོགས་ལམ་བདེན་དང་འདུས་མ་བྱས་ཀྱིས་བསྡུས་པ་རྣམས་སོ། །དེའང་ཆོས་དུ་མ་བསྟན་པས་བདག་གྲུབ་པ་དང་བདེ་བ་དང་རྟག་པའི་ངོ་བོ་སྤང་བྱ་མ་ཡིན་པར་མངོན་པར་ཟག་མེད་དུ་ཞེན་པ་སྤང་བའི་ཕྱིར་རོ། །ཞེས་གསུངས་པ་དང༌། ཡང་དེ་༤༢༠ལས། དགུ་པ་རིས་ཀྱིས་ཇི་ལྟ་བུ་ཞེ་ན། མདོར་བསྟན་ནི། ཉོན་མོངས་པའི་ཁྱད་པར་ཐམས་ཅད་སྡེའམ་རིས་ཀྱི་སྒོ་ནས་ཕྱེ་ན་རྣམ་པ་གཉིས་སུ་འདུ་བ་སྟེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ནི་སེམས་རབ་ཏུ་མ་ཞི་བར་བྱེད་པ་ཀུན་བརྟགས་སུ་གྱུར་པ་ཞེས་པའི་མཚན་ཉིད་ཅན། ཐོས་བསམ་ཕྱིན་ཅི་ལོག་ལས་བྱུང་བ་དང༌། སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ནི་སེམས་རབ་ཏུ་ཞི་བར་བྱེད་པ་ལྷན་སྐྱེས་སུ་གྱུར་པ་ཞེས་པའི་མཚན་ཉིད་ཅན་ཐ་ན་བྱ་དང་རི་དྭགས་ལ་སོགས་ལའང་ཡོད་པའི་རང་འཁྲུངས་འཁོར་བ་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའོ། །ཞེས་པ་ནས། ཁམས་གསུམ་གྱི་མཐོང་སྤང་དེ་དག་མདོར་བསྡུ་ན་ཉོན་མོངས་པ་ཀུན་བརྟགས་ཀྱི་ཆ་བརྒྱ་རྩ་བཅུ་གཉིས་ནི་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་དུ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་རིས་སོ། །བསྡུ་བར། ལྟ་བ་དང་པོ་གཉིས་བདེན་པ་ཕྱི་མ་གསུམ་ལ་མི་འཇུག་པར་གསུངས་པ་ནི་རགས་པའི་རྣམ་གཞག་ཡིན་ལ། མཛོད་དུ། ཚུལ་ཞུགས་མཆོག་འཛིན་ཡང་བར་བ་གཉིས་ལ་མི་འཇུག་པར་བཤད་པ་ནི་གྲུབ་མཐའ་ཐ་དད་ཀྱི་དབང་དུ་བྱས་པ་ཡིན་ཞིང་འགོག་ལམ་ཟག་མེད་ཁམས་ཀྱིས་ཕྱེ་བ་ནི། ཁམས་གསུམ་གྱིས་ཟག་བཅས་འགགས་པ་ལ་དེ་དག་གིས་འགོག་པ་དང༌། དེའི་ཐབས་ལ་དེ་དག་གི་ལམ་ཞེས་བརྗོད་པའོ། །སྒོམ་སྤང་ནི། ཐེ་ཚོམ་དང་ལྟ་བ་ཕྱི་མ་གསུམ་ཀུན་བརྟགས་ཁོ་ན་ཡིན་པས་མ་གཏོགས་པར། འདོད་པའི་ཁམས་ན་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་དྲུག་སྟེ། ཞེས་པ་ནས། འདོད་ཆགས་དང༌།ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་སྟེ་བཞི་ཡང་ལྟ་བ་ལ་ལོག་པར་ཞུགས་པ་ཀུན་བརྟགས་ཀྱི་ཆ་རྣམས་མ་གཏོགས་པར། ཡུལ་ལ་ལོག་པར་ཞུགས་པ་ལྷན་སྐྱེས་ཀྱི་ཆར་གྱུར་བའོ། །གཟུགས་ཀྱི་ཁམས་ན་ནི་ཁོང་ཁྲོ་བ་མེད་པས་དེ་མ་གཏོགས་པ་སྒོམ་སྤང་ཉོན་མོངས་པ་ལྔའོ། །གཟུགས་ཀྱི་ཁམས་ན་ཇི་ལྟ་བར་གཟུགས་མེད་པའི་ཁམས་ན་ཡང་དེ་བཞིན་དུ་ལྔ་སྟེ། ཁམས་གསུམ་གྱི་སྒོམ་སྤང་དེ་དག་ངོ་བོའི་སྒོ་ནས་མདོར་བསྡུ་ན་ཉོན་མོངས་པ་ལྷན་སྐྱེས་ཀྱི་ཆ་བཅུ་དྲུག་ནི་ཆོས་ཉིད་མཐོང་ཟིན་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པའི་རིས་སོ། །དེ་རྣམས་དང་ཆེ་འབྲིང་གིས་ཕྱེ་ན་ཁོང་ཁྲོ་དགུ་དང༌། གཞན་ལྔ་ལ་བརྒྱད་ཅུ་རྩ་གཅིག་པ་རེ་རེ་སྟེ་བཞི་བརྒྱ་དང་བཅུ་བཞིར་ཡང་འགྱུར་རོ། །མཛོད་དུ། ལྟ་བ་གཉིས་སྒོམ་སྤང་དུ་མ་བཤད་པ་ནི་དེ་གཉིས་ལྷན་སྐྱེས་མི་སྲིད་པའི་གྲུབ་མཐའི་དབང་དུ་བྱས་པ་ཡིན་ལ། བསྡུ་བར་ཡང་རགས་པའི་རྣམ་གཞག་ལ་མ་བཤད་ཀྱང༌། ཕྲ་བའི་རྣམ་གཞག་ལ་ལྷན་སྐྱེས་ཐམས་ཅད་སྒོམ་སྤང་དུ་གསུངས་ཤིང༌། དེ་གཉིས་ལ་ལྷན་སྐྱེས་ཀྱང་བཤད་པས། སའི་དངོས་གཞི་དང་མཐུན་པར་དྲུག་ཅར་སྒོམ་སྤང་དུ་བཞེད་དོ། །ཞེས་གསུངས་པའོ། །དེ་ལྟར་ཕར་ཕྱིན་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། འདིའི་སྤང་བྱ་ནི། གཞུང་འདིའི་ལྟར་ན་སྒོམ་ལམ་རྩེ་མོའི་སྤང་བྱ་རྟོག་པ་བརྒྱ་རྩ་བརྒྱད་དང༌། ཡོངས་སྦྱོང་དུ་བཤད་པའི་སྤང་བྱ་རྣམས་སོ། །མཛོད་ལྟར་ན། འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་བཞི་སྟེ། དེ་ཡང་འདོད་པར་བཞི་ཁམས་གོང་མ་གཉིས་སུ་ཁོང་ཁྲོ་མེད་པས་དེ་མ་གཏོགས་གསུམ་གསུམ་སྟེ་བཅུའོ། །ཀུན་བཏུས་སོགས་ལྟར་ན། ཁམས་གསུམ་གྱི་འཇིག་ལྟ་དང་མཐར་ལྟ་ལྷན་སྐྱེས་དྲུག་བསྣན་པས་བཅུ་དྲུག་གོ ། ཁོང་ཁྲོ་མ་གཏོགས་པ་ལྔ་བོ་དེ་ལ་ཁམས་གསུམ་ས་དགུར་རེ་རེ་ལ་ཡང་ཆུང་འབྲིང་ཆེ་དགུ་དགུ་ཡོད་ཅིང་འདོད་པའི་ཁོང་ཁྲོ་དགུ་དང་བཅས་པས་བཞི་བརྒྱ་བཅུ་བཞིར་ཡོད་དོ། །ཞེས་གསུངས་སོ། །དེ་ལྟར་དུ་ས་བཟང་གི་མདོ་སྡེའི་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ལས། སྤྱིར་ཐར་པ་དང་ཐམས་ཅད་མཁྱེན་པའི་གེགས་སམ་བར་དུ་གཅོད་པ་ནི་སྒྲིབ་པ་ཡིན་ཞིང༌། ངོ་བོས་ཕྱེ་ན་དབུས་མཐའ་ལས། ཉོན་མོངས་པ་ཡི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་དག་ཏུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར་འདོད་ཆགས་ལ་སོགས་པ་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་བྱེད་ཅིང༌།ཐར་པ་ཐོབ་པའི་གེགས་སུ་གྱུར་པ་ཉོན་མོངས་པའི་སྒྲིབ་པ་དང༌། དེའི་ཊཱིཀྐར་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སྟེ་ཞེས་པ་ལྟར། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཤེས་བྱ་ཤེས་པའི་གེགས་སུ་གྱུར་པ་ནི་ཤེས་བྱའི་སྒྲིབ་པ་སྟེ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་མི་ཤེས་པ་སྙོམས་འཇུག་གི་སྒྲིབ་པ་ནི་ཤེས་བྱའི་སྒྲིབ་པའི་ཁྱད་པར་རོ། །ཉོན་མོངས་པ་ལ་གཉེན་པོ་རིམ་གྱིས་ཕྱེ་ན་ཀུན་བརྟགས་ཀྱི་ཆ་རྣམས་མཐོང་བས་སྤང་བར་བྱ་བ་དང༌། ལྷན་སྐྱེས་ཀྱི་ཆ་རྣམས་སྒོམ་པས་སྤང་བར་བྱ་བ་གཉིས་ཀྱི་དང་པོ་ནི། འདོད་པའི་ཁམས་ན་བདེན་པ་བཞི་ལ་ཉོན་མོངས་པ་བཅུའི་འཇིགས་ཚོགས་ལ་ལྟ་བ་དང་མཐར་འཛིན་པའི་ལྟ་བ་དང༌། ལོག་པར་ལྟ་བ་དང་ཐེ་ཚོམ་སྟེ་བཞིས་དངོས་སུ་ལོག་པར་རྟོགས་པ་དང༌། མཆོག་འཛིན་གཉིས་དང༌། འདོད་ཆགས་དང་ང་རྒྱལ་དང་ཁོང་ཁྲོ་སྟེ་ལྔས་ལོག་ཞུགས་ལ་སོགས་པར་རྟོགས་པ་དང༌། མ་རིག་པས་གཉི་ག་ལ་ལོག་པར་རྟོགས་པ་སྟེ་བཞི་བཅུ་དང༌། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་པས་བདེན་པ་བཞི་ལ་ཉོན་མོངས་དགུས་ལོག་པར་ཞུགས་པ་སོ་དྲུག་པ་གཉིས་ཏེ། ཀུན་ལས་བཏུས་པར། དེ་དག་མདོར་བསྡུ་ན་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་ནི་མཐོང་བས་ནི་སྤང་བར་བྱ་བའི་རིས་སོ་ཞེས་གསུངས་པ་རྣམས་སོ། །སྒོམ་སྤང་ནི་འཁོར་བ་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའི་ལྷན་སྐྱེས་ཐ་ན་བྱ་དང་རི་དྭགས་ལ་སོགས་པ་ལའང་ཡོད་པ་སྟེ། འདོད་པའི་ཁམས་ན་ཉོན་མོངས་པ་དྲུག་གིས་ཡུལ་ལ་ལོག་པར་ཞུགས་པ་དང༌། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་པ་ལྔ་ལྔས་ལོག་པར་ཞུགས་པས་བཅུ་དྲུག་སྟེ། དེ་དག་མདོར་བསྡུ་ན་བཅུ་དྲུག་ནི་སྒོམ་པས་སྤང་བར་བྱ་བའི་རིས་སོ་ཞེས་གསུངས་པ་རྣམས་སོ། །གཞུང་ལ་སྦྱར་བ་ནི་མཐོང་བའི་ལམ་གྱི་ཞོར་ལ་ཤེས་སྒྲིབ་ཀུན་བརྟགས་རྣམས་ཀྱང་སྤོང་མོད་ཀྱི། སྤང་བྱའི་གཙོ་བོ་ཉེས་སྤྱོད་ཆེན་པོའི་རྐྱེན་དུ་གྱུར་པ་ཀུན་བརྟགས་ཉོན་མོངས་པའི་སྒྲིབ་པ་རྣམས་ཐམས་ཅད་སྤངས་ཏེ་ཡང་དག་པར་ཟད་པར་བྱས་ནས་སྒོམ་པའི་ལམ་གྱིས་ཉོན་སྒྲིབ་ལྷན་སྐྱེས་རྣམས་ཀྱང་སྤོང་མོད་ཀྱི། གཙོ་ཆེར་ཤེས་བྱའི་སྒྲིབ་པ་ལྷན་སྐྱེས་རྣམས་སྤང་བའི་ཕྱིར་ཆོས་ཉིད་མངོན་སུམ་དུ་མཐོང་ཟིན་ཏེ་སྒོམ་པ་ལ་ནི་རབ་ཏུ་སྦྱོར་རོ། །མདོར་ན་ས་དང་པོའི་སྟོད་ཀྱི་ཆ་ལ་མཐོང་སྤང་སྤངས་ཏེ་མཐོང་ལམ་ཡོངས་སུ་རྫོགས་པར་ཐོབ་ནས། སྨད་ཀྱི་ཆ་ནས་ས་བཅུ་པའི་བར་ལ་སྒོམ་ལམ་གྱིས་ཤེས་བྱའི་སྒྲིབ་པ་གཙོ་བོར་སྤོང་ཞིང་གཞན་དོན་དུ་སྐྱེ་བ་ལེན་པའི་ནུས་ལྡན་གྱི་ཉོན་མོངས་པ་ཕྲ་མོ་ཆེད་དུ་གཉེར་ནས་མི་སྤོང་བའི་རང་བཞིན་ཅན་ཡིན་ཡང་དེས་ཉོན་མོངས་པའི་ཉེས་པ་མི་སྐྱེད་ལ། དེ་ཡང་བྱང་ཆུབ་ཐོབ་པ་ན་ཤེས་སྒྲིབ་ལྷག་མ་དང་ཅིག་ཅར་སྤོང་སྟེ། ཀུན་ལས་བཏུས་པར། བྱང་ཆུབ་སེམས་དཔའ་རྣམས་ནི་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་ས་བཅུ་རྣམས་སུ་སྒོམ་པའི་ལམ་ལ་ཤེས་བྱའི་སྒྲིབ་པའི་གཉེན་པོའི་ལམ་སྒོམ་པ་ཡིན་གྱི། ཉོན་མོངས་པའི་སྒྲིབ་པའི་གཉེན་པོར་ནི་མ་ཡིན་ནོ། །དེ་བྱང་ཆུབ་ཐོབ་པ་ན་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཅིག་ཅར་སྤོང་ངོ༌། །ཅིག་ཅར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ། །དེ་ཉོན་མོངས་པ་སྤངས་སུ་ཟིན་ཡང་སྔགས་དང་སྨན་གྱིས་བསད་པའི་དུག་ལྟ་བུ་དང༌། དཔེར་ན་སྤངས་པའི་དགྲ་བཅོམ་པ་ལྟར་ས་ཐམས་ཅད་དུ་ཉོན་མོངས་པའི་ཉེས་པ་མི་སྐྱེད་དོ། །ཞེས་གསུངས་པ་ལྟར་རོ། །ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། དེ་དག་ཀྱང་གཙོ་ཆེར་ཐེག་པ་ཐུན་མོང་བའི་དབང་དུ་བྱས་པ་སྟེ། ཐེག་པ་ཆེན་པོའི་ལུགས་ལ་ནི་ཉོན་མོངས་པའི་སྒྲིབ་པ་རྣམས་མཐོང་སྤང་དང༌། ཤེས་བྱའི་སྒྲིབ་པ་རྣམས་སྒོམ་སྤང་ཞེས་ཀྱང་འཆད་པར་འགྱུར་རོ། །ཞེས་གསུངས་པའི་དགོངས་པ་ནི་གཙོ་ཆེ་ལ་དགོངས་པ་ཡིན་ཏེ། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། ཤེས་བྱའི་སྒྲིབ་པ་རྣམས་མཐོང་སྤང་དུ་མི་འཆད་པ་ནི། མཐོང་བས་སྤང་བྱའི་ཉོན་མོངས་རྣམས། །ཐམས་ཅད་ཡང་དག་ཟད་བྱས་ནས། །ཤེས་བྱའི་སྒྲིབ་པ་སྤང་བའི་ཕྱིར། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་ལྟར་ཐེག་ཆེན་པའི་ལུགས་ལ་མཐོང་ལམ་གྱིས་ཉོན་སྒྲིབ་དང་སྒོམ་ལམ་གྱིས་ཤེས་སྒྲིབ་གཙོ་ཆེར་སྤང་བ་ལ་དགོངས་པའོ། །ཞེས་གསུངས་སོ། །དེ་ལྟ་མ་ཡིན་ན་མཐོང་སྤང་ལ་ཤེས་སྒྲིབ་མེད་དགོས་ཀྱང་དེ་མི་འཐད་དེ། མཐོང་སྤང་ཤེས་སྒྲིབ་ཏུ་གྱུར་བའི་རྣམ་རྟོག་བཞིའམ་སོ་དྲུག་ཡོད་པའི་ཕྱིར་ཏེ། ཕར་ཕྱིན་མདོ་ལུགས་མ་ལས། ད་ནི་མཐོང་སྒོམ་གྱི་སྤང་བྱ་རྣམ་རྟོག་བཞི་བཤད་པར་བྱ། ཞེས་པ་དང༌། མཐོང་སྤང་གི་རྟོག་པ་བཞི་རྒྱས་པར་བཤད་པ། ཞེས་སོགས་གསུངས་པའི་ཕྱིར་རོ། །གསུམ་པ་དེ་གཉིས་འགལ་བར་བཤད་པ་ནི། མཐོང་སྤང་དང་སྒོམ་སྤང་གཉིས་ཀུན་བརྟགས་དང་ལྷན་སྐྱེས་སམ་དངོས་གཉེན་མཐོང་སྒོམ་གང་གི་ཆ་ནས་བཞག་ཀྱང་དེ་གཉིས་འགལ་ཞེས་བྱའོ། །མཉམ་བཞག་མི་རྟོག་པའི་ཡེ་ཤེས་ཀྱིས་གཙོ་ཆེར་ཉོན་སྒྲིབ་སྦྱོང་བ་དང༌། རྗེས་ཐོབ་ཇི་སྙེད་པའི་དོན་ཀུན་འབྱེད་པའི་ཡེ་ཤེས་ཀྱིས་གཙོ་ཆེར་ཤེས་བྱའི་སྒྲིབ་པ་སྦྱོང་བར་གསུངས་ཏེ། ས་བཟང་གི་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་རྣམ་པར་བཤད་པ་ཐེག་ཆེན་རབ་གསལ་སྣང་བ་ལས། སྒྲིབ་པ་གཉིས་དང་བྲལ་བ་ཡི། །རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། །མི་རྟོག་པ་དང་དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །ཅེས་པ་ལྟར་སྤང་བྱ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་དང་བྲལ་བའི་འབྲས་བུ་དག་པ་གཉིས་ལྡན་ཐོབ་པར་བྱེད་པའི་རྒྱུ་ནི། ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པའི་ཡེ་ཤེས་གཉིས་ཟུང་དུ་འབྲེལ་བར་སྒོམ་པ་ཡིན་ཏེ། དེ་ཡང་མཉམ་གཞག་ཁམས་གསུམ་པའི་གཉེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གཙོ་ཆེར་ཉོན་མོངས་པའི་སྒྲིབ་པ་སྦྱོང་བ་དང༌། རྗེས་ཐོབ་ཟབ་པ་དང་རྒྱ་ཆེ་བ་ལ་སོགས་པ་ཤེས་བྱ་ཇི་སྙེད་པའི་དོན་རྣམ་པར་འབྱེད་པའི་ཡེ་ཤེས་ཀྱིས་གཙོ་ཆེར་ཤེས་བྱའི་སྒྲིབ་པ་རྣམ་པར་སྦྱོང་བས་དེ་དག་དང་འབྲེལ་བའི་ལམ་སྒོམ་པ་ལ་འབད་པར་བྱའོ། །ཞེས་གསུངས་སོ། །ཅུང་ཟད་དཔྱད་རྒྱུ་སྣང་ངོ། །ཡང་གོང་དུ་དྲངས་བའི་ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། མཐོང་ལམ་ཐོབ་མ་ཐག་མཐོང་སྤང་སྤངས་ཟིན་པས། ཞེས་དང༌། སྔོན་མེད་ལེགས་བཤད་དུ། མཐོང་བའི་སྤང་བར་བྱ་བ་རྣམས་ནི་དུས་གཅིག་ཏུ་སྤོང་བ་ཡིན་ལ། ཞེས་གསུངས་པ་ལ་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་རིམ་གྱིས་སྐྱེ་བར་གསུངས་པས་དཔྱད་པར་བྱའོ།། །།

བཅུ་དྲུག་པ་ནི། སྐབས་ཀུན་ཏུ་འཕགས་པའི་མཉམ་བཞག་ཅེས་པ་ཡང་སློབ་འཕགས་དང་སངས་འཕགས་ཀྱི་མཉམ་བཞག་གང་ལ་ངོས་འཛིན།

བཅུ་དྲུག་པ་ནི། སྐབས་ཀུན་ཏུ་འཕགས་པའི་མཉམ་བཞག་ཅེས་པ་ཡང་སློབ་འཕགས་དང་སངས་འཕགས་ཀྱི་མཉམ་བཞག་གང་ལ་ངོས་འཛིན། མཉམ་བཞག་གང་དང་གང་དོན་དམ་བདེན་པ་དང་ངོ་བོ་གཅིག་གམ་མི་གཅིག་ཅེས་པའི་ལན།

སྐབས་ཀུན་ཏུ་འཕགས་པའི་མཉམ་བཞག་ཅེས་པ་ཡང་སློབ་འཕགས་དང་སངས་འཕགས་ཀྱི་མཉམ་བཞག་གང་ལ་ངོས་འཛིན། མཉམ་བཞག་གང་དང་གང་དོན་དམ་བདེན་པ་དང་ངོ་བོ་གཅིག་གམ་མི་གཅིག་ཅེས་པའོ། །དེའི་ལན་ནི། འཕགས་པའི་མཉམ་བཞག་ཡེ་ཤེས་ལ་སློབ་འཕགས་ཀྱི་མཉམ་བཞག་དང༌།སངས་འཕགས་ཀྱི་མཉམ་བཞག་གཉིས་ཡོད་པ་ཡིན་ཏེ། ལམ་བདེན་དུ་གྱུར་བའི་མཐོང་སྒོམ་མཉམ་བཞག་ཡེ་ཤེས་དང་ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་གཉིས་ཡོད་པའི་ཕྱིར།དེས་ན་འཕགས་པའི་མཉམ་བཞག་ཡེ་ཤེས་རང་ལྡོག་ནས་གང་ཡང་ཁས་མི་ལེན་པའོ། །དོན་དམ་མཉམ་བཞག་སོ་སོ་རང་རིག་པའི་གཉིས་མེད་ཡེ་ཤེས་དང༌། རང་བྱུང་ཡེ་ཤེས་དང༌། དབྱིངས་རིག་དབྱེར་མེད་ཀྱི་ཡེ་ཤེས་དང༌། འདུས་མ་བྱས་པའི་ཡེ་ཤེས་རྣམས་དོན་དམ་བདེན་པ་དང་ངོ་བོ་གཅིག་ཡིན་ནོ། །ཀུན་རྫོབ་ཀྱི་མཉམ་བཞག་རྣམས་དོན་དམ་བདེན་པ་དང་ངོ་བོ་གཅིག་དང་ཐ་དད་ལས་འདས་པའོ།། །།

དྲི་བ་བཅུ་བདུན་པ་ནི། ཀུན་རྫོབ་བདེན་པ་ཡིན་ན་འཁྲུལ་བ་དང་སྤང་བྱ་ཡིན་པས་ཁྱབ་མ་ཁྱབ་དང་དོན་དམ་བདེན་པའི་དགག་བྱ་གང་ཡིན་ཞེས་པའི་ལན།

དྲི་བ་བཅུ་བདུན་པ་ནི། ཀུན་རྫོབ་བདེན་པ་ཡིན་ན་འཁྲུལ་བ་དང་སྤང་བྱ་ཡིན་པས་ཁྱབ་མ་ཁྱབ་དང་དོན་དམ་བདེན་པའི་དགག་བྱ་གང་ཡིན་ཞེས་པའི་ལན།

ཀུན་རྫོབ་བདེན་པ་ཡིན་ན་འཁྲུལ་བ་དང་སྤང་བྱ་ཡིན་པས་ཁྱབ་མ་ཁྱབ་དང་དོན་དམ་བདེན་པའི་དགག་བྱ་གང་ཡིན་ཞེས་པའོ། །དེའི་ལན་ནི། ཀུན་རྫོབ་བདེན་པ་ཡིན་ན་འཁྲུལ་བ་ཡིན་པས་མ་ཁྱབ་པ་འདྲ་སྟེ། ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་ནམ་མི་སློབ་ལམ་དེ་གདུལ་བྱ་ལ་སྣང་བ་འཁྲུལ་རྒྱུའི་དབང་གིས་ཡིན་ཡང་སྤྱིར་སྐལ་ཆེན་གྲངས་མེད་ཀྱི་ཚོགས་ལས་འཁྲུངས་པས་འཁྲུལ་བ་མ་ཡིན་ནམ་སྙམ།འོ་ན་མདོ་སྡེ་རྒྱན་ལས། ཤེས་བྱ་སྤང་བྱ་རང་བཞིན་དྲི་མེད་འདོད་གང་རྣམ་པར་སྦྱང་བྱ་སྟེ། །ཞེས་དང༌། ས་བཟང་གི་མདོ་སྡེའི་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ལས། ཀུན་བརྟགས་གཟུང་འཛིན་མེད་པ་ལ་མེད་པར་ཤེས་པར་བྱ་ཞིང༌། གཞན་དབང་ཀུན་ཏུ་རྟོག་པ་ཙམ་དེ་སྤང་བར་བྱས་ནས་ཡོངས་གྲུབ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང་དྲི་མ་མེད་པར་འདོད་པ་གང་ཡིན་པ་དེ་གློ་བུར་གྱི་དྲི་མ་ལས་རྣམ་པར་སྦྱང་བར་བྱ། །ཞེས་གཞན་དབང་སྤང་བྱར་གསུངས་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ།དེའི་དགོངས་པ་ནི་གློ་བུར་གྱི་དྲི་མ་ལ་དགོངས་པ་གསལ་ཏེ། ས་བཟང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་ལས། ཡོངས་གྲུབ་དེ་ནི་ནམ་མཁའ་སྤྲིན་དང་བྲལ་བ་དང་གསེར་ས་དང་བྲལ་བ་དང་ཆུ་རྙོག་པ་དང་བྲལ་བ་ལྟར། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་སྤང་བྱ་གློ་བུར་གྱི་དྲི་མ་ཉོན་མོངས་པ་ལས་ཀྱང་རྣམ་པར་དག་པས་དག་པ་གཉིས་ལྡན་དུ་འགྱུར་བར་འདོད་པའོ། །ཞེས་གསུངས་སོ། །ལམ་བདེན་རྣམས་ལམ་བདེན་ཡིན་པས་ཆ་ནས་སྐབས་དུ་མར་ཐོབ་བྱར་གསུངས་པ་ལས་སྤང་བྱར་མ་གསུངས་ལ། ཀུན་རྫོབ་བདེན་པ་ཡིན་ན་སྤང་བྱ་ཡིན་པས་མ་ཁྱབ་སྙམ་སྟེ། སངས་རྒྱས་ས་ལ་སྤང་བྱ་མེད་ལ། ལམ་སོགས་གནས་འགྱུར་མཐར་ཐུག་ཐོབ་ནས་སངས་རྒྱས་ས་ལ་དེའི་རྒྱུན་ཡོད་པར་བཤད་པ་ཡིན་ཏེ། སྐུ་གསུམ་ལ་འཇུག་པའི་མདོ་ལས། ཀུན་གཞི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཉོན་མོངས་ཅན་གྱི་ཡིད་དབྱིངས་སུ་ནུབ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་སོ་སོར་རྟོགས་པའི་ ཡེ་ཤེས་སོ། །སྒོ་ལྔའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཞེས་དང༌། ཐེག་མཆོག་དབུ་མའི་རབ་བྱེད་བརྒྱད་པའི་ཟིན་བྲིས་ལས། རྣམ་ཤེས་རྣམས་གནས་འགྱུར་ཚུལ་ནི། དཔེར་ན་ལྕགས་ཀྱི་དངོས་པོ་གསེར་འགྱུར་གྱི་རྩིས་རོ་བཅུད་ཀྱིས་བཙོས་པ་ན། དེའི་ཁ་དོག་ནག་པོ་སོགས་མི་མཛེས་པ་དང༌། གྱོང་ཞིང་སྲ་བའི་དངོས་པོ་ནི་ཉམས་ཤིང༌། ལྕགས་ཀྱི་དངོས་པོ་རྒྱུན་ནི་མ་ཉམས་ཏེ། དག་པའི་གསེར་ཁ་དོག་བཟང་ཞིང་རང་བཞིན་མཉེན་པར་འགྱུར་བ་བཞིནདུ། ལམ་བསྒོམས་སྟོབས་ཀྱིས་གློ་བུར་གྱི་དྲི་མར་གྱུར་པ་རྣམ་ཤེས་རང་རང་གི་མཚན་ཉིད་རྣམས་སྤངས་ཀྱང༌། རྣམ་ཤེས་དེ་དག་གི་རིགས་རྒྱུན་གྱི་ཆ་ནམ་དུའང་མི་ལྡོག་པར་སངས་རྒྱས་ཀྱི་ཡེ་ཤེས་སུ་གནས་གྱུར་པ་ཡིན་ཏེ། དཔེར་ན་ཀུན་གཞི་རྣམ་ཤེས་ཀྱི་མཚན་ཉིད་ས་བོན་ཐམས་ཅད་པ་དང༌། རྣམ་པ་མི་གསལ་བ་སོགས་སྤངས་ཏེ། ང་ཡིར་འཛིན་པ་མེད་པ་སོགས་ཡོན་ཏན་ལྔ་དང་ལྡན་པའི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་གྱུར་པ་བཞིན་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། རྗེ་བཙུན་སྒྲོལ་བའི་མགོན་པོས། བསྟན་བཅོས་ཡིད་བཞིན་ནོར་བུ་སྙིང་པོ་ངེས་པ་ལས། དངོས་རྒྱུན་གཅིག་ལ་མཚན་ཉིད་ངན་པ་དོར། །བཟང་པོའི་གནས་སྐབས་འཛིན་པ་གནས་གྱུར་ཏེ། །སྲ་བའི་དངོས་པོ་གཅིག་ལ་ལྕགས་ཀྱི་མདོག ། སྤངས་ནས་གསེར་དུ་འགྱུར་བ་ལྟ་བུ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་དྲི་མ་མཐའ་དག་དང་བྲལ་ཏེ་སངས་རྒྱས་པ་ན་ལམ་སྒོམ་པ་པོའི་གང་ཟག་དང་དེའི་རྒྱུད་ཀྱི་རྣམ་པར་ཤེས་པ་རྣམས་གཏན་མེད་དུ་མི་འགྲོ་བར་དེ་དག་གི་རིགས་རྒྱུན་སངས་རྒྱས་ཀྱི་སྐྱེས་བུ་དང་ཡེ་ཤེས་སུ་གནས་གྱུར་པ་ཡིན་ཏེ། དེ་ཉིད་ལས། གང་ཟག་འཁྲུལ་པ་ཟད་ན་དེ་སངས་རྒྱས། །དེ་སྤངས་གང་ཟག་ཉིད་ཀྱང་སྤང་གྱུར་མོད། །སྔ་མའི་ཤུགས་ལས་གནས་འགྱུར་ཡེ་ཤེས་འབྱུང༌། །དེ་ནི་སངས་རྒྱས་སྐྱེས་བུ་རྗེས་སུ་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །གང་ཟག་དང་རྣམ་ཤེས་རྣམས་གནས་གྱུར་པ་ན་དེ་ལ་སངས་རྒྱས་ཀྱི་སྐྱེས་བུ་དང་ཡེ་ཤེས་ཞེས་བརྗོད་ཀྱི། ཡིད་ཅན་གྱི་གང་ཟག་དང་རྣམ་ཤེས་ཞེས་མི་བརྗོད་ཏེ། དཔེར་ན་ལྕགས་ཀྱི་དངོས་པོ་གསེར་དུ་གྱུར་པ་ན་དེ་ལྕགས་མ་ཡིན་པ་བཞིན་ནོ། །གལ་ཏེ་ཀུན་རྫོབ་ཀྱི་ཆོས་རྣམས་སྤང་བྱར་བཤད་པས། གསར་ཐོབ་ཀྱི་སངས་རྒྱས་ཡོན་ཏན་རྣམས་སྤང་བྱར་འགྱུར་ཏེ། ཀུན་རྫོབ་ཡིན་པའི་ཕྱིར་རོ་སྙམ་ན། ཀུན་རྫོབ་ལ་སྤང་བྱར་བཤད་པའི་སྐབས་མང་དུ་ཡོད་ཀྱང༌། དེ་ནི་སྤྱིར་བཏང་ངམ་གཙོ་ཆེ་བ་ལ་དགོངས་ནས་དེ་ལྟར་གསུངས་པ་ཙམ་ཡིན་གྱི། དམིགས་བསལ་གསར་ཐོབ་ཀྱི་སངས་རྒྱས་ཡོན་ཏན་རྣམས་སྤང་བྱའམ་སྦྱང་བྱ་མ་ཡིན་ཏེ། བསྐལ་པར་ཚོགས་བསགས་པའི་ལམ་གྱིས་བསྐྱེད་འབྲས་དང་སྦྱངས་འབྲས་ཡིན་པའི་ཕྱིར་ཏེ། ཡན་ལག་དྲུག་པའི་ངོ་སྤྲོད་ནང་མ་ལས། ལམ་བསྒོམས་པས་གསར་དུ་ཐོབ་པའི་ལྡོག་ཆ་གློ་བུར་གྱི་དྲི་མ་སྤངས་པའི་ཆ་རྣམས་དང༌། གདུལ་བྱ་གཞན་སྣང་དུ་སྟོན་པ་རྣམས་དང༌། གཞན་སྣང་དུ་འཆར་དུ་རུང་བ་རྣམས་ནི་ཀུན་རྫོབ་དང་སྦྱངས་འབྲས་ཡིན་ཞིང༌། ཞེས་དང༌། བསྟན་བཅོས་ཡིད་བཞིན་ནོར་བུ་ལས། ཀུན་རྫོབ་སངས་རྒྱས་དུས་གསུམ་བྱུང་བ་རྣམས། །ལམ་བདེན་ཉིད་ཡིན། ཞེས་དང༌། ཟབ་དོན་ཉེར་གཅིག་ལས། སངས་རྒྱས་ཀྱི་ཡོན་ཏན་གྱི་རིགས་ཐམས་ཅད་ལ་ཆོས་སྐུའི་ཡོན་ཏན་དོན་དམ་པ་སངས་རྒྱས་རང་སྣང་རེ་དང༌། གཟུགས་སྐུའི་ཡོན་ཏན་ཀུན་རྫོབ་པ་གདུལ་བྱ་གཞན་སྣང་གི་ཆ་རེ་ཐམས་ཅད་དུ་ཡོད་པ་ཡིན་ལ། ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་སྐབས་མང་བོར་གཞན་དབང་རྣམས་སྤང་བྱ་ཡིན་གསུངས་པ་དང༌། བདེན་གཉིས་གསལ་བའི་ཉི་མ་ལས། སངས་རྒྱས་ཆོས་ཅན། ཆོས་ཉིད་དོན་དམ་མི་སྣང་བར་ཐལ། ཆོས་ཅན་ཀུན་རྫོབ་སྣང་བའི་ཕྱིར། ཁྱབ་པ་ཡོད་དེ། ཆོས་ཉིད་རྣམ་འབྱེད་དུ། དེ་སྣང་ཆོས་ཉིད་མི་སྣང་ཞིང༌། །དེ་མི་སྣང་བས་ཆོས་ཉིད་སྣང༌། །ཞེས་དང༌། སངས་རྒྱས་ཆོས་ཅན། ལྷག་མཐོང་མཐར་ཐུག་མ་ཡིན་པར་ཐལ། ཀུན་རྫོབ་སྣང་བའི་ཕྱིར། ཁྱབ་པ་ཡོད་དེ། ཕལ་ཆེན་དུ། ལྷག་མཐོང་གིས་ནི་མཐོང་གྱུར་ན། །ཐམས་ཅད་མཐོང་བ་མེད་པ་ཡིན། །ཞེས་དང༌། རྣམ་མཁྱེན་ཆོས་ཅན།འཁྲུལ་བ་གཟིགས་པར་ཐལ། རྣམ་རྟོག་དང་མ་བྲལ་བར་ཐལ། མ་རིག་བག་ཆགས་མ་བཅོམ་པར་ཐལ། མ་དག་པའི་མུན་པ་སྣང་བར་ཐལ། ཀུན་རྫོབ་ཁམས་གསུམ་པ་སྣང་བའི་ཕྱིར། ཞེས་ཀུན་རྫོབ་གཟིགས་ན་འཁྲུལ་བ་གཟིགས་དགོས་པའི་རྒྱུ་མཚན་ཀུན་རྫོབ་ཡིན་ན་འཁྲུལ་བ་ཡིན་པས་མ་ཁྱབ་ན་དེའི་རྒྱུ་མཚན་དང༌། རྒྱུ་འབྲས་དབུ་མའི་ཐིག་ལེ་ལས།ཐོབ་བྱ་སངས་རྒྱས་གནས་ལུགས་ཡིན་ནམ་མིན། །མིན་ན་འཁྲུལ་བ་ཐོབ་པས་དགོས་པ་ཅི། །ཞེས་གསུངས་པའི་དགོངས་པ་ནི་ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་སོགས་འཁྲུལ་བ་མིན་ཀྱང་དེ་སྣང་ན་འཁྲུལ་བ་སྣང་དགོས་པའི་རྒྱུ་མཚན་ནི། དེ་སྣང་ན་འཁྲུལ་བའི་སླད་པ་ཞུགས་པའི་དབང་གིས་སྣང་དགོས་པ་དང༌། དེ་དག་སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་ཆོས་ཡིན་པའི་དབང་གིས་ཡིན་སྙམ་ཀྱང་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས་ལེགས་པར་དཔྱད་པར་བྱའོ། །ཡང་ཀུན་རྫོབ་ཀྱི་སངས་རྒྱས་སོགས་སངས་རྒྱས་མིན་པས་སྤང་བྱ་ཡིན་ནོ་ཞེ་ན། དེ་ནི་མི་འཐད་དེ། ཀུན་རྫོབ་ཀྱི་སངས་རྒྱས་སངས་རྒྱས་མིན་པར་སངས་རྒྱས་ལ་དོན་དམ་གྱི་སངས་རྒྱས་ཀྱིས་ཁྱབ་ཟེར་བ་ནི་དོན་དམ་གྱི་ཕྱོགས་སུ་ལྷུང་བ་དང༌།དོན་དམ་གྱི་སངས་རྒྱས་སངས་རྒྱས་མིན་ཟེར་བ་ནི་ཀུན་རྫོབ་ཀྱི་ཕྱོགས་སུ་ལྷུང་བ་ཡིན་ཏེ།ས་བཟང་གི་དངོས་སློབ་འཇམ་དཔལ་གྲགས་པའི་བཀའ་བསྡུ་ལྔ་བ་མཐའ་བྲལ་དབུ་མ་ཆེན་པོའི་གྲུབ་མཐའ་རབ་གསལ་ལས། ཁ་ཅིག་མཆོག་གསུམ་ཀུན་རྫོབ་བདེན་པ་ཡིན། །སངས་རྒྱས་རྟག་བརྟན་བྱ་བ་མི་སྲིད་པས། །དོན་དམ་ཆོས་སྐུའང་སངས་རྒྱས་མ་ཡིན་ཟེར། །དེ་བཞིན་འགོག་བདེན་ཆོས་ཀྱང་ཆོས་མ་ཡིན། །དོན་དམ་དགེ་འདུན་དགེ་འདུན་མིན་ནོ་ལོ། །དོན་དམ་དཀོན་མཆོག་གསུམ་ལ་སྐུར་བ་འདེབས། །འདི་ཡང་ཀུན་རྫོབ་ཁོ་ནའི་ཕྱོགས་སུ་ལྷུང༌། །ཕྱོགས་རེའི་མཐའ་ལ་ཞེན་ནས་ཕན་ཚུན་འགོག ། ཁ་ཅིག་མཆོག་གསུམ་དོན་དམ་བདེན་པ་ཡིན། །སྐྱེ་འཇིག་ཅན་གྱི་སངས་རྒྱས་གོ་མི་ཆོད། །དེ་ཕྱིར་ཀུན་རྫོབ་གཟུགས་སྐུ་སངས་རྒྱས་མིན། །དེ་བཞིན་ལམ་གྱི་ཆོས་ཀྱང་ཆོས་མ་ཡིན། །ཀུན་རྫོབ་དགེ་འདུན་དགེ་འདུན་མིན་ཞེས་སྨྲས། །ཀུན་རྫོབ་དཀོན་མཆོག་གསུམ་ལ་སྐུར་བ་འདེབས། །འདི་ཡང་དོན་དམ་ཁོ་ནའི་ཕྱོགས་སུ་ལྷུང༌། །ཕྱོགས་རེའི་མཐའ་ལ་ཞེན་ནས་ཕན་ཚུན་འགོག ། ཐམས་ཅད་དྲིལ་ནས་མཆོག་གསུམ་ཡུལ་ནས་ཕུད། །ཞེས་པ་ནས། སངས་རྒྱས་ལ་ཡང་བདེན་གཉིས་ཟུང་དུ་འཇུག ། དམ་ཆོས་ལ་ཡང་བདེན་གཉིས་ཟུང་དུ་འཇུག ། དགེ་འདུན་ལ་ཡང་བདེན་གཉིས་ཟུང་དུ་འཇུག ། མཐའ་བྲལ་དབུ་མ་ཆེན་པོའི་གྲུབ་མཐའ་ཡིན། །མདོ་རྒྱུད་བསྟན་བཅོས་མན་ངག་སྙིང་པོ་ཡིན། །ཞེས་གསུངས་སོ། །ཁ་ཅིག་གིས་ཀུན་རྫོབ་ཀྱི་ཆོས་ཡིན་ན་འཁྲུལ་བ་ཡིན་པས་ཁྱབ་པ་ཡོད་པར་འདོད་ན་སངས་རྒྱས་ཀྱི་ས་ལ་འཁྲུལ་བ་ཡོད་པར་ཐལ་བའོ། །དྲི་བའི་ཟུར་གཉིས་པའི་ལན་ནི། ཀུན་རྫོབ་ཀྱི་ཆོས་རྣམས་གཤིས་ལ་གྲུབ་པ་ནི། དོན་དམ་བདེན་པའི་དགག་བྱའོ། །ཀུན་བརྟགས་དང་གཞན་དབང་གཉིས་དེར་འཇོག་པ་འདྲ་སྟེ། དེ་གཉིས་ཀྱིས་སྟོང་བའི་གཞི་ཡོངས་གྲུབ་ཡིན་པའི་ཕྱིར་རོ།། །།

དྲི་བ་བཅོ་བརྒྱད་པ་ནི། སྣང་བ་སེམས་སུ་སྒྲུབ་པའི་རིགས་པ་འཕགས་པ་ཐོགས་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་པར་གསུངས་པ་ཞེས་པའི་སྐབས་ཀྱི་རིགས་པ་གང་ཡིན་ཞེས་པའིལན།

དྲི་བ་བཅོ་བརྒྱད་པ་ནི། སྣང་བ་སེམས་སུ་སྒྲུབ་པའི་རིགས་པ་འཕགས་པ་ཐོགས་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་པར་གསུངས་པ་ཞེས་པའི་སྐབས་ཀྱི་རིགས་པ་གང་ཡིན་ཞེས་པའིལན།

སྣང་བ་སེམས་སུ་སྒྲུབ་པའི་རིགས་པ་འཕགས་པ་ཐོགས་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་པར་གསུངས་པ་ཞེས་པའི་སྐབས་ཀྱི་རིགས་པ་གང་ཡིན་ཞེས་པའོ། །དེའི་ལན་ནི། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། སྣང་བ་སེམས་སུ་སྒྲུབ་པ་ལ་བརྟེན་ནས་ཕྱི་དོན་འགོག་པ་དང༌། ཕྱི་དོན་འགོག་བྱེད་ཀྱི་རིགས་པ་བཤད་པ་གཉིས་ལས། དང་པོ་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་འདི་དག་ཐམས་ཅད་རང་གི་སེམས་ཀྱི་སྣང་བ་ཙམ་ཡིན་གྱི། སེམས་ལས་ལོགས་སུ་གྲུབ་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཅི་ཙམ་ན་སྣང་བ་གསལ་བའི་སེམས་ཀྱི་བདག་ཉིད་ཡིན་པའི་ཕྱིར། དཔེར་ན། རྨི་ལམ་དང་སྒྱུ་མ་ལ་སོགས་པ་དག་དང་མཚུངས་པའི་ཕྱིར། དེ་ཡང་གང་སེམས་ཡིན་པ་དེ་ལ་ནི་སྣང་བ་གསལ་བོར་འབྱུང་བ་ཡིན་ལ་སེམས་མ་ཡིན་པ་ལ་ནི་སྣང་བ་གསལ་བོར་འབྱུང་བ་མེད་དེ། འཇིག་རྟེན་ཐ་སྙད་དུ་ཡང༌། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་སྣང་བ་སྐྱེས་བུའི་སེམས་ལ་གསལ་བར་འཆར་གྱི། ས་རྡོ་སོགས་ལ་དེ་དག་གསལ་བར་མི་འཆར་བའི་ཕྱིར་རོ། །གཞན་ཡང་སྣང་གྲགས་ཀྱི་ཆོས་འདི་རྣམས་སེམས་ཀྱི་སྣང་བ་ཙམ་ཡིན་གྱི། དེ་ལས་གཞན་དུ་ཅུང་ཟད་ཀྱང་མེད་པར་གྲུབ་པ་ཡིན་ཏེ། སྣང་བ་འདི་རྣམས་བློ་དང་ལྷན་ཅིག་ཁོ་ནར་དམིགས་པར་ངེས་པ་ཡིན་པའི་ཕྱིར་རོ། །དེ་ཡང་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་སྣང་བ་དེ་རྣམས་བློ་མིག་ཤེས་སོགས་དང་ལྷན་ཅིག་ཁོ་ནར་དམིགས་པ་ཡིན་གྱི། ཡུལ་ཅན་གྱི་སྣང་བ་ཁོ་ན་གཏན་མི་སྲིད་པའི་ཕྱིར་རོ། །དེ་ཡང་གང་ཟག་གཅིག་ལ་ལྟོས་ནས་དེ་ལྟར་ཡིན་སྲིད་ཀྱང༌། དཔེར་ན། རི་ལྟ་བུའི་དངོས་པོ་ཞིག་རྟག་ཏུ་བློ་ཁོ་ན་དང་ལྷན་ཅིག་དམིགས་པ་ཡང་མ་ཡིན་ཏེ། མིའི་འགྲོ་བ་ལྟ་བུ་ཞིག་གི་མིག་ཤེས་ཀྱིས་ཡུལ་དེ་མི་མཐོང་བའི་སྐབས་དག་ཏུ་དེ་བློ་དང་ལྷན་ཅིག་པ་མ་ཡིན་ཏེ། བློ་གང་གིས་ཀྱང་མི་དམིགས་པའི་ཕྱིར། སྙམ་ན། དེ་ལ་ནི་འགྲོ་བ་གཞན་དང་གཞན་དག་གིས་དེ་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ཡོད་པའི་ཕྱིར། གང་ཅི་ཡང་རུང་བའི་གཟུགས་ཡིན་ཕྱིན།འགྲོ་བ་ཐ་དད་གཞན་དང་གཞན་དག་གིས་མིག་ཤེས་དང་ལྷན་ཅིག་ཏུ་དམིགས་པ་རྒྱུན་མི་འཆད་པ་ཡིན་ནོ། །འདི་སྐབས་སུ་སྣང་བ་ཐམས་ཅད་སེམས་ཡིན་ཞེས་བསྟན་པ་ཡང༌།སེམས་ཡིད་རྣམ་པར་ཤེས་པ་གསུམ་གྱི་ཟླས་ཕྱེ་བའི་སེམས་ཁོ་ན་མ་ཡིན་གྱི། ཤེས་པ་སྤྱི་ལ་སེམས་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་སྣང་བ་སེམས་སུ་སྒྲུབ་པའི་རིགས་པ་འཕགས་པ་ཐོགས་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་པར་གསུངས་པ་ནི། དཔེར་ན། མཚོ་ལྟ་བུ་ཞིག་ཡི་དྭགས་རྣམས་ལ་རྣག་ཁྲག་ཏུ་སྣང་བ་དང༌། བྱེ་བྲག་ཏུ་ཡི་དྭགས་ཕྱིའི་སྒྲིབ་པ་ཅན་རྣམས་ལ་གོ་ས་དེ་ཉིད་བྱེ་ཐང་དུ་སྣང་བ་དང༌། ཉ་ལྟ་བུའི་དུད་འགྲོ་ལ་ཁང་བཟང་དུ་སྣང་བ་དང༌། མི་རྣམས་ལ་རླན་ཞིང་གཤེར་བ་ཆུའི་དངོས་པོར་སྣང་བ་དང༌། ལྷ་རྣམས་ལ་བདུད་རྩིར་སྣང་བ་དང༌། གཞན་ཡང་ཇི་ལྟར་རིགས་རིགས་སུ་དམྱལ་བ་རྣམས་ལ་ཁྲོ་ཆུར་སྣང་བ་སོགས། སྣང་གཞིའི་དངོས་པོ་གཅིག་ལ་ཡང་སྣང་མཁན་གྱི་ཡིད་ཐ་དད་པའི་དབང་གིས་དངོས་པོ་མི་འདྲ་བ་སྣ་ཚོགས་པ་གསལ་སྣང་དུ་ཤར་བ་ཙམ་མ་ཡིན་པར་དེ་དང་དེའི་དོན་བྱེད་ནུས་པར་སྣང་བའི་ཕྱིར། ཕྱི་རོལ་གྱི་དོན་མ་གྲུབ་པར་འདོད་པ་ཡིན་ནོ། །གཞན་ཡང་ཕྱི་རོལ་གྱི་དོན་རྣམས་དོན་དང་དངོས་པོའི་གནས་ལུགས་སུ་གྲུབ་ན། རྣལ་འབྱོར་བ་ཏིང་ངེ་འཛིན་གྱི་ཁྱད་པར་ཡིད་ལ་བྱེད་པ་རྣམས་ལ། ཕྱི་དོན་གྱི་སྣང་བ་རིམ་པས་ཡོངས་སུ་འགག་པའི་རྟོག་མེད་ཀྱི་ཤེས་པ་སྐྱེ་མི་སྲིད་པར་ཐལ་བར་འགྱུར་ཏེ། ཕྱི་རོལ་ཀྱི་དོན་བདེན་པར་གྲུབ་པའི་ཕྱིར། གཞན་ཡང་ཕྱི་རོལ་གྱི་དོན་བདེན་པར་གྲུབ་པ་འདི་ལ་སྣ་ཚོགས་སུ་འགྱུར་བ་མེད་དགོས་ནའང༌། སུ་གང་ཞིག་བློ་དང་ལྡན་ཞིང་རང་རང་གི་འབྲས་བུ་ཞི་བ་ཐོབ་པ་དང༌། དེ་ལྟ་མིན་ཡང༌། གྲུབ་པ་ཐོབ་པ་རྣམས་ཀྱིས་ཆོས་གང་དང་གང་རང་གི་ཡིད་ལ་བྱེད་པ། དེ་དང་དེར་སྣང་བའི་ཕྱིར། ཕྱི་རོལ་གྱི་དོན་མེད་པར་གྲུབ་པོ། །དེ་ཡང་ཏིང་ངེ་འཛིན་ལ་དབང་ཐོབ་པ་དག་གིས་སྣང་བ་ཐམས་ཅད་པར་ཡིད་ལ་བྱས་ན། དེ་ལྟར་དུ་སྣང་བ་དང༌། དེ་བཞིན་དུ་མེ་དང༌། ཆུ་སོགས་སུ་མོས་ཤིང་ཡིད་ལ་བྱས་ན། དེ་དང་དེར་མངོན་སུམ་དུ་སྣང་བས་ན་ཕྱི་དོན་བདེན་པར་མ་གྲུབ་པ་ཡིན་གྱི། ཅི་སྟེ་བདེན་པར་གྲུབ་ན་ཡང༌། སྣ་ཚོགས་སུ་འགྱུར་བ་མེད་པའི་ཕྱིར་རོ། །གཞན་ཡང་འཕགས་པ་རྣམས་ཀྱི་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུ་བ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས།ཕྱི་རོལ་དོན་གྱི་སྣང་བ་གང་ཡང་འཆར་བ་མེད་པའི་ཕྱིར་ཡང༌། ཕྱི་དོན་བདེན་མེད་དུ་ཁོང་དུ་ཆུད་པར་བྱ་བ་ཡིན་ཏེ། ཅི་སྟེ་ཕྱི་རོལ་ཀྱི་དོན་བདེན་པར་གྲུབ་ན། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་མ་འཁྲུལ་བ་དེ་ལ་སྣང་དགོས་པ་ལས། དེ་ལ་མི་སྣང་བའི་ཕྱིར།དེའི་ཡུལ་མ་ཡིན་ལ། དེས་ན་བདེན་མེད་དུ་གྲུབ་པོ། །དེ་ལྟར་ཕྱི་རོལ་གྱི་དོན་མ་གྲུབ་པ་དེ་ལྟ་བས་ན། དེ་དང་དེར་སྣང་བའི་རྣམ་རིག་ཡང་བདེན་མེད་དུ་གྲུབ་སྟེ། ཡུལ་གཟུགས་མི་བདེན་ན། དེ་འཛིན་པའི་མིག་གི་རྣམ་པར་ཤེས་པ་ཅིའི་ཕྱིར་བདེན་ཏེ། ཡུལ་འཁྲུལ་བ་འཛིན་པའི་ཡུལ་ཅན་གྱི་ཤེས་པ་ཡང་འཁྲུལ་བ་ཡིན་པས་སོ། །ཞེས་གསུངས་སོ། །སྣང་བ་རྣམས་སེམས་ཡིན་མིན་དཔྱད་ཚུལ་སྔར་བདག་གིས་གཞན་སྟོང་བགྲོ་གླེང་ཐེངས་དང་པོའི་སྐབས་སུ་བཤད་ཟིན་ཏོ།། །།

དྲི་བ་བཅུ་དགུ་བ་ནི། ཁྱད་པར་འགོག་པ་མཐའ་བཞི་སྐྱེ་འགོག་གི་རིགས་པའི་རྩ་སྦྱོར་དང་ཚུལ་སྒྲུབ་ཚུལ་ཇི་ལྟར་ཡིན་ཞེས་པའི་ལན།

དྲི་བ་བཅུ་དགུ་བ་ནི། ཁྱད་པར་འགོག་པ་མཐའ་བཞི་སྐྱེ་འགོག་གི་རིགས་པའི་རྩ་སྦྱོར་དང་ཚུལ་སྒྲུབ་ཚུལ་ཇི་ལྟར་ཡིན་ཞེས་པའི་ལན།

ཁྱད་པར་འགོག་པ་མཐའ་བཞི་སྐྱེ་འགོག་གི་རིགས་པའི་རྩ་སྦྱོར་དང་ཚུལ་སྒྲུབ་ཚུལ་ཇི་ལྟར་ཡིན་ཞེས་པའོ། །དེའི་ལན་བཤད་པ་ལ། ལན་དངོས་དང༌། དོགས་པ་གཅོད་པ་དང་གཉིས། དང་པོ་ལ་རྩ་སྦྱོར་འགོད་པ་དང་ཚུལ་སྒྲུབ་པ་དང་གཉིས། དང་པོ་ནི། ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་མེད་དེ། རང་བཞིན་གྱིས་བདག་ལས་མི་སྐྱེ། རང་བཞིན་གྱི་གཞན་ལས་ཀྱང་མི་སྐྱེ། གཉིས་ཀ་ལས་ཀྱང་མི་སྐྱེ། རྒྱུ་མེད་ལས་ཀྱང་མི་སྐྱེ་བའི་ཕྱིར་ཞེས་པ་རྩ་སྦྱོར་ཡིན་ཏེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དེ་ཡང་ཕྱི་ནང་གི་དངོས་པོ་འདི་རྣམས་རང་བཞིན་གྱིས་མ་གྲུབ་སྟེ། སྐྱེ་བ་མེད་པའི་ཕྱིར། དེའི་རྒྱུ་མཚན་ཡང༌། ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན་རང་བཞིན་གྱིས་སྐྱེ་བ་མེད་དེ། རང་བཞིན་གྱིས་བདག་ལས་ཀྱང་མི་སྐྱེ། གཞན་ལས་ཀྱང་མི་སྐྱེ། གཉིས་ཀ་ལས་ཀྱང་མི་སྐྱེ། རྒྱུ་མེད་ལས་ཀྱང་མི་སྐྱེ་བའི་ཕྱིར་རྩ་སྦྱོར་འགོད་པ་དང༌།ཞེས་གསུངས་སོ། །གཏན་ཚིགས་འདི་ལ་ཁྱད་པར་འགོག་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། འདི་ཉིད་ལ་མཐའ་བཞི་སྐྱེ་འགོག་གི་རིགས་པ་ཞེས་བྱ་བ་ཡིན་ཞིང༌། ཁྱད་པར་འགོག་པ་ཞེས་བྱ་བའི་དོན་ཡང༌། དངོས་པོ་རང་རང་གི་ངོ་བོ་རྣམས་གཅིག་དུ་བྲལ་གྱི་རིགས་པས་བདེན་མེད་དུ་སྒྲུབ་པ་དང༌། དེའི་ཁྱད་པར་སྐྱེ་བ་ཉིད་འགོག་པར་བྱེད་པས་ན། དེ་སྐད་ཅེས་བྱའོ། །གཉིས་པ་ཚུལ་སྒྲུབ་པ་ལ་ཕྱོགས་ཆོས་སྒྲུབ་དང༌། ཁྱབ་པ་སྒྲུབ་དང་གཉིས། དང་པོ་ནི། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དེའི་ཕྱོགས་ཆོས་སྒྲུབ་པ་ནི། མིག་སོགས་ཆོས་ཅན་བདག་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར་ཞེས་བདག་ལས་མི་སྐྱེ་བའི་སྒྲུབ་བྱེད་དང་པོ་དང༌། མིག་སོགས་ཆོས་ཅན། བདག་ལས་མི་སྐྱེ་སྟེ། ཁྱོད་སྐྱེ་བ་རྐྱེན་གཞན་ལ་ལྟོས་པ་མངོན་སུམ་དུ་མཐོང་བའི་ཕྱིར། ཞེས་རྒྱུ་མཚན་གཉིས་པ་འགོད་པར་བྱེད་པ་ཡིན་ལ། སྒྲུབ་བྱེད་དང་པོའི་དོན་ཡང་དཔེར་ན་མིག་སྐད་ཅིག་མ་གཉིས་པ་བདག་ཉིད་ཀྱིས་སྐྱེད་པར་བྱེད་ན། བྱེད་པ་པོ་མིག་སྐད་ཅིག་མ་གཉིས་པ་རང་ཉིད་མ་སྐྱེས་པས་མེད་ལ། དེའི་ཕྱིར་མིག་སྐད་ཅིག་མ་གཉིས་པ་རང་ཉིད་དེའི་བྱེད་པ་པོར་ག་ལ་རུང་སྟེ་མི་རུང་བའི་ཕྱིར་རོ། །གཞན་ཡང་མིག་སྐད་ཅིག་མ་གཉིས་པ་རང་ཉིད་ཀྱིས་སྐྱེད་པར་བྱེད་ན། མིག་སྐད་ཅིག་མ་གཉིས་པ་རང་ཉིད་གྲུབ་ཟིན་པ་གཅིག་གིས་སྐྱེད་པར་བྱེད་དམ། མ་གྲུབ་པ་ཞིག་གིས་སྐྱེད་པར་བྱེད། གལ་ཏེ་མིག་སྐད་ཅིག་མ་གཉིས་པ་རང་ཉིད་གྲུབ་ཟིན་པ་གཅིག་གིས་བསྐྱེད་ན། སྐྱེད་བྱེད་ཀྱི་དགོས་པ་མེད་དེ། རང་ཉིད་གྲུབ་ཟིན་པ་ལ་སྐྱེད་བྱེད་མི་དགོས་པའི་ཕྱིར་རོ། །གཞན་ཡང་མིག་སྐད་ཅིག་མ་གཉིས་པ་རང་དུས་སུ་མ་གྲུབ་པ་ཞིག་གིས་མིག་སྐད་ཅིག་མ་གཉིས་པ་རང་ཉིད་སྐྱེད་པར་བྱེད་ན་དེ་མི་འཐད་དེ། རང་ཉིད་མ་གྲུབ་པས་ཇི་ལྟར་སྐྱེད་པར་བྱེད་དེ་བསྐྱེད་མི་ནུས་པའི་ཕྱིར་རོ། །གཞན་ལས་སྐྱེ་བ་ཡང་མ་ཡིན་ཏེ། རང་དང་རྒྱུ་གཅིག་ཏུ་གྱུར་པའི་ས་བོན་ལ་ལྟོས་པའི་ཕྱིར་ཅི་སྟེ་དེ་ལྟར་མི་ལྟོས་ན་རྒྱུ་དང་རྒྱུ་མིན་པ་མཉམ་པར་འགྱུར་བ་ཡིན་ཏེ། རྒྱུ་ཡིན་མིན་ཐམས་ཅད་ལས་འབྲས་བུ་ཡིན་མིན་ཐམས་ཅད་སྐྱེ་བའི་ཕྱིར་རོ།་ །གཞན་ཡང་འབྲས་བུ་སྐྱེ་བ་རང་དང་རྒྱུ་གཅིག་ཏུ་གྱུར་པའི་ས་བོན་ལ་མི་ལྟོས་ན། རྒྱུ་གཅིག་ཏུ་གྱུར་པའི་ས་བོན་དེ་ལ་རྐྱེན་གྱིས་ཕན་འདོགས་མི་དགོས་པར་ཐལ་བའི་ཕྱིར་རོ། །གཞན་ཡང་གཞན་ལས་སྐྱེ་ན། ཞིག་ཟིན་པའི་གཞན་ལས་སྐྱེའམ། མ་ཞིག་པའི་གཞན་ལས་སྐྱེ། གལ་ཏེ་ཞིག་ཟིན་གྱི་རྒྱུ་གཞན་ལས་སྐྱེ་ན་རྒྱུ་མེད་ལས་སྐྱེ་བར་ཐལ་བར་འགྱུར་ཏེ། ཞིག་ཟིན་པ་ནི་འདས་པ་དངོས་མེད་ཡིན་པའི་ཕྱིར་རོ། །མ་ཞིག་པའི་རྒྱུ་གཞན་ལས་སྐྱེ་ན། རྒྱུ་འབྲས་གཉིས་པོ་དུས་མཉམ་ཕན་ཚུན་ཉིད་དུ་གྱུར་པས། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་སུ་མི་རུང་ངོ༌། །དེ་ལས་འགགས་ཟིན་པ་དང༌། མ་འགག་པ་ལས་སྐྱེ་བ་མ་ཡིན་ཡང༌། རྒྱུ་འགག་བཞིན་པ་ལས་འབྲས་བུ་སྐྱེ་བཞིན་པ་སྐྱེ་བའི་རྒྱུ་འབྲས་ཀྱི་རིམ་པ་དེ་ལྟར་ཡིན་ཞེས་སྨྲ་ན། སྤྱིར་དེ་ཀུན་རྫོབ་གནས་ཐབས་ཀྱི་འབྲས་བུ་སྐྱེ་ཚུལ་དེ་ལྟར་ཡིན་པས་བདེན་ཡང༌། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བརྟག་ན་དེ་ཡང་མི་འགྲུབ་སྟེ། འགག་བཞིན་པ་ཡང༌། ཆ་གཅིག་འགགས་ཟིན་ཆ་གཅིག་མ་འགག་པ་དེ་ཉིད་ལ། འགག་བཞིན་པ་ཞེས་བཏགས་པ་ཡིན་པས། འགགས་པ་དང༌། མ་འགག་པ་ལས་གཞན་པའི་འགག་བཞིན་པ་མེད་པའི་ཕྱིར།ས་བོན་འགག་བཞིན་པ་དེ་ལས་འབྲས་བུ་སྐྱེ་བ་ཡང་མི་རུང་ངོ༌། །ཆུ་ལུད་དྲོད་གཤེར་སོགས་རྐྱེན་གཞན་རྣམས་སྣ་ཚོགས་པ་ལས་བྱུང་བ་ཡིན་ཡང༌། ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་ལས་བསྐྱེད་པའི་བྱེད་པ་པོ་མིན་ནོ། །དེ་ལྟར་ཀུན་རྫོབ་སྣང་ཙམ་དུ་དངོས་པོ་སྐྱེ་བ་འདི་རྣམས་གཞན་ལས་སྐྱེ་བར་སྣང་བ་ནི། བློས་བཏགས་པའི་ངོར་སྣང་བ་ཡིན་ནོ། །དེའི་རྒྱུ་མཚན་ཡང་མྱུ་གུའི་དུས་ན་ས་བོན་དེ་མེད་པའི་ཕྱིར། ས་བོན་དེ་མྱུ་གུ་རང་ཉིད་དང་གཅིག་པ་ཡང་མིན་ལ། མྱུ་གུ་དང་རྒྱུད་གཅིག་ཏུ་གཏོགས་པའི་ཕྱིར། ཐ་དད་གཞན་ཡང་མིན་པས། ས་མྱུག་གཉིས་པོ་དེ་གཅིག་དང་ཐ་དད་གང་དུ་ཡང་བརྗོད་དུ་མེད་པས་ས་བོན་ལས་མྱུ་གུ་སྐྱེ་བར་སྣང་བ་འདི་ཡང་བཏགས་ངོ་ཙམ་ཡིན་ནོ། །དེས་ན་ས་བོན་དང་མྱུ་གུ་གཉིས་པོ་དེ་ཕན་ཚུན་དུ་ཡོད་མེད་རྣམ་པར་དཔྱད་པས། ས་བོན་ལས་མྱུ་གུ་སྐྱེ་ཞེས་པ་ཡང་རྣམ་པར་འཇིག་པར་འགྱུར་ཏེ། དོན་དམ་པར་དེ་ལས་དེ་སྐྱེ་བ་མེད་པའི་ཕྱིར་རོ། །བདག་གཞན་གཉིས་ཀ་ལས་སྐྱེ་བར་འདོད་ན། གོང་དུ་བསྟན་པ་ལྟར་གྱི་བདག་ལས་སྐྱེ་བ་དང་གཞན་ལས་སྐྱེ་བ་གཉིས་ཀའི་སྐྱོན་དང་བཅས་པ་ཡིན་པའི་ཕྱིར་དང༌། བདག་དང་གཞན་ལས་སྐྱེ་བ་ཁེགས་པ་ན། གཉིས་ཀ་ལས་སྐྱེ་བ་ཤུགས་ལ་ཁེགས་པར་འགྱུར་བ་ཡིན་ཏེ། དཔེར་ན། སྔོན་པོ་དང༌། སེར་པོ་དང༌། དམར་པོ་གསུམ་ཁེགས་པ་ན། དེ་གསུམ་འདུས་པའི་ཁྲ་བོ་ཤུགས་ལ་ཁེགས་པ་བཞིན་ནོ། །གཞན་ཡང་བདག་གཞན་གཉིས་ཀ་ལས་སྐྱེ་ན། རང་དབང་ཅན་བདེན་པའི་སྐྱེ་བ་མ་ཡིན་པར་ལྟོས་ནས་གྲུབ་པའི་སྐྱེ་བར་འགྱུར་ཏེ། བདག་གཞན་གཉིས་པོ་ཕན་ཚུན་དུ་ལྟོས་པ་ལ་བརྟེན་ནས་སྐྱེ་བ་ཡིན་པའི་ཕྱིར་རོ། །རྒྱུ་མེད་ལས་སྐྱེ་བ་ནི་ནམ་ཡང་མི་འཐད་དེ། ཡང་ན་རྒྱུ་ལ་མ་ལྟོས་པའི་ཕྱིར་རོ། །དུས་རྟག་ཏུ་སྐྱེ་བར་ཐལ་བ་དང༌། ཡང་ན་སྐྱེ་བའི་རྒྱུ་གཏན་ནས་མེད་པའི་ཕྱིར། དུས་ནམ་གྱི་ཚེ་ཡང་འབྲས་བུ་མི་སྐྱེ་བར་ཐལ་བར་འགྱུར་ཏེ། རྒྱུ་མེད་གཞན་ལ་མ་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་དངོས་པོ་འདི་རྣམས་རེས་འགའ་སྐྱེ་བར་མངོན་སུམ་དུ་མཐོང་ནས་ཀྱང༌། རྒྱུ་མེད་དུ་འགལ་ཏེ། རྒྱུ་ཚོགས་པ་ལས་འབྲས་བུ་སྐྱེ་བ་དང༌། རྒྱུ་མ་ཚོགས་པ་ལས་འབྲས་བུ་མི་སྐྱེ་བར་མཐོང་བའི་ཕྱིར་རོ། །རྒྱུ་མེད་ལས་སྐྱེ་བ་ནི། འཇིག་རྟེན་གྱི་གྲགས་པས་ཀྱང་གནོད་པ་ཡིན་ཏེ། གང་ཅི་ཡང་རུང་བའི་དངོས་པོ་ཐམས་ཅད་རང་རང་གི་རྒྱུ་ལས་སྐྱེ་བར་ཀུན་ཏུ་གྲགས་པའི་ཕྱིར་རོ། །དོན་དམ་པར་གཞན་སྐྱེ་མེད་ཀྱང་ཀུན་རྫོབ་ཏུ་གཞན་སྐྱེ་ཡོད་པར་ཁས་ལེན་དགོས་ཏེ། ཆོས་ཀྱི་ཤན་འབྱེད་ལས། འདིས་ནི་དབུ་མ་པར་ཁས་འཆེ་བ་མང་པོ་དག་ཀུན་རྫོབ་ཏུ་གཞན་སྐྱེ་བཀག་ནས། ཞེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་ཁྱབ་པ་སྒྲུབ་པ་ལ་དངོས་དང་ཞར་བྱུང་སྒྲུབ་ངག་བཤད་དང་གཉིས། དང་པོ་ནི། ཐེག་མཆོག་ཊཱིཀ་ཟིན་ལས། ཁྱབ་པ་སྒྲུབ་པ་ནི། མཐའ་བཞི་བོ་གང་རུང་ལས་མི་སྐྱེ་ན། རང་བཞིན་གྱིས་སྐྱེ་བ་མེད་པས་ཁྱབ་པ་ཡིན་ཏེ། དངོས་པོར་སྐྱེ་ན་མཐའ་བཞི་བོ་གང་རུང་ལས་སྐྱེ་བར་ངེས་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང༌། དངོས་པོ་གང་དང་གང་ཡིན་པ་དེ་ལ། རང་དང་གཞན་གཉིས་ཀྱིས་ཁྱབ་པ་ཡིན་ཏེ། རང་གཞན་གཉིས་གང་རུང་མ་ཡིན་པའི་དངོས་པོ་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་སོ། གཉིས་པ་ཞར་བྱུང་སྒྲུབ་ངག་བཤད་པ་ནི། ཐེག་མཆོག་ཊཱིཀ་ཟིན་ལས། སྒྲུབ་པའི་ངག་བཀོད་པ་ནི། བདག་དང་གཞན་དང༌། གཉིས་ཀ་དང་རྒྱུ་མེད་དེ། མཐའ་བཞི་ལས་མི་སྐྱེ་ན། རང་བཞིན་གྱིས་སྐྱེ་བ་མེད་པས་ཁྱབ། དཔེར་ན་རུས་སྦལ་གྱི་སྤུ་བཞིན། ཕྱི་ནང་གི་དངོས་པོ་འདི་དག་ཀྱང་མཐའ་བཞི་ལས་སྐྱེ་བ་མེད་པའི་ཕྱིར་ན། རང་བཞིན་གྱིས་སྐྱེ་བ་མེད་དོ་ཞེས་སྒྲུབ་པའི་ངག་བཀོད་པས། ཚུལ་གསུམ་དྲན་ལམ་དུ་འཕེན་པ་ཡིན་ནོ། །དེ་ཡང་མཐའ་བཞི་ལས་མི་སྐྱེ་བའི་རྟགས་གྲུབ་པའི་དུས་ན། ཕྱི་རྒོལ་དེའི་བློ་ངོར་རང་བཞིན་གྱིས་སྐྱེ་བ་མེད་པའི་དོན་གྲུབ་ཟིན་པ་ཡིན་ཡང༌། སྒྲུབ་ངག་བཀོད་དེ། ཚུལ་གསུམ་དྲན་ལམ་དུ་འཕངས་པ་ན། མཐའ་བཞི་བོ་ལས་མི་སྐྱེ་བ་དེ་ལ། རང་བཞིན་གྱིས་སྐྱེ་བ་མེད་དོ། །ཞེས་ཐ་སྙད་གྲུབ་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་གཏན་ཚིགས་ཀྱི་གཙོ་བོ་དང་དེ་དག་གི་རྩ་བར་གྱུར་བའི་གཏན་ཚིགས་ནི། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། གཏན་ཚིགས་ཀྱི་གཙོ་བོ་ཕྱི་རོལ་ཀྱི་དོན་དང་ནང་ཤེས་པ་གཉིས་ཆར་བདེན་མེད་དུ་གཏན་ལ་ཕེབས་ནུས་པ་ནི། ངོ་བོ་འགོག་པ་གཅིག་དུ་བྲལ་དང༌། ཁྱད་པར་འགོག་པ་མཐའ་བཞི་སྐྱེ་འགོག་གཉིས་ཡིན་ཞིང༌། དེ་དག་གི་ཡང་རྩ་བར་གྱུར་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བའི་མཆོད་བརྗོད་དུ་གསུངས་པ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །ཞེས་གསུངས་པ་ལྟར། རྩ་བའི་གཏན་ཚིགས་རྣམ་པ་བཞི་ཡོད་པ་ཡིན་ཏེ། ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན། མཐར་འགག་པ་དང་བར་དུ་གནས་པ་མེད་དེ། དང་པོར་སྐྱེ་བ་མེད་པའི་ཕྱིར། ཡང་ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན། ཐ་དད་དུ་གྲུབ་པ་མིན་ཏེ། གཅིག་པ་མེད་པའི་ཕྱིར་དང༌། ཡང་ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན། འོང་བ་མེད་དེ། སོང་བ་མ་གྲུབ་པའི་ཕྱིར་དང༌། ཡང་ཕྱིནང་གི་དངོས་པོ་འདི་རྣམས་ཆོས་ཅན། ཆད་པ་མེད་དེ། རྟག་པ་མེད་པའི་ཕྱིར། ཞེས་བཀོད་པ་བཞི་བོ་འདི་རྣམས་རྩ་བའི་གཏན་ཚིགས་བླ་ན་མེད་པ་ཡིན་ཏེ། དབུ་མའི་གཞུང་གི་གཏན་ཚིགས་ཀྱི་རྣམ་གྲངས་མཐའ་ཡས་པ་དག་ཀྱང་བཞི་བོ་འདི་རྣམས་ཁོ་ནའི་རྗེས་འབྲང་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ།། །།

དྲི་བ་ཉི་ཤུ་བ་ནི། ཟིན་བྲིས་ལས། ཁྱད་པར་མ་རིག་བག་ཆགས་ཀྱི་སའི་གཉེན་པོ་བླ་ན་མེད་པ་ནི་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཡིན་ནོ་ཞེས་པའི་དོན་དང་དེའི་སྐབས་ཀྱི་མ་རིག་བག་ཆགས་ཀྱི་ངོ་བོ་དང་དེ་འཁོར་བ་ཡིན་ནམ་ཅི་ཞེས་པའི་ལན།

དྲི་བ་ཉི་ཤུ་བ་ནི། ཟིན་བྲིས་ལས། ཁྱད་པར་མ་རིག་བག་ཆགས་ཀྱི་སའི་གཉེན་པོ་བླ་ན་མེད་པ་ནི་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཡིན་ནོ་ཞེས་པའི་དོན་དང་དེའི་སྐབས་ཀྱི་མ་རིག་བག་ཆགས་ཀྱི་ངོ་བོ་དང་དེ་འཁོར་བ་ཡིན་ནམ་ཅི་ཞེས་པའི་ལན།

ཟིན་བྲིས་ལས། ཁྱད་པར་མ་རིག་བག་ཆགས་ཀྱི་སའི་གཉེན་པོ་བླ་ན་མེད་པ་ནི་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཡིན་ནོ་ཞེས་པའི་དོན་དང་དེའི་སྐབས་ཀྱི་མ་རིག་བག་ཆགས་ཀྱི་ངོ་བོ་དང་དེ་འཁོར་བ་ཡིན་ནམ་ཅི་ཞེས་པའོ། །དེའི་ལན་ནི། ཁྱད་པར་མ་རིག་བག་ཆགས་ཀྱི་སའི་གཉེན་པོ་བླ་ན་མེད་པ་ནི་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཡིན་ནོ་ཞེས་པའི་དོན་ནི་དོན་དམ་དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ནི་མ་རིག་བག་ཆགས་ཀྱི་གཉེན་པོ་བླ་ན་མེད་པ་ཡིན་ཞེས་པའོ། །དེའི་སྐབས་ཀྱི་མ་རིག་བག་ཆགས་ཀྱི་ས་དང་སྤྱིར་མ་རིག་བག་ཆགས་ཀྱི་ས་གཉིས་ལ་ཁྱད་པར་མེད་ལ། མ་རིག་བག་ཆགས་ཀྱི་ས་ཞེས་པ་ནི་ཉོན་མོངས་པ་ཕྱི་མ་བསྐྱེད་མི་ནུས་པའི་བག་ཆགས་སྤང་བྱའི་རིགས་སུ་གནས་པ་དེ་ཡིན་ཞིང་དེ་ནི་འཁོར་བ་མ་ཡིན་པར་འཁོར་བ་ཕྲ་མོའི་རྒྱུ་ཀུན་འབྱུང་ཕྲ་མོ་ཡིན་ཏེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། བྱང་ཆུབ་སེམས་དཔའ་འཕགས་པའི་རྒྱུད་ཀྱི་ཤེས་སྒྲིབ་རྣམས་དང༌། མ་རིག་བག་ཆགས་ཀྱི་ས་དང་དབང་བསྒྱུར་བའི་ཉོན་མོངས་པ་རྣམས་དང༌། ཟག་པ་མེད་པའི་ལས་དེ་དག་ལ་ཀུན་འབྱུང་ཕྲ་མོ་ཞིག་འཇོག་ཅིང༌། རྣམ་པར་བྱང་བའི་ལམ་གྱིས་བསྡུས་པ་ཡིན་ནོ། །དེ་ལ་མ་རིག་བག་ཆགས་ཀྱི་ས་ནི་ཐམས་ཅད་མཁྱེན་པ་ཐོབ་པ་ལ་སྒྲིབ་ཅིང་ཤེས་སྒྲིབ་ཀྱི་གཞིའི་ས་ཡིན་པས་དེ་སྐད་ཅེས་འཇོག་གོ ། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤོང་བར་མི་ནུས་ཤིང་རང་དབང་མེད་པའི་སྒྲིབ་པའོ། །དབང་སྒྱུར་བའི་ཉོན་མོངས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་ལ་བརྟེན་པས་སེམས་མ་ཞི་བ་དང་ཐར་བ་ཐོབ་པ་ལ་གེགས་བྱེད་དུ་མི་འགྱུར་པར་བྱང་ཆུབ་ལ་ཉེ་བར་འགྱུར་ཞིང་སེམས་རབ་ཏུ་ཞི་བར་འགྱུར་བ་སྟེ། ཞེས་དང༌། ས་བཟང་གི་རྒྱུད་བླའི་འགྲེལ་བ་ལས། དེ་ལ་སྐྱེ་བའི་རྒྱུ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་དོན་དུ་སྐྱེ་བ་ལེན་པའི་རྒྱུ་འདོད་ཆགས་ལ་སོགས་པའི་ཉོན་མོངས་ཤིན་དུ་ཕྲ་མོ་ཆེད་དུ་གཉེར་ནས་མ་སྤངས་པ་སྟེ། ཞེས་དང༌། ཡང་དེ་ལས། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལྟ་བུའི་མ་རིག་བག་ཆགས་ཀྱི་ས་སྟེ་དེ་སྤངས་པ་རྣམས་ཀྱིས་ནི་ཉོན་མོངས་པའི་དྲི་མ་དྲི་ང་བའི་བག་ཆགས་ཐམས་ཅད་དང་བཅས་པའི་ཕྱིར་གཙང་བའི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་མཐར་ཕྱིན་པ་མི་འཐོབ་བོ། །ཞེས་སོགས་ཀྱིས་ཉོན་མོངས་པའི་བག་ཆགས་ཕྲ་མོ་དེ་ཉོན་མོངས་པ་མངོན་གྱུར་དང་དེའི་བག་ལ་ཉལ་དང་དེའི་བག་ཆགས་ཕྲ་མོ་གསུམ་ལས་ཕྱི་མ་ལ་བཞེད་ལ། དེ་ནི་ཤེས་སྒྲིབ་དང་མ་རིག་བག་ཆགས་ཕྲ་མོར་གསུངས་སོ། །སྔར་གཞན་སྟོང་བགྲོ་གླེང་ཐེངས་གཉིས་པའི་དྲིས་ལན་བཅུ་དགུ་པར་ཅུང་ཟད་བཤད་ཟིན་པས་དེ་ཙམ་ལས་མ་སྤྲོས་སོ།། །།

དྲི་བ་ཉེར་གཅིག་པ་ནི། ལམ་ལྔ་བོ་སོ་སོའི་ཚད་དམ་མཚན་ཉིད་ཇི་ལྟར་ཡིན་ཞེས་པའི་ལན།

དྲི་བ་ཉེར་གཅིག་པ་ནི། ལམ་ལྔ་བོ་སོ་སོའི་ཚད་དམ་མཚན་ཉིད་ཇི་ལྟར་ཡིན་ཞེས་པའི་ལན།

ལམ་ལྔ་བོ་སོ་སོའི་ཚད་དམ་མཚན་ཉིད་ཇི་ལྟར་ཡིན་ཞེས་པའོ། །དེའི་ལན་ནི།ལམ་ལྔ་སོ་སོའི་ཚད་དམ་མཚན་ཉིད་སྔར་གྲུབ་མཐའི་རྣམ་བཞག་ལེགས་བཤད་འདོད་འཇོ་རུ་ཚོགས་ཆོས་བདེན་བཞིའི་རྣམ་བཤད་དང་ས་བཟང་གི་རྒྱུད་བླའི་འགྲེལ་བ་སོགས་ཀྱི་སྒྲས་ཟིན་ལྟར་བཤད་པ་ཡིན་ལ། དེ་དང་ས་བཟང་གི་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་རྣམ་པར་བཤད་པ་ཐེག་ཆེན་རབ་གསལ་སྣང་བ་གཉིས་དོན་ལ་གཅིག་ཏུ་བབས་པས་དེ་བཞིན་དུ་འདིར་འཆད་པ་ལ། དང་པོ་ལམ་ཀྱི་མཚན་ཉིད་ནི། མདོ་སྡེའི་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ལས། དང་པོ་ནི་གང་ལ་ཞུགས་ནས་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པ་ཞེས་པའམ་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་དགེ་བ་གང་ཞིག་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ་སྟེ། མདོ་ལས།ཐབས་དང་བཅས་པའི་ཤེས་རབ་ནི་ལམ་མོ། །ཤེས་རབ་དང་བཅས་པའི་ཐབས་ནི་ལམ་མོ། །ཞེས་གསུངས་པ་ལྟར་རོ། །མཚན་གཞིའི་དངོས་པོ་ནི། བྱང་ཆུབ་འདོད་པས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་དགེ་བ་བྱང་ཆུབ་ཏུ་བསྔོས་པའོ། །བྱེད་ལས་ནི་ཟག་པ་དང་བཅས་པ་འབྲས་བུའི་ཆ་ཐམས་ཅད་སྡུག་བསྔལ་དུ་ཤེས་པར་བྱས་ནས་དེའི་རྒྱུ་ལས་དང་ཉོན་མོངས་པ་སྤོང་ཞིང༌། དེ་དག་གི་རྣམ་པར་དག་པ་མངོན་སུམ་དུ་བྱ་བའི་ཆེད་དུ་ཟག་པ་མེད་པའི་དགེ་བའི་རྩ་བ་རྣམས་བསྟེན་པར་བྱེད་པ་སྟེ། ཀུན་ལས་བཏུས་པར། ལམ་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་ཀུན་འབྱུང་སྤོང་བ་དང་འགོག་པ་མངོན་དུ་བྱེད་པ་དང་ལམ་སྒོམ་པ་སྟེ། ལམ་གྱི་མཚན་ཉིད་མདོར་བསྡུས་པའོ་ཞེས་གསུངས་པ་ལྟར་རོ། །ཚོགས་ལམ་གྱི་མཚན་ཉིད་ནི། མདོ་སྡེའི་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ལས། དེ་ལ་དང་པོ་ཚོགས་ལམ་གྱི་མཚན་ཉིད་ནི། རང་རང་གི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དྲོད་མ་ཐོབ་ཀྱི་བར་གྱི་དགེ་བ་གང་ཞིག མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པའོ། །ཞེས་གསུངས་སོ། །སྦྱོར་ལམ་གྱི་མཚན་ཉིད་ནི། མདོ་སྡེའི་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ལས། སྦྱོར་ལམ་ལའང་དོན་བདུན་གྱི་དང་པོ་མཚན་ཉིད་ནི། ཚོགས་ལམ་རྫོགས་ནས་མཐོང་ལམ་མ་ཐོབ་བར་གྱི་དགེ་བ་གང་ཞིག མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པའོ། །ཞེས་སོ། །མཐོང་ལམ་གྱི་མཚན་ཉིད་ནི། མདོ་སྡེའི་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ལས། མཐོང་ལམ་ལ་ཡང་མཚན་ཉིད་ནི། ཆོས་མཆོག་རྫོགས་ནས་སྒོམ་ལམ་མ་སྐྱེས་པར་གྱི་དགེ་བ་གང་ཞིག མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པའོ། །ཞེས་གསུངས་སོ། །སྒོམ་ལམ་གྱི་མཚན་ཉིད་ནི། མདོ་སྡེའི་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ལས། སྒོམ་ལམ་ལའང་མཚན་ཉིད་ནི་མཐོང་ལམ་རྫོགས་ནས་མི་སློབ་ལམ་མ་ཐོབ་བར་གྱི་དགེ་བ་གང་ཞིག་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པའོ། །ཞེས་གསུངས་སོ། །ཐེག་པ་རང་ལམ་གྱི་མི་སློབ་ལམ་གྱི་མཚད་ཉིད་ནི། ཐེག་པ་རང་ལམ་གྱི་མི་སློབ་པའི་རྒྱུད་ལ་མངའ་བའི་དགེ་བ་གང་ཞིག་མྱ་ངན་ལས་འདས་པར་ཕྱིན་པར་གྱུར་པའི་མངོན་རྟོགས་དེ་ཡིན་ཏེ། མདོ་སྡེའི་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ལས། མཐར་ཕྱིན་པའི་ལམ་གྱི་མཚན་ཉིད་ནི། མི་སློབ་པའི་རྒྱུད་ལ་མངའ་བའི་དགེ་བ་གང་ཞིག མྱ་ངན་ལས་འདས་པར་ཕྱིན་པར་གྱུར་པའོ། །ཞེས་གསུངས་སོ། །ལམ་གྱི་རྣམ་བཞག་མདོར་བསྡུས་ཞིག་སྔར་བདག་གིས་གྲུབ་མཐའི་རྣམ་བཞག་ལེགས་བཤད་འདོད་འཇོར་བཤད་ཟིན་ལ། ས་ལམ་གྱི་རྣམ་བཞག་མདོར་བསྡུས་ཞིག་ལོགས་སུ་འབྲི་འདུན་ཡོད་པས་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་དེས་ན་འདིར་ཚིག་མང་དུ་དོགས་ནས་དེ་ཙམ་ལས་མ་སྤྲོས་སོ། །དེ་ལྟ་བུའི་ས་ལམ་ལ་བརྟེན་ནས་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་མཐར་ཕྱིན་པའི་ཕྱིར་རོ།། །།

སྨྲས་པ། ངེས་དོན་མདོ་དང་སེམས་འགྲེལ་གཞུང་བརྒྱ་ཡི། །དགོངས་དོན་ཇི་བཞིན་བཤད་པའི་དྲི༷ས་ལ༷ན་ཀུན། །མ་ནོར་ར༷བ་ཏུ་གས༷ལ་བའི་སྒྲོ༷ན་མེ༷་འདི། །སྐ༷ལ་བཟ༷ང་ཡིད་ཀྱི་རྒྱ༷ན་ཕྲེ༷ང་སྲིད་འདིར་མཛེས། །བློ་གྲོས་ཡངས་པའི་ཀུན་གསལ་ལས་འོངས་པའི། །ལེགས་བཤད་ཉིན་བྱེད་གསལ་བའི་འོད་ཟེར་གྱིས། །བློ་ལྡན་དོན་གཉེར་མི་ཤེས་མུན་བསལ་ནས། །དཔལ་ཡོན་པདྨའི་དགའ་ཚལ་རྒྱས་གྱུར་ཅིག །གལ་ཏེ་ལོག་བཤད་འཁྲུལ་པའི་ཆ་མཆིས་ན། །ཆོས་ཀུན་གཟིགས་པ་རྣམས་ཀྱིས་བཟོད་མཛད་དེ། །ལེགས་ཆ་མཆིས་ན་ལེགས་བཤད་གཟིགས་པ་རྣམས། །དགའ་བས་ལེགས་བཤད་འཕེལ་བར་མཛད་དུ་གསོལ། །རྒྱལ་བ་ཀུན་གྱི་ཐུགས་རྗེའི་བྱིན་བརླབས་དང༌། །རྒྱལ་བའི་དམ་ཆོས་བསླུ་མེད་བདེན་པ་དང༌། །རྒྱལ་བའི་ཐུགས་སྲས་ཀུན་གྱི་ཐུགས་རྗེ་ཡིས། །རྒྱལ་བའི་ལུང་རྟོགས་བསྟན་པ་རྒྱས་གྱུར་ཅིག །བདག་ཀྱང་འཁོར་ཚེ་ཚེ་རབས་ཐམས་ཅད་དུ། །ཚུལ་གནས་ཐོས་བསམ་སྒོམ་གསུམ་རབ་བརྩོན་ཏེ། །འཆད་རྩོད་རྩོམ་པས་རྒྱལ་བསྟན་གསལ་བྱེད་ཅིང༌། །ལེགས་བཤད་ཆར་གྱིས་འགྲོ་ཀུན་ཚིམ་པར་ཤོག །ཅེས་ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་གསུམ་པའི་དྲིས་ལན་རབ་གསལ་སྒྲོན་མེ་སྐལ་བཟང་རྒྱན་ཕྲེང་ཞེས་བྱ་བ་འདི་ནི་ངག་དབང་དངོས་གྲུབ་དཔལ་ལམ་དབྱངས་ཅན་ངག་གི་རོལ་མཚོས་བྲིས་པའོ། །རྒྱལ་བསྟན་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག །ཛ་ཡནྟུ། །སརྦ་མངྒ་ལམ། །


previousཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་གསུམ་པའི་དྲིས་ལན་རབ་གསལ་སྒྲོན་མེ་སྐལ་བཟང་རྒྱན་ཕྲེང༌།next