Nitartha Digital Library
Tibetan
གསུང་འབུམ་པོད་བཅུ་པ། དྲིས་ལན།


  collapse section
ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་ལྔ་བའི་དྲིས་ལན་མི་ཕམ་ཞལ་ལུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section


 
no previousཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་ལྔ་བའི་དྲིས་ལན་མི་ཕམ་ཞལ་ལུང་།next

ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་ལྔ་བའི་དྲིས་ལན་མི་ཕམ་ཞལ་ལུང་།

ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་ལྔ་བའི་དྲིས་ལན་མི་ཕམ་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཡོངས་གྲུབ་གཉིས་མེད་ཤེ༵ར་ཕྱི༵ན་རང་བཞིན་གཙོ། །འཕགས་ཀུན་བསྐྱེད་མཛད་ཤེ༵ར་ཕྱི༵ན་ཆོས་ཀྱི་དབྱིངས། །གཞི་འབྲས་དབྱེར་མེད་ཤེ༵ར་ཕྱི༵ན་ཕྱག་རྒྱ་མཆོག །རྒྱལ་ཡུམ་ཤེ༵ར་ཕྱི༵ན་དེ་བཞིན་ཉིད་ལ་གུས། །ཀུན་མཁྱེན་ཆོས་རྗེ་ཉ་དབོན་ཀུན་དགའ་ཡི། །བཞེད་དགོངས་ཇི་བཞིན་ཤེར་ཕྱིན་དཀའ་གནས་འགའ། །ལུང་རིགས་འབུམ་གྱི་འོད་སྟོང་འགྱེད་ལ་སྤྲོ། །བློ་གྲོས་དོན་གཉེར་ཚོགས་རྣམས་དགྱེས་པར་མཛོད། །དེ་ལ་འདིར་གཞན་སྟོང་བགྲོ་གླེང་ཐེངས་ལྔ་པའི་དྲི་བ་ཉེར་བདུན་ལས།

དྲིས་ལན་དང་པོ་ནི། ཡུམ་གསུམ་གནོད་འཇོམས་སུ་སྒོ་གསུམ་དང་རྣམ་གྲངས་བཅུ་གཅིག་གིས་ཡུམ་མདོའི་དོན་བཀྲལ་ཚུལ་གང་ཡིན་ཞེས་པའི་ལན།

དྲིས་ལན་དང་པོ་ནི། ཡུམ་གསུམ་གནོད་འཇོམས་སུ་སྒོ་གསུམ་དང་རྣམ་གྲངས་བཅུ་གཅིག་གིས་ཡུམ་མདོའི་དོན་བཀྲལ་ཚུལ་གང་ཡིན་ཞེས་པའི་ལན།

ཡུམ་གསུམ་གནོད་འཇོམས་སུ་སྒོ་གསུམ་དང་རྣམ་ངས་བཅུ་གཅིག་གིས་ཡུམ་མདོའི་དོན་བཀྲལ་ཚུལ་གང་ཡིན་ཞེས་པའོ། །དེའི་ལན་ནི། ཡུམ་གསུམ་གནོད་འཇོམས་ལས་སྒོ་གསུམ་དང་རྣམ་གྲངས་བཅུ་གཅིག་གིས་ཡུམ་མདོའི་དོན་བཀྲལ་ཚུལ་མདོ་ལུགས་མ་ལས། དབུ་མ་ཆེན་པོ་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་འདི་ནི་བཅོམ་ལྡན་འདས་ཀྱིས་སྒོ་གསུམ་དང༌། རྣམ་གྲངས་བཅུ་གཅིག་གིས་བཤད་དེ། མགོ་སྨོས་པས་གོ་བ་དང༌། སྤྲོས་ནས་གོ་བ་དང༌། དྲང་དགོས་པའི་གདུལ་བྱ་འདུལ་བ་ལས་བརྩམས་ཏེ། མདོར་བསྟན་པའི་སྒོ་དང༌། འབྲིང་དུ་བསྟན་པའི་སྒོ་དང་རྒྱས་པར་བསྟན་པའི་སྒོའོ། །དེ་ལ་རྣམ་གྲངས་བཅུ་གཅིག་ནི་དང་པོར་ཤཱ་རིའི་བུ་ལ་བཀའ་སྩལ་ཏེ་བཤད་པ་དང༌། དེའི་འོག་ཏུ་གནས་བརྟན་རབ་འབྱོར་གྱིས་རྒྱས་པར་བཤད་པ་དང༌། དེ་ནས་བརྒྱ་བྱིན་ལ་བཀའ་སྩལ་བ་དང། །དེ་ནས་གནས་བརྟན་རབ་འབྱོར་དང༌། དེ་ནས་འཕགས་པ་བྱམས་པ་དང༌། །དེ་ནས་རབ་འབྱོར་དང༌། དེ་ནས་བརྒྱ་བྱིན་དང༌། དེ་ནས་རབ་འབྱོར་དང༌། དེ་ནས་བྱམས་པ་དང༌། དེ་ནས་རབ་འབྱོར་ལ་བཀའ་སྩལ་པ་དང༌།རྟག་ཏུ་ངུ་དང་ཆོས་འཕགས་ཀྱི་གཏམ་གྱིས་ཡང་ཀུན་དགའ་བོ་ལ་བཀའ་སྩལ་ནས་ཡོངས་སུ་གཏད་པ་སྟེ། འདི་དག་ནི་རྣམ་གྲངས་བཅུ་གཅིག་གོ ། ཞེས་པའི་དོན་འདི་གསུངས་སོ། །དེས་ན་སེམས་བསྐྱེད་མདོར་བསྟན་ནི་མདོར་བསྟན་པའི་སྒོ་དང༌། སེམས་བསྐྱེད་རྒྱས་བཤད་ནས་སྐབས་དང་པོ་རིལ་པོ་ནི་འབྲིང་དུ་བསྟན་པའི་སྒོ་དང༌། སྐབས་གཉིས་པ་ནས་ཡོངས་སུ་རྫོགས་པའི་པར་ནི། རྒྱས་པར་བསྟན་པའི་སྒོ་ཡིན་ནོ། །ཞེས་དང༌།ཡུམ་གསུམ་གནོད་འཇོམ་༥༧ལས། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པ་ནི། བཅོམ་ལྡན་འདས་ཀྱིས་སྒོ་གསུམ་དང་རྣམ་གྲངས་བཅུ་གཅིག་གིས་བཤད་པར་རྣམ་པར་བཞག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མགོ་སྨོས་པས་གོ་བ་དང༌། རྣམ་པར་སྤྲོས་ན་གོ་བ་དང༌། དྲང་དགོས་པའི་འདུལ་བ་རྣམ་པ་གསུམ་ལས་བརྩམས་ཏེ། མདོར་བསྟན་པའི་སྒོ་དང༌། འབྲིང་དུ་བསྟན་པའི་སྒོ་དང༌། རྒྱས་པར་བསྟན་པའི་སྒོ་དང་སྒོ་གསུམ་གྱིས་བཤད་དོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་གླེང་གཞིའི་ལེའུ་བསྟན་པའི་རིམ་པས་བརྩམ་པ་ཆེན་པོས་བཤད་པའི་སྐབས་ཕྱེ་སྟེ། ཆོས་བཤད་པའི་ཕྱིར་གནས་བརྟན་ཤཱ་རིའི་བུ་ལ། ཤཱ་ར་དཱ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བཀའ་སྩལ་ཏོ། །དེར་དེ་ཙམ་ཞིག་བཤད་ནས་ཅང་མི་གསུངས་བར་གྱུར་ཏེ། དེ་བས་ན་འདི་ནི་མདོར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་པ་དང༌། གནས་བརྟན་ཤཱ་རིའི་བུས་རྣམ་པར་སྤྲོས་ན་གོ་བ་རྣམས་ཀྱི་དོན་ཞུ་བ་བརྩམས་ནས། འབྲིང་དུ་བསྟན་པའི་སྐབས་ཕྱེ་བ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འཚལ་བས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱི་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མདོར་བསྟན་པའི་བཤད་པ་དེ་ཉིད་བཟུང་སྟེ། མདོར་བསྟན་པ་ཉིད་དུ་ཆོས་ཐམས་ཅད་བསྟན་ནས་སྤྱོད་པ་རྣམ་པ་བཞི་ཡང་བསྟན་ཏོ། །དེའི་འོག་ཏུ་གང་གི་ཕྱིར་བརྩོན་པར་བྱ་བ་དང༌། ཇི་ལྟར་བརྩོན་པར་བྱ་བ་དང༌། བརྩོན་པར་བྱེད་པ་རྣམས་ཀྱི་མཚན་ཉིད་གང་ཡིན་པ་དང༌། བརྩོན་པར་བྱེད་པ་རྣམས་ཀྱི་རབ་ཏུ་དབྱེ་བ་གང་ཡིན་པ་དང༌། བརྩོན་པ་ལ་གདམས་པ་གང་ཡིན་པ་དང༌། བརྩོན་པའི་ཕན་ཡོན་གང་ཡིན་པ་དང༌། བརྩོན་པའི་རབ་ཏུ་དབྱེ་བ་གང་ཡིན་པ་དང༌། བཤད་པ་འདིའི་གཏན་ལ་དབབ་པ་གང་ཡིན་པ་དང༌། རྣམ་པ་འདི་བརྒྱད་བསྟན་ཏོ། །དེ་ལ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཞེས་བྱ་བ་ནས་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་དགའ་བ་ཆེན་པོ་དང་བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ་ཞེས་བྱ་བའི་བར་དུ་ནི་དཀར་པོའི་ཆོས་ཐམས་ཅད་བསྟན་པའོ། །དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཞེས་བྱ་བ་ནས། ཤཱ་རི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལྔ་ཉེ་བར་ལེན་ཏོ་ཞེས་བྱ་བའི་བར་ན་གང་གི་ཕྱིར་བརྩོན་པར་བྱ་ཞེས་བྱ་བ་དེའི་བཤད་པའོ། །ཞེས་པ་ནས། དེ་ལྟར་རིམ་པ་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲིང་དུ་བཤད་པ་ཡོངས་སུ་རྫོགས་པར་བྱས་སོ། །འབྲིང་དུ་བསྟན་པ་འདི་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་བརྩམས་ཏེ། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བཟུང་ནས་དོན་དམ་པའི་བདེན་པའི་ཚུལ་དུ་བཤད་དོ། །དེའི་འོག་ཏུ་རྒྱས་པར་བཤད་པ་འདི་ནི་བྱང་ཆུབ་སེམས་དཔའི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་བརྩམས་ཏེ། རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་ནས། དྲང་དགོས་པ་རྣམས་ཀྱི་དོན་དུ་ཀུན་རྫོབ་པ་དང་དོན་དམ་པའི་དབང་གིས་རྣམ་པ་གཉིས་སུ་རྒྱས་པར་བཤད་ཏེ། དེའི་གོ་རིམ་ནི་འོག་ནས་དེ་ཉིད་ཀྱི་སྐབས་ནས་བསྟན་ཏོ། །དེ་ལ་རྣམ་གྲངས་བཅུ་གཅིག་ཅེས་བྱ་བ་ནི་དང་པོ་ཤཱ་རིའི་བུ་ལ་བཀའ་སྩལ་ཏེ་བཤད་པ་ནི་རྣམ་གྲངས་གཅིག་གོ ། ཞེས་སོགས་དང༌། དེ་ལྟར་མགོ་སྨོས་པའི་གོ་བ་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོར་བཤད་པ་ཡོངས་སུ་རྫོགས་པར་བྱས་ནས། བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་པ་དང༌། དེའི་འོག་ཏུ་གནས་བརྟན་ཤཱ་རིའི་བུས་རྣམ་པར་སྤྲོས་ན་གོ་བ་རྣམས་ཀྱི་དོན་དུ་འབྲིང་དུ་བཤད་པའི་སྐབས་དབྱེ་བའི་ཕྱིར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འཚལ་བས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱི་ཞེས་བྱ་བའི་ཞུ་བ་བརྩམས་སོ། །དེས་ནི་ཆོས་རྣམ་པ་བཞིས་ཞུས་པ་ཡིན་ཏེ། ཞེས་པ་ནས།སྤྱོད་པ་རྣམ་པ་བཞི་སྟོན་ཏོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་འདིས་ནི་སྤྱོད་པ་རྣམ་པ་བཞི་བསྟན་པ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང༌། ཉེ་བའི་ཉོན་མོངས་པ་མེད་པའི་བྱང་ཆུབ་ཀྱི་སྤྱོད་པ་དང༌། གནོད་པ་མེད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པ་དང༌། གོས་པ་མེད་པར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པའོ། །དེ་ལ་ཐབས་མཁས་པས་ནི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་འགྲུབ་བོ། །ཡོངས་སུ་འདྲིས་པའི་ཤེས་པས་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྤྱོད་པ་འགྲུབ་པོ། །སྙིང་རྗེས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པ་འགྲུབ་པོ། །ཤེས་རབ་ཀྱིས་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པ་འགྲུབ་པོ། །ཞེས་གསུངས་སོ། །རྣམ་གྲངས་དང་པོ་ཤཱ་རིའི་བུ་ལ་བཀའ་སྩལ་ཏེ་བཤད་པ་ནི། སེམས་བསྐྱེད་ནས་གདམས་ངག་གྀ་མངོན་ཤེས་དྲུག་ལ་གདམས་པའི་བར་དང༌། གནས་བརྟན་རབ་འབྱོར་གྱིས་རྒྱས་པར་བཤད་པའི་རྣམ་གྲངས་ནི། གདམས་ངག་གི་མཐོང་ལམ་ལ་གདམས་པ་ནས་ངེས་འབྱུང་སྒྲུབ་པའི་བར་ཏེ་སྐབས་དང་པོའི་མཇུག་བར་དང༌། བརྒྱ་བྱིན་ལ་བཀའ་སྩལ་བའི་རྣམ་གྲངས་ནས་བརྩམས་ཏེ་ལམ་ཤེས་པ་ནས་བཤད་པ་ཡིན་ཏེ། མདོ་ལུགས་མ་༨༠ལས། དེ་རྣམས་ཀྱིས་བརྩོན་པར་བྱེད་པའི་དབྱེ་བ་སོང་ཞིང་རྣམ་གྲངས་བཅུ་གཅིག་ལས་དང་པོ་བཤད་ཟིན་ཏོ། །ད་ནི་བརྩོན་པ་ལས་གདམས་པ་འཆད་པ་ནི། རྣམ་གྲངས་གཉིས་པ་རབ་འབྱོར་གྱིས་རྒྱས་པར་བཤད་པ་ནས་བརྩམས་ཏེ། འདིར་བཅོམ་ལྡན་འདས་ཀྱིས་ལྗགས་ཀྱི་དབང་པོ་ཕྱུང་ཞིང་ཕྱོགས་བཅུ་སྣང་བས་བཀང་སྟེ། མཐོང་སྒོམ་གྱི་གདམས་ངག་གསན་པའི་སྣོད་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་བསྡུ་བ་མཛད་དོ། །ཞེས་དང༌། ༡༨༩ དེ་ལྟར་ན་སྒོ་གསུམ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲིང་དུ་བསྟན་པའི་སྒོ་དང་རྣམ་གྲངས་བཅུ་གཅིག་ལས་གཉིས་པ་རབ་འབྱོར་གྱིས་ཁྲི་བརྒྱད་སྟོང་བར་རབ་འབྱོར་ལེའུ་ཉེར་གཅིག་ཡན་ཆད་ཀྱིས་རྒྱས་པར་བཤད་པ་སོང་ངོ༌། །ཞེས་དང༌། ད་ནི་བརྒྱ་བྱིན་གྱི་ལེའུ་ནས་གཉིས་པ་ལམ་ཤེས་པ་ཉིད་ཀྱི་དངོས་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་དག་པར་བཤད་དེ། དེ་ལ་རྣམ་གྲངས་གསུམ་པ་ནས་བརྩམས་ཏེ་རྒྱས་པར་བསྟན་པའི་སྒོ་ནི་དྲང་དགོས་པའི་གདུལ་བྱའི་དབང་གིས་བདེན་པ་གཉིས་ཀའི་ཚུལ་དུ་ལམ་ཤེས་པ་ཉིད་ལས་བརྩམས་ཏེ། ཞེས་སོགས་གསུངས་པའི་ཕྱིར་རོ། །འབྲིང་དུ་བསྟན་པའི་སྒོའི་སྐབས་སུ་བདེན་གཉིས་ཀྱི་ཚུལ་དུ་མ་བསྟན་ཚུལ་དང་རྒྱས་པར་བསྟན་པའི་སྒོའི་སྐབས་སུ་བདེན་གཉིས་ཀྱི་ཚུལ་དུ་བསྟན་ཚུལ་ལ་དཔྱད་པར་བྱའོ། །

དྲི་བ་གཉིས་པ་ནི།གནོད་འཇོམས་ལ་གཞུང་མི་འདྲ་བ་དུ་ཡོད་དང་ཡུམ་གསུམ་གནོད་འཇོམས་མཛད་པ་པོ་སུ་ཡིན་དང་སྒྲུབ་བྱེད་དག་གང་ཡིན་ཞེས་པའི་ལན།

དྲི་བ་གཉིས་པ་ནི།གནོད་འཇོམས་ལ་གཞུང་མི་འདྲ་བ་དུ་ཡོད་དང་ཡུམ་གསུམ་གནོད་འཇོམས་མཛད་པ་པོ་སུ་ཡིན་དང་སྒྲུབ་བྱེད་དག་གང་ཡིན་ཞེས་པའི་ལན།

གནོད་འཇོམས་ལ་གཞུང་མི་འདྲ་བ་དུ་ཡོད་དང་ཡུམ་གསུམ་གནོད་འཇོམས་མཛད་པ་པོ་སུ་ཡིན་དང་སྒྲུབ་བྱེད་དག་གང་ཡིན་ཞེས་པའོ། །ལན་ལ་གཞན་གྱི་འདོད་ཚུལ་དང༌། རང་ལུགས་གཉིས་ལས། དང་པོ་རྗེ་བློ་བཟང་གྲགས་པ་རྗེས་འབྲང་དང་བཅས་པས་ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱིས་མཛད་པ་མ་ཡིན་པར་མཆེ་བའི་སྡེས་མཛད་པར་འདོད་དེ། གསེར་ཕྲེང་ལས།བརྩམས་པར་དམ་བཅའི་རྐང་བ་འདི་གཉིས་གནོད་འཇོམས་གཉིས་ཀ་ལ་ཁྱད་མེད་པ་དང༌། མན་ངག་རྗེས་འབྲང་དུ་ཡང་ཉི་ཁྲིའི་གཞུང་འགྲེལ་ཞེས་གྲགས་ཀྱི་ཡུམ་གསུམ་གཞུང་འགྲེལ་ཞེས་པ་མི་སྣང་བ་དང༌། ཉན་ཐོས་ཀྱི་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་རྣམ་འགྲེལ་དུ་ཁ་འཕངས་བ་དང༌། ལྔ་བརྒྱ་པ་ཐ་མའི་འགྲེལ་བར་བསྟན་པའི་གནས་ཚད་ལ་རང་ཉིད་ཀྱི་འདོད་པ་བཀོད་ནས་ཤཱནྟི་རཀྵི་ཏའི་བསམ་པ་ནི་ཞེས་ཞི་མཚོའི་བཤད་ཡམས་མཛད་པའི་ཕྱིར་མཆེ་བའི་སྡེས་བརྩམས་པ་ཡིན་ནམ་སྙམ་སྟེ། བློ་གསལ་ཞིང་ཡིད་གཞུངས་པ་དག་གིས་དཔྱད་པར་བྱའོ། །ཞེས་དང༌།འདི་ལྟར་མདོ་གསུམ་གར་ཞེ་གཉིས་པའི་ཐད་དུ་བྱང་ཆེན་སེམས་དང་པོ་བསྐྱེད་ཕྱིན་ཆད་ཕྱིར་མི་ལྡོག་པའི་ས་ཐོབ་ཀྱི་བར་དུ་ནམ་ཡང་དགེ་བཅུའི་ལས་ཀྱི་ལམ་མི་གཏོང་བ་དག་ཀྱང་ཡོད་དོ། །ཞེས་པ་ནི་ཡུམ་གསུམ་གནོད་འཇོམས་སུ་མ་བགྲངས་པར་ཕྱོགས་བཅུའི་འགྲེས་ཀྱི་སྐབས་སུ་མདོ་ལས་སེམས་དཔའ་བཅུ་ཡོད་པར་གསུངས་པ་ལ་ཕྱོགས་བཅུ་བོ་རེ་རེ་དང་བཅུ་སྡོམ་པ་ལ་གཅིག་ཏུ་བྱས་ནས་བགྲངས་སོ། །འབུམ་གྱི་གནོད་འཇོམས་ལས་བཅུ་པོ་བསྡོམས་པ་མདོ་ན་མེད་པས་དེ་མ་བགྲངས་བར་མདོ་ན་ཡོད་པའི་དགེ་བཅུའི་ལམ་མི་གཏོང་བ་བགྲངས་ཏེ་འདི་ཤིན་ཏུ་ལེགས་ཏེ་མདོ་གསུམ་ག་འགྲིག་པས་སོ། །དེས་ན་གནོད་འཇོམས་ཆེ་བས་ཡོད་པ་བཞག་ནས་མེད་པ་བཙལ་བ་འདིས་ཀྱང་དབྱིག་གཉེན་གྱི་ཡིན་པ་ལ་ཐེ་ཚོམ་ཟའོ། །ཞེས་གསུངས་པའི་ཕྱིར་རོ། །གསེར་ཕྲེང་ལས་བཅུ་སྡོམ་པ་ལ་གཅིག་ཏུ་བྱས་ནས་བགྲངས་གསུངས་པའི་ཡུམ་གསུམ་གནོད་འཇོམས་ཀྱི་ལུང་ནི། ཇི་སྐད་དུ། ༡༢༤ སུམ་ཅུ་རྩ་བདུན་པ་དག་ནི། ཕྱོགས་བཅུའི་སེམས་ཅན་ཡོངས་སུ་སྨིན་པར་བྱས་ནས་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་བསྙེན་བཀུར་བྱས་ཏེ། དེ་ན་མཐོང་བའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་ཁྱད་པར་བཟུང་ནས་བདག་གི་སངས་རྒྱས་ཀྱི་ཞིང་དུ་བསྒྲུབས་ཏེ། དེ་ནི་སྐྱེ་བ་གཅིག་གིས་ཐོགས་པར་གནས་སོ། །ཞེས་པའོ། །ཡང་དེ་ལས་ཉན་ཐོས་ཀྱི་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་རྣམ་འགྲེལ་དུ་྄ཁ་འཕངས་གསུངས་པ་ནི། ཡུམ་གསུམ་གནོད་འཇོམས་༧༣ལས། སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་ཅེས་བྱ་བ་ལ། ཉན་ཐོས་ཀྱི་རྣམ་པར་རྟོག་པ་རྣམས་ནི། ཇི་སྐད་དུ་རྣམ་འགྲེལ་ལས་བཤད་པ་བཞིན་ནོ། །བྱང་ཆུབ་སེམས་དཔའི་རྣམ་པར་རྟོག་པ་ནི་ནམ་ཞིག་དབུལ་བས་ཉེན་པའི་སེམས་ཅན་འབྱོར་བ་ཆེན་པོ་ལ་འཇོག་ནུས་སྙམ་དུ་རྣམ་པར་རྟོག་པ་དང༌། ཞེས་པ་ནས། འདི་དག་ནི་སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་དོ། །ཞེས་པའོ། །ཡང་གསེར་ཕྲེང་ལས།ཞི་འཚོའི་བཤད་ཡམས་མཛད་ཅེས་པ་ནི།ཡུམ་གསུམ་གནོད་འཇོམས་༣༢༠ལས། ལྔ་བརྒྱ་པ་ཐ་མ་ཞེས་བྱ་བ་ནི། བརྒྱ་ཕྲག་ལྔ་བསྡུས་པ་ལ་ལྔ་བརྒྱ་ཞེས་བྱའོ། །༔དེ་བཞིན་གཤེགས་པའི་དམ་པའི་ཆོས་གནས་པའི་དུས་ནི་ལོ་ལྔ་སྟོང་ངོ་ཞེས་གསུངས་སོ། །ལོ་ལྔ་སྟོང་ལ་ཕྱེད་ཕྱེད་དུ་བཅད་དེ་ལོ་ལྔ་བརྒྱ་ལྔ་བརྒྱའི་དབང་དུ་བྱས་ལ་ལྔ་བརྒྱ་ཕྲག་བཅུ་འགྱུར་རོ། །དེ་ལ་ལེའུ་བཅུ་སྟེ། ཐོག་མར་ཁུང་དུ་ཆུད་པའི་ལེའུ་དང༌། སྒྲུབ་པའི་ལེའུ་དང༌། ལུང་གི་ལེའུ་སྟེ་ལེའུ་གསུམ་མོ། །དེ་ལ་ཁོང་དུ་ཆུད་པའི་ལེའུ་ལ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ་དགྲ་བཅོམ་པའི་ལེའུ་དང༌། ཕྱིར་མི་འོང་བའི་ལེའུ་དང༌། རྒྱུན་དུ་ཞུགས་པའི་ལེའུའོ། །སྒྲུབ་པའི་ལེའུ་ལ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ་ལྷག་མཐོང་གི་ལེའུ་དང༌། ཏིང་ངེ་འཛིན་གྱི་ལེའུ་དང༌། ཚུལ་ཁྲིམས་ཀྱི་ལེའུའོ། །ལུང་གི་ལེའུ་ལ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ཆོས་མངོན་པའི་སྡེ་སྣོད་དང༌། མདོ་སྡེའི་སྡེ་སྣོད་དང༌། འདུལ་བའི་སྡེ་སྣོད་དེ་ལེའུ་དགུ་བོ་དེ་དག་དང༌། རྟགས་ཙམ་གྱི་ལེའུ་དང་བཅུར་འགྱུར་རོ། །དེ་ལ་ལེའུ་རེ་རེ་ཡང་ལོ་ལྔ་བརྒྱ་ལྔ་བརྒྱ་ཐོགས་ཏེ། དེ་ལྟར་ལེའུ་བཅུ་པོ་པ་བདག་གིས་ལོ་ལྔ་བརྒྱ་ཕྲག་བཅུ་ལ་ལོ་ལྔ་སྟོང་དུ་འགྱུར་རོ། །དེ་ལ་ལྔ་བརྒྱ་ཐམས་ཅད་ཀྱི་དང་པོ་ལ་དགྲ་བཅོམ་པ་ལྔ་བརྒྱ། གཉིས་པ་ལ་ཕྱིར་མི་འོང་བ། ཞེས་པ་ནས། དགུ་བ་ལ་འདུལ་བ། ལྔ་བརྒྱ་བཅུ་པ་ལ་རྟགས་ཙམ་སྟེ། འདི་ཉིད་ལ་ལྔ་བརྒྱ་པ་ཐ་མ་ཞེས་བྱའོ། །ཁ་ཅིག་ན་རེ་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་བརྒྱ་ཐུབ་སྟེ་དེ་ལ་ལོ་ལྔ་བཅུ་པ་སྔ་མ་ལ་ནི་མི་རྣམས་ཁ་དོག་དང་གཟུགས་དང་སྟོབས་དང་ཤེས་རབ་ལ་སོགས་པ་ལ་མངོན་པར་འཕེལ་བ་ཡིན་ལ། ལྔ་བཅུ་ཕྱི་མ་ལ་ནི་འགྲིབ་པ་ཡིན་ནོ། །དེ་བཞིན་དུ་དུས་ཀྱི་མཐའ་བསྟན་པ་འགྲིབ་པའི་དུས་ཀྱང་ལྔ་བཅུ་པ་ཕྱི་མ་དང་འདྲ་བས་ལྔ་བརྒྱ་པ་ཐ་མ་ཞེས་གདགས་སོ། །ཞེས་ཟེར་རོ། །འདི་མན་ཆོས་གྲགས་དཔལ་སོགས་ཀྱིས་བསྒྱུར་བཅོས་མཛད་པའི་གནོད་འཇོམས་དང་ཅོ་ནེའི་ཤིང་པར་གཉིས་ན་མེད་པས་མཆན་ཡིན་པ་འདྲའོ། །༈དེ་དེ་ལྟར་བྱས་ན་དེ་བཞིན་གཤེགས་པའི་བསྟན་པ་གནས་པའི་དུས་ལོ་གཉིས་སྟོང་ལྔ་བརྒྱ་འགྱུར་ཏེ། ཊཱིཀ་འདི་དང་འགལ་བར་སྣང་བ་ཤནྟ་རཀྵི་དེའི་བསམ་པ་ནི་དགྲ་བཅོམ་པའི་ལེའུ་དང༌།ཏིང་ངེ་འཛིན་གྱི་ལེའུ་བར་ལ་དམ་པའི་ཆོས་གནས་སོ་ཞེས་བྱ་བར་བསམ་པ་ཡིན་ཏེ་འཆད་པའི་ལུགས་ལ་ཇི་སྐད་འཆད། ལ་ལ་ཇི་སྐད་དུ་འཆད་དེ། སྤྱིར་ལོ་ལྔ་སྟོང་དུ་མཐུན་ནོ། །ཞེས་གསུངས་སོ། །གཉིས་པ་རང་ལུགས་ནི། སྐབས་འདིར་ཡུམ་གསུམ་གནོད་འཇོམས་མཁན་པོ་དབྱིག་གཉེན་སྐུ་འདས་རྗེས་སུ་མཁན་ཆེན་ཞི་འཚོའམ་ཤནྟི་རཀྵིཏ་བྱུང་བ་ཡིན་མིན་དང་ཤནྟི་རཀྵིཏ་ལ་སློབ་དཔོན་མི་འདྲ་བ་གཉིས་ཡོད་ཚུལ་དཔྱད་གཞི་ནི་འདི་ལྟར་ཏེ། རྒྱ་གར་ཆོས་འབྱུང་༡༡༧ལས། སློབ་དཔོན་འཕགས་པ་ཐོགས་མེད་རབ་ཏུ་བྱུང་བའི་ཕྱི་དེའི་ལོར་འཁྲུངས་སྟེ། སློབ་དཔོན་འདི་གཉིས་ཡུམ་གཅིག་པའི་སྐུ་མཆེད་དོ། །ཞེས་དང༌། ཡང་དེ་༡༢༤ལས། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་རབ་ཏུ་བྱུང་ནས་ཆོས་ཀྱི་བྱ་བ་ལོ་བདུན་ཅུ་རྩ་ལྔ་ཙམ་མཛད། ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །གསུངས་པའི་ལུང་བསྟན་པའི་ལོ་ནི་ཕྱེད་ཡིན་ཞིང་ཆོས་ཀྱི་འཚོ་བའི་དབང་དུ་མཛད་པ་དང་འགྲིག ལོ་སུམ་ཅུ་ལྷག་ཅིག་འགྲོ་དོན་ངེས་པར་མཛད་ལ། རྒྱ་གར་བ་ཁ་ཅིག་བཞི་བཅུ་ལྷག་པར་མཛད་པར་འདོད་པའི་ལུགས་ཀྱང་སྣང༌། སློབ་དཔོན་དབྱིག་གཉེན་གྱིས་དགུང་ལོ་བརྒྱར་ཉེ་བ་ཙམ་བཞུགས་ཤིང༌། འཕགས་པ་ཐོགས་མེད་བཞུགས་པའི་དུས་ཉིད་དུའང་ལོ་མང་པར་འགྲཽ་བའི་དོན་ཆེར་མཛད། འཕགས་པའི་རྗེས་སུ་ལོ་ཉི་ཤུ་རྩ་ལྔ་ཙམ་འགྲོ་བའི་དོན་མཛད་དོ། །སློབ་དཔོན་འདི་དང་བོད་ཀྱི་རྒྱལ་པོ་ལྷ་ཐོ་རི་གཉན་བཙན་དུས་མཉམ་མོ་ཞེས་གྲགས་པ་ལྟར་ཡང་འཐད་དོ། །ཞེས་དང༌། དེ་༢༠༤ལས། བོད་ཀྱི་ཡུལ་དུ་བྱོན་པའི་ཨཱ་ཙརྱ་བོ་དྷི་ས་ཏྭ་ནི། རྒྱལ་པོ་གཽ་པཱ་ལ་ནས་རྒྱལ་བོ་དྷརྨ་པཱ་ལའི་བར་དུ་ནི་ངེས་པར་བཞུགས་པར་མངོན་ལ། བོད་ཀྱི་ལོ་རྒྱུས་ཁུངས་ཆེ་བར་བྱས་པ་ཀུན་ན་ནི་བོད་ཀྱི་རྒྱལ་རབས་དགུ་མཁན་པོའི་སྐུ་ཚེའི་རིང་ལ་འདས་ཟེར་བར་སྣང་བས་དེ་ལྟ་ན་ནི། ཐོགས་མེད་སྐུ་མཆེད་ཀྱི་ཞབས་ཟིན་པ་ཙམ་དུ་བྱེད་དགོས་ཏེ། ཇི་བཞིན་ཡིན་པར་དཀའ་འོ། །འདི་དང་དབུ་མ་རྒྱན་མཛད་པ་པོ་མཁན་ཆེན་ཞི་བ་འཚོ་གཉིས་གཅིག་པར་ཀུན་ཏུ་གྲགས་ཤིང༌།བོད་ཀྱི་མཁས་པ་ཆེན་པོ་ཐམས་ཅད་ཀྱིས་ཀྱང་གཅིག་པར་མཛད་འདུག་པས་རེ་ཞིག་དེ་ལ་ཡིད་བརྟན་བྱ་སྟེ། དེ་ལྟར་ན་རྒྱལ་པོ་གཽ་པཱ་ལའི་དུས་ཉིད་དུ་པནྚི་ཏ་ཆེན་པོར་གྱུར་པ། རྒྱལ་པོ་འདིའི་དུས་སུ་གཙོ་བོར་འགྲོ་དོན་མཛད་པ་ཞིག་ཡིན་ནོ། །ལྷ་བཙན་པོ་ཁྲི་སྲོང་སྡེ་བཙན་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ནི། མཁན་པོ་བོ་དྷི་ས་ཏྭའི་མཚན་དྷརྨ་ཤཱནྟི་གྷོ་ཥ་སྟེ་ཆོས་ཞི་བའི་དབྱིངས་ཞེས་པ་ཡིན་པར་བཤད་ཀྱང༌།མཚན་དུ་མ་འབྱུང་བ་མི་འགལ་ཞིང༌། རང་གི་མཁན་བུ་སད་མི་མི་བདུན་ཀུན་ལའང་རཀྵི་ཏ་ཞེས་པའི་ཤཱནྟ་རཀྵི་ཏའི་མཚན་ཟུར་རེ་ཡང་འདུག་པས་མཚན་གྱི་རྣམ་གྲངས་ཞི་བ་འཚོ་ཡང་ངེས་པར་ཡིན་ནོ། །འོན་ཀྱང་ཡེ་ཤེས་སྙིང་པོས་མཛད་པའི་དབུ་མ་བདེན་གཉིས་ཀྱི་འགྲེལ་བཤད་མཛད་མཁན་གྱི་ཞི་བ་འཚོ་དང༌། དབུ་མ་རྒྱན་མཛད་པ་པོ་ཞི་བ་འཚོ་མི་གཅིག་པར་འདོད་པ་ལྟར་ན། དེ་གཉིས་ལས་གང་ཡིན་བརྟག་དགོས་པ་ཙམ་སྣང་ངོ༌། །ཞེས་གསུངས་སོ། །ཡུམ་གསུམ་གནོད་འཇོམས་སུ་ཤཱནྟ་རཀྵི་ཏའི་བཤད་ཚུལ་གསུངས་པས་ཤཱནྟི་རཀྵི་ཏ་དབྱིག་གཉེན་གྱི་རྗེས་སུ་བྱུང་ན་ཡུམ་གསུམ་གནོད་འཇོམས་མཛད་པ་པོ་དབྱིག་གཉེན་མ་ཡིན་པར་འགྱུར་ལ། དུས་མཉམ་དུ་བྱུང་ན་རྒྱ་གར་ཆོས་འབྱུང་དུ།ཐོགས་མེད་སྐུ་མཆེད་ཀྱི་ཞབས་ཟིན་པ་ཙམ་དུ་བྱེད་དགོས་ཏེ།ཇི་བཞིན་ཡིན་པར་དཀའ་འོ། །ཞེས་གསུངས་པ་སོགས་ཀྱིས་ལོ་ཚིགས་ལ་དཔྱད་དགོས་སོ། །འཇམ་པའི་དབྱངས་དངོས་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་ཕར་ཕྱིན་སྣང་བའི་རྒྱན་ལས། ཞི་འཚོ་ནི་དབྱིག་གཉེན་སྐུ་གཤེགས་པའི་རྗེས་སུ་བྱུང་བ་གང་ཞིག་གནོད་འཇོམས་སུ་བསྟན་པ་ལྔ་བརྒྱ་ཐ་མ་རྣམས་ཀྱི་འགྲེལ་བྱེད་པའི་སྐབས་སུ་ཞི་འཚོའི་བཤད་ཚུལ་བཀོད་པའི་ཕྱིར། ཞེས་གསུངས་སོ། །གསེར་ཕྲེང་ལྟར་ན་འབུམ་གྱི་གནོད་འཇོམས་དང༌། ཉི་ཁྲིའི་གཞུང་འགྲེལ་གནོད་འཇོམས་དང༌། ཡུམ་གསུམ་གནོད་འཇོམས་དང་གསུམ་ཡོད་པ་ཡིན་ནམ་དཔྱད་པར་བྱའོ། །རང་ལུགས་གནོད་འཇོམས་ལ་ཡུམ་གསུམ་གནོད་འཇོམས་དང༌། འབུམ་གྱི་གནོད་འཇོམས་དང་གཉིས་ཡོད་དེ། ཉ་ཊཱིཀ་ལས། གླེང་གཞི་སོགས་སྐབས་དུུ་མར་གནོད་འཇོམས་གཉིས། ཞེས་གསུངས་སོ། །རྗེརིན་པོ་ཆེས་འབུམ་གྱི་གནོད་འཇོམས་མཛད་པ་པོ་་ཁྲི་སྲོང་ལྡེ་བཙན་ཡིན་པ་དང༌། བུ་སྟོན་གྱིས་དཾཥྟ་སེ་ནས་བྱས་པར་འདོད་ལ། རང་ལུགས་ལ་སློབ་དཔོན་དཔའ་བོ་ཡིན་པ་འདྲ་སྟེ། བདེན་གཉིས་གསལ་བའི་ཉི་མ་ལས། སློབ་དཔོན་དཔའ་བོའི་འབུམ་ཊཱིཀ་ཏུ། ཞེས་གསུངས་པས་དེ་འབུམ་གྱི་གནོད་འཇོམས་ལས་གཞན་མ་ཡིན་པར་སྣང་བས་སོ། །དེ་ལྟར་སྟག་ཚང་ལོ་ཙཱ་བའི་གྲུབ་མཐའ་ཀུན་ཤེས་ཀྱི་རང་འགྲེལ་ལས། སྒོ་གསུམ་རྣམ་གྲངས་བཅུ་གཅིག་ཏུ་བསྡུ་བ་དཔའ་བོའི་འབུམ་ཊཱིཀ་སྟེ། ཞེས་གསུངས་སོ། །དེ་ལྟར་ན་ཀུན་མཁྱེན་གྱི་སྟོང་ཕྲག་ཉི་ཤུ་ལྔ་པའི་བཤད་པ་ལས། ཆོས་ཀྱི་འཁོར་ལོ་ལན་གཉིས་པ་བསྐོར་བ་མཐོང་ངོ༌། ཞེས་བྱ་བའི་དོན་ཏོ། །ཞེས་དབུ་མ་པ་དཾཥྟ་སེ་ན་གསུངས། ཞེས་དཾཥྟ་སེ་ནས་གསུངས་སའི་གཞུང་འབུམ་གྱི་གནོད་འཇོམས་མིན་ན་དེ་གང་ཡིན་ལ་དཔྱད་དགོས་སོ། །ཉ་ཊཱིཀ་ཀྱིས་སྐབས་དུ་མར་གནོད་ཆེ་བ་ཞེས་གསུངས་པས་དེ་ཆེ་བ་ཞིག་ཡོད་ན་དེ་ཆུང་བ་ཞིག་ཡོད་དགོས་པ་དང༌། ཁྲི་བརྒྱད་སྟོང་བའི་རྫོགས་ལྡན་གྱི་བཤད་པ་ལས། གནོད་འཇོམས་ཆེ་ཆུང་གཉིས་ཀར་ནས་གསུངས་སོ་ཞེས་པས་གནོད་འཇོམས་ཆུང་བ་ཡོད་པར་གྲུབ་པ་དང༌། གནོད་འཇོམས་ཆུང་བ་ལས།འཕྲོ་བ་ནི་རྟག་པར་ལྟ་བའོ། །ཞེས་སོགས་གསེར་ཕྲེང་དུ་སྐབས་དུ་མར་གནོད་འཇོམ་ཆུང་བ་ཞེས་པའི་ལུང་ཤེས་བྱེད་བཀོད་པའི་གནོད་འཇོམས་དེ་འབུམ་གྱི་གནོད་འཇོམས་ཡིན་ནམ་དེ་ཡིན་ན་དེ་ཆུང་བ་ཡིན་པའི་རྒྱུ་མཚན་དཔྱད་པར་བྱའོ། །ཉ་ཊཱིཀ་ལས། ཉི་ཁྲི་གཞུང་འགྲེལ་ཆུང་བ་སོགས་མང་པོ་སྣང་ངོ། །ཞེས་པའི་ཉི་ཁྲི་གཞུང་འགྲེལ་ཆུང་བ་མཛད་པ་པོ་སུ་ཡིན་དང༌། རྒྱ་གར་ཆོས་འབྱུང་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་ལྔ་སྟོང་པ་དང་བློ་གྲོས་མི་ཟད་པས་བསྟན་པ་དང༌། ས་བཅུ་པ་དང༌། ཞེས་པ་ནས།གཞན་འགྲེལ་དུ་བརྩམས་པ་ལྔ་བཅུ་ཙམ་དང༌། ཞེས་པའི་ཉི་ཁྲི་ལྔ་སྟོང་པའི་འགྲེལ་བ་དང་ཡུམ་གསུམ་གནོད་འཇོམས་འདྲ་བ་ཡིན་ནམ་དཔྱད་དགོས་ཏེ། མན་ངག་རྗེས་འབྲང་༡༣ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན་པའི་སྒོ་གསུམ་དང་རྣམ་གྲངས་བཅུས་རབ་ཏུ་འཇུག་པ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་རྣམ་པར་བཞག་པ་ཡིན་ནོ། །ཞེས་དང༌། དེ་༡༤ལས། དེ་ལ་རྣམ་གྲངས་བཅུ་ནི། རབ་འབྱོར་ལ་བཀའ་སྩལ་ནས་བསྟན་པ་བསྡུས་པ་ཞེས་བྱ་བ་ནི་རྣམ་གྲངས་གཅིག་གོ ། ཞེས་པ་ནས། དེ་ལྟར་རེ་ཞིག་ཉི་ཁྲིའི་གཞུང་འགྲེལ་གྱི་རྗེས་སུ་འབྲངས་ནས་མདོའི་རིམ་པ་བརྗོད་པར་བྱེད་པ་ན་ཐམས་ཅད་ལ་ལྟོས་ནས་བྱས་པ་ཡིན་ནོ། །ཞེས་རྣམ་གྲངས་བཅུ་ལས་བཅུ་གཅིག་མ་གསུངས་པ་དང༌། དང་པོ་རབ་འབྱོར་ལ་བཀའ་སྩལ་བ་བསྡུས་པ་ཞེས་བྱ་བའི་རྣམ་གྲངས་ཡིན་པར་གསུངས་པས་སོ། །འོན་ཀྱང་དེ་༡༣ལས། གནས་བརྟན་རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་ལ། བསྐལ་བ་གྲངས་མེད་པར་བརྩམས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟབ་མོ་ལ་བཟོད་པ་ཅན་ཞེས་བྱ་བའི་གྲགས་པ་བསྒྲགས་པ་ཞེས་བྱ་བ་ནི་ཉི་ཁྲིའི་གཞུང་འགྲེལ་ལས་སོ། །ཞེས་གསུངས་པ་ནི་ཡུམ་གསུམ་གནོད་འཇོམས་༡༢༩སུུ་ཚིག་ཇི་ལྟ་བ་བཞིན་ཡོད་དོ། །ཡུམ་གསུམ་གནོད་འཇོམས་མཛད་པ་པོ་ནི། སློབ་དཔོན་དབྱིག་གཉེན་ཡིན་ཏེ། ལོ་ཙཱ་བ་ཆོས་གྲགས་དཔལ་སོགས་ཀྱིས་བོད་དཔེ་བཞི་དང་རྒྱ་གར་ཡུལ་དབུས་ཀྱི་དཔེ་གཉིས་ལ་གཏུགས་ནས་བསྒྱུར་བཅོས་བྱས་པའི་ཡུམ་གསུམ་གནོད་འཇོམས་འགྱུར་བྱང་ལས། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་དང་ཁྲི་བརྒྱད་སྟོང་བའི་ཡོངས་སུ་བཤད་པ་རྫོགས་པ་ཁྱད་པར་དུ་འཕགས་པ་དང༌།ཉི་ཁྲི་ལྔ་སྟོང་པ་ཅུང་ཟད་བཤད་པ་འདི་ནི་མདོ་སྡེ་མཐའ་དག་གི་དེ་ཁོ་ན་ཉིད་རིག་ཅིང་འཕགས་པ་བྱམས་པ་མགོན་པོའི་ཞབས་རང་ཉིད་ཀྱིས་རྗེས་སུ་བཟུང་བའི་སློབ་དཔོན་དབྱིག་གཉེན་ཞབས་ཀྱིས་མཛད་པ་རྫོགས་སོ། །འདིའི་གཞུང་གི་ཚད་ནི་ཤུ་ལོ་ཀ་དགུ་སྟོང་ལྔ་བརྒྱའོ་ཞེས་པ་རྣམས་ཀྱི་སྐད་དོད་རྒྱ་དཔེ་གཉིས་ལ་འདུག་པ་མཛད་པ་པོ་ཤེས་པར་བྱ་བའི་དོན་དང་མཛད་པ་པོ་ཁྱད་པར་དུ་འཕགས་པར་རྟོགས་པའི་དོན་དུ་གསར་དུ་བསྒྱུར་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཀའ་མཐའ་དག་གི་དོན་མ་ལུས་པར་འགྲེལ་བའི་བླ་ན་མེད་པའི་རྒྱས་འགྲེལ་ཆེན་པོ་འདི་ཉིད་ཀྱི་དོན་རྩོམ་པ་པོ་ཉིད་ཀྱི་དགོངས་པ་ཇི་ལྟ་བ་བཞིན་བླངས་ནས་དགའ་བའི་ལོ་ནག་པ་དང་ས་གའི་ཟླ་བ་ལ་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོར། དཔལ་ལྡན་བླ་མ་དམ་པ་ཀུན་མཁྱེན་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འབུམ་པ་དང་ཁྲི་བརྒྱད་སྟོང་པ་དང་ཉི་ཁྲི་ལྔ་སྟོང་པ་རྣམས་ལ་མངོན་པར་རྟོགས་པའི་རྒྱན་གྱིས་སྐབས་ཕྱེ་ནས་ཡོངས་སུ་རྫོགས་པར་གསུངས་པའི་ཚེ་འགྲེལ་ཆེན་འདི་གཉིས་ཀྱི་དཔེ་མང་དུ་ཚོགས་པ་ལས་མི་མཐུན་པ་དང་མ་དག་པར་གྱུར་པ་ཅི་རིགས་པར་གཟིགས་ནས་བསྟན་པ་རིན་པོ་ཆེའི་ཞབས་ཐོག་ལ་སོམས་ལ་ཤིན་ཏུ་དག་པར་གྱིས་ཤིག་ཅེས་བཀས་བསྐུལ་བ་བཞིན། བརྡ་སྤྲོད་པའི་བསྟན་བཅོས་ཅུང་ཟད་རིག་ཅིང་ལེགས་པར་སྦྱར་བའི་སྐད་ལ་བློ་ཁ་ཅུང་ཟད་ཕྱོགས་པ་ཤཱཀྱའི་བཙུན་པ་ཆོས་གྲགས་དཔལ་བཟང་པོ་དང༌། སྡེ་སྣོད་འཛིན་པ་འཇིགས་མེད་གྲགས་པ། བློ་གྲོས་ཆོས་འཁོར། དཔལ་ལྡན་རྒྱལ་མཚན། བསོད་ནམས་གྲགས། སྦྱིན་པ་དཔལ།བསོད་ནམས་བཟང་པོ་རྣམས་ཀྱིས་བོད་དཔེ་བཞི་དང་རྒྱ་གར་ཡུལ་དབུས་ཀྱི་དཔེ་གཉིས་དང༌། གཞུང་དྲངས་པ་རྣམས་ཁྲི་བརྒྱད་སྟོང་པ་དག་ཡང་གཏུགས་ཏེ་ཤིན་ཏུ་དག་པར་བགྱིས་སོ། །འདི་ནི་བོད་ཀྱི་ཡུལ་དུ་བོད་ཀྱི་སྐད་ཀྱིས་ཆོས་འདྲི་བར་འགྱུར་རོ། །ཞེས་སྡུད་པ་པོར་ལུང་བསྟན་པ་བཞིན་ལོ་པཎ་དམ་པ་འདི་དག་གིས་བསྒྱུར་པ་ཉིད་ཡིད་ཆེས་ཀྱི་གནས་ཡིན་པས་འགྱུར་བཅོས་ཅུང་ཟད་ཙམ་ཡང་མ་བགྱིས་ཤིང་ཤིན་ཏུ་དག་པར་ཡོད་པས་སླད་ནས་དྲི་བ་རྣམས་ཀྱི་ཀྱང་འདི་ཁོ་ན་བཞིན་མཛད་པར་ཞུ། །ཞེས་དང༌། མདོ་ལུགས་མ་ལས། རྒྱལ་བ་བྱམས་པའི་དངོས་སློབ་ཤིང་རྟ་ཆེན་པོ་སློབ་དཔོན་དབུ་མ་པ་དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱང༌། འབུམ་པ་དང་ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་སྟོང་པ་སྟེ། ཡུམ་རྒྱས་འབྲིང་བསྡུས་པ་གསུམ་གྱི་གཞུང་འགྲེལ་གནོད་འཇོམས། ཞེས་གསུངས་སོ། དེ་དང་གསུངས་ཟིན་ཅུང་ཟད་མི་འདྲ་བ་བཀའ་བཞི་བ་བསོད་ནམས་བཟང་པོའི་མཛད་པས་ཆོས་འབྱུང་རིན་པོ་ཆེའི་གཏེར་ལས། སྒོ་གསུམ་རྣམ་གྲངས་བཅུ་གཅིག་ཏུ་སྟོན་པ་འབུམ་ཊཱིཀ་སྟེ། འདི་བུ་དོལ་གཉིས་དབྱིག་གཉེན་གྱི་གཞུང་འགྲེལ་དུ་བཞེད་ཅིང་མཁས་པ་གནས་དྲུག་པ་དང་མཁན་ཆེན་ཀུན་དགའ་དཔལ་ལ་སོགས་པ་རྒྱུ་མཚན་དུ་མའི་སྒོ་ནས་དབྱིག་གཉེན་གྱི་མིན་པར་བཞེད་དོ་ཕྱི་མ་འཐད་པར་སེམས་སོ། །ཞེས་སོ། །འོན་ཀྱང་ཉ་ཊཱིཀ་ལས། འདི་དབྱིག་གཉེན་གྱི་གཞུང་འགྲེལ་ཡིན་ཞེས་བཅོམ་རལ་དང་ཆོས་རྗེ་ཀུན་མཁྱེན་པ་གསུངས་ཤིང་བུ་སྟོན་རིན་པོ་ཆེའང་ཕུགས་ཀྱིས་དེར་བཞེད་མོད་ཀྱི། འོན་ཀྱང་འབུམ་འགྲེལ་གནོད་འཇོམས་དང་ཡུམ་གསུམ་གཞུང་འགྲེལ་གནོད་འཇོམས་མ་ཕྱེད་སྣང་ངོ༌། །ཁ་ཅིག་ཡུམ་གསུམ་འགྲེལ་བ་གནོད་འཇོམས་འདི་དཾཥྟ་སེ་ནས་མཛད་ཅིང༌། འབུམ་འགྲེལ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པར་གསལ་ཟེར་རོ། །ཞེས་གསུངས་སོ། །འདིར་བུ་སྟོན་རིན་པོ་ཆེས་འབུམ་འགྲེལ་གནོད་འཇོམས་དང་ཡུམ་གསུམ་གཞུང་འགྲེལ་གནོད་འཇོམས་ཁྱད་མ་ཕྱེས་པ་ལྟ་བུ་གསུངས་པ་ལ་དཔྱད་པར་བྱ་བ་འདི་ཡོད་དེ། བུ་སྟོན་ཆོས་འབྱུང་ལས། རྒྱལ་བའི་ཡུམ་སྟོང་ཕྲག་བརྒྱ་བའི་འགྲེལ་ཆེན་བམ་པོ་བདུན་ཅུ་རྩ་བརྒྱད་ཅུང་ཟད་མ་འགྱུར་བ་འདི་འཕང་ཐང་མར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བྱས་པར་བྲིས་མོད་ཀྱི་དཀར་ཆག་གོང་མ་གཉིས་སུ་རྒྱ་གར་མར་བཤད་པས་དཾཥྟ་སེ་ནས་བྱས་པ་དེ་ཡིན་ནོ། །རྒྱལ་བའི་ཡུམ་སྟོང་བརྒྱ་པ་དང༌། ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་སྟོང་བ་རྣམས་ཀྱི་གཞུང་འགྲེལ་བམ་པོ་ཉི་ཤུ་རྩ་བདུན་པ་བསྒྱུར་འཕྲོ་དཾཥྟ་སེ་ནས་བྱས་ཟེར་བ་མང་མོད་ཀྱི་འདི་ནི་དབྱིག་གཉེན་གྱི་གཞུང་འགྲེལ་ཡིན་ཏེ། ཐུབ་པ་དགོངས་རྒྱན་ལ་སོགས་པར་ཉི་ཁྲི་གཞུང་འགྲེལ་ལས་དྲངས་པའི་ཚིག་རྣམས་དེར་ཇི་ལྟ་བ་བཞིན་སྣང་བའི་ཕྱིར་དང༌། དབུར་ཡང༌། འདི་ཡི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད། །ཅེས་སོགས་གསུངས་པས་དེ་གཉིས་ཁྱད་ཕྱེས་པར་སྣང་བས་མ་ཕྱེས་གསུངས་པ་ལ་དཔྱད་པར་བྱའོ། །

དྲི་བ་གསུམ་པ་ནི།ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་མཆོད་བརྗོད་ཀྱི་སྐབས་ནས་བསྟན་པའི་མཁྱེན་གསུམ་ངོ་བོ་ཐ་དད་དང་ངོ་བོ་གཅིག་གང་ཡིན་དང་དེ་དག་ལ་འཕགས་ལམ་དགོས་སམ་ཅི་ཞེས་པའི་ལན།

དྲི་བ་གསུམ་པ་ནི།ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་མཆོད་བརྗོད་ཀྱི་སྐབས་ནས་བསྟན་པའི་མཁྱེན་གསུམ་ངོ་བོ་ཐ་དད་དང་ངོ་བོ་གཅིག་གང་ཡིན་དང་དེ་དག་ལ་འཕགས་ལམ་དགོས་སམ་ཅི་ཞེས་པའི་ལན།

ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་མཆོད་བརྗོད་ཀྱི་སྐབས་ནས་བསྟན་པའི་མཁྱེན་གསུམ་ངོ་བོ་ཐ་དད་དང་ངོ་བོ་གཅིག་གང་ཡིན་དང་དེ་དག་ལ་འཕགས་ལམ་དགོས་སམ་ཅི་ཞེས་པའོ། །དེའི་ལན་ནི། ཕར་ཕྱིན་མདོ་ལུགས་མ་ལས་ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་ཀྱིས་འཕགས་པ་སོ་སོའི་རྒྱུད་ལ་ཡོད་པའི་མཁྱེན་གསུམ་ངོ་བོ་ཐ་དད་རྣམས་བསྟན་ལ། ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ཡུམ་ཞེས་པས་འཕགས་པ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ཡུམ་མཁྱེན་པ་གསུམ་བསྟན་པར་གསུངས་ཏེ། ཇི་སྐད་དུ། གང་ཟག་སོ་སོའི་རྒྱུད་ལ་ཡོད་པ་ངོ་བོ་ཐ་དད་པའི་མཁྱེན་པ་གསུམ་གང་ཡིན་པ་དེ་གཉིས་རྟེན་དང་བརྟེན་པ་དང༌། སྔ་མ་ནི་གང་ལ་བསླབ་པར་བྱ་བའི་གཞིའམ་ཡུམ་མཁྱེན་པ་གསུམ་ཡིན་ལ། ཕྱི་མ་ནི་དེ་ལ་འཇུག་པའམ། སློབ་པར་བྱེད་པའི་ཐབས་མཁྱེན་པ་གསུམ་ཡིན་ནོ། །དེ་ལྟ་བས་ན། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་ཀྱིས་ཀྱང་མཁྱེན་གསུམ་ངོ་བོ་ཐ་དད་པ་སོ་སོའི་རྒྱུད་ལ་ཡོད་པ་ལམ་བདེན་གྱིས་བསྡུས་པའི་ཡེ་ཤེས་དང༌། ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་ཞེས་པས་མཁྱེན་གསུམ་ངོ་བོ་གཅིག་པ་གཞི་འབྲས་དབྱེར་མེད་པའི་ཡེ་ཤེས་དེ་གཉིས་ཀ་བསྟན་ཏོ། །དོན་དམ་པའི་ཤེར་ཕྱིན་རང་བྱུང་གི་ཡེ་ཤེས་དེ་ཉིད་ཉན་རང་ལ་སོགས་གང་དང་གང་གི་གང་ལ་དེ་དང་དེའི་མངོན་པར་རྫོགས་པའི་ཕྱོགས་དང་མཐུན་པ་དང༌། ཆོས་ཀྱི་དབྱིངས་གཅིག་པུ་དེ་ཉིད་ལ་འཇུག་པ་ཐ་དད་པ་དང༌། སློབ་ཚུལ་མི་འདྲ་བའི་རྒྱུས་གནས་སྐབས་སུ་དེ་དག་གི་མངོན་པར་རྟོགས་པའི་རིམ་པ་ཡང་མི་འདྲ་བར་བསྟན་ཏོ། །དངོས་པོ་གཅིག་ཉིད་ལ་ཡང་བློའི་འཕེན་པ་དང་འཇུག་ཚུལ་དང་མོས་པ་མི་འདྲ་བའི་དབང་གིས་སྡུག་པ་དང་མི་སྡུག་པ་ལ་སོགས་པར་མཐོང་བ་བཞིན་ནོ། །ཞེས་དང༌། དེ་ལྟར་ན་ཉན་རང་རྣམས་ཉེར་ཞིར་ཁྲིད་པར་མཛད་པའི་ཀུན་ཤེས་པ་ཉིད་གང་ཡིན་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གྱི་དོན་བསྒྲུབ་པར་མཛད་པའི་ལམ་ཤེས་པ་ཉིད་གང་ཡིན་པ་དང༌། སངས་རྒྱས་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དེ་དག་རྣམས་ནི་ངོ་བོ་ཐ་དད་པའི་མཁྱེན་པ་གསུམ་གང་ཟག་སོ་སོའི་རྒྱུད་ལ་མངའ་བ་རྣམས་ཡིན་ནོ། །གང་ལ་བསླབས་ན་འཕགས་པ་དེ་རྣམས་འབྱུང་ཞིང་བཞེད་པ་ཐམས་ཅད་བསྒྲུབ་པར་མཛད་པ་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ཆོས་མཐའ་དག་བསྐྱེད་པར་བྱེད་པ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་དབྱིངས་ཡིན་ཏེ། དེ་ཉིད་འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་མཆོད་འོས་བསྟོད་འོས་ཕྱག་གི་གནས་སུ་གྱུར་པ་དེ་ལ་རྒྱལ་བ་བྱམས་པ་བདག་ཀྱང་ཕྱག་འཚལ་ལོ། །དེ་ཉིད་ནི་གང་ལ་བསླབ་པར་བྱ་བའི་ཡུལ་གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པར་འགྱུར་བའི་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་གྱི་བདག་ཉིད་ཆོས་དབྱིངས་དེ་བཞིན་ཉིད་ཀྱི་མཁྱེན་པ་གསུམ་ངོ་བོ་གཅིག་པ་ནམ་མཁའ་ལྟར་ཀུན་ལ་ཁྱབ་པའི་གཉིས་མེད་ཡེ་ཤེས་ཡིན་ནོ། །ཞེས་དང༌། བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཞེས་པས་ཀྱང་འཕགས་པ་ཐམས་ཅད་ཀྱི་ཡུམ་གཅིག་ཉིད་དུ་བསྟན་ཏོ། །དེས་ན་འདིར་འདུས་བྱས་ཀྱི་དངོས་པོ་གང་ལ་ཡང་འཕགས་པ་ཐམས་ཅད་ཀྱི་ཡུམ་དུ་མི་རུང་བའི་ཕྱིར་དོན་དམ་པ་ཆོས་ཀྱི་དབྱིངས་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཡེ་ཤེས་དང་འཕགས་པ་ཐམས་ཅད་ཀྱི་ཡུམ་གཅིག་པུ་ཉིད་ཡིན་ཏེ། ཞེས་གསུངས་སོ། །དེ་ལས། ཕྱི་མ་ནི་དེ་ལ་འཇུག་པའམ། སློབ་པར་བྱེད་པའི་ཐབས་མཁྱེན་པ་གསུམ་ཡིན་ནོ། །ཞེས་སློབ་བྱེད་ཀྱི་མཁྱེན་གསུམ་ཡོད་ན་སློབ་བྱེད་ཀྱི་རྣམ་མཁྱེན་ལ་གང་འཇོག་དཔྱད། ལམ་བདེན་གྱིས་བསྡུས་པའི་མངོན་རྟོགས་ཡུམ་མ་ཡིན་པར་མདོ་ལུགས་མ་ལས་གསུངས་ཏེ། མདོ་ལུགས་མ་༢༠ལས། དེ་ནས་ལམ་བདེན་གྱིས་བསྡུས་ཤིང་གང་ཟག་སོ་སོའི་རྒྱུད་ལ་ཡོད་པ་གཞན་བྱུང་ཡེ་ཤེས་ནི་དུས་གསུམ་གྱི་འཕགས་པ་རྣམས་ཀྱི་བསྐྱེད་བྱེད་ཀྱི་ཡུམ་མ་ཡིན་ཏེ། གང་ཟག་གཅིག་གི་རྒྱུད་ལ་ཡོད་པའི་འདུས་བྱས་ཀྱི་དངོས་པོ་གཅིག་ཉིད་དུས་གསུམ་གྱི་གང་ཟག་གཞན་དང༌། གཞན་གྱི་རྒྱུད་ལ་འཕོ་བ་མི་སྲིད་པའི་ཕྱིར་དང༌། དེ་དང་རིགས་འདྲ་བའི་དངོས་པོ་གཞན་དང་གཞན་གྱིས་གང་ཟག་གཞན་དང་གཞན་གྱི་རྒྱུད་ལ་ཡོན་ཏན་གྱི་ཆོས་བསྐྱེད་པ་ཡིན་ན་ཡང་དེ་ཉིད་ཀྱི་བསྐྱེད་པར་མི་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་འདུས་བྱས་ཀྱི་ཡེ་ཤེས་གཅིག་ཉིད་དུས་གསུམ་གྱི་འཕགས་པ་ཐམས་ཅད་ཀྱི་ཡུམ་ཡིན་པར་འགལ་ཞིང་དུུ་མ་ཡིན་པ་ལ་ཡང་ལུང་གི་གནོད་དོ། །ཇི་སྐད་དུ། །ཡོན་ཏན་རིན་ཆེན་སྡུད་པ་ལས། །དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཀྱང༌། །ཡུམ་གྱུར་ཤེས་རབ་དམ་པ་འདི་ལ་དགོངས་པ་མཛད། །གང་དག་འདས་དང་ཕྱོགས་བཅུའི་འཇིག་རྟེན་མགོན་གང་དང༌། །མ་འོངས་དུས་ན་འབྱུང་འགྱུར་དེ་དག་འདི་ལས་བྱུང༌། །འཇིག་རྟེན་སྟོན་པ་རྒྱལ་བ་རྣམས་ཀྱི་བསྐྱེད་བྱེད་ཡུམ། །ཞེས་གསུངས་སོ། །དེ་ཕྱིར་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཡུམ་གཅིག་པ་འདི་ལས་བྱུང༌། ཞེས་གསུངས་པར་འགྱུར་གྱི་དུ་མ་ལས་བྱུང་ཞེས་ནི་མ་གསུངས་སོ། །ཞེས་གསུངས་སོ། །སྤྱིར་མཁྱེན་པ་གསུམ་ལ་འཕགས་ལམ་མི་དགོས་ཏེ། ཉ་ཊཱིཀ་༡༣༨ལས། ཐེག་ཆེན་ཚོགས་སྦྱོར་གྱི་སྐབས་ཀྱི་དེ་འདྲའི་རྟོགས་པ་ཡང་ལམ་ཤེས་ཡིན་ནོ། །ཞེས་དང༌། དེ་༧༤ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་མངོན་རྟོགས་མཐའ་དག་གཞི་ཤེས་ཀྱིས་བསྡུས། བྱང་ཆུབ་སེམས་དཔའི་མངོན་རྟོགས་མཐའ་དག་ལམ་ཤེས་ཀྱིས་བསྡུས། བླ་ན་མེད་པའི་སངས་རྒྱས་ཀྱི་མངོན་རྟོགས་མཐའ་དག་རྣམ་མཁྱེན་གྱིས་བསྡུས་པས་ན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་འཕགས་བཞིའི་མངོན་པར་རྟོགས་པ་མཐའ་དག་བསྡུས་པས་ནའོ་ཞེས་སྦྱར་རོ། །ཞེས་དང༌། དེ་༡༣༨ལས། དེས་ན་མཁྱེན་གསུམ་གྱིས་ཉན་རང་གཉིས་བྱང་སེམས་སངས་རྒྱས་ཀྱི་མངོན་རྟོགས་ཀུན་བསྡུས་ཞེས་པའང་ཡིན་པའི་ཚུལ་གྱིས་བསྡུས་པ་ཡིན་གྱི་དེ་མིན་དེར་བསྡུས་པ་མིན་ནོ། །ཞེས་གསུངས་སོ། །དོན་དམ་པའི་རྣམ་མཁྱེན་རྣམ་མཁྱེན་མཚན་ཉིད་པ་ཡིན་པས་དེ་ལ་འཕགས་ལམ་དགོས་པ་ཡིན་མིན་དཔྱད་པར་བྱའོ། །

དྲི་བ་བཞི་བ་ནི།གང་དང་ཡང་དག་ལྡན་པས་ཞེས་སོགས་ཀྱིས་བསྟན་པའི་ཆོས་འཁོར་གྱི་དོན་དང་ཆོས་འཁོར་གསུམ་རེ་རེའི་མཚན་ཉིད་དང་རྣམ་མཁྱེན་དང་ཆོས་འཁོར་སྔ་ཕྱི་རྒྱུ་འབྲས་ཡིན་ནམ་ཅི་ཞེས་པའི་ལན།

དྲི་བ་བཞི་བ་ནི།གང་དང་ཡང་དག་ལྡན་པས་ཞེས་སོགས་ཀྱིས་བསྟན་པའི་ཆོས་འཁོར་གྱི་དོན་དང་ཆོས་འཁོར་གསུམ་རེ་རེའི་མཚན་ཉིད་དང་རྣམ་མཁྱེན་དང་ཆོས་འཁོར་སྔ་ཕྱི་རྒྱུ་འབྲས་ཡིན་ནམ་ཅི་ཞེས་པའི་ལན།

གང་དང་ཡང་དག་ལྡན་པས་ཞེས་སོགས་ཀྱིས་བསྟན་པའི་ཆོས་འཁོར་གྱི་དོན་དང་ཆོས་འཁོར་གསུམ་རེ་རེའི་མཚན་ཉིད་དང་རྣམ་མཁྱེན་དང་ཆོས་འཁོར་སྔ་ཕྱི་རྒྱུ་འབྲས་ཡིན་ནམ་ཅི་ཞེས་པའོ། །དེའི་ལན་ནི། བཀའ་དང་རྟོགས་པའི་བསྟན་པས་བསྡུས་པའི་རྣམ་དཀར་གྱི་ཡོན་ཏན་དེ། ཆོས་འཁོར་གྱི་མཚན་ཉིད། ཉ་ཊཱིཀ་ལས། གང་མངོན་རྟོགས་སུ་ལྡན་པའི་སྟོབས་ཀྱིས་བརྒྱད་ཁྲི་བཞི་སྟོང་གི་ཆོས་འཁོར་བསྐོར། ཞེས་དང༌། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། ངེས་དོན་དུ་རྗོད་བྱེད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བརྗོད་བྱ་ལམ་ལྔ་ཐམས་ཅད་ཆོས་འཁོར་དུ་སངས་རྒྱས་གཉིས་པ་དབྱིག་གཉེན་ལ་སོགས་པའི་བཞེད་དོ། །ཞེས་གསུངས་སོ། །ཀུན་བཏུས་ལས། རྟོགས་པའི་བསྟན་པ་ཡང་རྒྱུ་དང་འབྲས་བུའི་དབྱེ་བས་འགོག་པ་དང་ལམ་གྱི་བདེན་པ་དག་གོ ། ཞེས་དང༌། ཡུམ་གསུམ་གནོད་འཇོམས་༣༡༤ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་ཞེས་སོགས་ནི་ཆོས་ཐམས་ཅད་གནས་པའི་མཚན་ཉིད་དེ་གང་ཡང་མི་བྱེད་ཅེས་བསྟན་པའོ། །ཆོས་གནས་པ་འདི་ཉིད་མཁྱེན་པས་དེ་བཞིན་གཤེགས་པ་ཞེས་བྱ་བ་དག་འཇིག་རྟེན་ན་སྣང་བ་སྟེ། འདི་ཉིད་དེ་དག་གི་མངོན་པར་རྟོག་པ་དང་འདི་ཉིད་ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་ཐ་ཚིག་གོ ། ཞེས་གསུངས་པ་ལྟར་ཆོས་རྗེ་ཀུན་མཁྱེན་གྱི་སྟོང་ཕྲག་ཉི་ཤུ་ལྔ་པའི་བཤད་པ་༡༢༩ལས། འདི་ཉིད་ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་དབུ་མ་པ་ཆེན་པོ་གསུངས། ཞེས་དང༌། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། བསྟན་པ་ནི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་སོགས་ལུང་གི་ཆོས་དང༌། བྱང་ཕྱོགས་སོ་བདུན་སོགས་རྟོགས་པའི་ཆོས་ལམ་དང་འགོག་བདེན་ནོ། །ཞེས་གསུངས་པས་འགོག་བདེན་དང་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་གཉིས་རྟོགས་པའི་ཆོས་འཁོར་ཡིན་པ་འདྲའོ། །གཞན་ཡང་འཕགས་པ་བྱམས་པའི་སྨོན་ལམ་གྱི་རྣམ་བཤད་ལས། གང་བཟོད་པ་ཐོབ་པ་ཡན་ཆད་ཀྱི་ཐེག་པ་ཆེན་པོའི་ལམ་ལ་འཇིག་རྟེན་ལས་འདས་པའི་སའི་རིམ་པ་མི་འདྲ་བ་རེ་གསར་ཐོབ་ཏུ་འབྱུང་བ་ཀུན་དང༌། ཉན་ཐོས་ཀྱི་འབྲས་བུ་བཞི་ལ་སོགས་པ་ཐམས་ཅད་རྟོགས་པའི་ཆོས་འཁོར་ཡིན་ལ། དེ་དང་དེ་དངོས་སུ་ལྟ་ཅི་སྨོས། རྒྱུད་ནས་ཐོབ་བྱེད་ཀྱི་ཆོས་སྟོན་པ་ཐམས་ཅད་ཀྱང༌། ལུང་གི་ཆོས་འཁོར་ཏེ། དེ་དག་ཀུན་རྫོབ་ཀྱི་ཆོས་འཁོར་རོ། །ཤེས་བྱ་ཐམས་ཅད་གཟིགས་པའི་ཡེ་ཤེས་རྒྱུན་མི་ཆད་པ་ནི་རྟོགས་པའི་ཆོས་འཁོར་དང༌། དོན་དེ་དང་མཐུན་པའི་གསུང་རབ་ཡན་ལག་རྒྱ་མཚོ་སངས་རྒྱས་ཉིད་ལ་སྣང་བ་ནི། ལུང་གི་ཆོས་འཁོར་ཏེ་འདི་གཉིས་ནི་དོན་དམ་པའི་ཆོས་འཁོར་རོ། །ཞེས་པའི་གསུང་ཟིན་ལྟར་ན་བསྟན་བཅོས་ཀུན་ལུང་གི་ཆོས་འཁོར་ཡིན་མིན་ཅུང་ཟད་དཔྱད་པར་བྱ་བ་ཡོད་དོ། །བདེན་བཞིའི་ཆོས་འཁོར་དང་བརྗོད་བྱ་སྟོན་ཚུལ་ཕྱོགས་མཐུན་གྱི་སྡེ་གཏོགས་པའི་མདོ་དེ། འཁོར་ལོ་དང་པོའི་མཚན་ཉིད། མཚན་ཉིད་མེད་པའི་ཤེར་ཕྱིན་གྱི་མདོ་དང་བརྗོད་བྱ་སྟོན་ཚུལ་ཕྱོགས་མཐུན་གྱི་སྡེ་གཏོགས་པའི་བཀའ་དེ། འཁོར་ལོ་གཉིས་པའི་མཚན་ཉིད། དོན་དམ་རྣམ་པར་ཕྱེ་བའི་མདོ་དང་བརྗོད་བྱ་སྟོན་ཚུལ་ཕྱོགས་མཐུན་གྱི་སྡེ་གཏོགས་པའི་མདོ་དེ། འཁོར་ལོ་གསུམ་པའི་མཚན་ཉིད་དུ་བཞག་པ་འགལ་བ་མེད་པར་སྣང་སྟེ། ཚུལ་གཉིས་རྣམ་འབྱེད་ལས། དེས་ན་འདི་ནི་བརྗོད་བྱའི་དོན་གྱི་གོ་རིམ་མམ་གདུལ་བྱའི་རྒྱུད་སྦྱོང་ཚུལ་གྱི་རིམ་པ་གསུམ་ཡིན་པས་དེ་ལྟ་བུའི་རིམ་པ་ཐ་མ་ཡིན་པའི་ཕྱིར།ཞེས་དང༌། དེ་ཉིད་ལས། འཁོར་ལོ་རིམ་པ་གསུམ་པོ་འདི་ཡང་དུས་ཐོག་མཐའ་ནི་མ་ཡིན་ཏེ། ཞེས་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་འགྲེལ་བ་སྙིང་པོ་རབ་གསལ་༢༤༨ལས། འཁོར་ལོ་བར་བ་དང་ཐ་མ་གཉིས་ཀ་བརྗོད་བྱ་འདྲ་བས་བརྗོད་བྱའི་སྒོ་ནས་དྲང་དོན་དུ་མི་སྟོན་གྱི། ལེགས་པར་རྣམ་པར་ཕྱེ་བ་མ་ཡིན་པས་བརྗོད་ཚུལ་གྱིས་དྲང་དོན་དུ་གསུངས་བར་གོ་བར་བྱའོ། །ཞེས་གསུངས་སོ། །འོན་ཀྱང་མཉམ་མེད་ཐུབ་དབང་གི་བསྟན་པ་འདི་ལས་གཞན་པའི་སངས་རྒྱས་ཀྱི་ཆོས་འཁོར་དེ་གསུམ་འདུས་སམ་དཔྱད་པར་བྱའོ། །རྣམ་མཁྱེན་དང་ཆོས་འཁོར་གཉིས་སྔ་ཕྱི་རྒྱུ་འབྲས་ཡིན་ཏེ། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། ཡུམ་ཤེར་ཕྱིན་ཆོས་ཅན། རྫོགས་སངས་རྣམས་ཀྱི་ཡུམ་ཡིན་ཏེ། དེ་རྣམས་ཀྱི་རྒྱུད་ལ་རྣམ་མཁྱེན་བསྐྱེད་ནས་དེ་རྣམས་ཀྱིས་བརྒྱད་ཁྲི་བཞི་སྟོང་གི་ཆོས་འཁོར་བསྐོར་བར་བསྐྲུན་པའི་མི་རྟོག་ཡེ་ཤེས་ཡིན་པས་སོ། །རྣམ་མཁྱེན་དེའི་ཡུམ་དུ་ཡང་ངོ༌། །ཞེས་དང༌། ཐུབ་རྣམས་ཆོས་འཁོར་གསུངས་པ་ཆོས་ཅན། རྣམ་མཁྱེན་གྱི་འབྲས་བུའི་ཐ་སྙད་བྱར་རུང་ཞེས་སོགས་དགོད་དོ། །རྟགས་རིམ་བཞིན་དུ་གྲུབ་སྟེ། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཐུགས་རྗེ་ཆེན་པོ་ཅན་རྒྱུད་ལ་ཡོད་ན་དེ་བསྐོར་ནུས་ཏེ། མདོར་རྣམ་མཁྱེན་ཉིད་ཐོབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞེས་སོ། །དེ་མེད་ན་བསྐོར་མི་ནུས་ཏེ། འདབ་གཤོག་མེད་པའི་བྱ་འཕུར་མི་ནུས་པ་བཞིན། མདོར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་བགྱིས་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ་ཞེས་དང༌། རྣམ་མཁྱེན་ཉིད་དེའི་རྒྱུར་སྨོས་པ་མི་འཐད་དེ། ལྗགས་སོགས་ཀྱང་དེ་ཡིན་པས་སོ་ཞེ་ན། རྣམ་མཁྱེན་ངེས་པའི་རྒྱུ་ཡིན་གྱི་གཞན་ཡང་རྒྱུ་ཡིན་པ་མི་འགོག་གོ ། ཞེས་གསུངས་སོ། །རྣམ་མཁྱེན་དང་ཆོས་འཁོར་རྒྱུ་འབྲས་སུ་གསུངས་པ་རང་རྒྱུ་རང་འབྲས་ཀྱི་དབང་དུ་བྱས་པ་ཡོད་པ་དང་འགོག་བདེན་ལྟ་བུ་འབྲས་བུའི་ཐ་སྙད་བྱས་ནས་བཤད་དགོས་པ་སོགས་ཞིབ་ཆ་ཅུང་ཟད་རེ་དགོས་སོ། །རྣམ་མཁྱེན་དང་སློབ་ལམ་གྱི་ཆོས་འཁོར་གཉིས་སྔ་ཕྱི་གང་ཡིན་ལ་དཔྱད་པར་བྱའོ། །རྣམ་མཁྱེན་མ་ཐོབ་པར་ཆོས་འཁོར་བསྐོར་མི་ནུས་པར་གསུངས་པ་ལ། རྒྱུད་བླ་མ་ལས། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང༌། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །ཞེས་སོགས་དང༌། དེའི་ས་འགྲེལ་ལས། ས་བཅུ་པ་ལ་གནས་པའི་བྱ༷ང་ཆུ༷བ་སེ༷མས་དཔ༷འི་འཕྲིན་ལས་འཇུག་པའི་ཚུ༷ལ་འདི༷་ནི༷་རྗེ༷ས་ཐོ༷བ་ཏུ་གཞན་ཡོངས་སུ་སྨིན་པར་བྱེད་པ་ལ་ལྟོས་ནས་སྤངས་རྟོགས་མཐར་ཕྱིན་པའི་དེ༷་བཞི༷ན་གཤེ༷གས་པ་རྣ༷མས་དང༷་ཡང་གདུལ་བྱར་གྱུར་བའི་སེ༷མས་ཅ༷ན་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཡ༷ང་ད༷ག་པར་སྒྲོ༷ལ་བ༷་ལ༷།འཇི༷ག་རྟེ༷ན་ན༷་ནི༷་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པས་མཉ༷མ་པ༷་ཉི༷ད་ཡིན་ཏེ། མངོན་པར་ཤེས་པ་དྲུག་དང་དབང་བཅུ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་ཐོབ་པའི་ཕྱིར་རོ། །གཞན་དོན་ལ་སངས་རྒྱས་དང་མཚུངས་པ་དེ་ལྟ་མོད་ཀྱི། རང་དོན་སྤངས་རྟོགས་ཀྱི་ཡོན་ཏན་ལ་ལྟོས་ནས་ཁྱད་པར་ཤིན་ཏུ་ཆེ་བ་ཉིད། ཅེས་གསུངས་པ་ལྟར་ན་གཞན་དོན་མཛད་པ་སངས་རྒྱས་དང་འདྲ་ན་གཞན་དོན་དུ་ཆོས་འཁོར་བསྐོར་བ་སངས་རྒྱས་དང་འདྲ་བར་འགྱུར་རོ་ཞེ་ན་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །ས་བཟང་གི་མངོན་པ་ཀུན་བཏུས་འགྲེལ་བ་སོགས་ལས་ཐུན་མོང་གི་ལུགས་ལ་འཁོར་ལོ་གསུམ་དུས་ཀྱི་རིམ་པའི་སྒོ་ནས་གསུངས་ཏེ། དེ་༦༠༠ལས། བཱ་ར་ཎཱ་སཱིར་བྱོན་ཏེ་ལྔ་སྡེ་བཟང་པོ་ལ་སོགས་པའི་གདུལ་བྱ་རྣམས་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ལོ་བདུན་དུ་བསྐོར་བས་གང་ཟག་གི་བདག་ཏུ་ལྟ་བ་ལས་བཟློག་ནས་མྱ་ངན་ལས་འདས་པའི་ལམ་ལ་འཇུག་པར་མཛད་པ་དང༌། བྱ་རྒོད་ཕུང་པོ་ལ་སོགས་པར་བྱོན་ཏེ་གང་ཟག་སྡེ་བཞི་ལ་སོགས་པའི་གདུལ་བྱ་རྣམས་ལ་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ལོ་བཅུའི་རབ་ཏུ་བསྐོར་བས་དངོས་པོར་འཛིན་པའི་ལྟ་བ་ལས་བཟློག་ནས་ཐེག་པ་ཆེན་པོའི་ལམ་གྱིས་སྨིན་པར་མཛད་པ་དང༌། མཉན་ཡོད་དང་ལང་ཀ་པུ་རི་ལ་སོགས་པར་བྱོན་ཏེ་རང་བཞིན་སྣ་ཚོགས་པའི་གདུལ་བྱ་རྣམས་ལ་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་ལོ་སུམ་ཅུར་བསྐོར་བས་ཡོད་མེད་རྟག་ཆད་ཀྱི་མཐར་འཛིན་པའི་ལྟ་བ་བཟློག་ནས་མུ་བཞིའི་སྤྲོས་པ་དང་བྲལ་བའི་བྱང་ཆུབ་ཆེན་པོ་ལ་སྦྱོར་བར་མཛད་པ་ལྟ་བུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་དང༌། ཞེས་དང༌། ཆོས་འབྱུང་རིན་པོ་ཆེའི་གཏེར་༢༧༩ལས། དུས་དང་པོར་གསུངས་པ་བདེན་པ་བཞིའི་ཆོས་འཁོར། བར་དུ་གསུངས་པ་མཚན་ཉིད་མེད་པའི་འཁོར་ལོ། ཐ་མར་གསུངས་པ་དོན་དམ་རྣམ་པར་ངེས་པའི་ཆོས་འཁོར་དེ་གསུམ་དུ་དགོངས་པ་ངེས་འགྲེལ་དུ་བཤད་དོ། །ཞེས་དང༌། ཉ་ཊཱིཀ་ལས། མདོ་དེ་ལས་རིམ་ཅན་དུ་བསྐོར་བར་གསུངས་ཤིང༌། སྐད་ཅིག་གཅིག་ཁོ་ན་ལ་བསྐོར་ན་དགུང་ལོ་སོ་དྲུག་པ་ལ་སངས་རྒྱས་ནས་བརྒྱད་ཅུའི་བར་ཅི་ཞིག་མཛད། ཅེས་གསུངས་སོ། །

དྲི་བ་ལྔ་བ་ནི།བཀའ་ཐམས་ཅད་འཁོར་ལོ་གསུམ་དུ་འདུ་མི་འདུ། ཆོས་འཁོར་གྱི་འཇོག་ཚུལ་ལ་ནང་བའི་གྲུབ་མཐའ་བཞི་མཐུན་མི་མཐུན་ལུང་རྟོགས་ཀྱི་ཆོས་འཁོར་གཉིས་གདུལ་བྱའི་རྒྱུད་ལ་སྐྱེ་བའི་གོ་རིམ་ཇི་ལྟར་ཡིན་ཞེས་པའི་ལན།

དྲི་བ་ལྔ་བ་ནི།བཀའ་ཐམས་ཅད་འཁོར་ལོ་གསུམ་དུ་འདུ་མི་འདུ། ཆོས་འཁོར་གྱི་འཇོག་ཚུལ་ལ་ནང་བའི་གྲུབ་མཐའ་བཞི་མཐུན་མི་མཐུན་ལུང་རྟོགས་ཀྱི་ཆོས་འཁོར་གཉིས་གདུལ་བྱའི་རྒྱུད་ལ་སྐྱེ་བའི་གོ་རིམ་ཇི་ལྟར་ཡིན་ཞེས་པའི་ལན།

བཀའ་ཐམས་ཅད་འཁོར་ལོ་གསུམ་དུ་འདུ་མི་འདུ། ཆོས་འཁོར་གྱི་འཇོག་ཚུལ་ལ་ནང་བའི་གྲུབ་མཐའ་བཞི་མཐུན་མི་མཐུན་ལུང་རྟོགས་ཀྱི་ཆོས་འཁོར་གཉིས་གདུལ་བྱའི་རྒྱུད་ལ་སྐྱེ་བའི་གོ་རིམ་ཇི་ལྟར་ཡིན་ཞེས་པའོ། །དེའི་ལན་ནི།བཀའ་ཐམས་ཅད་འཁོར་ལོ་གསུམ་དུ་འདུ་བ་ཡིན་ཏེ། གོང་དུ་འཁོར་ལོ་གསུམ་གྱི་མཚན་ཉིད་བཞག་པ་ཅི་རིགས་པ་ཚང་བ་ཡིན་པའི་ཕྱིར། འོན་ཀྱང་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལས་གཞན་པའི་བསྟན་པའི་བཀའ་ཐམས་ཅད་འདུས་སམ་དཔྱད་པར་བྱའོ། །རང་སྡེ་ནང་བའི་གྲུབ་མཐའ་བཞིའི་ཆོས་འཁོར་གྱི་འཇོག་མཚམས་གསལ་བར་བཤད་པ་སྔར་བདག་གིས་མ་མཐོང་མོད་གཞུང་ཆེན་དུ་མར་བྱེ་བྲག་སྨྲ་བས་མཐོང་ལམ་ཁོ་ན་ལ་ཆོས་འཁོར་འཇོག་དེའི་རྒྱུ་མཚན་སངས་རྒྱས་ཀྱིས་འཁོར་ལྔ་སྡེ་ལ་ཆོས་འཁོར་བསྐོར་ནས་ཀུན་ཤེས་ཀོའུ་དཱིནྱའི་རྒྱུད་ལ་མཐོང་ལམ་སྐྱེས་པ་དེའི་ཚེ་ལྷ་རྣམས་ཀྱིས་འཛམ་བུ་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་རྒྱུ་མཚན་ལྷས་བསྒྲགས་པ་སོགས་ཀྱིས་སོ། །དེས་ན། བདེན་པ་མངོན་རྟོགས་སམ་འཁོར་ལོ་རིན་པོ་ཆེ་དང་འདྲ་ཆོས་ཡོད་པའི་མཐོང་ལམ་དེ། ཆོས་འཁོར་གྱི་མཚན་ཉིད་དུ་བཞག་ན་འགལ་བ་མེད་པར་སྣང་སྟེ། མཛོད་ལས། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །མྱུར་བར་འགྲོ་སོགས་རྩིབས་སོགས་ཀྱིས། །ཞེས་དང༌། ཉ་ཊཱིཀ་༧༠ལས། བྱེ་བྲག་སྨྲ་བ་ནི། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ་ཞེས་མཐོང་ལམ་ཁོ་ན་ཆོས་འཁོར་དུུ་འདོད་དེ། རྒྱུ་མཚན་འཕྲོས་དང་བཅས་པ་མཛོད་ལས་ཤེས་དགོས་སོ། །ཞེས་དང༌། མཆིམས་མཛོད་༦༡༨ལས། དེ་ལ་ཆོས་ཀྱི་འཁོར་ལོ་ནི་མཐོང་བའི་ལམ་དེ་ཉིད་ཡིན་ཏེ། མྱུར་བར་འགྲོ་བ་དང༌། སོགས་པས་བསྡུས་པ་འདོར་བ་དང་འཇུག་པ་དང༌། མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང༌། རྒྱལ་བ་རྣལ་དུ་འགོད་པ་དང༌།འཕར་བ་དང་འབབ་པ་ཞེས་བྱ་བ་འཁོར་ལོ་རིན་པོ་ཆེ་དང་ཆོས་མཐུན་པའི་ཕྱིར། ཞེས་དང༌། མཛོད་རང་འགྲེལ་ལས། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །རྒྱུ་བས་ན་འཁོར་ལོའོ། །དེ་དང་ཆོས་མཐུན་པའི་ཕྱིར་མཐོང་བའི་ལམ་ནི་ཆོས་ཀྱི་འཁོར་ལོ་ཡིན་ནོ། །འདིའི་ཆོས་མཐུན་པ་ཇི་ལྟ་བུ་ཞེ་ན། མྱུར་བར་འགྲོ་སོགས་རྩིབས་སོགས་ཀྱིས། །མྱུར་དུ་འགྲོ་བའི་ཕྱིར་དང༌། འདོར་བ་དང་འཇུག་པའི་ཕྱིར་དང༌། མ་རྒྱལ་བ་རྒྱལ་བར་བྱེད་པ་དང༌། རྒྱལ་བ་རྣལ་དུ་དགོད་པའི་ཕྱིར་དང༌། འཕར་བ་དང་འབབ་པའི་ཕྱིར་ཏེ། མྱུར་བར་འགྲོ་བ་ལ་སོགས་པ་ནི་དེ་ལྟ་བུ་ཡིན་ནོ། །ཞེས་དང༌། མཐོང་བའི་ལམ་ཆོས་ཀྱི་འཁོར་ལོ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ཞེ་ན་འཕགས་པ་ཀོཎྜིནྱ་ལ་དེ་སྐྱེས་པ་ན་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་གསུངས་པའི་ཕྱིར་རོ། །ཞེས་དང༌། གཞི་བསྡུ་བ་ལས། བཅོམ་ལྡན་འདས་ཀྱིས་ཀྱང་ཀུན་ཤེས་ཀོའུ་དཱིནྱའི་རྒྱུད་ལ་ཀུན་ཤེས་པའི་ཆོས་ཉིད་དང་མཐུན་པར་བསྐོར་ལ་དེ་ཡང་གཞན་དག་ལ་མཐུན་པར་བསྐོར་བར་གྱུར་བ་དང༌། དེ་དག་ཀྱང་གཞན་དག་ལ་མཐུན་པར་བསྐོར་བར་འགྱུར་ཏེ། དེ་བས་ན་གཅིག་ནས་གཅིག་ཏུ་བརྒྱུད་དེ་མཐུན་པར་བསྐོར་བའི་དོན་གྱིས་འཁོར་ལོ་ཞེས་བྱའོ། །ཞེས་དང༌། མདོ་ལས། ནམ་མཁའ་ལ་ལྷ་རྣམས་ཀྱིས་ཨ་ལ་ལ་འཛམ་བུ་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཐོང་ངོ༌། ཞེས་གསུངས་སོ། །འཕགས་ལམ་ཐམས་ཅད་ཆོས་འཁོར་འཇོག་ཚུལ་གྱི་བཤད་པ་མཛོད་རང་འགྲེལ་ལས། ཡང་ན་འཕགས་པའི་ལམ་ཐམས་ཅད་ཀྱི་གདུལ་བྱའི་རྒྱུད་ལ་འཇུག་པའི་འཁོར་ལོ་ཡིན་ཏེ། ཞེས་གསུངས་པས་སོ། །དེ་ནི་མདོ་སྡེ་བའི་ལུགས་ཡིན་པ་འདྲའོ། །རང་ལུགས་ལ་ཆོས་འཁོར་གྱི་མཚན་ཉིད་སྔར་དྲི་བ་བཞི་བའི་སྐབས་སུ་བཤད་ཟིན་པ་ལྟར་ཡིན་ནོ། །རྗེ་ཙོང་ཁ་པའི་རྗེས་འབྲང་གི་མཁས་དབང་སོ་སོའི་བཞེད་པ་དུ་མ་ཡོད་པ་དག་གཞན་ལས་ཤེས་པར་བྱའོ། །ལུང་རྟོགས་ཀྱི་ཆོས་འཁོར་གཉིས་གདུལ་བྱའི་རྒྱུད་ལ་སྐྱེ་བའི་གོ་རིམ་ནི། གདུལ་བྱ་རྣམས་ཀྱིས་དང་པོ་དད་པས་བཀའ་ལ་ཐོས་སོགས་བྱས་པ་ནས་ལུང་གི་ཆོས་འཁོར་ལ་ཞུགས་པ་ཡིན་ལ། དེ་ལ་བརྟེན་ནས་མངོན་རྟོགས་ལམ་རྒྱུད་ལ་སྐྱེས་པ་ན་རྟོགས་པའི་ཆོས་འཁོར་རམ་རྟོགས་པའི་བསྟན་པ་ལ་ཞུགས་པ་ཡིན་ནོ། །དེས་ན་ལུང་གི་བསྟན་པ་ལ་ཞུགས་པ་དང་ལུང་གི་ཆོས་འཁོར་ལ་ཞུགས་པ་གཉིས་ལ་ཁྱད་པར་ཡོད་དོ། །སྤྱིར་བསྟན་པ་འཛིན་པ་ནི། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། བསྟན་པ་འཛིན་པ་ཡང་ལུང་གི་ཆོས་ལ་ཀློག་པ་ཐོས་བསམ་པའི་གང་ཟག་དང༌། རྟོགས་པའི་ཆོས་ལ་སྒྲུབ་པ་ནན་ཏན་བྱེད་པ་སྤོང་བ་བསམ་གཏན་པའི་གང་ཟག་སྟེ། མངོན་པ་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་སྟེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་དང་སྨྲ་བྱེད་དང༌། སྒྲུབ་པ་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་སོ། །གཞན་ཡང་ཕྱི་རོལ་བའི་རྒྱུད་ན་ནང་བའི་བསྟན་པ་གསར་སྐྱེ་ཡོད་མེད་དཔྱད་པར་བྱའོ། །

དྲི་བ་དྲུག་པ་ནི། གྲུབ་མཐའ་སྨྲ་བ་བཞིའི་མྱང་འདས་ཀྱི་དོན་དང༌། ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཀྱི་དོན་དང་དགྲ་བཅོམ་པའི་རྒྱུད་ན་ལས་ཀྱི་ཀུན་འབྱུང་ཡོད་དམ་ཞེས་པའི་ལན།

དྲི་བ་དྲུག་པ་ནི། གྲུབ་མཐའ་སྨྲ་བ་བཞིའི་མྱང་འདས་ཀྱི་དོན་དང༌། ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཀྱི་དོན་དང་དགྲ་བཅོམ་པའི་རྒྱུད་ན་ལས་ཀྱི་ཀུན་འབྱུང་ཡོད་དམ་ཞེས་པའི་ལན།

གྲུབ་མཐའ་སྨྲ་བ་བཞིའི་མྱང་འདས་ཀྱི་དོན་དང༌། ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཀྱི་དོན་དང་དགྲ་བཅོམ་པའི་རྒྱུད་ན་ལས་ཀྱི་ཀུན་འབྱུང་ཡོད་དམ་ཞེས་པའོ། །དེའི་ལན་ནི། གྲུབ་མཐའ་སྨྲ་བ་བཞིའི་མྱང་འདས་ཀྱི་དོན་ནི།ཐུན་མོང་བ་ལྟར་ན་ཉོན་སྒྲིབ་སྤངས་པའི་ཐར་བའོ། །ཡང་ན་བྱེ་བྲག་སྨྲ་བས་མྱང་འདས་ཀྱི་དོན་ནི། གཉེན་པོ་བློ་ཤེས་རབ་ཀྱི་སྟོབས་ཀྱིས་རང་གི་སྤང་བྱ་སྤངས་པའི་རྟག་རྫས་སུ་གྲུབ་པའི་ཐར་བར་འདོད་དེ། ཉ་ཊཱིཀ་༤༨ལས། ཁ་ཅིག་མ་ཤི་བའི་དགྲ་བཅོམ་པའི་གང་ཟག་དེ་ལྷག་བཅས་ཀྱི་མྱང་འདས། ཤི་ནས་ལྷག་མེད་ཅེས་ཟེར་བ་ནི་གྲུབ་མཐའ་གང་དང་ཡང་མི་མཐུན་ཏེ་ཉན་ཐོས་བྱེ་བྲག་ཏུ་སྨྲ་པ་ནི་མྱང་འདས་མཚན་ཉིད་པ་རྟག་པའི་རྫས་སུ་འདོད་དེ། ཐར་བ་ནི་རྟག་པ་དང་དགེ་བ་ཡིན་པ་དེའི་ཕྱིར་བླ་ན་མེད་པ་ཡིན་ཞེས་དང༌།ལྡན་པའི་རྫས་ཇི་སྙེད་པ།བྲལ་བའི་རྫས་ཀྱང་དེ་སྙེད་དོ། །ཞེས་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་༤༦༦ལས། བྱེ་བྲག་ཏུ་སྨྲ་བ་དགག་བྱ་དང་གྲངས་མཉམ་པའི་དགག་པ་རྫས་གྲུབ་ཏུ་འདོད་ཅིང༌། ཞེས་སོ། །བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། གསུམ་པ་འགོག་བདེན་ལ། མངོན་པ་མཛོད་དུ། ཆོས་སྐྱེ་བའི་གེགས་བྱེད་པ་མིན་གྱི་ད་ལྟར་གནས་པའི་གེགས་བྱེད་པ་མི་རྟག་པའི་འགོག་པ་དང༌། དགག་བྱ་སེམས་སེམས་བྱུང་སྐྱེ་བ་ལ་གེགས་བྱེད་ཀྱང་རེ་ཤིག་ཡིན་གྱི་གཏན་དུ་མིན་པ་སྐྱེ་བའི་འགོག་པ་འདུ་ཤེས་མེད་པ་དང༌།སྙོམས་འཇུག་གི་འགོག་པ་སྙོམས་འཇུག་གཉིས་དང༌། དགག་བྱ་ད་ལྟར་དུ་སྐྱེ་བ་ལ་གཏན་དུ་གེགས་བྱེད་པ་སོ་སོར་བརྟགས་མིན་གྱི་འགོག་པ་དང༌། སོ་སོར་བརྟགས་འགོག་སྟེ་ལྔ་ཆར་འགོག་བདེན་མཚན་ཉིད་པར་བྱེ་བྲག་སྨྲ་བ་འདོད་ལ། མདོ་སྡེ་བ་ནི་སོ་སོར་བརྟགས་འགོག་འགོག་བདེན་མཚན་ཉིད་པ་དང༌། གཞན་བཞི་ནི་བཏགས་པ་པར་འདོད་དོ། །ཞེས་བྱེ་བྲག་སྨྲ་པས་དེ་ལྔ་ཆར་འགོག་བདེན་མཚན་ཉིད་པར་འདོད་པར་ཚིག་ཟིན་ལ་གསུངས་ཀྱང་མཛོད་འགྲེལ་བ་འགྲེལ་བཤད་རྣམས་སུ་འགོག་པ་ཡིན་པར་གསུངས་ཀྱང་འགོག་བདེན་ཡིན་པར་གསུངས་པ་མེད་པས་དེ་ལྟར་ཡིན་ནམ་སྙམ་མོ། །མདོ་སྡེ་བས་ཉོན་སྒྲིབ་སྤངས་པའི་སོ་སོར་བརྟགས་འགོག་རྟོག་བཏགས་ཀྱི་ཆོས་སུ་འདོད་དེ། ཉ་ཊཱིཀ་ལས། མདོ་སྡེ་བ་ནི། མྱང་འདས་ནི་སོ་སོར་བརྟགས་འགོག་སྟེ་དེ་ནི་ཉོན་མོངས་ཅི་རིགས་དང་བྲལ་བ་ཙམ་ཡིན་གྱི་རྫས་སུ་མི་འདོད་དོ། །ཞེས་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་༤༦༦ལས། མདོ་སྡེ་བ་ནི་གཉེན་པོ་བསྒོམས་པས་སྤང་བྱ་ནམ་མཁའ་འཇའ་ཡལ་བ་ལྟར་གྱུར་བའི་མེད་དགག་ཏུ་འདོད་མོད། ཅེས་སོ། །སེམས་ཙམ་པ་ཡང་དེ་དང་འདྲ་སྟེ། ཉ་ཊཱིཀ་ལས། སེམས་ཙམ་པ་ཡང་དེ་དང་མཐུན་ལ་ས་སྡེར་མྱང་འདས་འདུས་མ་བྱས་སུ་བཤད་དོ། །ཞེས་གསུངས་སོ། །ཉན་རང་དགྲ་བཅོམ་པའི་རྒྱུད་ཀྱི་གཉེན་པོ་ལམ་བསྒོམ་སྟོབས་ཀྱིས་ཉོན་སྒྲིབ་སྤངས་པའི་སོ་སོར་བརྟགས་འགོག་དེ་ཐུན་མོང་མ་ཡིན་པའི་མྱང་འདས་མཚན་ཉིད་པའམ་རང་བཞིན་མྱང་འདས་མ་ཡིན་ཏེ། ཟབ་དོན་ཉེར་གཅིག་ལས། གཞན་བདེན་པ་གསུམ་དང་སོ་སོར་བརྟག་འགོག་ལ་ཀུན་རྫོབ་ཀྱིས་ཁྱབ་པར་དོན་ལ་གནས་པས་ལམ་བདེན་མཚན་ཉིད་པ་ལ་ཀུན་རྫོབ་ཀྱིས་ཁྱབ་འགོག་བདེན་མཚན་ཉིད་པ་ལ་དོན་དམ་གྱིས་ཁྱབ། ཅེས་གསུངས་སོ། །ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་མྱང་འདས་ཡང་བྲལ་བ་བློ་ཡིས་ཟད་པའོ། །ཞེས་པ་ལྟར་གཉེན་པོས་ཟད་པ་ཙམ་མ་ཡིན་པར་གདོད་ནས་ཟད་པའི་ཆོས་དབྱིངས་ཞིག་དགོས་ཏེ། གཟུངས་རྒྱལ་ཞུས་པའི་མདོ་ལས། ཟད་པ་གཉེན་པོའི་ཟད་པ་མ་ཡིན་ཏེ། །སྔོན་ནས་ཟད་པའི་དེའི་ཕྱིར་ཟད་ཅེས་བྱ། །ཞེས་དང༌། རྒྱུད་བླ་མ་ལས།རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་དང༌། ཐེག་ཊཱིཀ་༩༩ལས། འདི་ནི་མྱང་འདས་ཀྱི་གཙོ་བོར་གཉིས་མེད་ཡེ་ཤེས་ཀྱི་རང་བཞིན་མྱང་འདས་ཡིན་པར་སྟོན་ཏེ། རང་བཞིན་གྱི་སྤངས་རྟོགས་མཐར་ཐུག་པ་ཆོས་སྐུ་ཉིད་རང་བཞིན་མྱང་འདས་ཡིན་ཞིང་དེ་ཉིད་མྱང་འདས་གོ་ཆོད་པོ་ཡིན་གྱི་གློ་བུར་དྲི་སྤངས་ཀྱི་མྱང་འདས་ནི་མྱང་འདས་བཏགས་པ་བ་ཡིན་ཏེ། ཞེས་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་༤༦༦ལས།འདིར་ནི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་གློ་བུར་གྱི་དྲི་མས་དག་ནས་དག་པ་གཉིས་ལྡན་དུ་གྱུར་པ་སྟེ། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་དག་པའི་མཚན་ཉིད་དེ། །ཞེས་དང༌། མཚལ་མིན་པའི་ཆོས་དབྱིངས་བསྟོད་པའི་རྣམ་བཤད་༢༢༤ལས། མྱང་འདས་མཚན་ཉིད་པ་མ་ཡིན་ཏེ།རྒྱུད་བླར། ཇི་སྲིད་སངས་རྒྱས་མ་ཐོབ་པ། །དེ་སྲིད་མྱང་འདས་མི་ཐོབ་སྟེ། ཞེས་སོགས་གསུངས་སོ། །ལྷག་བཅས་ལྷག་མེད་མྱང་འདས་ཀྱི་དོན་ནི། རིམ་བཞིན་རྒྱུད་དབང་བཙན་པའི་དབང་དུ་བྱས་ནས་རང་རྒྱུད་ལ་ལྡན་པའི་གང་ཟག་སྡུག་བདེན་གྱི་རྣམ་སྨིན་ཕུང་པོའི་ལྷག་མ་དང་བཅས་པའི་དམན་པའི་མྱང་འདས་དང་དེ་དང་མ་བཅས་པའི་དམན་པའི་མྱང་འདས་དེ་ཡིན་ཏེ། ཕར་ཕྱིན་མདོ་ལུགས་མ་ལས། ཉན་རང་དེ་དག་གི་ལུགས་ནི་ཚེ་ཕྱི་མའི་ཕུང་པོ་སྐྱེད་པའི་རྒྱུ་ཉོན་མོངས་པའི་ཀུན་འབྱུང་སྤངས་ཀྱང་སྔ་མའི་ལས་ཉོན་གྱི་འབྲས་བུ་ཚེ་འདིའི་ཕུང་པོ་མ་སྤངས་པ་ནི། ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་སྟེ། ཟད་དུ་ཉེ་བའི་དངོས་པོ་ལ་ལྷག་མ་ཞེས་པ་བཞིན་ནོ། །དེ་ཉིད་ཚེའི་དུས་བྱས་པ་ན་སྔ་མའི་ལས་ཉོན་གྱི་འབྲས་བུ་སྡུག་བསྔལ་སྤངས་པའི་ཕྱིར་ཕུང་པོ་ལྔ་ཟད་པ་ནི། ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །ཞེས་དང༌། ཉ་ཊཱིཀ་༤༡ལས། དེ་ཡང་ཕྱི་མའི་ཕུང་པོའི་རྒྱུ་ཉོན་མོངས་པའི་ཀུན་འབྱུང་སྤངས་ཀྱང་སྔ་མའི་ལས་ཉོན་གྱི་འབྲས་བུ་ཚེ་འདིའི་སྡུག་བསྔལ་གྱི་ཕུང་པོ་མ་སྤངས་པའི་མྱང་འདས་དེ། ཐེག་དམན་གྱི་ལྷག་བཅས་ཀྱི་མྱང་འདས་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། མ་འགགས་པ་ཡི་ལུས་ཀྱིས་སུ། །ཚོར་བ་དང་དུ་ལེན་པ་ན། །དེ་ཡི་སེམས་ན་རྣམ་པར་གྲོལ། །མར་མེ་ཤི་བར་གྱུར་པ་བཞིན། །ཞེས་སོ། །འཇིག་རྟེན་ན་ཡང་ཟད་དུ་ཉེ་བའི་དངོས་པོ་ཐ་མ་ལ་ལྷག་མ་ཞེས་བརྗོད་ཅེས་ཆོས་བཤེས་སོ། །དཔེར་ན་དམག་གིས་ཆོམ་རྐུན་ཐམས་ཅད་བསད་ནས་གྲོང་མ་བཤིག་པ་ལྟ་བུའོ། །ཐེག་དམན་དགྲ་བཅོམ་པ་དེ་ཉིད་ཚེའི་དུས་བྱས་པ་ན་སྔ་མའི་ལས་ཉོན་གྱི་འབྲས་བུ་སྡུག་བསྔལ་ཡང་སྤངས་པའི་མྱང་འདས་ནི། ཐེག་དམན་གྱི་ལྷག་མེད་མྱང་འདས་ཏེ། སྔ་མ་དེ་ལས། གང་ན་ལུས་ཞིག་ཚོར་བ་འགགས། །འདུ་བྱེད་ཉེ་བར་ཞི་བ་དང༌། །འདུ་ཤེས་ཐམས་ཅད་བྲལ་གྱུར་ཅིང༌། །རྣམ་པར་ཤེས་པ་ནུབ་གྱུར་པ། །ཞེས་སོ། །དཔེར་ན་དམག་གིས་གྲོང་ཡང་བཤིག་པ་ལྟ་བུའོ། །ཞེས་གསུངས་སོ། །དེ་དག་གི་གསུངས་ཟིན་ལྟར་ན་ལྷག་མེད་མྱང་འདས་ཐོབ་པ་ལ་ལྷག་བཅས་པ་དེ་ཚེ་འཕོས་དགོས་སམ་ཅི། དགོས་ན་ཉ་ཊཱིཀ་ལས། བར་འདའ་བ་ཚེ་མ་རྫོགས་པར་མྱུར་ཏུ་ལྷག་མེད་དུ་འདའ་སྟེ། ཞེས་དང༌། སྐྱེ་འདའ་བའི་སྐབས་དེ་ལས། ཚེ་རྫོགས་ནས་འབད་མེད་དུ་ལྷག་བཅས་ལྷག་མེད་དུ་འདའ་བ་སྟེ། ཞེས་གསུངས་པ་དང་སྒྲས་ཟིན་དང་འགལ་ལ། ཚེ་འཕོས་མི་དགོས་ན་མདོ་ལུགས་མ་དང་ཉ་ཊཱིཀ་རང་ལས་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཀྱི་དོན་གསུངས་པ་དང་ཚིག་ཟིན་འགལ་བར་སྣང་བས་འགལ་བ་ཡོད་མེད་དཔྱད་དགོས་སོ། །ལྷག་བཅས་ལྷག་མེད་ཀྱི་སྐབས་སུ་བསྡུ་བ་ལས། ཕུང་པོ་ལྷག་མ་དག་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ལ་ནི་སྒྲིབ་པ་དང་སྒྲིབ་པ་མེད་པའི་རྣམ་པར་བཞག་པ་དག་ཡོད་ཀྱི། ཞེས་དང༌། ཕུག་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིགས་ལ་གནས་པ་ལ་སྒྲིབ་པའི་རྣམ་པར་བཞག་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། མཚན་མ་དང་གནས་ངན་ལེན་ཐམས་ཅད་རྒྱུན་ཆད་ཅིང་འགག་པའི་ཕྱིར། ཞེས་དང༌། དེ་བཞིན་གཤེགས་པ་བཞིན་དགྲ་བཅོམ་པ་ལ་སྒྲིབ་པ་མི་མངའ་ན། ཅིའི་ཕྱིར་དེ་བཞིན་གཤེགས་པའི་མཛད་པ་མི་མཛད་ཅེ་ན། སྔོན་གྱི་སྨོན་ལམ་གོམས་པར་མ་བྱས་པ་དང༌། དམན་པའི་རིགས་ཅན་ཉིད་ཡིན་པ་དང༌།སླར་ལངས་པའི་བསམ་པ་མེད་པ་ཁོ་ནས་ཡོངས་སུ་མྱ་ངན་ལས་འདའ་བས་དེའི་ཕྱིར་མི་མཛད་དོ། །ཞེས་གསུངས་པའི་དགོངས་པ་ནི། མདོ་སྡེ་བ་སོགས་ཀྱི་འདོད་པ་དང་བསྟུན་ནས་བཤད་པར་སྣང་སྟེ། ཉ་ཊཱིཀ་སྐབས་གཉིས་པ་ལས། བསྡུ་བར། ལྷག་བཅས་ཀྱི་རྟེན་དེ་ཉིད་ཀྱིས་ཚེ་བསྲིང་ནས་ཐེག་ཆེན་དུ་འཇུག་གི་ལྷག་མེད་དུ་ཞུགས་ནས་མིན་པར་བཤད་པ་ནི་དགྲ་བཅོམ་ཤི་ནས་སྐྱེ་བ་མི་ལེན་པར་མདོ་སྡེ་བ་སོགས་འདོད་པ་དང་བསྟུན་པ་ཁོ་ན་ཡིན་པས་དབུ་མ་པའི་རང་ལུགས་སུ་འཆད་པ་ནི་སྙིང་རྗེའི་གནས་ཡིན་ནོ། །ཞེས་གསུངས་སོ། ལྷག་བཅས་ལྷག་མེད་ཀྱི་མྱང་འདས་གཉིས་མྱང་འདས་མཚན་ཉིད་པ་ཡིན་ནམ་ཞེ་ན།ཐུན་མོང་བའི་དབང་དུ་བྱས་ན་མྱང་འདས་མཚན་ཉིད་པ་དང༌། ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་དེ་མཚན་ཉིད་པ་དང་མཐར་ཐུག་གི་མྱང་འདས་མ་ཡིན་པར་སྣང་སྟེ། གོང་དུ་དྲང་བའི་ལུང་དུ་མ་དང༌། ཉ་ཊཱིཀ་༢༤༢ལས། འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་ཉམས་སྨད་པས་འགོག་པའི་འགོག་པ་བརྡའི་འགོག་པ་སྟེ། རྗེས་མཐུན་པ། འཕགས་པའི་ཤེས་རབ་ཀྱིས་ས་བོན་ཅི་རིགས་པར་བཅོམ་པའི་འགོག་པ་དོན་དམ་པའི་འགོག་པ་སྟེ་མཚན་ཉིད་པ་གཉིས་དང༌། ཞེས་དང༌། དེ་དག་ནི་ཐུན་མོང་བ་དང་བསྟུན་པའོ། །ཐུན་མོང་མ་ཡིན་པའི་ལུགས་ཀྱི་འགོག་བདེན་མཚན་ཉིད་པ་རང་བཞིན་རྣམ་དག་གི་ཆོས་ཉིད་གཙོ་ཆེའོ། །ཞེས་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་༤༦༧ལས། ལས་དང་ཉོན་མོངས་པ་སྤངས་པ་ལས་ཐོབ་པར་བྱ་བ་འགོག་པའི་བདེན་པ་གང་ཞེ་ན། ཐུན་མོང་གི་རྣམ་བཞག་མདོར་བསྟན་པ། ཞེས་པ་ནས། སྤང་བྱའི་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་དང༌།ཐུན་མོང་མ་ཡིན་པ་ཁྱད་པར་འཕགས་པ་དང༌། མིང་གི་རྣམ་གྲངས་ཀྱི་འགོག་པའི་བདེན་པ་བསྟན་པར་རིག་པར་བྱའོ། །ཞེས་དང༌། དེ་༤༧༤ལས། ཅིའི་ཕྱིར་འགོག་པའི་མཚན་ཉིད་ཅེས་བྱ་ཞེ་ན། སྡུག་བསྔལ་འབྱུང་བའི་ཉོན་མོངས་པ་རྣམས་དང་བྲལ་བའི་ཕྱིར་རོ། །ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་༨༥ལས། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ཟབ་མོ་རྣམས་སུ་འདུས་མ་བྱས་ཐོབ་པར་གྱིས་ཤིག་ཅེས་གསུངས་པ་དེ་རྣམས་ནི་དོན་དམ་ཆོས་ཀྱི་དབྱིངས་ཁོ་ན་ཡིན་གྱི་གཞན་དངོས་པོ་མེད་པ་ནི་ནམ་མཁའ་དང་འགོག་པ་གཉིས་ལ་སོགས་པ་རྣམས་ནི་མེད་པའི་ཕྱིར་ཐོབ་མ་ཐོབ་ཀྱི་རྣམ་བཞག་གང་ཡང་མི་འབྱུང་བས་མེད་པ་ལ་ཅི་ཞིག་ཐོབ་པར་འགྱུར་ཏེ་མེད་ཅེས་པའོ། །འཁྲུལ་ངོས་བཏགས་ཆ་ཞིག་ཐོབ་ཀྱང་དགོས་པ་མེད་དོ། །ཞེས་དང༌། ཡང་དེ༩༢ལས། དོན་དམ་པའི་འགོག་པ་ནི་འགོག་བདེན་ཡིན་གྱི་དེ་ལས་གཞན་སོ་སོར་བརྟག་འགོག་སོགས་ནི་འགོག་བདེན་དངོས་མ་ཡིན་ནོ། །ཞེས་གསུངས་སོ། །མདོ་ལུགས་མ་༡༤ལས། མྱ་ངན་འདས་ཀྱང་ཕུང་པོའི་ལྷག་མ་དང་བཅས་པ་དང༌། ཕུང་པོའི་ལྷག་མ་མེད་པ་གཉིས་ལས། ཞེས་དང༌། ལམ་རིམ་བདུད་རྩིའི་ཉིང་ཁུ་༤༧ལས། སྐྱེས་བུ་འབྲིང་དང་ཐུན་མོང་གི་བསམ་པ་སྦྱང་བ་ལ་འཁོར་བའི་རྒྱུ་འབྲས་བསམ་པ་དང༌། ཐར་བའི་རྒྱུ་འབྲས་བསམ་པའོ། །ཞེས་དང༌། ཁམས་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་ཟད་པའི་མཐའ་དྲི་མ་མེད་པར་གནས་པ་ལ་ཐར་བ་ཞེས་བྱ་སྟེ། ཞེས་དང༌། སྐབས་འདིར་འབྲས་བུ་ཞི་བ་མྱང་འདས་ཐུན་མོང་བའི་རྣམ་བཞག་དང༌། ཞེས་སོགས་གསུངས་པ་ལ་དཔྱད་པར་བྱའོ། །ཡང་མྱང་འདས་མཚན་ཉིད་པ་ལ་ཆོས་དབྱིངས་དགོས་ན་ཉན་ཐོས་སྡེ་གཉིས་སོགས་ཀྱི་མྱང་འདས་ཁས་ལེན་ནམ་ཅི། མི་ལེན་ན་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་མི་ལེན་ནམ་དཔྱད་དགོས་སོ། །དེ་ཁས་མི་ལེན་པ་མི་འཐད་དེ། འཇམ་དཔལ་གྲགས་པས། གྲུབ་མཐའ་གང་ཞིག་ཆོས་སོགས་ཀྱི་ཚིགས་བཅད་སངས་རྒྱས་ཕྱག་རྒྱས་བཏབ། །ཅེས་སོ། །བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ནི། བྱང་ཆུབ་སེམས་པའི་སྡེ་སྣོད་ལས། དེ་བཞིན་གཤེགས་པའི་ཆོས་ཐམས་ཅད་མདོ་བཞིར་འདུས་པར་བྱ་སྟེ།འདུས་བྱས་ཐམས་ཅད་མི་རྟག་པ་དང༌། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་དང༌། ཐམས་ཅད་བདག་མེད་པ་དང༌། མྱ་ངན་ལས་འདས་པ་ཞི་བའོ། །ཞེས་སོ། །དགྲ་བཅོམ་པའི་རྒྱུད་ན་ལས་ཀྱི་ཀུན་འབྱུང་ཡོད་པར་གསུངས་བའི་ཚིག་ཟིན་དུ་མ་ཡོད་དེ། ཉ་ཊཱིཀ་༤༧ལས། ལྷག་བཅས་ཀྱི་དགྲ་བཅོམ་ཆོས་ཅན། ཁྱོད་ཀྱི་སྡུག་བདེན་རྒྱུ་མེད་དུ་ཐལ་ཏེ། ཁྱོད་ཀྱིས་ཀུན་འབྱུང་སྤངས་པས་སོ་ཞེ་ན། རྟགས་མ་གྲུབ་སྟེ། ལས་ཀྱི་ཀུན་འབྱུང་མ་སྤངས་ཤིང་དེས་དེའི་རྒྱུད་ཀྱི་སྡུག་བསྔལ་ཅི་རིགས་བསྐྱེད་དོ། །སྤྱོད་འཇུག་ཏུ། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་ཏེ་དགྲ་བཅོམ་པ་སྒུར་ཆུང་དང་ཆར་ཀ་སོགས་དཔེར་བྱའོ། །ཡང་ན་དེའི་སྔར་གྱི་ལས་ཉོན་གྱིས་སྡུག་བསྔལ་གྱི་ཕུང་བོའི་རྒྱུན་ཚེ་འདིར་འཕངས་ཤིང་བསྐྱེད་ནས་དེ་སྤོང་བར་མི་འདོད་པས་རྒྱུན་གྱིས་འཇུག་སྟེ་ཕྱིས་རིགས་འདྲ་སྔ་མ་སྔ་མས་ཕྱི་མ་ཕྱི་མ་སྐྱེད་པས་རྒྱུ་མེད་དུ་མི་འགྱུར་རོ། །རྣམ་འགྲེལ་ལས། འཕངས་ལ་ལྡོག་འདོད་མེད་ཕྱིར་རོ། །ཞེས་དང༌། འགྲེལ་བཤད་དོན་གསལ་ལས། དགྲ་བཅོམ་པ་དག་ལ་སོ་སོ་སྐྱེ་བོའི་གནས་སྐབས་ན་བྱས་པ་ཡང་སྲིད་པའི་ལས་དགེ་བའམ་མི་དགེ་བ་མ་ངེས་པ་དག་ནི་མེད་པ་མིན་མོད་ཀྱི་ཕྲ་རྒྱས་མེད་པའི་ཕྱིར་དེ་དག་གིས་སྲིད་པ་མངོན་པར་འགྲུབ་པར་མི་ནུས་སོ། །ཞེས་དང༌།རྣམ་འགྲེལ་འགྲེལ་བཤད་རིན་ཆེན་ཕྲེང་བ་༡༢༤ལས། ལས་ཆོས་ཅན། འཁོར་བའི་སྡུག་བསྔལ་དྲག་པོའི་དངོས་རྒྱུ་མིན་ཏེ། ཁྱོད་རྒྱུད་ལ་ཡོད་ན་སྐྱེས་བུ་འཁོར་བ་པར་སྐྱེ་བའི་ངེས་པ་མེད་པའི་ཕྱིར། དགྲ་བཅོམ་པའི་ལས་བཞིན། ཞེས་དང༌། ༡༢༥ རང་གི་སྔོན་གྱི་ལས་ཀྱི་ནུས་པ་ཕུང་པོའི་རྒྱུན་རེ་ཞིག་གནས་པ་ཡིན་པའི་ཕྱིར། སྔོན་གྱི་ལས་ཀྱིས་འཕ༷ངས་བའི་ཕུང་པོའི་རྒྱུན་འཁོར་བར་གནས་པ་དེ་ལ༷་ལྡོ༷ག་པ་སྟེ། འདོར་འདོ༷ད་མེ༷ད་པར་བཏང་སྙོམས་སུ་མཛད་པའི་ཕྱི༷ར། གལ་ཏེ་ཆགས་བྲལ་ལས་ཀྱིས་གནས་ན་ཡང་སྲིད་པར་འཚམས་སྦྱོར་བར་འགྱུར་རོ་ཞེ་ན། སྲི༷ད་པ༷འི་སྲེ༷ད་ལ༷ས་རྣ༷མ་པར་རྒ༷ལ་བ༷འི་དགྲ་བཅོམ་ཆོས་ཅན། ཡང་སྲིད་པ་གཞ༷ན་དུ་འཁོར་བ་པར་འཕེ༷ན་ནུ༷ས་པའི་ལས་ཡོད་པ་མིན༷་ཏེ། དེར་འཕེན་པའི་ལྷ༷༷༷ན་ཅིག་བྱེ༷ད་པ༷༷་ལོག་སྲེད་ཟ༷ད་པའི་ཕྱི༷ར། ཞེས་གསུངས་སོ། །ཡང་རྣལ་འབྱོར་སྤྱོད་པའི་ས་ལས། རྒྱུན་དུ་ཞུགས་པས་ཡན་ལག་དུ་ཞིག་སྤོང་ཞེ་ན། ཐམས་ཅད་ཀྱི་ཕྱོགས་གཅིག་སྟེ་གང་ཡང་རུང་བ་དང༌། རིལ་གྱིས་སྤོང་བ་ནི་མ་ཡིན་ནོ། །ཕྱིར་མི་འོང་བས་ཡན་ལག་དུ་ཞིག་སྤོང་ཞེ་ན། འདོད་པ་ན་སྤྱོད་པ་ཐམས་ཅད་དོ། །དགྲ་བཅོམ་པས་ཡན་ལག་དུ་ཞིག་སྤོང་ཞེ་ན། ཁམས་གསུམ་ན་སྤྱོད་པ་ཐམས་ཅད་དོ། །ཞེས་དགྲ་བཅོམ་པས་ཁམས་གསུམ་ན་སྤྱོད་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་སྤངས་པ་ལྟ་བུར་གསུངས་པ་ལ་དཔྱད་རྒྱུ་ཅུང་ཟད་སྣང་ངོ། །ཡང་སྤྱོད་འཇུག་ཏུ། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །རེ་ཞིག་ཉེར་ལེན་སྲིད་པ་ནི། །མེད་ཅེས་ངེས་པ་ཡིན་ཞེ་ན། །སྲེད་འདི་ཉོན་མོངས་ཅན་མིན་ཡང༌། །ཀུན་རྨོངས་བཞིན་དུ་ཅི་སྟེ་མེད། །ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན། །ཚོར་བ་དེ་དག་ལ་ཡང་ཡོད། །དམིགས་པ་དང་ནི་བཅས་པའི་སེམས། །འགའ་ཞིག་ལ་ནི་གནས་པར་འགྱུར། །སྟོང་ཉིད་དང་ནི་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་པའི་དོན་སྤྱོད་འཇུག་ས་འགྲེལ་ལས་གསུངས་ཚུལ་ནི། དེ་༢༩༥ལས། ལས་ཀྱིས་གནོད་པའི་ཉེས་པ་ནི། སྟོང་ཉིད་མ་མཐོང་ཡང་བདེན་པ་མཐོང་བ་ན་ཉོན་མོངས་པ་སྤངས་པས་སྡུག་བསྔལ་མཐའ་དག་ལས་གྲོལ་བའི་མྱ་ངན་ལས་འདས་པ་ཐོབ་པོ་སྙམ་ན། དེ་ལྟ་ན་ཉོན་མོངས་པ་སྤངས་ནས་དགྲ་བཅོམ་པ་ཐོབ་པ་དེའི་དེ་མ་ཐག་ཏུ་སྡུག་བསྔལ་མཐའ་དག་ལས་རྣམ་པར་གྲོལ་བ་དེར་ཐལ་བར་འགྱུར་རོ། །འདོད་པར་ནི་མི་ནུས་ཏེ་སྟོང་ཉིད་མཐར་ཐུག་མ་མཐོང་ན་ཉོན་མོངས་པ་སྤངས་ནས་མེད་ཀྱང་ཐེག་དམན་གྱི་དགྲ་བཅོམ་པ་དེ་དག་ལ་སྔོན་གྱི་མི་དགེ་བའི་ལས་ཀྱི་ནུས་པ་སྨིན་པས་སྡུག་བསྔལ་མྱོང་བར་མཐོང་བ་ཡིན་ཏེ། ཨུ་དྲ་ཡ་ནས་དགྲ་བཅོམ་པ་ཐོབ་ཀྱང་གྲོང་ཁྱེར་སྒྲ་སྒྲོགས་པ་རྣམས་ཀྱིས་བཀྲོངས་པའི་འོ་བརྒྱལ་མྱོང་བ་ལྟ་བུའོ། །སྲིད་པ་གནས་པའི་ཉེས་པ་ནི། རེ་ཞིག་དང་པོ་ཉོན་མོངས་པ་སྤང་མ་ཐག་ཉིད་དུ་སྡུག་བསྔལ་ལས་མ་གྲོལ་ཡང་སྐུ་ཚེའི་འདུ་བྱེད་བཏང་བ་ན་གྲོལ་འགྱུར་ཏེ་དེ་དག་ལ་ཡང་སྲིད་ཉེ་བར་ལེན་པའི་རྒྱུ་ཕུང་པོ་ལ་སྲེད་པ་ནི་མེད་ཅེས་བྱ་བར་ངེས་པ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། ཐེག་དམན་འཕགས་པ་ལ་ཡོད་པའི་སྲེད་པ་འདི་དག་ཀུན་བརྟགས་ཉོན་མོངས་ཅན་མིན་ན་ཡང་ཉོན་མོངས་པ་ཅན་མ་ཡིན་པའི་ཀུན་ཏུ་རྨོངས་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡོད་པ་བཞིན་དུ་ཅི་སྟེ་མེད་དེ་དེ་དག་གི་རྒྱུད་ལ་ཡོད་པ་ཉིད་དོ། །དེའི་རྒྱུ་མཚན་ཡང་སྟོང་ཉིད་མ་མཐོང་ན་དངོས་པོར་འཛིན་པ་དང་བཅས་པས་བདེ་སྡུག་གི་ཚོར་བ་ཉམས་སུ་མྱོང་བའི་རྐྱེན་གྱིས་བླང་དོར་གྱི་སྲེད་པ་འབྱུང་བ་ཡིན་ལ། དངོས་འཛིན་དང་བཅས་པའི་ཚོར་བ་ནི་འཕགས་པ་དེ་དག་ལ་ཡང་ཡོད་པས་རྒྱུ་ཚང་ན་འབྲས་བུ་བཟློག་པར་མི་ནུས་པའི་ཕྱིར་རོ། །སླར་ཡང་ལྡོག་པའི་ཉེས་པ་ནི།སྟོང་ཉིད་ཟབ་མོ་མ་རྟོགས་ན་དམིགས་པ་རྣམས་ལ་བདེན་པའི་དངོས་པོར་ཞེན་པ་དང་ནི་བཅས་པའི་སེམས་ཐེག་དམན་འཕགས་པ་འགའ་ཞིག་ལ་ནི་ཡུན་རིང་དུ་གནས་པར་འགྱུར་ལ། སྟོང་པ་ཉིད་རྟོགས་པའི་ལྷག་མཐོང་དང་བྲལ་བའི་སེམས་རྣམ་པར་ཤེས་པའི་ཚོགས་ནི་ཞི་གནས་ཅུང་ཟད་ལ་བརྟེན་ནས་རེ་ཞིག་མངོན་གྱུར་འགགས་ཀྱང་ས་བོན་མ་སྤངས་པས་སླར་ཡང་སྐྱེ་ཞིང་ལྡོག་པར་འགྱུར་ཏེ། དཔེར་ན་འདུ་ཤེས་མེད་པའི་སྙོམས་འཇུག་ལ་བརྟེན་ནས་རྣམ་ཤེས་ཚོགས་དྲུག་ལན་ཅིག་འགགས་ཀྱང་སྟོང་ཉིད་རྟོགས་པའི་ལྷག་མཐོང་དང་བྲལ་བའི་རྒྱུ་མཚན་གྱིས་སླར་ཡང་སྐྱེ་བར་འགྱུར་བ་བཞིན་ནོ། །སྟོང་ཉིད་མ་རྟོགས་ན་ཉོན་མོངས་པ་མ་ལུས་པ་སྤངས་པའི་དགྲ་བཅོམ་པ་དང་སྡུག་བསྔལ་མ་ལུས་པ་ཞི་བའི་མྱ་ངན་ལས་འདས་པ་ཐོབ་པར་དཀའ་བ་དེས་ན་ཐར་པ་མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པ་དེ་དག་གིས་ནི་ལམ་གྱི་མཐར་ཐུག་ཐེག་པ་ཆེན་པོའི་བརྗོད་བྱ་ཟབ་མོ་སྟོང་པ་ཉིད་བསྒོམ་པ་ལ་འབད་པར་བྱ་སྟེ། རྒྱུད་བླ་མར། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །ཞེས་གསུངས་པའི་ཕྱིར་རོ། །ཞེས་སོ། །འདི་ལྟར་བཤད་པ་དཔལ་ལྡན་ཐལ་འགྱུར་བའི་ལུགས་ཡིན་མིན་དཔྱད་པར་བྱའོ། །

དྲི་བ་བདུན་པ་ཡུམ་གྱི་མཚན་ཉིད་དང་ཡུམ་སྲས་དུས་མཉམ་པ་དང་ཡུམ་སྲས་ཀྱི་དོན་གང་ཡིན་ཞེས་པ།

དྲི་བ་བདུན་པ་ཡུམ་གྱི་མཚན་ཉིད་དང་ཡུམ་སྲས་དུས་མཉམ་པ་དང་ཡུམ་སྲས་ཀྱི་དོན་གང་ཡིན་ཞེས་པའོ། །

དེའི་ལན་ནི། དུས་གསུམ་འཕགས་པ་ཐམས་ཅད་ཀྱི་བཞེད་དོན་སྒྲུབ་པའི་ཆོས་ཀྱི་དབྱིངས་དེ། ཡུམ་གྱི་མཚན་ཉིད་ཡིན་ཏེ། མདོ་ལུགས་མ་༢༠ལས། གང་ལ་བསླབས་ན་འཕགས་པ་དེ་རྣམས་འབྱུང་ཞིང་བཞེད་པ་ཐམས་ཅད་བསྒྲུབ་པར་མཛད་པ་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ཆོས་མཐའ་དག་སྐྱེད་པར་བྱེད་པ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་དབྱིངས་ཡིན་ཏེ། ཞེས་གསུངས་སོ། །སྤྱིར་ཡུམ་དུས་བྲལ་ཡིན་མོད་སྲས་འཕགས་པའི་དུས་སུ་ཡོད་པས་ཡུམ་སྲས་དུས་མཉམ་པ་ཁས་བླངས་ན་ལེགས་སྙམ་མོ། །ཉ་ཊཱིཀ་ལས་རང་སྲས་སྐྱེས་བུའི་བཞེད་དོན་སྒྲུབ་ནུས་ཀྱི་མངོན་རྟོགས་སམ་ལམ་ལ་ཡུམ་ཞེས་ཐ་སྙད་མཛད་ནས་དེ་ལ་དུས་མཉམ་མི་མཉམ་པ་དུ་མ་ཡོད་པ་ཡིན་ཏེ། མཁྱེན་པ་སྔ་མས་རང་སྲས་སྐྱེས་བུ་ཕྱི་མ་གསོ་བ་དང་དུས་མཉམ་པའི་མཁྱེན་པས་རང་སྲས་སྐྱེས་བུའི་བཞེད་དོན་སྒྲུབ་པ་ཡིན་པར་གསུངས་པའི་ཕྱིར་ཏེ། ཉ་ཊཱིཀ་༥༣ལས། གང་ཟག་གསུམ་གྱི་བཞེད་དོན་སྒྲུབ་པའི་སྒོ་ནས་དང༌། དོན་བསྡུས་ཏེ་འཕགས་བཞིའི་ཡུམ་དུ་བསྟན་པས་བསྟོད་པའོ། །ཞེས་དང༌།ཡུམ་ཤེར་ཕྱིན་ཆོས་ཅན། འཕགས་བཞིའི་ཡུམ་ཡིན་ཏེ། སྔ་ཕྱི་ལ་ལྟོས་ཏེ་དེའི་ངོ་བོ་བསྐྱེད།དེའི་གནས་སྐབས་གསོ་བའམ་རྒྱས་པར་བྱེད། དེ་ལ་ཕན་ཆེན་པོ་འདོགས་པས་སོ། །རྟགས་གྲུབ་སྟེ། ཡུམ་ཤེར་ཕྱིན་གྱིས་འཕགས་བཞིའི་ཟག་མེད་ཀྱི་ཕུང་བོ་མ་བསྐྱེད་ཅིང་དེ་དག་གི་ཟག་མེད་ཀྱི་ཕུང་བོ་མ་གསོས་པ་དེ་སྲིད་དུ་དེ་དག་གིས་ཉེར་ཞི་ཐོབ་པ་སོགས་དོན་ཆེན་པོ་ཐོབ་པར་མི་ནུས་པས་ཡང་ཡུམ་མོ། །ཡང་ཡུམ་ཤེར་ཕྱིན་ལ་འཕགས་བཞིས་ཉེར་ཞི་སོགས་དོན་ཆེན་པོ་གསུམ་ཐོབ་པས་ཕན་བཏགས་པའི་ཕྱིར་ན་ཡང་སྟེ། ཤཱནྟིས།ཡུམ་ཤེར་ཕྱིན་དེ་ལ་ཕྱག་འཚལ་ལོ། །འདི་ཇི་ལྟར་དེ་རྣམས་ཀྱི་ཡུམ་དུ་འགྱུར་ཞེ་ན།ཇི་སྐད་བཤད་པའི་དོན་ཆེན་པོ་གསུམ་ཐོབ་པའི་ཕྱིར་ཏེ། གང་ཡང་འཇིག་རྟེན་གྱི་ཕན་པ་ཆེན་པོ་འདོགས་པ་དེ་ནི་འཇིག་རྟེན་ན་མ་ཞེས་བྱའོ། །གཞན་ཡང་ཇི་སྲིད་དུ་དེ་དག་གི་ཟག་པ་མེད་པའི་ཕུང་བོའི་བདག་ཉིད་མ་བསྐྱེད་ཅིང་མ་གསོས་པ་དེ་སྲིད་དུ་དེ་དག་གིས་ཇི་སྐད་དུ་བཤད་པའི་དོན་ཆེན་པོ་རྣམས་ཐོབ་པར་མི་ནུས་སོ། །དེའི་ཕྱིར་དོན་གྱིས་ན་བསྐྱེད་པ་དང་གསོ་བ་ཡིན་པར་ཤེས་པར་བྱའོ། །དེའི་ཕྱིར་ཡང་འདི་ཡུམ་ཡིན་ནོ་ཞེས་སོ། །རྣམ་པར་མི་རྟོག་པར་བསྟོད་པ་ལས། གཞན་དོན་མངོན་དགའི་བདག་ཉིད་ཅན། །དཔའ་བོ་དག་ནི་ཐམས་ཅད་ཀྱི། །གསོ་མཛད་བསྐྱེད་པར་མཛད་པ་སྟེ། །ཁྱོད་ནི་བྱམས་མའི་ཡུམ་ལགས་སོ། །ཞེས་སོ། །མཁྱེན་གསུམ་དང་འཕགས་བཞི་ཡུམ་སྲས་སུ་སྒྲུབ་པ་ཡང་ཤེས་པར་བྱ་སྟེ། སྔ་ཕྱི་བསྐྱེད་བྱ་སྐྱེད་བྱེད་དང་དུས་མཉམ་གསོ་བ་དང་བཞེད་པ་སྒྲུབ་པའི་ཡུམ་ཡིན་པའི་ཚུལ་གྱིས་སོ། །ཡུམ་བྱེད་ཚུལ་ཡང་ཤེས་པར་བྱའོ། །ཞེསགསུངས་སོ། །དེ་ལས་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ཁྱད་པར་གྱི་གཞིའོ། །དེའི་ཁྱད་པར་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཅེས་སྨོས་ཏེ། ཡུམ་དེ་ལ་ཡང་ཀུན་རྫོབ་ཙམ་དུ་ཡང་དབྱེ་བ་བྱར་མེད་དོ་སྙམ་པ་དགག་པ་དང་སྲས་གསུམ་ཅར་སྐྱེ་བར་བསྟན་པའི་ཕྱིར་ཚིགས་འདི་སྨོས་ཏེ། རྣམ་པར་མི་རྟོག་པར་བསྟོད་པ་ལས། སངས་རྒྱས་རྣམས་དང་རང་སངས་རྒྱས། །ཉན་ཐོས་རྣམས་ཀྱིས་ངེས་བསྟེན་པའི། །ཐར་ལམ་ཁྱོད་ཉིད་གཅིག་པུ་སྟེ། །གཞན་ཞེས་བགྱི་བ་མ་མཆིས་ངེས། །ཞེས་བསྟོད་ཅིང༌།ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེར་ཕྱིན་ལ་བསླབ་ཅེས་སོགས་གསུངས་སོ། །འོ་ན་ཡུམ་འདི་ཉན་རང་རྣམས་བསྐྱེད་པས་གང་ཟག་གི་བདག་མེད་ཙམ་ཞིག་ཡིན་ཞིང་བྱང་སེམས་དང་སངས་རྒྱས་བསྐྱེད་པས་བདག་གཉིས་མེད་པ་ཉིད་ཡིན་ལ།གང་ཟག་གི་བདག་མེད་ཙམ་ནི་དྲན་པ་ཉེར་བཞག་སོགས་ལས་བསྟན། བདག་གཉིས་མེད་པ་ནི་སྡོང་བོ་བཀོད་པ་སོགས་ལས་བསྟན་པས་ཡང་ཡུམ་འདི་བསྟན་པ་ལ་དོན་ལྷག་པོ་མེད་ལ་ཡུམ་འདི་ཡང་ཐེག་པ་གསུམ་གྱི་རང་རང་གི་རྟོགས་པ་ལས་རྨད་དུ་བྱུང་བ་ཅི་ཡོད་སྙམ་ན། དེ་བསལ་བའི་ཕྱིར་ཚུལ་གསུམ་པ་ཅན་ཞེས་སྨོས་ཏེ། འདིར་ཡུམ་ལ་མཁྱེན་པ་གསུམ་དུ་ཕྱེ་བ་ནི་རང་བཞིན་ནམ་དངོས་པོ་གསུམ་དུ་ཕྱེ་བ་མིན་ཏེ་དེ་ལྟར་དབྱེ་མི་ནུས་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། གདུལ་བྱའི་བསམ་པའི་དབང་གིས་སྲས་གསུམ་གྱི་ཡུམ་ཡིན་ནོ་ཞེས་བསྟན་གྱི་དོན་ལའམ་དངོས་སུ་ནི་སངས་རྒྱས་བྱང་སེམས་ཁོ་ནའི་ཡུམ་ཡིན་གྱི་ཉན་རང་གཡུང་པོ་ལྟ་བུ་ནི་བུད་མེད་རིན་པོ་ཆེ་ལྟ་བུའི་ཡུམ་འདིས་དངོས་སུ་ག་ལ་བསྐྱེད། ཞེས་པ་ནས།དེ་ལྟར་ན་ཡུམ་ཤེར་ཕྱིན་ཆོས་ཅན། སངས་རྒྱས་དང་སོགས་པས་ཉན་རང་བྱང་སེམས་ཏེ་སྲས་འཕགས་བཞི་དངོས་དང་བརྒྱུད་པ་ཅི་རིགས་པས་བསྐྲུན་པར་མཛད་པ་ནི་གདོན་མི་ཟ་བར་སྲིད་པ་ཉིད་དོ། །གདུལ་བྱའི་བསམ་པའི་དབང་གིས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་དེ་དངོས་པོར་དབྱེར་ཡོད་པའི་མི་རྟོག་ཡེ་ཤེས་ཡིན་པས་སོ། །འོན་ཀྱང༌། དེ་ཆོས་ཅན། དོན་ལ་ཁྱོད་ཡིན་པའི་ཐེག་པ་གསུམ་གྱི་མཁྱེན་གསུམ་མཚན་ཉིད་པ་དབྱེར་མི་རུང་སྟེ། མཁྱེན་པ་གསུམ་གྱི་ཚུལ་ལམ་ཆ་བྱད་དམ་རྣམ་པར་མཛད་པ་ཅན་ཡིན་གྱི་ཁྱོད་ཡིན་པའི་གཞི་ཤེས་མཚན་ཉིད་པ་མེད་པས་སོ་ཞེས་པ་ཆོས་བཤེས་ཀྱི་དགོངས་པ་སྟེ་བོད་དག་ནི་གཞུང་ཀློག་པ་ཙམ་དུ་ཟད་དོ། །ཞེས་གསུངས་སོ། །ཡུམ་སྲས་ཞེས་པའི་སྲས་ནི། རང་གི་བཞེད་དོན་སྒྲུབ་པའི་ཡུམ་གྱིས་གསོ་བྱའི་སྐྱེས་བུ་དེའོ། །ཡུམ་གྱི་དོན་ནི་སྔར་ལྟར་ཡིན་ནོ། །

དྲི་བ་བརྒྱད་པ་ནི།རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་ཞེས་སོགས་ཀྱིས་སྐབས་ནས་བསྟན་པའི་དགོས་སོགས་ཆོས་བཞིའམ་ལྔ་གང་ཡིན་ངོས་འཛིན།

དྲི་བ་བརྒྱད་པ་ནི།རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་ཞེས་སོགས་ཀྱིས་སྐབས་ནས་བསྟན་པའི་དགོས་སོགས་ཆོས་བཞིའམ་ལྔ་གང་ཡིན་ངོས་འཛིན་དང༌།

དྲི་བ་བརྒྱད་པ་ནི།རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་ཞེས་སོགས་ཀྱིས་སྐབས་ནས་བསྟན་པའི་དགོས་སོགས་ཆོས་བཞིའམ་ལྔ་གང་ཡིན་ངོས་འཛིན་དང༌།དེ་དག་སྔ་ཕྱི་རྒྱུ་འབྲས་ཀྱི་འབྲེལ་བ་དགོས་སམ་ཅི་ཞེས་པའི་ལན།

རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་ཞེས་སོགས་ཀྱིས་སྐབས་ནས་བསྟན་པའི་དགོས་སོགས་ཆོས་བཞིའམ་ལྔ་གང་ཡིན་ངོས་འཛིན་དང༌། དེ་དག་སྔ་ཕྱི་རྒྱུ་འབྲས་ཀྱི་འབྲེལ་བ་དགོས་སམ་ཅི་ཞེས་པའོ། །དེའི་ལན་ནི། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་ཞེས་སོགས་ཀྱིས་སྐབས་ནས་བསྟན་པའི་དགོས་སོགས་ལྔ་ཡོད་དེ།ཡུམ་གྱི་ཚིག་དོན་རྣམས་བརྗོད་བྱ་དང༌། བསྟན་བཅོས་མངོན་རྟོགས་རྒྱན་གྱི་སྐབས་བརྒྱད་རྗོད་བྱེད་དང༌། འབྲེལ་བ་དང༌། དགོས་པ་དང༌། དགོས་པའི་དགོས་པ་དང་ལྔ་ཡོད་དེ། མདོ་ལུགས་མ་༢༢ལས། འདི་ལ་བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པ་དང༌། འབྲེལ་བ་དང༌། དགོས་པ་དང། དགོས་པའི་དགོས་པ་སྟེ་རྣམ་པ་ལྔའོ། །དེས་ན་སེམས་བསྐྱེད་པ་ལ་སོགས་པའི་རིམ་པས་གསུང་བར་འགྱུར་བའི་དོན་དངོས་པོ་བརྒྱད་ཀྱི་ངོ་བོ་ཉིད་ཀྱིས་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྗོད་པར་བྱ་བའོ། །འདི་སྟོན་པར་བྱེད་པའི་ལེའུའི་ཚོགས་ཀྱི་མདོ་རྣམས་ནི་རྗོད་པར་བྱེད་པའོ། །བརྗོད་བྱ་དང་རྗོད་བྱེད་འདི་དག་ཕན་ཚུན་བརྗོད་བྱ་རྗོད་བྱེད་ཀྱི་མཚན་ཉིད་ནི་འབྲེལ་པའོ། །དེ་ནས་ཆོས་སྤྱོད་བཅུའི་རིམ་པས་ལམ་ལ་འཇུག་ཅིང་སློབ་པ་ནི་དགོས་པའོ། །སྦྱོར་བ་བཞིའི་ངོ་བོ་ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བརྟེན་ནས་སྒྲིབ་པ་ཐམས་ཅད་དང་བྲལ་བའི་འབྲས་བུ་ཆོས་ཀྱི་སྐུ་ཐོབ་ཅིང༌། མཛད་པའི་འཕྲིན་ལས་དང་བཅས་པ་ལྷུན་གྱིས་གྲུབ་པ་ནི་དགོས་པའི་དགོས་པའོ། །ཞེས་དང༌། ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པ་དང༌། འབྲེལ་བ་དང༌། དགོས་པ་དང༌། དགོས་པའི་དགོས་པ་སྟེ་ལྔར་གསུངས་པས་དངོས་པོ་ལ་གྲུབ་པའི་གྲངས་དང་གོ་རིམ་ངེས་པ་མེད་ཅིང༌། ཞེས་དང༌། འགྲེལ་ཆེན་དྲི་མེད་འོད་ལས། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ནི་འདིར་བརྗོད་པར་བྱ་བའོ། །འདི་སྟོན་པར་བྱེད་པའི་ལེའུའི་ཚོགས་རྒྱུད་ཀྱི་རྒྱལ་པོ་ནི་རྗོད་པར་བྱེད་པའོ། །ཞེས་དང༌། བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་བའོ། །ཞེས་སོགས་གསུངས་སོ། །དེ་ལ་འདུལ་བ་མཚོ་ཊཱིཀ་ལས། དགོས་འབྲེལ་ཡན་ལག་བཞིར་གྲངས་ངེས་སྟེ། ཞེས་པ་ནས། ལོག་རྟོག་ཙམ་ལས་གཞན་རྟོགས་ལྡན་བསྟན་བཅོས་ལ་འཇུག་པའི་གེགས་སུ་འགྱུར་ངེས་ཀྱི་ལོག་རྟོག་བཞིར་གྲངས་ངེས་པ་དེ་དག་སེལ་བ་ལ་དགོས་འབྲེལ་ཡན་ལག་བཞིར་གྲངས་ངེས་སོ། །ཞེས་དང༌། རྣམ་ངེས་ལས། བརྡ་ཇི་ལྟ་བ་བཞིན་དོན་དུ་རྟོགས་པའི་ཕྱིར་དང་སྒྲ་སྦྱོར་བའི་དགོས་པ་དེ་ཙམ་དུ་ཟད་པའི་ཕྱིར།ཞེས་གསུངས་པས་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །གཞུང་དུ་མར་དགོས་སོགས་ཆོས་བཞི་གསུངས་ཏེ། ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། བསྟན་བཅོས་ལ་དགོས་འབྲེལ་བཞི་ཡོད་པར་རྟོགས་ཤིང༌།ཞེས་དང༌། ཉ་ཊཱིཀ་ལས། དེའི་བརྗོད་བྱ་གང་ན། བྱམས་པ་རང་གི་བསྟན་བཅོས་རྒྱལ་བའི་ཡུམ་མངོན་པར་རྟོགས་པའི་རིམ་པ་སྟོན་པ་ཐམས་ཅད་གྱི་མན་ངག་གི་ཚིག་ལེའུར་བྱས་པ་འདིའི་བརྗོད་པར་བྱ་བ། རྒྱལ་ཡུམ་མངོན་རྟོགས་ཀྱི་རིམ་པ་སྟོན་པ་ཐམས་ཅད་དེ་འོག་ཏུ་ཡུམ་རྣམ་པ་གསུམ་ཅར་ཞེས་སྨྲོས་པ་ནི་ཉེ་བར་མཚོན་པའི་དོན་ཙམ་མོ་ཞེས་ཆོས་བཤེས་ཏེ། འགྲེལ་བའི་སྐབས་སུ་ཡུམ་གྱི་དོན་ལ་བཤད་པས་མངོན་རྟོགས་སྟོན་པའི་རྒྱལ་ཡུམ་གསུམ་བརྗོད་བྱ་དང་བཅས་པ་འདིའི་བརྗོད་བྱ་དང༌། རྒྱན་ལ་བརྟེན་ནས་ཡུམ་དོན་ལེགས་པར་རམ་བདེ་བླག་ཏུ་རྟོགས་པ་དགོས་པ་དང༌། རྟོགས་པ་ལྟར་སྒྲུབས་པས་ས་དང་པོ་ནས་མི་གནས་པའི་མྱང་འདས་ཐོབ་པའི་བར་དགོས་པའི་ཡང་དགོས་པ་དང༌། རྗོད་བྱེད་བསྟན་བཅོས་རྒྱུ་དང་བརྗོད་བྱ་ཡུམ་དོན་རྟོགས་ཤིང་ཐོབ་པའི་དགོས་པ་གཉིས་འབྲས་བུར་འབྲེལ་བ་ནི་འདིའི་འབྲེལ་བ་སྟེ། ཞེས་གསུངས་སོ། །དེ་ལྟར་དགོས་སོགས་བཞི་བཤད་ལ་མདོ་ལུགས་མ་ལས། དེ་ལ་དེང་སང་ཡིག་ཆ་ཕལ་ཆེ་བ་རྣམས་སུ་དགོས་འབྲེལ་གྱི་ཆོས་བཞིར་གྲགས་ཤིང༌། འཆད་ལུགས་ཀྱང་ཅི་རིགས་པར་མཐོང་བའི་ཕྱིར། ཡིད་ཆེས་པའི་གནས་སུ་མི་འཛིན་ཏོ། །གཞུང་འདི་ནི་ས་བཅུ་པས་མཛད་པ་ཡིན་པའི་ཕྱིར། དགོས་འབྲེལ་ཡང་ས་བཅུ་པ་རྣམས་ཀྱི་རྗེས་སུ་འབྲང་སྟེ་བསྟན་པར་བྱ་དགོས་སོ། །ཞེས་པས་དཔྱད་པར་བྱ་དགོས་སོ། །བསྟན་བཅོས་ཀྱི་དགོས་སོགས་གསུངས་པའི་དགོས་པ་ནི། ཉ་ཊཱིཀ་༨༧ལས། དགོས་འབྲེལ་ངག་ལས་བསྟན་བཅོས་ཀྱི་ལུས་ལ་དགོས་སོགས་ཆོས་བཞི་ཡོད་པར་ངེས་པའམ་བསྟན་བཅོས་དགོས་པ་གཉིས་ཀྱི་རྒྱུར་ངེས་པ་སྟེ་དེ་ཡང་དབང་རྟུལ་གྱི་དབང་དུ་བྱས་ན་འཐད་དོ། །དེ་ལྟར་ན་བསྟན་བཅོས་རྩོམ་པའི་སྐབས་སམ་བྱ་བ་འགོག་པ་བཟློག་པ། གཞུང་བཀོད་པ་མཛེས་པ།དབང་རྣོན་ལ་དེ་འདྲའི་དོན་འགྱུར་བསྐྱེད་པ། དབང་རྟུལ་ལ་དེ་འདྲའི་ངེས་པ་སྐྱེས་པ།བསྟན་བཅོས་ལ་དགོས་མེད་ཀྱི་ལོག་རྟོག་བཟློག་པ། འབྲེལ་མེད་སོགས་ཀྱི་ལོག་རྟོག་བཟློག་པ། དུལ་ལྷས་སུམ་ཅུ་པའི་འགྲེལ་བཤད་དུ་བཤད་པ་ལྟར་ཉན་པ་པོ་སྤྲོ་བ་བསྐྱེད་པ་ཐམས་ཅད་དེའི་དགོས་པའམ་བྱ་བའི་འབྲས་བུ་ཡིན་ལ། དེ་ལས་རྟོགས་ལྡན་བསྟན་བཅོས་ལ་ཐོས་སོགས་ཀྱིས་འཇུག་པ་ཉིང་དགོས་སམ་བྱ་བའི་འབྲས་བུའི་འབྲས་བུ་ཡིན་ནོ། །ཞེས་དང༌། ས་བཟང་ཀུན་བཏུས་འགྲེལ་བ༢༡ལས། དབང་པོ་རྟུལ་པོས་ཡིད་ཆེས་པའི་ཚུལ་གྱིས་རྟོགས་ལ་རྣོན་པོས་དོན་འགྱུར་གྱི་ཐེ་ཚོམ་ཚུལ་གྱི་རྟོགས་པ་ལ་སོགས་པའི་དོན་དུའོ། །ཞེས་པ་ནས། དེ་ལ་ཚིག་ཙམ་གྱི་ལོག་རྟོག་ཟློག་པར་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། འདི་ལས་ཚུལ་གསུམ་པའི་རིགས་པ་བརྒྱུད་ནས་སྐྱེ་སྲིད་པའི་ཕྱིར་དང༌།དེ་དག་གི་ལོག་རྟོག་ནི་བརྗོད་བྱ་བདེན་ལྡན་དུ་སྟོན་པའི་ངག་གིས་ཀྱང་ཟློག་པར་ནུས་པའི་ཕྱིར། ཞེས་དང༌། འདུལ་བ་མཚོ་ཊཱིཀ་ལས། ངག་གི་ཐོས་བྱུང་ཤེས་རབ་ཀྱི་བློ་ཡུལ་དུ་ལོག་རྟོག་བསལ་ནུས་པས། ཞེས་པ་ནས། ཚད་མས་བསྡུས་པའི་བློ་ཡུལ་དུ་ལོག་རྟོག་བསལ་མི་ནུས་པས། དགོས་སོགས་ཆོས་བཞི་ཡོད་སྟོན་གྱི་ངག་ཆོས་ཅན། ངག་གི་དོན་ལ་ངེས་ཤེས་བསྐྱེད་མི་ནུས་པར་ཐལ། ངག་དང་དོན་ལ་འབྲེལ་བ་མེད་པའི་ཕྱིར་རོ་ཞེ་ན།ཚད་མས་བསྡུས་པའི་ངེས་ཤེས་བསྐྱེད་མི་ནུས་པར་ཐལ་ཟེར་རམ། ཐོས་བྱུང་གི་ངེས་ཤེས་བསྐྱེད་མི་ནུས་པར་ཐལ་ཟེར་དང་པོ་ལྟར་ན་འདོད་ཅིང་གཉིས་པ་ལྟར་ན་ཁྱབ་བ་མ་གྲུབ་བོ། །ཞེས་དང༌། ཆོས་མཆོག་གི་ཚད་མ་བརྟག་པ་ལས། གང་ཕྱིར་དོན་གཉེར་འཇིག་རྟེན་འདི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་སོགས་སོ། །དེ་དག་ལ་ཡང་རྣམ་འགྲེལ་ལས། བསྒྲུབ་པར་བྱ་བ་བརྗོད་པ་ཡིས། །བརྒྱུད་པ་ཡིས་ཀྱང་ནུས་པ་མེད། །ཅེས་དང༌། ནང་གི་ཡན་ལག་ནུས་པ་ནི། །ཚུལ་གསུམ་དག་ལ་ཡང་དག་གནས། །དེ་ལ་དྲན་པ་བསྐྱེད་པ་ནི། །དེ་ཉིད་ཚིག་ལ་ཡང་དག་གནས། །ཞེས་སོགས་ཀྱིས་དཔྱད་པར་བྱའོ། །སྐབས་འདིའི་འབྲེལ་བ་ཡང་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་བ་དང་ཐབས་ཐབས་བྱུང་གི་རྒྱུ་འབྲས་ཀྱི་ཚུལ་དུ་འབྲེལ་བ་གཉིས་ཡོད་པར་སྣང་སྟེ། མདོ་ལུགས་མ་ལས། བརྗོད་བྱ་དང་རྗོད་བྱེད་འདི་དག་ཕན་ཚུན་བརྗོད་བྱ་རྗོད་བྱེད་ཀྱི་མཚན་ཉིད་ནི་འབྲེལ་པའོ། །ཞེས་དང༌། ཉ་ཊཱིཀ་ལས། རྗོད་བྱེད་བསྟན་བཅོས་རྒྱུ་དང་བརྗོད་བྱ་ཡུམ་དོན་རྟོགས་ཤིང་ཐོབ་པའི་དགོས་པ་གཉིས་འབྲས་བུར་འབྲེལ་བ་ནི་འདིའི་འབྲེལ་བ་སྟེ། དེ་འདྲའི་འབྲེལ་བ་དེ་ཆེད་དུ་མ་བྱས་ཀྱང་ཤུགས་ཉིད་ཀྱིས་རང་དབང་མེད་པར་འབྲེལ་བས་ན་ཁོང་ན་ཡོད་པ་སྟེ་དེས་ན་འབྲེལ་བས་ནི་ཐབས་ཡིན་པར་ཡིད་ཆེས་པར་བྱེད་པའོ་ཞེས་ཆོས་བཤེས་སོ། །ཆོས་བཤེས་ནི་རྗོད་བྱེད་དང་བརྗོད་བྱར་འབྲེལ་བ་ལའང་བཤད་པར་མངོན་ནོ། །ཞེས་དང༌། ཡང་ན་བསྟན་བཅོས་འདི་རྗོད་བྱེད། ཡུམ་གསུམ་བརྒྱད་དང་བཅས་པ་འདིའི་བརྗོད་བྱར་འབྲེལ་བ་ནི་འདིའི་འབྲེལ་བའོ། །ཞེས་དང༌། མངོན་པ་ཀུན་བཏུས་ས་འགྲེལ་ལས། བསྟན་བཅོས་ལ་འཇུག་པ་དགོས་སོགས་ཡོད་པར་རྟོགས་པ་ལས་བྱུང་ཞིང་དེའང་དགོས་འབྲེལ་གྱི་ངག་ལས་བྱུང་བ་ནི་འབྲེལ་བའོ། །ཞེས་གསུངས་སོ། །རྩ་བའི་དགོས་འབྲེལ་ངག་གིས་དགོས་སོགས་ཆོས་བཞི་བསྟན་ཚུལ་ཉ་ཊཱིཀ་ལས། དངོས་སུ་ཟིན་པའི་ཆོས་གསུམ་ཤུགས་ཀྱིས་འཕངས་པའི་ཆོས་གཅིག་གོ ། ཞེས་དང༌། ཨ་བྷ་ཡ་སྟེ། ཆོས་བཤེས་ལྟར་ན་བརྗོད་བྱ་དེའི་ཆེ་བ་ནི་བྱང་སེམས་ལས་གཞན་གྱིས་མྱོང་བ་སྟེ་ཁོང་དུ་ཆུད་པ་མ་ཡིན་པ་ཞིག་གོ་ཞེས་རྐང་བ་དང་པོ་གསུམ་གྱིས་བརྗོད་བྱ་བསྟན་ཏོ་ཞེས་ཏེ་འགྲེལ་བར་ཡང་དེ་སྐད་སྦྱར་རོ། །ཨ་བྷ་ཡ་ནི་དགོས་པ་ལ་ཕྱིར་སྦྱོར་བར་གསལ་ལོ། །གཉིས་པ་ནི། ཆོས་བཤེས་ཀྱིས་ཆོས་སྤྱོད་ནས་བློ་དང་ལྡན་པས་རྟོགས་འགྱུར་ཞེས་པའི་བར་རྐང་པ་གསུམ་གྱིས་ཉིང་དགོས་བསྟན། བདེ་བླག་ཏུ་ནི་རྟོགས་འགྱུར་བ་ནས་ཡིན་གྱིས་དགོས་པ་བསྟན། ཞེས་པ་ལྟར་གསུངས་ལ། དེ་ལྟར་གསུངས་པ་དང༌། མདོ་ལུགས་མ་ལས། ཆོས་སྤྱོད་བཅུའི་རིམ་པས་ལམ་ལ་འཇུག་ཅིང་སློབ་པ་ནི་དགོས་པའོ། །ཞེས་དང༌། ཚུལ་ཇི་ལྟར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྟོན་པ་སངས་རྒྱས་ཀྱིས་ཤེར་ཕྱིན་གྱི་མདོ་འདི་ལས་བཤད་པའི་དོན་གང་ཡིན་པ་བྱང་ཆུབ་སེམས་དཔའ་ལས་གཞན་མཚན་མ་ལ་སྤྱོད་ཅིང་དམིགས་པའི་འདུ་ཤེས་ཅན་གྱིས་མྱོང་ཞིང་རྟོགས་པ་མ་ཡིན་པ་དེ་གང་ཡིན་ན། ཆོས་སྤྱོད་བཅུའི་བདག་ཉིད་ཀྱི་མདོའི་དོན་ཡིན་ལ། ཚིག་ལེའུར་བྱས་པ་འདི་ཐོས་པ་ལས་དཀའ་ཚེགས་ཆུང་ངུས་མདོའི་དོན་དེ་མི་བརྗེད་པའི་དྲན་པ་ལ་བཞག་ནས་བློ་དང་ལྡན་པ་བྱང་ཆུབ་སེམས་དཔས་མདོ་རྣམས་མཐོང་བ་ཙམ་གྱིས་མདོའི་དོན་རྟོགས་པར་འགྱུར་བའི་ཕྱིར། མདོའི་དོན་བདེ་བླག་ཏུ་ནི་རྟོགས་པ་ཞེས་བྱ་བ་གང་ཡིན་པ་དེ་ཚིག་ལེའུར་བྱས་པ་འདི་རྩོམ་པའི་དགོས་པ་ཡིན་པའི་ཕྱིར་དགོས་པ་མེད་པར་མི་འགྱུར་རོ། །ཞེས་གསུངས་པ་གཉིས་ཀྱི་ཚིག་ཟིན་ལ་དགོས་པ་འཇོག་ཚུལ་དང་བློ་དང་ལྡན་པས་མཐོང་ཞེས་པའི་མཐོང་ཚུལ་ལ་དཔྱད་དགོས་སོ། །མངོན་རྟོགས་རྒྱན་ལ་བརྟེན་ནས་ཐོབ་པའི་དགོས་པ་དང་མངོན་རྟོགས་རྒྱན་དུས་མཉམ་དུ་ཡོད་མེད་སོགས་ཀྱི་སྒོ་ནས་རྒྱུ་འབྲས་དུས་མཉམ་ཡོད་མེད་སོགས་དཔྱད་ན་ཡང་ཚིག་གི་སྒོ་ནས་དཔྱད་པའི་སྒོའོ། །

དྲི་བ་དགུ་བ་ཤེས་རབ་ཕ་རོལ་ཕྱིན་པ་ནི་ཞེས་སོགས་ཀྱི་ཤེར་ཕྱིན་གྱི་མཚན་ཉིད་དང་གཞུང་ལམ་འབྲས་བུའི་ཤེར་ཕྱིན་གསུམ་ཤེར་ཕྱིན་ཡིན་མིན་ཁྱད་པར་གང་ཡིན་ཞེས་པ།

དྲི་བ་དགུ་བ་ཤེས་རབ་ཕ་རོལ་ཕྱིན་པ་ནི་ཞེས་སོགས་ཀྱི་ཤེར་ཕྱིན་གྱི་མཚན་ཉིད་དང་གཞུང་ལམ་འབྲས་བུའི་ཤེར་ཕྱིན་གསུམ་ཤེར་ཕྱིན་ཡིན་མིན་ཁྱད་པར་གང་ཡིན་ཞེས་པའོ། །

དེའི་ལན་ནི། སོ་སོ་རང་རིག་པའི་དབྱིངས་རིག་གཉིས་སུ་མེད་པའི་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་དེ། ཤེར་ཕྱིན་གྱི་མཚན་ཉིད་ཡིན་ཏེ། མདོ་ལུགས་མ་༣༡ལས། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་གཉིས་ཏེ། དངོས་དང་བཏགས་པ་གང་ཡིན་པའོ། །ཤེར་ཕྱིན་དངོས་ནི་ཆོས་ཉིད་དེ་བཞིན་ཉིད་རང་བྱུང་གི་ཡེ་ཤེས་དོན་དམ་པའི་ཤེས་རབ་ནམ་མཁའ་ལྟར་ཀུན་ལ་ཁྱབ་པའི་ཡེ་ཤེས་ཆེན་པོ་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་བཞིན་གཤེགས་པའི་སྙིང་པོ་གཉིས་སུ་མེད་པའི་གཤིས་ལུགས་ཀྱི་སངས་རྒྱས་བདེན་པ་དེ་ཁོ་ན་ཉིད་ཆོས་ཀྱི་སྐུ་བླ་ན་མེད་པའི་བྱང་ཆུབ་དེ་བཞིན་ཉིད་བདག་དག་པའི་བདག་དམ་པ་རང་གི་ངོ་བོ་སྐྱེ་འགག་དང་འཕེལ་འགྲིབ་ལ་སོགས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱི་ཡེ་ནས་སྟོང་པའི་གཞི་ལ་ལྷག་མར་གྱུར་པ་གང་ཡིན་པའི་གཞན་སྟོང་ཟབ་མོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་པྲ་ཕབ་བརྒྱད་དང་མཚུངས་པ་ཁམས་གསུམ་པ་མ་ལུས་པའི་སངས་རྒྱས་ཀྱི་གཟུགས་རང་བཞིན་གཉུག་མའི་ཡོན་ཏན་མཚན་དཔེ་དང་སྟོབས་བཅུ་ལ་སོགས་པ་ནམ་མཁའ་གང་བའི་བདག་ཉིད་རྡུལ་ཕྲན་དང་རྣམ་ཤེས་ལས་འདས་པའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ཡིན་ནོ། །ཞེས་དང༌། མདོ་ལས། རབ་འབྱོར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ་ཞེས་དང༌། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ཞེས་སོགས་ཀྱི་ཤེར་ཕྱིན་དང༌། བྱང་ཆུབ་དང༌། དེ་བཞིན་ཉིད་རྣམས་གཅིག་ཡིན་པར་གསུངས་པ་དང༌། ཞེས་གསུངས་སོ། །གལ་ཏེ་ཤེར་ཕྱིན་མཚན་ཉིད་པ་དོན་དམ་པའི་སངས་རྒྱས་དེ་བཞིན་ཉིད་ངོ་བོ་ཡིན་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དུ་གསུངས་པ་དང་འགལ་ལོ། །ཞེ་ན་དེ་ལྟ་མ་ཡིན། ཞེས་པ་ནས། དེས་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་འདི་ཉིད་ཤེར་ཕྱིན་མཚན་ཉིད་པ་ཡིན་གྱི་སློབ་པའི་གནས་སྐབས་རྒྱུན་མཐའི་ཡེ་ཤེས་འབའ་ཞིག་ནི་ཏིང་ངེ་འཛིན་དེ་མ་ཡིན་ནོ། །སློབ་དཔོན་དབུ་མ་པ་ཆེན་པོ་དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་པའི་རྗེས་ལ་ལམ་བདེན་གྱིས་བསྡུས་པའི་ཡེ་ཤེས་བཞི་དང༌། ཉན་རང་དགྲ་བཅོམ་པའི་ཡེ་ཤེས་དང༌། བྱང་ཆུབ་སེམས་དཔའི་མོས་སྦྱོད་ནས་བཟུང་སྟེ་ས་ཆོས་ཀྱི་སྤྲིན་གྱི་བར་གྱི་ཡེ་ཤེས་དང༌། ཤེར་ཕྱིན་སྟོན་པའི་གཞུང་གི་ཚོགས་ཇི་སྙེད་པ་རྣམས་ཤེར་ཕྱིན་བཏགས་པ་པར་བསྟན་ནས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་བརྗོད་པ་དེ་དག་ལས་འདིར་ནི་སངས་རྒྱས་ཀྱི་སས་བསྡུས་པའི་ཤེས་རབ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཞེས་བྱའོ། །ཞེས་དང༌། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གནས་ཤིན་ཏུ་གྱུར་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཞེས་གསུངས་སོ། །འབུམ་ཊིཀ་ཀྱང་དེ་དང་མཐུན་ནོ། །ཡུམ་བར་མའི་ལེའུ་ཉེར་གཉིས་པ་ལས་ཀྱང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་དོན་དེ་ཉིད་གཟིགས་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ཞེས་གསུངས་སོ། །དེས་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཡིན་པ་ཉིད་ཀྱིས་ལམ་གྱི་གནས་སྐབས་འབའ་ཞིག་ལ་གོ་བར་མི་བྱ་སྟེ། སེམས་ཅན་དང༌། སངས་རྒྱས་དང་སློབ་པའི་གནས་སྐབས་ཐམས་ཅད་ལ་ནམ་མཁའ་ལྟར་ཁྱབ་པའི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་གཉིས་མེད་ཡེ་ཤེས་དོན་དམ་པའི་དེ་བཞིན་གཤེགས་པ་ཉིད། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། ཤེར་ཕྱིན་དངོས་ཡིན་ཞིང༌། གཞུང་གི་ཚོགས་དང་ལམ་ནི་ཤེར་ཕྱིན་བཏགས་པ་བ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེའི་སྒྲ་ཡིན། །ཞེས་གསུངས་པ་ལྟར་དེ་ཁོ་ན་ལྟར་ཡིན་ནོ། །དེ་བཞིན་གཤེགས་པ་ཞེས་པས་འབྲས་བུ་ཁོ་ན་ལ་གོ་བར་ཡང་མི་བྱ་སྟེ། ཆོས་ཀྱི་དབྱིངས་ཉིད་དེ་བཞིན་གཤེགས་པ་ཡིན་པའི་ཕྱིར་རོ། །ཞེས་དང༌། ཉ་ཊཱིཀ་ལས། ཡུམ་གསུམ་གནོད་འཇོམས་སུ། ཞེས་པ་ནས། སངས་རྒྱས་སའི་རྡོར་ཏིང་ཤེར་ཕྱིན་དངོས་དང་དེ་ལས་གཞན་གཞུང་ལམ་འབྲས་བུ་ཀུན་བཏགས་པ་བར་བཞེད་དོ། །ཞེས་དང༌། ཤེར་སྙིང་ཚིག་འགྲེལ་༡༣ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་དོན་མང་པོ་ལ་འཇུག་ཀྱང་དངོས་དང་གཙོ་བོ་ནི། ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་གཉིས་མེད་ཀྱི་ཡེ་ཤེས་བདེ་གཤེགས་སྙིང་པོ་དེ་ཡིན་ལ། ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། དེ་ལྟ་བུའི་ཤེར་ཕྱིན་མཚན་ཉིད་པ་དེ་ནི་གཞི་ཤེར་ཕྱིན་དང་འབྲས་བུ་ཤེར་ཕྱིན་དང་མཐར་ཐུག་པ་སྟེ། ངོ་བོ་དབྱེར་མེད་པའི་དེ་བཞིན་ཉིད་དོ། དེ་ལ་དོན་དུ་བྱེད་པའི་ལམ་དང་དེ་དག་སྟོན་པའི་གཞུང་ལ་ནི་བཏགས་པ་ཙམ་སྟེ། ཞེས་དང༌། དེ་ལས། དེ་བཞིན་ཉིད་ཀྱི་རྣམ་གྲངས་སུ་གཏོགས་པ་ཇི་སྙེད་གསུངས་པ་ཐམས་ཅད་ལ་ཡང་གཞུང་དང་ལམ་གང་ཡིན་པ་བཏགས་པ་བ་དང་གཞི་དང་འབྲས་བུ་ངོ་བོ་དབྱེར་མེད་གང་ཡིན་པ་ཐམས་ཅད་མཚན་ཉིད་པ་ཉིད་དུ་དོན་ལ་གནས་ཏེ། ཞེས་གསུངས་སོ། །ཉ་ཊཱིཀ་སོགས་ཀྱི་ཚིག་ཟིན་ལ་ལམ་ཤེར་ཕྱིན་དེ་ཤེར་ཕྱིན་ཡིན་པ་ལྟ་བུར་གསུངས་པའི་ཚུལ་འདི་ལྟ་སྟེ། ཇི་སྐད་དུ།མདོ་ཚིག་ལྟར་ན། ཆོས་རབ་ཏུ་རྣམ་འབྱེད་འཁོར་གསུམ་དུ་མི་རྟོག་པའི་བློ་ཞེས་པར་རུང་སྟེ། བདག་ནི་ཤེས་རབ་བསྒོམ་མོ། །ཤེས་རབ་ནི་འདིའོ། །འདི་རྣམས་ཀྱི་དོན་དུའོ་སྙམ་ན་ཤེས་རབ་ཉིད་དུ་འགྱུར་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བ་ནི་མ་ཡིན་ནོ་ཞེས་གསུངས་པས་དེ་ལྟར་འཕངས་སོ། །གཉིས་པ་ནི། སྟོང་པ་ཉིད་ལ་དམིགས་པའི་ཕྱིར་མཆོག་ཏུ་གྱུར་པའི་ཤེས་པ་ཡིན་པས་ཤེས་རབ། དེ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་ཅིང་སོང་བ་ཡང་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་གི་ཕ་རོལ་ཅེ་ན། བྱང་སེའི་ནི་རྣམ་པར་རྟོག་པའི་ཕ་རོལ་ཏུ་ཕྱིན་ལ་སངས་རྒྱས་ཀྱི་ནི་དག་པའི་ཕ་རོལ་ཏུའོ་ཞེས་དག་ལྡན་ལས་སོ། །ཡང་པྲཛྙཱ་ཞེས་པའི་པྲ་ཕྲལ་ཏེ་པཱ་ར་མཱརྠ་ཞེས་བསྒྱུར་བས་དོན་དམ་པ་ཛྙཱ་ནི་ཛྙཱ་ན་སྟེ་ཤེས་རབ། དོན་དམ་པ་ཤེས་པས་ཤེས་རབ་སྟེ་དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་དང༌། གང་ལ་བདེ་བར་གཤེགས་པའི་སྲས་རྣམས་འཇུག་པ་དེ་ཉིད་དེ་དག་གི་ཐུན་མོང་མ་ཡིན་པའི་ལམ་ཡིན་ལ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཡིན་ཏེ། དེ་ཉིད་ཀྱི་ནང་དུ་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་འདུས་པའི་ཕྱིར་རོ་ཞེས་སོ། །དེས་ན་ཤེར་ཕྱིན་ལ་རྒྱུའི་ཤེར་ཕྱིན་དང་འབྲས་བུའི་ཤེར་ཕྱིན་གཉིས་སུ་བི་མ་ལ་མི་ཏྲས་བཤད་པ་ལྟར་ལེགས་སོ། །ཞེས་གསུངས་སོ། །ཉན་རང་ཤེར་ཕྱིན་མཚན་ཉིད་པ་མེད་པར་སྣང་སྟེ། ཉ་ཊཱིཀ་ལས། སྔ་རབས་པ་དག་ཐེག་པ་གསུམ་གྱི་ལམ་ལྔ་ཐམས་ཅད་ཤེར་ཕྱིན་མཚན་ཉིད་པར་སྨྲ་བ་ནི་བབ་ཅོལ་ཏེ། སྡུད་པར། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང༌། །ཞེས་དང༌། དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། །ཞེས་སོགས་དང་འགལ་ཞིང༌། ཤེར་ཕྱིན་མཚན་ཉིད་པ་ཡིན་ན་ཆོས་ཀྱི་བདག་མེད་རྟོགས་དགོས་པ་ལ། ཐེག་ཆེན་སེམས་བསྐྱེད་མེད་པའི་རྒྱུད་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་ཅེས། ཆེར་འོས་སེམས་བསྐྱེད་སྤངས་པའི་སྐྱེ་བོ་དག །གཞན་དོན་སེམས་དང་དེ་ཡི་ཐབས་རྙེད་དང༌། །དགོངས་ཆེན་དོན་དང་དེ་ཉིད་མཆོག་མཐོང་བའི། །བདེ་བ་དེ་སྤངས་ཞི་བར་འགྲོ་བར་འགྱུར། །ཞེས་དང༌། ཐེག་བསྡུས་བཤད་སྦྱར་ལས། བསེ་རུ་ལྟ་བུ་རྣམས་ལ་ནི། །ཕ་རོལ་ཕྱིན་དྲུག་མིང་ཡང་མེད། །ཅེས་སོགས་མཐའ་ཡས་པ་དང་འགལ་ལོ། །ཞེས་གསུངས་སོ། །གནོད་འཇོམས་སུ། སྨོན་ལམ་དང་བརྩོན་འགྲུས་བརྩམས་པ་དང་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་དང་འཁོར་བ་དང་རྣམ་པར་རྟོག་པ་དང་ཡོན་ཏན་དང་ཤེས་པར་བྱ་བ་དང་རྣམ་པ་འདི་དགུའི་ཕ་རོལ་ཏུ་སོན་པའི་ཕྱིར། ཞེས་སོ། །ཉན་རང་གི་ལམ་ལ་ཡང་རྒྱུའི་མིང་གིས་བཏགས་ཏེ། གནོད་འཇོམས་སུ། ཉན་ཐོས་དང་རང་སངས་རྒྱས་ཀྱི་མཐར་ཕྱིན་པའི་སས་བསྡུས་པ་དགྲ་བཅོམ་པའི་ལམ་གྱི་ཡེ་ཤེས་ཀྱང་ཤེར་ཕྱིན་གྱི་རྒྱུ་མཐུན་པ་ཡིན་པས་ཤེར་ཕྱིན་གྱི་མིང་ཐོབ་པར་འགྱུར་རོ། །ཞེས་སོ། །ཉ་ཊཱིཀ་གི་གསུངས་ཟིན་ལྟར་ན་གཞུང་ལམ་འབྲས་བུའི་ཤེར་ཕྱིན་ལ་དངོས་བཏགས་དང་གཙོ་ཕལ་ཅི་རིགས་ཡོད་དེ། ཉ་ཊཱིཀ་ལས།དེས་ན་ཆོས་ཉིད་ཤེར་ཕྱིན་གྱི་གཙོ་བོ་དང་གཞུང་ལམ་འབྲས་བུ་གསུམ་ཕལ་བའོ། །དེ་ལས་ཀྱང་སངས་རྒྱས་སའི་མི་རྟོག་ཡེ་ཤེས་གཙོ་བོ་དང་གཞན་ཕལ་བ་ཡིན་པས་རང་བཞིན་མེད་རྟོགས་ཀྱི་ཐེག་ཆེན་གྱི་སློབ་ལམ་མཉམ་བཞག་ཀུན་ཤེར་ཕྱིན་ཕལ་བ་ཡིན་ཅིང་ཤེར་ཕྱིན་ཕལ་བ་ལ་ཡང་ཤེར་ཕྱིན་གྱི་མཚན་ཉིད་ཚང་བས་སློབ་ལམ་ན་ཤེར་ཕྱིན་ཡོད་དོ། །ཕྱོགས་གླང་ཡང་གཙོ་ཕལ་དུ་དགོངས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་ནི་གཉིས་ཏེ། གཙོ་བོ་དང་ཕལ་བའོ་ཞེས་དཀོན་མཆོག་འབངས་ཀྱིས་བཤད་ལ་མི་ཕལ་བས་ཀྱང་མིའི་གོ་ཆོད་པ་བཞིན་ནོ།།གལ་ཏེ་སློབ་ལམ་ན་ཤེར་ཕྱིན་དངོས་མེད་ན། ས་བཅུ་ལ་ཕར་ཕྱིན་བཅུ་རིམ་བཞིན་དུ་རེ་རེ་གཙོ་ཆེ་བར་སྤྱོད་པ་མིན་པར་འགྱུར་ལ་འདོད་མི་ནུས་ཏེ་ས་བཅུ་བའི་མདོ་དང་དབུས་མཐའ་རྣམ་འབྱེད་དབུ་མ་འཇུག་པ་སོགས་ལས་དེ་ལྟར་དུ་རྒྱས་པར་བཤད་པ་དང་འགལ་ལོ། །ཡང་སློབ་ལམ་ན་མི་རྟོག་ཡེ་ཤེས་མེད་པར་འགྱུར་ཏེ་ཤེར་ཕྱིན་མེད་པས་སོ། །ཁྱབ་སྟེ་ཐེག་བསྡུས་སུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཁྱད་པར་མེད་དེ། ཇི་སྐད་དུ། བྱང་སེམས་རྣམས་ཤེར་ཕྱིན་ལ་མི་གནས་པའི་ཚུལ་གྱིས་གནས་ནས། དེ་ལས་གཞན་པའི་ཕར་ཕྱིན་རྣམས་བསྒོམ་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་གསུངས་པ་ལྟ་བུའོ། །ཞེས་དང༌། དེའི་བཤད་སྦྱར་དུ། རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ཡིན་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཞེས་སོ། །རྣམ་པར་མི་རྟོག་པར་བསྟོད་པ་དང་ཤེར་ཕྱིན་ལ་བསྟོད་པ་གཉིས་དོན་གཅིག་ཏུ་འཕགས་པ་ཀླུ་དང་ཐོགས་མེད་ཀྱིས་བཤད་ཅིང༌། རྣམ་པར་མི་རྟོག་པ་ལ་སྦྱོར་བ་ལས་བྱུང་བ་དང་དངོས་གཞི་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་རྗེས་ཐོབ་ཀྱི་མི་རྟོག་ཡེ་ཤེས་ཏེ་གསུམ་པོ་མོས་སྤྱོད་དང་མཐོང་སྒོམ་སོགས་དང་རྗེས་ཐོབ་ཏུ་ཡོད་པར་བཤད་དོ། །ཡང་བྱང་འཕགས་རྣམས་ཤེར་ཕྱིན་གྱི་གཟུགས་བརྙན་ལ་སྤྱོད་པར་འགྱུར་ཏེ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་འཕགས་པ་ཡིན་ཀྱང་ཤེར་ཕྱིན་དངོས་རྒྱུད་ལ་མེད་པས་སོ། །འདོད་ན་ཐེག་དམན་པ་དང་ཁྱད་མེད་པར་འགྱུར་རོ། །འཇུག་པར་ཡང༌། ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་སྦྱིན་པ་འདི་ཡང་སྦྱིན་པར་བྱ་བ་དང་ལེན་པ་པོ་དང་སྦྱིན་པ་པོར་དམིགས་པ་དང་བྲལ་བར་གྱུར་ན་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་དང༌། སྦྱིན་པ་དེ་ཉིད་གསུམ་དུ་དམིགས་པ་ཡོད་ན་འཇིག་རྟེན་པའི་ཕར་ཕྱིན་ཞེས་བྱ་བར་བསྙད་དོ་ཞེས་སོགས་གཞན་ལའང་སྦྱར་ཏེ་བཤད་པས་འཁོར་གསུམ་དུ་མི་རྟོག་པའི་ཤེས་རབ་ཡིན་ན་ཤེར་ཕྱིན་དངོས་སུ་འདོད་དགོས་སོ། །ཡང་འཇུག་པར། ཕ་རོལ་ཅེས་བྱ་བ་ནི་གང་འཁོར་བའི་རྒྱ་མཚོའི་ཕར་འགྲམ་དང་ངོགས་ཏེ།ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པའི་རང་བཞིན་མངའ་བའི་སངས་རྒྱས་ཉིད་དོ། །ཕ་རོལ་ཏུ་སོན་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་པ་ནི་སྒྲ་བཤད་ཡིན་པས་སྒྲ་བཤད་ལ་ཁྱབ་པ་མི་རྩིའོ། །ཞེས་གསུངས་སོ། །དེའི་དགོངས་པ་ནི། ལམ་ཤེར་ཕྱིན་དེ་ཤེར་ཕྱིན་ཐོབ་བྱེད་དམ་ཕྱིན་བྱེད་ཀྱི་ལམ་མམ་ཉམས་ལེན་ཡིན་པས་ན་ཤེར་ཕྱིན་གྱི་མིང་བཏགས་ནས་བསྟན་པར་བཤད་ན་བཤད་ཚུལ་ཞིག་ཡོད་པར་སྣང་ངོ། །གཞུང་ལམ་གྱི་ཤེར་ཕྱིན་ནི་གོང་དུ་བཤད་པའི་ཤེར་ཕྱིན་གྱི་མཚན་ཉིད་མ་ཚང་བས་ཤེར་ཕྱིན་དངོས་མ་ཡིན་སྙམ་མོ། །སྔོན་མེད་ལེགས་བཤད་༣༡ལས། འཕགས་པའི་ལམ་གྱིས་བསྡུས་པ་སྤྲོས་་བྲལ་རྟོགས་པའི་ཡེ་ཤེས་ནི་ལམ་ཤེར་ཕྱིན་ཡིན་ནོ། །ཞེས་གསུངས་པ་དང༌། ཉ་ཊཱིཀ་དང་ཡུམ་གསུམ་གནོད་འཇོམས་སུ་ཚོགས་སྦྱོར་ལ་ལམ་ཤེར་ཕྱིན་ཡོད་པ་ལྟ་བུར་གསུངས་པ་གཉིས་ལ་དཔྱད་པར་བྱའོ། །དབུས་མཐའ་ལས། དེ་ཕྱིར་དམ་པའི་དོན་གྱི་ནི། །ཕ་རོལ་ཕྱིན་པ་བཅུ་འདོད་དོ། ཞེས་དང༌། ཐེག་བསྡུས་ལས། འདི་དག་་གི་མཚན་ཉིད་ཇི་ལྟར་ལྟ་ཞེ་ན། དམ་པ་དྲུག་གིས་ལྟ་བར་བྱ་སྟེ། ཞེས་དང༌། ཉ་ཊཱིཀ་༣༩༥ལས། ཕར་ཕྱིན་སྤྱིའི་མཚན་ཉིད། སྲིད་ཞིའི་ཕ་རོལ་ཏུ་ཕྱིན་པའམ་ཕྱིན་བྱེད་གང་ཞིག་འཁོར་གསུམ་དུ་མི་རྟོག་པའི་བློ། ཞེས་དང༌། གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་བའི་ཆོས་བཞི་ལྡན། ཞེས་སོགས་དང༌། ཉ་ཊཱིཀ་ལས། གལ་ཏེ་སློབ་ལམ་ན་ཤེར་ཕྱིན་དངོས་མེད་ན། ས་བཅུ་ལ་ཕར་ཕྱིན་བཅུ་རིམ་བཞིན་དུ་རེ་རེ་གཙོ་ཆེ་བར་སྤྱོད་པ་མིན་པར་འགྱུར་ལ། ཞེས་སོགས་ཀྱིས་ཕར་ཕྱིན་དང་ཤེར་ཕྱིན་ལ་ཁྱད་པར་ཡོད་མེད་དཔྱད་པར་བྱའོ། །ཕར་ཕྱིན་མདོ་ལུགས་མ་ལྟར་ཤེར་ཕྱིན་ལ་ཆོས་དབྱིངས་དགོས་ན་ཤེར་མདོ་ལས། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེར་ཕྱིན་ལ་བསླབ། ཅེས་སོགས་དང༌། རྣམ་པར་མི་རྟོག་པར་བསྟོད་པ་ལས། སངས་རྒྱས་རྣམས་དང་རང་སངས་རྒྱས། །ཉན་ཐོས་རྣམས་ཀྱི་ངེས་བསྟེན་པའི། །ཐར་ལམ་ཁྱོད་ཉིད་གཅིག་པུ་སྟེ། གཞན་ཞེས་བགྱི་བ་མ་མཆིས་ངེས། །ཞེས་དང༌། ཤེར་སྙིང་དཀའ་འགྲེལ་༧ལས། ལམ་གྱི་ཤེར་ཕྱིན་རྒྱལ་བའི་སྲས། །འཕགས་པ་རྣམས་ཀྱི་སྒོམ་བྱ་སྟེ། སོ་སོ་སྐྱེ་དང་ཐེག་དམན་གྱི། །འཕགས་པའང་ཤེར་ཕྱིན་སྒོམ་མོད་ཀྱི། །ཤེར་ཕྱིན་ཡོངས་རྫོགས་སྒོམ་པ་མེད། །ཅེས་གསུངས་པའི་དགོངས་དོན་ལ་དཔྱད་དགོས་སོ། །

དྲི་བ་བཅུ་བ་ནི།སྦྱོར་བཞིའི་མཚན་ཉིད་དབྱེ་བ་ས་མཚམས་ནང་ཕན་ཚུན་འགལ་ལམ་ནང་ཕན་ཚུན་རྫས་གཅིག་གམ་ཐ་དད་གང་ཡིན་ཞེས་པའི་ལན།

དྲི་བ་བཅུ་བ་ནི།སྦྱོར་བཞིའི་མཚན་ཉིད་དབྱེ་བ་ས་མཚམས་ནང་ཕན་ཚུན་འགལ་ལམ་ནང་ཕན་ཚུན་རྫས་གཅིག་གམ་ཐ་དད་གང་ཡིན་ཞེས་པའི་ལན།

སྦྱོར་བཞིའི་མཚན་ཉིད་དབྱེ་བ་ས་མཚམས་ནང་ཕན་ཚུན་འགལ་ལམ་ནང་ཕན་ཚུན་རྫས་གཅིག་གམ་ཐ་དད་གང་ཡིན་ཞེས་པའོ། །དེའི་ལན་ནི། དེ་དག་གི་མཚན་ཉིད་དབྱེ་བ་ས་མཚམས་ཉ་ཊཱིཀ་ལྟར་ན་མཁྱེན་པ་གསུམ་ལ་དབང་བསྒྱུར་ཐོབ་པའི་ཕྱིར་དུ་མཁྱེན་གསུམ་བསྡུས་ནས་བསྒོམ་པའི་བྱང་ཆུབ་སེམས་དཔའི་སྦྱོར་བ་དེ། རྣམ་རྫོགས་སྦྱོར་བའི་མཚན་ཉིད། དབྱེ་ན་སློབ་ལམ་བཞི་འམ་སྦྱོར་བ་ཉི་ཤུ། ས་མཚམས་ནི་ཚོགས་ལམ་ནས་རྒྱུན་མཐའི་བར་ནའོ། །དེ་ལྟར་འཐད་དེ། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། དེས་ན་ཐེག་ཆེན་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད། ཅེས་དང༌། དེས་ན་མཚན་ཉིད།མཚོན་བྱ། གཞི་གསུམ་ལས། དང་པོ་ནི། མཁྱེན་པ་གསུམ་ལ་དབང་གྱུར་ཐོབ་པའི་ཕྱིར་དུ་མཁྱེན་གསུམ་བསྡུས་ནས་བསྒོམ་པའི་བྱང་ཆུབ་སེམས་དཔའི་སྦྱོར་བ། ཞེས་དང༌། གསུམ་པ་ནི། ཐེག་ཆེན་སློབ་ལམ་བཞིའམ་སྦྱོར་བ་ཉི་ཤུའོ། །ཞེས་གསུངས་སོ། །མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པའི་རབ་ཏུ་གྱུར་བའི་སྦྱོར་བ་དེ། རྩེ་སྦྱོར་གྱི་མཚན་ཉིད། དབྱེ་ན་རྩེ་མོ་བདུན། ས་མཚམས་དྲོད་ནས་རྒྱུན་མཐའི་བར་ན་ཡོད་དོ། །དེ་ལྟར་འཐད་དེ། ཉ་ཊཱིཀ་ལས། དེས་ན་མཚན་ཉིད། མཚོན་བྱ། གཞི་གསུམ་ལས། དང་པོ་ནི། གསུམ་བསྡུས་བསྒོམ་རབ་ཏུ་གྱུར་བའི་སྦྱོར་བ་སྟེ། དེ་རབ་ཅེས་དང༌། རྩེ་མོའི་མངོན་རྟོགས་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རབ་ཀྱི་གནས་སྐབས་སོ་ཞེས་འདིར་བཤད་དོ། །གཉིས་པ་ནི། བསྡུས་བསྒོམ་སྔར་བས་རྩེ་མོ་སྟེ་རབ་ཏུ་ཕྱིན་པའམ་སོན་པའོ། །གསུམ་པ་ནི། བདུན་ཡོད་ལ་ས་མཚམས་དྲོད་ནས་རྒྱུན་མཐའི་བར་ན་ཡོད་དེ་འོག་ཏུ་འཆད་དོ། །ཞེས་གསུངས་སོ། །མཁྱེན་གསུམ་ཀྱི་རྣམ་པ་བསྡུས་ནས་གོ་རིམ་དུ་སྒོམ་པའི་སྦྱོར་བའམ་སྦྱིན་སོགས་དཀར་ཆོས་བཅུ་གསུམ་གོ་རིམ་གྱིས་བསྒོམ་པའི་སྦྱོར་བ་དེ། མཐར་སྦྱོར་གྱི་མཚན་ཉིད། དབྱེ་ན་བཅུ་གསུམ། ས་མཚམས་ཚོགས་ལམ་ནས་རྒྱུན་མཐའི་སྔ་ལོགས་ཚུན་ཆད་ནའོ། །དེ་དག་ནི་ཉ་ཊཱིཀ་གི་གསུངས་ཟིན་ལྟར་བཞག་པ་ཡིན་ཏེ། ཉ་ཊཱིཀ་ལས། འདི་ལ་མཚན་ཉིད། མཚོན་བྱ། གཞི་གསུམ་ལས་དང་པོ་ནི། གསུམ་བསྡུས་བསྒོམ་གོ་རིམ་དུ་བསྒོམ་པའི་སྦྱོར་བའམ་སྦྱིན་སོགས་དཀར་ཆོས་བཅུ་གསུམ་གོ་རིམ་གྱིས་བསྒོམ་པའི་སྦྱོར་བ་སྟེ། ཞེས་པ་ནས། སློབ་དཔོན་ལྟར་ན་རྩེ་སྦྱོར་ཐོབ་ནས་ཞེས་བསྣན་ཏེ་འདི་མི་ལེགས་སོ། །གཉིས་པ་ནི། བསྡུས་བསྒོམ་མམ་བཅུ་གསུམ་པོ་མཐར་གྱིས་ཏེ་སྔ་མའི་རྗེས་སུ་ཕྱི་མ་འབྲེལ་བར་རིམ་གྱིས་བསྒོམ་པ་ཅན་ཡིན་པས་མཐར་གྱིས་པའོ། །ཞེས་དང༌། ས་མཚམས་མ་མཐའ་ཚོགས་ལམ་ནས་དངོས་སུ་བྱུང་ཞིང་ཡ་མཐའ་རྒྱུན་མཐའི་བར་ན་ཡོད་པར་ཨཱརྱ་བཞེད་པར་མངོན་ཏེ། ཞེས་དང༌། ཐུག་གི་བར་ཞེས་པ་སྔ་ལོགས་ཚུན་ཆད་ཀྱི་དོན་ཡིན་པས་རྒྱུན་མཐའི་སྔ་ལོགས་ཚུན་ཆད་ཅེས་གསུངས་སོ། །མདོ་ལུགས་མའི་གསུངས་ཟིན་ལྟར་ན་མཐར་སྦྱོར་གྱི་ས་མཚམས་མདོ་ལུགས་མ་༢༩༤ལས།འདིར་སེམས་དང་པོ་བསྐྱེད་པ་ནས་ཞེས་པ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མཐོང་བའི་རྩེ་སྦྱོར་ཐོབ་ནས་བཟུང་སྟེ།ཞེས་པའི་དོན་ཏོ། །ཞེས་གསུངས་སོ། །མཁྱེན་གསུམ་བསྡུས་སྒོམ་མཐར་ཐུག་པའི་སྦྱོར་བ་དེ། སྐད་ཅིག་སྦྱོར་གྱི་མཚན་ཉིད། དབྱེ་ན་བཞི། ས་མཚམས་རྒྱུན་མཐའ་ཁོ་ན་ལ་ཡོད་དོ། །དེ་ལྟར་འཐད་དེ། ཉ་ཊཱིཀ་ལས། དེས་ན་མཚན་ཉིད། མཚོན་བྱ། གཞི་གསུམ་ལས་དང་པོ་ནི། གསུམ་བསྡུས་བསྒོམ་མཐར་ཐུག་པའི་སྦྱོར་བའོ། །ཞེས་པ་ནས། གསུམ་པ་ནི། ངོ་བོ་གཅིག་ཉིད་ཡུལ་དང་དེ་རྟོགས་ཚུལ་གྱི་སྒོ་ནས་ལྡོག་པའི་དབྱེ་བས་བཞི་ཡོད་ཅིང་ས་མཚམས་རྒྱུན་མཐའ་ཁོ་ནར་ཡོད་པར་སྡུད་འགྲེལ་ལ་སོགས་སུའོ། །ཞེས་དང༌། མདོ་ལུགས་མ་ལས། ཡེ་ཤེས་འདི་ནི་ངེས་འབྱུང་སྒྲུབ་པའི་གནས་སྐབས་བར་ཆད་མེད་པའི་ཏིང་ངེ་འཛིན་ས་བཅུའི་རྒྱུན་མཐའི་སྐད་ཅིག་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི། ཞེས་སོགས་དང༌། སྔོན་མེད་ལེགས་བཤད་༡༥༣ལས། མངོན་རྟོགས་འདི་ནི་རྒྱུན་མཐའི་སྐབས་ཁོ་ན་ཡིན་ཀྱང་བསམ་གྱིས་མི་ཁྱབ་པའི་གནས་ལ་དབང་བསྒྱུར་བ་ཡིན་པས་ན་སྐད་ཅིག་ལ་བསྐལ་བར་སྟོན་པ་སོགས་འབྱུང་བའི་ཕྱིར། དུས་ཡུན་རིང་ཐུང་འདི་ཙམ་ཞེས་བསམ་པར་མི་ནུས་སོ། །ཞེས་དང༌། ཉ་ཊཱིཀ་༡༥༢ལས། དབང་ཐོབ་པའི་སྐད་ཅིག་བསྐལ་བར་བྱིན་གྱིས་རློབ་ནུས་པས་སོ། །ཞེས་གསུངས་སོ། །སྦྱོར་བ་བཞིའི་ས་མཚམས་སྔོན་མེད་ལེགས་བཤད་ཀྱི་གསུངས་ཟིན་འདི་ལྟ་སྟེ། ཇི་སྐད་༡༥༢དུ། སྦྱོར་ལམ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་དུ་ཡོད་དོ་ཞེས་གསུངས་པ་ལྟར་ན་བདག་གི་རྣམ་པར་རྟོག་པ་ནི་སྦྱོར་ལམ་ཡང་བཟོད་པ་ལ་བྱ་དགོས་པར་སེམས་སོ། །ཞེས་དང༌། ཚོགས་ལམ་ན་རྣམ་རྫོགས་ཡོད་ཀྱི་རྩེ་མོ་མེད་དོ། །བྱང་ཞིང་འཕེལ་བ་སྦྱོར་ལམ་དྲོད་རྩེ་གཉིས་ནས་ཡོད་ཀྱང༌། རྣམ་པ་མང་པོས་རྣམ་པ་མང་པོ་ལ་རྒྱས་ཐེབས་པ་དེ་ན་མེད་པས། རྩེ་སྦྱོར་ཡོད་ཀྱང་མཐར་གྱིས་པ་མེད་དོ། །བཟོད་པ་ནས་ནི་རྒྱས་ཐེབས་ཚུལ་དེ་ཡོད་པའི་ཕྱིར་མཐར་གྱིས་པ་ཡང་ཡོད་དེ། དེ་ནས་བཟུང་བརྩམས་ཏེ་གསུམ་ག་སྤེལ་མར་འབྱུང་ངོ༌། །རྩེ་སྦྱོར་མ་ཐོབ་པའི་སྔོན་དུ་མཐར་གྱིས་པ་ཡོད་པར་འདོད་པ་མི་འཐད་དེ། ཞེས་གསུངས་སོ། །སྦྱོར་བཞིའི་ཡིན་པ་མེད་པས་ནང་ཕན་ཚུན་འགལ་ཀྱང་རྣམ་རྫོགས་སྦྱོར་བ་དང་མཐར་སྦྱོར་དང་རྩེ་སྦྱོར་གསུམ་གྱི་ཡིན་པ་ལ་མཐོང་ལམ་མཐར་སྦྱོར་བཞག་ན་འགལ་བ་མེད་སྙམ་ལ། རྒྱུན་མཐའི་ཡེ་ཤེས་ནི། རྣམ་རྫོགས་སྦྱོར་དང༌། རྩེ་སྦྱོར་དང༌། སྐད་ཅིག་སྦྱོར་དང་གསུམ་ཀ་ཡིན་ནོ། །རྒྱུ་འབྲས་སུ་གྱུར་བའི་སྦྱོར་བཞི་ནི་རྫས་ཐ་དད་ཡིན་ཡང་སྤྱིར་རྫས་ཐ་དད་མ་ཡིན་པར་རྣམ་རྫོགས་སྦྱོར་བ་སྤྱི་དང་སྐད་ཅིག་སྦྱོར་དང་མཐའ་སྦྱོར་དང༌། རྩེ་སྦྱོར་བྱེ་བྲག་ཏུ་བཞག་པ་ལ་འགལ་བ་མེད་པར་སྣང་སྟེ། སྔོན་མེད་ལེགས་བཤད་ལས། སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་སྐྱེ་ཞིང༌། ཞེས་པ་དང༌། ཉ་ཊཱིཀ་༡༦༢ལས། བཞི་བོ་ནང་ཕལ་ཆེར་ངོ་བོ་གཅིག་ལ་གནས་སྐབས་རྫས་ཐ་དད་པ་ཡང་ཡོད་དེ། ཚོགས་ལམ་ན་རྩེ་སྦྱོར་མེད་ཅིང་རྣམ་ཀུན་དང་མཐར་སྦྱོར་ཡོད་པ་ལྟ་བུའོ། །ཞེས་པ་དང༌། གོང་དུ་བཤད་པའི་མཚན་ཉིད་དང་ས་མཚམས་དག་གིས་གྲུབ་པའི་ཕྱིར་རོ། །སྔོན་མེད་ལེགས་བཤད་ལས་ཚོགས་ལམ་དུ་མཐར་སྦྱོར་མེད་པ་ལྟ་བུ་གསུངས་པ་ནི། རྣམ་པ་མང་པོས་རྣམ་པ་མང་པོ་ལ་རྒྱས་ཐེབས་པའི་མཐར་སྦྱོར་མེད་པ་དང་མངོན་རྟོགས་རྒྱན་ལས་བསྟན་རིམ་གྱི་དབང་དུ་བྱས་ན་རྩེ་སྦྱོར་གྱི་རྗེས་སུ་མཐར་སྦྱོར་བསྟན་པས་ན་རྒྱུད་གཅིག་པའི་དབང་དུ་བྱས་ནས་རྩེ་སྦྱོར་གྱི་འབྲས་བུའི་མཐར་སྦྱོར་ལ་དགོངས་པ་ཡིན་ནམ་དཔྱད་པར་བྱའོ། །སྦྱོར་བཞིའི་ཡིན་པ་མེད་པར་བཤད་པ་ནི་རྒྱུན་མཐའི་སྔ་རོལ་ཏུ་སྐད་ཅིག་སྦྱོར་མེད་པས་དབང་དུ་བྱས་པའོ། །འོན་ཀྱང་སྔོན་མེད་ལེགས་བཤད་ལས། སྐད་ཅིག་མའི་སྦྱོར་བ་ཙམ་ཡིན་ཏེ། འདི་ནི་རྒྱུན་མཐའི་སྔོན་རོལ་ནས་ཡོད་ཅིང་སྐད་ཅིག་མའི་མངོན་རྟོགས་ནི་མ་ཡིན་ནོ། །ཞེས་སྐད་ཅིག་མའི་སྦྱོར་བ་དང་སྐད་ཅིག་མའི་མངོན་རྟོགས་གཉིས་ལས་སྔ་མ་རྒྱུན་མཐའི་སྔ་རོལ་ནས་ཡོད་པ་ལྟ་བུར་གསུངས་པ་ལ་དཔྱད་པར་བྱའོ། །

དྲི་བ་བཅུ་གཅིག་པ་ནི།སེམས་བསྐྱེད་ཀྱི་མཚན་ཉིད་དང་སེམས་བསྐྱེད་ལ་སེམས་བྱུང་འདུན་པས་ཁྱབ་པ་ཡོད་མེད་དང་ཉ་ཊཱིཀ་ལས་སེམས་བསྐྱེད་ཀྱི་ངོ་བོ་རང་ལུགས་འཐད་ལྡན་འཇོག་བྱེད་ཀྱི་ལུང་གང་ཡིན་ཞེས་པའི་ལན

དྲི་བ་བཅུ་གཅིག་པ་ནི།སེམས་བསྐྱེད་ཀྱི་མཚན་ཉིད་དང་སེམས་བསྐྱེད་ལ་སེམས་བྱུང་འདུན་པས་ཁྱབ་པ་ཡོད་མེད་དང་ཉ་ཊཱིཀ་ལས་སེམས་བསྐྱེད་ཀྱི་ངོ་བོ་རང་ལུགས་འཐད་ལྡན་འཇོག་བྱེད་ཀྱི་ལུང་གང་ཡིན་ཞེས་པའི་ལན།

སེམས་བསྐྱེད་ཀྱི་མཚན་ཉིད་དང་སེམས་བསྐྱེད་ལ་སེམས་བྱུང་འདུན་པས་ཁྱབ་པ་ཡོད་མེད་དང་ཉ་ཊཱིཀ་ལས་སེམས་བསྐྱེད་ཀྱི་ངོ་བོ་རང་ལུགས་འཐད་ལྡན་འཇོག་བྱེད་ཀྱི་ལུང་གང་ཡིན་ཞེས་པའོ། །དེའི་ལན་ནི། རང་ལུགས་ལ།གཞན་དོན་དུ་རྫོགས་བྱང་ཐོབ་པར་འདོད་པའི་ཐེག་ཆེན་གྱི་བློ་དེ།སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། མཚོན་བྱའོ། །མཚན་ཉིད་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་བློའོ། །ཞེས་དང༌། མདོ་ལུགས་མ་༥༢ལས།སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་པས་མཚན་ཉིད་སྟོན་ཏེ་ཡོན་ཏན་གསུམ་དང་སེམས་ཅན་དང་བྱང་ཆུབ་ཆེན་པོ་ལ་དམིགས་པ་དང་ལྡན་པའི་འདོད་པ་ནི་མཚན་ཉིད་དོ། །ཐེག་པ་ཆེན་པོའི་སེམས་བསྐྱེད་ནི་མཚོན་བྱའོ། །བྱང་སེམས་སོ་སོའི་རྒྱུད་ལ་ཡོད་པ་ནི་མཚན་གཞིའོ། །ཞེས་གསུངས་སོ། །ཡོན་ ཏན་གསུམ་ནི། མདོ་ལུགས་མ་༥༢ལས། སྤྲོ་བ་ཆེན་པོ་ནི། གོ་ཆའི་བརྩོན་འགྲུས་ཀྱིས་ཏེ་ཟབ་མོ་དང༌། ཡུན་རིང་པོར་དཀའ་བ་སྤྱད་པ་བསྒྲུབས་པ་ལ་སྤྲོ་བའི་ཕྱིར་རོ། །རྩོམ་པ་ཆེན་པོ་ནི་གོ་ཆ་ཇི་ལྟ་བ་བཞིན་དུ་སྦྱོར་བའི་བརྩོན་འགྲུས་ཀྱིས་སོ། །དོན་ཆེན་པོ་ནི་བདག་དང་གཞན་ལ་ཕན་པའི་ཆེད་ཀྱི་ཕྱིར་རོ། །འབྱུང་བ་ཆེན་པོ་ནི་བྱང་ཆུབ་ཆེན་པོ་ཡང་དག་པར་འགྲུབ་པའི་ཕྱིར་རོ། །ཞེས་སོགས་དང༌། ས་བཟང་མདོ་སྡེ་རྒྱན་གྱི་རྣམ་བཤད་ལས། ཡོན་ཏན་གསུམ་དང་ལྡན་པ་སྟེ། སྐྱེས་བུ་བྱེད་པའི་ཡོན་ཏན་ནི། གོ་ཆའི་བརྩོན་འགྲུས་ཀྱིས་ཟབ་མོ་སྟོང་པ་ཉིད་སྒོམ་པ་དང་ཡུན་རིང་པོའི་དཀའ་སྤྱད་ལ་སྤྲོ་བ་ཆེན་པོ་དང༌། སྦྱོར་བའི་བརྩོན་འགྲུས་ཀྱིས་དངོས་སུ་ཚོགས་གཉིས་སྒྲུབ་པ་ལ་རྩོམ་པ་ཆེན་པོ་དང་ལྡན་པའོ། །དོན་བྱེད་པའི་ཡོན་ཏན་ནི་རང་གཞན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་ཆེན་པོ་འགྲུབ་པ་དང༌། འབྲས་བུ་ཡོངས་སུ་འཛིན་པའི་ཡོན་ཏན་ནི། བྱང་ཆུབ་ཆེན་པོ་ཡང་དག་པར་འགྲུབ་པས་འབྱུང་བ་ཆེན་པོ་དང་ལྡན་པ་ཡིན་ཞིང༌། བྱང་ཆུབ་སེམས་དཔའི་སེམས་ཡུལ་ལ་གཡོ་བར་བྱེད་པའི་འདུ་བྱེད་སེམས་པ་དང་མཚུངས་པར་ལྡན་པ་སྟེ། ཞེས་གསུངས་སོ། །སེམས་བསྐྱེད་ཡིན་ན་ཡོན་ཏན་དེ་གསུམ་དང་ལྡན་པའི་ཁྱབ་པ་ཡོད་མེད་དཔྱད་དགོས་ཏེ། སྟོང་ཉིད་མ་རྟོགས་པའི་རྒྱུད་ཀྱི་སེམས་བསྐྱེད་དང་སྤྱོད་པ་ནན་ཏན་དང་བྲལ་བའི་སེམས་བསྐྱེད་དང་དམན་ལམ་དུ་ལྟུང་ངེས་ཀྱི་རྒྱུད་ཀྱི་སེམས་བསྐྱེད་རྣམས་གོ་རིམ་བཞིན་གོ་ཆའི་བརྩོན་འགྲུས་ཀྱིས་ཟབ་མོ་སྟོང་པ་ཉིད་སྒོམ་པ་དང་བརྩོན་པ་ཆེན་པོ་དང་བྱང་ཆུབ་ཆེན་པོ་ཡང་དག་པར་འགྲུབ་པས་འབྱུང་བ་ཆེན་པོ་དང་ལྡན་པ་ཡིན་མིན་དོགས་པའི་གནས་སོ། །ཉ་ཊཱིཀ་ལས་བཤད་པའི་སེམས་བསྐྱེད་ཀྱི་མཚན་ཉིད་ལམ་མ་ཞུགས་ན་ཡོད་མེད་དཔྱད་པར་བྱའོ། །སེམས་བསྐྱེད་ལ་སེམས་བྱུང་འདུན་པས་ཁྱབ་པ་མེད་པར་སྣང་སྟེ། ཉ་ཊཱིཀ་ལས། དེས་ན་སེམས་སེམས་བྱུང་གང་ཡིན་ཡང་རུང་བཤད་ཟིན་འཆད་འགྱུར་གྱི་མཚན་ཉིད་ཚང་བའི་བློ་ཞིག་མཚན་གཞིར་གཟུང་ངོ༌། །ཞེས་དང༌། དེ་༡༨༥ལས། ཐེག་ཆེན་སེམས་བསྐྱེད་དེས་དེ་ལྟར་མི་འདོད་ནའང་དེ་ལྟར་འདོད་པ་དང་དམིགས་རྣམ་མི་མཚུངས་པར་འགྱུར་ཞིང་འདོད་ན་དེ་ཡང་འདོད་པ་ཡིན་མོད་ཅི་ཞིག་འགལ། དེས་ན་སྨོན་པའམ་འདོད་པའི་སེམས་བྱུང་དེའི་སྟོབས་ཀྱིས་གཙོ་བོ་སེམས་ཀྱིས་ཀྱང་སྨོན་ཅིང་འདོད་པ་སྟེ། །ཞེས་གསུངས་སོ། །འོན་ཀྱང་མདོ་ལུགས་མའི་གསུངས་ཟིན་ལ་སེམས་བྱུང་འདུན་པ་དགོས་པ་ལྟ་བུར་གསུངས་ཏེ།དེ་ལས། ཡོན་ཏན་གསུམ་དང་དོན་གཉིས་ལ་དམིགས་པ་དང་ལྡན་པའི་སེམས་པ་ནི་སེམས་བསྐྱེད་པ་ཞེས་བྱའོ། །ཞེས་དང༌། གཞན་དོན་འདོད་པ་དང་བྱང་ཆུབ་འདོད་པ་དེ་དང་དེ་ནི་ཡུམ་གསུམ་ཆར་ལས་རྒྱས་པའི་སྒོ་ནས་བརྗོད་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པ་དང༌། ལམ་གྱི་རྣམ་པར་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱ་བར་འདོད་པ་དང༌། ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱ་བར་འདོད་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པའི་རྣམ་པར་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་པ་ནས་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྤྱོད་ལམ་ལ་སློབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་པའི་བར་དུ་སེམས་བསྐྱེད་རྒྱས་བཤད་ཀྱི་སྐབས་སུ་འདོད་པ་ཞེས་པའི་ཚིག་འདི་དགུ་བཅུ་རྩ་ལྔ་དང་མདོར་བསྟན་གྱི་སྐབས་སུ་གཅིག་སྟེ། ཁྲི་བརྒྱད་སྟོང་པར་འདོད་པ་ཞེས་པའི་ཚིག་འདི་དགུ་བཅུ་རྩ་དྲུག་འགྱུར་ཞིང༌། བར་མ་དང་རྒྱས་པ་གཉིས་སུ་ཡང་སྐབས་དེ་དང་དེར་འདོད་པ་ཞེས་པའི་ཚིག་འདི་ཉིད་ཡང་དང་ཡང་དུ་བྱུང་བའི་ཕྱིར་རོ། །དེས་ན་རྒྱལ་བས་སེམས་བསྐྱེད་འདོད་པ་ཡིན་པར་གསུངས་ཤིང༌། གསུངས་པ་དེ་ཉིད་ཡིན་ལུགས་ལྟར་སྡུད་པར་མཛད་པ་པོ་རྒྱལ་ཚབ་ཀྱིས། ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པའི་ཕྱིར་རྒྱལ་བའི་དགོངས་པ་སྟོན་པ་ལ་རྒྱལ་ཚབ་ལས་མཁས་པ་ནི་སུ་ཡང་མེད་དོ། །འཕགས་པ་ཐོགས་མེད་ཀྱིས་ཀྱང༌། སེམས་བསྐྱེད་འདོད་པ་ཡིན་པར་གསུངས་ཏེ། བྱང་ས་ལས། དེ་ལ་རང་གི་མཐུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པར་གྱུར་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་སྐྱེ་པའི་ནང་གི་སྟོབས་ཞེས་བྱའོ། །གཞན་གྱི་མཐུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདོད་པ་བསྐྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སེམས་སྐྱེ་བའི་གཞན་གྱི་སྟོབས་ཞེས་སོ། །དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གྱིས་ཀྱང༌། སེམས་ཞེས་བྱ་བ་ནི་འདིར། མངོན་པར་འདོད་པ་ལ་བྱ་སྟེ། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་པར་འདོད་པ་སྐྱེས་པ་བསྟན་པ་ལ་སེམས་པའི་ལེའུ་ཞེས་བྱའོ། །ཞེས་གསུངས་སོ། །གཞན་ཡང་སློབ་དཔོན་ཤན་ཏི་བ་སོགས་དང༌། ཀ་མ་ལ་ཤི་ལ་དང༌། བཙུན་པ་ངོ་བོ་ཉིད་མེད་པ་རྣམས་ཀྱིས་ཀྱང་བཀའ་འགྲེལ་སྙིང་པོ་མཆོག་ལ་སོགས་པ་དང་བསྒོམ་རིམ་དང་མདོ་སྡེ་རྒྱན་གྱི་འགྲེལ་བཤད་རྣམས་སུ་སེམས་བསྐྱེད་ཀྱི་ངོ་བོ་འདོད་པ་ཡིན་པར་གསུངས་སོ། །པཎ་ཆེན་ཤཱཀྱ་ཤྲིའི་ཞལ་སྔ་ནས་ཀྱང༌། སེམས་ནི་རྟག་པར་བྱང་ཆུབ་འདོད་ཅེས་གསུངས་སོ། །དེས་ན་རྒྱལ་བ་རྒྱལ་ཚབ་སྲས་དང་བཅས་པ་དེ་སྙེད་དང་འགལ་པའི་བཤད་པ་ནི་གང་ན་འདུག་ཀྱང་མཁས་པ་རྣམས་ཀྱིས་དེ་ལ་ཡིད་རྟོན་པར་མི་རིགས་སོ། །ཞེས་གསུངས་པས་སོ། །དེ་ལས་བསྟན་པའི་འདོད་པ་ལ་སེམས་བྱུང་མི་དགོས་པར་བྱང་ཆུབ་འདོད་པའི་རྣམ་པ་ཅན་ཞིག་དགོས་སམ་དཔྱད་པར་བྱའོ། །གོང་དུ་བསྟན་པའི་སེམས་བསྐྱེད་ཀྱི་མཚན་ཉིད་དེ་ཚང་བའི་སངས་རྒྱས་ཀྱི་རྒྱུད་ཀྱི་སེམས་བསྐྱེད་ཡོད་མེད་དཔྱད་ཚུལ་ནི། སྔོན་མེད་ལེགས་བཤད་༡༥༨ལས།ལས་དང་པོ་བ་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་སེམས་བསྐྱེད་ཀྱི་མཚན་ཉིད་དང་ལྡན་པ་ཡིན་ལ། སངས་རྒྱས་ཀྱི་སར་ནི་དེའི་རིགས་རྒྱུན་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ནི་ཡོད་ཀྱང་སེམས་བསྐྱེད་ཀྱིས་མཚན་ཉིད་ནི་ལོག་པ་ཡིན་ཞིང༌། ཞེས་ཚིག་ཟིན་ལ་དེ་ལྟར་གསུངས་ཀྱང་བརྟགས་པའི་གནས་སུ་སྣང་སྟེ།མདོ་སྡེ་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང༌། །རྣམ་པར་སྨིན་པ་དག་ཏུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་གསུངས་སོ། །རྒྱུད་བླའི་འགྲེལ་བ་བཀའ་འཁོར་ལོ་ཐ་མའི་གསལ་བྱེད་ལས། མཚན་ཉིད། མཚོན་བྱ། མཚན་གཞི། དབྱེ་བ། དཔེ། གྲོགས་འདོད་ཚུལ་ལོ། །དང་པོ་ནི། མངོན་རྟོགས་རྒྱན་དུ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པས། གཞན་དོན་དུ་རྫོགས་པའི་བྱང་ཆུབ་འདོད་པའོ། །འོ་ན་སངས་རྒྱས་ཆོས་ཅན། སེམས་བསྐྱེད་མེད་པར་ཐལ། རྫོགས་པའི་བྱང་ཆུབ་འདོད་པ་མེད་པའི་ཕྱིར་ཞེ་ན། འདོད་ཅེས་པ་མ་འོངས་པ་ན་འདོད་པ་དང་སྔོན་འདོད་པར་བྱས་ཟིན་པ་ལ་འཇུག་པས་སྐྱོན་མེད་དེ། ཐུབ་པ་དགོངས་རྒྱན་དུ། དོན་དུ་གཉེར་བར་བྱས་ཟིན་པའི་སེམས་རྣམ་པར་རྟོག་པ་མེད་པ་ཁོ་ན་ནི་བཅོམ་ལྡན་འདས་ཀྱི་སྟེ་དེ་ལྟར་མངོན་པར་འདོད་པའོ། །ཞེས་པའོ། །ཉ་ཊཱིཀ་ལས་སེམས་བསྐྱེད་ཀྱི་ངོ་བོ་རང་ལུགས་འཐད་ལྡན་འཇོག་བྱེད་ཀྱི་ལུང་ནི་སྔར་བཀོད་པའི་མཚན་ཉིད་སྟོན་བྱེད་དེའོ། །

དྲི་བ་བཅུ་གཉིས་པ་ནི།སྨོན་འཇུག་གི་མཚན་ཉིད་དང་དེ་གཉིས་ཀྱི་ས་མཚམས་དང་དེ་གཉིས་འགལ་བ་ཡིན་ནམ་ཅི་ཞེས་པའི་ལན།

དྲི་བ་བཅུ་གཉིས་པ་ནི།སྨོན་འཇུག་གི་མཚན་ཉིད་དང་དེ་གཉིས་ཀྱི་ས་མཚམས་དང་དེ་གཉིས་འགལ་བ་ཡིན་ནམ་ཅི་ཞེས་པའི་ལན།

སྨོན་འཇུག་གི་མཚན་ཉིད་དང་དེ་གཉིས་ཀྱི་ས་མཚམས་དང་དེ་གཉིས་འགལ་བ་ཡིན་ནམ་ཅི་ཞེས་པའོ། །དེའི་ལན་ནི། ལམ་དུ་འགྲོ་འདོད་པ་ལྟར་བྱང་ཆུབ་ཆེན་པོ་ཐོབ་པར་སྨོན་པའི་སེམས་བསྐྱེད་དེ། སྨོན་པ་སེམས་བསྐྱེད་ཀྱི་མཚན་ཉིད། ལམ་དུ་འགྲོ་བཞིན་པ་ལྟར་བྱང་ཆེན་གྱི་སྒྲུབ་པ་ཉམས་ལེན་གྱི་སྦྱོར་བས་ཞུགས་པའི་སེམས་བསྐྱེད་དེ། འཇུག་པ་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། དེ་འདྲའི་མཚན་ཉིད་ཅན་གྱི་སེམས་བསྐྱེད་ལ་ངོ་བོའི་སྒོ་ནས་ཕྱེ་ན། བསམ་པས་སྨོན་པ་དང་སྦྱོར་བས་འཇུག་པའི་ངོ་བོ་ཉིད་རྣམ་པ་གཉིས་སོ། །འདི་གཉིས་ཀྱི་ཁྱད་པར་ལ། ཞེས་པ་ནས།འདིར་འཕགས་པ་ཞི་བ་ལྷའི་དགོངས་པ་ནི། ལམ་དུ་འགྲོ་བའམ་ཞུགས་པ་མིན་པར་འགྲོ་འདོད་པ་ལྟར་བྱང་ཆུབ་ཆེན་པོའི་ལམ་ཉམས་ལེན་ལ་སྦྱོར་བས་མ་ཞུགས་པར་དེ་ཐོབ་པར་སྨོན་པའི་སེམས་བསྐྱེད་དེ་ཐོག་མའི་སྨོན་པ་སེམས་བསྐྱེད།༼ཐོག་མའི་སྨོན་སེམས་ལ་ལམ་དུ་འགྲོ་བ་ལྟར་མ་ཡིན་པས་ཁྱབ་པ་མེད་དམ་དཔྱད་དགོས་ཏེ། སེམས་བསྐྱེད་མ་ཐག་ཏུ་ཕྱིན་དྲུག་གི་བྱ་བས་དངོས་སུ་ཟིན་པ་ཡོད་པའི་ཕྱིར།༽ལམ་དུ་འགྲོ་བཞིན་པ་ལྟར་བྱང་ཆེན་གྱི་ལམ་ལ་སྦྱོར་བས་ཞུགས་པའི་སེམས་བསྐྱེད་དེ་ལམ་གྱི་འཇུག་པ་སེམས་བསྐྱེད་དེ། སྤྱོད་འཇུག་ཏུ། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་རིམ་བཞིན་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་སོ། །སྤྱིར་རྒྱ་གར་པའི་འཆད་ཚུལ་ལྟར་ན་ངོ་བོ་མི་གཅིག་པར་གསལ་ལོ། དང་པོ་རིམ་ཅན་དུ་འཐོབ་ཅིང་ཕྱིས་འཇུག་པ་ལ་སྨོན་པའང་ངོ་བོ་གཅིག་ཅེས་རུང་སྙམ་མོ། །ཞེས་དང༌།ཉ་ཊཱིཀ་མཆན་ལས།ཤེར་འབྱུང་གིས་སྨོན་པ་དང་འཇུག་པའི་མཚན་ཉིད་ཅན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀ་ཡང་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ལས་མི་འདའ་ཡང་ལུས་དང་ངག་དང་ཡིད་ཀྱི་ལས་ཡོད་པ་མེད་པ་ལས་མཚན་ཉིད་ཐ་དད་པར་རྟོགས་པར་བྱའི། དམིགས་པ་ཐདད་པ་ནི་མ་ཡིན་ཏེ།གཞན་གྱི་དོན་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་མོས་པའི་ཡུལ་ཡིན་པའི་ཕྱིར་རོ། །ཞེས་དང༌། རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་ལེའུུ་ལས། དུས་ཀུན་ཏུ་ནི་བྱང་ཆུབ་སེམས་ཀྱང་འགྲོ་བར་འདོད་པ་རྣམ་པ་གཉིས་སུ་འགྱུར། །ཞེས་དང༌། ལྷན་ཐབས་འོད་བརྒྱ་འབར་བ་༡༢༦ལས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་ཞེས་བསྒོམ་པ་ནི། དཔེ་འགྲོ་བར་འདོད་པ་དང་མཚུངས་པའི་དོན་སྨོན་པ་བྱང་སེམས་ཡིན་ལ། དེའི་ཕྱིར་དུ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྒོམ་པར་བགྱིའོ་སྙམ་པ་ནི།དཔེ་ལམ་དུ་འགྲོ་བ་དང་མཚུངས་པའི་དོན་འཇུག་པ་བྱང་སེམས་ཡིན་ནོ། །ཞེས་པ་ནས།འདིའི་ངོ་བོ་ནི་ད་ལྟ་ཉིད་སློབ་འདོད་ཡིན་ཞིང༌། ཞེས་གསུངས་སོ། །འདི་དག་གི་སྐབས་སུ་འགྲོ་འདོད་པ་ཙམ་གྱི་སྨོན་སེམས་དང་འཇུག་པའི་སེམས་འགལ་ཡང་སྤྱིར་སྨོན་འཇུག་མི་འགལ་བར་ཤེས་པར་བྱའོ། །མདོ་ལུགས་མ་ལས་སྨོན་འཇུག་གི་ཁྱད་པར་ཚུལ་འདི་ལྟར་གསུངས་སྟེ། ཇི་སྐད་དུ། སྨོན་པ་དང་འཇུག་པའི་ཁྱད་པར་ཡང་རང་གཞན་གྱི་དབྱེ་བ་ལས་གཞན་དོན་འདོད་པ་སྨོན་པའི་སེམས་དང༌། བྱང་ཆུབ་འདོད་པ་འཇུག་པའི་སེམས་ཡིན་ཏེ། འཇིག་རྟེན་མགོན་པོ་སྦྱན་རས་གཟིགས་ཀྱི་ཞལ་སྔ་ནས། འཇུག་པའི་སེམས་དང་སྨོན་པ་ཡི་ནི་སེམས་ཉིད་དེ། །དེ་གཉིས་དག་ལ་དབྱེ་བ་དེ་ནི་ཅུང་ཟད་ཡོད། །འགྲོ་བར་འདོད་པ་དང་ནི་འགྲོ་བ་ཉིད་ཡིན་ཏེ། །གང་ཡང་བྱེ་བྲག་དེ་ནི་སེམས་ཀྱི་དབང་ཉིད་དོ། །འཁོར་བའི་བདེ་བ་སྨོན་པ་ཡི་ནི་སེམས་ཡིན་ཏེ། །དཔག་མེད་སྐལ་པ་རུ་ནི་གཞན་གྱི་དོན་ཕྱིར་རོ། །མ་ཉམས་བདེ་བ་འཇུག་པ་ཡི་ནི་སེམས་ཡིན་ལ། །མྱ་ངན་འདས་པའི་མཐར་ཐུག་དེ་བཞིན་བདག་གི་དོན། །ཞེས་གསུངས་པའི་ཕྱིར། སྨོན་འཇུག་གཉིས་ས་མཚམས་ནི། ཐེག་ཆེན་ཚོགས་ལམ་ནས་སངས་རྒྱས་ཀྱི་བར་དུ་ཡོད་དེ། སྔོན་མེད་ལེགས་བཤད་༡༥༧ལས། གང་ལ་འཇུག་པ་ཡོད་པ་དེ་ལ་སྨོན་སེམས་ཀྱང་ཡོད་དོ། །ཞེས་དང༌།ལམ་རིམ་བདུད་རྩི་ཉིང་ཁུ་༧༧ལས། དེ་ཙམ་གྱིས་བྱང་ཆུབ་སེམས་ཀྱི་མཚན་ཉིད་རྫོགས་པར་མི་འགྱུར་ཞིང་འདིར་གཞན་དོན་ཁོ་ནར་རྫོགས་བྱང་དོན་གཉེར་གྱི་བསམ་པ་བསྒོམ་པས་སྨོན་པ་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཚང་བར་འགྱུར་རོ། །ཞེས་གསུངས་སོ། །ས་བཟང་སྤྱོད་འཇུག་འགྲེལ་བ་༤༡ལས། རྒྱལ་སྲས་འདིའི་དགོངས་པ་ནི་ཆོ་ག་མེད་ཀྱང་སངས་རྒྱས་ཀྱི་སྐུ་མཐོང་བ་དང་སེམས་ཅན་ལ་སྙིང་རྗེ་སྐྱེས་པ་ལ་སོགས་པའི་དབང་གིས་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་འདོད་ཅིང་དོན་དུ་གཉེར་བ་སྨོན་པ་སེམས་བསྐྱེད་དང༌།ཆོ་གས་སྡོམ་པ་ཡང་དག་པར་བླངས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་བྱང་ཆུབ་ཆེན་པོའི་ལམ་དུ་ཞུགས་ནས་འགྲོ་བཞིན་པ་ནི་འཇུག་པ་སེམས་བསྐྱེད་ཅེས་བྱ་སྟེ། ཞེས་སྨོན་འཇུག་གི་ཁྱད་པར་གསུངས་ལ། དེ་ལྟར་ན་འཇུག་སེམས་ཀྱི་རྟེན་ལ་འཇུག་སྡོམ་དགོས་པར་འགྱུར་ལ། འདོད་ན། ལོ་ཙྪ་བ་སོགས་ཀྱིས་སོ་སྐྱེ་ལ་འཇུག་སེམས་མེད་པར་འདོད་པ་ལ་ཉ་ཊཱིཀ་༢༡༦ལས། འོ་ན་སོ་སྐྱེ་ལ་བྱང་སེའི་ཚུལ་ཁྲིམས་ཀྱི་སྡོམ་པ་མེད་པར་འགྱུར་ཏེ།དེའི་རྟེན་ནམ་ངོ་བོ་འཇུག་པ་སེམས་བསྐྱེད་མེད་པས་སོ། །ཞེས་གསུངས་པ་དང་འགལ་བར་འགྱུར་རོ། །ས་བཟང་སྤྱོད་འཇུག་འགྲེལ་བ་༤༢ལས། དེས་ན་སེམས་བསྐྱེད་ཡིན་ལ་སྡོམ་པ་མ་ཡིན་པ་ཡོད་དེ། ཆོ་གས་མ་བསྐྱེད་ཅིང་སྤྱོད་པ་དང་མ་འབྲེལ་བའི་སྨོན་པ་ཙམ་སྐྱེས་པ་ལྟ་བུའོ། །སྡོམ་པ་ཡིན་ལ་སེམས་བསྐྱེད་མ་ཡིན་པ་ནི་མེད་དེ། ཐེག་ཆེན་གྱི་སྡོམ་པ་གང་ཡིན་ལ་སེམས་བསྐྱེད་ཀྱིས་ཁྱབ་པའི་ཕྱིར་རོ། །ཞེས་གསུངས་པ་ལ་དཔྱད་པར་བྱའོ། །འཇུག་སྡོམ་མེད་པའི་རྒྱུད་ལ་འཇུག་སེམས་ཡོད་མེད་དཔྱད་པར་བྱ་བ་འདི་ཡོད་དེ། བྱམས་པའི་རྣམ་ཐར་གྱི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ། དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ་འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ ། ཞེས་དང༌། བསླབ་བཏུས་ལས། ཅི་སོར་མ་ཆུད་པ་རྣམས་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་དབང་དུ་བྱས་ནས་ཡོད་པར་རིག་པར་བྱ་སྟེ། ནམ་མཁའི་སྙིང་པོའི་མདོ་ལས། རྙེད་པ་དང་བཀུར་སྟིའི་རྒྱུ་ལས་རྩ་བའི་ལྟུང་བ་བྱུང་བར་གསུངས་པའི་ཕྱིར་ལ། ཞེས་གསུངས་པ་དང༌། ས་བཟང་མདོ་སྡེ་རྒྱན་འགྲེལ་བ་ལས། ཆོ་ག་མེད་ཀྱང་སངས་རྒྱས་ཀྱི་སྐུ་མཐོང་བ་དང༌། སེམས་ཅན་ལ་སྙིང་རྗེ་སྐྱེས་པ་ལ་སོགས་པའི་དབང་གིས་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་འདོད་ཅིང་དོན་དུ་གཉེར་བ་ནི་སྨོན་པ་སེམས་བསྐྱེད་དང༌། ཆོ་གའི་ཡང་དག་པར་བླངས་ཏེ་བྱང་ཆུབ་ཆེན་པོའི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཞུགས་ནས་འགྲོ་བཞིན་པ་ནི་འཇུག་པ་སེམས་བསྐྱེད་ཅེས་བྱའོ། །ཞེས་གསུངས་པ་སོགས་ཀྱིས་འཇུག་སྡོམ་བཏང་ནས་འཇུག་སེམས་རྒྱུད་ལྡན་ཡོད་མེད་དཔྱད་པར་བྱའོ། །

དྲི་བ་བཅུ་གསུམ་པ་སེམས་བསྐྱེད་ཉེར་གཉིས་ཀྱི་ས་མཚམས་དང་དེ་དག་འགལ་བ་ཡིན་ནམ་ཅི་ཞེས་པ།

དྲི་བ་བཅུ་གསུམ་པ་སེམས་བསྐྱེད་ཉེར་གཉིས་ཀྱི་ས་མཚམས་དང་དེ་དག་འགལ་བ་ཡིན་ནམ་ཅི་ཞེས་པའོ། །

དེའི་ལན་ནི། སེམས་བསྐྱེད་ཉེར་གཉིས་ཀྱི་ས་མཚམས་ལ་ཐེག་པ་ཆེན་པོ་དེ་དག་གི་རྒྱུད་ལ་གྲོགས་འདུན་སོགས་ཐོབ་པ་ནས་གྲོགས་དེ་དག་དང་ལྡན་པའི་སེམས་བསྐྱེད་ལྡན་པར་སྣང་སྟེ། ཉ་ཊཱིཀ་མཆན་ལས། སྤྱིར་སྦྱིན་ལྡན་ལྟ་བུ་གོང་འོག་ཀུན་ན་ཡོད་པར་བཞེད་དགོས་སོ། །ཞེས་གསུངས་སོ། །ཡང་ཉ་ཊཱིཀ་ལས། རྒྱན་འགྲེལ་དང་དག་ལྡན་དུ། སྦྱོར་ལྡན་ཡར་ངོའི་ཟླ་ཚེས་བཞིན་ཏེ། དགེ་ཆོས་འཕེལ་བར་འགྱུར་བས་སོ། །ལྷག་བསམ་ལྡན་པ་མེ་དང་འདྲ་སྟེ། ཤིང་གི་བྱེ་བྲག་གིས་མེ་བཞིན་དུ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་ཕྱིར་ཞེས་ཏེ། བློ་གྲོས་མི་ཟད་པའི་མདོ་འགྲེལ་དུ་ཡང་ངོ༌། །འདི་དང་སྔ་མ་དཀོན་བརྩེགས་སུ་གོ་བཟློག་སྟེ་བསྟན་པ་དང་མི་འགལ་ཏེ་སྤྱིའི་རིགས་ནས་གཅིག་གི་སྔོན་དུ་གཅིག་འབྱུང་བར་སྟོན་ཞེས་ཟླ་ཟེར་དང་ཐུབ་དགོངས་ཀྱི་དོན་ནོ། །མི་རིགས་པར་མངོན་ནོ། ཞེས་གསུངས་པ་འདི་ལ་དཔྱད་རྒྱུ་སྣང་ངོ༌། །སེང་བཟང་གི་ལུགས་གཞུང་གི་དངོས་བསྟན་ཀྱི་དབང་དུུ་དབང་དུ་བྱས་ན་ནི་ཚུལ་འདི་ལྟ་སྟེ། ཉ་ཊཱིཀ་ལས། སེམས་བསྐྱེད་ཉེར་གཉིས་ཡོད་པ་དེ་ལ་སྟེ་དེའི་ནང་ནས་དང་པོ་གསུམ་ནི་ལས་དང་པོ་པའི་ས་ཚོགས་ལམ་གྱིས་བསྡུས་སོ། །དེ་ཡང་དང་པོ་གསུམ་ནི་གཞན་དོན་མངོན་པར་འདོད་པ་ཆུང་ངུ་དང་འབྲིང་དང་ཆེན་པོའམ། འདུན་པ་ཆུང་འབྲིང་ཆེན་པོ་སྟེ།རིམ་བཞིན་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་གྱིས་སོ། །གསུམ་པོ་དེའི་འོག་ཏུ་གཅིག་ སྦྱོར་ལྡན་ནི་ས་དང་པོ་ལ་འཇུག་པ་སྦྱོར་བའི་ལམ་གྱིས་བསྡུས་སོ། །བཞི་བོ་དེའི་འོག་ཏུ་ཡེ་ཤེས་ལྡན་གྱི་བར་བཅུ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུས་བསྡུས་ཏེ། དང་པོ་མཐོང་བའི་ལམ་དང༌། གཉིས་པ་སོགས་དགུ་སྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ཏེ་དེའི་གནས་སྐབས་སམ་ཆོས་ཡིན་ནོ། །བཅུ་བཞི་བོ་དེའི་འོག་ཏུ་མངོན་ཤེས་ལྡན་སོགས་ལྔ་ནི་ས་བཅུ་བའི་ཁྱད་པར་གྱི་ལམ་གྱིས་སོ་ཞེས་ཨ་བྷ་སྟེ། ཆོས་བཤེས་ནི་བར་ཆད་མེད་རྩེས་སམ་སྐད་ཅིག་མས་བསྡུས་པར་རོ། །བཅུ་དགུ་བོ་དེའི་འོག་ཏུ་སེམས་བསྐྱེད་པ་ཐ་མ་གསུམ་ནི་རིམ་བཞིན་དུ་བྱང་སེའི་ས་དང་འབྲེལ་བ་སངས་རྒྱས་ཀྱི་ས་ལ་འཇུག་པའི་སྦྱོར་བའི་ལམ་དང་སངས་རྒྱས་ཀྱི་སའི་དངོས་གཞི་མཉམ་བཞག་དང༌། མཇུག་སངས་རྒྱས་སའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་བསྡུས་པ་སྟེ་དེས་ན་དེ་གསུམ་སངས་རྒྱས་ཀྱི་སས་བསྡུས་ཏེ། དེས་ན་འདིར་བཤད་ཐེག་ཆེན་གྱི་སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ཉེར་གཉིས་ཆོས་ཅན། ལས་དང་པོ་པའི་ས་ནས་གཟུང་སྟེ་སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་པ་ཡིན་ནོ། །ཚོགས་ལམ་ཆུང་ངུ་ནས་སངས་རྒྱས་ཀྱི་རྗེས་ཐོབ་ཡེ་ཤེས་ཀྱི་བར་གྱིས་བསྡུས་པ་དེ་ལྟར་ནའི་ཕྱིར་རོ། །ཞེས་དང༌། ཉ་ཊཱིཀ་མཆན་ལས། ས་མཚམས་དེ་དག་གཙོ་ཆེ་བའི་དབང་དུ་བྱས་གསུངས་ཡང༌། དགོངས་པ་ནི་ཉེར་གཉིས་སུ་ཕྱེ་བའི་ནང་གི་དེ་དང་དེ་དག་ས་མཚམས་དེ་དང་དེ་དག་ཉིད་ན་ཡོད་ཀྱི་གཞན་ན་མེད་ཅིང་སྤྱིར་སྦྱིན་ལྡན་ལྟ་བུ་གོང་འོག་ཀུན་ན་ཡོད་པར་བཞེད་དགོས་སོ། །མདོར་ན་ས་མཚམས་དེ་དང་དེའི་སེམས་བསྐྱེད་རྣམས་འདུན་པ་སོགས་དེ་དང་དེ་གཙོ་ཆེ་ཞེས་དགོངས་པའོ། །ཞེས་གསུངས་སོ། །སེམས་བསྐྱེད་ཉེར་གཉིས་འགལ་བ་མ་ཡིན་པར་སྣང་སྟེ། སྤྲིན་ལྟ་བུའི་སེམས་བསྐྱེད་ལ་སེམས་བསྐྱེད་ཉེར་གཉིས་ཡིན་པ་ཞིག་ཡོད་པར་སྣང་ངོ༌། །སེང་བཟང་གི་ལུགས་ལ་གཞུང་གི་དངོས་བསྟན་གྱི་དབང་དུ་བྱས་ན་འདུན་ལྡན་སེམས་བསྐྱེད་ཕྱི་མ་རྣམས་ཀྱི་རྒྱུ་སོགས་ཡིན་ཏེ། ཉ་ཊཱིཀ་ལས། དང་པོ་ནི་ཕྱི་མ་རྣམས་ཀྱི་རྒྱུ་ཁོ་ནའོ། །བར་བ་རྣམས་ཕྱི་མའི་རྒྱུ་དང་སྔ་མའི་འབྲས་བུ་གཉིས་ཀའོ། །ཕྱི་མ་གཉིས་སྔ་མ་རྣམས་ཀྱི་འབྲས་བུ་ཁོ་ནའོ་ཐུབ་དགོངས་སོ། །ཞེས་དང༌།གྲངས་ངེས། སེམས་བསྐྱེད་དེ་རྣམས་སུ་ཕྱེ་བ་ཉིད་ཀྱིས་རྣམ་པ་ཉི་ཤུ་རྩ་གཉིས་ཡིན་ལ་དེས་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་གྱི་སེམས་བསྐྱེད་སོ་སྐྱེ་བྱང་སེམས་དེ་པའི་བར་གྱི་བསྡུས་པས་མ་ཚང་བའང་མིན་ལྷག་པའང་མིན་པར་འདི་ཙམ་ཁོ་ནར་ངེས་སོ་གསེར་རོ། །ཞེས་གསུངས་སོ། །རང་ལུགས་ལ་རྒྱན་ལྟར་ན་སེམས་བསྐྱེད་ཉེར་གཉིས་སློབ་ལམ་ནས་ཡོད་ལ། ཉེར་གཉིས་ཀྱི་ས་མཚམས་མི་ཟད་པ་བརྒྱད་ཅུ་རང་རང་ཐོབ་པའི་སེམས་བསྐྱེད་ནས་འཇོག་དགོས་པར་སྣང་ངོ༌། །

དྲི་བ་བཅུ་བཞི་པ་ནི།རང་ལུགས་ལ་འདུན་ལྡན་སེམས་བསྐྱེད་ཀྱི་རྣམ་བཞག་འཐད་པ་ཡིན་མིན་དང་སེམས་བསྐྱེད་ཉེར་གཉིས་སློབ་ལམ་ཡིན་མིན་སོགས་གང་འཐད་པ་ཡིན་ཞེས་པའི་ལན།

དྲི་བ་བཅུ་བཞི་པ་ནི།རང་ལུགས་ལ་འདུན་ལྡན་སེམས་བསྐྱེད་ཀྱི་རྣམ་བཞག་འཐད་པ་ཡིན་མིན་དང་སེམས་བསྐྱེད་ཉེར་གཉིས་སློབ་ལམ་ཡིན་མིན་སོགས་གང་འཐད་པ་ཡིན་ཞེས་པའི་ལན།

རང་ལུགས་ལ་འདུན་ལྡན་སེམས་བསྐྱེད་ཀྱི་རྣམ་བཞག་འཐད་པ་ཡིན་མིན་དང་སེམས་བསྐྱེད་ཉེར་གཉིས་སློབ་ལམ་ཡིན་མིན་སོགས་གང་འཐད་པ་ཡིན་ཞེས་པའོ། །དེའི་ལན་ནི། འདུན་ལྡན་སེམས་བསྐྱེད་ཀྱི་རྣམ་བཞག་འཐད་པ་ཡིན་ཏེ། སེམས་བསྐྱེད་དུ་གྱུར་པའི་འདུན་པ་དང་དེ་མཚུངས་ལྡན་གྱི་སེམས་བསྐྱེད་གཞན་ཡོད་པའི་ཕྱིར་ཏེ། ཉ་ཊཱིཀ་ལས། གཞན་དོན་དུ་བྱང་ཆེན་ལ་འདུན་པ་དེ། སེམས་བསྐྱེད་དངོས་སུ་བློ་གྲོས་མི་ཟད་པའི་མདོར་བཤད། ཞེས་དང༌། ཤནྟི་ཡང་དང་པོ་སེམས་བསྐྱེད་ཉིད་ཡིན་ལྷག་མ་གྲོགས། ཞེས་དང༌། མདོ་སྡེ་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་དང་པོ་མོས་པ་ལས་བྱུང་བའམ་ཐེག་པ་ཆེན་པོ་ལ་འདུན་པ་དང་མཚུངས་པར་ལྡན་པ། ཞེས་གསུངས་སོ། །སེམས་བསྐྱེད་ཉེར་གཉིས་སློབ་ལམ་མ་ཡིན་པར་སྣང་སྟེ། གོང་དུ་བཤད་པ་ལྟར་སེམས་བསྐྱེད་ཉེར་གཉིས་ལས་ཐ་མ་གཉིས་ལ་སངས་རྒྱས་ཀྱི་སས་བསྡུས་ཡོད་པ་དང༌།སངས་རྒྱས་ཀྱི་ས་ལ་ངོ་བོའི་སྒོ་ནས་རང་ལ་བྱང་ཆུབ་ཐོབ་འདོད་མེད་ཀྱང་སྔར་སློབ་པའི་སའི་སེམས་བསྐྱེད་ཀྱི་རྫས་རྒྱུན་གྱུར་བའི་སངས་རྒྱས་ཀྱི་རྒྱུད་ཀྱི་ལམ་དེ་དག་སེམས་བསྐྱེད་དུ་བཞག་ཚུལ་ཡོད་པའི་ཕྱིར་རོ། །

དྲི་བ་བཅོ་ལྔ་པ་ནི།གདམས་ངག་གི་མཚན་ཉིད་དང་དབྱེ་བ་དང་དེ་ལ་གཟུགས་ཤེས་ལྡན་མིན་གསུམ་ཡོད་དམ་ཅི་ཞེས་པའི་ལན།

དྲི་བ་བཅོ་ལྔ་པ་ནི།གདམས་ངག་གི་མཚན་ཉིད་དང་དབྱེ་བ་དང་དེ་ལ་གཟུགས་ཤེས་ལྡན་མིན་གསུམ་ཡོད་དམ་ཅི་ཞེས་པའི་ལན།

གདམས་ངག་གི་མཚན་ཉིད་དང་དབྱེ་བ་དང་དེ་ལ་གཟུགས་ཤེས་ལྡན་མིན་གསུམ་ཡོད་དམ་ཅི་ཞེས་པའོ། །དེའི་ལན་ནི། གདུལ་བྱ་ལ་བརྗོད་བྱའི་དོན་མ་ནོར་བར་ཐར་བའི་ཐབས་སུ་འདོམས་པའྀ་རྗོད་བྱེད་རྣམ་དག་དེ།གདམས་ངག་གི་མཚན་ཉིད། ཐེག་ཆེན་གྱི་གདུལ་བྱ་ལ་ཐེག་ཆེན་གྱི་ཆོས་ཕྱིན་ཅི་མ་ལོག་པར་འདོམས་པའི་རྗོད་བྱེད་རྣམ་དག་དེ། ཐེག་ཆེན་གདམས་ངག་གི་མཚན་ཉིད་ཡིན་ཏེ། མདོ་ལུགས་མ༦༨ལས། གདམས་པར་བྱ་བའི་དོན་ནི། ལམ་ལྔའི་གནས་སྐབས་ཅན་སྒྲུབ་པ་ལ་སོགས་པ་བཅུ་པོ་འདི་རྣམས་སོ། །འདོམས་པར་བྱེད་པའི་ཚིག་ནི། སྒྲུབ་པ་ཞེས་བྱ་བའི་ཚིག་དང༌། བདེན་པ་རྣམས་ཞེས་བྱ་བའི་ཚིག་དང༌། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ་ནས་བསྒོམ་ཞེས་བྱ་བའི་ཚིག་ལ་གདམས་པའི་ངག་ནི་བཅུའི་བདག་ཉིད་དུ་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་ལ་ཐེག་ཆེན་གྱི་ཆོས་ཕྱིན་ཅི་མ་ལོག་པར་འདོམས་བྱེད་ཀྱི་ངག་ནི་མཚན་ཉིད་དོ། །ཞེས་གསུངས་སོ། །དེས་ན་འདམས་ངག་ལ་འདོམས་བྱེད་ཀྱི་རྗོད་བྱེད་དགོས་སོ། །འོ་ན་ཉ་ཊཱིཀ་༡༦༤ལས། གཉིས་པ་དེ་སྨིན་ཅིང་དག་པར་བྱེད་པའི་གདམས་ངག་གི་མཚན་ཉིད། ཐེག་ཆེན་སེམས་བསྐྱེད་ཀྱིས་དོན་དུ་གཉེར་བའི་དོན་རྟོགས་ཤིང་ཐོབ་པའི་ཐབས་སངས་རྒྱས་ལ་སོགས་པས་འདོམས་པའི་ངག་གི་རིག་བྱེད་དམ། དེ་ལྟར་གདམས་པ་ལྟར་ཉམས་སུ་ལེན་པའི་བློ་གང་རུང་ངོ༌། །ཞེས་དང༌། བྱེད་པ་པོ་དང་ལས་ལ་ཡོད་པའི་གདམས་ངག་གཉིས་ཡོད་པས་ཕྱི་མ་ལེགས་སོ། །ཞིབ་པར་འཆད་ཚེ་རྟོགས་དགོས་སོ། །ཞེས་སོགས་ཀྱིས་གདམས་པ་ལྟར་ཉམས་སུ་ལེན་པའི་བློ་གདམས་ངག་གསུངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་པར་སྣང་སྟེ། གདམས་ངག་གི་འབྲས་བུའི་ལམ་དང་བརྗོད་དོན་གྱི་ལམ་ལ་གདམས་ངག་ཅེས་བཏགས་ནས་བཤད་པའི་ཚུལ་ཞིག་ཡོད་པར་སྣང་སྟེ། སྔོན་མེད་ལེགས་བཤད་༡༥༨ལས། གདམས་ངག་ཅེས་བྱ་བ་དངོས་བསྟན་ལྟར་ན་འདོམས་པའི་ངག་ཚིག་ལ་ཟེར་ཡང་འབྲས་བུ་ལ་རྒྱུའི་མིང་གིས་བཏགས་ནས་དེའི་དངོས་ཀྱི་གྲུབ་འབྲས་སློབ་མའི་རྒྱུད་ལ་སྐྱེས་པ་ལ་བྱའོ། །ཞེས་གསུངས་སོ། །གདམས་ངག་ལ་དབྱེ་ན་གདམས་པའི་གདམས་ངག་དང་རྗེས་བསྟན་གཉིས་ཡོད་དེ། ས་བཟང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་༡༨༢ལས། གདམས་ངག་དང་རྗེས་བསྟན་གཉིས་ཀྱི་དང་པོ་ནི། སྒོམ་ཚུལ་གྱི་ངོ་བོ་ཕྱིན་ཅི་མ་ལོག་པར་སྟོན་པའི་ངག་ཡིན་ལ། ཞེས་དང༌། རྗེས་བསྟན་ནི། བླང་དོར་གྱི་ཚུལ་ཕྱིན་ཅི་མ་ལོག་པར་སྟོན་པའི་ངག ཞེས་དང༌། ཉ་ཊཱིཀ་ལས། དབྱེ་ན། གདམས་ངག་གང་ཞིག ཐོབ་ཟིན་པའི་ཡོན་ཏན་སྐྱོང་བའི་དོན་གྱིས་མི་བརྗེད་པར་བྱེད་པ་གདམས་ངག་གདམས་པ། གང་ཞིག་མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱེད་པ་རྗེས་བསྟན་ནོ། །ཨཱརྱ་འགྲེལ་ཆེན་ནོ། །ཉན་སར། སེམས་དང་ཤེས་རབ་ཀྱི་བསླབ་པ་ལ་འདོམས་པ་གདམས་པ། ཚུལ་ཁྲིམས་ལ་འདོམས་པ་རྗེས་བསྟན་ཏུ་བཤད་དོ། །ཞེས་གསུངས་སོ། །ཡང་འདིར་བསྟན་གདམས་ངག་ལ་རྣམ་པ་བཅུ་ཡོད་དེ། བསྟན་བཅོས་མངོན་རྟོགས་རྒྱན་ལས། སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་ངལ་དང༌། །ལམ་ནི་ཡོངས་སུ་འཛིན་པ་དང༌། །སྦྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང༌། །བསྒོམ་ཞེས་བྱ་ལ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །ཞེས་དང༌། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་༢༣༦ལས།སྐབས་འདིར་གདམས་ངག་ནི་ཡུལ་གྱི་དབང་གིས་བཅུ་ཡི་བདག་ཉིད་དུ་ཤེས་པར་བྱའོ། །ཞེས་དང༌། མདོ་ལུགས་མ༦༨ལས། འདོམས་པར་བྱེད་པའི་ཚིག་ནི། སྒྲུབ་པ་ཞེས་བྱ་བའི་ཚིག་དང༌། བདེན་པ་རྣམས་ཞེས་བྱ་བའི་ཚིག་དང༌། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ་ནས་བསྒོམ་ཞེས་བྱ་བའི་ཚིག་ལ་གདམས་པའི་ངག་ནི་བཅུའི་བདག་ཉིད་དུ་ཤེས་པར་བྱའོ། །ཞེས་གསུངས་སོ། །གདམས་ངག་གི་མཚན་ཉིད་སོགས་སྔར་བཤད་པ་ལྟར་ན་གདམས་ངག་ལ་གཟུགས་དང་ལྡན་མིན་གཉིས་ཡོད་པར་སྣང་སྟེ།གཞུང་ཤེར་ཕྱིན་ལ་གཟུགས་དང་ལྡན་མིན་གཉིས་ཡོད་པའི་ཕྱིར་ཏེ།སྔོན་མེད་ལེགས་བཤད་༣༡ལས། གཞུང་དེ་ཡང་རྣམ་པ་གསུམ་ཡོད་དེ། ཞེས་པ་ནས། གཞན་འཕགས་པ་དང་སོ་སོ་སྐྱེ་བོ་རྣམས་ཀྱི་ཡིད་ལ་སྒྲ་སྤྱིའི་རྣམ་པར་ཤར་བའི་མིང་ཚིག་ཡི་གེའི་ཚོགས་པ་ཐེག་ཆེན་གྱི་མདོ་སྡེ་ནི་གཞུང་གཉིས་པའོ། །དེ་དང་མཐུན་པར་ངག་ཏུ་བརྗོད་པའི་སྒྲ་ནི་གཞུང་ཤེར་ཕྱིན་གསུམ་པ་སྟེ། ཞེས་གསུངས་པ་དང༌། རང་ལུགས་ལ་སྐབས་དུ་མར་མིང་ཚིག་ཡི་གེ་ལྡན་མིན་ཡིན་པར་གསུངས་པ་རྣམས་ཀྱིས་གྲུབ་པའི་ཕྱིར་རོ། །གདམས་ངག་ལ་ཤེས་པ་ཡོད་མེད་ཅུང་ཟད་དཔྱད་རྒྱུ་ཡོད་དེ། གཞུང་ཤེར་ཕྱིན་ལ་དོན་དམ་པའི་གཞུང་ཤེར་ཕྱིན་ཡོད་པ་ལྟ་བུར་གསུངས་པ་དང༌། ཉ་ཊཱིཀ་ལས་གདམས་ངག་ལ་བློ་ཡོད་པའི་གསུངས་ཟིན་ཡོད་པའི་ཕྱིར་རོ། །

སྤྱན་ལྔ་མངོན་ཤེས་དྲུག་རེ་རེའི་མཚན་ཉིད་དང་ནང་ཕན་ཚུན་ཡིན་པ་ཡོད་མེད་དང་དེ་དག་རེ་རེ་དང་ལམ་གྱི་གཞི་མཐུན་ཡོད་མེད་ཇི་ལྟར་ཡིན་ཞེས་པའི་ལན།

དྲི་བ་བཅུ་དྲུག་པ་ནི། སྤྱན་ལྔ་མངོན་ཤེས་དྲུག་རེ་རེའི་མཚན་ཉིད་དང་ནང་ཕན་ཚུན་ཡིན་པ་ཡོད་མེད་དང་དེ་དག་རེ་རེ་དང་ལམ་གྱི་གཞི་མཐུན་ཡོད་མེད་ཇི་ལྟར་ཡིན་ཞེས་པའི་ལན།

སྤྱན་ལྔ་མངོན་ཤེས་དྲུག་རེ་རེའི་མཚན་ཉིད་དང་ནང་ཕན་ཚུན་ཡིན་པ་ཡོད་མེད་དང་དེ་དག་རེ་རེ་དང་ལམ་གྱི་གཞི་མཐུན་ཡོད་མེད་ཇི་ལྟར་ཡིན་ཞེས་པའོ། །དེའི་ལན་ནི། ཐེག་ཆེན་གྱི་སྤྱན་གྱི་མཚན་ཉིད་དང་མཚོན་བྱ་དང་དབྱེ་གཞི་ནི། ཉ་ཊཱིཀ་༢༦༢ལས། ཐེག་ཆེན་གྱི་དེའི་མཚན་ཉིད་ནི། རང་གི་བདག་རྐྱེན་རྫུ་འཕྲུལ་རྐང་བའམ་གཟུང་འཛིན་བདེན་པའི་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་བསྒོམ་པ་ལས་རང་ཡུལ་ཇི་བཞིན་མཐོང་བའི་མིག་གོ ། མཐོང་བ་དང་ནི་ཞེས་སོ། །གཉིས་པ་ནི། ཙཀྵུ་ཞེས་སམ་ནེ་ཏྲ་ཞེས་སམ། ལོ་ཙ་ན་ཞེས་པ་མིག་ཡིན་ལ། དརྴ་ན་ལྟ་བྱེད། བྷཉྫ་ན་གསལ་བྱེད། ན་ཡ་ན་འདྲེན་བྱེད་ཅེས་གསུངས་སོ། །གསུམ་པ་ལ་དབྱེ་གཞི། བྱང་སེའི་སྤྱན་ཙམ་མོ། །ཞེས་གསུངས་སོ། །སྤྱན་ལྔ་སོ་སོའི་མཚན་ཉིད་ལས།དང་པོ་ཤའི་སྤྱན་གྱི་མཚན་ཉིད་ནི། རང་རྒྱུ་ཐེག་ཆེན་གྱི་ཕྱིན་དྲུག་དང་ཐེག་ཆེན་གྱི་རྫུ་འཕྲུལ་གྱི་རྐང་བ་སྒོམ་པ་ལ་བརྟེན་ནས་རང་གི་བདག་རྐྱེན་དཔག་ཚད་བརྒྱ་སོགས་ཀྱི་གཟུགས་ཕྲ་རགས་མཐོང་བའི་མིག་དབང་ཁྱད་པར་ཅན་གྱི་བདག་རྐྱེན་བྱས་པའི་རང་ཡུལ་དཔག་ཚད་བརྒྱ་སོགས་ཀྱི་གཟུགས་ཐམས་ཅད་མཐོང་བའི་སྤྱན་དེ་ཡིན་ཏེ། ཉ་ཊཱིཀ་ལས། བྱང་སེའི་ཤའི་སྤྱན་ནི་དངོས་པོ་སོ་སོར་ངེས་པ་དཔག་ཚད་བརྒྱ་ནས། སྟོང་གསུམ་ཚུན་ཆད་ཀྱི་གཟུགས་ཤིན་ཏུ་ཕྲ་བ་ཡང་མཐོང་བས་དེའི་ཡུལ་ཅན་ནོ། །ཞེས་སོ། །གཉིས་པ་ལྷའི་སྤྱན་གྱི་མཚན་ཉིད་ནི་རང་རྒྱུ་ཐེག་ཆེན་གྱི་ཕྱིན་དྲུག་དང་ཐེག་ཆེན་གྱི་རྫུ་འཕྲུལ་གྱི་རྐང་བ་སྒོམ་པ་ལ་བརྟེན་ནས་སེམས་ཅན་མཐའ་ཡས་པའི་སྐྱེ་བ་དང་འཆི་འཕོ་བ་རབ་ཏུ་ཤེས་པའི་སྤྱན་དེ་ཡིན་ཏེ། ཉ་ཊཱིཀ་ལས། སྔོན་གྱི་དགེ་བའི་རྣམ་པར་སྨིན་པ་ལས་བྱུང་བའི་བྱང་སེའི་ལྷའི་སྤྱན་ནི། སེམས་ཅན་ཐམས་ཅད་ཀྱི་སྟེ་མཐའ་ཡས་པ་མང་པོའི་གང་ནས་འཆི་འཕོ་བ་དང་གང་དུ་སྐྱེ་བ་རབ་ཏུ་ཤེས་པ་སྟེ། ཞེས་སོ། །གསུམ་པ་ཤེས་རབ་ཀྱི་སྤྱན་གྱི་མཚན་ཉིད་ནི། རང་རྒྱུ་ཐེག་ཆེན་གྱི་ཕྱིན་དྲུག་དང་ཐེག་ཆེན་གྱི་རྫུ་འཕྲུལ་གྱི་རྐང་བ་སྒོམ་པ་ལ་བརྟེན་ནས་འདུས་བྱས་འདུས་མ་བྱས་སོགས་ལ་ཅིར་ཡང་མི་རྟོག་པའི་སྒོ་ནས་དེ་དག་ཅི་རིགས་ཤེས་པའི་ཐེག་ཆེན་འཕགས་པའི་སྤྱན་དེ་ཡིན་ཏེ། ཉ་ཊཱིཀ་ལས། བྱང་སེའི་ཤེས་རབ་ཀྱི་སྤྱན་ནི། འདུས་བྱས་མ་བྱས་དགེ་མི་དགེ་ཟག་པ་དང་བཅས་མ་བཅས་ཀྱི་བར་གྱི་ཆོས་ཐམས་ཅད་ལ་ཅིར་ཡང་རྣམ་པར་མི་རྟོག་པའི་སྒོ་ནས་དེ་ཐམས་ཅད་ཤེས་པ་སྟེ། ཞེས་སོ། །བཞི་བ་ཆོས་སྤྱན་གྱི་མཚན་ཉིད་ནི། རང་རྒྱུ་ཐེག་ཆེན་གྱི་ཕྱིན་དྲུག་དང་ཐེག་ཆེན་གྱི་རྫུ་འཕྲུལ་གྱི་རྐང་བ་སྒོམ་པ་ལ་བརྟེན་ནས་སྐྱེ་འཕགས་ཀྱི་དབང་པོའི་རིམ་པ་སོགས་ཅི་རིགས་རྟོགས་པའི་ཐེག་ཆེན་འཕགས་པའི་སྤྱན་དེ་ཡིན་ཏེ། ཉ་ཊཱིཀ་ལས། བྱང་སེའི་ཆོས་ཀྱི་སྤྱན་ནི། འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་པའི་ཡུལ་ཅན་ཏེ། ཞེས་སོགས་སོ། །ལྔ་བ་རང་རྒྱུ་ཐེག་ཆེན་གྱི་ཕྱིན་དྲུག་དང་ཐེག་ཆེན་གྱི་རྫུ་འཕྲུལ་གྱི་རྐང་བ་སྒོམ་པ་ལ་བརྟེན་ནས་ཆོས་ཐམས་ཅད་ཅིག་ཆར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཐར་ཐུག་གི་སྤྱན་དེ། སངས་རྒྱས་ཀྱི་སྤྱན་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས།སངས་རྒྱས་ཀྱི་སྤྱན་ནི། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡུལ་ཅན།ཞེས་སོ། །ཉ་ཊཱིཀ་ལས། ཐེག་ཆེན་གྱི་སྤྱན་ལྔའི་རྒྱུ་ནི་ཕྱིན་དྲུག་སྟེ། ཞེས་དང༌། ཐེག་ཆེན་གྱི་དེའི་མཚན་ཉིད། ཅེས་སོགས་ཐེག་ཆེན་གྱི་སྤྱན་དམིགས་ཀྱིས་བསལ་བ་སོགས་ཀྱིས་སྤྱན་ལ་ཐེག་ཆེན་ཀྱི་སྤྱན་གྱིས་ཁྱབ་པ་ཡོད་མེད་དཔྱད། མཁས་པ་གཞན་གྱི་ལུགས་ལ་སྤྱན་ཐེག་ཆེན་ཁོ་ནའི་རྒྱུད་ལ་བཞག་ནས་དམན་ལམ་ལ་རྗེས་མཐུན་པ་ཙམ་ལས་མེད་པར་བཞེད་པ་དང༌། ཐེག་དམན་ལ་དེ་མཚན་ཉིད་པ་ཡོད་པར་བཞེད་པའི་ལུགས་གཉིས་ཡོད་དོ། །སངས་རྒྱས་ཀྱི་ས་ན་སྤྱན་ལྔའི་གཞི་མཐུན་ཡོད་དེ། ཉ་ཊཱིཀ་ལས། ངོ་བོ་གཅིག་པའང་ཡོད་དེ། སངས་རྒྱས་ཀྱི་ས་ནའོ། །དེར་མ་ཟད་དག་ས་ནའང་ངོ་བོ་གཅིག་ལ་འདིར་དང་པོ་ཡུལ་ངེས་པ་བཤད་པ་ནི་མ་དག་ས་པའམ། སོ་སྐྱེའི་ལ་དགོངས་སོ། །མ་དག་སའི་སྐབས་སུ་ཕལ་ཆེར་ངོ་བོ་ཐ་དད་དེ་ཡུལ་དང་ས་མཚམས་ཐ་དད་པས་སོ། །ཞེས་གསུངས་སོ། །ས་མཚམས་དང་གྲངས་ངེས་ནི། ཉ་ཊཱིཀ་ལས། ས་མཚམས་ནི། དང་པོ་ཚོགས་ལམ་ནས་གཉིས་པ་རྣམ་སྨིན་ལས་བྱུང་བ་ནི་ལྷ་རྣམས་ལ་ཡོད། སྒོམས་བྱུང་ནི་རྣལ་འབྱོར་པས་ཏིང་ངེ་འཛིན་བསྒོམས་པས་ཐོབ་ཅེས་བློ་བརྟན་ཏེ་བོད་དག་སྦྱོར་ལམ་ནས་ཟེར་རོ། །གསུམ་པ་མཐོང་ལམ་མཉམ་བཞག་ནས། བཞི་བ་མཐོང་ལམ་རྗེས་ཐོབ་ནས་སོ། །བློ་བརྟན་གྱིས་ལྔ་བ་ཉན་རང་དགྲ་བཅོམ་དང་སངས་རྒྱས་ལ་བཤད་དོ། །ཡང་ན་རྡོར་ཏིང་ནའོ། །ཐུབ་དགོངས་སུ། དང་པོའི་བག་ཙམ་སྲོག་ཆགས་ཕལ་ཆེར་ལ། །གསུམ་པའི་བག་ཙམ་རྒྱུན་ཞུགས་འབྲས་ཞུགས་ལ། །བཞི་བའི་བག་ཙམ་དགྲ་བཅོམ་པ་ལ་ཡོད། །ཅེས་སོ། །འབུམ་ཊཱིཀ་ཏུ། སངས་རྒྱས་ཀྱི་སྤྱན་གྱི་ཡོན་ཏན་དེ་ལྟ་བུ་བྱང་པའི་ས་བཅུ་ལ་ཡོངས་སུ་སྦྱངས་པའི་རྒྱུས་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་སྤྱན་ཞེས་བྱའོ། །ཞེས་སོ། །ལྔ་བའི་ངོ་བོ་ཙམ་ས་བདུན་པ་ནས་ཁས་ལེན་དགོས་ཏེ། བདུན་པའི་ཡོངས་སྦྱོང་དུ་སངས་རྒྱས་ཀྱི་སྤྱན་ཐོབ་པ་སྟེ་ཞེས་སོ། །གྲངས་ངེས་ཡུལ་ལྔ་ཡོད་པའི་དབང་གིས་སོ། །ཞེས་གསུངས་ལ། འོན་ཀྱང་སངས་རྒྱས་ཀྱི་སྤྱན་མཚན་ཉིད་པ་ནི། སངས་རྒྱས་ཀྱི་ས་ཁོ་ན་ལ་ཡོད་པས་གཞུང་དུ་མར་དེ་སློབ་ལམ་ལ་ཡོད་པ་ལྟ་བུར་གསུངས་པ་ནི་སངས་རྒྱས་ཀྱི་སྤྱན་རྗེས་མཐུན་པ་ལ་དགོངས་པ་འདྲ་སྟེ། མདོ་ལུགས་མ་ལས། སངས་རྒྱས་ཀྱི་སྤྱན་ཐོབ་པ་ནི། ཐ༷མས་ཅ༷ད་ལ༷་ཐོ༷གས་པ༷་མེ༷ད་པའི༷་ཡེ་ཤེ༷ས་ད༷ང༌།ཞེས་གསུངས་པས་གྲུབ་པའོ། །མངོན་ཤེས་ཀྱི་མཚན་ཉིད་ནི། ཉ་ཊཱིཀ་ལས། མཚན་ཉིད་ནི། རང་གི་བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་མངོན་ཤེས་མེད་པའི་སྐྱེ་བོ་ལ་ལྐོག་ཏུ་གྱུར་པའི་ཡུལ་སྣ་ཚོགས་པ་མངོན་སུམ་དུ་གྱུར་པའི་རིག་པ་ཞེས་པ་སྤྱིའོ། །བྱེ་བྲག་ཐེག་ཆེན་གྱི་དེའི་མཚན་ཉིད། རང་གི་བདག་རྐྱེན་བསམ་གཏན་བཞི་བ་ཤིན་ཏུ་དག་པ་ལ་བརྟེན་ནས་སྔར་བཤད་དེ་འདྲའི་ཡུལ་མངོན་སུམ་དུ་གྱུར་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པའི་བློ། ཞེས་སོ། །ཐེག་ཆེན་གྱི་རྫུ་འཕྲུལ་གྱི་མངོན་ཤེས་སོགས་ཀྱི་མཚན་ཉིད་རིམ་བཞིན། ཉ་ཊཱིཀ་ལས།བྱེ་བྲག་ཏུ་ཐེག་ཆེན་གྱི་དྲུག་པོའི་རིམ་བཞིན། དེ་ལ་བརྟེན་ནས་རྫུ་འཕྲུལ་གྱི་རྣམ་འཕྲུལ་སྣ་ཚོགས་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ཤེས་རབ་དང་མཚུངས་ལྡན་དང་བཅས་པ། སྒྲ་སྣ་ཚོགས་ཉན་པ། སེམས་ཅན་གཞན་དག་གི་སེམས་ཀྱི་སྤྱོད་པ་ལ་འཇུག་པ། སྔོན་གྱི་མཐའི་སྤྱོད་པ་རྗེས་སུ་དྲན་པ།སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་མཐོང་བ། ཟག་པ་ཟད་པ་ཤེས་པ་ཞེས་ཀུན་བཏུས་སོ། །ཞེས་སོ། །སྤྱིར་མངོན་ཤེས་དྲུག་སོ་སོའི་མཚན་ཉིད་ཤེས་པར་བྱའོ། །སྤྱན་ལྔ་ལྟར་སངས་རྒྱས་ཀྱི་ས་ན་དེ་དྲུག་གི་གཞི་མཐུན་ཡོད་དོ། །མངོན་ཤེས་དང་པོ་ལྔ་ཕྱི་རོལ་བ་ལ་ཡོད་ལ། ཟག་ཟད་མངོན་ཤེས་གཉིས་ཀའི་ཆ་ལས་གྲོལ་བའི་ཉན་རང་དགྲ་བཅོམ་པ་ལ་ཡོད་དེ། ཉ་ཊཱིཀ་ལས། ཐ་དད་ནི། ཅི་རིགས་པ་སྟེ། དང་པོ་ལྔ་ཕྱི་རོལ་བ་ལའང་ཡོད་དེ། ཞེས་པ་ནས། དྲུག་པ་མཚན་ཉིད་པ་ཉན་རང་ལ་མེད་པར་འཆདམོད་ཀྱི་གཉིས་ཀའི་ཆ་ལས་རྣམ་གྲོལ་ལ་ཡོད་དེ། ཉོན་སྒྲིབ་ལ་ཟག་པར་འདིར་བཤད་ཀྱི་ཤེས་སྒྲིབ་ལ་མིན་ནོ། །ཞེས་པ་ནས། དྲུག་པའི་ངོ་བོ་རྫོགས་པ་ཙམ་ས་བརྒྱད་པ་ནས་ཡོད་དེ།དག་ལྡན་དུ། ཇི་ལྟར་ན་སངས་རྒྱས་ཀྱི་སྤྱན་དང་མངོན་པར་ཤེས་པ་དྲུག་པ་བྱང་པ་ལ་ཡོད་ཅེ་ན། བྱང་པ་ས་བརྒྱད་པ་ལ་ནི་དེ་གཉིས་ཀ་ཐོབ་པ་ཡིན་ལ། ཞེས་གསུངས་སོ། །

དྲི་བ་བཅུ་བདུན་པ་ནི། རང་ལུགས་ལ་ཐེག་དམན་གྱི་དགེ་འདུན་ཉི་ཤུ་མངོན་པ་གོང་འོག་གང་ལྟར་ཡིན་པ་དང་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་མེད་དམ་ཅི་ཞེས་པའི་ལན།

དྲི་བ་བཅུ་བདུན་པ་ནི། རང་ལུགས་ལ་ཐེག་དམན་གྱི་དགེ་འདུན་ཉི་ཤུ་མངོན་པ་གོང་འོག་གང་ལྟར་ཡིན་པ་དང་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་མེད་དམ་ཅི་ཞེས་པའི་ལན།

རང་ལུགས་ལ་ཐེག་དམན་གྱི་དགེ་འདུན་ཉི་ཤུ་མངོན་པ་གོང་འོག་གང་ལྟར་ཡིན་པ་དང་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་མེད་དམ་ཅི་ཞེས་པའོ། །དེའི་ལན་ནི། རང་ལུགས་ལ་ཐེག་དམན་གྱི་དགེ་འདུན་ཉི་ཤུ་མངོན་པ་གོང་འོག་གཉིས་ཀ་ལྟར་ཕལ་ཆེར་བཞག་ཀྱང་འགལ་བ་མེད་ཀྱང་མངོན་པ་གོང་མ་ཀུན་བཏུས་ལྟར་གཙོ་ཆེར་བྱ་དགོས་ཏེ། བདག་གི་མངོན་པའི་ཆོས་འདི་ཕལ་ཆེར་ནི། །ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །ཅེས་པ་ལྟར་མཛོད་ལས་དགེ་འདུན་ཉི་ཤུའི་རྣམ་བཞག་སོགས་ཁ་ཆེ་བྱེ་བྲག་སྨྲ་བ་ལྟར་རྒྱུན་ཞུགས་ཞུགས་པ་ལ་འཕགས་པས་ཁྱབ་པ་དང༌། སྲིད་པ་ལན་བདུན་པ་ལ་མིར་ལན་བདུན་ལྷར་ལན་བདུན་སྐྱེ་བས་ཁྱབ་པ་ཡོད་པར་བཤད་པ་དང༌། སྤང་བྱ་ཅིག་ཆར་བ་མི་བཞེད་པ་དང༌།བཅུ་དྲུག་པ་སྒོམ་ལམ་དང༌། བཟོད་པ་བརྒྱད་བར་ཆད་མེད་ལམ་དང༌། ཤེས་པ་བརྒྱད་རྣམ་གྲོལ་ལམ་དང༌། དགྲ་བཅོམ་པ་སྤངས་རྟོགས་ལས་ཉམས་པ་ཡོད་པར་བཤད་པ་དེ་དག་རང་ལུགས་ལ་མི་འཐད་པས་མངོན་པ་ཀུན་བཏུས་ལྟར་བྱ་དགོས་པའི་ཕྱིར་ཏེ། ཉ་ཊཱིཀ་ལས། བྱེ་བྲག་སྨྲ་བའི་ལུགས་ལ། དེ་འདྲའི་གང་ཟག་གཉིས་མཚན་གཞི། རྒྱུན་ཞུགས་ཞུགས་པར་མཚོན། རྒྱུན་ཞུགས་འབྲས་བུ་ཐོབ་ཕྱིར་བརྩོན་པའི་འཕགས་པའི་གང་ཟག་གོ ། ཀུན་བཏུས་ལྟར་ན་ངེས་འབྱེད་ཆ་མཐུན་སྟན་གཅིག་པ་ནས་བཟུང་སྟེ། ཞེས་སོགས་དང༌། སྲིད་པ་ལན་བདུན་པ་ལ། བྱེ་བྲག་སྨྲ་བ་དང་མདོ་སྡེ་བའམ་དེ་ཡན་གྱི་ལུགས་གཉིས་ལས། ཞེས་སོགས་དང༌། དེ་དག་ནི་མཛོད་ལྟར་བཤད་དོ། །མདོ་སྡེ་པའམ་དེ་ཡན་ཆད་པ་དག་རྒྱུན་ཞུགས་ཅིག་ཅར་བ་འདོད་དེ།ཞེས་དང༌། དགྲ་བཅོམ་འབྲས་བུ་ལས་ཉམས་པར་འགྱུར་མི་འགྱུར་སོགས་ལེགས་བཤད་དུ་མ་ཡོད་དེ། ཞེས་གསུངས་སོ། །མངོན་པ་ཀུན་བཏུས་རང་གཞུང་ཡིན་པས་སོ། །འོན་ཀྱང་ཕར་ཕྱིན་མདོ་ལུགས་མར་དགེ་འདུན་ཉི་ཤུའི་རྣམ་བཞག་བཤད་པའི་སྐབས་སུ་མཛོད་ལུང་དུ་མ་དྲངས་ནས་བཤད་པ་དང༌། ཕྱིར་མི་འོང་ལུས་མངོན་བྱེད་ཀྱི་སྐབས་སུ་སེམས་མེད་པས་ལུས་ལ་བརྟེན་དེ་ཞེས་གསུངས་པ་དང༌། ཉ་ཊཱིཀ་ལས། མཛོད་ལྟར་གཙོ་བོར་བཤད་ན། ཞེས་གསུངས་པ་དག་ལ་དཔྱད་པར་བྱའོ། །རང་ལུགས་ལ་སྐབས་འདིར་བསྟན་བཅོས་མངོན་རྟོགས་རྒྱན་ལས། དབང་བོ་རྟུལ་དང་རྣོན་པོ་དག ། ཅེས་སོགས་ཀྱིས་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་བསྟན་པའི་རྣམ་བཞག་བྱས་པ་མི་འཐད་དེ། མདོ་ལུགས་མ་ལས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་པར་བྱ་རྒྱུ་ཐེག་པ་འོག་མ་ལ་སློབ་པའི་གང་ཟག་ཉི་ཤུའི་རྣམ་པར་བཞག་པ་ནི་དེ་ཡིན་ནོ། །ཉི་ཁྲི་སྣང་བ་ལ་སོགས་པ་རྣམས་ཀྱི་འཆད་ལུགས་ནི་དགོངས་པ་མ་ཡིན་ཏེ། སློབ་དཔོན་དབྱིག་གཉེན་ལ་སོགས་པ་ཤིང་རྟའི་སྲོལ་འབྱེད་ཆེན་པོ་དག་དང་འགལ་བའི་ཕྱིར་རོ། །སྐབས་འདིའི་གང་ཟག་ཉི་ཤུ་པོ་རྣམས་བཏགས་པ་པར་འཆད་པའི་ལུགས་ལ་ཐེག་པ་གསུམ་ལ་སློབ་པའི་གང་ཟག་གི་དངོས་པོར་སྟོར་ཏེ། སྔར་རྒྱལ་སྲས་ཞེ་ལྔའི་ངོ་བོ་སྟོར་ཞིང་འདིར་ཐེག་པ་འོག་མའི་གང་ཟག་ཉི་ཤུའི་ངོ་བོ་སྟོར་བའི་ཕྱིར་རོ། །དེ་རྣམས་ལས་མ་གཏོགས་པ་མདོ་འདིར་གསུངས་པ་མེད་པས་སོ། །དེས་ན་འདི་རྣམས་བཏགས་པ་བ་ཡིན་ལ། དགོས་པ་ལ་སོགས་པའི་ཆོས་གསུམ་མེད་པའི་ཕྱིར་མི་རིགས་སོ། །གལ་ཏེ་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས་གསུངས་སོ་ཞེ་ན། དེར་བྱང་སེམས་ལ་བརྒྱད་པ་ལ་སོགས་པའི་མིང་གིས་གསུངས་པའི་དགོས་པ་ནི། མདོ་དེ་ཉིད་དུ་དེ་ལྟར་གསུངས་པའི་དགོས་པ་ཡིན་གྱི། །མདོ་གཞན་དང་གཞན་དུ་གསུངས་པའི་དགོས་པ་ནི་མདོ་དེ་ཉིད་ཀྱི་ཡིན་པར་མི་རིགས་སོ། །གལ་ཏེ་རིགས་ན་དམ་ཆོས་པད་དཀར་ལ་སོགས་སུ་བཏགས་ནས་གསུངས་པའི་དགོས་པ་ཡང་མདོ་དེ་ཉིད་དུ་གསུངས་པའི་དགོས་པར་འགྱུར་བས་དགོས་པ་ལྷག་པོ་མེད་པ་དང༌། གདུལ་བྱ་གཅིག་ཏུ་ཐལ་བ་ལ་སོགས་པར་འགྱུར་རོ། །གལ་ཏེ་མདོ་གཅིག་ཏུ་བཏགས་ནས་གསུངས་པས་ཤེར་ཕྱིན་ལ་སོགས་པའི་མདོ་གཞན་དང༌། གཞན་དུུ་ཡང་བཏགསཔ་བར་འཆད་དགོས་ན། ཐེག་ཆེན་གྱི་གང་ཟག་རང་མིང་གིས་སྨོས་པ་མི་སྲིད་པར་ཐལ་བ་ཡང་བཟློག་པར་དཀའ་འོ། །གལ་ཏེ་སྔར་བྱང་སེམས་ཞེ་ལྔ་སྟོན་པའི་མདོ་དེ་ཉིད་ཉི་ཤུ་པོ་འདིའི་མདོ་ཡིན་པར་འདོད་ན། སྤངས་རྟོགས་དང་སྐྱོན་ཡོན་མི་འདྲ་བའི་ཁྱད་པར་ཕྱེ་བས་ཞེ་ལྔ་ལས་ཉུང་བར་བསྡུར་མི་རུང་བ་དེ་དག་ཇི་ལྟར་ཁྱད་པར་དེ་ཉིད་ཀྱི་སྒོ་ནས་ཉི་ཤུར་འདུས་པར་འགྱུར། རྒྱལ་བ་དང༌། རྒྱལ་ཚབ་གཉིས་ཀྱང་དགོངས་པ་མི་གཅིག་པར་ཧ་ཅང་ཐལ་བར་འགྱུར་རོ། །དེས་ན་སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། ཞེས་པའི་སྐབས་ཀྱི་དགེ་འདུན་དཀོན་མཆོག་ནི་རྒྱལ་སྲས་ཞེ་ལྔ་ཉིད་ཡིན་ལ། གདམས་ངག་གི་ནང་ན་མེད་ཅིང་ཞར་ལ་གསུངས་པའི་ཉི་ཤུ་བོ་འདི་ནི་ཐེག་དམན་པ་ཉིད་ཡིན་ནོ། །ཞེས་དང༌། ཉ་ཊཱིཀ་ལས། ཆོས་རྗེ་ཀུན་མཁྱེན་ཆེན་པོ་ནི་སེམས་བསྐྱེད་ཉེར་གཉིས་དང་དགེ་འདུན་ཉི་ཤུ་རྒྱས་འབྲིང་བསྡུས་པའི་ཚིག་གིས་ཟིན་པའི་དོན་མིན་གྱི། དང་པོ་ནི་བློ་གྲོས་མི་ཟད་པའི་མདོ་དོན་ནོ། གཉིས་པ་ནི་ཐེག་དམན་གྱི་དགེ་འདུན་ཞར་ལ་བསྟན་པ་ཡིན། འཕགས་སེང་སོགས་ཀྱིས་མདོ་འདི་དང་སྦྱོར་བ་ནི་ནོར་ཞེས་སོགས་གསུངས་སོ། །བརྗོད་པར་བྱ་བ་མང་སྟེ་བཞག་གོ ། ཞེས་དང༌། པནྚི་ཏ་ཞི་བ་འབྱུང་གནས་དང་ཆོས་རྗེ་ཀུན་མཁྱེན་ཆེན་པོ་དག མདོ་ཚིག་ཏུ་རློམ་པ་མང་པོ་ཞིག་མངོན་རྟོགས་དང་སྦྱར་བའི་ཕྱིར་དུ་སེང་བཟང་གིས་རང་བཟོར་བརྩམས་གསུང་ངོ༌། །དཔྱད་པ་འདི་ཡོད་དེ་ལེ་མངས་ལ་ཤླཽ་ཀ་ཉི་ཁྲི་ལྔ་སྟོང་ད་ལྟའི་རྒྱ་དཔེ་ལ་ཚང་ན་འཕགས་སེང་གི་རང་བཟོར་འོང་ལ་མ་ཚང་ན་མདོ་ཚིག་ཉམས་པ་ཡིན་པས་འགལ་བ་མེད་དམ་སྙམ་སྟེ། པནྚི་ཏ་དག་གིས། དེ་བགྲང་བ་ཙམ་ཞིག་མ་དྲན་པར་ཟད་དོ། །ཞེས་གསུངས་སོ། །

དྲི་བ་བཅོ་བརྒྱད་པ་ནི། འཕགས་སེང་ལུགས་ལ་མཚོན་བྱེད་དཔེའི་དགེ་འདུན་ཉི་ཤུ་དང་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་གཉིས་དཔེ་དོན་སྦྱར་ཚུལ་སྤངས་རྟོགས་སྐྱེ་བ་ལེན་ཚུལ་གསུམ་གྱིས་ཆོས་མཐུན་སྦྱར་དུ་ཡོད་དམ་ཅི་ཞེས་པའི་ལན།

དྲི་བ་བཅོ་བརྒྱད་པ་ནི། འཕགས་སེང་ལུགས་ལ་མཚོན་བྱེད་དཔེའི་དགེ་འདུན་ཉི་ཤུ་དང་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་གཉིས་དཔེ་དོན་སྦྱར་ཚུལ་སྤངས་རྟོགས་སྐྱེ་བ་ལེན་ཚུལ་གསུམ་གྱིས་ཆོས་མཐུན་སྦྱར་དུ་ཡོད་དམ་ཅི་ཞེས་པའི་ལན།

འཕགས་སེང་ལུགས་ལ་མཚོན་བྱེད་དཔེའི་དགེ་འདུན་ཉི་ཤུ་དང་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་གཉིས་དཔེ་དོན་སྦྱར་ཚུལ་སྤངས་རྟོགས་སྐྱེ་བ་ལེན་ཚུལ་གསུམ་གྱིས་ཆོས་མཐུན་སྦྱར་དུ་ཡོད་དམ་ཅི་ཞེས་པའོ། །དེའི་ལན་ནི། འཕགས་སེང་ལུགས་ལ་མཚོན་བྱེད་དཔེའི་དགེ་འདུན་ཉི་ཤུ་དང་མཚོནབྱ་དོན་གྱི་དགེ་འདུན་ཉི་ཤུ་གཉིས་རེ་རེ་ནས་དཔེ་དོན་སྦྱར་ཚུལ་སྤངས་རྟོགས་སྐྱེ་བ་ལེན་ཚུལ་གསུམ་གྱིས་ཆོས་མཐུན་སྦྱར་དུ་མེད་ཀྱང་ཉི་ཤུའི་ནང་ནས་ཅི་རིགས་ལ་སྤངས་རྟོགས་སྐྱེ་བ་ལེན་ཚུལ་གསུམ་གྱི་སྒོ་ནས་སྦྱར་བ་ཡོད་དེ། དཔེར་ན་རྒྱུན་ཞུགས་མིའི་རིགས་སྐྱེ་དང་དེའི་མིང་ཅན་གྱི་བྱང་སེམས་གཉིས་བཞིན་ནོ། །དེ་ཆོས་མཐུན་གསུམ་སྦྱར་ཚུལ་ཉ་ཊཱིཀ་ལས། མཐོང་ལམ་གྱི་སྔར་འཇིག་རྟེན་པའི་སྒོམ་ལམ་གྱིས་འདོད་པའི་ཉོན་མོངས་གསུམ་མམ་བཞི་སྤངས་དེའི་གཉེན་པོ་ཟག་མེད་དབང་བོ་ཐོབ་སྐྱེ་བ་གསུམ་་མམ་གཉིས་སུ་མིར་རྒྱལ་རིགས་བྲམ་ཟེར་ཁྱིམ་བདག་ཏུ་སྐྱེ་བའི་བྱང་སེ་ནི། རྒྱུན་ཞུགས་མིའི་རིགས་ནས་རིགས་སྐྱེའི་མིང་ཅན་ཏེ། ཞེས་གསུངས་སོ། །སྤངས་རྟོགས་སྐྱེ་བ་ལེན་ཚུལ་སྤྲུལ་པ་སོགས་ཀྱི་སྒོ་ནས་ཆོས་མཐུན་སྦྱར་པའི་ཚད་ལ་དཔྱད་པར་བྱའོ། །འཕགས་པའི་ལུགས་ལ་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་ནི། ཉ་ཊཱིཀ་ལས། འཕགས་པ་སོགས་ལྟར་ན། ཞུགས་པའི་ མིང་ཅན་ལྔ། གནས་པའི་མིང་ཅན་བཅུ་བཞི། རང་རྒྱལ་གྱི་མིང་ཅན་གཅིག་གོ ། ཡང་ན་འདྲ་བ་ལྔ་ཞེས་སོགས་སྦྱར་རོ། །ཞེས་གསུངས་སོ། །སེང་བཟང་གི་ལུགས་ལ་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་ནི་ཉ་ཊཱིཀ་ལས་ཤེས་པར་བྱའོ། །

དྲི་བ་བཅུ་དགུ་པ་ནི།ཐེག་ཆེན་སྦྱོར་ལམ་དེ་ཐེག་དམན་སྦྱོར་ལམ་ལས་ཁྱད་པར་གང་གིས་འཕགས་པ་ཡིན་ཞེས་པའི་ལན།

དྲི་བ་བཅུ་དགུ་པ་ནི།ཐེག་ཆེན་སྦྱོར་ལམ་དེ་ཐེག་དམན་སྦྱོར་ལམ་ལས་ཁྱད་པར་གང་གིས་འཕགས་པ་ཡིན་ཞེས་པའི་ལན།

ཐེག་ཆེན་སྦྱོར་ལམ་དེ་ཐེག་དམན་སྦྱོར་ལམ་ལས་ཁྱད་པར་གང་གིས་འཕགས་པ་ཡིན་ཞེས་པའོ། །དེའི་ལན་ནི། ཁྱད་གཞི་ཐེག་ཆེན་གྱི་ཆུང་འབྲིང་ཆེ་གསུམ་སོགས་ལྡན་པའི་དྲོད་སོགས་དེ་ཁྱད་པར་གྱི་ཆོས་དམིགས་པ་དང༌།རྣམ་པ་དང༌། རྒྱུ་དང༌། ཡོངས་སུ་འཛིན་པ་བཞི་ཡིས་ཁྱད་པར་འཕགས་པ་ཡིན་ཏེ། མདོ་ལུགས་མ་ལས། དམིགས་པ་དང་ནི་རྣམ་པ་དང༌། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས། །བྱང་ཆུབ་སེམས་དཔའ་སྐྱོབས་པ་ཡིས། །དྲོད་སོགས་བདག་ཉིད་ཇི་བཞིན་དུ། །རྣམ་རྟོག་བཞི་པོ་ལྡན་རྟེན་པ། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཉན་ཐོས་བསེ་རུ་ལྟ་བུ་དང༌། །བཅས་པ་དག་ལས་ཁྱད་པར་འཕགས། །ཞེས་པ་འདིས་བྱང་ཆུབ་སེམས་དཔའི་ངེས་པར་འབྱེད་པའི་ཆ་མཐུན་པ་རྣམས་ཉན་རང་གི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་ལས་ཆོས་སྤྱོད་བཞིས་ཁྱད་པར་དུ་འཕགས་པར་བསྟན་ཏོ། །ཞེས་དང༌། ཁྱད་པར་གྱི་ཆོས་དམིགས་པ་དང་རྣམ་པ་དང་རྒྱུ་དང་ཡོངས་སུ་འཛིན་པ་བཞི་བོ་དེ་ཡིས་སོ། །ཞེས་དང༌། ཉ་ཊཱིཀ་ལས།རང་གིས་བདེན་མེད་སྒྱུ་མ་ལྟར་རྟོགས་པའི་བདེན་བཞི་སྒྱུ་མ་ལྟ་བུ་དམིགས་པ་དང༌། གང་ལ་ཡང་ཅིར་ཡང་མ་ཞེན་པའི་རྟོགས་པ་ཤེས་པའི་རྣམ་པ་དང༌། ཅིར་ཡང་ཞེན་བྱར་མེད་པའི་སྟོང་ཉིད་དོན་རྣམ་དང༌། རྒྱུ་འཆད་འགྱུར་ལྟར་དང༌།ཕྱི་ནང་གི་ཡོངས་སུ་འཛིན་པ་འཆད་འགྱུར་ལྟར་དང༌། དྲོད་སོགས་བཞི་བོ་རིམ་པ་ཇི་བཞིན་དུ་འཆད་འགྱུར་གཟུང་འཛིན་གྱི་རྣམ་རྟོག་བཞི་བོ་མཚུངས་ལྡན་དུ་བསྟེན་པ་སྟེ་གནས་པའམ་དང་པོར་ལྡན་ཞིང་རྒྱུན་གྱིས་བསྟེན་པ་སྟེ་འཇུག་པ་སྟེ་ལྔས་སོ། །་ ཟླ་ཟེར་དག་ལྡན་དང་སློབ་དཔོན་ནོ། །སངས་རྒྱས་ཡེ་ཤེས། རྟོག་པ་མ་གཏོགས་པ་བཞིས་སོ། །ཞེས་གསུངས་སོ། །འདི་ལ་ཅུང་ཟད་དཔྱད་པར་བྱ་བ་ནི། ཉ་ཊཱིཀ་ལས། རྩ་བ་ལ་བཞི་སྟེ། ནང་ཡོངས་འཛིན་ཐབས་མཁས།ཕྱི་ཡོངས་འཛིན་དགེ་བཤེས། དེའི་མི་མཐུན་ཕྱོགས་སོ་སོར་བོར་བའོ། །ཞེས་དང༌། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་བྲལ་ལ་སེམས་དང་པོར་མི་འགོང་པ་ཉིད་དང་སོགས་པ་བར་དུ་མི་དངང༌། མཐར་ཤིན་ཏུ་སྐྲག་པར་མི་འགྱུར་བའི་བྱང་སེ་སྦྱོར་ལམ་པའི་ཐབས་མཁས་དེ་ཆོས་ཅན། བྱང་སེ་སྦྱོར་ལམ་པའི་ཡོངས་འཛིན་ཡིན་ཏེ། དེ་དེ་འདྲ་དེ་ལ་འཇིགས་དངང་སྐྲག་པ་ལ་སོགས་པར་མི་འགྱུར་བར་བྱེད་པའི་ཐབས་མཁས་དེ་ཡིན་པས་སོ། །ཞེས་དང༌། སངས་རྒྱས་སྤྲུལ་སྐུ་ཆོས་ཅན། ཆོས་འདྲ། རྟགས་ནི། ཕན་པ་ཐོབ་པའི་དོན་དུ་ཆོས་ཐམས་ཅད་བདག་གཉིས་ཀྱི་ངོ་བོ་ཉིད་མེད་པའི་ཤེས་རབ་སེམས་བསྐྱེད་བསྔོ་བ་ལ་སོགས་པའི་ཐབས་དང་མི་ཕན་པ་སྤོང་བའི་དོན་དུ་བདུད་ལས་སྡིག་གྲོགས་སོགས་སྟོན་པར་བྱེད་པའི་འཕགས་ཆེན་ཡིན་པས་སོ། །ཁྱབ་སྟེ། དེ་ལྟར་བསྟན་པས་དེ་འདྲའི་ཐབས་ཤེས་དང་མི་ལྡན་པར་ལྟུང་བ་ལས་ཡོངས་སུ་འཛིན་པའོ། །ཞེས་ཐེག་ཆེན་གྱི་སྦྱོར་ལམ་དེ་ཐེག་དམན་གྱི་སྦྱོར་ལམ་ལས་ཕྱི་ནང་གི་ཡོངས་འཛིན་གཉིས་ལས་ཁྱད་པར་འཕགས་ཚུལ་གསུངས་ལ། མདོ་ལུགས་མ་ལས་ཕྱིའི་ཡོངས་འཛིན་གྱིས་ཁྱད་པར་མ་འཕགས་པ་ལྟ་བུ་གསུངས་ཏེ། ཇི་སྐད་དུ། ཉན་རང་གི་ཡོངས་འཛིན་ལས་ཁྱད་པར་དུ་འཕགས་པ་ནི་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཉིད་ཡིན་ནོ། །ཞེས་དང༌། དགེ་བའི་བཤེས་གཉེན་གཅིག་ཉིད་བཟང་ངན་གཉིས་ཇི་ལྟར་དབྱེ། གཞན་ཡང་རྩེ་སྦྱོར་གྱི་སྐབས་སུ་མདོ་ཉིད་ལས། ཉན་ཐོས་ཆེན་པོ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དུ་གསུངས་པ་དང་འགལ་བའི་ཕྱིར་རོ། །ཞེས་གསུངས་སོ། །དམིགས་རྣམ་རྒྱུས་སྒོ་ནས་འཕགས་ཚུལ་དང་འཕགས་ཆོས་བཞི་ལྔ་དྲུག་གང་ཡིན་ཞིབ་པར་དཔྱད་པར་བྱའོ། །

དྲི་བ་ཉི་ཤུ་པ་ནི།རང་ལུགས་དྲོད་སོགས་བཞི་རྟོག་པ་བཞི་སོ་སོ་ནས་མིན་པའི་ཤེས་བྱེད་དང་ཉི་ཁྲི་སྣང་བ་སོགས་སུ་དྲོད་སོགས་འཇོག་པའི་རྒྱུ་མཚན་གང་ཡིན་ཞེས་པའི་ལན།

དྲི་བ་ཉི་ཤུ་པ་ནི།རང་ལུགས་དྲོད་སོགས་བཞི་རྟོག་པ་བཞི་སོ་སོ་ནས་མིན་པའི་ཤེས་བྱེད་དང་ཉི་ཁྲི་སྣང་བ་སོགས་སུ་དྲོད་སོགས་འཇོག་པའི་རྒྱུ་མཚན་གང་ཡིན་ཞེས་པའི་ལན།

རང་ལུགས་དྲོད་སོགས་བཞི་རྟོག་པ་བཞི་སོ་སོ་ནས་མིན་པའི་ཤེས་བྱེད་དང་ཉི་ཁྲི་སྣང་བ་སོགས་སུ་དྲོད་སོགས་འཇོག་པའི་རྒྱུ་མཚན་གང་ཡིན་ཞེས་པའོ། །དེའི་ལན་ནི། སྦྱོར་ལམ་དྲོད་སོགས་རྟོག་པ་བཞི་སོ་སོ་ནས་མ་ཡིན་ཏེ། རྟོག་པ་བཞི་སྐབས་འདིར་སྤང་བྱ་དང༌། དྲོད་སོགས་བཞི་གཉེན་པོ་ཡིན་པའི་ཕྱིར། དེས་ན་རྟོག་པ་བཞི་དང་དྲོད་སོགས་བཞི་འགལ་བའི་ཕྱིར་ཏེ། མདོ་ལུགས་མ་ལས། ངེས་འབྱེད་ཡན་ལག་བཞི་པོའི་རྣམ་པའི་དགག་བྱ་མངོན་ཞེན་ལ་སོགས་ཕྱིན་ཅི་ལོག་གསུམ་པོའི་ངོ་བོར་གྱུར་པའི་རྣམ་རྟོག་ནི། གཟུང་རྟོག་དང་འཛིན་རྟོག་གཉིས་སོ། །ཞེས་དང༌། འདིར་ཡང༌། རྟོག་པ་འདི་དག་མ་རིག་པ་དང༌། སྲེད་པ་མཐའ་གཉིས་ལ་ཞེན་པ་དང༌། ཡོད་པ་མ་ཡིན་པ་ལ་ཡོད་པར་ཞེན་པའི་ངོ་བོ་ཡིན་པར་གསུངས་པ། འདིས་ཀྱང་ངེས་འབྱེད་ཡན་ལག་བཞི་པོ་རྟོག་པ་འདི་དག་ཡིན་པ་དང༌། དགག་རྟོག་ཡིན་པ་བསལ་བ་ཡིན་ནོ། །ཞེས་གསུངས་སོ། །ཉ་ཊཱིཀ་གིས་རྩ་བའི་དོན་བཤད་པའི་སྐབས་སུུ་དེ་ལས། དྲོད་སོགས་བཞི་བོ་རིམ་པ་ཇི་བཞིན་དུ་འཆད་འགྱུར་གཟུང་འཛིན་གྱི་རྣམ་རྟོག་བཞི་བོ་མཚུངས་ལྡན་དུ་བསྟེན་པ་སྟེ། ཞེས་དང༌། རྩེ་མོས་བསྡུས་པའི་མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམ་པ་བཞི་བོ་འོག་ནས་འཆད་པར་འགྱུར་བའི་ཚུལ་དང་འབྲེལ་བ་སྟེ་མཚུངས་ལྡན་དུ་འབྱུང་བས་སོ། །ཞེས་དང༌། དེ་ཡང་རྫས་ཐ་དད་པའི་མཚུངས་ལྡན་མིན་གྱི་ཆ་མཐུན་བཞི་བོ་དེ་དེ་ཡིན་པའི་ཚུལ་གྱིས་ལྡན་པའོ།ཞེས་དང༌།མཚན་ཉིད་ནི། འདིར་བཤད་ཉོན་མོངས་གཟུང་རྟོག་གི་ནི་བྱང་སེའི་དྲོད་ལ་ལྡན་པའི་གཟུང་རྟོག་གང་ཞིག་གཟུང་བ་ཀུན་ཉོན་ཙམ་བདེན་པའི་རང་བཞིན་མེད་པར་འཛིན་པ། བྱང་སེའི་སྦྱོར་རྩེ་ལ་མཚུངས་པར་ལྡན་པ་གང་ཞིག་གཉེན་པོ་རྣམ་བྱང་རང་བཞིན་མེད་འཛིན་གྱི་གཟུང་རྟོག་གོ ། ཞེས་སོགས་དྲོད་སོགས་བཞི་སོ་སོ་ནས་རྟོག་པ་བཞི་ཡིན་པ་ལྟ་བུར་གསུངས་པའི་དགོངས་པ་ནི་འཕགས་སེང་སོགས་ཀྱིས་འདོད་པ་བཤད་པར་སྣང་སྟེ། ཉ་ཊཱིཀ་༣༥༣ལས། འདིར་བཤད་བཞི་བོ་རིམ་བཞིན་ཆ་མཐུན་བཞིར་གྱུར་ཅེས། གྲོལ་སྡེ་གཉིས་སེང་གེ་དང་དག་ཐུབ་སོགས་སུ་བཤད་ཅིང་བོད་རྣམས་འདོད་པས་ན། བུདྡྷ་ཤྲཱིས་དགག་པའི་རྣམ་པ་ཅན་ཞེས་བཤད་ཅིང༌། ཞེས་གསུངས་སོ། །ཉི་སྣང་ལས་དྲོད་སོགས་སོ་སོ་ནས་རྟོག་པ་བཞི་གོ་རིམ་བཞིན་བཞག་པ་ནི། ཉི་སྣང་ལས། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་གཉིས་པ་དག་ནི་གོ་རིམ་བཞིན་དུ་གཟུང་བའི་རྣམ་པར་རྟོག་པ་གཉིས་སུ་འགྱུར་བ་ཡིན། ཞེས་དང༌། ཉི་ཁྲི་སྣང་བ་ལས། གསུམ་པ་དང་བཞི་བ་དག་ཀྱང་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་ཡིན་ནོ། །ཞེས་གསུངས་སོ། །མཁས་པ་གཞན་གྱིས་འཕགས་སེང་ལུགས་ལ་དྲོད་སོགས་རྟོག་པ་བཞི་སོ་སོ་ནས་མི་བཞག་པར་རྟོག་པ་བཞི་བདེན་འཛིན་དང༌། དྲོད་སོགས་བདེན་མེད་རྟོག་པ་སོགས་བཞག་པའི་ཤེས་བྱེད་གང་ཡིན་དཔྱད་པར་བྱའོ། །

དྲི་བ་ཉེར་གཅིག་པ་ནི།གཟུང་རྟོག་སོགས་རྟོག་པ་བཞིའི་ཁྱད་པར་དེ་བཞི་འགལ་ལམ་ཇི་ལྟར་ཡིན་ཞེས་པའི་ལན།

དྲི་བ་ཉེར་གཅིག་པ་ནི།གཟུང་རྟོག་སོགས་རྟོག་པ་བཞིའི་ཁྱད་པར་དེ་བཞི་འགལ་ལམ་ཇི་ལྟར་ཡིན་ཞེས་པའི་ལན།

གཟུང་རྟོག་སོགས་རྟོག་པ་བཞིའི་ཁྱད་པར་དེ་བཞི་འགལ་ལམ་ཇི་ལྟར་ཡིན་ཞེས་པའོ། །དེའི་ལན་ནི། རྟོག་པ་བཞིའི་ཁྱད་པར་ནི། མདོ་ལུགས་མ་ལས། གཟུང་རྟོག་དང་འཛིན་རྟོག་གཉིས་སོ། །དེ་ལ་གཟུང་བར་འཛིན་པ་ནི། གཟུང་རྟོག་དང༌། འཛིན་པར་འཛིན་པ་ནི་འཛིན་རྟོག་གོ ། གཟུང་རྟོག་ལ་ཡང་ལྡོག་པའི་གཟུང་རྟོག་དང༌། འཇུག་པའི་གཟུང་རྟོག་གཉིས་སོ། །དེ་ལ་གང་གཟུང་བྱའི་ཡུལ་སྐྱོན་ཅན་དུ་མཐོང་ཞིང་དེར་ཞེན་པའི་བློ་ནི་ལྡོག་པའི་གཟུང་རྟོག་དང༌། གང་གཟུང་བྱའི་ཡུལ་ཡོན་ཏན་ཅན་དུ་མཐོང་ཞིང་དེར་ཞེན་པའི་བློ་ནི་འཇུག་པའི་གཟུང་རྟོག་གོ། གཉིས་པོ་དེ་དག་སྟོན་པ་ནི། གཞི་དང་དེའི་གཉེན་པོ་ཡིས། །གཟུང་བར་རྟོག་པ་རྣམ་པ་གཉིས། །ཞེས་པ་ལ་གཞི་ཀུན་ནས་ཉོན་མོངས་པ་སྐྱོན་ཅན་དུ་འཛིན་པ་དང༌། ཀུན་ནས་ཉོན་མོངས་པ་དེའི་གཉེན་པོ་རྣམ་བྱང་ཡོན་ཏན་ཅན་དུ་འཛིན་པའི་ཁྱད་པར་དེ་ཡིས་རིམ་པ་ལྟར་ལྡོག་པའི་གཟུང་བར་རྟོག་པར་དང༌། འཇུག་པའི་གཟུང་བར་རྟོག་པ་རྣམ་པ་གཉིས་བསྟན་ཏོ། །དེ་དག་རེ་རེ་ཡང་དགུ་དགུར་དབྱེ་བ་ནི། རྨོངས་དང་ཕུང་སོགས་བྱེ་བྲག་གིས། །དེ་ནི་སོ་སོར་རྣམ་པ་དགུ ། ཞེས་པ་ལ་རྨོངས་པ་སྟེ་མ་རིག་པ་དང༌། ཕུང་པོ་དང་སོགས་པའི་སྒྲས་ཁམས་དང་སྐྱེ་མཆེད་ལ་སོགས་པའི་བྱེ་བྲག་གིས་གཟུང་རྟོག་གཉིས་པོ་དེ་ནི་སོ་སོར་དབྱེ་བ་རྣམ་པ་དགུ་དགུ་ཡིན་ནོ། །ཞེས་དང༌། འཛིན་རྟོག་ལ་ཡང༌། སེམས་ཅན་རྫས་སུ་ཡོད་པར་ཞེན་པ་རྫས་འཛིན་དང༌། སེམས་ཅན་བཏགས་པར་ཡོད་པར་ཞེན་པ་བཏགས་འཛིན་གཉིས་སོ། །གཉིས་པོ་དེ་དག་སྟོན་པ་ནི། རྫས་དང་བཏགས་པའི་རྟེན་ཅན་གྱི །འཛིན་པའང་རྣམ་པ་གཉིས་སུ་འདོད། །ཞེས་པ་ལ་སེམས་ཅན་རྫས་སུ་ཡོད་པའི་རྟེན་གྱི་འཛིན་པ་དང༌། སེམས་ཅན་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་པ་རྣམ་པ་གཉིས་སུ་འདོད་དེ་བསྟན་ཏོ། །ཞེས་གསུངས་སོ། །དེ་དག་ལ་བདེན་དངོས་སུ་གྲུབ་པར་འཛིན་པའམ་ཆོས་ཀྱི་བདག་འཛིན་དགོས་སམ་ཆོས་སྤྱན་ལྡན་པ་དག་གིས་སླར་དཔྱད་པར་བྱའོ། །འོན་ཀྱང་ཉ་ཊཱིཀ་ལས་རྟོག་པ་འདི་དག་གི་མཚན་ཉིད་གསུངས་པའི་ཚིག་ཟིན་ལྟར་ན་བདེན་མེད་རྟོག་པའི་བློ་ཞིག་དགོས་པ་ལྟ་བུར་གསུངས་སོ། །རྟོག་པ་བཞི་འགལ་བ་ཡིན་པར་སྣང་སྟེ། གལ་ཏེ་འདིར་བསྟན་རྟོག་པ་བཞི་མི་འགལ་ན་དེ་བཞིའི་གཉེན་པོ་དྲོད་སོགས་སོ་སོ་ནས་བཞག་པ་ལ་རྒྱུ་མཚན་མེད་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་མདོ་ལུགས་མ་༩༨ལས། སྐབས་འདིའི་ངེས་འབྱེད་ཆ་མཐུན་རྣམས་ཕྱིན་ཅི་ལོག་འབའ་ཞིག་ཡིན་པ་དང༌།གཟུང་རྟོག་དང་འཛིན་རྟོག་ཡིན་པ་བསལ་བ་ཡིན་ནོ། །ཞེས་དང༌། དེ་༡༡༠ལས། ཉི་ཁྲི་སྣང་པས། གཟུང་རྟོག་གཉིས་པོའི་ཡུལ་གྱི་ཁྱད་པར་འཆད་ལུགས་ལྟར་ན། གཞི་དང་དེ་ཡི་གཉེན་པོ་ཡིས། །ཞེས་པ་འདིས་རྣམ་བྱང་དེ་དངོས་པོ་ཐམས་ཅད་ཀྱི་གཉེན་པོར་བྱས་སྣང་ངོ༌། །གཟུང་རྟོག་དང་འཛིན་རྟོག་གཉིས་ལ་ཡང་མུ་བཞིའི་བཤད་པར་བྱས་ཏེ། ཡུལ་གཅིག་ལ་མ་ལྟོས་པར་ཡུལ་ཐ་དད་པའི་སྒོ་ནས་ཀྱང༌། གཟུང་རྟོག་དང་འཛིན་རྟོག་གཉིས་ཡིན་དུ་འཇོག་ན། རྗེས་དཔག་ལ་སོགས་རྟོག་པ་ཐམས་ཅད་ལ་ཡང༌། ཡུལ་ཐ་དད་པའི་སྒོ་ནས་ལ་ལ་ལ་ལྟོས་ནས་མངོན་སུམ་དུ་འགྱུར་བའི་ཕྱིར་མངོན་སུམ་དང་རྟོག་པ་གཉིས་ཡིན་སྲིད་པར་ཧ་ཅང་ཐལ་བར་འགྱུར་རོ། །དེས་ན་ཡུལ་གང་ལ་གཟུང་བར་ཞེན་པ་དེ་འཛིན་རྟོག་མ་ཡིན་ཞིང་གང་ལ་འཛིན་པར་ཞེན་པ་དེ། གཟུང་རྟོག་མ་ཡིན་ནོ། །ཞེས་བྱ་བར་རིགས་སོ་སུམ་ཅུ་པའི་རབ་ཏུ་བྱེད་པར་གཟུང་རྟོག་དང་འཛིན་རྟོག་གཉིས་ལ་འཛིན་པ་གཉིས་ཞེས་གསུངས་པ་ནི་གཟུང་པར་འཛིན་པ་དང་འཛིན་པར་འཛིན་པ་ཞེས་པའི་དོན་ཏོ། །ཞེས་གསུངས་སོ། །ཡང་འཕགས་སེང་ལུགས་ལ་ཉ་ཊཱིཀ་༣༥༡ལས། སྐབས་འདིར་རྟོག་པ་བཞི་དང་གཉེན་ཚོགས་སུ་བརྒྱད་དང་རྩེ་མོར་བརྒྱད་བཤད་པ་ལ་འདིར་བཤད་བཞི་ནི། དངོས་པོ་ཙམ་ལ་བརྟེན་པ་དང་གཉེན་པོའི་ཕྱོགས་ལ་བརྟེན་པ་སྟེ་གཟུང་རྟོག་གཉིས་དང༌། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་དང་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ཏེ་འཛིན་རྟོག་གཉིས་སོ། །དང་པོ་ནི། ཀུན་བྱང་གི་དངོས་པོ་ཐམས་ཅད་པའི་ཡུལ་ཅན་ཡིན་གྱི་སོ་སོ་བ་ཁོ་ནའི་མིན་ཏེ། ཨཱརྱས། ཙམ་སྨོས་པ་ནི་ཁྱད་པར་བསལ་བའི་དོན་དུའོ། །ཞེས་དང༌། གཟུང་བའི་རྣམ་པར་རྟོག་པ་དང་པོ་ནི་དངོས་པོ་ཐམས་ཅད་པ་ཁོ་ན་ཡིན་ལ་ཞེས་སོ། །གཉིས་པ་ནི། རྣམ་པར་བྱང་བའི་དངོས་པོ་ཁོ་ནའི་ཡུལ་ཅན་ཡིན་གྱི་ཀུན་བྱང་ཐམས་ཅད་པའི་ཡུལ་ཅན་མིན་ཏེ་ཨཱརྱས། གཉིས་པ་ནི། རྣམ་པར་བྱང་པའི་དངོས་པོ་ཁོ་ན་པ་ཡིན་ཏེ་འདི་ནི་གཟུང་རྟོག་གཉིས་ཀྱི་ཁྱད་པར་རོ་ཞེས་སོ། །དེས་ན་གཟུང་རྟོག་དང་པོ་འདི་གཟུང་རྟོག་གཉིས་པའང་ཡིན་ལ། གཉིས་པ་ནི་དང་པོ་མིན་ཏེ། ཨཱརྱས་དང་པོ་དེ་ནི་གཉིས་པའང་ཡིན་པ་དེ་ནི། དཔེར་ན། གཟུང་བའི་རྣམ་པར་རྟོག་པ་དང་པོར་གྱུར་པ་དངོས་པོ་ཐམས་ཅད་པ་བཞིན་ནོ། །གཉིས་པ་ཁོ་ན་ཡིན་གྱི་དང་པོ་མ་ཡིན་པ་ནི་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་རྣམ་པར་བྱང་བ་ཙམ་ལ་བརྟེན་པ་བཞིན་ནོ། །ཞེས་དང༌། རྩེ་མོར་གཟུང་རྟོག་འཛིན་རྟོག་གཉིས་ཀ་ཡིན་པ་ཨཱརྱས་བཤད་པ་ནི། སྤྱིར་བཤད་པ་ཙམ་ཡིན་གྱི་འདི་བཞི་ཆ་མཐུན་བཞི་རེ་རེར་མཚུངས་ལྡན་དུ་བཤད་པས་གཞི་མཐུན་མེད་དོ། །ཞེས་དང༌། ཉི་སྣང་ལས། གཟུང་བའི་རྣམ་པར་རྟོག་པ་ཡིན་ལ་འཛིན་པའི་རྣམ་པར་རྟོག་པ་མིན་པ་ཞེས་བྱ་བ་མུ་བཞི་སྟེ། ཞེས་དང༌། རྒྱན་སྣང་ལས།གཟུང་བའི་རྣམ་པར་རྟོག་པ་ཡིན་ལ་འཛིན་པའི་རྣམ་པར་རྟོག་པ་མིན་པ་ཞེས་བྱ་བའི་མུ་བཞི་སྟེ། ཞེས་གསུངས་པ་ལྟར་འཕགས་སེང་ལུགས་ལ་དྲོད་སོགས་བཞི་རྟོག་པ་བཞི་སོ་སོ་ནས་ཡིན་ན་གཟུང་རྟོག་དང་འཛིན་རྟོག་ལ་མུ་བཞི་བཞག་ཚུལ་ཇི་ལྟར་ཡིན་དཔྱད་པར་བྱའོ། །

དྲི་བ་ཉེར་གཉིས་པ་ནི།རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་མཚན་ཉིད་དང་དེ་གཉིས་རྟེན་དང་བརྟེན་པ་དང་འདུས་བྱས་འདུས་མ་བྱས་གང་ཡིན་ཞེས་པའི་ལན།

དྲི་བ་ཉེར་གཉིས་པ་ནི།རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་མཚན་ཉིད་དང་དེ་གཉིས་རྟེན་དང་བརྟེན་པ་དང་འདུས་བྱས་འདུས་མ་བྱས་གང་ཡིན་ཞེས་པའི་ལན།

རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་མཚན་ཉིད་དང་དེ་གཉིས་རྟེན་དང་བརྟེན་པ་དང་འདུས་བྱས་འདུས་མ་བྱས་གང་ཡིན་ཞེས་པའོ། །དེའི་ལན་ནི། རིགས་དེ་གཉིས་ཀྱི་མཚན་ཉིད་ནི། ཉ་ཊཱིཀ་ལས། མཚན་ཉིད་ནི། གང་ལ་བརྟེན་ནས་ཐར་ལམ་ལ་འབད་ན་ཐར་བ་ཐོབ་བྱེད་ཀྱི་འདུས་མ་བྱས་ཀྱི་དགེ་བ་ཞེས་པའོ། །འདུས་མ་བྱས་ཀྱི་དགེ་བ་གང་ཞིག ངོ་བོ་ཉིད་སྐུའི་རྒྱུར་འགྱུར་བ་ཞེས་པ་ལམ་གྱི་སྐབས་ཀྱི་རང་བཞིན་དུ་གནས་པའི་རིགས་ཀྱི་མཚན་ཉིད་དོ། །དེ་ལ་བརྟེན་ནས་རྐྱེན་གྱིས་བསྐྱེད་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་བའི་དགེ་བ་འདུས་བྱས་ཐམས་ཅད་རྒྱས་པའི་རིགས་ཏེ། མཚན་ཉིད་ནི། བྱང་ཆུབ་ཀྱི་རྒྱུར་གྱུར་བའི་དགེ་བ་འདུས་བྱས་སོ། །ཐེག་གསུམ་སོ་སོར་ཡང་སྦྱར་ཏེ། རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་བའི་དགེ་བ་འདུས་བྱས་ནི། ཐེག་ཆེན་གྱི་རྒྱས་རིགས་ཀྱིའོ། །ཞེས་དང༌། རྒྱུད་བླ་མ་ལས། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང༌། །ཡང་དག་བླང་བ་མཆོག་ཉིད་དོ། །ཞེས་གསུངས་སོ། །རང་བཞིན་གནས་རིགས་རྟེན་དང༌། རྒྱས་འགྱུར་གྱི་རིགས་བརྟེན་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། རང་བཞིན་དང་ནི་རྒྱས་པ་དང༌། །དེ་ནི་རྟེན་དང་བརྟེན་པ་དང༌། །ཡོད་མེད་ཉིད་དང་ཡོན་ཏན་ནི། །སྒྲོལ་བའི་དོན་དུ་ཤེས་པར་བྱ། །ཞེས་གསུངས་སོ། །རང་བཞིན་གནས་རིགས་འདུས་མ་བྱས་དང༌། རྒྱས་འགྱུར་གྱི་རིགས་འདུས་བྱས་ཡིན་པ་ནི།དབུ་མའི་མན་ངག་ཁྱད་འཕགས་ལས། རང་བཞིན་རིགས་ལ་སད་དང་མ་སད་མེད། །དེ་ཡོད་རྒྱུ་མཚན་རྒྱས་འགྱུར་སྐྱེ་བ་ལས། །དེ་ཡང་སད་ཅེས་རྣམ་བཞག་བྱས་པ་ཙམ། །འདི་འཕེལ་དེ་ཡང་འཕེལ་བའི་ཐ་སྙད་བཏགས། །ཞེས་དང༌། རི་ཆོས་ལས། རིགས་ལ་ཡོད་པ་དོན་དམ་རང་བཞིན་གྱི་རིགས་དང༌། མེད་པ་ཀུན་རྫོབ་རྒྱས་པའི་རིགས་ཀྱི་ཁྱད་པར་དང༌། ཞེས་དང༌། དེ་ལྟར་བདེན་གཉིས་ཀྱི་བདག་ཉིད་གཤིས་ཀྱི་གནས་ལུགས་ལ་ཡོད་པ་དང་མེད་པའི་རིགས་རྣམ་པ་གཉིས་གཞིར་གྱུར་པ་ལས། ཞེས་དང༌། རྒྱུད་བླ་དོལ་ཊཱིཀ་ལས། ཐོག་མ་མེད་པའི་དུས་ནས་སེམས་ཀྱི་རང་བཞིན་དུ་ཉེ་བར་གནས་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་རང་བཞིན་གྱི་རིགས་དང་དེ་ལ་དམིགས་ཏེ་ཐོས་པ་ལ་སོགས་པ་བྱས་པས་འབད་རྩོལ་གྱིས་གསར་དུ་ཡང་དག་པར་བླངས་པ་ལས་བྱུང་བའི་དགེ་བ་ཐར་བའི་ཆ་དང་མཐུན་པའི་མཆོག་ཏུ་གྱུར་པ་རྒྱས་འགྱུར་གྱི་རིགས་ཉིད་དོ། །ཞེས་གསུངས་པ་དང༌། སྔར་རིགས་དེ་གཉིས་ཀྱི་མཚན་ཉིད་བཤད་པས་གྲུབ་པའོ། །འོན་ཀྱང་མདོ་ལུགས་མ་ལས། དེས་ན་ཆོས་དབྱིངས་ཉིད་སྔོན་རྒྱུའི་གནས་སྐབས་ན་རིགས་རྣམ་པ་གཉིས་དང༌། ཕྱིས་འབྲས་བུའི་གནས་སྐབས་ན་སྐུ་རྣམ་པ་གསུམ་དུ་གསུངས་པའི་ཕྱིར་རང་བཞིན་དང་རྒྱས་པའི་རིགས་ཀྱི་དོན་ནི་དེ་ཡིན་ནོ། །ཞེས་དང༌། ཆོས་ཀྱི་དབྱིངས་ཉིད་ལམ་གྱི་དུས་སུ་ཐེག་ཆེན་གྱི་རིགས་དང༌། བྱང་ཆུབ་སེམས་དཔའི་རིགས་སུ་བསྟན་ལ། དེ་ཉིད་ཐེག་པ་གསུམ་གྱི་རིགས་ཐ་དད་པ་རྣམས་ཀྱི་ནང་ནས་རིགས་མཆོག་ཉིད་དུ་བསྟན་ཞིང༌། མཆོག་དེ་ཉིད་ཀྱི་ངོ་བོ་རང་བཞིན་དང་རྒྱས་པའི་རིགས་སུ་བསྟན་ཏེ། ཞེས་གསུངས་པའི་དགོངས་པ་ལ་དཔྱད་རྒྱུ་ཅུང་ཟད་སྣང་ངོ༌། །

དྲི་བ་ཉེར་གསུམ་པ་ནི།ཕར་ཕྱིན་མདོ་ལུགས་མ་ལས།གང་ལ་མྱ་ངན་ལས་འདས་པ་རིགས་ཉིད་མེད་པའོ་ཞེས་པའི་དོན་དང༌།

དྲི་བ་ཉེར་གསུམ་པ་ནི།ཕར་ཕྱིན་མདོ་ལུགས་མ་ལས།གང་ལ་མྱ་ངན་ལས་འདས་པ་རིགས་ཉིད་མེད་པའོ་ཞེས་པའི་དོན་དང༌། ཐེག་པ་གསུམ་གྱི་རིགས་འགལ་མི་འགལ་གང་ཡིན་ཞེས་པའི་ལན།

ཕར་ཕྱིན་མདོ་ལུགས་མ་ལས། གང་ལ་མྱ་ངན་ལས་འདས་པ་རིགས་ཉིད་མེད་པའོ་ཞེས་པའི་དོན་དང༌། ཐེག་པ་གསུམ་གྱི་རིགས་འགལ་མི་འགལ་གང་ཡིན་ཞེས་པའོ། །དེའི་ལན་ནི། མདོ་ལུགས་མ་རང་ལས། བྱང་ཆུབ་སེམས་དཔའི་རིགས་མེད་པ་ལ་གནས་པ་ནི། ཇི་སྐད་དུ། ལ་ལ་གཅིག་ཏུ་ཉེས་པར་སྤྱོད་ངེས་ཡོད། །ལ་ལ་དཀར་པོའི་ཆོས་རྣམས་ཀུན་ཏུ་བཅོམ། །ལ་ལ་ཐར་པའི་ཆ་མཐུན་དགེ་བ་མེད། །དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །ཞེས་པ་འདི་ལ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་སྟོན་ཅིང༌། དེ་ཡང་གཉིས་ཏེ། དེའི་དུས་དང༌། གཏན་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནོ། །དང་པོ་ཡང་རྣམ་པ་བཞི་སྟེ། གཅིག་ཏུ་ཉེས་པར་སྤྱོད་པ་དང༌། དགེ་བའི་རྩ་བ་ཀུན་ཏུ་ཆད་པ་དང༌། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་མེད་པ་དང༌། དགེ་བའི་རྩ་བ་དམན་པ་ཡོད་པ་མ་རྫོགས་པ་སྟེ། བཞི་ནི་དེའི་དུས་གསུམ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནོ། །གཉིས་པ་ནི་རྒྱུ་དང་བྲལ་བ་གང་ལ་མྱ་ངན་ལས་འདའ་བའི་རིགས་ཉིད་མེད་པའོ། །ཞེས་དང༌། རི་ཆོས་ལས། རང་བཞིན་གྱི་རིགས་ཆད་པ་ནི་སུ་ཡང་མི་སྲིད་ཅིང་རྒྱས་པའི་རིགས་ཆད་པ་ནི་མང་པོ་ཡོད་ལ། ཞེས་དང༌།རྒྱུད་བླ་ཐོགས་འགྲེལ་ལས། ལོག་སྲེད་ཅན་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་གསུངས་པ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་ལོག་སྲེད་ཅན་གྱི་རྒྱུ་ཡིན་པའི་ཕྱིར་ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་བཟློག་པའི་དོན་དུ་དུས་གཞན་ལ་དགོངས་པ་ཡིན་ནོ། །ཞེས་དང༌། ས་བཟང་མདོ་སྡེ་རྒྱན་གྱི་རྣམ་བཤད་༣༨ལས།དེ་ཡང་ཡུན་རིང་པོར་རྒྱས་འགྱུར་གྱི་རིགས་ཆད་པ་ལ་དགོངས་པ་ཡིན་གྱི་རང་བཞིན་གྱི་རིགས་ཆད་པ་ནི་མ་ཡིན་ཏེ། ཞེས་གསུངས་སོ། །འདི་ལ་དཔྱད་པར་བྱ་བ་འདི་ཡོད་དེ།ས་བཟང་མདོ་སྡེ་རྒྱན་གྱི་རྣམ་བཤད་ལས། མྱུར་བར་མྱ་ངན་ལས་མི་འདའ་བ་དང༌། གཏན་མྱ་ངན་ལས་མི་འདའ་བའོ། །ཞེས་དང༌།ཡང་དེ་༤༤ལས། དེ་བས་ན་རང་བཞིན་གྱི་རིགས་ཆད་པ་ནི་མི་སྲིད་ཅིང་འཁོར་བ་མཐའ་མེད་དུ་འདོད་པའི་ལུགས་ལ་རྒྱས་འགྱུར་གྱི་རིགས་ཆད་ཡོད་ལ་མཐའ་ཅན་དུ་འདོད་པའི་ལུགས་ལ་རྒྱས་འགྱུར་གྱི་རིགས་ཆད་ཀྱང་མེད་པར་ཤེས་པར་བྱའོ། །ཞེས་གསུངས་སོ། །འཁོར་བ་མཐའ་ཅན་དང་མཐའ་མེད་འདོད་ཚུལ་ཉ་ཊཱིཀ་སྐབས་གཉིས་པ་ལས་ཤེས་པར་བྱའོ། །ཐེག་པ་གསུམ་གྱི་རིགས་འགལ་བ་ཡིན་པར་སྣང་སྟེ། མདོ་ལུགས་མ་ལས། གསུམ་པོ་དེའི་ནང་ནས་བྱང་ཆུབ་སེམས་དཔའི་རིགས་ནི་བྱང་ཆུབ་མཆོག་ཉིད་དང༌། ཞེས་དང༌། འདིར་ཡང་རིགས་གསུམ་གྱི་ནང་ནས་མཆོག་གང་ཡིན་པ་བྱང་ཆུབ་སེམས་དཔའི་རིགས་དེ་ཉིད་སྟོན་པ་འདི་ལྟ་སྟེ། ཞེས་དང༌། ཉན་རང་གི་རིགས་ནི་སྐུ་གསུམ་གྱི་རྒྱུར་མ་གསུངས་ཤིང༌། མཆོག་ཡིན་པར་ཡང་མ་གསུངས་པའི་ཕྱིར་རོ། །ཞེས་དང༌། དེས་ན་ཆོས་ཀྱི་དབྱིངས་གཅིག་ཉིད་ལ་ཁྱད་པར་མེད་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ལ་རང་བཞིན་གྱི་རིགས་སུ་འགྱུར་བ་དང༌།སེམས་ཅན་གཞན་རྣམས་ལ་མི་འགྱུར་བའི་ཁྱད་པར་ནི་དེ་ཡིན་ནོ། །ཁྱད་པར་འདི་ཉིད་ཀྱིས་རང་བཞིན་གྱི་རིགས་ཆད་པ་ཡོད་པར་གསུངས་པའི་དོན་ཡང་རྟོགས་པར་བྱའོ། །དེས་ན་ཐེག་པ་ཆེན་པོའི་རིགས་དང༌། བྱང་ཆུབ་སེམས་དཔའི་རིགས་དང་སངས་རྒྱས་ཀྱི་རིགས་ཞེས་པ་འདིར་རྣམས་གྲངས་ཡིན་ལ་འདི་ཉིད་རིགས་མཆོག་གང་ཡིན་པ་དེ་ཡིན་ཞིང༌། ཞེས་གསུངས་སོ། །དེ་ལ་ཡང་རིགས་ཀྱི་རྩོད་ལན་མངོན་རྟོགས་རྒྱན་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས ། དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་པའི་འཐད་ཀྱི་མདོ་ལུགས་མ་ལས། གལ་ཏེ་ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། དོན་དམ་པའི་དབང་གི་རིགས་ནི་ཐ་དད་དུ་དབྱེ་བར་རུང་བ་མ་ཡིན་ནོ། །སྙམ་ན། དོན་དམ་པ་འདི་ལ་དེ་ལྟ་ཡིན་ཡང་ཀུན་རྫོབ་ཀྱི་དབང་གིས་རྟེན་པའི་ཆོས་བསྒྲུབ་པ་ཐ་དད་པ་ཉིད་ཀྱི་བྱེ་བྲག་རྟོགས་པའི་ཆོས་དྲུག་འཇུག་པའི་རྟེན། གཉེན་པོ་འཇུག་པའི་རྟེན། སྤོང་བ་འཇུག་པའི་རྟེན་ཞེས་པའི་ཚུལ་དག་གིས་རྟེན་ཆོས་ཉིད་དེའི་དབྱེ་བ་ཡོངས་སུ་བརྗོད་པ་ནི་འགལ་བ་མེད་དོ། །དཔེར་ན་ནམ་མཁའ་ལ་དབྱེ་བ་མེད་ཀྱང་རྫ་བུམ་གྱི་ནམ་མཁའ་གསེར་བུམ་གྱི་ནམ་མཁའ་ཞེས་པ་ལྟར་རོ། །ཞེས་དང༌། ཉ་ཊཱིཀ་ལས། རྩོད། ལན་ནོ། །དང་པོ་ལ་འདོད་པ་བརྗོད། དེ་ལ་སྐྱོན་བསྟན་པའོ། །དང་པོ་ནི། གལ་ཏེ་ཆོས་ཀྱི་དབྱིངས་དེ་འཕགས་པའི་ཆོས་རྟོགས་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་དེ་ཁོ་ན་འཕགས་པའི་རིགས་དང་དེའི་བདག་ཉིད་དམ་རང་བཞིན་ཅན་གྱི་བྱང་པ་བླ་མེད་སངས་རྒྱས་ཀྱི་ཆོས་སྟོབས་སོགས་རྣམས་ཀྱི་རང་བཞིན་དུ་གནས་པའི་རིགས་ཅན་ཡིན་ནའོ། །གཉིས་པ་ནི། དེ་ལྟར་ཡིན་པ་འོ་ན་ནི་རིགས་འཆད་སྐབས་འདིར་ཆོས་ཅན། བྱང་པ་ཁོ་ན་སངས་རྒྱས་ཀྱི་རིགས་ཅན་མ་ཡིན་པར་ཐལ། ཆོས་དབྱིངས་ཉིད་སངས་རྒྱས་ཀྱི་རིགས་ཡིན་པ་དེའི་ཕྱིར། ཁྱབ་སྟེ། ཆོས་ཉིད་དེ་ནི་ཉན་རང་བྱང་སེའི་ཀུན་ལ་སྤྱིར་ཏེ་ཐུན་མོང་བར་གནས་པའི་ཕྱིར་སྙམ་པའི་སྐྱེ་བོ་བློ་དམན་པ་ལུང་མི་ཤེས་པ་དེ་རྣམས་ཀྱི་ངོར་ཏེ། དེ་རྣམས་ལ་བརྩེ་བས་དེའི་མི་ཤེས་པ་བསལ་བའི་ཕྱིར་དོགས་པ་བསུ་བ་སྔར་གསུངས་ཤིང་རྒོལ་བ་བསླངས་ནས་རྩོད་ལན་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་སོ། །འདིར་བཤད་རིགས་ནི་ཆོས་ཅན། ཉན་རང་གི་མིན་པར་ཉན་རང་ལས་ཐ་དད་པ་བྱང་སེའི་ཁོ་ནའི་རིགས་སུ་རུང་བ་མ་ཡིན་པར་ཐལ། ཆོས་དབྱིངས་ཡིན་པསསོ། །ཁྱབ་སྟེ། དེ་ལ་ཆ་ཐ་དད་དུ་དབྱེར་མེད་པར་ཉན་རང་བྱང་སེ་ཀུན་ལ་ཡོད་པའི་ཕྱིར་ཞེ་ན། ཞེས་པར་འདིར་བཤད་དོ། །འགྲེལ་ཆེན་ཨཱརྱ་སོགས་ལྟར་ན། སྐབས་འདིར་ཆོས་ཅན། འདི་ནི་ཉན་ཐོས་ཀྱི། འདི་རང་སངས་རྒྱས་ཀྱི། འདི་སངས་རྒྱས་ཀྱི་རིགས་སོ་ཞེས་རིགས་ནི་ཐ་དད་དུ་རུང་བ་མ་ཡིན་པར་ཐལ། ཆོས་དབྱིངས་ཁོ་ན་རང་བཞིན་རིགས་ཡིན་པས་སོ། །ཁྱབ་སྟེ། ཆོས་ཀྱི་དབྱིངས་ལ་ཆར་དབྱེར་མེད་བའི་ཕྱིར་ཞེ་ན། ལན་ལ། དོན་གྱི་སྒོ་ནས། དཔེ་ཡི་སྒོ་ནས་ལན་ནོ། །དང་པོ་ནི། རྟེན་ཆོས་དབྱིངས་ལ་བརྟེན་པ་རྟོགས་པ་གོང་མ་གོང་མའི་རིམ་གྱིས་ཉན་ཐོས་དང་སོགས་པ་རང་སངས་རྒྱས་ཀྱི་ཐེག་པའམ་ལམ་ཇི་ལྟ་བར་བྱང་སེས་དམིགས་པ་དེ་བཞིན་དུ་བྱང་སེའི་ཆོས་ཀྱི་དབྱིངས་ཁོ་ན་ཉན་ཐོས་རང་རྒྱལ་སོགས་ཀྱི་རིགས་ཉིད་དུ་ཐ་སྙད་འདོགས་སོ། །དེའི་རྒྱུ་མཚན་ནི། དེ་ཉན་རང་འཕགས་པ་སོགས་ཀྱི་རྟོགས་པའི་ཆོས་རྟོགས་ཤིང་ཐོབ་པར་བྱ་བའི་ཕྱིར་དུ་རྒྱུའི་ངོ་བོ་ཉིད་དུ་རྣམ་པར་འཇོག་པའི་སྒོ་ནས་སོ། །ཞེས་བྱ་བའི་ལན་ཞིག་ཀྱང་བྱམས་པས་གཟིགས་མོད་དེ། མདོ་སྡེ་ལས་བསྟན་པའི་ཕྱིར་རོ་དགོངས་སོ། །ཆོས་བཤེས་ནི། ཉན་ཐོས་པ་དག་སེམས་ཙམ་པ་ལྟར་རིགས་ཐ་དད་དང་རིགས་ཆད་མི་འདོད་ཀྱི་སེམས་ཅན་ཐམས་ཅད་མ་ངེས་པའི་རིགས་ཅན་དུ་འདོད་པས་ཁྱེད་ཀྱི་ལུགས་ཀྱི་རིགས་ངོ་བོ་གཅིག་ཡིན་ན་ཡང་རྐྱེན་གྱིས་བྱས་པའི་ཉན་ཐོས་དང་རང་རྒྱལ་གྱི་ཐེག་པ་ལ་སོགས་རྟོགས་པའི་རིམ་གྱིས་དམིགས་པས་རིགས་ཐ་དད་འཐད་པར་འདོད་པ་དེ་བཞིན་དུ་ཁོ་བོ་ཅག་ཀྱང་རང་བཞིན་རིགས་ཆོས་དབྱིངས་ཁོ་ནར་འདོད་ཀྱང་འཕགས་པའི་ཆོས་རྟོགས་པར་བྱ་བའི་ཕྱིར་དུ་ཆོས་དབྱིངས་འཕགས་ཆོས་དེ་དང་དེའི་རྒྱུའི་ངོ་བོ་ཉིད་དུ་རྣམ་པར་འཇོག་པའི་སྒོ་ནས་རིགས་ཁྱད་པར་ཅན་བཅུ་གསུམ་ཉིད་དུ་ཐ་སྙད་འདོགས་སོ། །ཞེས་སོ། །ཡང་ན་སྦྱོར་ཕྲེང་བལྟའོ། །གཉིས་པ་ནི། དེ་ལྟ་མོད་ཀྱི་དེ་བཞག་ནས་བསྟན་པ་དང་གོ་བར་སླ་བའི་ཆོས་ཉིད་དུ་བྱས་ནས་འཇིག་རྟེན་པའི་ཁ་དངངས་ཏེ་གྲགས་པའི་དཔེ་ཡིས་ལན་གཞན་དུ་སྟོན་ནོ། །མཐར་ཐུག་གསུམ་དུ་དབྱེ་བ་མེད་པ་འདོད་ལ། གནས་སྐབས་ཁྱབ་པ་མེད་དེ། དཔེར་ན། ཉེར་ལེན་འཇིམ་པ་གཅིག་ལས་མངོན་པར་གྲུབ་ཅིང་རྐྱེན་མེ་ལྕེ་གཅིག་གིས་སོ་བཏང་བའི་རྟེན་རྫ་བུམ་དང་ལྷུང་བཟེད་ལ་སོགས་པ་གཅིག་ཡང་བརྟེན་པ་ནང་གི་བཅུད་སྦྲང་རྩི་དང་ལི་ཁར་ར་སྟེ་བུ་རམ་དང་མར་དང་ཏིལ་མར་ལ་སོགས་པའི་སྣོད་ཉིད་ཀྱིས་རྟེན་བུམ་པ་ཐ་དད་པར་བཞག་པ་དེ་བཞིན་དུ། བརྟེན་པའི་ཆོས་ཐེག་པ་གསུམ་གྱིས་བསྡུས་པ་རྟོགས་པར་བྱ་བ་ཐ་དད་པའི་བྱེ་བྲག་ཉིད་ཀྱིས་རྟེན་རང་བཞིན་རིགས་ཐ་དད་དམ་དེའི་དབྱེ་བ་ཡོངས་སུ་བརྗོད་ཅིང་བསྟན་ཏོ། །ཞེས་དང༌། ཆོས་ཉིད་རྣམ་འབྱེད་འགྲེལ་བ་ལས།འགལ་བ་དག་ནི་རྟེན་གཅིག་པར་མི་འཐད་པའི་ཕྱིར་ཏེ། གྲང་བ་དང་དྲོ་བའི་རེག་པ་རྟེན་གཅིག་པར་མི་འཐད་པ་བཞིན་ནོ། །གསུངས་པ་རྣམས་ལ་དཔྱད་པར་བྱའོ། །

དྲི་བ་ཉེར་བཞི་པ་ནི།བྱང་ས་ལས།དེ་ལ་རང་བཞིན་དུ་གནས་པའི་རིགས་ནི་བྱང་ཆུབ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པརགང་ཡིན་པ་ཞེས་སོགས་ཀྱིས་བྱང་སེམས་ཀྱི་རང་བཞིན་གནས་རིགས་ཁྱད་པར་གང་གི་སྒོ་ནས་བཤད་པ་ཡིན་ཞེས་པའི་ལན།

དྲི་བ་ཉེར་བཞི་པ་ནི།བྱང་ས་ལས།དེ་ལ་རང་བཞིན་དུ་གནས་པའི་རིགས་ནི་བྱང་ཆུབ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པརགང་ཡིན་པ་ཞེས་སོགས་ཀྱིས་བྱང་སེམས་ཀྱི་རང་བཞིན་གནས་རིགས་ཁྱད་པར་གང་གི་སྒོ་ནས་བཤད་པ་ཡིན་ཞེས་པའི་ལན།

བྱང་ས་ལས། དེ་ལ་རང་བཞིན་དུ་གནས་པའི་རིགས་ནི་བྱང་ཆུབ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་་གང་ཡིན་པ་ཞེས་སོགས་ཀྱིས་བྱང་སེམས་ཀྱི་རང་བཞིན་གནས་རིགས་ཁྱད་པར་གང་གི་སྒོ་ནས་བཤད་པ་ཡིན་ཞེས་པའོ། །དེའི་ལན་ནི། ལུང་དེའི་ཁྱད་པར་གསུམ་མམ་བཞིའི་སྒོ་ནས་བཤད་པ་ཡིན་ཏེ། མདོ་ལུགས་མ་ལས། གལ་ཏེ་རང་བཞིན་གྱི་རིགས་ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་འབའ་ཞིག་གི་རིགས་ཡིན་པར་མི་འཐད་དོ། །ཞེ་ན། སྐྱོན་མེད་དེ་འདིར་ནི་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་ནས་འོངས་པའི་ཆོས་ཉིད་ངང་གིས་ཐོབ་པ་དེ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་ཡིན་ལ། དེ་ཉིད་རང་བཞིན་དུ་གནས་པའི་རིགས་སུ་གསུངས་ཀྱི། ཆོས་ཀྱི་དབྱིངས་ཡོད་པ་ཙམ་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་དུ་ཡང་མ་གསུངས་ཤིང་རིགས་མཆོག་ཉིད་དུ་ཡང་མ་གསུངས་པའི་ཕྱིར་དང༌། ཆོས་ཉིད་ཐོབ་པ་ཡང་མ་ཡིན་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་གསུངས་ཀྱི། སེམས་ཅན་ཐམས་ཅད་རང་བཞིན་གྱི་རིགས་ལ་གནས་པར་མ་གསུངས་པའི་ཕྱིར་དང༌། རང་བཞིན་དུ་གནས་པའི་རིགས་ཏེ། སེམས་ཅན་རྣམས་སྐྱེ་མཆེད་དྲུག་གི་ཁྱད་པར་དུ་ཡང་མ་གསུངས་པའི་ཕྱིར་རོ། །དེས་ན་ཆོས་ཀྱི་དབྱིངས་གཅིག་ཉིད་ལ་ཁྱད་པར་མེད་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ལ་རང་བཞིན་གྱི་རིགས་སུ་འགྱུར་བ་དང༌། སེམས་ཅན་གཞན་རྣམས་ལ་མི་འགྱུར་བའི་ཁྱད་པར་ནི་དེ་ཡིན་ནོ། །ཞེས་དང༌། ཉ་ཊཱིཀ་ལས། བྱང་སར། དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི། བྱང་བ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། དེ་ནི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ། །དེ་ལ་ཡང་དག་པར་སྒྲུབས་པའི་རིགས་ནི། སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་སྟེ། ཞེས་སོ། །འདིས་ནི་སྐྱེ་མཆེད་དྲུག་གི་ཆོས་ཉིད་གདོད་ནས་གནས་པའི་རང་བཞིན་འོད་གསལ་དེ་ཉིད་རང་བཞིན་དུ་གནས་པའི་རིགས་ཡིན་པར་བསྟན་པའོ། །ཤནྟིས། རིགས་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ཅན་རྒྱུ་དང་རྐྱེན་གྱིས་འདུས་མ་བྱས་པ་ཆོས་ཉིད་ཀྱིས་ཐོབ་པ་སྐྱེ་མཆེད་དྲུག་གི་ཁྱད་པར་ཡིན་པའི་ཕྱིར་རོ། །ཞེས་པས་བྱང་སའི་ལུང་དེའི་དོན་ཐོག་མེད་ནས་བརྒྱུད་པ་ཆོས་ཉིད་ཀྱིས་ཐོབ་པ་སྐྱེ་མཆེད་དྲུག་གི་ཁྱད་པར་འདུས་བྱས་ཞིག་ལ་དགོངས་པ་བླངས་པ་ནི་ནོར་བ་ཁོ་ནའོ། །དེས་ན་མདོ་རྒྱན་བྱང་སའི་དགོངས་པའང་ཆོས་དབྱིངས་ལ་དེར་བཞེད་པ་ཁོ་ནའོ། །ཞེས་དང༌། མདོ་ལས།དེའི་རིགས་རང་བཞིན་གྱིས་བསམ་གྱིས་མི་ཁྱབ་པའི་རྣམ་པ་ཐོབ་པའི་དོན་ནི་གང་གིས་དབང་དུ་མཛད་ནས་བརྒྱུད་ནས་འོངས་པ་ཐོག་མ་མེད་པའི་ཆོས་ཉིད་ཀྱིས་ཐོབ་པ་དེ་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་དེ་འདྲ་བ་ཡིན་ནོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། རྣལ་འབྱོར་ཅན་གྱི་བློ་དང་གོ་བསྟུན་ནས། །དེ་ནི་རིགས་ཡིན་དེ་ནི་ཁམས་ཀྱང་ཡིན། །ཐོག་མེད་དུས་ནས་བརྒྱུད་དེ་འོངས་པ་དང༌། །ཆོས་ཉིད་ཀྱིས་ཐོབ་སྐྱེ་མཆེད་དྲུག་གི་ཆོས། །དེ་འདྲ་བ་ཞེས་ཁྱད་ཆོས་གསུམ་ལྡན་པར། །གསུངས་དང༌། ཞེས་དང༌། དེའི་ཐད་ཀྱི་འགྲེལ་བ་ལས། དེ་ཡང་ཐོག་མ་མེད་པའི་དུས་ནས་བརྒྱུད་དེ་འོང་བ་ཆོས་ཉིད་ཀྱི་ཐོབ་པ་སྐྱེ་མཆེད་དྲུག་གི་ཁྱད་པར་དེ་འདྲ་བ། ཞེས་དང༌། དེའི་སེམས་རང་བཞིན་གྱིས་འོད་གསལ་བ་སངས་རྒྱས་ཀྱི་རིགས་སུ་གསར་དུ་སྐྲུན་པ་མ་ཡིན་པར་རང་བཞིན་གྱིས་གནས་པར་མཐོང་བ་དང༌། དེ་ཡང་ཆུ་བོ་རྒྱུན་མི་འཆད་པར་འབབ་པ་ལྟར་ཐོག་མ་མེད་པའི་དུས་ན་རྒྱུན་མི་འཆད་པར་ལྡན་པ་ལྟར་སྣང་བ་དང༌། སྐྱེ་མཆེད་དྲུག་གི་སྟེང་ན་གསལ་རིག་གི་ཤེས་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་དང་ཤིན་ཏུ་འདྲ་བ་ཆ་ཕྲ་བ་ཙམ་ཞིག་གནས་པར་མཐོང་བ་དང༌། ཞེས་གསུངས་སོ། །སྐབས་འདིར་ཅུང་ཟད་དཔྱད་པར་བྱ་བ་ནི། བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས་རིགས་ལྔ་གསུངས་པ་ལས་རིགས་གསུམ་པ་ལ། དེ་༥༨ལས། འཁོར་བ་དང་ཐར་བའི་སྐྱོན་ཡོན་ཐོས་ནས་ཐར་བའི་ཐབས་ཅུང་ཟད་བསྒྲུབ་ཀྱང་གཙོ་བོར་ཚེ་འདིའི་བདེ་བ་ཙམ་ལ་ཆགས་པའི་གང་ཟག་གི་རིགས་དང༌། ཞེས་པ་ནས། གསུམ་པ་ནི། སྐྱེ་མཆེད་དྲུག་གི་ཁྱད་པར་དུ་གྱུར་བའི་རང་བཞིན་གྱི་རིགས་ཞིག་འཕགས་པ་ཐོགས་མེད་ཀྱི་ཉན་ཐོས་ཀྱི་ས་དང༌། བྱང་ཆུབ་སེམས་དཔའི་ས་དང༌། རྒྱུད་བླ་མའི་འགྲེལ་བར་གསུངས་ཤིང༌། རྒྱ་མཚོའི་སྤྲིན་གྱིས་ཀྱང༌། དེ་འདྲའི་སྐྱེ་མཆེད་དྲུག་གི་ཁྱད་པར་འདུས་བྱས་ཞིག་ལ་བཤད་ཅིང༌། བློ་བརྟན་གྱིས་ཀྱང༌། ཐེག་པ་གསུམ་གྱི་རིགས་སུ་སོ་སོར་ངེས་པའི་སྐྱེ་མཆེད་དྲུག་གི་ཁྱད་པར་ཐོག་མེད་ནས་གནས་པ་ཞིག་ཡོད་པ་བཤད་པ་ལྟར་སྤྱིར་ཐར་བའི་བློ་ཡོད་པའི་སེམས་ཅན་གྱི་རིགས་སོ། །ཞེས་གསུངས་པ་རིགས་འདུས་བྱས་ལ་དགོངས་ན་ཐོགས་མེད་ཀྱིས་བྱང་ས་སོགས་ལས་དེ་ལྟར་མ་བཤད་པར་སྣང༌། རིགས་འདུས་མ་བྱས་ལ་དགོངས་པ་ཡིན་ན་དེར་བཤད་པའི་རིགས་གསུམ་པ་དེ་བསྟན་ཚུལ་མེད་པར་སྣང་པས་དཔྱད་དགོས་སོ། །ཆོས་ཀྱི་དབྱིངསརིགས་ཡིན་པ་དང་བྱང་ཆུབ་སེམས་དཔའི་ཁྱད་པར་གསུམ་ལྡན་གྱི་རིགས་ཡིན་པར་གསུངས་པ་ནི། གནས་ཚུལ་སྣང་ཚུལ་གང་ཡིན་སོགས་གཟུར་གནས་བློ་ལྡན་རྣམས་ཀྱིས་དཔྱད་པར་བྱའོ། །

དྲི་བ་ཉེར་ལྔ་པ་ནི།མདོ་ལས།ཆོས་ཀྱི་དབྱིངས་ལ་བསླབ་པས་ན་ཆོས་ཐམས་ཅད་ལ་བསླབ་པ་ཡིན་ནོ།། ཞེས་དང༌། དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་བསྒོམ་པས་ལམ་ཐམས་ཅད་ཀྱང་ཤིན་ཏུ་བསྒོམ་པ་ཡིན་ཏེ་ཞེས་པའི་དོན་ཇི་ལྟར་ཡིན་ཞེས་པའི་ལན།

དྲི་བ་ཉེར་ལྔ་པ་ནི།མདོ་ལས།ཆོས་ཀྱི་དབྱིངས་ལ་བསླབ་པས་ན་ཆོས་ཐམས་ཅད་ལ་བསླབ་པ་ཡིན་ནོ།། ཞེས་དང༌། དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་བསྒོམ་པས་ལམ་ཐམས་ཅད་ཀྱང་ཤིན་ཏུ་བསྒོམ་པ་ཡིན་ཏེ་ཞེས་པའི་དོན་ཇི་ལྟར་ཡིན་ཞེས་པའི་ལན།

མདོ་ལས། ཆོས་ཀྱི་དབྱིངས་ལ་བསླབ་པས་ན་ཆོས་ཐམས་ཅད་ལ་བསླབ་པ་ཡིན་ནོ། །ཞེས་དང༌། དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་བསྒོམ་པས་ལམ་ཐམས་ཅད་ཀྱང་ཤིན་ཏུ་བསྒོམ་པ་ཡིན་ཏེ་ཞེས་པའི་དོན་ཇི་ལྟར་ཡིན་ཞེས་པའོ། །དེའི་ལན་ནི། དེ་ལྟར་གསུངས་པའི་དགོངས་པ་ནི། མདོ་ལུགས་མ་ལས། གང་ལ་བསླབ་ན་འཕགས་པ་དེ་རྣམས་འབྱུང་ཞིང་བཞེད་པ་ཐམས་ཅད་བསྒྲུབ་པར་མཛད་པ་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ཆོས་མཐའ་དག་སྐྱེད་པར་བྱེད་པ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་དབྱིངས་ཡིན་ཏེ། ཞེས་དང༌། རྣམ་མཁྱེན་ལ་བསླབ་པས་ལམ་ལ་བསླབ་པར་ཡང་འགྱུར་རོ། །དེ་བཞིན་དུ་གང་དང་གང་ལ་སློབ་པའི་གནས་སྐབས་སུ་དེ་དང་དེ་ལམ་ཡིན་པའི་རྣམ་མཁྱེན་དང་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། ཆོས་ཀྱི་དབྱིངས་དང༌། བྱང་ཆུབ་ཀྱང་དེ་དག་ལ་སློབ་པའི་གནས་སྐབས་སུ་དེ་དག་ལམ་ཡིན་པར་གསུངས་ཏེ། འཕྲིན་ལས་ཀྱི་སྐབས་སུ་མདོ་ལས། བྱང་ཆུབ་ཉིད་ཀྱང་ལམ་མོ་ལམ་ཉིད་ཀྱང་བྱང་ཆུབ་པོ་ཞེས་དང༌།དེ་ཉིད་ཀྱི་འགྲེལ་བ་གནོད་འཇོམས་ལས། གཉིས་ཀ་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕྱིར་བྱང་ཆུབ་དང་ལམ་དག་ལ་ཐ་དད་པ་གང་ཡང་མེད་མོད་ཀྱི། འོན་ཀྱང་སྔོན་གྱི་གནས་སྐབས་ནི་རྒྱུ་ཡིན་པའི་ཕྱིར་ལམ་ཞེས་བྱ། ཕྱི་མའི་གནས་སྐབས་ལ་བྱང་ཆུབ་ཅེས་བྱའོ། །ཞེས་དང༌།ཡང་སྐབས་དེ་ཉིད་ཀྱི་མདོ་ལས་ཆོས་ཀྱི་དབྱིངས་ལ་བསླབ་པས་ན་ཆོས་ཐམས་ཅད་ལ་བསླབ་པ་ཡིན་ནོ། །ཞེས་དང༌། འདི་ལྟར་དེས་རྟག་ཏུ་རྒྱུན་མི་འཆད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་བསྒོམས་པའི་ཕྱིར་ཏེ། དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་བསྒོམས་པས་ལམ་ཐམས་ཅད་ཀྱང་ཤིན་ཏུ་བསྒོམས་པ་ཡིན་ཏེ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། བྱང་ཆུབ་སེམས་དཔའི་ལམ་མམ། སངས་རྒྱས་ཀྱི་ལམ་དག་ཀྱང་ཤིན་ཏུ་བསྒོམས་པ་ཡིན་ནོ་ཞེས་རྣམ་མཁྱེན་བསྒོམ་པ་ཉིད་ལ་ལམ་བསྒོམ་པ་ཡིན་པར་གསུངས་སོ། །ཞེས་གསུངས་པ་སོགས་ལུང་གོང་འོག་གི་སྒྲུབ་བྱེད་བཀོད་ཚུལ་སོགས་ཀྱི་དགོངས་པ་ལ་བརྟགས་ན་ཚུལ་འདི་ལྟར་ཡིན་པར་སྣང་སྟེ། སྐབས་དེར་བཤད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ནི་ཆོས་ཀྱི་དབྱིངས་ལ་བྱས་ནས། དེ་ལ་བསླབ་ན་ལམ་གྱི་གནས་ལུགས་ལ་བསླབ་པ་ཡིན་པ་དང༌། ཆོས་ཀྱི་དབྱིངས་ལ་བསླབ་ན་ཐེག་གསུམ་གྱི་ལམ་དང་རྟོགས་རིགས་དངོས་བརྒྱུད་ཅི་རིགས་ནས་བྱུང་བ་ཡོད་པའི་དོན་ཡིན་པར་སྣང་ངོ༌། །

དྲི་བ་ཉེར་དྲུག་པ་ནི།སློབ་པའི་གནས་སྐབས་ན་ནི་ཆོས་དབྱིངས་དང་རྣམ་མཁྱེན་ལམ་དུ་གསུངས་པ་དང་ལམ་དང་འདུས་བྱས་སུ་གསུངས་པས་ཆོས་དབྱིངས་སོགས་འདུས་བྱས་སུ་ཐལ་བ་ལམ་འདུས་མ་བྱས་སུ་ཐལ་བའི་གནོད་པ་མི་འགྱུར་བའི་ཤེས་བྱེད་གང་ཡིན་ཞེས་པའི་ལན།

དྲི་བ་ཉེར་དྲུག་པ་ནི།སློབ་པའི་གནས་སྐབས་ན་ནི་ཆོས་དབྱིངས་དང་རྣམ་མཁྱེན་ལམ་དུ་གསུངས་པ་དང་ལམ་དང་འདུས་བྱས་སུ་གསུངས་པས་ཆོས་དབྱིངས་སོགས་འདུས་བྱས་སུ་ཐལ་བ་ལམ་འདུས་མ་བྱས་སུ་ཐལ་བའི་གནོད་པ་མི་འགྱུར་བའི་ཤེས་བྱེད་གང་ཡིན་ཞེས་པའི་ལན།

སློབ་པའི་གནས་སྐབས་ན་ནི་ཆོས་དབྱིངས་དང་རྣམ་མཁྱེན་ལམ་དུ་གསུངས་པ་དང་ལམ་དང་འདུས་བྱས་སུ་གསུངས་པས་ཆོས་དབྱིངས་སོགས་འདུས་བྱས་སུ་ཐལ་བ་ལམ་འདུས་མ་བྱས་སུ་ཐལ་བའི་གནོད་པ་མི་འགྱུར་བའི་ཤེས་བྱེད་གང་ཡིན་ཞེས་པའོ། །དེའི་ལན་ནི། གནས་སྐབས་དེ་དང་དེས་མིང་ཙམ་བཏགས་པ་དང༌། སློབ་ལམ་གྱི་གནས་སྐབས་སུ་ཆོས་ཀྱི་དབྱིངས་ལམ་དུ་སྣང་བའི་སྣང་ཚུལ་གྱི་དབང་དུ་བྱས་པའི་ལམ་ལམ་མཚན་ཉིད་པ་དང༌། སྣང་ཚུལ་ལམ་རྒྱུད་དབང་བཙན་པའི་དབང་དུ་བྱས་ནས་བཤད་པས་ཆོས་དབྱིངས་འདུས་བྱས་སུ་ཐལ་བ་དང༌། ལམ་འདུས་མ་བྱས་སུ་མི་འགྱུར་ཏེ། མདོ་ལས། སྔོན་གྱི་གནས་སྐབས་ནི་རྒྱུ་ཡིན་པའི་ཕྱིར་ལམ་ཞེས་བྱའོ། །ཕྱི་མའི་གནས་སྐབས་ལ་བྱང་ཆུབ་ཅེས་བྱའོ། །ཞེས་དང༌། མྱང་འདས་ཆེན་པོ་ལས། ཅི་དང་ཅིར་ལྡན་པ་དེ་དང་དེའི་གནས་སྐབས་སུ་མིང་འདོགས་སོ། །ཞེས་དང༌། རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་དང༌། དེའི་ཐད་ཀྱི་རྒྱུད་བླ་ཐོགས་འགྲེལ་༡༦༤ལས། གནས་སྐབས་གསུམ་དུ་གོ་རིམ་བཞིན་དུ་མིང་གསུམ་བསྟན་པས་བསྟན་པར་རིགས་པར་བྱ་སྟེ། འདི་ལྟ་སྟེ། མ་དག་པའི་གནས་སྐབས་སུ་ནི་སེམས་ཅན་གྱི་ཁམས་ཞེས་བྱ་བ་དང༌། མ་དག་པ་དང་དག་པའི་གནས་སྐབས་སུ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང༌། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་སུ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །ཞེས་དང༌། རྒྱུད་བླ་དོལ་ཊཱིཀ་ལས།དེ་ལ་མིང་གསུམ་འདོགས་ཚུལ་ནི། དེ་བཞིན་གཤེགས་པའི་སྙིང་པོ་དེ་གློ་བུར་གྱི་དྲི་མས་མ་དག་པ་དང༌། མ་དག་པ་དག་པ་དང༌། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ལ་གོ་རིམ་ཇི་ལྟ་བ་བཞིན་དུ་སེམས་ཅན་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ཞེས་བྱ་བའི་མིང་ཐ་དད་པ་གསུམ་གྱིས་བརྗོད་ཅིང་བསྟན་ཏོ། །ཞེས་དང༌། མདོ་ལུགས་མ་ལས། མདོ་རྒྱུད་དང་བསྟན་བཅོས་ཁུངས་མ་རྣམས་སུ་ཆོས་ཀྱི་དབྱིངས་ཉིད་དབུ་མའི་ལམ་དུ་གསུངས་པའི་དགོངས་པ་ནི་གང་དང་གང་ལ་སློབ་པའི་གནས་སྐབས་དེར་དེ་དང་དེ་ཉིད་ལམ་དུ་བསྟན་པར་སྣང་ངོ༌། །ཞེས་དང༌། ཕྱོགས་རྒྱལ་གྱི་རྒྱུད་མཆན་ལས། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཡེ་ཤེས་ཀྱི་སྐུ་ནི་གདུལ་བྱའི་མོས་པ་སྣ་ཚོགས་ལས་རང་རང་བསམ་པས་བསམ་པ་དང་མཐུན་པར་སེམས་ཅན་གྱིས་སྣ་ཚོགས་སུ་མཐོང་བ་ནི།དོན་དམ་པའི་སྤྲུལ་པའི་མཚན་ཉིད་དོ། །དེ་ལྟ་བུའི་སྐུ་དེ་ཉིད་གདུལ་བྱ་ལ་གཞན་སྣང་ལ་ཤར་བའི་སྤྲུལ་སྐུའི་རྣམ་པ་ནི་ཀུན་རྫོབ་པའི་སྤྲུལ་བའི་སྐུའོ། །ཞེས་སོ། །ཉ་ཊཱིཀ་ལས། དེ་བསམ་གྱིས་མི་ཁྱབ་པའི་གནས་ཡང་ཡིན་ཏེ། སེམས་ཅན་གྱི་དུས་སུ་ཡོད་ཀྱང་རང་གི་ངོ་བོ་དྲི་མ་ཐམས་ཅད་ཀྱིས་གདོད་ནས་དག་པ་ཡང་ཡིན་གནས་སྐབས་རྒྱུད་དབང་བཙན་དུ་བྱས་ནས་དྲི་མས་མ་དག་པ་ཡང་ཡིན། དྲི་མེད་ཀྱི་དུས་སུ་རང་གི་ངོ་བོ་སྔར་དྲི་མར་རམ་དེས་གོས་པར་མ་གྱུར་བཞིན་དུ་རྒྱུད་དབང་བཙན་དུ་བྱས་པས་དྲི་མས་དག་པའི་ཡང་ཕྱིར་རོ། །རྒྱུད་བླར། དག་དང་ཉོན་མོངས་ལྡན་ཕྱིར་དང༌། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །ཞེས་སོ། །དེ་ལྟར་རང་གི་ངོ་བོ་དང་ཡོད་སའི་གནས་སྐབས་རྒྱུད་ཀྱི་དབང་དུ་བྱས་པའི་རྣམ་དབྱེ་འདི་མ་ཕྱེད་པའི་སྐྱོན་གྱིས་སེམས་ཅན་ལ་བདེ་སྙིང་མེད་པ་དང་སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་རང་བཞིན་འོད་གསལ་དེ་ངོ་བོ་ཉིད་སྐུ་མིན་པ་ལ་སོགས་པར་སྨྲ་བ་མང་ངོ༌། །ཞེས་སོ། །དྲི་བཅས་དེ་བཞིན་ཉིད་རང་ཉིད་ཡོད་སའི་རྒྱུད་ཀྱི་དབང་དུ་བྱས་ཀྱང་དེ་ཆོས་ཉིད་ཡིན་ན། ཁྲི་བརྒྱད་སྟོང་བའི་བཤད་པ་རྫོགས་ལྡན་ལས།དྲི་བཅས་དེ་བཞིན་ཉིད་ལ་འདུས་བྱས་དང༌། དྲི་མེད་དེ་བཞིན་ཉིད་ལ་འདུས་མ་བྱས་སུ་གནོད་འཇོམས་ཆེ་ཆུང་གཉིས་ཀར་ནས་གསུངས་སོ། །ཞེས་པའི་ཚིག་ཟིན་ལ་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །

དྲི་བ་ཉེར་བདུན་པ་ནི།རང་ལུགས་ལ་སྙིང་པོ་རྟག་བརྟན་སྟོན་པའི་མདོ་དང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་གཉིས་ལ་ཁྱད་པར་ཡོད་དམ་ཅི་ཞེས་པའི་ལན།

དྲི་བ་ཉེར་བདུན་པ་ནི།རང་ལུགས་ལ་སྙིང་པོ་རྟག་བརྟན་སྟོན་པའི་མདོ་དང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་གཉིས་ལ་ཁྱད་པར་ཡོད་དམ་ཅི་ཞེས་པའི་ལན།

རང་ལུགས་ལ་སྙིང་པོ་རྟག་བརྟན་སྟོན་པའི་མདོ་དང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་གཉིས་ལ་ཁྱད་པར་ཡོད་དམ་ཅི་ཞེས་པའོ། །དེའི་ལན་ནི། མདོ་དེ་གཉིས་མདོ་གཅིག་ཡིན་ཏེ། ཆོས་རྗེ་ཀུན་མཁྱེན་གྱིས་ཞལ་སྔ་ནས། སྙིང་པོའི་མདོ་བཅུ་བགྲང་བའི་ཚེ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ། ཞེས་སོགས་གསུངས་པ་ལས་སྙིང་པོ་རྟག་བརྟན་སྟོན་པའི་མདོ་ལོགས་སུ་མ་གསུངས་པ་དང༌། ཞང་སྟོན་པས་མཛད་པས་དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་འགྲེལ་བ་ལས་དེ་བཞིན་གཤེགས་པའི་སྙིང་པོ་དང་སྙིང་པོ་རྟག་བརྟན་ཁྱད་མེད་དུ་བྱས་ནས་གསུངས་སོ། །དེ་མ་ཟད་སྙིང་པོ་རྟག་བརྟན་སྟོན་པའི་མདོ་དང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་གཉིས་མདོ་ཐ་དད་པ་ཡིན་ན་དབུ་མ་འཇུག་འགྲེལ་དུ་སྙིང་པོ་རྟག་བརྟན་སྟོན་པའི་མདོ་ཞེས་གསུངས་དགོས་པ་ལས་དེ་མ་གསུངས་བར་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ཞེས་གསུངས་པ་ཡིན་ཏེ། འཇུག་པ་རང་འགྲེལ་ལས། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །ཞེས་པ་ནས། ལུང་འདིས་དྲང་བའི་དོན་ཉིད་དུ་གསལ་བར་བྱེད་དོ། །དེ་བཞྀན་དུ་བཅོམ་ལྡན་འདས་ཀྱིས་མདོ་བརྗོད་པ་ལས་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ། བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། ཞེས་པ་ནས། ངེས་པའི་དོན་ཉིད་དུ་ཁས་བླངས་པ་ཐམས་ཅད་དྲང་བའི་དོན་ཉིད་ཡིན་པར་ལུང་འདིས་གསལ་བར་བྱས། ཞེས་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ་དྲང་དོན་གསུངས་པ་ལས་ཟུར་དུ་སྙིང་པོ་རྟག་བརྟན་སྟོན་པའི་མདོ་ཞེས་མ་གསུངས་སོ། །གོང་ཐང་བསྟན་པའི་སྒྲོན་མེས་ཡར་འབྲོག་པ་རིན་ཆེན་ཏོག་དགག་པའི་སྐབས་སུུ་དྲང་ངེས་མཆན་ལས། འདིའི་འཁྲུལ་གཞི་ཡང་སྙིང་པོ་རྟག་བརྟན་དང་བདེ་གཤེགས་སྙིང་པོ་མ་ཕྱེ་བས་ནོང་ལ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང༌། སྙིང་པོ་རྟག་བརྟན་སྟོན་པའི་མདོ་སྔ་མ་ཕལ་ཆེར་གྱིས་གཅིག་ཏུ་བྱས་མོད། སྙིང་པོ་རྟག་བརྟན་སྟོན་པའི་ཚིག་རྣམས་དེ་ན་མི་འདུག་ཅིང༌། ལང་གཤེགས་སུ་མདོ་དེའི་གསུངས་ཚུལ་བཀོད་པ་དྲངས་པ་མ་གཏོགས་མདོ་རང་ཉིད་བོད་དུ་འགྱུར་བ་མི་སྣང་ངོ༌། །ཞེས་དེ་གཉིས་མདོ་སོ་སོར་འདོད་དགོས་པ་ནི་རྒྱུད་བླ་མའི་བཤད་བྱ་རྩ་བའི་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ངེས་དོན་གྱི་མདོ་ཁས་བླངས་དགོས་བྱུང་ལ། འཇུག་འགྲེལ་ལས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་མདོ་དྲང་དོན་གྱི་མདོ་ཡིན་པར་གསུངས་པས་དབང་གིས་སྙྀང་པོ་རྟག་བརྟན་སྟོན་པའི་མདོ་དྲང་དོན་ཡིན་ཞེས་ཁས་བླངས་ནས་ནང་འགལ་དངོས་སུ་བྱུང་བ་འགོག་ཆེད་མདོ་དེ་གཉིས་སོ་སོ་བའི་མདོ་ཡིན་པར་འདོད་པས་སོ། །ཁྱོད་ལྟར་ན་སྙིང་པོ་རྟག་བརྟན་སྟོན་པའི་མདོ་དྲང་དོན་གྱི་མདོ་ཡིན་པའི་རྒྱུ་མཚན་གོང་དུ་དྲང་བའི་འཇུག་འགྲེལ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་རྟག་བརྟན་བསྟན་པ་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མཚན་དཔེ་གསལ་རྫོགས་ཀྱི་སངས་རྒྱས་ཡོད་པའི་རྒྱུ་མཚན་གྱིས་ཡིན་པ་གང་ཞིག་དེ་ལྟར་བོད་དུ་འགྱུར་བའི་དེ་བཞིན་གཤེགས་པའི་མདོ་ལས་གསུངས་པའི་ཕྱིར། རྟགས་དང་པོ་ཁྱོད་ལྟར་ན་འཇུག་འགྲེལ་གྱིས་ལུང་གིས་གྲུབ་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། སྡེ་དགེ་བཀའ་འགྱུར་གྱི་མདོ་དེ་ལས། རིགས་ཀྱི་བུ་དག་འདི་ནི་ཆོས་རྣམས་ཀྱིས་ཆོས་ཉིད་དེ།དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང༌། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན། ཞེས་སོགས་ནས། ཟག་པ་མེད་པའི་རིན་པོ་ཆེའི་ནང་ན་དེ་བཞིན་གཤེགས་པ་མཛེས་པར་འདུག་པ་མཐོང་ངོ༌། །ཞེས་དང༌། ཕྱི་རོལ་ཤུན་པ་ཉོན་མོངས་སྦུབས་ཡིན་ལ། །ནང་ན་སངས་རྒྱས་ཡེ་ཤེས་ཡོད་པར་མཐོང༌། །ཞེས་གསུངས་པའི་ཕྱིར་རོ། །

སྨྲས་པ། ཟབ་མོའི་ཆོས་ཚུལ་ལུང་རིགས་ལ་བརྟེན་ནས། །ཟབ་མོའི་ལམ་གྱི་རྣམ་བཞག་ལེགས་བཤད་མོད། །ཟབ་མོའི་གནས་ལ་ལོག་བཤད་ཆ་མཆིས་ན། །ཟབ་མོའི་ཆོས་སྤྱན་ལྡན་ལ་བཤགས་པར་བྱ། །དམ་པའི་སྐྱེས་བུའི་བཀའ་དྲིན་མཁའ་དབྱིངས་ལས། །དམ་ཆོས་ལེགས་བཤད་ཆུ་འཛིན་ལས་བྱུང་བའི། །དམ་པའི་རྣམ་དཀར་དགེ་བའི་ཆོས་ཆར་གྱིས། །དམ་པ་གཉིས་པོའི་འབྲས་བུ་སྨིན་པར་ཤོག །ཅེས་པ་འདི་ནི་གཞན་སྟོང་བགྲོ་གླེང་ཐེངས་ལྔ་བའི་དྲིས་ལན་དུ་སྤྲང་།།


no previousཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་ལྔ་བའི་དྲིས་ལན་མི་ཕམ་ཞལ་ལུང་།next