Nitartha Digital Library
Tibetan
གསུང་འབུམ་པོད་དགུ་པ། དྲིས་ལན།


  expand section
  expand section
  expand section
  collapse section
ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་བཞི་པའི་དྲིས་ལན་འདོད་འཇོའི་དཔག་བསམ།
   
   
   
   
   
   
   
   
   
   
   
   
   
   
   


 
previousཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་བཞི་པའི་དྲིས་ལན་འདོད་འཇོའི་དཔག་བསམ།no next

ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་བཞི་པའི་དྲིས་ལན་འདོད་འཇོའི་དཔག་བསམ།

ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་བཞི་པའི་དྲིས་ལན་འདོད་འཇོའི་དཔག་བསམ་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་བྷྱཿ དོན་གཉིས་མཐར་ཕྱིན་སྟོན་པ་བཅོམ་ལྡན་འདས། །ཞི་བསིལ་འགོག་ལམ་རྫོགས་པའི་དམ་པའི་ཆོས། །རིག་གྲོལ་གཉིས་ལྡན་དགེ་འདུན་མཆོག་རྣམས་ལ། །སྒོ་གསུམ་གུས་པའི་སྒོ་ནས་སྐྱབས་ཕྱག་འཚལ། །གྲངས་མེད་ཚོགས་གཉིས་རབ་དཀར་དགེ་ལེགས་ཀྱིས། །སྤངས་རྟོགས་རྫོགས་པའི་ཡོན་ཏན་རབ་རྒྱས་པའི། །རྟོན་པ་བཞི་ལྡན་ཀུན་མཁྱེན་ཇོ་ནང་བ། །ཡབ་སྲས་བརྒྱུད་པར་བཅས་ལ་སྐྱབས་ཕྱག་འཚལ། །བཀའ་དྲིན་འཁོར་མཐའ་བྲལ་བའི་རྡོ་རྗེ་འཆང༌། །བྱམས་བརྩེས་ཆུ་འཛིན་རབ་དཀར་འཁྲིགས་པ་ལས། །གདམས་ངག་ཆོས་ཀྱི་སྦྲང་ཆར་འབེབས་མཛད་པའི། །དཔལ་ལྡན་བླ་མ་དམ་པས་དགེ་ལེགས་སྩོལ། །ཤིང་རྟ་ཆེན་པོའི་བཞེད་སྲོལ་དབུ་ཚད་གཞུང༌། །ཇི་བཞིན་ལེགས་པར་བཤད་པའི་སྔོན་མེད་པའི། །གདམས་ངག་ཆོས་ཀྱི་འོད་སྣང་འགྱེད་པ་ལ། །བློ་ལྡན་ཐར་འདོད་རྣམས་ཀྱིས་གསན་པར་རིགས། །དེ་ལ་འདིར་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉམ་མེད་ཐུབ་པའི་དབང་པོ་མཆོག་སྐྱེ་དགུ་ཐམས་ཅད་ཀྱི་མ་འདྲེས་པའི་གཉེན་དུ་གྱུར་བ་གང་ཉིད་ཀྱི་རྗེས་སུ་འཇུག་པའི་གྲུབ་མཐའ་སྨྲ་བ་བཞི་ལ་གཞི་ལམ་འབྲས་བུའི་རྣམ་བཞག་ཟ་འོག་གི་རི་མོ་ལྟར་སྣ་ཚོགས་པ་ཞིག་ཡོད་པར་མ་ཟད། གྲུབ་པའི་མཐའ་གཅིག་ལའང་དེར་བཞུགས་ཀྱི་མཁས་དབང་སོ་སོའི་བཞེད་ཚུལ་གཅིག་མཚུངས་མ་ཡིན་པར་མི་འདྲ་བ་དུ་མ་བྱུང་བ་དེ་དག་གིས་རང་རང་གི་ལུགས་ལ་ལུང་དང་རིགས་པས་གཏན་ལ་ཕབ་པར་བྱེད་དོ། །ད་ལན་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་རང་ལུགས་དྲི་མ་མེད་པ་ལས་བརྩམས་ནས་དྲིས་བའི་ལན་བརྗོད་པ་ལ། ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང༌། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པ་ཡོངས་སུ་འཛིན། །ཅེས་གསུངས་པ་ལྟར་ཆགས་སྡང་གི་རིས་སུ་མ་ཆད་པར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་གཞི་ལམ་འབྲས་གསུམ་གྱི་གྲུབ་པའི་མཐའ་ཀུན་ལུང་རིགས་རྣམ་དག་གི་སྒོ་ནས་གཏན་ལ་དབབ་དགོས་ལ། དེ་ལྟར་གཏན་ལ་དབབ་པ་ལ་གཞུང་ལུགས་རབ་འབྱམས་ལ་མཁྱེན་སྤྱན་ཡངས་པ། བསྟན་བཅོས་སྣ་རེའི་ལུང་ཙམ་ལ་མ་ཞེན་པ། རྨོངས་པ་ཁ་མཐུན་གྱི་དམག་དཔུང་ལ་མི་འཇིགས་པ། རང་བཟོས་དུག་ཆུས་བསྲེ་སླད་མེད་པ། གྲུབ་མཐའ་ལོག་པའི་སྐྱོ་མ་སྔ་བཙན་གྱི་དབང་དུ་མི་འགྲོ་བ།གཞན་གྱི་ཡོན་ཏན་ལ་ཕྲག་དོག་གི་དྲི་མས་མ་སྦགས་པ། གང་ཟག་གི་ཆགས་སྡང་ཆོས་ལ་མི་བསྲེ་བར། ལུང་རིགས་རྣམ་དག་གིས་བསྲེག་བཅད་བདར་བའི་གསེར་བཞིན་དུ་ལེགས་པར་བརྟགས་ནས་ཆོས་འཁོར་གསུམ་གྱི་དགོངས་དོན་ལེགས་པར་བཀྲལ་ཏེ་གྲུབ་པའི་མཐའ་རྣམ་པར་བཞག་དགོས་ཏེ། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཕྱོགས་འཛིན་གྱིས་དབང་དུ་མ་སོང་བར་བཀའ་ཐ་མ་དང་དེའི་དགོངས་འགྲེལ་བྱམས་ཆོས་སོགས་གཙོ་བོར་བྱས་ཏེ་ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་བཞི་པའི་དྲིས་ལན་རྣམས་བརྗོད་པར་བྱའོ། །དེ་ལ་གཞན་སྟོང་གི་དྲིས་ལན་དང༌། ཚད་མའི་དྲིས་ལན་གཉིས། དང་པོ་ལ་གསུམ་ལས། དང་པོ་ལ་དྲི་བ་དང་ལན་གཉིས་ལས།

སྔགས་གཞན་སྟོང་དང་མདོའི་གཞན་སྟོང་གི་དོན་སོ་སོར་ཡོད་དམ་ཇི་ལྟར་ཡིན་ཞེས་པའི་ལན།

སྔགས་གཞན་སྟོང་དང་མདོའི་གཞན་སྟོང་གི་དོན་སོ་སོར་ཡོད་དམ་ཇི་ལྟར་ཡིན་ཞེས་པའི་ལན།

སྔགས་གཞན་སྟོང་དང་མདོའི་གཞན་སྟོང་གི་དོན་སོ་སོར་ཡོད་དམ་ཇི་ལྟར་ཡིན་ཞེས་པའོ། །གཉིས་པ་ལན་ནི། མདོ་སྔགས་གཉིས་ཀྱི་གཞན་སྟོང་ལ་ཁམས་བདེ་གཤེགས་སྙིང་པོ་ལས་གཞན་མེད་ཀྱང་མདོ་རྒྱུད་གཉིས་ལས་བསྟན་ཚུལ་མི་འདྲ་བ་ཡིན་ཏེ། དཔལ་རྒྱུ་འབྲས་དབུ་མའི་ཐིག་ལེ་ལས། ཆོས་སྐུ་ངེས་པའི་དོན་གྱི་སངས་རྒྱས་ཏེ། །སྟོང་ཉིད་སྤྲོས་བྲལ་རང་བཞིན་ཤེར་ཕྱིན་ཏེ། །ཀུན་འགྲོ་ཡིན་ཕྱིར་ཀུན་ཁྱབ་ཆ་མེད་དེ། །དུས་གསུམ་ཀུན་ལ་ཁྱབ་ཕྱིར་དུས་མེད་དོ། །མཚན་དཔེ་ལ་སོགས་སངས་རྒྱས་ཡོན་ཏན་ཀུན། །རང་བྱུང་གདོད་ནས་གྲུབ་པའི་རྟག་པ་སྟེ། །མདོ་ལས་ཆོས་དབྱིངས་སངས་རྒྱས་རྟག་པར་གསུངས། །དེ་ཉིད་སྔགས་ལས་འགྱུར་མེད་བདེ་བར་བསྟན། །མདོ་ལས་སངས་རྒྱས་ཆོས་ཀུན་ལྡན་པར་གསུངས། །དེ་ཉིད་སྔགས་ལས་རྣམ་ཀུན་མཆོག་ལྡན་ནོ། །ཞེས་དང༌། སྙིང་པོ་དེ་ཉིད་རྣམ་པ་ཀུན་ལྡན་ཡིན། །དེ་ཉིད་མི་འགྱུར་རྟག་ཡིན་བདེ་བའང་ཡིན། །སྔགས་ཀྱི་ཚུལ་ལས་དེ་ཉིད་གསལ་བར་བཤད། །མདོ་ལས་དེ་ལ་དགོངས་ནས་ཕྱོགས་མཚོན་གསུངས། །ཞེས་དང༌། དབུ་མ་ཡིད་བཞིན་ནོར་བུ་ལས། སྔགས་ཀྱི་ཐེག་པར་དེ་དག་རིགས་ལྔ་དང༌། །དབང་པོ་ཡུལ་བཅས་སེམས་དཔའ་ཡབ་ཡུམ་དང༌། །འབྱུང་བ་རྣམ་ལྔ་བཅོམ་ལྡན་འདས་མ་དང༌། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་གསུམ་དང༌། །བཞི་བའི་ཐིག་ལེ་ཡེ་ཤེས་རྡོ་རྗེ་སོགས། །གནས་གྱུར་དབྱེ་བ་རྣམ་པ་དུ་མ་དང༌། །ཞེས་གསུངས་པའི་ཕྱིར་རོ། །ཡང་སྔགས་གཞན་སྟོང་གི་རྩ་རླུང་ཐིག་ལེ་གསུམ་མམ་དོན་དམ་པའི་དེ་གསུམ་ནི། དུས་འཁོར་གྱི་སྦྱོར་དྲུག་སྤྱི་དོན་རྡོ་རྗེ་བདུད་རྩིའི་ཆུ་གཏེར་ལས། རང་ལུགས་ཀྱི་ཁྱད་པར་གྱི་ཆོས་སུ་གྱུར་བའི་དོན་དམ་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེ་གསུམ་ནི། རང་རྒྱུད་ལ་ཡེ་ནས་བཞུགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་གི་སྣང་ཆ་རྩའི་རྣམ་པར་ཤར་བའི་རྩའམ་དེ་འདྲའི་ཡེ་ཤེས་དེ་རྒྱུན་ཆགས་སུ་གནས་པའི་ཆ་དེ་ཡེ་ཤེས་ཀྱི་རྩ་དབུ་མ་དང༌། དེ་གནས་ལུགས་ལ་འཇུག་པའི་གཡོ་ཆ་དེ་ཡེ་ཤེས་ཀྱི་རླུང་གཞོམ་མེད་ཀྱི་སྒྲ་དང༌། །མི་རྟོག་པའི་ཡེ་ཤེས་ཀྱི་སྣང་ཆ་བདེ་བའི་རང་བཞིན་དུ་གྲུབ་པའི་ཆ་དེ་ཡེ་ཤེས་ཀྱི་ཐིག་ལེ་སྟེ། ཟླ་བ་སྐུ། ཉི་མ་གསུང༌། སྒྲ་གཅན་ཐུགས་ཞེས་པ་ལྟར་རོ། །ཞེས་གསུངས་ལ། ཡང་མ་དག་པའི་རྩ་རླུང་དེ་དག་དག་པའི་གཞི་དོན་དམ་པའི་རྩ་རླུང་ཐིག་ལེ་འཇོག་ཚུལ་དང༌། མ་དག་པའི་ཕུང་པོ་དྲུག་ཁམས་དྲུག་དབང་པོ་དྲུག་སྐྱེ་མཆེད་དྲུག་ལས་ཀྱི་དབང་པོ་དྲུག་བྱ་བ་དྲུག་སྟེ་ཕུང་ཁམས་སྐྱེ་མཆེད་ལས་དབང་བྱ་བ་སོ་དྲུག་དག་པའི་གཞི་དོན་དམ་པའི་ལྷ་དྲུག་ཚན་དྲུག་སྟེ་སོ་དྲུག་པོ་སྔགས་ལས་གསལ་བར་བསྟན་པའི་གཞན་སྟོང་ཡིན་ཏེ། བཀའ་བསྡུ་བཞི་བ་ལས། ཀུན་རྫོབ་འདི་ལས་གཞན་མཆོག་ཕ་རོལ་གྱི། །རོ་དང་ཁམས་ཀྱི་རྣམ་འགྱུར་སོ་དྲུག་དང༌། །ཕུང་པོའི་རྣམ་འགྱུར་སུམ་ཅུ་རྩ་དྲུག་དང༌། །ཕུང་པོ་ཁམས་སོགས་སུམ་ཅུ་དྲུག་ལ་སོགས། །ཞེས་གསུངས་པའི་ཕྱིར། སྔགས་གཞན་སྟོང་དང་མདོའི་གཞན་སྟོང་ཞེས་པ་ནི། སྔགས་ལས་གསལ་བར་བསྟན་པའི་གཞན་སྟོང་ལ་སྔགས་གཞན་སྟོང་དང༌། མདོ་ལས་གསལ་བར་བསྟན་པའི་གཞན་སྟོང་ལ་མདོའི་གཞན་སྟོང་ཡིན་པར་འཇོག་པར་སྣང༌། དེ་ལྟར་ན་སྔགས་གཞན་སྟོང་དང་མདོའི་གཞན་སྟོང་གཉིས་ལ་ཡིན་མིན་གྱི་མུ་གསུམ་མམ་བཞི་ཡོད་མེད་དཔྱད་པར་བྱའོ། །དེ་ལ་ཅུང་ཟད་དཔྱད་ཚུལ་བརྗོད་ན་ཐེག་མཆོག་དབུ་མའི་ཟིན་བྲིས་ལས།དང་པོ་དང་བར་བ་ཡང་གཞན་སྟོང་གསུངས་ཀྱང་མི་གསལ་བ་ཙམ་དུ་གསུངས་པ་ཡིན་ལ། ཐ་མར་ནི་ཐང་བརྡལ་བའི་ཚུལ་གྱིས་རྒྱས་པར་གསུངས་སོ། །ཞེས་པ་དང༌། ཤེར་ཕྱིན་གྱི་ཚིག་འགྲེལ་རྨད་དུ་བྱུང་བ་ལས། དང་པོ་དང་བར་བ་ནས་ཀྱང་སྒྲས་ཟིན་ལ་གསལ་བར་སྟོན་པའི་ཚིག་ཅི་རིགས་པ་ནི་ཡོད་དོ། །ཞེས་པ་གཉིས་ཀྱི་གསུང་ཟིན་ལྟར་ཐ་མར་གཞན་སྟོང་རྫོགས་པར་བསྟན་པ་ཡིན་ན་འགྱུར་མེད་བདེ་བ་ཆེན་པོ་བསྟན་པར་འགྱུར་མི་འགྱུར་རམ། དེ་རྫོགས་པར་མ་བསྟན་ན་བར་མཐའ་གཉིས་ཀའི་བསྟན་ཚུལ་ལ་ཁྱད་མེད་དུ་འགྱུར་མི་འགྱུར་དཔྱད་པར་བྱའོ། །

དྲིས་ལན་གཉིས་པ་ལ་དྲི་བ་དང་ལན་གཉིས་ལས།

དྲིས་ལན་གཉིས་པ་ལ་དྲི་བ་དང་ལན་གཉིས་ལས།

དང་པོ་ནི།དོན་དམ་བདེན་གྲུབ་འདོད་པའི་རྒྱ་བོད་ཀྱི་མཁས་པ་གང་ཡིན་གྱི་ལུང་དང༌། བདེན་གྲུབ་དང་སྤྲོས་པའི་བདེན་གྲུབ་ཀྱི་ཁྱད་པར་གང་ཡིན་ཞེས་པའོ། །གཉིས་པ་ལན་ནི། དོན་དམ་བདེན་གྲུབ་ཏུ་འདོད་པའི་རྒྱ་བོད་ཀྱི་མཁས་པ་དག་གི་ལུང་འགོད་པ་ལ། བདེན་གཉིས་གསལ་བའི་ཉི་མ་ལས། ཀུན་རྫོབ་ནི་དོན་ལ་མེད་པས་རང་སྟོང་དང༌། རྣམ་ཤེས་ལ་སྣང་གི་ཡེ་ཤེས་ལ་མི་སྣང་བ་དང༌། དོན་དམ་ནི་དོན་ལ་ཡོད་པས་རང་གིས་མི་སྟོང་བར་གཞན་སྟོང་དང༌། ཡེ་ཤེས་ལ་སྣང་གི་རྣམ་ཤེས་ལ་གཏན་ནས་མི་སྣང་བ་ཡིན་ཏེ། །དབུ་མ་མདོ་སྡེ་རྒྱན་རྩ་འགྲེལ་ལས། བྱིས་པ་ཡང་དག་ཉིད་སྒྲིབ་ནས། །ཡང་དག་མིན་པ་ཀུན་ཏུ་སྣང༌། །བྱང་ཆུབ་སེམས་དཔའ་དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང༌། །དོན་མེད་པ་དང་དོན་ཡོད་དག ། མི་སྣང་སྣང་བ་ཉིད་ཀྱིས་བྱ། །དེ་ནི་གནས་གཞན་གྱུར་པ་སྟེ། །འདོད་དགུར་སྤྱོད་ཕྱིར་ཐར་པ་ཡིན། །འདིས་ནི་ཇི་ལྟར་བྱིས་པ་རྣམས་ལ་རང་གི་ངང་གིས་ཡང་དག་པ་མིན་པ་མཚན་མ་ཁོ་ན་སྣང་གི་ཡང་དག་པ་དེ་བཞིན་ཉིད་ནི་མ་ཡིན་པ་དང༌། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་རང་གི་ངང་གིས་ཡང་དག་པ་ཁོ་ན་སྣང་གི་ཡང་དག་པ་མ་ཡིན་པ་ནི་མ་ཡིན་ནོ། །ཞེས་བྱ་བ་ཉེ་བར་སྟོན་ཏོ། །དོན་མེད་པ་མཚན་མ་ནི་མི་སྣང་བ་ཉིད་དང༌། དོན་ཡོད་པ་དེ་བཞིན་ཉིད་སྣང་བ་ཉིད་ནི་གནས་གཞན་ཏུ་གྱུར་པ་ཡིན་པར་རིག་པར་བྱ་སྟེ། དེས་དེ་དག་མི་སྣང་བ་དང་སྣང་བ་ཡིན་ནོ། །ཞེས་སོ། །རྗེ་སོ་རི་པས། ཀུན་རྫོབ་བདེན་པ་རང་གིས་སྟོང་བ་དང༌། །དོན་དམ་བདེན་པ་གཞན་གྱིས་སྟོང་པ་སྟེ། །བདེན་གཉིས་སྟོང་ཚུལ་དེ་ལྟར་མ་ཤེས་ན། །རྫོགས་སངས་རྒྱས་ལ་སྐུར་བ་བཏབ་ཉེན་གདའོ། །ཞེས་དང༌། དབུ་མ་རྩ་ཤེར། གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་དང༌། དབུ་མ་མདོ་སྡེ་རྒྱན་རྩ་འགྲེལ་དུ། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་མེད་འགག་མེད་འབྲི་བར་མི་འགྱུར་ཏེ། །འཕེལ་བ་མེད་ཅིང་རྣམ་པར་དག་པ་མེད། །རྣམ་པར་དག་འགྱུར་དེ་ནྀ་དོན་དམ་མཚན། །གཉིས་སུ་མེད་པའི་དོན་ནི་དོན་དམ་སྟེ། །ཞེས་གཉིས་སུ་མེད་པའི་དོན་དེ་ཡང་རྣམ་་པ་ལྔས་ཡང་དག་པར་སྟོན་ཏེ། ཀུན་བཏགས་པ་དང༌། གཞན་གྱི་དབང་གི་མཚན་ཉིད་དག་གིས་ནི་ཡོད་པ་མ་ཡིན་ནོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱིས་ནི་མེད་པ་མ་ཡིན་ནོ། །ཀུན་བཏགས་པ་དག་དང༌།གཞན་གྱི་དབང་དང་ཡོངས་སུ་གྲུབ་པར་གཅིག་པ་ཉིད་མེད་པས་དེ་བཞིན་ཉིད་མ་ཡིན་ནོ། །དེ་དག་ཁོ་ན་དང་གཞན་པ་ཉིད་མེད་པས་གཞན་མ་ཡིན་ནོ། །ཆོས་ཀྱི་དབྱིངས་འདུས་མ་བྱས་པ་ཡིན་པའི་ཕྱིར། སྐྱེ་བ་ཡང་མེད། འཇིག་པ་ཡང་མེད་དོ། །ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། འགག་པ་དང༌། སྐྱེ་བ་ན་དེ་བཞིན་གནས་པའི་ཕྱིར་འབྲི་བར་ཡང་མི་འགྱུར། འཕེལ་བར་ཡང་མི་འགྱུར་རོ། །རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར། རྣམ་པར་དག་པར་འགྱུར་བ་མེད་དོ། །གློ་བུར་གྱི་ཉོན་མོངས་པ་དང་བྲལ་བས་རྣམ་པར་མ་དག་པ་ཡང་མ་ཡིན་ཏེ།དེ་ལྟར་ན་གཉིས་སུ་མེད་པའི་མཚན་ཉིད་རྣམ་པ་ལྔ་པོ་དེ་ནི་དོན་དམ་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །ཞེས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པར། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང༌། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག ། ཁམས་ཏེ་ཉམས་པར་བྱེད་མ་ཡིན། །ཞེས་ཉོན་མོངས་ཀུན་རྫོབ་རང་སྟོང་དང༌། ཁམས་དོན་དམ་གཞན་སྟོང་ལ་དགོངས་ཏེ་གསུངས་པ་དང༌། སྒོམ་རིམ་དུ། མ་སྐྱེས་པ་ཡི་སྟོང་ཉིད་གཅིག ། གཅིག་ནི་སྐྱེས་པའི་སྟོང་པ་སྟེ། །མ་སྐྱེས་པ་ཡི་སྟོང་ཉིད་མཆོག །སྐྱེས་པའི་སྟོང་པ་འཇིག་པ་ཡིན། །ཞེས་དང༌།བྱང་ཆུབ་སེམས་འགྲེལ་དུ། དགེ་དང་མི་དགེའི་རྣམ་རྟོག་ནི། །རྒྱུན་ཆད་པ་ཡི་མཚན་ཉིད་ཅན། །སངས་རྒྱས་རྣམས་ཀྱིས་སྟོང་ཉིད་གསུངས། །གཞན་ནི་སྟོང་པར་མི་བཞེད་དོ། །ཞེས་དོན་དམ་མ་སྐྱེས་པའི་སྟོང་ཉིད་གཞན་སྟོང༌། ཀུན་རྫོབ་སྐྱེས་པའི་སྟོང་ཉིད་རང་སྟོང་ཉིད་ཀྱི་དབྱེ་བར་གསུངས་པ་དང༌།མགོན་པོ་བྱམས་པས། ཀུན་བཏགས་གཞན་དབང་ཡོངས་གྲུབ་སྟེ། ངོ་བོ་ཉིད་གསུམ་ལ་རིམ་པར་དགོངས་ཏེ། དབུས་མཐར། དངོས་མེད་དེ་ཡི་དངོས་མ་ཡིན། །རང་བཞིན་གྱིས་ནི་སྟོང་པར་འདོད། །ཅེས་དང༌། མདོ་སྡེ་རྒྱན་དུ། མེད་པའི་སྟོང་བ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་བ་ཉིད་ཤེས་ན། །སྟོང་ཉིད་ཤེས་པ་ཞེས་བརྗོད་དོ། །ཞེས་སོ། །དེ་ཡང་ངོ་བོ་ཉིད་དང་པོ་གཉིས་ཀུན་རྫོབ་རང་སྟོང་དང༌། ཕྱི་མ་དོན་དམ་གཞན་སྟོང་ལ་དགོངས་ཏེ། དབུས་མཐར། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་བ་ཉིད། །དངོས་མེད་པ་ཡི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་དང༌། རྒྱུད་བླ་མར། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི ། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱི་སྟོང་མ་ཡིན། །ཞེས་དང༌། དེ་དང་མཐུན་པར་སྟོང་བ་ཉིད་ཆེན་པོའི་མདོར། གང་ན་གང་མེད་པ་དེ་ནི་དེས་སྟོང་ངོ༌། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་རབ་ཏུ་ཤེས་ལ་དེ་ལ་ལྷག་མར་གྱུར་པ་གང་ཡིན་པ་དེ་ནི་འདི་ན་ཡོད་དོ། །ཞེས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་དང༌།མྱང་འདས་ཆེན་པོར། མྱ་ངན་ལས་འདས་པ་ནི་མི་སྟོང་པའི་སྟོང་པ་ཉིད་དོ། །དེ་ལས་གཞན་ནི་སྟོང་པའི་སྟོང་པ་ཉིད་དོ། །ཞེས་དང༌། དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་གལ་ཏེ་དོན་དམ་པ་མེད་དུ་ཟིན་ན་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་འབྱུང་བ་ཡང་དོན་མེད་པར་འགྱུར་རོ། །གང་གི་ཕྱིར་དོན་དམ་པ་ཡོད་པས་ན། བྱང་ཆུབ་སེམས་དཔའ་རྣམས་དོན་དམ་པ་ལ་མཁས་པ་ཞེས་བྱའོ། །ཞེས་ཀུན་རྫོབ་རང་སྟོང་དང༌། དོན་དམ་གཞན་སྟོང་དུ་གསུངས་པའི་གནོད་པ་ཇི་ལྟར་ཟློག ཅེས་སོ། །གཞན་ཡང་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་མཆོག་གིས་མཛད་པའི་གཞན་སྟོང་སེངྒེའི་ང་རོ་ལས། ངེད་འཁྲུལ་བ་ཀུན་རྫོབ་དང་མ་འཁྲུལ་བ་དོན་དམ་དུ་འདོད་པའི་ལུགས་ལའང་མ་འཁྲུལ་བའི་དོན་དམ་དང༌། དེ་མ་འཁྲུལ་བའི་བདེན་པར་གྲུབ་པ་དགག་མི་རུང་བར། ཞེས་དང༌། དམ་ཆོས་དོགས་སེལ་ལས། དོན་དམ་པར་གྲུབ་ན་བདེན་པར་གྲུབ་པ་ཡིན་ཏེ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རྙེད་དོན་མཐར་ཐུག་ཡིན་པ་གང་ཞིག མཐར་ཐུག་དཔྱོད་པའི་རིགས་ངོར་བདེན་ཞིང༌། དེ་ཡོངས་གཅོད་སྒྲུབ་པའི་ཚུལ་གྱིས་དེའི་ཡུལ་དུ་གྲུབ་པའི་ཕྱིར། ཞེས་དང༌། གཞུང་སྤྱིའི་དཀའ་འགྲེལ་རིན་པོ་ཆེའི་ཟ་མ་ཏོག་ལས། མུ་བཞི་ནི་དོན་དཔྱོད་ཀྱི་རིགས་པའི་དགག་བྱ་ཡིན་ལ་ལམ་གྱི་དགག་བྱ་མིན་པ་མེད་དེ། ལྟ་སྒོམ་ཀུན་གྱིས་སོ། །ཐ་སྙད་དཔྱོད་པས་ཡོད་པ་ཁེགས་པ་རི་བོང་རྭ་ལྟ་བུ་རིགས་པའི་དགག་བྱ་ཡིན་ཡང་ལམ་གྱི་མིན་ནོ། །ལམ་གྱི་དགག་བྱ་བདག་འཛིན་གཉིས་དང༌། དེ་ལས་བྱུང་བ་རྣམས་དང༌། གཉིས་ཀའི་དགག་བྱ་བདག་གཉིས་ལྟ་བུ། གཉིས་ཀའི་དགག་བྱ་མིན་པ་གནས་ལུགས་ཆོས་ཉིད་དམ་བདག་མེད་རྟོགས་མཁྱེན་ལྟ་བུ། ཞེས་གསུངས་པ་དང༌། ཀུན་མཁྱེན་འཇམ་དབྱངས་བཞད་པའི་དབུ་མ་ལུང་རིག་གཏེར་མཛོད་ལས། ཡང་སྔོན་གྱི་རིགས་སྨྲའི་དབང་པོ་ཆ་པ་དང་ཕྱིས་ཀྱི་ཇོ་ཤཱཀ་གོ་ཀར་རྣམས་ན་རེ། ཆོས་ཉིད་དོན་དམ་པར་གྲུབ་པར་ཐལ།དོན་དམ་པར་ཡོད་པའི་ཚད་དེ་ཁོ་ན་ཉིད་འཇལ་བའི་རིགས་ཤེས་ཀྱིས་ཡོད་པར་གྲུབ་པ་ལ་བྱེད་པའི་ཕྱིར། ཞེས་དེ་དག་གི་དོན་དམ་བདེན་པ་དོན་དམ་པར་གྲུབ་པར་འདོད་པར་གསུངས་སོ། །སྤྲོས་པའི་བདེན་གྲུབ་དང་བདེན་གྲུབ་གྱི་ཁྱད་པར་ཡོད་དེ། སྤྲོས་པའི་བདེན་གྲུབ་ནི། གལ་ཏེ་ཡོད་ན་རྟོག་བཅས་ཀྱི་བདེན་གྲུབ་ཏུུ་བཟུང་བ་ལྟར་གྲུབ་དགོས་ལ། དེ་འདྲ་ཤེས་བྱ་ལ་མི་སྲིད་པའི་ཕྱིར། བདེན་གྲུབ་ཞེས་པ་ནི། བདེན་པ་མི་བསླུ་བ་སོགས་སུ་བྱེད་ལ། དེ་ནི་ཤེས་བྱ་ལ་སྲིད་དེ། དོན་དམ་བདེན་པ་དེ་གནས་ཚུལ་དང་སྣང་ཚུལ་མཐུན་པའི་མི་བསླུ་བ་དང༌། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ཡུལ་དུ་བདེན་པ་ཡིན་པའི་ཕྱིར། འོན་ཀྱང་དོན་དམ་བདེན་པ་བདེན་པར་གྲུབ་ཀྱང་སྤྲོས་པའི་བདེན་པར་མ་གྲུབ་སྟེ། གཞན་སྟོང་དབུ་མའི་རྒྱན་ལས། ཡོངས་གྲུབ་འདོད་ཕྱིར་དབུ་མ་མིན་ན་ནི། །སྤྲོས་བྲལ་འདོད་པའང་དབུ་མ་མིན་པར་འགྱུར། །བདེན་འདོད་མི་འདོད་ཁྱད་པར་ཡོད་ཅེ་ན། །མཚན་མ་སྤྲོས་པའི་བདེན་པར་ངེད་མི་འདོད། །སྤྲོས་པས་དབེན་པའི་བདེན་ཚུལ་འདི་ལྟ་བུ། །རང་སྟོང་སྨྲ་བས་ཕྱོགས་ཀྱང་མ་གོ་ན། །དེ་ལ་དགག་པ་ནམ་ཡང་བྱས་པ་མེད། །བདེན་གྲུབ་འགོག་ཚད་སྤྲོས་པའི་བདེན་འགོག་སྟེ། །ཀུན་རྫོབ་འགོག་པའི་རིགས་པ་འདིར་སྦྱར་ཕྱིར། །དེ་ནི་ངེད་ཀྱི་ལུགས་ལའང་འདོད་པ་སྟེ། །ཡོངས་གྲུབ་དེ་ལ་སྤྲོས་པའི་བདེན་པ་མེད། །སྤྲོས་པའི་བདེན་པ་ཡོད་ན་ཀུན་རྫོབ་སྟེ། །དོན་དམ་ངོ་བོ་ཉིད་མེད་ཅེས་བཤད་དོ། །ཞེས་གསུངས་སོ། །

དྲིས་ལན་གསུམ་པ་ལ་གཉིས་ལས།

དྲིས་ལན་གསུམ་པ་ལ་གཉིས་ལས།

དང་པོ་དྲི་བ་ནི། མཚན་བཅས་ཀྱི་སྟོང་ཉིད་དང་མཚན་མེད་ཀྱི་སྟོང་ཉིད་གཉིས་ཆོས་ཉིད་དངོས་ཡིན་ནམ་ཇི་ལྟར་ཡིན་ཞེས་པའོ། །གཉིས་པ་ལན་ནི། མཚན་བཅས་ཀྱི་སྟོང་ཉིད་སྟོང་གཟུགས་འཇོག་དགོས་ལ། མཚན་མེད་ཀྱི་སྟོང་ཉིད་ནི་སྤྲོས་བྲལ་མི་རྟོག་པའི་ཡེ་ཤེས་འཇོག་ལ། དེ་གཉིས་སྟོང་ཉིད་དངོས་སམ་ཆོས་ཉིད་ཡིན་ཏེ། དུས་འཁོར་གྱི་སྦྱོར་དྲུག་སྤྱི་དོན་རྡོ་རྗེ་བདུད་རྩིའི་ཆུ་གཏེར་ལས། རང་ལུགས་ལ་སོ་སྐྱེས་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཡོད་པ་དང༌།མཁས་མཆོག་གཞན་དག་གིས་སོ་སྐྱེས་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པ་མེད་པར་བཞེད་པ་ནི་སྟོང་ཉིད་ངོས་འཛིན་ཚུལ་མི་འདྲ་བའི་དབང་གིས་ཡིན་ཏེ། ཞེས་པ་ནས། དེ་འདྲའི་རྣམ་རྟོག་དེ་འཁོར་བའི་རྩ་བ་ཡིན་པས། དེའི་དངོས་གཉེན་ནི་ཞེན་གཏད་ལ་སོགས་པའི་བློས་བྱས་ཐམས་ཅད་དང་བྲལ་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ཞིང༌། དེའི་ཡུལ་སྟོང་པ་ཉིད་ནི་མི་རྟོག་ཡེ་ཤེས་ཀྱི་རང་གི་ངོ་བོ་དེ་རང་གིས་རང་རིག་པའི་ཚུལ་གྱིས་རྟོགས་པ་ཡིན་གྱི་དེ་ལས་གཞན་པའི་ཡུལ་འགའ་ཡང་མེད་ཕྱིར་སྤྲོས་བྲལ་མི་རྟོག་པའི་ཡེ་ཤེས་རང་ཉིད་མཚན་མེད་ཀྱི་སྟོང་པ་ཉིད་ཡིན་ཞིང༌། མི་རྟོག་པའི་ཡེ་ཤེས་སྟོང་གཟུགས་ཀྱི་རྣམ་པར་ཤར་བ་དེ་མཚན་བཅས་ཀྱི་སྟོང་ཉིད་དུ་འདོད་ལ། ཞེས་དང༌། རང་ལུགས་ལ་ནི་དང་པོ་སོར་སྡུད་གྲུབ་པ་ནས་བཟུང་སྟེ་ཏིང་ངེ་འཛིན་གྱི་བར་དུ་སྟོང་གཟུགས་མཐོང་བའི་སྒོ་ནས་སྤྲོས་བྲལ་མི་རྟོག་པའི་ཡེ་ཤེས་མི་སྒོམ་པའི་སྐབས་མེད་ལ། སྟོང་གཟུགས་ནི་མཚན་བཅས་སྟོང་ཉིད་ཡིན་ཀྱང་སྟོང་ཉིད་དངོས་དང༌། བློས་བྱས་ཀྱི་སྤྲོས་པ་དང་བྲལ་བའི་མི་རྟོག་པའི་ཡེ་ཤེས་ནི་མཚན་མེད་ཀྱི་སྟོང་ཉིད་དེ་དེ་ནི་སྒྲིབ་གཉིས་དངོས་སུ་སྤོང་བའི་གཉེན་པོར་བསྒོམ་བྱའི་སྟོང་ཉིད་ཡིན་ཞིང༌། ཞེས་གསུངས་སོ། །

གཉིས་པ་ཚད་མའི་དྲིས་ལན་ལ་ཉེར་བཞི་ཡོད་པ་ལས།

གཉིས་པ་ཚད་མའི་དྲིས་ལན་ལ་ཉེར་བཞི་ཡོད་པ་ལས།

དང་པོ་ལ་དྲི་བ་དང་ལན་གཉིས་ལས། དང་པོ་དྲི་བ་ནི། ཚད་མ་རྣམ་འགྲེལ་གྱི་མཆོད་བརྗོད་ཀྱིས་སྐུ་གསུམ་འཕྲིན་ལས་དང་བཅས་པ་ལ་བསྟོད་ཚུལ་དང་ཕུན་སུམ་ཚོགས་པ་བཞི་ལ་བསྟོད་ཚུལ་ཇི་ལྟར་ཡིན་ཞེས་པའོ། །གཉིས་པ་ལན་ནི། ཚད་མ་རྣམ་འགྲེལ་ལས། རྟོག་པའི་དྲྭ་བ་རྣམ་བསལ་ཞིང༌། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག ། ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་པའི་སྐུ་གསུམ་འཕྲིན་ལས་དང་བཅས་པ་ལ་བསྟོད་པ་དང༌། ཕུན་སུམ་ཚོགས་པ་བཞི་ལ་བསྟོད་ཚུལ་གཉིས་ལས། དང་པོ་ནི། རྐང་བ་དང་པོ་གཉིས་ཀྱིས་རང་དོན་ཕུན་ཚོགས་དང༌། ཀུན་ཏུ་བཟང་པོ་ཞེས་པའི་གཞན་དོན་ཕུན་ཚོགས་དང༌། འོད་ཟེར་དག ། ཀུན་ནས་འཕྲོ་ཞེས་པས་དེ་སྒྲུབ་པའི་ཐབས་ཕུན་ཚོགས་དང་གསུམ་གྱི་སྒོ་ནས་བསྟོད་པའི་ཕྱིར། མཆོད་བརྗོད་ཀྱི་དངོས་བསྟན་གྱི་ཀུན་བཟང་ལ་བཅོམ་ལྡན་འདས་འཇོག་པའི་ཕྱིར་ཏེ། ཤཱཀྱ་བློའི་འགྲེལ་བཤད་ལས། བསྟོད་པ་ལ་ཡང་རང་གི་དོན་ཕུན་སུམ་ཚོགས་པ་དང༌། གཞན་གྱི་དོན་ཕུན་སུམ་ཚོགས་པ་དང༌། གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་དང་རྣམ་པ་གསུམ་མོ། །ཞེས་དང༌། གང་གི་ཚེ་ཀུན་ཏུ་བཟང་པོ་ཞེས་པའི་སྒྲར་གྲགས་པས་བྱང་ཆུབ་སེམས་དཔའ་ཡིན་པར་མི་བཟུང་བ་དེའི་ཚེ་ནི་འདི་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་ཡིན་ནོ། །ཞེས་སོགས་སོ། །རང་དོན་ཕུན་ཚོགས་ལ་སྤངས་པའི་དང་ཟབ་པའི་དང་རྒྱ་ཆེ་བའི་ཁྱད་པར་གསུམ་གྱི་སྒོ་ནས་རིམ་བཞིན་ངོ་བོ་ཉིད་སྐུ་དང་ལོངས་སྐུ་དང་སྤྲུལ་སྐུ་ལ་བསྟོད་པ་ཡིན་ཏེ། རྟོག་པའི་དྲ་བ་རྣམ་བསལ་ཞེས་པས་ངོ་བོ་ཉིད་སྐུ་བསྟན་པ་དང༌། ཟབ་ཅིང་སྐུ་མངའ་ཞེས་པས་ལོངས་སྐུ་བསྟན་པ་དང༌། རྒྱ་ཆེའི་སྐུ་མངའ་ཞེས་པས་སྤྲུལ་སྐུ་བསྟན་པ་ཡིན་ཏེ། ཤཱཀྱ་བློའི་རྣམ་འགྲེལ་འགྲེལ་བཤད་ལས། དང་པོར་ཕྱེད་གོང་མས་རང་གི་དོན་ཕུན་སུམ་ཚོགས་པ་སྐུ་གསུམ་གྱི་མཚན་ཉིད་ཀྱང་སྒྲིབ་པ་སྤངས་པའི་ཁྱད་པར་དང་ཟབ་པའི་ཁྱད་པར་དང་རྒྱ་ཆེ་བའི་ཁྱད་པར་དང་ཁྱད་པར་རྣམ་པ་གསུམ་གྱིས་འཕགས་པ་བསྟན་ཏེ། ཞེས་པ་ནས།སྐུ་གསུམ་པོ་ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་ཞེས་བྱ་བ་ཡོད་པ་དེ་ནི། རྟོག་པའི་དྲ་བ་རྣམ་བསལ་ཞིང༌། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྟོག་པའི་དྲ་བ་བསལ་བ་དང༌། ཟབ་པ་དང་རྒྱ་ཆེ་ཚུལ་གསུམ་ཡོད་དེ། གང་ཟག་དང་ཆོས་ཀྱི་བདག་འཛིན་གཉིས་ཀྱི་རྟོག་པ་དང༌། དེ་ཉིད་ཀྱི་འཆང་བས་ན་དྲ་བ་ཡིན་ལ། དེ་དང་བག་ཆགས་དང་བཅས་པ་སྤངས་པ་ནི་རྣམ་པར་བསལ་བའི་དོན་དང༌། ལོངས་སྐུ་ཉན་རང་སོགས་ཀྱིས་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པས་ན་ཟབ་པ་ཡིན་ལ། སྤྲུལ་སྐུས་སེམས་ཅན་གྱི་དོན་མཐའ་དག་དང་ཤེས་བྱ་ཐམས་ཅད་ལ་ཁྱབ་པས་ན་རྒྱ་ཆེ་བར་བཤད་པའི་ཕྱིར་ཏེ། ཤཱ་ཀྱ་བློའི་འགྲེལ་བཤད་ལས། རྟོག་པ་ནི་སེམས་དང་སེམས་ལས་བྱུང་བ་ཁམས་གསུམ་པ་བདག་དང་བདག་གི་བ་ལ་སོགས་པའི་རྣམ་པར་ཞུགས་པ་དང༌། བཟུང་བ་དང་འཛིན་པའི་རྣམ་པར་ཞུགས་པ་རྣམས་སོ། སྐུ་གང་ལ་དེ་རྣམ་པར་བསལ་ཞིང༌། བག་ཆགས་དང་བཅས་ཏེ་ཡང་མི་སྐྱེ་བའི་ཆོས་ཉིད་དུ་བྱས་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །འདིས་ནི་སྒྲིབ་པ་སྤངས་པའི་ཁྱད་པར་བཤད་དོ། །ཟབ་པ་དང་རྒྱ་ཆེ་བའི་ཁྱད་པར་དག་ནི་ཟབ་ཅིང་རྒྱ་ཆེ་བའི་ཚིག་གཉིས་ཀྱིས་བསྟན་ཏོ། །བཅོམ་ལྡན་འདས་གང་ལ་རྟོག་པའི་དྲ་བ་རྣམ་པར་བསལ་བ་དང༌། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཟབ་པ་དང༌། ཤེས་བྱ་མཐའ་དག་དང་སེམས་ཅན་གྱི་དོན་མཐའ་དག་ལ་ཁྱབ་པའི་ཕྱིར། རྒྱ་ཆེ་བའི་སྐུ་གསུམ་པོ་ངོ་བོ་ཉིད་སྐུ་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པ་ཞེས་བྱ་བ་ཡོད་པ་དེ་ནི་རྟོག་པའི་དྲ་བ་རྣམས་བསལ་ཞིང་ཟབ་ཅིང་རྒྱ་ཆེས་སྐུ་མངའ་བ་ཡིན་ནོ། །བཟང་པོ་ནི་དགེ་ལེགས་ཏེ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་དོ། །གང་ལས་དེ་དོན་དུ་གཉེར་བ་རྣམས་ལ་དེ་ཀུན་ཏུ་སྟེ་མ་ལུས་པར་སྐལ་བ་ཇི་ལྟ་བ་བཞིན་དུ་འབྱུང་བ་དེ་ནི་ཀུན་ཏུ་བཟང་པོའོ། །ཞེས་གསུངས་པའི་ཕྱིར། ཡང་ཤཱཀྱ་བློའི་འགྲེལ་བཤད་ལྟར་ན་བྱང་སེམས་ཀུན་བཟང་ལ་སྦྱར་ཚུལ་ཡང་ཡོད་དེ། སྐུ་གསུམ་བཏགས་པ་བ་རྟོག་པའི་དྲ་བ་བྱང་སེམས་ཀྱི་སའི་སྒྲིབ་པ་བདག་འཛིན་གཉིས་ཅི་རིགས་དང་བྲལ་བ་དང༌། ཉན་རང་སོགས་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པའི་ས་བརྒྱད་པ་ཡན་ཆད་ཀྱི་རྡོ་རྗེའི་སྐུ་དང༌། ཕྱིན་དྲུག་སོགས་བྱང་སེམས་ཀྱི་རྒྱ་ཆེ་བའི་ཁྱད་པར་ལ་བྱེད་པ་ཡིན་པའི་ཕྱིར་ཏེ། ཤཱཀྱ་བློའི་འགྲེལ་བཤད་ལས། ཀུན་ཏུ་བཟང་པོ་ཞེས་བྱ་བའི་སྒྲ་འདི་ནི་ཐེག་པ་ཆེན་པོ་ལས་བྱང་ཆུབ་སེམས་དཔའི་ཁྱད་པར་ཞིག་ལ་གྲགས་པས་འདི་བྱང་ཆུབ་སེམས་དཔའ་ལ་མཆོད་པ་ཡིན་ཏེ། ཚིག་ནི་སྔ་མ་བཞིན་དུ་སྦྱར་བར་བྱའོ། ཁྱད་པར་ཡོད་དེ། ཞེས་པ་ནས། རྒྱ་ཆེ་བ་བྱང་སེམས་ཀྱི་ཆེ་བ་ནི་བདག་ཉིད་ལས་སོ། །བྱང་ཆུབ་དཔའ་སེམས་དཔའ་རྣམས་ལ་རྗེས་སུ་མཐུན་པའི་སྐུ་གསུམ་ནི་ཡོད་པ་ཁོ་ན་སྟེ། ཞེས་སོགས་དང༌། རྣམ་འགྲེལ་གྱི་འགྲེལ་བཤད་རིན་ཆེན་ཕྲེང་བ་ལས།རང་དོན་དང་གཞན་དོན་ཕུན་ཚོགས་ཀྱིས་བསྟོད་པ་སྟེ། རང་དོན་ནི་བདག་དང་བདག་གིར་ལྟ་བ་སོགས་རྟོག་པའི་དྲ་བ་བག་ཆགས་དང་བཅས་པ་རྣམ་པར་བསལ་བ་ངོ་བོ་ཉིད་ཀྱི་སྐུ་དང༌། ཉན་རང་སོགས་ཀྱིས་སྤྱོད་ཡུལ་མིན་པས་ཟབ་པ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། མཁྱེན་བརྩེས་ཀུན་ལ་ཁྱབ་པས་རྒྱ་ཆེ་བ་སྤྲུལ་བའི་སྐུ་མངའ་བས་སོ། །ཞེས་དང༌། རྫོགས་པའི་སངས་རྒྱས་ལ་ཆོས་ཅན། རང་དོན་ཕུན་ཚོགས་མངའ་སྟེ། མཐར་ཕྱིན་པའི་སྐུ་གསུམ་མཉེས་པས་སོ། །ཆོས་ཅན། གཞན་དོན་ཕུན་ཚོགས་མངའ་སྟེ། མངོན་མཐོ་ངེས་ལེགས་སོགས་དགེ་ལེགས་བཟང་པོ་ཀུན་ཏུ་སྟེ་མ་ལུས་པར་གདུལ་བྱའི་སྐལ་བ་དང་མཐུན་པར་འབྱུང་བའི་ཐབས་དམ་པའི་ཆོས་སྟོན་པའི་འོད་ཟེར་དག་ཀུན་ནས་འཕྲོ་བ་མཐར་ཐུག་པ་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཕུན་སུམ་ཚོགས་པ་བཞི་ལ་བསྟོད་ཚུལ་ནི། ཀུན་ཏུ་བཟང་པོའི་མཚན་ཅན་བཅོམ་ལྡན་འདས་ལ་ཕུན་སུམ་ཚོགས་པ་བཞིའི་སྒོ་ནས་བསྟོད་ཚུལ་ཡོད་དེ། རྟོག་པས་དྲ་བ་རྣམ་བསལ་ཞེས་པས་སྤངས་པ་ཕུན་ཚོགས་བསྟན། ཟབ་ཅིང་ཞེས་པས་ཇི་ལྟ་བ་རྟོགས་པའི་ཡེ་ཤེས་ཡུལ་གྱི་སྒོ་ནས་བཤད་ལ།རྒྱ་ཆེ་ཞེས་པས་ཇི་སྙེད་པ་རྣམས་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་མཐར་ཐུག་བཤད་པས་རྟོགས་པ་ཕུན་ཚོགས་བསྟན། ཀུན་ཏུ་བཟང་པོ་ཞེས་པས་གཞན་དོན་ཕུན་ཚོགས་གཟུགས་སྐུ་གཉིས་བསྟན། འོད་ཟེར་དག་ཀུན་ནས་འཕྲོ་ཞེས་པས་གཞན་དོན་སྒྲུབ་པའི་ཐབས་འཕྲིན་ལས་ཕུན་ཚོགས་བཤད་པ་ཡིན་པར་བྲམ་ཟེས་གསུངས་སོ། །

ཚད་མའི་དྲིས་ལན་གཉིས་པ་ལ་གཉིས།

ཚད་མའི་དྲིས་ལན་གཉིས་པ་ལ་གཉིས།

དང་པོ་དྲི་བ་ནི། ཚད་མ་རྣམ་འགྲེལ་དང་ཚད་མ་མདོ་གཉིས་ཀའི་ལེའུའི་གོ་རིམ་མི་འདྲ་བའི་རྒྱུ་མཚན་གང་ཡིན་ཞེས་པའོ། །གཉིས་པ་ལན་ནི་ཚུལ་འདི་ལྟ་སྟེ། བསྟན་བཅོས་ཚད་མ་ཀུན་བཏུས་སུ། དང་པོར་མངོན་སུམ་གྱི་ལེའུ། དེ་ནས་རང་དོན་རྗེས་དཔག་གི་ལེའུ། དེ་ནས་གཞན་དོན་རྗེས་དཔག་གི་ལེའུ། དེ་ནས་དཔེ་དང་དཔེ་ལྟར་སྣང་བ་བརྟག་པའི་ལེའུ། དེ་ནས་སེལ་བ་བརྟག་པའི་ལེའུ། དེ་ནས་བརྟག་ཆོད་བརྟག་པའི་ལེའུ་འབྱུང་བ་ཡིན་ལ། རྣམ་འགྲེལ་འདིར་དེ་ལས་གོ་རིམ་བཟློག་སྟེ། ཅིའི་ཕྱིར་རང་དོན་རྗེས་དཔག་དང་པོར་འཆད་ཅེ་ན། དེའི་ལན་དུ་ཚད་མ་རང་འགྲེལ་ལས། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པ་ཡིན་པའི་ཕྱིར་ལ། དེ་ལ་ལོག་པར་རྟོག་པས་དེ་རྣམ་པར་བཞག་པའི་ཕྱིར་བཤད་པ། ཞེས་གསུངས་ལ། དེའི་དགོངས་པ་ནི་བསྟན་བཅོས་འདིར་ནི་སྟོན་པ་དང༌།དེའི་བསྟན་པ་སྐྱོན་མེད་པར་བསྒྲུབས་པའི་སྒོ་ནས་ཐར་བ་དང་ཐམས་ཅད་མཁྱེན་པ་ཐབས་དང་བཅས་པ་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་པར་བྱེད་པ་ཡིན་ལ། དེ་དག་ཀྱང་ཚུར་མཐོང་གི་མངོན་སུམ་གྱིས་དངོས་སུ་ངེས་པར་བྱེད་མི་ནུས་པས་རྗེས་དཔག་གི་དངོས་སུ་ངེས་པར་བྱེད་དགོས་ཤིང༌། དེ་ལ་ཡང་རྗེས་དཔག་གི་མཚན་ཉིད་དང་དེའི་བརྟེན་གཏན་ཚིགས་སོགས་ལ་ཕྱིན་ཅི་ལོག་ཏུ་བཤད་པ་དུ་མ་ཡོད་པ་དག་བསལ་ཏེ། དེ་དག་གི་རྣམ་པར་བཞག་པ་ཕྱིན་ཅི་མ་ལོག་པར་སློབ་དཔོན་ཕྱོགས་གླང་གིས་ཚད་མ་མདོར་བཤད་པ་ཡང་ཤིན་ཏུ་རྟོགས་དཀའ་བར་དགོངས་ནས་གཏན་ལ་འབེབས་བྱེད་ཀྱི་རྗེས་དཔག་དང་གཏན་ཚིགས་སོགས་ལ་ལོག་པར་རྟོག་པ་མ་བསལ་བར་དེ་དག་ཡང་དག་པར་རྟོགས་མི་ནུས་ཤིང༌། དེ་མ་རྟོགས་ན་གཏན་ལ་དབབ་བྱའི་དོན་ངེས་མི་ནུས་པ་དེའི་ཕྱིར་ཐར་བ་དང་ཐམས་ཅད་མཁྱེན་པ་ལམ་དང་བཅས་པ་རྟོགས་པ་མཐར་མངོན་སུམ་ལ་རག་ལས་ཀྱང་ཐོག་མར་དངོས་སུ་རྟོགས་པ་རྗེས་དཔག་ལ་རག་ལས་པས་ན་སློབ་དཔོན་གྱིས་ཐོག་མར་རང་དོན་རྗེས་དཔག་གི་ལེའུ་དང་པོར་བཤད་པ་ཡིན་ལ། དེའི་རྗེས་སུ་རྗེས་དཔག་དེས་གཏན་ལ་དབབ་བྱའི་དོན་དེ་དག་ངེས་པར་བྱེད་པ་གཙོ་བོ་སྟོན་པ་དང་ཐར་བ་དང་ཐམས་ཅད་མཁྱེན་པ་ཐབས་དང་བཅས་པ་གཏན་ལ་འབེབས་པར་བྱེད་པ་ཚད་མ་གྲུབ་པའི་ལེའུ་གསུངས་ལ། ལེའུ་འདི་གཉིས་ནི་ཐབས་ཐབས་བྱུང་གི་རིམ་པ་ཡིན་ནོ། །དེའི་རྗེས་སུ་གཏན་ལ་དབབ་བྱའི་དོན་དེ་དག་ངེས་པར་བྱེད་པ་ཡང་རྗེས་སུ་དཔག་པ་དེའི་གཏན་ཚིགས་ཀྱི་ཕྱོགས་ཆོས་སོགས་མཐར་ཐམས་ཅད་མངོན་སུམ་གྱིས་གྲུབ་པ་ལ་རག་ལས་པས་ན་མངོན་སུམ་གྱི་ལེའུ་གསུངས་ལ། སྟོན་པ་དང་དེའི་བསྟན་པ་སྐྱོན་མེད་པར་རང་གིས་ངེས་ནས་གདུལ་བྱ་གཞན་ལ་སྟོན་པར་བྱེད་པ་ལ་གཞན་རྗེས་སུ་འཛིན་པའི་ཐབས་སྟོན་པའི་གཞན་དོན་གྱི་ལེའུ་མཐར་གསུངས་པའོ། །ཚད་མ་རྣམ་འགྲེལ་གྱི་ལེའུ་གོ་རིམ་དེ་ལྟར་ཡིན་ནོ། །དེས་ན་ཚད་མ་མདོ་དང་རྣམ་ངེས་རིགས་ཐིགས་རྣམས་སུ་མངོན་སུམ་ལེའུ་དང་པོར་གསུངས་པ་ནི་སྐྱེ་ཚུལ་གྱི་རིམ་པ་ཡིན་ལ། རྗེས་དཔག་གི་རྟེན་གཏན་ཚིགས་དང་པོར་བཤད་པ་ནི་ལོག་རྟོག་རྒྱས་པར་བསལ་བའི་སྒོ་ནས་གཏན་ལ་འབེབས་བྱེད་ཀྱི་ཚད་མ་གོ་སླ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། ཡུལ་ཅན་སྐྱེ་རིམ་དང་གཏན་ལ་འབེབས་པའི་དབང་དུ་བྱས་ན་དང་པོ་མངོན་སུམ་དང༌། དེ་རྗེས་ཤིན་ཏུ་ལྐོག་གྱུར་བསྟན་པའི་གོ་རིམ་ཡིན་ཏེ། དང་པོར་ཕྱོགས་ཆོས་མངོན་སུམ་གྱིས་གྲུབ་པའམ་མངོན་གྱུར་བའི་རྟགས་ལས་བདེན་བཞི་ལྟ་བུ་ཅུང་ཟད་ལྐོག་གྱུར་སྒྲུབ། དེ་ནས་རྒྱུ་འབྲས་ཕྲ་བའི་འབྲེལ་བ་ལྟ་བུའི་ལྐོག་གྱུར་སྒྲུབ་པ་ཡིན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅས་རབ་ཏུ་ངེས་པ་ཡི། །གཙོ་བོའི་དོན་ལ་མི་བསླུ་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཡིན། །ཞེས་དང༌། བཞི་བརྒྱ་བ་ལས། སངས་རྒྱས་ཀྱི་གསུང་ལྐོག་གྱུར་ལ། །གང་ཞིག་ཐེ་ཚོམ་སྐྱེ་གྱུར་བ། །དེ་ཡི་སྟོང་བ་ཉིད་རྟེན་ཏེ། །འདི་ཉིད་ཁོ་ན་ཡིད་ཆེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །

དྲིས་ལན་གསུམ་པ་ལ་དྲི་བ་དང་ལན་གཉིས།

དྲིས་ལན་གསུམ་པ་ལ་དྲི་བ་དང་ལན་གཉིས།

དང་པོ་ནི། གཏན་ཚིགས་ཡང་དག་གི་མཚན་ཉིད་དང༌། གཞི་གྲུབ་ན་གཏན་ཚིགས་ཡང་དག་ཡིན་པས་ཁྱབ་པ་དང་འདུས་བྱས་ཡིན་ན་འབྲས་རྟགས་ཡང་དག་ཡིན་པས་ཁྱབ་པ་ཡོད་དམ་ཅི་ལྟར་ཡིན་ཞེས་པའོ། །གཉིས་པ་ལན་དངོས་ནི་་རྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད་དུ་བཤད་ཟིན་ཏོ། །རྣམ་མཁྱེན་ཆོས་ཅན། རྟགས་ཡང་དག་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། རྣམ་མཁྱེན་རྟོགས་ན་ཆོས་ཐམས་ཅད་རྟོགས་མི་དགོས་པར་ཐལ།འདོད་པའི་ཕྱིར། འདོད་ན། བློ་དེ་དང་དེ་རྟོགས་པ་ལ་དེའི་དམིགས་རྣམ་རྟོགས་མི་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྔོ་འཛིན་མིག་ཤེས་རྟོགས་ན་སྔོན་པོ་རྟོགས་མི་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྔོ་འཛིན་མིག་ཤེས་དང་སེར་འཛིན་མིག་ཤེས་གཉིས་ལ་རྟོགས་ཚུལ་ཁྱད་མེད་དུ་འགྱུར་མི་འགྱུར་སོགས་དཔྱད་པར་བྱའོ། །ཡང་གཞི་གྲུབ་ན་རྟགས་ཡང་དག་ཡིན་པས་ཁྱབ་པ་ཡོད་པར་འདོད་ན། གཞི་གྲུབ་ན་འབྲེལ་བ་གྲུབ་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་ལས། འབྲེལ་བ་མེད་པར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གང་ཡང་ངེས་མི་ནུས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་ཞིབ་ཆ་ཅུང་ཟད་དགོས་སོ། །ཚིག་གིས་འཁྲི་ཚུལ་ལ་བསྒྲུབ་བྱ་དང་ཆོས་ཐམས་ཅད་རྟགས་ཡང་དག་ཡིན་མིན་དཔྱད་པར་བྱའོ། །

དྲིས་ལན་བཞི་བ་ལ་གཉིས་ལས།

དྲིས་ལན་བཞི་བ་ལ་གཉིས་ལས།

དང་པོ་དྲི་བ་ནི། ཕྱོགས་ཆོས་ཀྱི་མཚན་ཉིད་དང་དེའི་ཟུར་རྣམས་ཀྱི་སེལ་བྱ་སྦྱར་ཚུལ་ཇི་ལྟར་ཡིན་ཞེས་པའོ། །གཉིས་པ་ལན་དངོས་ནི་རྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད་དུ་བཤད་ཟིན་པས་དེར་ཤེས་པར་བྱའོ། །༈ ཚད་མའི་དྲིས་ལན་ལྔ་བ་ལ་གཉིས་ལས། དང་པོ་དྲི་བ་ནི། རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་ཀྱི་མཚན་ཉིད་དང་དེའི་ཟུར་སོ་སོའི་སེལ་བྱ་གང་ཡིན་ཞེས་པའོ། །གཉིས་པ་ལན་ནི་རྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད་དུ་བཤད་ཟིན་པས་དེར་ཤེས་པར་བྱའོ། །ཚད་མའི་དྲིས་ལན་དྲུག་པ་ལ་གཉིས་ལས།

དང་པོ་དྲི་བ་ནི། རྣམ་འགྲེལ་ལས། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །ཅེས་སོགས་ཀྱི་སྐབས་ནས་བསྟན་པའི་འབྲས་རྟགས་ཡང་དག་དང་རང་བཞིན་གྱི་རྟགས་ཡང་དག་དང་དེ་གཉིས་ཀྱི་དབྱེ་བ་ཇི་ལྟར་ཡིན་ཞེས་པའོ། །གཉིས་པ་ལན་ནི། རྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད་དུ་བཤད་ཡོད་པས་དེར་ཤེས་པར་བྱའོ། །ཚད་མའི་དྲིས་ལན་བདུན་པ་ལ་གཉིས་ལས།

དང་པོ་དྲི་བ་ནི། ཚད་མ་རྣམས་ནི་མི་འཇུག་པ། །ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་དང་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་དང་དབྱེ་བ་གང་ཡིན་ཞེས་པའོ། །གཉིས་པ་ལན་ནི། རྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད་དུ་བཤད་ཟིན་པས་དེར་ཤེས་པར་བྱའོ། །

༈ ཚད་མའི་དྲིས་ལན་བརྒྱད་པ་ལ་གཉིས་ལས།

དང་པོ་དྲི་བ་ནི།འགའ་ཞིག་མེད་ཤེས་འབྲས་བུ་ཅན། །ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་དོན་དང་དབྱེ་བ་ཇི་ལྟར་ཡིན་ཞེས་པའོ། །གཉིས་པ་ལན་ནི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་དོན་དང་དབྱེ་བ་རྣམས་རྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད་དུ་བཤད་ཟིན་ཏོ། །

༈ ཚད་མའི་དྲིས་ལན་དགུ་བ་ལ་གཉིས་ལས།

དང་པོ་དྲི་བ་ནི། །སྒྲུབ་རྟགས་ཡང་དག་དང་དགག་རྟགས་ཡང་དག་གི་ཚད་དང་མཚན་གཞི་གང་ཡིན་ཞེས་པའོ། གཉིས་པ་ལན་ནི། རྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད་དུ་བཤད་ཟིན་པས་དེར་ཤེས་པར་བྱའོ། །

༈ ཚད་མའི་དྲིས་ལན་བཅུ་བ་ལ་གཉིས་ལས།

དང་པོ་དྲི་བ་ནི། མ་གྲུབ་པའི་གཏན་ཚིགས་ཀྱི་དོན་དང་དབྱེ་བ་ཇི་ལྟར་ཡིན་ཞེས་པའོ། །གཉིས་པ་ལན་ནི་རྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད་དུ་བཤད་ཟིན་པས་དེར་ཤེས་པར་བྱའོ། །༈ ཚད་མའི་དྲིས་ལན་བཅུ་གཅིག་པ་ནི། འགལ་རྟགས་ཀྱི་དོན་དང་དབྱེ་བ་ཇི་ལྟར་ཡིན་ཞེས་པའོ། །གཉིས་པ་དེའི་ལན་ནི་རྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད་དུ་བཤད་ཟིན་པས་དེར་ཤེས་པར་བྱའོ། །

༈ ཚད་མའི་དྲིས་ལན་བཅུ་གཉིས་པ་ནི།

མ་ངེས་པའི་གཏན་ཚིགས་ཀྱི་དོན་དང་དབྱེ་བ་ཇི་ལྟར་ཡིན་ཞེས་པའོ། །གཉིས་པ་ལན་ནི། རྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད་དུ་བཤད་ཟིན་པས་དེར་ཤེས་པར་བྱའོ། །

༈ ཚད་མའི་དྲིས་ལན་བཅུ་གསུམ་པ་ལ་གཉིས་ལས།

དང་པོ་དྲི་བ་ནི། ཚད་མ་བསླུ་མེད་ཅན་ཤེས་པ་ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་ཚད་མའི་མཚན་ཉིད་དང་རང་ལས་ངེས་ཀྱི་ཚད་མ་དང་གཞན་ལས་ངེས་ཀྱི་ཚད་མ་གཉིས་ཀྱི་ཁྱད་པར་ཇི་ལྟར་ཡིན་ཞེས་པའོ། །གཉིས་པ་ལན་དངོས་ནི་བློ་རིག་གི་རྣམ་བཞག་ཉུང་གསལ་ལེགས་བཤད་གསེར་གྱི་ཉི་མ་ལས་བཤད་ཟིན་པས་དེར་ཤེས་པར་བྱའོ། །འདིའི་སྐབས་སུ་རྣམ་འགྲེལ་ལས། རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན། །ཞེས་དང༌། དེའི་ཐད་ཀྱི་རྣམ་འགྲེལ་གྱི་འགྲེལ་བ་རིན་ཕྲེང་ལས། མི་བསླུ་བས་ཚད་མར་ཇི་ལྟར་གྲུབ་ཅེ་ན། དོན་ལ་མེ་ཡིན་ཞིང་རྟོག་པས་མེ་ཡིན་མིན་ཐེ་ཚོམ་ཟ་བའི་རྒྱང་རིང་པོའི་རྫས་ཁ་དོག་དམར་པོ་འཛིན་པའི་མངོན་སུམ་ཆོས་ཅན། རང་མྱོང་བའི་རང་རིག་མངོན་སུམ་ལས་རང་གི་ངོ་བོ་ཤེས་པ་མིན་པའི་ཆ་དེ་རྟོགས་པ་དེ་དངོས་སུ་ངེས་པར་འགྱུར་ཏེ། ཚད་མ་ཡིན་པས་སོ། །དེ་ཚད་མ་གང་ལས་ངེས་ཞེ་ན། ཆོས་ཅན། རང་མྱོང་གིས་མ་ངེས་ཀྱང་ཚད་མར་ངེས་བྱེད་ཡོད་དེ། ཐ་སྙད་དེ་ཕྱིས་བྱུང་གི་དོན་བྱེད་པའི་ཡུལ་ཅན་གྱི་ཤེས་པ་ལས་ཚད་མ་ཉིད་དུ་ངེས་པར་འགྱུར་བའི་ཕྱིར། ཐ་སྙད་ལས་ཚད་མར་རྟོགས་ན་དེའི་མཚན་ཉིད་སྟོན་པའི་བསྟན་བཅོས་དོན་མེད་དོ་ཞེ་ན།དེའི་མཚན་ཉིད་སྟོན་པའི་བསྟན་བཅོས་ཆོས་ཅན། ཐ་སྙད་ལས་རྟོགས་ཀྱང་དོན་མེད་མིན་པར་ཐལ། ཚད་མ་ཡིན་མིན་གྱི་རྨོངས་བ་ཟློག་བྱེད་ཡིན་པའི་ཕྱིར། ཞེས་དང༌། གཏན་ཚིགས་རིགས་པའི་དོན་བསྡུས་ལས། གཉིས་པ་ལ་རང་ལས་ངེས་ཀྱི་ཚད་མ་དང༌། གཞན་ལས་ངེས་ཀྱི་ཚད་མ་གཉིས་སོ། །མཚན་ཉིད་ནི་རིམ་པ་ལྟར་ཚད་མ་གང་ཞིག ཡུལ་དེ་རང་ཉིད་ཀྱིས་སམ་རང་སྟོབས་ཀྱིས་དངོས་སུ་ངེས་ཤེས་འདྲེན་ནུས་གང་རུང་ཡིན་པ་དང༌།གང་ཞིག་རང་ཉིད་ཀྱིས་ཀྱང་མ་ངེས་རང་སྟོབས་ཀྱིས་དངོས་སུ་ངེས་པ་འདྲེན་པ་མི་ནུས་པའོ། །ཞེས་གསུངས་པ་རྣམས་ཀྱི་གསུངས་ཟིན་ལ་དཔྱད་པར་བྱའོ། །

ཚད་མའི་དྲི་བ་བཅུ་བཞི་པ་ལ་གཉིས་ལས།

དང་པོ་དྲི་བ་ནི། རྣམ་འགྲེལ་ལས། སྐྱེ་བ་ཡོངས་སུ་ལེན་པ་ན། །ཞེས་པ་ནས། ཐམས་ཅད་ཚེ་ན་མཐོང་བ་ཉིད། །ཅེས་པའི་སྐབས་ནས་བསྟན་པའི་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིགས་པ་རྣམས་དང༌། དབུ་མའི་གཞུང་སོགས་ལས་བསྟན་པའི་སྐྱེ་བ་སྔ་ཕྱི་སྒྲུབ་ཚུལ་ཇི་ལྟར་ཡིན་ཞེས་པའོ། །གཉིས་པ་ལན་ལ་རྣམ་འགྲེལ་ལས་སྐྱེ་བ་སྔ་ཕྱི་སྒྲུབ་ཚུལ་དང༌། དབུ་མའི་གཞུང་སོགས་ལས་སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་ཚུལ་གཉིས་ལས། དང་པོ་རྣམ་འགྲེལ་ལས་བསྟན་པའི་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིགས་པ་བཤད་པ་ལ། སྐྱེ་བ་སྔ་ཕྱི་མེད་པར་སྒྲུབ་པའི་རིགས་པ་དགག་པ་དང༌། དེ་ཡོད་པའི་སྒྲུབ་བྱེད་བཤད་པ་དང་གཉིས། དང་པོ་ནི། རྣམ་འགྲེལ་ལས། ཐ་མའི་སེམས་ནི་སེམས་གཞན་དང༌། །མཚམས་སྦྱོར་བ་ལ་འགལ་ཅི་ཡོད། །དགྲ་བཅོམ་སེམས་གང་ཡིན་དེ་ཡང༌། །གང་ལས་མཚམས་སྦྱོར་མེད་པར་འདོད། །ཅེས་བྱུང༌། གཉིས་པ་སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་ནི། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོའི་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེ་མིན། །ཧ་ཅང་ཐལ་ཕྱིར་མཚམས་སྦྱོར་བར། །ནུས་ལྡན་མཐོང་བ་གང་དེ་ལ། །ཅི་ཞིག་ཡོད་འགྱུར་གང་མེད་པ། །གང་གིས་ཕྱི་ནས་མཚམས་སྦྱོར་མེད། །གང་དུ་དྲོད་གཤེར་ལ་སོགས་པ། །སྐྱེ་བོ་སྐྱེ་བར་མི་འགྱུར་བའི། །ས་སོགས་ཆ་དེ་འགའ་ཡང་མེད། །དེ་ཕྱིར་ཐམས་ཅད་ས་བོན་བདག ། དེ་ཕྱིར་དབང་སོགས་རང་རིག་ལ། །ལྟོས་པ་མེད་པར་འབྱུང་ཡིན་ན། །ཇི་ལྟར་གཅིག་ནི་ཡོངས་འགྱུར་བཞིན། །ཀུན་འགྱུར་ཁྱད་པར་མེད་ཕྱིར་རོ། །དབང་རྣམས་རེ་རེ་ལ་གནོད་ན། །ཡིད་བློ་ལ་གནོད་ཡོད་མ་ཡིན། །འདི་འགྱུར་ན་ནི་དེ་དག་ཀྱང༌། །འགྱུར་བ་དག་ཏུ་མཐོང་བ་ཡིན། །དེ་ཕྱིར་བློ་གནས་པ་ཡིན་རྟེན། །བློ་ཉིད་ལ་ནི་བརྟེན་པ་འགའ། །དབང་པོ་རྣམས་ཀྱི་རྒྱུ་ཡིན་པས། །དེ་ཕྱིར་བློ་ལས་དབང་པོ་ཡིན། །དེ་འདྲའི་འཕེན་བྱེད་ཡོད་གྱུར་ན། །ཕྱིས་ཀྱང་དེ་འདྲར་འགྱུར་བ་ཡིན། །དེ་ཡི་ཤེས་པས་ཕན་འདོགས་ཕྱིར། །ཡིད་ནི་ལུས་ལ་བརྟེན་པར་བཤད། །གལ་ཏེ་དབང་པོ་མེད་པར་བློ། །མ་ཡིན་དེ་ཡང་དེ་མེད་པར། །དེ་ལྟའང་ཕན་ཚུན་རྒྱུ་ཉིད་པས། །དེ་ཕྱིར་ཕན་ཚུན་རྒྱུ་ཅན་ཡིན། །རིམ་ཅན་མིན་ལས་རིམ་ཅན་མིན། །ཁྱད་པར་ཅན་མིན་ལྟོས་པའང་མེད། །ལུས་ལས་རིམ་གྱིས་བློ་འགྱུར་ན། །དེའི་ཡང་རིམ་པ་གསལ་བར་བྱེད། །སྐད་ཅིག་སྔ་མ་སྔ་མ་ནི། །སྐད་ཅིག་རེ་རེ་སྔོན་མེད་དེའི། །རྒྱུ་ཡིན་དེ་ཡི་ཕྱིར་ན་རྒྱུ། །ཐམས་ཅད་ཚེ་ན་མཐོང་བ་ཉིད། །ཅེས་བྱུང༌། དེའི་སྐབས་ནས་བསྟན་པའི་རིགས་པ་བཤད་པ་ལ། སྐྱེ་བ་སྔ་མ་སྒྲུབ་པའི་རིགས་པ་དང༌། སྐྱེ་བ་ཕྱི་མ་སྒྲུབ་པའི་རིགས་པ་དང༌། མདོ་སེམས་ཐུན་མོང་གི་རིགས་པ་དང༌། །དེ་དག་གི་དགོས་པ་བཤད་པ་དང་བཞི་ལས། དང་པོ་ནི། མངལ་ལས་སྐྱེས་མ་ཐག་པའི་གང་ཟག་གི་རྒྱུད་ཀྱི་རྣམ་ཤེས་ཆོས་ཅན། རང་གི་ཉེར་ལེན་གྱི་ཤེས་པ་སྔ་མ་ཅན་ཡིན་ཏེ། དངོས་པོའི་རིག་པ་ཡིན་པའི་ཕྱིར། དཔེར་ན་ད་ལྟའི་རིག་པ་སྐད་ཅིག་གཉིས་པ་བཞིན། ཁྱབ་སྟེ། དངོས་པོའི་རིག་པ་ཡིན་ན་རྒྱུ་མེད་ལས་མ་བྱུང་དགོས་པའི་ཕྱིར། རྣམ་འགྲེལ་ལས། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །ཞེས་གསུངས་པའི་ཕྱིར། སྦྱོར་བ་དེ་ལ་བརྟེན་ནས་སྐྱེ་བ་སྔ་མ་བདེ་བླག་ཏུ་འགྲུབ་སྟེ། རྟགས་སྦྱོར་དེ་ལ་བརྟེན་ནས་དེ་འདྲ་བའི་གང་ཟག་གི་རིག་པའི་ཉེར་ལེན་དུ་གྱུར་བའི་རིག་པ་འགྲུབ་པའི་ཕྱིར་ཏེ། དེ་ལ་བརྟེན་ནས་དེའི་རྒྱུད་ཀྱི་རིག་པའི་ཉེར་ལེན་གྲུབ་པ་གང་ཞིག རྡུལ་གྲུབ་ཀྱི་བེམ་པོ་དབང་བཅས་དང་དབང་པོ་མེད་པའི་རྡུལ་གྲུབ་ཀྱི་བེམ་པོ་གཉིས་གང་གིས་ཀྱང་རྣམ་ཤེས་ཀྱི་ཉེར་ལེན་མི་བྱེད། དེས་ན་དེའི་ཉེར་ལེན་ལ་ཤེས་པ་གཅིག་འགྲུབ་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ལྷ་དབང་བློའི་རྣམ་འགྲེལ་འགྲེལ་བ་ལས།སྦྱོར་བ་ནི་གང་ལ་གང་གི་ས་བོན་ཡོད་པ་མ་ཡིན་པ་དེ་ནི། དེ་ལས་སྐྱེ་བ་མ་ཡིན་ཏེ། དཔེར་ན་ཆུ་ལ་གཟུང་བར་བྱ་བ་ལྟ་བུའོ། །རྡོ་དང་ཆུ་ལ་སོགས་པ་དག་ལ་ཡང་སེམས་ཉིད་ལ་སོགས་པ་གཞན་དུ་འགྱུར་བའི་ས་བོན་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །ཞེས་གསུངས་པའི་ཕྱིར། ཉེར་ལེན་ལ་མ་ལྟོས་ན་ཀུན་ནས་ཀུན་འབྱུང་བར་འགྱུར་བའི་ཕྱིར་ཏེ། རྣམ་འགྲེལ་ལས། ཇི་ལྟར་གཅིག་ནི་ཡོངས་འགྱུར་བཞིན། །ཀུན་འགྱུར་ཁྱད་པར་མེད་ཕྱིར་རོ། །ཞེས་གསུངས་སོ། །རྟགས་གཉིས་པ་གྲུབ་སྟེ། རྣམ་འགྲེལ་ལས། དབང་པོ་བཅས་ལས་ཡིད་ཤེས་མིན། །ཤེས་བསྐྱེད་ནུས་པ་ཐ་དད་ཕྱིར། །ཀུན་ལས་ཀྱང་ནི་མ་ཡིན་ནོ། །སེམས་མེད་ཉིད་ཕྱིར་གཞན་ལས་མིན། །ཞེས་གསུངས་པའི་ཕྱིར། སེམས་མེད་ཡུལ་གྱི་རྟགས་ཀྱིས་དབང་པོ་མེད་པའི་ཡུལ་སེམས་རྟེན་མ་ཡིན་པར་སྒྲུབ་པ་ཁྱབ་བྱེད་འགལ་དམིགས་ཀྱི་རྟགས་ཀྱིས་སྒྲུབ་སྟེ། ལྷ་དབང་བློའི་རྣམ་འགྲེལ་འགྲེལ་བ་ལས། སྦྱོར་བ་ནི་གང་སེམས་མེད་པ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་མིན་ཏེ། དཔེར་ན་དྲི་མ་ལ་སོགས་པ་བཞིན། དབང་པོ་མེད་པ་ཅན་གྱི་ཡུལ་ཡང་སེམས་མེད་པ་ཡིན་ནོ། །ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། རྣམ་འགྲེལ་ལས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། རིགས་པ་དེ་ལ་བརྟེན་ནས་དེ་འདྲའི་རིག་པའི་ཉེར་ལེན་ཡོད་པར་གྲུབ་ལ། རིག་པ་དེའི་ཉེར་ལེན་ཕ་མའི་སེམས་ཀྱི་བྱེད་པ་ཡང་མ་ཡིན་པའི་ཕྱིར། གལ་ཏེ་དེ་ཡིན་ན་ཕ་མ་མང་དུ་ཐོས་པ་ཡིན་ན་བུ་ཡང་མང་དུ་ཐོས་པ་དང་བློ་གསལ་དགོས་པ་ལ། རེ་ཞིག་བར་དུ་བློ་མི་གསལ་བ་དང་བརྡ་མི་ཤེས་ལ་བུ་བླུན་པོ་ཡང་ཡོད་པའི་ཕྱིར་ཏེ། རྣམ་འགྲེལ་ལས། ཇི་ལྟར་སེམས་ལ་བརྟེན་བཅས་ནས། །ཐོས་སོགས་འདུ་བྱེད་སེམས་ལ་ནི། །དུས་གསལ་ཐ་དད་མེད་པའི་ཕྱིར། །དེ་ལྟར་ལུས་ལ་ཡོན་ཏན་འགྱུར། །ཞེས་པའི་ཤུགས་ལ་གྲུབ་པར་གསུངས་སོ། །གཉིས་པ་སྐྱེ་བ་ཕྱི་མ་སྒྲུབ་བྱེད་ཀྱི་རིགས་པ་ནི། འཆི་ཁ་མའི་སྐྱེས་བུའི་རྒྱུད་ཀྱི་རིག་པ་ཆོས་ཅན། རང་གི་ཉེར་འབྲས་སུ་གྱུར་བའི་རིག་པ་ཕྱི་མ་དང་མཚམས་སྦྱོར་བར་བྱེད་དེ། གནོད་མེད་དངོས་པའི་རིག་པ་ཡིན་པའི་ཕྱིར། དཔེར་ན་ད་ལྟའི་རིག་པ་སྐད་ཅིག་དང་པོ་བཞིན་ནོ། །དེ་ལྟར་འཐད་དེ། རྣམ་འགྲེལ་ལས། ཐ་མ་ཡི་ནི་སེམས་རྣམས་ཀུན། །མཚམས་སྦྱོར་མེད་པ་མིན་དེའི་ཕྱིར། །ཞེས་དང༌། མི་མཐུན་ཕྱོགས་ཀྱི་གནོད་མེད་ན། །སེམས་ལ་དེ་བདག་ཉིད་དུ་འགྱུར། །ཞེས་དང༌། རྣམ་བཤད་རིག་པ་ལས། འདུ་བྱེད་རྣམ་པ་མཚུངས་པར་ལྡན། །ས་ཉིད་འབྲས་བུ་རྣམ་གཉིས་ཉིད། །འཆད་དང་ཆུང་ངུའི་ཡང་དག་འཇོམས། །སྤོང་དང་ཕྱོགས་ཀྱི་ཁྱད་པར་ཉིད། །ཅེས་དང༌། དེ་ལས། ཡང་དག་པར་འཆད་པའི་ཁྱད་པར་ནི། དགེ་བ་ནི་མི་དགེ་བས་དུས་རེ་ཞིག་ཡང་དག་པར་འཆད་པ་ཡིན་གྱི་མི་དགེ་བ་ནི་དགེ་བས་གཏན་དུ་ཡིན་པས་སོ། །ཞེས་པ་ནས། སྤོང་བའི་ཁྱད་པར་ནི་འདི་ལྟར་སྐྱེས་པས་མི་དགེ་བ་སྤོང་གི་དགེ་བ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ༈ གསུམ་པ་མདོ་སེམས་ཐུན་མོང་གི་རིགས་པ་ནི། ཐ་མལ་བ་འཆི་བའི་རྣམ་རྟོག་ཆོས་ཅན། རིག་པ་ཕྱི་མ་དང་མཚམས་སྦྱོར་ཏེ། སྲེད་པ་རྒྱུད་ལྡན་གྱི་རྒྱུད་ཀྱི་གནོད་མེད་ཀྱི་རིག་པ་ཡིན་པའི་ཕྱིར། དཔེར་ན་སྲེད་བཅས་ཀྱི་རིག་པ་སྐད་ཅིག་བར་མ་བཞིན། ཐ་མལ་བའི་འཆི་ཁའི་དབང་པོ་ཐ་མ་ཆོས་ཅན། དབང་པོ་ཕྱི་མ་གཞན་དང་མཚམས་སྦྱོར་ཏེ། ལུས་ལ་སྲེད་པ་དང་བཅས་པའི་དབང་པོ་ཡིན་པའི་ཕྱིར། དཔེར་ན་དབང་པོ་སྐད་ཅིག་དབུས་མ་བཞིན་ཞེས་བཀོད་པ་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་ཡིད་ཤེས་ཀྱིས་སྒྲུབ་པར་རྟོགས་ཐུབ་པའི་ཕྱིར། རྣམ་འགྲེལ་ལས། དབང་རྣམས་རེ་རེ་ལ་གནོད་ན། །ཡིད་བློ་ལ་གནོད་ཡོད་མ་ཡིན། །འདི་འགྱུར་ན་ནི་དེ་དག་ཀྱང༌། །འགྱུར་བ་རྟག་ཏུ་མཐོང་བ་ཡིན། །ནས། དེ་ཕྱིར་བློ་ལས་དབང་པོ་ཡིན། །ཞེས་དང༌། ཀ་མ་ལ་ཤཱི་ལའི་དེ་ཉིད་བསྡུས་པའི་འགྲེལ་བ་ལས། འདོད་ཆགས་དང་བཅས་པའི་སེམས་ཡིན་པ་དེ་ནི་རང་གི་ཉེ་བར་བླང་བར་བྱ་བའི་སེམས་གཞན་སྐྱེད་པར་ནུས་པ་ཡིན་ཏེ། ཆགས་པ་དང་བཅས་པའི་སྔར་གྱི་གནས་སྐབས་ཀྱི་སེམས་བཞིན། ཐ་མལ་གྱི་འཆི་སེམས་ཀྱང་འདོད་ཆགས་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་རྟགས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་གི་དགོས་པ་ནི། རིག་པའི་ཐོག་མ་ཐུག་མེད་དུ་ངེས་པའི་སྒོ་ནས་སྐྱེ་བ་སྔ་མ་སྒྲུབ་པའི་དགོས་པ་ཡོད་དེ། དེ་ལ་བརྟེན་ནས་འཁོར་བ་ལ་ཐོག་མ་གཏན་མེད་དུ་འགྲུབ། དེ་ལ་བརྟེན་ནས་རང་ལས་རྒྱུད་ཐ་དད་པའི་སེམས་ཅན་རེ་རེས་ཀྱང་མ་བྱས་པ་གྲངས་མེད་ཡིན་པར་ངེས་ནས་སེམས་ཅན་རྣམས་མར་གྱུར་བ་ཤེས་ཤིང༌། འགྲོ་བ་དྲུག་གི་བདེ་སྡུག་གི་ལོངས་སྤྱོད་ལ་ཞེན་ལོག་དང༌། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཕ་མ་དྲན་པའི་དྲིན་གཟོ་དང་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་སྐྱེ་ཞིང༌།དེ་ལ་བརྟེན་ནས་དེ་དག་སྐྱོབ་པའི་སྐྱབས་མཐར་ཐུག་རྫོགས་པའི་སངས་རྒྱས་ཁོ་ནར་ཚད་མས་ངེས་པའི་སྒོ་ནས་མི་ལྡོག་པའི་ཐེག་ཆེན་སེམས་བསྐྱེད་དང་རྒྱལ་སྲས་ཀྱི་སྤྱོད་པ་མཐར་ཕྱིན་པ་རྣམས་འབྱུང་བའི་ཕྱིར། དང་པོ་གྲུབ་སྟེ། མཛོད་ལས། བདག་མེད་ཕུང་པོ་ཙམ་ཉིད་དོ། །ཉོན་མོངས་ལས་ཀྱི་མངོན་འདུས་བྱས། །ཞེས་པ་ནས། སྐྱེས་ནས་ལས་དང་ཉོན་མོངས་ཀྱིས། །འཇིག་རྟེན་ཕ་རོལ་དག་ཏུ་འགྲོ། །སྲིད་པའི་འཁོར་ལོ་ཐོག་མ་མེད། །ཅེས་དང༌། ཚད་མ་རྒྱན་ལས། སྐྱེ་བོ་རྣམས་ཀྱིས་ཞན་པ་ཡང༌། །ཞན་འཇུག་གོམས་པ་ཡིན་དེའི་ཕྱིར། །སྲིད་པའི་འཁོར་ལོ་ཐོག་མ་མེད། །ཅེས་གསུངས་པའི་ཕྱིར། རྩ་བའི་རྟགས་ཟུར་གཉིས་པ་གྲུབ་སྟེ། སའི་དངོས་གཞི་མདོ་དྲངས་པ་ལས། སྔོན་ཡུན་རིང་པོ་འདས་པ་ནས་གང་དུ་ཁྱེད་མ་སྐྱེས་པ་དང་མ་སོང་བ་དང་མ་ཤི་བའི་ས་ཕྱོགས་དེ་ནི་ངས་མཐོང་བར་དཀའ་འོ། །ཡུན་རིང་པོར་འདས་པ་ནས་གང་ཁྱོད་ཀྱི་ཕ་མའམ་སྲིང་མོའམ་སློབ་དཔོན་ནམ་མཁན་པོ་འམ་བླ་མའམ་བླ་མའི་གནས་ལྟ་བུར་མ་གྱུར་པ་དེ་ནི་ངས་མཐོང་བར་དཀའ་འོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་ཀྱི་ཟུར་གསུམ་པ་གྲུབ་སྟེ། སློབ་དཔོན་ཙནྡྲ་གོ་མིས། འགྲོ་བར་ལན་བརྒྱར་མ་སོང་འགྲོ་དེ་གང་ཞིག་ཡོད། །སྔོན་ཆད་ལན་བརྒྱར་མ་མྱོང་བདེ་བ་དེ་གང་ཞིག ། ཅེས་དང༌། དཔའ་བོའི་མྱ་ངན་བསལ་བ་ལས།ཡང་དང་ཡང་དུ་དམྱལ་བ་ན། །ཟངས་ཞུན་བསྐོལ་བ་གང་འཐུང་བ། །རྒྱ་མཚོའི་ནང་གི་ཆུ་ལ་ཡང༌། །དེ་ཡི་ཚད་ཙམ་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར། རྩ་བའི་རྟགས་ཟུར་བཞི་བ་དེ་ལ་བརྟེན་ནས་དྲིན་དྲན་དྲིན་གཟོ་དང་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་ཡང་སྐྱེ་བར་གྲུབ་སྟེ། སློབ་སྤྲིངས་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀླུང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་སོགས་དང༌། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་དུ་མཆིས་པ་ལེགས་སོ། །ཞེས་གསུངས་པའི་ཕྱིར་རོ། །རྩ་བའི་རྟགས་ཟུར་ལྔ་བ་དེ་ལ་བརྟེན་ནས་དེ་དག་སྐྱོབས་པའི་སྐྱབས་མཐར་ཐུག་སངས་རྒྱས་ཐོབ་འདོད་ཀྱི་སེམས་བསྐྱེད་སྐྱེ་བ་གྲུབ་སྟེ། སངས་རྒྱས་མ་ཐོབ་བར་དུ་སྐྱོན་ཟད་པ་དང་ཡོན་ཏན་ཐོབ་པ་ཕྱོགས་རེ་ཙམ་ཡིན་པས་སྐྱབས་འཚོལ་དགོས་ཤིང༌། འཚང་རྒྱ་བའི་ཐབས་འཆུགས་པ་མེད་ཅིང་མྱུར་ཤོས་སེམས་བསྐྱེད་ལྷག་ཅིང་བཟང་པར་སངས་རྒྱས་བྱང་སེམས་རྣམས་ཀྱིས་གཟིགས་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་དང༌། སྤྱོད་འཇུག་ལས། སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་བྱེད། །ཅེས་དང༌། དེ་ལས། བསྐལ་བ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །ཞེས་གསུངས་པའི་ཕྱིར་རོ། །སྐྱེ་བ་ཕྱི་མ་རིགས་པས་གཏན་ལ་ཕབ་པ་ལ་གནས་སྐབས་དང་མཐར་ཐུག་གི་དགོས་པ་ཡོད་དེ། ཕྱི་མར་ངན་སོང་དུ་སྐྱེ་བའི་རྒྱུ་དང་འབྲས་བུ་ངན་སོང་གི་སྡུག་བསྔལ་བསམ་པས། སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་དང་གནས་སྐབས་ཀྱི་དོན་ནམ་དགོས་པ་མངོན་མཐོའི་རྟེན་བཟང་བརྒྱུད་མར་འབྱུང་བ་ཐོབ་པར་བྱེད། སྐྱེ་བ་ཕྱི་མར་རིགས་དྲུག་སོ་སོར་ལས་ཉོན་མ་ཟད་བར་དུ་སོ་སོར་འཁོར་ཚུལ་དང་དེའི་རྒྱུའི་གཙོ་བོ་སྲེད་པ་དང་དེ་ཡང་རྒྱུ་མ་རིག་པས་བྱེད་ཚུལ་ཤེས་ནས་སྐྱེས་བུ་འབྲིང་གི་ལམ་དང་ཐར་བ་ཐོབ་པ་མ་ཟད། འགྲོ་དྲུག་ཕ་མ་དང་དེའི་སྡུག་བསྔལ་བསལ་བའི་ཆེད་དུ་རང་ལ་དེ་ལྟར་ནུས་པ་མེད་ཀྱང་སངས་རྒྱས་ཐོབ་པར་བྱས་ན་ནུས་པ་ཡོད་པར་ཤེས་ནས་གཞན་དོན་དང་སངས་རྒྱས་ཐོབ་འདོད་ཀྱི་སེམས་བསྐྱེད་ལམ་གྱི་གཞུང་ཤིང་བྱས་ནས་མཐར་ཐུག་གི་དགོས་པའི་དོན་གཉིས་མཐར་ཕྱིན་འགྲུབ་ལ། དེ་དག་ཐམས་ཅད་སྐྱེ་བ་ཕྱི་མ་ཚད་མས་ངེས་པ་ལ་རག་ལས་པའི་ཕྱིར།རྟགས་ཟུར་དང་པོ་གྲུབ་སྟེ། ངན་འགྲོའི་རྒྱུ་ནག་པོའི་ལས་ཀྱིས་བསྐྱེད་ཚུལ་གྱི་ལས་འབྲས་མི་བསླུ་བ་ལ་ཡིད་ཆེས་ཀྱི་དད་པ་དང༌། དཀོན་མཆོག་གི་ཡོན་ཏན་རིགས་པས་གྲུབ་པའི་དད་པ་གཉིས་མངོན་མཐོ་སྒྲུབ་བྱེད་གཙོ་བོ་དང་ངེས་ལེགས་ཀྱི་རྒྱུའི་སྔོན་འགྲོའི་གཙོ་བོ་ཡིན་པའི་ཕྱིར། བཤེས་སྤྲིངས་ལས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །ཞེས་པ་ནས། ཐོབ་དཀའ་འཛམ་གླིང་མི་ཡི་ལུས། །དེ་ཐོབ་དུས་སུ་ངན་སོང་རྒྱུ། །རབ་ཏུ་བསྒྲིམས་ཏེ་བཅད་པར་བྱ། །ཞེས་དང༌། གང་ཕྱིར་མངོན་པར་མཐོ་ཐོབ་ནས། །རིམ་གྱིས་ངེས་པར་ལེགས་པ་འོང༌། །དེ་ལ་མངོན་མཐོ་བདེ་བ་སྟེ། །ངེས་པར་ལེགས་པར་ཐར་བ་འདོད། །དེ་ཡི་སྒྲུབ་བྱེད་མདོ་བསྡུ་ན། །མདོར་ན་དད་དང་ཤེས་རབ་བོ། །ཞེས་གསུངས་པའི་ཕྱིར། རྩ་བའི་རྟགས་ཟུར་གཉིས་པ་གྲུབ་སྟེ། སྔར་མ་ཟད་ད་དུང་ལམ་ཉམས་སུ་མ་བླངས་ན། འགྲོ་བ་བ་ལང་དུ་སྐྱེས་པ་ལྟ་བུ་རེ་རེའི་འོ་མ་རྒྱ་མཚོའི་ཆུ་ལས་མང་འཐུང་ནས་འཁོར་བར་སྡུག་བསྔལ་མྱོང་དགོས་པའི་ཕྱིར། བཤེས་སྤྲིངས་ལས། རེ་རེའི་རྒྱ་མཚོ་བཞི་ལས་ལྷག་པ་ཡི། །འོ་མ་འཐུང་སྟེ་ད་དུང་སོ་སོ་ཡི། །སྐྱེ་བུའི་རྗེས་སུ་འབྲངས་པའི་འཁོར་བ་པའི། །དེ་བས་ཆེས་མང་ཉིད་གཅིག་བཏུང་འཚལ་ལོ། །ཞེས་གསུངས་པའི་ཕྱིར། རྩ་བའི་རྟགས་ཟུར་གསུམ་པ་གྲུབ་སྟེ། ཁྱད་པར་འཕགས་བསྟོད་ལས། བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱོད་ལ་སྐྱབས་སུ་མཆི། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །ཞེས་དང༌། བཞི་བརྒྱ་བ་ལས། སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ། །རྣམ་པ་ཀུན་ཏུ་ཡོན་མིན་ན། །བྱིས་ཁྱོད་འདིར་ནི་བྱིང་བ་ལ། །འཇིགས་པ་ཅིས་ནི་སྐྱེ་མི་འགྱུར། །ཞེས་དང༌། ལམ་སྒྲོན་ལས། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་རྣམ་འགྲེལ་ལེའུ་དང་པོ་ལས། མེ་ཡི་འབྲས་བུ་དུ་བ་སྟེ། །འབྲས་བུ་ཆོས་ཀྱི་རྗེས་འཇུག་ཕྱིར། །དེ་མེད་པར་ནི་དེ་ཡོད་ན། །རྒྱུ་དང་ལྡན་པ་ལས་འདས་འགྱུར། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །དངོས་པོ་རྣམས་ནི་རེས་འགའ་ཞིག ། འབྱུང་བ་ལྟོས་པ་ལས་ཡིན་ནོ། །གལ་ཏེ་རྒྱ་བྱིན་སྤྱི་བོའི་མེའི། །རང་བཞིན་ཡིན་ན་དེ་ཉིད་མེ། །འོན་ཏེ་དེ་མེའི་རང་བཞིན་མིན། །ཇི་ལྟར་དེ་ལས་དུ་བ་འབྱུང༌། །དུ་བའི་རྒྱུ་ཡི་རང་བཞིན་མེ། །དེ་ཡི་ནུས་པའི་བྱེ་བྲག་ལྡན། །དུ་བ་དུ་བའི་རྒྱུ་མིན་ལས། །འབྱུང་ན་དེ་ནི་རྒྱུ་མེད་འགྱུར། །རྗེས་སུ་འགྲོ་དང་ལྡོག་པ་ལས། །གང་ཞིག་གང་གི་རྗེས་འགྲོར་མཐོང༌། །དེ་ཡི་རང་བཞིན་དེ་རྒྱུ་ཅན། །དེ་ཕྱིར་མི་མཐུན་ལས་མི་འབྱུང༌། །ཞེས་གསུངས་པ་ལྟར་སྤྱིར་སྐྱེ་ལྡན་གྱི་དངོས་པོ་གང་ཡིན་ཡང་དེ་དག་རྒྱུ་མེད་ལས་སྐྱེ་བར་འཛིན་པའི་ལོག་རྟོག་དང༌། མི་མཐུན་པ་རྒྱུར་འཛིན་པའི་ལོག་རྟོག་གཉིས་འགོག་ཚུལ་ལེགས་པར་ཤེས་ན་སྐྱེ་བ་སྔ་ཕྱི་ཡོད་པར་རྟོགས་སླ་བ་ཡིན་ནོ། །དེས་ན་དེའི་ཚུལ་ཅུང་ཟད་བཤད་ན། དང་པོ་རྒྱང་འཕེན་པས་རྒྱུ་མེད་སྐྱེ་བ་ཁས་ལེན་པ་ལྟར་སྐྱེ་ལྡན་གྱི་དངོས་པོ་རྣམས་རྒྱུ་མེད་ལས་མི་སྐྱེ་སྟེ། གལ་ཏེ་སྐྱེ་ན་རྟག་ཏུ་ཡོད་པའམ་རྟག་ཏུ་མེད་པར་ཐལ་བའི་ཕྱིར། དེར་ཐལ། རྒྱུ་རྐྱེན་གཞན་ལ་མི་ལྟོས་པའི་ཕྱིར། དེར་ཐལ།རྒྱུ་མེད་ལས་སྐྱེ་བའི་ཕྱིར། རྟགས་ཁས། ཕྱི་རོལ་བྱེ་རིག་གྲངས་ཅན་པ་སོགས་ལྟར་མི་མཐུན་པའི་རྒྱུ་ལས་མི་སྐྱེ་སྟེ། དཔེར་ན་ནས་ཀྱི་མྱུ་གུ་ལྟ་བུ་མི་མཐུན་པའི་རྒྱུ་རྟག་པ་རང་བྱུང་གི་རྒྱུ་ལས་མི་སྐྱེ་བ་མ་ཟད་འབྲས་དང་སྲན་མའི་ས་བོན་སོགས་ལས་མི་སྐྱེ་བར་ནས་ཀྱི་ས་བོན་ལས་སྐྱེ་དགོས་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར། དེས་སྐྱེ་ལྡན་གྱི་དངོས་པོ་ཐམས་ཅད་རིགས་འགྲེས་ཏེ་མཐུན་པའི་རྒྱུ་ལས་སྐྱེ་དགོས་པར་གྲུབ་ལ། དེ་ལྟར་ན་སྐྱེ་བ་འདིའི་རྣམ་ཤེས་ཡང་རྒྱུ་གང་ཡིན་ལས་མི་སྐྱེ་བར་རང་དང་རིགས་མཐུན་པའི་རྒྱུ་ཞིག་ལས་གྲུབ་དགོས། རྣམ་ཤེས་ཀྱི་རིགས་མཐུན་གྱི་རྒྱུ་ནི། རྣམ་འགྲེལ་ལས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཅེས་གསུངས་པ་ལྟར་རྣམ་ཤེས་ཀྱི་རྫས་རྒྱུན་ཞིག་དགོས་པར་གྲུབ་ལ། དེས་ན་ཚེ་འདིའི་རྣམ་ཤེས་ཀྱི་ཉེར་ལེན་ལ་རྣམ་ཤེས་སྔ་མ་ཞིག་ཡོད་དགོས་ན་དེ་ཚེ་སྔ་མའི་རྣམ་ཤེས་ལས་མ་འདས་པ་ཡིན་ནོ། །ཚེ་སྔ་མའི་རྣམ་ཤེས་ཡོད་པར་གྲུབ་ན་སྐྱེ་བ་སྔ་མ་འབད་མེད་དུ་྄གྲུབ་པར་འགྱུར་བ་ཡིན་ནོ། །འདི་ནི་ལས་དང་པོ་ཆར་སླ་བ་ཞིག་ཡིན་པར་སྣང་བས་འདིར་བཤད་པ་པའོ། །གཉིས་པ་དབུ་མའི་གཞུང་སོགས་ལས་སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་ཚུལ་ནི། མཁན་ཆེན་ཞི་འཚོའི་དབུ་མ་རྒྱན་ལས་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་བཤད་པ་ནི་ཚུལ་འདི་ལྟ་སྟེ། དབུ་མ་རྒྱན་ལས། འདི་ནི་དངོས་པོའི་མཐུ་སྟོབས་ཀྱིས། །འབྱུང་བ་མ་ཡིན་དེ་མེད་ཕྱིར། །དངོས་པོ་རྣམས་ཀྱི་བདག་ཉིད་དེ། །རྒྱ་ཆེར་རབ་ཏུ་བཀག་པ་ཡིན། །རིམ་གྱིས་འབྱུང་ཕྱིར་གློ་བུར་མིན། །རྟག་འབྱུང་མ་ཡིན་རྟག་མ་ཡིན། །ཞེས་པའི་ཚིག་དོན་ནི། སྣང་བ་གཟུགས་སོགས་འདི༷་ནི༷་ཕྱི་དོན་གྱི་དངོ༷ས་པོ༷འི་མཐུ༷་སྟོ༷བས་ཀྱི༷ས་འབྱུ༷ང་བ༷་མ༷་ཡི༷ན་ཏེ། ཕྱི་དོན་གྱི་དངོས་པོ་དེ༷་མེ༷ད་ཕྱི༷ར། རྡུལ་ཆ་མེད་འགོག་པའི་རིགས་པ་སོགས་ཀྱིས་ཕྱི་དོན་གྱི་དངོ༷ས་པོ༷་རྣ༷མས་ཀྱི༷་བད༷ག་ཉི༷ད་དེ༷་རྒྱ༷་ཆེ༷ར་ར༷བ་ཏུ༷་བཀ༷ག་པ༷་ཡི༷ན་ལ། སྣང་བ་གཟུགས་སྒྲ་སོགས་རི༷མ་གྱི༷ས་འབྱུ༷ང་ཕྱི༷ར་རྒྱུ་མེད་རྐྱེན་མེད་གློ༷་བུ༷ར་དུ་གྲུབ་པ་མི༷ན་ལ། འབྲས་བུ་རྣམས་རྟ༷ག་ཏུ་འབྱུ༷ང་བ་མ༷་ཡི༷ན་པས་ན་རྒྱུ་རྟ༷ག་པ་ལས་འབྱུང་བ་མ༷་ཡི༷ན་ཞེས་ཕྱི་དོན་མེད་པར་སྒྲུབ་སྟེ། དེ་ནས་སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་བྱེད་ཀྱི་རིགས་པ་དངོས་བསྟན་པ་ནི། དབུ་མ་རྒྱན་ལས། དེ་བས་གོམས་འདྲ་དེ་ཉིད་ཕྱིར། །དང་པོ་རང་གི་རིགས་ལས་སྐྱེ། །ཞེས་གསུངས་ལ། དེའི་ཚིག་དོན་ནི། སྣང་བ་འདི་དག་ནི་རྒྱུ་མེད་དང་རྟག་པའི་རྒྱུ་དང་ཕྱི་དོན་དུ་གྲུབ་པའི་རྒྱུ་ལས་བྱུང་བ་སྔར་བཀག་པ་ལྟར་ཡིན་པ་དེ༷་བ༷ས་ན་ཚེ་རབས་ཐོགས་མེད་ནས་གོ༷མས་པ་སྔ་མ་རིགས་འདྲ༷འི་བག་ཆགས་ཀྱིས་ལས་བྱུང་བ་དེ༷་ཉི༷ད་ཡིན་པའི་ཕྱི༷ར། མའི་མངལ་ལས་སྐྱེས་མ་ཐག་པའི་སེམས་སྐད་ཅིག་དང་པོ་དེ་རང་གི་རིགས་འདྲའི་ཤེས་པ་སྔ་མའམ་བག་ཆགས་སམ་རྒྱུན་སྔ་མའི་ཤེས་པའི་རྫས་ལས་སྐྱེ་བ་ཡིན་པར་གྲུབ་པ་ཡིན་ནོ། །སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སྐྱེ་བ་སྔ་ཕྱི་སྒྲུབ་ཚུལ་ནི། རྟོག་གེ་འབར་བ་ལས། ཚེ་རབས་དྲན་ལ་སོགས་ཡོད་དང༌། །ཞེས་དང༌། དེའི་འགྲེལ་བ་ལས། འཇིག་རྟེན་འདི་ན་ཚེ་རབས་དྲན་པ་གང་དག་གིས་ཚེ་རབས་སྔ་མ་རྣམ་པ་དུ་མ་དྲན་པར་བྱེད་པ་དག་དང༌། ཞེས་གསུངས་ལ། ཚེ་རབས་དྲན་པའི་སྐྱེས་བུ་ཆོས་ཅན། རང་གི་སྐྱེ་བ་སྔ་མ་སྔོན་དུ་སོང་དེ། རང་གི་སྐྱེ་བ་སྔ་མ་དྲན་པའི་སྐྱེས་བུ་ཡིན་པའི་ཕྱིར། ཞེས་རྟགས་སྦྱོར་འགོད་དགོས་པ་འདྲའོ། །སློབ་དཔོན་དཔའ་བོས་སྐྱེ་བ་སྔ་ཕྱི་སྒྲུབ་ཚུལ་ནི། ཇི་སྐད་དུ། བློ་ཡི་མཐུ་སྟོབས་གསལ་བ་མེད་པ་དང༌། །དབང་པོ་རྣམས་ཀྱང་བླུན་པའི་རང་བཞིན་ཅན། །བཙས་མ་དག་ཏུ་སུས་ཀྱང་མ་བསྟན་པར། །ཁ་ཟས་ཟ་བར་རྩོལ་བ་བྱེད་པ་ཡང༌། །དེ་དག་ཚེ་རབས་གཞན་ལ་གོམས་པའི་མཐུས། །ཞེས་གསུངས་ལ། དེའི་སྐབས་ནས་བསྟན་པའི་དོན་སྦྱོར་འགོད་ན། བཙས་མ་ཐག་པའི་བེའུ་ཆོས་ཅན། བློའི་གོམས་པ་སྔ་མ་སྔོན་དུ་སོང་སྟེ། བཙས་མ་ཐག་ནས་གཞན་གྱིས་མ་བསླབས་པར་ནུ་མ་འཚོལ་ཤེས་པའི་ཕྱིར་ཞེས་འགོད་པར་བྱའོ། །

དྲིས་ལན་བཅོ་ལྔ་པ་ལ་དྲི་བ་དང་ལན་གཉིས།

དྲིས་ལན་བཅོ་ལྔ་པ་ལ་དྲི་བ་དང་ལན་གཉིས།

དང་པོ་ནི། ཚད་མ་མདོ་ལས། ཚད་མར་གྱུར་བ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབས། ཞེས་པའི་དོན་སྟོན་པ་ཚད་མའི་སྐྱེས་བུ་དང་བསྟན་པ་སྐྱོན་མེད་དུ་སྒྲུབ་པར་བྱེད་པའི་སྦྱོར་བ་རྣམས་གང་ཡིན་ཞེས་པའོ། །གཉིས་པ་དེའི་ལན་བཤད་པ་ནི། མདོ་ལས། ཚད་མར་གྱུར་བ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབས། །ཞེས་པའི་རྐང་བ་གཉིས་ནི་དོན་རྒྱ་ཆེན་པོ་ཅན་ཡིན་པས་ཚད་མ་མདོ་ལས། ཚད་མར་གྱུར་བ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབས། །ཞེས་པའི་དོན་འཆད་པ་ལ། རྣམ་འགྲེལ་དུ་ཚད་མ་གྲུབ་པའི་ལེའུ་གསུངས་པའོ། །ཀུན་ལས་བཏུས་ལས། ཚད་མ། ཞེས་པའི་དོན་རྣམ་འགྲེལ་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །དོན་བྱེད་ནུས་པར་གནས་པར་ནི། །མི་བསླུ་སྒྲ་ལས་བྱུང་བ་ཡང༌། །ཞེས་པ་ནས། རང་གི་མཚན་ཉིད་དཔྱད་ཕྱིར་རོ། །ཞེས་ཚིགས་སུ་བཅད་པ་དྲུག་གིས་ཚད་མའི་མཚན་ཉིད་སོགས་བསྟན་ཏེ་དེས་མཚོན་ནས་འཕགས་པ་རྣམས་བདེན་བཞིའི་བླང་དོར་བསྟན་པ་ལ་མི་བསླུ་བས་ན་སྐྱེས་བུ་ཚད་མ་ཡིན་པར་བསྟན་པ་ཡིན་ཏེ། རྣམ་འགྲེལ་ལས། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་གསུངས་ལ། དེའི་དོན་སྦྱོར་ནི། ཐུབ་པ་སངས་རྒྱས་ཆོས་ཅན། བདེན་བཞིའི་གནས་ལུགས་མཐའ་དག་ལ་ཚད་མའི་སྐྱེས་བུ་ཡིན་ཏེ། དེ་ཀུན་ལ་གསར་དུ་མི་བསླུ་བའི་ཤེས་པ་དང་ལྡན་པའི་སྐྱེས་བུ་ཡིན་པའི་ཕྱིར་ཞེས་པ་ཡིན་ཏེ། རྣམ་འགྲེལ་འགྲེལ་བཤད་རིན་ཆེན་ཕྲེང་བ་༨༤ལས།བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། མངོན་མཐོ་ངེས་ལེགས་སོགས་ལ་སྐྱེས་བུ་མི་བསླུ་ཞིང་གདུལ་བྱའི་མི་ཤེས་པའི་བདེན་བཞི་སོགས་ཕྱིན་ཅི་མ་ལོག་པར་སྟོན་པའི་སྐྱེས་བུ་མཐར་ཐུག་ཡིན་པའི་ཕྱིར། ཞེས་སོ། །རྣམ་འགྲེལ་ལས། མ་སྐྱེས་པ་ནི་བཟློག་དོན་དུ། །གྱུར་བ་ཉིད་གསུངས་དེ་ཡི་ཕྱིར། །སྒྲུབ་བྱེད་ལ་ལྟོས་ཚད་ཡིན་རིགས། །ཞེས་རྐང་བ་གསུམ་གྱི་ཚད་མ་མདོ་ལས་གྱུར་བ་གསུངས་པའི་རྣམ་བཅད་ཀྱི་དགོས་པ་རང་རྒྱུ་ལས་མ་སྐྱེས་པའི་དབང་ཕྱུག་སོགས་ཀུན་མཁྱེན་དུ་འདོད་པ་བཟློག་པ་སྟེ་དགག་པ་དང༌། ཡོངས་གཅོད་ཀྱི་དགོས་པ་ཀུན་མཁྱེན་དེ་སྒྲུབ་བྱེད་ཐབས་ཤེས་ཁྱད་པར་ཅན་གོམས་པ་ལ་ལྟོས་ནས་འཁྲུངས་པར་ཡིན་པར་གསུངས་ནས། ཚད་མ་རྟག་པ་ཉིད་ཡོད་མིན། །ཞེས་པ་ནས། ཚུར་ཤོག་བྱ་རྒོད་བསྟེན་པར་གྱིས། །ཞེས་ཚིགས་བཅད་ཉེར་བདུན་དང་རྐང་བ་གཅིག་གིས་མ་སྐྱེས་པའི་ཀུན་མཁྱེན་བཀག་པ་ལ་རྩོད་པ་སྤངས་ནས་ཀུན་མཁྱེན་ལ་བླང་དོར་ཕྱིན་ཅི་མ་ལོག་ལེགས་པར་མཁྱེན་པ་དགོས་ཞེས་ཚད་མའི་སྐྱེས་བུ་ངོས་བཟུང་བ་ཡིན་ནོ། །དེ་ནས། ཚད་མ་མདོ་ལས། འགྲོ་ལ་ཕན་བཞེད་པ། སྟོན་པ་བདེ་གཤེགས་སྐྱོབས། ཞེས་པའི་དོན་རྣམ་འགྲེལ་ལས་ལུགས་འབྱུང་གི་སྒོ་ནས་ཐམས་ཅད་མཁྱེན་པ་ལམ་གང་ནས་བྱོན་ཚུལ་དང༌། ལུགས་ལྡོག་གི་སྒོ་ནས་དེ་ལྟར་བྱོན་པའི་སྒྲུབ་བྱེད་གཉིས་གསུངས་པའི་དང་པོ་ནི། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། །ཐམས་ཅད་མཁྱེན་པའམ་ཚད་མའི་སྐྱེས་བུ་མཐར་ཐུག་དེ་སྒྲུབ་པར་བྱེད་པ་ལ་ཐུགས་རྗེ་ཆེན་པོ་དང་པོ་སྔོན་དུ་འགྲོ་དགོས་ཏེ། སེམས་ཅན་རྣམས་སྡུག་བསྔལ་ལས་གྲོལ་བར་འདོད་པའི་སྙིང་རྗེ་བསྐྱེད་ནས་སྐྱེ་བ་དུ་མར་གོམས་པར་བྱས་པ་ལས་མཐའ་མེད་དུ་འཕེལ་བ་ལ་བརྟེན་ནས་སྟོན་པར་འགྱུར་དགོས་པའི་ཕྱིར། ཐུགས་རྗེ་ཆེན་པོ་དེ་ཡང་ཆོས་ཅན། རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་འབྱུང་བ་མིན་ཏེ། རང་གི་རིགས་འདྲ་སྔ་མ་གོམས་པ་ལས་གྲུབ་པའི་ཕྱིར་ཞེས་ཐུགས་རྗེ་ཆེན་པོ་དང་པོའི་རྒྱུར་བསྟན་ཏེ། རྣམ་འགྲེལ་འགྲེལ་བཤད་རིན་ཕྲེང་༩༡ལས།སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་འདོད་ཀྱི་ཐུགས་རྗེ་ཆེན་པོ་དེ་ཆོས་ཅན། ཚད་མའི་སྐྱེས་བུའི་སྒྲུབ་བྱེད་ཡིན་ཏེ། དེ་ཡི་རྒྱུ་ཕུན་ཚོགས་ཡིན་པས་སོ། །དེ་རྒྱུ་གང་ལས་ཞེ་ན།ཐུགས་རྗེ་དེ་ཆོས་ཅན། རྒྱུ་མེད་དམ་མི་མཐུན་པའི་རྒྱུ་ལས་བྱུང་བ་མ་ཡིན་ཏེ། སྙིང་རྗེ་སྐྱེ་བ་དུ་མ་གོམས་པ་ལས་བྱུང་བས་སོ། །ཞེས་སོ། །དེ་ནས་རྣམ་འགྲེལ་ལས། བློ་ནི་ལུས་ལ་བརྟེན་པའི་ཕྱིར། །གོམས་པས་འགྲུབ་པ་མེད་ཅེ་ན། །མ་ཡིན་རྟེན་ནི་བཀག་ཕྱིར་རོ། །སྐྱེ་བ་ཡོངས་སུ་ལེན་པ་ན། །ཞེས་པ་ནས། ཐ་མ་ཡི་ནི་སེམས་རྣམས་ཀུན། །མཚམས་སྦྱོར་མེད་པ་མིན་དེའི་ཕྱིར། །དེ་འདྲའི་སྒྲུབ་བྱེད་ལྷག་ལྡན་འདོད། །ཅེས་ཚིགས་སུ་བཅད་པ་བརྒྱད་ཅུ་རྩ་ལྔ་དང་རྐང་བ་གཉིས་ཀྱྀས་རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་མེད་པས་ན་སྐྱེ་བ་དུ་མ་གོམས་པ་མི་སྲིད་པར་འདོད་པ་དགག་ནས་སྐྱེ་བ་སྔ་ཕྱི་ཡོད་པར་བསྒྲུབ་པར་བྱེད་ལ། གོམས་ལས་ཁྱད་པར་འགྱུར་ན་ཡང༌། །ཞེས་པ་ནས། ཆགས་བྲལ་ཆགས་དང་ཡིད་ལོག་བཞིན། །ཞེས་ཤོ་ལོ་ཀ་བཅུ་གཅིག་དང་ཕྱེད་ཀྱིས་གོམས་པ་སྲིད་ཀྱང་མཐའ་མེད་དུ་འཕེལ་བ་མེད་དེ། མཆོངས་དང་ཆུའི་དྲོད་བཞིན་ཟེར་བ་བཀག་ནས་ཤེས་རབ་དང་བརྩེ་བ་སོགས་ནི་རྟེན་བརྟན་པ་དང༌། འབད་རྩོལ་སྐྱར་མ་ལ་མི་ལྟོས་པའི་ཁྱད་ཆོས་གཉིས་པོ་ཚང་བས་དཔེ་གཉིས་དང་མི་འདྲ་བར་གསུངས་ལ། ཚད་མ་ཀུན་བཏུས་ལས། འགྲོ་ལ་ཕན་བཞེད་པ་ཞེས་པའི་དོན་སྟོན་པ་དང་རྒྱུད་གཅིག་པའི་བྱང་སེམས་ཚོགས་ལམ་པ་ཆོས་ཅན། རང་རྒྱུད་ལ་སྟོན་པ་ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་སྟོན་པ་སྦྱོར་བ་ཕུན་ཚོགས་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་འབྱུང་རུང་ཡིན་ཏེ། ཕན་བཞེད་པ་ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་བསམ་པ་ཕུན་ཚོགས་སྙིང་རྗེ་ཆེན་པོ་རྒྱུད་ལྡན་གྱི་བྱང་སེམས་སོ་སྐྱེ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་དེ་ལྟར་ཡིན་ཏེ། རྣམ་འགྲེལ་འགྲེལ་བཤད་རིན་ཕྲེང་༡༡༡ལས། བརྩེ་ལྡན་བྱང་སེམས་སྦྱོར་ལམ་པ་ཆོས་ཅན། སྡུག་བསྔལ་གཞོམ་པའི་ཕྱིར་དུ་ཐབས་རྣམས་ལ་མངོན་སྦྱོར་མཛད་པར་རིགས་ཏེ། རང་འཁོར་བ་ལས་མ་ཐར་བཞིན་དུ་ཡང་སེམས་ཅན་གཞན་འཁོར་བའི་སྡུག་བསྔལ་ལས་བསྒྲོལ་བར་བཞེད་པའི་སེམས་དཔའ་ཡིན་པས་སོ། །ཁྱབ་སྟེ། སྡུག་བསྔལ་ཞི་བའི་ཐབས་ལས་བྱུང་བ་ཐར་བ་དང་དེ་ཡི་རྒྱུ་ཐར་ལམ་དག་ལྐོག་ཏུ་གྱུར་ནས་མི་ཤེས་ན་དེ་དག་གདུལ་བྱ་ལ་ལེགས་པར་འཆད་པ་ནི་དཀའ་བ་ཡིན་པས་སོ། །ཞེས་སོ། །འདིའི་རྩོད་གཞི་ནི་རྣམ་འགྲེལ་ལས། བརྩེ་ལྡན་ཞེས་པས་བསྟན། སྡུག་བསྔལ་གཞོམ་པའི་ཕྱིར། །ཞེས་པས་རྟགས་དང༌། ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཅེས་པས་བསྒྲུབ་བྱའི་ཆོས་བསྟན་ལ།ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་པས་ཁྱབ་སྒྲུབ་བསྟན་ལ། ལུང་དང་རིགས་པའི་རྣམ་དཔྱོད་པ། །ཞེས་པ་ནས། དེ་དོན་ཕྱིར་ན་ཐབས་གོམས་པ། །དེ་ཉིད་སྟོན་པ་ཡིན་པར་འདོད། །ཅེས་ཤོ་ལོ་ཀ་དྲུག་གིས་སྦྱོར་བ་ཕུན་ཚོགས་ཐོས་བསམ་སྒོམ་གསུམ་གྱིས་ཉམས་སུ་བླངས་པ་ལས་འབྲས་བུ་ཁྱད་པར་བར་སྦྱོར་བ་དེ།སྟོན་པ་དངོས་ཀྱི་རྒྱུ་ཡིན་པས་སྟོན་པར་བཏགས་པའི་རྒྱུ་མཚན་བཅས་གསུངས་ནས་སྦྱོར་བ་གཉིས་པའི་རྟགས་ཀྱི་དོན་བསྟན་ལ། གྲུབ་ལས་དང་པོ་འབྱུང་བའི་ཕྱིར། །གཉིས་པོ་འདི་ནི་རྒྱུ་རུ་བཤད། །ཅེས་པས་བསམ་སྦྱོར་གཉིས་བཤད་པའི་མཇུག་བསྡུས་ཏེ།སྟོན་པ་དང་རྒྱུད་གཅིག་པའི་བྱང་སེམས་ཆོས་ཅན། རང་རྒྱུད་ལ་བདེ་གཤེགས་ཞེས་པའི་དངོས་བསྟན་གྱི་ཁྱད་པར་གསུམ་ལྡན་གྱི་སྤངས་པ་བདེ་གཤེགས་འབྱུང་རུང་ཡིན་ཏེ། སྟོན་པ་ཞེས་པའི་དངོས་བསྟན་གྱི་སྦྱོར་བ་བདག་མེད་མངོན་སུམ་དུ་རྟོགས་པའི་ལམ་རྒྱུད་ལྡན་གྱི་བྱང་སེམས་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་གཉིས་པ་འདི་བསྟན་པ་ཡིན་ནོ། །གསུམ་པ་ཚད་མ་ཀུན་བཏུས་ལས། བདེ་གཤེགས་ཞེས་པའི་དོན་ནི། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ཞེས་པ་ནས། གོམས་ཕྱིར་མ་ལུས་སྤངས་པ་ཉིད། །ཅེས་ཚིགས་སུ་བཅད་པ་གསུམ་དང་རྐང་བ་གཅིག་གིས་སྡུག་བསྔལ་རྒྱུ་བཅས་སྤངས་པའི་སྤངས་པ་བདེ་གཤེགས་དེ་སྡུག་བསྔལ་དང་མ་འདྲེས་པས་ལེགས་པར་སྤངས་པ་དང༌། སླར་འཁོར་བར་མི་སྐྱེ་བས་མི་ལྡོག་པར་སྤངས་པ་དང༌། གཉེན་པོ་གོམས་པ་མཐར་ཕྱིན་པས་མ་ལུས་པར་སྤངས་པ་སྟེ་ཁྱད་པར་གསུམ་ལྡན་གྱི་སྤངས་པ་བདེ་གཤེགས་རྣམས་བསྟན་ཏེ། རྣམ་འགྲེལ་འགྲེལ་བཤད་རིན་ཕྲེང་༡༡༢ལས། རྫོགས་པའི་སངས་རྒྱས་ཆོས་ཅན། བདེ་གཤེགས་མཉེས་ཏེ། སྤངས་པ་ཁྱད་པར་གསུམ་ལྡན་མཉེས་པས་སོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །ཁ་ཅིག་སྨྲ་སོགས་ཕྱིར་ན་སྐྱོན། །ཞེས་པ་ནས། ཐེ་ཚོམ་ཟ་བ་དེ་ཕྱིར་འཁྲུལ། །རྐང་བ་གསུམ་གྱིས་རྒྱལ་དཔོག་པ་སོགས་གྱིས་ངག་སྨྲ་བའི་རྟགས་ཀྱིས་ཐུབ་པ་ཉེས་ཟད་མ་ཡིན་པར་བསྒྲུབས་ནས་ཉེས་ཟད་མེད་པར་འདོད་པ་བསྟན་ཏེ་དེ་སྒྲུབ་བྱེད་ཡང་དག་མ་ཡིན་པར་བསྟན། དེ་ནས་རྟག་ཉིད་ཕྱིར་རམ་ཐབས་མེད་ཕྱིར། །ཡང་ན་ཐབས་ནི་མི་ཤེས་ཕྱིར། ཞེས་པ་ནས། དེ་ཤེས་པ་ཡང་གྲུབ་པ་ཡིན། །ཞེས་ཤོ་ལོ་ཀ་གཉིས་ཀྱིས་མཐའ་བཅད་ནས་བཀག་པས་སྦྱོར་བ་གསུམ་པའི་རྟགས་བསྟན་པའོ། །བཞི་བ་ཚད་མ་མདོ་ལས་སྐྱོབ་པ་ཞེས་པའི་དོན་ནི། རྣམ་འགྲེལ་འདིར་ནི་སྐྱོབ་པ་ཉིད་གཟིགས་ལམ་གསུངས་བ། །འབྲས་མེད་ཕྱིར་ན་རྫུན་མི་གསུངས། །ཐུགས་རྩེ་ལྡན་ཕྱིར་རྩོམ་ཀུན་ཡང༌། །གཞན་གྱི་དོན་དུ་སྦྱོར་ཕྱིར་རོ། །ཞེས་པས་ཐུབ་པ་དང་རྒྱུད་གཅིག་པའི་སངས་རྒྱས་མ་ཐག་པ་ཆོས་ཅན། རང་རྒྱུད་ལ་སྐྱོབ་པ་ཞེས་པའི་དངོས་བསྟན་གྱི་གཞན་དོན་ཕུན་ཚོགས་གྲོལ་བ་དོན་གཉེར་གྱི་སྐྱོབ་པ་ཡོད་དེ། ཁྱད་པར་གསུམ་ལྡན་གྱི་བདེ་གཤེགས་ཐོབ་པའི་སྐྱེས་བུ་ཡིན་པའི་ཕྱིར། ཞེས་པས་རྟགས་སྒྲུབ་བཅས་གསུངས་ཏེ། རྣམ་འགྲེལ་འགྲེལ་བཤད་རིན་ཕྲེང་༡༡༤ལས། ཐུབ་ཆེན་ཆོས་ཅན། སྐྱོབ་པ་ཡིན་ཏེ། རང་ཉིད་ཀྱིས་གཟིགས་པའི་ཐར་ལམ་ཇི་བཞིན་གསུངས་པའི་སྐྱེས་བུ་མཐར་ཐུག་ཡིན་པས་སོ། །ཞེས་སོ། །དེ་ནས། དེ་ཕྱིར་ཚད་ཡིན། ཞེས་པས་བཅོམ་ལྡན་འདས་ཆོས་ཅན། གྲོལ་བ་དོན་གཉེར་ལ་ཚད་མའི་སྐྱེས་བུ་ཡིན་ཏེ། གཞན་དོན་ཕུན་ཚོགས་སྐྱོབ་པ་རྒྱུད་ལྡན་གྱི་སྐྱེས་བུ་ཡིན་པའི་ཕྱིར། ཞེས་པས་སྦྱོར་བ་བཞི་བ་གསུངས་ཏེ། རྣམ་འགྲེལ་འགྲེལ་བཤད་རིན་ཕྲེང་༡༡༤ལས། དེས་ན་ཆོས་ཅན། ཐར་བ་དོན་གཉེར་ལ་ཚད་མའི་སྐྱེས་བུ་ཡིན་ཏེ། རང་གི་ཐུགས་སུ་ཆུད་པའི་ཐར་ལམ་ཐར་བ་དོན་གཉེར་ལ་གསལ་བར་སྟོན་པའི་སྐྱེས་བུ་མཐར་ཐུག་ཡིན་པས་སོ། །ཞེས་གསུངས་སོ། །གཉིས་པ་ཚད་མ་མདོའི་རྩ་ཚིག་གོ་རིམ་བཟློག་སྟེ་བཤད་པ་ལ་ལྔ་ལས་དང་པོ་སྐྱོབ་པའི་རང་བཞིན་བསྒྲུབ་པ་ནི། རྣམ་འགྲེལ་ལས། ཡང་ན་སྐྱོབ། བདེན་པ་བཞི་ནི་སྟོན་མཛད་པའོ། །ཞེས་པས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། གྲོལ་བ་དོན་གཉེར་གྱི་སྐྱོབ་པ་ཡིན་ཏེ། བདེན་བཞིའི་གནས་ལུགས་ཕྱིན་ཅི་མ་ལོག་པར་སྟོན་པའི་མཐར་ཐུག་གི་སྐྱེས་བུ་ཡིན་པའི་ཕྱིར། ཞེས་སྦྱོར་བ་བསྟན་ཏེ། རྣམ་འགྲེལ་འགྲེལ་བཤད་རིན་ཕྲེང་༡༡༤ལས། ཐུབ་ཆེན་ཆོས་ཅན། གྲོལ་བ་དོན་གཉེར་གྱི་སྐྱོབ་པ་ཡིན་ཏེ། སྡུག་ཀུན་འགོག་ལམ་སྟེ་བདེན་བཞི་ཕྱིན་ཅི་མ་ལོག་པར་སྟོན་པར་མཛད་པ་མཐར་ཐུག་ཡིན་པས་སོ། །ཞེས་སོ། །དེ་ནས། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །ཞེས་པ་ནས། དེ་ནི་རྟག་རྣམས་ལ་ཡོད་མིན། །ཞེས་ཚིགས་བཅད་སོ་གསུམ་དང་རྐང་བ་གསུམ་གྱིས་སྡུག་བདེན་གྱི་མཚན་གཞི་དང་མཚན་ཉིད་ཁྱད་ཆོས་བཞི་བསྟན། རེས་འགའ་བ་ཉིད་ཡིན་པས་ན། །ཞེས་པ་ནས། དེ་ཡོད་ན་ཡོད་མེད་ཕྱིར་རོ། །ཞེས་ཚིགས་བཅད་བཅུ་གཅིག་དང་རྐང་བ་གཅིག་གིས་ཀུན་འབྱུང་གི་ཁྱད་ཆོས་བཞི་བསྟན། །དེ་ནི་གཏན་དུ་བ་མིན་ཏེ། །ཞེས་པ་ནས། སྤོངས་ལ་དེ་ནི་རྟག་པར་སྨྲོས། །ཞེས་ཚིགས་བཅད་བཅོ་ལྔས་འགོག་བདེན་གྱི་ཁྱད་ཆོས་དང་པོ་གསུམ་བསྟན། བཤད་ཟིན་ལམ་དེ་གོམས་པ་ལས། །ཞེས་པ་ནས། བདེ་བ་ལས་ཀྱང་འདོད་མི་འགྱུར། །ཞེས་ཚིགས་བཅད་དོན་ལྔས་ལམ་བདེན་དང་འགོག་བདེན་གྱི་ཁྱད་ཆོས་བཞི་བ་གཉིས་ལྷན་གཅིག་ཏུ་གསུངས་ཏེ། དེ་དག་གིས་བསྟན་པ་གསུང་རབ་ཀྱི་དོན་བདེན་བཞི་བསྟན་པའོ། །གཉིས་པ་དེ་ལས་བདེ་གཤེགས་འགྲུབ་ཚུལ་ནི། །སྐྱོབ་ལས་དེ་ཉིད་དང་བརྟན་དང༌། །ཞེས་པ་ནས། མི་སློབ་ལས་ལྷག་ཅེས་རྐང་བ་བཞི་དང་ཕྱེད་ཀྱིས་ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། ཁྱད་པར་གསུམ་ལྡན་གྱི་རྟོགས་པ་བདེ་གཤེགས་དང་ལྡན་ཏེ། སྐྱོབ་པ་མཐར་ཕྱིན་པའི་སྐྱེས་བུ་ཡིན་པའི་ཕྱིར། ཞེས་པའི་སྒྲུབ་ཆོས་ཀྱི་ཁྱད་པར་བདེན་བཞིའི་གནས་ལུགས་ཇི་བཞིན་གཟིགས་པས་དེ་ཁོ་ན་ཉིད་མཁྱེན་པ་དང༌། དེ་བསྟན་པ་ལ་གནོད་པ་ཅུང་ཟད་ཀྱང་མེད་པས་མཁྱེན་པ་བརྟན་པ་དང༌། མངོན་མཐོ་ངེས་ལེགས་ཀྱི་ཐབས་ཆ་ཚང་མཁྱེན་པས་མ་ལུས་པར་མཁྱེན་པ་སྟེ། དེ་གསུམ་གྱིས་ཕྱི་རོལ་བ་དང་འཕགས་པ་སློབ་པ་དང་ཉན་རང་མི་སློབ་པ་ལས་ལྷག་པར་བསྟན་ཏེ། རྣམ་འགྲེལ་འགྲེལ་བཤད་རིན་ཕྲེང་༡༤༥ལས། བཅོམ་ལྡན་འདས་ཆོས་ཅན། བདེ་གཤེགས་གྲུབ་སྟེ། ཁྱོད་བདེན་བཞི་སྟོན་པའི་སྐྱོབ་པ་མཐར་ཐུག་དེ་ལས་ཏེ་དེ་ཡིན་པའི་ཕྱིར། ཞེས་སོ། །འདིར་རྟོགས་པ་བདེ་གཤེགས་གསུངས་པ་སྐྱོབ་པ་ལས་མཁྱེན་པ་རྣམ་དག་དཔོག་ཆེད་དང་གོང་དུ་སྤངས་པ་བདེ་གཤེགས་གསུངས་པ་དྲི་མ་མཐའ་དག་ཟད་པ་སྐྱོབ་པའི་སྒྲུབ་བྱེད་དུ་ཤེས་ཆེད་ཡིན་པའོ། །གསུམ་པ་སྟོན་པ་སྒྲུབ་ཚུལ་ནི། དེ་ཡི་ཕྱིར། གཞན་དོན་མཁྱེན་སྦྱོར་དེ་སྟོན་པ། །ཞེས་པས་སངས་རྒྱས་འཕགས་པ་ཆོས་ཅན། གཞན་དོན་དུ་མ་ལུས་པ་མཁྱེན་པ་ལ་སྦྱོར་ཞིང་གོམས་པའི་སྟོན་པ་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་སྔོན་དུ་སོང་སྟེ། རྟོགས་པ་ཕུན་ཚོགས་མངའ་བ་དེའི་ཕྱིར། ཞེས་སྦྱོར་བ་གསུམ་པ་བསྟན་ཏེ། རྣམ་འགྲེལ་འགྲེལ་བཤད་རིན་ཕྲེང་༡༤༥ལས། ཆོས་ཅན། གཞན་དོན་མཁྱེན་པའི་དོན་དུ་སྦྱོར་བའི་ལམ་གོམས་པ་གྲུབ་སྟེ། མཁྱེན་པ་ཁྱད་པར་གསུམ་ལྡན་གྲུབ་པ་དེའི་ཕྱིར། དེས་ན་རྒྱུའི་སྐབས་ཀྱི་ལམ་གོམས་པ་དེ་ལ་སྟོན་པ་ཞེས་བརྗོད་དེ། སྟོན་པ་མཚན་ཉིད་པའི་རྒྱུ་ཡིན་པའི་ཕྱིར། ཞེས་སོ། །བཞི་བ་དེ་ལས་བརྩེ་བ་འགྲུབ་པ་ནི། དེ་ལས་བརྩེ་ཡིན་གཞན་དོན་ངོར། །དོན་གྲུབ་མཛད་པ་མི་འདོར་ཕྱིར། །ཞེས་པས་བྱང་སེམས་མཐོང་ལམ་པ་ཆོས་ཅན། བརྩེ་བ་སྙིང་རྗེ་ཆེན་པོ་སྔོན་དུ་སོང་བ་ཡིན་ཏེ། མ་ལུས་པ་མཁྱེན་པ་ལ་སྦྱོར་བ་སྟོན་པ་ཕུན་ཚོགས་མངའ་བ་དེ་ལས་ཏེ་དེའི་ཕྱིར། ཞེས་སྦྱོར་བ་བཞི་བ་བསྟན་ཏེ། རྣམ་འགྲེལ་འགྲེལ་བཤད་རིན་ཕྲེང་༡༤༥ལས། བདེ་གཤེགས་ཆོས་ཅན། རྒྱུ་ཡི་སྐབས་ཀྱི་བརྩེ་བ་སྔོན་དུ་སོང་ཏེ། བདག་མེད་མངོན་སུམ་གྱིས་མཐོང་བའི་ལམ་གོམས་པ་དེ་ལས་སོ། །ཞེས་གསུངས་སོ། །སྙིང་རྗེ་བསྒྲུབ་པའི་དགོས་པ་དེ་གོམས་པའི་དབང་གིས་རང་དོན་སྒྲུབ་ཅིང་གཞན་གྱི་དོན་གྱི་ངོར་ཆོས་སྟོན་པའི་མཛད་པ་མི་འདོར་པའི་ཕྱིར། ཞེས་པའོ། །ལྔ་བ་དེ་དག་ཀུན་ལས་ཚད་མར་གྲུབ་པ་ནི། བརྩེ་བའི་ལེགས་དང་ཡེ་ཤེས་ལས། །བདེན་པ་གསུང་མཛད་སྒྲུབ་བྱེད་བཅས། །དེ་གསུང་བར་ཡང་མངོན་སྦྱོར་ལྡན། །གང་ཕྱིར་དེས་ན་ཚད་མ་ཉིད། །ཅེས་པས་སངས་རྒྱས་འཕགས་པ་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། བརྩེ་བ་མཐར་ཕྱིར་པས་ལེགས་པ་སྟེ་ཕན་པ་འབའ་ཞིག་གསུངས་པ་དང༌། སྦྱོར་བ་མཐར་ཕྱིན་པའི་ཡེ་ཤེས་ཁྱད་པར་གསུམ་ལྡན་མངའ་བ་ལས་བདེན་པ་འབའ་ཞིག་གསུངས་པ་དང༌། དེ་དག་གསུངས་པར་མངོན་པར་སྦྱོར་བའི་སྐྱོབ་པ་མངའ་བའི་ཕྱིར། ཞེས་པ་དོན་བསྡུ་ལྟ་བུར་གསུངས་པ་ཡིན་ཏེ། རྣམ་འགྲེལ་འགྲེལ་བཤད་རིན་ཕྲེང་༡༤༦ལས།དེ་ཆོས་ཅན། གྲོལ་བ་དོན་གཉེར་ལ་ཚད་མའི་སྐྱེས་བུ་ཡིན་ཏེ། གང་ཕྱིར་ཐར་བ་དོན་གཉེར་ལ་ལེགས་ཤིང་གཏན་དུ་ཕན་པའི་བརྩེ་བ་དང་བདེན་པ་འབའ་ཞིག་གསུངས་པའི་ཡེ་ཤེས་ཁྱད་པར་གསུམ་ལྡན་མཉེས་པས་ནའོ། །ཞེས་གསུངས་སོ། །དེ་ལྟའི་དངོས་སྟོན་བསྟོད་པ་ནི། །ཞེས་པ་ནས། བསྟན་ཕྱིར་དེ་ཡང་གསལ་བར་བཤད། །ཅེས་ཚིགས་བཅད་གསུམ་གྱིས་ཀུན་བཏུས་སུ་ཐུབ་པ་ལ་ཚད་མའི་སྒོ་ནས་བསྟོད་པའི་དགོས་པ་ཡོད་དེ། སྟོན་པ་དེ་ཡི་བསྟན་པ་གསུང་རབ་ཉིད་ལས་ཚད་མའི་དེ་ཁོ་ན་ཉིད་མཚན་ཉིད་དབྱེ་བ་སོགས་རྫོགས་པར་བསྟན་པར་གྲུབ་པའི་དོན་དུ་བསྟོད་པའི་ཕྱིར་དང་མདོ་ལས་ཚད་མ་གཉིས་བསྟན་ཚུལ་གསུངས་ནས། ཚད་མ་རྣམ་འགྲེལ་ལས་ཚད་མ་གྲུབ་པ་ཞེས་བྱ་བའི་ལེའུ་གཉིས་པའོ་ཞེས་པས་ཚད་མ་གྲུབ་པའི་ལེའུའི་མཇུག་བསྡུས་པ་ཡིན་པའོ།

དྲི་བ་བཅུ་དྲུག་པ་སོགས་ཀྱི་ལན།

དྲི་བ་བཅུ་དྲུག་པ་སོགས་ཀྱི་ལན།

རྣམ་འགྲེལ་ལས། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་སོགས་ཀྱིས་ཚད་མའི་གྲངས་ངེས་སྒྲུབ་བྱེད་རྣམས་འགོད་ཚུལ་ཇི་ལྟར་ཡིན་ཞེས་པ་དང༌། དྲི་བ་བཅུ་བདུན་པ་སྔ་མ། བློ་རིག་བདུན་གྱི་མཚན་ཉིད་དང་དབྱེ་བ་ཇི་ལྟར་ཡིན་ཞེས་པ་དང༌། དྲི་བ་བཅུ་བདུན་པ་ཕྱི་མ།ཇི་སྐད་དུ། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང༌། །ཞེས་པའི་སྐབས་ནས་བསྟན་པའི་སེམས་སེམས་བྱུང་གི་དོན་དང༌། དེ་གཉིས་རྫས་གཅིག་དང་ཐ་དད་གང་ཡིན་ཞེས་པའི་ལན་ནི་བློ་རིག་གི་རྣམ་བཞག་ལེགས་བཤད་གསེར་གྱི་ཉི་མར་ཤེས་པར་བྱའོ། །

སེམས་སེམས་བྱུང་རྫས་གཅིག་དང་ཐ་དད་གང་ཡིན་ས་བཟང་གི་མངོན་པ་ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལྟར་འདིར་བརྗོད་པ།

སེམས་སེམས་བྱུང་རྫས་གཅིག་དང་ཐ་དད་གང་ཡིན་ས་བཟང་གི་མངོན་པ་ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལྟར་འདིར་བརྗོད་པར་བྱ་སྟེ།

དེ་ཉིད་ལས། སེམས་དང་སེམས་བྱུང་རྫས་མཚུངས་པ་ཡིན་ན། རྒྱུ་འབྲས་རྫས་གཅིག་པར་འགྱུར་རོ་ཞེ་ན། རྫས་མཚུངས་པའང་རིགས་འདྲ་གྲངས་མཉམ་པ་ལ་བརྗོད་ཀྱི། སངས་རྒྱས་པའི་ལུགས་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་རྫས་གཅིག་པ་ནི་མི་འདོད་དེ།གལ་ཏེ་རྒྱུ་ལ་འབྲས་གནས་ན། །ཟན་ཟ་མི་གཙང་ཟ་བར་འགྱུར། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །གཙོ་འཁོར་རྫས་གཅིག་ཏུ་འདོད་པ་ལྟར་ན་རྫས་ལ་རྣམ་པ་མཚུངས་ཤིང༌། ངོ་བོ་ཁྱད་པར་རིག་པའི་ལྡོག་པ་ཐ་དད་ཀྱིས་སོ་སོར་འབྱེད་ལ་རྒྱུ་འབྲས་སུ་གསུངས་པའང་བཏགས་པ་བར་འགྱུར་རོ། །ཞེས་དང༌། ཡང་དེ་ལས། ཡང་མཁན་ཆེན་ཆོས་རྗེའི་གསུང་གིས་སློབ་དཔོན་ཆོས་ཀྱི་གྲགས་པའི་དགོངས་པས་སེམས་སེམས་བྱུང་རྫས་གཅིག་ཏུ་བཞེད་པར་མངོན་ཏེ། ཡིད་ཤེས་རྟོག་པའི་འཁོར་གྱི་སེམས་བྱུང་རྣམས་རྟོག་མེད་ཡིན་ན། དེས་རང་མཚན་དང༌། རྟོག་པས་སྤྱི་མཚན་འཛིན་པས་དམིགས་རྣམ་མི་མཚུངས་པར་འགྱུར་ལ། རྟོག་པ་ཡིན་ན་རྒྱུད་གཅིག་ལ་རྟོག་པ་དུ་མ་དུས་ཅིག་ཅར་དུ་འཇུག་པར་ཐལ་བ་ལས། རྣམ་འགྲེལ་དུ། རྟོག་གཉིས་ཅིག་ཅར་མཐོང་བ་མེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ཉིད་བློ་ཡུལ་དུའང་བདེ་ཞིང༌། འདི་ཉིད་དུའང་ཡིད་ལ་བྱེད་པ་སེམས་ཀྱི་འཇུག་པ་སྟེ་ཞེས་པ་ནས། དཔྱོད་པ་སེམས་ཞིབ་པའོ་ཞེས་པའི་བར། སེམས་བྱུང་རྣམས་སེམས་ཀྱི་རྣམ་འགྱུར་དུ་སྟོན་པ་དུ་མ་ཞིག་འབྱུང་ལ། བསྡུ་བར་རྫས་ཐ་དད་དུ་བསྟན་པ་ནི་བྱེ་བྲག་སྨྲ་བ་དང་སྒོ་བསྟུན་པ་སྟེ། དོན་གསང་དུ། རྣལ་འབྱོར་སྤྱོད་པའི་ས་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབང་དུ་ཡང་བྱས་ནས་མཛད་དོ་ཞེས་པ་ལྟར་རོ། །ཞེས་ཀྱང་གསུངས་མོད། འགའ་ཞིག་ནི་ཆོས་ཀྱི་གྲགས་པའི་བཞེད་པའང༌། ཡིད་ཤེས་ལྟ་བུ་གཙོ་བོ་རྣམ་ཤེས་རིགས་མཐུན་དུ་མ་ཅིག་ཅར་པ་ལ་དགོངས་ནས། དེ་དག་རྣམས་ཀྱང་རིགས་མཐུན་པའི། །རྣམ་པར་ཤེས་ལ་ངེས་པར་འགྱུར། །འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འབྱུང་བར་ཡང་དག་རྟོགས། །ཞེས་གསུངས་པ་ཡིན་གྱི། སེམས་བྱུང་ཐ་དད་རྒྱུན་དག་པ། །ཐ་དད་རྣམ་གཞག་གྲུབ་པ་ཡིན། །ཞེས་དང༌། དེའི་འགྲེལ་བར། སེམས་དང་སེམས་ལས་བྱུང་བ་དག་ལ་གཅིག་ཏུ་དམིགས་པ་ཡོད་པ་མ་ཡིན་ཏེ། ཐམས་ཅད་སོ་སོ་ཐ་དད་པའི་བདག་ཉིད་དུ་ཉམས་སུ་མྱོང་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེས་པ་ལ་སོགས་པ་སེམས་དང་སེམས་ལས་བྱུང་བ་ནི་རྫས་ཐ་དད་དུ་འཆད་དོ་ཞེས་ཀྱང་གསུངས་སོ། །ཡང་སློབ་དཔོན་ཟླ་བ་གྲགས་པ་ནི། སེམས་དང་སེམས་བྱུང་རྫས་ཐ་དད་དུ་བཞེད་དེ། ཇི་སྐད་དུ། དབུ་མ་ཕུང་བོ་ལྔ་བར། གཙོ་བོ་སེམས་ནི་སེམས་ལས་བྱུང་བ་མ་ཡིན་པར་ཇི་ལྟར་ཤེས་ཀྱི་ལས་དང༌། དད་པ་སེམས་ཀྱི་དྭངས་པ་དང༌། རྟོག་པ་སེམས་རྩིང་བ་ཞེས་བྱ་བ་ལ་སོགས་པར་བརྗོད་པས། སེམས་ལས་བྱུང་བ་སེམས་ཀྱི་གནས་སྐབས་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན༌། དོན་ཐ་དད་དུ་འགྱུར་བས་སོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། གཉིས་པ་འཕགས་པའི་བཞེད་པ་ནི། སེམས་ཙམ་ཞིག་རྫས་སུ་འདོད་ལ། སེམས་ལས་བྱུང་བའི་ཆོས་རྣམས་ནི་མི་འདོད་པ་གང་དག་ཡོད་པ་དེའང་མི་འཐད་དོ། །ཞེས་པ་ལ་སོགས་པ་རྒྱས་པར་གསུངས་ནས། བསྡུས་པ་ནི། ལྔ་ཉིད་འཐད་པ་མེད་ཕྱིར་དང༌། །དེ་ཡི་གནས་སྐབས་སྐྱོན་ཕྱིར་དང༌། །བྱེད་རྒྱུ་བྱེ་བྲག་མེད་ཕྱིར་དང༌། །ལུང་དང་འགལ་བར་འགྱུར་ཕྱིར་རོ། །ཞེས་སེམས་ལས་བྱུང་བ་རྫས་སུ་མེད་ན་ཚོར་བ་འདུ་ཤེས་འདུ་བྱེད་གསུམ་རྣམ་ཤེས་སུ་འདུས་པས་ཕུང་བོ་ལྔའི་རྣམ་གཞག་མི་འཐད་པར་ཐལ་བའི་ཕྱིར་དང༌། ཅི་སྟེ་གནས་སྐབས་ཀྱི་བྱེ་བྲག་ལས་སྔར་རྟོག་ན། གནས་སྐབས་དེ་དག་ཕན་ཚུན་བྱེད་ལས་ཐ་དད་ཡོད་ན་ནི་མཚན་ཉིད་མི་འདྲ་བས་རྫས་ཐ་དད་དུ་གྲུབ་ཅིང༌། མེད་ན་ཡང་གནས་སྐབས་ཐ་དད་དུ་བརྟག་པ་དོན་མེད་པའི་སྐྱོན་ཅན་དུ་འགྱུར་བའི་ཕྱིར་དང༌། སྐད་ཅིག་གཅིག་ལ་གནས་སྐབས་སྣ་ཚོགས་སུ་འགྱུར་བའི་བྱེད་རྒྱུ་ཁྱད་པར་ཅན་མེད་པའི་ཕྱིར་དང༌། ལུང་ལས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཉེ་བར་ཉོན་མོངས་ཅན་དུ་གྱུར་པའི་སེམས་ནི་རྣམ་པར་གྲོལ་ལོ་ཞེས་གསུངས་ཤིང༌།གཅིག་ལ་ནི་འཆིང་བྱ་འཆིང་བྱེད་གཉིས་མ་གྲུབ་པས་དེ་དག་འགལ་བའི་ཕྱིར་དང༌། ཡང་ལུང་ལས། ལྷན་ཅིག་སྐྱེས་པའི་ཚོར་བ་དང་འདུ་ཤེས་དང་སེམས་པ་ཞེས་གསུངས་ཤིང༌།གཅིག་ལ་ནི་ལྷན་ཅིག་དང་འདྲེས་པ་ལ་སོགས་པའི་སྒྲ་མི་རུང་བས་དེ་དག་འགལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་རྫས་གཅིག་ཡིན་ན་མཚུངས་ལྡན་གྱི་རྒྱུ་འབྲས་མ་ཡིན་པར་ཐལ་བའི་ཕྱིར་དང༌། སེམས་ཉོན་མོངས་པ་རྣམས་དང་ངོ་བོ་གཅིག་པ་ཡིན་ན། ངོ་བོ་ཉིད་ནི་སྤང་དུ་མི་རུང་བས། གཏན་རྣམ་པར་མི་འདག་པའི་ཡང་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་སེམས་དང་སེམས་ལས་བྱུང་བ་རྣམས་རྫས་ཐ་དད་དུ་གསུངས་སོ། །དེ་ལྟར་ཐ་དད་ཀྱང་གཟུགས་ཅན་གྱི་དངོས་པོ་ལྟར་འདིའོ་ཞེས་ལོགས་སུ་བསྟན་པ་མེད་པས།ཁྱད་པར་ཡོངས་སུ་གཅད་པར་དཀའ་བས། དབང་པོ་གཟུགས་དྭངས་པ་ལ་འཇོག་པ་ལྟར་ཡིད་ཆེས་པའི་ལུང་དང་རིགས་པ་ལ་བརྟེན་ནས་ཤེས་པར་བྱ་སྟེ། མཛོད་འགྲེལ་ལས།སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་བྱེ་བྲག་ནི་ཕྲ་བས། དེ་ནི་རེ་ཞིག་རྒྱུན་ལའང་ཡོངས་སུ་གཅད་པར་དཀའ་ན། སྐད་ཅིག་ལ་སྨོས་ཀྱང་ཅི་དགོས། རེ་ཞིག་སྨན་ལ་སོགས་པ་གཟུགས་ཅན་རྣམས་ལའང༌། རོ་མང་པོ་ཅན་ཁ་ཅིག་གི་རོའི་ཁྱད་པར་དབང་པོས་གཟུང་བར་བྱ་བ་རྣམས་ཀྱང་ངེས་པར་གཟུང་བར་དཀའ་ན། ཆོས་གང་དག་གཟུགས་ཅན་མ་ཡིན་ཞིང་བློས་གཟུང་བར་བྱ་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཞེས་གསུངས་པ་ལྟར་རོ། །ཞེས་དང༌། ཡང་དེ་ལས། དེ་ལ་འགལ་བ་སྤང་བ་ནི། སེམས་ལས་རྫས་གཞན་པའི་སེམས་བྱུང་ཡོད་ན། ས་བཅུ་བ་ལས། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་པ་དང་འགལ་ལོ་ཞེ་ན། དེ་ནི་སེམས་བྱུང་རྣམས་སེམས་སུ་སྡུད་པ་མ་ཡིན་གྱི། ཕྱི་རོལ་གྱི་དོན་མེད་པ་ལ་དགོངས་ནས་མཚུངས་ལྡན་དང་བཅས་པའི་སེམས་ཙམ་མོ་ཞེས་སྟོན་པ་སྟེ། ཉི་ཤུ་པའི་འགྲེལ་པ་ལས། སེམས་དེའང་འདིར་མཚུངས་པར་ལྡན་པ་དང་བཅས་པ་ལ་དགོངས་པའོ། །ཙམ་ཞེས་བྱ་བ་སྨོས་པ་ནི་དོན་དགག་པའི་ཕྱིར་རོ་ཞེས་པ་ལྟར་རོ། །ཡང་སྲིད་པ་འཕོ་བའི་མདོ་དང་མདོ་སྡེ་རྒྱན་ལས། སེམས་ཉིད་གཉིས་སུ་སྣང་བ་སྟེ། །དེ་བཞིན་ཆགས་སོགས་སྣང་བའམ། །དད་ལ་སོགས་པར་སྣང་བར་འདོད། །ཉོན་མོངས་དགེ་ཆོས་ཡོད་མ་ཡིན། །ཞེས་སེམས་ཉིད་གནས་སྐབས་སེམས་བྱུང་སྣ་ཚོགས་སུ་སྣང་བར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་སེམས་སེམས་བྱུང་གཉིས་སུ་ཕྱེ་བའི་ཡ་གྱལ་ལ་དགོངས་པ་མ་ཡིན་གྱི། སྤྱིར་སེམས་ཀྱི་སྒྲ་རྣམ་ཤེས་དང་ཀུན་གཞི་དང་ཡིད་ཤེས་དང་རིག་པ་ཙམ་ལའང་འཇུག་པ་ལས། འདིར་ནི་རིག་པ་ཙམ་ལས་གཞན་པའི་གཟུགས་འཛིན་དང༌། ཉོན་མོངས་དང་རྣམ་བྱང་མེད་དོ་ཞེས་རྣམ་རིག་ཙམ་དུ་སྒྲུབ་པའི་སྐབས་ཡིན་པའི་ཕྱིར་རོ། །ཉི་ཤུ་པའི་འགྲེལ་བཤད་ལས་ཀྱང༌། སེམས་ཞེས་བྱ་བ་ནི་གསུང་རབ་ལས། སེམས་ལས་བྱུང་བ་དག་ལ་ཡང་བྱ་སྟེ། འདི་ལྟར་སེམས་བཏུལ་ན་ལེགས་ཞེས་འབྱུང་བ་ལ་སེམས་ལས་བྱུང་བའང་མི་འདུལ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་འཇིག་རྟེན་འདི་ནི་སེམས་ཀྱིས་ཁྲིད་ཅེས་ཀྱང་གསུངས་ཏེ། །ཚོར་བ་དང་སྲེད་པ་ལ་སོགས་པ་སེམས་ལས་བྱུང་བ་རྣམས་ཀྱིས་མི་འཁྲིད་པའང་མ་ཡིན་ནོ། །ཞེས་པ་ལྟར་རོ། །ཡང་སེམས་ཚོར་བ་དང་རྫས་མི་གཅིག་ན་མྱོང་བ་མ་ཡིན་པས་བེམ་པོར་འགྱུར་རོ་ཞེ་ན་སེམས་སེམས་བྱུང་རྣམས་མཚན་ཉིད་སོ་སོར་ངེས་པའི་ཕྱིར་རོ། །གཞན་རྣམས་མྱོང་བར་བྱེད་པའི་ངོ་བོ་ཡིན་ཡང་དེ་དང་མཚུངས་པར་ལྡན་ཞིང་འདྲེས་པས་མྱོང་བར་བྱེད་པ་འཁྲུལ་བ་ཡིན་ནོ། །ཞེས་ཁ་ཅིག་འདོད་དོ། །ཁ་ཅིག་ཚོར་བ་ནི་རང་སྟོབས་ཀྱིས་ཉམས་སུ་མྱོང་ལ། གཞན་རྣམས་ནི་ཚོར་བའི་སྟོབས་ཀྱིས་ཉམས་སུ་མྱོང་བ་ཡིན་ནོ། །ཞེས་ཟེར་རོ། །མ་ངེས་ཏེ། རྣམ་ཤེས་སོ་སོར་རྣམ་རིག་པ། །ཞེས་འབྱུང་བའི་ཕྱིར་རོ། །འདུ་ཤེས་དང་མི་གཅིག་ན་མཚན་འཛིན་ལས་གྲོལ་བའི་ཡེ་ཤེས་སུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། མཚན་མར་འཛིན་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཞེས་གསུངས་སོ། །

དྲིས་ལན་བཅོ་བརྒྱད་པ་ལ་དྲི་བ་དང་ལན་གཉིས་ལས།

དྲིས་ལན་བཅོ་བརྒྱད་པ་ལ་དྲི་བ་དང་ལན་གཉིས་ལས།

དང་པོ་དྲི་བ་སེམས་བྱུང་ང་གཅིག་ནང་ཕན་ཚུན་འགལ་བ་ཁོ་ན་ཡིན་ནམ་ཇི་ལྟར་ཡིན་ཞེས་པའོ། །གཉིས་པ་ལན་ནི། ས་བཟང་གི་མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། བག་ཡོད་པ་གང་ཞེ་ན། གདགས་གཞི་བཤད་ཟིན་པའི་མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང༌། བརྩོན་འགྲུས་དང་བཅས་པ་ལ་གནས་ཤིང་རྟེན་བཅས་ནས་ཉོན་མོངས་པའི་གཉེན་པོ་བྱེད་པའི་ཕྱིར། བཞི་པོ་ཉིད་ལ་བག་ཡོད་ཅེས་བཏགས་སོ། །གལ་ཏེ་བག་ཡོད་བཞི་རྣམ་ཤེས་གཅིག་གི་འཁོར་དུ་བྱུང་ན་རྫས་མཚུངས་ཉམས་སོ་ཞེ་ན། མི་ཉམས་ཏེ་འདི་ནི་བཏགས་ཡོད་ཡིན་པས་གདགས་གཞི་ལས་གུད་ན་མེད་ལ། རྫས་མཚུངས་ནི་རྫས་ཡོད་ལ་བརྩི་བའི་ཕྱིར་རོ། །ཞེས་གསུངས་ཤིང༌། ཁ་ཅིག་ནི་བཞི་ལ་འདོགས་པ་སྤྱི་རིགས་ལ་དགོངས་པ་སྟེ། རྣམ་ཤེས་གཅིག་གི་འཁོར་དུ་གང་རུང་ལ་བཏགས་པའི་བག་ཡོད་རེ་རེ་ལས་མི་འབྱུང་བས་སྐྱོན་མེད་ཅེས་གསུངས་སོ། །འདི་ནི་དུ་མ་ལ་བཏགས་པ་ཐམས་ཅད་ལ་སྦྱར་རོ། །ཞེས་གསུངས་པ་ལྟར་སེམས་བྱུང་ང་གཅིག་ལས་བག་ཡོད་དང་མ་ཆགས་པ་གཉིས་ལྟ་བུའི་ཡིན་པ་དུ་མ་ཡོད་པར་སྣང་ངོ༌། །

དྲི་བ་བཅུ་དགུ་བ།

དྲི་བ་བཅུ་དགུ་བ།

རྣམ་འགྲེལ་ལས།མཐོང་དང་མ་མཐོང་དངོས་བོ་ཡི། །དོན་དེ་དག་ལ་མངོན་སུམ་དང༌། །རྗེས་སུ་དཔག་རྣམ་གཉིས་ཀྱིས་ཀྱང༌། །གནོད་མེད་འདི་ཡི་མི་བསླུ་བའོ། །ཞེས་པའི་སྐབས་ནས་བསྟན་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་གང་ཡིན་དང༌། གཞལ་བྱའི་གནས་གསུམ་འགལ་ལམ་ཇི་ལྟར་ཡིན་ཞེས་པ་དང༌།

དྲི་བ་ཉི་ཤུ་པ།

དྲི་བ་ཉི་ཤུ་པ།

ཚད་མ་མདོ་ལས། རང་གི་མཐོང་དོན་རབ་གསལ་བྱེད། །ཅེས་པའི་སྐབས་ནས་བསྟན་པའི་གཞན་དོན་རྗེས་དཔག་གི་མཚན་ཉིད་དང་དབྱེ་བ་ཇི་ལྟར་ཡིན་ཞེས་པ་དང༌།

དྲི་བ་ཉེར་གཅིག་པ།

ཚད་མ་མདོ་ལས། ངོ་བོ་ཁོ་ན་བསྟན་བྱ་བ། །རང་ཉིད་འདོད་དང་མ་བསལ་བ། །ཞེས་པའི་སྐབས་ནས་བསྟན་པའི་གཞན་དོན་སྒྲུབ་བྱའི་མཚན་ཉིད་ཇི་ལྟར་ཡིན་ཞེས་པ་དེ་དག་གི་ལན་ནི་རྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད་དུ་ཤེས་པར་བྱའོ། །

དྲིས་ལན་ཉེར་གཉིས་པ་ལ་དྲི་བ་དང་ལན་གཉིས།

དྲིས་ལན་ཉེར་གཉིས་པ་ལ་དྲི་བ་དང་ལན་གཉིས། དང་པོ་ནི།

ཚད་མ་རྣམ་འགྲེལ་གྱི་ལུས་ཡོངས་རྫོགས་རང་ལུགས་ལ་འགྲེལ་རྒྱུ་ཡོད་མེད་དང༌། མདོ་སྡེ་བའི་ལུགས་སུ་འགྲེལ་དགོས་བའི་གཞུང་ཚིག་ཡོད་དམ་ཇི་ལྟར་ཡིན་ཞེས་པའོ། །གཉིས་པ་ལན་ནི། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པ་ནས། དོན་དམ་དོན་བྱེད་ནུས་གང༌། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་སོགས་ཚིག་འགའ་ཞིག་གི་ཚིག་ཟིན་འགའ་ཞིག་མདོ་སྡེ་བའི་ལུགས་ལ་འགྲེལ་དགོས་པ་དང༌། གཞུང་ཚིག་ཕར་ཆེར་གྱི་ཚིག་ཟིན་རང་ལུགས་ལ་འགྲེལ་དགོས་པར་སྣང་ངོ༌། །འོན་ཀྱང་ཚིག་ཡོངས་རྫོགས་བདག་གིས་ཞིབ་ཏུ་འདི་འབྲི་སྐབས་སུ་བལྟ་མ་ནུས་པས་བློ་གྲོས་དང་ལྡན་པ་རྣམས་ཀྱི་ལེགས་པར་དཔྱད་དགོས་སོ། །ཤཱཀྱ་བློའི་འགྲེལ་བཤད་ལས། རྣམ་འགྲེལ་ལུགས་བརྒྱ་ལྡན་པ་རྣམ་པར་དབྱེ་བར་བྱ། །ཞེས་གསུངས་པ་ལྟར་སྤྱིར་རྣམ་འགྲེལ་འདི་ལུགས་བརྒྱ་དང་ལྡན་པ་ཡིན་པས་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས་ལུགས་དུ་མ་འགྲེལ་བ་ལྟར་ལུགས་དུ་མར་འགྲེལ་རྒྱུ་ཡོད་པ་ཡིན་པའོ། །༈ དྲིས་ལན་ཉེར་གསུམ་པ་ལ་གཉིས་ལས། དང་པོ་ནི། རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང༌། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་དེ། །དེ་ནི་རང་སྤྱིའི་མཚན་ཉིད་བཤད། །ཅེས་གསུངས་པའི་རང་སྤྱི་དང་རང་ལུགས་ཀྱི་རང་སྤྱི་འཇོག་ཚུལ་ཇི་ལྟར་ཡིན་ཞེས་པའོ། །གཉིས་པ་ལན་ནི།དོན་དམ་དོན་བྱེད་ནུས་པ་ཞེས་སོགས་ཀྱིས་སྐབས་ནས་བསྟན་པའི་རང་སྤྱི་ནི། རྣམ་འགྲེལ་གྱི་འགྲེལ་བ་རིན་ཆེན་འཕྲེང་བ་ལས་འདི་ལྟར་གསུངས་སྟེ། ཇི་སྐད་དུ། དོན་ལ་བཙོ་བསྲེག་བྱེད་བཞིན་པའི་མེ་གང་ཡིན་དེ་ཆོས་ཅན། འབྲས་བུ་དོན་གཉེར་གྱི་འཇལ་དུ་རུང་བ་ལ་དོན་དམ་དུ་བྱས་པ་ལུགས་འདིར་དོན་དམ་པར་ཡོད་པ་ཡིན་ཏེ། དེ་ཡི་ལུགས་ལ་དོན་དམ་པར་དོན་བྱེད་ནུས་པས་སོ། །འདུས་མ་བྱས་ནམ་མཁའ་ཆོས་ཅན། ཀུན་རྫོབ་ཏུ་ཡོད་དེ། དོན་བྱེད་པ་ལས་གཞན་ཏེ། དོན་མི་བྱེད་པར་བཏགས་པས་སྒོ་ནས་ཡོད་པས་སོ། །ཆོས་ཅན་སྔ་མ་དེ་ཆོས་ཅན། རང་མཚན་ཡིན་ཏེ། དོན་དམ་དུ་ཡོད་པའི་དངོས་པོ་ཡིན་པས་སོ། །ཆོས་ཅན་ཕྱི་མ་ཆོས་ཅན། སྤྱི་མཚན་ཡིན་ཏེ། ཀུན་རྫོབ་ཏུ་ཡོད་པས་སོ། །ཞེས་དང༌། ཡང་དེ་ལས། རང་མཚན་གྱི་འཇོག་བྱེད་ལ་རྩོད་པ་སྤང་བ་ནི། དབུ་མ་པ་ན་རེ། གལ་ཏེ་དོན་དམ་པར་དོན་བྱེད་ནུས་པ་རང་མཚན་གྱི་མཚན་ཉིད་དུ་མི་འགྱུར་ཏེ། དེ་རང་མཚན་ལ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་དེ་གང་གི་ཡང་དོན་དམ་པར་འབྲས་བུ་བྱེད་པའི་ནུས་པ་མེད་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། དོན་དམ་པར་དོན་བྱེད་ནུས་པ་མེད་པ་མ་ཡིན་པར་ཐལ། ས་བོན་རང་མཚན་སོགས་ནི་མྱུ་གུ་རང་མཚན་སོགས་ལ་ཕན་འདོགས་ནུས་པར་མཐོང་བས་སོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །ཡང་ཡ་མ་རིའི་འགྲེལ་བ་ལས། ཞར་ལ་ཐེག་པ་ཐ་ཤལ་གྱི་བདེན་པ་གཉིས་ཀྱི་རྣམ་བཞག་བསྟན་པའི་ཕྱིར། ཞེས་སོགས་ལ་དཔྱད་པར་བྱའོ། །

དྲིས་ལན་ཉེར་བཞི་བ་ལ་གཉིས་ལས།

དྲིས་ལན་ཉེར་བཞི་བ་ལ་གཉིས་ལས།

དང་པོ་དྲི་བ་ནི། རྣམ་འགྲེལ་ལས།དྲན་པ་ལས་ཀྱང་རང་རིག་གྲུབ། །ཅེས་སོགས་ཀྱི་སྐབས་ནས་བསྟན་པའི་རང་རིག་སྒྲུབ་བྱེད་ཀྱི་རིགས་པ་གྲགས་ཆེ་བ་རྣམས་གང་ཡིན་ཞེས་པའོ། །གཉིས་པ་ལན་ནི། རང་རིག་སྒྲུབ་བྱེད་ཀྱི་རིགས་པ་རྣམ་འགྲེལ་ལས་བཤད་པ་གྲགས་ཆེ་བ་གསུམ་ཡོད་དེ། དམིགས་མྱོང་སོ་སོར་འབྱེད་པའི་རིགས་པ་དང༌། གསལ་བའི་རང་བཞིན་གྱི་རིགས་པ་དང༌། དུས་ཕྱིས་དྲན་པའི་རིགས་པ་དང་གསུམ་ཡོད་པའི་ཕྱིར་རོ། །དང་པོ་ནི་རྣམ་འགྲེལ་ལས།དེས་ན་ཤེས་པ་ཐམས་ཅད་ཀྱི། །དམིགས་མྱོང་དག་ནི་ཐ་དད་ཡིན། །དོན་དང་འདྲ་བ་དམིགས་པ་སྟེ། །རང་ཉིད་གསལ་བ་བདག་མྱོང་ཡིན། །ཞེས་དང༌། རྣམ་འགྲེལ་གྱི་འགྲེལ་བཤད་རིན་ཆེན་ཕྲེང་བ་ལས། གཞན་གྱི་བདེ་སྡུག་དམིགས་པའི་འཕགས་ཆེན་ཆོས་ཅན། གཞན་གྱི་སྡུག་བསྔལ་དང་བདེ་བས་གདུང་དང་ཕན་འདོགས་པའི་རྒྱུ་མིན་ཏེ། གཞན་གྱི་སྡུག་བསྔལ་སོགས་མྱོང་བ་མ་ཡིན་པའི་ཕྱིར། དེས་ན། དེ་ཆོས་ཅན། གཞན་གྱི་སྡུག་བསྔལ་ལ་སོགས་མྱོང་བ་དེ་ལྟར་ཐལ་བར་མི་འགྱུར་ཏེ། དེ་དམིགས་པ་ཙམ་གྱིས་ཤེས་པ་ཡིན་གྱི་སྡུག་བསྔལ་བྱའི་ངོ་བོར་མ་སྐྱེས་པའི་ཕྱིར། དེས་ན། ཤེས་བྱ་ཆོས་ཅན།ཡང་ན་ཤེས་པ་ཐམས་ཅད་ཀྱི་དམིགས་མྱོང་དག་ནི་ཐ་དད་ཡིན་ཏེ། དོན་དང་འདྲ་བ་དམིགས་པ་ཡིན་ལ་ཆོས་དེ་མྱོང་ན་ཆོས་དེ་ཡི་ངོ་བོ་གསལ་དགོས་པས་སོ། །ཞེས་གསུངས་ལ། དེའི་དོན་སྦྱོར་ནི། སྔོ་འཛིན་མིག་ཤེས་ཆོས་ཅན། ཁྱོད་ཀྱི་དམིགས་པ་དང་མྱོང་བ་ཐ་དད་པ་ཡིན་ཏེ། དམིགས་བྱ་སྔོན་པོའི་ངོ་བོར་མ་སྐྱེས་ཀྱང་དེ་དང་འདྲ་བ་དེ་ལ་དམིགས་པ་དང༌།མྱོང་བྱེད་རང་ཉིད་མྱོང་བྱའི་ངོ་བོར་གསལ་བར་སྐྱེས་པས་མྱོང་བྱ་དེ་མྱོང་བར་འཇོག་དགོས་པའི་ཕྱིར། དཔེར་ན་རྣལ་འབྱོར་བའི་རྒྱུད་ཀྱི་གཞན་རྒྱུད་ཀྱི་སྡུག་བསྔལ་ལ་དམིགས་པའི་ཤེས་པ་དེས་སྡུག་བསྔལ་དམིགས་ཀྱང་དེ་མ་མྱོང་བ་བཞིན་ནོ། །གཉིས་པ་གསལ་བའི་རང་བཞིན་གྱི་རིགས་པ་ནི། རྣམ་འགྲེལ་ལས། དེའི་ཕྱིར་ངེད་ཀྱི་བློ་རང་ཉིད། །གསལ་བའི་ངོ་བོར་རབ་གསལ་ཞིང༌། །གཞན་དེར་ངོ་བོ་འཕོ་བ་ཡིས། །གསལ་བ་ན་ནི་རབ་གསལ་ཉིད། །ཅེས་སོ། །རྣམ་འགྲེལ་འགྲེལ་བཤད་རིན་ཆེན་ཕྲེང་བ་ལས། དེ་འདྲའི་སྐྱོན་ཡོད་པ་དེ་ཡི་ཕྱིར་ངེད་ཀྱི་ལུགས་ལ་བློ་ཆོས་ཅན། རང་ཉིད་རབ་ཏུ་གསལ་བ་ཡིན་ཏེ། གཟུགས་གསལ་བའི་ངོ་བོ་སྟེ་རིག་པ་ཡིན་པས་སོ། །གཞན་གཟུགས་སོགས་ཆོས་ཅན། གསལ་བ་ཡིན་ཞེས་ཐ་སྙད་གདགས་སུ་རུང་བ་ཡིན་ཏེ། དབང་ཤེས་དེར་ངོ་བོས་ཏེ་རྣམ་པ་འཕོ་བའི་སྒོ་ནས་གསལ་བོ་ཞེས་བཞག་པའི་ཕྱིར། །བློ་གཞན་སྔ་མ་ཆོས་ཅན། ཕྱི་བློ་དང་འདྲ་བ་ཡིན་ཡང་ཕྱི་བློ་དེ་ཡིས་ནི། ཁྱོད་གསལ་བར་མི་འདོད་དེ། རང་ཉིད་རབ་ཏུ་གསལ་བའི་ཕྱིར་རོ། །འོ་ན་དོན་དང་འདྲ་བས་དོན་ཇི་ལྟར་གསལ་ཞེ་ན། མིག་ཤེས་སོགས་ཆོས་ཅན། གཟུགས་སོགས་དངོས་སུ་མྱོང་ནས་རིག་པ་མ་ཡིན་ཏེ། དེ་ཡི་ངོ་བོ་རབ་གསལ་ཏེ་གཟུགས་སོགས་ཀྱི་རྣམ་པར་སྣང་བ་དེ་མྱོང་བ་ཡིན་པས་སོ། །རང་གསལ་ན་གཞན་གྱི་གསལ་མི་དགོས་པ་སྒྲོན་མེ་གཉིས་བཞིན་ནོ། །ཤེས་བྱ་ཆོས་ཅན། རང་མི་གསལ་བར་གཞན་གྱི་གསལ་དགོས་ན་གསལ་བྱ་གསལ་བྱེད་འཐད་དེ། དཔེར་ན་མར་མེ་ནས་རྒྱས་པར་བྱེད་པའི་བར་བཞིན་ནོ། །ཞེས་གསུངས་ལ། དེའི་དོན་སྦྱོར་ནི། དཔལ་ཆོས་ཀྱི་གྲགས་པ་ངེད་ཀྱི་ལུགས་ལ་སྔོ་འཛིན་ཆོས་ཅན། གསལ་བའི་བདག་ཉིད་དུ་འཇོག་པའི་ཚུལ་རྣམ་པ་གཉིས་ཡོད་དེ། རང་ཉིད་གསལ་བའི་ངོ་བོར་རབ་ཏུ་སྐྱེས་པས་རང་ཉིད་གསལ་ཞིང་སྔོ་སོགས་ཤེས་པ་དེ་ཡིས་རྣམ་པའི་ངོ་བོར་འཕོ་བ་ཡིས་ཡུལ་རབ་ཏུ་བྱེད་པའི་ཕྱིར། གཏན་ཚིགས་དེའི་གནད་ནི། ཀུན་རྫོབ་ཀྱི་ཤེས་པ་རང་ཉིད་གསལ་བའི་ངོ་བོར་གྲུབ་པ་ལ་གསལ་བྱ་གསལ་བྱེད་གཉིས་དགོས་པས་ན་གསལ་བྱེད་རང་གི་བདག་ཉིད་ལས་འོས་མེད་པས་རང་རིག་ངེས་པར་འཇོག་དགོས་པར་བཞེད་པ་འདྲའོ། །གསུམ་པ་ནི།ཚད་མ་ཀུན་བཏུས་ལས། དུས་ཕྱིས་དྲན་པ་ལས་ཀྱང་སྟེ། །ཚུལ་གཉིས་དང་ནི་རང་རིག་གྲུབ། །མ་མྱོང་བས་འདི་མེད་ཕྱིར་རོ། །ཞེས་དང༌། རྣམ་འགྲེལ་ལས། དྲན་པ་ལས་ཀྱང་བདག་རིག་གྲུབ། །ཅེས་དང༌། རྣམ་འགྲེལ་འགྲེལ་བཤད་རིན་ཆེན་ཕྲེང་བ་ལས།དབང་ཤེས་ལྔ་ཆོས་ཅན། བདག་རིག་སྟེ། སྒྲ་སོགས་རྟོགས་པའི་དོན་རྟོགས་སོ་སོར་དྲན་པས་སོ། །ཞེས་པ་ལས་ཀྱང་བདག་རིག་གྲུབ་བོ། །ཞེས་གསུངས་ལ། །དེའི་དོན་སྦྱོར་ནི།སྔོ་འཛིན་ཆོས་ཅན། མྱོང་བྱེད་ཡོད་དེ། དུས་ཕྱིས་དྲན་པ་ཡོད་པའི་ཕྱིར་ཞེས་པའོ། །གཞན་ཡང་རྣམ་འགྲེལ་ལས། ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང༌། །རང་རིག་ཕལ་ཆེར་གྲུབ་པ་ཡིན། །ཞེས་སོགས་རང་རིག་སྒྲུབ་བྱེད་དུ་མ་ཡོད་དོ། །ཐེག་ཊཱིཀ་ལས། ཡུལ་ཡུལ་ཅན་གྱི་དབྱེ་བ་ཡོད་ཕྱིན་ཆད་རང་རིག་ཏུ་མི་འགྲུབ་སྟེ། ཞེས་དང༌། གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས། དེ་སེམས་ཀུན་ཏུ་ཚོལ་བ་ན། ཞེས་པ་ནས། ཅི་དམིགས་པ་དེ་ཡང་གཞན་ལ་སེམས་དེ་ཡང་གཞན་ནམ། འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཡིན།གལ་ཏེ་དམིགས་པ་ཡང་གཞན་ལ་སེམས་ཀྱང་གཞན་ན་སེམས་དེ་གཉིས་སུ་འགྱུར་རོ། །འོན་ཏེ་དམིགས་པ་གང་ཡིན་པ་དེ་སེམས་ཡིན་ན་སེམས་ཀྱིས་སེམས་ཇི་ལྟར་མཐོང་བར་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན་རལ་གྲིའི་སོ་དེ་ཉིད་ཀྱིས་རལ་གྲིའི་སོ་དེ་ཉིད་གཅོད་པར་མི་ནུས་པ་དང༌། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་སོར་མོའི་རྩེ་མོ་དེ་ཉིད་ལ་རེག་པར་མི་ནུས། ཞེས་སོགས་དང༌། སྤྱོད་འཇུག་ལས། འཇིག་རྟེན་གྱི་ནི་མགོན་པོས་ཀྱང༌། །སེམས་ཀྱིས་སེམས་མི་མཐོང༌། ཞེས་དང༌། རལ་གྲིའི་སོ་ནི་རང་ལ་རང༌། །ཇི་ལྟར་མི་གཅོད་དེ་བཞིན་ཡིད། །ཞེས་སོགས་ཀྱི་དོན་ལ་དཔྱད་པར་བྱའོ། །སྨྲས་པ། ངེས་དོན་མདོ་དང་ཚད་མའི་གཞུང་བརྒྱ་ཡི། །དགོངས་དོན་ཇི་བཞིན་བཤད་པའི་དྲི༷ས་ལ༷ན་ཀུན། །མ་ནོར་ར༷བ་ཏུ་གས༷ལ་བའི་སྒྲོ༷ན་མེ༷་འདི། །འདོ༷ད་འཇོ༷འི་དཔ༷ག་བས༷མ་ལྗོན་འདི་སྲིད་འདིར་མཛེས། །བློ་གྲོས་ཡངས་པའི་ཀུན་གསལ་ལས་འོངས་པའི། །ལེགས་བཤད་ཉིན་བྱེད་གསལ་བའི་འོད་ཟེར་གྱིས། །བློ་ལྡན་དོན་གཉེར་མི་ཤེས་མུན་བསལ་ནས། །དཔལ་ཡོན་པདྨའི་དགའ་ཚལ་རྒྱས་གྱུར་ཅིག ། གལ་ཏེ་ལོག་བཤད་འཁྲུལ་པའི་ཆ་མཆིས་ན། །ཆོས་ཀུན་གཟིགས་པ་རྣམས་ཀྱིས་བཟོད་མཛད་དེ། །ལེགས་ཆ་མཆིས་ན་ལེགས་བཤད་གཟིགས་པ་རྣམས། །དགའ་བས་ལེགས་བཤད་འཕེལ་བར་མཛད་དུ་གསོལ། །རྒྱལ་བ་ཀུན་གྱི་ཐུགས་རྗེའི་བྱིན་བརླབས་དང༌། །རྒྱལ་བའི་དམ་ཆོས་བསླུ་མེད་བདེན་པ་དང༌། །རྒྱལ་བའི་ཐུགས་སྲས་ཀུན་གྱི་ཐུགས་རྗེ་ཡིས། །རྒྱལ་བའི་ལུང་རྟོགས་བསྟན་པ་རྒྱས་གྱུར་ཅིག ། བདག་ཀྱང་འཁོར་ཚེ་ཚེ་རབས་ཐམས་ཅད་དུ། །ཚུལ་གནས་ཐོས་བསམ་སྒོམ་གསུམ་རབ་བརྩོན་ཏེ། །འཆད་རྩོད་རྩོམ་པས་རྒྱལ་བསྟན་གསལ་བྱེད་ཅིང༌། །ལེགས་བཤད་ཆར་གྱིས་འགྲོ་ཀུན་ཚིམ་པར་ཤོག །ཅེས་ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་བཞི་པའི་དྲིས་ལན་འདོད་འཇོའི་དཔག་བསམ་ཞེས་བྱ་བ་འདི་ནི་ངག་དབང་དངོས་གྲུབ་དཔལ་ལམ་དབྱངས་ཅན་ངག་གི་རོལ་མཚོས་བྲིས་པའོ། །རྒྱལ་བསྟན་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག །ཛ་ཡནྟུ།


previousཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་བཞི་པའི་དྲིས་ལན་འདོད་འཇོའི་དཔག་བསམ།no next