Nitartha Digital Library
Tibetan
གསུང་འབུམ་པོད་བཅུ་གཉིས་པ། འདུལ་སྔགས།


  collapse section
བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་རྣམ་བཤད་མ་ནོར་ལམ་བཟང་གསལ་བའི་ཉི་མ།
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section
  expand section
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousབསྟན་པའི་འཇུག་སྒོ་སྐྱབས་འགྲོའི་རྣམ་བཤད་མ་ནོར་ལམ་བཟང་གསལ་བའི་ཉི་མ།next

བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་རྣམ་བཤད་མ་ནོར་ལམ་བཟང་གསལ་བའི་ཉི་མ།

བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་རྣམ་བཤད་མ་ནོར་ལམ་བཟང་གསལ་བའི་ཉི་མ་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། དོན་གཉིས་མཐར་ཕྱིན་སྟོན་པ་རྫོགས་སངས་རྒྱས། །ལུང་རྟོགས་ཞི་བསིལ་དམ་ཆོས་རིན་པོ་ཆེ། །རིག་གྲོལ་མངའ་བདག་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་ཕྱག་འཚལ། །གང་ལ་བརྟེན་ན་འཁོར་བ་ལས་སྒྲོལ་ཏེ། །གཏན་བདེའི་གྲོང་ཁྱེར་གནས་ལ་འདྲེན་བྱེད་པའི། །ནམ་ཡང་མི་བསླུ་མཆོག་གསུམ་དབང་གི་རྒྱལ། །གཏན་བདེའི་གྲུ་ཆར་འབེབས་ལ་ཐེ་ཚོམ་བྲལ། །དེ་སླད་ཐར་འདོད་སྲིད་མཚོ་ལས་བརྒལ་ནས། །ཕན་བདེའི་ལམ་བཟང་འཇུག་ངོགས་རྟོགས་པའི་ཕྱིར། །གོང་མའི་གསུང་བཞིན་སྐྱབས་འགྲོའི་རྣམ་བཞག་གི །ལེགས་བཤད་གཏམ་གྱི་སྒྲོན་མེ་སྦར་བར་བྱ། །དེ་ལའང་རྒྱལ་སྲས་ཞི་བ་ལྷའི་ཞལ་སྔ་ནས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུ་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་བ་ག་ལ་འགྱུར། །ཞེས་དང༌། ས་བཟང་གི་བླང་དོར་རབ་གསལ་ལས། ཕྱག་དར་ཁྲོད་ན་ནོར་བུ་རྙེད་པ་ལྟར། །རྙེད་དཀའི་མི་ལུས་རིན་ཆེན་ཐོབ་དུས་འདིར། །གཏན་གྱི་བདེ་བ་ཐོབ་ཕྱིར་མ་འབད་ན། །ཕྱི་ནས་རྙེད་པར་དཀའ་བའང་མཁྱེན་པར་འཚལ། །འདུས་བྱས་མི་རྟག་རྟག་པར་འཛིན་པས་འཁྲུལ། །ངེས་པར་འཆི་ཞིང་འཆི་རྐྱེན་ཤིན་ཏུ་མང༌། །ནམ་འཆི་ངེས་མེད་མྱུར་བ་ཉིད་དུ་འཆི། །བྱུང་ཚེ་མི་བཟློག་དེ་ཕྱིར་དགེ་ལ་འབད། །ཅེས་གསུངས་པ་ལྟར་དལ་འབྱོར་གྱི་རྟེན་བཟང་འདི་ལྟ་བུ་ནི་རྒྱུ་དཔེ་ངོ་བོ་གང་གི་སྒོ་ནས་ལེགས་པར་བསམས་ཀྱང་རྙེད་པ་མི་སྲིད་པ་ལྟ་བུ་ཡིན་ལ། དེ་རྙེད་ན་དོན་ཤིན་ཏུ་ཆེ་སྟེ་དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུས་ཀྱང་ཚེ་འདིར་དབུལ་བ་སེལ་བ་ཙམ་མ་གཏོགས་ཚེ་ཕྱི་མར་ཕན་པ་ཅུང་ཟད་སྒྲུབ་མི་ནུས་ལ། རྟེན་བཟང་འདིའི་སྟེང་ནས་རང་གིས་འབད་བརྩོན་ཐུབ་ན་ཚེ་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་འགྲུབ་པ་སོགས་གཏན་གྱི་བདེ་བ་རྣམས་སྒྲུབ་ནུས་པ་ཡིན་ལ། རྙེད་དཀའ་དོན་ཆེ་བའི་མི་ལུས་ཀྱི་རྟེན་བཟང་ལན་གཅིག་བླ་མ་མཆོག་གསུམ་གྱི་ཐུགས་རྗེས་ཐོབ་པ་འདིའང་རླུང་དམར་ནང་གི་མར་མེ་བཞིན་འགལ་རྐྱེན་རུ་འཛིང་བས་ནམ་འཆི་ཆ་མེད་པ་ཡིན་ལ། དེས་ན་མྱུར་ཏུ་འཆི་ངེས་པས་མྱུར་ཏུ་གཏན་དུ་ཕན་པའི་དམ་ཆོས་ཞིག་བསྒྲུབས་ནས་སྙིང་པོ་ལེན་དགོས་ལ། ཚེ་འདིའི་ཟས་ནོར་ལོངས་སྤྱོད་མངའ་ཐང་སྙན་གྲགས་སོགས་ཅི་ཙམ་རྒྱས་ཀྱང་འཆི་བའི་ཚེ་རྨི་ལམ་གྱི་དགའ་སྟོན་ལྟར་དྲན་པའི་ཡུལ་དུ་བཞག་ནས་འགྲོ་བ་ལས་ཕན་པའི་སྙིང་པོ་ཅིའང་མེད་པ་དཔེར་ན་སྦུན་པ་ལོ་བརྒྱར་ཕྱར་ཡང་དེའི་ནང་ན་སྙིང་པོ་ལེན་རྒྱུ་འབྲུ་གཅིག་ཙམ་མེད་པ་བཞིན་ཡིན་ནོ། །འཆི་ཚེ་ཕན་པ་ངེས་པར་ཡོད་པ་ནི། སྤྱོད་འཇུག་ལས། བསྐལ་བ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །ཞེས་གསུངས་པ་ལྟར། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེས་རང་ཅག་གི་དོན་དུ་དང་པོར་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་སྐུ་བཞིའི་གོ་འཕང་མངོན་དུ་མཛད་དེ་མ་བུ་གཅིག་པ་ལྟ་བུའི་བརྩེ་བ་ཆེན་པོའི་སྒོ་ནས་སྟོན་པར་མཛད་པའི་བསྟན་པ་ནི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་གཉིས་མ་གཏོགས་གཞན་མེད་པས་དེ་ལ་ངེས་པར་འཇུག་དགོས། དེར་འཇུག་ཚུལ་ཡང་རང་གིས་གང་འདོད་བྱས་པས་མི་ཆོག་པར་ཆོས་ཀྱི་གོ་རིམ་མ་ནོར་བ་དགོས་ལ། དེ་ལའང་དང་པོ་འཇུག་སྒོ་མ་ནོར་བ་ཞིག་ནས་ཚུལ་བཞིན་དུ་འཇུག་དགོས། དེའང་བསྟན་པ་སྤྱིའི་འཇུག་པའི་སྒོ་སྐྱབས་འགྲོ ཐེག་ཆེན་ཐུན་མོང་གི་འཇུག་སྒོ་བྱང་ཆུབ་ཀྱི་སེམས་བསྐྱེད། སྔགས་ཀྱི་ཐུན་མོང་མ་ཡིན་པའི་འཇུག་སྒོ་དབང་ལེགས་པར་ཐོབ་པ་ཡིན་པར་གསུངས་པས། ཐོག་མར་རྒྱལ་བསྟན་ལ་འཇུག་པའི་སྒོ་གཅིག་པུ་གྱུར་པ་ཕན་བདེ་ལེགས་ཚོགས་མ་ལུས་པའི་འབྱུང་གནས་སྐྱབས་འགྲོ་རྣམ་པར་དག་པའི་རྨང་གཞི་བརྟན་པོ་ཞིག་གལ་ཆེ་བས་དེ་ལྟར་བྱེད་དགོས་སོ། །

དེས་ན་འདིར་སྐྱབས་འགྲོ་བཤད་པ་ལ། སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན་དང༌། སྐྱབས་འགྲོ་དངོས་བཤད་པ་དང་གཉིས།

དང་པོ་སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན།

དང་པོ་སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན།

དང་པོ་ནི། རང་ཅག་རྣམས་འཁོར་བའི་གནས་འདིར་སྐྱེ་བ་སྔ་ཕྱི་བར་དོ་ཐམས་ཅད་དུ་འཇིགས་པའི་རྣམ་གྲངས་དཔག་ཏུ་མེད་པ་ཞིག་ཡོད་ལ། འཇིགས་པ་རང་སྟོབས་ཀྱིས་ཟློག་མི་ནུས་པས་ན། དེ་ལས་སྐྱོབ་པའི་སྐྱབས་ཞིག་ངེས་པར་འཚོལ་དགོས། དེ་ཡང་འཇིག་རྟེན་འདིའི་ཕ་མ་ལ་སོགས་པའི་ཉེ་དུ་དང༌། ཡར་གྱི་དཔོན། མར་གྱི་གཡོག ཐད་ཀར་རང་དང་མཉམ་པའི་གྲོགས་པོ་སོགས་སུ་ལའང་སྐྱོབ་པའི་ནུས་པ་མི་འདུག་སྟེ། ཇི་སྐད་དུ། བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཀྱང༌། །སྲོག་འཆད་པ་ཡི་ཚོར་བ་ནི། །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །ཞེས་གསུངས་པ་བཞིན་དེ་དག་གིས་ཤི་བ་ཕན་ཆད་མཐོང་ཐོས་ཙམ་ཡང་མེད་ན། ཕན་ཐོགས་པ་ག་ལ་ཡོད། ཚེ་འདིར་ཡང་སྐྱོབ་ནུས་པ་ཙམ་མེད་པར་མ་ཟད་གནོད་ཚབ་ཆེན་པོ་ཁོ་ན་ཡིན། དེར་མ་ཟད་ཁྱབ་འཇུག་དབང་ཕྱུག་ལ་སོགས་པ་ལྷ་དབང་མཐུ་བོ་ཆེ་གྲགས་པ་རྣམས་དང༌། འཁོར་ལོས་བསྒྱུར་རྒྱལ་ལ་སོགས་པ་མི་རྫུ་འཕྲུལ་ཆེ་བ་རྣམས་ཀྱིས་ཀྱང༌། ཚེ་འདིའི་གནོད་པ་ཅུང་ཟད་ལས་སྐྱོབ་ནུས་པ་སྲིད་མོད། མི་སྐྱོབ་པ་ཆེས་མང་ཞིང༌། སྒོས་སུ་རང་ཉིད་འཁོར་བའི་སྡུག་བསྔལ་གྱི་མནར་བཞིན་དུ་གཞན་འཁོར་བ་ལས་འདྲེན་པའི་ནུས་པ་ནམ་ཡང་མེད་དེ། དེ་རྣམས་ཁོ་རང་འཁོར་བར་འཁྱམས། ཉོན་མོངས་ཀྱིས་སེམས་དཀྲུག་པས་རང་དབང་མ་ཐོབ་པའི་ཕྱིར་རོ། །དེས་ན་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱིས་འདི་ཕྱི་བར་དོ་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་ནུས། དཀོན་མཆོག་གསུམ་མ་གཏོགས་གཞན་སུས་ཀྱང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ནུས་པ་མེད་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་པ་ཡིན་ནོ། །གཞན་ཡང་མ་རྒན་སེམས་ཅན་དེ་དག་ཐམས་ཅད་དུས་ཐོག་མ་མེད་པ་ཞིག་ནས་ད་ལྟའི་བར་དུ་སྤྱིར་འཁོར་བ་དང༌། བྱེ་བྲག་ཏུ་ངན་སོང་གི་གནས་སྡོད་གནས་སུ་བྱས་ཏེ་དུས་རིང་ལ་སྡུག་བསྔལ་ཤུགས་དྲག་པ་བསམ་ཡུལ་ལས་འདས་པ་ཞིག་མྱངས་དང་མྱོང་བཞིན་པ་ཡིན་ལ། སླད་ནས་ཀྱང་གཉེན་པོས་བཙན་ཆོད་ཅིག་མ་བྱུང་ན། སྡུག་བསྔལ་གྱི་གཏིང་མཐར་ཐོན་པ་ཞིག་མི་སྲིད་པ་ཡིན། ད་རེས་ཆོས་སྒྲུབ་པའི་རྟེན་འབྲེལ་ ཕུན་སུམ་ཚོགས་པའི་དུས་འདིར་རང་གིས་རང་མ་བསླུས་པ་བྱས་ཏེ། འཁོར་བའི་སྡུག་བསྔལ་ཐམས་ཅད་སྤངས་པའི་ཐར་བ་མཆོག་བླ་མ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མ་བྱས་ན། ད་འདི་ནས་རྡོག་སྣ་ཞིག་འགྲེད་དེ་སླར་ངན་སོང་གི་གཏིང་དུ་ལྷུང་ཕྱིན་ཆད་དེ་ནས་ཐར་བ་དང་ཐམས་ཅད་མཁྱེན་པ་མི་ཐོབ་པ་མ་ཟད་བདེ་འགྲོའི་སྒྲ་ཙམ་ཡང་བསྐལ་བ་མུ་མཐའ་ཡས་པར་ཐོས་དཀའ་བའི་སྡུག་བསྔལ་གྱི་གཡང་ས་བརྒྱུད་མར་ལྟུང་བར་ངེས་སོ། །རང་ཅག་རྣམས་ཀྱིས་དགེ་བ་བྱས་པ་ཤུགས་ཆུང་ལ། སྡིག་པ་བྱས་པ་ཤུགས་ཆེ་བ་ཡན་ལག་མ་ཚང་བ་མེད་པ་དང༌། གྲངས་ཀྱང་ཤིན་ཏུ་མང་བ་ཡིན་པས། རྒྱུ་དེ་དག་ལ་གཞིག་ན་ཕྱི་མའི་འགྲོ་ས་ངན་སོང་ལས་མ་འདས་པ་ཡིན་ཏེ། འཕགས་པ་ལྷས། ཇི་སྐད་དུ། ཕལ་མོ་ཆེར་ན་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །དེས་ན་སོ་སོ་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ །ཞེས་གསུངས་པ་ལྟར་རོ། །ངན་སོང་དུ་སོང་ཟིན་པ་དེའི་ཚེ་སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་བརྩེ་བས་གཟིགས་ཀྱང་རང་གི་ལས་བསྒྲིབས་ཀྱི་དབང་གིས་སྐྱོབ་ཐབས་དང་བྲལ་བ་ཡིན་པའོ། །དེས་ན་ད་ལྟ་བདེ་འགྲོ་ངན་འགྲོ་གཉིས་ཀྱི་ས་མཚམས། ཁེ་ཉེན་སྐྱིད་སྡུག་ཀུན་གྱི་འདམ་ཁ་རང་གི་ལག་ན་ཡོད་པའི་སྐབས་འདིར་བློ་བདེ་བའི་གདེང་ཐོབ་པ་ཞིག་བྱེད་དགོས། དེའང་རང་སྟོབས་ཀྱིས་མི་ནུས་པས་ལྷ་དཀོན་མཆོག་གསུམ་གྱི་ཞབས་ལ་འཇུས་ནས་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་ཁྱེད་མཁྱེན་སྙམ་དུ་བློ་འགེལ་ཏེ་སྐྱབས་སུ་འགྲོ་དགོས་སོ། །

གཉིས་པ་སྐྱབས་འགྲོ་དངོས་བཤད་པ།

གཉིས་པ་སྐྱབས་འགྲོ་དངོས་བཤད་པ་ནི།

ཇི་སྐད་དུ། རྒྱུ་དང་ཡུལ་དང་ངོ་བོ་དང༌། བསླབ་བྱ་དང་ནི་ཕན་ཡོན་ནོ། །ཞེས་པ་ལྟར་སྐྱབས་འགྲོའི་རྒྱུ་བཤད་པ། ཡུལ་བཤད་པ། ངོ་བོ་བཤད་པ། བསླབ་བྱ་བཤད་པ། ཕན་ཡོན་བཤད་པ་དང་ལྔ། དང་པོ་སྐྱབས་འགྲོའི་རྒྱུ་བཤད་པ་ནི། མདོ་ལས། སྐྱབས་དེ་ལ་ནི་བརྟེན་ནས་ཀྱང༌། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་དང༌། ཇི་སྐད་དུ། སྐྱབས་འགྲོའི་ངོ་བོ་ཨི་ཐི་བ། །བདག་ཉིད་ལྷག་པར་འཇིགས་པ་དང༌། །དཀོན་མཆོག་སྐྱོབ་པའི་ནུས་ལྡན་དུ། །ཤེས་ལས་བྱུང་བའི་སྐྱབས་འགྲོ་ལ། །ཐམས་ཅད་མཁྱེན་པ་ཁྱོད་ཉིད་བཞེད། །ཅེས་གསུངས་པ་ལྟར་སྐྱབས་འགྲོའི་རྒྱུ་ནི། རང་ངན་སོང་སོགས་ཀྱི་སྡུག་བསྔལ་ལ་འཇིགས་པ་དང༌། འཇིགས་པ་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པའི་དད་པ་གཉིས་ནི་སྐྱབས་འགྲོའི་རྒྱུ་ཡིན་ཏེ། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། སྡུག་བསྔལ་གྱིས་འཇིགས་པ་དང༌། དཀོན་མཆོག་གི་ཡོན་ཏན་ལ་དད་སོགས་ཅི་རིགས་པ། ཞེས་གསུངས་སོ། །སྤྱིར་སྐྱབས་སུ་འགྲོ་བ་ཞེས་བྱ་བ་སྐྱབས་ཞུ་བ་ལ་ཟེར། སྐྱབས་སུ་སོང་ཞེས་འདས་པའི་སྒྲ་བྱུང་ན་སྐྱབས་ཞུས་གྲུབ་པའི་དོན་ཡིན། དེ་ཡང་རང་ལ་འཇིགས་སྐྲག་གང་ཡང་མེད་ཅིང་རང་དབང་ཐོབ་པར་ཡོད་ན་སུ་ལའང་སྐྱབས་འཚོལ་མི་དགོས་པས། གང་སྐྱབས་འཚོལ་བ་དེ་ ནི་འཇིགས་པ་ཡོད་ཅིང༌། དེ་ལས་སྐྱོབ་པའི་སྐྱབས་དོན་དུ་གཉེར་བ་ཡིན་པས། སྐྱབས་སུ་འགྲོ་རྒྱུ་འཇིགས་པས་ཉེན་པ་ཡིན་པར་འཇམ་མགོན་ཏཱ་ར་ནཱ་ཐས་གསུངས་སོ། །གཉིས་པ་སྐྱབས་ཡུལ་བཤད་པ་ནི། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་བ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་དང༌། ས་བཟང་་གི་ཀུན་བཏུས་འགྲེལ་བ་ལས། ཡུལ་ནི་དཀོན་མཆོག་གསུམ་ཡིན་ལ། ཞེས་པ་ལྟར་སྐྱབས་ཡུལ་དཀོན་མཆོག་གསུམ་ཡིན་ལ། དེའང་རང་ཅག་ཐར་བའི་བྱང་ཆུབ་འཚོལ་བ་ལ་སྟོན་པ་སངས་རྒྱས་སམ་བླ་མ་ལ་སྟོན་པ་ཞུ་སྟེ་བླང་དོར་གྱི་གནས་མི་ཤེས་པ་སྟོན་མཁན་དུ་ཞུ་བ་དང༌། དེའི་བསྟན་པའི་ཆོས་ནི་སྐྱབས་སུ་དངོས་སུ་བསྟེན་དགོས་ཏེ། སངས་རྒྱས་ཀྱིས་འགོག་ལམ་བསྟན་པ་དེ་ཀ་ཆོས་ཡིན་པས། ཆོས་ཀྱི་ནང་ནས་བླང་དོར་བསྟན་པ་བཞིན་དུ་ལག་ལེན་དུ་བཏབ་པས་འཇིགས་པ་ཀུན་ལས་ཐར་ནས་བདེ་བ་མ་ལུས་པ་ཐོབ་པའི་ཕྱིར་རོ། །དེ་སྒྲུབ་པའི་གྲོགས་དགེ་འདུན་རྣམས་ལ་སྐྱབས་སུ་འགྲོ་དགོས་ཏེ། དཔེར་ན་རྒྱུས་མེད་ཀྱི་ལམ་དུ་འགྲོ་བ་ལ་ལམ་སྣ་བ་འཚོལ་དགོས་པ་ལྟ་བུ་ཡིན་པར་རྗེ་སྒྲོལ་མགོན་ཞབས་ཀྱིས་གསུངས་སོ། །དེ་ཡང་དཔེར་ན་ནད་གསོ་བ་ལ་སྨན་དང་སྨན་པ་ནད་གཡོག་གསུམ་གང་རུང་རེ་ཡོད་པས་མི་ཆོག་པར་གསུམ་ག་ཚང་དགོས་པ་ལྟར། ཉོན་མོངས་པའི་ནད་ཞི་བའི་ཐར་བའི་གོ་འཕང་འཐོབ་པ་ལ། ཐབས་སྟོན་པའི་སངས་རྒྱས། ཐབས་དངོས་དམ་པའི་ཆོས། དེ་སྒྲུབ་པའི་གྲོགས་དགེ་འདུན་གསུམ་ག་ཚང་དགོས་སོ། །སྐྱབས་གསུམ་སོ་སོའི་ངོ་བོ་ནི། དོན་གཉིས་མཐར་ཕྱིན་པའི་སྐྱབས་གནས་མཐར་ཐུག་དེ། སངས་རྒྱས་དཀོན་མཆོག་གི་མཚན་ཉིད་ཡིན་ཏེ། བསྟན་བཅོས་རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་འདུས་མ་བྱས་ཤིང༌། འགྱུར་བ་མེད་པའི་ཡོན་ཏན་དང་འབད་རྩོལ་མེད་པས་ལྷུན་གྱིས་གྲུབ་པའི་ཡོན་ཏན་དང༌། རང་གི་རིག་པས་གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པའི་ཡོན་ཏན་དང༌། དེ་གསུམ་དང་ལྡན་པ་མཁྱེན་པའི་ཡོན་ཏན་དང༌། གཞན་ཡང་དེ་ལ་འགོད་པས་ཐུགས་བརྩེ་བའི་ཡོན་ཏན་དང༌། གཞན་གྱི་སྡུག་བསྔལ་རྒྱུ་འབྲས་སྤོང་བས་ནུས་པར་ལྡན་པའི་ཡོན་ཏན་དེ་ལྡོག་པའི་ཕྱེ་ན་སྔ་མ་གསུམ་རང་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང༌། ཕྱི་མ་གསུམ་གཞན་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་གཉིས་ཏེ་ཐམས་ཅད་བསྡུ་ན་ཡོན་ཏན་བརྒྱད་དང་ལྡན་པའི་སངས་རྒྱས་ཉིད་དོ། །འགོག་ལམ་གྱིས་བསྡུས་པའི་རྣམ་བྱང་བདེན་པ། ཆོས་དཀོན་མཆོག་གི་མཚན་ཉིད་ཡིན་ཏེ། རྒྱུད་བླ་མ་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ།།བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་ཐ་སྙད་པའི་ཤེས་པས་ཇི་ལྟ་བ་བཞིན་བསམ་དུ་མེད་པའི་ཡོན་ཏན་དང༌། ལས་དང་ཉོན་མོངས་པ་གཉིས་སུ་མེད་པའི་ཡོན་ཏན་དང༌། དེ་དག་གི་རྒྱུ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་མེད་པའི་ཡོན་ཏན་དང༌། ཉོན་མོངས་པའི་དྲི་མ་རྣམ་པར་དག་པའི་ཡོན་ཏན་དང༌། ཡེ་ཤེས་ཀྱི་སྣང་བ་གསལ་བའི་ཡོན་ཏན་དང༌། དུག་གསུམ་གྱི་མུན་པ་འཇོམས་པ་གཉེན་པོའི་ཕྱོགས་ཀྱི་ཡོན་ཏན་ཏེ་ལྡོག་པའི་ཕྱེ་ན་སྔ་མ་གསུམ་འབྲས་བུ་གང་ཞིག་འདོད་ཆགས་བྲལ་བ་འགོག་པའི་བདེན་པ་དང༌། ཕྱི་མ་གསུམ་རྒྱུ་གང་གིས་འདོད་ཆགས་དང་བྲལ་བར་བྱེད་པ་ལམ་གྱི་བདེན་པ་སྟེ་རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་དང་བཅས་པའི་ཡོན་ཏན་བརྒྱད་དང་ལྡན་པ་དེ་ནི་དམ་པའི་ཆོས་སོ། །རིག་གྲོལ་གྱི་ཡོན་ཏན་གཉིས་དང་ལྡན་པའི་འཕགས་པ། དགེ་འདུན་དཀོན་མཆོག་གི་མཚན་ཉིད། དེ་འདྲའི་ཐེག་ཆེན་འཕགས་པ། ཐེག་ཆེན་དགེ་འདུན་དཀོན་མཆོག་གི་མཚན་ཉིད་ཡིན་ཏེ། རྒྱུད་བླ་མ་ལས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པས་ན། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་ཆོས་ཉིད་སྤྲོས་པ་ཞི་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་སྒོ་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང༌། ཆོས་ཅན་སེམས་ཅན་ཐམས་ཅད་ལ་ཆོས་ཉིད་རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུ་ཁྱབ་པར་རྗེས་སུ་ཞུགས་པར་གཟིགས་པའི་སྒོ་ནས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཏེ། དེ་དག་ཀྱང་རིམ་པ་ལྟར་ཡུལ་ལ་ཆགས་པ་དང་ཐོགས་པའི་སྒྲིབ་པ་མེད་པའི་བློ་ལྡན་བྱང་ཆུབ་སེམས་དཔའ་རྫོགས་པའི་བྱང་ཆུབ་ཆེན་པོ་ལས་ཕྱིར་མི་ལྡོག་པའི་ཚོགས་དགེ་འདུན་དཀོན་མཆོག་རྣམས་ཉན་རང་ལས་མཆོག་ཏུ་གྱུར་པས་བླ་ན་མེད་པའི་ཡེ་ཤེས་ཀྱི་ཡོན་ཏན་དང་ལྡན་པ་ཉིད་དོ། །རྒྱུད་བླའི་དངོས་བསྟན་ནི་ཐེག་པ་ཆེན་པོའི་མཆོག་གསུམ་ཡིན་ནོ། །རྒྱས་པར་རྒྱུད་བླ་རྩ་འགྲེལ་ལས་ཤེས་པར་བྱའོ། །མདོ་ལས། མདུན་དུ་བཞག་པའི་སངས་རྒྱས་ཞེས་སོགས་གསུངས་པའི་མདུན་བཞག་གི་སངས་རྒྱས་ནི། སྐུ་གཟུགས་དང་མཆོད་རྟེན་ལྟ་བུ། མདུན་བཞག་གི་ཆོས་ནི་བཀའི་གླེགས་བམ་དང༌། སྔགས་ཀྱི་ཡི་གེའི་གཟུགས་སོགས་དང༌། མདུན་བཞག་གི་དགེ་འདུན་ནི་སོ་སོ་སྐྱེ་བོའི་དགེ་འདུན་ཚུལ་ཁྲིམས་དང་ལྡན་པ་རྣམས་ཡིན་ནོ། །སྐུ་གཟུགས་གླེགས་བམ་ལ་སོགས་པ་ནི་གུས་པ་བྱེད་དགོས་པར་གྲུབ་མོད་ཀྱང༌། སེམས་མེད་བེམ་པོའི་བཀོད་པ་ཙམ་ཡིན་པས་སྐྱབས་ཡུལ་གྱི་ཁོངས་སུ་མི་བསྡུ་སྙམ་ན། གྲུབ་མཐའ་རྣམ་པར་འཇོག་པའི་སྐབས་སུ་སྐྱབས་དངོས་ཡིན་མིན་སོགས་ཤེས་དགོས་མོད། ཉམས་ལེན་གྱི་སྐབས་འདིར་མོས་གུས་ཀྱི་སྒོ་ནས་དམིགས་ཡུལ་དུ་བྱེད་པ་ཉིད་གཙོ་ཆེ་བས། མདུན་བཞག་གི་དཀོན་མཆོག་གསུམ་དཀོན་མཆོག་དངོས་ཡིན་པར་མོས་ཏེ་སྐྱབས་སུ་འགྲོ་དགོས་བའི་ཕྱིར་རོ། །བེམ་ཆོས་དང་སོ་སོ་སྐྱེ་བོ་ལ་སྐྱབས་འགྲོ་བྱས་པར་མི་འགྲོའོ། །

གསུམ་པ་སྐྱབས་འགྲོའི་ངོ་བོ་དངོས།

གསུམ་པ་སྐྱབས་འགྲོའི་ངོ་བོ་དངོས།

གསུམ་པ་སྐྱབས་འགྲོའི་ངོ་བོ་ལ་དངོས་དང༌། སྐྱབས་སུ་འགྲོ་བའི་ལག་ལེན་བྱེད་ཚུལ་དང་གཉིས། དང་པོ་ནི། རང་ངམ་གཞན་འཇིགས་པ་ཅི་རིགས་ལས་སྒྲོལ་བའི་དཔུང་གཉེན་དུ་མཆོག་གསུམ་གང་རུང་འཛིན་པའི་ཁྱད་པར་བཞི་ལྡན་གྱི་བློ་དེ། སྐྱབས་འགྲོའི་མཚན་ཉིད་ཡིན་ཏེ། ཕར་ཕྱིན་སྣང་བའི་རྒྱན་ལས། རང་གཞན་ཅི་རིགས་སྡུག་བསྔལ་ཕྲ་རགས་ཅི་རིགས་ཀྱི་འཇིགས་པ་ལས་སྐྱོབས་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པའི་དད་པ་ལས་བྱུང་ཞིང་དེ་གསུམ་གྱི་ཁྱད་པར་ཡང་ཤེས་ནས་མཐའ་གཅིག་ཏུ་མཆོག་གསུམ་གང་རུང་ལ་འཇིགས་པ་ཅི་རིགས་ལས་སྐྱོབ་པའི་དཔུང་གཉེན་དུ་འཛིན་པའི་ཤེས་རབ་གཙོ་འཁོར་ཅི་རིགས་ཀྱིས་བསྡུས་པ་དེ་སྐྱབས་འགྲོའི་མཚན་ཉིད། ཅེས་དང༌། ས་བཟང་གི་ཀུན་བཏུས་ཀྱི་འགྲེལ་བ་ལས། ངོ་བོ་ནི། ཡོན་ཏན་ཤེས་པ་དང༌། ཁྱད་པར་ཤེས་པ་དང༌། ཁས་བླངས་པ་དང༌། གཞན་དུ་མི་སྨྲ་བའི་ཁྱད་པར་བཞི་དང་ལྡན་པས་ཡུལ་དམ་པ་ལ་བརྟེན་པར་ཁས་ལེན་ཞིང་བློ་གཏོད་པའོ། །ཞེས་དང༌། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། ཐེག་པ་སྤྱིའི་ལུགས་ལ། མཚན་ཉིད་ནི། རང་རང་གི་སེམས་ཀྱིས་དམིགས་པའི་འཇིགས་པ་སྤང་བའི་ཕྱིར་དུ་མཆོག་གསུམ་ལ་བརྟེན་པར་ཁས་ལེན་པའི་རིག་བྱེད་དོ། །ཞེས་གསུངས་ལ། ཐེག་ཆེན་སྐྱབས་འགྲོའི་མཚན་ཉིད་ནི། དེ་ལས། ཐེག་ཆེན་སྐྱབས་འགྲོའི་མཚན་ཉིད། སེམས་ཅན་སྡུག་བསྔལ་ལས་སྒྲོལ་བར་བཞེད་པའི་སྙིང་རྗེས་བསླངས་ནས་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པས་དཀོན་མཆོག་ལ་སྐྱབས་སུ་ཁས་ལེན་པའི་སེམས་སམ་ངག་གི་རིག་བྱེད་གང་རུང་ངོ༌། །ཞེས་གསུངས་སོ། །དེ་ཡང་སྐྱབས་སུ་སོང་བའི་ཚད་ནི། ལྷན་ཐབས་འོད་བརྒྱ་འབར་བ་ལས། སྐྱབས་སུ་སོང་བའི་ཚད་ནི། ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ། སྐྱབས་གནས་གཞན་མ་འཚོལ་བ་སྟེ་ཁྱད་ཆོས་བཞི་ཚང་ན། སྐྱབས་འགྲོ་རྣམ་དག་ཏུ་འགྱུར་བའོ། །དེ་ལ་ཡོན་ཏན་ཤེས་པ་ནི། དཀོན་མཆོག་གསུམ་པོ་ཉིད་ཀྱི་ཡོན་ཏན་རགས་པ་རྣམས་ཤེས་པ་སྟེ། དཀོན་མཆོག་རྗེས་དྲན་གྱི་མདོ་ལྟ་བུའམ། རྒྱན་རྣམ་གཉིས་སོགས་གཞུང་རྣམས་ལས་བཤད་པ་ཇི་ལྟར་རིགས་པ་གོ་ཞིང་ཡིད་ཆེས་པའོ། །ཁྱད་པར་ཤེས་པ་ནི། སྤྱིར་སངས་རྒྱས་ལ་སྐྱབས་སུ་སོང་བས། གཞན་གཉིས་ཞོར་ལ་འབྱུང་བ་སོགས་གསུམ་པོ་ཕན་ཚུན་ནམ་ཡང་འབྲལ་བ་མེད་པའི་ཕྱིར། སྐྱབས་གཅིག་ཁོ་ནས་ཆོག་པ་ལྟར་འདུག་ཀྱང༌། ཇི་སྐད་དུ། ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་པ་ལྟར་དགོས་པ་ལ་བལྟོས་ནས་གསུམ་དུ་གྲངས་ངེས་བྱེད་པ་དང༌། གནས་སྐབས་གཙོ་ཆེ་བའི་དབང་དུ་བྱས་ནས། སྐྱབས་གནས་གསུམ་པོ་ཉིད་ཀྱི་སོ་སོའི་ཁྱད་པར་དང༌། དགོས་པ་དང༌། སྐྱོབ་ཚུལ་རྣམས་ཤེས་པ་དང༌། སྟོན་པ་གཞན་ལས་སངས་རྒྱས་ལྷག་ཚུལ་དང༌། ལམ་ལོག་པ་ལས་དམ་པའི་ཆོས་ཆེས་ཁྱད་པར་དུ་འཕགས་ཚུལ་དང༌། མུ་སྟེགས་བྱེད་ཀྱི་ཚོགས་པ་སོགས་ལས་དགེ་འདུན་ཆེས་ཁྱད་པར་དུ་འཕགས་ཚུལ་རྣམས་ལེགས་པར་ཤེས་ཤིང་ཡིད་ཆེས་རྙེད་པའོ། །ཁས་ལེན་པ་ནི། ཡོན་ཏན་ཤེས་པའི་རྒྱུ་མཚན་གྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་དམ་བཅས་པའོ། །སྐྱབས་གཞན་མི་འཚོལ་བ་ནི། ཁྱད་པར་ཤེས་པ་ལ་བརྟེན་ནས། དཀོན་མཆོག་གསུམ་ལས་གཞན་གཅིག་ཡིན་ན་ཆེ་བ་ཆེ་བར་གྲགས་པ་གང་ལའང་ཡིད་མི་བརྟོན་ན། འདྲེ་གདོན་སོགས་ལ་སྐྱབས་སུ་འགྲོ་བ་ལྟ་ག་ལ་ཞིག སྐྱབས་གནས་གཞན་མི་འཚོལ་པ་འདི་མེད་ན། དཀོན་མཆོག་གསུམ་གྱི་ཡོན་ཏན་མཐོང་བས་སྐྱབས་སུ་ཁས་བླངས་པ་ཙམ་གྱིས་སྐྱབས་འགྲོ་རྣམ་དག་ཏུ་མི་འགྱུར་ཏེ། བློ་རྩེ་གཉིས་དང་མ་བྲལ་བའི་ཕྱིར་རོ། །ཡོན་ཏན་ཤེས་པ་དང༌། ཁྱད་པར་ཤེས་པ་མེད་ན་ནི། ཁས་བླངས་པ་དང་སྐྱབས་གཞན་མི་འཚོལ་བ་ཙམ་ཡོད་དུ་ཆུག་ཀྱང༌། བླུན་དད་ཁོ་ནས་ཞུགས་པ་ཙམ་ཡིན་པས་ལམ་དུ་འགྱུར་བ་ཤིན་ཏུ་དཀའོ། །དེས་ན་ཁྱད་པར་བཞི་ཅར་ཚང་བ་དགོས་སོ། །ཞེས་གསུངས་པ་ལྟར་ཡིན་པའོ། །ཐེག་པ་ཆེ་ཆུང་གི་སྐྱབས་འགྲོའི་ཁྱད་པར་ནི། ཐུན་མོང་བ་ཐེག་དམན་པའི་ལུགས་ ལ་དུས་ཇི་སྲིད་འཚོའི་བར་དང༌། ཁྱད་པར་ཅན་ཐེག་ཆེན་གྱི་ལུགས་ལ་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་རོ། །བསམ་པའི་ཁྱད་པར་ཡང༌། ཐེག་དམན་ནི་གཙོ་བོར་རང་ཉིད་འཁོར་བའི་སྡུག་བསྔལ་ལས་ཐར་འདོད་ཙམ་དང༌། ཐེག་ཆེན་ནི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་རོ། །སྨོན་ལམ་གྱི་ཁྱད་པར་ཡང༌། སོ་སོའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་པའོ། །སྐྱབས་ཡུལ་དང༌། ཆོ་ག་དང་བྱེད་ལས་སོགས་རྒྱ་ཆེ་ཆུང་གི་ཁྱད་པར་ཙམ་ཡོད་ཀྱང༌། གོང་མའི་ནང་དུ་འོག་མ་འདུ་བའི་ཕྱིར་འགལ་བ་མ་ཡིན་ནོ། ཁྱད་པར་གསང་སྔགས་ཀྱི་སྐབས་སུ། དུས་ཀྱི་ཁྱད་པར་མཐའ་མེད་པ་དང་བསམ་པའི་ཁྱད་པར་སེམས་ཅན་རྣམས་མྱུར་དུ་སྐྱོབ་པར་འདོད་པ་དང༌། སྨོན་ལམ་གྱི་ཁྱད་པར་ལམ་འཇུག་པ་བདེ་བས་འབྲས་བུ་ལྷན་སྐྱེས་ཀྱི་སྐུ་ཐོབ་པར་འདོད་པ་རྣམས། ལྷག་པོར་བསྣན་ནས་དོན་འགྲུབ་པ་ཡིན་པར་རྗེ་སྒྲོལ་མགོན་གྱིས་གསུངས་སོ། །

གཉིས་པ་སྐྱབས་སུ་འགྲོ་བའི་ལག་ལེན་བྱེད་ཚུལ།

གཉིས་པ་སྐྱབས་སུ་འགྲོ་བའི་ལག་ལེན་བྱེད་ཚུལ་ནི།

ཇོ་བོ་གསེར་གླིང་པའི་རྣམ་ཐར་ལས་འབྱུང་བ་ལྟར་གནས་ཁང་བྱི་དོར་ལེགས་པར་བྱས། ས་གཞི་མེ་ཏོག་སིལ་མ་བཀྲམ། དྲི་ཞིམ་པོའི་ཆུས་ཆག་ཆག་གདབ། སྟེགས་བཟང་པོ་ལ་བསྟན་པའི་བདག་པོའི་གཙོས་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་བྲིས་འབུར་ཅི་རིགས་སོགས་སྐུ་གསུང་ཐུགས་ཀྱི་རྟེན་གང་འབྱོར་བཤམས། དེ་དག་གི་མདུན་དུ་ཇི་ལྟར་འབྱོར་བའི་མཆོད་པ་རྣམས་གཡོ་མེད་ཅིང་བཀོད་པ་ལེགས་པས་མཛེས་པ་གཙང་སྦྲ་བྱས་ནས་བཤམ། བདེ་བའི་སྟན་ལ་སྤྱོད་ལམ་ཚུལ་མཐུན་གྱིས་འཁོད་དེ་རང་གི་རྒྱུད་ལ་བརྟགས་ནས། ད་རེས་མི་ལུས་ཐོབ་ཀྱང་བློ་བདེ་བའི་གདེང་ཚད་སེམས་ལ་འཛིན་རྒྱུ་ཅིའང་མ་བྱས། ཉེས་ལྟུང་སྒོ་དུ་མ་ནས་བསགས་པ་ནི་མཐའ་ཡས་པས་ནམ་དབུགས་ཀྱི་རྒྱུ་བ་འདི་འགགས་མ་ཐག་ངན་སོང་དུ་ལྟུང་བ་ལས་འོས་མི་འདུག་ཅིང༌། དེར་སྐྱེས་ན་སྡུག་བསྔལ་བཟོད་གླག་མེད་པའི་ཚུལ་བསམ་སྟེ་ཤིན་ཏུ་འཇིགས་ཤིང་སྐྲག་པར་བྱ། དེ་ནས་སྐྱབས་ཡུལ་གསལ་གདབ་པ་ནི། རང་ཉིད་གང་དུ་འདུག་པའི་གནས་ནི། དག་པའི་ཞིང་ཁམས་ཀྱི་དབུས་སུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། དཔག་བསམ་གྱི་ལྗོན་ཤིང་ཡལ་ག་ལོ་འདབ་འབྲས་བུ་རབ་ཏུ་རྒྱས་པའི་རྩེ་མོར་སེང་ཁྲི་པད་ཟླ་ཉི་མ་སྒྲ་གཅན་དུས་མེའི་གདན་ལ་ངོ་བོ་རང་གི་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྡོ་རྗེ་འཆང་གི་སྐུའི་རྣམ་པ་ཅན། དེའི་མཐའ་བསྐོར་དུ་ཡལ་ག་རྣམས་ཀྱི་སྟེང་དུ་གདན་སོ་སོ་ལ་དུས་ཀྱི་འཁོར་ལོ། ཤཀྱ་ཐུབ་པ། ཉམས་ལེན་བྱིན་རླབས་ཀྱི་རྒྱུད་པ་དང༌། རྒྱ་ཆེན་སྤྱོད་རྒྱུད་དང༌། ཟབ་མོ་ལྟ་རྒྱུད་ཀྱི་བླ་མ་རྣམས་ཀྱིས་སྐོར་ནས་བཞུགས་པ། དེའི་འོག་གི་ཡལ་འདབ་རྣམས་སུ་རང་རང་སོ་སོའི་གདན་ལ་མདུན་དུ་དཔལ་དུས་ཀྱི་འཁོར་ལོ། དེ་ནས་གཡས་བསྐོར་གྱི་གསང་བ་འདུས་པ། ཀྱཻའི་རྡོ་རྗེ། མ་ཧཱ་མ་ཡ། འཁོར་ལོ་བདེ་མཆོག རྡོ་རྗེ་འཇིགས་བྱེད་ལ་སོགས་པ་བླ་མེད་ཀྱི་ལྷ་ཚོགས་ཐམས་ཅད་དང༌། དེ་དག་གི་ཅུང་འོག་གི་ཡལ་འདབ་རྣམས་ལ་ཀུན་རིག་རྣམ་སྣང་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་དང༌། རྣམ་སྣང་མངོན་བྱང་ལ་སོགས་པ་སྤྱོད་པའི་རྒྱུད་དང༌། ཚེ་དཔག་མེད་དང་མི་འཁྲུགས་པ་ལ་སོགས་པ་བྱ་བའི་རྒྱུད་ཀྱི་ལྷ་ཚོགས་ཐམས་ཅད་བཞུགས་པ་སྟེ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། དེའི་འོག་གི་ཡལ་འདབ་རྣམས་ལ་མདུན་དངོས་སུ་སེང་ཁྲི་པདྨ་ཉི་ཟླའི་གདན་སོ་སོ་བ་རྣམས་ལ་དབུས་སུ་རང་ཅག་གི་སྟོན་པ་སངས་རྒྱས་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང༌། རྒྱབ་ཀྱི་ཡལ་འདབ་རྣམས་ཀྱི་སྟེང་དུ་པད་ཟླའི་གདན་ལ་ཡུམ་ཆེན་མོ། དེའི་རྒྱབ་ཏུ་སེང་ཁྲི་པད་ཟླའི་གདན་ལ་ལུང་རྟོགས་ཀྱི་ཆོས་རྣམས་གླེགས་བམ་གྱི་རྣམ་པར་ཡོད་པ། གཡས་ཕྱོགས་ཀྱི་ཡལ་འདབ་རྣམས་ཀྱི་པད་ཟླའི་གདན་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང༌། སྤྱན་རས་གཟིགས་ལ་སོགས་པ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང༌། གཡོན་གྱི་ཡལ་འདབ་ ལ་འབོལ་ལ་སོགས་པའི་གདན་ལ་ཤཱ་རིའི་བུ་དང་རབ་འབྱོར་སོགས་ཉན་རང་གི་དགེ་འདུན་དཔག་ཏུ་མེད་པ་དང༌། ཤིང་གི་རྩ་བར་ཅུང་མ་ཐུག་པའི་སྡོང་པོའི་ངོས་སུ་རྡོ་རྗེ་ཤུགས་འཁོར་སྲུང་མ་དྲུག་ཅུ་དང་བཅས་པ་དང༌། ཤིང་གི་རྩ་བར་དཔལ་ལྡན་གུར་མགོན་དང་ཕྱག་དྲུག་མགོན་པོ་དང་དྲཀྴད་སོགས་ཡེ་ཤེས་ཀྱི་ཆོས་སྐྱོང་སྲུང་མ་རྣམས་བཞུགས་པར་བསྒོམ་པར་བྱ། དེ་ནས་རང་གི་གཡས་སུ་ཕ། གཡོན་དུ་མ། མཐའ་སྐོར་དུ་རིགས་དྲུག་གི་སེམས་ཅན་མཐའ་ཡས་པས་བསྐོར་བ། དེ་ཐམས་ཅད་སྐྱབས་ཞུ་ལ་འཁོད་པར་མོས་ལ། དེ་རྣམས་ཀྱང་དྲིན་ཅན་གྱི་མ་ཤ་སྟག་ཡིན་ཚུལ་དང༌། རང་ཉམས་ལ་དཔག་པའི་སྙིང་རྗེ་ཤུགས་དྲག་པོ་བསྐྱེད་དེ། དེ་དག་གི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་དགེ་སེམས་ཁྱད་པར་ཅན་དེའི་ངང་ནས་རང་དང་སེམས་ཅན་ཐམས་ཅད་ཀྱང་འཁོར་བའི་སྡུག་བསྔལ་ལ་འཇིགས་པ་དང་དཀོན་མཆོག་གི་ཡོན་ཏན་མཐོང་བའི་སྒོ་ནས་མགྲིན་གཅིག་ཏུ་སྐྱབས་འགྲོ་བྱེད་པར་བསམས་ཏེ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག། དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་དང༌། བླ་མ་ལ་སྐྱབས་སུ་མཆིའོ། །ཞེས་གསོལ་བ་བཏབ་པས་བླ་མ་རྣམས་ལས་འོད་ཟེར་རམ་བདུད་རྩི་བབས། རང་གཞན་སེམས་ཅན་རྣམས་ལ་ཞུགས་པས་ཉེས་ལྟུང་སྡིག་སྒྲིབ་དག ཁྱད་པར་དུ་བླ་མའི་སྐུ་ལ་བསྡོ་བ་དང་བཀའ་བཅགས་པ་སོགས་བླ་མའི་སྐུ་གསུང་ཐུགས་དང་འགལ་བའི་ཉེས་པ་རྣམས་དག་ནས་བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་ནས་བླ་མའི་སྐྱབས་འོག་ཏུ་ཆུད་པར་བསྒོམ། དེ་ནས་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་གསོལ་བ་བཏབ་པས་སྔར་ལྟར་འོད་ཟེར་རམ་བདུད་རྩི་བབས་པས། སྡིག་སྒྲིབ་དག ཁྱད་པར་དུ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་སོགས་སངས་རྒྱས་ལ་བརྟེན་ནས་བསགས་པའི་ཉེས་པ་རྣམས་དག སངས་རྒྱས་ཀྱི་བྱིན་རླབས་ཞུགས་པས་སྐྱབས་འོག་ཏུ་ཆུད་པར་བསམ། ཆོས་ལ་སྐྱབས་སུ་མཆིའོ། །ཞེས་པས་དེ་ལས་འོད་ཟེར་རམ་བདུད་རྩི་བབས། སྡིག་སྒྲིབ་སྤྱི་དང་ཁྱད་པར་དུ་ཆོས་དང་ཆོས་སྨྲ་བ་ལ་སྨད་པ་སོགས་ཆོས་སྤོང་གི་ལས་ངན་སྡིག་སྒྲིབ་དག་སྟེ་དེའི་སྐྱབས་འོག་ཏུ་ཆུད་པར་དམིགས། དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་གསོལ་བ་བཏབ་པས། འོད་ཟེར་རམ་བདུད་རྩི་བབས། དགེ་འདུན་གྱི་དབྱེན་བྱས་པ་སོགས་དགེ་འདུན་ལ་བརྟེན་ནས་བསགས་པའི་སྡིག་སྒྲིབ་རྣམས་དག དེའི་སྐྱབས་འོག་ཏུ་ཆུད་པར་བསམ། སྐྱབས་འགྲོ་དྲུག་སྐོར་བྱེད་ནའང་དེས་རིགས་འདྲིས་ཏེ་ཤེས་པར་བྱ། །དེ་ལྟར་ཤུགས་དྲག་པོའི་སྒོ་ནས་སྐྱབས་འགྲོ་ཡང་ཡང་བྱེད། ཐུན་འཇོག་ཁར་སྐྱབས་ཡུལ་རྣམས་སྟབས་གཅིག་ཏུ་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས་པ་བྱ་བར་གསུངས་སོ། །དེ་ནས་དགེ་བ་འདི་ཡི་སྐྱེ་བོ་ཀུན། །ཞེས་སོགས་ཀྱིས་དགེ་བ་བསྔོ་བ་སོགས་བྱའོ། །

བཞི་བ་སྐྱབས་འགྲོའི་བསླབ་བྱ་བཤད་པ།

བཞི་བ་སྐྱབས་འགྲོའི་བསླབ་བྱ་བཤད་པ་ལ།

སོ་སོའི་བསླབ་བྱ་དང༌། ཐུན་མོང་གི་བསླབ་བྱའོ། །དང་པོ་ལ་དགག་བྱའི་བསླབ་བྱ་དང་བསྒྲུབ་བྱའི་བསླབ་བྱའོ། །དང་པོ་དགག་བྱའི་བསླབ་བྱ། དང་པོ་ནི། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། གང་ཞིག་སངས་རྒྱས་སྐྱབས་སོང་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་སོང་བ། །མུ་སྟེགས་ཅན་ལ་ཕྱག་མི་བྱ། །ཞེས་པ་ལྟར་སངས་རྒྱས་ལ་སྐྱབས་སུ་སོང་བས་འཇིག་རྟེན་པའི་ལྷ་དང༌། ཡི་དྭགས་ཀྱི་རིགས་ལྷ་འདྲེ་ལ་ལ་གཏན་གྱི་སྐྱབས་མི་འཚོལ། གཞི་བདག་སོགས་ལ་གཏོར་མ་གཏོང་བའི་ཚེ་སྙིང་རྗེའི་བསམ་པ་དང་གནས་སྐབས་ཀྱི་གྲོགས་བཅོལ་བའི་བསམ་པས་གཏོང་ཞིང་ཕུགས་ཀྱི་རེ་ལྟོས་མི་འཆའ་བ་གལ་ཆེའོ། །ཆོས་ལ་སྐྱབས་སུ་སོང་ན་ཆོས་དང་མཐུན་དགོས་ལ། དེའང་དབུ་མ་བཞི་བརྒྱ་བ་ལས། མདོར་ན་ཆོས་ནི་མི་འཚེ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་ཆོས་ཀྱི་ངོ་བོ་མི་འཚེ་བར་གསུངས་པས། དེའི་བསླབ་བྱ་ཡང་སེམས་ཅན་ལ་གནོད་ཚེ་སྤོང་ཞིང་མུ་སྟེགས་ཅན་གྱི་གཞུང་སོགས་ལོག་པའི་ཆོས་ལ་ཡིད་བརྟན་མི་འཆའ་བའོ། །དགེ་འདུན་ལ་སྐྱབས་སུ་སོང་བའི་གྲོགས་མུ་སྟེགས་ཅན་དང་མི་འགྲོགས་ཤིང༌། ལས་འབྲས་ལ་ཡིད་མི་ཆེས་ཤིང་ཆོས་ལ་སྐུར་བ་འདེབས་པའི་མི་དང་མཛའ་གྲོགས་མི་བྱེད་དེ། དམ་ཚིག་ཉམས་པ་དང་འགྲོགས་ན་དེའི་ཉམས་གྲིབ་ཀྱིས་ཡོན་ཏན་ཐམས་ཅད་འགྲིབ་ཅིང་དངོས་གྲུབ་ཀྱི་སྒོ་འགག་པར་གསུངས་སོ། །འདིའི་ཐོག་མཐའ་གཉིས་པོ་ཅུང་སླ་ཡང་བར་བ་ནི་ཤིན་ཏུ་དཀའ་ལ། འདི་ལ་ཁ་དང་ལག་ལེན་མཐུན་པར་བྱུང་ན་ནི་ངོ་མཚར་ཆེ་ཞེས་འཇམ་མགོན་ཏཱ་ར་ནཱ་ཐས་གསུངས་སོ། །

གཉིས་པ་བསྒྲུབ་བྱའི་བསླབ་བྱ།

གཉིས་པ་བསྒྲུབ་བྱའི་བསླབ་བྱ་ནི།

སངས་རྒྱས་ཀྱི་སྐུ་གཟུགས་སོགས་ཀྱི་བཟང་ངན་ལེགས་ཉེས་སོགས་ཀྱི་སྐྱོན་མི་གདགས་པར་སྟོན་པའི་འདུ་ཤེས་ཀྱི་སྒོ་ནས་ཕྱག་མཆོད་བྱ་བ་ཡིན་ཏེ། བཤེས་སྤྲིང་ལས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང༌། །བགྱིས་པ་ཅི་འདྲ་ཡིན་རུང་མཁས་པས་མཆོད། །ཅེས་གསུངས་སོ། །དམ་པའི་ཆོས་ཚིག་བཞི་བ་ཡན་ཆད་ལ་འགོམ་ཡུག་དང་ས་སྒྲེ་བོ་ལ་འཇོག་པ་དང་བཟང་ངན་གྱི་སྐྱོན་རྟོག་སོགས་སྤོང་ཞིང༌། བདག་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྒྲོལ་བར་བྱེད་པའི་སྐྱབས་དངོས་དེ་འདིའོ་སྙམ་དུ་གུས་པ་སྐྱེད་ཅིང་ཕྱག་དང་མཆོད་པ་སོགས་བྱ། ལམ་ལ་མ་ཞུགས་པའི་གང་ཟག་གིས་ལུང་གི་ཆོས་དེ་སྐྱབས་དངོས་བརྟེན་པ་ལས་འགོག་ལམ་དངོས་གནས་སྐབས་རང་རྒྱུད་ལ་བསྐྱེད་མི་ནུས་སོ། །དགེ་སློང་བཞི་སྡེ་ཡན་ཆད་ལ་བདག་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྒྲོལ་བར་བྱེད་པའི་གྲོགས་དགེ་འདུན་དེ་འདི་ཡིན་སྙམ་དུ་གུས་པ་སྐྱེད་ཅིང་བསྙེན་བཀུར་ལ་བརྩོན་པར་བྱ་སྟེ། གོས་པ་མེད་བཞིན་དུ་ཚུལ་འཆལ་དགེ་སྦྱོང་གི་རྟགས་འཆང་པའང་བརྙས་སྨོད་བརྡེག་འཚོག་སོགས་བྱས་ན་སྟོན་པ་དང་བསྟན་པ་ལ་མ་གུས་པའི་ཉེས་པ་ཆེན་པོར་འགྱུར་བའི་ཚུལ་ནམ་མཁའི་སྙིང་པོའི་མདོ་དང༌། སའི་སྙིང་པོའི་མདོ་སོགས་ལས་གསུངས་སོ། །དགེ་བཤེས་སྟོན་པ་དང་རྣལ་འབྱོར་པ་ཆེན་པོས་ལྷན་པ་སེར་པོ་རེ་འགོམ་པའི་སར་ཡོད་པའང་མི་འགོམས་པར་སྤྲུགས་ནས་གཙང་སར་སྐྱེལ་བའི་ཕྱག་ལེན་ལྟར་བསླབ་པར་བྱའོ། །ལྷག་པར་ད་ལྟ་ཆགས་སྡང་གི་དབང་གིས་བསྟན་པའི་བྱ་བར་སྒྲོ་བཏགས་ཏེ་ཁྱེད་ཚོ་དང་ངེད་ཚོ་ཞེས་རིས་སུ་བཅད་ནས་འཁྲུགས་པ་བྱེད་པ་ལེགས་ཚོགས་ཀྱི་རྩ་བ་གཅོད་པའི་ཉེས་དམིགས་ཤིན་ཏུ་ཆེ་བས་བདག་ལེགས་སུ་འདོད་པ་རྣམས་ཀྱིས་གནས་འདི་ལ་གཟབ་པར་བྱའོ། །

གཉིས་པ་ཐུན་མོང་གི་བསླབ་བྱ།

གཉིས་པ་ཐུན་མོང་གི་བསླབ་བྱ་ནི།

ལྷན་ཐབས་འོད་བརྒྱ་འབར་བ་ལས། སྐྱེས་བུ་དམ་པ་ལ་བསྟེན་པ། དམ་པའི་ཆོས་ཉན་པ། ཚུལ་བཞིན་ཡིད་ལ་བྱེད་པ། ཆོས་ཀྱི་རྗེས་སུ་འབྲང་བའི་ཆོས་བསྒྲུབས་སྟེ་བཞི་ཚན་དང་པོ་དང༌། དབང་པོ་མི་རྒོད་པ་དང༌། སྡོམ་པ་ཅི་ནུས་སུ་ལེན་པ་དང༌། སེམས་ཅན་ལ་སྙིང་རྗེ་ཆེ་བ་དང༌། དཀོན་མཆོག་མཆོད་པ་ལ་བརྩོན་པ་ལ་བསླབ་ཅེས་བཞི་ཚན་ཕྱི་མ་སྟེ་བརྒྱད་འཕགས་པ་ཐོགས་མེད་ཀྱིས་གསུངས་པ་ལྟར་བཤད་ཀྱང་རུང༌། མཆོག་གསུམ་གྱི་ཡོན་ཏན་དྲན་པས་རྟག་ཏུ་དད་པ་བསྒོམས་ཅིང་གསོལ་བ་འདེབས་པ་དང༌། བཀའ་དྲིན་དྲན་པས་རྟག་ཏུ་མཆོད་པ་དང༌། སྙིང་རྗེ་དྲན་པས་སྐྱེ་བོ་གཞན་རྣམས་སྐྱབས་འགྲོ་ལ་འགོད་པ་དང༌། སྐྱབས་འགྲོའི་ཕན་ཡོན་དྲན་པས་ཉིན་མཚན་དུས་དྲུག་ཏུ་སྐྱབས་འགྲོ་བསྒོམ་པ་དང༌། སྐྱབས་སུ་མ་སོང་བའམ་སྐྱབས་འགྲོ་བཏང་བའི་ཉེས་དམིགས་དྲན་པས་སྲོག་དང་བདོས་ཀྱང་སྐྱབས་ཡུལ་མི་སྤོང་བ་དང༌། ཡིད་ཆེས་དྲན་པས་བདེ་སྡུག་མཐོ་དམན་གནས་སྐབས་ཅི་བྱུང་ཡང་དཀོན་མཆོག་ལ་མི་འཁང་ཞིང་གཞན་ལ་བློ་མི་གཏོད་པ་སྟེ་དོན་ཚན་དྲུག་གི་སྒོ་ནས་བཤད་ཀྱང་རུང་ལ། ཡང་མདོར་བསྡུས་ན་དང་པོ་ཉིད་ནས་ཉེ་བར་མཁོ་ཞིང་གལ་ཆེ་བའི་བསླབ་བྱ་ནི། བླ་མ་དཀོན་མཆོག་ལ་དད་པ་སྒོམ། སྐུར་འདེབས་སོགས་སྡིག་མ་གསོག སྐུ་གསུང་ཐུགས་ཀྱི་ཡོན་ཏན་བརྗོད་ཕྱག་འཚལ་བ་དང་བསྟོད་ པ་སོགས་གུས་པའི་སྤྱོད་ལམ་ལ་བསླབ། དཀོན་མཆོག་གསུམ་གྱི་རྟེན་ལ་དཀོན་མཆོག་དངོས་སུ་འདུ་ཤེས་པའི་སྒོ་ནས་མཆོད་པ་ཅི་འགྲུབ་བྱེད། འཁོར་རྣམ་བཞི་ལ་གུས་པ་བསྐྱེད། རྟེན་གསུམ་ས་རྗེན་ལ་འཇོག་པ་དང༌། འོ་བརྒྱལ་བའི་གནས་སུ་འཇོག་པ་དང༌། འགོམ་ཡུགས་གཏོང་བ་དང༌། བཙོངས་ཏེ་སྐུ་བླུད་ཟ་བ་དང༌། གཏེང་པར་འཇོག་པ་སོགས་རྣམ་པ་ཀུན་ཏུ་སྤོང་བ་གལ་ཆེ། ཞེས་གསུངས་པའོ། །ན་བའི་ཚེ་དཀོན་མཆོག་ལ་བློ་གཏད་ནས་སྨན་འཐུང་ན་སྐྱབས་འགྲོ་དང་མི་འགལ་ཏེ། སྨན་དེའང་སངས་རྒྱས་ཀྱི་ཐུགས་རྗེ་དང་འཕྲིན་ལས་ཀྱི་ཆ་ཤས་སུ་གོ་ནས་བསྟེན་དུ་རུང་བར་གསུངས་སོ། །

ལྔ་བ་སྐྱབས་སུ་སོང་བའི་ཕན་ཡོན།

ལྔ་བ་སྐྱབས་སུ་སོང་བའི་ཕན་ཡོན་ནི།

ལྷན་ཐབས་འོད་བརྒྱ་འབར་བ་ལས། ཕན་ཡོན་ནི། སྐྱབས་སུ་སོང་མ་ཐག་རྒྱུད་འགྱུར་བའི་ཁྱད་པར་ནང་པ་སངས་རྒྱས་པའི་གྲར་དུ་ཆུད་པའོ། །སྡོམ་པ་གསུམ་གྱི་རྟེན་དུ་གྱུར་བ་སྟེ། སྐྱབས་སུ་མ་སོང་བ་ལ་ཆོ་གས་བླངས་པའི་སྡོམ་པ་གསུམ་སྐྱེ་བ་མེད་པའི་ཕྱིར་རོ། །སྔར་བྱས་ཀྱི་སྡིག་པ་ཟད་པ་དང་བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་བ་ནི། སྐྱབས་སུ་སོང་བ་ལ་བརྟེན་ནས་ཕྱིས་སྡིག་སྦྱོང་དང་དགེ་བ་གསར་བ་སྒྲུབ་པ་སོགས་དཔག་ཏུ་མེད་པར་འཕེལ་བ་རྣམས་ཕར་བཞག སྐྱབས་འགྲོ་བྱས་པ་ཉིད་ཀྱིས་སྡིག་པ་མང་པོ་བྱང་བ་དང༌། སྦྱིན་སོགས་ཕལ་བ་ལས་ཆེས་ལྷག་པའི་ཕན་ཡོན་ཡོད་པའོ། །བཞི་བོ་དེ་སྐྱབས་སུ་སོང་མ་ཐག་ནས་འབྱུང་སྟེ། སྐྱེས་བུ་དམ་པའི་གྲངས་སུ་ཆུད། སྔར་རྒྱུད་ངན་པ་ཡིན་པ་ལས་བཟང་པོར་གྱུར་པའི་དོན་ཡིན་ནོ། །ཚེ་འདིར་འབྱུང་བའི་ཕན་ཡོན་ནི་འཇིགས་པ་བཅུ་དྲུག་དང༌། དུས་མ་ཡིན་པའི་འཆི་བ་བརྒྱད་སོགས་ཕྱི་ནང་གི་བར་ཆད་གང་གིས་ཀྱང་མི་ཚུགས་པ་དང༌། བསམ་པའི་དོན་ཆོས་དང་མི་འགལ་བ་རྣམས་ཡིད་བཞིན་དུ་འགྲུབ་པ་གཉིས་སོ། །ཚེ་ཕྱི་མའི་འབྲས་བུ་ནི། ངན་སོང་དུ་མི་ལྷུང་བའམ་སྐྱེས་ཀྱང་མྱུར་དུ་ཐོན་པ་དང༌། མཐོ་རིས་སུ་ཡང་བདེ་བ་ཐོབ་པ་དང༌། དེར་ཡང་དཀོན་མཆོག་གསུམ་སྐྱབས་སུ་འཛིན་པ་སྟེ་གསུམ་མོ། །མཐར་ཐུག་གི་ཕན་ཡོན་ནི་སངས་རྒྱས་མྱུར་ཏུ་ཐོབ་པར་འགྱུར་བ་སྟེ། ཕན་ཡོན་རྣམ་པ་བཅུ་པོ་དེ་དག་ཇི་ལྟར་འོས་པ་བརྗོད་དོ། །སྒོས་སུ་ཐེག་ཆེན་གྱི་སྐྱབས་འགྲོ་ལ་ནི། མདོ་རྒྱན་ལས། སྐྱབས་སུ་འགྲོ་བ་འདིར་སོང་དོན་ཆེ་སྟེ། །དེས་ནི་ཚད་མེད་ཡོན་ཏན་འཚོགས་འཕེལ་འགྱུར། །འགྲོ་བ་འདི་ལ་སྙིང་རྗེའི་བསམ་པས་ཁྱབ། །མཚུངས་མེད་འཕགས་ཆེན་ཆོས་ཀྱང་རྒྱས་པར་བྱེད། །ཅེས་གསུངས་པ་ལྟར་དང༌། ཐེག་དམན་ལས་སྐྱབས་ཏེ་བླ་ན་མེད་པའི་སངས་རྒྱས་ཉིད་མྱུར་དུ་ཐོབ་པར་འགྱུར་བའི་ངེས་པ་ཐོབ་པ་ཡིན་ནོ། །ཞེས་དང༌། ས་བཟང་གི་མངོན་པ་ཀུན་བཏུས་འགྲེལ་བ་ལས། ཕན་ཡོན་ནི། འཁོར་བ་དང་ངན་སོང་གི་འཇིགས་པ་ཐམས་ཅད་ལས་སྒྲོལ་ཏེ། སངས་རྒྱས་ཆོས་དང་དགེ་འདུན་རྣམས། །སྐྱབས་ཀྱི་མཆོག་ཏུ་གྱུར་པ་སྟེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །སྲིད་པའི་འཇིགས་པ་ཆེ་ལས་སྒྲོལ། །ཞེས་གསུངས་སོ། །

སྐྱབས་འགྲོའི་སྡོམ་ཆོག

སྐྱབས་འགྲོའི་སྡོམ་ཆོག་ནི།

སྟོན་པའི་སྣང་བརྙན་སོགས་རྟེན་བཤམས། སྒྲུབ་བྱ་མང་པོའམ་གཅིག་གང་ཡིན་ཡང་རུང་སྟེ། ཐལ་མོ་སྙིང་ཀར་སྦྱར་སྟེ་ཙོག་པུར་འདུག་དུ་བཅུག་ལ། འོ་ད་ལན་ཁྱེད་རྣམས་དམ་པའི་ཆོས་ཀྱི་འཇུག་སྒོ་སྐྱབས་སྡོམ་ཞུ་བ་ནི་ཤིན་ཏུ་ལེགས་སྟེ། དེའི་རྒྱུ་མཚན་ནི། རྒྱལ་སྲས་ཞི་བ་ལྷས་ཞལ་སྔ་ནས། དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །ཞེས་སོགས་ནས། སྐྱབས་འགྲོ་རྣམ་པར་དག་པའི་རྨང་གཞི་བརྟན་པོ་ཞིག་གལ་ཆེ་བས་དེ་ལྟར་བྱེད་དགོས་༼ཞེས་པའི་བར་སྔར་ལྟར༽པ་ཡིན་པས་ན། སྐབས་འདིར་ཁྱེད་རྣམས་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་དེ་འབོག་པར་བྱེད་པ་ལ། མདུན་གྱི་སྐུ་རྟེན་འདི་དག་དང་དབྱེར་མེད་དུ་སེང་ཁྲི་པད་མ་དང་ཟླ་བའི་གདན་ལ་བསྟན་པའི་བདག་པོ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་ཞབས་རྡོ་རྗེ་སྐྱིལ་དཀྲུང་གིས་བཞུགས་པ། ཕྱག་གཡས་ས་གནོན་དང༌། གཡོན་མཉམ་བཞག་གི་སྟེང་ན་ལྷུང་བཟེད་འཛིན་པ་འོད་དང་འོད་ཟེར་འཕྲོ་བ། འཁོར་གནས་བརྟེན་བཅུ་དྲུག་སོགས་ཐེག་པ་ཆེ་ཆུང་གི་དགེ་འདུན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པར་མོས་ཤིག རང་ཉིད་ཀྱི་ཐལ་མོ་སྙིང་ཀར་སྦྱར་སྟེ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་པ་ནས། གཤེགས་སུ་གསོལ། །ཞེས་སྤྱན་འདྲེན་དང༌། ཡན་ལག་བདུན་པ་བྱ་ལ། དེ་ནས་སློབ་དཔོན་གྱིས། ད་ཁྱེད་རང་རྣམས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་དང༌། སློབ་དཔོན་དང་བཅས་པའི་དྲུང་ནས་དུས་ད་ནས་བཟུང་སྟེ་ཇི་སྲིད་༼བྱང་ཆུབ་མ་ཐོབ་ཀྱི་༼ཐེག་དམན་གྱི་སྐབས་འཚོའི་༽བར་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ཞུས་སྟེ་བདག་དང་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་པར་བྱ་སྙམ་པའི་འདུན་པ་རྩེ་གཅིག་གི་སྒོ་ནས། སྟོན་པ་དང་སློབ་དཔོན་ལ་ཕྱག་གསུམ་འཚོལ་ཅིག ཕྱག་གསུམ་འཚལ་དུ་བཅུགའོ་སྐྱབས་འགྲོ་ནི་སྡོམ་པ་ཐམས་ཅད་ཀྱི་སྒོ་ཡིན་པས། སྐྱབས་སུ་འགྲོ་ཚུལ་དུས་ད་ནས་བཟུང་སྟེ་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སྟོན་པ་པོ་དང༌། ཞི་བ་དམ་པའི་ཆོས་ལ་སྐྱབས་དངོས་དང༌། དགེ་འདུན་དཀོན་མཆོག་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་བྱེད་སྙམ་པའི་སྒོ་ནས་འདི་རྗེས་ཟློས་མཛད་ཅིག སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་༼བྱང་ཆུབ་མ་ཐོབ་ཀྱི་༼འཚོའི་༽བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་༼བྱང་ཆུབ་མ་ཐོབ་ཀྱི་༼འཚོའི་༽བར་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་བཙུན་པའི་བཟུང་དུ་གསོལ། དེ་ལྟར་རྗེས་ཟློས་ལན་གཅིག་སོང་ད་ལན་གཉིས་པའི་རྗེས་ཟློས་མཛོད། སྔར་ལྟར་རྗེས་ཟློས་བྱ། གཉིས་པ་སོང་བའི་རྗེས་སུ་གསུམ་པ་འདི་ལ་སྐྱབས་བརྗོད་བདག་བརྗོད་གཞན་བརྗོད་གསུམ་དུ་ཡོད་ཅིང༌། དགེ་འདུན་ལ་སྐྱབས་སུ་མཆིའོ་ཡན་ཆད་སྐྱབས་བརྗོད། བདག་ཇི་སྲིད་འཚོའི་བར་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་ཞེས་པ་བདག་བརྗོད་པ་ཡིན་ལ། བདག་བརྗོད་དགེ་བསྙེན་དུ་ཞེས་པའི་རྗེས་ཟློས་རྫོགས་པ་དང་ཁྱེད་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་སྐྱེ། ངེད་ཁྱེད་ཀྱི་སློབ་དཔོན་དུ་གྱུར་པ་ཡིན་བས་དེ་དུས་སྡོམ་པ་ཐོབ་པར་ཤེས་པ་དང༌། བཙུན་པ་ལས་གཞན་སློབ་དཔོན་གྱིས་བཟུང་དུ་གསོལ། ཞེས་བརྗོད་དགོས་པས་དེ་ཡིད་ལ་ཞོག་ལ་ལན་གསུམ་པའི་རྗེས་ཟློས་མཛོད། བཙུན་པ་དགོངས་སུ་གསོལ། ནས། དགེ་བསྙེན་དུ་སློབ་དཔོན་གྱིས་བཟུང་དུ་གསོལ། དེ་ནས་སློབ་དཔོན་གྱིས། ཐབས་ཡིན་ནོ། །ཞེས་བརྗོད། སློབ་མས། ལེགས་སོ། །བརྗོད། ད་ཁྱེད་རྣམས་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ལེགས་པར་ཐོབ་པ་ཡིན་པས། དེང་ཕྱིན་ཆད་སྐྱབས་འགྲོའི་བསླབ་པ་རྣམས་ཚུལ་བཞིན་དུ་བསྲུང་དགོས་པ་ཡིན་ནོ། །དེ་ནས་བསླབ་བྱ་དང་ཕན་ཡོན་རྣམས་སྔར་ལྟར་བརྗོད་པར་བྱའོ། །

སྨྲས་པ། སྐྱབས་གནས་ཀུན་འདུས་སངས་རྒྱས་ངོ་བོ་ཉིད། །འགྲོ་རྣམས་བརྩེ་བའི་བདག་ཉིད་ཟླ་བྲལ་བ། །བཀའ་དྲིན་གསུམ་ལྡན་བླ་མ་རིན་པོ་ཆེས། །ད་དུང་བྱང་ཆུབ་བར་དུ་བརྩེ་བས་སྐྱོངས། །གང་ཐུགས་བྱམས་བརྩེའི་ག་བུར་གཟེགས་མ་ཡིས། །སྲིད་པའི་ཚ་གདུང་རྒུད་པ་ཞི་བྱེད་པའི། །སྐྱབས་གནས་དམ་པ་རྗེ་བཙུན་ཀུནྡའི་གཉེན། །ལུས་ཅན་སྤྱི་བོའི་གཙུགས་ན་མཛེས་གྱུར་ཅིག །མི་ཟད་འཁོར་བའི་འཇིགས་པའི་ནགས་ཀླུང་དུ། །ལས་ཉོན་གཅན་གཟན་གདུག་པས་གཟིར་བ་རྣམས། །དཀོན་མཆོག་གསུམ་གྱི་ཐུགས་རྗེའི་མཛེས་ལྗོངས་སུ། །འཇུག་པའི་ལམ་བཟང་ལེགས་པར་བསྟེན་པ་གཅེས། །འདིར་འབད་རྣམ་དཀར་དགེ་ཚོགས་ཇི་སྙེད་ཀྱིས། །མ་རྒན་འགྲོ་རྣམས་དཀོན་མཆོག་རྗེས་འཛིན་ཅིང༌། །རྒྱལ་བསྟན་སྙིང་པོ་ཚུལ་བཞིན་སྒྲུབ་པ་ཡིས། །སྟོན་པ་མཆོག་དེའི་གོ་འཕང་མྱུར་ཐོབ་ཤོག །ཅེས་བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་རྣམ་བཤད་མ་ནོར་ལམ་བཟང་གསལ་བའི་ཉི་མ་ཞེས་བྱ་བ་འདི་ནི་ལས་དང་བོ་བ་འགའ་ཞིག་ལ་ཕན་སྲིད་སྙམ་དུ་བཙུན་པ་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པའོ། །འདིས་ཀྱང་འགྲོ་རྣམས་བསྟན་པ་ལ་འཇུག་སྟེ་ཐར་བའི་ལམ་བཟང་རྙེད་པར་གྱུར་ཅིག ། སརྦ་མངྒ་ལམ།། །།


no previousབསྟན་པའི་འཇུག་སྒོ་སྐྱབས་འགྲོའི་རྣམ་བཤད་མ་ནོར་ལམ་བཟང་གསལ་བའི་ཉི་མ།next