Nitartha Digital Library
Tibetan
གསུང་འབུམ་པོད་བཅུ་གཉིས་པ། འདུལ་སྔགས།

17 occurrences of གཡོན་རུ་
[Clear Hits]


 expand section
 expand section
 expand section
 expand section
 expand section
17  expand section
 expand section
 expand section
  
 collapse section
མཆོད་རྟེན་ཀྱི་ཕན་ཡོན་དཔག་བསམ་ལྗོན་ཤིང་།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


17 occurrences of གཡོན་རུ་
[Clear Hits]

 
previousམཆོད་རྟེན་ཀྱི་ཕན་ཡོན་དཔག་བསམ་ལྗོན་ཤིང་།next

མཆོད་རྟེན་ཀྱི་ཕན་ཡོན་དཔག་བསམ་ལྗོན་ཤིང་།

མཆོད་རྟེན་ཀྱི་ཕན་ཡོན་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། །

ཕུལ་བྱུང་ཐུགས་བསྐྱེད་སྨོན་ལམ་རྩ་བ་བརྟན། །བསྐལ་མང་བསོད་ནམས་དཔལ་གྱི་འདབ་སྟོང་བཞད། །སྤངས་རྟོགས་ལོ་འདབ་འབྲས་བཟང་གཡུར་དུ་ཟ། །ཐུབ་དབང་པད་མ་དཀར་པོས་དགེ་ལེགས་སྩོལ། །མ་ལུས་སྐྱེ་དགུའི་བསོད་ནམས་གསོག་པའི་ཞིང༌། །སྲིད་ཞིའི་ཕུན་ཚོགས་མཐའ་དག་འབྱུང་བའི་གནས། །ཕྱི་ནང་གཞན་གསུམ་དུས་འཁོར་མཚོན་བྱེད་མཆོག །ལེགས་པར་བཞེངས་པའི་ཕན་ཡོན་མདོར་བསྡུས་བརྗོད། །དེ་ཡང་ལྷར་བཅས་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཚོགས་གཉིས་གསོག་པའི་ཞིང༌། འཕྲལ་ཡུན་ཕན་བདེ་མ་ལུས་འབྱུང་བའི་གནས། སྐྱབས་དང་དད་པའི་ཡུལ་དུ་དཀོན་མཆོག་གི་རྟེན་གང་ཡིན་ཡང་བཞེངས་པ་དང་བསྙེན་བཀུར་རིམ་གྲོ་ཕྱག་བསྐོར་སོགས་བྱས་པ་སྤྱིར་བཟང་ཞིང༌། ཁྱད་པར་དུ་མཆོད་རྟེན་བཞེངས་པ་དང་དེ་ལ་བསྙེན་བཀུར་སོགས་བྱས་པ་ལྷག་ཏུ་བཟང་བའོ། །རྒྱུ་མཚན་མཆོད་རྟེན་ནི་སྐུ་གསུང་ཐུགས་རྟེན་གསུམ་གྱི་ནང་ནས་ཐུགས་རྟེན་ཡིན་པར་གསུངས་པ་དང༌། །ཡང་སྐུ་གསུམ་གྱི་ནང་ནས་གཙོ་བོ་ཆོས་སྐུའི་རྟེན་ཡིན་ཏེ། ལུང་ཞུ་བའི་འགྲེལ་པ་ལས། མཆོད་རྟེན་གྱི་གནས་ནི་ཆོས་ཀྱི་སྐུ་སྟེ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་བདག་ཉིད་དྲན་པ་ཉེར་བར་བཞག་པ་དང༌།རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཡན་ལག་དང༌། མཁྱེན་པ་དང༌། སྟོབས་དང༌། ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་གཟུགས་བརྙན་ཉིད་དུ་བསླབ་པ་ཡིན་པའི་ཕྱིར་རོ། །ཞེས་ཐུགས་ཟག་མེད་ཡེ་ཤེས་ཆོས་སྐུའི་མཚོན་བྱེད་ཡིན་པ་གསལ་བར་གསུངས་པ་དང༌། བྱམས་མགོན་དང་ཀླུ་སྒྲུབ་སོགས་ཀྱིས་ཀྱང་དེ་བཞིན་དུ་གསུངས་སོ། །གཞན་ཡང་དགེ་བའི་རྩ་བ་ཡོངས་སུ་སྡུད་པའི་མདོ་ལས། གསལ་རྒྱལ་གྱིས་ཞུས་པ་དྲི་མེད་རྣམ་པ་གཉིས། པད་དཀར་རྣམ་གསུམ། འཇམ་དཔལ་རྩ་རྒྱུད་སོགས་ལས་མཆོད་རྟེན་གྱི་ཕན་ཡོན་ཆེ་བར་གསུངས་པ་བཞིན། མཆོད་རྟེན་བཞེངས་པ་དང་དེ་ལ་བསྙེན་བཀུར་སོགས་བྱས་ན་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བའི་ཕྱིར་ཕན་ཡོན་ཅན་གྱི་མཆོད་རྟེན་བཤད་པ་ལ། ༈སྤྱིར་མཆོད་རྟེན་ཞེས་པའི་ཐ་སྙད་དང་ལོ་རྒྱུས་ཇི་ལྟར་དར་ཚུལ་ལས་བརྩམས་ནས་མཆོད་རྟེན་གྱི་དབྱེ་བ་བསྟན་པ་དང༌། མཆོད་རྟེན་བཞེངས་བའི་ཕན་ཡོན་གཉིས་ལས། དང་པོ་ནི། མཆོད་རྟེན་ཞེས་པའི་ཐ་སྙད་ནི། སཾསྐྲྀཏའི་སྐད་དུ་ཙཻཏྱཾ་ཞེས་པ་བོད་སྐད་དུ་མཆོད་རྟེན་སྟེ། མཆོད་པའི་ཞིང་ངམ་རྟེན་གྱི་དོན་ཡིན་པར་གསུངས་སོ། །སྔོན་གྱི་མཆོད་རྟེན་དང་དེའི་དབྱེ་བ་ནི། གཟུངས་འཇུག་འཁྲུལ་སྤོང་ལས། རང་བཞིན་ལྷུན་གྲུབ་མཆོད་རྟེན།བླ་ན་མེད་པའི་མཆོད་རྟེན། བྱིན་གྱིས་རླབས་པའི་མཆོད་རྟེན། དངོས་གྲུབ་འབྱུང་བའི་མཆོད་རྟེན། ཐེག་པ་སོ་སོའི་མཆོད་རྟེན་དང་ལྔར་གསུངས་པ་ལས། དང་པོ་ནི། དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་ལས། དེ་ལྟར་ངེས་པར་འཇིག་རྟེན་ཁམས་ནི་མཐའ་དག་རྒྱལ་བའི་སྐུ་སྟེ་འཁོར་ལོ་མཆོད་རྟེན་རང་བཞིན་ཡིན་ནོ། །ཞེས་དང༌། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས། ལྷུན་པོ་དང་འཇིག་རྟེན་གྱི་ཁམས་ནི་མཐའ་དག་རྒྱལ་བའི་སྐུ་སྟེ་མཆོད་རྟེན་གྱི་དངོས་པོ། ཞེས་སོགས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་རྩ་འགྲེལ་ལས་གསལ་བ་ལས་དུས་འཁོར་གྱི་མཆོད་རྟེན་གྱི་མཚོན་དོན་ནི། ཕྱི་དུས་ཀྱི་འཁོར་ལོ་ཉི་ཟླ་གཟའ་སྐར་སོགས་ཕྱི་སྣོད་ཀྱི་འཇིག་རྟེན་དང༌། ནང་དུས་ཀྱི་འཁོར་ལོ་ཁམས་དྲུག་ལྡན་གྱི་སྐྱེས་བུའི་རྩ་རླུང་ཐིག་ལེ་དང་སྐྱེ་འཆི་བར་དོ་སོགས་རྡོ་རྗེ་ལུས་ཀྱི་གནས་ཚུལ་དང༌། གཞན་དུས་ཀྱི་འཁོར་ལོ་ནི། དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་གསུམ་གྱི་རྟེན་བརྟེན་པའི་དཀྱིལ་འཁོར་སོགས་གསང་བ་ལམ་བསྐྱེད་རྫོགས་དང༌། ཡང་གསང་དོན་དམ་པའི་བདེ་གཤེགས་སྙིང་པོའི་སྐུ་གསུང་སོགས་མཚོན་པ་སོགས་ཡིན་པར་གསུངས་ལ་འདིར་དེ་ཙམ་ལས་མ་སྤྲོས་སོ། །གཉིས་པ་ནི། ཐིག་ལེ་དབང་གི་རྒྱུད་ལས། ཤར་དུ་བྱམས་པ་རྡོ་རྗེ་བརྩེགས། །ལྷོ་རུ་སྙིང་རྗེ་རིན་ཆེན་བརྩེགས། །ནུབ་ཏུ་དགའ་བ་པདྨ་བརྩེགས། །བྱང་དུ་བཏང་སྙོམས་རྒྱ་གྲམ་བརྩེགས། །ཞེས་ཚད་མེད་བཞིས་རིགས་བཞི་གྲུབ་ཚུལ་དང་སྦྱར་ནས་མཆོད་རྟེན་ཡིན་པར་གསུངས་སོ། ། གསུམ་པ། འཁོར་ལོ་འབྱུང་བའི་རྒྱུད་ལས། བྱིན་རླབས་སྐུ་གདུང་ཆ་བརྒྱད་གླིང་བཞིར་སྣང༌། །ཞེས་པས་བྱིན་རླབས་སྐུ་གདུང་ཆ་བརྒྱད་གླིང་བཞིར་ཡོད་ཚུལ་གསུངས་པ་དང༌། བཞི་པ་ནི། སྔོན་ཧེ་རུ་ཀས་དྲག་པོ་བཏུལ་བའི་ཚེ་ཡུལ་ཆེན་པོ་བརྒྱད་ཀྱི་དུར་ཁྲོད་དུ་མ་མོ་ཆེན་མོ་བརྒྱད་ཀྱི་དངོས་གྲུབ་འབྱུང་བའི་མཆོད་རྟེན་རེ་རེ་བྱུང་བ་ནི། མ་ག་དྷར་མཆོད་རྟེན་བདེ་བྱེད། སིངྒ་ལར་རི་བོ་ཏ་ལ། བལ་པོར་བྱ་རུང་ཁ་ཤོར། སཱའ་ལའང་གྱད་ཡུལ་དུ་གོ་མ་སཱ་ལ། ལི་ཡུལ་དུ་འགེའུ་དེ་ཤན། ཁ་ཆེའི་ཡུལ་དུ་ཀ་ནི་ཀ ཨོ་རྒྱན་དུ་དྷརྨ་ཙཀྲ། ཟ་ཧོར་དུ་བདེ་སྤྱོད་གཞོན་ནུའི་མཆོད་རྟེན་དང་བརྒྱད་ཡོད་པར་བདུད་རྩི་ཆེན་པོ་མཆོག་གི་རྒྱུད་བམ་པོ་སོ་བཞི་པ་ལས་གསུངས་སོ། །ལྔ་པ་ཐེག་པ་སོ་སོའི་མཆོད་རྟེན་ལ་དབྱེ་ན་གསུམ་ལས།དང་པོ། ཆོས་གོས་བཞི་བལྟབ་ཀྱི་སྟེང་དུ་ལྷུང་བཟེད་ཁ་སྦུབ་པ་ལ་འཁར་གསིལ་བཙུགས་པའི་དབྱིབས་ཅན་ཉན་ཐོས་ཀྱི་མཆོད་རྟེན། རྨང་གྲུབ་བཞི་པའི་སྟེང་དུ་ངོས་གྲུ་བཞི་བང་རིམ་ཟླུམ་པོ་བཅུ་གཉིས་པ་འཁོར་ལོ་རྩིབས་བརྒྱད་པ་ཅན་རང་རྒྱལ་གྱི་མཆོད་རྟེན། དེ་བཞིན་གཤེགས་པའི་སྐུ་གདུང་ཆ་བརྒྱད་དུ་བགོས་པའི་མཆོད་རྟེན་ལ་སོགས་པ་ནི་ཐེག་ཆེན་གྱི་མཆོད་རྟེན་དུ་བཞེད་པ་དང༌། ཀླུ་སྒྲུབ་ཀྱིས་ལྷུང་བཟེད་ཁ་སྦུབས་པ་ལྟ་བུའི་མཆོད་རྟེན་གསུམ་གསུངས་པ་དང༌།ཡང་རྒྱུད་སྡེ་སོ་སོའི་མཆོད་རྟེན་ལ། དམ་པ་དང་པོའི་སངས་རྒྱས་ཀྱི་ཡེ་ཤེས་ལེའུ་ལས་གསུངས་པ་སོགས་བླ་མེད་སྤྱི་དང་གཉིས་སྐོར་རོ། །རྡོ་རྗེ་བཀོད་པ་སོགས་རྣལ་འབྱོར་རྒྱུད་སྐོར་ལ་སོགས་ལས་བྱུང་བའི་མཆོད་རྟེན་དུ་མ་ཡོད་དོ། །

གཉིས་པ་མཆོད་རྟེན་བཞེངས་བའི་ཕན་ཡོན།

གཉིས་པ་མཆོད་རྟེན་བཞེངས་བའི་ཕན་ཡོན་ནི།

དཔལ་དུས་ཀྱི་འཁོར་ལོའི་མཆོད་རྟེན་བཞེངས་བའི་ཕན་ཡོན་དང་འབྲེལ་ནས་སྤྱིར་མཆོད་རྟེན་བཞེངས་པའི་རྣམ་དཀར་གྱི་དགེ་ཚོགས་ཀྱི་ཕན་ཡོན་མཐའ་ཡས་པ་ཡོད་དེ། རྨད་དུ་བྱུང་བའི་མདོ་ལས། འཛམྦུའི་གླིང་དཔག་ཚད་བདུན་སྟོང་ཡོད་པ་དང༌།ལུས་འཕགས་གླིང་དཔག་ཚད་བརྒྱད་སྟོང་ཡོད་པ་དང༌།བ་ལང་སྤྱོད་དཔག་ཚད་དགུ་སྟོང་ཡོད་པ་དང༌། སྒྲ་མི་སྙན་དཔག་ཚད་སྟོང་ཕྲག་བཅུ་པ་དང༌། ལྷའི་དབང་པོའི་ཁང་བཟང་རྣམ་པར་རྒྱལ་བྱེད་རྣམས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། དད་པས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རྒྱུན་དུ་ཞུགས་པ་དང༌། ལན་གཅིག་ཕྱིར་འོང་བ་རྣམས་དང༌། ཕྱིར་མི་འོང་བ་རྣམས་དང༌།དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་རྣམས་དང༌། ཕྱོགས་བཅུའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་རའི་འབྲུ་ཙམ་བྱས་ལ། ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཀུག་གི་ལོ་ཙམ་གྱི་གདུགས་གསོལ་ནས།ནས་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་བས་བསོད་ནམས་ཆེའོ་ཞེས་ང་སྨྲ་འོ། །ཞེས་དང༌། དམ་པའི་ཆོས་པདྨ་དཀར་པོའི་ཐབས་མཁས་པའི་ལེའུ་གཉིས་པ་ལས། རྒྱལ་བ་མྱ་ངན་འདས་པ་དེ་དག་གི །རྒྱལ་བའི་རིང་བསྲེལ་དག་ལ་སུས་མཆོད་ཅིང༌། །རིན་ཆེན་མཆོད་རྟེན་སྟོང་ཕྲག་དུ་མ་དང༌། །གསེར་དང་དངུལ་དང་འོན་ཏེ་ཤེལ་གྱིའམ། །རྡོ་ཡི་སྙིང་པོ་མཆོད་རྟེན་གང་གིས་བྱས། །བཻཌཱུརྱ་མཆོག་དེ་བཞིན་ཨིནྡྷ་རྙིལ། །ལ་ལས་མུ་ཏིག་ཀེ་ཀེ་རུ་ལས་བྱས། །དེ་དག་གིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །གང་གིས་མཆོད་རྟེན་རྡོ་ལས་བྱས་པ་དང༌། །གང་གི་ཨ་ཀ་རུ་དང་ཙན་དན་ནམ། །གང་གི་ཐང་ཤིང་མཆོད་རྟེན་བྱས་པ་དང༌། །ལ་ལས་ཤིང་མང་གཞན་ལས་བྱས་པ་དང༌།ས་དང་སོ་ཕག་ལས་ནི་བརྩེགས་པ་ཡི། །རྒྱ་བའི་མཆོད་རྟེན་དགའ་བཞིན་བྱས་པ་དང༌། །དེ་ཕྱིར་ས་རྡུལ་ཕུང་པོ་དག་ལས་ཀྱང༌། །མྱ་ངན་དགོན་པ་དག་ཏུ་བྱས་པ་དང༌། །བྱིས་པ་རྩེད་མོར་དགའ་དང་དེ་དག་ཏུ། །གང་གི་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག༌། །བྱེ་མ་ལས་ནི་ཕུང་པོ་བྱས་པ་ཡང༌། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང༌། ས་ཡི་སྙིང་པོ་འཁོར་ལོ་བཅུ་པ་ལས། སྟོང་གསུམ་གང་བའི་དགྲ་བཅོམ་པ་རྣམས་ཀྱི་བཀྲོལ་ཏེ་བསྙེལ་ཏེ་བཀུར་བ་བས།སངས་རྒྱས་ཀྱི་རིང་བསྲེལ་གྱི་ཕྱིར་མཆོད་རྟེན་བརྩེགས་པ་བསོད་ནམས་མང་བར་གསུངས། ལས་རྣམ་པར་འབྱེད་པའི་མདོར། རྒྱལ་པོའི་རིགས་སུ་སྐྱེ་བ་ནས་མྱ་ངན་ལས་འདས་པའི་བར་གྱི་ཕན་ཡོན་བཅོ་བརྒྱད་གསུངས་པ་བཞིན། གནས་སྐབས་མཐར་ཐུགས་གཉིས་ཀའི་ཕན་ཡོན་དང༌།དེ་བཞིན་དུ་དགྲ་ལས་རྒྱལ་བ། ལུས་རྒྱས་པ། ལོངས་སྤྱོད་འཕེལ་བ་སོགས་ཚེ་འདིར་མཐོང་ཆོས་ཀྱི་ཕན་ཡོན་ཡང་དུ་མ་ཡོད་དེ། གསལ་རྒྱལ་གྱིས་ཞུས་པ་ལས། ཐུབ་པའི་དབང་པོའི་མཆོད་རྟེན་བཞེངས་པ་ཡིས། །མྱ་ངན་རྣམས་བསལ་ལུས་ཀུན་རྒྱས་པ་དང༌། །གཙོ་བོར་གྱུར་པ་རིན་ཆེན་མཛོད་མང་དང༌། །ས་སྟེང་དགྲ་ཡི་ཚོགས་ལས་རྒྱལ་བར་འགྱུར། །ཞེས་དང༌། དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོའི་བམ་པོ་བཅོ་ལྔ་པ་ལས༌། གང་ཞིག་ལམ་གྱི་བཞི་མདོག་ནི། །འཇིག་རྟེན་མཆོད་པའི་མཆོད་རྟེན་བྱེད། །དེ་ཡི་གྲགས་པ་འཕེལ་བར་འགྱུར། །ཕན་ཚུན་དུ་ནི་རྩོད་པ་ཡི། །ཉན་ཐོས་བྱེ་བ་རྣམས་མཐོང་ནས། །གཅིག་ལ་གཅིག་ནི་བཟོད་གསོལ་ཏེ། །དེ་དག་རྣམས་ནི་མཐུན་བྱེད་པ། །དགེ་བའི་རྩ་བ་དེ་ཡིས་སུ། །མི་འཇིགས་དཔལ་བོར་འགྱུར་བ་ཡིན། །སྲེད་མེད་བུ་ལྟར་འཁྲིགས་པ་ཡི། །ལུས་ནི་མངོན་པར་གྲུབ་པ་ཡིན། །ཞེས་འཁྲུགས་རྩོད་སོགས་ཉེར་འཚེ་ཐམས་ཅད་ཞི་བར་གསུངས་པ་སོགས་གནས་སྐབས་ཀྱི་ཕན་ཡོན་དང་དེ་བཞིན་སངས་རྒྱས་ཀྱི་གོ་འཕང་སོགས་མཐར་ཐུག་གི་ཕན་ཡོན་དཔག་དུ་མེད་པ་ཐོབ་ཚུལ་ནི། གསལ་རྒྱལ་གྱིས་ཞུས་པ་ལས། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམ་པ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་ཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་མྱང་ནས་སུ། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་འཐོབ། །ཞེས་གསུངས་པ་བཞིན། མཆོད་རྟེན་རྗོགས་པར་བཞེངས་པ་ལ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་ཡོད་པ་མ་ཟད་དེའི་ནང་དུ་འཇིམ་གོང་གཅིག་ཙམ་ཞིག་འཇོག་པ་དང་སྲོག་ཤིང་ཙམ་འཛུགས་པ་ཡང་ཕན་ཡོན་ཤིན་ཏུ་ཆེ་ཚུལ།ལུང་གཞི་ལས། གང་ཞིག་རབ་དྭངས་སེམས་ཀྱིས་སངས་རྒྱས་ཀྱི། །མཆོད་རྟེན་ལ་ནི་འཇིམ་གོང་འཇོག་བྱེད་ན། །ཛམྦུ་ཆུ་བོའི་གསེར་གྱི་གར་བུ་ནི། །སྟོང་ཕྲག་བརྒྱས་ཀྱང་དེ་དང་མཉམ་པ་མིན། །ཞེས་དང༌། རྒྱལ་པོ་གསལ་རྒྱལ་ལ་ཚིགས་སུ་བཅད་པའི་མདོ་ལས། ཐུབ་དབང་མཆོད་རྟེན་བྱེད་པའི་མི་རྣམས་ལ། །མྱ་ངན་ཡོངས་མེད་ལུས་ཀུན་བརྟན་པ་དང༌། །ལོངས་སྤྱོད་མཆོག་ལྡན་རིན་ཆེན་མཛོད་མང་ལྡན། །དགྲ་ཡི་ཚོགས་རྣམས་ཀྱང་ནི་ཐུབ་པར་འགྱུར། །རྒྱལ་བའི་མཆོད་རྟེན་སྲོག་ཤིང་ཕུལ་བ་ཡིས། །ཆོས་དང་རྗེས་མཐུན་ཆོས་ལ་སྒྲུབ་པ་དང༌། །ཚུལ་ཁྲིམས་ཐོས་དང་བཟོད་པའི་མཆོག་དང་ལྡན། །འཇིག་རྟེན་དག་ན་དོན་ཀུན་གྲུབ་པར་འགྱུར། །མཆོད་རྟེན་མཆོག་ལ་གདུགས་བརྩེགས་ཕུལ་བ་ཡིས། །ལྷ་དང་མི་ཡི་ནང་ན་སྐྱེ་བ་དང༌། །སྲེད་མེད་བུ་ཡི་ལུས་འདྲ་ལུས་ཀུན་བརྟན། །བཀུར་སྟི་བྱ་བའི་ཡོན་ཏན་ལྡན་པར་འགྱུར། །ཐུབ་དབང་མཆོད་རྟེན་རྡོ་ཐལ་བྱུགས་པ་ཡིས། །ལྷ་མིའི་འཇིག་རྟེན་དག་ན་ཚེ་རིང་ཞིང༌། །ལུས་སེམས་ནད་དང་མྱ་ངན་བྱེད་སྤངས་ཏེ། །རྟག་ཏུ་སྐྱིད་ཅིང་ནོར་གྱིས་ཕྱུག་པར་འགྱུར། །གསེར་དངུལ་སྤ་བའི་གླེགས་མས་གཡོག་པ་ཡི། །ཐུབ་པའི་དབང་པོའི་མཆོད་རྟེན་བྱས་པ་ཡིས། །མི་རྣམས་སྲིད་པའི་ཁྱད་པར་གཞན་དག་ཏུ། །ལུས་མཁྲེགས་འོད་ཀྱང་འབར་ཞིང་མཛེས་པར་འགྱུར། །ཞེས་དང༌། སློབ་དཔོན་དཔའ་བོས། བདེ་བར་གཤེགས་པའི་མཆོད་རྟེན་ལ། །དགའ་བས་སྲོག་ཤིང་འཛུགས་བྱེད་ཅིང༌། །གདུགས་དང་དྲིལ་བུ་རྣམས་དང་ནི། །གདུགས་ཀྱི་ཕྲེང་བ་འབུལ་བྱེད་པ། །དེ་དག་མིར་ནི་རྒྱ་ཆེ་ཞིང། །དཔལ་ནྀ་ཕུན་སུམ་ཚོགས་པ་ཐོབ། །མིར་གྱུར་པ་ནི་མ་ལུས་པའི། །བདག་པོ་ཉིད་ནི་སྟོབས་དང་ལྡན། །དཔུང་རྒྱན་མུ་ཏིག་རྒྱན་ལྡན་པ། །ས་རྣམས་སྦྱིན་པར་བཏང་བ་ལས། །ཡིན་པ་རུ་ནི་མཁས་པས་འཆད། །མཆོད་རྟེན་དང་ནི་རྒྱལ་བ་ཡི། །སྐུ་མཆོག་རྣམས་ནི་བཞེངས་བྱེད་པ། །གདུགས་ལྡན་སྐུ་གདུང་འཛུག་བྱེད་པ། །མཐོ་རིགས་ཡང་དག་འདིར་ཐོབ་ནས། །མི་རྣམས་ཀྱིས་ཀྱང་བསྟོད་པར་འགྱུར། །ཞེས་དེ་ལྟར་སྔར་མེད་པའི་ས་ཕྱོགས་སུ་མཆོད་རྟེན་ཡོངས་རྗོགས་དང༌། ཆ་ཤས་ལག་འབྲེལ་ཙམ་དང་དེས་གྲོགས་བྱེད་པ་ལ་ཕན་ཡོན་ཆེ་བར་མ་ཟད། སྔར་ཡོད་ཞིག་གསོ་བྱེད་པ་དང་གས་ཆགས་བསུབ་པ་ཙམ་སྐུ་དཀར་དང་ཚོན་མདངས་གསལ་བ་ཙམ་བྱས་ན་ཕན་ཡོན་ཆེ་ཚུལ།དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། ཤྭ་ར་དྭ་ཏིའི་འདི་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མཆོད་རྟེན་ཞིག་པ་མཐོང་ནས་བཅོས་པའི་ཕྱིར་སྤྲོ་བར་བྱེད་ཅིང༌།ཐ་ན་འཇིམ་པའི་གོང་བུ་གཅིག་ཙམ་ཏང་བར་བརྩིགས་པར་བྱེད་པ་ཡིན། ཞེས་པ་ནས། ལྷ་ཡུལ་དུ་མངོན་པར་འཛེགས་པར་བྱེད་པའི་དེ་བཞིན་གཤེགས་པའི་མཆོད་རྟེན་བརྩེགས་པར་བྱེད་པ་ཡིན། ཞེས་པའི་བར་གསུངས་པ་དང༌། ཡང་དེ་ཉིདལས། སངས་རྒྱས་མཆོད་རྟེན་མཐོང་ནས་སུ། །ཞིག་པ་ཕྱིར་ནི་བཅོས་པར་བྱ། །དེ་ཕྱིར་སྟོབས་ནི་ཆེ་བ་དང༌། །ལུས་ཆེ་བ་དང་མི་འཇིགས་འགྱུར། །ཞེས་དང༌། དོན་རྣམ་པར་ངེས་པའི་མདོ་ལས། དེ་བཞིན་གཤེགས་པའི་སྐུ་སྲེད་མེད་ཀྱི་བུ་ཆེན་པོ་ལྟ་བུར་ཀུན་ཏུ་མཛེས་པ་འདི་ནི་སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་པ་དང༌། མཆོད་རྟེན་ཞིག་པ་བཅོས་པ་དང༌། གཞན་དག་འཇིགས་པ་དབུགས་དབྱུང་བ་བྱས་པས་འགྲུབ་ཅེས་གསུངས་པ་དང༌། བྱ་བའི་རྒྱུད་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པའི་སྣང་ལས། མཆོད་རྟེན་གྱི་ལས་བྱས་ན་ཚེ་ཟད་པ་ལས་སླར་ནུར་ཏེ་ཚེ་རིང་པོར་སྦྱོང་པར་བྱེད་དོ། །གལ་ཏེ་ཤི་འཕོས་ན་ཡང་སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་བ་མཉམ་པས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །ཕྱིད་ཆད་སེམས་ཅན་དམྱལ་བ་དང༌།དུད་འགྲོ་དང༌། གཤིན་རྗེའི་རྟེན་དང༌། ངན་འགྲོར་འགྲོ་ཞིང་སྐྱེ་བར་མི་འགྱུར་རོ། །ཕྱིན་ཆད་སེམས་ཅན་དམྱལ་བའི་སྒྲ་རྣ་ལམ་དུ་གྲག་པར་མི་འགྱུར་ན། འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ལྟ་སྨོས་ཏེ་གནས་མེད་དོ། །ཞེས་དང༌། ཤེས་པ་ཐམས་ཅད་མཐར་ཕྱིན་པར་གྲུབ་པའི་མཆོད་རྟེན་གྱི་གཟུངས་ལས། འབྱུང་བ་ཆེན་པོ་གང་ལ་མཆོད་རྟེན་བཏབ་ཀྱང་བསྐལ་པ་དཔག་ཏུ་མེད་པ་ཐམས་ཅད་ཀྱི་སྒྲིབ་པའི་དྲི་མ་དག་ནས། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེས་ནས་ས་བཅུ་རིམ་གྱིས་བགྲོད་དེ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པར་འགྱུར་རོ། །གསེར་དང་དངུལ་དང་བཻཌཱུརྱ་ལ་སོགས་པ་ལ་མཆོད་རྟེན་བཏབ་ན། དེ་གདོན་མི་ཟ་བར་རྒྱལ་རིགས་ཤིང་སཱ་ལ་པ་ཆེན་པོ་ལྟ་བུར་སྐྱེས་ནས་རྡོ་རྗེ་འཛིན་པའི་ས་ཐོབ་པར་འགྱུར་རོ། །ཞེས་སོགས་གསུངས་པ་བཞིན་བྱང་ཆུབ་ཀྱི་སེམས་དང་དད་གུས་སོགས་བྱས་ན་ལྟ་ཅི། མ་ཟད་རྩེད་མོ་བཞད་གད་བྱེད་པའི་སྒོ་ནས་འཇིམ་པ་སོགས་ལས་མཆོད་རྟེན་བྱེད་ན་དེས་ཀྱང་མཐར་ཐུག་སངས་རྒྱས་ཐོབ་པ་སོགས་ཕན་ཡོན་རྒྱ་ཆེར་གསུངས་ཏེ། འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་བསྟན་པའི་མདོ་ལས། གང་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་བཞད་གད་དམ། ཀུ་རེའམ་བྱིས་པའི་ཀྱལ་ཀའམ། རྩེད་མོར་བྱས་པས་འཇིམ་པ་ལས་མཆོད་རྟེན་བྱེད་ན། དེ་དག་ཐམས་ཅད་སྡུག་བསྔལ་མཐར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར༌། ཞེས་དང༌། དམ་ཆོས་པད་དཀར་ལས། བྱིས་པ་རྩེད་མོར་དགའ་དང་དེ་དག་ཏུ། །གང་གི་རྒྱལ་བ་དེ་ཕྱིར་མཆོད་རྟེན་དང༌། །བྱེ་མ་ལས་ནི་ཕུང་པོ་བྱས་པ་ཡང༌། དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །ཞེས་སོགས་རྒྱལ་བའི་བཀའ་ཚད་མར་གྱུར་པའི་ཁུངས་དང་ལྡན་པ་གཞིར་བཅས་ཤིང༌། འདི་དག་སངས་རྒྱས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པས་ཕལ་པའི་བློར་ཤོང་དཀའ་ཡང་དོན་བསླུ་བ་མེད་དེ་དཔེར་ན་ཁྱིམ་བདག་དཔལ་སྐྱེས་སྔོན་སྲིན་བུར་སྐྱེས་པ་ཆུས་ཁྱེར་ཏེ་མཆོད་རྟེན་ལ་སྐོར་བ་ཞིག་བྱས་པས་ཐར་པའི་ས་བོན་བཞག་ནས་སྟོན་པའི་དྲུང་དུ་དགྲ་བཅོམ་ཐོབ་པར་ལུང་ལས་གསུངས་པ་བཞིན་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱིས་གསུངས་པ་ཡིད་ཆེས་པར་བྱའོ། །ཁྱད་པར་དུ་དཔལ་དུས་ཀྱི་འཁོར་ལོའི་མཆོད་རྟེན་འདི་ཉིད་དུས་འཁོར་རྩ་རྒྱུད་དང་བསྡུས་རྒྱུད་སོགས་ལས་བསྟན་པ་ཡིན་ཞིང༌། ཕྱི་ནང་གཞན་གསུམ་གྱི་དུས་འཁོར་མཚོན་བྱེད་ཡིན་པས་མཆོད་རྟེན་དེ་བཞེངས་ན་དཔལ་དུས་ཀྱི་འཁོར་ལོའི་རྟེན་ཞལ་ཡས་ཁང་དང་བརྟེན་པ་ལྷ་དྲུག་བརྒྱ་སོ་དྲུག་གི་དཀྱིལ་འཁོར་ཡོངས་རྫོགས་བཞེངས་བའི་ཕན་ཡོན་ཐོབ་པར་འགྱུར་རོ། །མཆོད་རྟེན་ལ་ཕྱག་མཆོད་བཀུར་སྟི་བྱས་པའི་ཕན་ཡོན་ནི། བདེ་བར་གཤེགས་པའི་མཆོད་རྟེན་ལ་མཆོད་པའི་བྱེ་བྲག་མི་འདྲ་བ་སྣ་ཚོགས་ཕུལ་པ་དང་ཕྱག་སྐོར་ཐལ་སྦྱར་རྡུལ་ཕྱགས་བྱས་པ་སོགས་ལ་བསྐལ་བ་དུ་མར་ངན་སོང་དུ་མི་ལྟུང་བ་སོགས་ཕན་ཡོན་གྱི་རྣམ་གྲངས་དཔག་དུ་མེད་པ་ཡོད་དེ། མེ་ཏོག་རྩེགས་པའི་གཟུངས་ལས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ན་མཆོད་རྟེན་རྣམས་ལ་མེ་ཏོག་འགའ་འབུལ་ལམ། ཞེས་པ་ནས། བདུག་སྤོས་འབུལ་ལམ། མར་མེ་འབུལ་ཏེ་ཕུལ་ནས་དགའ་བའི་སེམས་ཀྱི་གོམ་པའི་གར་སྟབས་འགའ་བོར་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ཞེས་སྨྲས་པ་དེ་དག་ནི། ཞེས་པ་ནས། བསྐལ་བ་བརྒྱ་སྟོང་དུ་ཡང་ངན་འགྲོ་ལོག་པར་ལྟུང་བའི་གནས་སུ་འགྲོ་བར་འགྱུར་བ་དེའི་གནས་མེད་དོ། །ཞེས་གསུངས་སོ། །དེ་ཙམ་ལས་ཚིག་ཚོགས་མང་དུ་དོགས་ནས་མ་སྤྲོས་པ་ལས་བཀའ་བསྟན་རྣམས་ལས་རྟེན་གསུམ་ལ་མཆོད་སོགས་བྱས་པའི་ཕན་ཡོན་མཐའ་ཡས་པ་གསུངས་སོ།

སྨྲས་པ། གང་གི་ཐུགས་བསྐྱེད་སྨོན་ལམ་ལས་བྱུང་བའི། །དཔལ་ལྡན་རྒྱུད་ཀྱི་རྒྱལ་བོའི་མཆོད་རྟེན་ལ། །ཇི་སྲིད་འབྱུང་བཞིའི་གནོད་པས་མ་ཞིག་བར། །སྲིད་གསུམ་སྐྱེ་དགུའི་མགོན་དུ་རྟག་གནས་ཤོག །རྟེན་མཆོག་འདི་ཉིད་མཐོང་ཐོས་དྲན་རེག་དང༌། །བཟང་ངན་ལས་ཀྱི་འབྲེལ་བ་ཐོགས་ཚད་ཀུན། །ཕྱི་ནང་ཉེར་འཚེའི་གནོད་པ་ཀུན་བྲལ་ཏེ། །དཔལ་ལྡན་དུས་འཁོར་མཆོག་གི་སར་གནས་ཤོག །ཆོས་ལྟར་བཅོས་པས་སྙེད་བསྐུར་ཕྱིར་མིན་པའི། །རྒྱལ་བསྟན་སྙིང་པོ་འཛིན་པའི་སྐྱེས་ཆེན་རྣམས། །རིས་མེད་འཁོར་ལོ་གསུམ་གྱི་མཛད་བཟང་གིས། །ཞབས་པད་བརྟན་ཅིང་བཞེད་དོན་འགྲུབ་པར་ཤོག །ཅེས་མཆོད་རྟེན་ཀྱི་ཕན་ཡོན་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་འདི་ནི་རྡོ་རྨད་ཛ་མགོའི་བླ་མ་ཆོས་མཛོད་ཀྱིས་བསྐུལ་ངོར་དངོས་གྲུབ་དཔལ་གྱིས་སྔོན་བྱོན་དམ་པའི་གསུངས་ལས་བཏུས་པའོ། །


previousམཆོད་རྟེན་ཀྱི་ཕན་ཡོན་དཔག་བསམ་ལྗོན་ཤིང་།next