Nitartha Digital Library
Tibetan
གསུང་འབུམ་པོད་བཅུ་གསུམ་པ། འདུལ་བ་སྟོད་ཆ།


  collapse section
འདུལ་བའི་སྤྱི་དོན་མཐའ་དཔྱོད་དང་བཅས་པའི་ལེགས་བཤད་ལུང་རིགས་གཏེར་མཛོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousའདུལ་བའི་སྤྱི་དོན་མཐའ་དཔྱོད་དང་བཅས་པའི་ལེགས་བཤད་ལུང་རིགས་གཏེར་མཛོད།no next

འདུལ་བའི་སྤྱི་དོན་མཐའ་དཔྱོད་དང་བཅས་པའི་ལེགས་བཤད་ལུང་རིགས་གཏེར་མཛོད།

འདུལ་བའི་སྤྱི་དོན་མཐའ་དཔྱོད་དང་བཅས་པའི་ལེགས་བཤད་ལུང་རིགས་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །

ཨོཾ་སྭ་སྟི། མཚན་དཔེ་བཟང་པོའི་དཔལ་གྱིས་རབ་མཛེས་སྐུ། །གསུང་དབྱངས་ཡན་ལག་དྲུག་ཅུའི་སྙན་པའི་གསུང༌། །མཁྱེན་བརྩེའི་ཡོན་ཏན་མི་ཟད་གཏེར་མཛོད་ཐུགས། །འགྲོ་ཀུན་རྣམ་འདྲེན་ལྷ་ཡི་ལྷ་ལ་འདུད། །ཚེ་རབས་དུ་མར་བྱམས་བརྩེས་ཉེར་དགོངས་ནས། །དམ་ཆོས་ལེགས་བཤད་ཆོས་ཆར་འབེབས་མཛད་པའི། །སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །མཚན་ལྡན་བླ་མ་རྣམས་ལ་གུས་ཕྱག་འཚལ། །སངས་རྒྱས་བསྟན་པའི་གཞི་དང་རྩ་བ་འདུལ་བའི་སྡེ། །ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་སྟོན་པའི་གཞུང༌། །འདུལ་བའི་གཞུང་ལུགས་རྒྱ་མཚོའི་བཅུད་ཀྱི་སྙིང་པོ་རྣམས། །ལེགས་པར་བཤད་པའི་ལུང་རིགས་གཏེར་མཛོད་བརྩམ་པར་བྱ། །

དེ་ལ་འདིར་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་རྣམ་འདྲེན་བཞི་བ་ཤཱཀྱ་སེང་གེ་གང་ཉིད་ཀྱིས་དང་པོར་སེམས་བསྐྱེད། བར་དུ་ཚོགས་བསགས། མཐར་སངས་རྒྱས་པའི་ཚུལ་གྱི་མཛད་པ་བསྟན་ཏེ། དང་པོར་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་སྐྱེས་ཚེ་སེམས་བསྐྱེད་ཅིང༌། ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་ཐུགས་བསྐྱེད་པ་དང་གྲངས་མེད་གསུམ་གྱི་ཚོགས་དང་པོར་བསགས་པ་ནས་བཟུང་བསྐལ་བ་གྲངས་མེད་གསུམ་གྱི་ཚོགས་གཉིས་རྒྱ་ཆེར་བསགས། མཐར་ཐེག་ཆེན་པ་ལྟར་ན་ལོངས་སྐུའི་ཞིང་དུ་སངས་རྒྱས་པ་དང༌། ཐེག་དམན་པ་ལྟར་ན་རྡོ་རྗེ་གདན་དུ་གསར་དུ་སངས་རྒྱས་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དྲིན་ལན་བསབ་པའི་མདོ་ལས། ང་དེའི་ཚེ་ན་དེ་ལྟ་བུའི་སྡུག་བསྔལ་མྱོང་བར་མཐོང་ནས་སྙིང་རྗེའི་སེམས་སྐྱེས་སོ། །དེ་ལྟར་སྙིང་རྗེའི་སེམས་ཆེན་པོ་སྐྱེས་པའི་རྐྱེན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །ཞེས་པ་ནས།ང་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་མེའི་ཤིང་རྟའི་སེམས་ཅན་དམྱལ་བ་ལས་ཐར་བར་འགྱུར་ཏོ། །ཞེས་གསུངས་པ་དང༌། ཕུང་པོ་གསུམ་པའི་མདོ་ལས། ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཚོང་དཔོན་གྱི་བུ་མངོན་དགར་གྱུར་བ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཛེས་པ་ཆེན་པོ་ལ་བརྟེན་ཏེ། དང་པོ་སེམས་བསྐྱེད་པ་དེ་བཞིན་དུ། ཞེས་དང༌། བསྐལ་བཟང་ལས། ང་ནི་སྔོན་ཚེ་དབུལ་བོར་གྱུར་བའི་ཚེ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་ཞིག་གིས་དབུལ་བ་བྱས་ནས་ཀྱང༌། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་དང༌། མཛོད་ལས། དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་དང༌། ལུང་ལས། ཤཱཀྱ་ཐུབ་པ་ནས་བཟུང་སྟེ། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེས་ན་སངས་རྒྱས་སོ་སོའི་དྲུང་དུ་སེམས་ཡང་ཡང་བསྐྱེད་པར་འདོད་ན་གཞུང་དང་མི་འགལ་བར་སྣང་ངོ༌། །སེམས་བསྐྱེད་ཚུལ་གཞན་ཡང་ཆོས་འབྱུང་རིན་པོ་ཆེའི་གཏེར་ལས་ཤེས་པར་བྱའོ། །རྟགས་གཉིས་པ་གྲུབ་སྟེ། མཛོད་ལས། དེ་གྲངས་མེད་གསུམ་ལ་སངས་རྒྱས། །འབྱུང་ངོ། །ཞེས་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །བསྐལ་བ་གྲངས་མེད་གསུམ་ཚོགས་བསགས་ཤིང༌། ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་གྲུབ་སྟེ། ལང་གཤེགས་ལས། གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ། །ཞེས་དང༌། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་བརྟེན་གཅིག་ལ་ཀུན། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་གི་དཔྱད་པའི་སྒོ་ནི་མཛོད་ཀྱི་དོགས་གཅོད་དུ་ཅུང་ཟད་བཤད་ཡོད་པས་དེར་ཤེས་པར་བྱའོ། །སངས་རྒྱས་འཁྲུངས་འདས་ལ་ལོ་ཚིགས་མི་འདྲ་བ་བཞེད་ཚུལ་མང་ཡང་འདིར་ཚིག་མང་དོགས་ནས་མ་སྤྲོས་སོ། །དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས་གདུལ་བྱ་ལ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེ་དག་སྡེ་སྣོད་གསུམ་དུ་འདུས་ལ། དེ་ལས་འདིར་འདུལ་བའི་སྡེ་སྣོད་ནི་གང་བཤད་པར་བྱ་བའི་ཆོས་སོ། ། དེ་ཡང་འདུལ་བའི་སྡེ་སྣོད་ལ་བཞི་ཡོད་དེ། རྩ་བའི་མདོ་དང༌། བཤད་པའི་མདོ་དང༌། ཕྱོགས་མཐུན་གྱི་མདོ་དང༌། དེ་དག་གི་དགོངས་འགྲེལ་གྱི་བསྟན་བཅོས་དང་བཞི་ཡོད་པའི་ཕྱིར། དང་པོ་རྩ་བའི་མདོ་ལ་གཉིས་ཡོད་དེ། དགེ་སློང་ཕའི་སོ་ཐར་གྱི་མདོ་ཚིགས་བཅད་བདུན་བརྒྱ་ལ་བམ་པོ་གཉིས་བྱས་པ་དང༌། དགེ་སློང་མའི་སོ་ཐར་གྱི་མདོ་ཤོ་ལོ་ཀ་བརྒྱད་བརྒྱ་ལ་བམ་པོ་གཉིས་བྱས་པ་དང་གཉིས་ཡོད་པའི་ཕྱིར་རོ། །གཉིས་པ་བཤད་པའི་མདོ་ལ་འདུལ་བ་ལུང་གཞི་དང༌། ལུང་རྣམ་འབྱེད་དང༌། ལུང་ཕྲན་ཚེགས་དང༌། གཞུང་དམ་པ་སྟེ་འདུལ་ལུང་སྡེ་བཞི་ཡོད་དོ། །དེ་བཞིས་བརྗོད་བྱ་བསྟན་ཚུལ་ནི། ལུང་གཞིས་གཞི་བཅུ་བདུན་སྟོན་པས་སྡོམ་པའི་འབོག་ཆོག་དང༌། གཞི་གསུམ་སོགས་བསྟན་པ་དང༌། ལུང་རྣམ་འབྱེད་ཀྱིས་ཕ་མའི་ཁྲིམས་སོ་སོར་ཐར་བ་གཉིས་ལྟར་རྒྱས་པར་བསྟན་ཀྱང་འབོག་ཆོག་དང་དབྱར་སོགས་མི་སྟོན་པ་དང༌། གཞུང་བླ་མའམ་དམ་པས་ནི་ལུང་གཞི་དང་རྣམ་འབྱེད་ཀྱི་དོན་ཞིབ་ཏུ་འཆད་བྱེད་ཀྱི་འགྲེལ་བ་དང༌། ལུང་ཕྲན་ཚེགས་ནི་དེ་རྣམས་ཀྱི་མ་ཚང་བ་ཁ་སྐོང་ལྟ་བུ་ཡིན་པར་གསུངས་སོ། །

གསུམ་པ་ཕྱོགས་མཐུན་གྱི་མདོ།

གསུམ་པ་ཕྱོགས་མཐུན་གྱི་མདོ་ནི།

སྦྱངས་བའི་ཡོན་ཏན་སྟོན་པའི་མདོ་དང༌། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང༌། ཚུལ་ཁྲིམས་ཡང་དག་པར་སྟོན་པའི་མདོ་སོགས་ཡིན་ནོ། ། བཞི་བ་དགོངས་འགྲེལ་གྱི་བསྟན་བཅོས་ལ། མདོའི་དགོངས་འགྲེལ་དང༌། བསྟན་བཅོས་ཀྱི་དགོངས་འགྲེལ་གཉིས། དང་པོ་མདོའི་དགོངས་འགྲེལ་ལ་སྤྱིའི་དགོངས་འགྲེལ་དང་བྱེ་བྲག་གི་དགོངས་འགྲེལ་གཉིས། དང་པོ་ནི། བྱེ་བྲག་བཤད་མཛོད་ནང་གི་འདུལ་བ་བྱེ་བྲག་ཏུ་བཤད་པ་དགྲ་བཅོམ་པ་ཉེ་སྦས་ཀྱིས་མཛད་པ་དང༌། འཕགས་པ་ཐོགས་མེད་ཀྱི་བསྡུ་བ་དང༌། འདུལ་ལུང་བཞི་དང་རུང་མཐུན་དང་བཅས་པའི་དོན་ཞིབ་པར་འཆད་པ་འདུལ་བ་མདོ་རྩ་བམ་པོ་དགུ་ཡོན་ཏན་འོད་ཀྱིས་མཛད་པ་དེ་དང༌། ཡོན་ཏན་འོད་ཀྱིས་མཛད་པའི་ཆོ་ག་བརྒྱ་རྩ་གཅིག་སྟོན་པའི་ཀརྨ་ཤ་ཏམ་བམ་པོ་དགུ་བ་དང༌། རྣམ་འབྱེད་ཀྱི་དོན་བསྡུ་དགྲ་བཅོམ་པ་ས་ག་ལྷས་མཛད་པའི་མེ་ཏོག་ཕྲེང་རྒྱུད་དང༌། ཤཱཀྱ་འོད་ཀྱིས་མཛད་པའི་སུམ་བརྒྱ་བ་དང༌། ཁ་ཆེ་འདུས་བཟང་གིས་མཛད་པའི་དགེ་ཚུལ་གྱི་བསླབ་བྱ་སྟོན་པ་ཀཱ་རི་ཀཱ་ལྔ་བཅུ་བ་སོགས་ཡིན་པར་གསུངས་སོ། །

གཉིས་པ་མདོ་བྱེ་བྲག་གི་འགྲེལ་བ།

གཉིས་པ་མདོ་བྱེ་བྲག་གི་འགྲེལ་བ་ཡོད་དེ།

སོ་སོར་ཐར་བའི་འགྲེལ་བ་འདུལ་བ་བསྡུས་པ་ཁྱད་པར་བཤེས་གཉེན་གྱིས་མཛད་པ་བམ་པོ་བཅོ་ལྔ་བ་དང༌། སློབ་དཔོན་དྲི་མེད་བཤེས་གཉེན་གྱིས་མཛད་པའི་སོ་སོར་ཐར་བའི་རྒྱ་ཆེར་འགྲེལ་བ་འདུལ་བ་ཀུན་ལས་བཏུས་པ་བམ་པོ་ལྔ་བཅུ་པ་དང༌། སློབ་དཔོན་དཔའ་བོས་མཛད་པའི་སོ་ཐར་གཞུང་འགྲེལ་དང༌། དཱ་ལ་ཤཱི་ལའི་ཚིག་གི་བརྗེད་བྱང༌། དགེ་ལེགས་བཤེས་གཉེན་གྱི་ཚིག་གི་དགའ་བསྐྱེད། སློབ་དཔོན་སྦྲང་མའི་རྐང་བུ་ཅན་གྱི་མའི་སོ་ཐར་གྱི་འགྲེལ་བ་དང༌། སོ་ཐར་གྱི་འགྲེལ་བ་གླང་བོ་ཆེའི་ཆུ་འཐུང་དུ་གྲགས་པ་ཆེ་ཆུང་གཉིས་དང་བརྒྱད་དོ། །དགེ་ལེགས་བཤེས་གཉེན་གྱིས་མཛད་པའི་གཞི་འགྲེལ་བསྒྱུར་འཕྲོ་ཅན་བམ་པོ་བཅུ་གཅིག་དང༌། དུལ་ལྷས་མཛད་པའི་རྣམ་འབྱེད་འགྲེལ་བ་བམ་པོ་བཅོ་ལྔ་བ་དང༌། དགེ་ལེགས་བཤེས་གཉེན་གྱིས་མཛད་པའི་གཞུང་བླ་མའི་བྱེ་བྲག་ལུང་ཞུ་བའི་འགྲེལ་བ་བསྒྱུར་འཕྲོ་ཅན་དང༌། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པའི་ཕྲན་ཚེགས་སྒོ་བརྒྱད་ཀྱི་འགྲེལ་བ་སོགས་ཡོད་དོ། །

གཉིས་པ་བསྟན་བཅོས་ཀྱི་དགོངས་འགྲེལ།

གཉིས་པ་བསྟན་བཅོས་ཀྱི་དགོངས་འགྲེལ་ནི།

མདོ་རྩའི་རང་འགྲེལ་དང༌། བྱེ་བྲག་སྨྲ་བའི་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་མདོ་རྩའི་རྒྱ་ཆེར་འགྲེལ་བ་དང༌།འགྲེལ་ཆུང་ཡོན་ཏན་འོད་མ་འདི་ཐེ་ཚོམ་ཅན་དང༌། མདོ་རྩ་བའི་འགྲེལ་བ་སློབ་དཔོན་ཤེས་རབ་བྱེད་པས་མཛད་པ་དང་མདོ་རྩའི་འགྲེལ་བ་བཞི་དང༌། སུམ་བརྒྱ་བའི་རང་འགྲེལ་འོད་ལྡན་དང༌། དེའི་འགྲེལ་བཤད་དུལ་བ་ལྷས་མཛད་པའི་སློབ་ཕན་སོགས་ཡོད་དོ། །དེ་ལྟར་འདུལ་བའི་སྡེ་སྣོད་ཆེས་མང་བ་ལས་འདུལ་བ་མཚོ་ཊཱིཀ་གི་ཚིག་དོན་དུ་མ་རང་སོར་བཞག་ནས་འདུལ་བའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལས་རང་ལུགས་འཐད་པའི་ཕྱོགས་རྣམས་ཅུང་ཟད་བརྗོད་པ་ལ། འདུལ་བ་རྒྱ་མཚོའི་བདག་ཉིད་སློབ་དཔོན་ཡོན་ཏན་འོད་ཀྱིས་ཚིག་མདོར་བསྡུས་པའི་སྒོ་ནས་དོན་རྒྱ་ཆེར་སྟོན་པ་འདུལ་བ་མདོ་རྩ་བའི་དོན་བཤད་པ་ལ། མཚན་གྱྀ་དོན་དང༌། འགྱུར་གྱི་ཕྱག་དང༌། གཞུང་གི་དོན་དང༌། མཇུག་གི་དོན་དང་བཞི་ལས། དང་པོ་ནི། རྒྱ་གར་སྐད་དུ། བི་ནཱ་ཡ་སཱུ་ཏྲ། བོད་སྐད་དུ་འདུལ་བ་མདོ། ཞེས་བྱུང༌། བི་ནཱ་ཡ་ནི་འདུལ་བ། སཱུ་ཏྲ་ནི་མདོ་ཞེས་པའོ། །འདུལ་བ་ལ་རྗོད་བྱེད་ཚིག་གི་འདུལ་བ་ནི་ལུང་སྡེ་བཞི་སོགས་དང༌། བརྗོད་བྱ་དོན་གྱི་འདུལ་བ་ནི་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་སོགས་ཡིན་ཏེ། རྒྱ་ཆེར་འགྲེལ་བ་ལས།འདིར་འདུལ་བ་ཞེས་བྱ་བ་ཡང་རྣམ་པར་འབྱེད་པ་ལ་སོགས་པ་དག་ཡིན་པར་ལྟ་སྟེ། ཞེས་གསུངས་པའི་ཕྱིར། སྒྲ་བཤད་ཀྱི་དབང་དུ་བྱས་ན། ཉོན་མོངས་པ་འདུལ་བ་དང་ལྟུང་བ་འདུལ་བ་གཉིས་ཡོད་དེ། ཐེག་པ་ཆེན་པོའི་མན་ངག་གི་མདོ་ལས། འདུལ་བ་ནི་དེ་བཞིན་གཤེགས་པས་གཉིས་འཐད་པར་གསུངས་ཏེ། གཉིས་གང་ཞེ་ན། ལྟུང་བ་འདུལ་བ་དང༌། ཉོན་མོངས་པ་འདུལ་བའོ། །ཞེས་གསུངས་སོ། །སྐབས་འདིའི་འདུལ་བ་མདོ་ཞེས་པའི་མདོའི་དོན་ནི། མདོ་རྩ་འདི་ཆོས་ཅན།ཁྱོད་ལ་མདོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཀྱིས་ཚིག་དོན་གྱི་འདུལ་བ་མཐའ་དག་མདོར་བསྡུས་ནས་སྟོན་པས་ན་དེ་ལྟར་བརྗོད་པའི་ཕྱིར་རོ། །

གཉིས་པ་འགྱུར་ཕྱག

གཉིས་པ་འགྱུར་ཕྱག་ལ།

བམ་པོ་དང་འགྱུར་ཕྱག་དངོས་དང་གཉིས་ལས། དང་པོ་བམ་པོ་དང་པོ་ཞེས་པ་ནི། སིལ་བུ་མང་པོ་ཕྱོགས་གཅིག་ཏུ་བསྡོམས་པའི་བརྡ་རྙིང་བམ་པོ་སྟེ་འདུལ་བ་མདོ་རྩ་འདི་ལ་བམ་པོ་དགུ་ཡོད་པས་དང་པོ་ཞེས་པའོ། །སྤྱིར་བམ་པོ་ཁ་མར་བལྟ་དང་ལེའུ་ཁ་ཡར་བལྟ་ཞེས་ངག་རྒྱུན་ལ་གྲགས་པ་ལྟར་རོ། །

གཉིས་པ་འགྱུར་ཕྱག་དངོས།

གཉིས་པ་འགྱུར་ཕྱག་དངོས་ནི།

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྔོན་གྱི་བཀས་བཅད་དང་མཐུན་པར་འདུལ་བའི་བཅས་མཚམས་རྣམས་ནི་ས་བཅུའི་བྱང་སེམས་ལྟ་བུ་ལ་མི་དབང་བར་སངས་རྒྱས་ཉིད་ལ་དབང་བས་ན་ཐམས་ཅད་མཁྱེན་པ་ལ་འགྱུར་ཕྱག་མཛད་པའོ། །འདི་སྡེ་སྣོད་ངོས་འཛིན་གྱི་འགྱུར་ཕྱག་ཡིན་ཡང་སྤྱིར་འགྱུར་ཕྱག་ལ་སྡེ་སྣོད་ངོས་འཛིན་དུ་མ་ངེས་སོ། །གསུམ་པ་གཞུང་དོན་ལ། གཞན་འཇུག་པའི་ཡན་ལག་ཏུ་དགོས་འབྲེལ་བསྟན་པ་དང༌།གཞུང་དོན་དངོས་དང་གཉིས། དང་པོ་ནི། མདོ་རྩ་བ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་སོ། །དེའི་དོན་ནི། ཁམས་གསུམ་འཁོར་བ་ནས་ངེ༷ས་པ༷ར་འབྱུ༷ང་བ༷་སྟེ་མྱ་ངན་ལས་འདས་པ་དེ་འཐོབ་པར་བྱེད་པའི་ཚུ༷ལ་ཁྲི༷མས་ཀྱི༷་དབ༷ང་དུ༷་བྱ༷ས་ཏེ༷་རྩོམ་ཞེས་པའོ། །དེའི་མཐའ་དཔྱད་པ་ལ། དགོས་སོགས་ཆོས་བཞི་བཤད་པ་དང༌། བརྗོད་བྱ་ངེས་པར་འབྱུང་བའི་ཚུལ་ཁྲིམས་བསྟན་པ་དང་གཉིས། དང་པོ་ལ་གཞན་ལུགས་དགག་པ་དང༌། རང་ལུགས་བཞག་པ་དང༌། དེ་ལ་རྩོད་པ་སྤོང་བ་དང་གསུམ། དང་པོ་ནི། རྣ་བ་མ་ཕུག་པ་ན་རེ་བསྟན་བཅོས་ཀྱི་དབུར་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ནི། བསྟན་བཅོས་ཀྱི་ལུས་ཀྱི་དགོས་སོགས་ཆོས་བཞི་ཡོད་ངེས་སྙམ་དུ་ངེས་ཤེས་སྐྱེས་པ་དེ་ཁོ་ན་ཡིན་ལ། དེའི་རྒྱུ་མཚན་ནི། ངེས་ཤེས་སྐྱེས་པ་དེ་ཆོས་ཅན། དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ཡིན་ཏེ། རྟོག་ལྡན་འཇུག་པའི་རྒྱུ་ཡིན་པའི་ཕྱིར་ཞེ་ན། དོན་འགྱུར་གྱི་ཐེ་ཚོམ་སྐྱེས་པ་དེ་ཆོས་ཅན། དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ཡིན་ཏེ། རྟོག་ལྡན་འཇུག་པའི་རྒྱུ་ཡིན་པའི་ཕྱིར་ཞེས་མཚུངས་པ་ཡིན་ནོ། །སློབ་དཔོན་ཆོས་མཆོག་གིས་མཛད་པའི་ཚད་མ་བརྟག་པ་ལས་ཀྱང༌། གང་ཕྱིར་དོན་གཉེར་འཇིག་རྟེན་འདི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་གསུངས་སོ། །སློབ་དཔོན་ཞི་བ་འཚོའི་བཞེད་པ་ནི། བསྟན་བཅོས་ཀྱི་དབུར་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ནི།གཞན་གྱི་སྦྱོར་བ་ངན་པ་བཟློག་པ་ཡིན་ཏེ། གཞན་དག་འདི་སྐད་དུ། བསྟན་བཅོས་འདི་ནི། བརྩམ་པར་བྱ་བ་མ་ཡིན་ཏེ། དགོས་པ་ལ་སོགས་པའི་ཆོས་བཞི་མེད་པའི་ཕྱིར་ཞེས་ཟེར་བ་ལ། རྟགས་ཐེ་ཚོམ་ཟ་བའི་སྒོ་ནས་མ་གྲུབ་པར་བསྟན་པའི་ཕྱིར་དགོས་འབྲེལ་བཞི་བསྟན་པ་ཡིན་ནོ་ཞེས་འཆད་དོ། །དེ་ནི་མི་འཐད་དེ། སྦྱོར་བ་ངན་པ་དེ་ལྟ་བུ་ཁྱེད་རང་གི་རྟོག་པས་དོགས་པ་བསུ་བ་ཙམ་དུ་ཟད་ཀྱི། དེ་ལྟ་བུའི་སྦྱོར་བ་འགོད་པ་པོ་གཞི་མ་གྲུབ་པའི་ཕྱིར་དང༌། དགོས་འབྲེལ་གྱི་ངག་འདི་ཉིད་ཀྱང༌། བརྩམ་པར་བྱ་བ་མ་ཡིན་ཏེ། དེ་ལ་ཡང་དགོས་པ་ལ་སོགས་པ་ཆོས་བཞི་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཡང་དགག་དགོས་པར་མགོ་མཚུངས་པས་ཐུག་པ་མེད་པར་འགྱུར་བའི་ཕྱིར་ཞེས་མཚོ་ཊཱིཀ་ལས་གསུངས་སོ། །འོན་ཀྱང་གསེར་ཕྲེང་ལས་དགག་པ་མི་རིགས་པར་གསུངས་ལ། ཉ་ཊཱིཀ་ལས། མཁས་གྲུབ་ཞི་འཚོ་ནི། བསྟན་བཅོས་འདི་བརྩམ་བྱ་མིན་ཏེ། དགོས་པ་སོགས་མེད་པའི་ཕྱིར་བྱ་རོག་སོ་རྟོག་གི་བསྟན་བཅོས་བཞིན་ཞེས་བསྟན་བཅོས་རྩོམ་པའི་སྐབས་སམ་བྱ་བ་འགོག་པའི་ལོག་རྟོག་བཟློག་པ་དགོས་འབྲེལ་ངག་གི་དགོས་པ་ཡིན་ཞེས་གསུངས་པའང་དེ་ཁོ་ན་དགོས་པར་བཞེད་ན་བརྗོད་བྱ་མེད་པར་འཛིན་པ་སོགས་བཟློག་པའང་དེའི་དགོས་པ་མིན་པར་འགྱུར་བས་དེ་ཡང་དགོས་པར་བཞེད་དེ་དེ་ལྟར་ཡིན་ནོ། །འདི་དབུ་མ་བདེན་གཉིས་ཀྱི་དཀའ་འགྲེལ་ན་ཡོད་པས་སློབ་དཔོན་དེའི་གཞུང་ན་མེད་གསུངས་པ་ནི་ནོར་རོ། །ཞེས་གསུངས་པས་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །མཚོ་ཊཱིཀ་ལས། བྲམ་ཟེ་བདེ་བྱེད་དགའ་བ་ན་རེ། བསྟན་བཅོས་ཀྱི་དབུར་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ནི། གཞུང་མཛེས་པ་བསྐྱེད་པ་ཡིན་ཞེས་ཟེར་རོ། །འོ་ན་བསྟན་བཅོས་ཀྱི་དབུར་དགོས་འབྲེལ་གྱི་ངག་བཀོད་པའི་ཡོངས་གཅོད་ཀྱི་དགོས་པ་དེ་ཆོས་ཅན། དགོས་འབྲེལ་ངག་གི་བརྗོད་བྱ་རྟོགས་པ་དེ་ཁོ་ན་མ་ཡིན་པར་ཐལ། གཞུང་མཛེས་པ་བསྐྱེད་པ་ཡིན་པའི་ཕྱིར་རོ། །རྟགས་ཁྱབ་མ་གྲུབ་ན་དམ་བཅའ་བུད་ཅིང༌། འདོད་ན། རྣམ་ངེས་ལས། བརྡ་ཇི་ལྟ་བ་བཞིན་དོན་རྟོགས་པའི་ཕྱིར་དང་སྒྲ་སྦྱར་བའི་༼ཡོངས་གཅོད་ཀྱི་༽དགོས་པ་ཡང་དེ་ཙམ་དུ་ཟད་པའི་ཕྱིར་ཞེས་སོ། །ཞེས་གསུངས་སོ། །འོན་ཀྱང་གཞུང་མཛེས་པ་ཁོ་ན་དགོས་པ་འདོད་པ་ཡིན་མིན་དཔྱད་དོ། །

གཉིས་པ་རང་ལུགས་བཞག་པ།

གཉིས་པ་རང་ལུགས་བཞག་པ་ལ།

དགོས་པ་དང༌། ཉིང་དགོས་དང༌། དགོས་འབྲེལ་གྱི་རབ་ཏུ་དབྱེ་བ་དང༌། གྲངས་ངེས་པའི་རྒྱུ་མཚན་དང༌། དབྱེ་བ་སོ་སོའི་རང་བཞིན་དང༌། ངག་འདིས་དགོས་འབྲེལ་བསྟན་ལུགས་དང་དྲུག དང་པོ་ལ་གཉིས་ལས། དང་པོ་ཡོངས་གཅོད་ཀྱི་དགོས་པ་ནི། དགོས་སོགས་ཆོས་བཞི་ཡོད་སྟོན་གྱི་ངག་ལ་བརྟེན་ནས་བསྟན་བཅོས་ལུས་ཀྱི་དགོས་སོགས་ཆོས་བཞི་ཡོད་པར་དང་པོར་རྟོགས་པ་དེ་ཆོས་ཅན། དགོས་སོགས་ཆོས་བཞི་ཡོད་སྟོན་གྱི་ངག་བཀོད་པའི་དགོས་པ་ཡིན་ཏེ། དགོས་འབྲེལ་གྱི་ངག་ལ་བརྟེན་ནས་དགོས་སོགས་ཆོས་བཞི་ཡོད་སྟོན་གྱི་སྒྲའི་བརྗོད་བྱ་རྟོགས་པ་ཡིན་པའི་ཕྱིར་རོ། །གཏན་ཚིགས་དེ་གང་གིས་གྲུབ་ན། ཊཱི་ཀ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་བྱ་བའི་མདོ་དང་པོ་འདིས་ནི། འདུལ་བ་མདོ་འདིའི་འབྲེལ་པ་དང༌། བརྗོད་པར་བྱ་བ་དང༌། དགོས་པ་དང༌། དགོས་པའི་ཡང་དགོས་པ་རྣམས་བརྗོད་དེ་ཞེས་གསུངས་པས། བསྟན་བཅོས་ལུས་ཀྱི་དགོས་སོགས་ཆོས་བཞི་ཡོད་པ་དེ། ངག་འདིའི་བརྗོད་བྱ་ཡིན་པར་གྲུབ་ལ་ངག་འདི་ལ་བརྟེན་ནས་ངག་འདིའི་བརྗོད་བྱ་དེ་རྟོགས་པ་ཡིན་པས་གཏན་ཚིགས་དེ་གྲུབ་བོ། །ཁྱབ་པ་གཞུང་གིས་གྲུབ་སྟེ། རྣམ་ངེས་ལས། བརྡ་ཇི་ལྟ་བ་བཞིན་དོན་རྟོགས་པའི་ཕྱིར་དང་སྒྲ་སྦྱར་བའི་དགོས་པ་ཡང་དེ་ཙམ་དུ་ཟད་པའི་ཕྱིར་ཞེས་པས་གྲུབ་བོ། །དགོས་སོགས་ཆོས་བཞི་ཡོད་པར་གོ་བ་དེ་ཡང་དབང་རྣོན་ཐེ་ཚོམ་དུ་སྐྱེ་བ་ཤས་ཆེ་བ་ཡིན་ཏེ། ཚིག་དོན་འབྲེལ་པར་མ་ངེས་ཤིང་ཡིད་ཆེས་པར་དཀའ་བའི་ཕྱིར་རོ། །དབང་རྟུལ་ངེས་ཤེས་སུ་སྐྱེ་བ་ཤས་ཆེ་བ་ཡིན་ཏེ། ཚིག་དོན་འབྲེལ་པར་མ་ངེས་ཀྱང་ཡིད་ཆེས་པར་སླ་བའི་ཕྱིར་རོ། །

གཉིས་པ་རྣམ་བཅད་ཀྱི་དགོས་པ།

གཉིས་པ་རྣམ་བཅད་ཀྱི་དགོས་པ་ནི།

དགོས་སོགས་ཆོས་བཞི་ཡོད་པར་གོ་བ་ལ་བརྟེན་ནས་རྣམ་བཅད་དུ་ལོག་རྟོག་བཞི་དགོས་པ་དང་འབྲེལ་པ་དང་བརྗོད་བྱ་དང་ཉིང་དགོས་མེད་སྙམ་པ་བཞི་དང༌། དགོས་པ་ཕལ་ཆེར་མེད་ལས་ཆེ་སྙམ་པ་ལ་སོགས་པའི་ཐེ་ཚོམ་བཞི་སྟེ་བརྒྱད་བསལ་བ་རྣམ་བཅད་ཀྱི་དགོས་པ་ཡིན་ཏེ། བྱེ་བྲག་སྨྲ་བའི་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་ཊཱི་ཀ་ལས། འདུལ་བའི་མདོ་ལ་བརྗོད་པར་བྱ་བ་མེད་པར་དོགས་པ་བསལ་བའི་ཕྱིར་བརྗོད་པར་བྱ་བ་བསྙད་དོ། །འབྲས་བུ་མེད་པར་དོགས་པ་བཟློག་པའི་ཕྱིར་དགོས་པ་བརྗོད་དོ། །ཐབས་མེད་པར་དོགས་པ་སྤང་བའི་ཕྱིར་འབྲེལ་པ་བཤད་དོ། །འདོད་པའི་དོན་གྲུབ་པར་བྱ་བའི་ཕྱིར་དགོས་པའི་ཡང་དགོས་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་ཉིང་དགོས།

གཉིས་པ་ཉིང་དགོས་ནི།

རྟོག་ལྡན་བསྟན་བཅོས་ལ་འཇུག་པ་དེ་ཡིན་ཏེ། ཚད་མ་རྣམ་ངེས་ཀྱི་ཊཱི་ཀ་འཐད་ལྡན་ལས། དགོས་པ་སྟོན་པའི་ངག་གིས་ཅི་ཞིག་བྱ་ཞེ་ན། ཚིག་ལས་རྟོག་པ་དང་ལྡན་པ་རྣམས་ཐེ་ཚོམ་སྐྱེ་ཞིང༌། དེས་ན་དོན་དུ་གཉེར་ལ་དེ་ལས་ཀྱང་འཇུག་པར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་སོ། །

གསུམ་པ་དགོས་འབྲེལ་གྱི་རབ་ཏུ་དབྱེ་བ།

གསུམ་པ་དགོས་འབྲེལ་གྱི་རབ་ཏུ་དབྱེ་བ་ནི།

དགོས་འབྲེལ་བཞི་གསུམ་བཅུ་གཉིས་ཡོད་པ་ལས། ངག་ཙམ་ལ་ཡོད་པའི་དགོས་འབྲེལ་ཡན་ལག་བཞི་ནི། ངག་དེས་བསྟན་པར་བྱ་བའི་དོན་དེ་ནི་བརྗོད་བྱ་ཡིན་ལ། ངག་ལ་བརྟེན་ནས་ངག་གི་བརྗོད་བྱའི་དོན་རྟོགས་པ་ནི་དགོས་པ་ཡིན་ཞིང༌། ངག་གི་དོན་རྟོགས་པ་ལ་བརྟེན་ནས་སྐྱེས་བུའི་དགོས་དོན་གྲུབ་པ་ནི་ཉིང་དགོས་ཡིན་ནོ། །ཉིང་དགོས་དེ་ནི་དགོས་པ་ལས་བྱུང་ཞིང༌། དགོས་པ་དེ་ངག་ལ་བརྟེན་ནས་བྱུང་བ་ནི་འབྲེལ་པ་ཡིན་ཏེ། དེ་བྱུང་གི་འབྲེལ་པ་ཡིན་ནོ་ཞེས་སྔ་མ་རྣམས་གསུངས་སོ། །གཞན་དེ་ལྟར་ཡིན་ཡང༌། དགོས་པ་དེ་ནི་དཔྱད་དགོས་ཏེ། ངག་གི་བརྗོད་བྱའི་དོན་རྟོགས་པ་དགོས་པ་ཡིན་ན། བྱ་རོག་སོ་རྟོག་གི་བསྟན་བཅོས་ཆོས་ཅན། དགོས་པ་ཡོད་པར་ཐལ། ངག་གི་བརྗོད་བྱ་རྟོགས་པ་ཡོད་པའི་ཕྱིར་རོ། །འདོད་ན། ཊཱི་ཀ་འཐད་ལྡན་ལས། བྱ་རོག་གི་སོ་རྟོག་པ་བཞིན་དུ་འབྲས་བུ་མེད། ཅེས་བཤད་དོ། །དེས་ན་ངག་གི་བརྗོད་བྱའི་དོན་རྟོགས་པ་ཙམ་ནི་དགོས་པ་ཡིན་པར་མ་ངེས་ཀྱི། སྐྱེས་བུའི་དགོས་དོན་འགྲུབ་རུང་གི་དབང་དུ་བྱས་ཏེ་ངག་གི་བརྗོད་བྱའི་དོན་རྟོགས་པ་ནི་དགོས་པ་ཡིན་ནོ་ཞེས་རིགས་སོ། ། དགོས་འབྲེལ་ངག་ལ་ཡོད་པའི་དགོས་འབྲེལ་ཡན་ལག་བཞི་ནི། བསྟན་བཅོས་ལུས་ཀྱི་དགོས་སོགས་ཆོས་བཞི་ཡོད་པ་དེ་བརྗོད་བྱ་ཡིན་ལ། དགོས་སོགས་ཆོས་བཞི་ཡོད་སྟོན་གྱི་ངག་ལ་བརྟེན་ནས་བསྟན་བཅོས་ལུས་ཀྱི་དགོས་སོགས་ཆོས་བཞི་ཡོད་པར་གོ་བ་དེ་དགོས་པ་ཡིན་ཞིང་དེ་ལྟར་གོ་བ་ལ་བརྟེན་ནས་རྟོག་ལྡན་བསྟན་བཅོས་ལ་འཇུག་པ་ནི་ཉིང་དགོས་ཡིན་ནོ། །ཉིང་དགོས་དེ་ནི་དགོས་པ་ལ་བརྟེན་ནས་བྱུང་ཞིང༌། དགོས་པ་དེ་དགོས་འབྲེལ་གྱི་ངག་ལ་བརྟེན་ནས་བྱུང་བ་ནི་འབྲེལ་པ་ཡིན་ནོ། །བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་ཡན་ལག་བཞི་ནི། བསྟན་བཅོས་འདིའི་བརྗོད་བྱ་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཡིན་ལ། ཚུལ་ཁྲིམས་དེ་བདེ་བླག་ཏུ་རྟོགས་པ་ནི་དགོས་པ་ཡིན་ཞིང༌། མྱ་ངན་ལས་འདས་པ་ནི་ཉིང་དགོས་དང༌། མྱ་ངན་ལས་འདས་པ་ཐོབ་པ་ནི་ཚུལ་ཁྲིམས་རྟོགས་པ་ལས་བྱུང་ཞིང༌། ཚུལ་ཁྲིམས་རྟོགས་པ་དེ་བསྟན་བཅོས་འདི་ལ་བརྟེན་ནས་བྱུང་བ་ནི་འབྲེལ་པ་ཡིན་ཏེ། ཊཱི་ཀ་ལས། འདིར་བརྗོད་པར་བྱ་བ་ནི་ཆོས་འདི་པ་དག་གི་ཚུལ་ཁྲིམས་ཏེ། ཞེས་དང༌། འདིར་དགོས་པ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚུལ་ཁྲིམས་བསྟན་པ་སྟེ། ཞེས་དང༌། དེའི་ཕྱིར་དགོས་པའི་ཡང་དགོས་པ་བརྗོད་པར་བྱ་སྟེ། དེ་ཡང་ངེས་པར་འབྱུང་བ་ཞེས་སྨོས་པས་བསྟན་ཏོ། །ངེས་པར་འབྱུང་བ་ནི་མྱ་ངན་ལས་འདས་པ་སྟེ། ཞེས་པ་དང༌། མདོ་འདི་ནི་ཐབས་ཡིན་ལ་ཚུལ་ཁྲིམས་བསྟན་པ་ནི་ཐབས་ལས་བྱུང་བ་ཡིན་ཏེ། ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ནི་འབྲེལ་པ་ཡིན་ནོ། །རྒྱུ་དང་འབྲས་བུའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་པའི་ཕྱིར་རོ། །

བཞི་བ་གྲངས་ངེས་པའི་རྒྱུ་མཚན།

བཞི་བ་གྲངས་ངེས་པའི་རྒྱུ་མཚན་ནི།

མཚོ་ཊཱིཀ་ལས། བསྟན་བཅོས་འདི་ལ་བརྗོད་བྱ་མེད། དེ་མེད་པས་དེ་རྟོགས་པའི་དགོས་པ་མེད། དེ་མེད་པས་འབྲེལ་བ་དང་ཉིང་དགོས་མེད་སྙམ་པའི་ལོག་རྟོག་བཞི་བསལ་བའམ། བརྗོད་བྱ་ལ་སོགས་པ་དེ་དག་ཕལ་ཆེར་མེད་ལས་ཆེ་སྙམ་པའི་ཐེ་ཚོམ་བཞི་བསལ་བའི་ཕྱིར། དགོས་འབྲེལ་ཡན་ལག་བཞིར་གྲངས་ངེས་ཏེ། ཊཱི་ཀ་ལས། འདུལ་བའི་མདོ་ལ་བརྗོད་པར་བྱ་བ་མེད་པར་དོགས་པ་བསལ་བའི་ཕྱིར་བརྗོད་པར་བྱ་བ་བསྙད་དོ། །འབྲས་བུ་མེད་པར་དོགས་པ་བཟློག་པའི་ཕྱིར་དགོས་པ་བརྗོད་དོ། །ཐབས་མེད་པར་དོགས་པ་སྤང་བའི་ཕྱིར་འབྲེལ་པ་བཤད་དོ། །འདོད་པའི་དོན་གྲུབ་པར་བྱ་བའི་ཕྱིར་དགོས་པའི་ཡང་དགོས་པ་བསྟན་ཏོ། །ཞེས་དང༌། ལོག་རྟོག་ཙམ་པོ་ལས་གཞན། རྟོག་ལྡན་བསྟན་བཅོས་ལ་འཇུག་པའི་གེགས་སུ་འགྱུར་ངེས་ཀྱི་ལོག་རྟོག་བཞིར་གྲངས་ངེས་པ་དེ་དག་སེལ་བ་ལ་དགོས་འབྲེལ་ཡན་ལག་བཞིར་གྲངས་ངེས་སོ། །ཞེས་གསུངས་སོ། །དེ་བཞིར་གྲངས་ངེས་པར་མི་འཐད་པར་ཐལ། ཀུན་བཏུས་ས་འགྲེལ་༢༢ལས། འགྲེལ་ཆེན་མང་པོར། བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དང་འབྲེལ་བ་དང་དགོས་པ་དང་དགོས་པའི་དགོས་པ་སྟེ་ལྔར་གསུངས་པས་དངོས་པོ་ལ་གྲུབ་པའི་གྲངས་དང་གོ་རིམ་ངེས་པ་མེད་ཅིང༌། འོན་ཀྱང་འགའ་ཞིག་གི་བློ་ཡུལ་དུ་བསྟན་བཅོས་ལ་འཇུག་པའི་གེགས་བརྗོད་བྱ་ལ་སོགས་པ་མེད་དོ་ཞེས་འཛིན་པ་སྐྱེ་སྲིད་པས་དེ་དག་སེལ་བ་ལ་དགོས་འབྲེལ་གྱི་ངག་བཞིར་ཡོད་པར་བསྟན་ཏོ། །ཞེས་གསུངས་པ་དང༌། འགྲེལ་ཆེན་དྲི་མེད་འོད་ལས། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ནི་འདིར་བརྗོད་པར་བྱ་བའོ། །འདི་སྟོན་པར་བྱེད་པའི་ལེའུའི་ཚོགས་རྒྱུད་ཀྱི་རྒྱལ་པོ་ནི་རྗོད་པར་བྱེད་པའོ། །ཞེས་དང༌། བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་བའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་ཞིབ་ཆ་དགོས་སོ། །

ལྔ་བ་དབྱེ་བ་སོ་སོའི་རང་བཞིན།

ལྔ་བ་དབྱེ་བ་སོ་སོའི་རང་བཞིན་ནི།

དགོས་འབྲེལ་ཡན་ལག་བཞི་པོ་རེ་རེ་ལ་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཡོད་པ་ལས། བརྗོད་བྱ་ལ་གཉིས་ཏེ། དངོས་ཀྱི་བརྗོད་བྱ་དང༌།ཞེན་པའི་བརྗོད་བྱའོ། ། དགོས་པ་ལ་གཉིས་ཏེ། དགོས་པ་དོན་གྱི་ཆོས་སུ་བཞག་པ་དང༌། དགོས་པ་ཤེས་པའི་ཆོས་སུ་བཞག་པའོ། །ལྡོག་པ་ཐ་དད་ཀྱི་སྒོ་ནས་ཕྱེ་བའོ། །འབྲེལ་པ་ལ་གཉིས་ཏེ། བསྟན་བཅོས་དང་དགོས་པ་འབྲེལ་པ་དང༌། དགོས་པ་དང་ཉིང་དགོས་འབྲེལ་པའོ། །ཉིང་དགོས་ལ་གཉིས་ཏེ། དགོས་པའི་དགོས་པ་གནས་སྐབས་པ་དང༌། དགོས་པའི་དགོས་པ་མཐར་ཐུག་པའོ། །དེ་ཡང་ཟག་མེད་ཀྱི་ལམ་དང་མྱ་ངན་ལས་འདས་པ་སྟེ་གོ་རིམ་བཞིན་ནོ། །ཞེས་མཚོ་ཊཱིཀ་ལས་སོ། །དྲུག་པ་ངག་འདིས་དགོས་འབྲེལ་བསྟན་ལུགས་ནི། བརྗོད་བྱ་དང་ཉིང་དགོས་ནི། ཚུལ་ཁྲིམས་ཀྱི་ཞེས་པ་དང༌། ངེས་པར་འབྱུང་བའི་ཞེས་པས་དངོས་སུ་བསྟན་ལ། བརྗོད་བྱ་བསྟན་པའི་ཤུགས་ཀྱིས་དགོས་པ་དང་འབྲེལ་པ་གཉིས་བསྟན་ཏེ། ཊཱི་ཀ་ལས། བརྗོད་པར་བྱ་བ་དང་དགོས་པའི་དགོས་པ་ནི་ཚུལ་ཁྲིམས་དང་ངེས་པར་འབྱུང་བའི་སྒྲ་གཉིས་ཀྱིས་གོ་རིམ་བཞིན་དུ་མངོན་སུམ་དུ་བསྟན་ལ། འབྲེལ་པ་དང་དགོས་པ་ནི་ཤུགས་ཀྱིས་བསྟན་ཏེ། ཞེས་གསུངས་པའི་ཕྱིར་རོ། །མཐར་ཐུག་པའི་ཉིང་དགོས་མྱ་ངན་ལས་འདས་པ་དང་དེ་ཐོབ་པ་དང་གཉིས་ཡོད་དེ།ཊཱི་ཀ་ལས། ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ། ཕྱིར་མི་ལྡོག་པ་ཐོབ་པར་བྱ་བ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པའི་ཕྱིར། སྔ་མ་ནི་འདུས་མ་བྱས་ཡིན་ལ། ཕྱི་མ་ནི་འདུས་བྱས་སོ། ། མཚོ་ཊཱིཀ་ལས། ཉིང་དགོས་གནས་སྐབས་པ་དང་མཐར་ཐུག་པ་གཉིས་ལས། དང་པོ་ནི་ཟག་མེད་ཀྱི་ལམ་ཡིན་ལ། གཉིས་པ་ནི་མྱ་ངན་ལས་འདས་པ་ཡིན་གྱི་ཟག་མེད་ཀྱི་ལམ་མ་ཡིན་ཏེ། ཉིང་དགོས་མཐར་ཐུག་པའི་དབང་དུ་བྱས་ནས། ཊཱི་ཀ་ལས། དེའི་ཕྱིར་དགོས་པའི་ཡང་དགོས་པ་བརྗོད་པར་བྱ་སྟེ། དེ་ཡང་ངེས་པར་འབྱུང་བ་ཞེས་སྨོས་པས་བསྟན་ཏོ། །ངེས་པར་འབྱུང་བ་ནི་མྱ་ངན་ལས་འདས་པ་སྟེ། ཞེས་གསུངས་སོ། །ཟག་མེད་ཀྱི་ལམ་ནི་མཐར་ཐུག་པའི་ཉིང་དགོས་མ་ཡིན་ཏེ། ཊཱི་ཀ་ལས། ཅིའི་ཕྱིར་ཟག་པ་མེད་པའི་ལམ་མ་གཟུང་ཞེ་ན། གཙོ་བོ་མ་ཡིན་པའི་ཕྱིར་རོ། །ལམ་ནི་ གཙོ་བོ་མ་ཡིན་ཏེ། དེ་མྱ་ངན་ལས་འདས་པའི་དོན་དུ་ཡིན་པའི་ཕྱིར་རོ། །གཙོ་བོ་དང་གཙོ་བོ་མ་ཡིན་པ་གཉིས་ནི་གཙོ་བོ་ལ་འབྲས་བུར་ཡིད་ཆེས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་ལས་ཟག་མེད་ལམ་བདེན་གནས་སྐབས་ཀྱི་ཉིང་དགོས་ཡིན་པར་གསུངས་པ་ནི་སློབ་པའི་ལམ་བདེན་ལ་དགོངས་པ་ཡིན་ནམ་ཅི། དེ་ཡིན་ན་མི་སློབ་ལམ་མཐར་ཐུག་གི་ཉིང་དགོས་སུ་འགྱུར་དགོས་པ་ལས་གོང་དུ་བཀོད་པ་ལྟར་ཊཱི་ཀ་ལས་མཐར་ཐུག་ཉིང་དགོས་མྱང་འདས་དང་དེའི་ཐོབ་པ་ལས་གཞན་མ་གསུངས་པའི་རྒྱུ་མཚན་གང་ཡིན་འཚོལ་དགོས་སོ། །ཊཱི་ཀ་ལས་ལྷག་མེད་མྱང་འདས་ཀྱི་ཐོབ་པ་ཉིང་དགོས་བཞག་པ་དང༌། མཛོད་ལས། མྱ་ངན་འདས་སོགས་གོང་ནས་གོང༌། །འཐོབ་པ་ལ་ནི་དབང་བྱེད་ཕྱིར། །ཀུན་ཤེས་བྱེད་དང་ཀུན་ཤེས་དང༌། །དེ་བཞིན་ཀུན་ཤཻས་ལྡན་དབང་བོ། །ཞེས་གསུངས་པ་ལ། མཛོད་རང་འགྲེལ་ལས། ཀུན་ཤེས་པར་བྱེད་པའི་དབང་བོ་ནི། ཀུན་ཤེས་པའི་དབང་བོ་འཐོབ་པར་བྱེད་པ་ལ་དབང་བྱེད་དོ། །ཀུན་ཤེས་པའི་དབང་བོ་ནི། ཀུན་ཤེས་པ་དང་ལྡན་པའི་དབང་བོ་འཐོབ་པར་བྱེད་པ་ལ་དབང་བྱེད་དོ། །ཀུན་ཤེས་པ་དང་ལྡན་པའི་དབང་བོ་ནི། ཡོངས་སུ་མྱ་ངན་ལས་འདའ་བ་ལ་དབང་བྱེད་དེ། ཞེས་ཀུན་ཤེས་པ་དང་ཀུན་ཤེས་དང་ལྡན་པའི་དབང་བོ་གཉིས་ཐོབ་པ་ལ་དབང་བྱེད་པ་ཞེས་སྦྱར་ལ། མྱ་ངན་ལས་འདའ་བ་ལ་དབང་བྱེད་དེ། ཞེས་པ་ལས་ཐོབ་པ་ཞེས་མ་གསུངས་པ་ལ་གནད་ཅིག་ཡོད་པའི་ཕྱིར་དང༌། དེའི་ཐོབ་པ་ཡོད་ན་མཛོད་ལས། ཐོབ་དང་མ་ཐོབ་རང་རྒྱུད་དུ། །ཞེས་འབྱུང་བས་ལྷག་མེད་པའི་གང་ཟག་གདོན་མི་ཟ་བར་ཁས་བླང་དགོས་ལ། དེ་ལྟར་ན་དགྲ་བཅོམ་ཐ་མའི་སེམས་ཀྱི་དེ་མ་ཐག་རྐྱེན་ཡོད་དགོས་པ་ལ་དེ་མི་རིགས་ཏེ། མཚོ་ཊཱིཀ་༢༧ལས།དགྲ་བཅོམ་ལྷག་མེད་དུ་མྱ་ངན་ལས་འདའ་ཁའི་སེམས་རྒྱུན་ཐ་མ་ནི་མ་གཏོགས་སོ། །ཞེས་སོགས་གསུངས་པ་དང༌། མཛོད་ལས། སྨོན་པ་མེད་པ་ནི། །དེ་ལས་གཞན་བདེན་རྣམ་པ་ཅན། །ཞེས་པ་ལྟར་ལམ་བདེན་ལྷག་མེད་སྐབས་རྒྱུན་ཆད་པས་སྨོན་མེད་དུ་བཞག་པའི་ཕྱིར་རོ་ཟེར་ན་མྱ་ངན་ལས་འདའ་བ་ལ་དབང་བྱེད་པ་ལས་ལྷག་མེད་མྱང་འདས་ཀྱི་ཐོབ་པ་མེད་ཟེར་ན་ཊཱི་ཀས་དེ་ཉིང་དགོས་བཞག་པ་དང་འགལ་བས་དཔྱད་པར་བྱའོ། །

གསུམ་པ་རྩོད་པ་སྤོང་བ་ལ་གསུམ།

གསུམ་པ་རྩོད་པ་སྤོང་བ་ལ་གསུམ་ལས།

དང་པོ་ནི། རྣམ་བཅད་བཟློག་པའི་ཕྱོགས་ལ་རྩོད་པ་སྤོང་བ་ནི། གལ་ཏེ་དམ་བཅའ་བའི་ངག་གིས་ལོག་རྟོག་བསལ་ནུས་སམ་མི་ནུས། མི་ནུས་ན་ལོག་རྟོག་བསལ་བ་དེ་དགོས་འབྲེལ་ངག་གི་དགོས་པ་ཡིན་པར་དམ་བཅའ་བ་ཉམས་སོ། །ནུས་ན་ནི། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་དཔེར་ན་བུམ་པ་བཞིན་ཞེས་པའི་སྦྱོར་བ་དེས་སྒྲ་རྟག་འཛིན་གྱི་ལོག་རྟོག་བཟློག་པའི་དོན་དུ་རྟགས་དང་དཔེ་བཀོད་པ་དོན་མེད་དུ་ཐལ། སྒྲ་མི་རྟག་ཅེས་དམ་བཅས་པ་ཙམ་གྱིས་སྒྲ་རྟག་འཛིན་གྱི་ལོག་རྟོག་ཁེགས་པའི་ཕྱིར་རོ་ཞེ་ན། ངག་གིས་ཐོས་བྱུང་གི་ཤེས་རབ་ཀྱི་བློ་ཡུལ་དུ་ལོག་རྟོག་བསལ་ནུས་པས་སྐྱོན་དང་པོ་མེད་ལ། ཚད་མས་བསྡུས་པའི་བློ་ཡུལ་དུ་ལོག་རྟོག་བསལ་མི་ནུས་པས་སྐྱོན་གཉིས་པ་རྟགས་དང་དཔེ་བཀོད་པ་དོན་མེད་དུ་ཐལ་བའི་སྐྱོན་མེད་དོ། །གཉིས་པ་ཡོངས་གཅོད་འཇུག་པའི་ཕྱོགས་ལ་མི་ནུས་མི་དགོས་ཀྱི་སྐྱོན་སྤོང་བ་ལ་གཉིས་ལས། མི་ནུས་ཀྱི་སྐྱོན་སྤང་བ་ནི། དགོས་སོགས་ཆོས་བཞི་ཡོད་སྟོན་གྱི་ངག་ཆོས་ཅན། ངག་གི་དོན་ལ་ངེས་ཤེས་བསྐྱེད་མི་ནུས་པར་ཐལ། ངག་དང་དོན་ལ་འབྲེལ་པ་མེད་པའི་ཕྱིར་རོ་ཞེ་ན། ཚད་མས་བསྡུས་པའི་ངེས་ཤེས་བསྐྱེད་མི་ནུས་པར་ཐལ་ཟེར་རམ། ཐོས་བྱུང་གི་ངེས་ཤེས་བསྐྱེད་མི་ནུས་པར་ཐལ་ཟེར། དང་པོ་ལྟར་ན་འདོད་ཅིང༌། གཉིས་པ་ལྟར་ན་ཁྱབ་པ་མ་གྲུབ་བོ། །མི་དགོས་ཀྱི་སྐྱོན་སྤང་བ་ནི། དགོས་སོགས་ཆོས་བཞི་ཡོད་སྟོན་གྱི་ངག་ཆོས་ཅན། ཐེ་ཚོམ་བསྐྱེད་པའི་དོན་དུ་སྨོས་མི་དགོས་པར་ཐལ། ངག་དེ་མེད་ཀྱང་ཐེ་ཚོམ་ངང་གིས་སྐྱེ་བའི་ཕྱིར་ཞེ་ན། དགོས་འབྲེལ་ངག་གི་འབྲས་བུར་མ་གྱུར་པའི་ཐེ་ཚོམ་བསྐྱེད་པའི་དོན་དུ་སྨོས་མི་དགོས་པར་ཐལ་ཟེར་རམ། དགོས་འབྲེལ་ངག་གི་འབྲས་བུར་གྱུར་པའི་ཐེ་ཚོམ་བསྐྱེད་པའི་དོན་དུ་སྨོས་མི་དགོས་པར་ཐལ་ཟེར། དང་པོ་ལྟར་ན་འདོད་ཅིང༌། གཉིས་པ་ལྟར་ན་ངག་དེ་མ་བཀོད་ཀྱང་སྤྱིར་ཐེ་ཚོམ་སྐྱེ་ཡང་ངག་དེ་ལ་བརྟེན་པའི་ཐེ་ཚོམ་སྐྱེ་བའི་ཕྱིར་བཀོད་དགོས་པས་ཁྱབ་པ་མ་གྲུབ་པ་ཡིན་ནོ། ། གསུམ་པ་ཧ་ཅང་ཐལ་བ་སྤང་བ་ནི། བརྗོད་བྱ་དགོས་འབྲེལ་གསུམ་པོ་དེ་ཆོས་ཅན།དགོས་འབྲེལ་ངག་གིས་བརྗོད་མི་དགོས་པར་ཐལ། ལུས་རྣམ་གཞག་ལ་བརྟེན་ནས་གོ་བར་ནུས་པའི་ཕྱིར་ཞེ་ན། ལུས་རྣམ་གཞག་ལ་བརྟེན་ནས་གོ་བར་ནུས་པ་དེ། བསྟན་བཅོས་ལ་འཇུག་པའི་སྔ་རོལ་ཏུ་གོ་བར་ནུས་པའི་ཕྱིར་ཞེ་ན་རྟགས་མ་གྲུབ་ལ། བསྟན་བཅོས་ལ་ཞུགས་ནས་གོ་བར་ནུས་པའི་ཕྱིར་ཞེ་ན་ཁྱབ་པ་མ་གྲུབ་བོ་ཞེས་མཚོ་ཊཱིཀ་ལས་སོ། །བསྟན་བཅོས་ཀྱི་དགོས་སོགས་གསུངས་པའི་དགོས་པ་ནི། ཉ་ཊཱིཀ་ལས། དགོས་འབྲེལ་ངག་ལས་བསྟན་བཅོས་ཀྱི་ལུས་ལ་དགོས་སོགས་ཆོས་བཞི་ཡོད་པར་ངེས་པའམ་བསྟན་བཅོས་དགོས་པ་གཉིས་ཀྱི་རྒྱུར་ངེས་པ་སྟེ་དེ་ཡང་དབང་རྟུལ་གྱི་དབང་དུ་བྱས་ན་འཐད་དོ། །དེ་ལྟར་ན་བསྟན་བཅོས་རྩོམ་པའི་སྐབས་སམ་བྱ་བ་འགོག་པ་བཟློག་པ། གཞུང་བཀོད་པ་མཛེས་པ། དབང་རྣོན་ལ་དེ་འདྲའི་དོན་འགྱུར་བསྐྱེད་པ། དབང་རྟུལ་ལ་དེ་འདྲའི་ངེས་པ་སྐྱེས་པ། བསྟན་བཅོས་ལ་དགོས་མེད་ཀྱི་ལོག་རྟོག་བཟློག་པ། འབྲེལ་མེད་སོགས་ཀྱི་ལོག་རྟོག་བཟློག་པ། དུལ་ལྷས་སུམ་ཅུ་པའི་འགྲེལ་བཤད་དུ་བཤད་པ་ལྟར་ཉན་པ་པོ་སྤྲོ་བ་བསྐྱེད་པ་ཐམས་ཅད་དེའི་དགོས་པའམ་བྱ་བའི་འབྲས་བུ་ཡིན་ལ། དེ་ལས་རྟོག་ལྡན་བསྟན་བཅོས་ལ་ཐོས་སོགས་ཀྱིས་འཇུག་པ་ཉིང་དགོས་སམ་བྱ་བའི་འབྲས་བུའི་འབྲས་བུ་ཡིན་ནོ། །ཞེས་དང༌། ས་བཟང་ཀུན་བཏུས་འགྲེལ་བ་ལས། དབང་པོ་རྟུལ་པོས་ཡིད་ཆེས་པའི་ཚུལ་གྱིས་རྟོགས་ལ་རྣོན་པོས་དོན་འགྱུར་གྱི་ཐེ་ཚོམ་ཚུལ་གྱིས་རྟོགས་པ་ལ་སོགས་པའི་དོན་དུའོ། །ཞེས་པ་ནས། དེ་ལ་ཚིག་ཙམ་གྱི་ལོག་རྟོག་ཟློག་པར་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། འདི་ལས་ཚུལ་གསུམ་པའི་རིགས་པ་བརྒྱུད་ནས་སྐྱེ་སྲིད་པའི་ཕྱིར་དང༌། དེ་དག་གི་ལོག་རྟོག་ནི་བརྗོད་བྱ་བདེན་ལྡན་དུ་སྟོན་པའི་ངག་གིས་ཀྱང་ཟློག་པར་ནུས་པའི་ཕྱིར། ཞེས་དང༌། མཛོད་འགྲེལ་མངོན་པའི་རྒྱན་ལས། སྒྲ་མི་རྟག་ཅེས་བརྗོད་པས་རྟག་འཛིན་གྱི་ལོག་རྟོག་སེལ་བར་ནི་འདོད་མོད་ཀྱི། འོན་ཀྱང་བྱས་པ་ལ་སོགས་པའི་རྟགས་དང་དཔེ་ལ་སོགས་པ་ནི་ཐེ་ཚོམ་དང་མ་རྟོགས་པ་བསལ་ནས་ཡང་དག་པའི་ཚད་མའི་རྟོགས་པ་བསྐྱེད་པའི་ཕྱིར་ཡིན་པས་འགལ་བ་མེད་དོ། །ཞེས་དང༌། གོང་དུ་བཀོད་པའི་འདུལ་བ་མཚོ་ཊཱིཀ་ལས། ངག་གི་ཐོས་བྱུང་ཤེས་རབ་ཀྱི་བློ་ཡུལ་དུ་ལོག་རྟོག་བསལ་ནུས་པས། ཞེས་པ་ནས། ཚད་མས་བསྡུས་པའི་བློ་ཡུལ་དུ་ལོག་རྟོག་བསལ་མི་ནུས་པས། དགོས་སོགས་ཆོས་བཞི་ཡོད་སྟོན་གྱི་ངག་ཆོས་ཅན། ངག་གི་དོན་ལ་ངེས་ཤེས་བསྐྱེད་མི་ནུས་པར་ཐལ། ངག་དང་དོན་ལ་འབྲེལ་བ་མེད་པའི་ཕྱིར་རོ་ཞེ་ན། ཚད་མས་བསྡུས་པའི་ངེས་ཤེས་བསྐྱེད་མི་ནུས་པར་ཐལ་ཟེར་རམ། ཐོས་བྱུང་གི་ངེས་ཤེས་བསྐྱེད་མི་ནུས་པར་ཐལ་ཟེར་དང་པོ་ལྟར་ན་འདོད་ཅིང་གཉིས་པ་ལྟར་ན་ཁྱབ་པ་མ་གྲུབ་བོ། །ཞེས་དང༌། ཆོས་མཆོག་གི་ཚད་མ་བརྟག་པ་ལས། གང་ཕྱིར་དོན་གཉེར་འཇིག་རྟེན་འདི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་སོགས་སོ། །དེ་དག་ལ་ཡང་རྣམ་འགྲེལ་ལས། བསྒྲུབ་པར་བྱ་བ་བརྗོད་པ་ཡིས། །བརྒྱུད་པ་ཡིས་ཀྱང་ནུས་པ་མེད། །ཅེས་དང༌། ནང་གི་ཡན་ལག་ནུས་པ་ནི། །ཚུལ་གསུམ་དག་ལ་ཡང་དག་གནས། །དེ་ལ་དྲན་པ་བསྐྱེད་པ་ནི། །དེ་ཉིད་ཚིག་ལ་ཡང་དག་གནས། །ཞེས་སོགས་ཀྱིས་དཔྱད་པར་བྱའོ། །གཉིས་པ་བརྗོད་བྱ་ངེས་པར་འབྱུང་བའི་ཚུལ་ཁྲིམས་བསྟན་པ་ལ་བཅུ་སྟེ།དབྱེ་བསྡུ་མཚན་ཉིད་སྒྲ་བཤད་དང༌། །རྒྱུ་རྐྱེན་འབྲས་བུ་ངོ་བོ་དང༌། །གནས་ཚུལ་བྱེད་པའི་ལས་དང་བཅུར། །སོ་སོར་ཐར་སྡོམ་རྣམ་པར་བཤད། །ཅེས་པ་ལྟར་བཅུ་ལས། དང་པོ་དབྱེ་བ་ནི། མཛོད་ལས། སོ་སོ་ཐར་ཅེས་བྱ་རྣམ་བརྒྱད། །ཅེས་གསུངས་ཏེ། རབ་བྱུང་སྡེ་ལྔའི་སྡོམ་པ་ལྔ། །དགེ་བསྙེན་ཕ་མའི་སྡོམ་པ་གཉིས། །བསྙེན་གནས་སྡོམ་པ་དང་བཅས་པ། །སོ་སོ་ཐར་པའི་སྡོམ་པ་བརྒྱད། །ཅེས་གསུངས་པ་ལྟར་ཡིན་ནོ། །འོ་ན་དགེ་སློང་ཕ་མ་གཉིས་དང་དགེ་ཚུལ་ཕ་མ་གཉིས་དང་དགེ་བསྙེན་ཕ་མ་གཉིས་ཀྱི་སྡོམ་པ་ནི་ཐ་དད་དུ་བགྲང་ཡང༌། བསྙེན་གནས་ཕ་མ་གཉིས་ཀྱི་སྡོམ་པ་གཅིག་ཏུ་བགྲང་བའི་རྒྱུ་མཚན་ཅི་ཞེ་ན། དུས་ཡུན་ཐུང་བས་སྡོམ་པ་དམན་པ་ལ་དགོངས་ནས་གཞུང་ལས་གཅིག་ཏུ་བགྲངས་པ་ཙམ་ཡིན་ནོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། ། དེ་ལྟར་མངོན་རྒྱན་༣༥༤ལས། བསྙེན་གནས་ལ་གཉིས་སུ་མ་ཕྱེ་བ་ནི་ཡུན་ཐུང་བའི་ཕྱིར། ཞེས་གསུངས་པ་ལ། འོ་ན་ཡུན་ཐུང་བའི་དགེ་བསྙེན་སོགས་ལ་ཕ་མ་གཉིས་སུ་མི་ཕྱེ་བར་ཐལ། ཡུན་ཐུང་བའི་ཕྱིར། ཁྱབ་པ་ཁས་ཟེར་ན་དཔྱད། འདིར་བྱེ་བྲག་སྨྲ་བའི་ལུགས་ལ་ཟ་མ་སོགས་ལ་བསྙེན་གནས་ཁས་མི་ལེན་ཏེ། མཛོད་འགྲེལ་དང༌། རང་གི་རྣམ་བཤད་དང༌། ཊཱི་ཀ་ལས། ཟ་མ་དང་མ་ནིང་སྡོམ་པའི་ཞིང་མ་ཡིན། ཞེས་སོ། །འོན་ཀྱང་དགེ་སློང་གི་མཚན་ཉམས་པ་འགྱུར་བ་མི་བསྟེན་པ་ནི་དམིགས་བསལ་ཡིན་ཏེ། རབ་ཏུ་བྱུང་བའི་ཕོ་དབང་ཉམས་པར་གྱུར་ན། ལུང་གཞི་ལས། གལ་ཏེ་འགྱུར་བ་བསྟེན་ན། བསྙིལ་བར་བྱའོ། །གལ་ཏེ་འགྱུར་བ་མི་བསྟེན་ན་བཏང་སྙོམས་སུ་བྱའོ། །ཞེས་དང༌། ཞུ་འགྲེལ་ལས་ཀྱང༌། ཡན་ལག་སྐྱེས་པ་བཅད་པ་ལ་སོགས་པས་ཉམས་པ་འདི་ཇི་སྲིད་དུ་འགྱུར་བ་མི་བསྟེན་པ་དེ་སྲིད་དུ་དགེ་སློང་ཉིད་ཡིན་ལ། འདི་ལ་དགེ་སློང་གཞན་བཞིན་དུ་ཅི་རིགས་པར་ལྟུང་བ་རྣམས་འབྱུང་ངོ༌། །ཞེས་སོ། ། གཉིས་པ་བསྡུ་བ་ནི། རབ་ཏུ་བྱུང་བའི་སྡོམ་པ་དང༌། ཁྱིམ་པའི་ཕྱོགས་ཀྱི་སྡོམ་པ་གཉིས་སུ་འདུས་ཏེ། སྔ་མ་ལྔ་དང༌། ཕྱི་མ་གསུམ་གོ་རིམ་བཞིན་ནོ། །ཀུན་བཏུས་ལས། རབ་ཏུ་བྱུང་བའི་ཕྱོགས་ཀྱི་སྡོམ་པ། ཞེས་དང༌། ཀུན་བཏུས་འགྲེལ་བ་ལས། རབ་ཏུ་བྱུང་བའི་སྡོམ་པ་ནི་རྣམ་པ་ལྔ་སྟེ། དགེ་སློང་གི་སྡོམ་པ། ཞེས་པ་ནས། དགེ་ཚུལ་མའི་སྡོམ་པའི་བར་དུའོ། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་མཚན་ཉིད་བཤད་པ།

གསུམ་པ་མཚན་ཉིད་བཤད་པ་ལ།

སོ་སོར་ཐར་བའི་སྡོམ་པའི་མཚན་ཉིད་དང༌།དབྱེ་བ་སོ་སོའི་མཚན་ཉིད་བཤད་པ་དང་གཉིས། དང་པོ་ནི་ལུས་ངག་གི་གཞན་གནོད་གཞི་བཅས་ལས་ལོག་པའི་འདོད་པའི་སས་བསྡུས་ཀྱི་ངེས་འབྱུང་གི་སྡོམ་པ་དེ། སོ་ཐར་གྱི་སྡོམ་པའི་མཚན་ཉིད་ཡིན་ཏེ། ལུས་ངག་གི་ཞེས་པས་ཡིད་སྡོམ་དང་སོ་ཐར་གྱི་སྡོམ་པའི་གཞི་མཐུན་གཅོད།གཞན་གནོད་གཞི་བཅས་ལས་ལོག་ཅེས་པས་གཞན་སྡེའི་ཚུལ་ཁྲིམས་དང་རྩ་བཞིའི་གཞི་ཕྱི་དྲོའི་ཁ་ཟས་སོགས་བཅས་པའི་ཁ་ན་མ་ཐོ་བ་གཅོད། འདོད་པའི་སས་བསྡུས་ཞེས་པས་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་གཅོད། ངེས་འབྱུང་སྨོས་པས་ལེགས་སྨོན་འཇིགས་སྐྱོབ་སོགས་སོ་ཐར་གྱི་ཚུལ་ཁྲིམས་ཡིན་པ་གཅོད་དོ། །དེ་ཙམ་གྲུབ་མཐའ་བཞི་འདྲ་བ་ཡིན་ཏེ། མཛོད་རང་འགྲེལ་ལས། སོ་སོར་ཐར་བའི་སྡོམ་པ་ནི་འདི་བ་རྣམས་ཀྱི་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་སོ། །བྱེ་བྲག་སྨྲ་བའི་ལུགས་ལ་དེའི་ཟུར་ལ་གཟུགས་ཞེས་བརྗོད་ནའང་ཆོག སོ་ཐར་གྱི་སྡོམ་པ་ལ་གཞན་གནོད་གཞི་བཅས་སྤོང་བའི་སྡོམ་པས་ཁྱབ་བར་ཐལ། རྣམ་འབྱེད་འགྲེལ་བ་ལས། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཨ་མྲའི་ཚལ་ལྟ་བུ། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་སྨྱུག་མའི་ཚལ་ཞེས་པ་ལྟ་བུ། ཞེས་དང༌། མཛོད་འགྲེལ་གནད་སྒྲོན་ལས། འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུན་སྡོམ་ཞིང་འགོག་པས་ན་སྡོམ་པའོ། །ཞེས་དང༌། མཚོ་ཊཱིཀ་༣༡ལས། སྤོང་བ་བདུན་འཁོར་དང་བཅས་ཞེས་གསུངས་ན་གཙོ་བོ་ནི་གང་འཁོར་ནི་གང་ཞེ་ན་རང་བཞིན་གྱི་ཁ་ན་མ་ཐོ་བ་ལུས་ངག་གི་བདུན་པོ་སྤོང་བ་ནི་གཙོ་བོ་ཡིན་ལ། ཆང་འཐུང་བ་ལ་སོགས་པ་བཅས་པའི་ཁ་ན་མ་ཐོ་བ་སྤོང་བ་ཐམས་ཅད་འཁོར་ཡིན་ཏེ། ཞེས་དང༌། མཆིམས་མཛོད་༣༥༣ལས། དེ་ལ་གནོད་པ་ནི་ལུས་ངག་གི་མི་དགེ་བ་བདུན་དང་གཞི་ནི་ཡིད་ཀྱི་གསུམ་མམ། ཡང་ན་གནོད་པ་རང་བཞིན་དང་གཞི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་དང༌། མཆིམས་མཛོད་༣༥༣ལས། རྣམ་པར་རིག་བྱེད་མིན་པ་དེ་ནི་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། གང་ཞེ་ན། གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་ཞིང་འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུན་སྡོམ་ཞིང་འགོག་པས་ན་སྡོམ་པ་དང༌། གནོད་པ་གཞི་དང་བཅས་པ་ལ་རྒྱུན་དུ་ཞུགས་པ་ནི་སྡོམ་མིན་དང༌། གནོད་པའམ་གནོད་པའི་གཞི་དག་ཕྱོགས་རེ་སྤོང་བའམ་ཕྱོགས་རེ་ལ་འཇུག་ན་སྡོམ་པ་དང་སྡོམ་མིན་གཉིས་ལས་གཞན་པའི་བར་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། དགེ་བསྙེན་བསྙེན་གནས་དགེ་ཚུལ་དགེ་སློབ་མའི་སྡོམ་པ་དེ་དག་ཆོས་ཅན། སོ་ཐར་གྱི་སྡོམ་པ་མ་ཡིན་པར་བར་མའི་དགེ་བ་ཡིན་པར་ཐལ། གཞན་གནོད་གཞི་བཅས་སྤོང་བ་མ་ཡིན་པ་གང་ཞིག དེའི་ཕྱོགས་རེ་སྤོང་བ་དེ་ཡིན་པའི་ཕྱིར་ཏེ། མཛོད་འགྲེལ་གནད་སྒྲོན་ལས། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བ་མནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང༌། །དགེ་ཚུལ་ཆེད་དང་དགེ་སློང་ཉིད། །སྤང་བར་བྱ་བ་ལྔ་པོ་ལས་སླར་ལྡོག་པ་ཡང་དག་པར་བླངས་པས་ནི་དགེ་བསྙེན་གྱི་སྡོམ་པ་དང༌། ཞེས་དང༌། མཚོ་ཊཱིཀ་༣༡ལས། དགེ་ཚུལ་ལ་སོགས་པ་དག་གི་སྡོམ་པ་ནི་སྤོང་བ་བཞིའི་མཚན་ཉིད་ཅན་ཡིན། ཞེས་སོགས་གསུངས་པའི་ཕྱིར་ཟེར་བ་དང༌། བཅས་པ་མ་མཛད་པའི་སྔ་རོལ་གྱི་དགེ་སློང་གི་སྡོམ་པ་སོགས་སོ་ཐར་གྱི་སྡོམ་པ་ལ་སྡོམ་པའི་མཚན་ཉིད་དེ་ཚང་མ་ཚང་དང་དེ་དུས་སུ་དགེ་ཚུལ་དང་དགེ་སློང་གི་སྡོམ་པའི་ཁྱད་པར་སོགས་ལ་དཔྱད། དགེ་ཚུལ་གྱི་སྡོམ་པ་སྤོང་བ་བཞི་ཙམ་གྱི་མཚན་ཉིད་ཡིན་པ་མི་འཐད་པར་ཐལ། དགེ་ཚུལ་གྱིས་ཀྱང་དགེ་སློང་ཕ་ཁྲིམས་ཉིས་བརྒྱ་ང་གསུམ་ལས་ལྟུང་མེད་ཕྱེད་བཅུ་བདུན་མ་གཏོགས་གཞན་རྣམས་ངེས་པར་སྤོང་དགོས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། ། གཞན་ཡང་ངེས་འབྱུང་གི་བསམ་པ་མེད་པར་སོ་ཐར་གྱི་སྡོམ་པ་མི་སྐྱེ་བ་ཡིན་ཏེ། མདོ་རྩ་བ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་དང༌། ཊཱི་ཀ་ལས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་བས། ཞེས་དང༌། རྒྱ་ཆེར་འགྲེལ་ལས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་སྐྱེ་བ་ནི་མེད་དོ། །ཞེས་དང༌། ཕྲན་ཚེགས་འགྲེལ་བ་ལས། ཐར་བའི་བསམ་པའི་སྒོ་ནས་སྡོམ་པ་འཐོབ་པ་ཡིན་ལ། ཐར་པའི་བསམ་པ་མེད་པར་སྡོམ་པ་མི་འཐོབ། ཅེས་དང༌། འདུལ་བའི་ལག་ལེན་རིན་པོ་ཆེའི་གཏེར་༡༣༥ལས། དེ་ཐམས་ཅད་མྱང་འདས་ཀྱི་བསམ་པས་ཟིན་པ་དགོས་ཏེ། ཚེ་འདིའི་སྡུག་བསྔལ་དང་བྲལ་འདོད་དམ། ཕྱི་མ་ངན་སོང་གིས་འཇིགས་ནས་བསྲུང་པ་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས། ཚེ་འདིར་བདེ་བ་ཐོབ་འདོད་དམ། ཕྱི་མར་ལྷ་མིའི་དཔལ་འདོད་ནས་ལེན་པ་ལེགས་སྨོན་གྱི་ཚུལ་ཁྲིམས་ཏེ། དེ་གཉིས་ངེས་འབྱུང་གི་བསམ་པ་ཉམས་པས་སོ་ཐར་གྱི་སྡོམ་པར་མི་འགྱུར། སོ་ཐར་གྱི་སྡོམ་པར་འགྱུར་བ་ལ། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་གསུངས་པས་མྱང་འདས་ཀྱི་བསམ་པ་བརྟན་པོས་ཟིན་དགོས་ཤིང་ཞེས་གསུངས་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། མཚོ་ཊཱིཀ་༦༩ལས། ལུང་གཞི་ནས། ཀུན་དགའ་བོའི་ཚ་བོ་བྱིས་པ་གཉིས་དང་ཕྲན་ཚེགས་ནས་མཛེས་དགའ་བོ་དང༌། རྣམ་འབྱེད་ནས་འཆར་ཀ་དང་ཉེ་སྡེ་སྟེ། གང་ཟག་དེ་རྣམས་ལ་ཆོས་ཅན། སྡོམ་པ་མ་སྐྱེས་པར་ཐལ། སྡོམ་པ་ལེན་དུས་ན་མྱ་ངན་ལས་འདས་པའི་བསམ་པ་མེད་པའི་ཕྱིར་ཏེ། དང་པོ་གཉིས་ལྟོ་ཕྱིར་རབ་ཏུ་བྱུང་བ་དང་དེའི་འོག་མ་གཉིས་ངོ་མ་བཟློག་པར་རབ་ཏུ་བྱུང་བ་དང༌། ཉེ་སྡེ་སྲོག་བྱོལ་ལ་རབ་ཏུ་བྱུང་བའི་ཕྱིར་ཏེ། རྟགས་ལུང་གིས་གྲུབ་ཅིང༌། ཁྱབ་པ་ཁས་བླངས་སོ། །འདོད་ན། རབ་བྱུང་གི་ཆ་ལུགས་ཅན་སྡོམ་པ་མེད་པས་དགྲ་བཅོམ་པ་ཐོབ་པར་མི་རིགས་པ་ལས་དེ་ཐམས་ཅད་ཀྱིས་དགྲ་བཅོམ་ཐོབ་པར་ལུང་ལས་གསུངས་པ་དང་འགལ་ལོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ཀྱང༌། བདག་ཁྱིམ་འདི་ན་གནས་ན་དཀའ་བས་འཚོ་བར་འགྱུར་བས་བདག་རབ་ཏུ་བྱུང་ལ་ཚེགས་ཆུང་ངུས་འཚོ་བར་བྱ་ཞིང༌། ཇི་སྲིད་འཚོའི་བར་ཏུ་ཚངས་པའི་སྤྱོད་པ་སྤྱད་པར་བྱའོ། །སྙམ་ནས་རབ་ཏུ་བྱུང་བ་ནི་༼འཇིགས་སྐྱོབ་ཀྱི་དྲི་མས་གོས་པས།༽གཅིག་ཏུ་ཡོངས་སུ་དག་པ་མ་ཡིན་ཞིང༌། དེ་ནི་བསྙེན་པར་རྫོགས་པ་མ་ཡིན་པར་ཡང་བརྗོད་པར་མི་བྱའོ། །ཞེས་གསུངས་པ་དང་འགལ་ལོ། །དེང་སང་གི་རབ་བྱུང་རྣམས་ཆོས་ཅན། ཕལ་ཆེར་ལ་སྡོམ་པ་མ་སྐྱེས་པར་ཐལ། ཕལ་ཆེར་ལ་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པའི་ཕྱིར་རོ། །ཞེས་པ་ནས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་ཞེས་གསུངས་པ་དེ་ཐམས་ཅད་ངེས་འབྱུང་གི་སྡོམ་པ་མི་སྐྱེ་ཞེས་བསྟན་པ་སྟེ། མདོ་རྩ་འགྲེལ་དུ་སྡོམ་པ་སྐྱེ་མི་སྐྱེ་བཤད་པ་ཐམས་ཅད་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་གསུངས་པའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ནི་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མནོས་ན་ངེས་འབྱུང་གི་སྡོམ་པ་མི་སྐྱེ་ཡང་སྡོམ་པ་ཙམ་པོ་ཞིག་ནི་སྐྱེ་སྟེ་སྔར་གྱི་གཞུང་དེ་དག་གིས་གྲུབ་བོ། །ཞེས་གསུངས་པའི་ཕྱིར་ཟེར་ན། མཚོ་སྣ་བས་དེ་ལྟར་གསུངས་པ་ལ་དཔྱད་ན་ཕྱི་རོལ་བའི་རྒྱུད་ལ་སོ་ཐར་གྱི་སྡོམ་པ་མེད་པའི་རྒྱུ་མཚན་ངེས་འབྱུང་གི་བསམ་པ་མེད་པའི་རྒྱུ་མཚན་གྱིས་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མཛོད་རང་འགྲེལ་ལས། ཅི་ཕྱི་རོལ་པ་དག་ལ་ཡང་དག་པར་བླང་བ་ལས་བྱུང་བའི་ཚུལ་ཁྲིམས་ཡོད་དམ་ཞེ་ན་ཡོད་མོད་ཀྱི་སོ་སོར་ཐར་བའི་སྡོམ་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ནི་སྲིད་པ་ལ་བརྟེན་པའི་ཕྱིར། ཞེས་དང༌། མཆིམས་མཆན་༣༥༧ལས། ཕྱི་རོལ་པ་རྣམས་ལ་སོ་ཐར་མེད་དམ་ཡོད་ཅེ་ན། དེ་དག་ལ་ཡང་མི་དགེ་བ་སྡོམ་པ་ཙམ་ཡོད་མོད་ཀྱི་སོ་སོར་ཐར་བའི་སྡོམ་པ་ནི་མེད་དེ། དེ་དག་ནི་ལོག་ལྟ་ལ་སོགས་པས་ཉམས་པའི་ཕྱིར་དང༌། སྲེད་པའི་ཁྱད་པར་ཁོ་ན་ལ་ཐར་བར་འདུ་ཤེས་པས་སྲིད་པ་ལ་བརྟེན་པའི་ཕྱིར་གཏན་དུ་སྡིག་པ་ལས་སོ་སོ་ཐར་བར་བྱེད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། ཚུལ་ཁྲིམས་དེ་ངེས་འབྱུང་གི་བསམ་པས་མ་ཟིན་ན་འཇིགས་སྐྱོབ་དང་ལེགས་སྨོན་གྱི་ཚུལ་ཁྲིམས་གང་རུང་དུ་འགྱུར་བའི་ཕྱིར་ཏེ། མཛོད་རང་འགྲེལ་ལས། འཇིགས་པའི་ཚུལ་ཁྲིམས་ནི། འཚོ་བ་མེད་པ་དང༌། ཚིགས་སུ་བཅད་པ་མེད་པ་དང་ཆད་པ་དང་ངན་འགྲོས་འཇིགས་ནས་སྲུང་བ་གང་ཡིན་པའོ། །ལེགས་སུ་སྨོན་པའི་ཚུལ་ཁྲིམས་ནི་སྲིད་པ་དང་ལོངས་སྤྱོད་དང་བཀུར་སྟི་ལ་ཆགས་ནས་སྲུང་བ་གང་ཡིན་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་རང་ལུགས་ལ་སོ་ཐར་གྱི་སྡོམ་པ་དངོས་ཡིན་པ་ལ་འཁོར་བ་ལ་ཡིད་སྐྱོ་བ་སྐྱེས་ནས་དེ་ལས་ཐར་འདོད་ཀྱི་བློས་ཟིན་པ་དགོས་སོ། ། སྒྲུབ་བྱེད་སྔར་གྱི་ལུང་དེ་དག་དང༌། འདུལ་བའི་ལག་ལེན་རིན་པོ་ཆེའི་གཏེར་༡༣༥ལས། མྱང་འདས་ཀྱི་བསམ་པས་ཟིན་པ་དགོས་ཏེ། ཚེ་འདིའི་སྡུག་བསྔལ་དང་བྲལ་འདོད་དམ། ཕྱི་མ་ངན་སོང་གིས་འཇིགས་ནས་བསྲུང་པ་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས། ཚེ་འདིར་བདེ་བ་ཐོབ་འདོད་དམ། ཕྱི་མར་ལྷ་མིའི་དཔལ་འདོད་ནས་ལེན་པ་ལེགས་སྨོན་གྱི་ཚུལ་ཁྲིམས་ཏེ། དེ་གཉིས་ངེས་འབྱུང་གི་བསམ་པ་ཉམས་པས་སོ་ཐར་གྱི་སྡོམ་པ་མི་འགྱུར།སོ་ཐར་གྱི་སྡོམ་པར་འགྱུར་བ་ལ། ངེས་པར་འབྱུང་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་གསུངས་པས་མྱང་འདས་ཀྱི་བསམ་པ་བརྟན་པོས་ཟིན་དགོས་ཤིང༌། དེ་ཡང་འཁོར་བའི་ཉེས་དམིགས་རིག་ནས་སྤང་བར་འདོད་པ་དང༌། མྱང་འདས་ཀྱི་ཡོན་ཏན་རིག་ནས་ཐོབ་པར་འདོད་པ་དགོས། ཞེས་གསུངས་སོ། །འོན་ཀྱང་ཁ་ཅིག་ངེས་འབྱུང་བསམ་པ་མི་དགོས་པར་འདོད་པ་དང༌། ཁ་ཅིག་ངེས་འབྱུང་བསམ་པ་དགོས་ཀྱང་བཅོས་མིན་གྱི་མྱོང་བ་ཐོན་པའི་ངེས་འབྱུང་མི་དགོས་པར་འདོད་པ་དང༌། ཁ་ཅིག་སྡོམ་པ་ལེན་དུས་སུ་ངེས་འབྱུང་ཤུགས་དྲག་དགོས་ཀྱང་བརྟན་པ་མི་དགོས་པར་འདོད་པ་སོགས་མང་བས་དམ་པ་རྣམས་དོགས་པའི་གནས་ཡིན་པས་དཔྱད་པར་བྱའོ། །ཡང་སོ་ཐར་གྱི་སྡོམ་པ་སོགས་སྡོམ་པ་སོ་སོའི་མཚན་ཉིད་ཡོད་དེ། རང་འགྲེལ་༣༤༤ལས། སོ་སོར་ཐར་བའི་སྡོམ་པ་ནི། འདི་བ་རྣམས་ཀྱི་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་སོ། །བསམ་གཏན་གྱི་སྡོམ་པ་ནི་གཟུགས་ན་སྤྱོད་པ་རྣམས་ཀྱི་ཚུལ་ཁྲིམས་ཡིན་ནོ། །ཟག་པ་མེད་པའི་སྡོམ་པ་ནི་ཟག་པ་མེད་པའི་ཚུལ་ཁྲིམས་ཡིན་ནོ། །ཞེས་དང༌། མཚོ་ཊཱིཀ་༢༠ལས།སོ་སོར་ཐར་པའི་སྡོམ་པའི་མཚན་ཉིད་ནི། བྱེ་བྲག་སྨྲ་བ་ལྟར་ན་ཉེས་པར་སྤྱོད་པ་ལས་མི་མཐུན་ཕྱོགས་ཀྱི་དངོས་གཞི་ཡིན་པའི་གཟུགས་དགེ་བ་གང་ཞིག ཁམས་གོང་མའི་སེམས་དང་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་མ་ཡིན་པའོ། །ཞེས་དང༌། མངོན་རྒྱན་༣༥༤ལས། དགེ་སློང་གི་སྤོང་བདུན་དང༌། ཟག་བཅས་ཀྱི་མཉམ་བཞག་ལས་སྐྱེས་པའི་སྤོང་བདུན་དང༌། ཟག་མེད་མཉམ་བཞག་ལས་སྐྱེས་པའི་སྤོང་བདུན་རྣམས་མཚན་གཞི། སོ་ཐར་དང༌། བསམ་གཏན་དང༌། ཟག་མེད་ཀྱི་སྡོམ་པའི་ཐ་སྙད་བྱ་རུང༌། མཚན་ཉིད་རིམ་པ་ལྟར་འདོད་པའི་དགེ་བ་གཟུགས་ཅན་གང་ཞིག་ངེས་པ་ལྔ་དང་བྲལ་བ་དང༌། སེམས་ཀྱི་རྗེས་འབྲང་གི་གཟུགས་ཟག་བཅས་དང༌། སེམས་ཀྱི་རྗེས་འབྲང་གི་གཟུགས་ཟག་མེད་དོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ། ། དེ་དག་གི་སྒོ་ནས་བསྙེན་གནས་ཀྱི་སྡོམ་པ་སོགས་ངེས་པ་ལྔ་བྲལ་ཡིན་མིན་དཔྱད་པར་བྱའོ། །

གཉིས་པ་དབྱེ་བ་སོ་སོའི་མཚན་ཉིད་བཤད་པ།

གཉིས་པ་དབྱེ་བ་སོ་སོའི་མཚན་ཉིད་བཤད་པ་ལ།

དགེ་བསྙེན་གྱི་སྡོམ་པའི་མཚན་ཉིད་དང༌། དགེ་ཚུལ་གྱི་སྡོམ་པའི་མཚན་ཉིད་དང༌། དགེ་སློབ་མའི་སྡོམ་པའི་མཚན་ཉིད་དང༌།དགེ་སློང་གི་སྡོམ་པའི་མཚན་ཉིད་བཤད་པ་དང་བཞི། དང་པོ་ལ་མཚན་ཉིད་དངོས་དང༌། དགེ་བསྙེན་གྱི་དབྱེ་བ་དང་གཉིས། དང་པོ་ནི། ཇི་སྲིད་འཚོའི་བར་དུ་རང་གི་སྤང་བྱ་ལྔ་ཙམ་སྤོང་བ་དངོས་སུ་ཁས་བླངས་བ་ལས་སྐྱེས་པའི་རིགས་གནས་ཀྱི་སོ་ཐར་གྱི་སྡོམ་པ་དེ། དགེ་བསྙེན་གྱི་སྡོམ་པའི་མཚན་ཉིད་ཡིན་ཏེ། མཛོད་འགྲེལ་གནད་སྒྲོན་ལས། སྤང་བར་བྱ་བ་ལྔ་པོ་ལས་སླར་ལྡོག་པ་ཡང་དག་པར་བླངས་པས་ནི་དགེ་བསྙེན་གྱི་སྡོམ་པ་དང༌། ཞེས་དང༌། མཚོ་ཊཱིཀ་ལས།གཉིས་པ་དགེ་བསྙེན་གྱི་ངོ་བོ་ལ། ཡོངས་རྫོགས་ཀྱི་དགེ་བསྙེན་གྱི་ངོ་བོ་ནི། སྡོམ་པ་དང་ལྡན་པའི་གང་ཟག་སྟེ། མཛོད་འགྲེལ་ལས། སྤང་བྱ་ལྔ་སྤོང་བ་ཡང་དག་པར་བླངས་པ་ནི་དགེ་བསྙེན་ཡིན་ནོ་ཞེས་སོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་དགེ་བསྙེན་གྱི་དབྱེ་བ།

གཉིས་པ་དགེ་བསྙེན་གྱི་དབྱེ་བ་ནི།

མཚོ་ཊཱིཀ་ལས། དགེ་བསྙེན་གྱི་དབྱེ་བ་ནི། ཉན་ཐོས་ཀྱི་གཞུང་ནས་བཤད་ཚོད་ཀྱི་དགེ་བསྙེན་བདུན་ཡོད་པ་ལས་མིང་ཆེན་གྱི་མདོ་དང༌། མཛོད་འགྲེལ་ལས་ལྔ་གསུངས་ཏེ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་དང༌། སྣ་གཅིག་སྤྱོད་པའི་དང༌། ཕྱོགས་གཅིག་སྤྱོད་པའི་དང༌། ཕལ་ཆེར་སྤྱོད་པ་དང༌། ཡོངས་སུ་རྫོགས་པར་སྤྱོད་པའི་དགེ་བསྙེན། ཞེས་གསུངས་པ་དང༌། ཚངས་པར་སྤྱོད་པའི་དགེ་བསྙེན་དང༌། གོ་མིའི་དགེ་བསྙེན་དང་བདུན་ནོ། །དེ་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་ནི། སྡོམ་པ་མ་བླངས་ཀྱང་གསུམ་ལ་སྐྱབས་སུ་འགྲོ་བ་ལ་གནས་པའོ། །༼མིང་ཆེན་འདི་ལྟར་ཁྱིམ་པ་ཞིག་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་བདག་དགེ་བསྙེན་དུ་བཟུང་དུ་གསོལ་ཞེས་ཚིག་ཏུའང་སྨྲས་ན་འདི་ཙམ་གྱིས་དགེ་བསྙེན་དུ་འགྱུར་རོ། །ཞེས་མིང་ཆེན་གྱི་མདོར་གསུངས་པ་མཛོད་འགྲེལ་དུ་དྲངས་སོ། །༽འདིར་མཛོད་འགྲེལ་ལས། སྐྱབས་སུ་འགྲོ་བ་ཁོ་ནས་དགེ་བསྙེན་དུ་འགྱུར་རམ་ཞེ་ན། ཉི་འོག་པ་རྣམས་ན་རེ་སྡོམ་པ་མེད་ཀྱང་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་འགྱུར་རོ་ཞེས་ཟེར་རོ། །ཁ་ཆེ་བ་རྣམས་ན་རེ་སྡོམ་པ་མེད་པར་མི་འགྱུར་རོ་ཞེས་ཟེར་རོ་ཞེའོ། །༼ དེ་ལྟར་ན་སྐྱབས་སུ་འགྲོ་བ་ལ་གནས་པ་ཡང་སངས་རྒྱས་ཀྱི་འཁོར་རྣམ་པ་བཞི་ལ་མ་གཏོགས་པར་ཐལ་བར་འགྱུར་རོ་ཞེ་ན་དཔྱད་དགོས་སོ། །༽ སྣ་གཅིག་སྤྱོད་པའི་དགེ་བསྙེན་ནི་ཉེས་པའི་རྩ་བ་བཞི་པོ་ལས་གང་ཡང་རུང་བ་གཅིག་བསྲུང་བའོ། །ཕྱོགས་གཅིག་སྤྱོད་པའི་དགེ་བསྙེན་ནི་ཉེས་པའི་རྩ་བ་བཞི་ཆང་དང་ལྔ་ལས་གང་ཡང་རུང་བ་གཉིས་བསྲུང་བའོ། །ཕལ་ཆེར་སྤྱོད་པའི་དགེ་བསྙེན་ནི་ལྔ་པོ་དེ་དག་ལས་གང་ཡང་རུང་བ་གསུམ་མམ་བཞི་བསྲུང་བའོ། ། ༼མཛོད་ཊཱིཀ་རྒྱལ་སྲས་མ་ལས་གཉིས་སྤངས་པ་ནི་ཕྱོགས་གཅིག་སྤྱོད་པ་ཡིན་ནོ།།༽སྣ་གཅིག་སྤྱོད་པ་ལ་སོགས་པ་གསུམ་པོ་དེ་དག་ནི་༼གསུམ་མམ་བཞི་སྤངས་པ་ནི་ཕལ་ཆེར་སྤྱོད་པ་ཡིན་ནོ་ཞེས་བཤད་དོ། །མཛོད་ཊཱིཀ་གང་སྤེལ་ལས་ཕྱོགས་གཅིག་སྤྱོད་པ་ནི་གཉིས་སམ་གསུམ་བསྲུང་བའོ། །ཕལ་ཆེར་སྤྱོད་པ་ནི་བཞི་བསྲུང་བའོ་ཞེས་བཤད་ཀྱང་སྔ་མ་ལྟར་གཟུང་སྟེ་ལྔ་དགོས་པ་ལ་གསུམ་ཚང་ན་ཕལ་ཆེར་ཚང་བ་ཡིན་པའི་ཕྱིར་རོ། །༽བྱེ་བྲག་སྨྲ་བ་ལྟར་ན། དང་པོ་ཡོངས་རྫོགས་ཀྱི་དགེ་བསྙེན་གྱི་སྡོམ་པ་བླངས་ནས་བར་དུ་ཉམས་ཏེ་སྣ་གཅིག་བསྲུང་བའམ་ཕལ་ཆེར་བསྲུང་བ་ཡིན་གྱི་ལེན་པའི་ཚེ་ཉིད་ན་སྣ་གཅིག་བསྲུང་བ་ལ་སོགས་པ་བླངས་ན་ཡན་ལག་ངེས་པའི་ཕྱིར་སྡོམ་པ་མི་སྐྱེ་སྟེ། བར་མའི་དགེ་བ་ཙམ་དུ་འདོད་དོ། །མདོ་སྡེ་པ་ལྟར་ན་ཡན་ལག་ངེས་པ་ལ་ཡང་སྡོམ་པ་སྐྱེ་བར་འདོད་ཅིང༌། ལེན་པའི་ཚེ་ཉིད་ནས་སྣ་གཅིག་བསྲུང་བ་ལ་སོགས་པ་བླངས་པས་སྣ་གཅིག་བསྲུང་བའམ་ཕལ་ཆེར་བསྲུང་བའི་སྡོམ་པ་ཐོབ་པར་འདོད་དོ། །༼མདོ་སྡེ་པ།༽ དེ་དང་མཐུན་པར་༼སེམས་ཙམ་པའི་ལུགས་ཀྱིས་ཀྱང༌།༽ འཕགས་པ་ཐོགས་མེད་ཀྱི་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། ༼སྲོག་གཅོད་པ་ཕྱོགས་གཅིག་སྤོང་བ་དང༌། ཕལ་ཆེར་སྤོང་བ་དང༌། ཐམས་ཅད་སྤོང་བ་དང༌། ཉིན་མཚན་དང་ཟླ་བའམ་ལོ་གཅིག་སྲོག་གཅོད་སྤོང་བ་ལ་སོགས་པ།༽དགེ་བསྙེན་གྱི་སྡོམ་པ་བརྒྱ་ཐམ་པ་གསུངས་ཏེ། དེ་ཡང་སྣ་གཅིག་སྤྱོད་པ་ལ་སོགས་པ་རྣམས་ཀྱི་བྱེ་བྲག་གི་དབྱེ་བ་ལ་སོགས་པ་ཡིན་ནོ། །ཡོངས་སུ་རྫོགས་པའི་དགེ་བསྙེན་ནི་དགེ་བསྙེན་གྱི་བསླབ་པ་ལྔ་ཆར་ཚང་བས་ཡོངས་སུ་རྫོགས་པ་ཡིན་ཏེ། མི་ཚངས་སྤྱོད་ཙམ་པོ་མི་བསྲུང་ཡང་ལོག་གཡེམ་བསྲུང་བའོ། །ཚངས་པར་སྤྱོད་པའི་དགེ་བསྙེན་ནི། ལུང་རྣམ་འབྱེད་ལས། རབ་ཏུ་འབྱུང་མི་ནུས་ན་ལྔ་པ་ཚངས་པར་སྤྱོད་པའི་བསླབ་པའི་གཞི་ལོང་ཞིག ཅེས་གསུངས་སོ། །དེའི་འགྲེལ་པ་ལས། མི་ཚངས་པར་སྤྱོད་པ་གཏན་སྤངས་པ་ཡིན་པས་ལྔ་པ་ཚངས་པར་སྤྱོད་པ་ཞེས་བྱ་སྟེ། ཁྱིམ་སྤངས་པའི་དགེ་བསྙེན་བསླབ་པའི་གཞི་ལྔ་བླངས་པ་ཡིན། ཞེས་པ་དང༌། ཊཱི་ཀ་ལས་ཀྱང༌། ཁྱིམ་པ་ཉིད་ལ་ཡང་ཇི་སྲིད་འཚོའི་བར་དུ་གྲོང་པའི་ཆོས་ལས་ཕྱིར་བཟློག་པའོ། །ཞེས་སོ། །གོ་མིའི་དགེ་བསྙེན་ནི་ཐུབ་པ་དགོངས་རྒྱན་ལས། གསོ་སྦྱོང་གི་སྡོམ་པ་ཁོ་ན་ཇི་སྲིད་འཚོའི་བར་དུ་ལེན་པ་ནི་གོ་མིའི་སྡོམ་པ་ཡིན་ནོ་ཞེས་བྱ་བ་ནི་གདམས་ངག་གོ། །ཞེས་གསུངས་སོ། །སྡོམ་པ་བརྒྱད་པའི་འགྲེལ་པ་ལས་ཀྱང༌། བསྙེན་གནས་ཡན་ལག་བརྒྱད་པ་ཇི་སྲིད་འཚོའི་བར་དུ་བླངས་པ་ནི་གོ་མིའི་སྡོམ་པ་བླངས་པ་ཡིན་ནོ། །ཞེས་གསུངས་ཤིང༌། དེ་ལྟར་སློབ་དཔོན་མཆེ་བའི་སྡེས་ཀྱང་བཤད་དོ། །དེ་ཡང་ཐམས་ཅད་ཡོད་སྨྲའི་སྡེ་བ་ལ་ནི་གོ་མི་མེད་ལ་ཕལ་ཆེན་སྡེ་བ་ལ་པུནྱ་ཤྲཱི་ཡོད་ཅེས་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་གསུང་ཞིང༌། གནས་བརྟན་པའི་མན་ངག་བརྒྱུད་པ་ལས་ཀྱང་བྱུང་ངོ༌། །གལ་ཏེ་དགེ་བསྙེན་བརྒྱད་ཡོད་པར་རིགས་ཏེ། མདོ་སྡེ་ལས། ནམ་འཚོའི་བར་གྱི་ཁྲིམས་མ་མནོས་ཀྱང་ཡན་ལག་བརྒྱད་པ་མནོས་པ་དེ་ལ་ཡང་དགེ་བསྙེན་ཞེས་བྱའོ། །ཞེས་གསུངས་སོ་ཞེ་ན། དེ་ནི་མིང་དགེ་བསྙེན་ཞེས་བཏགས་ཀྱང་དོན་དགེ་བསྙེན་རང་མཚན་པ་མ་ཡིན་ཏེ། མཛོད་ལས། གཞན་ལའང་བསྙེན་གནས་ཡོད་མོད་ཀྱི་ཞེས་དགེ་བསྙེན་ལས་གཞན་ལ་ཡང་བསྙེན་གནས་ཡོད་ཅེས་དེ་དགེ་བསྙེན་ལས་གཞན་ཡིན་པར་གསུངས་པ་དང༌། བསྙེན་གནས་ནི་ཤན་པ་ལ་སོགས་པ་དག་གིས་ཀྱང་འཐོབ་ལ། དེ་དག་ནི་དགེ་བསྙེན་ཡིན་པར་མི་རིགས་ལ་སངས་རྒྱས་ཀྱི་འཁོར་རྣམ་བཞིར་གཏོགས་པར་མི་རིགས་པའི་ཕྱིར་རོ། །དེ་ལྟར་ན་ཉན་ཐོས་ཀྱི་གྲུབ་མཐའ་ཙམ་ལ་ལྟོས་ནས་དགེ་བསྙེན་བདུན་ཡིན་ལ། ཁྱད་པར་དུ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱི་དགེ་བསྙེན་མཚན་ཉིད་པ་ནི་ལྔ་པ་དང་དྲུག་པ་སྟེ། དགེ་བསྙེན་དེ་གཉིས་ཁོ་ན་ཡིན་ལ། སྐབས་འདིར་བླང་བ་ནི་ཡོངས་རྫོགས་ཀྱི་དགེ་བསྙེན་གྱི་སྡོམ་པ་སྟེ་གཞི་དང་ཀརྨ་ཤ་ཏཾ་ལས་བསླབ་པ་༼མི་ཚངས་པར་སྤྱོད་པ་སྤངས་ཏེ་ཞེས་མ་གསུངས་ཀྱི་འདོད་པས་ལོག་པར་གཡེམ་པ་དང་ཞེས།༽ བརྗོད་པའི་ཆོ་གས་ཤེས་སོ། །ཞེས་གསུངས་སོ། །སྣ་གཅིག་སྲུང་བའི་དགེ་བསྙེན་གྱི་སྡོམ་པ་སོགས་དགེ་བསྙེན་གྱི་སྡོམ་པ་ཡིན་པར་ཐལ། དགེ་བསྙེན་གྱི་སྡོམ་པའི་དབྱེ་བ་ཡིན་པའི་ཕྱིར་ཏེ། རྩ་བར། གལ་ཏེ་ཐམས་ཅད་སྡོམ་ཡིན་ན། །སྣ་གཅིག་སྤྱོད་སོགས་ཇི་ལྟ་བུ། །དེ་སྲུང་བ་ལའང་གསུངས་ཞེས་གྲགས། །ཞེས་དང༌། ས་བཟང་གི་ཀུན་བཏུས་ཀྱི་འགྲེལ་བ་ལས།དགེ་བསྙེན་གྱི་བསླབ་པའི་གཞི་ལྔ་ལས་ཕྱོགས་གཅིག་སྲོག་གཅོད་སྤང་བ་ལྟ་བུ་ལ་སློབ་ན་དགེ་བསྙེན་གྱི་སྡོམ་པ་དང་ལྡན་པ་ཞེས་བྱའམ་ལྡན་པ་མ་ཡིན་པ་ཞེས་བྱ་ཞེ་ན། མིང་ཆེན་གྱི་མདོར། བཙུན་པ་ཇི་ཙམ་གྱིས་ན་སྣ་གཅིག་སྤྱོད་པའི་དགེ་བསྙེན་དུ་འགྱུར་བ་ལགས་ཞེས་སོགས་ཞུས་པའི་ལན་དུ། བསླབ་བྱ་སྣ་གཅིག་སྲུང་ན་སྣ་གཅིག་སྤྱོད་པ་དང༌། གཉིས་སྲུང་ན་ཕྱོགས་གཅིག་སྤྱོད་པ་དང༌། གསུམ་མམ་བཞི་སྲུང་ན་ཕལ་ཆེར་སྤྱོད་པ་དང༌། ལྔ་ཅར་སྲུང་ན་ཡོངས་སུ་རྫོགས་པར་སྤྱོད་པའི་དགེ་བསྙེན་དུ་གསུངས་པས། གང་བླངས་པ་སྲུང་བའི་ཆ་ནས་སྡོམ་པ་དང་ལྡན་པ་ཞེས་བྱ་སྟེ། ལྷག་མ་མི་སྲུང་བའི་ཆ་ནས་ཚུལ་ཁྲིམས་འཆལ་བ་ཞེས་ཀྱང་བྱའོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་དགེ་བསྙེན་གྱི་སྡོམ་པའི་མཚན་ཉིད་མི་ཚང་བའི་ཕྱིར། དེར་ཐལ། དགེ་བསྙེན་གྱི་སྡོམ་པ་ལ་སྤང་བྱ་ལྔ་སྤོང་པའི་སྡོམ་པ་དགོས་པའི་ཕྱིར། དེར་ཐལ། མཛོད་འགྲེལ་གནད་སྒྲོན་ལས། སྤང་བར་བྱ་བ་ལྔ་པོ་ལས་སླར་ལྡོག་པ་ཡང་དག་པར་བླངས་པས་ནི་དགེ་བསྙེན་གྱི་སྡོམ་པ་དང༌། ཞེས་གསུངས་པའི་ཕྱིར་རོ། །ཡང་སྐྱབས་འགྲོའི་དགེ་བསྙེན་དེ་དགེ་བསྙེན་གྱི་དབྱེ་བ་ཡིན་པར་ཐལ། འདུལ་བ་བདུད་རྩིའི་ཉིང་ཁུ་༤ལས། དགེ་བསྙེན་ལ་སྐྱབས་འགྲོའི་དགེ་བསྙེན། སྣ་གཅིག་སྤོང་བ། སྣ་འགའ་སྤོང་བ། ཕལ་ཆེར་སྤོང་བ། ཡོངས་སུ་རྫོགས་པ། ཚངས་སྤྱོད་ཀྱི་དགེ་བསྙེན། ཡན་ལག་བརྒྱད་ཇི་སྲིད་འཚོ་བར་བསྲུང་བ་གོ་མིའི་དགེ་བསྙེན་དང་བདུན་ལ། ཕ་མ་གཉིས་གཉིས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་གོང་ནས་བཤད་པ་ལྟར་གྲུབ་མཐའ་སོགས་ཀྱི་སྒོས་ཞིབ་ཆ་བྱེད་དགོས་པར་སྣང་ངོ༌། །རང་འགྲེལ་ལས།གལ་ཏེ་སྡོམ་པ་མེད་པའམ་མ་ཚང་བ་ཡང་དགེ་བསྙེན་དུ་འགྱུར་ན་དགེ་སློང་དང་དགེ་སྦྱོང་དག་ཏུ་ཡང་འགྱུར་རོ། །ཞེས་གསུངས་པ་ལྟར་དགེ་བསྙེན་ཡིན་ན་དགེ་བསྙེན་གྱི་སྡོམ་པ་ཚང་དགོས་སམ་དཔྱད། སྒོ་མང་ཡིག་ཆ་༩༥ལས། དེས་ན་ཁ་ཆེ་བ་རང་ལུགས་ཀྱི་དགེ་བསྙེན་ལྔ་སོགས་དགེ་བསྙེན་མཚན་ཉིད་པ་ཡིན་ཀྱང་སྡོམ་པ་ལེན་དུས་སྣ་གཅིག་སྤྱོད་སོགས་བླངས་པས་ཉི་འོག་པ་དང་མདོ་སྡེ་པ་དང་སློབ་དཔོན་ལྟར་གྱི་སྣ་གཅིག་སྤྱོད་པ་སོགས་དགེ་བསྙེན་མཚན་ཉིད་པར་མི་འདོད་པས་སྔར་བཤད་པ་དང་མི་འདྲ་བའི་ཁྱད་པར་ཤེས་དགོས་སོ། །ཞེས་གསུངས་ལ། འོན་ཀྱང་མཚོ་ཊཱིཀ་ཀི་ལུང་གོང་དུ་བཀོད་པ་དང་མི་མཐུན་ནོ། །པཎ་ཆེན་བསོད་གྲགས་པས་དགེ་བསྙེན་གྱིས་བསྙེན་གནས་ཀྱི་སྡོམ་པ་ལེན་ན་དགེ་བསྙེན་གྱི་སྡོམ་པ་གཏོང་བར་གསུངས་ལ། འཇམ་དབྱངས་བཞད་པས་མི་གཏོང་བར་འདོད་པས་དཔྱད་པར་བྱའོ། །

གཉིས་པ་དགེ་ཚུལ་གྱི་སྡོམ་པའི་མཚན་ཉིད་བཤད་པ།

གཉིས་པ་དགེ་ཚུལ་གྱི་སྡོམ་པའི་མཚན་ཉིད་བཤད་པ་ལ།

དངོས་དང༌། དགེ་ཚུལ་གྱི་དབྱེ་བ་གཉིས། དང་པོ་ནི། ཇི་སྲིད་འཚོའི་བར་དུ་དངོས་སུ་རྩ་བ་བཞི་ཡན་ལག་དྲུག་ཙམ་སྤང་བར་ཁས་བླངས་པ་ལས་སྐྱེས་པའི་རིགས་གནས་ཀྱི་སོ་ཐར་གྱི་སྡོམ་པ་དེ། དགེ་ཚུལ་གྱི་སྡོམ་པའི་མཚན་ཉིད་ཡིན་ཏེ། མཚོ་ཊཱིཀ་ལས། དགེ་ཚུལ་གྱི་ངོ་བོ་ནི། སྤང་བྱ་བཅུ་སྤོང་བའི་སྡོམ་པ་དང་ལྡན་པའི་གང་ཟག་སྟེ། མཛོད་འགྲེལ་ལས། སྤང་བྱ་བཅུ་སྤོང་བ་ཡང་དག་པར་བླངས་པས་ནི་དགེ་ཚུལ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དགེ་ཚུལ་གྱི་དབྱེ་བ་ནི། མཚན་གྱི་སྒོ་ནས་ཕྱེ་ན་དགེ་ཚུལ་ཕ་མ་གཉིས་ཏེ། རྩ་བར། དགེ་ཚུལ་གཉིས་ཀྱིས་ཀྱང་ངོ༌། །ཞེས་དང༌། ཊཱི་ཀ་ལས། དགེ་ཚུལ་གཉིས་ཀྱིས་རིན་ཆེན་རེག ཅེས་སོ། ། གསུམ་པ་དགེ་སློབ་མའི་སྡོམ་པའི་མཚན་ཉིད་ནི། དགེ་ཚུལ་མའི་རྗེས་སུ་སྟེར་འོས་པའི་རྩ་བའི་ཆོས་དྲུག་དང་རྗེས་མཐུན་གྱི་ཆོས་དྲུག་སྤོང་བར་དངོས་སུ་ཁས་བླངས་པ་ལས་སྐྱེས་པའི་རིགས་གནས་ཀྱི་སོ་ཐར་གྱི་སྡོམ་པ་དེ། དགེ་སློབ་མའི་སྡོམ་པའི་མཚན་ཉིད་ཡིན་ཏེ། ཀརྨ་ཤ་ཏམ་ལས། ཆོ་གའི་སྐབས་སུ་ཡང་མཁན་མོ་མིང་འདི་ཞེས་བགྱི་བས་དགེ་སློང་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་གསོལ་ཏོ། །འདི་ནི་གསོལ་བའོ། །ཞེས་དང༌། རྒྱ་ཆེར་འགྲེལ་བ་ལས། དེ་སྤྱད་པའི་དུས་ནི་ལོ་གཉིས་སོ། །ལོ་གཉིས་ལས་ལྷག་ན་ཡང་དེ་ཕྱིན་ཆད་ཉམས་པར་མི་འགྱུར་ལ། དེང་ཕྱིན་ཆད་མི་སྲུང་བར་བྱ་བ་མིན་ནོ། །ཞེས་གསུངས་པའི་ཕྱིར་རོ། ། བཞི་བ་དགེ་སློང་གི་སྡོམ་པའི་མཚན་ཉིད་ལ། དངོས་དང༌། དགེ་སློང་གི་དབྱེ་བ་གཉིས། དང་པོ་ནི། ཇི་སྲིད་འཚོའི་བར་དུ་སྤང་བྱ་བདུན་འཁོར་བཅས་སྤོང་བར་དངོས་སུ་ཁས་བླངས་པ་ལས་སྐྱེས་པའི་རིགས་གནས་ཀྱི་སོ་ཐར་གྱི་སྡོམ་པ་དེ། དགེ་སློང་གི་སྡོམ་པའི་མཚན་ཉིད་ཡིན་ཏེ། མཚོ་ཊཱིཀ་ལས། དགེ་སློང་གི་ངོ་བོ་ནི། སྤོང་བ་བདུན་འཁོར་དང་བཅས་པ་སྤང་བྱ་མཐའ་དག་སྤོང་བའི་སྡོམ་པ་དང་ལྡན་པའི་གང་ཟག་སྟེ། ཊཱི་ཀ་ལས། སྤོང་བ་བདུན་འཁོར་དང་བཅས་པ། ཞེས་དང༌། མཛོད་འགྲེལ་ལས། ལུས་དང་ངག་གི་ལས་སྤང་བར་བྱ་བ་ཐམས་ཅད་སྤོང་བ་ཡང་དག་པར་བླངས་པ་ནི་དགེ་སློང་ཡིན། ཞེས་གསུངས་སོ། །གཉིས་པ་དགེ་སློང་གི་དབྱེ་བ་ནི། རྣམ་འབྱེད་ལས། མིང་གི་དགེ་སློང་དང༌། ཁས་འཆེ་བའི་དང༌། སློང་བའི་དང༌། ཉོན་མོངས་པ་བཅོམ་པའི་དང༌། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་དང་ལྔར་ཕྱེ་སྟེ། དགེ་སློང་བཏགས་པ་བ་དང་མཚན་ཉིད་པ་ཅི་རིགས་པའོ། །མཚན་གྱི་སྒོ་ནས་ཕྱེ་ན་དགེ་སློང་ཕ་མ་གཉིས་ཏེ། དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་པ་དང༌། ཞེས་སོ། །

བཞི་པ་སྒྲ་བཤད་པ་ལ་གསུམ།

བཞི་པ་སྒྲ་བཤད་པ་ལ་གསུམ་སྟེ།

སོ་སོར་ཐར་པའི་སྡོམ་པ། དང་པོ་ཐར་པའི་སྡོམ་པ། ཐར་པའི་ཐབས་ཀྱི་སྡོམ་པ་ཞེས་བྱ་སྟེ། པྲ་ཏི་མོ་ཀྵ་ཞེས་སོ། །དེ་ལ་སྒྲ་བཤད་གསུམ་སྟེ། པྲ་ཏི་ཞེས་པ་སོ་སོ་ཡིན་ལ། མོ་ཀྵ་ཞེས་པ་ཐར་པ་ཡིན་པས་སོ་སོར་ཐར་པ་ཞེས་བྱ་སྟེ། ཚུལ་ཁྲིམས་བསྲུང་བའི་གང་ཟག་སོ་སོ་ངན་འགྲོ་དང་འཁོར་བ་ལས་ཐར་བར་འགྱུར་གྱི། གཞན་གྱིས་ཚུལ་ཁྲིམས་བསྲུངས་པས་གཞན་ཐར་པར་མི་འགྱུར་བའི་ཕྱིར་རོ། །པྲ་ཏི་ཞེས་པ་དང་པོ་ཡིན་ལ། མོཀྵ་ཞེས་པ་ཐར་པ་ཡིན་པས་དང་པོ་ཐར་པ་ཞེས་ཀྱང་བྱ་སྟེ། སྡོམ་པ་ཐོབ་པའི་སྐད་ཅིག་དང་པོ་དེ་ཉིད་ཀྱི་ཚེ་ན། སྔར་རང་རང་གི་སྐབས་ཀྱི་སྡོམ་མིན་ཡིན་པ་དེ་ལས་ཐར་པའི་ཕྱིར་རོ། །པྲ་ཏི་ཞེས་པ་ནི་སྒྲའི་རྐྱེན་གྱིས་ཐབས་ཀྱི་དོན་ཏོ། །མོཀྵ་ཞེས་པ་ཐར་པ་ཡིན་པས་ཐར་པའི་ཐབས་ཞེས་པ་སྟེ། དེས་ན་ཐར་པའི་ཐབས་ཀྱི་སྡོམ་པ་ཞེས་ཀྱང་བྱའོ། །སྒྲ་བཤད་དེ་གསུམ་ནི་བམ་པོ་ལྔ་བཅུ་པ་ལས་བཤད་དོ། །སྡོམ་པ་ཐོབ་ནས་སྐད་ཅིག་གཉིས་པ་ཚུན་ཆད་ཀྱི་སྡོམ་པ་དེ་ཡང་སོ་སོ་ཐར་པ་ཡིན་ན་ནི། མཛོད་འགྲེལ་ལས། སྡོམ་པ་ཡང་དག་པར་བླངས་པའི་རྣམ་པར་རིག་བྱེད་མ་ཡིན་པ་སྐད་ཅིག་དང་པོ་དག་ནི་སོ་སོར་ཐར་པ་ཞེས་ཀྱང་བྱ། སོ་སོར་ཐར་པའི་སྡོམ་པ་ཞེས་ཀྱང་བྱ་སྟེ། སྐད་ཅིག་མ་གཉིས་པ་ལ་སོགས་པ་ནི་སོ་སོར་ཐར་པའི་སྡོམ་པ་ཁོ་ན་ཡིན་གྱི་སོ་སོ་ཐར་པ་ནི་མ་ཡིན་ནོ་ཞེས་པ་དང་འགལ་ལོ་ཞེ་ན། སོ་སོ་རང་ཉིད་ཐར་པར་འགྱུར་བའི་སྒྲ་བཤད་ཅན་གྱི་སོ་སོ་ཐར་པ་ཡིན་ཡང༌། དང་པོ་ཐར་པའི་སྒྲ་བཤད་ཅན་གྱི་སོ་སོ་ཐར་པ་ནི་མ་ཡིན་ནོ་ཞེས་པ་སྟེ། སྡོམ་པ་ཐོབ་པའི་སྐད་ཅིག་དང་པོར་ཐར་ཟིན་ནས་ཀྱི་རྗེས་ཞུགས་ཡིན་པའི་ཕྱིར་རོ། །ཞེས་མཚོ་ཊཱིཀ་ལས་སོ། །སོ་ཐར་གྱི་སྡོམ་པ་སྐད་ཅིག་གཉིས་པ་ཕན་ཆད་སོ་སོ་ཐར་བ་མ་ཡིན་ཏེ།མཆིམས་མཛོད་༣༥༧ལས། ཡང་སོ་སོ་ཐར་བའི་སྡོམ་པ་ཐོབ་པའི་སྐད་ཅིག་མ་དང་པོའི་རྣམ་པར་རིག་བྱེད་མིན་པ་ནི་སོ་སོ་ཐར་བ་དང་སྡོམ་པ་དང་བྱ་བའི་ལས་ཀྱི་ལམ་ཞེས་ཀྱང་བྱ་སྟེ། སྡིག་པ་ལས་ཐར་བའི་ཕྱིར་དང༌། ལུས་ངག་སྡོམ་པའི་ཕྱིར་དང༌། ལས་འབྱུང་བའི་སྒོའི་ཕྱིར་རོ། །སྐད་ཅིག་མ་གཉིས་པ་ཕན་ཆད་ནི་སོ་སོ་ཐར་བའི་སྡོམ་པ་ཁོ་ན་ཡིན་གྱི་སོ་སོ་ཐར་བ་ནི་མ་ཡིན་ཏེ།སོ་སོ་ཐར་བའི་དོན་ནི། པྲ་ཏི་མོ་ཀྵ་ཞེས་བྱ་བ་དང་པོ་ཐར་བ་ཡིན་ན་ཐར་ཟིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དང་པོ་ཐར་པའི་སྒྲ་བཤད་ཅན་གྱི་སོ་སོར་ཐར་པ་ནི་མ་ཡིན་པར་མཛོད་འགྲེལ་གྱི་དོན་དེ་ལྟར་མཚོ་ཊཱིཀ་ལས་བཤད་པ་ལྟར་རོ། ། འོན་ཀྱང་མཆིམས་མཛོད་དང་མཛོད་རང་འགྲེལ་གྱི་གོང་འོག་གི་འབྲེལ་ལ་བརྟག་གོ །

དགེ་བསྙེན་གྱི་སྒྲ་བཤད།

དགེ་བསྙེན་གྱི་སྒྲ་བཤད་ནི།

ཨུ་པ་སི་ཀ་ཞེས་ཏེ། ཨུ་པ་ནི་ཉེ་བའམ་བསྙེན་པ་ཡིན་ལ། སི་ཀ་ནི་དགེ་བ་ཡིན་པས་དགེ་བསྙེན་ཞེས་བྱ་སྟེ། གཞི་འགྲེལ་ལས། དགེ་བའི་ཆོས་ལ་བསྙེན་བཀུར་བྱེད་པའི་ཕྱིར་དང་བསླབ་པའི་གཞི་ཇི་སྐད་གསུངས་པ་དག་སྲུང་བར་བྱེད་པའི་ཕྱིར་རོ། །ཞེས་སོ། །དགེ་ཚུལ་གྱི་སྒྲ་བཤད་ནི། པཎྜི་ཏ་ཛྙཱ་ན་ཤྲཱིའི་ཞལ་ནས་སཾ་སྐྲྀ་ཏའི་སྐད་དུ་ཤྲ་མ་ཎ་ལ་ཨེ་ར་ག་ཙ་ཏི་ཞེས་སྒྲའི་རྐྱེན་བྱིན་པས། མིག་མཆི་མས་གང་བ་དང་འདྲ་བས་ན་དགེ་ཚུལ་ཞེས་བྱ་སྟེ། མིག་མཆི་མས་གང་བ་དེས་ཐག་ཉེ་བ་མཐོང་ཡང་ཐག་རིང་བ་མི་མཐོང་བ་ལྟར། དགེ་ཚུལ་ཡང་རང་གི་བསླབ་པ་སྟོན་པའི་འདུལ་བ་ཉན་དུ་རུང་ཡང༌། དགེ་འདུན་དང་འབྲེལ་བའི་ལས་ཆོག་རྣམས་སྤྱིར་བཏང་ལ་ཐོས་སུ་མི་རུང་བས་ན་དགེ་ཚུལ་ཞེས་བྱའོ། །ཕལ་སྐད་དུ་ཙི་ལུ་ཞེས་པ་གཡོག་པོ་ཞེས་པ་སྟེ། བླ་མའི་བྱ་བ་ལ་ངལ་ཞིང་དུབ་པའི་དོན་གྱིས་ན་དགེ་ཚུལ་ཞེས་བྱའོ། །

དགེ་སློང་གི་སྒྲ་བཤད།

དགེ་སློང་གི་སྒྲ་བཤད་ནི།

བི་ཞེས་པའི་སྒྲ་ལས་དྲངས་ན་དགེ་བ་མྱ་ངན་ལས་འདས་པའི་དོན་འཚོལ་ཞིང་ཆོས་དང་ལྡན་པའི་བསོད་སྙོམས་སློང་བས་ན་དགེ་སློང་ཞེས་མཁན་པོ་ཛི་ན་མི་ཏྲ་ལ་སོགས་པ་བཞེད་དོ། །མདོ་སྡེ་ལས་ནི། དགེ་བ་སློང་དང་ཟས་སློང་དང༌། །ཉེ་བར་ཞི་དང་ཆགས་སྤངས་དང༌། །ལེགས་པར་འཚོ་དང་ལམ་ཞུགས་དང༌། །ཡིད་འོང་ཕྱིར་ན་དགེ་སློང་ཡིན། །ཞེས་རྣམ་པ་བདུན་གསུངས་སོ། །སྔ་མ་སྔ་མ་བསྙེན་པར་མ་རྫོགས་པ་ལ་ཕྱི་མ་ཕྱི་མ་མི་བྱའོ། །འོ་ན་དགེ་བསྙེན་དང་དགེ་ཚུལ་ལ་བསྙེན་པར་རྫོགས་པའི་སྒྲ་མི་རིགས་སོ་ཞེ་ན། སྒྲ་ཡངས་དོག་གཉིས་ལས། སྒྲ་དོག་པའི་དབང་དུ་བྱས་ན་ལུང་རྣམ་འབྱེད་ལས། རྫོགས་པར་བསྙེན་པ་ནི་གཉིས་ཏེ། དགེ་སློང་དང་དགེ་སློང་མའོ། །དེ་ལས་གཞན་པ་ནི་རྫོགས་པར་མ་བསྙེན་པའོ་ཞེས་གསུངས་པས་བསྙེན་པར་རྫོགས་པའི་སྒྲ་དགེ་སློང་ཕ་མ་ཁོ་ན་ལ་འཇུག་ཀྱང༌། སྒྲ་ཡངས་པའི་དབང་དུ་བྱས་ན་དགེ་བསྙེན་དང་དགེ་ཚུལ་ལ་ཡང་བསྙེན་པར་རྫོགས་པའི་སྒྲ་འཇུག་སྟེ། ཊཱི་ཀ་ལས། རྫོགས་པ་ཞེས་བྱ་བ་ནི་གནོད་པ་ཐམས་ཅད་དང་བྲལ་བའི་དངོས་པོ་ལ་བྱ་སྟེ། མྱ་ངན་ལས་འདས་པ་ཡང་དེ་ལྟ་བུའི་རང་བཞིན་ཡིན་ནོ། །བསྙེན་པ་ཞེས་བྱ་བ་ནི་ཉེ་བའི་ཚིག་ཡིན་ཏེ་དེའི་ཕྱིར་བསམ་པ་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་དང་ཉེ་བར་གྱུར་པ་ནི་བསྙེན་པར་རྫོགས་པ་ཡིན་ནོ་ཞེས་གསུངས་པས། རྫོགས་པ་མྱ་ངན་ལས་འདས་པ་ལ་བསྙེན་པ་ནི་དགེ་བསྙེན་དང་དགེ་ཚུལ་ཡང་ཡིན་པའི་ཕྱིར་རོ། །

ལྔ་པ་རྒྱུའི་སྒོ་ནས་གཏན་ལ་དབབ་པ།

ལྔ་པ་རྒྱུའི་སྒོ་ནས་གཏན་ལ་དབབ་པ་ནི།

མཛོད་ལས། རྒྱུ་དྲུག་རྐྱེན་བཞི་འབྲས་བུ་ལྔར་བཤད་པ་ལས་རྒྱུ་དྲུག་ནི། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང༌། །སྐལ་མཉམ་མཚུངས་པར་ལྡན་པ་དང༌། །ཀུན་ཏུ་འགྲོ་དང་རྣམ་སྨིན་ཏེ། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །ཅེས་བཤད་དོ། །སྡོམ་པ་ཆོས་ཅན། རྣམ་སྨིན་གྱི་རྒྱུ་ལས་མ་སྐྱེས་ཏེ། རྣམ་སྨིན་མ་ཡིན་པའི་ཕྱིར་ཏེ། དགེ་བ་ཡིན་པའི་ཕྱིར་རོ། །ཁྱབ་སྟེ། མཛོད་ལས། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །ཞེས་གསུངས་པའི་ཕྱིར། སྡོམ་པ་ཆོས་ཅན། ཀུན་འགྲོའི་རྒྱུ་ལས་མ་སྐྱེས་ཏེ། ཉོན་མོངས་ཅན་མ་ཡིན་པའི་ཕྱིར། ཁྱབ་སྟེ།མཛོད་ལས། ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། །རྣམས་ཀྱི་རང་ས་ཀུན་འགྲོ་ལྔ། །ཞེས་གསུངས་པའི་ཕྱིར། སྐབས་འདིར་མཚོ་ཊཱིཀ་ལས། དེ་ཡང་འདོད་ཁམས་ཀྱི་འདོད་ཆགས་སྔ་མས་འདོད་ཁམས་རང་སའི་འདོད་ཆགས་ཕྱི་མ་བསྐྱེད་པ་ལྟ་བུ་ཉོན་མོངས་པ་སྔ་མས་རང་སའི་ཉོན་མོངས་པ་ཕྱི་མ་བསྐྱེད་པ་སྟེ། རང་སའི་ཉོན་མོངས་པ་ཅན་ཀུན་ལ་ཁྱབ་པས་ཀུན་འགྲོ་ཞེས་བྱའོ། །ཞེས་སོགས་འདོད་པའི་འདོད་ཆགས་ཀུན་འགྲོའི་རྒྱུ་བཞག་པ་མི་འཐད་དམ་དཔྱད་དོ། །སྡོམ་པ་ཆོས་ཅན། མཚུངས་ལྡན་གྱི་རྒྱུ་ལས་སྐྱེས་པ་མ་ཡིན་ཏེ། མཚུངས་ལྡན་མ་ཡིན་པའི་ཕྱིར། ཁྱབ་སྟེ།མཛོད་ལས། མཚུངས་ལྡན་རྒྱུ་ནི་སེམས་དག་དང༌། །སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ། །ཞེས་གསུངས་པའི་ཕྱིར། སྡོམ་པ་ཆོས་ཅན། སྐལ་མཉམ་གྱི་རྒྱུ་ལས་སྐྱེས་ཏེ། རང་དང་རིས་གཅིག་པའི་དགེ་བ་སྔ་མ་ལས་སྐྱེས་པའི་ཕྱིར། ཁྱབ་སྟེ། མཛོད་ལས། སྐལ་མཉམ་རྒྱུ་ནི་འདྲ་བའོ། །རང་རིས་ས་བའོ་སྔར་སྐྱེས་རྣམས། །ཞེས་སོགས་གསུངས་པའི་ཕྱིར། སྡོམ་པ་ཆོས་ཅན།ལྷན་ཅིག་འབྱུང་བའི་རྒྱུས་བསྐྱེད་པ་ཡིན་ཏེ། རང་གི་སྐྱེ་བ་ལྡན་མིན་འདུ་བྱེད་ཀྱིས་བསྐྱེད་པའི་ཕྱིར། མཛོད་ལས། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །འབྱུང་བཞིན་སེམས་ཀྱི་རྗེས་འཇུག་དང༌། །སེམས་དང་མཚན་ཉིད་མཚན་གཞི་བཞིན། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་སྤོང་བ་བདུན་གྱི་སྡོམ་པ་སྐྱེ་ན། སྤོང་བ་བདུན་པོ་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ཡིན་ནམ་མ་ཡིན་ཞེ་ན། སོ་སོར་ཐར་བའི་སྡོམ་པ་ནི། སྤོང་བ་བདུན་པོ་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་མ་ཡིན་ཏེ། མཛོད་འགྲེལ་ལས། རྒྱུར་བྱས་པའི་གཟུགས་གཞན་མ་ཡིན་ནོ། །ཞེས་པ་དང༌།དེའི་འགྲེལ་བཤད་རྒྱལ་སྲས་མ་ལས། སོ་སོ་ཐར་པའི་སྡོམ་པས་བསྡུས་པའི་སྤོང་བ་བདུན་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་ཏེ། ཚོགས་པ་ཐ་དད་པའི་ཕྱིར། ཞེས་གསུངས་སོ། །འོན་ཀྱང་བསམ་གཏན་གྱི་སྡོམ་པའི་སྤོང་བདུན་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ། ཟག་མེད་ཀྱི་སྡོམ་པའི་སྤོང་བ་བདུན་ཡང་དེ་བཞིན་ཏེ། མཛོད་ཀྱི་འགྲེལ་བཤད་རྒྱལ་སྲས་མ་ལས། བསམ་གཏན་དང་ཟག་པ་མེད་པའི་སྡོམ་པས་བསྡུས་པའི་སྤོང་བ་བདུན་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ཏེ། སྲོག་གཅོད་པའི་སྤོང་བ་ཡང་གཞན་དྲུག་གི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ། དྲུག་པོ་དེ་དག་ཀྱང་དེའི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ་ཞེས་མཚོ་ཊཱིཀ་ལས་གསུངས་སོ། །འོན་ཀྱང་སོ་ཐར་གྱི་སྤོང་བདུན་ཕན་ཚུན་རྒྱུ་འབྲས་མིན་པ་དང་ཟག་མེད་ཀྱི་སྡོམ་པའི་སྤོང་བདུན་ཕན་ཚུན་རྒྱུ་འབྲས་ཡིན་པའི་རྒྱུ་མཚན་འཚོལ་དགོས་སོ། །སྡོམ་པ་ཆོས་ཅན། རང་གི་བྱེད་རྒྱུ་ལས་བྱུང་སྟེ། རང་ལས་གཞན་པ་ཀུན་རང་གི་བྱེད་རྒྱུ་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་ལས། རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །ཞེས་སོ། །དེ་ཡང་རྒྱུའི་ཀུན་སློང་དང༌། དུས་ཀྱི་ཀུན་སློང་ངོ༌། ། དེ་ཡང་མཛོད་ལས། ཀུན་སློང་རྣམ་གཉིས་རྒྱུ་དང་ནི། །དེ་ཡི་དུས་ཀྱི་སློང་ཞེས་བྱ། །གཉིས་ལས་དང་པོ་རབ་འཇུག་བྱེད། །གཉིས་པ་རྗེས་སུ་འཇུག་བྱེད་ཡིན། །ཞེས་སོ། །དང་པོ་རྒྱུའི་ཀུན་སློང་ལ་གསུམ་སྟེ། ལེན་པར་འདོད་པ་དང༌། འཐོབ་པར་ཤེས་པ་དང༌། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་དང་ལྡན་པའོ། །དང་པོ་ནི། ངེས་པ་ལྔ་དང་བྲལ་བའི་ལེན་འདོད་ཡིན་ཏེ། མཛོད་འགྲེལ་ལས། ངེས་པ་ལྔ་པོ་སེམས་ཅན་དང་ཡན་ལག་དང་ཡུལ་དང་དུས་དང་ཚེ་ངེས་པ་མི་བྱེད་ན་སོ་སོར་ཐར་པའི་སྡོམ་པ་ཐོབ་སྟེ། སེམས་ཅན་ཆེ་གེ་མོ་ཞིག་ལས་སྤང་ཞེས་བྱ་བ་ནི་སེམས་ཅན་ངེས་པའོ། །ཡན་ལག་ཆེ་གེ་མོ་ཞིག་སྤོང་ངོ་ཞེས་བྱ་བ་ནི་ཡན་ལག་ངེས་པའོ། །ཡུལ་ཆེ་གེ་མོ་ཞིག་ཏུ་སྤོང་ངོ་ཞེས་བྱ་བ་ནི་ཡུལ་ངེས་པའོ། །ཟླ་བའི་བར་དུ་ཞེས་བྱ་བ་ནི་དུས་ངེས་པའོ། །འཐབ་མོ་མ་གཏོགས་སོ་ཞེས་བྱ་བ་ནི་ཚེ་ངེས་པ་སྟེ། དེ་ལྟར་མནོས་ན་ལེགས་པར་སྤྱད་པ་ཙམ་དུ་ནི་འགྱུར་རོ། །ཞེས་སོ། །མདོ་སྡེ་པ་ནི་ངེས་པ་ལྔས་སྡོམ་པ་མནོས་ན། མཛོད་འགྲེལ་ལས། མདོ་སྡེ་པ་རྣམས་ན་རེ། སྡོམ་པ་མ་ཚང་བ་ཡོད་ལ་ཉི་ཚེ་བ་ཡང་ཡོད་དེ། འཆལ་བའི་ཚུལ་ཁྲིམས་དེ་ཙམ་གྱིས་གེགས་བྱེད་པའི་ཕྱིར། ཞེས་སོ། །དེ་དང་མཐུན་པར་སློབ་དཔོན་ཐོགས་མེད་ཀྱིས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་དགེ་བསྙེན་གྱི་སྡོམ་པ་བརྒྱ་ཐམ་པར་ཕྱེ་སྟེ་གསུངས་སོ། །འོན་ཀྱང་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་དེ་ལྟར་མི་འདོད་དོ། །

གཉིས་པ་འཐོབ་པར་ཤེས་པ།

གཉིས་པ་འཐོབ་པར་ཤེས་པ་ནི།

བདག་ལ་སྡོམ་པ་འཐོབ་བོ་སྙམ་དུ་ཤེས་པའོ། །དེ་ཡན་ལག་ཏུ་དགོས་པར་གང་གིས་ཤེས་ན། ཞུ་བ་ལས། གང་ཟག་གསུམ་ནི་བསྙེན་པར་མ་རྫོགས་པ་ཡིན་ཏེ། བདག་ཉིད་ཀྱི་མིང་མི་བརྗོད་པ་དང༌། མཁན་པོའི་མིང་མི་བརྗོད་པ་དང༌། བདག་ཉིད་བསྙེན་པར་རྫོགས་པ་མི་ཤེས་པའོ་ཞེས་བླུན་ཞིང་གཏི་མུག་པས་འཐོབ་ཤེས་མེད་ན་སྡོམ་པ་མི་སྐྱེ་བར་གསུངས་སོ། །དང་པོ་སྡོམ་པ་འཐོབ་ཤེས་ཡོད་ན་དེ་ནས་འཐོབ་ཤེས་མངོན་གྱུར་དུ་མེད་ཀྱང་བདག་ལ་སྡོམ་པ་མི་སྐྱེའོ་སྙམ་པ་མེད་ན། རྒྱུ་རྐྱེན་གཞན་ཚང་ན་སྐྱེ་སྟེ། ཞུ་བ་ལས། གཉིད་ལོག་པ་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི་ལུས་སམ་ཚིག་གིས་དམིགས་ལ། གསོལ་བ་དང་ལས་བྱེད་པའི་ཚེ་གཉིད་ལོག་ཀྱང་བསྙེན་པར་རྫོགས་པ་ཞེས་བྱའོ། །ཇི་ལྟར་གཉིད་ལོག་པ་དེ་བཞིན་དུ་ར་རོ་བ་དང་སྙོམས་པར་ཞུགས་པ་རྣམས་ལ་ཡང་བརྗོད་པར་བྱའོ་ཞེས་གསུངས་པས་འགོག་པ་ལ་སྙོམས་པར་ཞུགས་པ་ལ་ཡང་སྡོམ་པ་སྐྱེ་བར་བསྟན་ཏོ། ། གསུམ་པ་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་དང་ལྡན་པ་ནི། ངེས་འབྱུང་གི་སྡོམ་པའི་ཡན་ལག་ཏུ་དགོས་ཏེ། ཊཱི་ཀ་ལས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་བས་ཞེས་ཏེ། ངེས་འབྱུང་གི་སྡོམ་པ་མི་སྐྱེ་བས་ཞེས་དགོངས་པའོ། །འདིར་བསམ་པའི་ཁྱད་པར་གྱིས་འཇིགས་སྐྱོབ་ཀྱི་དང༌། ལེགས་སྨོན་གྱི་དང༌། ངེས་འབྱུང་གི་ཚུལ་ཁྲིམས་དང་གསུམ་ཡོད་དེ། མཛོད་འགྲེལ་ལས། འཇིགས་པའི་ཚུལ་ཁྲིམས་ནི་འཚོ་བ་མེད་པ་དང༌། ཚིགས་སུ་བཅད་པ་མེད་པ་དང༌། ཆད་པ་དང་ངན་འགྲོས་འཇིགས་ནས་བསྲུང་བ་གང་ཡིན་པའོ། །ལེགས་སུ་སྨོན་པའི་ཚུལ་ཁྲིམས་ནི། སྲིད་པ་དང་ལོངས་སྤྱོད་དང་བཀུར་སྟི་ལ་ཆགས་ནས་བསྲུང་བ་གང་ཡིན་པའོ། །བྱང་ཆུབ་ཀྱི་ཡན་ལག་དང་རྗེས་སུ་མཐུན་པའི་ཚུལ་ཁྲིམས་ནི། ཡང་དག་པའི་ལྟ་བ་ཅན་རྣམ་པར་ཐར་པའི་དོན་དུ་བསྲུང་བ་གང་ཡིན་པའོ། །ཞེས་སོ། །

གཉིས་པ་དུས་ཀྱི་ཀུན་སློང་།

གཉིས་པ་དུས་ཀྱི་ཀུན་སློང་ནི།

སྡོམ་པ་སྐྱེ་བ་དང་དུས་མཉམ་པའི་བསམ་པའི་ཆོས་ཡིན་ལ། དེའི་ཚེ་སྡོམ་པ་ནོད་པ་པོའི་བསམ་པ་ཇི་ལྟ་བུར་གྱུར་ཀྱང་སྡོམ་པ་སྐྱེ་སྟེ། སྡོམ་པ་སྐྱེ་བ་ལ་མངོན་དུ་གྱུར་པའི་དུས་སྐབས་ཡིན་པའི་ཕྱིར་རོ། །ཊཱི་ཀ་ལས། དེ་ལ་ནི་སྐྱེ་བའི་ཕྱིར་གང་གིས་ཀྱང་གེགས་བྱ་བར་མི་ནུས་པས། ཞེས་སོ། །འོ་ན་དུས་ཀྱི་ཀུན་སློང་མེད་པ་ལ་སྡོམ་པ་སྐྱེ་འམ་མི་སྐྱེ་བརྟག སྐྱེ་ན་ནི་མཛོད་འགྲེལ་ལས། དེ་མེད་ན་ཤི་བ་བཞིན་དུ་དེ་ཡོད་པར་མི་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ། །མི་སྐྱེ་ན་ཡང་མཛོད་འགྲེལ་ལས། སེམས་མེད་པའི་སྡོམ་པ་སྐྱེ་བ་ཞེས་གསུངས་པ་དང༌། དེའི་འགྲེལ་བཤད་གང་བ་སྤེལ་ལས། སེམས་མེད་པའི་སྡོམ་པ་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་ལ་བསྙེན་པར་རྫོགས་པར་བྱེད་པའི་དུས་སུ་དགེ་འདུན་ལ་གསོལ་བ་བཏབ་ནས་ལེན་པ་པོ་འགོག་པ་ལ་སྙོམས་པར་ཞུགས་པ་ན་ལས་བརྗོད་པའི་དུས་སུ་སྡོམ་པ་སྐྱེ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། སྔ་མ་ནི་མདོ་སྡེ་པ་དང་མཐུན་ཏེ། མདོ་སྡེ་པ་རྣམས་ནི་འགོག་པ་ལ་སྙོམས་པར་ཞུགས་པ་ན་ཡང་ཡིད་ཤེས་ཕྲ་བ་རྒྱུད་ལ་ཡོད་པར་འདོད་ཅེས་ལས་གྲུབ་པ་ནས་བཤད་དོ། །ཕྱི་མ་ནི་བྱེ་བྲག་སྨྲ་བའི་སྤྱི་གཞུང་ལྟར་ན་སེམས་རྣམ་ཤེས་ཚོགས་དྲུག་ལས་ཁས་མི་ལེན་ཅིང༌། འགོག་པ་ལ་སྙོམས་པར་ཞུགས་པ་ན་རྣམ་ཤེས་ཚོགས་དྲུག་བཀག་པའི་ཕྱིར་ན་སེམས་མེད་པའི་སྙོམས་འཇུག་ཅེས་ཟེར་ཏེ། དེའི་ཚེ་ན་སེམས་མེད་པ་ལ་སྡོམ་པ་སྐྱེ་བར་འདོད་པའོ། །

དྲུག་པ་རྐྱེན་གྱི་སྒོ་ནས་གཏན་ལ་དབབ་པ།

དྲུག་པ་རྐྱེན་གྱི་སྒོ་ནས་གཏན་ལ་དབབ་པ་ནི།

རྐྱེན་བཞི་སྟེ། རྒྱུའི་རྐྱེན་དང༌། དེ་མ་ཐག་པའི་རྐྱེན་དང༌། དམིགས་པའི་རྐྱེན་དང༌། བདག་པོའི་རྐྱེན་ནོ། །མཛོད་ལས། །རྐྱེན་ནི་བཞི་པོ་དག་ཏུ་གསུངས། །རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། །སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་མིན་མཚུངས་དེ་མ་ཐག །དམིགས་པ་ཆོས་རྣམས་ཐམས་ཅད་དོ། །བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་སོ། །འོ་ན་སོ་སོར་ཐར་པའི་སྡོམ་པ་འདི་རྐྱེན་བཞི་པོ་གང་ལས་སྐྱེ་ཞེ་ན། རྒྱུའི་རྐྱེན་དང་བདག་པོའི་རྐྱེན་གཉིས་ཙམ་ལས་སྐྱེ་སྟེ། མཛོད་ལས། གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་སོ། ། བདུན་པ་འབྲས་བུའི་སྒོ་ནས་གཏན་ལ་དབབ་པ་ནི། མཛོད་ལས། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང༌། །རྒྱུ་མཐུན་རྒྱུ་དང་འདྲ་བའོ། །བྲལ་བ་བློ་ཡིས་ཟད་པའོ། །གང་གི་སྟོབས་ཀྱིས་གང་སྐྱེས་པའི། །འབྲས་དེ་སྐྱེས་བུ་བྱེད་ལས་སྐྱེས། །སྔོན་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། །ཞེས་སོ། །འོ་ན་སོ་སོར་ཐར་པའི་སྡོམ་པ་འདི་འབྲས་བུ་ལྔ་པོ་གང་ཡིན་ཞེ་ན་འབྲས་བུ་གསུམ་ཡིན་ལ་གཉིས་ནི་མ་ཡིན་ནོ། །དེ་ཡང་སོ་སོར་ཐར་པའི་སྡོམ་པ་ཆོས་ཅན། བདག་པོའི་འབྲས་བུ་ཡིན་ཏེ། བྱེད་རྒྱུ་ལས་སྐྱེས་པའི་ཕྱིར་རོ། །རྒྱུ་མཐུན་པའི་འབྲས་བུ་ཡིན་ཏེ། སྐལ་མཉམ་གྱི་རྒྱུ་ལས་སྐྱེས་པའི་ཕྱིར། སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ཏེ། ལྷན་ཅིག་འབྱུང་བའི་རྒྱུ་ལས་སྐྱེས་པའི་ཕྱིར་རོ། །སྡོམ་པ་ཆོས་ཅན། རྣམ་པར་སྨིན་པའི་འབྲས་བུ་ནི་མ་ཡིན་ཏེ། དགེ་བར་ལུང་དུ་བསྟན་པའི་ཕྱིར། སྡོམ་པ་ཆོས་ཅན། བྲལ་བའི་འབྲས་བུ་མ་ཡིན་ཏེ། འདུས་བྱས་ཡིན་པའི་ཕྱིར་རོ། །

བརྒྱད་པ་ངོ་བོའི་སྒོ་ནས་གཏན་ལ་དབབ་པ།

བརྒྱད་པ་ངོ་བོའི་སྒོ་ནས་གཏན་ལ་དབབ་པ་ནི།

འོ་ན་སོ་སོར་ཐར་བའི་སྡོམ་པའི་ངོ་བོ་གང་ཞེ་ན། འདི་ལ་གྲུབ་མཐའི་ལུགས་གསུམ་ཡོད་དོ། །དེ་དག་གཏན་ལ་དབབ་པ་ལ་བཞི་ལས།དང་པོ་གཞན་ལུགས་དགག་པ་ནི། མདོ་སྡེ་པ་སྡོམ་པའི་ངོ་བོ་སྤོང་བའི་སེམས་པ་དགེ་བ་ཡིན་པར་འདོད་ཅིང༌། སེམས་ཙམ་པ་སྡོམ་པའི་ངོ་བོ་སྤོང་བའི་སེམས་པ་དགེ་བ་ས་བོན་དང་བཅས་པ་ཡིན་པར་འདོད་དོ། །འོ་ན་དགྲ་བཅོམ་ཐོབ་པའི་དགེ་སློང་ཁྱད་པར་ཅན་འགོག་པ་ལ་སྙོམས་པར་ཞུགས་པ་ཉིད་ན་ཆོས་ཅན། སྡོམ་པ་མེད་པར་ཐལ། སྤོང་ངོ་སྙམ་པའི་སེམས་པ་མེད་པའི་ཕྱིར་རོ། ། གཞན་ཡང་དགེ་སློང་གཉིད་འཐུག་པོ་ལོག་པ་ཉིད་ན་ཆོས་ཅན། སྡོམ་པ་མེད་པར་ཐལ། སྤོང་བའི་སེམས་པ་མེད་པའི་ཕྱིར། འདོད་ན། སྡོམ་པ་ལས་དངོས་སུ་འདས་པའི་ལྟུང་བྱེད་སྐྱེ་མི་སྲིད་དུ་ཐལ། སྡོམ་པ་མེད་པའི་ཕྱིར་རོ། །དེའང་འདོད་ན། ལུང་ལས། དགེ་འདུན་གྱི་གནས་མལ་མ་བསྡུས་སམ་སྡུད་དུ་མ་བཅུག་པར་གཙུག་ལག་ཁང་དུ་ཞུགས་ཏེ་གཉིད་ལོག་གམ་སྙོམས་པར་ཞུགས་ནས་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་འགལ་ལོ། །གལ་ཏེ་སེམས་ཙམ་པ་ན་རེ། དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པའམ་གཉིད་འཐུག་པོ་ལོག་པ་ན་སྤོང་བའི་སེམས་པ་མེད་ཀྱང༌། སྤོང་བའི་སེམས་པའི་ས་བོན་ཡོད་པས་སྡོམ་པ་མེད་པར་མི་འགྱུར་རོ་ཞེ་ན། སྡོམ་པ་སྔར་མེད་གསར་དུ་སྐྱེ་བའི་སྔ་ལོགས་ཉིད་ན་སྡོམ་པ་ལེན་པ་པོ་དེ་ལ་ཆོས་ཅན། སྡོམ་པ་ཡོད་པར་ཐལ། སྤོང་བའི་སེམས་པའི་ས་བོན་ཡོད་ཅིང་གཏོང་རྒྱུས་མ་བཏང་པའི་ཕྱིར་རོ། །

གཉིས་པ་རང་ལུགས་བཞག་པ།

གཉིས་པ་རང་ལུགས་བཞག་པ་ནི།

མཚོ་ཊཱིཀ་ལས། ཉན་ཐོས་བྱེ་བྲག་སྨྲ་བ་ནི་སྡོམ་པའི་ངོ་བོ་གཟུགས་ཡིན་པར་འདོད་དེ། མཛོད་ལས། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་དང༌། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །ཞེས་སོ། །དེའང་སྡོམ་པ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བསྟན་དུ་མེད་ཅིང་ཐོགས་པ་མེད་པ་སྟེ། སྡོམ་ལྡན་གྱི་ལུས་ཀྱི་རྡུལ་ཕྲ་རབ་རྣམས་ཀྱི་བར་ན་ནགས་ལ་མེ་ལྕེ་ཞུགས་པ་ལྟར་སྡོམ་པ་དེ་ཡོད་པར་འདོད་དེ། མཛོད་འགྲེལ་ལས། ལུས་ལ་གསེབ་ཡོད་པའི་ཕྱིར། ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་རྩོད་པ་སྤང་བ།

གསུམ་པ་རྩོད་པ་སྤང་བ་ནི།

གལ་ཏེ་སྡོམ་པ་ཆོས་ཅན། གཟུགས་མ་ཡིན་པར་ཐལ། གཟུགས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ། །དེའང་གཟུགས་ཀྱི་མཚན་ཉིད་ནི་མངོན་པ་ཀུན་ལས་བཏུས་ལས། གཟུགས་ཀྱི་ཕུང་པོའི་མཚན་ཉིད་ཅི་ཞེ་ན། རེག་པས་གཟུགས་སུ་ཡོད་པ་དང༌། ཡུལ་དཔྱད་པས་གཟུགས་སུ་ཡོད་པའོ་ཞེས་བཤད་པའི་མཚན་ཉིད་དེ་མེད་པར་ལུང་གིས་གྲུབ་པའི་ཕྱིར་རོ་ཞེ་ན། སྡོམ་པ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དེ་ལ། རིག་བྱེད་ཀྱི་གཟུགས་ཀྱི་མཚན་ཉིད་དང་མི་ལྡན་ཡང༌། རིག་བྱེད་མ་ཡིན་པའི་གཟུགས་ཀྱི་མཚན་ཉིད་དང་ལྡན་པས། སྔར་གྱི་རྟགས་དེ་མ་གྲུབ་བོ། །མཚོ་ཊཱིཀ་ལས། སྡོམ་པ་ཆོས་ཅན། གཟུགས་མ་ཡིན་པར་ཐལ། གཟུགས་ཡིན་པར་ཚད་མས་མ་གྲུབ་པའི་ཕྱིར་རོ་ཞེ་ན། ཁྱབ་པ་མེད་དེ་གཞན་དུ་ན་གཟུགས་ཁམས་ཀྱི་ལྷའི་གཟུགས་ཆོས་ཅན། གཟུགས་མ་ཡིན་པར་ཐལ། གཟུགས་ཡིན་པར་ཚད་མས་མ་གྲུབ་པའི་ཕྱིར་རོ། །རྟགས་མ་གྲུབ་ན་ཤིན་ཏུ་ལྐོག་གྱུར་ཡིན་པ་དང་འགལ་ལོ། །ཞེས་གསུངས་སོ། །དེ་ལས། གཟུགས་ཡིན་པར་ཚད་མས་མ་གྲུབ་པའི་ཕྱིར་རོ་ཞེ་ན། ཁྱབ་པ་མེད་དེ། ཞེས་གསུངས་པ་ལ་ཞིབ་ཆ་ཅུང་ཟད་དགོས་སོ། །འོ་ན་སྡོམ་པ་ལ་རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་ཀྱིས་ཁྱབ་པར་ཐལ། རང་ལུགས་བཞག་པའི་སྒྲུབ་བྱེད་བཀོད་ཚུལ་དང༌།རྩོད་ལན་གྱི་སྐབས་འདིར་རིག་མིན་གྱི་གཟུགས་ཁོ་ན་ལ་བཤད་པའི་ཕྱིར་ཟེར་བ་དང༌། སྡོམ་པ་ཆུ་ལོན་ལྟ་བུར་གསུངས་པའི་རྒྱུ་མཚན་གྱིས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པར་སྒྲུབ་ཚུལ་དང་སྡོམ་པ་རིག་མིན་གྱི་གཟུགས་ཡིན་པར་བཤད་པའི་ཕྱིར། རྟགས་གྲུབ་སྟེ། མཆིམས་མཛོད་༣༤༤ལས། གཞན་ཡང་མདོ་ལས་སྤོང་བ་ནི་འཆལ་བའི་ཚུལ་ཁྲིམས་ཀྱི་གེགས་བྱེད་པའི་ཕྱིར་ཆུ་ལོན་དུའང་གསུངས་ན་མེད་པ་ནི་ཆུ་ལོན་དུ་མི་རིགས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། མཛོད་ལས། དང་པོའི་རྣམ་རིག་རྣམ་རིག་མིན། །ཞེས་དང༌།དེའི་ཐད་ཀྱི་མངོན་པའི་རྒྱན་༣༥༧ལས། ཡང་སོ་སོ་ཐར་བའི་སྡོམ་པ་ཐོབ་པའི་སྐད་ཅིག་མ་དང་པོའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མིན་པ་ནི་སོ་སོ་ཐར་པ་དང་སྡོམ་པ་དང་བྱ་བའི་ལས་ཀྱི་ལམ་ཞེས་ཀྱང་བྱ་སྟེ། ཞེས་དང༌། མཛོད་ལས། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །ཞེས་དང༌། རྣམ་རིག་བྱེད་ནི་ཐམས་ཅད་ལ། །བྱེད་པ་དག་ལ་ད་ལྟར་ལྡན། །ཞེས་དང༌། དེའི་རང་འགྲེལ་ལས། སྡོམ་པ་དང་སྡོམ་པ་མིན་པ་དང་བར་མ་ལ་གནས་པ་ཐམས་ཅད་ཇི་སྲིད་དུ་རྣམ་པར་རིག་བྱེད་བྱེད་པ་དེ་སྲིད་དུ་ད་ལྟར་གྱི་དེ་དང་ལྡན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་སྤྱིར་རིག་བྱེད་དང་རིག་མིན་གྱི་གཟུགས་གཉིས་ཡོད་པར་འདོད་དགོས་པར་སྣང་ངོ། །ཡང་མཚོ་ཊཱིཀ་ལས། དགེ་སློང་གིས་སྤང་བྱ་སྤོང་བ་དེ་ཆོས་ཅན། གཟུགས་ཀྱིས་སྤང་བྱ་སྤོང་བར་ཐལ། སྤོང་བྱེད་ཀྱི་སྡོམ་པ་གཟུགས་ཡིན་པའི་ཕྱིར་རོ། །འདོད་ན། ང་དགེ་སློང་ཡིན་པས་ཉེས་སྤྱོད་འདི་མི་རུང་སྙམ་སྟེ་སེམས་ཀྱིས་སྤོང་བར་མྱོང་བས་གྲུབ་པས་བསལ་ལོ་ཞེ་ན། སུམ་བརྒྱ་པ་ལས། དགེ་ཚུལ་བརྟུལ་ཞུགས་ཆུ་ལོན་བརྩིགས་པ་དང༌། །ཞེས་ཕྱིའི་སྤང་བྱ་སྤོང་བ་ལ་ཆུ་རགས་བརྩིགས་པ་དང་འདྲ་བར་གསུངས་པས། གཟུགས་ཀྱིས་སྤང་བྱ་སྤོང་བར་འདོད་ཅིང༌། སེམས་ཀྱིས་སྤོང་བ་ནི་དེའི་གྲོགས་ཙམ་ཡིན་ནོ་གསུང་ངོ། །ཞེས་གསུངས་པའི་ཕྱིར། དེ་ལྟ་ན་དགྲ་བཅོམ་པའི་རྒྱུད་ཀྱི་ལྟུང་བ་དེ་གཟུགས་ཡིན་དགོས་ལ།དེ་ཡིན་ན་རིག་མིན་གྱི་གཟུགས་ཡོད་དགོས་ལ། རིག་མིན་གྱི་གཟུགས་ཡིན་ན་དགེ་མི་དགེ་གང་རུང་ཡིན་དགོས་པ་ལས་ལྟུང་བ་དགེ་བ་འཇོག་པའི་གནས་མེད་ལ། དེས་ན་མི་དགེ་བར་ཐལ་བར་འགྱུར་བ་སོགས་དཔྱད་བྱ་མང་ཡང་སྡིག་ལྟུང་གི་ཁྱད་པར་བཤད་སྐབས་སུ་སླར་དཔྱད་པར་བྱའོ། །ཡང་སྡོམ་པ་ལ་གཟུགས་ཀྱིས་མ་ཁྱབ་པར་ཐལ། མཛོད་ལས། ཤེས་བཞིན་དག་ནི་དྲན་དག་གཉིས། །ཡིད་དང་དབང་པོའི་སྡོམ་པ་ཡིན། །ཞེས་དང༌། མཆིམས་མཛོད་༣༥༨ལས།ཡང་སོ་སོར་ཐར་བ་ལས། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཞེས་དང༌། བཤེས་ཕྲིན་རྣམ་བཤད་༢༢༢ལས། སོ་སོར་ཐར་བའི་སྡོམ་པ་ལ་མི་དགེ་བཅུ་ཆ་ཚང་སྤོང་བའི་སྡོམ་པ་དང༌། ཆ་ཤས་ཅི་རིགས་སྤོང་བ་རྣམས་ཡོད་པ་ལས། ཞེས་དང༌། ཚུལ་ཁྲིམས་ཀྱི་ཕུང་བོའི་མདོ་ལས། གང་ཡང་མིག་གི་དབང་པོའི་སྡོམ་པས་བསྡམས་ཏེ་གནས་སོ་ཞེས་གསུངས་པའི་ལུས་ངག་གི་སྡོམ་པ་མ་ཡིན་པ་ཡིད་དང་དབང་པོའི་སྡོམ་པ་དེ་དག་ཀྱང་རིག་བྱེད་མ་ཡིན་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ལྟུང་བ་དང་དེའི་གཉེན་པོ་ཤེས་པའི་ཤེས་བཞིན་དང༌། སྤོང་བའི་སེམས་པ་མི་བརྗེད་པའི་དྲན་པ་དང་གཉིས་ཀ་ནི་ཡིད་ཀྱི་སྡོམ་པ་དང་དེ་གཉིས་ཀ་དབང་པོའི་སྡོམ་པའང་ཡིན་ཏེ། དེ་གཉིས་ཀྱིས་ཡིད་ཀྱི་ཉེས་སྤྱོད་ཀྱང་སྤོང་ལ་དབང་པོ་ཡུལ་ལ་ལོངས་སྤྱོད་པ་དག་ཀྱང་སྤོང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྡོམ་པ་ལ་གཟུགས་ཀྱིས་ཁྱབ་པའི་ཕྱིར། དེར་ཐལ། སོ་ཐར་བསམ་གཏན་ཟག་མེད་ཀྱི་སྡོམ་པ་ལ་གཟུགས་ཀྱིས་ཁྱབ་པའི་ཕྱིར་ཏེ། མཛོད་རང་འགྲེལ་ལས། སྤོང་བ་ནི་འཆལ་བའི་ཚུལ་ཁྲིམས་ཀྱི་གེགས་བྱེད་པའི་ཆུ་ལོན་དུ་གསུངས་ན། རིག་བྱེད་མ་ཡིན་པའི་གཟུགས་མེད་པར་ནི་ཆུ་ལོན་ཡིན་པར་འོས་པ་ཡང་མ་ཡིན་པས། རྣམ་པར་རིག་བྱེད་མ་ཡིན་པ་ནི་ཡོད་པ་ཁོ་ནའོ། །ཞེས་དང༌། མངོན་རྒྱན་༣༥༤ལས།སོ་ཐར་དང༌། བསམ་གཏན་དང༌། ཟག་མེད་ཀྱི་སྡོམ་པའི་ཐ་སྙད་བྱ་རུང༌། མཚན་ཉིད་རིམ་པ་ལྟར་འདོད་པའི་དགེ་བ་གཟུགས་ཅན་གང་ཞིག་ངེས་པ་ལྔ་དང་བྲལ་བ་དང༌། སེམས་ཀྱི་རྗེས་འབྲང་གི་གཟུགས་ཟག་བཅས་དང༌། སེམས་ཀྱི་རྗེས་འབྲང་གི་གཟུགས་ཟག་མེད་དོ། །ཞེས་དང༌། འོད་ལྡན་ལས། ཡིད་ཀྱི་ལ་ནི་སོ་སོར་ཐར་བའི་སྡོམ་པ་ཉིད་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

བཞི་པ་སྡོམ་པའི་གྲངས་དང་གཙོ་འཁོར་གཏན་ལ་དབབ་པ།

བཞི་པ་སྡོམ་པའི་གྲངས་དང་གཙོ་འཁོར་གཏན་ལ་དབབ་པ་ནི།

འོ་ན་སྡོམ་པའི་གཟུགས་གྲངས་ཇི་སྙེད་ཡོད་ཅེ་ན། ཁ་ཅིག་ན་རེ་དགེ་སློང་གི་སྡོམ་པའི་གཟུགས་དཔག་ཏུ་མེད་དེ། སྤང་བྱ་དཔག་ཏུ་མེད་པའི་ཕྱིར་རོ་ཞེས་འཆད་དེ། དྲིན་ལན་བསབ་པའི་མདོ་ལས་ཀྱང༌།དགེ་སློང་གི་སྡོམ་པའི་གཟུགས་དཔག་མེད་དུ་གསུངས་སོ། །འོན་ཀྱང་དེ་ངེས་དོན་དུ་མི་གཟུང་སྟེ། རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བའི་སྡོམ་པའི་གཟུགས་བདུན་དུ་གསུངས་པ་རྣམས་ངེས་པར་གཟུང་ངོ༌། །དེ་ཡང་མཛོད་འགྲེལ་ལས། སོ་སོ་ཐར་པའི་སྡོམ་པ་ནི་འབྱུང་བ་གཞན་དང་གཞན་དག་རྒྱུར་བྱས་ནས་རྣམ་པར་རིག་བྱེད་མ་ཡིན་པ་བདུན་སྐྱེའོ། །ཞེས་དང༌། ཊཱི་ཀ་ལས། ཚུལ་ཁྲིམས་ཞེས་བྱ་བ་ནི་སྤོང་བ་བདུན་འཁོར་དང་བཅས་པ་སྟེ། ཞེས་དང༌། འོད་ལྡན་ལས། ཡིད་ཀྱི་ལ་ནི་སོ་སོ་ཐར་པའི་སྡོམ་པ་ཉིད་མེད་པའི་ཕྱིར་སོ་སོ་ཐར་པའི་སྡོམ་པ་ནི་སྤོང་བ་བདུན་གྱི་མཚན་ཉིད་ཅན་ཡིན་ཏེ། ལུས་ཀྱི་རྣམ་པ་གསུམ་དང་ངག་གི་རྣམ་པ་བཞི་ཞེས་བྱ་བར་ངེས་པའི་ཕྱིར། ཞེས་དང༌། དེ་ཉིད་ལས། དགེ་སློང་དང་དགེ་སློང་མའི་སྡོམ་པ་ནི་སྤོང་བ་བདུན་གྱི་མཚན་ཉིད་ཅན་ཡིན་ལ། དགེ་ཚུལ་ལ་སོགས་པ་དག་གི་སྡོམ་པ་ནི་སྤོང་བ་བཞིའི་མཚན་ཉིད་ཅན་ཡིན།ཞེས་སོ། །སྤོང་བ་བཞི་ནི། རྩ་བ་བཞིའི་ཉེས་པ་སྤོང་བའོ། །ཕྲ་མ་ཚིག་རྩུབ་ངག་འཁྱལ་དང་གསུམ་ནི་དགེ་ཚུལ་ལ་སོགས་པ་གསུམ་གྱིས་སྤོང་བར་དངོས་སུ་ཁས་མ་བླངས་ཏེ། དེ་གསུམ་སྤོང་བར་ཁས་ལེན་པའི་ཚིག་ནི་ཆོ་ག་ལས་མ་གསུངས་པའི་ཕྱིར་རོ། །དེ་གསུམ་སྤོང་བའི་སྡོམ་པ་དངོས་སུ་ཁས་མ་བླངས་ཀྱང༌། བླངས་པའི་ཕྱོགས་དང་མཐུན་པ་ཡིན་པས། དེ་དག་ལས་འདས་ན་ཡིད་ཀྱི་བསྡམ་བྱའི་ཉེས་བྱས་སུ་འགྱུར་བའོ། །འོ་ན་སྤོང་བ་བདུན་འཁོར་དང་བཅས་ཞེས་གསུངས་ན་གཙོ་བོ་ནི་གང༌། འཁོར་ནི་གང་ཞེ་ན། རང་བཞིན་གྱི་ཁ་ན་མ་ཐོ་བ་ལུས་ངག་གི་བདུན་པོ་སྤོང་བ་ནི་གཙོ་བོ་ཡིན་ལ། ཆང་འཐུང་བ་ལ་སོགས་པ་བཅས་པའི་ཁ་ན་མ་ཐོ་བ་སྤོང་བ་ཐམས་ཅད་འཁོར་ཡིན་ཏེ། གཙོ་བོ་ཤིང་ཐོག་ཨ་མྲ་ལྟ་བུ་དང༌། འཁོར་སྨྱུག་ཚལ་གྱི་ར་བ་ལྟ་བུ་སྟེ། འདུལ་བ་ལ་བསྟོད་པ་ལས། གང་གིས་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་འཐོབ། །སྨྱུག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །ཞེས་དང༌། རྣམ་འབྱེད་འགྲེལ་པ་ལས། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཨ་མྲའི་ཚལ་ལྟ་བུ། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་སྨྱུག་མའི་ཚལ་ཞེས་པ་ལྟ་བུ། ཞེས་གསུངས་པའི་ཕྱིར་རོ། །

དགུ་པ་སོ་སོར་ཐར་པའི་སྡོམ་པའི་གནས་ཚུལ་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། ཁ་ཅིག་ན་རེ། དགེ་བསྙེན་དགེ་ཚུལ་དགེ་སློང་གི་སྡོམ་པ་གསུམ་རིམ་གྱིས་བླངས་ན་སྡོམ་པ་སྔ་མ་ལས་ཕྱི་མར་གནས་གྱུར་པ་སྟེ་ན་ཚོད་ཀྱི་གནས་སྐབས་གསུམ་བཞིན་ནོ། །དེ་དང་མཐུན་པར་ལུང་ཞུ་བའི་འགྲེལ་པ་ལས། གཞོན་ནུ་དང་དར་ལ་བབ་པ་དང་རྒན་པོ་ཉིད་བཞིན་དུ་རབ་ཏུ་བྱུང་བ་བསྙེན་པར་མ་རྫོགས་པ་ཉིད་དང༌། བསྙེན་པར་རྫོགས་པའི་གནས་སྐབས་རྣམས་ནི་རྟེན་ཐ་དད་པར་བྱེད་པ་ཉིད་མ་ཡིན། ཞེས་གསུངས་པའི་ཕྱིར་ཞེ་ན། གཞུང་དེ་ནི་རྟེན་གང་ཟག་གི་རྒྱུད་ཐ་དད་པ་མ་ཡིན་ཞེས་བསྟན་པ་ཡིན་ཏེ་གཞན་དུ་ན་མཛོད་འགྲེལ་ལས། དེ་ལྟར་མ་ཡིན་ན་དགེ་སློང་གི་བསླབ་པ་ཕུལ་བས་སྡོམ་པ་གསུམ་ཆར་གཏོང་བར་འགྱུར་བ་ཞིག་ན་དེ་ནི་མི་འདོད་དོ། །དེ་ལྟ་བས་ན་སྡོམ་པ་དེ་དག་ནི་ཐ་དད་པ་ཁོ་ནའོ། །ཞེས་གསུངས་པ་དང་འགལ་ལོ། །

གཉིས་པ་རང་ལུགས་བཞག་པ།

གཉིས་པ་རང་ལུགས་བཞག་པ་ནི།

བྱེ་བྲག་སྨྲ་བ་ལྟར་ན་དགེ་བསྙེན་དགེ་ཚུལ་དགེ་སློང་གི་སྡོམ་པ་རིམ་གྱིས་མནོས་ན་གང་ཟག་དེའི་རྒྱུད་ལ་སྡོམ་པའི་གནས་ཚུལ་ཇི་ལྟ་བུ་ཞེ་ན།དཔེར་ན་ཀ་བ་གཅིག་ལ་ཐག་པ་ཐ་དད་པ་གསུམ་གྱིས་བསྡམས་པ་བཞིན་དུ། དགེ་སློང་གཅིག་གི་རྒྱུད་ལ་སྡོམ་པ་རྫས་ཐ་དད་གསུམ་དང་ལྡན་པ་སྟེ། ཊཱི་ཀ་ལས། ཚིགས་ཕྱི་མ་སྟེ་བསྙེན་པར་རྫོགས་པ་ཉིད་དོ། །དེ་ལ་ཡང་ཚིགས་སྔ་མ་དེ་དང་ལྡན་པ་ཉིད་ཡིན་ཏེ། ཞེས་དང༌། མཛོད་ལས།ཐ་དད་དེ་དག་འགལ་བ་མེད། །ཅེས་གསུངས་ཤིང༌། མཛོད་འགྲེལ་ལས། དེ་དག་ནི་མ་འདྲེས་པ་ཉིད་ཡིན་ཏེ། དེ་ལྟ་མ་ཡིན་ན་དགེ་སློང་གི་བསླབ་པ་ཕུལ་བས་སྡོམ་པ་གསུམ་ཆར་གཏང་པར་འགྱུར་བ་ཞིག་ན་དེ་ནི་མི་འདོད་དོ། །ཞེས་དང༌། དོང་ཙེ་གཅིག་དང་གཉིས་ཞེས་བྱ་བ་བཞིན་དུ་ཐ་དད་དེ་དག་ནི་མ་འདྲེས་པ་ཉིད་དེ། སྡོམ་པ་གསུམ་དག་ལ་སྲོག་གཅོད་པ་སྤོང་བ་གསུམ་ནས་ ལྷག་མ་༼མ་བྱིན་ལེན་སྤང་བ་ལ་སོགས་པ།༽རྣམས་ཀྱང་དེ་དང་འདྲའོ། །ཞེས་སོ། །མཛོད་ཀྱི་འགྲེལ་བཤད་རྒྱལ་སྲས་མ་ལས། དགེ་སློང་གི་རྒྱུད་གཅིག་ལ་སྲོག་གཅོད་པ་སྤོང་བ་གསུམ་ཡོད་ལ། ཞེས་གསུངས་སོ། །དེ་ལྟར་མངོན་རྒྱན་༣༥༥ལས། ཡང་དགེ་བསྙེན་ལ་སོགས་པའི་སྡོམ་པ་དེ་དག་ཐ་དད་པ་ཡིན་གྱི་སྔ་མ་སྔ་མ་གནས་གྱུར་པ་ཕྱི་མ་ཕྱི་མའམ་གཅིག་ཏུ་ཡོད་པ་ནི་མ་ཡིན་ཏེ། དགེ་སློང་གི་སྡོམ་པ་ཕུལ་བས་དགེ་ཚུལ་ལ་སོགས་པའང་གཏོང་བར་ཐལ་བའི་ཕྱིར་དང༌། ཕྱི་མ་རྣམས་སྔ་མའི་གཏོང་རྒྱུར་ཐལ་བའི་ཕྱིར་རོ། །ཞེས་གསུངས་སོ། །

གསུམ་པ་ཧ་ཅང་ཐལ་བ་སྤང་བ།

གསུམ་པ་ཧ་ཅང་ཐལ་བ་སྤང་བ་ནི།

ཁ་ཅིག་ན་རེ་སྡོམ་པ་གསུམ་ལྡན་གྱི་དགེ་སློང་གཅིག་གིས་མི་གཅིག་བསད་པ་ལ་ཡང་ཉེས་པ་གསུམ་འབྱུང་སྟེ། སྡོམ་པ་ཐ་དད་གསུམ་དང་འགལ་བར་བྱས་པའི་ཕྱིར་རོ། །དེ་ཡང་ཕམ་པ་དང༌། ཕམ་པ་དང་འདྲ་བའི་ཉེས་བྱས་དང༌། བསོད་ནམས་མ་ཡིན་པ་དང་གསུམ་འབྱུང་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ་ལུང་རྣམ་འབྱེད་ཀྱི་འགྲེལ་བ་ལས་གསོད་བྱེད་གང་ཟག་གཅིག་གིས་སྲོག་ཆགས་གཅིག་བསད་ན་སྲོག་ཆགས་གཅིག་བསད་པ་ལ་ལས་ཀྱི་དངོས་གཞི་གཉིས་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་པས་གནོད་དེ། ཉེས་པ་གསུམ་བཅས་པ་ལ་དགོས་པ་མེད་པའི་ཕྱིར་རོ། །དགེ་སློང་གི་སྡོམ་པ་ཐོབ་པ་ན་སྡོམ་པ་སྔ་མ་གཉིས་ཀྱི་རྒྱུན་བག་ལ་ཞ་བའི་ཕྱིར་སྡོམ་པ་སྔ་མ་གཉིས་ཀྱི་ཆ་ནས་ཉེས་པ་ལོགས་ཤིག་ཏུ་མི་འབྱུང་སྟེ། དཔེར་ན་ཉི་མ་ཤར་བ་ན་ཟླ་བ་དང་སྐར་མའི་འོད་བག་ལ་ཞ་བའི་ཕྱིར། འོད་དེ་གཉིས་ཀྱི་ཆ་ནས་གྲིབ་མ་ལོགས་ཤིག་ཏུ་མི་འབྱུང་བ་བཞིན་ནོ། །བྱེ་བྲག་སྨྲ་བའི་ལུགས་ལ་དགེ་སློབ་མའི་རྒྱུད་ཀྱི་དགེ་ཚུལ་དང་དགེ་སློབ་མའི་སྡོམ་པ་གཉིས་མཚན་འགྱུར་གྱི་སྐབས་སུ་གཅིག་བཏང་ན་གཅིག་ཤོས་བཏང་བས་ཁྱབ་པ་མེད་པས་ངོ་བོ་གཅིག་མིན་ན་དགེ་སློབ་མའི་སྡོམ་པ་རྩ་བཞི་སྤོང་བའི་སྡོམ་པ་མ་ཡིན་པར་འགྱུར་རམ་ཅི། འགྱུར་ན་སྡོམ་པ་མ་ཡིན་པར་འགྱུར་བ་ཡོད་མེད་སོགས་དང༌། ངོ་བོ་གཅིག་ཡིན་ན་གཅིག་བཏང་ན་གཅིག་ཤོས་བཏང་དགོས་པར་འགྱུར་དགོས་ན། ལམ་དེའི་སྟེང་གི་ཟག་བཅས་ཡིན་པའི་ཆ་སོགས་བཏང་ན་ཤེས་པ་ཡིན་པའི་ཆ་སོགས་བཏང་དགོས་པ་ཡིན་མིན་དང༌། མཚོ་ཊཱིཀ་༢༠༦ལས། སྔར་དགེ་ཚུལ་མས་ཐོབ་ཟིན་པ་དེའི་སྡོམ་པའི་རྒྱུན་རྩ་བ་བཞིའི་སྡོམ་པ་དེ་ཉིད་ལ་དགེ་སློབ་མའི་སྡོམ་པ་ཞེས་བྱ་སྟེ། མཛོད་འགྲེལ་ལས། དགེ་སློབ་མ་དང་དགེ་ཚུལ་མའི་སྡོམ་པ་རྫས་གཞན་མ་ཡིན་ནོ། །ཞེས་བཤད་པས་གྲུབ་ཅིང༌། འོད་ལྡན་ལས་ཀྱང༌། དགེ་ཚུལ་ལ་སོགས་པ་དག་གི་ནི་སྤོང་བ་བཞིའི་མཚན་ཉིད་ཡིན་ཞེས་དགོངས་སོ། །ཞེས་དང༌། མཛོད་ལས། རྫས་སུ་རྣམ་པ་བཞི་ཡིན་ཏེ། །ཞེས་དང༌། མཛོད་རང་འགྲེལ་ལས། དགེ་སློབ་མ་མཚན་གྱུར་ན་དགེ་ཚུལ་ཞེས་བྱའོ། །ཞེས་གསུངས་པ་དང༌། སྡིག་ལྟུང་ངོ་བོ་གཅིག་པ་ཡོད་ཀྱང་གཅིག་ཤོས་དག་ན་གཅིག་ཤོས་དག་མི་དགོས་པར་མཚོ་ཊཱིཀ་ལས་ཕ་མའི་རྣམ་འབྱེད་བསྟན་པའི་སྤྱི་དོན་གྱི་སྐབས་སུ་གསུངས་པ་སོགས་ཀྱིས་དཔྱད་པར་བྱའོ། །སོ་ཐར་གྱི་སྡོམ་པ་ལྡན་ཚུལ་རྩ་བར། སོ་སོར་ཐར་གནས་ཇི་སྲིད་དུ། །མ་བཏང་བར་དག་ད་ལྟར་གྱི། །རྣམ་རིག་མིན་ལྡན་སྐད་ཅིག་མ། །དང་པོ་ཕྱིན་ཆད་འདས་པ་དང༌། །སྡོམ་མིན་གནས་པའང་དེ་དང་འདྲ། །ཞེས་སོ་ཐར་གྱི་སྡོམ་པ་འདས་པ་དང༌། ད་ལྟ་བའི་ལྡན་ཚུལ་ལས་མ་འོངས་པའི་ལྡན་ཚུལ་མ་གསུངས་པ་ལ་སོ་ཐར་གྱི་སྡོམ་པ་མ་འོངས་པའི་ཐོབ་པ་མེད་ན་སོ་ཐར་གྱི་སྡོམ་པ་མ་འོངས་པ་མེད་པར་འགྱུར་བ་ལ་དེ་མི་རིགས་ཏེ། མ་འོངས་པའི་དགེ་སློང་གི་རྒྱུད་ན་སོ་ཐར་གྱི་སྡོམ་པ་མ་འོངས་པ་ཡོད། བྱ་བ་བྱེད་འགྱུར་གྱི་སོ་ཐར་གྱི་སྡོམ་པ་ཡོད་པའི་ཕྱིར་ཟེར་བ་དང༌། གོང་དུ་བཀོད་པའི་རྩ་བར། དང་པོ་ཕྱིན་ཆད་འདས་པ་དང༌། །ཞེས་གསུངས་པ་ལ། སོ་ཐར་གྱི་སྡོམ་པ་འདས་པ་ཡོད་པ་མི་རིགས་ཏེ། སོ་ཐར་གྱི་སྡོམ་པ་འདོད་པའི་གཟུགས་གང་ཞིག དེ་ལ་སྔར་སྐྱེས་མེད་པའི་ཕྱིར། རྟགས་དང་པོ་སྔར་བསྒྲུབས་ཟིན། ཕྱི་མ་གྲུབ་སྟེ། རྩ་བར། འདོད་པ་ན། །གཟུགས་ཀྱི་སྔར་ནི་སྐྱེ་བ་མེད། །ཅེས་གསུངས་པའི་ཕྱིར་ཟེར་བ་དང༌། སོ་ཐར་གྱི་སྡོམ་པ་འདས་པ་འཇོག་ཚུལ་མེད་པར་ཐལ། སོ་ཐར་གྱི་སྡོམ་པ་ཐོབ་པའི་སྐད་ཅིག་གཉིས་པ་བའི་རྒྱུད་ལ་ལྡན་པའི་སོ་ཐར་གྱི་སྡོམ་པ་འདས་པ་དེ་སོ་ཐར་གྱི་སྡོམ་པ་སྐད་ཅིག་དང་པོའི་སྡོམ་པ་མི་རིགས་པ་གང་ཞིག དེ་ལས་གཞན་འཇོག་རྒྱུ་མེད་པའི་ཕྱིར་ཟེར་བ་དང༌། ཡང་སོ་ཐར་གྱི་སྡོམ་པ་མ་འོངས་པའི་ཐོབ་པ་མེད་པར་ཐལ། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ལ་མ་འོངས་པའི་ཐོབ་པ་ཡོད་པར་གསུངས་ཀྱང་སོ་ཐར་གྱི་སྡོམ་པ་ལ་དེ་ཡོད་པར་མཛོད་ལས་མ་གསུངས་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། མ་འོངས་པའི་སོ་ཐར་གྱི་སྡོམ་པ་ཐམས་ཅད་དང་པོ་མཁན་སློབ་ཀྱི་མདུན་ནས་ཐོབ་པ་ཡིན་པའི་ཕྱིར་ཟེར་བ་སོགས་མདོར་ན་སོ་ཐར་གྱི་སྡོམ་པ་འདས་མ་འོངས་ད་ལྟ་བ་གསུམ་དང་པོ་མཁན་སློབ་ཀྱི་མདུན་ནས་སྡོམ་པ་གསར་དུ་བླང་དུས་སུ་ཐོབ་པ་ཡིན་ཞེས་ཟེར་ན་དཔྱད་པར་བྱའོ། །

བཅུ་པ་སོ་སོར་ཐར་པའི་སྡོམ་པའི་བྱེད་ལས་ནི་གཉིས།

བཅུ་པ་སོ་སོར་ཐར་པའི་སྡོམ་པའི་བྱེད་ལས་ནི་གཉིས་ཏེ།

ཚུལ་ཁྲིམས་དག་པའི་བྱེད་ལས་དང༌། མ་དག་པའི་བྱེད་ལས་སོ། །དང་པོ་ལ་གཉིས་ལས། སྤང་བྱ་སྤོང་བའི་བྱེད་ལས་ནི།རྒྱུ་ཀུན་འབྱུང་སྤོང་བ་དང༌། འབྲས་བུ་སྡུག་བསྔལ་སྤོང་བ་སྟེ། སུམ་བརྒྱ་པ་ལས། ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ། །ཞེས་པ་དང༌། ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང༌། །ཞེས་པ་གོ་རིམ་བཞིན་ནོ། །ཐོབ་བྱ་འཐོབ་པའི་བྱེད་ལས་ནི། གནས་སྐབས་སུ་ལྷ་མིའི་དཔལ་འབྱོར་འཐོབ་པ་དང༌། མཐར་ཐུག་ཏུ་རྫོགས་པའི་བྱང་ཆུབ་འཐོབ་པ་སྟེ། སུམ་བརྒྱ་པ་ལས། དཔལ་འབྱོར་ས་དང་མེ་ཏོག་མདའ་ཅན་འཇོམས། །ཞེས་དང༌། རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར། ཞེས་པ་གོ་རིམ་བཞིན་ནོ། ། གཉིས་པ་ཚུལ་ཁྲིམས་མ་དག་པའི་བྱེད་ལས་ནི། ཕམ་པ་བྱུང་ཞིང་འཆབ་སེམས་སྐྱེས་ན། སྡོམ་པའི་དགོས་པ་དྲུག་སྒྲུབ་མི་ནུས་པ་ཉིད་དུ་ཉམས་ཤིང༌། ཕམ་པ་བྱུང་ཡང་འཆབ་སེམས་མ་སྐྱེས་ན་སྡོམ་པའི་དགོས་པ་དྲུག་སྒྲུབ་པར་ནུས་པ་ཅན་དུ་ཉམས་པ་སྟེ། དགོས་པ་དྲུག་ནི། བྱང་ཆུབ་མཐོ་རིས་བླང་སྐྱེ་དང༌། །ཆོས་དང་ཟང་ཟིང་ཕྱིར་བཅོས་རུང༌། །ཞེས་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ཡང་སྡོམ་པའི་དགོས་པ་དྲུག་སྒྲུབ་མི་ནུས་པ་ནི། ཕམ་པ་འཆབ་བཅས་བྱུང་ན་བྱང་ཆུབ་ཐོབ་པའི་བྱེད་ལས་མེད་དེ། ཕམ་པ་འཆབ་བཅས་ཀྱིས་ཉམས་ན། ཊཱི་ཀ་ལས། ཕམ་པ་བྱས་པ་ནི་ཚེ་དེ་ལ་ཉོན་མོངས་པ་རྣམས་སྤོང་བ་མི་སྲིད་པས། ཞེས་དང༌། དེས་རྣམ་པར་གྲོལ་བ་འཐོབ་པ་ཐག་རིང་དུ་སྤངས་པའི་ཕྱིར། ཞེས་སོ། ། མཐོ་རིས་འཐོབ་པའི་བྱེད་ལས་མེད་དེ། ལུང་གླེང་གཞི་ལས། ཚུལ་ཁྲིམས་ཉམས་པ་ངན་འགྲོ་ངན་སོང་ལོག་པར་ལྟུང་ནས་སེམས་ཅན་དམྱལ་བར་སྐྱེའོ། །ཞེས་གསུངས་སོ། །སྡོམ་པ་བླངས་ཀྱང་མི་སྐྱེ་སྟེ། འདི་ལ་སྐྱེ་བའི་ཆོས་ཉིད་མེད་པར་ཡང་འདྲའོ། །ཞེས་སོ། ། ཆོས་ཀྱི་ལོངས་སྤྱོད་དང་ཟང་ཟིང་གི་ལོངས་སྤྱོད་གཉིས་པོ་བྱར་མེད་དེ། ཊཱི་ཀ་ལས། ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་གནས་པ་དང་ལོངས་སྤྱད་པ་དག་མེད་པའི་ཕྱིར། ཞེས་སོ། །ཕམ་པ་འཆབ་བཅས་བྱུང་ན། ལྟུང་བ་ཕྱིར་བཅོས་སུ་མི་རུང་བ་ཡིན་ཏེ། ཊཱི་ཀ་ལས། ཕྱིར་བཅོས་སུ་མི་རུང་བ་ཉིད་ཀྱིས་ཉམས་པ་ཡིན་ནོ། །ཞེས་སོ། །སྡོམ་པའི་དགོས་པ་དྲུག་སྒྲུབ་ནུས་པ་ནི། འཆབ་མེད་ཀྱི་ཕམ་པ་བྱུང་ཡང༌། བྱང་ཆུབ་འཐོབ་པའི་བྱེད་ལས་ཡོད་དེ། འོག་མ་ནི་དགྲ་བཅོམ་པ་ཉིད་ཀྱིས་སོ། །ཞེས་པས་སོ། ། མཐོ་རིས་འཐོབ་པའི་བྱེད་ལས་ཡོད་དེ། དགྲ་བཅོམ་འཐོབ་པར་གསུངས་པས་ན་གནས་སྐབས་ལྷ་མིའི་ལུས་འཐོབ་པ་ལྟ་ཅི་སྨོས་པའི་ཕྱིར་རོ། ། སྡོམ་པ་བླངས་ན་སྐྱེ་བ་ཡིན་ཏེ། ཞུ་བ་ལས། བསླབ་པ་སྩལ་བས་བསླབ་པ་ཕུལ་ཏེ་དེ་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་ཞེས་བགྱིའམ།ཨུ་པ་ལི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི་འདས་པ་དང་བཅས་པའོ། །ཞེས་གསུངས་སོ། །ཆོས་ཀྱི་ལོངས་སྤྱོད་བྱར་ཡོད་དེ། ལུང་ཕྲན་ཚེགས་དང་མ་མོ་ལས། གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པ་སྦྱིན་པར་བྱ། ཞེས་དང༌། མ་མོ་ལས། བསླབ་པ་སྦྱིན་པ་གསོ་སྦྱོང་གི་ནང་དུ་འོང་ན་ནི་མ་བཟློག་ཅིག ཅེས་གསུངས་པས་སོ། །ཟང་ཟིང་གི་ལོངས་སྤྱོད་བྱར་ཡོད་དེ། ཐམས་ཅད་དུ་རྙེད་པ་དབང་བ་ཉིད་ཡིན་ནོ། །ཞེས་སོ། །ལྟུང་བ་ཕྱིར་བཅོས་སུ་རུང་བ་ཡིན་ཏེ། འཆབ་སེམས་མ་སྐྱེས་ན་ཕམ་པ་ལའང་ཕྱིར་བཅོས་སུ་རུང་བར་གསུངས་པས་ན་ལྟུང་བ་གཞན་ལ་ཕྱིར་བཅོས་སུ་རུང་བ་ལྟ་ཅི་སྨོས་པའི་ཕྱིར་རོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །དེའི་ཕྱིར་བཅོས་རུང་ན་བསླབ་པ་ཕུལ་དགོས་པའི་རྒྱུ་མཚན་དང༌། བསླབ་པ་ཕུལ་དགོས་ན་བསླབ་བྱིན་དགེ་སློང་དགྲ་བཅོམ་ཐོབ་ཚེ་སྔར་གྱི་རང་གྲལ་ཐོབ་པར་གསུངས་པའི་རྒྱུ་མཚན་གང་ཡིན་བཙལ་བར་བྱའོ། །མདོ་དཀོན་བརྩེགས་ལས། ཝ་ནི་ཁྱི་ལས་བྲོས་ཏེ་ཁུང་སྟེང་དུ་ཞོལ་ལོ། །ཕུག་ཏུ་ཞོལ་ལོ་དེ་བཞིན་དུ་ཚུལ་ཁྲིམས་འཆལ་བ་ཡང་ཉོན་མོངས་པས་ཕམ་པར་བྱས་ཏེ་ཁུང་དུ་ཞོལ་བ་བཞིན་དུ་ངན་འགྲོར་ཞོལ་བར་འགྱུར་རོ། །ཕུག་ཏུ་ཞོལ་བ་བཞིན་དུ་དམྱལ་བར་འགྲོ་བར་འགྱུར་རོ། །ཞེས་འདྲ་ཆོས་གསུམ་གསུངས་སོ། །ཝ་ནི་འཚོ་བ་མི་གཙང་བ་བཞིན་དུ་ཚུལ་ཁྲིམས་འཆལ་བ་ཡང་འཚོ་བ་མི་གཙང་ཞེས་འདུལ་བ་འཛིན་པ་རྣམས་གསུངས་ཏེ་ཝ་དང་འདྲ་ཆོས་བཞི་གསུངས་སོ། །དེ་དག་ལས་བཟློག་པ་ནི་ཚུལ་ལྡན་ནོ། །ཊཱི་ཀ་ལས། ཚུལ་ཁྲིམས་དང་ལྡན་པ་ནི། སེང་གེ་ལྟ་བུ་ཡིན་ཏེ། རི་དྭགས་ཕྲ་མོ་ལྟ་བུའི་ཉོན་མོངས་པ་དག་གིས་མི་ཐུབ་པའི་ཕྱིར་རོ། །ཚུལ་ཁྲིམས་འཆལ་བ་ནི། ཝ་ལྟ་བུ་ཡིན་ཏེ། ཁྱི་ལྟ་བུའི་ཉོན་མོངས་པ་དག་གིས་ཕམ་པར་བྱས་པའི་ཕྱིར་རོ། །ཞེས་སོ། །ལུང་གླེང་གཞི་ལས། སེང་གེ་ལྟ་བུས་ཝ་ལྟ་བུ་ལ་བསྙེན་བཀུར་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངས་སོ། །ཞུས་པ་བྲམ་ཟེའི་བུ་མོ་ལྟ་བུ་ལས། ཚུལ་ཁྲིམས་དང་ལྡན་པས་ཤེས་བཞིན་དུ་ཚུལ་ཁྲིམས་འཆལ་བ་ལ་སོ་ཤིང་སྟོབ་པར་བྱེད་ན་ཚུལ་ཁྲིམས་དང་ལྡན་པ་དེ་ཡང་ལོ་སྟོང་ཕྲག་དགུ་བཅུར་སེམས་ཅན་དམྱལ་བར་འགྱུར་བའི་ལས་བསྒྲུབས་པ་ཡིན་ནོ། །དེ་བཞིན་དུ་འདག་རྫས་སྟོབ་པ་དང་ཁ་ཏོན་བྱེད་པ་དང༌། གནས་བྱེད་པ་དང༌། གནས་སུ་འཛིན་པ་དང༌། ཚུལ་ཁྲིམས་འཆལ་བ་དང་ལྷན་ཅིག་ཉལ་བར་བྱེད་ན་སྐྱ་རེངས་མ་ཤར་བ་དེའི་བར་དུ་ལོ་སྟོང་ཕྲག་དགུ་བཅུ་དང༌། སྐྱ་རེངས་ཤར་ན་ལོ་བྱེ་བ་ཕྲག་བཅུ་བཞི་དང་སྟོང་ཕྲག་བཞི་དང་སྟོང་ཕྲག་བཞི་བཅུར་སེམས་ཅན་དམྱལ་བར་འགྱུར་བའི་ལས་བསྒྲུབས་པ་ཡིན་ནོ། །ཞེས་གསུངས་སོ། །འོད་ལྡན་ལས། ཚུལ་ཁྲིམས་འཆལ་པ་དེ་ཡང་ཇི་ལྟར་ཤེས་པར་བྱ་ཞེ་ན། མཐོང་བ་དང༌། ཐོས་པ་དང༌། དོགས་པ་རྣམས་ཀྱིས།ཞེས་སོ། །མཚོ་ཊཱིཀ་ལས། ཐམས་ཅད་དུའམ་ཞེ་ན། སློབ་དཔོན་དང་མཁན་པོ་མཆོག་ཏུ་ཚུལ་ཁྲིམས་འཆལ་པ་ཕམ་པ་ཐམས་ཅད་བྱུང་བའམ་ལྟུང་བ་སྡེ་ལྔ་ཆར་བྱུང་བ་ལ་ཡང་བསྙེན་བཀུར་བྱ་སྟེ། ཊཱི་ཀ་ལས། དེ་གཉིས་ནི་བསྟན་པ་ལ་འཇུག་པའི་སྒོར་གྱུར་པ་ཡིན་པའི་ཕྱིར་དང་སྡོམ་པ་སྐྱེ་བ་དང་ལེགས་པར་བསྲུང་བ་དང་ཆོས་ཁོང་དུ་ཆུད་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཞེས་སོ། །

གཉིས་པ་གཞུང་དོན་དངོས་བསྟན་པ།

གཉིས་པ་གཞུང་དོན་དངོས་བསྟན་པ་ལ་གཉིས།

སྐབས་སྒྲུབ་པ་དང༌།དངོས་ཀྱི་དོན་བསྟན་པའོ། །དང་པོ་ལ་གཉིས་ཏེ། གོ་རིམ་ངེས་པའི་རྒྱུ་མཚན་དང༌། དེ་ལས་འཕྲོས་པ་འདུལ་བ་མདོར་བསྡུས་ཀྱི་སྤྱི་དོན་བསྟན་པའོ། །དང་པོ་ལ་གཉིས་ཏེ། རྩོད་པ་དང༌། ལན་གདབ་པའོ། །དང་པོ་ནི། མཚོ་ཊཱིཀ་ལས། རྒོལ་བ་པོ་ཁ་ཅིག་འདི་སྐད་དུ། མདོ་རྩ་བ་འདི་ཆོས་ཅན། རྩོམ་པའི་གོ་རིམ་ལོག་པ་ཡིན་ཏེ། རྒྱས་བཤད་སྔོན་ལ་བརྩམས་ནས་མདོར་བསྟན་ཕྱིས་བརྩམས་པས་མདོར་བསྟན་རྒྱས་བཤད་ཀྱི་གོ་རིམ་དང་འགལ་བའི་ཕྱིར་དང༌། ཡི་གེ་མང་ཤོས་སྔོན་ལ་བརྩམས་ནས་ཡི་གེ་ཉུང་ཤོས་ཕྱིས་བརྩམས་པས་སྒྲའི་བསྟན་བཅོས་དང་འགལ་བའི་ཕྱིར་རོ། །དེ་ཡང་དངོས་ཀྱི་བཅས་པ་རྣམས་ནི་རྒྱས་བཤད་ལྟ་བུ་སྟེ། ཡི་གེ་མང་ཤོས་ཡིན་ལ། མདོར་བསྡུས་ནི་མདོར་བསྟན་ལྟ་བུ་སྟེ། ཡི་གེ་ཉུང་ཤོས་ཡིན་པར་གཞུང་གིས་གྲུབ་བོ། །ཡི་གེ་ཉུང་ཤོས་ཕྱི་ནས་བརྩམས་པ་འདི་ནི་སྒྲའི་བསྟན་བཅོས་ལས། ཡང་ན་མཆོད་འོས་སྔོན་དུ་སྦྱར། །ཡི་གེ་ཉུང་དང་མཆོད་པར་འོས། །དང་པོར་བསྟན་པའི་འཐད་པ་ཡིན། །ཞེས་བཤད་པ་དེ་དང་ཡི་གེ་ཉུང་ཤོས་མདོར་བསྡུས་ཕྱིས་བརྩམས་པ་འདི་མི་འཐད་དོ་ཞེ་ན།

གཉིས་པ་ལན་གདབ་པ།

གཉིས་པ་ལན་གདབ་པ་ནི།

སྒྲའི་བསྟན་བཅོས་ལས་བཤད་པ་དེ་རྒྱུ་མཚན་གཞན་མེད་པའི་དབང་དུ་བྱས་པ་ཡིན་ལ། རྩོམ་པའི་གོ་རིམ་མདོ་རྩ་བ་ལྟར་འཐད་དེ། གལ་ཏེ་མདོར་བསྡུས་སྔོན་ལ་བརྩམས་ན་ནི། འགལ་བའི་སྐྱོན་གསུམ་སྟེ། ལུང་ལས་དངོས་བཅས་རྣམས་གསུངས་པའི་རྗེས་སུ་མདོར་བསྡུས་ཕྱིས་གསུངས་པ་དང་འགལ་ལ། མདོར་བསྡུས་འདི་ཚིག་གི་ཆ་ནས་མདོར་བསྡུས་ཡིན་ཡང་དོན་གྱི་ཆ་ནས་རྒྱས་བཤད་ཡིན་པས། མདོར་བསྡུས་སྔོན་ལ་བརྩམས་ན་དོན་གྱི་ཆ་ནས་ཏེ། མདོར་བསྟན་རྒྱས་བཤད་ཀྱི་གོ་རིམ་དང་ཡང་འགལ་ཞིང༌། མདོར་བསྡུས་སྔོན་ལ་བརྩམས་ན་བཅས་པ་རྟོགས་པའི་གོ་རིམ་དང་ཡང་འགལ་ཞིང༌། དངོས་ཀྱི་བཅས་པ་སྔོན་ལ་རྟོགས་པ་ལ་བརྟེན་ནས་དེ་དང་འདྲ་བ་གཞན་ལ་སྦྱར་ཏེ། མདོར་བསྡུས་ཀྱི་བཅས་པ་ཕྱིས་རྟོགས་པར་འགྱུར་བ་ཡིན་པའི་ཕྱིར་རོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །དེ་ལ་འོ་ན་མཚོ་ཊཱིཀ་རང་ལ་གོང་གི་སྐྱོན་གསུམ་པོ་ཡོད་པར་ཐལ། འདུལ་བ་མདོར་བསྡུས་སྔོན་ལ་བཤད་པའི་ཕྱིར། ཁྱབ་པ་ཁས་ཟེར་ན་དཔྱད་པར་བྱའོ། །གཉིས་པ་དེ་ལས་འཕྲོས་པ་འདུལ་བ་མདོར་བསྡུས་ཀྱི་སྤྱི་དོན་ནི། འདུལ་བ་མདོར་བསྡུས་གང་ཞེ་ན། ལུང་ཕྲན་ཚེགས་ལས། སངས་རྒྱས་བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་ན་གྱད་ཀྱི་ཉེ་འཁོར་ཤིང་སཱ་ལ་ཟུང་གི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་ན་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངས་འདུལ་བ་རྒྱས་པར་བསྟན་ན། མདོར་བསྡུས་ཏེ་མ་བསྟན་པས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །དགེ་སློང་དག་ཁྱེད་ཀྱིས་ངས་སྔོན་གནང་བ་ཡང་མེད་བཀག་པ་ཡང་མེད་པ་གང་ཡིན་པ་དེ། གལ་ཏེ་མི་རུང་བ་བསྟན་ཅིང་རུང་བ་དང་མི་མཐུན་ན། རུང་བ་མ་ཡིན་པའི་ཕྱིར་སྤྱད་པར་མི་བྱའོ། །གལ་ཏེ་རུང་བ་བསྟན་ཅིང་མི་རུང་བ་དང་མི་མཐུན་ན། རུང་བ་ཡིན་པའི་ཕྱིར་སྤྱད་པར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ། །ཞེས་གསུངས་སོ། །དེ་ཉིད་མདོ་རྩ་བར་མི་རུང་བ་དང་མཐུན་ལ་རུང་བ་དང་འགལ་བ་ནི་རུང་བ་མ་ཡིན་པར་བསྡུའོ། །ཕྱི་མ་དང་མཐུན་ལ་སྔ་མ་དང་འགལ་བ་ནི་རུང་བར་རོ་ཞེས་བསྡུས་སོ། །དེ་གཏན་ལ་འབེབས་པ་ལ། དགོས་པ་དབྱེ་བ་ངོ་བོ་མཚན་ཉིད་དང༌། །ངེས་ཚིག་གཞི་དང་རྒྱུ་མཚན་སྦྱར་ཚུལ་དང༌། །སྔར་བཅས་རྗེས་བཅས་གང་ཡིན་བརྟག་པ་སྟེ། །དགུ་ཡིས་འདི་དོན་རྣམ་པར་བཤད་པར་བྱ། །ཞེས་པ་ལྟར་དགུ་ལས། དང་པོ་དགོས་པའི་དོན་ནི། བྱ་བ་བྱེ་བྲག་གིས་གསལ་ཀ་མ་བཏོད་པའི་ཚུལ་ཁྲིམས་ཀྱི་འཇུག་ལྡོག་ལ་མཁས་པའོ། །གཉིས་པ་འདུལ་བ་མདོར་བསྡུས་ཀྱི་དབྱེ་བ་ནི། རྒྱུ་མཚན་གྱི་སྒོ་ནས་ཕྱེ་ན་དགག་སྒྲུབ་གནང་གསུམ་ལས། དགག་པའི་འདུལ་བ་མདོར་བསྡུས་ནི། འཐས་པར་གནས་པའི་བྱེ་མ་སྲོག་ཆགས་ཅན་དགེ་སློང་གིས་རྐོ་བ་བཀག་པ་ལྟ་བུའོ། །

སྒྲུབ་པའི་འདུལ་བ་མདོར་བསྡུས།

སྒྲུབ་པའི་འདུལ་བ་མདོར་བསྡུས་ནི།

དགེ་ཚུལ་གྱིས་གསོ་སྦྱོང་བྱ་དགོས་པ་ལྟ་བུའོ། །གནང་བའི་འདུལ་བ་མདོར་བསྡུས་ནི་ཁམ་ཕོར་དུ་ཟས་ཟ་བ་གནང་བ་ལྟ་བུའོ། །ངོ་བོའི་སྒོ་ནས་ཕྱེ་ན་གཉིས་ལས། རྒྱུ་ཚོགས་དང་བཅས་པའི་འདུལ་བ་མདོར་བསྡུས་ནི། དགག་བྱ་དང་ལྡན་པའི་བྱེ་མ་དགེ་སློང་གིས་རྐོ་བ་བཀག་པ་ལྟ་བུ་སྟེ། བཅས་པའི་ངོ་བོ་དང་ཡན་ལག་ཐམས་ཅད་གསལ་ཀ་མ་བཏོད་པར་མདོར་བསྡུས་སྦྱར་བའོ། །ཡན་ལག་གི་འདུལ་བ་མདོར་བསྡུས་ནི་འཁྲིག་ཚིག་གི་ལྷག་མ་ལ་ཡུལ་བུད་མེད་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ཡན་ལག་ཏུ་དགོས་པར་ལུང་ལས་དངོས་སུ་གསུངས་པས། བསྙེན་བཀུར་བསྔགས་པའི་ལྷག་མ་ལ་ཡང༌། དེ་ཡན་ལག་ཏུ་དགོས་པར་སློབ་དཔོན་གྱིས་སྦྱར་ཏེ། རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་ལག་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །གནས་སྐབས་ཀྱི་སྒོ་ནས་ཕྱེ་ན་གཉིས་ཏེ། ངོ་བོ་ཉིད་ཀྱི་འདུལ་བ་མདོར་བསྡུས་དང་བྱེད་པའི་འདུལ་བ་མདོར་བསྡུས་སོ། །དེའང་གང་ཟག་གིས་སྦྱོར་མི་ཤེས་པ་དང་སྦྱོར་ཤེས་པ་སྟེ་གོ་རིམ་བཞིན་ནོ། །

གསུམ་པ་འདུལ་བ་མདོར་བསྡུས་ཀྱི་ངོ་བོ།

གསུམ་པ་འདུལ་བ་མདོར་བསྡུས་ཀྱི་ངོ་བོ་ནི།

ལུང་ལས་བྱ་བ་བྱེ་བྲག་གིས་གསལ་ཀ་མ་བཏོད་པའི་འདུལ་བའི་བསླབ་པའོ། །འོ་ན་གསལ་ཀ་བཏོད་མ་བཏོད་ཀྱི་ཁྱད་པར་ཅི་ཞེ་ན། འདུལ་བའི་ལུང་གང་ཡང་རུང་བར། དགག་བྱའི་རྒྱུ་མཚན་ལ་བརྟེན་ཏེ་བྱ་བའི་བྱེ་བྲག་དང་སྦྱར་ནས་ལྟུང་བ་སྡེ་ལྔ་ལས་གང་ཡང་རུང་བའི་མིང་གིས་གསལ་ཀ་བཏོད་པའམ། དགོས་པའི་རྒྱུ་མཚན་ལ་བརྟེན་ཏེ་བྱ་བའི་བྱེ་བྲག་དང་སྦྱར་ནས་སྒྲུབ་པའི་མིང་གིས་གསལ་ཀ་བཏོད་པའམ། དགག་པ་དང་དགོས་པ་མེད་པའི་རྒྱུ་མཚན་ལ་བརྟེན་ཏེ་བྱ་བའི་བྱེ་བྲག་དང་སྦྱར་ནས་ཉེས་པ་མེད་པའི་མིང་གིས་གསལ་ཀ་བཏོད་ན་གསལ་ཀ་བཏོད་པ་ཡིན་ལ། དེ་དག་ལས་གཞན་དུ་ན་གསལ་ཀ་མ་བཏོད་པ་ཉིད་ཡིན་ནོ། །མཚོ་ཊཱིཀ་མཆན་ལས། འོ་ན་མདུན་གྱི་ས་དཀར་པོ་རྐོ་བའི་ལྟུང་བྱེད་གསལ་ཀ་བཏོད་པ་ཡིན་ནམ་མ་བཏོད་པ་ཡིན། གཉིས་པ་ལྟར་ན་ལྟུང་བྱེད་དེ་མདོར་བསྡུས་ཀྱི་ལྟུང་བྱེད་ཡིན་པར་ཐལ། གསལ་ཀ་མ་བཏོད་པའི་ལྟུང་བྱེད་ཡིན་པའི་ཕྱིར་རོ། །དང་པོ་ལྟར་ན་འདུལ་བའི་ལུང་གང་ལས་ཀྱང༌། མདུན་གྱི་ས་དཀར་པོ་རྐོ་ན་ལྟུང་བྱེད་དོ་ཞེས་གསུངས་པ་མེད་ཅེ་ན། ས་རྐོ་ན་ལྟུང་བྱེད་དོ་ཞེས་དངོས་སུ་གསུངས་པས་མདུན་གྱི་ས་དཀར་པོ་རྐོ་བའི་ལྟུང་བྱེད་ཀྱང་གསལ་ཀ་བཏོད་པ་ཡིན་ནོ། །འོ་ན་དགེ་ཚུལ་གྱི་གསོ་སྦྱོང་ཡང་གསལ་ཀ་བཏོད་པ་ཡིན་པར་ཐལ། གསོ་སྦྱོང་བྱའོ་ཞེས་དངོས་སུ་གསུངས་པ་ཡིན་པའི་ཕྱིར་ཞེས་མཚུངས་སོ་ཞེ་ན། དེ་སྐད་དངོས་སུ་གསུངས་ཀྱང་དགེ་ཚུལ་གྱི་གསོ་སྦྱོང་གསལ་ཀ་དངོས་སུ་མ་བཏོད་ན་ཅི་འགལ་ཞེས་བརྗོད་དོ། །འོ་ན་ས་རྐོ་ན་ལྟུང་བྱེད་དོ་ཞེས་དངོས་སུ་གསུངས་ཀྱང་མདུན་གྱི་ས་དཀར་པོ་རྐོ་བའི་ལྟུང་བྱེད་གསལ་ཀ་མ་བཏོད་ན་ཅི་འགལ་ཞེས་མགོ་མཚུངས་སོ་ཞེས་རྒོལ་ན། ས་རྐོ་བ་བཀག་པ་དང་གསོ་སྦྱོང་བྱ་བ་ནི་དགག་པ་དང་སྒྲུབ་པ་གོ་རིམ་བཞིན་ཏེ། སྤྱི་བཀག་པས་བྱེ་བྲག་ཁེགས་པའི་ཕྱིར་དང་སྤྱི་བསྒྲུབས་པས་བྱེ་བྲག་མི་འགྲུབ་པའི་ཕྱིར་ན་མི་མཚུངས་སོ་སྙམ་མོ། །ཞེས་གསུངས་པ་ལ། འོ་ན་དགག་རྗེས་དགག་པ་དེ་རྗེས་བཅས་མཚན་ཉིད་པ་མིན་ཡང་སྒྲུབ་རྗེས་སྒྲུབ་པ་དེ་རྗེས་བཅས་མཚན་ཉིད་པར་བཞག་ཆོག་པར་ཐལ། སྤྱི་སྒྲུབ་པས་བྱེ་བྲག་སྒྲུབ་མི་ནུས་ལ་སྤྱི་དགག་པའི་བྱེ་བྲག་དགག་ནུས་པ་དེའི་ཕྱིར་རོ། །འདོད་མི་རིགས་ཏེ། མཚོ་ཊཱིཀ་༡༢༨ལས། དེ་ལྟར་སྔར་ནས་དགག་པ་བཅས་ཟིན་པ་དེ་བཞིན་དུ་སྔར་ནས་སྒྲུབ་པར་བཅས་ཟིན་པ་ཡང་རྒྱུ་མཚན་མཚུངས་པས་ན། སྒྲུབ་པ་བཅས་པའི་རྗེས་སུ་སྒྲུབ་པ་རྗེས་བཅས་ཀྱང་རྗེས་བཅས་ཀྱི་སྒྲས་བརྗོད་པ་དེ་ཆོས་ཅན། སྒྲུབ་པ་དེ་རྗེས་སུ་བཅས་པ་མཚན་ཉིད་པ་མ་ཡིན་ཏེ། སྔར་ནས་བཅས་ཟིན་པའི་ཕྱིར་ཞེས་གསུང་ངོ༌། །ཞེས་གསུངས་པའི་ཕྱིར་དང༌། གཞན་ཡང་དགེ་སློང་དྲུག་སྡེས་གསོ་སྦྱོང་བྱ་དགོས་པ་ཆོས་ཅན། གསལ་ཀ་མ་བཏོད་པར་ཐལ།གསོ་སྦྱོང་བྱའོ་ཞེས་པས་གསལ་ཀ་མ་བཏོད་གཞན་དགེ་སློང་དྲུག་སྡེས་གསོ་སྦྱོང་བྱ་ཞེས་པའི་ཚིག་མེད་པའི་ཕྱིར། ཁྱབ་སྟེ། མཚོ་ཊཱིཀ་མཆན་༣༦ལས། དགེ་ཚུལ་གྱི་གསོ་སྦྱོང་ནི་གང་ཟག་བྱེ་བྲག་གིས་གསལ་ཀ་མ་བཏོད་པ་ཡིན་མོད་ཀྱི། དེ་ཡང་བྱ་བ་བྱེ་བྲག་གིས་གསལ་ཀ་མ་བཏོད་པའི་ནང་དུ་འདུས་ཏེ། གང་ཟག་དེའི་བྱ་བ་བྱེ་བྲག་གིས་གསལ་ཀ་མ་བཏོད་པ་ཉིད་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །བཞི་པ་འདུལ་བ་མདོར་བསྡུས་ཀྱི་མཚན་ཉིད་ལ། སྤྱིར་ན་འདུལ་བ་མདོར་བསྡུས་སྤྱིའི་མཚན་ཉིད་ནི། འདུལ་བའི་བསླབ་པ་རྣམ་པར་བཞག་པའི་བདག་ཉིད་དུ་གྲུབ་པའི་བཀའ་གང་ཞིག ལུང་ལས་བྱ་བ་བྱེ་བྲག་གིས་གསལ་ཀ་མ་བཏོད་པའོ། །འདུལ་བ་མདོར་བསྡུས་བྱེ་བྲག་སོ་སོའི་མཚན་ཉིད་ནི། འདུལ་བའི་བསླབ་པ་རྣམ་པར་བཞག་པའི་བཀའི་བདག་ཉིད་དུ་གྲུབ་པའི་དགག་བྱའི་རྒྱུ་མཚན་གྱི་འབྲེལ་ཡུལ་གང་ཞིག ལུང་ལས་བྱ་བ་བྱེ་བྲག་གིས་གསལ་ཀ་མ་བཏོད་པ་དེ། དགག་པའི་འདུལ་བ་མདོར་བསྡུས་ཀྱི་མཚན་ཉིད་སོགས་ཡིན་ཏེ། མཚོ་ཊཱིཀ་ལས། སྤྱིའི་མཚན་ཉིད་དེ་ལ་དེ་ཅུང་ཟད་ཁ་བསྐངས་པ་སྟེ། གང་ཞིག་ཅེས་སྨོས་པ་དེ་ལ་དགག་བྱའི་རྒྱུ་མཚན་གྱི་འབྲེལ་ཡུལ་གང་ཞིག་དང༌། དགོས་པའི་རྒྱུ་མཚན་གྱི་འབྲེལ་ཡུལ་གང་ཞིག་དང༌། དགག་དགོས་མེད་པའི་རྒྱུ་མཚན་གྱི་འབྲེལ་ཡུལ་གང་ཞིག་ཅེས་ཁ་བསྐངས་ཏེ། །དགག་སྒྲུབ་གནང་གསུམ་གྱི་མདོར་བསྡུས་ཀྱི་མཚན་ཉིད་དུ་གོ་རིམ་བཞིན་དུ་སྦྱར་རོ། །བཅས་པའི་བདག་ཉིད་དུ་གནས་པ་གང་ཞིག་དང༌། ཡན་ལག་གི་བདག་ཉིད་དུ་གནས་པ་གང་ཞིག་ཅེས་ཁ་བསྐངས་ཏེ། རྒྱུ་ཚོགས་དང་བཅས་པའི་མདོར་བསྡུས་དང༌། ཡན་ལག་གི་མདོར་བསྡུས་ཀྱི་མཚན་ཉིད་དུ་སྦྱར་རོ། །གང་ཟག་གིས་སྦྱོར་མ་ཤེས་པ་གང་ཞིག་དང༌། གང་ཟག་གིས་སྦྱོར་ཤེས་པ་གང་ཞིག་ཅེས་ཁ་བསྐངས་སྟེ། ངོ་བོ་ཉིད་ཀྱི་མདོར་བསྡུས་དང༌། བྱེད་པའི་མདོར་བསྡུས་ཀྱི་མཚན་ཉིད་དུ་སྦྱར་རོ། །ཞེས་གསུངས་པའི་ཕྱིར་རོ། །

ལྔ་པ་འདུལ་བ་མདོར་བསྡུས་ཀྱི་ངེས་ཚིག

ལྔ་པ་འདུལ་བ་མདོར་བསྡུས་ཀྱི་ངེས་ཚིག་ནི།

ཚུལ་ཁྲིམས་སྟོན་པས་ན་འདུལ་བ། གསལ་ཀ་བཏོད་པ་ལ་ལྟོས་ནས་ཚིག་མདོར་བསྡུས་པས་ན་མདོར་བསྡུས་ཞེས་བྱ་སྟེ། ལུང་དང་རང་གི་རྣམ་བཤད་དང་ཊཱི་ཀ་ལས་མདོར་བསྡུས་ཞེས་མིང་བཏགས་ཤིང༌། འོད་ལྡན་རྩ་བ་ལས།འདུལ་བ་མདོར་བསྡུས་ཞེས་བྱ་སྒྲོན་མ་དང༌། །འདྲ་བ་གཞན་འདིར་བདེ་བར་གཤེགས་པས་གསུངས། །ཞེས་སོ། །

དྲུག་པ་གཞི་གང་ལ་མདོར་བསྡུས་སྦྱར་བ།

དྲུག་པ་གཞི་གང་ལ་མདོར་བསྡུས་སྦྱར་བ་ནི།

སྤྱིའི་ཚུལ་གྱིས་ནི་གནང་བཀག་མཛད་ལ། བྱ་བ་བྱེ་བྲག་དང་སྦྱར་ནས་གནང་བཀག་མ་མཛད་པའི་གཞི་ལ་སྦྱར་ཏེ། འོད་ལྡན་རྩ་བ་ལས། གང་ཞིག་གནང་མེད་དེ་བཞིན་བཀག་མེད་པ། །དེ་ནི་གསུངས་པའི་རྗེས་མཐུན་བརྟགས་ཏེ་སྦྱར། །ཞེས་སོ། །

བདུན་པ་རྒྱུ་མཚན་གང་གིས་སྦྱར་བ།

བདུན་པ་རྒྱུ་མཚན་གང་གིས་སྦྱར་བ་ལ་གསུམ་སྟེ།

དགག་བྱའི་རྒྱུ་མཚན་དང༌།དགོས་པའི་རྒྱུ་མཚན་དང༌། དགག་དགོས་མེད་པའི་རྒྱུ་མཚན་ནོ། །དང་པོ་ལ་བཞི་ལས། དང་པོ་དགག་བྱ་ངོས་གཟུང་བ་ནི། འདིར་དགག་བྱ་གང་ཞེ་ན། ཉེས་སྐྱོན་གང་ཞིག་འདུལ་བའི་ཚུལ་ཁྲིམས་སུ་བཅའ་བའི་སྒོ་ནས་དགག་པར་བྱ་བ་སྟེ། དངོས་སམ་བརྒྱུད་པས་རང་གཞན་གྱི་རྒྱུད་ལ་ལམ་གོང་མ་སྐྱེ་བའི་གེགས་ཀྱི་བྱེ་བྲག་གོ། །དགག་བྱ་ལ་ཕྱེ་ན་གཉིས་ཏེ། སྤྱིའི་དགག་བྱ་དང༌། སྒོས་ཀྱི་དགག་བྱའོ། །དང་པོ་ནི། ཚོད་ཡོངས་སུ་མི་ཤེས་པ་དང༌། ཧ་ཅང་ཐལ་པར་འགྱུར་བ་དང༌། དེའི་རིགས་དང་ལྡན་པ་དང་གསུམ་སྟེ། སྒོས་ཀྱི་དགག་བྱ་ལ་ཐུག་པར་འགྱུར་མི་འགྱུར་གྱི་ཚོད་མི་ཤེས་པ་དང༌། བཅས་པའི་རྒྱ་རལ་ཏེ་ཧ་ཅང་ཐལ་བར་འགྱུར་བ་དང༌། བྱ་བ་དེ་ལ་གནས་སྐབས་དེ་ན་སྒོས་ཀྱི་དགག་བྱ་མེད་ཀྱང་སྤྱིར་བྱ་བ་དེ་ལ་དགག་བྱ་དེ་ཡོད་པའི་རིགས་ཅན་ཡིན་པའོ། །དེ་དག་གང་ནས་བཤད་ན་འོད་ལྡན་ལས། མྱོས་པར་འགྱུར་བའི་ཚོད་ཡོངས་སུ་མི་ཤེས་པའི་ཕྱིར་དང༌། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་དང༌། དེའི་རིགས་དང་ལྡན་པ་ཉིད་ཡིན་པས། ཞེས་སོ། །དེ་དག་ནི་བཅས་པ་རྣམ་འཇོག་གི་དགག་བྱ་ཞེས་ཀྱང་བྱའོ། །ཞེས་གསུངས་སོ། །སྤྱིའི་དགག་བྱ་དང་བཅས་པ་རྣམ་འཇོག་གི་དགག་བྱ་གཉིས་དོན་གཅིག་གོ། ། གཉིས་པ་སྒོས་ཀྱི་དགག་བྱ་ནི། བྱ་བ་དེ་འབྲེལ་གྱི་དགག་བྱ་ཞེས་ཀྱང་བྱ་སྟེ། ས་རྐོས་པས་སྲོག་ཆགས་ལ་གནོད་པ་དང༌། དོན་དང་བྱ་བ་མང་བ་དང༌། གཞན་མ་དད་པ་སྐྱེ་བ་ལྟ་བུའོ། །སྒོས་ཀྱི་དགག་བྱ་དང་བྱ་བ་དེ་འབྲེལ་གྱི་དགག་བྱ་གཉིས་དོན་གཅིག་གོ། །

གཉིས་པ་སྤྱིའི་དགག་བྱ་དང་སྒོས་ཀྱི་དགག་བྱ་གཅིག་གམ་ཐ་དད་བསམ་པ།

གཉིས་པ་སྤྱིའི་དགག་བྱ་དང་སྒོས་ཀྱི་དགག་བྱ་གཅིག་གམ་ཐ་དད་བསམ་པ་ནི།

སྤྱིའི་དགག་བྱ་དགེ་སློང་གིས་ཚོད་ཡོངས་སུ་མི་ཤེས་པ་དེ་དང་སྒོས་ཀྱི་དགག་བྱ་ཁྱིམ་པ་ལ་སོགས་པ་གཞན་མ་དད་པ་སྐྱེ་བ་དེ་ཆོས་ཅན། ངོ་བོ་ཐ་དད་པ་ཡིན་ཏེ། གང་ཟག་ཤེས་རྒྱུད་ཐ་དད་ཀྱི་བློའི་ཆོས་ཐ་དད་པ་ཡིན་པའི་ཕྱིར་རོ། །སྤྱིའི་དགག་བྱ་དགེ་སློང་གིས་ཚོད་ཡོངས་སུ་མི་ཤེས་པ་དེ་དང་དེ་ལ་བརྟེན་ནས་སྒོས་ཀྱི་དགག་བྱ་དགེ་སློང་ཆང་གིས་མྱོས་པ་ལྟ་བུ་ཆོས་ཅན། ཐ་དད་པ་ཡིན་ཏེ། རྒྱུ་འབྲས་ཡིན་པའི་ཕྱིར་རོ། །ཧ་ཅང་ཐལ་བར་འགྱུར་བ་ལ་སོགས་པ་དང་སྒོས་ཀྱི་དགག་བྱ་ཡང་ངོ་བོ་ཐ་དད་དོ། །གསུམ་པ་དགག་བྱ་གང་གིས་བཅས་པ་ཤེས་པར་བྱེད་པ་ནི། དམིགས་བསལ་ལས་གཞན་པའི་སྐབས་སུ་སྤྱིར་བཏང་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་འབྲེལ་བ་རྣམས་ལ་ནི། སྒོས་ཀྱི་དགག་བྱས་བཅས་པ་ཤེས་པར་བྱེད་དེ། བཅས་པ་རྣམ་འཇོག་གི་སྒོས་ཀྱི་དགག་བྱ་དང་བཅས་པ་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། དཔེར་ན་མིའི་སྲོག་ཆད་ན་ཕམ་པ་བསྐྱེད་ལ་མ་ཆད་ན་མི་བསྐྱེད་པ་བཞིན་ནོ། །དམིགས་བསལ་ནི་བརྡེག་པའི་ལྟུང་བྱེད་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཡང༌། སྤྱིའི་དགག་བྱས་བཅས་པའི་ས་མཚམས་བཟུང་སྟེ། སྒོས་ཀྱི་དགག་བྱ་ལུས་སྲོག་ལ་གནོད་པར་འགྱུར་བར་མི་ལྟོས་སོ། །དམིགས་བསལ་ལས་གཞན་པའི་སྐབས་སུ་སྤྱིར་བཏང་ལ་བཅས་པའི་ཁ་ན་མ་ཐོ་བ་དང་འབྲེལ་པ་རྣམས་ལ་ནི། སྤྱིའི་དགག་བྱས་བཅས་པ་ཤེས་པར་བྱེད་དེ། བཅས་པ་རྣམ་འཇོག་གི་སྤྱིའི་དགག་བྱ་དང་བཅས་པ་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་ཏེ། དཔེར་ན་དགེ་སློང་གིས་མཆོད་རྟེན་གྱི་རྩྭ་བརྔ་བ་ལྟ་བུའོ། །མཚོ་ཊཱིཀ་ལས། དམིགས་བསལ་ནི། གནས་མལ་ཕན་ཕུན་དུ་གྱུར་པའི་ལྟུང་བྱེད་བཅས་པའི་ཁ་ན་མ་ཐོ་བ་ཡིན་ཡང༌།སྒོས་ཀྱི་དགག་བྱས་བཅས་པའི་ས་མཚམས་བཟུང་སྟེ།ཕན་ཕུན་དུ་གྱུར་ན་ལྟུང་བྱེད་བསྐྱེད་ལ་མ་གྱུར་ན་སྐབས་དེ་ཉིད་ཀྱི་ལྟུང་བྱེད།མི་བསྐྱེད་པར་གསུངས་པས་སོ། །ཞེས་སྒོས་ཀྱི་དགག་བྱས་མཚམས་བཟུང་བ་མི་རིགས་ཏེ། མཚོ་ཊཱིཀ་རང་ལས། ཕན་ཕུན་དུ་གྱུར་བའམ་འདོམ་བཞི་བཅུ་རྩ་དགུ་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །བཞི་པ་དགག་བྱ་དང་དགག་བཅས་ལ་འབྲེལ་པ་ཡོད་མེད་བསྟན་པ་ནི། མཚོ་ཊཱིཀ་༣༨ལས། དེ་གཉིས་ནི་བདག་གཅིག་པའི་འབྲེལ་བ་མ་ཡིན་ཏེ། ཞེས་པ་ནས། དགག་བྱ་དང་དགག་བཅས་ལ་ངོ་བོ་ལྟོས་པ་དེ་བྱུང་གི་འབྲེལ་བ་མེད་ཀྱང་རྣམ་པར་བཞག་འཇོག་གི་འབྲེལ་པ་ཡོད་དེ། བཅས་པ་རྣམ་འཇོག་གི་དགག་བྱ་ལ་ལྟོས་ནས་བཅས་པ་རྣམ་པར་བཞག་ཅིང༌། བཅས་པ་ལ་ལྟོས་ནས་བཅས་པ་རྣམ་འཇོག་གི་དགག་བྱ་ཞེས་རྣམ་པར་བཞག་གོ། །དེས་ན་དགག་བྱ་ཙམ་པོ་ལ་བཅས་པས་མ་ཁྱབ་ཀྱང༌། བཅས་པ་རྣམ་འཇོག་གི་དགག་བྱ་ཡོད་པ་ལ་བཅས་པ་ཡོད་པས་ཁྱབ་བོ། །ཞེས་གསུངས་སོ། །བཅས་པ་རྣམ་འཇོག་གི་དགག་བྱའི་རྒྱུ་མཚན་དགག་པའི་མདོར་བསྡུས་སྦྱོར་བའི་སྒྲུབ་བྱེད་དུ་སྦྱར་རོ། །ཞེས་གསུངས་སོ། །དེ་ལ་མཚོ་ཊཱིཀ་མཆན་༡༤ལས། རྣམ་འབྱེད་རྣམ་གཉིས་སྤྱིར་བསྟན་དང་བཅས་པས་འབྲས་བུ་ལྟུང་བ་སྡེ་ལྔ་བསྟན་པས་དེའི་རྒྱུ་བསླབ་བྱའི་ཡན་ལག་བརྒྱུད་ནས་བསྟན་པའི་ཕྱིར། ཞེས་གསུངས་པས་དཔྱད་པར་བྱའོ། །

གཉིས་པ་དགོས་པའི་རྒྱུ་མཚན།

གཉིས་པ་དགོས་པའི་རྒྱུ་མཚན་ནི།

དངོས་སམ་བརྒྱུད་པས་རང་གཞན་གྱི་རྒྱུད་ལ་ལམ་གོང་མ་སྐྱེ་བའི་རྒྱུར་འགྱུར་བ་སྟེ། འདུལ་བ་ལ་བསྟོད་པ་ལས། སངས་རྒྱས་རྣམས་དང་རང་རྒྱལ་རྣམས་ཀྱིས་ཀྱང༌། །བྱང་ཆུབ་གང་བརྙེས་ཐུབ་སློབ་རྣམ་དག་པའི། །སེམས་ཅན་དགྲ་བཅོམ་ཡོན་ཏན་ལྡན་པ་རྣམས། །དེའང་རྒྱུ་ནི་འདུལ་བ་ཡིན་པར་གསུངས། །ཞེས་རྒྱུའི་ཆ་ནས་གསུངས་པ་དང༌། ལུང་ལས། ལམ་གྱི་འབྲས་བུ་དགྲ་བཅོམ་པ་ཐོབ་པའི་ཚེ། དགོས་པ་རབ་ཏུ་བྱུང་བའི་བྱ་བ་བྱས་སོ་ཞེས་འབྲས་བུའི་ཆ་ནས་གསུངས་སོ། །དགོས་པའི་རྒྱུ་མཚན་ནི། སྒྲུབ་པའི་མདོར་བསྡུས་སྦྱོར་བའི་སྒྲུབ་བྱེད་དུ་སྦྱར་རོ། །

གསུམ་པ་དགག་དགོས་མེད་པའི་རྒྱུ་མཚན།

གསུམ་པ་དགག་དགོས་མེད་པའི་རྒྱུ་མཚན་ནི།

སྔར་གྱི་དགག་བྱ་དང་དགོས་པ་དེ་དག་གང་ཡང་མེད་པ་སྟེ། གནང་བའི་མདོར་བསྡུས་སྦྱོར་བའི་སྒྲུབ་བྱེད་དུ་སྦྱར་རོ། །མཚོ་ཊཱིཀ་མཆན་ལས། གལ་ཏེ་ཆོས་གོས་སྲ་བརྐྱང་གདིང་བ་གནང་བའི་བཅས་པ་ཆོས་ཅན། དགག་དགོས་གང་ཡང་མེད་པར་ཐལ། གནང་བའི་བཅས་པ་ཡིན་པའི་ཕྱིར་རོ། །འདོད་ན། ཆོས་ཅན་སྔར་བཞིན་ནོ། །སྲ་བརྐྱང་གི་ཕན་ཡོན་མེད་པར་ཐལ། དགག་བྱ་དང་དགོས་པ་གང་ཡང་མེད་པའི་ཕྱིར་རོ། །རྟགས་ཁས་བླངས་སོ། །འདོད་ན་ལུང་ལས་སྲ་བརྐྱང་གི་ཕན་ཡོན་བཅུ་གསུངས་པའོ་ཞེ་ན། གནང་བ་བཅས་པའི་སྒྲུབ་བྱེད་དུ་དགག་དགོས་གང་ཡང་མེད་པ་རྟགས་སུ་བཀོད་པ་ན་བསྒྲུབ་བྱའི་ཆོས་ལ་རྟགས་ཀྱིས་མ་ཁྱབ་ཀྱང་སྐྱོན་མ་ཡིན་ཏེ། དཔེར་ན་མེ་ཡོད་པ་ལ་དུ་བ་ཡོད་པས་མ་ཁྱབ་ཀྱང་འབྲས་བུའི་རྟགས་ཀྱི་སྐྱོན་མ་ཡིན་པ་བཞིན་ནོ། །ཞེས་གསུངས་པ་ལ། འོ་ན་གནང་བ་ཡིན་པའི་ཚད་དང་མཚན་ཉིད་གང་ཡིན་ཟེར་ན་དཔྱད་པར་བྱའོ། །

བརྒྱད་པ་མདོར་བསྡུས་སྦྱོར་བའི་ཚུལ།

བརྒྱད་པ་མདོར་བསྡུས་སྦྱོར་བའི་ཚུལ་ལ།

དགག་པ་མདོར་བསྡུས་ནི། ཊཱི་ཀ་ལས། ཉལ་བ་དང་འགྲོ་བས་བཤང་པ་དང་གཅི་བ་མི་བྱ་བ་ཉིད་དང༌། ཉལ་བ་དང་འགྲོ་བས་ཟས་བཟའ་བར་མི་བྱ་བ་ཉིད་ཅེས་བྱ་བ་ལ་སོགས་པ་དག་ནི་དགག་པའི་རྣམ་པ་ཡིན་ལ། ཞེས་བཤད་དོ། །སྒྲུབ་པ་མདོར་བསྡུས་ནི། སུམ་བརྒྱ་པ་ལས། གལ་ཏེ་དངོས་སུ་གསུངས་པ་མེད་གྱུར་ཀྱང༌། །དགག་དབྱེ་གསུངས་ཕྱིར་འདིར་ནི་གསོ་སྦྱོང་ཡོད། །དགག་དབྱེ་དག་པ་གོ་བར་བྱ་ཕྱིར་ཏེ། །དེ་ལས་གསོ་སྦྱོང་དོན་ནི་ཐ་དད་མིན། །ཞེས་གསུངས་སོ། །གནང་བ་མདོར་བསྡུས་ནི། ཊཱི་ཀ་ལས། ཚྭ་དང་བསྲེས་པའི་རྒུན་ཆུ་བཏུང་བར་བྱ་བ་ཉིད་དང༌། ཁམ་ཕོར་དག་ཏུ་ཟས་བཟའ་བར་བྱ་བ་ཉིད་ཅེས་བྱ་བ་ལ་སོགས་པ་དག་ནི་རྗེས་སུ་གནང་བའི་རྣམ་པ་ཡིན་ཏེ། ཞེས་གསུངས་ལ།ཡང་འདི་ལྟར་སྦྱར་ཏེ། དགག་བྱ་དང་ལྡན་པའི་བྱེ་མ་འཐས་པར་གནས་པ་བཅས་ལྡན་དགེ་སློང་གིས་རྐོ་བ་ཆོས་ཅན། མི་རུང་བ་ཡིན་ཏེ། བཅས་པའི་རྟེན་ཅན་གྱིས་སྲོག་ཆགས་ལ་གནོད། དོན་དང་བྱ་བ་མང༌། གཞན་མ་དད་པ་སྐྱེ་བའི་དགག་བྱ་ཡོད་པའི་ཕྱིར་དཔེར་ན་ས་རྐོ་བ་བཞིན་ནོ། །མཚོ་ཊཱིཀ་ལས། འོ་ན་ལུང་རྣམ་འབྱེད་ལས། བྱེ་མ་འབའ་ཞིག་རྐོ་བ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་དང་མི་འགལ་ལམ་སྙམ་ན། དེ་ནི་༼སྲོག་ཆགས་ལ་གནོད་པ་ལ་སོགས་པའི།༽དགག་བྱ་དང་མི་ལྡན་པའི་བྱེ་མ་རྐོ་བ་ལ་དགོངས་པའོ། །ཞེས་དང༌། དེ་༢༨༡ལས། རྣམ་འབྱེད་ལས། བྱེ་མ་འབའ་ཞིག་རྐོ་བ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་དག་ལ་རང་རང་གི་ལྟུང་བ་མི་བསྐྱེད་དེ། ལྟུང་བར་བཅས་པ་མེད་པའི་ཕྱིར་ཏེ། བཅས་པ་རྣམ་འཇོག་གི་དགག་བྱ་མེད་པའི་ཕྱིར་རོ། །འོ་ན་སྲོག་ཆགས་ལ་མི་གནོད་པའི་ས་རྐོ་བ་དང་སེམས་འཁྲུལ་བར་མི་འགྱུར་བའི་ཆང་འཐུང་བ་ཡང་ལྟུང་བ་མེད་པར་འགྱུར་ཏེ་དགག་བྱ་མེད་པའི་ཕྱིར་རོ་ཞེ་ན། རྟགས་མ་གྲུབ་སྟེ། དངོས་ཀྱི་དགག་བྱ་མེད་ཀྱང་བརྒྱུད་པའི་དགག་བྱ་ཡོད་པའི་ཕྱིར་ཏེ། ཧ་ཅང་ཐལ་བར་འགྱུར་བ་དང༌། ཚོད་ཡོངས་སུ་མི་ཤེས་པ་ལ་སོགས་པའི་དགག་བྱ་ཡོད་པའི་ཕྱིར་རོ། །ཞེས་དང༌། དེ་༣༨༨ལས། སྲོག་ཆགས་མེད་པའི་ས་རྐོས་ན་སྲོག་ཆགས་ལ་གནོད་པའི་དགག་བྱ་མེད་ཀྱང་ས་རྐོ་བའི་ལྟུང་བྱེད་བསྐྱེད་པ་བཞིན་ནོ། །ཞེས་གསུངས་སོ། །སྲོག་ཆགས་མེད་པའི་ས་རྐོ་བ་ལ་དགག་བྱ་ཡོད་ལ་སྲོག་ཆགས་མེད་པའི་བྱེ་མ་རྐོ་བ་ལ་དགག་བྱ་མེད་པའི་རྒྱུ་མཚན་གང་ཡིན་བཙལ་བར་བྱའོ། །གསོ་སྦྱོང་གི་བྱེ་བྲག་འགའ་ཞིག་ཆོས་ཅན། དགེ་ཚུལ་གྱིས་བསྒྲུབ་དགོས་ཡིན་ཏེ། དགེ་ཚུལ་གྱི་ཆོས་དག་པ་དང༌། ཚུལ་ཁྲིམས་དག་པའི་དགོས་པ་ཡོད་པའི་ཕྱིར་རོ། །དཔེར་ན་དགེ་ཚུལ་གྱི་དགག་དབྱེ་བཞིན་ནོ། ། དགེ་སློང་གཅིག་གིས་ཁམ་ཕོར་ཐ་མལ་པའི་ནང་དུ་ཟས་ཟ་བ་ཆོས་ཅན། སྣོད་ཀྱི་ཆ་ནས་ཉེས་པ་མི་འབྱུང་བ་ཡིན་ཏེ། སྣོད་ཀྱི་ཆ་ནས་དགག་དགོས་གང་ཡང་མེད་པའི་ཕྱིར་རོ། །དཔེར་ན་ཡོལ་གོར་དུ་ཟས་ཟ་བ་བཞིན་ནོ། །འོ་ན་མདོར་བསྡུས་ཀྱི་བཅས་པ་ལས་འདས་ན་ཅིར་འགྱུར་ཞེ་ན། བམ་པོ་ལྔ་བཅུ་པ་ལས། མི་རུང་བ་དང་མཐུན་ལ་རུང་བ་དང་འགལ་བ་དེ་དག་གར་བསྡུ་ཞེ་ན། དེ་དག་རུང་བ་མ་ཡིན་པར་བསྡུ་སྟེ། དགེ་སློང་གིས་དེ་དག་བསྟེན་ཅིང་སྤྱད་དུ་མི་རུང་སྟེ། དེ་དག་བསྟེན་ཅིང་སྤྱད་ན་གཞི་ཇི་ལྟ་བ་ལས་ལྟུང་བ་སྡེ་ལྔའི་ཁ་ན་མ་ཐོ་བ་ཉིད་དུ་འགྱུར་རོ། །ཞེས་གསུངས་སོ། །

མདོར་བསྡུས་ཀྱི་ལྟུང་བ་སྡེ་ལྔ།

མདོར་བསྡུས་ཀྱི་ལྟུང་བ་སྡེ་ལྔ་ནི།

དགེ་སློང་གནས་ནས་བྱུང་བ་དགེ་སློང་མས་ཕྱག་མི་བྱ་བའི་སྡོམ་པ་བྱིན་པ་ལ་དགེ་སློང་མ་ཞིག་གིས་ཤེས་བཞིན་དུ་ཆོས་དང་ཟང་ཟིང་ལྷན་ཅིག་སྤྱད་པ་ལ་མའི་དགེ་འདུན་གྱིས་བཟློག་པ་ལྔས་བཟློག་ཀྱང་མ་བཏང་ན་ཕམ་པ་ཡིན་ཏེ། ལུང་ལས་ཕྱག་མི་བྱ་བའི་སྡོམ་པ་བྱིན་པ་བཟོད་པ་གསོལ་བར་ངེས་པ་ལ་དགེ་སློང་མ་ཞིག་གིས་བཟོད་པ་མ་གསོལ་ཞེས་སྨྲས་པ་མའི་དགེ་འདུན་གྱི་བཟློག་པ་ལྔས་བཟློག་ཀྱང་མ་བཏང་ན་ཕམ་པ་ཡིན་པར་དངོས་སུ་གསུངས་པ་དང་དགག་བྱ་དང་རིགས་འདྲ་བའི་ཕྱིར་ཏེ། མཚོ་ཊཱིཀ་ལས། བཟོད་པ་གསོལ་བར་ངེས་པ་དང༌། དེ་ལས་བཟློག་པ་ཉིད་དོ། །ཞེས་པ་གླེང་གཞིའི་དབང་གིས་མཚོན་པ་ཙམ་སྟེ། ཆོས་དང་ཟང་ཟིང་གིས་ལོངས་སྤྱོད་བྱེད་ན་ཡང་ངོ༌། །ཞེས་གསུངས་པའི་ཕྱིར། ཞེས་སོ། །ལྷག་མའི་ལྟུང་བ་ལ་མདོར་བསྡུས་གང་ཞེ་ན། རང་ལ་བསྐྲད་པ་ནན་ཏུར་ཚུལ་བཞིན་བྱས་པའི་དགེ་འདུན་ལ་འགྲོ་བ་བཞིས་སྐུར་བ་འདེབས་པ་བཟློག་པ་ལྔས་བཟློག་ཀྱང་མ་བཏང་ན་ལྷག་མ་འབྱུང་བར་དངོས་བཅས་ལས་བཤད་པས། བསྡིགས་པ་ནན་ཏུར་དང༌། སྨད་པ་ནན་ཏུར་དང༌། ཕྱིར་འགྱེད་ནན་ཏུར་གསུམ་ཅི་རིགས་ཚུལ་བཞིན་དུ་བྱས་པའི་དགེ་འདུན་ལ་སྐུར་བ་འདེབས་པ་བཟློག་པ་ལྔས་བཟློག་ཀྱང་མི་གཏོང་ན་ལྷག་མ་འབྱུང་བ་མདོར་བསྡུས་ཡིན་ནོ། །བལ་ནག་པོ་དཀོན་པའི་ས་ཕྱོགས་སུ་བལ་ནག་འབའ་ཞིག་གིས་སྟན་བྱས་པས་སྤང་ལྟུང་དང་མཐུན་པར། བལ་དཀར་བོ་དཀོན་པའི་ས་ཕྱོགས་སུ་དཀར་བོ་འབའ་ཞིག་གིས་སྟན་བྱེད་པའི་སྤང་ལྟུང་ལྟ་བུ་མདོར་བསྡུས་ཀྱི་སྤང་ལྟུང་དང༌། ས་རྐོ་བའི་ལྟུང་བྱེད་དངོས་སུ་བཅས་པ་ལས། བྱེ་མ་སྲོག་ཆགས་ཅན་རྐོ་བའི་ལྟུང་བྱེད་ལྟ་བུ་མདོར་བསྡུས་ཀྱི་ལྟུང་བྱེད་འབའ་ཞིག་པ་དང༌། རྩ་བར་དངོས་སུ་གསུངས་པའི་ཞོ་དང་མར་དང་ཞུན་མར་དང་འབྲུ་མར་དང་སྦྲང་རྩི་དང་བུ་རམ་གྱི་དབུ་བ་དང་ཉ་ཤ་དང་ཤ་དང་ཤ་སྐམ་རྣམས་ཀྱང་ངོ༌། །ཞེས་གསུངས་པ་ལྟར་གྱི་དགུ་སྔར་གསུངས་པའི་འོ་མ་དང་བཅུར་མ་འདུས་པའི་ཟས་བསོད་པ་རོ་བརྒྱ་བ་ལྟ་བུ་དགེ་སློང་བས་བསླང་ན་སོར་བཤགས་ཀྱི་མདོར་བསྡུས་དང༌། དགེ་ཚུལ་གྱི་གསོ་སྦྱོང་མ་བྱས་པ་ལྟ་བུ་མདོར་བསྡུས་ཀྱི་ཉེས་བྱས་ཡིན་པར་གསུངས་པ་ཡོད་དོ། །

དགུ་པ་སྔར་བཅས་རྗེས་བཅས་གང་ཡིན་བརྟག་པ།

དགུ་པ་སྔར་བཅས་རྗེས་བཅས་གང་ཡིན་བརྟག་པ་ནི།

དངོས་བཅས་དང་རང་རང་གི་མདོར་བསྡུས་གཉིས་དུས་མཉམ་དུ་བཅས་ན་སྔར་བཅས་ཡིན་ལ། དངོས་བཅས་མཛད་པ་ན་མདོར་བསྡུས་མ་བཅས་ཤིང༌། སངས་རྒྱས་མྱ་ངན་ལས་འདའ་ཁའི་ཚེ་ན་མདོར་བསྡུས་གསར་དུ་བཅས་པ་ནི་རྗེས་བཅས་ཡིན་ནོ། །དེ་གཏན་ལ་དབབ་པ་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། ཁ་ཅིག་ན་རེ་འདུལ་བ་མདོར་བསྡུས་ཐམས་ཅད་སྔར་བཅས་ཡིན་ཟེར་ན། ལུང་ཕྲན་ཚེགས་ལས། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་ཚེ་ན་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངས་འདུལ་བ་རྒྱས་པར་བསྟན་ན། མདོར་བསྡུས་ཏེ་མ་བསྟན་པས། ཞེས་གསུངས་པ་དང་འགལ་ལོ། །སྡིག་ཅན་དགོན་པ་བའི་ཕམ་པ་དེ་མདོར་བསྡུས་ཀྱི་ཕམ་པ་ཡིན་ཞེས་ཟེར་བ་དེ་ཡང་མི་འཐད་དེ། ཕམ་པ་དེ་ནི་དངོས་བཅས་ལས་འདས་པའི་ཕམ་པ་ཡིན་གྱི་མདོར་བསྡུས་ཀྱི་ཕམ་པ་མ་ཡིན་ཏེ། སྔར་བཟང་བྱིན་ལ་བརྟེན་ནས་དགེ་སློང་གིས་མི་ཚངས་པར་སྤྱོད་ན་ཕམ་པར་འགྱུར་རོ་ཞེས་མི་ཚངས་པར་སྤྱོད་པའི་མིང་གིས་གསལ་ཀ་བཏོད་དེ་བཀག་ཟིན་པའི་ཁོངས་སུ་གཏོགས་པའི་ཕྱིར་རོ། །

གཉིས་པ་རང་ལུགས་གཞག་པ།

གཉིས་པ་རང་ལུགས་གཞག་པ་ནི།

མཚོ་ཊཱིཀ་ལས། འདུལ་པ་མདོར་བསྡུས་ཐམས་ཅད་རྗེས་བཅས་ཡིན་ཏེ། དངོས་བཅས་རྣམས་མཛད་ཟིན་པའི་རྗེས་སུ་སངས་རྒྱས་མྱ་ངན་ལས་འདའ་ཁའི་ཚེ་ཞལ་ཆེམས་ཀྱི་ཚུལ་དུ་བཅས་པའི་ཕྱིར་ཏེ། སྔར་དྲངས་པའི་ལུང་དེས་གྲུབ་བོ། །ཞེས་གསུངས་སོ། ། གསུམ་པ་རྩོད་པ་སྤོང་བ་ནི། ཁ་ཅིག་ན་རེ། རྒྱུ་ཚོགས་དང་བཅས་པའི་མདོར་བསྡུས་རྗེས་བཅས་ཡིན་ཡང༌། ཡན་ལག་གི་མདོར་བསྡུས་སྔར་བཅས་ཡིན་ཏེ། དེ་ལྟར་མ་ཡིན་ན་སྐྱོན་ཡོད་དེ། དངོས་བཅས་མཛད་ནས་མདོར་བསྡུས་མ་གསུངས་པའི་བར་སྐབས་དེར་ལྟུང་བ་འདིའི་ཡན་ལག་གཞན་ཚང་གི་དབང་དུ་བྱས་ཏེ། འཆར་ཀ་ལྟ་བུ་དགེ་སློང་གཅིག་གིས་བུད་མེད་རྫུ་འཕྲུལ་གྱི་ཆོས་ཅན་དང་དབེན་པ་ན་འདུག་འགྲེང་བྱས་པ་ལ་དབེན་པ་ན་འདུག་འགྲེང་གི་ལྟུང་བྱེད་རྫོགས་པར་བསྐྱེད་དམ་མི་བསྐྱེད་བརྟག བསྐྱེད་ན་དགེ་སློང་གིས་བུད་མེད་རྫུ་འཕྲུལ་ཅན་དང་དབེན་པར་འདུག་འགྲེང་བྱས་པ་ཆོས་ཅན། དགག་བྱ་མ་རྫོགས་པ་ལ་བཅས་པ་རྫོགས་པར་ཐལ། བུད་མེད་རྫུ་འཕྲུལ་གྱི་ཆོས་ཅན་དང་དབེན་པར་འདུག་འགྲེང་བྱས་པ་ལ་ཆགས་པ་རྒྱུར་འགྱུར་གྱི་དགག་བྱ་མ་རྫོགས་ཀྱང་ལྟུང་བྱེད་རྫོགས་པར་བསྐྱེད་པའི་ཕྱིར་ཞེས་པའི་སྐྱོན་ཡོད་ལ། ལྟུང་བྱེད་མི་བསྐྱེད་ན་ཡན་ལག་ཚང་ཡང་མི་བསྐྱེད་དམ་མ་ཚང་ནས་མི་བསྐྱེད། སྔ་མ་ལྟར་ན་དབེན་པར་འདུག་འགྲེང་གི་ལྟུང་བྱེད་བསྐྱེད་པ་མི་སྲིད་པར་ཐལ། རང་གི་ཡན་ལག་མ་ཚང་ན་དབེན་པར་འདུག་འགྲེང་གི་ལྟུང་བྱེད་མི་བསྐྱེད་ཅིང་ཡན་ལག་ཚང་ཡང་དབེན་པར་འདུག་འགྲེང་གི་ལྟུང་བྱེད་མི་བསྐྱེད་པའི་ཕྱིར་ཏེ། རྟགས་ཟུར་ཕྱི་མ་ཁས་བླངས་སོ། །ཕྱི་མ་ལྟར་ན་ཡན་ལག་གང་མ་ཚང༌། ཡུལ་བུད་མེད་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་དགོས་པ་ལ་དེ་མ་ཚང་ངོ་ཞེ་ན། དབེན་པར་འདུག་འགྲེང་གི་ལྟུང་བྱེད་བསྐྱེད་པ་ལ། ཡུལ་བུད་མེད་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ཡན་ལག་ཏུ་དགོས་པར་དངོས་སུ་ནི་མ་གསུངས་ལ། དེའི་ཚེ་ན་ཁྱེད་ལྟར་ན་ཡན་ལག་མདོར་བསྡུས་སྦྱར་དུ་མེད་དེ། དེའི་ཚེ་ན་ཁྱེད་ལྟར་ན་ཡན་ལག་མདོར་བསྡུས་མ་བཅས་པའི་ཕྱིར་རོ་ཞེ་ན། དེའི་སྐྱོན་མེད་དེ། སྔར་གཞིར་བཞག་པ་དེ་ལ་དབེན་པར་འདུག་འགྲེང་གི་ལྟུང་བྱེད་འདི་གཉིས་ཀྱི་ཡན་ལག་མ་ཚང་བ་ཅུང་ཟད་ཀྱང་མེད་པས་དབེན་པར་འདུག་འགྲེང་གི་ལྟུང་བྱེད་རྫོགས་པར་བསྐྱེད་དོ་ཞེས་བརྗོད་དོ། །ཁྱེད་ཀྱི་སྔར་གྱི་ཐལ་འགྱུར་དེ་ལ་བརྟགས་ཏེ། བཅས་པ་རྣམ་འཇོག་གི་དགག་བྱ་མ་རྫོགས་པ་ལ་བཅས་པ་རྫོགས་པར་ཐལ་ཟེར་རམ། བྱ་བ་དེ་འབྲེལ་གྱི་དགག་བྱ་མ་རྫོགས་པ་ལ་བཅས་པ་རྫོགས་པར་ཐལ་ཞེས་གང་ཟེར། སྔ་མ་ལྟར་ན་སྔར་གྱི་རྟགས་དེ་ལ་ཁྱབ་པ་མེད་དོ། །ཕྱི་མ་ལྟར་ན་འདོད་པ་ཡིན་ཏེ། བྱ་བ་དེ་འབྲེལ་གྱི་དགག་བྱ་མ་རྫོགས་པ་ལ་བཅས་པ་རྫོགས་པར་སྲིད་ལ། བྱ་བ་དེ་འབྲེལ་གྱི་དགག་བྱ་གཏན་ནས་མེད་ཀྱང་བཅས་པ་རྫོགས་པར་སྲིད་དེ། དགེ་སློང་གིས་དགེ་སློང་ལ་རྩྭ་ཉག་མ་གཅིག་གིས་བརྡེག་ན་ལུས་སྲོག་ལ་གནོད་པའི་དགག་བྱ་མ་རྫོགས་ཀྱང་ལྟུང་བྱེད་རྫོགས་པར་བསྐྱེད་པ་དང༌། སྐྱོན་ནས་སྨྲ་བ་ལ་མི་དགའ་བའི་བསམ་པ་གཏན་ནས་མ་སྐྱེས་ཀྱང་ལྟུང་བྱེད་རྫོགས་པར་བསྐྱེད་པ་བཞིན་ནོ། །རྩོད་སྤོང་གི་རྣམ་གྲངས་གཞན་ཡང་དངོས་བཅས་མཛད་ནས་མདོར་བསྡུས་པ་མ་གསུངས་པའི་བར་སྐབས་དེར་བཅས་ལྡན་དགེ་སློང་གིས་ས་རྐོ་ན་ལྟུང་བྱེད་བསྐྱེད་པ་ལྟར་དགེ་སློང་གིས་དགག་བྱ་དང་ལྡན་པའི་བྱེ་མ་བརྐོས་ན་ལྟུང་བ་བསྐྱེད་པའི་བཅས་པ་ཡོད་མེད་ཅེས་འདྲི་ན་མེད་ཅེས་ལན་གདབ་ཏུ་རུང་ངོ༌། །རྩོད་པ་གཞན་ཡང་བར་སྐབས་དེར་ཕམ་པ་དང་པོ་མ་གཏོགས་པའི་ལྟུང་བ་བསྐྱེད་པ་ལ་བསླབ་པའི་ཡན་ལག་མི་དགོས་པར་ཐལ། བསླབ་པའི་ཡན་ལག་གསལ་ཀ་བཏོད་དེ་མ་གསུངས་ཤིང་ཡན་ལག་མདོར་བསྡུས་སྔར་བཅས་མ་ཡིན་པའི་ཕྱིར་ཞེ་ན་གསལ་ཀ་བཏོད་དེ་མ་གསུངས་པ་རྟགས་མ་གྲུབ་སྟེ། སོ་སོར་ཐར་པ་ལས་ཡང༌། དགེ་སློང་གང་ཞེས་དགེ་སློང་གི་ལྟུང་བ་སྡེ་ལྔ་ལ་སྤྱིར་གསུངས་པའི་ཕྱིར་རོ། །ཞུ་བ་ལས་ཀྱང་ལྟུང་བ་རྣམས་ཀྱི་སྐབས་སུ། བསླབ་པའི་ཡན་ལག་མ་ཚང་ན་རང་རང་གི་ལྟུང་བ་མི་རྫོགས་པར་དངོས་སུ་གསུངས་སོ། །མདོར་བསྡུས་གསུངས་རྗེས་སུ་ཡན་ལག་གཞན་ཚང་གི་དབང་དུ་བྱས་ན་ཡུལ་བུད་མེད་རྫུ་འཕྲུལ་གྱི་ཆོས་ཅན་དང་དབེན་པར་འདུག་ན་འདུག་པའི་ལྟུང་བྱེད་འབྱུང་བར་ཐལ།ཡན་ལག་ཚང་བའི་ཕྱིར་ཏེ། མཚོ་ཊཱིཀ་ལས། ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་ཁྲིམས་གྲོགས་མེད་པར་བུད་མེད་དང་ལྷན་ཅིག་དབེན་པར་སྐྱབས་ཡོད་པ་ན་གཉིས་ཀ་འདུག་པ་ལས་ལྟུང་བ་དངོས་གཞིའོ། །ཞེས་གསུངས་པའི་ཕྱིར་ཟེར་ན། རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་མ་ཚང་བས་ཡན་ལག་མ་ཚང་ཟེར་ན་མདོར་བསྡུས་མ་གསུངས་པའི་སྔར་ཡང་རྫུ་འཕྲུལ་གྱི་ཆོས་ཅན་དང་དབེན་པར་འདུག་པ་ལས་འདུག་པའི་ལྟུང་བྱེད་བསྐྱེད་པ་མེད་པར་ཐལ། ཡན་ལག་མ་ཚང་པའི་ཕྱིར་ཏེ། རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་མ་ཚང་བའི་ཕྱིར། ཁྱབ་པ་ཁས་ཟེར་བ་དང༌། དངོས་བཅས་ཀྱི་སྐབས་སུ་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ཡན་ལག་ཏུ་མ་གསུངས་པའི་རྒྱུ་མཚན་ལ་དཔྱད་པར་བྱའོ། །

གཉིས་པ་གཞུང་གི་དངོས་ཀྱི་དོན་བསྟན་པ་ལ་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་དང༌། ཐོབ་པ་མི་ཉམས་པར་བསྲུང་བའི་ཐབས་གཉིས་ལས། དང་པོ་ནི། ལུང་གཞི་ལས། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་ལྤགས་གཞི། །སྨན་དང་གོས་དང་སྲ་བརྐྱང་དང༌། །ཀོའུ་ཤམ་བྷི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང༌། །སྤོ་དང་གསོ་སྦྱོང་བཞག་པ་དང༌། །གནས་མལ་དང་ནི་རྩོད་པ་དང༌། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །ཞེས་པའི་རབ་བྱུང་གི་གཞི་དང་པོར་གསུངས་པ་དང༌། ཊཱི་ཀ་ལས་ཀྱང༌། བསླབ་པའི་གཞི་རྣམ་པར་བཞག་པ་མཐའ་དག་ནི་རབ་ཏུ་བྱུང་བ་རྣམས་ཁོ་ནའི་ཡིན་པར་གསུངས་ཀྱི་ཁྱིམ་པ་རྣམས་ཀྱི་མ་ཡིན་པའི་ཕྱིར་རོ། །ཞེས་སོ། །འདི་ལ་སྔོན་ཆོག་དང་ད་ཆོག་གཉིས་ལས།དང་པོ་ནི། རྩ་བར། དགེ་འདུན་ཐམས་ཅད་འདུས་པ་ན་ཆ་ལུགས་འདི་བཞིན་བྱས་རྒན་རིམ་ལ་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ཙོག་ཙོག་པུར་འདུག་ཅིང་གསོལ་བ་བཏབ་པར་གྱུར་བ་གསུམ་དང༌། གསོལ་བ་དང་བཞིའི་ལས་ཀྱིས་ཅིག་ཆར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་ཉེ་བར་བསྒྲུབས་པར་གྱུར་བ་ལྟ་བུ་ནི་སྔོན་གྱི་ཆོ་གའོ། །ཞེས་པས་བསྟན་ཏོ། །འདིའི་དོན་འཆད་པ་ལ། བསྙེན་པར་རྫོགས་པ་བཅུར་དབྱེ་བ་དང༌། སྔོན་གྱི་ཆོ་ག་བྱེ་བྲག་ཏུ་བསྟན་པ་དང་གཉིས།དང་པོ་ནི། འདུལ་བ་ཚིག་ལེའུར་བྱས་པ་ལས། འདྲེན་པ་རང་རྒྱལ་རང་བྱུང་གིའོ། །འཕགས་པ་ཀོའུ་དི་ནྱ་སོགས། །ལྔ་སྡེ་རྣམས་ནི་ངེས་པ་ལས། །གང་ཞིག་སློབ་མ་བཟང་སྡེ་རྣམས། །ཐམས་ཅད་སྐྱབས་སུ་འགྲོ་བས་ཐོབ། །ཕོ་ཉ་ཡིས་ནི་ཆོས་སྦྱིན་མ། །ཚུར་ཤོག་དགེ་སློང་ཞེས་བྱས་ཀྱང༌། །སྟོན་པར་ཁས་བླངས་པ་ལས་ནི། །དགེ་སློང་འོད་སྲུང་བདག་ཉིད་ཆེ། །དྲི་བ་མཉེས་པ་ཉིད་ཀྱིས་ནི། །སློབ་མ་ལེགས་སྦྱིན་དེ་བཞིན་ནོ། །དབུས་དང་མཐའ་འཁོབ་པ་དག་ལ། །བསྙེན་རྫོགས་ཡང་དག་བསྟན་པ་ནི། བཅུ་དང་ལྔ་ཡི་ཚོགས་ཀྱིས་སམ། །དེ་བས་ལྷག་པས་ཀྱང་ནི་རུང༌། །དེ་བཞིན་འཁོར་ཚོགས་བཅས་པ་ཡི། །གོའུ་ཏ་མ་ལྕི་ཆོས་ཀྱིས། །ཞེས་དང༌། མཛོད་འགྲེལ་ལས། སངས་རྒྱས་དང་རང་སངས་རྒྱས་རང་བྱུང་གིས་བསྙེན་པར་རྫོགས་པ་དང༌། ལྔ་སྡེ་བཟང་པོ་ཡེ་ཤེས་ཁོང་དུ་ཆུད་པས་དང༌། གྲགས་པའམ་མཆོག་ཟུང་གཅིག་ལྟ་བུ་ཚུར་ཤོག་གིས་དང༌། སྡེ་བཟང་དྲུག་ཅུའི་ཚོགས་སྐྱབས་འགྲོ་ལན་གསུམ་བཟླས་པས་དང༌། འོད་སྲུངས་ཆེན་པོ་སྟོན་པར་ཁས་བླངས་པས་དང༌། བྲམ་ཟེ་སོད་ཡ་ལེགས་སྦྱིན་དྲི་བས་མཉེས་པས་དང༌། སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་ཤཱཀྱའི་བུད་མེད་ལྔ་བརྒྱ་ལྕི་བའི་ཆོས་བརྒྱད་སྤོང་བར་ཁས་བླངས་པས་དང༌། བུ་མོ་ཆོས་སྦྱིན་མ་འཕྲིན་གྱིས་དང༌། ཡུལ་དབུས་ཀྱི་མི་རྣམས་བཅུའི་ཚོགས་ཀྱིས་དང༌། མཐའ་འཁོབ་ཀྱི་མི་རྣམས་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་པ་དང་བཅུའོ། །བཅུར་འབྱེད་ལུགས་དེ་ཁོ་ན་ལྟར་མེ་ཏོག་ཕྲེང་རྒྱུད་དང་འདུལ་བ་བསྡུས་པ་ལས་ཀྱང་བཤད་དོ། །བཅུར་འབྱེད་ལུགས་གཞན་ཡང་ལུང་གཅིག་ལས་འཕྲོས་པ་ལས་ནི་བསྙེན་པར་རྫོགས་པ་བཅུ་སྟེ་ཞེས་གསུངས་ནས་སྐྱབས་འགྲོ་ཁས་བླངས་མ་བགྲངས་པར་གསོལ་བཞིའི་སྔོན་ཆོག་བགྲངས་ཏེ་སྤྱིར་ན་བསྙེན་པར་རྫོགས་པའི་ཚུལ་བཅུ་བས་མང་བ་ཡོད་ཀྱང༌། གདུལ་བྱ་བཅུ་ཚན་ལ་དགའ་བའི་ངོར་བཅུ་ཚན་དུ་མཛད་པ་ཡིན་པར་གསུངས་སོ། །འདུལ་བ་བདུད་རྩི་ཉིང་ཁུ་ལས། སྔོན་གྱི་ཆོ་ག་དང༌། ད་ལྟར་གྱི་ཆོ་ག་ཞེས་པ་སྡོམ་པ་བསྒྲུབ་ལུགས་གཉིས་ལས། །དང་པོ་ནི། འདུལ་བ་ཚིག་ལེའུར་བྱས་པ་ལས། འདྲེན་པ་རང་རྒྱལ། ཞེས་པ་ནས། གོའུ་ཏ་མ་ལྕི་ཆོས་ཀྱིས། ཞེས་པ་ལྟར་རོ། །དེ་ལ་སྟོན་པ་སངས་རྒྱས་ནས་ལོ་དྲུག་གི་བར་དུ་སྔོན་ཆོག་ཉིད་མཛད་ལ། དྲུག་ནས་ད་ལྟར་གྱི་ཆོ་ག་གནང་ངོ༌། །ཚུར་ཤོག་ནི་མྱ་ངན་ལས་འདའ་ཁར་ཡང་མཛད་ཅིང༌། ཕྲིན་ནི་ད་ལྟར་གྱི་ཆོ་ག་ལ་ཡང་རུང༌། ཞེས་བསྙེན་རྫོགས་བཅུ་ལ་སྔོན་ཆོག་ཡོད་པར་གསུངས་སོ། །

གཉིས་པ་སྔོན་གྱི་ཆོ་ག་བྱེ་བྲག་ཏུ་བསྟན་པ་ལ་གཉིས་ལས། དང་པོ་སྔོན་ཆོག་གི་དགོས་པ།

གཉིས་པ་སྔོན་གྱི་ཆོ་ག་བྱེ་བྲག་ཏུ་བསྟན་པ་ལ་གཉིས་ལས། དང་པོ་སྔོན་ཆོག་གི་དགོས་པའི་དོན་ནི།

ཚེགས་ཆུང་ངུས་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་པའོ། ། གཉིས་པ་སྔོན་ཆོག་གཏན་ལ་དབབ་པ་ལ། སྔོན་ཆོག་ལ་སྒྲོ་འདོགས་དགག་པ་དང༌།སྔོན་ཆོག་དངོས་ཀྱི་དོན་བསྟན་པ་དང༌། རྩོད་པ་སྤོང་པ་དང་གསུམ། དང་པོ་ནི་ཁ་ཅིག་ན་རེ་སྔོན་གྱི་ཆོ་ག་ལ་བཅུ་སྟེ། སངས་རྒྱས་རང་བྱུང་རང་རྒྱལ་མཁན་སློབ་མེད། །ཡེ་ཤེས་ཁོང་ཆུད་ཚུར་ཤོག་སྐྱབས་འགྲོ་དང༌། །སྟོན་པར་ཁས་བླངས་དྲི་མཉེས་ལྕི་ཆོས་སྤོང༌། །འཕྲིན་དང་གསོལ་བཞིའི་ལས་དང་སྔོན་ཆོག་བཅུ། །དེ་ཡང་སངས་རྒྱས་རང་བྱུང་གིས་བསྙེན་པར་རྫོགས་པ་དང༌། རང་སངས་རྒྱས་མཁན་སློབ་མེད་པར་བསྙེན་པར་རྫོགས་པ་དང་ཞེས་པ་ནས། ཡུལ་གཞན་ནས་འོངས་པ་ལ་བརྟེན་ནས་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་དང་བཅུའོ་ཞེས་འཆད་དོ། །དེ་མི་འཐད་པར་ཐལ། འདུལ་བའི་ལུང་དང་བསྟན་བཅོས་རྣམས་ལས་བསྙེན་པར་རྫོགས་པ་བཅུ་ཞེས་གསུངས་ཀྱི། སྔོན་གྱི་ཆོ་ག་བཅུ་ཞེས་པ་ནི་གཞུང་གང་ལས་ཀྱང་མ་གསུངས་པས། སྔོན་ཆོག་བཅུར་འདོད་པ་ལ་སྒྲུབ་བྱེད་ཀྱི་གཞུང་གཏན་ནས་མེད་ཅིང༌། དང་པོ་གཉིས་ཐ་དད་དུ་བགྲང་བ་ནི་མི་འཐད་དེ། མཛོད་འགྲེལ་ལས། རང་བྱུང་གིས་ནི་སངས་རྒྱས་དང་རང་སངས་རྒྱས་རྣམས་སོ། །ཞེས་དང༌། མེ་ཏོག་ཕྲེང་རྒྱུད་ལས་ཀྱང༌། འདྲེན་པ་རང་རྒྱལ་རང་བྱུང་གིའོ། །ཞེས་དང༌། བསྡུས་པ་ལས་ཀྱང༌། སློབ་དཔོན་མེད་པར་ནི་དེ་བཞིན་གཤེགས་པ་རྣམས་དང་རང་སངས་རྒྱས་རྣམས་སོ། །ཞེས་སངས་རྒྱས་དང་རང་རྒྱལ་བསྙེན་པར་རྫོགས་པའི་ཚུལ་གཅིག་ཏུ་གསུངས་པ་དང་འགལ་ལོ། །ལུང་མ་མོ་ཉིད་ལས། དེ་བཞིན་གཤེགས་པ་རང་བྱུང་དང་རང་སངས་རྒྱས་ནི་སློབ་དཔོན་མེད་པར་བསྙེན་པར་རྫོགས་པ་དང༌། ཞེས་གཅིག་ཏུ་བགྲངས་ནས། ཡེ་ཤེས་ཁོང་དུ་ཆུད་པ་ལ་སོགས་པ་གཞན་དགུ་དང་བཅས་ཏེ་བསྙེན་པར་རྫོགས་པ་བཅུ་གསུངས་པའི་ཕྱིར་རོ། །ཡང་སྔོན་ཆོག་བཅུ་བཤད་པ་དེ་མི་འཐད་དེ། འདིའི་དང་པོ་གཉིས་དང་ངེས་ཞུགས་གསུམ་ལ་ཆོ་ག་མེད། འཕྲིན་ཆོག་ད་ཆོག་ཡིན། དྲི་མཉེས་སོགས་སྡོམ་པ་འབོག་པའི་ཆོ་ག་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སྔོན་ཆོག་དང་ད་ཆོག་གི་ཆོ་ག་ལ་གསོལ་བཞིའི་ལས་ཀྱི་ཆོ་ག་དགོས་པའི་ཕྱིར་ཏེ། རྩ་བ་ལས། ཆོ་ག་ལས་འདས་ན་ལས་མི་ཆགས་སོ། །འདིར་ཆོ་ག་ནི་དགེ་འདུན་ཚང་བ་དང་ལས་བརྗོད་པ་དང༌། ལས་བྱེད་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཁྱད་པར་དུ་ཡང་འཕྲིན་སྔོན་གྱི་ཆོ་གར་འདོད་པ་འདི་ལ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་གསུམ་སྟེ། གནོད་བྱེད་དང་པོ་ནི། འཕྲིན་གྱིས་རབ་བྱུང་དང་བསྙེན་རྫོགས་བྱེད་པའི་ཆོ་ག་ཆོས་ཅན། གང་ཟག་གཅིག་གིས་རབ་བྱུང་དང་བསྙེན་རྫོགས་རིམ་གྱིས་ཐོབ་བྱེད་མ་ཡིན་པར་ཐལ། སྔོན་གྱི་ཆོ་ག་ཡིན་པའི་ཕྱིར་རོ། །རྟགས་ཁས་བླངས་སོ། །ཁྱབ་པ་ནི་གཞུང་གིས་གྲུབ་སྟེ། སྔོན་ཆོག་གི་སྐབས་ཀྱི་རང་གི་རྣམ་བཤད་ལས། རབ་ཏུ་བྱུང་བ་ཉིད་དང་བསྙེན་པར་རྫོགས་པ་དུས་མཉམ་དུ་ཡིན་གྱི་རིམ་གྱིས་ནི་མ་ཡིན་ནོ། །ཞེས་པ་དང༌། སྔོན་ཆོག་གི་སྐབས་ཀྱི་ཊཱི་ཀ་ལས་ཀྱང༌། དུས་གཅིག་ཁོ་ནར་དེ་གཉིས་ཀ་ཉེ་བར་བསྒྲུབ་པར་གྱུར་པ་སྟེ། རིམ་གྱིས་ནི་མ་ཡིན་ནོ། །ཞེས་གསུངས་སོ། །འདོད་ན། ལུང་ཕྲན་ཚེགས་ལས། བུ་མོ་ཆོས་སྦྱིན་མ་ལ་དགེ་སློང་མའི་དགེ་འདུན་དང་ངའི་བཀས་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མ་འཕྲིན་པར་བཏང་སྟེ་སྐྱབས་སུ་འགྲོ་བ་གསུམ་ནས་རིམ་པ་བཞིན་དུ་རབ་ཏུ་བྱུང་ལ་བསླབ་པའི་གཞི་བཅུ་ཡང་བྱིན་ནས། ལོ་གཉིས་ཀྱི་བར་དུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་ཡང་བྱིན་ནོ། །ཞེས་པ་ནས། ཆོས་སྦྱིན་མ་ནི་ལོ་གཉིས་ཀྱི་བར་དུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པ་བསླབས་ཟིན་གྱིས། དེ་ཡང་ཨུཏྤ་ལའི་ཁ་དོག་མ་འཕྲིན་པར་ཐོང་ལ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་བྱིན་ཅིག དགེ་འདུན་སྡེ་གཉིས་ཀྱིས་ཨུཏྤ་ལའི་ཁ་དོག་མ་འཕྲིན་པར་ཐོང་སྟེ་ཆོས་སྦྱིན་མ་བསྙེན་པར་རྫོགས་པར་གྱིས་ཤིག ཅེས་བསླབ་པ་རྣམས་རིམ་གྱིས་བྱིན་པར་གསུངས་པ་དང་འགལ་ལོ། །གནོད་བྱེད་གཉིས་པ་ནི། འཕྲིན་གྱིས་རབ་བྱུང་དང་བསྙེན་རྫོགས་བྱེད་པའི་ཆོ་ག་ཆོས་ཅན། མཁན་པོ་དང་བཅས་པ་མ་ཡིན་པར་ཐལ། སྔོན་གྱི་ཆོ་ག་ཡིན་པའི་ཕྱིར་རོ། །རྟགས་ཁས་བླངས། ཁྱབ་པ་ནི་གཞུང་གིས་གྲུབ་སྟེ། ལུང་གཞི་ལས། སྔོན་གྱི་ཆོ་གས་དེ་ལྟར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དག་མཁན་པོ་མེད་པ་དང་སློབ་དཔོན་མེད་པས། ཞེས་དང༌། ཊཱི་ཀ་ལས་ཀྱང༌། མཁན་པོ་དང་སློབ་དཔོན་གྱིས་གནང་བ་ལས་སྔར་བཤད་པས་ན་དེའི་ཕྱིར་སྔོན་གྱི་ཆོ་ག་ཞེས་བྱ་སྟེ། དེ་གཉིས་མེད་པར་ཡང་སྔོན་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་ཆོ་ག་བྱུང༌། ཞེས་སོ། །འདོད་ན། ཊཱི་ཀ་ལས། མཁན་པོ་ལ་སོགས་པས། སྐལ་བ་དང་ལྡན་པའི་རང་བཞིན་ཅན་གྱི་རབ་ཏུ་བྱུང་བ་དེ་ལ་བྱ་བ་གང་ཡིན་པ་དེ་དག་མངགས་པ་དེས་རྗེས་སུ་བསྒྲུབ་པར་བྱ། ཞེས་དང༌། འགྲེལ་ཆུང་ལས་ཀྱང༌། མཁན་མོ་ལས་ལུང་མནོས་ཏེ་ཕོ་ཉས་ཁྲིམས་དབོག ཅེས་གསུངས་པ་དང་འགལ་ལོ། །གནོད་བྱེད་གསུམ་པ་ནི། འཕྲིན་གྱིས་ཚུལ་ཁྲིམས་འབོགས་པའི་ཆོ་ག་ཆོས་ཅན། དེང་སང་བྱར་རུང་མ་ཡིན་པར་ཐལ། སྔོན་གྱི་ཆོ་ག་ཡིན་པའི་ཕྱིར་རོ། །རྟགས་ཁས་བླངས། ཁྱབ་པ་མེད་ན་སྔོན་གྱི་ཆོ་ག་ཡིན་པ་དང་འགལ་ལོ། །འདོད་ན། མདོ་རྩ་བ་ལས། སྐལ་བ་དང་ལྡན་པའི་རང་བཞིན་ཅན་ལ་མངགས་པ་དང་འདྲ་བས་རབ་ཏུ་འབྱིན་དུ་གཞུག་པ་ནི་ཆོ་ག་མ་ཡིན་པ་མ་ཡིན་ནོ། །ཞེས་པ་དང༌། དེའི་འགྲེལ་ཆུང་ལས་ཀྱང༌། དེ་བཞིན་དུ་ཡོན་ཏན་ཡོད་ན་དེང་སང་ཡང་ཕོ་ཉས་ཁྲིམས་དབོག་ཏུ་རུང་ངོ༌། ཞེས་པ་དང༌། ཉན་ཐོས་ཀྱི་མདོ་སྡེ་ལས་ཀྱང༌། བཀའ་སྩལ་པ། ཆོས་སྦྱིན་མ་འཕྲིན་གྱིས་བསྙེན་པར་རྫོགས་པར་གནང་གིས། ཕྱིན་ཆད་གཞན་ཡང་འདི་འདྲ་བ་བྱུང་ན་དེ་ཡང་འཕྲིན་གྱིས་བསྙེན་པར་རྫོགས་པར་གྱིས་ཤིག ཅེས་གསུངས་པ་དང་འགལ་ལོ། ། སྔོན་ཆོག་ཡིན་ན་དེང་སང་བྱ་མི་རུང་བས་ཁྱབ་སྟེ། མཚོ་ཊཱིཀ་ལས། དེང་སང་བྱར་རུང་མ་ཡིན་པར་ཐལ། སྔོན་གྱི་ཆོ་ག་ཡིན་པའི་ཕྱིར་རོ། །རྟགས་ཁས་བླངས། ཁྱབ་པ་མེད་ན་སྔོན་གྱི་ཆོ་ག་ཡིན་པ་དང་འགལ་ལོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཚོ་ཊཱིཀ་ལས། སྔོན་ཆོག་འགའ་ཞིག་ནི་ད་ལྟར་གྱི་ཆོ་ག་གནང་བའི་ཕྱི་ནས་མཛད་པའང་ཡོད་དེ། སངས་རྒྱས་མྱ་ངན་ལས་འདའ་ཁའི་ཚེ་རབ་བཟང་ཚུར་ཤོག་གིས་བསྙེན་པར་རྫོགས་པར་མཛད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །རྟགས་གསུམ་པ་གྲུབ་སྟེ། སྐབས་འདིའི་ཆོ་ག་ལ་གསོལ་བཞིའི་ལས་ཀྱི་ཆོ་ག་དགོས་པའི་ཕྱིར་ཏེ། རྩ་བ་ལས། གསོལ་བ་དང་གཞིའི་ལས་ཀྱིས་ཅིག་ཆར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་ཉེ་བར་བསྒྲུབས། ཞེས་དང༌། ཆོ་ག་ལས་འདས་ན་ལས་མི་ཆགས་སོ། །འདིར་ཆོ་ག་ནི་དགེ་འདུན་ཚང་བ་དང་ལས་བརྗོད་པ་དང༌།ལས་བྱེད་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཊཱི་ཀ་ལས། སྔོན་གྱི་ཆོ་ག་ནི་རྣམ་པ་འདི་ལྟ་བུ་རིག་པར་བྱ་ཡི་རྣམ་པ་གཞན་ནི་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སྤྱིར་ཆོ་ག་ཞེས་པའི་མིང་བཏགས་པ་ལ་གཉིས་ཡོད་དེ། རིགས་པ་རྗེས་སུ་སྒྲུབ་པ་དང༌། ལས་ཀྱི་ཆོ་ག་དང་སྔགས་ཚིག་ལ་ཆོ་ག་ཞེས་བརྗོད་པ་ཡོད་དེ། ལུང་རྣམ་འབྱེད་ལས། ཆོ་ག་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་མཐུན་པའི་ཆོས་ཡིན་ནོ། །ཞེས་དང༌། དེའི་འགྲེལ་བ་ལས། ཆོ་ག་ཞེས་བྱ་བ་ནི་རིགས་པ་རྗེས་སུ་སྒྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ། །ཞེས་གསུངས་པ་དང༌། རྩ་བར། འདིར་ཆོ་ག་ནི་དགེ་འདུན་ཚང་བ་དང་ལས་བརྗོད་པ་དང་ལས་བྱེད་པ་ཉིད་དོ། །ཞེས་དང༌། ཊཱི་ཀ་ལས། སྔོན་གྱི་ཆོ་གའི་རྣམ་པ་ནི་དེ་ལྟ་བུར་རིག་པར་བྱའི་རྣམ་པ་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཞེས་གསུངས་སོ། །སྐྱབས་འགྲོའི་བསྙེན་རྫོགས་ཀྱི་ཐབས་སུ་གྱུར་པའི་སྐྱབས་འགྲོ་སྔོན་ཆོག་མི་རུང་སྟེ། གསོལ་བཞིའི་ཆོ་ག་མ་ཡིན་པའི་ཕྱིར། ཁྱབ་པ་བསྒྲུབས་ཟིན།ཚུར་ཤོག་དང་ལྕི་ཆོས་ཁས་བླངས་ཀྱི་བསྙེན་རྫོགས་ལ་སྔོན་ཆོག་མི་རུང་སྟེ། ད་ཆོག་གི་བཅས་པ་མཛད་རྗེས་སུ་བྱུང་བ་ཡོད་པའི་ཕྱིར་ཏེ། སྟོན་པ་མྱ་ངན་ལས་འདའ་ཁར་ཀུན་ཏུ་རྒྱུ་རབ་བཟང་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་པ་གང་ཞིག སྐྱེ་དགུའི་བདག་མོས་ལྕི་ཆོས་བརྒྱད་ཁས་བླངས་ནས་བསྙེན་པར་རྫོགས་པའི་སྔ་རོལ་ནས་ཀུན་དགའ་བོ་ད་ཆོག་གི་སྒོ་ནས་བསྙེན་པར་རྫོགས་ཟིན་ལ་སྐྱེ་དགུའི་བདག་མོའི་ཞུ་བ་བྱེད་མཁན་ཀུན་དགའ་བོ་ཡིན་པར་གླེང་གཞིར་བཤད་པའི་ཕྱིར། ལྔ་ཚོགས་བཅུ་ཚོགས་ཀྱི་ཆོ་ག་ལ་སྔོན་ཆོག་མི་རུང་བར་ཐལ། སྔོན་ཆོག་མཚམས་ནང་དེར་ཡོད་པའི་དགེ་འདུན་ཐམས་ཅད་འདུ་དགོས་པའི་ཕྱིར་ཏེ། རྩ་བར། དགེ་འདུན་ཐམས་ཅད་འདུས་པ་ན། ཞེས་གསུངས་པའི་ཕྱིར་རོ། །སྔོན་ཆོག་ལ་གསོལ་བཞིའི་ལས་ཀྱི་ཆོ་ག་མི་དགོས་ན་སྔོན་ཆོག་དེ་བཅས་པ་ལ་མི་ལྟོས་པ་སོགས་རིགས་པས་གནོད་བྱེད་མང་ངོ༌། །ལུང་རིགས་དེ་དག་གིས་གངས་ཅན་གྱི་འདུལ་འཛིན་ཆེན་པོ་མཚོ་སྣ་བས། སྔོན་ཆོག་གི་དབྱེ་བ་ནི་བརྒྱད་དེ། ཞེས་སྔོན་ཆོག་བརྒྱད་བཞག་པའི་ཚིག་ཟིན་མི་འཐད་པར་སྣང་སྟེ། དེ་ལྟར་ན་བསམ་གཏན་གྱི་སྡོམ་པ་སོགས་སྡོམ་པ་ཡིན་ན་ཆོ་ག་ལ་བརྟེན་ནས་འཐོབ་པས་ཁྱབ་པར་འགྱུར་རོ། །འོན་ཀྱང་མཚོ་ཊཱིཀ་ལས་ད་ཆོག་གི་སྔོན་དུ་བྱུང་བའི་རིགས་པ་རྗེས་སུ་སྒྲུབ་པའི་བསྙེན་རྫོགས་ཀྱི་ཐབས་ལ་སྔོན་ཆོག་ཞེས་བཏགས་ནས་བཤད་ལ། མདོ་རྩ་འགྲེལ་དུ་སངས་རྒྱས་ཀྱི་བཅས་པའི་དབང་གིས་སྔོན་ཆོག་ལ་ད་ལྟའི་ཆོ་ག་མ་བྱུང་གོང་གི་གསོལ་བཞིའི་ཆོ་ག་ལ་བཤད་པས་ཐ་སྙད་མི་འདྲ་བའི་དབང་གིས་ཁྱབ་ཆེ་ཆུང་ཡོད་ཀྱང་དོན་ལ་ཁྱད་ཆེར་མི་སྣང་ངོ༌། །རང་བྱུང་བསྙེན་རྫོགས་ཀྱི་ཐབས་དེ་ཆོ་ག་ཡིན་པར་ཐལ། ལུང་རྣམ་འབྱེད་ལས། ཆོ་ག་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ། །ཞེས་དང༌། དེའི་འགྲེལ་བར། ཆོ་ག་ཞེས་བྱ་བ་ནི་རིགས་པ་སྒྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། དེ་ནི་ལྟ་བ་དང་འཚོ་བ་དང་ཆོ་ག་ཞེས་པའི་ཆོ་ག་ཡིན་ལ། སྐབས་འདིའི་ཆོ་ག་ལ་ལས་བརྗོད་པ་སོགས་དགོས་པ་གོང་དུ་བཤད་ཟིན་ཏོ། །

གཉིས་པ་སྔོན་ཆོག་དངོས་ཀྱི་དོན་བསྟན་པ།

གཉིས་པ་སྔོན་ཆོག་དངོས་ཀྱི་དོན་བསྟན་པ་ལས།

སྔོན་ཆོག་གི་དགོས་པའི་དོན་ནི།ཚེགས་ཆུང་ངུས་རབ་བྱུང་དང་བསྙེན་རྫོགས་ཐོབ་པའོ། །སྔོན་ཆོག་གི་མཚན་ཉིད་ནི། མཁན་སློབ་མེད་པར་ཡུལ་གང་ཟག་གཅིག་གི་རྒྱུད་ལ་དགེ་འདུན་གྱི་མདུན་ནས་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་ཐོབ་བྱེད་ཀྱི་ཐབས་ཁྱད་པར་ཅན་གྱི་བདག་ཉིད་དུ་གཏོགས་པའི་གསོལ་བཞིའི་ལས་ཀྱི་ཆོ་གའོ། །སྔོན་ཆོག་གི་སྒྲ་བཤད་ནི། ཊཱི་ཀ་ལས། སྔོན་གྱི་ཆོ་ག་ཞེས་བྱ་བ་ནི་ད་ལྟར་གྱི་ཆོ་ག་བས་སྔར་གྱི་ཆོ་ག་རིགས་པ་རྣམ་པ་གཞན་དེ་ལྟ་བུ་བྱུང་ངོ༌། །ཞེས་པ་ལྟར་རོ། །དུས་ནམ་གྱི་ཚེ་གནང་བ་ནི། བཅོམ་ལྡན་འདས་སངས་རྒྱས་ནས་ལོ་དྲུག་ཡན་ཆད་དུ་ནི་རབ་ཏུ་བྱུང་བ་ཕལ་ཆེར་ལ་སྔོན་གྱི་ཆོ་ག་མཛད་ལ། ལོ་དྲུག་ནས་ད་ལྟར་གྱི་ཆོ་ག་གནང་ངོ༌། །སྟོན་པ་སངས་རྒྱས་ནས་རིང་པོར་མ་ལོན་པ་ན་དགེ་སློང་ཞིག་གི་དྲུང་དུ་བསྙེན་རྫོགས་འོང་པ་ལ་བཅོམ་ལྡན་འདས་ཀྱི་དྲུང་དུ་བཏང་ནས་ལམ་བར་ནས་ཤི་བ་གསན་པས་ངའི་ཉན་ཐོས་ཐག་རིང་པོ་ནས་འོང་བ་སྡུག་བསྔལ་བར་གཟིགས་ནས་དེང་ཕྱིན་ཆད་དགེ་འདུན་འདུས་པས་རབ་བྱུང་བསྙེན་རྫོགས་བྱའོ་ཞེས་གསུངས་ནས་སྔོན་ཆོག་གི་བཅས་པ་མཛད་པའོ། །བཅོམ་ལྡན་འདས་སངས་རྒྱས་ནས་ལོ་དྲུག་ལོན་པ་ན་ད་ལྟར་གྱི་ཆོ་ག་བྱུང་སྟེ། ལུང་རྣམ་འབྱེད་འཁྲུར་འཇུག་གི་སྐབས་ལས། ཤཱ་རིའི་བུས་མཁན་པོ་བྱས་ཏེ་འཆར་ཀ་ད་ལྟར་གྱི་ཆོ་གས་བསྙེན་པར་རྫོགས་ནས་དེས་ཕོ་ཉ་བྱས་ནས་བཅོམ་ལྡན་འདས་སེར་སྐྱའི་གནས་སུ་བྱོན། ཞེས་དང༌། ལུང་རྣམ་འབྱེད་ལས། བཅོམ་ལྡན་འདས་མངོན་པར་བྱུང་ནས་ལོ་བཅུ་གཉིས་ལོན་ཞིང་སངས་རྒྱས་ནས་ལོ་དྲུག་ལོན་ནས་སེར་སྐྱའི་གནས་སུ་བྱོན་ཏེ་འཆར་ཀས་ཁྲིའུ་ལ་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་ཕབ་སྟེ་འདུག་པ་དང༌། ཞེས་གསུངས་པའི་ཕྱིར་རོ། །དེ་ལ་བཅོམ་ལྡན་འདས་སངས་རྒྱས་ནས་ལོ་དྲུག་ལོན་པའི་ཚེ་ན་ཆོས་ཅན། ཕམ་པའི་ལྟུང་བར་འགྱུར་བའི་ཆོས་བཞི་བརྗོད་པ་ཡོད་པར་ཐལ། ད་ལྟར་གྱི་ཆོ་ག་ཡོད་པའི་ཕྱིར། མ་ཁྱབ་སྟེ། དེ་བཞི་བརྗོད་པ་མེད་ཀྱང་ད་ལྟར་གྱི་ཆོ་ག་ཡོད་པའི་ཕྱིར། ཟུར་དང་པོ་གྲུབ་སྟེ། ལུང་རྣམ་འབྱེད་ལས། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལོ་བཅུ་གཉིས་སུ་སྐྱོན་མེད་ཅིང༌། ལོ་བཅུ་གསུམ་ལ་བབ་པ་ན་མི་ཚངས་པར་སྤྱོད་པའི་ཕམ་པར་བཅས་སོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། མཚོ་ཊཱིཀ་ལས། དེས་ན་ཕམ་པ་བཅས་པའི་སྔ་རོལ་ན་ད་ལྟར་གྱི་ཆོ་ག་ལ་ཕམ་པ་བཞི་བརྗོད་པ་མེད་པ་ལས། ཕྱིས་ཕམ་པ་བཞི་བཅས་ནས་ད་ལྟར་གྱི་ཆོ་ག་ལ་ཕམ་པ་བཞི་བརྗོད་དགོས་པར་གསུངས་པའོ། །ཞེས་གསུངས་པའི་ཕྱིར་རོ། །གང་ལ་ནོད་པ་ཡུལ་གྱི་ཁྱད་པར་ནི། དགེ༷་འདུ༷ན་ཏེ་དགེ་སློང་བཞི་དགོས་ལ་རང་བཞིན་གྱི་མཚམས་དེའི་ནང་ན་གནས་པ་ཐ༷མས་ཅ༷ད་འདུ༷ས་པ༷་དགོས་ཏེ། ཊཱི་ཀ་ལས། མཚམས་ནང་དེ་ན་དགེ་སློང་ཇི་སྙེད་གནས་པ་དེ་དག་ཐམས་ཅད་ལས་ཀྱི་གནས་དེར་ལྷགས་པ་ཡིན། ཞེས་གསུངས་སོ། །དགོས་པ་ནི་ཁྲེལ་ཡོད་སྐྱེ་ཞིང་ལས་ཆགས་པའོ། ། སྡོམ་པ་ལེན་པ་པོ་དེས་ཉན་ཐོས་དགེ་སློང་གི་ཆ༷་ལུ༷གས་འདི༷་བཞི༷ན་དུ་བྱ༷ས་པའོ། །དགོས་པ་ནི་ཁྲེལ་ཡོད་སྐྱེ་ཞིང་དགེ་སློང་གི་སྡོམ་པའི་རྟེན་དུ་རུང་བའོ། །བསྙེན་རྫོགས་བྱེད་པའི་ཚེ་ན་ཆོས་གོས་དང་ལྷུང་བཟེད་ལ་བྱིན་གྱིས་བརླབ་པ་ཡོད་པ་དང་མེད་པ་སྟེ། སྔོན་གྱི་ཆོ་ག་ལ་མེད་ཅིང༌།ད་ལྟར་བསྙེན་རྫོགས་བྱེད་པ་ལ་ཡོད་པའོ། །སྐབས་འདིར་མཚོ་ཊཱིཀ་ཏུ། ལུང་གཞི་ལས། སངས་རྒྱས་ཀྱི་ལྷུང་བཟེད་ནི་རྡོའི་ལྷུང་བཟེད་ཡིན་པར་གསུངས་ལ། ཉན་ཐོས་རྣམས་ལ་ནི་ལྔ་ཚན་༼ལུང་ལྔ་ཚན་པ་ལས་ལྷུང་བཟེད་ལྔ་ནི་བཅང་བར་མ་བྱེད་ཅིག ལྔ་གང་ཞེ་ན་རྡོའི་ལྷུང་བཟེད་དང་ཞེས་གསུངས་ཤིང་མ་མོ་ལས་ལྷུང་བཟེད་རྣམ་པ་བརྒྱད་ནི་མི་གནང་བ་སྟེ། རྡོ་ལས་བྱས་པ་དང་ཞེས་པ་ལ་སོགས་པ་གསུངས་སོ། །འོ་ན་བསྡུས་པ་ལས་ལྷུང་བཟེད་རྡོ་ལས་བྱས་པ་ནི་ས་ལས་བྱས་པའི་ནང་དུ་འདུའོ། །གཞན་དུ་ན་ཅིའི་ཕྱིར་བཅོམ་ལྡན་འདས་མི་རུང་བ་འཆང་ཞེས་པ་དང་འགལ་སྙམ་ན་སྔར་གྱི་ལུང་དེ་གཉིས་དང་འགལ་བས་ན་མི་རིགས་སོ།།༽པ་དང་མ་མོ་ལས་རྡོའི་ལྷུང་བཟེད་མི་རུང་བར་གསུངས་པའི་ཕྱིར་དང༌། འོད་ལྡན་ལས། སངས་རྒྱས་ནི་མེ་ཏོག་ཤེ་པ་ལི་ཀས་ཁ་བསྒྱུར་བའི་ཆོས་གོས་གསོལ་ཡང༌། ཉན་ཐོས་རྣམས་ལ་དེ་མི་རུང་བར་གསུངས་པའི་ཕྱིར་རོ། །ཞེས་མཚོ་ཊཱིཀ་སྐབས་དུ་མར་དེ་ལྟར་གསུངས་པ་ལྟར་ན་བསྡུ་བའི་ལུང་དོན་གང་ཡིན་དང་རྡོའི་ལྷུང་བཟེད་འཆང་ན་དགག་བྱ་གང་ཡོད་དཔྱད། གུས་པས་འཇུག་པའི་ཁྱད་པར་ནི། །དགེ་འདུན་སྤྱི་ལ་དམིགས་ནས་བསླབ་པ་རྒ༷ན་རི༷མ་ལ༷་ངོས་གཏད་དེ་ཡན་ལག་ལྔས་ཕྱ༷ག་འཚ༷ལ་བའོ། །སྔོན་ཆོག་ལ་ཕྱག་ཚན་གཅིག་ལས་མེད་ལ། ད་ལྟའི་ཆོ་ག་ལ་བསྙེན་རྫོགས་བྱེད་པའི་ཚེ་ན་ཕྱག་ཚན་བཅུ་གཅིག་ཡོད་དེ། སངས་རྒྱས་དགེ་འདུན་མཁན་པོར་གསོལ། །གོས་ཀྱི་གཉིས་དང་ལྷུང་བཟེད་དང༌། །གསང་སྟེ་སྟོན་དང་འཇུག་ཡོན་དང༌། །སངས་རྒྱས་དགེ་འདུན་ལས་བྱེད་པའོ། །ཞེས་གཟུང་ངོ༌། །༡ཐོག་མར་སངས་རྒྱས་ལ་ཕྱག་ཚན་གཅིག ༢ དེ་ནས་དགེ་འདུན། ༣ དེ་ནས་མཁན་པོར་གསོལ་བ་དང༌། གོས་ཀྱི་ཕྱག་ཚན་ལ་༤གོས་བྱིན་རླབས་པ། ༥ སྣམ་སྦྱར་གྱོན་པ། ༦ ལྷུང་བཟེད་བྱིན་རླབས་པ། ༧ གསང་སྟེ་སྟོན་པ་ལ་གསོལ་བ་བཏབ་པ། ༨ ནང་དུ་འཇུག་ཡོན། ༩ དངོས་གཞི་རྫོགས་པའི་ཆེད་དུ་སངས་རྒྱས་ལ། ༡༠ དགེ་འདུན་ལ། ༡༡ ལས་བྱེད་པ་པོ་ལ་བར་ཆད་དྲི་བ་སོགས་ཀྱི་ཕྱག་ཚན་གཅིག་སྟེ་བཅུ་གཅིག་གོ། །འདིར་ལུང་ལས་ནི་ཕྱག་ཚན་དགུ་ལས་དངོས་སུ་མ་གསུངས་ཀྱང༌། ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་རློབ་པ་ལ་ཕྱག་མཚན་གཉིས་ནི་སློབ་དཔོན་གྱིས་རུང་མཐུན་སྦྱར་བའོ། །ཀརྨ་ཤཱ་ཏམ་ལས། ཆོས་ལ་ཡང་ངོ༌། །ཞེས་ཆོས་ལ་ཕྱག་ཚན་གཅིག་གསུངས་ཀྱང་ལུང་ན་མེད་པར་གསུངས་སོ། །མཚོ་ཊཱིཀ་ལས་བསྙེན་རྫོགས་གསོལ་འདེབས་རྗེས་བཟློས་ཀྱི་ཕྱག་མ་བགྲང་བ་རང་གི་བྱེད་ནུས་ན་མི་དགོས་པའི་རྒྱུ་མཚན་གྱིས་ཡིན་ལ། བཅུ་གསུམ་བྱེད་ཚུལ་ད་ལྟའི་ཕྱག་ལེན་ལ་ཆོས་ལ་མེད་པས་བསྙེན་རྫོགས་གསོལ་འདེབས་རྗེས་བཟློས་ཀྱི་ཕྱག་དང་ནང་དུ་བར་ཆད་དྲི་བའི་ཕྱག་སོ་སོར་བྱས་ནས་མཇུག་ཡོན་གྱི་ཕྱག་དང་བཅུ་གསུམ་བྱེད་པ་ཡོད་དོ། །སྤྱོད་ལམ་གྱི་ཁྱད་པར་ནི། ཐལ་མོ་སྦྱར་བ་སྔོན་ཆོག་ཡུན་ཐུང་བ་དང་ད་ལྟར་ཡུན་རིང་བ་དང་ཕ་གུ་རྩྭབཏིང་བ་ལ་རྟིང་པ་གཟར་མི་དགོས་པ་དང་དགོས་པའོ། །གཞི་འགྲེལ་ལས། ཐ༷ལ་མོ༷་ལྗབ་ལྗབ་པོར་སྦྱར་ཏེ། ཞེས་སོ། །ཐལ་མོ་ཁོང་སྟོང་དུ་སྦྱ༷ར་བ་ནི་ཆོས་འདི་པའི་ལུགས་དང༌། ཐལ་མོ་ཅར་ལེབ་ཏུ་སྦྱར་བ་ནི་མུ་སྟེགས་པའི་ལུགས་ཡིན་ནོ་ཞེས་པུ་ཎྱ་ཤྲཱིས་གསུངས་སོ། །ཙོག་པུར་འདུག་པ་ནི་གཞི་འགྲེལ་ལས། སྟན་ལ་མི་བཞག་པར་པུས་མོ་གཉིས་གྱེན་དུ་ཙོ༷ག་ཙོ༷ག་པུ༷ར་འདུ༷ག་ཏུ་བཅུག་སྟེའོ། །ཞེས་སོ། །ཊཱི་ཀ་ལས་ཀྱང༌། དེ་ལྟར་སྟན་ལ་མི་འདུག་གོ། །ཞེས་སོ། །གསོ༷ལ་བ༷་བཏ༷བ་པ༷་ནི་སྡོམ་པ་ནོད་པའི་ཕྱིར་ཞུ་འབུལ་གྱི་སྔགས་ལ༷ན་གསུ༷མ་བརྗོད་པའོ། །དགོས་པ་ནི་བསྙེན་རྫོགས་ཀྱི་སྡོམ་པ་སྟེར་བར་འགྱུར་བའོ། །ཁྱད་པར་ནི་སྔོན་གྱི་ཆོ་ག་ལ་རང་ཉིད་ཀྱིས་གསོལ་བ་འདེབས་ལ། ད་ལྟར་གྱི་ཆོ་ག་ལ་མཁན་པོས་ངོ་ཆེན་བྱས། ལས་ཀྱི་སློབ་དཔོན་གྱིས་བརྡ་སྦྱར་ནས་གསོལ་བ་འདེབས་དགོས་པའོ། །ཇི་ལྟར་ནོད་པ་ཆོ་ག་ནི་གསོལ་བ་དང་བཞིའི་ལས་སོ། །དགོས་པ་ནི་དངོས་སུ་སྡོམ་པ་སྐྱེ་བའོ། །ཁྱད་པར་ནི་མཐུན་རྐྱེན་ཚང་བ་དང་འགལ་རྐྱེན་བྲལ་བ་བརྗོད་མི་དགོས་པ་དང་དགོས་པའོ། །ཡོངས་སུ་རྫོགས་པ་འབྲས་བུའི་ཁྱད་པར་ནི་གསོལ་བཞིའི་ལས་ཀྱི་ཆོ་ག་གཅིག་ལ་བརྟེན་ནས་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་ཐོབ་པའོ། །དགོས་པ་ནི་ཚེགས་ཆུང་ངུས་སྡོམ་པ་ཐོབ་པའོ། །ཁྱད་པར་ནི་ཆོ་ག་གཅིག་གིས་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་སྐྱེ་བ་དང་མི་སྐྱེ་བའོ། །རབ་ཏུ་བྱུང་བ་བར་མའི་དགེ་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་དུས་ཅིག་ཅར་ཁད་ཉེ་བར་བསྒྲུབ་པར་གྱུར་ཅེས་མཚོ་ཊཱིཀ་དང་ཟླ་ཟེར་གཉིས་ཀ་ལས་གསུངས་སོ། །རྩ་བར། གསོལ་བ་དང་གཞིའི་ལས་ཀྱིས་ཅིག་ཆར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་ཉེ་བར་སྒྲུབ་པར་གྱུར་བ་ལྟ་བུ་ནི་སྔོན་གྱི་ཆོ་གའོ། །ཞེས་གསུངས་སོ། །

གསུམ་པ་རྩོད་པ་སྤོང་པ།

གསུམ་པ་རྩོད་པ་སྤོང་པ་ལ།

ཁ་ཅིག་བར་མ་རབ་བྱུང་གི་སྡོམ་པ་མ་ཞུས་པར་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་པ་དེའི་རྒྱུད་ཀྱི་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་བྱེད་ཀྱི་ཆོ་ག་དེ་ཆོས་ཅན།སྔོན་ཆོག་ཡིན་པར་ཐལ། ཡུལ་གང་ཟག་གཅིག་གི་རྒྱུད་ལ་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་ཐོབ་བྱེད་ཀྱི་ཐབས་ཁྱད་པར་ཅན་གྱི་བདག་ཉིད་དུ་གཏོགས་པ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། མཚོ་ཊཱིཀ་ལས། མཚན་ཉིད་ནི། ཡུལ་གང་ཟག་གཅིག་གི་རྒྱུད་ལ་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་ཐོབ་བྱེད་ཀྱི་ཐབས་ཁྱད་པར་ཅན་གྱི་བདག་ཉིད་དུ་གཏོགས་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་པ་འདྲའོ། །གོང་གི་རྟགས་གྲུབ་སྟེ། དེ་འདྲའི་དགེ་སློང་གི་སྡོམ་པ་དེ་རབ་བྱུང་གི་སྡོམ་པ་གང་ཞིག གང་ཟག་དེ་ལ་བསྙེན་རྫོགས་ཀྱི་སྡོམ་པ་ལས་གཞན་རབ་བྱུང་གི་སྡོམ་པ་ཟུར་བ་མེད་པས་དུས་གཅིག་ཏུ་ཐོབ་པ་ལས་འོས་མེད་པའི་ཕྱིར་ཞེ་ན། སྔོན་ཆོག་གི་སྐབས་སུ་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་ཐོབ་བྱེད་ཅེས་པ་བར་མ་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་ཐོབ་བྱེད་ལ་བྱ་བར་མཚོ་ཊཱིཀ་དང་ཟླ་ཟེར་དུ་གསུངས་སོ། །དེ་ཡང་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་བྱེད་པ་ཙམ་གྱིས་མི་ཆོག་སྟེ། མཚོ་ཊཱིཀ༥༦ལས། གཞུང་གི་དོན་ནི་རབ་ཏུ་བྱུང་བ་བར་མའི་དགེ་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་དུས་ཅིག་ཅར་ཁད་ཉེ་བར་བསྒྲུབ་པར་གྱུར། ཅེས་གསུངས་པའི་ཕྱིར་ཟེར་བ་ཡོད་ཀྱང་སྔོན་ཆོག་སྐབས་སུ་བར་མ་རབ་བྱུང་དང་བསྙེན་རྫོགས་ཅིག་ཆར་ཐོབ་པར་གསུངས་པའི་གནས་ཡོད་དམ་དཔྱད་པར་བྱའོ། །བར་མ་རབ་བྱུང་མ་སྒྲུབ་པར་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བར་ཡང༌། གླེང་གཞིའི་སྡོམ་ལས། རབ་ཏུ་མ་བྱུང་བསྙེན་པར་རྫོགས། །ཞེས་དང༌། དེའི་སྡོམ་གྱི་དོན་བཤད་པར་ཡང༌། བཙུན་པ་ཁྱིམ་པ་རབ་ཏུ་མ་བྱུང་བ་ཞིག་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་པར་བགྱིའམ་མ་རྫོགས་པ་ཞེས་བགྱི། ཨུ་པ་ལི་བསྙེན་པར་རྫོགས་མོད་ཀྱི། བསྙེན་པར་རྫོགས་པར་བྱེད་པ་ནི་འདས་པ་དང་བཅས་པར་འགྱུར་རོ། །ཞེས་དང༌། མཚོ་ཊཱིཀ་༦༡ལས། རབ་ཏུ་བྱུང་བ་མ་བྱས་པ་ལ་དགེ་སློང་གི་སྡོམ་པ་སྐྱེ་བར་གསུངས་པས་དགེ་ཚུལ་གྱི་སྡོམ་པ་སྐྱེ་བ་ལྟ་ཅི་སྨོས། རིགས་པས་ཀྱང་རབ་ཏུ་བྱུང་བ་ནི་མཁན་པོ་ཁོ་ན་ལས་ཐོབ་ལ། མཁན་པོ་མེད་པར་སྡོམ་པ་སྐྱེ་བར་གསུངས་པས་གནོད་དོ། །དེ་ཡང་ཊཱི་ཀ་ལས། རབ་ཏུ་འབྱུང་བ་ནི་མཁན་པོ་ཁོ་ན་ལས་འགྱུར་ལ། ཞེས་དང༌། མཁན་པོ་མེད་པ་ཉིད་ལ་ཡང་ངོ༌། །ཞེས་སོ། །ཞེས་གསུངས་པའི་ཕྱིར། བར་མ་རབ་བྱུང་མ་བྱས་པར་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་སྐྱེ་ཡང་དེ་རབ་བྱུང་གི་སྡོམ་པ་མ་ཡིན་པས། དེ་འདྲ་བའི་ཆོ་ག་དེ་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་ཐོབ་བྱེད་མིན་ནོ་ཟེར་ན། དེ་མི་འཐད་པར་ཐལ། མཚོ་ཊཱིཀ་མཆན་༦༡ལས། སྔར་རབ་ཏུུ་བྱུང་བ་མ་བྱས་ཀྱང༌། ད་ལྟ་དགེ་ཚུལ་གྱི་སྡོམ་པ་བླངས་པས་རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་སྐྱེའོ། །ཞེས་གསུངས་པའི་ཕྱིར་དང༌། དེ་ལྟ་མིན་ན་ཁྱིམ་པ་ལ་དགེ་སློང་རྣམ་དག་སྲིད་པར་ཐལ་བ་སོགས་སྐྱོན་མང་བོ་འོང་ངོ༌། །བུ་སྟོན་གྱི་འདུལ་ཊཱིཀ་སྙིང་བོ་རབ་གསལ་ལས། ཚུར་ཤོག་དང་གསོལ་བཞིའི་ལས་ཀྱིས་ཅིག་ཅར་རབ་ཏུ་བྱུང་བ་ལ་རབ་བྱུང་དང་བསྙེན་རྫོགས་ཅིག་ཅར་ཐོབ་ལ། ཐམས་ཅད་ལ་མ་ངེས་ཏེ། སངས་རྒྱས་དང་རང་སངས་རྒྱས་ལྔ་སྡེ་བཟང་བོ་སོགས་རབ་བྱུང་སྔར་དང་བསྙེན་རྫོགས་ཕྱིས་ཐོབ་པའི་ཕྱིར། ཞེས་སངས་རྒྱས་སོགས་རབ་བྱུང་དང་བསྙེན་རྫོགས་རིམ་གྱིས་མནོས་པར་བཤད་དོ། །རིམ་གྱིས་མནོས་པའི་ཚུལ་ནི། སྟོན་པ་སངས་རྒྱས་གྱིས་མཆོད་རྟེན་རྣམ་དག་དྲུང་ནས་དབུ་སྐྲ་བསིལ་བ་སོགས་རབ་བྱུང་གི་ཆ་ལུགས་ཁྱད་པར་ཅན་སྒྲུབ་པ་ན་རབ་ཏུ་བྱུང་བ་དང༌། སངས་རྒྱས་ཐོབ་པ་ན་གཟོད་བསྙེན་པར་རྫོགས་པར་འདོད་དོ། །དེ་ལྟར་ལུང་རྣམ་འབྱེད་ཉེས་བྱས་ཀྱི་སྐབས་ལས། བཅོམ་ལྡན་འདས་མངོན་པར་བྱུང་ནས་ལོ་བཅུ་གཉིས་ལོན་ཞིང་སངས་རྒྱས་ནས་ལོ་དྲུག་ལོན་ནས་སེར་སྐྱའི་གནས་སུ་བྱིན་ཏེ། འཆར་ཀས་ཁྲིའུ་ལ་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་ཕབ་སྟེ་འདུག་པ་དང༌། ཞེས་དང༌། མདོ་མཛངས་བླུན་ལས། ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བསིལ་ནས་རབ་ཏུ་བྱུང་བའོ། །ཞེས་དང༌། གླེང་འབུམ་དུ། ཡང་གཞོན་ནུ་དོན་འགྲུབ་རབ་ཏུ་བྱུང་ནས་དཀའ་བ་སྤྱད་པར་གསུངས་པ་སོགས་ཀྱི་སྒོ་ནས་མཚོ་ཊཱིཀ་ལྟར་ན་སྔོན་ཆོག་བརྒྱད་བཞག་པ་དང་མཚན་ཉིད་དེ་ལྟར་བཞག་པ་ལ་དཔྱད་པར་བྱ་བ་ཡོད་ཀྱང་རང་ལུགས་སྔོན་ཆོག་ལ་གསོལ་བཞིས་ཁྱབ་པ་དང༌། བར་མ་རབ་བྱུང་སྔོན་དུ་མ་སོང་བར་ད་ཆོག་གི་སྒོ་ནས་བསྙེན་པར་རྫོགས་པ་ཡོད་ཀྱང་དེ་ལ་མཁན་སློབ་ཡོད་ལ་སྔོན་ཆོག་ལ་དེ་མེད་པས་མི་འདྲ་ཞེས་ལན་གནང་དགོས་སོ། །སྔོན་ཆོག་ལ་དབྱེ་བ་དུ་མ་ཡོད་དེ། རང་གི་རྣམ་བཤད་ལས། སྔོན་གྱི་ཆོ་ག་ཞེས་བྱ་བ་ནི་ད་ལྟར་གྱི་ཆོ་ག་ལས་སྔ་རོལ་ཏུ་འདི་ལྟ་བུའི་རབ་ཏུ་དབྱེ་བ་ཅན། ཞེས་གསུངས་པའི་ཕྱིར་ཟེར་ན་ལྟ་བུ་ཞེས་པ་བྱེ་བྲག་མཚོན་པའི་ཚིག་མིན་པར། འདི་ལྟ་བུ་ཞེས་པ་རྣམ་པའི་དོན་ཡིན་པར། ཊཱི་ཀ་རང་ལས། སྔོན་གྱི་ཆོ་གའི་རྣམ་པ་ནི་འདི་ལྟ་བུར་རིག་པར་བྱའི། རྣམ་པ་གཞན་ནི་མ་ཡིན་ནོ། །ཞེས་གསུངས་ལ། དེ་ཡང་དབྱེ་བ་ཙམ་ཡོད་ལ། གསོལ་བཞི་མ་ཡིན་པའི་སྔོན་ཆོག་མེད་པས་འགལ་བ་མེད་པ་འདྲའོ། །གསོལ་བཞི་ལས་གཞན་པའི་སྔོན་ཆོག་ཡོད་པར་ཐལ། མཚོ་ཊཱིཀ་ལས། ལྟ་བུ་ནི་སྔོན་གྱི་ཆོ་གའོ། །ཞེས་སྔོན་གྱི་ཆོ་ག་གཅིག་ཁོ་ན་ཡིན་ན་ནི། ལྟ་བུ་ཞེས་དུ་མའི་ནང་ནས་བྱེ་བྲག་ལ་མཚོན་པའི་ཚིག་ཏུ་གསུངས་པ་དང་འགལ་ལོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་པ་འདྲ་སྟེ། དཔེར་ན་མི་རྟག་པ་ནི་དངོས་པོ་ལྟ་བུ་ཞེས་ཟེར་ན་དངོས་པོ་མ་ཡིན་པའི་མི་རྟག་པ་ཡོད་མི་དགོས་པ་དང་འདྲའོ། །མཚོ་ཊཱིཀ་ལས། སྔོན་ཆོག་མང་པོར་འོང་བའི་འཐད་པ་ནི། སངས་རྒྱས་ཀྱིས་གདུལ་བྱ་འདུལ་བའི་ཐབས་ཀྱི་བྱེ་བྲག་མང་དུ་མཁྱེན་པའི་ཕྱིར་རོ། །ཞེས་གསུངས་པ་ལ་དཔྱད་པར་བྱའོ། །

གཉིས་པ་ད་ལྟར་གྱི་ཆོ་ག་བཤད་པ།

གཉིས་པ་ད་ལྟར་གྱི་ཆོ་ག་བཤད་པ་ལ།

རྩ་བར། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར། ཞེས་སོ། །འདི་ལ་སྐབས་བསྒྲུབ་པ་དང༌། དངོས་ཀྱི་དོན་གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་སངས་རྒྱས་ནས་ལོ་དྲུག་ལོན་པ་ན་ད་ལྟར་གྱི་ཆོ་ག་བྱུང་སྟེ་སྒྲུབ་བྱེད་སྔར་བཤད་ཟིན་ཏོ། །ད་ལྟར་གྱི་ཆོ་གའི་གླེང་གཞི་ནི། ལུང་གཞི་ལས། སྔོན་གྱི་ཆོ་གས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་རྣམས་ལ་མཁན་པོ་མེད་པ་དང་སློབ་དཔོན་མེད་པས་ཆོས་གོས་ལེགས་པར་མ་བགོས་ཤིང༌། སྒྲ་ཆེན་པོ་དང༌། རྒོད་བག་གི་སྤྱོད་ལམ་གྱིས་བསོད་སྙོམས་སློང་བར་བྱེད་པ་ན། མུ་སྟེགས་ཅན་འཕྱ་བར་གྱུར་པ་དང༌། དགེ་སློང་ཞིག་ན་བ་ལ་ནད་གཡོག་བྱེད་པ་མེད་པས་ཤི་བ་ལ་བརྟེན་ནས། ངའི་ཉན་ཐོས་རྣམས་གཅིག་གིས་གཅིག་བསྡུ་བའི་ཕྱིར་དང༌། ནད་པ་རྣམས་ལ་ནད་གཡོག་བྱ་བའི་ཕྱིར་མཁན་པོ་དང་སློབ་དཔོན་དག་གིས་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་བྱ་བར་གནང་ངོ༌། །ཞེས་མཁན་སློབ་དང་བཅས་པའི་ད་ལྟར་གྱི་ཆོ་ག་འདི་གསུངས་སོ། །མཁན་པོ་དུ་ཡོད། སློབ་དཔོན་དུ་ཡོད་མི་ཤེས་ནས། སློབ་དཔོན་ནི་ལྔ། མཁན་པོ་ནི་གཉིས་སོ། །ཞེས་ལུང་གཞི་ལས་གསུངས་སོ། །སློབ་དཔོན་ལྔ་དགེ་ཚུལ་གྱི་སྐབས་སུ་འོག་ནས་སྟོན་ལ། མཁན་པོ་གཉིས་སྐབས་འདིར་བསྟན་པ་ནི། རབ་ཏུ་བྱུང་བའི་མཁན་པོ་ནི་རབ་ཏུ་བྱུང་བའི་བྱ་བ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བས་དང་པོར་བསྟན་ལ། བསྙེན་རྫོགས་ཀྱི་མཁན་པོ་ནི་འདྲ་བའི་ཞར་ལ་འདྲ་བ་བསྟན་ན་ཚིག་ཉུང་བ་དང་རྟོགས་པ་སླ་བའི་ཕྱིར་ན་སྐབས་འདིར་བསྟན་པའོ། །

གཉིས་པ་ད་ཆོག་དངོས་ལ་ཆོ་གའི་ཁྱད་པ།

གཉིས་པ་ད་ཆོག་དངོས་ལ་ཆོ་གའི་ཁྱད་པར་གྱི་ཆོས་དང༌།

ཁྱིམ་པ་དང་རབ་བྱུང་གི་ཆོ་ག་སོ་སོར་བཤད་པ་དང་གཉིས་ལས། དང་པོ་ལ་ཁྱད་པར་གྱི་ཆོས་བདུན་དང་བཞི་བཤད་པ་དང་སྡོམ་པ་རྣམས་སྦྱིན་པའི་གོ་རིམ་བསྟན་པ་དང་གསུམ་ལས། དང་པོ་ནི། རྩ་བར། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར་དགེ་སློང་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་ལའོ། །ཞེས་པ་ཁྱད་པར་གྱི་གཞིར་བྱས་ཏེ། ཁྱད་པར་བདུན་ལས། དང་པོ་ནི། དགོས་པ་གང་གི་ཕྱིར་གནས་ན། སངས་རྒྱས་ཀྱི་བཀའ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གནས་ཞེས་སྔོན་ཆོག་གི་སྐབས་ཀྱི་ཊཱི་ཀ་ལས་ཤུགས་ཀྱིས་བསྟན་ཏེ། སངས་རྒྱས་ཀྱི་བཀའི་བརྗོད་བྱ་བསླབ་པ་གསུམ་རྫོགས་པར་འགྱུར་པ་སྟེ། མཁན་པོ་དང་སློབ་དཔོན་ལ་བརྟེན་ནས་དངོས་སམ་བརྒྱུད་པའི་སྒོ་ནས་སོ། ། གཉིས་པ་ཆེད་དུ་བྱ་བ་གང་གི་ཕྱིར་གནས་ན། རྩ་བར། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར། ཞེས་སོ། །འོ་ན་དགེ་ཚུལ་གྱི་སྡོམ་པ་དེ་མཁན་པོ་ལ་མི་གནས་སམ་ཞེ་ན། གནས་སོ། །འོ་ན་རབ་ཏུ་འབྱུང་བ་དང་དགེ་ཚུལ་དང་བསྙེན་པར་རྫོགས་པ་དེའི་ཕྱིར་ཞེས་མ་སྨོས་པ་དེ་ཅིའི་ཕྱིར་ཞེ་ན། རབ་ཏུ་འབྱུང་བ་མཁན་པོ་ལ་གནས་ཞེས་བསྟན་པས་དགེ་ཚུལ་གྱི་སྡོམ་པ་ཡང་མཁན་པོ་ལ་བརྟེན་ཅིང་གནས་ཞེས་དོན་གྱིས་གོ་སྟེ། ཊཱི་ཀ་ལས། དགེ་ཚུལ་གྱི་སྡོམ་པ་ཡང་རབ་ཏུ་བྱུང་བ་ལ་གནས་པའི་ཕྱིར། ཞེས་གསུངས་སོ། །

གསུམ་པ་གང་ཟག་གང་གནས་ན་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་འདོད་པ།

གསུམ་པ་གང་ཟག་གང་གནས་ན་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་འདོད་པ་དེ་གནས་ཞེས་སྐབས་ཀྱིས་གྲུབ་བོ། །

བཞི་བ་ཡུལ་གང་ལ་གནས་ན་རྩ་བར། དགེ་སློང་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་ལའོ། །ཞེས་སོ། །ཊཱི་ཀ་ལས། འགའ་ཞིག་ལ་ཞེས་བྱ་བ་མིང་མ་བསྟན་པའོ། །དེས་འདི་སྐད་སྟོན་ཏེ། གང་ཁོ་ན་ལ་གནས་ཏེ་རབ་ཏུ་བྱུང་བ་དེ་ཁོ་ན་ལ་གནས་ཏེ་བསྙེན་པར་རྫོགས་པར་ངེས་པ་མ་ཡིན་གྱི་འདོད་པས་འཇུག་པར་རིག་པར་བྱ་སྟེ། ཞེས་སོ། །འོ་ན་རྩ་བར། དང་པོའི་མཁན་པོས་བསྙེན་པར་རྫོགས་པར་བྱའོ། །མི་སྟེར་བ་ལ་མཐུས་བཀུག་སྟེའོ་ཞེས་འབྱུང་བ་དང་འགལ་ལོ་ཞེ་ན། འདོད་པས་འཇུག་ཅེས་སྐབས་འདིར་བསྟན་པ་ནི་མཁན་བུའི་ཆ་ནས་བསྟན་པ་སྟེ། རང་གང་ལ་མོས་པ་དེ་ལ་བསྙེན་རྫོགས་ཀྱི་མཁན་པོ་ཞུ་བ་སྟེ། དང་པོའི་མཁན་པོ་ཁོ་ན་ལ་ཞུ་དགོས་པར་མ་ངེས་པའོ། །དང་པོའི་མཁན་པོས་བསྙེན་པར་རྫོགས་པར་བྱ་ཞེས་པ་ནི་མཁན་པོའི་ཆ་ནས་བསྟན་པ་ཡིན་ཏེ། རང་གི་མཁན་བུ་དེ་དགེ་སློང་གི་སྡོམ་པ་ལེན་པར་འདོད་ཀྱང་གཏད་པའི་ཡུལ་དེས་གེགས་བྱེད་ན་རང་གི་དགེ་ཚུལ་མཐུས་བཀུག་སྟེ་ཡང་དང་པོའི་མཁན་པོས་བསྙེན་རྫོགས་བྱ་ཞེས་བསྟན་པའོ། །

ལྔ་པ་རྣམ་པ་ཅི་ཞིག་ཏུ་གནས་ན་མཁན་པོ།

ལྔ་པ་རྣམ་པ་ཅི་ཞིག་ཏུ་གནས་ན་མཁན་པོ་ཉིད་དུ་གནས།

ཞེས་སོ། །དྲུག་པ་དང་བདུན་པ་གནས་པའི་ཕན་ཡོན་དང༌། མི་གནས་པའི་ཉེས་དམིགས་ནི། མཁན་པོ་དང་ལྡན་པའི་སྡོམ་པ་སྐྱེ་བ་དང་མི་སྐྱེ་བ་སྟེ། གནས་པ་ལའོ་ཞེས་པའི་ཊཱི་ཀ་ལས། མཁན་པོ་ཉིད་དུ་གནས་པ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དག་ཡོད་ཀྱི་མི་གནས་པ་ལ་མེད་དོ། །ཞེས་དང༌། དེའི་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དག་ནི་གཞན་ལ་རག་ལས་པའི་ཕྱིར་དང༌། མཁན་པོ་དང་འབྲེལ་བའི་ཕྱིར། ཞེས་གསུངས་སོ། །འོ་ན་ཞུ་བའི་སྐབས་ལས་མཁན་པོ་མེད་ཀྱང་སྡོམ་པ་སྐྱེ་བར་བཤད་པ་དང་འགལ་ཞེ་ན། འགལ་སྤོང་ཞིབ་པར་འོག་ཏུ་འཆད་དོ། །

གཉིས་པ་ཁྱད་པར་གྱི་ཆོས་བཞི་བཤད་པ།

གཉིས་པ་ཁྱད་པར་གྱི་ཆོས་བཞི་བཤད་པ་ནི།

རྩ་བར། བར་ཆད་དྲིས་ནས་ཡོངས་སུ་དག་པ་ལ་སྐབས་དབྱེའོ། །ཞེས་ཁྱད་པར་གྱི་གཞིར་བྱས་ཏེ། ཁྱད་པར་གྱི་ཆོས་ལ་བཞི་ལས།དང་པོ་རྟེན་གང་གིས་སྐབས་དབྱེ་བ་ནི་དང་པོའི་མཁན་པོ་ཉིད་ཀྱིས་སྐབས་དབྱེའོ། །དང་པོའི་མཁན་པོ་ནི་དགེ་ཚུལ་གྱི་མཁན་པོ་ཡིན་ཏེ། ཊཱི་ཀ་ལས། དགེ་ཚུལ་གྱི་མཁན་པོ་ཉིད་ནི་གཞན་གྱི་མཁན་པོ་ཉིད་པས་དང་པོ་ཡིན་པའི་ཕྱིར། ཞེས་གསུངས་སོ། །དེའི་ཚེ་ན་མཁན་པོར་གྱུར་མ་ཟིན་ཡང་དང་པོའི་མཁན་པོ་ཞེས་བརྗོད་པ་འགལ་ཞེ་ན། རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པ་སྟེ། མཁན་པོ་བྱེད་པར་འགྱུར་བ་ལ་མཁན་པོ་ཞེས་བརྗོད་པའོ། །གཉིས་པ་བྱ་བ་ཅི་ཞིག་བསྒྲུབས་ནས་སྐབས་དབྱེ་བ་ནི་བར་ཆད་དྲིས་ནས་སྐབས་དབྱེའོ། ། གསུམ་པ་ཡུལ་གང་ལ་སྐབས་དབྱེ་བ་ནི་ཡོངས་སུ་དག་པ་ལ་སྐབས་དབྱེའོ། །ཡོངས་སུ་མ་དག་ན་སྐབས་མི་དབྱེའོ་ཞེས་ཤུགས་ཀྱིས་བསྟན་ཏེ་བར་ཆད་དང་ལྡན་ནོ་ཟེར་ན་ལུང་གཞི་ལས། འོ་ན་སོང་ཞིག་ཅེས་བརྗོད་པར་བྱའོ། །ཞེས་གསུངས་སོ། ། བཞི་པ་ཚུལ་ཇི་ལྟར་སྐབས་དབྱེ་བ་ནི། ཁོ་བོས་ཁྱོད་རབ་ཏུ་དབྱུང་བར་བྱའོ་ཞེས་སྐབས་དབྱེའོ། །ལེན་པ་པོ་ཡོངས་སུ་དག་ན་ཡང་བདག་ཉིད་ལ་འཁོར་སྐྱོང་བའི་ནུས་པ་མེད་ན་ནི་སྐབས་མི་དབྱེ་སྟེ། སྤྲུལ་པའི་གླེང་གཞི་ལས། དེ་ཡང་མཁན་པོ་དགོན་པ་བ་དེས་གདམས་ངག་དང་རྗེས་སུ་བསྟན་པ་བྱེད་པ་མི་འོང་ནས་སྨྲས་པ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་ཡལ་བར་བོར་བ་ནི་མི་རུང་བས་འདི་ཡང་དམྱལ་བར་འགྲོ་བར་འགྱུར་ལ། ཁོ་བོ་ཡང་ལྟུང་བ་དང་བཅས་པར་འགྱུར་བས་ཁོ་བོས་འདི་རབ་ཏུ་མི་འབྱིན་ཏོ། །ཞེས་གསུངས་སོ། །ཡོངས་སུ་དག་པ་དང་འཁོར་སྐྱོང་བའི་ནུས་པ་ཡོད་པ་སྟེ། དེ་གཉིས་ཚོགས་ན་ནི་སྐབས་དབྱེའོ། །

གསུམ་པ་སྡོམ་པ་རྣམས་སྦྱིན་པའི་གོ་རིམ་བསྟན་པ།

གསུམ་པ་སྡོམ་པ་རྣམས་སྦྱིན་པའི་གོ་རིམ་བསྟན་པ་ནི།

རྩ་བར། དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དང་དགེ་སློང་ཉིད་དག་གི་སྔ་མ་བསྙེན་པར་མ་རྫོགས་པ་ལ་ཕྱི་མ་མི་བྱའོ། །ཞེས་སོ། །དེའི་དོན་ལ་གསུམ་ལས། དང་པོ་ནི། སྡོམ་པ་གསུམ་རིམ་པ་བཞིན་དུ་བླངས་པའི་དགོས་པའི་དོན་ནི། ཚིགས་ལས་འདས་པའི་ལྟུང་བ་མི་འབྱུང་བ་དང༌། སྡོམ་པ་བརྟན་པར་འགྱུར་བའོ། །དེ་ལ་གཉིས་ཏེ། གཉེན་པོ་གོམས་པའི་སྒོ་ནས་བརྟན་པ་དང༌། བསྟན་པ་རིམ་གྱིས་མི་སྤོང་བའི་སྒོ་ནས་བརྟན་པའོ། །དང་པོ་ནི་མདོ་སྡེ་ལས། ཁྲིམས་གསུམ་པོ་རིམ་གྱིས་མནོས་ན་རིམ་གྱིས་ཆོས་ཀྱི་རོ་བྲོ་བ་ཐོབ་ཅིང་མོས་པ་བརྟན་པ་མི་ཤིགས་པར་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་ནི། དགེ་སློང་གི་བསླབ་པ་ཕུལ་ཡང་དགེ་ཚུལ་ལ་སོགས་པའི་བསླབ་པ་མི་སྤོང་བ་སྟེ། བདག་ཁྱིམ་པའམ་དགེ་ཚུལ་ལམ། ཞེས་སོ། །གཉིས་པ་སྡོམ་གསུམ་སྔ་མའི་མཇུག་ཐོགས་སུ་ཕྱི་མ་རུང་མི་རུང་གི་དོན་ནི། སྡོམ་པ་ལེན་པ་པོ་ཁྱིམ་པ་ལོ་ཉི་ཤུ་ལོན་པ་ལ་ནི་སྡོམ་གསུམ་སྔ་མའི་མཇུག་ཐོགས་སུ་ཕྱི་མ་རུང་བ་ཡིན་ཏེ། ལུང་ཕྲན་ཚེགས་ལས། ཡོ་བྱད་དྲུག་རྙེད་ནས་རབ་ཏུ་དབྱུང་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱ། ཞེས་གསུངས་པས་ཤེས་པ་ཡིན་ཏེ། གཞན་དུ་ན་ཡོ་བྱད་དྲུག་ཚང་བ་དོན་མེད་པའི་ཕྱིར་རོ། །ཤཱཀྱ་དང་མེ་པ་རལ་པ་ཅན་མ་གཏོགས་པའི་མུ་སྟེགས་ཅན་གྱིས་སྡོམ་པ་ནོད་པ་དང་བུད་མེད་ཀྱིས་སྡོམ་པ་ནོད་པ་ལ་ནི། སྡོམ་གསུམ་སྔ་མའི་མཇུག་ཐོགས་སུ་ཕྱི་མ་མི་རུང་སྟེ། མུ་སྟེགས་ཅན་རབ་ཏུ་དབྱུང་བར་འདོད་ན་དགེ་བསྙེན་ཉིད་ལ་ཟླ་བ་བཞི་གནས་དགོས་པའི་ཕྱིར་དང༌། དགེ་ཚུལ་མའི་མཇུག་ཐོགས་སུ་བསྙེན་རྫོགས་བྱས་ན་ཚིགས་ལས་འདས་པའི་ཉེས་པར་འགྱུར་བའི་ཕྱིར་ཏེ་གོ་རིམ་བཞིན་ནོ། ། གསུམ་པ་བསླབ་ཚིགས་སྔ་མ་མེད་པ་ལ་ཕྱི་མ་སྐྱེ་མི་སྐྱེའི་དོན་ལ་གཉིས་ལས། དང་པོ་རང་ལུགས་བཞག་པ་ནི། ཚིགས་སྔ་མ་མེད་ཀྱང་རྒྱུ་གཞན་ཚང་ན་ཚིགས་ཕྱི་མའི་སྡོམ་པ་སྐྱེ་སྟེ།ཚིགས་སྔ་མ་མེད་པ་ལ་ནི་ཉེས་བྱས་ཙམ་དུ་ཟད་དེ། ཞེས་དང༌། ཊཱི་ཀ་ལས་ཀྱང༌། ཉེས་བྱས་ཙམ་དུ་ཟད་ཀྱི་དེ་ལ་ནི་སྡོམ་པ་སྐྱེའོ། །ཞེས་དང༌། ༼གོ་རིམ༽དེ་ནི་རྣམ་པར་བཞག་པ་བསྟན་པ་ཡིན་གྱི་འབྱུང་བའི་རྒྱུ་བསྟན་པ་ནི་མ་ཡིན་ཏེ། ཞེས་གསུངས་སོ། །

གཉིས་པ་གཞན་ལུགས་དགག་པ།

གཉིས་པ་གཞན་ལུགས་དགག་པ་ནི།

འདིར་ཁ་ཅིག་ན་རེ་གཞན་དེ་ལྟར་ཡིན་ཡང་རབ་ཏུ་བྱུང་བ་བར་མ་མེད་ན་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་མི་སྐྱེ་སྟེ། ཊཱི་ཀ་ལས། དགེ་ཚུལ་ཉིད་རབ་ཏུ་བྱུང་བ་ཁོ་ན་ལ་བྱེད། ཅེས་དང༌། རིགས་པས་ཀྱང་རབ་ཏུ་མ་བྱུང་བ་ལ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་སྐྱེ་ན་ནི། རབ་ཏུ་མ་བྱུང་བར་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་མནོས་ན། དགེ་ཚུལ་དང་དགེ་སློང་གི་སྡོམ་པ་དེ་ཁྱིམ་པའི་སྡོམ་པ་ཡིན་ནམ་རབ་ཏུ་བྱུང་བའི་སྡོམ་པ་ཡིན། སྔ་མ་ལྟར་ན་རབ་ཏུ་བྱུང་བ་སྡེ་ལྔ་ཞེས་གསུངས་པའི་གཞུང་དང་འགལ་ལ། ཕྱི་མ་ལྟར་ན་རྒྱུ་རབ་ཏུ་བྱུང་བ་མ་བྱས་པར་འབྲས་བུ་རབ་ཏུ་བྱུང་བའི་སྡོམ་པ་སྐྱེས་ན་རྒྱུ་འབྲས་འཆོལ་བར་འགྱུར་རོ་ཞེས་ཟེར་རོ། །དེ་དག་དགག་པ་ལ་གཉིས་ལས། དང་པོ་གནོད་བྱེད་བརྗོད་པ་ནི། ཚིགས་སྔ་མ་མེད་པ་ལ་ནི་ཉེས་བྱས་ཙམ་དུ་ཟད་དེ། ཞེས་དང༌། གླེང་གཞིའི་སྡོམ་ལས། རབ་ཏུ་མ་བྱུང་བསྙེན་པར་རྫོགས། །ཞེས་དང༌། དེའི་སྡོམ་བཤད་ལས། བཙུན་པ་ཁྱིམ་པ་རབ་ཏུ་མ་བྱུང་བ་ཞིག་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ་མ་རྫོགས་པ་ཞེས་བགྱི། ཨུ་པ་ལི་བསྙེན་པར་རྫོགས་མོད་ཀྱི་བསྙེན་པར་རྫོགས་པར་བྱེད་པ་ནི་འདས་པ་དང་བཅས་པ་འགྱུར་རོ། །ཞེས་རབ་ཏུ་བྱུང་བ་མ་བྱས་པ་ལ་དགེ་སློང་གི་སྡོམ་པ་སྐྱེ་བར་གསུངས་པས། དགེ་ཚུལ་གྱི་སྡོམ་པ་སྐྱེ་བ་ལྟ་ཅི་སྨོས་སོ། །རིགས་པས་ཡང་རབ་ཏུ་བྱུང་བ་ནི་མཁན་པོ་ཁོ་ན་ལས་འཐོབ་ལ། མཁན་པོ་མེད་པ་ལ་སྡོམ་པ་སྐྱེ་བར་གསུངས་པས་གནོད་དོ། །དེ་ཡང་ཊཱི་ཀ་ལས། རབ་ཏུ་འབྱུང་བ་ནི་མཁན་པོ་ཁོ་ན་ལས་འགྱུར་ལ། ཞེས་དང༌། མཁན་པོ་མེད་པ་ཉིད་ལ་ཡང་ངོ༌། །ཞེས་སོ། །

གཉིས་པ་སྒྲུབ་བྱེད་གཞིག་པ།

གཉིས་པ་སྒྲུབ་བྱེད་གཞིག་པ་ནི།

ཊཱི་ཀ་ལས། དགེ་ཚུལ་ཉིད་རབ་ཏུ་བྱུང་བ་ཁོ་ན་ལ་བྱེད་ཅེས་པ་དེ་ཉེས་མེད་ཀྱི་ཆོ་གའི་གོ་རིམ་ཙམ་བསྟན་པ་ཡིན་ལ། སྔར་རབ་ཏུ་བྱུང་བ་མ་བྱས་པ་ལ་རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་སྐྱེ་ན་ནི། རྒྱུ་འབྲས་འཆོལ་བར་འགྱུར་ཞེས་ཁྱེད་ཟེར་ཡང༌། རྒྱུ་འབྲས་འཆོལ་བར་མི་འགྱུར་ཏེ། རབ་ཏུ་བྱུང་བ་བར་མ་ཉིད་ལ་ཡང་མཚུངས་པས་སོ། ། གཉིས་པ་ཁྱིམ་པའི་སྡོམ་པ་དང་རབ་བྱུང་གི་སྡོམ་པའི་ཆོ་ག་སོ་སོར་བཤད་པ་ལ་གཉིས་ལས། དང་པོ་དགེ་བསྙེན་གྱི་སྡོམ་པའི་ཆོ་ག་ཞར་བྱུང་དང་བཅས་ཏེ་བསྟན་པ་ནི། རྩ་བར། སྐྱབས་སུ་འགྲོ་བ་ཁས་བླངས་པའི་ཚིག་རྩོམ་པ་དང་དགེ་བསྙེན་ཉིད་དང༌། ཞེས་གསུངས་སོ། སྐབས་དོན་དགེ་བསྙེན་གྱི་དང༌། ཐུན་མོང་བ་སྐྱབས་འགྲོའི་དོན་དང་གཉིས། །དང་པོ་ལ་ལྔ་ལས། དང་པོ་དགོས་པའི་དོན་ནི། དགེ་བསྙེན་གྱི་སྡོམ་པ་འཐོབ་པ་དང༌། ཚིགས་ལས་འདས་པའི་ཉེས་པ་ཁེགས་པའོ། །

གཉིས་པ་ཡུལ་གང་ལ་བླང་བ།

གཉིས་པ་ཡུལ་གང་ལ་བླང་བ་ནི།

རང་དགེ་བསྙེན་ཙམ་པོར་སྡོད་ན་དགེ་བསྙེན་གྱི་སྡོམ་ལྡན་ལ་བླངས་ཀྱང་འཐོབ་སྟེ། དགེ་བསྙེན་གྱི་སྡོམ་པ་བརྒྱད་པའི་འགྲེལ་པ་ལས། སྡོམ་གནས་ཞེས་བྱ་བ་ནི་དགེ་བསྙེན་གྱི་སྡོམ་པ་ལ་གནས་པ་རྣམས་ཡིན་གྱི། ཞེས་གསུངས་སོ། །འོན་ཀྱང་སྐབས་འདིར་ནི་མཁན་པོར་འོས་པ་ལས་བླང་བ་ཡིན་ཏེ། རང་གིས་དགེ་བསྙེན་ཉིད་དུ་ཉེ་བར་བསྒྲུབས་ནས། ཞེས་གསུངས་སོ། །

གསུམ་པ་རྟེན་གང་གིས་བླང་བ།

གསུམ་པ་རྟེན་གང་གིས་བླང་བ་ནི།

གླིང་གསུམ་གྱི་སྐྱེས་པའམ་བུད་མེད་ཕ་མ་བསད་པ་ལ་སོགས་ཀྱི་བར་ཆད་དང་བྲལ་བ་དང༌། ལེན་འདོད་ལ་སོགས་པ་བསམ་པ་ཕུན་སུམ་ཚོགས་པས་བླང་དགོས་སོ། ། བཞི་བ་དངོས་པོ་གང་བླང་པ་ནི་དགེ་བསྙེན་གྱི་སྡོམ་པའོ། །

ལྔ་པ་ཆོ་ག་གང་གིས་བླང་བ།

ལྔ་པ་ཆོ་ག་གང་གིས་བླང་བ་ནི།

སྦྱོར་དངོས་རྗེས་གསུམ་སྟེ་ཀརྨ་ཤ་ཏཾ་སོགས་སྡོམ་ཆོག་ལ་བལྟའོ། །མཚོ་ཊཱིཀ་ལས། སྐྱབས་སུ་འགྲོ་བ་ཁས་བླང་པའི་ཚིག་གིས་དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དུ་ཁས་བླང་པའི་ཚིག་གི་འགོ་རྩོམ་པ་དང་ཞེས་པ་འདི་ནི་གཞན་གྱི་འདོད་པ་ལ་ཟུར་ཟ་བ་སྟེ། རྒྱ་གར་གྱི་འདུལ་འཛིན་ཁ་ཅིག་ན་རེ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པའི་ཆོ་ག་ལ། སྐྱབས་འགྲོ་ཉི་ཚེ་ལན་གསུམ་བརྗོད་ནས། དེའི་འོག་ཏུ་དགེ་བསྙེན་དུའམ་དགེ་ཚུལ་དུ་གཟུང་དུ་གསོལ་ཞེས་ལན་གསུམ་བརྗོད་ཅེས་ཟེར་ཏེ། ཊཱི་ཀ་ལས། དེ་ནི་འཁྲུལ་པ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །ལུང་གཞི་ལས། སྐྱབས་འགྲོ་དང་གཟུང་དུ་གསོལ་སྤེལ་ཞིང༌། ལན་གསུམ་བརྗོད་པར་གསུངས་པ་དང་འགལ་བའི་ཕྱིར་རོ། །འོན་ཀྱང་གཞན་ཞེ་འདོད་དེ་དང་མཐུན་པར་ལུང་ཕྲན་ཚེགས་ལས། དགེ་བསྙེན་མ་དང་དགེ་ཚུལ་མའི་ཆོ་གའི་སྐབས་ནས་བཤད་སྣང་སྟེ། འོན་ཀྱང་ལུང་གཞི་དང་མདོ་རྩ་འགྲེལ་ལས་སྐྱབས་འགྲོ་དང་གཟུང་དུ་གསོལ་སྤེལ་བ་འདི་ཆོ་ག་རྣམ་དག་ཡིན་ནོ། །དེའི་འོག་ཏུ་ཞེས་པ་འདི་ཡང་གཞན་གྱི་འདོད་པ་ལ་ཟུར་ཟ་བ་སྟེ། སྔར་སྐྱབས་འགྲོ་ལན་གསུམ་བྱས་ནས་གཟུང་དུ་གསོལ་ལན་གསུམ་བྱེད་པའི་ལུགས་ལྟར་ན་བསླབ་པ་བརྗོད་པའི་འོག་ཏུ་གཟུང་དུ་གསོལ་བརྗོད་པར་འདོད་པ་དེ་དགག་པའི་ཕྱིར་རོ། །ཞེས་གསུངས་སོ། །བསླབ་པ་བརྗོད་པ་ནི་དགེ་བསྙེན་རྣམས་ཀྱི་ནི་ལྔའོ། །དགེ་ཚུལ་རྣམས་ཀྱི་ནི་བཅུའོ་ཞེས་ཊཱི་ཀ་ལས་སོ། །ཁས་བླངས་པའི་ཚུལ་གྱིས་བྱའོ་ཞེས་པ་འདིར། སྲོག་གཅོད་པར་མི་བྱའོ་ཞེས་དགག་ཚིག་ཏུ་བརྗོད་དམ། སྲོག་གཅོད་པ་སྤངས་ཏེ་ཞེས་སྒྲུབ་ཚིག་བརྗོད་ཅེ་ན། མི་བྱ་བ་ནི་རེ་ཞིག་མི་བྱ་བ་ལ་ཡང་འཇུག་སྟེ་གཏན་སྤངས་སུ་གོ་བའི་ངེས་པ་མེད་པས། སྲོག་གཅོད་པ་སྤངས་ཏེ་ཞེས་བརྗོད་པའོ། །བསླབ་པ་བརྗོད་པ་འདི་ལན་གཅིག་བརྗོད་པ་སྟེ། ལུང་གཞིའི་དགོངས་པའོ། །ལུང་ཕྲན་ཚེགས་ལས། དགེ་བསྙེན་མ་དང་དགེ་ཚུལ་མའི་ཆོ་གའི་སྐབས་ནས་བསླབ་པ་བརྗོད་པའི་མཇུག་ཐོགས་སུ་བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་མར་གཟུང་དུ་གསོལ་ཞེས་བཤད་ཅིང༌། བསླབ་པ་བརྗོད་པ་ལན་གསུམ་སྨྲ་བར་བྱ་སྟེ་ཞེས་བཤད་པ་ཡིན་པར་སྣང་སྟེ། ལུང་ཡི་གེ་ཉམས་པ་ཡིན་ནོ་ཞེས་རིགས་སོ། །འགྲེལ་ཆུང་ལས། བསླབ་པ་བརྗོད་པ་ལན་གསུམ་གྱི་བར་དུ་བཟླས་ཞེས་བཤད་སྣང་སྟེ་དེའི་རྗེས་སུ་མི་འབྲང་ངོ༌། །ཞེས་པ་དེ་དག་མཚོ་ཊཱིཀ་གི་ཚིག་ཟིན་ལྟར་བཀོད་པའོ། །

གཉིས་པ་ཐུན་མོང་བ་སྐྱབས་འགྲོ་བཤད་པ་ལ་བརྒྱད།

གཉིས་པ་ཐུན་མོང་བ་སྐྱབས་འགྲོ་བཤད་པ་ལ་བརྒྱད་ལས།

དང་པོ་དགོས་པའི་དོན་ལ་དགོས་པ་ངོས་བཟུང་བ་དང༌། རྩོད་པ་སྤང་བ་དང་གཉིས། དང་པོ་ནི། སྐྱབས་འགྲོའི་ཕན་ཡོན་བརྒྱད་ལ་སོགས་པ་ཡང་སྐབས་གཞན་ནས་བཤད་ལ། སྐབས་འདིར་ནི་སྐྱབས་འགྲོའི་དགོས་པ་དེ་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་སྐྱེ་བ་སྟེ། ཊཱི་ཀ་ལས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་བས། སྐྱབས་སུ་འགྲོ་བས་ནི་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་སྒྲུབ་པར་བྱེད་དེ། ཞེས་གསུངས་སོ། །འོ་ན་དེ་ཇི་ལྟར་སྒྲུབ་སྙམ་ན། ཊཱི་ཀ་ལས། སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་འདིས་ནི་ལམ་ཉེ་བར་སྟོན་པར་མཛད་པ་ལ་ཡང་དག་པར་བརྟེན་པར་བྱེད། ཆོས་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་འདིས་ནི་ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་ལ་ཡང་དག་པར་བརྟེན་པར་བྱེད། དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་འདིས་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ཟླ་གྲོགས་ལ་ཡང་དག་པར་བརྟེན་པར་བྱེད་པའི་ཕྱིར་ཏེ། ཞེས་གསུངས་སོ། ། གཉིས་པ་རྩོད་པ་སྤང་བ་ལ་གཉིས་ལས། དང་པོ། གཞུང་ནང་འགལ་གྱི་སྐྱོན་སྤོང་བ་ནི། ཊཱི་ཀ་ལས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་ནི་སུ་ཡང་སྐྱབས་སུ་འགྲོ་བ་སྒྲུབ་པར་མི་བྱེད་དོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་སྐྱབས་འགྲོ་ལ་བརྟེན་ནས་མྱ་ངན་ལས་འདས་པའི་བསམ་པ་སྐྱེ་བར་གསུངས་པ་ནི། སྐྱབས་འགྲོ་ཙམ་པོ་ལ་བརྟེན་ནས་མྱ་ངན་ལས་འདས་པ་ཐོབ་འདོད་ཀྱི་བསམ་པ་སྐྱེ་ཞེས་བསྟན་པ་ཡིན་ལ། ངེས་འབྱུང་གི་སྐྱབས་འགྲོ་ལ་ནི་མྱ་ངན་ལས་འདས་པའི་བསམ་པ་རྒྱུར་དགོས་ཏེ། མྱ་ངན་ལས་འདས་པའི་བསམ་པ་མེད་པར་ནི། སུ་ཡང་ངེས་འབྱུང་གི་སྐྱབས་སུ་འགྲོ་བ་སྒྲུབ་པར་མི་བྱེད་དོ། །ཞེས་དགོངས་པའོ། ། གཉིས་པ་སྐྱབས་འགྲོ་མེད་པའི་ཆོ་གས་སྡོམ་པ་མི་སྐྱེ་བར་ཐལ་བ་སྤང་བ་ནི། ད་ལྟར་གྱི་ཆོ་གས་དགེ་སློང་གི་སྡོམ་པ་ལེན་པ་ཆོས་ཅན། སྡོམ་པ་མི་སྐྱེ་བར་ཐལ། སྐྱབས་འགྲོ་མེད་པའི་ཕྱིར། དེར་ཐལ། གཞི་འགྲེལ་ལས། འདིར་བསྙེན་པར་རྫོགས་པའི་སྐབས་སུ་སྐྱབས་སུ་འགྲོ་བ་ཁས་བླངས་པའི་ཚིག་བརྗོད་མི་དགོས་སོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སྐྱབས་འགྲོ་དངོས་མེད་ཀྱང་སྐྱབས་འགྲོའི་དོད་གསོལ་བ་འདེབས་པ་ཡོད་པ་ལ་བརྟེན་ནས་སྡོམ་པ་སྐྱེའོ། །ཆོ་ག་ལས་ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ་ལོ་ཞེས་དགེ་འདུན་ལ་གསོལ་བ་བཏབ་ཅིང༌། བསྙེན་པར་རྫོགས་པར་མཛད་དུ་གསོལ་ཞེས་ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་ལ་བསྙེན་རྫོགས་མཛད་དུ་གསོལ་ཞེས་ཆོས་ལ་གསོལ་བ་བཏབ་པའོ། ། སོ་ཐར་རིགས་བརྒྱད་པོ་གང་རུང་གི་སྡོམ་པ་རྒྱུད་ལ་སྐྱེ་བ་ལ་སྐྱབས་འགྲོ་རྒྱུད་ལ་སྐྱེས་པས་ཁྱབ་པར་ཐལ། མཛོད་ལས། གཞན་ལའང་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ། སྐྱབས་འགྲོ་སྔོན་དུ་མ་བྱས་ཀྱང་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བ་ཡོད་པའི་ཕྱིར། དེར་ཐལ། མཆིམས་མཛོད་༣༦༦ལས། དེ་ཡང་འགྲེལ་པ་ལས། དགེ་བསྙེན་མ་ཡིན་པ་ཡང་གང་ཞིག་ཉིན་ཞག་དེ་ལ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་སྟེ་བསྙེན་གནས་ནོད་པ་དེ་ལ་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བར་འགྱུར་ཏེ་གཞན་དུ་ནི་མ་ཡིན་ནོ། །མི་ཤེས་པ་ནི་མ་གཏོགས་སོ་ཞེས་འབྱུང་བའི་མ་གཏོགས་པའི་དོན་ནི་སློབ་དཔོན་རྒྱལ་པོའི་སྲས་སྐྱབས་འགྲོ་བརྗེད་པ་དང༌། ༼མི་ཤེས་པ་༽མ་བྱང་བ་ལ་འཆད་མོད་ཀྱི། སློབ་དཔོན་གང་སྤེལ་གང་ཞིག དཀོན་མཆོག་གསུམ་ལ་ཐེ་ཚོམ་ཟ་བ་དང་ལོག་པར་ཞུགས་པའི་བསམ་པས་སྐྱབས་སུ་མི་འགྲོ་བ་ཅན་ལ་ནི་སྡོམ་པ་མི་སྐྱེ་ལ། གང་ཞིག་འབོགས་པ་པོ་དང་ལེན་པ་པོས་སྐྱབས་སུ་འགྲོ་དགོས་པར་མ་ཤེས་པས་སྐྱབས་སུ་མི་འགྲོ་བ་ཡིན་གྱི་ལོག་པར་ཞུགས་པའམ་ཐེ་ཚོམ་ཟ་བས་སྐྱབས་སུ་མི་འགྲོ་བ་མ་ཡིན་པ་དེ་ལ་ནི་སྐྱབས་སུ་མ་སོང་ཡང་བསྙེན་གནས་ཀྱི་སྡོམ་པ་སྐྱེའོ། །ཞེས་འཆད་པ་ལྟར་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་སྤྱིར་སྐྱབས་འགྲོ་སྔོན་དུ་མ་སོང་བ་མིན་ཀྱང་སྡོམ་པ་བླང་དུས་སུ་སྐྱབས་ཚིག་སྔོན་དུ་མ་སོང་བའི་དོན་ཡིན་སྙམ་སྟེ། དེ་མིན་ན་མཚོ་ཊཱིཀ་ལས། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་རུང་བ་དང༌། ཞེས་སྐྱབས་འགྲོའི་ཕན་ཡོན་བཤད་སྐབས་སུ་བཤད་པ་ལྟར་སྡོམ་པ་ཐམས་ཅད་ཀྱི་རྟེན་སྐྱབས་འགྲོ་མ་ཡིན་པར་འགྱུར་རོ་ཞེ་ན། དགེ་སློང་མའི་ལྷག་མའི་སྐབས་སུ་རྩ་བར། དཀོན་མཆོག་གཏོང་བའོ། །ཞེས་དཀོན་མཆོག་གཏོང་བའི་ལྷག་མ་ཡོད་པར་གསུངས་པས་ཅུང་ཟད་དཔྱད་པར་བྱའོ། །སྡོམ་པ་ཐོབ་པ་དེ་བྱིན་པ་ལེན་པའི་ཚུལ་གྱིས་འཐོབ་པ་ཡིན་ནམ། ཟློས་པར་བྱེད་པའི་རྗེས་སུ་བཟླས་པ་ལས་འཐོབ་པ་ཡིན་ཞེ་ན། ཕྱི་མ་ལྟར་ཡིན་གྱི། སྔ་མ་ལྟར་ནི་མ་ཡིན་ཏེ། ཊཱི་ཀ་ལས། བྱིན་པ་བླང་བ་ལྟ་བུ་ནི་མ་ཡིན་ཏེ། སྡོམ་པ་ནི་རང་གི་སེམས་ལ་རག་ལས་པའི་ཕྱིར་རོ། །ཞེས་སོ། །གཞན་དུ་ན་སློབ་མས་སྡོམ་པ་ཐོབ་པ་ན་འབོགས་པ་པོ་ལ་སྡོམ་པ་མེད་པར་ཐལ་བར་འགྱུར་ཏེ། ཊཱི་ཀ་ལས། དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་དག་ནི་རེ་རེར་ཟད་པའི་ཕྱིར། ཞེས་སོ། །

གཉིས་པ་གང་ལ་སྐྱབས་སུ་འགྲོ་བའི་ཡུལ།

གཉིས་པ་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ནི།

སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྟེ། དེ་དག་ལ་གྲུབ་མཐའི་འདོད་ལུགས་མང་ཡང༌། བྱེ་བྲག་སྨྲ་བའི་ལུགས་ཀྱིས།སངས་རྒྱས་ནི་སྔོན་ཐོག་མ་མེད་པའི་དུས་ནས་དབང་པོ་རྣོན་པོའི་རིགས་སུ་འོངས་པ་བསྐལ་བ་གྲངས་མེད་པ་གསུམ་དུ་ཚོགས་བསགས་པའི་སོ་སོའི་སྐྱེ་བོ་དེས་མཚན་མོ་གཅིག་ལ་སྲོད་ལ་བདུད་བཏུལ། ནམ་གུང་ལ་བསམ་གཏན་བཞི་པ་ལ་མཉམ་པར་བཞག་སྟེ། ཐོ་རངས་སངས་རྒྱས་པ་དེའི་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་དེ་སངས་རྒྱས་ཡིན་པར་འདོད་དོ། །སྐྱེ་བ་མཐའ་མའི་བྱང་ཆུབ་སེམས་དཔའ་དེ་སོ་སོའི་སྐྱེ་བོ་ཡིན་པར་ནི། མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང༌། །ནད་པ་དང་ནི་ཆོས་སྨྲ་དང༌། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པར་འགྱུར། །ཞེས་སོ། །ཆོས་ནི་མྱ་ངན་ལས་འདས་པ་སྟེ། འགོག་པའི་བདེན་པ་རྫས་སུ་གྲུབ་པར་འདོད་ཅིང༌། དགེ་འདུན་ནི་ཞུགས་འབྲས་བརྒྱད་ཀྱི་ཡེ་ཤེས་སོ། །སངས་རྒྱས་དང་དགེ་འདུན་གཉིས་ཀའི་གཟུགས་སྐུ་ནི་སྔ་ཕྱིའི་ཁྱད་པར་དུ་གྱུར་པ་མེད་པའི་ཕྱིར་སྐྱབས་གནས་མ་ཡིན་ནོ། །ཞེས་སོ། །དེ་དག་ནི་མཛོད་ལས། གང་དག་གསུམ་ལ་སྐྱབས་འགྲོ་བ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང༌། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་སོ། །མདོ་སྡེ་པ་ནི་གཞན་སྔ་མ་དང་འདྲ་ལ་ཆོས་རྫས་སུ་མི་འདོད་ཅིང༌། སངས་རྒྱས་དང་དགེ་འདུན་གཉིས་ཀྱི་རྟེན་སྐུ་དང་བརྟེན་པ་ཡེ་ཤེས་གཉིས་ཀ་ལ་སྐྱབས་སུ་འགྲོ་སྟེ་དེ་ལྟར་མཛོད་འགྲེལ་ལས་བཤད་དོ། །སྐབས་འདིར་ནི་བྱེ་བྲག་སྨྲ་བའི་གཞུང་ལུགས་ལྟར་གཟུང་ངོ༌། །

གསུམ་པ་གང་གིས་སྐྱབས་སུ་འགྲོ་བའི་རྟེན།

གསུམ་པ་གང་གིས་སྐྱབས་སུ་འགྲོ་བའི་རྟེན་ནི།

སྤྱིར་ན་འཇིགས་པ་ལས་ཐར་བར་འདོད་པའི་འགྲོ་བ་གང་ཡང་རུང་བ་སྟེ། སྐབས་འདིར་ནི་དགེ་བསྙེན་གྱི་རྟེན་དུ་རུང་བའོ། ། བཞི་པ་སྐྱབས་འགྲོའི་ངོ་བོ་ནི། བྱེ་བྲག་སྨྲ་བ་ལྟར་ན། ངག་གི་རྣམ་པར་རིག་བྱེད་འཁོར་དང་བཅས་པ་སྟེ། མཛོད་འགྲེལ་ལས། སྐྱབས་སུ་འགྲོ་བ་རྣམས་ཀྱི་རང་བཞིན་ཅི་ཞེ་ན་ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་དག་ཡིན་ནོ། །ཞེས་དང༌། མཛོད་ཀྱི་འགྲེལ་བཤད་ལས། ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་དག་ཡིན་ནོ་ཞེས་བྱ་བ་ནི། ནོད་པའི་དུས་ཀྱི་དབང་དུ་བྱས་ནས་ཡིན་ཏེ། ཁས་ལེན་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །འཁོར་དང་བཅས་ན་ནི་ཕུང་པོ་ལྔའི་རང་བཞིན་ཡིན་ཏེ། སེམས་ཀྱིས་ཀུན་ནས་བསླང་པའི་ཚིག་གིས་སྐྱབས་སུ་འགྲོ་ཡི། སེམས་མེད་པར་ནི་མ་ཡིན་ནོ། །ཞེས་སོ། །སྐྱབས་འགྲོ་ལ་ངག་གི་རྣམ་པ་རིག་བྱེད་ཀྱིས་ཁྱབ་ན་གཟུགས་མེད་འཕགས་པ་དང་འགོག་སྙོམས་པའི་རྒྱུད་ལ་སྐྱབས་འགྲོ་མེད་པར་འགྱུར་རོ། །

ལྔ་པ་ཆོ་ག་གང་གིས་སྐྱབས་འགྲོ་བླང་བ།

ལྔ་པ་ཆོ་ག་གང་གིས་སྐྱབས་འགྲོ་བླང་བ་ནི།

སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ཕྱག་མཆོད་དང༌། དངོས་གཞི་རྗེས་ཟློས་ལན་གསུམ་དང༌། མཇུག་བསླབ་བྱ་བཤད་པ་དང་བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་བྱ་བའོ། ། དྲུག་པ་སྐྱབས་འགྲོ་སྐྱེ་བའི་རྒྱུ་ནི། ལུས་ཀྱི་རྟེན་འགྲོ་བ་གང་ཡང་རུང་བ། བསམ་པའི་རྟེན་འཇིགས་པ་ལས་ཐར་བར་འདོད་ཅིང་སྐྱབས་གནས་ཤེས་པ། བརྡ་སྤྲོད་པའི་ཆོ་གའི་རིག་བྱེད་དང་གསུམ་ལས་སྐྱེའོ། ། བདུན་པ་སྐྱབས་འགྲོའི་བསླབ་བྱ་ནི། བརྒྱད་དེ། སངས་རྒྱས་ལ་སྐྱབས་སུ་སོང་ནས་ལྷ་གཞན་ལ་ཕྱག་མཆོད་སྤང༌། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་སྤང༌།དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་དང་མཐུན་འཇུག་སྤང་བ་སྟེ། སོ་སོའི་བསླབ་བྱ་གསུམ་མོ། །ཐུན་མོང་གི་བསླབ་བྱ་ལྔ་སྟེ། ལུས་སྲོག་བྱ་དགའི་ཆེད་དུ་ཡང་དཀོན་མཆོག་གསུམ་མི་སྤང་བ་དང༌། ན་ཚ་ལ་སོགས་པའི་སྡུག་བསྔལ་ཅི་བྱུང་ཡང་དཀོན་མཆོག་གསུམ་ལ་བསྟེན་པ་མ་གཏོགས་པའི་ཐབས་གཞན་མི་བཙལ་བ་དང༌། དུས་དང་དུས་སུ་མཆོད་པ་རྒྱ་ཆེན་པོ་བྱ་ཞིང་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་དང༌། དུས་རྟག་ཏུ་སྐྱབས་འགྲོ་ལ་བརྩོན་པར་བྱ་ཞིང༌། ཐ་ན་ཉིན་ལན་གསུམ་མཚན་ལན་གསུམ་སྐྱབས་འགྲོ་བྱ་བ་དང༌། ཕྱོགས་གང་དུ་འགྲོ་ཡང་ཕྱོགས་དེའི་སྐྱབས་གནས་ལ་ཁྱད་པར་དུ་ཡང་སྐྱབས་སུ་འགྲོ་བ་ལ་བསླབ་བོ་ཞེས་མཚོ་ཊཱིཀ་ལས་གསུངས་སོ། ། བརྒྱད་པ་སྐྱབས་འགྲོའི་ཕན་ཡོན་ནི་བརྒྱད་དེ། ནང་པ་སངས་རྒྱས་པར་ཚུད་པ་དང༌། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་རུང་བ་དང༌། ཚེ་རབས་སུ་བསགས་པའི་སྡིག་པ་རྣམས་ཟད་ཅིང་བསྲབས་པར་འགྱུར་བ་དང༌། ངན་སོང་དང་ལོག་པར་ལྟུང་བར་མི་སྐྱེ་བ་དང༌། མི་དང་མི་མ་ཡིན་པའི་གནོད་པས་མི་ཚུགས་པ་དང༌། བསམ་པའི་དོན་ཐམས་ཅད་ཆོས་བཞིན་དུ་འགྲུབ་པ་དང༌། བསོད་ནམས་རྒྱ་ཆེན་པོ་འཐོབ་པ་དང༌། མྱུར་དུ་སངས་རྒྱས་ཐོབ་པར་འགྱུར་བའོ། ། གཉིས་པ་རབ་བྱུང་གི་སྡོམ་པའི་ཆོ་ག་བཤད་པ་ལ། སྐབས་འདིའི་བར་ཆད་བཤད་པ་དང༌། རབ་བྱུང་གི་སྡོམ་པའི་ཆོ་ག་དངོས་བཤད་པ་དང་གཉིས། དང་པོ་སྐབས་འདིའི་བར་ཆད་ཀྱི་སྤྱི་དོན་དང་གལ་ཆེ་བ་བྱེ་བྲག་ཏུ་བཤད་པ་དང་གཉིས་ལས། དང་པོ་ནི། རྩ་བར། རབ་ཏུ་དབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་མུ་སྟེགས་ཅན་མ་ཡིན་ནམ་ཞེས་འདྲི་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་ངོ། །ཞེས་སོགས་སོ། །སྐབས་འདིའི་བར་ཆད་ཀྱི་སྤྱི་དོན་ལ་དགུ་ལས། དང་པོ་བར་ཆད་ཀྱི་དབྱེ་བ་ནི་སྡོམ་པ་སྐྱེ་བ་ལ་བར་དུ་གཅོད་པ་དང༌། སྡོམ་པ་གནས་པ་ལ་བར་དུ་གཅོད་པ་དང༌། སྡོམ་པ་ཁྱད་པར་དུ་འགྲོ་བ་ལ་བར་དུ་གཅོད་པ་དང༌། སྡོམ་ལྡན་མཛེས་པ་ལ་བར་དུ་གཅོད་པ་དང་བཞིའོ། །དང་པོ་ལ། ལུས་ཀྱི་རྟེན་མ་ཡིན་པས་སྡོམ་པ་མི་སྐྱེ་བ་དང༌། ལས་སྒྲིབ་ཀྱི་དབང་གིས་དང༌། གནས་སྐབས་ཀྱི་དབང་གིས་དང༌། བསམ་པའི་དབང་གིས་སྡོམ་པ་མི་སྐྱེ་བ་དང་བཞིའོ། །དང་པོ་ནི། སྤྲུལ་དང་ཕོ་མོ་མ་ནིང་ལྔ་ལྔ་བཅུ། །མཚན་ལན་གསུམ་གྱུར་མཚན་དུག་མཚན་མེད་དང༌། །ཟ་མ་དུད་འགྲོ་མི་མིན་སྒྲ་མི་སྙན། །ལུས་ངག་སྡོམ་པ་འཐོབ་མིན་བཅོ་བརྒྱད་དོ། །གཉིས་པ་ནི། རྐུ་ཐབས་གནས་དང་མུ་སྟེགས་ཅན་ཞུགས་དང༌། །མཚམས་མེད་ལྔ་དང་རྣམ་དག་སུན་ཕྱུང་དང༌། །རྩ་ལྟུང་འཆབ་བཅས་བྱུང་དང་སྔོན་རབ་བྱུང༌། །ཚེ་འདིའི་ལས་སྒྲིབ་རྣམ་པ་བཅུ་ཉིད་དོ། །གསུམ་པ་ནི། རང་རང་སྐབས་ཀྱི་ལོ་གྲངས་མ་ལོན་དང༌། །ཁྱིམ་པའི་ཆ་ལུགས་དག་དང་ལྡན་པ་དང༌། །རབ་བྱུང་འདི་པའི་ཆ་ལུགས་ཡོངས་ཉམས་དང༌། །ཆད་པའི་རྒྱུ་བཟློག་ཁས་མི་ལེན་དང་བཞིའོ། །བཞི་པ་ནི། མུ་སྟེགས་ལྟ་དང་སྐྱེ་ཚེ་ལེན་སེམས་ལོག །འདོད་ཆགས་ཀྱིས་གཟིར་རང་དབང་མེད་གྱུར་དང༌། །ཁྲོས་པས་རང་དབང་མེད་པར་སེམས་འཁྲུགས་དང༌། །གཏི་མུག་དབང་གྱུར་འཐོབ་ཤེས་མེད་དང་ལྔའོ། །ལུང་ཞུ་བ་ལས། གང་ཟག་གསུམ་ནི་བསྙེན་པར་མ་རྫོགས་པ་ཡིན་ཏེ། བདག་ཉིད་ཀྱི་མིང་མི་བརྗོད་པ་དང་མཁན་པོའི་མིང་མི་བརྗོད་པ་དང་བདག་ཉིད་བསྙེན་པར་རྫོགས་པ་མི་ཤེས་པའོ། །ཞེས་སོ། ། གཉིས་པ་བསྡུ་བ་ལ་གཉིས་ལས་ངོ་བོའི་ཆ་ནས་བསྡུ་ན། གཙོ་བོའི་བར་ཆད་དང་གཙོ་བོ་མ་ཡིན་པའི་བར་ཆད་གཉིས་སུ་འདུས་ཏེ། སྡོམ་པ་སྐྱེ་བ་ལ་བར་དུ་གཅོད་པ་དང༌། སྡོམ་པ་སྐྱེ་ཡང་རབ་ཏུ་བྱུང་བར་མི་འོས་པ་རྣམས་སོ། །དུས་ཀྱི་ཆ་ནས་བསྡུ་ན་གཉིས་སུ་འདུས་ཏེ། ཊཱི་ཀ་ལས། བར་ཆད་རྣམ་པ་གཉིས་པོ་རེ་ཞིག་པ་དང་གཏན་དུ་བ། ཞེས་སོ། །རེ་ཞིག་པ་ནི་ཚེ་དེ་ལ་གྲོལ་བའི་སྐབས་ཡོད་པ་སྟེ། སྐྱེ་བའི་བར་ཆད་ལོ་ཉི་ཤུ་མ་ལོན་པ་དང༌། གནས་པའི་བར་ཆད་ཕ་མས་མ་གནང་བ་ལ་སོགས་པའོ། །གཏན་དུ་བ་ནི་ཚེ་དེ་ལ་གྲོལ་བའི་སྐབས་མེད་པའོ། ། མཛེས་པའི་བར་ཆད་ལག་རྡུམ་དང༌། སྐྱེ་བའི་བར་ཆད་མ་བསད་པ་ལ་སོགས་པའོ། །གསུམ་པ་སྐབས་འདིར་བསྟན་པའི་བར་ཆད་ཀྱི་མཚན་ཉིད་ནི་བསྒྲུབ་བྱ་ཡུལ་གྱི་ཆོས་གང་ཞིག་གིས་ཆོས་འདི་བའི་དགེ་སྦྱོང་གི་བྱེ་བྲག་བྱ་རུང་གི་གེགས་བྱེད་པའོ། །བཞི་པ་བྱེད་ལས་ནི་གཉིས་ལས། ཐུན་མོང་གི་བྱེད་ལས་ནི་འབོགས་པ་པོ་ལ་ཉེས་པ་བསྐྱེད་པ་སྟེ། དེ་ཡང་ལྷག་མ་དང་ལྟུང་བྱེད་དང་ཉེས་བྱས་ཅི་རིགས་སུ་སྐྱེད་པའོ། །སོ་སོའི་བྱེད་ལས་ནི་སྡོམ་པ་སྐྱེ་བ་ལ་བར་དུ་གཅོད་པ་ལ་སོགས་པ་བཞི་སྟེ་སྔར་བཤད་ཟིན་ཏོ། །

ལྔ་པ་རྟེན་གང་ལ་བར་ཆད་གང་བཞག་པ།

ལྔ་པ་རྟེན་གང་ལ་བར་ཆད་གང་བཞག་པ་ནི་བཞི་ལས།

སྐྱེས་པ་ཁོ་ན་ལ་བཞག་པ་ནི་བུད་མེད་འདྲ་བའི་སྐྱེས་པ་དང༌། བུད་མེད་ཀྱིས་དུབ་པ་དང༌། རང་གཅིག་པུ་མི་ཚངས་པར་སྤྱོད་པའི་ཕམ་པ་ནི་སྐྱེས་པ་ཁོ་ནའི་འོ། །དབྱེན་བྱས་པའི་མཚམས་མེད་ཀྱང་རྟེན་མཚན་མ་གྱུར་ན་སྐྱེས་པ་ཁོ་ན་ལ་བཞག་གོ། ། བུད་མེད་ཁོ་ན་ལ་བཞག་པ་ནི་སྐྱེས་པ་འདྲ་བའི་བུད་མེད་དང༌། སྔོན་རབ་ཏུ་བྱུང་བ་དང༌། དགེ་སློང་མའི་ཕམ་པ་ཐུན་མོང་མ་ཡིན་པ་བཞི་པོ་རྣམས་སོ། །སྐྱེས་པ་དང་བུད་མེད་ཐུན་མོང་ལ་བཞག་པ་ནི་མ་བསད་པ་ལ་སོགས་པ་ཕལ་ཆེ་བ་རྣམས་སོ། །མ་ནིང་ལ་སོགས་པ་ལ་བཞག་པ་ནི། ཕོ་མ་ནིང་ལྔ་དང་མོ་མ་ནིང་ལྔ་དང་ཟ་མའོ། ། དྲུག་པ་འདུ་ཤེས་གཙོའམ་དངོས་པོ་གཙོ་བའི་དོན་ནི་གཉིས་ལས། དང་པོ་བར་ཆད་ཅན་རབ་ཏུ་བྱུང་ན་ལྟུང་བ་བསྐྱེད་ལྡོག་ནས་འདུ་ཤེས་གཙོ་སྟེ། མི་ཚངས་པར་སྤྱོད་པ་དང་ཁུ་བ་འབྱིན་པ་གཉིས་ལ་ནི་དེར་མ་ཟད་དོ་ཞེས་པའི་ཤུགས་ཀྱིས་གཞན་རྣམས་འདུ་ཤེས་གཙོ་བོར་གྲུབ་ཅིང༌། བར་ཆད་ཡོད་པར་མ་ཤེས་ན་བར་ཆད་ཅན་རབ་ཏུ་འབྱིན་པའི་ལྟུང་བའི་ཀུན་སློང་ལྡོག་པའི་ཕྱིར་རོ། །

གཉིས་པ་བར་ཆད་དུ་འགྱུར་པའི་ལྡོག་པ་ནས་སྤྱིར་བཏང་ལ་དངོས་པོ།

གཉིས་པ་བར་ཆད་དུ་འགྱུར་པའི་ལྡོག་པ་ནས་སྤྱིར་བཏང་ལ་དངོས་པོ་གཙོ་སྟེ།

གླེང་གཞི་ལས། བར་ཆད་གེགས་ཡིན་གྱི་ཁས་ལེན་པ་གེགས་མ་ཡིན། ཞེས་གསུངས་ཏེ།དེའི་གནད་ཀྱིས་འདིར་ཡང་བར་ཆད་གེགས་ཡིན་གྱི་དེར་འདུ་ཤེས་པ་གེགས་མ་ཡིན་ཞེས་སྦྱར་ཏེ། རྒྱུ་མཚན་མཚུངས་པ་ཡིན་པའི་ཕྱིར་རོ། །དམིགས་བསལ་ནི་དངོས་པོ་ལ་ལོ་ཉི་ཤུ་མ་ལོན་ཡང་ལོན་པར་འདུ་ཤེས་ན་འདུ་ཤེས་གཙོ་བོ་སྟེ། གཅིག་ཤོས་ལ་ནི་ལོན་པར་འདུ་ཤེས་ཉིད་ནའོ། །ཞེས་དང༌། ཊཱི་ཀ་ལས། ལོ་ཉི་ཤུ་མ་ལོན་པ་ལ་ལོ་ཉི་ཤུ་ལོན་པ་ཉིད་དུ་ཤེས་ན་བསྙེན་པར་རྫོགས་པ་འཆགས་ཏེ། འདི་ལ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །ཞེས་སོ། །འོན་ཀྱང་དངོས་པོ་ལ་ལོ་ཉི་ཤུ་ལོན་ན་ནི་མ་ལོན་པར་འདུ་ཤེས་ན་ཡང་དངོས་པོ་གཙོ་བོ་སྟེ། རྣམ་པ་ཐམས་ཅད་དུ་ལོ་ཉི་ཤུ་ལོན་པ་ལ་ནི་བསྙེན་པར་རྫོགས་པ་འཆགས་སོ། །ཞེས་དང༌། ཊཱི་ཀ་ལས། དེའི་ཚེ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་མེད་དེ། འདི་ལྟར་བསྙེན་པར་རྫོགས་པར་བྱེད་པ་དག་ལོ་ཉི་ཤུ་མ་ལོན་པ་ཉིད་དུ་འདུ་ཤེས་སུ་ཟིན་ཀྱང༌། གང་ཟག་ལོ་ཉི་ཤུ་ལོན་པ་ལ་བསྙེན་པར་རྫོགས་པ་འཆགས་ཏེ། ལོ་ཉི་ཤུ་ལོན་པའི་ཞིང་ཉིད་ལ་ཉམས་པར་བྱ་བ་མི་ནུས་པའི་ཕྱིར་རོ། །ཞེས་སོ། །

བདུན་པ་དངོས་པོའི་སྟོབས་ཀྱིས་བར་ཆད་ཡིན་པ་དང་བཅས་པའི་སྟོབས་ཀྱིས་བར་ཆད་ཡིན་པ་དོན་ལ་གཉིས།

བདུན་པ་དངོས་པོའི་སྟོབས་ཀྱིས་བར་ཆད་ཡིན་པ་དང་བཅས་པའི་སྟོབས་ཀྱིས་བར་ཆད་ཡིན་པའི་དོན་ལ་གཉིས་ལས།

དང་པོ་བར་ཆད་ཅན་རབ་ཏུ་བྱུང་ན་ལྟུང་བ་བསྐྱེད་པའི་ལྡོག་པ་ནས་བཅས་པའི་སྟོབས་ཀྱིས་ཡིན་ཏེ། མ་བཅས་པ་ལ་ལྟུང་བ་མེད་པའི་ཕྱིར་རོ། །གཉིས་པ་བར་ཆད་དུ་འགྱུར་བའི་ལྡོག་པ་ནས་ནར་མ་སོན་པ་ལས་གཞན་པ་ཐམས་ཅད་དངོས་པོའི་སྟོབས་ཀྱིས་བར་ཆད་ཡིན་ཏེ། ལུང་གཞི་ལས། མ་བསད་པ་ནི་ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས་ཆོས་འདུལ་བ་འདི་ལས་ཕྱིར་བསྙིལ་བར་བྱའོ། །ཞེས་གསུངས་ཤིང༌། དེ་བཞིན་དུ་ཕ་བསད་པ་ལ་སོགས་པ་གཞན་རྣམས་ལའང་གསུངས་པས་གྲུབ་བོ། །ལོ་ཉི་ཤུ་མ་ལོན་པ་ལ་དགེ་སློང་གི་སྡོམ་པ་མི་སྐྱེ་བ་ནི་བཅས་པའི་སྟོབས་ཀྱིས་བར་ཆད་ཡིན་ཏེ། ལུང་རྣམ་འབྱེད་ལས། བཅུ་བདུན་སྡེ་ཁྱེད་ཅག་ལས་དང་པོ་བ་ཡིན་པས་བསྙེན་པར་རྫོགས་པར་གྱུར་གྱིས། ཞེས་གསུངས་པས་གྲུབ་ཅིང༌། གཞན་དུ་ན་ལས་དང་པོ་པ་ལ་སྡོམ་པ་སྐྱེ་བར་མི་རིགས་པའི་ཕྱིར་རོ། ། བརྒྱད་པ་བར་ཆད་ཀྱི་སྒྲ་བཤད་པ་ནི་རང་རང་གི་སྐབས་ཀྱི་སྡོམ་པ་སྦྱིན་དུ་རུང་བའི་གེགས་བྱེད་པས་ན་བར་ཆད་ཅེས་བྱའོ། །

དགུ་པ་བར་ཆད་དྲི་བའི་ཚུལ་ལ་དྲུག

དགུ་པ་བར་ཆད་དྲི་བའི་ཚུལ་ལ་དྲུག་ལས།

དང་པོ་དགོས་པ་ནི་བར་ཆད་མ་དྲིས་པའི་ཉེས་པ་ཁེགས་པ་དང༌། བར་ཆད་ཡོད་མེད་རྟོགས་པའོ། །གཉིས་པ་ཡུལ་གང་ལ་དྲི་བ་ནི། རབ་ཏུ་བྱུང་བ་དང་བསྙེན་རྫོགས་མ་ནོད་པའི་ཕྱིར་མངོན་སུམ་ན་གནས་པ་ལ་སྟེ། རབ་ཏུ་དབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ཞེས་པ་དང༌། བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཞེས་པའི་ཤུགས་ཀྱིས་གྲུབ་བོ། །

གསུམ་པ་རྟེན་གང་གིས་དྲི་བ་ནི།

རབ་ཏུ་འབྱིན་པ་ན་དང་པོར་མཁན་པོས་དྲི་ཞིང༌། བསྙེན་རྫོགས་བྱེད་པ་ན་གསང་སྟེ་སྟོན་པ་དང་ལས་བྱེད་པས་དྲི་བའོ། ། བཞི་པ་དངོས་པོ་གང་དྲི་བ་ནི་བར་ཆད་རྣམས་སོ། །

ལྔ་པ་ཚུལ་ཇི་ལྟར་དྲི་བ་ནི།

འགལ་རྐྱེན་རྣམས་དགག་ཚིག་ཏུ་དྲི་སྟེ་མ་བསད་པ་མ་ཡིན་ནམ་ཞེས་པ་ལྟ་བུའོ། །མཐུན་རྐྱེན་རྣམས་ནི་སྒྲུབ་ཚིག་ཏུ་དྲི་སྟེ་ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ་ཞེས་པ་ལྟ་བུའོ། །

དྲུག་པ་དྲིས་ནས་ཇི་ལྟར་སྒྲུབ་པ་ནི།

བར་ཆད་དང་མི་ལྡན་ན་ཁོ་བོས་ཁྱོད་རབ་ཏུ་དབྱུང་བར་བགྱིའོ་ཞེས་སྐབས་དབྱེའོ། །ལྡན་ན་ནི་འོ་ན་སོང་ཞིག་ཅེས་བརྗོད་པར་བྱའོ། ། གཞི་འགྲེལ་ལས། བར་ཆད་ཀྱི་ཆོས་དེ་དག་ཀྱང་རབ་ཏུ་བྱུང་བའི་གཞི་དང་ཕྲན་ཚེགས་ལ་སོགས་པ་ལས་གསུངས་པ་ཐམས་ཅད་གོ་རིམ་བཞིན་དུ་དྲི་བར་བྱའོ། །ཞེས་གསུངས་སོ། །དག་གིས་ཀྱང་ངོ༌། །ཞེས་པའི་ཊཱི་ཀ་ལས། གསང་སྟེ་སྟོན་པ་ཁོ་ནས་འདྲི་ཞིང་ལས་བྱེད་པས་ཀྱང་ཡིན་ན། ཇི་ལྟར་བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་ངོ་ཞེས་མང་པོའི་ཚིག་ཏུ་བྱ་ཞེ་ན་ཞེས་པ་ནི། ལྐོག་ཏུ་གསང་སྟེ་སྟོན་པ་གཅིག་པུས་འདྲི་ཞིང༌། དགེ་འདུན་གྱི་དབུས་སུ་ལས་བྱེད་པ་གཅིག་པུས་འདྲི་བ་ཡིན་ན། དག་གིས་ཀྱང་ངོ༌། །ཞེས་མང་པོའི་ཚིག་ཏུ་བྱས་པ་འགལ་ཞེ་ན། ཊཱི་ཀ་ལས། ལྐོག་ཏུ་གསང་སྟེ་སྟོན་པས་གང་འདྲི་བར་བྱེད་པ་དེ་ནི་བསྙེན་པར་རྫོགས་པར་བྱེད་པ་དག་གིས་བྱས་པ་ཁོ་ན་ཡིན་པར་རིག་པར་བྱ་སྟེ། དེ་དག་གིས་བསྐོས་པ་ཡིན་པས་དེས་བྱས་པ་ནི་དེ་དག་ལ་ཉེ་བར་གདགས་པའི་ཕྱིར་རོ། །ཞེས་སོ། །དྲིས་ནས་ཇི་ལྟར་བྱ་ཞེ་ན། རྩ་བར། ཤཱཀྱ་དང་མེ་པ་རལ་བ་ཅན་མ་གཏོགས་པ་སེམས་མགུ་བར་མ་གྱུར་བའི་མུ་སྟེགས་ཅན་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །ཞེས་སོ། །ཤཱཀྱ་སྔོན་མུ་སྟེགས་པ་ཡིན་ཀྱང་དེ་རབ་ཏུ་དབྱུང་དུ་རུང་བ་ནི། འགྲེལ་ཆུང་ལས། ཤཱཀྱའི་རིགས་སུ་གཏོགས་པ་ནི། དགྲ་ལ་ཕྱིར་མི་ནུར་བས་དཔའ་བ་དང༌། ཆང་མི་འཐུང་བ་དང༌། རྫུན་དང་གཡོ་མེད་པས་ན། ཞེས་སོ། །མེ་པ་རལ་པ་ཅན་ནི། མེ་ལ་ལྷར་འཛིན་ཅིང་སྦྱིན་སྲེག་བྱེད་པ་ལ་བརྩོན་པ་ཆ་ལུགས་རལ་པ་རིང་པོ་ཅན་ཏེ། ལྟ་བ་ལས་རྒྱུ་འབྲས་ཁས་ལེན་པའོ། ། སྔོན་མུ་སྟེགས་ཡིན་ཡང་དེ་གཉིས་རབ་ཏུ་དབྱུང་དུ་རུང་བ་ནི། ཊཱི་ཀ་ལས། དེ་ཉིད་བདེན་པ་ཁོ་ནས་ཡིན་གྱིས་སྒྱུས་མ་ཡིན་པས། ཞེས་གསུངས་སོ། །མཚོ་ཊཱིཀ་ལས། མུ་སྟེགས་ཡིན་ཡང་དེ་གཉིས་རབ་ཏུ་དབྱུང་དུ་རུང་བ། ཞེས་ཤཱཀྱ་དང་མེ་པ་རལ་པ་ཅན་གཉིས་ནི་མུ་སྟེགས་པ་ཡིན་ན་སྐྱབས་འགྲོ་རྒྱུད་ལ་མེད་དགོས་ལ། སྐྱབས་འགྲོ་མེད་ན་སྡོམ་པའི་རྟེན་མེད་པར་འགྱུར་ཏེ། མཛོད་རྩ་བ་ལས། སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པའི་ཕྱིར་ཟེར་ན་མཚོ་ཊཱིཀ་འོག་ཏུ་བཀོད་པ་ལྟར་སྔོན་མུ་སྟེགས་ཅན་ཡིན་པ་ལས་ཕྱིས་སུ་མུ་སྟེགས་པ་མ་ཡིན་པ་ལྟ་བུ་གསུངས་པ་ལྟར་ཡིན་ན་དེ་གཉིས་ལས་གཞན་པའི་སྔོན་མུ་སྟེགས་པ་ཐམས་ཅད་རབ་ཏུ་བྱུང་ན་གནས་པ་སྦྱིན་ནས་བརྟག་དགོས་པས་ཁྱབ་བ་ཡོད་མེད་དཔྱད་པར་བྱའོ། །

གཉིས་པ་གལ་ཆེ་བ་བྱེ་བྲག་ཏུ་བཤད་པ།

གཉིས་པ་གལ་ཆེ་བ་བྱེ་བྲག་ཏུ་བཤད་པ་ནི།

བཀོལ་བ་མིང་དང་མིང་ཅན་དུ་སྦྱར་བ་ནི། རྩ་བར། བཀོལ་བ་དེ་ནི་མུ་སྟེགས་ཅན་དང་ཤཱཀྱ་ལ་སོགས་པའི་མཇུག་གི་མུ་སྟེགས་ཅན་བཀོལ་པའོ། །ཞེས་སོ། །འདིའི་དོན་ལ་ལྔ་ལས། དང་པོ་དགོས་པའི་དོན་ནི། ཡི་གེ་ཉུང་བ་དང༌། རྟོགས་པར་སླ་བ་སྟེ། བར་ཆད་ཉི་ཤུ་རྩ་གཉིས་པོ་རེ་རེ་ལ་ཚིག་དྲུག་པོ་ལན་རེ་རེ་སྨོས་ན་ཡི་གེ་མང་པོ་དགོས་ཀྱང༌། ཚིག་དྲུག་ལ་མིང་བཀོལ་བ་ཞེས་བཏགས་པས་ཡི་གེ་ཉུང་བ་དང༌། བཀོལ་བ་ཞེས་བྱས་པས་ཚིག་དྲུག་གི་དོན་དྲན་པར་བྱེད་ཅིང་དོན་རྟོགས་པར་སླ་བ་སྟེ། ཊཱི་ཀ་ལས། མིང་དང་མིང་ཅན་དུ་སྦྱར་ན་དོན་རྟོགས་སླ་བར་འགྱུར། ཞེས་སོ། །

གཉིས་པ་བཀོལ་བ་མིང་དང་མིང་ཅན་དུ་སྦྱར་བ་ནི།

བཀོལ་བ་ཞེས་མིང་བཏགས་པ་འདི། གང་གི་མིང་ཡིན་ཞེ་ན། ༡རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་མ་ཡིན་ནམ་ཞེས་དྲི། ༢རབ་ཏུ་འབྱིན་པར་བྱེད་པ་དག་གིས་མ་ཡིན་ནམ་ཞེས་དྲི། ༣ བསྙེན་པར་རྫོགས་པའི་ཕྱིར་ཉེ་བར་འོངས་པ་ལ་མ་ཡིན་ནམ་ཞེས་དྲི། ༤ བསྙེན་པར་རྫོགས་པར་བྱེད་པ་དག་གིས་མ་ཡིན་ནམ་ཞེས་དྲི། ༥ རབ་ཏུ་དབྱུང་བར་མི་བྱ། ༦ བསྙེན་པར་རྫོགས་པར་མི་བྱ་ཞེས་ཚིག་དྲུག་ལ་མིང་བཀོལ་བ་ཞེས་བཏགས་ཏེ། བཀོལ་བ་ཞེས་པ་དེ་མིང་ཡིན་ལ། ཚིག་དྲུག་པོ་དེ་མིང་ཅན་ཡིན་ནོ། །

གསུམ་པ་བཀོལ་བ་སྦྱར་བའི་ཕྱོགས་ངོས་གཟུང་བ་ནི།

བར་ཆད་ཉི་ཤུ་རྩ་གཉིས་ལ་བཀོལ་བ་སྦྱར་ཏེ། གཞི་ལས་བར་ཆད་བཅུ་བཞི་ལ་བཀོལ་བ་སྦྱར་ཞིང༌། ཕྲན་ཚེགས་ལས་བར་ཆད་བརྒྱད་ལ་བཀོལ་བ་ཞེས་སྦྱར་བའོ། །

བཞི་པ་བཀོལ་བ་སྦྱར་མི་སྦྱར་གྱི་འཐད་པ།

བཞི་པ་བཀོལ་བ་སྦྱར་མི་སྦྱར་གྱི་འཐད་པ་ནི།

བར་ཆད་རྣམས་ལ་མུ་གསུམ་ཡོད་པ་ལས། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་གཉིས་ཀའི་བར་ཆད་ཐུན་མོང་ཡིན་ལ་དྲི་བ་ཡང་ཐུན་མོང་ཡིན་པའི་མུ་ནི་མ་བསད་པ་ལྟ་བུའོ། །བར་ཆད་ཀྱང་ཐུན་མོང་མ་ཡིན་ལ་དྲི་བ་ཡང་ཐུན་མོང་མ་ཡིན་པའི་མུ་ནི་ལོ་ཉི་ཤུ་མ་ལོན་པ་ལྟ་བུའོ། །བར་ཆད་ཐུན་མོང་ཡིན་ཡང་དྲི་བ་ཐུན་མོང་མ་ཡིན་པའི་མུ་ནི་ལག་རྡུམ་ལ་སོགས་པའོ། །རབ་བྱུང་གི་ཚེ་ལག་རྡུམ་མ་ཡིན་ནམ་ཞེས་དྲི་དགོས་ལ་བསྙེན་རྫོགས་ཀྱི་ཚེ་མི་དགོས་སོ། ། དེ་ལྟར་མུ་གསུམ་ལས། དང་པོ་ལ་ནི། གཞུང་དུ་བཀོལ་བ་སྦྱར་བ་འདི་རིགས་པས་འཐད་དེ། མིང་ཅན་དྲུག་ལ་ལྟོས་པའི་ཚིག་ཚོགས་བསྐྱུང་བའི་དགོས་པ་ཡོད་པའི་ཕྱིར་རོ། །མུ་གཉིས་པ་དང་གསུམ་པ་ལ་ནི། གཞུང་དུ་བཀོལ་པ་མ་སྦྱར་བ་འདི་རིགས་པས་འཐད་དེ། བཀོལ་བའི་མིང་ཅན་དྲུག་མ་ཚང་བའི་ཕྱིར་རོ། །ལྔ་པ་བཀོལ་བའི་སྒྲ་བཤད་པ་ནི། མདོ་སྔ་མ་ལས་མུ་སྟེགས་ཅན་ཞེས་པ་དེ་ལོགས་ཤིག་ཏུ་བཀོལ་ཞིང༌། མདོ་ཕྱི་མ་ལས་ཤཱཀྱ་དང་མེ་པ་རལ་པ་ཅན་དང་སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་དང་གསུམ་བཀོལ་ཏེ། མུ་སྟེགས་ཅན་ལ་སོགས་པ་བཞི་པོ་དེ་དག་ལོགས་ཤིག་ཏུ་བཀོལ་བའི་ལྷག་མ་ཉིད་ཡིན་པས་ན་བཀོལ་བ་ཞེས་བྱ་སྟེ། ཊཱི་ཀ་ལས། མུ་སྟེགས་ཅན་ཞེས་བྱ་བའི་སྒྲ་དེ་དག་བཀོལ་བའི་ལྷག་མ་ནི་བཀོལ་བ་ཞེས་བྱ། ཞེས་སོ། །རྩ་བར། ལས་ཀྱིས་གནས་པ་བྱིན་ལ་ཞེས་པ་འདིའི་དོན་ལ་ལྔ་ལས། དང་པོ་དགོས་པའི་དོན་ནི། དངོས་ཀྱི་དགོས་པ་དགེ་འདུན་རྣམས་ཐུགས་མཐུན་པར་འགྱུར་བ་དང༌། བརྒྱུད་པའི་དགོས་པ་སེམས་མགུ་བ་དེ་བརྟན་མི་བརྟན་རྟོགས་པའོ། །གཉིས་པ་ཡུལ་གང་ལ་སྦྱིན་པ་ནི་ཆོས་བཅུ་ལྡན་ཏེ། སྔོན་མུ་སྟེགས་ཅན་ཡིན་པ་དང༌།ཤཱཀྱ་དང་མེ་པ་རལ་པ་ཅན་མ་ཡིན་པ་དང༌། སེམས་མགུ་བ་ཡིན་པ་དང༌། ད་ལྟ་དགེ་བསྙེན་ཉིད་ཡིན་པ་དང༌། རབ་ཏུ་འབྱུང་བར་འདོད་པ་དང༌། །ཚོགས་སུ་མ་ལོངས་པ་དང༌། རང་གིས་ལན་གསུམ་གསོལ་བ་འདེབས་པ་དང༌། སྔར་ལས་ཀྱིས་གནས་པ་བྱིན་པ་ད་ལྟར་གྱི་གནས་པ་བྱིན་པ་དང་མ་འབྲེལ་བ་དང༌། ཐ་སྙད་དང་ལྡན་པ་དང༌། ལུས་ཐ་མལ་པར་གནས་པའོ། །

གསུམ་པ་རྟེན་གང་གིས་སྦྱིན་པ་ནི།

དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་ཏེ། བཞི་ཡན་ཆད་ཀྱི་གྲངས་ཚང་བ་དང༌། ལས་ཀྱི་ཁ་སྐོང་བར་འོས་པ་དང༌། མི་མཐུན་པ་གཉིས་ཀྱིས་མི་མཐུན་པ་མེད་པ་དང༌། ལས་བྱེད་པ་པོ་རང་མཚན་པ་དང་བཅས་པའོ། །

བཞི་པ་ཆོ་ག་གང་གིས་སྦྱིན་པ།

བཞི་པ་ཆོ་ག་གང་གིས་སྦྱིན་པ་ནི།

སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་རང་གིས་གསོལ་བ་ལན་གསུམ་འདེབས་པ་དང༌། དངོས་གཞི་གསོལ་བ་དང་བཞིའི་ལས་དང༌། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །ལྔ་པ་དངོས་པོ་གང་སྦྱིན་པ་ནི། མཁན་པོར་འགྱུར་བ་དེས་སྦྱར་བའི་གོས་དང་དགེ་འདུན་གྱིས་སྦྱར་བའི་ཟས་ཀྱིས་ཟླ་བ་བཞིར་གནས་པའོ། །མཐའ་ཅན་དེ་ལ་ཞེས་པའི་ཊཱི་ཀ་ལས། དེ་ལ་ཞེས་བྱ་བ་ནི་དགེ་བསྙེན་ཉིད་དུ་བྱས་པའི་མཐའ་ཅན་གྱི་མུ་སྟེགས་ཅན་ལའོ་ཞེས་བཤད་ཅིང༌། ལུང་གཞི་དང་ཀརྨ་ཤ་ཏཾ་དང་མདོ་རྩ་འགྲེལ་ལས། མུ་སྟེགས་ཅན་ལ་ལས་ཀྱིས་གནས་པ་སྦྱིན། ཞེས་གསུངས་ཀྱང༌། མུ་སྟེགས་ཅན་ལ་ལས་ཀྱིས་གནས་པ་བྱིན་པ་ལ་དོན་མེད་དེ། གསོལ་བཞིའི་ལས་ཀྱིས་གནས་པ་སྦྱིན་པའི་ཡུལ། དགེ་བསྙེན་དེ་ནི་མུ་སྟེགས་པ་མ་ཡིན་ཏེ། སོ་སོ་ཐར་པའི་སྡོམ་ལྡན་ཡིན་པའི་ཕྱིར་དང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་འཛིན་པའི་ཕྱིར་རོ། དེའང་ལུང་གཞི་ལས། མུ་སྟེགས་ཅན་རབ་ཏུ་འབྱུང་བར་འདོད་པ་འོངས་ན་གསུམ་ལ་སྐྱབས་སུ་འགྲོ་བ་དང་དགེ་བསྙེན་ཉིད་དུ་ཁས་བླངས་པས་དགེ་བསྙེན་གྱི་སྡོམ་པ་བྱིན་པར་བྱའོ། །ཞེས་དང༌།འདི་ཉིད་ལས། དགེ་བསྙེན་ཉིད་དུ་བྱས་པའི་མཐའ་ཅན་དེ་ལ་དགེ་འདུན་གྱིས་ལས་ཀྱིས་གནས་པ་བྱིན་ལ། ཞེས་པས་གྲུབ་པའོ། །མཚོ་ཊཱིཀ་༡༤༨ལས། དེས་ན་ཡུལ་དེ་དགེ་བསྙེན་ཉིད་ཡིན་ཡང་ལུང་གཞི་དང་མདོ་རྩ་འགྲེལ་ལས་མུ་སྟེགས་ཅན་ཞེས་གསུངས་པ་ནི། སྔོན་མུ་སྟེགས་ཅན་ཡིན་པ་ལ་དགོངས་ཏེ། སྤོ་བའི་གཞིའི་ལུང་ཞུ་བ་ལས། སྔོན་མུ་སྟེགས་ཅན། ཞེས་གསུངས་པས་སོ། །རྩ་བར། རབ་ཏུ་འབྱུང་བའི་ཕྱིར་ཞེས་པ་ལ་སོགས་པ་འདིའི་དོན་ལ་གསུམ་ལས། ༡ སྐབས་འདིའི་བར་ཆད་ཀྱི་མཚན་ཉིད་ནི། ལོ་བཅོ་ལྔ་མ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་དང༌། བྱ་རོག་སྐྲོད་ནུས་ཀྱང་ལོ་བདུན་མ་ལོན་པའོ། །སྔར་བཅས་ལ་ལོ་བཅོ་ལྔ་མ་ལོན་པ་རབ་ཏུ་འབྱིན་པ་བཀག་ནས། རྗེས་བཅས་ལ་ནི་ལོ་བདུན་ལོན་པ་དང་བྱ་རོག་སྐྲོད་ནུས་པ་ཚོགས་དོན་རབ་ཏུ་འབྱུང་བ་གནང་བ་ཡིན་གྱི། ལོ་བདུན་ལོན་ཡང་བྱ་རོག་སྐྲོད་མི་ནུས་ན་ནི་རྗེས་བཅས་ལ་ཡང་གནང་བ་མ་མཛད་དེ། ལོ་བཅོ་ལྔ་མ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་ནི་རྗེས་བཅས་ཀྱི་དུས་ན་ཡང་བཀག་པ་ཉིད་དོ། །འདིར་ཚོགས་དོན་གནང་བ་དང༌། ཆིག་རྐྱང་གནང་བ་གཉིས་མ་འདྲེས་པར་བྱེད་པ་གལ་ཆེའོ། །༢ བྱེད་ལས་ནི་འབོགས་པ་པོ་ལ་ཉེས་བྱས་བསྐྱེད་པ་དང༌། ལོ་བདུན་མ་ལོན་ན་སྡོམ་པ་སྐྱེ་བ་ལ་བར་དུ་གཅོད་པ་སྟེ་སྔར་བཤད་ཟིན་ཏོ། །༣ དགག་བྱ་ནི་གཞན་རྒྱུད་ཆུད་ཟོས་པ་དང་གཞན་མ་དད་པ་སྐྱེ་བའོ། །བཀོལ་བ་བྲན་ནོ་ཞེས་པ་འདིའི་དོན་ལ་གསུམ་ལས། ༡ སྐབས་འདིའི་བར་ཆད་ཀྱི་མཚན་ཉིད་ནི། ཇོ་བོ་མི་ཡིན་པའི་བྲན་དུ་གྱུར་པའོ། །༢ བྱེད་ལས་ནི་སྡོམ་པ་གནས་པ་ལ་བར་དུ་གཅོད་ཅིང་འབོགས་པ་པོ་ལ་ཉེས་བྱས་བསྐྱེད་པའོ། །༣ དགག་བྱ་ཇོ་བོ་ལ་གནོད་པ་དང་གཞན་མ་དད་པ་སྐྱེ་བའོ། །ནད་པ་མ་ཡིན་ནམ་ཞེས་པ་འདིའི་དོན་ལ་གསུམ་ལས། ༡ སྐབས་འདིའི་བར་ཆད་ཀྱི་མཚན་ཉིད་ནི། ནད་མངོན་གྱུར་གང་ཡང་རུང་བ་དེ་དག་ནི་རབ་ཏུ་དབྱུང་བར་བྱ་བ་དང་ལྡན་པའོ། །༢ བྱེད་ལས་ནི་ཁྱད་པར་དུ་འགྲོ་བ་ལ་བར་དུ་གཅོད་ཅིང་འབོགས་པ་པོ་ལ་ཉེས་བྱས་བསྐྱེད་པའོ། །༣ དགག་བྱ་ནི་སྡོམ་པ་ཆུད་ཟོས་པ་དང་རང་གཞན་ལ་གནོད་པའོ། །རབ་ཏུ་འབྱིན་པའི་ཚེ་ནད་སྤྱི་ཙམ་དུ་དྲིས་པས་ཆོག་ལ། བསྙེན་རྫོགས་བྱེད་པའི་ཚེ་ནད་བྱེ་བྲག་ཏུ་ཕྱེ་ནས་འདྲི་དགོས་པ་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རང་བྱུང་ནི་ལོ་བདུན་ལོན་པ་ལ་བྱར་རུང་བས་དེའི་ཚེ་ན་ནད་ཅུང་ཟད་ཙམ་ལ་ཡང་ནད་དུ་འཛིན་པས། ནད་སྤྱི་ཙམ་དུ་དྲིས་པས་ཀྱང་རྟོགས་སླ་བའི་ཕྱིར་དང༌། བསྙེན་རྫོགས་ལ་ནི་ལོ་ཉི་ཤུ་ཡན་ཆད་ལོན་པ་དགོས་པས། དེའི་ཚེ་ནད་ཅུང་ཟད་ཙམ་ལ་ནད་དུ་མི་འཛིན་པས་ནད་བྱེ་བྲག་ཏུ་བཀར་ཏེ་མ་དྲིས་ན་རྟོགས་དཀའ་བའི་ཕྱིར་རཽ། །སྤྲུལ་པའོ་ཞེས་པ་འདིའི་སྐབས་ཀྱི་བར་ཆད་ཀྱི་མཚན་ཉིད་ནི། མི་མ་ཡིན་གྱིས་གཞན་དུ་སྤྲུལ་པ་སྟེ། གཞི་འགྲེལ་ལས། སྤྲུལ་བ་ཞེས་བྱ་བ་ནི་ཀླུ་ལ་སོགས་པའོ། །ཞེས་སོ། །མ་ནིང་ངོ་ཞེས་པ་འདིའི་བར་ཆད་ཀྱི་མཚན་ཉིད་ནི། རྟེན་འདོད་ཁམས་པ་གང་ཞིག དོན་ཕོ་མོ་གང་དུ་ཡང་མ་གཏོགས་པའི་སྲོག་ལྡན་ཡིན་པའི་ཆ་ནས་ཟ་མ་ཙམ་པོ་དང་ཆོས་མཚུངས་པ་ཡིན་པའོ། །ཕོ་མ་ནིང་ལྔ་ཞེས་ཕོའི་ཐ་སྙད་བཏགས་ཀྱང་ཕོ་མོ་གང་དུ་ཡང་མ་གཏོགས་སོ། །ཟ་མ་ཁྱད་པར་ཅན་མ་ནིང་དང་ངོ་བོ་གཅིག་པ་ནི་ཟ་མ་ཙམ་པོ་དང་ཆོས་མཚུངས་པའོ། །ཟླ་བ་ཕྱེད་པ་ནི་ལུང་ལས་ཟླ་བ་ཕྱེད་ཕྱེད་ན་ལུས་འགྱུར་བ་ལ་བཤད་ཅིང༌། ཊཱི་ཀ་ལས། ཟླ་བ་ཕྱེད་ཕྱེད་ན་བསམ་པ་འགྱུར་བ་ལ་བཤད་དེ། ལུང་གཞི་ལས། ཟླ་བ་ཕྱེད་ནི་བུད་མེད་ཟླ་བ་ཕྱེད་ནི་སྐྱེས་པར་འགྱུར་བའོ། །ཞེས་གསུངས་ཤིང་ཊཱི་ཀ་ལས། ཞག་བཅོ་ལྔ་ནི་བུད་མེད་ཀྱི་འདོད་ཆགས་ཀྱིས་གནོད་པར་འགྱུར་ལ་ཞག་བཅོ་ལྔ་ནི་སྐྱེས་པའི་འདོད་ཆགས་ཀྱིས་གནོད་པར་འགྱུར་བ་སྟེ། ཞེས་གསུངས་སོ། །ལུས་ཀྱི་མཚན་འགྱུར་ན་ཆགས་སེམས་ཡང་འགྱུར་ལ། ལུས་མ་འགྱུར་ན་ཡང་ཆགས་སེམས་འགྱུར་བ་སྲིད་པས། ཕྱི་མ་ཁྱབ་ཆེ་བ་ཡིན་ནོ། །གཞི་འགྲེལ་ལས། འཁྱུད་ནས་ལྡང་བའི་མ་ནིང་ནི། །སྐྱེས་པ་གཞན་གྱིས་བརྩལ་བ་ན། དབང་པོ་ལས་སུ་རུང་བ་ལྡང་བར་འགྱུར་བའམ། བུད་མེད་ལ་སོགས་པས་བརྩལ་བ་ན་དབང་པོ་ལས་སུ་རུང་བ་ལྡང་བར་འགྱུར་པའོ། །ཞེས་སོ། ཉམས་པ་ནི་ཕོ་ཡི་དབང་པོ་མཚོན་གྱིས་བཅད་པ་དང་མེས་འཚིག་པ་དང་མཛེ་ནད་ཀྱིས་རུལ་བ་དང༌། ས་སྡེ་ལས་སྔགས་ཀྱིས་ཉམས་པའང་བཤད་དོ། །ཊཱི་ཀ་ལས། མ་ནིང་ཐམས་ཅད་བསྙིལ་བར་བྱ་བ་ཡིན་ནམ་ཞེ་ན། ཞེས་པ་ནི་མ་ནིང་གི་མིང་གིས་བརྗོད་པ་ཐམས་ཅད་བསྙིལ་བར་བྱ་བ་ཡིན་ནམ་ཞེས་པའོ། །མ་ནིང་ལྔ་པོ་འདི་ལས་ཐ་མ་ཉམས་པ་མ་ནིང་ནི་མོའི་འདོད་ཆགས་ཀྱི་ཉེས་པ་བསྟེན་ན་སྡོམ་པ་བླངས་ཀྱང་མི་སྐྱེ་བར་མ་ཟད་སྔར་དགེ་སློང་ཡིན་ཡང་སྡོམ་པ་བཏང་བར་གྱུར་པ་ཡིན་ཏེ། ཊཱི་ཀ་ལས། དགེ་སློང་གི་དངོས་པོའི་སྣོད་མ་ཡིན་པར་འགྱུར་བས། ཞེས་སོ། །ཉེས་པ་མི་བསྟེན་ན་ནི་མི་བསྙིལ་ཞེས་འདིར་ཤུགས་ཀྱིས་བསྟན་ཏེ། ཞུ་འགྲེལ་ལས། ཡན་ལག་སྐྱེས་བཅད་པ་ལ་སོགས་པས་ཉམས་པར་གྱུར་པ་འདི་ཇི་སྲིད་དུ་༼མོའི་འདོད་ཆགས་སྐྱེས་ཏེ་སྐྱེས་པ་ལ་ཆགས་སེམས་སྐྱེས་པའི་དབང་གིས་ཕོའོ། །༽འགྱུར་བ་མི་བསྟེན་པ་དེ་སྲིད་དུ་དགེ་སློང་ཉིད་ཡིན་ལ། ཞེས་གསུངས་སོ། །དགེ་སློང་གིས་ཕོ་དབང་བཅད་པ་ཙམ་གྱིས་དེའི་སྡོམ་པ་བཏང་ན་ནི་དེ་ལ་ནི་སྦོམ་པོ་མི་སྐྱེད་པ་ལས་དེ་བསྐྱེད་པར་ལུང་ཞུ་བ་ལས། བཅད་དེ་འཛུད་ན་ཅིར་འགྱུར་སྦོམ་པོར་འགྱུར་རོ། །ཞེས་སོ། ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། སྐྱེས་པའི་དབང་པོ་མཚོན་ལ་སོགས་པས་བཅད་པར་གྱུར་ཅིང་སྐྱེས་པའི་སྤོབས་པ་མི་འབྱུང་བ་ནི། གལ་ཏེ་ཕ་རོལ་པོ་དག་གིས་བདག་ལ་སུན་འབྱིན་པར་མི་བྱེད་ན་ནི་ཟ་མ་ཁོ་ན་ཡིན་གྱི་མ་ནིང་མ་ཡིན་ནོ། །གལ་ཏེ་སུན་འབྱིན་པར་བྱེད་ན་ནི་ཟ་མ་དང་མ་ནིང་ཡིན་པར་བརྗོད་པར་བྱའོ། །ཞེས་གསུངས་སོ། །གཞན་ཡང་ཟ་མ་དང་མ་ནིང་གཉིས་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་སོ་ཐར་གྱི་སྡོམ་པ་མེད་པར་ཐལ། ཁྱོད་སྡོམ་པའི་རྟེན་མ་ཡིན་པའི་ཕྱིར་ཏེ། རྩ་བར། ཟ་མ་མ་ནིང་སྒྲ་མི་སྙན། །མཚན་གཉིས་མ་གཏོགས་མི་རྣམས་ལ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སོ་ཐར་གྱི་སྡོམ་ལྡན་ཟ་མ་དང་མ་ནིང་དུ་འགྱུར་བ་ཙམ་གྱིས་སོ་ཐར་གྱི་སྡོམ་པ་མི་གཏོང་བའི་ཕྱིར་ཏེ། ཟ་མ་དང་མ་ནིང་གང་རུང་དུ་གྱུར་ཀྱང་ཕོ་མོའི་འདོད་ཆགས་ཀྱི་འགྱུར་བ་མ་བསྟེན་གྱི་བར་དུ་སྡོམ་པ་མི་གཏོང་བའི་ཕྱིར་ཏེ། མཚོ་ཊཱིཀ་༡༥༣ལས། ཉེས་པ་མི་བསྟེན་ན་ནི་མི་བསྙིལ་ཞེས་འདིར་ཤུགས་ཀྱིས་བསྟན་ཏེ། ཞུ་འགྲེལ་ལས། ཡན་ལག་སྐྱེས་བཅད་པ་ལ་སོགས་པས་ཉམས་པར་གྱུར་བ་འདི་ཇི་སྲིད་དུ་འགྱུར་བ་མི་བསྟེན་པ་དེ་སྲིད་དུ་དགེ་སློང་ཉིད་ཡིན་ལ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། རྐུ་ཐབས་སུ་གནས་པའོ་བསྙེན་པར་རྫོགས་པའི་ཆོ་ག་མ་བྱས་པ་ཉིད་དམ་མ་ཆགས་པ་ཉིད་དུ་ཤེས་ལ་ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་ལས་ཉམས་སུ་མྱོང་བར་གྱུར་པ་ཉིད་ན་དེ་ཉིད་ཡིན་ནོ། །ཞེས་པའི་སྐབས་འདིའི་བར་ཆད་ཀྱི་མཚན་ཉིད་ནི། ཡན་ལག་བཞི་ཚང་བའི་ལས་སྒྲིབ་བོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ་གང་དང་ལྷན་ཅིག་ཉམས་སུ་མྱོང་བའི་ཡུལ་དང༌། གང་ཉམས་སུ་མྱོང་བའི་ཆོ་ག་དང༌། གང་གིས་ཉམས་སུ་མྱོང་བའི་གང་ཟག་གོ །དང་པོ་ནི་བསྙེན་རྫོགས་རང་བཞིན་དུ་གནས་པ་བཞིར་ལོངས་པའི་དགེ་འདུན་ཏེ། ལུང་གཞི་ལས། དགེ་སློང་རང་བཞིན་གནས་པ་དག་དང་ལྷན་ཅིག ཅེས་གསུངས་ཤིང༌། བཞིར་ལོངས་དགོས་པར་འདི་ཉིད་ལས། དགེ་འདུན་དང་ལྷན་ཅིག ཅེས་གསུངས་པས་སོ། །གང་ཉམས་སུ་མྱོང་བའི་ཆོ་ག་ལ་གསུམ་སྟེ། ལས་ཀྱི་ཆོ་གའམ་དེ་དང་འདྲ་བ་ཡིན་པ་དང༌། བདག་ལ་མ་གནང་བ་ཡིན་པ་དང༌། སྐོར་གཉིས་ཡན་ཆད་ཡིན་པའོ། །དང་པོ་ནི་ལས་ཉམས་སུ་མྱོང་བར་གྱུར་པ་ཉིད་ན་ཞེས་བཤད་ཅིང་འགྲེལ་པ་རྣམས་ལས་རབ་ཏུ་འབྱིན་པའི་ཞུ་བ་ཐོས་པས་ཀྱང་རྐུ་ཐབས་སུ་གནས་པར་བཤད་པས་སོ། །གཉིས་པ་ནི་རྐུ་ཐབས་སུ་ཞེས་པས་བདག་ལ་མ་གནང་བར་གྲུབ་བོ། །གནང་བའི་ལས་གཉིས་ནི་དགེ་ཚུལ་གྱིས་ཐོས་ཀྱང་ཉེས་པ་མེད་དེ། ནང་དུ་དྲི་བའི་ཕྱིར་གསོལ་བ་ལ་སོགས་པ་བསྙེན་པར་རྫོགས་པར་བྱ་བ་ཡང་ངོ་ཞེས་དགེ་ཚུལ་གྱིས་ལས་བཅུ་བཞི་ཐོས་ཀྱང་རྐུ་ཐབས་སུ་གནས་པར་མི་འགྱུར་བ་སྲིད་དེ། དགེ་སློང་གི་སྡོམ་པ་ལན་བདུན་མནོས་ནའོ། །གསུམ་པ་ནི། རྩ་བར། ལན་གཉིས་ཞེས་པས་སོ། །ལན་གཉིས་ཞེས་པ་ནི། ལུང་གཞི་ལས། གསོ་སྦྱོང་གི་ལས་ལན་གཉིས་ལན་གསུམ་ཉམས་སུ་མྱོང་བར་གྱུར་ན། རྐུ་ཐབས་སུ་གནས་པ་ཡིན་ནོ། །ཞེས་གསུངས་ཀྱང༌། ལན་གསུམ་ཞེས་པ་རྒྱུན་བརྟན་པ་ཡིན་གྱི། ལན་གཉིས་ཀྱིས་རྐུ་ཐབས་སུ་གནས་པར་གྱུར་པ་སྟེ། གཏམ་གྱི་གཞི་ལས། རྐུ་ཐབས་སུ་གནས་པ་རབ་ཏུ་དབྱུང་བར་མི་བགྱི་བསྙེན་པར་རྫོགས་པར་མི་བགྱི་བའི་གཞི་དེ་ཉིད་ཀྱིས་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་བགྱི་བ་མཆིས་སམ། ཡོད་དེ་ལན་གཉིས་ལན་གསུམ་གསོ་སྦྱོང་གི་ལས་ཉམས་སུ་མྱོང་བར་གྱུར་པ་དེ་ནི་རབ་ཏུ་དབྱུང་བར་མི་བྱ་བསྙེན་པར་རྫོགས་པར་མི་བྱ་ཡི། ལན་ཅིག་རྐུ་ཐབས་སུ་གསོ་སྦྱོང་ཉམས་སུ་མྱོང་བར་གྱུར་པ་དེ་ནི་རབ་ཏུ་དབྱུང་བར་བྱ་བསྙེན་པར་རྫོགས་པར་བྱའོ། །ཞེས་གསུངས་པས་ལན་གཉིས་ཀྱིས་རྐུ་ཐབས་སུ་གནས་པར་འགྲུབ་སྟེ། ལན་གསུམ་ཡན་ལག་ཏུ་དགོས་ན་ལན་གཉིས་ཉམས་སུ་མྱོང་བ་ནི་རབ་ཏུ་དབྱུང་བར་བྱ་ཞེས་གསུང་པར་རིགས་པ་ལས། ལན་ཅིག་ཉམས་སུ་མྱོང་བ་ནི་རབ་ཏུ་དབྱུང་བར་བྱ་ཞེས་གསུངས་སོ། །གང་གིས་ཉམས་སུ་མྱོང་བའི་གང་ཟག་ནི། བསྙེན་པར་མ་རྫོགས་པ་ཡིན་པ་ལ་དེར་འདུ་ཤེས་པ་དང༌། བར་ཆད་གཙོ་བོ་གཞན་དང་མི་ལྡན་པ་དང༌། རབ་བྱུང་གི་ཆ་ལུགས་དང་སྤྱོད་ལམ་འདྲ་བ་ཡིན་པ་སྟེ། བསྙེན་པར་རྫོགས་པའི་ཆོ་ག་མ་བྱས་པ་ཉིད་དམ་མ་ཆགས་པ་ཉིད་དུ་ཤེས་ལ་ཞེས་པ་དང༌། མི་མ་ཡིན་པ་དང་སྤྲུལ་པ་དང་མ་ནིང་ལ་སོགས་པ་བར་ཆད་གཙོ་བོ་གཞན་དང་ལྡན་ན་དེའི་རྐྱེན་གྱིས་རྒྱུད་ཆུད་ཟོས་ཀྱི་དགག་བྱ་མེད་པའི་ཕྱིར་དང༌། ལུང་གི་གླེང་གཞི་ལས་ཆ་ལུགས་འདྲ་བ་ལ་བརྟེན་ནས་གསུངས་ཤིང༌། ལུང་ཞུ་བ་ལས། རང་གིས་རྟགས་བླངས་ཏེ་ལན་གཉིས་ལན་གསུམ་དུ་གསོ་སྦྱོང་གི་ལས་ཉམས་སུ་མྱོང་བར་གྱུར་པ། ཞེས་དང༌། གཞི་འགྲེལ་ལས། རྐུ་ཐབས་སུ་གནས་པ་ཞེས་བྱ་བ་ནི་འདིར་རང་གིས་རྟགས་བླངས་པ་སྡོམ་པ་མ་ཐོབ་པའོ་ཞེས་གསུངས་སོ། །

གཉིས་པ་བསམ་པའི་ཡན་ལག

གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།

འདུ་ཤེས་ནི་གཞི་ལ་མ་འཁྲུལ་པ་སྟེ་ཤེས་ལ་ཞེས་པས་སོ། །ལྟུང་བྱེད་ཀྱི་སྐབས་ཀྱི་ཊཱི་ཀ་ལས་བདག་ཉིད་ཀྱིས་སྡོམ་པ་མ་ཆགས་པ་ཉིད་དུ་ཤེས་ན། རྐུ་ཐབས་སུ་གནས་པ་ཉིད་སྐྱེ་བར་འགྱུར་ལ། གལ་ཏེ་མི་ཤེས་ན་ནི་རྐུ་ཐབས་སུ་གནས་པ་ཉིད་སྐྱེ་བར་མི་འགྱུར་ཏེ། དགེ་འདུན་ལ་རྐུ་བའི་བསམ་པའི་ཁོངས་སུ་གཏོགས་པ་མེད་པའི་ཕྱིར་རོ་ཞེས་སོ། །ཞུ་བ་ལས། རྐུ་སེམས་ཀྱིས་ལན་གཉིས་ལན་གསུམ་དུ་གསོ་སྦྱོང་གི་ལས་མྱོང་བར་གྱུར་པ། ཞེས་གསུངས་ཀྱང་རྐུ་སེམས་བཏགས་པ་བ་སྟེ་མ་གནང་བ་སྤྱོད་པ་ཙམ་ལ་དགོངས་ནས་སོ། །ཀུན་སློང་བསམ་པ་ཐག་པ་ནས་ལས་སམ་ལས་དང་འདྲ་བ་ཉམས་སུ་མྱོང་བར་འདོད་པ་རྒྱུན་མ་ཆད་པ་སྟེ། བཞད་གད་ཀྱི་དངོས་པོས་ནི་གང་གིར་ཡང་མི་འགྱུར་ཞེས་པ་དང༌། ཉམས་སུ་མྱོང་བར་འདོད་པ་ནི་སྐབས་ཀྱིས་གྲུབ་ཅིང་རྒྱུན་མ་ཆད་པ་དགོས་ཏེ། བཏང་བ་ཡང་ངོ་ཞེས་པའི་གནད་ཀྱིས་སོ། ། གསུམ་པ་སྦྱོར་བའི་ཡན་ལག་ནི། གནས་གཅིག་ཏུ་སྤྱོད་ལམ་མཐུན་པས་ལས་ཀྱི་ཆོ་ག་ཉམས་སུ་མྱོང་བར་རྩོམ་པ་སྟེ། དགེ་འདུན་དང་ལྷན་ཅིག་ལས་ཉམས་སུ་མྱོང༌། ཞེས་སོ། །

བཞི་པ་མཐར་ཐུག་གི་ཡན་ལག

བཞི་པ་མཐར་ཐུག་གི་ཡན་ལག་ནི།

ཆོ་ག་དེའི་ཚིག་ཐོས་ཤིང་དོན་གོ་བས་ཏེ། ཉམས་སུ་མྱོང་བར་གྱུར་པ་ཉིད་ན། ཞེས་སོ། །རྐུ་ཐབས་ལས་སྒྲིབ་རྫོགས་ལ་ཚེ་འདིར་ནི། །སྡོམ་པའི་རྒྱུན་གྱི་དང་པོ་སྐྱེ་མིན་ཡང༌། །རྐུ་ཐབས་ལས་སྒྲིབ་རྫོགས་པའི་དགེ་ཚུལ་ལ། ། སྡོམ་རྒྱུན་སྐད་ཅིག་ཕྱི་མའི་སྡོམ་པ་སྐྱེ། །ཞེས་གཟུང་སྟེ། དགེ་ཚུལ་རྐུ་ཐབས་སུ་གནས་ན་བསྡམ་བྱའི་ཉེས་བྱས་སུ་འགྱུར་ཏེ། དེས་དེའི་སྡོམ་པ་གཏང་བར་མི་འགྱུར་བས། དེའི་སྡོམ་པ་སྐད་ཅིག་སྔ་ཕྱི་འགག་སྐྱེ་བྱེད་པ་སྟེ། ཚུལ་འདི་ནི་མཚམས་མེད་དང་ཕམ་པ་བྱུང་བ་ལ་སོགས་པ་གཞན་ལ་ཡང་ཅི་རིགས་པར་སྦྱར་ཏེ་གོ་བར་བྱའོ། །སྐབས་འདིར་མཚོ་ཊཱིཀ་ལས། འདུལ་བ་འདི་ལ་རིགས་པ་བས་ཀྱང་གཞུང་གཙོ་སྟེ། ཞེས་གསུངས་པ་ཡང་སྐབས་དུ་མར་དྲན་པར་བྱའོ། །མུ་སྟེགས་ཅན་ཞུགས་པའོ་ཞེས་པ་འདིའི་དོན་ལ་གསུམ་ལས། ༡ སྐབས་འདིའི་བར་ཆད་ཀྱི་མཚན་ཉིད་ནི། ཡན་ལག་དྲུག་ཚང་བའམ་ཡན་ལག་གསུམ་ཚང་བའི་ལས་སྒྲིབ་བོ། །༢ བྱེད་ལས་ནི་སྔར་བཤད་པ་བཞིན་ནོ། །༣ དགག་བྱ་ནི། སངས་རྒྱས་ཀྱི་བསྟན་པ་སྣོད་མ་ཡིན་པ་ལ་བཞག་པས་བསྟན་པ་ཉམས་པར་འགྱུར་བ་དང་མུ་སྟེགས་དང་སྤྱོད་ཚུལ་འདྲེས་པའོ། །མུ་སྟེགས་ཅན་ཞུགས་པ་ལ་རིགས་གཉིས་ཡོད་དེ། སྐྱ་རེངས་དང་པོ་ཤར་བའི་མཐའ་ཅན་དང༌། ལས་ཉམས་སུ་མྱོང་བའི་མཐའ་ཅན་ནོ། །དང་པོ་ནི་ཡན་ལག་དྲུག་ཚང་བའི་ལས་སྒྲིབ་སྟེ། རྩ་བར། ༡རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་པ་༢ལྟ་བ་དེ་དང་ལྡན་པ་༣ཆོས་གོས་འདི་བོར་ཏེ་༤རྒྱལ་མཚན་དེས་༥དེར་༦སྐྱ་རེངས་ཤར་ན་དེ་ཉིད་ཡིན་ནོ། །དེ་ཡང་རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་པ་ཞེས་པ་གཞི་འགྲེལ་ལས། མུ་སྟེགས་གང་གིས་རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་པ། ཞེས་སོ། །ཆོས་གོས་འདི་བོར་ཏེ་རྒྱལ་མཚན་དེས་ཞེས་སྨོས་ལ། ལྟ་བ་འདི་བོར་ཏེ་མུ་སྟེགས་ཀྱི་ལྟ་བ་དེས་ཞེས་མ་སྨོས་པ་ནི། དང་པོ་ཉིད་ནས་མུ་སྟེགས་ཀྱི་ལྟ་བ་དང་ལྡན་ན་ནང་པ་སངས་རྒྱས་པའི་ལྟ་བ་དང་པོ་ནས་མེད་པའི་ཕྱིར་དང༌། གོས་ལ་ནང་བ་དང་ཕྱི་བ་གཉིས་ཀའི་གོས་དུས་གཅིག་ཏུ་གྱོན་དུ་བཏུབ་ཀྱང༌། ལྟ་བ་ལ་མུ་སྟེགས་པའི་ལྟ་བ་དང་ལྡན་ན་ཆོས་འདི་པའི་ལྟ་བ་མེད་པར་གྲུབ་སྟེ། རྣམ་འགྲེལ་ལས། རྟོག་གཉིས་ཅིག་ཅར་འཇུག་པ་མེད། །འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འབྱུང་བར་ཡང་དག་རྟོགས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི་ཡན་ལག་གསུམ་ཚང་པ་སྟེ། ༡ རབ་ཏུ་འབྱུང་བ་འདི་ཡང་དག་པར་བླངས་པ་དང༌། ༢ མུ་སྟེགས་ཀྱི་ལྟ་བ་དེ་དང་ལྡན་པ་དང༌། ༣ ལས་ལན་གཉིས་ཉམས་སུ་མྱོང་བ་དང་གསུམ་ལྡན་ཡིན་ཏེ། རྩ་བར། དེ་མ་བྱས་པ་རྐུ་ཐབས་དང་འདྲའོ། །ཞེས་པས་བསྟན་ཏོ། །དེའི་དོན་ནི་ཆོས་གོས་འདི་བོར་ཏེ་ཞེས་པ་ལ་སོགས་པ་འོག་མ་བཞི་པོ་དེ་མ་བྱས་པ་ཡང་རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་ལ་མུ་སྟེགས་ཅན་གྱི་ལྟ་བ་དེ་དང་ལྡན་ཞིང་ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་ལས་ལན་གཉིས་ཉམས་སུ་མྱོང་བ་སྟེ་ཡན་ལག་གསུམ་ཚང་ན་མུ་སྟེགས་ཅན་ཞུགས་པ་ཡིན་ནོ། །འདིར་ལས་ལན་གཉིས་ཉམས་སུ་མྱོང་བ་ཡན་ལག་ཏུ་དགོས་པ་ཡིན་ཏེ།དཔེར་ན་རྐུ་ཐབས་སུ་གནས་པ་ལ་ལས་ལན་གཉིས་ཉམས་སུ་མྱོང་བ་ཡན་ལག་ཏུ་དགོས་པ་དང་འདྲའོ་ཞེས་པའོ། །དེ་མ་བྱས་པ་ཡང་རྐུ་ཐབས་དང་འདྲའོ་ཞེས་པ་འདི་ལ་རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་པ་ཡན་ལག་ཏུ་དགོས་པར་ཊཱི་ཀ་ལས་མ་བཤད་ཀྱང་དེ་ཡན་ལག་ཏུ་དགོས་པའི་གཞུང་ནི། གཞི་འགྲེལ་ལས། མུ་སྟེགས་ཅན་གང་གིས་རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་ལ་མུ་སྟེགས་ཀྱི་ལྟ་བ་དེ་དང་ལྡན་ཞིང་ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་ལས་ཉམས་སུ་མྱོང་བར་འགྱུར་བ་གང་ཡིན་པའོ་ཞེས་བཤད་དོ། །འོ་ན་འདི་དང་རྐུ་ཐབས་སུ་གནས་པ་ལ་ཁྱད་པར་ཅི་ཞེ་ན། འདི་ལ་ནི་རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་པ་དང་མུ་སྟེགས་ཀྱི་ལྟ་བ་དང་ལྡན་པ་ཡན་ལག་ཏུ་དགོས་ལ། རྐུ་ཐབས་སུ་གནས་པ་ལ་ནི་དེ་གཉིས་ཡན་ལག་ཏུ་མི་དགོས་ཏེ། རབ་ཏུ་བྱུང་བ་གཏན་མ་བླངས་པས་ལས་ལན་གཉིས་ཉམས་སུ་མྱོང་ན་ཡང་རྐུ་ཐབས་སུ་འགྱུར་བའི་ཕྱིར་དང༌། རྣམ་འབྱེད་འགྲེལ་བ་ལས། རྐུ་ཐབས་སུ་གནས་པ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་དང་ལྡན་དུ་ཟིན་ཀྱང༌། ཞེས་གསུངས་སོ། །རྩ་བར། མ་བསད་པ་དང༌། ཕ་བསད་པ་དང༌། དགྲ་བཅོམ་བསད་པ་དང༌། དགེ་འདུན་གྱི་དབྱིན་བྱས་པ་དང༌།དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་ཞེས་མཚམས་མེད་པ་ལྔ་གང་རུང་བསགས་ལ་མ་སྦྱངས་ན་བར་ཆད་ཡིན་ནོ། །རྩ་བར། དགེ་སློང་མ་སུན་ཕྱུང་བ་དང་ཞེས་པའི་སྐབས་འདིའི་བར་ཆད་ཀྱི་མཚན་ཉིད་ནི། མི་གང་ཞིག་གིས་དགེ་སློང་མ་ཕམ་པས་མ་གོས་པ་ལ་དེ་ལྟར་འདུ་ཤེས་ཏེ་ལོག་གཡེམ་བྱས་པའི་ལས་ཀྱི་དངོས་གཞི་ཡོངས་སུ་རྫོགས་པའོ། ། མཚོན་པའི་དོན་ནི་དགེ་སློང་དང་དགེ་ཚུལ་མ་སུན་ཕྱུང་བ་ལ་སོགས་པའོ། །རྩ་བར། ཕམ་པར་འགྱུར་བ་བཞི་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱུང་བ་མ་ཡིན་ནམ། ཞེས་པའི་སྐབས་འདིའི་བར་ཆད་ཀྱི་མཚན་ཉིད་ནི། ཕམ་པ་འཆབ་བཅས་བྱེད་པ་མ་ཉམས་པར་རང་རྒྱུད་ལ་ལྡན་པའོ། །འཆབ་མེད་ཀྱི་ཕམ་པ་རྒྱུད་ལ་ལྡན་ཡང་སྡོམ་པ་བླངས་ན་སྐྱེ་སྟེ། ཞུ་བ་ལས། བསླབ་པ་སྩལ་བས་བསླབ་པ་ཕུལ་ཏེ། བསྙེན་པར་རྫོགས་པར་བགྱི་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི་འདས་པ་དང་བཅས་པའོ། །ཞེས་གསུངས་པས་སོ། །མཚོན་པའི་དོན་ནི། དགེ་ཚུལ་གྱི་ཕམ་པ་དང་འདྲ་བའི་ཉེས་བྱས་ཏེ།འོད་ལྡན་ལས། མི་གསོད་ལ་སོགས་བཞི་རྣམས་ཀྱིས། །དགེ་ཚུལ་ལས་ནི་ཉམས་གྱུར་དང༌། །དགེ་སློང་བཞིན་དུ་དགེ་ཚུལ་ཡང༌། །ཕྱི་ནས་སྡོམ་སྐྱེའི་སྐལ་བ་མེད། །ཅེས་གསུངས་པས་སོ། །རྒྱུ་ལས་བཟློག་པའི་ཆད་པ་ཁས་མི་ལེན་པ་དག་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །ཞེས་པའི་དོན་ལ་བཞི་སྟེ་བར་ཆད་ཀྱི་རང་བཞིན་དང༌། བར་ཆད་ཀྱི་བྱེད་ལས་དང༌།དགག་བྱ་ཉེས་དམིགས་དང༌། འགལ་བ་སྤང་བའོ། །དང་པོ་ནི། བསམ་པས་ནན་ཏུར་གྱི་རྒྱུ་གཏོང་ཡང་རྒྱུ་གཏོང་བར་ངག་གིས་ཁས་མི་ལེན་པའོ། །གཉིས་པ་ནི་སྡོམ་པ་སྐྱེ་ཡང་འབོགས་པ་པོ་ལ་ཉེས་བྱས་བསྐྱེད་པའོ། །གསུམ་པ་ནི་ལང་དུ་ཡོལ་བར་འགྱུར་བའོ། །བཞི་པ་ནི། ཞུ་བའི་སྐབས་ལས། རྒྱུ་ལས་བཟློག་པ་ཁས་མི་ལེན་པ་གནས་ནས་ཕྱུང་བ་ལ་ཡང་མི་སྐྱེའོ། །ཞེས་དང༌། སྐབས་འདིའི་ཊཱི་ཀ་ལས། ད་ནི་སྐྱེ་བའི་ཆོས་ཉིད་ཀྱིས་རབ་ཏུ་དབྱུང་བར་མི་འོས་པ་དག་གི་མཚན་ཉིད་བསྟན་པའི་ཕྱིར་ཞེས་བཤད་ཅིང༌། བསྙེན་པར་རྫོགས་ན་བཟོད་པ་གསོལ་ཟིན་པ་ཡིན་ནོ། །ཞེས་གསུངས་ཏེ། བསྙེན་པར་རྫོགས་ན་ཞེས་སྡོམ་པ་སྐྱེ་བར་བཤད་པ་དང་འགལ་ལོ་ཞེ་ན། འདི་དང་འོག་མ་གཉིས་ཀ་ནན་ཏུར་གྱི་རྒྱུ་ལས་བཟློག་པ་ཁས་མི་ལེན་པར་མཚུངས་ཀྱང༌།འདིར་སྡོམ་པ་སྐྱེ་བར་བཤད་པ་ནི་ནན་ཏུར་གྱི་རྒྱུ་གཏོང་ངོ་ཞེས་ངག་གིས་ཁས་མི་ལེན་ཀྱང་བསམ་པས་ནན་ཏུར་གྱི་རྒྱུ་གཏོང་བ་སྟེ། ནན་ཏུར་གྱི་རྒྱུ་ཉེས་སྤྱོད་འཕྲོ་གཅོད་སྙམ་པའི་བསམ་པ་ཅན་གྱིས་ལེན་ན་སྡོམ་པ་སྐྱེ་བའོ། །ཞུ་བའི་སྐབས་ནས་སྡོམ་པ་མི་སྐྱེ་བར་བཤད་པ་ནི་ནན་ཏུར་གྱི་རྒྱུ་གཏོང་བར་ངག་གིས་ཀྱང་ཁས་མི་ལེན་ཅིང་བསམ་པས་ཀྱང་ནན་ཏུར་གྱི་རྒྱུ་མི་གཏོང་བ་སྟེ། ནན་ཏུར་གྱི་རྒྱུ་ཉེས་སྤྱོད་འཕྲོ་མི་གཅོད་སྙམ་པའི་བསམ་པ་ཅན་གྱིས་སྡོམ་པ་བླངས་ཀྱང་མི་སྐྱེ་སྟེ། ཡན་ལག་ངེས་པའི་བྱེ་བྲག་ཡིན་པའི་ཕྱིར་རོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །མཛེས་པའི་བར་ཆད་ནི། རྩ་བར། ལག་རྡུམ་དག་དང་རྐང་རྡུམ་དང༌། །ལག་སོར་ཟླུམ་པོར་འཇས་པ་དང༌། །ཞེས་པ་ལ་སོགས་པ་རྣམས་ཏེ། འདི་རྣམས་རབ་ཏུ་འབྱིན་ནམ་བསྙེན་རྫོགས་བྱེད་ན། གཞོན་ཆེས་པ་ལོ་བདུན་མ་ལོན་པ་མ་གཏོགས་པ་འདི་རྣམས་ཐམས་ཅད་ལ་སྡོམ་པའི་རྒྱུ་གཞན་ཚང་ན་ལེན་པ་པོ་ལ་སྡོམ་པ་སྐྱེ། འབོགས་པ་པོ་ལ་ཉེས་བྱས་བསྐྱེད། གཞན་མ་དད་པ་བསྐྱེད་པ་སྟེ་ཐུན་མོང་གི་ཆོས་གསུམ་ཡོད་དོ། །ཕྲན་ཚེགས་འགྲེལ་བ་ལས། མཛེས་པ་ནི་ལུས་དག་པ་དང་ཡོངས་སུ་དག་པ་ནི་ལས་དག་པ་ཡིན་ནོ་ཞེས་གསུངས་ཀྱང༌། མཛེས་པ་ནི་མཛེས་པའི་བར་ཆད་མེད་པ་དང༌། ཡོངས་སུ་དག་པ་ནི་སྡོམ་པ་སྐྱེ་བའི་བར་ཆད་མེད་པ་སྟེ་ཊཱི་ཀས་དོན་དེ་ལྟར་བཤད་དོ། ། རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་ཚུལ་གྱིས་བཀའ་སྩལ་ཏོ། །བདེན་པའི་མཚན་ཉིད་ནི་བདེན་པ་ཡང་དག་པའམ་རྫུན་མི་གསུངས་བ་སྟེ། ཕྲན་ཚེགས་ལས། དྲང་སྲོང་ཆེན་པོ་རྫུན་གསུང་འགྱུར་བ་སྲིད་མ་ཡིན། །ཞེས་པས་སོ། །དེ་ལྟར་གཞི་རྩ་བའི་སྐབས་འདིར་བར་ཆད་རྣམས་ཕྱི་ནས་བསྟན་ནས། ཕྲན་ཚེགས་འགྲེལ་བའི་སྐབས་འདིར་བར་ཆད་རྣམས་སྔོན་དུ་བསྟན་པས། རྩ་འགྲེལ་གོ་རིམ་མི་མཐུན་པའི་སྐྱོན་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ་གོ་རིམ་དེ་ལྟར་བཀོད་པས། བར་ཆད་སྟོན་པའི་གཞུང་རྣམས་ཀྱི་བར་དུ་གཞུང་གཞན་མ་ཞུགས་ཤིང་བར་ཆད་རྣམས་ཕྱོགས་གཅིག་ཏུ་བསྟན་ན་རྟོགས་པར་སླ་བའི་ཕྱིར་རོ། །ཡང་ཊཱི་ཀ་ལས། ཇི་ཙམ་གྱིས་ན་འཁོར་སུན་འབྱིན་པར་བརྗོད་པར་བྱ་ཞེ་ན། རིགས་དང་ཁ་དོག་དང་དབྱིབས་ལས་ཏེ། ཞེས་རིགས་ལ་སྐྱོན་ཆགས་པ་ནི་ལྷམ་མཁན་དང་གདོལ་པ་ལ་སོགས་པའོ། །ཁ་དོག་ལ་སྐྱོན་ཆགས་པ་ནི་ཤ་མདོག་ཁ་དོག་རྣམ་པ་བཞི་དང་སྐྲ་སེར་ལ་སོགས་པའོ། །དབྱིབས་ལ་སྐྱོན་ཆགས་པ་ནི་ལག་རྡུམ་དང་རྐང་རྡུམ་ལ་སོགས་པའོ། །དེ་ལྟར་རིགས་དང་ལུས་ལ་སྐྱོན་ཆགས་པ་རབ་ཏུ་འབྱིན་པ་དང་འཁོར་དུ་འཇོག་པ་བཀག་པའོ། །འོ་ན་ལུང་རྣམ་འབྱེད་ལས། ཐུབ་པའི་དབང་པོའི་གསུང་རབ་འདི་ལ་ནི་རིགས་གཅེས་པ་མ་ཡིན། མདོ་འདིས་རུས་གཅེས་པ་མ་ཡིན། སྒྲུབ་པ་གཅེས་པ་ཡིན་ནོ། །ཞེས་གསུངས་པ་དང༌། ཉ་པ་ལྔ་བརྒྱ་དང་འདྲེག་མཁན་ཉེ་བར་འཁོར་དང༌། བ་ལང་བདག་ལ་སོགས་པ་རབ་ཏུ་ཕྱུང་བར་ལུང་ལས་གསུངས་པ་དང་འགལ་སྙམ་ན། ཉ་པ་ལྔ་བརྒྱ་ལ་སོགས་པ་དེ་དག་ནི་སྲིད་པ་ཐ་མ་པ་སྟེ་མངོན་ཤེས་ཐོབ་པ་དག་གིས་རབ་ཏུ་འབྱིན་དུ་གནང་བ་དམིགས་བསལ་ཡིན་ཏེ། མེ་ཏོག་ཕྲེང་རྒྱུད་ལས། བསམ་དང་རྗེས་ཀྱི་བསམ་ཤེས་ཤིང༌། མངོན་ཤེས་ཡེ་ཤེས་ཐོབ་པས་ནི། །མཐུ་ཡིས་འཇིག་རྟེན་ཚིམ་བྱེད་ཕྱིར། ། རབ་ཏུ་འབྱིན་ན་ཉེས་པ་མེད། །ཅེས་གསུངས་སོ། །ལུང་ཞུ་བ་ལས། བཙུན་པ་ལས་གཅིག་གིས་གཉིས་སམ་གསུམ་བསྙེན་པར་རྫོགས་པར་གནང་ངམ། ཨུ་པ་ལི་གནང་ངོ༌། །ཞེས་གསུངས་ལ། ཆོ་ག་བརྗོད་པ་ན། ལེན་པ་པོ་གཅིག་དང་གཉིས་དང་གསུམ་ལ། འདི་ཞེས་པ་དང༌། འདི་དག་ཅེས་པ་དང༌། འདི་རྣམས་ཞེས་པ་གོ་རིམ་བཞིན་ནོ། །དགེ་འདུན་ཚོགས་པ་གཅིག་གི་དབང་དུ་བྱས་ཏེ་ལས་ཀྱི་ཆོ་ག་གཅིག་གིས་བཞི་བསྙེན་པར་རྫོགས་པར་བྱེད་ན་ནི་ལས་མི་འཆགས་སོ། །གསུམ་མན་ཆད་ཚིག་གཅིག་ཅེས་པའི་དམིགས་བསལ་ནི། དགེ་འདུན་ཚོགས་པ་ཐ་དད་ན་ལས་ཀྱི་ཆོ་ག་གཅིག་གིས་གསུམ་ལས་མང་བ་བསྙེན་རྫོགས་བྱར་རུང་བ་ཡོད་དེ། ལུང་ཞུ་བ་ལས། བཙུན་པ་ལས་བགྱིད་པ་ཕྱོགས་གཅིག་ཏུ་མཆིས་ལ་གནས་བཞིར་གང་ཟག་བཞི་བསྙེན་པར་རྫོགས་པར་གནང་ངམ། གནང་སྟེ་འདི་ལྟར་ལས་བྱེད་པའི་དགེ་སློང་གནས་བཞི་ཆར་གྱི་མཚམས་སུ། ཤིང་ངམ་མཁར་བའམ་རེ་ལྡེ་རྣམས་ཀྱིས་མནན་ཏེ་རེ་རེ་ནས་སམ་གཉིས་གཉིས་ནས་སམ། གསུམ་གསུམ་ནས་བསྙེན་པར་རྫོགས་པར་བྱ་སྟེ། བཞིར་མ་ཚང་ནའོ། །ཞེས་གསུངས་སོ། །སྐབས་འདིར་མཚོ་ཊཱིཀ་ལས། ལོ་ཚིགས་མི་ཤེས་ན་མཚན་གྱི་ཉེ་འཁོར་དུ་སྤུ་སྐྱེས་པ་དེ་ལ་དགེ་སློང་གི་སྡོམ་པ་སྦྱིན་དུ་རུང་བ་ཡིན་གྱི། སྡོམ་པ་སྐྱེ་མི་སྐྱེ་ནི་དོན་གྱི་རྗེས་སུ་འབྲང་ངོ༌། །བསྡུས་པ་ལས། ན་ཚོད་རྫོགས་པ་ནི་ལོ་ཉི་ཤུ་ལོན་པའོ། །རྟེན་རྫོགས་པ་ནི་བྱིས་པའི་བོངས་ཚོད་ལྟ་བུ་མ་ཡིན་ལ་བུས་པའི་སྐད་ལྟ་བུ་ཡང་མ་ཡིན་པ་དང༌། འདོམས་དང་མཆན་ཁུང་ལ་སོགས་པར་སྤུ་སྐྱེས་པ་དང༌། ཡོངས་སུ་སྨིན་པ་བུས་པ་ལྟ་བུའི་བློ་མ་ཡིན་པའོ། །རྟེན་རྫོགས་ཀྱང་ན་ཚོད་མ་རྫོགས་པ་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ་ཞེས་མཚན་གྱི་ཉེ་འཁོར་དུ་སྤུ་སྐྱེས་ཀྱང་ན་ཚོད་མ་རྫོགས་པ་བསྙེན་རྫོགས་བྱེད་ན་ལྟུང་བྱེད་དུ་བཤད་པ་དེ་དང་གཞུང་འདི་ནས་མཚན་གྱི་ཉེ་འཁོར་དུ་སྤུ་སྐྱེས་པ་བསྙེན་པར་རྫོགས་པར་ཁས་བླང་ཞེས་བཤད་པ་དང་འགལ་ཞེ་ན། ལྟུང་བྱེད་དུ་བཤད་པ་དེ་ནི་ལོ་ཚིགས་ཤེས་པའི་དབང་དུ་བྱས་པ་ཡིན་པས་གཞུང་འདི་དང་འགལ་བ་མེད་དོ། །བསྙེན་པར་རྫོགས་པར་འདོད་པ་ནི་འགྲེལ་ཆུང་ལས། ཞག་ལྔ་དྲུག་ཚུན་ཆད་དུ་བསྙེན་པར་རྫོགས་པར་བྱེད་པ་ཞིག་ན་ཤིང་ལ་འཛེག་ཏུ་མི་གཞུག་ཅེས་བཤད་ཀྱང༌། ཞག་ལྔ་དྲུག་གི་ངེས་པ་མེད་དེ། དེ་བས་དུས་མྱུར་བ་ན་བསྙེན་རྫོགས་བྱེད་ཅིང་དེའི་ཚེ་ན་བསྙེན་རྫོགས་འདོད་པ་མ་ཡིན་པ་ཡོད་ལ། དེ་བས་དུས་རིང་བ་ན་བསྙེན་རྫོགས་བྱེད་ཅིང་དེའི་ཚེ་ན་བསྙེན་རྫོགས་འདོད་པ་ཡིན་པ་ཡང་ཡོད་པའི་ཕྱིར་རོ། །འདི་ནི་ཞག་མང་རུང་ཉུང་རུང་སྟེ་བདག་བསྙེན་པར་རྫོགས་པར་བྱེད་ཅེས་ཆེད་དུ་གཉེར་ཏེ་ཞུས་པ་ནས་བརྗོད་པ་ཐ་མ་ཕལ་ཆེར་བྱས་པ་ཡན་ཆད་དོ། །མཚམས་ཀྱི་ཕྱི་རོལ་ནི། མཐོང་བའི་སྤྱོད་ཡུལ་ལས་འདས་པའོ། །ཐལ་མོ་སྦྱར་ཏེ་བཞག་པར་བྱའོ། །ཞེས་གཞི་འགྲེལ་ལས། དེ་ལྟ་བུའི་སྤྱོད་ལམ་གྱིས། འགྲེང་སྟེ་འདུད་པ་དང་བཅས་པར་བཞག་པར་བྱའོ། །དེ་ནི་སེམས་དང་བ་བསྐྱེད་པར་བྱ་བའི་ཕྱིར། ཞེས་སོ། །མཚན་གཉིས་པའོ་ཞེས་པ་ལུས་གཅིག་ལ་ཕོ་མོའི་མཚན་གཉིས་ཀ་ཡོད་ཀྱང༌། ལུང་ལྔ་ཚན་པ་ལས། མ་ནིང་མོ་ཞེས་གསུངས་ཏེ། སྐད་དང་ཕྱི་བྱད་བུད་མེད་འདྲ་བའི་ཕྱིར་རོ། །སྐྱེས་ནས་མ་ནིང་དང་ཞེས་གོང་དུ་བསྟན་པ་སྟེ། ལུས་གཅིག་ལ་ཕོ་མོ་གཉིས་ཀའི་མཚན་ཡོད་ཀྱང༌། ལུང་ལྔ་ཚན་པ་ལས་མ་ནིང་ཕོ་ཞེས་གསུངས་ཏེ། སྐད་དང་ཕྱི་བྱད་སྐྱེས་པ་འདྲ་བའི་ཕྱིར་རོ། །ཟླ་མཚན་མི་ཟག་པའོ་ཞེས་པ་འགྲེལ་ཆུང་ལས། ཟླ་མཚན་གྱི་ཁྲག་མི་ཟག་པ་སྟེ་ལོ་བཅུ་གཉིས་མན་ཆད་ལ་མི་ཟག་པ་དང་ལྔ་བཅུ་ཡན་ཆད་ལ་ཁྲག་མི་ཟག་པ་ནི་མ་གཏོགས་ཏེ། ཞེས་སོ། །སྨན་དཔྱད་ཡན་ལག་བརྒྱད་པ་ལས་ཀྱང༌། བུད་མེད་ཟླ་བ་རེ་རེ་ཁྲག །དྭངས་མ་ལས་བྱུང་ཞག་གསུམ་འཛག །ལོ་ནི་བཅུ་གཉིས་ཡན་ཆད་ནས། །ལྔ་བཅུ་བར་འཛག་དེ་ནས་ཟད། །ཅེས་བཤད་དོ། །སྔོན་རབ་ཏུ་བྱུང་བ་ལས་ཕྱིས་བསླབ་པ་ཕུལ་བའོ་ཞེས་ཊཱི་ཀ་ལས་སོ། །སྐྱེས་པ་ལ་ནི་བར་ཆད་འདི་མེད་དེ། གཞི་འགྲེལ་ལས། སྐྱེས་པ་ལ་ནི་ལན་བདུན་རབ་ཏུ་འབྱུང་བ་གནང་བའི་ཕྱིར། ཞེས་གསུངས་སོ། ། སྐྱེས་པ་ལན་བརྒྱད་བབས་ནས་སྡོམ་པ་བླངས་ཀྱང་མི་སྐྱེ་ན་སྐྱེ་བའི་བར་ཆད་འདི་ནི་བར་ཆད་གང་དུ་གཏོགས་དཔྱད་དགོས་ཞེས་མཚོ་མཆན་ལས་གསུངས་སོ། །འོ་ན་ཐུན་མོང་མ་ཡིན་པའི་བར་ཆད་དྲུག་པོ་འདི་རྣམས་གསང་སྟེ་སྟོན་མས་ལྐོག་ཏུ་དང་ལས་བྱེད་པ་མོས་དགེ་འདུན་མའི་དབུས་སུ་འདྲི་དགོས་མོད་ཀྱི། དགེ་སློང་ལས་བྱེད་པས་གཉིས་ཀའི་དགེ་འདུན་གྱི་དབུས་སུ་བར་ཆད་འདྲི་བའི་སྐབས་སུ་བར་ཆད་དྲུག་པོ་དེ་རྣམས་འདྲི་དགོས་སམ་མི་དགོས་ཞེ་ན། དགེ་སློང་མའི་ཆོ་གའི་སྐབས་ཀྱི་ལུང་ཕྲན་ཚེགས་དང༌། ཀརྨ་ཤ་ཏཾ་ལས། མཚན་གཉིས་པ་མ་ཡིན་ནམ། གླེ་འདམས་པ་མ་ཡིན་ནམ། རྟག་ཏུ་ཟླ་མཚན་འཛག་པ་མ་ཡིན་ནམ། ཞེས་དྲི་བར་གསུངས་སོ། །འོ་ན་ལུང་ཕྲན་ཚེགས་ལས། དགེ་སློང་དག་གིས་དགེ་སློང་མའི་དགེ་འདུན་གྱི་དབུས་སུ་ཐུན་མོང་མ་ཡིན་པའི་ཆོས་རྣམས་དྲིས་པ་ན། དེ་ངོ་ཚ་ནས་གདོང་སྨད་དེ་འདུག་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཀའ་སྩལ་པ།དགེ་སློང་གིས་ཐུན་མོང་མ་ཡིན་པའི་བར་ཆད་རྣམས་དྲི་བར་མི་བྱའོ། །དྲི་ན་འདས་པ་དང་བཅས་པར་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དྲི་བ་སྔར་བཅས། མི་དྲི་བ་རྗེས་བཅས་ཏེ་ད་ལྟ་རྗེས་བཅས་ཀྱི་རྗེས་སུ་འབྲང་ངོ་ཞེས་ཤེས་པར་བྱའོ། །མི་མ་ཡིན་པའི་འགྲོ་བ་ལ་སོ་སོར་ཐར་པའི་སྡོམ་པའི་ཞིང་ཉིད་མ་ཡིན་ནོ། །འོ་ན་ལུང་གཞི་ལས། ཀླུ་གཞོན་ནུ་ཙམ་པ་སྐྱེས་ཚེས་བརྒྱད་དང་བཅུ་བཞི་ལ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་ལ་གནས་ཞེས་གསུངས་པ་དང༌། མཛོད་འགྲེལ་དུ་ཉན་ཐོས་ཀྱི་མདོ་དྲངས་པ་ལས་ཀྱང༌། དགེ་སློང་དག་སྒོ་ང་ལས་སྐྱེས་པའི་ཀླུ་ནི་ཟླ་བ་ཕྱེད་ཀྱི་ཚེས་བརྒྱད་ལ་གནས་ནས་བྱུང་ནས་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་སོ་ཞེས་གསུངས་པ་དང་འགལ་སྙམ་ན། མཛོད་འགྲེལ་ལས། དེ་ནི་ལེགས་པར་སྤྱད་པ་ཙམ་ཡིན་གྱི་སྡོམ་པ་ནི་མ་ཡིན་ནོ་ཞེས་གསུངས་སོ། །ལྷ་དེ་མི་མ་ཡིན་པའི་འགྲོ་བ་ཡིན་པའི་ཕྱིར་སྡོམ་པའི་ཞིང་ཉིད་མ་ཡིན་པར་འདོད་ན། མཛོད་འགྲེལ་ལས། བསམ་གཏན་གྱི་སྡོམ་པ་ནི་འདོད་པ་དང་གཟུགས་ཀྱི་ཁམས་སུ་སྐྱེས་པའི་ལྷ་རྣམས་ལ་ཡང་ཡོད་ཅེས་བཤད་ཅིང༌། འོད་ལྡན་ལས་ཀྱང༌། མི་མ་ཡིན་པ་རྣམས་ལ་ཡང་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་གཉིས་གནས་ཤིང་ཞེས་ལྷ་རྣམས་ལ་སྡོམ་པ་དེ་གཉིས་ཡོད་པར་གསུངས་སོ་ཞེ་ན། ཁྱབ་པ་མ་གྲུབ་སྟེ་མི་མ་ཡིན་པའི་འགྲོ་བ་རྣམས་ནི་སོ་སོ་ཐར་བའི་སྡོམ་པའི་ཞིང་ཉིད་མ་ཡིན་གྱི། སྡོམ་པ་གཞན་གཉིས་ཀྱི་ཞིང་ནི་ལྷ་རྣམས་ཀྱང་ཡིན་ནོ། །བྱང་གི་ཞེས་པ་ཞུ་འགྲེལ་ལས། བྱང་གི་སྒྲ་མི་སྙན་ནི་རི་རབ་ལ་ལྟོས་ནས་བྱང་ཡིན་པའི་ཕྱིར་ཞེས་བཤད་དོ། །དེ་མི་འཐད་དེ། རི་རབ་ལྷུན་པོ་ནི་སྒྲ་མི་སྙན་ལ་སོགས་པ་གླིང་བཞི་ཆར་གྱི་བྱང་ན་གནས་པའི་ཕྱིར་རོ། །ཞེས་གསུངས་སོ། ། དེས་ན་འདི་ནི་འཛམ་བུའི་གླིང་ལ་ལྟོས་ནས་བྱང་ཡིན་ཏེ། རྣམ་འབྱེད་འགྲེལ་བ་ལས། བྱང་གི་སྒྲ་མི་སྙན་ནི་འདི་ནས་བྱང་ཕྱོགས་ཡིན་པའི་ཕྱིར། ཞེས་སོ། །སྒྲ་མི་སྙན་ཞེས་པའི་རྒྱུ་མཚན་ནི། ཞུ་འགྲེལ་ལས། མི་སྒྲ་མི་སྙན་པ་དག་གནས་པའི་ཕྱིར་རོ། །ཞེས་སོ། །འཛམ་བུ་གླིང་པའི་དགེ་སློང་རྫུ་འཕྲུལ་གྱིས་སོང་སྟེ་བྱང་གི་སྒྲ་མི་སྙན་ན་གནས་པ་ནི་སྡོམ་པའི་ཞིང་ཉིད་ཡིན་ཡང་བྱང་གི་སྒྲ་མི་སྙན་དུ་སྐྱེས་པའི་མི་སྡོམ་པ་གསུམ་གའི་ཞིང་ཉིད་མ་ཡིན་ཏེ། མཛོད་འགྲེལ་ལས། ཡང་དག་པར་ལེན་པ་མེད་པ་དང་བསམ་གཏན་དང་ཏིང་ངེ་འཛིན་མེད་པའི་ཕྱིར། ཞེས་གསུངས་སོ། །སྡོམ་པའི་ཞིང་མ་ཡིན་པའི་རྒྱུ་མཚན་གཞན་ཡང་སྡོམ་པའི་སྤང་བྱ་མ་ཚང་བའི་ཕྱིར་ཏེ། བྱང་གི་སྒྲ་མི་སྙན་པ་རྣམས་ནི་ངག་འཁྱལ་མ་གཏོགས་པ་ལུས་ངག་གི་མི་དགེ་བ་བདུན་པོ་རང་བཞིན་གྱིས་མི་སྤྱོད་པའི་ཕྱིར་རོ། །དེས་ན་མཛོད་ཀྱི་འགྲེལ་བཤད་ལས། བྱང་གི་སྒྲ་མི་སྙན་པ་ནི་རང་བཞིན་གྱིས་ཚུལ་ཁྲིམས་དང་ལྡན་པའི་ཕྱིར། ཞེས་གསུངས་ཏེ། ཚུལ་ཁྲིམས་བཏགས་པ་བ་ཙམ་མོ། །སྒྲ་མི་སྙན་པ་འདིས་ནི་དེའི་གླིང་ཕྲན་དུ་སྐྱེས་པ་ཡང་སྡོམ་པའི་ཞིང་མ་ཡིན་ཞེས་མཚོན་ཏོ། །མཚན་ལན་གསུམ་གྱུར་ན། སྡོམ་པ་སྐྱེ་བའི་ཞིང་མ་ཡིན་པའི་གཞུང་ནི། རང་གི་རྣམ་བཤད་ལས། མཚན་ལན་གསུམ་གྱུར་པ་དེ་ལ་སྡོམ་པ་མི་སྐྱེའོ་ཞེས་བྱ་བའི་དོན་ཏོ། །ཞེས་དང༌། ཊཱི་ཀ་ལས། མཚན་གྱུར་པ་ལན་གྲངས་གསུམ་པོ་དེ་ལ་ཡང་སྡོམ་པའི་ཞིང་ཉིད་མེད་དེ་སྡོམ་པ་མི་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ། །ཞེས་སོ། །མཚན་ལན་གསུམ་གྱུར་ན། སྡོམ་པ་གནས་པའི་ཞིང་མ་ཡིན་པའི་གཞུང་ནི། ལུང་ཕྲན་ཚེགས་ལས། དགེ་སློང་ཕའམ་དགེ་སློང་མ་ཡང་རུང་མཚན་ལན་གསུམ་དུ་གྱུར་ན་ཇི་ལྟར་བགྱི། ཨུ་པ་ལི་མཚན་ལན་གསུམ་དུ་གྱུར་ན་དགེ་སློང་ཕའི་དངོས་པོ་དང་མའི་དངོས་པོ་དེ་མ་ཐག་ཏུ་རྣམ་པ་ཐམས་ཅད་དུ་མི་གཞག་གོ། །ཞེས་གསུངས་སོ། །མཚན་ལན་གསུམ་གྱུར་ན། སྡོམ་པ་སྐྱེ་གནས་གཉིས་ཀའི་ཞིང་མ་ཡིན་པའི་གཞུང་ནི། འགྲེལ་ཆུང་ལས། མཚན་ལན་གསུམ་དུ་གྱུར་པའི་མི་ལ་ནི་ཁྲིམས་ཕོག་ཀྱང་མི་ཆགས་ཏེ། དགེ་སློང་ལས་མཚན་གྱུར་ནའང་ལན་གཉིས་ཀྱི་བར་དུ་ནི་ཁྲིམས་མེད་པར་མ་སོང་གི་ལན་གསུམ་དུ་གྱུར་པས་ཁྲིམས་མེད་པར་སོང་སྟེ། །ཞེས་སོ། །དེའང་གློ་བུར་དུ་མ་ནིང་གི་རིགས་སུ་གྱུར་པའི་ཕྱིར་རོ། །འོ་ན་མཚན་ལན་གསུམ་དུ་གྱུར་པས་སྡོམ་པ་གཏོང་ན། མཛོད་འགྲེལ་ལས། མཚན་གྱུར་པ་ལ་སྔོན་གྱི་སྡོམ་པ་གཏོང་བའི་རྒྱུ་ཡང་ཡོད་པ་མ་ཡིན་ལ། སྔོན་མེད་པའི་སྡོམ་པ་འཐོབ་པའི་རྒྱུ་ཡང་ཡོད་པ་མ་ཡིན་ནོ། །ཞེས་པ་དང་འགལ་ཞེ་ན། དེ་ནི་མཚན་ལན་གཅིག་གམ་ལན་གཉིས་སུ་གྱུར་པའི་དབང་དུ་བྱས་ཞེས་པ་རིགས་སོ། །མཁན་པོ་དེ་དང་ལྡན་པའི་སྡོམ་པ་སྐྱེ་བ་ལྟར་ན་མཁན་པོ་མེད་པ་ཉིད་ལ་ཡང་སྡོམ་པ་སྐྱེའོ། །འོ་ན་ད་ལྟར་གྱི་ཆོ་གས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་སྡོམ་པ་ནོད་པ་ཆོས་ཅན། སྡོམ་པ་སྐྱེ་བ་དེ་མཁན་པོ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་མ་ཡིན་པར་ཐལ། མཁན་པོ་མེད་ཀྱང་སྡོམ་པ་སྐྱེ་བ་ཡོད་པའི་ཕྱིར་རོ། །འདོད་ན། ཊཱི་ཀ་ལས། མཁན་པོ་ཉིད་དུ་གནས་པ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དག་ཡོད་ཀྱི་མི་གནས་པ་ལ་མེད་དོ། །ཞེས་མཁན་པོ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པར་གསུངས་ལ། ལུང་མ་མོ་ལས་ཀྱང༌། བསྙེན་པར་རྫོགས་པར་མི་བྱ་བ་གང་ཞེ་ན། ཕ་བསད་པ་དང༌། མ་བསད་པ་དང༌། སློབ་དཔོན་མེད་པ་དང་མཁན་པོ་མེད་པ་དང་མི་མ་ཡིན་པ་ཐམས་ཅད་དེ་འདི་དག་ནི་བསྙེན་པར་རྫོགས་པར་བྱས་ན་ཡང་བསྙེན་པར་རྫོགས་པ་མ་ཡིན་ཞེས་མཁན་པོ་མེད་ན་བསྙེན་རྫོགས་ཀྱི་སྡོམ་པ་མི་སྐྱེ་བར་བཤད་པ་དང་འགལ་ཞེ་ན། མཁན་པོ་མེད་པ་ལ་སྡོམ་པ་སྐྱེ་བར་གསུངས་པ་དང་མི་སྐྱེ་བར་གསུངས་པ་དེ། འབོགས་པ་པོ་ལ་ཉེས་བྱས་བསྐྱེད་པས་ཉེས་པ་དང་བཅས་པའི་སྡོམ་པ་སྐྱེ་བ་དང༌། ཉེས་མེད་ཀྱི་སྡོམ་པ་མི་སྐྱེ་བ་ལ་དགོངས་པ་ཡིན་ཏེ། ལུང་གླེང་གཞིའི་སྒོ་དང་པོ་དང༌། ལུང་ཞུ་བ་ལས། མཁན་པོ་མ་མཆིས་པར་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ་བསྙེན་པར་རྫོགས་པར་བྱེད་པ་ནི་འདས་པ་དང་བཅས་པའོ། །ཞེས་དང༌། ཞུ་བ་ལས། ཉེ་བར་འཁོར་མཁན་པོ་ཚུལ་ཁྲིམས་འཆལ་བས་བསྙེན་པར་རྫོགས་པར་བྱེད་ན། གལ་ཏེ་གང་ཟག་གིས་མི་ཤེས་ན་བསྙེན་པར་རྫོགས་པ་ཡིན། ཞེས་དང༌། རྩ་བར། མཁན་པོ་མེད་པ་ཉིད་ལ་ཡང་ངོ༌། །ཞེས་དང༌། མེ་ཏོག་ཕྲེང་རྒྱུད་ལས། མཁན་པོ་གཏན་མེད་ཉིད་དང་ནི། །མཁན་པོ་ཁྱིམ་པའི་རྟགས་སོགས་ཅན། །དེ་ཡང་བསྙེན་པར་རྫོགས་འགྱུར་མོད། །དགེ་སློང་འགལ་ཚབས་ཅན་དུ་འགྱུར། །ཞེས་གསུངས་སོ། །མཁན་པོ་དེ་བསྙེན་པར་མ་རྫོགས་པ་ཉིད་ཡིན་ན་ཡང་དེ་དགེ་སློང་ཉིད་ཡིན་པར་འདུ་ཤེས་ན་མཁན་པོ་དང་ལྡན་པའི་སྡོམ་པ་སྐྱེའོ། །བསྡུས་པ་ལས། མཁན་པོ་ཚུལ་ཁྲིམས་ལས་འཆལ་བའོ་ཞེས་བྱ་བར་ཤེས་ན་བསྙེན་པར་རྫོགས་པ་མ་ཡིན་ནོ། །དེ་ལས་གཞན་དུ་ན་བསྙེན་པར་རྫོགས་པའོ། །ཞེས་གསུངས་པ་ལྟར་རོ། །ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་ཏེ། འདི་དག་གི་ཆ་ལུགས་རྫོགས་པ་ཅན་ལ་རབ་བྱུང་གི་སོ་སོ་ཐར་པའི་སྡོམ་པའི་རྒྱུན་གྱི་དང་པོ་མི་སྐྱེའོ། །འོན་ཀྱང་ཁྱིམ་པའི་རྒྱལ་མཚན་ཅན་ལ་དགེ་བསྙེན་དང་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བ་དང༌། བསམ་གཏན་གྱི་སེམས་ཐོབ་པའི་མུ་སྟེགས་པ་རང་གི་རྒྱལ་མཚན་ཅན་ལ་བསམ་གཏན་གྱི་སྡོམ་པ་སྐྱེ་བ་དང༌། དགེ་སློང་གིས་དེ་གཉིས་ཀྱི་ཆ་ལུགས་སུ་ཞུགས་ན་དགེ་སློང་གི་སྡོམ་པ་སྐད་ཅིག་སྔ་མའི་རིགས་འདྲ་སྐད་ཅིག་ཕྱི་མའི་སྡོམ་པ་སྐྱེ་བར་རིགས་སོ། །ལུང་གཞི་ལས། རིགས་ཀྱི་གཙོ་བོའི་བུ་གྲགས་པས་ཁྱིམ་པའི་ཆ་ལུགས་དང་རྒྱན་གྱིས་བརྒྱན་བཞིན་དུ་དགེ་སློང་དགྲ་བཅོམ་པར་གྱུར། ཅེས་གསུངས་པའི་དགོངས་པ་ནི་དཔྱད་དགོས་སོ། །གནས་ནས་ཕྱུང་བ་རྒྱུ་ལས་བཟློག་པ་ཁས་མི་ལེན་པ་ལ་ཡང་མི་སྐྱེའོ་ཞེས་སྦྱར་རོ། །སྡིག་སྡིག་ལྟ་བུ་སྔོན་སྡིག་པ་བྱས་བྱས་འདྲ་བ་བ་ལང་བདག་ལྟ་བུ་སྟེ། བ་ལང་གི་ཤ་ཚུགས་འདྲ་བ་ལ་སོགས་པའོ། །མགོ་སྨྱུང་ཞེས་སྔར་བསྟན་པ་དེ་ནི་མགོ་སྤྱི་བོ་ན་ཡར་རིང་བའོ། །ཕུང་ཀྲོལ་བ་ནི། རྒྱལ་པོས་ཆད་པ་གཅོད་པའི་གཤེད་བྱེད་པ་ལ་སོགས་པ་སྟེ། རང་འགྲེལ་ལས། ཕུང་ཀྲོལ་བ་ཡང་རྐུན་པོ་མ་ཡིན་པ་སྙིང་རྗེ་མེད་པ་བསད་བྱ་གསོད་པར་བྱེད་པ་ལ་སོགས་པ་སྟེ། ཞེས་གསུངས་སོ། །རྣམ་པ་གཅིག་ཏུ་ན་ཕ་མས་མ་གནང་ཡང་རྒྱལ་པོས་གནང་ན་རྒྱལ་པོ་ཕ་མའི་དབང་ཟ་བའི་བསམ་པ་ཅན་ཞེས་པ་སྟེ། ལུང་ལས། གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་ཕ་མས་མ་གནང་ཡང་རྒྱལ་པོས་གནང་སྟེ་བསྙེན་རྫོགས་མཛད་པ་ལྟ་བུའོ། །མི་མ་ཡིན་པའི་འགྲོ་བ་པ་གཉིས་ཞེས་པ་གནས་བརྟན་བྲག་དང་ཉེ་བྲག་གཉིས་ཁྲུང་ཁྲུང་མོ་ལས་སྐྱེས་པ་ལྟ་བུའོ། །མཛོད་འགྲེལ་ལས། བུད་མེད་གཞན་ལས་ནུར་ནུར་པོ་ཟགས་ནས་བུད་མེད་གཞན་གྱི་མངལ་དུ་བླུགས་ཏེ་བསྐྱངས་པ་ལ་ཡང་བུ་འབྱུང་བར་གསུངས་པ་དེ་ལྟ་བུའམ། སྐྱེད་པར་བྱེད་པ་དང་སྐྱོང་བ་བྱེད་པ་ཐ་དད་ན་དེ་གཉིས་གང་བསད་ན་མཚམས་མེད་དུ་འགྱུར་ཞེ་ན། ཕ་མ་བསད་པའི་མཚམས་མེད་འབྱུང་བ་དེ་ནི་སྐྱེད་པར་བྱེད་པའི་ཕ་མ་མིའི་འགྲོ་བ་པ་གཉིས་བསད་པ་ལས་མཚམས་མེད་པར་འགྱུར་ཏེ་མཛོད་ལས། གང་གི་ཟླ་མཚན་ལས་བྱུང་མ། །ཞེས་སོ། །ཕ་མ་མཚན་གྱུར་པ་གཉིས་བསད་པ་ལས་ཀྱང་མཚམས་མེད་པ་འབྱུང་སྟེ་ལུང་ལས་ཕ་ཡང་མ་ལགས་དགྲ་བཅོམ་པ་ཡང་མ་ལགས་པའི་སྐྱེས་པ་བསད་ན་མཚམས་མེད་པར་འགྱུར་བ་མཆིས་སམ། ཡོད་དེ་མ་མཚན་གྱུར་པ་བསད་ནའོ། །མ་ཡང་མ་ལགས་དགྲ་བཅོམ་པ་ཡང་མ་ལགས་པའི་བུད་མེད་བསད་ན་མཚམས་མེད་པར་འགྱུར་བ་མཆིས་སམ། ཡོད་དེ། ཕ་མཚན་གྱུར་པ་བསད་ནའོ་ཞེས་མཛོད་འགྲེལ་དུ་དྲངས་སོ། །མ་བསད་པ་ཙམ་བར་ཆད་ཡིན་ནམ། མཚམས་མེད་བྱས་པ་བར་ཆད་ཡིན་སྙམ་ན། མ་བསད་པ་ལ་སོགས་པ་ལྔ་ནི་མཚམས་མེད་དེ་རྫོགས་པར་བྱས་པ་ཉིད་བར་ཆད་ཀྱི་གཙོ་བོའོ། །ཡུལ་དགེ་སློང་མའམ་དགེ་སློང་ཕམ་པས་མ་གོས་པའི་རྣམ་དག་ཉིད་ལ་སྐྱེས་པའམ་བུད་མེད་གང་ཞིག་གིས་མི་ཚངས་པར་སྤྱད་པས་ཉམས་སུ་མྱོང་བ་དག་ཊཱི་ཀ་ལས། དགེ་སློང་མ་སུན་ཕྱུང་བ་ཉིད་དང༌། དགེ་སློང་ཕ་སུན་ཕྱུང་བ་ཉིད་ཡིན་ནོ། །ཞེས་གསུངས་སོ། །སྐྱེས་པས་ཀྱང་དགེ་སློང་ཕ་སུན་ཕྱུང་བ་དེ་སྲིད་དེ། ཊཱི་ཀ་ལས། དགེ་སློང་གིས་དགེ་སློང་ལ་རྩོལ་ཞིང་གཉིས་ཀས་ཉམས་སུ་མྱོང་བར་གྱུར་ན་གཉིས་ཀ་དགེ་སློང་སུན་ཕྱུང་བ་ཉིད་ཡིན་ནོ། །ཞེས་སོ། །དགེ་སློང་མའི་ཕམ་པར་འགྱུར་བ་ཐུན་མོང་མ་ཡིན་པ་སྟེ་རེག་པ་ལུས་བཀན་འཆབ་པ་བཟློག་པའི་ཕམ་པ་འཆབ་བཅས་ལྷག་པར་སྤྱད་པ་ཅན་སྡོམ་པ་སྐྱེ་བའི་བར་ཆད་དང་ལྡན་པ་དེ་ཡང་སྐྱེས་པ་ཉིད་དུ་གྱུར་པ་ནི་དབྱུང་རྫོགས་བྱར་རུང་བ་ཉིད་དོ་ཞེས་སྡོམ་པ་ལེན་ན་སྐྱེ་བ་སྟེ། སྡོམ་པ་སྐྱེ་བའི་བར་ཆད་དེ་ལས་གྲོལ་བའོ། །འོ་ན་དེ་ལྟར་མཚན་གྱུར་པ་དེས་སྡོམ་པ་མནོས་ནས་སླར་ཡང་བུད་མེད་དུ་གྱུར་ཏེ་ཕམ་པ་འཆབ་བཅས་དེ་སླར་ལོག་པར་གྱུར་པ་ན། སྡོམ་པ་གཏོང་ངམ་མི་གཏོང་ཞེ་ན་མི་གཏོང་སྟེ། གཏོང་རྒྱུ་གང་ཡང་མ་བྱུང་བའི་ཕྱིར་རོ། །བུད་མེད་བསྙེན་པར་རྫོགས་པར་བྱ་བ་ལ་དགེ་སློང་ཕའི་དགེ་འདུན་གཉུག་མར་གནས་པ་རྣམས་ཕུན་སུམ་ཚོགས་པའི་རྒྱུའམ་ཡན་ལག་ཉིད་དེ། ཊཱི་ཀ་ལས།དགེ་སློང་གཉུག་མར་གནས་པ་རྣམས་ཡན་ལག་ཉིད་ཡིན་གྱི། གློ་བུར་དུ་ལྷགས་པ་རྣམས་དང་འགྲོ་བར་ཆས་པ་རྣམས་ཡན་ལག་ཉིད་མ་ཡིན་ནོ། །ཞེས་པས་སོ། །དེའི་རྒྱུ་མཚན་ནི་ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་སྦྱིན་པ་ལ་སོགས་པའི་བྱ་བ་ནི་གཉུག་མར་གནས་པས་ལེགས་པར་འགྲུབ་ཀྱི། འགྲོ་བར་ཆས་པ་ལ་སོགས་པས་མི་འགྲུབ་པའི་ཕྱིར་རོ། །གཉུག་མར་གནས་པའི་ཚད་ནི་གནས་དེར་ཟླ་བ་ཕྱེད་ཡན་ཆད་གནས་པ་སྟེ། སྐབས་འདི་ཉིད་ཀྱི་ལུང་ལས། གཉུག་མར་གནས་པ་དང་རིང་དུ་གནས་པ་དག་གོ། །ཞེས་དང༌། ཊཱི་ཀ་ལས། ཟླ་བ་ཕྱེད་ལས་ལྷག་པ་ནི་ཡུན་རིང་བ་ཉིད་ཡིན་པར་ཤེས་པར་བྱ་སྟེ། གསོ་སྦྱོང་གི་དུས་གཞན་གྱིས་ཆོད་པའི་ཕྱིར་རོ། །ཞེས་གསུངས་པས་གྲུབ་བོ། །ཡན་ལག་ཅེས་པ་ནི་རྒྱུ་ཡིན་ལ། འདི་ནི་ཕུན་སུམ་ཚོགས་པའི་རྒྱུ་ཡིན་གྱི། མེད་ན་མི་འབྱུང་བའི་རྒྱུ་ནི་མ་ཡིན་ཏེ། དེ་མེད་ཀྱང་མི་སྐྱེ་བ་ཙམ་གྱི་དགག་བྱ་མ་དམིགས་པའི་ཕྱིར་རོ། །རྩ་བར། སྐྱེ་བའི་ཚེ་ཉིད་ན་ཕུལ་ལམ་ཉམས་ན་མི་སྐྱེའོ། །

ཞེས་པ་འདིའི་དོན་གཏན་ལ་དབབ་པ་ལ་གསུམ་སྟེ། དངོས་སུ་བརྗོད་པའི་དོན་དང༌། ཤུགས་ཀྱིས་བསྟན་པའི་དོན་དང༌། སྒྲུབ་བྱེད་ལུང་དང་སྦྱར་བའོ། །

དང་པོ་ནི་སྐྱེ་བའི་ཚེ་ཉིད་ལ་ཊཱི་ཀས་གཉིས་སུ་ཕྱེ་སྟེ། སྐྱེ་བ་ལ་ཕྱོགས་བཞིན་པ་སྐྱེ་བའི་ཚེ་དང༌། སྐྱེ་བ་ལ་མངོན་དུ་གྱུར་པ་སྟེ་སྐྱེ་བའི་ཚེའོ། །གཞུང་འདིར་དངོས་སུ་བརྗོད་པ་ནི་དང་པོ་དེ་ཡིན་ཏེ། ཊཱི་ཀ་ལས། སྐད་ཅིག་དུ་མས་བར་དུ་ཆོད་པ་སྐྱེ་བའི་ཚེ་ཉིད་ཅེས་བྱའོ། །ཞེས་སོ། །འདི་ལ་ཊཱི་ཀ་ལས། སྐྱེ་བཞིན་པ་སྐྱེ་བའི་ཚེ་ཞེས་ཀྱང་གསུངས་ཏེ་སྐྱེ་བ་ལ་ཕྱོགས་བཞིན་པ་སྐྱེ་བའི་ཚེ་ཞེས་དགོངས་པའོ། །སྐབས་འདིའི་ཕུལ་བ་ནི་སྡོམ་པ་ལེན་པ་ན་བསླབ་པ་ཕུལ་བ་སྟེ། སྡོམ་པ་ལེན་སེམས་ལོག་པའོ། །ཉམས་པ་ནི་སྡོམ་ལེན་དེ་ཉིད་ལ་མཚན་གཉིས་ཅིག་ཅར་དུ་བྱུང་བ་ལ་སོགས་པ་སྟེ། ཊཱི་ཀ་ལས། མཚན་གཉིས་སྐྱེས་པ་ལ་སོགས་པའི་སྐྱོན་གྱིས་ཉམས་ན། ཞེས་སོ། །མཚན་ལན་གསུམ་འགྱུར་བ་ཡང་དེ་ལྟར་ཤེས་པར་བྱའོ། །

གཉིས་པ་ཤུགས་ཀྱིས་བསྟན་པའི་དོན།

གཉིས་པ་ཤུགས་ཀྱིས་བསྟན་པའི་དོན་ནི།

སྐྱེ་བ་ལ་མངོན་དུ་གྱུར་པ་སྐྱེ་བའི་ཚེ་ཞེས་པ་སྡོམ་པ་དངོས་སུ་སྐྱེ་བདོ་བའི་སྐད་ཅིག་མ་སྟེ། ཊཱི་ཀ་ལས། སྐྱེ་བ་ལ་མངོན་དུ་གྱུར་པ་ནི་སྐྱེ་བའི་ཚེ་ཉིད་མ་ཡིན་པར་རིག་པར་བྱ་སྟེ། དེ་ལ་སྐྱེ་བའི་ཕྱིར་གང་གིས་ཀྱང་བགེགས་བྱ་བར་མི་ནུས་པས། ཞེས་སོ། །སྡོམ་པའི་རྒྱུ་ནུས་པ་ཐོགས་མེད་དེ་ནི་སྡོམ་པའི་རྒྱུ་ཐམས་ཅད་ཚང་བ་དེ་ཡིན་ལ། སྐྱེ་བའི་ཚེ་ཕུལ་ལམ་ཉམས་ན་སྡོམ་པའི་རྒྱུའི་གཙོ་བོ་མི་ཚང་བའི་ཕྱིར་ཏེ། སྐྱེ་བའི་ཚེ་ཕུལ་ན་སྡོམ་པ་ལེན་སེམས་མི་ཚང་བའི་ཕྱིར་དང༌། སྐྱེ་བའི་ཚེ་ཉམས་ན་ལུས་སྡོམ་པའི་རྟེན་དུ་རུང་བ་མི་ཚང་བའི་ཕྱིར་རོ། །དེ་ལྟར་རྒྱུའི་གཙོ་བོ་མ་ཚང་བ་སྟེ་རྒྱུ་ནུས་པ་ཐོགས་མེད་ཡིན་པར་མི་རིགས་སོ། །རྒྱུ་ནུས་པ་ཐོགས་མེད་ནི་རང་རང་གི་དངོས་རྒྱུ་ཐམས་ཅད་ཚང་བ་སྟེ། རྣམ་འགྲེལ་ལས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་བཟློག་པར་བྱེད། །ཅེས་གསུངས་སོ། །

གསུམ་པ་སྒྲུབ་བྱེད་ལུང་དང་སྦྱར་བ།

གསུམ་པ་སྒྲུབ་བྱེད་ལུང་དང་སྦྱར་བ་ནི།

ཕུལ་ལམ་ཞེས་སྐྱེ་བའི་ཚེ་ཕུལ་ན་མི་སྐྱེ་བའི་ཁུངས་ནི་ལུང་སིལ་བུ་ལས་བསྙེན་པར་རྫོགས་ཟིན་པ་ཉིད་ཀྱང་བསླབ་པ་ཕུལ་བ་བསྙེན་པར་མ་རྫོགས་པ་ཞེས་བྱ་ན། བསྙེན་པར་རྫོགས་པར་བྱེད་པའི་ཚེ་ལྟ་ཅི་སྨོས། ཞེས་དང༌། ལུང་སིལ་བུ་ལས། བསྙེན་པར་རྫོགས་ཟིན་ཀྱང་ཁྱིམ་པར་ཁས་བླངས་ན། དེ་ཡང་བསྙེན་པར་མ་རྫོགས་པ་ཞེས་བྱ་ན། བསྙེན་པར་རྫོགས་པར་བྱེད་པའི་ཚེ་ན་ལྟ་སྨོས་ཀྱང་ཅི་དགོས། ཞེས་གསུངས་སོ། །བར་ཆད་བཤད་ཟིན་ཏོ། །

གཉིས་པ་རབ་བྱུང་གི་སྡོམ་པའི་ཆོ་ག་དངོས་བཤད་པ་ལ་ལྔ་ལས། དང་པོ་བར་མ་རབ་བྱུང་གི་སྡོམ་པའི་ཆོ་ག་བཤད་པ་ལ་ལྔ་ལས། དང་པོ་མཁན་པོར་གསོལ་བ་གདབ་པ་ནི།

རྩ་བར། མཁན་པོར་གསོལ་ཞེས་པ་འདིའི་དོན་ལ་ལྔ་ལས་དང་པོ་མཁན་པོར་གསོལ་བའི་དགོས་པ་ནི། མཁན་པོར་འགྱུར་བའོ། །གཉིས་པ་ཡུལ་གང་ལ་གསོལ་བ་གདབ་པ་ནི། མཁན་པོར་འོས་ཤིང་རང་གི་བསླབ་ཚིགས་དེ་ཉིད་ཀྱི་མཁན་པོར་གྱུར་ཟིན་པ་དང་མ་འབྲེལ་བ་ལའོ། །གསུམ་པ་རྟེན་གང་གིས་གསོལ་བ་གདབ་པ་ནི། རབ་ཏུ་འབྱུང་བར་འདོད་པའམ། བསྙེན་རྫོགས་ལེན་པར་འདོད་པས་སོ། །བཞི་པ་རྣམ་པ་ཅི་ཞིག་ཏུ་གསོལ་བ་གདབ་པ་ནི། མཁན་པོ་ཉིད་དུ་སྟེ། དེ་ཡང་སཾ་སྐྲྀ་ཏའི་སྐད་དུ་ཨུ་པ་དྷྱ་ཞེས་པ་སྐད་ཀྱི་བྱིངས་ཡིན་ཏེ། དེ་ནི་མཁན་པོ་ཙམ་པོ་ལ་འཇུག་གོ །ཨུ་པ་དྷ་ཞེས་པ་དེ་ལ་སྒྲའི་རྐྱེན་བྱིན་པས། ཨུ་པ་དྷ་ཨུ་པ་ཡ་ཧ་སྟེ། ཨུ་པ་དེ་ཤ་ཏི་ཞེས་གོ་རིམ་བཞིན་དུ་ཉེ་བར་འཛིན། ཉེ་བར་སྦྱོར། ཉེ་བར་ལུང་འབོགས་པའི་དོན་གྱིས་ན་མཁན་པོ་ཞེས་བྱའོ། །ལྔ་པ་ཆོ་ག་གང་གིས་གསོལ་བ་གདབ་པ་ནི། སྦྱོར་དངོས་མཇུག་གསུམ་སྡོམ་ཆོག་ལྟར་རོ། །

གཉིས་པ་སྐྲ་དང་ཁ་སྤུ་བྲེགས་པ།

གཉིས་པ་སྐྲ་དང་ཁ་སྤུ་བྲེགས་པ་ནི།

སྐྲ་དང་ཁ་སྤུ་བྲེགས་ཞེས་པ་འདིའི་དོན་ལ་ལྔ་ལས། དང་པོ་སྐྲ་བྲེགས་པའི་དགོས་པ་ནི་བཞི་སྟེ། ཁྲེལ་ཡོད་ཀྱི་བསམ་པ་སྐྱེ་བ་དང༌། དོན་དང་བྱ་བ་ཉུང་བ་དང༌། ང་རྒྱལ་དང་རྒྱགས་པ་གཞོམ་པ་དང༌། སྲོག་ཆགས་ལ་གནོད་པ་སྤོང་བ་སྟེ། གཞི་འགྲེལ་ལས། སྐྲ་དང་ཁ་སྤུ་བྲེགས་ཏེ་ཞེས་བྱ་བ་ནི། འདོད་ཆགས་དང་བྲལ་བའི་རྗེས་སུ་མཐུན་པར་བྱ་བའི་ཕྱིར་དང༌། མི་བྲལ་བར་བྱ་བའི་ཕྱིར། ཞེས་སོ། །རྣམ་འབྱེད་ལས། ཕུ་ནུ་མོ་དག་སྐྲ་ནི་བྲེགས་ཤིང༌། མཆན་ཁུང་རལ་བུ་ཅན་དག་ཡིན་ན་དགོད་དུ་ཅི་ཡོད། ཅེས་དང༌། གཞི་འགྲེལ་ལས། གཙུག་ཕུད་བྲེགས་པས་ཉེ་དུ་རྣམས་ཀྱི་གྲལ་ནས་ཕྱུང་བའི་ཕྱིར་ཏེ།འཇིག་རྟེན་ན་སྨད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཞེས་དང༌། ཐ་མ་ནི་དོན་གྱིས་ཐོབ་པའོ། །དགེ་སློང་དགོན་པ་བས་སྐྲ་སྲིད་དུ་སོར་གཉིས་ལས་ལྷག་པ་མི་བཞག་གོ་སྐྲ་སྨོས་པས་ཁ་སྤུ་ཡང་སྨོས་པར་འགྱུར་བའི་ཕྱིར་ཞེས་ཊཱི་ཀ་ལས་སོ། །བསྡུས་པ་ལས། དགོན་པ་པས་ནི་སྐྲ་སོར་གཉིས་འཁྱིལ་བ་བྲེག་གོ་ཞེས་ཁྱད་པར་བཤེས་གཉེན་གྱིས་བཤད་ཀྱང༌། རང་གི་རྣམ་བཤད་ལས།སོར་གཉིས་བསྐོར་བ་ཡིན་ན་དེ་ནི་རིགས་པ་མ་ཡིན། །ཞེས་དང༌། འོད་ལྡན་ལས་ཀྱང༌། དེ་ལྟར་གྱུར་ན་ཚད་སོར་ལྔར་འགྱུར་བས་སོ། །གླེང་གཞི་དེ་ཉིད་ཀྱི་ཉེས་པར་འགྱུར་བས་མི་འདོད་དེ། ཞེས་སོ། །གྲོང་མཐའ་པས་ནི་དེའི་འོག་མ་སོར་ཕྱེད་དང་གཉིས་སོ། །ཊཱི་ཀ་ལས། སོར་ཕྱེད་དང་གཉིས་ལས་ལྷག་པ་སོར་གཉིས་ཀྱི་ཚད་དུ་གྱུར་པ་དེ་ཙམ་དུ་མི་བཞག་གོ། །ཞེས་སོ། ། ལྷག་པའི་ཚད་ནི་སོར་ཕྱེད་ཡིན་པར་ཊཱི་ཀའི་ཚིག་དེས་ཤེས་སོ། །དེ་གཉིས་ལ་ཡངས་དོག་གི་ཁྱད་པར་འབྱུང་བ་ནི། ལུང་ཕྲན་ཚེགས་ལས། དགོན་པ་བ་དག་གིས་འདྲེག་མཁན་མ་རྙེད་ན་སྐྲ་སོར་གཉིས་ཀྱི་ཚད་དུ་བཞག་པར་རྗེས་སུ་གནང༌། ཞེས་གསུངས་ལ། འགྲེལ་ཆུང་ལས། དགོན་པ་ན་འདྲེག་མཁན་དཀོན་པའི་ཕྱིར་དང༌། གྲོང་མཐའ་ན་འདྲེག་མཁན་བཙལ་སླ་བའི་ཕྱིར། ཞེས་སོ། །མ་དད་པ་སྐྱེ་བའི་དགག་བྱ་འབྱུང་རིང་བ་དང་ཉེ་བའི་ཁྱད་པར་གྱིས་ཀྱང་ཡིན་ནོ། །ལུས་གཞན་མགྲིན་པ་མན་ཆད་ཀྱི་ཡང་སྤུ་བྲེག་པར་མི་བྱའོ། །འོ་ན་སྣའི་སྤུ་ཡང་འཐོག་ཏུ་མི་རུང་ངམ་སྙམ་ན། ཊཱི་ཀ་ལས། སྣའི་སྤུ་བྲེག་པ་ལ་ནི་རྣམ་གྲངས་ཀྱི་ཚིག་ཡོད་དེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གིས་སྣའི་སྤུ་ཕྱེད་བཏོགས་པ་ལ་རྒན་རིམ་གྱིས་སྨད་ཙེར་བླང་བར་མི་བྱའོ། །ལེན་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངས་སོ། །གལ་ཏེ་སྣའི་སྤུ་རྣམ་པ་ཐམས་ཅད་དུ་བཏོགས་པར་མི་བྱ་བ་ཡིན་ན། འདི་ལ་ཅིའི་ཕྱིར་ཉེས་བྱས་སུ་བསྟན་པ་ཡིན་ཏེ། རིགས་པ་འདིས་སྔོན་གཞུང་དངོས་སུ་ཡང་ཡོད་པ་ལས་ནུབ་པར་ཤེས་སོ། ། ཆོས་གོས་གྱོན་བཞིན་དུ་ཞེས་ཆོས་གོས་སྤྱིར་སྨོས་ཀྱང་སྣམ་སྦྱར་དང་བླ་གོས་བཟུང་སྟེ། ཊཱི་ཀ་ལས། མཐང་གོས་ཀྱང་བཀག་ན་གཅེར་བུར་འགྱུར་བའི་ཕྱིར་རོ། །ཞེས་སོ། །སྐྲ་བཟེད་པའི་གོས་བཅང་བར་བྱའོ། །འདིའི་ཚད་ནི། མེ་ཏོག་ཕྲེང་རྒྱུད་ལས། བསྲུང་བའི་དོན་དུ་སྐྲ་བཟེད་ནི། །རྒྱར་ནི་ཕྱེད་དང་གཉིས་ཁྲུ་ལ། །སྲིད་དུ་ཁྲུ་ནི་གསུམ་ཡིན་ཏེ། །ལྷག་པར་བཅང་བར་མི་བྱའོ། །ཞེས་སོ། །ལུང་ཕྲན་ཚེགས་ལས། སྐྲ་བཟེད་བགོས་ནས་སྐྲ་བྲེག་པར་བྱའོ། །ཞེས་གསུངས་སོ། །ཊཱི་ཀ་ལས་ཀྱང༌། སྐྲ་བཟེད་དེ་ཡང་བགོ་བའི་དོན་ཡིན་གྱི་གདིང་བའི་དོན་ནི་མ་ཡིན་ཏེ། མེད་ན་རྔུལ་གཟན་གྱི་སོ་ཞེས་བརྗོད་པའི་ཕྱིར་རོ། །ཞེས་གསུངས་སོ། །

གཉིས་པ་ཡུལ་གང་ལ་འདྲེག་པ་ནི་རབ་ཏུ་འབྱུང་བར་འདོད་པ།

གཉིས་པ་ཡུལ་གང་ལ་འདྲེག་པ་ནི་རབ་ཏུ་འབྱུང་བར་འདོད་པ་དེའོ། །

གསུམ་པ་དངོས་པོ་གང་འདྲེག་པ་ནི་སྐྲ་དང་ཁ་སྤུ་ཡིན་ཞིང་ཚད་ལས་ལྷག་པའོ། །བཞི་པ་རྟེན་གང་གིས་བྲེགས་པ་ནི་མཁན་པོའམ་དེས་བསྐོས་པས་འདྲེག་སྟེ། ཊཱི་ཀ་ལས། མཁན་པོས་སྐྲ་དང་ཁ་སྤུ་བྲེགས་པར་བྱའོ། །མཁན་པོས་བསྐོས་པའི་འདྲེག་མཁན་གྱིས་སྐྲ་དང་ཁ་སྤུ་དག་འདྲེག་པར་བྱེད་ན་ཡང་ཉེས་པ་མེད་དེ། ཞེས་གསུངས་སོ། །

ལྔ་པ་ཚུལ་ཇི་ལྟར་བྲེགས་པ།

ལྔ་པ་ཚུལ་ཇི་ལྟར་བྲེགས་པ་ནི།

རྩ་བར།སྐྲ་བ་ལང་གི་སྤུ་འདྲ་བར་མི་བྲག་གོ། །ཞེས་པ་ལ་སོགས་པའོ། །ཆོས་གོས་བྱིན་པའི་དགོས་པ་ཡང་དེ་དག་ཅི་རིགས་སུ་གནས་སོ། །ཊཱི་ཀ་ལས། མཁན་པོ་རང་གིས་དེ་ལ་གོས་དེ་དག་བསྐོན་པར་བྱ། ཞེས་སོ། །གསུམ་པ་དགེ་འདུན་ལ་ཞུ་བ་ནི། རྩ་བར། རང་གིས་དགེ་བསྙེན་ཉིད་དུ་ཉེ་བར་བསྒྲུབས་ནས་དགེ་འདུན་ལ་ཞུ་བའི་དགེ་སློང་ལ་གཏད་པར་བྱའོ། །ཅི་ཡོངས་སུ་དག་གམ་ཞེས་དྲིས་ལ་དག་ན་ཞུ་བར་བྱའོ། །ཞེས་སོ། །འདིའི་དོན་ལྔ་ལས། དང་པོ་དགོས་པའི་དོན་ལ་གཉིས། དངོས་ཀྱི་དགོས་པ་དང༌། བརྒྱུད་པའི་དགོས་པའོ། །དང་པོ་ནི་མ་ཞུས་པའི་ཉེས་བྱས་ཁེགས་པའོ། །གཉིས་པ་ལ་དྲུག་སྟེ། ཁྲེལ་ཡོད་ཀྱི་བསམ་པ་སྐྱེ་བ་དང༌། རབ་ཏུ་བྱུང་བ་དེ་དགེ་འདུན་ལ་གུས་པར་འགྱུར་བ་དང༌། ཚོགས་པ་གཅིག་པ་དགེ་འདུན་དང་རབ་ཏུ་བྱུང་བ་སྟེ་ཕན་ཚུན་བསམ་པ་ལ་ལྟོས་པ་དང་བཅས་པར་འགྱུར་བ་དང༌། ཕ་མས་འབེབས་པ་ལ་སོགས་པ་ལ་དགེ་འདུན་རྣམས་ཀྱིས་བར་ཆད་མཐོང་ན་འདྲེན་པར་འགྱུར་བ་དང༌། དགེ་འདུན་ལ་ཞུ་མི་དགོས་པར་ལྐོག་ཏུ་རབ་ཏུ་བྱུང་ན་ལག་རྡུམ་ལ་སོགས་པ་ཅི་ཡང་རུང་བ་རབ་ཏུ་བྱུང་སྟེ་བསྟན་པ་ལ་རྨ་མི་འབྱིན་པ་དང༌། ལུང་གི་གླེང་གཞི་ལས་ཤཱཀྱའི་བུ་རྐུན་མ་རྣམས་ཀྱི་ནང་དུ་ཅིའི་ཕྱིར་རབ་ཏུ་བྱུང་ཞེས་ཟེར་བ་ལྟ་བུ་སྐུར་བའི་ཚིག་སྤོང་བའོ། །གཉིས་པ་ཡུལ་གང་ལ་ཞུ་བ་ནི་ཆོས་གསུམ་ལྡན་ལ་ཞུ་བ་སྟེ། དགེ་སློང་བཞི་ཡན་ཆད་ཀྱི་གྲངས་ཚང་བ་དང༌། ས་རང་བཞིན་དུ་གནས་པ་དང༌། ཐོས་པའི་ཉེ་འཁོར་ན་གནས་པའོ། །གསུམ་པ་རྟེན་གང་གིས་ཞུ་བ་ནི། ཆོས་དགུ་ལྡན་གྱིས་ཞུ་སྟེ། བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་དང༌། མཚན་མཐུན་པ་དང༌། ལྟ་བ་མཐུན་པ་དང༌། ཐ་སྙད་གསུམ་དང་ལྡན་པ་དང༌། ལུས་ཐ་མལ་པར་གནས་པ་དང༌། ས་རང་བཞིན་དུ་གནས་པ་དང༌། དགེ་འདུན་ལ་ལྟོས་པའི་མཚམས་ཀྱི་ནང་ན་གནས་པ་དང༌། མཁན་པོར་ཕྱོགས་པ་དེ་ལས་གཞན་ཡིན་པ་དང༌། ཞུ་བའི་ཆོ་ག་ཤེས་པའོ། །ཐ་སྙད་གསུམ་ལྡན་ནི། སྨྲ་ཤེས་པ་དང༌། དོན་གོ་བ་དང༌། ཤེས་པ་རང་བཞིན་དུ་གནས་པའོ། །དགུ་པོ་དེ་དག་གི་དང་པོ་དྲུག་ནི་དགེ་སློང་ཆོས་དྲུག་ལྡན་ཞེས་བྱ་སྟེ། ཆོ་ག་རྣམ་གཞག་གི་སྐབས་སུ་དགེ་སློང་ཆོས་དྲུག་ལྡན་ཞེས་འོག་ནས་འབྱུང་བ་རྣམས་སུ་ཡང་དྲུག་པོ་དེ་རྣམས་སྦྱར་རོ། །

བཞི་པ་དངོས་པོ་གང་ཞུ་བ་ནི་གསུམ་ལས།

བཞི་པ་དངོས་པོ་གང་ཞུ་བ་ནི་གསུམ་ལས།

རབ་ཏུ་འབྱུང་བར་འདོད་པ་སྟེ་ཆོ་ག་ལས། མིང་འདི་ཞེས་བགྱི་བ་འདི་རབ་ཏུ་འབྱུང་བར་འཚལ་ཞིང༌། ཞེས་སོ། །བར་ཆད་དང་མི་ལྡན་པ་སྟེ། རྩ་བར། དག་ན་ཞུ་བར་བྱའོ། །ཞེས་སོ། །མངོན་སུམ་ན་ཡོད་པ་སྟེ། ཆོ་ག་ལས། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི་ཞེས་གསུངས་ཏེ། འདི་ཞེས་བྱ་བའི་སྒྲ་མངོན་སུམ་ན་ཡོད་པ་ལ་འཇུག་གི རྒྱང་རིང་པོ་ན་ཡོད་པ་ལ་མི་འཇུག་པའི་ཕྱིར་རོ། །འཕྲིན་གྱིས་རབ་ཏུ་འབྱིན་ན་གང་ཟག་དེ་མངོན་སུམ་ན་ཡོད་པ་མ་ཡིན་པ་སྟེ་དམིགས་བསལ་ཡིན་ནོ། །ལྔ་པ་ཆོ་ག་གང་གིས་ཞུ་བ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་མཁན་པོས་ཞུ་བ་པོ་ལ་གཏད་པ་དང་ཅི་ཡོངས་སུ་དག་གམ་ཞེས་འདྲི་ཞིང་ལན་གདབ་པ་དང༌། དགེ་འདུན་ལ་ཕྱག་འཚལ་དུ་བཅུག་ནས་སྤྱོད་ལམ་བསྟེན་དུ་འཇུག་པའོ། །དངོས་གཞི་སྔགས་ལན་གཅིག་གིས་ཞུ་བའོ། །མཇུག་དགེ་འདུན་གྱིས་གལ་ཏེ་ཡོངས་སུ་དག་ནའོ་ཞེས་ལན་གདབ་པའོ། །གནས་ཁང་སོ་སོ་ན་འཁོད་པ་ཞེས་པ་ནི་འགྲེལ་ཆུང་ལས། ལ་ལ་ཞིག་མ་འོངས་ན་ཡང་གནས་གང་ལ་འདུག་པར་གནས་གནས་སུ་དྲི་ཞེས་པ་ལ་བརྟེན་ནས། གནས་ཁང་སོ་སོ་ན་འཁོད་པ་དགེ་འདུན་དུ་མ་ལོངས་པ་ལ་ཡང་ཞུ་ཞེས་ཁ་ཅིག་ཟེར་རོ། །དེ་ནི་མ་ཡིན་ཏེ། རྩ་བར། དགེ་འདུན་ལ་ཞུ་ཞེས་པ་དང༌། ལུང་དང་ཀརྨ་ཤ་ཏཾ་ལས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཞེས་དང༌། ཊཱི་ཀ་ལས། དགེ་འདུན་དུ་གྱུར་པའི་དགེ་སློང་དག་རང་རང་གི་གནས་ཁང་དག་ན་གནས་པའི་ཚེ་གནས་ཁང་སོ་སོར་སོང་སྟེ་དེ་དག་གི་མདུན་དུ་ཞུར་ཡང་རུང་ངོ་ཞེས་བཤད་པ་དང་འགལ་ལོ། །

བཞི་བ་རབ་བྱུང་ཉེ་བར་བསྒྲུབ་པ།

བཞི་བ་རབ་བྱུང་ཉེ་བར་བསྒྲུབ་པ་ནི།

རྩ་བར། སྐྱབས་སུ་འགྲོ་བ་རྩོམ་པས་རབ་ཏུ་འབྱུང་བ་ཉེ་བར་བསྒྲུབ་ཅེས་པ་འདིའི་དོན་ལ་ལྔ་ལས། དང་པོ་རབ་ཏུ་བྱུང་བ་བར་མའི་དགེ་བ་བྱིན་པའི་དགོས་པ་ནི། བསླབ་པའི་ཚིགས་ལས་འདས་པའི་ཉེས་པ་ཁེགས་པ་དང༌། དགེ་ཚུལ་གྱི་སྡོམ་པའི་སྣོད་དུ་རུང་བའོ། །གཉིས་པ་ཡུལ་གང་ལས་བླང་བ་ནི། མཁན་པོ་ལས་བླང་སྟེ། ཊཱི་ཀ་ལས། རབ་ཏུ་འབྱུང་བ་ནི་མཁན་པོ་ཁོ་ན་ལས་འགྱུར་ལ། ཞེས་སོ། །གསུམ་པ་རྟེན་གང་གིས་བླང་བ་ནི་ལུས་དང་བསམ་པ་ཕུན་སུམ་ཚོགས་པས་སོ། །

བཞི་པ་དངོས་པོ་གང་བླང་བ།

བཞི་པ་དངོས་པོ་གང་བླང་བ་ནི།

བར་མའི་དགེ་བ་ཁྱིམ་པའི་རྟགས་སྤང་བ་ཉམས་པ་དང༌། རབ་ཏུ་བྱུང་བའི་རྟགས་བླང་བ་ཉམས་པ་དང༌། བླ་མར་གསོལ་བ་གདབ་པ་ཉམས་པ་སྟེ། སྤང་བྱ་གསུམ་སྤོང་བ་བླང་ཞེས་སྔ་མ་རྣམས་གསུང་ཡང་བླ་མར་གསོལ་བ་བཏབ་པ་ཉམས་པ་སྤོང་བ་ནི་སྔར་མཁན་པོར་གསོལ་བའི་སྐབས་སུ་ཐོབ་སྟེ།འོད་ལྡན་ལས། བཙུན་པ་བདག་གི་མཁན་པོ་མཛད་དུ་གསོལ་ཞེས་གང་གིས་གསོལ་བ་བཏབ་པ་སྔོན་དུ་བཏང་ནས་ཁས་ལེན་པ་སྟེ་དེ་ཡོངས་སུ་གཏོང་བ་ནི་ཉམས་པ་ཞེས་བྱའོ། །ཞེས་གསུངས་སོ། །འདིར་ནི་ཤཱཀྱའི་རྒྱལ་པོའི་རྗེས་སུ་འབྱུང་བར་ཁས་ལེན་ཅིང་ཁྱིམ་པའི་རྟགས་སྤོང་བ་དང་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་པ་སྟེ་དེ་ལྟར་ཆོ་ག་ལས་བཤད་དོ། །

ལྔ་པ་ཆོ་ག་གང་གིས་བླང་བ།

ལྔ་པ་ཆོ་ག་གང་གིས་བླང་བ་ནི།

སྦྱོར་དངོས་མཇུག་གསུམ་སྟེ་སྡོམ་ཆོག་ལྟར་རོ། །ལྔ་པ་གོ་རིམ་ནི། མཚོ་ཊཱིཀ་ལས། གོ་རིམ་གྱི་རྣམ་པ་གཞན་ཉེ་བར་བསྟན་པའི་ཕྱིར་མཁན་པོར་གསོ༷ལ་བ༷འི་འོ༷ག་སྐྲ་དང་ཁ་སྤུ་བྲེགས་པ་དང་གོས་ངུར་སྨྲིག་བྱིན་པའི་གོང་དུ༷་ཡ༷ང་རབ་ཏུ་དབྱུང་དུ་རུ༷ང་ངོ༷༌། །ཞེས་གསུངས་ལ། ཊཱི་ཀ་ལས། ཁ་ཅིག་ན་རེ་དཔེར་ན་དགེ་ཚུལ་ཉིད་རབ་ཏུ་དབྱུང་བ་ཁོ་ན་ལ་བྱེད་པ་དེ་བཞིན་དུ། སྐྲ་དང་ཁ་སྤུ་བྲེགས་པ་དང་ངུར་སྨྲིག་བྱིན་ཞིང་བསྐོན་པ་ཡང་རབ་ཏུ་བྱུང་བ་ཁོ་ནའི་ཚུལ་ཡིན་པས། དེའི་ཕྱིར་མཁན་པོར་གསོལ་བའི་མོད་ཁོ་ན་ལ་རབ་ཏུ་འབྱུང་བར་བྱ་ཞིང༌། ཕྱིས་སྐྲ་དང་ཁ་སྤུ་འདྲེག་པ་ལ་སོགས་པ་བྱའོ་ཞེས་ཟེར་རོ། །ཞེས་བཤད་དོ། །དེ་ལ་བརྟེན་ནས་བོད་ཁ་ཅིག་ཀྱང་གོ་རིམ་དེ་ཁོ་ན་བཞིན་བྱ་སྟེ། ཊཱི་ཀ་ལས། གཞན་དུ་ན་ཆོ་ག་ལས་ཁྱིམ་པའི་རྟགས་སྤོང་ངོ་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ། །ཞེས་ད་གཟོད་སྤོང་བ་དང་ད་གཟོད་ལེན་པའི་ཚིག་ཏུ་བྱུང་བས་སྒྲ་དོན་འགལ་བར་འགྱུར་རོ་ཞེས་ཟེར་རོ། །དེ་ལ་ཁ་ཅིག་ན་རེ་དེ་ནི་མི་འཐད་དེ། གནོད་བྱེད་བརྗོད་པ་ན། ལུང་གཞི་ལས་སྐྲ་བྲེགས་ཤིང་ཆོས་གོས་བསྐོན་ནས་དེའི་འོག་ཏུ་རབ་ཏུ་བྱུང་བར་གསུངས་པ་དང་འགལ་ཞིང༌། གོ་རིམ་དེ་ལས་བཟློག་པ་ལྟར་ན་གཙུག་ཕུད་གཞག་པ་དོན་མེད་དུ་ཐལ། གཙུག་ཕུད་འཇོག་པ་ནི་རབ་ཏུ་འབྱུང་བར་ངེས་མ་ངེས་བརྟག་པ་ཡིན་པ་ལ་རབ་ཏུ་བྱུང་ཟིན་པའི་ཕྱིར་རོ། །སྒྲུབ་བྱེད་གཞིག་པ་ནི། གཞན་གྱི་སྒྲུབ་བྱེད་འདི་སྐད་དུ་སྐྲ་འདྲེག་པ་དང་ཆོས་གོས་ངུར་སྨྲིག་བྱིན་ཞིང་བསྐོན་པ་འདི་ཆོས་ཅན། རབ་ཏུ་བྱུང་ཟིན་པའི་རྗེས་སུ་བྱ་བ་ཡིན་ཏེ། རབ་ཏུ་བྱུང་བ་ཁོ་ནའི་ཚུལ་ཡིན་པའི་ཕྱིར་ཟེར་བ་དེའང་མི་འཐད་དེ། འོ་ན་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་པའི་ཚེ་ན་ཆོས་གོས་སྣམ་སྦྱར་བྱིན་གྱིས་རློབ་པ་དེ་ཆོས་ཅན། བསྙེན་པར་རྫོགས་ཟིན་པའི་རྗེས་སུ་བྱ་བ་ཡིན་པར་ཐལ། བསྙེན་པར་རྫོགས་པ་ཁོ་ནའི་ཚུལ་ཡིན་པའི་ཕྱིར། ཞེས་མཚུངས་སོ། །རྟགས་མ་གྲུབ་ན་དེར་ཡང་ངོ༌། །རབ་ཏུ་འབྱུང་བའི་ཆོ་ག་ལས། སྤོང་ངོ་ལེན་ཏོ་ཞེས་ད་གཟོད་སྤོང་བ་དང་ད་གཟོད་ལེན་པའི་ཚིག་ཏུ་གསུངས་པ་དང་མི་འགལ་ཏེ། བསམ་པའི་སྒོ་ནས་ད་གཟོད་ཁྱིམ་པའི་རྟགས་སྤོང་ཞིང་རབ་བྱུང་གི་རྟགས་ལེན་པའི་དམ་བཅའ་ད་གཟོད་ལེན་པ་ཡིན་པའི་ཕྱིར་རོ། །གལ་ཏེ་རབ་བྱུང་མ་ཟིན་པར་ཁྱིམ་པ་ལ་ཆོས་གོས་བསྐོན་ན་ཆོས་ཀྱི་རྒྱལ་མཚན་ལ་མི་གུས་པར་འགྱུར་བའི་ཕྱིར། རབ་ཏུ་བྱུང་ཟིན་ནས་ཆོས་གོས་བསྐོན་པའི་ལུགས་འདི་འཐད་དོ་ཞེ་ན། རབ་ཏུ་མ་བྱུང་བར་ཁྱིམ་པ་ལ་ཆོས་གོས་བསྐོན་ཡང་སྐབས་འདིར་ཆོས་ཀྱི་རྒྱལ་མཚན་ལ་མ་གུས་པའི་ཉེས་པར་མི་འགྱུར་ཏེ། དམིགས་བསལ་ཡིན་པའི་ཕྱིར་རོ། །གོ་རིམ་གྱི་རྣམ་གྲངས་གཞན་རབ་ཏུ་བྱུང་ཟིན་ནས་སྐྲ་དང་ཁ་སྤུ་འདྲེག་པའི་ལུགས་ལྟར་བྱས་ཀྱང༌། གཙུག་ཕུད་བཞག་པ་དོན་མེད་དུ་མི་འགྱུར་ཏེ། རབ་ཏུ་བྱུང་ཟིན་ཡང་དགེ་ཚུལ་བྱེད་པར་ངེས་མ་ངེས་བརྟག་པའི་དགོས་པ་ཡོད་པའི་ཕྱིར་རོ། །ཞེས་གསུངས་སོ། །རང་ལུགས་ནི་རབ་ཏུ་དབྱུང་བ་དང་རབ་བྱུང་གི་ཆ་ལུགས་བྱིན་པ་འདི་གཉིས་ལ་གོ་རིམ་སྔ་ཕྱི་ངེས་པ་མེད་དེ། གསོལ་བའི་འོག་ཏུ་ཡང་རུང་ངོ༌། །ཞེས་རྣམ་གྲངས་ཀྱི་ཚིག་ཏུ་གསུངས་པའི་ཕྱིར་རོ། །འགྲེལ་ཆུང་ལས། མཁན་པོར་གསོལ་བའི་འོག་དང་སྐབས་འདི་གཉིས་གང་དུ་བྱས་ཀྱང་ཉེས་པ་མེད་དོ། །ཞེས་གསུངས་སོ། །ཊཱི་ཀ་ལས། དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པའི་ངང་ཚུལ་གང་ལ་ཡོད་པའི་དགེ་སློང་དེ་ལ་གཏད་པར་བྱའོ། །ཞེས་སོ། །དེའི་དོན་ནི་ཊཱི་ཀ་ལས། དགེ་སློང་དེ་དགེ་ཚུལ་གྱི་སྡོམ་པ་བྱིན་པར་ནུས་ནའོ། །ཞེས་སོ། །

གཉིས་པ་དགེ་ཚུལ་གྱི་སྡོམ་པའི་ཆོ་ག་བསྟན་པ་ལ་དགེ་ཚུལ་ཉེ་བར་བསྒྲུབ་ཚུལ།

གཉིས་པ་དགེ་ཚུལ་གྱི་སྡོམ་པའི་ཆོ་ག་བསྟན་པ་ལ་དགེ་ཚུལ་ཉེ་བར་བསྒྲུབ་ཚུལ་དང༌།

ཐུན་མོང་བ་བླ་མ་རྣམས་ཀྱི་རྣམ་བཞག་བཤད་པ་དང་གཉིས། དང་པོ་ནི། རྩ་བར། དག་ན་ཉེ་བར་བསྒྲུབ་པར་བྱ། ཞེས་སོ། །འདིའི་དོན་ལ་ལྔ་ལས། དང་པོ་དགོས་པའི་དོན་ནི་དགེ་ཚུལ་གྱི་སྡོམ་པ་འཐོབ་པ་དང༌། བསྙེན་རྫོགས་ཀྱི་སྣོད་དུ་རུང་བ་དང༌། ཚིགས་ལས་འདས་པའི་ཉེས་བྱས་ཁེགས་པའོ། ། གཉིས་པ་ཡུལ་གང་ལ་བླང་བ་ནི། མཁན་སློབ་དང་ཞུ་བའི་ཡུལ་དགེ་འདུན་དང་བཅས་པ་ལས་བླང་སྟེ། དེ་ཡང་མཁན་པོ་དང་སློབ་དཔོན་གྱི་མཚན་ཉིད་ནི་སྐབས་འོག་ཏུ་འཆད་དོ། །དགེ་འདུན་ནི། དགེ་སློང་ཚུལ་ཁྲིམས་དག་ཅིང་མཚན་མཐུན་ལྟ་བ་མཐུན། །ཐ་སྙད་གསུམ་དང་ལྡན་ཞིང་ཐ་མལ་ལུས་སུ་གནས། །ས་གཞན་གནས་མིན་དེ་དག་འདུག་པའི་སྤྱོད་ལམ་མཐུན། །བཞིར་ལོངས་དགེ་འདུན་ཚོགས་པ་གཅིག་ཏུ་འདུས་པར་གྱུར་པའོ། །དེ་ཡང་རབ་ཏུ་འབྱུང་བའི་ཞུ་བ་བྱེད་པའི་དུས་ན། ཞུ་བའི་ཡུལ་དགེ་འདུན་དགེ་སློང་བཞིར་ལོངས་དང༌། ཞུ་བ་པོ་དགེ་སློང་གཅིག་སྟེ། དགེ་སློང་ལྔ་ཡན་ཆད་དོ། །དངོས་གཞིའི་དུས་ན་དགེ་འདུན་ལ་སྐྱབས་སུ་འགྲོ་བའི་རྟེན་དགེ་སློང་བཞི་ཡན་ཆད་དོ། །དེ་ཡང་མཁན་པོ་དང་དགེ་འདུན་ཕུན་སུམ་ཚོགས་པའི་རྒྱུ་ཡིན་གྱི། དེ་དག་མེད་ཀྱང་རྒྱུ་གཞན་ཚང་ན་དགེ་ཚུལ་གྱི་སྡོམ་པ་སྐྱེའོ། །སློབ་དཔོན་མེད་ན་ནི་མི་སྐྱེ་སྟེ། ཊཱི་ཀ་ལས། དགེ་ཚུལ་གྱི་སྡོམ་པ་ནི་མཁན་པོ་ལས་གཞན་སློབ་དཔོན་ལས་འཐོབ་པ་ཁོ་ན་ཡིན་ནོ། །ཞེས་གསུངས་པས་སོ། །

གསུམ་པ་རྟེན་གང་གིས་བླང་བ།

གསུམ་པ་རྟེན་གང་གིས་བླང་བ་ལ་བཞི་ལས།

དང་པོ་ལུས་ཕུན་སུམ་ཚོགས་པ་ནི།དངོས་པོའམ་བསམ་པའི་སྒོ་ནས་ནར་སོན་པ་དང༌། ལུས་ལ་བརྟེན་པའི་བར་ཆད་མཐའ་དག་དང་བྲལ་བའོ། །དེ་ལ་དངོས་པོའི་སྒོ་ནས་ནར་སོན་པ་ནི། མངལ་དང་བཤོལ་གྱི་ཟླ་བ་དང་བཅས་ཏེ་ལོ་བདུན་ལོན་ཅིང་བྱ་རོག་སྐྲོད་ནུས་པའོ། །འོ་ན་ལོ་བདུན་མ་ལོན་པ་ལ་དགེ་ཚུལ་གྱི་སྡོམ་པ་སྐྱེའམ་མི་སྐྱེ་ཞེ་ན། ཁ་ཅིག་ན་རེ་དེ་ལ་དགེ་ཚུལ་གྱི་སྡོམ་པ་སྐྱེ་བ་ཡིན་ཏེ། ཊཱི་ཀ་ལས། དེ་ནི་སྐྱེ་བའི་ཆོས་ཉིད་ཀྱིས་རབ་ཏུ་དབྱུང་བར་མི་འོས་པ་དག་གི་མཚན་ཉིད་བསྟན་པའི་ཕྱིར། ཞེས་མཚམས་སྦྱར་ནས། རྒན་ཆེས་པ་དང་གཞོན་ཆེས་པ་དང༌། ཞེས་བཤད་པས་ཤེས་སོ་ཞེས་ཟེར་རོ། །དེ་ནི་མི་འཐད་དེ་ལོ་བདུན་མ་ལོན་པ་ལ་མ་ལོན་པར་འདུ་ཤེས་པས་དགེ་ཚུལ་གྱི་སྡོམ་པ་ལེན་པ་ཆོས་ཅན། སྡོམ་པ་མི་སྐྱེ་བར་ཐལ། ལོ་ཉི་ཤུ་མ་ལོན་པ་ལ་ནི་དགེ་སློང་གི་སྡོམ་པ་མི་སྐྱེ་བར་དངོས་སུ་གསུངས་ལ། དེ་དང་རང་སའི་ངེས་གཟུང་གི་ལོ་གྲངས་མ་ལོན་པའི་སྒོ་ནས་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ཊཱི་ཀ་ལས། དེ་ནི་སྐྱེ་བའི་ཆོས་ཉིད་ཀྱིས་ཞེས་བཤད་པ་དེ་ནི་ལག་རྡུམ་ལ་སོགས་པ་ཕལ་ཆེ་བ་རྣམས་ལ་སྡོམ་པ་སྐྱེ་བ་ལ་དགོངས་ནས་དེ་སྐད་གསུངས་པའོ། །བསམ་པའི་སྒོ་ནས་ནར་སོན་པ་ནི་ལོ་བདུན་ལོན་པ་ཉིད་དུ་འདུ་ཤེས་པའོ། །

གཉིས་པ་བསམ་པ་ཕུན་སུམ་ཚོགས་པ།

གཉིས་པ་བསམ་པ་ཕུན་སུམ་ཚོགས་པ་ནི།

རྒྱུའི་ཀུན་སློང་དང་དུས་ཀྱི་ཀུན་སློང་གཉིས་ཡིན་ཡང་སྔར་སོ་ཐར་གྱི་སྡོམ་པའི་རྒྱུའི་སྐབས་སུ་བཤད་ཟིན་ཏོ། ། གསུམ་པ་ཆ་ལུགས་ཕུན་སུམ་ཚོགས་པ་ནི། སྐྲ་བྲེགས་ཤིང་ཆོས་གོས་དང་ལྷུང་བཟེད་རུང་ཞིང་ཚད་དང་ལྡན་པ་ཡོད་པ་ཡིན་ལ། གདིང་བ་དང་ཆུ་ཚགས་ཚིག་གིས་བྱིན་ཡང་རུང་ངོ༌། །བཞི་པ་ཚིགས་སྔ་མ་སྔོན་དུ་སོང་བ་ནི། དགེ་བསྙེན་གྱི་སྡོམ་པ་དང་རབ་ཏུ་བྱུང་བ་བར་མའི་དགེ་བ་བླངས་པ་དང་ལྡན་པའོ། །

བཞི་པ་དངོས་པོ་གང་བླང་བ།

བཞི་པ་དངོས་པོ་གང་བླང་བ་ནི།

དགེ་ཚུལ་གྱི་སྡོམ་པ་སྟེ་སྐབས་ཀྱིས་གྲུབ་བོ། ། ལྔ་པ་ཆོ་ག་ཇི་ལྟ་བུས་བླང་བ་ནི། སྦྱོར་དངོས་མཇུག་གསུམ་སྟེ། ཀརྨ་ཤ་ཏཾ་སོགས་ལས་ཤེས་པར་བྱའོ། ། གཉིས་པ་ཐུན་མོང་བ་བླ་མ་རྣམས་ཀྱི་རྣམ་པར་བཞག་པ་ནི། རྩ་བར། དེ་ནི་སློབ་དཔོན་ཡིན་ནོ། །གསང་སྟེ་སྟོན་པ་དང་ལས་བྱེད་པ་དང་གནས་སྦྱིན་པ་དང་ཀློག་པ་པོ་ཡང་ངོ༌། །དོན་གྲུབ་ན་གྱུར་པ་ཉིད་དོ། །ཞེས་པ་ལ་སོགས་པས་བསྟན་ཏོ། །འདིའི་དོན་ལ་དགུ་ལས།དང་པོ་དགོས་པའི་དོན་ནི། བླ་མ་འདི་རྣམས་ལ་བརྟེན་ནས་དངོས་སམ་བརྒྱུད་པས་བརྗོད་བྱ་བསླབ་པ་གསུམ་རྫོགས་པར་འགྱུར་བ་དང༌། རྗོད་བྱེད་སྡེ་སྣོད་གསུམ་དང་ལྡན་པར་འགྱུར་བའོ། །

གཉིས་པ་དབྱེ་བ།

གཉིས་པ་དབྱེ་བ་ནི།

ལུང་གཞི་ལས་སློབ་དཔོན་ནི་ལྔ། མཁན་པོ་ནི་གཉིས་སོ་ཞེས་གསུངས་པས། སྐབས་འདིར་བླ་མ་བདུན་དུ་དབྱེ་སྟེ། རབ་ཏུ་འབྱིན་པར་བྱེད་པའི་མཁན་པོ་དང༌། བསྙེན་པར་རྫོགས་པར་བྱེད་པའི་མཁན་པོ་དང༌། དགེ་ཚུལ་གྱི་སློབ་དཔོན་དང༌། གསང་སྟེ་སྟོན་པ་དང༌། ལས་བྱེད་པ་དང༌། གནས་སྦྱིན་པ་དང༌། ཀློག་པའི་སློབ་དཔོན་ནོ། །གསུམ་པ་བསྡུ་བ་ནི། དེ་ཐམས་ཅད་མཁན་པོ་དང༌། སློབ་དཔོན་གཉིས་སུ་འདུས་སོ། ། བཞི་པ་མཚན་ཉིད་ལ་གཉིས་ཏེ། བླ་མ་སྤྱིའི་མཚན་ཉིད་དང༌། སོ་སོའི་མཚན་ཉིད་དོ། ། དང་པོ་ནི་རང་གི་སློབ་མ་ལ་ལྟོས་ནས་དངོས་སུ་ཆོས་འབྲེལ་གྱི་ཡུལ་ཁྱད་པར་ཅན་ཉིད་དུ་གནས་པའོ། །གཉིས་པ་ལ། བླ་མ་བྱར་རུང་བའི་མཚན་ཉིད་དང་བླ་མ་ཡིན་པའི་མཚན་ཉིད་གཉིས་ལས། དང་པོ་ནི། མཁན་པོ་བྱར་རུང་དང་གནས་ཀྱི་སློབ་དཔོན་བྱར་རུང་གི་མཚན་ཉིད་འདྲ་སྟེ། བཙུན་ཞིང་བརྟན་པའི་ཡན་ལག་དང་ལྡན་པ། མཁས་ཤིང་ཕན་འདོགས་པའི་ཡན་ལག་དང་ལྡན་པ་སྟེ་རྒྱས་པར་འོག་ཏུ་འཆད་དོ། །དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་དགེ་ཚུལ་གྱི་སྡོམ་པ་འབོགས་པའི་ཆོ་ག་ལེགས་པར་ཤེས་པ་སྟེ་ཆོས་བདུན་དང་ལྡན་ན་དགེ་ཚུལ་གྱི་སློབ་དཔོན་བྱར་རུང་ངོ༌། །དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་བར་ཆད་འདྲི་བའི་ཆོ་ག་ལེགས་པར་ཤེས་པ་སྟེ་ཆོས་བདུན་དང་ལྡན་ན་གསང་སྟེ་སྟོན་པའི་སློབ་དཔོན་བྱར་རུང་སྟེ། དེ་ཡང་བསྐོ་བའི་ཚེ་ན་ནི་ཆོས་བཅོ་ལྔ་ཚང་བ་དེ་དགོས་སོ། །བསྐོ་བའི་ཡུལ་ཐུན་མོང་གི་ཆོས་བཅུ་བཞི་གསོ་སྦྱོང་གི་སྤོང་བའི་ཞལ་ཏ་བ་བཤད་སྐབས་སུ་འཆད་པར་འགྱུར་ལ་དེའི་མཁན་པོ་དང་དེའི་ལས་ཀྱི་སློབ་དཔོན་ཉིད་དུ་ཕྱོགས་པ་མིན་པ་སྟེ་བཅོ་ལྔའོ། །ལས་ཀྱི་ཁ་སྐོང་བར་འོས་ཤིང་ལས་ཀྱི་ཆོ་ག་ལེགས་པར་ཤེས་པ་དང་ཆོས་དེ་གཉིས་དང་ལྡན་ན་ལས་ཀྱི་སློབ་དཔོན་བྱར་རུང་ཡིན་ནོ། །ཀློག་པའི་སློབ་དཔོན་བྱར་རུང་བ་ནི། རབ་བྱུང་སྡེ་ལྔ་རང་རང་གི་སྡོམ་པ་དག་པ་དང༌། ས་རང་བཞིན་དུ་གནས་པ་དང༌། ལྟ་བ་མཐུན་པ་དང༌། མཚན་མཐུན་པ་དང༌། རང་གི་བསླབ་བྱའི་ཆོས་དེ་ལེགས་པར་ཤེས་པ་སྟེ་ཆོས་ལྔ་དང་ལྡན་ནའོ། །གཉིས་པ་བླ་མ་ཡིན་པའི་མཚན་ཉིད་ནི། བླ་མར་གྱུར་པའི་དུས་འོག་ནས་འཆད་པར་འགྱུར་བ་དེ་ཉིད་ཡིན་ནོ་ཞེས་མཚོ་ཊཱིཀ་ལས་གསུངས་སོ། །

ལྔ་པ་གྲངས་ངེས་པ།

ལྔ་པ་གྲངས་ངེས་པ་ནི།

ཐེག་པ་གཞན་ལ་བརྟེན་པའི་བླ་མ་གཞན་དག་ཀྱང་བཤད་མོད་ཀྱི། འདིར་འདུལ་བ་ནས་བཤད་པའི་བླ་མ་བདུན་དུ་གྲངས་ངེས་ཞེས་སྔ་མ་རྣམས་འཆད་དོ། །འོན་ཀྱང་འདུལ་བ་ནས་བཤད་པའི་མཁན་སློབ་བདུན་དུ་གྲངས་ངེས་པ་མ་ཡིན་ཏེ། ལུང་གཞི་ལས། དགེ་བསྙེན་གྱི་སྡོམ་པ་འབོགས་པའི་སློབ་དཔོན་གསུངས་པ་དང༌། རབ་ཏུ་འབྱིན་པའི་མཁན་མོ་དང༌། དགེ་སློབ་མའི་མཁན་མོ་དང༌། བསྙེན་རྫོགས་བྱེད་པའི་མཁན་མོ་སྟེ་བུད་མེད་ལ་མཁན་མོ་གསུམ་ཡོད་པའི་ཕྱིར་དང༌། དགེ་སློབ་མའི་ལས་བྱེད་པ་མོ་ལ་སོགས་པ་ཡང་སློབ་དཔོན་མ་ཉིད་ཡིན་པར་རིག་པའི་ཕྱིར་རོ། །དེས་ན་འདིར་བླ་མ་བདུན་དུ་ཕྱེ་བ་ནི། བླ་མ་རྣམས་ཀྱི་རྣམ་གཞག་བསྟན་པའི་སྐབས་འདིའི་ལུང་གཞི་ལས་བླ་མ་བདུན་དུ་གསུངས་པས།དེ་ཙམ་ཞིག་འདིར་བསྟན་པ་ཡིན་ནོ། ། དྲུག་པ་གོ་རིམ་ངེས་པ་ནི། མཁན་པོ་གཉིས་སྔོན་དུ་བསྟན་པའི་རྒྱུ་མཚན་ནི་སྔར་བཤད་ཟིན་ལ། སློབ་དཔོན་ལྔ་གོ་རིམ་འདི་ལྟར་བསྟན་པ་ནི་སློབ་མར་འགྱུར་བའི་ཡུལ་དེ་ལ་ལྟོས་ནས་བྱ་བ་ལ་འཇུག་པའི་གོ་རིམ་བསྟན་པའོ། ། བདུན་པ་འདི་རྣམས་བླ་མར་བཞག་པའི་འཐད་པ་ནི། དེ་ལྟར་བསྙེན་རྫོགས་ཀྱི་སྡོམ་པ་ནི་གཙོ་ཆེར་དད་པའི་དགེ་འདུན་ལས་འཐོབ་པ་ཡིན་ཡང་དེ་བླ་མར་མི་འགྱུར་ལ། གསང་སྟེ་སྟོན་པ་མེད་ཀྱང་སྡོམ་པ་འཐོབ་པས་སྡོམ་པ་སྐྱེ་བ་ལ་གསང་སྟེ་སྟོན་པ་ངེས་གཟུང་གི་ཡན་ལག་མ་ཡིན་ཡང་དེའི་སློབ་དཔོན་དུ་བཞག་པ་ནི་རྒྱུ་མཚན་ཅི། སྤྱིར་ན་མཁན་པོ་ལ་སོགས་པ་འདི་རྣམས་བླ་མར་གཞག་པའི་རྒྱུ་མཚན་ཅི་ཞེ་ན། རང་གི་སློབ་མ་ཉིད་དུ་ཉེ་བར་ཕྱོགས་པ་ལ་ངག་ལས་ཁྱད་པར་ཅན་གྱི་སྒོ་ནས་དམ་པ་ཆོས་ཀྱིས་དངོས་སུ་ཕན་འདོགས་ཁྱད་པར་ཅན་གྱི་བྱ་བ་བསྒྲུབ་པའི་ཕྱིར་ཏེ། གཙོ་བོར་ན་སངས་རྒྱས་ཀྱིས་དེ་ལྟར་བཅས་པའི་དབང་གིས་སོ། ། བརྒྱད་པ་བླ་མར་གྱུར་པའི་དུས་ནི་གཉིས་ལས། དང་པོ་མཁན་པོར་གྱུར་པའི་དུས་ནི། མཁན་པོར་གསོལ་བའི་སྔགས་བརྗོད་པ་གསུམ་པ་ཕལ་ཆེར་བྱས་པ་ན་དེར་གྱུར་ཏོ། །འོ་ན་ལེན་པ་པོས་རང་རང་གི་སྐབས་ཀྱི་སྡོམ་པ་མ་ཐོབ་པ་ནས་མཁན་པོར་གྱུར་པ་དེ་རྒྱུ་མཚན་ཅི་ཞེ་ན། མཁན་པོ་གཉེར་ཆེ་བས་དོག་ཏུ་བཅས་པ་སྟེ། དེ་གཉེར་ཆེ་བའི་སྒྲུབ་བྱེད་ནི། ལུང་གཞི་ལས། དགེ་སློང་དག་བཤན་པ་བྱེད་དུ་བཅུག་པ་ནི་བླའི་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་ཡལ་བར་བོར་བ་ནི་མི་རུང་ངོ༌། །ཞེས་དང༌། ལུང་རྣམ་འབྱེད་ལས། དགེ་སློང་དག་བཤན་པའི་གནས་སུ་བཏང་བ་ནི་བླའི་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་འདོམས་པར་མི་བྱེད་རྗེས་སུ་སྟོན་པར་མི་བྱེད་པ་ནི་མི་རུང་ངོ༌། །ཞེས་དང། ལུང་ཕྲན་ཚེགས་ལས། དགེ་སློང་དག་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་བྱས་ནས་གདམས་ངག་མི་བྱིན་ཞིང་རྗེས་སུ་མ་བསྟན་པ་བས་ནི། བཤན་པ་བྱེད་ཀྱང་བླའོ། །ཞེས་མཁན་པོ་ཚུལ་བཞིན་དུ་མི་བྱེད་པའི་ཉེས་དམིགས་གསུངས་སོ། །མཁན་པོ་ཚུལ་བཞིན་དུ་བྱེད་ན་ནི་ཕན་ཡོན་ཆེ་སྟེ། ལུང་ཕྲན་ཚེགས་ལས། གང་ལ་བརྟེན་ནས་རབ་ཏུ་བྱུང་བའི་གང་ཟག་དེས། །གང་ཟག་དེ་ལ་ཇི་སྲིད་འཚོ་བའི་བར་དུ་ཡང༌། །ཆོས་གོས་བསོད་སྙོམས་སྨན་དང་ཡོ་བྱད་གང་དག་གིས། །མཁན་པོའི་དྲིན་ལན་གླན་པར་སླ་བ་མ་ཡིན་ནོ། །ཞེས་གསུངས་པས། དེ་ཙམ་དུ་དྲིན་ཆེ་བ་ཉིད་ཀྱིས་སེམས་ཅན་ལ་ཕན་བཏགས་པ་ཡིན་པའི་ཕྱིར་ན་བསོད་ནམས་ཆེན་པོ་འཐོབ་པའོ། །མདོ་མཛངས་བླུན་ལས།དཔེར་ན་ལོང་བ་བརྒྱའི་མིག་སྨན་པ་མཁས་པས་ཕྱེ་སྟེ་མཐོང་བར་བྱས་པ་དང༌། མི་བརྒྱའི་མིག་དབྱུང་བ་ལ་ཐུག་པ་ལས་མིག་དབྱུང་བ་དེ་དག་ལས་ཐར་པར་བྱས་ན། འདི་གཉིས་ཀྱི་བསོད་ནམས་ནི་དཔག་ཏུ་མེད་མོད་ཀྱི་འོན་ཏེ་གཞན་རབ་ཏུ་བྱུང་ངམ་བདག་རབ་ཏུ་བྱུང་བའི་བསོད་ནམས་ཙམ་མི་ཕོད་དོ། །ཁ་ཅིག་གིས་རིན་ཆེན་སྣ་བདུན་ལ་བྱས་པའི་མཆོད་རྟེན་མཐོ་ཁྱད་སུམ་ཅུ་རྩ་གསུམ་གནམ་ལ་ཐུག་པར་བྱས་པའི་བསོད་ནམས་ཀྱིས་ཀྱང་རབ་ཏུ་བྱུང་བའི་བསོད་ནམས་ཙམ་མི་ཕོད་དོ། །ཞེས་གསུངས་སོ། །གཉིས་པ་སློབ་དཔོན་དུ་གྱུར་པའི་དུས་ནི། སློབ་དཔོན་ལྔ་ལས་དགེ་ཚུལ་གྱི་སློབ་དཔོན་དང་ལས་བྱེད་པའི་སློབ་དཔོན་དུ་གྱུར་པའི་དུས་ནི། རྩ་བར།དོན་གྲུབ་ན་གྱུར་པ་ཉིད་དོ། །ཞེས་གསུངས་པ་ལྟར་རང་རང་གི་སློབ་མའི་རྒྱུད་ལ་སྡོམ་པ་སྐྱེས་པ་དང་སྐད་ཅིག་དུས་མཉམ་དུ་དེར་གྱུར་ཏོ། །གནས་ཀྱི་སློབ་དཔོན་དུ་གྱུར་པའི་དུས་ནི། གནས་པར་འོས་པས་གནས་སུ་འོས་པ་ལ་གནས་སུ་བཟུང་བའི་ཆོ་ག་བྱས་ནས་དེ་དང་མཚམས་གཅིག་གི་ཁོངས་སུ་གནས་ཏེ་མཚན་མོ་མཐའི་སྐད་ཅིག་འདས་པ་ན་དེར་གྱུར་ཏོ། །ཀློག་པའི་སློབ་དཔོན་དུ་གྱུར་པའི་དུས་ནི་སངས་རྒྱས་ཀྱི་བཀའ་འམ་དེ་གཏན་ལ་འབེབས་པའི་བསྟན་བཅོས་ཡིན། ཚིགས་སུ་བཅད་པའམ་ལྷུག་པ་ཚིག་བཞི་ཡན་ཆད་དུ་ལོངས་པ་ཡིན། སྔར་ཤེས་ལས་གཞན་ཡིན་པ་དེ། ཕན་ཚུན་བསླབ་པའི་བསམ་པས་ལན་གསུམ་བཟླས་ན་དེར་གྱུར་ཏོ། །གསང་སྟེ་སྟོན་པའི་སློབ་དཔོན་དུ་གྱུར་པའི་དུས་ངོས་གཟུང་བ་འདི་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། ཁ་ཅིག་ན་རེ་སློབ་མའི་རྒྱུད་ལ་དགེ་སློང་གི་སྡོམ་པ་སྐྱེས་པ་ན། གསང་སྟེ་སྟོན་པའི་སློབ་དཔོན་དུ་གྱུར་པ་སྟེ། སྡོམ་པ་ཐོབ་པ་ན་ལེན་པ་པོའི་དོན་གྲུབ་པ་ཉིད་ཡིན་ལ། དོན་གྲུབ་ན་གྱུར་པ་ཉིད་དོ་ཞེས་གསུངས་པས་གྲུབ་བོ་ཟེར་རོ། །དེ་ནི་གཞུང་བཞི་དང་འགལ་ཏེ། ལུང་ལྔ་ཚན་པ་ལས། གསང་སྟེ་སྟོན་པའི་སློབ་དཔོན་གང་ཞེ་ན། གང་གིས་བསྙེན་པར་རྫོགས་པར་བྱེད་པའི་ཚེ་གསང་སྟེ་སྟོན་པའོ། །ཞེས་དང༌། རང་གི་རྣམ་བཤད་ལས། བརྗོད་པ་མ་རྫོགས་པ་ཉིད་ལ་ཆ་གསུམ་པ་འདི་ལ་འཇུག་པ་ན་གྲུབ་པ་ཉིད་འབྱུང་བ་ཡིན་ཏེ། མཚམས་བཅད་པ་ལ་སོགས་པ་ཐམས་ཅད་ལ་ཆོ་ག་འདི་བལྟ་བར་བྱའོ། །དེ་ལྟར་ན་གསང་སྟེ་སྟོན་པ་ལ་གསང་སྟེ་བསྟན་པ་མ་རྫོགས་པའི་སློབ་དཔོན་ཉིད། ཅེས་དང༌། ཊཱི་ཀ་ལས། དོན་གང་གིས་སློབ་དཔོན་ཉིད་དུ་འགྱུར་བའི་དོན་དེ་ཡོངས་སུ་མཐར་ཐུག་པར་གྱུར་ན་སྟེ། དོན་དགོས་པ་དེ་གྲུབ་པ་ཡོངས་སུ་རྫོགས་ནའོ། །ཞེས་དང༌། འགྲེལ་ཆུང་ལས། བར་ཆད་འདྲི་བའི་ལས་བྱས་ཟིན་ནས་གསང་སྟེ་སྟོན་པའི་སློབ་དཔོན་དུ་འགྱུར་ཞེས་གསུངས་པ་དེ་རྣམས་དང་འགལ་ལོ། །

གཉིས་པ་རང་ལུགས་བཞག་པ།

གཉིས་པ་རང་ལུགས་བཞག་པ་ནི།

ལྐོག་ཏུ་བར་ཆད་རྣམས་དྲིས་པ་ན་གསང་སྟེ་སྟོན་པའི་སློབ་དཔོན་དུ་གྱུར་པ་ཡིན་ཏེ། སྔར་གྱི་གཞུང་བཞི་པོ་དེ་དག་གིས་གྲུབ་ལ། གསང་སྟེ་སྟོན་པའི་སློབ་དཔོན་དུ་འགྱུར་བའི་བྱ་བ་བྱས་པའི་དོན་གྲུབ་པ་ཉིད་ཡིན་པའི་ཕྱིར་རོ། །གསང་སྟེ་སྟོན་པས་འོང་བ་ཞུ་བའི་བྱ་བ་མ་བྱས་ཀྱང་ལྐོག་ཏུ་བར་ཆད་དྲིས་ཟིན་པའི་ཚེ་ན། གསང་སྟེ་སྟོན་པའི་བྱ་བ་བྱས་པའི་དོན་གྲུབ་པ་ཉིད་ཡིན་ཏེ། གསང་སྟེ་སྟོན་པའི་བྱ་བ་ཕལ་ཆེར་བྱས་ན་བྱས་པ་ཉིད་ཡིན་པའི་ཕྱིར་རོ། ། གསུམ་པ་རྩོད་པ་སྤང་བ་ནི། གསང་སྟེ་སྟོན་པས་ལྐོག་ཏུ་བར་ཆད་དྲིས་མ་ཐག་པའི་དུས་ཉིད་ན་ཆོས་ཅན། དོན་གྲུབ་པ་ཡིན་པར་ཐལ། སློབ་དཔོན་དུ་གྱུར་པ་ཡིན་པའི་ཕྱིར་རོ། །རྟགས་ཁས་བླངས། ཁྱབ་པ་གཞུང་གིས་གྲུབ་སྟེ། དོན་གྲུབ་ན་གྱུར་པ་ཉིད་དོ། །ཞེས་པས་སོ། །འདོད་ན། དེའི་ཚེ་ན་ལེན་པ་པོས་སྡོམ་པ་མ་ཐོབ་པས་ལེན་པ་པོའི་དོན་མ་གྲུབ་པར་འདུག་པས་བསལ་ལོ་ཞེ་ན། སློབ་དཔོན་དུ་འགྱུར་བའི་བྱ་བ་བྱས་པའི་དོན་གྲུབ་པར་ཐལ་ཟེར་རམ། སློབ་མའི་རྒྱུད་ལ་སྡོམ་པ་སྐྱེས་པའི་དོན་གྲུབ་པར་ཐལ། དང་པོ་ལྟར་ན་འདོད་ཅིང༌། གཉིས་པ་ལྟར་ན་ཁྱབ་པ་མེད་དོ། །གཞན་ཡང་གསང་སྟེ་སྟོན་པ་ཆོས་ཅན། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་སློབ་དཔོན་མ་ཡིན་པར་ཐལ། ལེན་པ་པོས་སྐབས་དོན་གྱི་སྡོམ་པ་མ་ཐོབ་ཀྱང་སློབ་དཔོན་དུ་གྱུར་པ་ཡིན་པའི་ཕྱིར་ཞེ་ན། ཁྱབ་པ་མེད་དེ། མཁན་པོ་ཆོས་ཅན། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་མཁན་པོ་མ་ཡིན་པར་ཐལ། ལེན་པ་པོས་སྡོམ་པ་མ་ཐོབ་ཀྱང་མཁན་པོར་གྱུར་པ་ཡིན་པས་མཚུངས་པའི་ཕྱིར་རོ། །གཞན་ཡང་གསང་སྟེ་སྟོན་པས་བར་ཆད་འདྲི་བ་དེ་ཆོས་ཅན། གསང་སྟེ་སྟོན་པའི་སློབ་དཔོན་གྱིས་བར་ཆད་འདྲི་བ་མ་ཡིན་པར་ཐལ། བར་ཆད་འདྲི་བའི་ཚེ་ན་གསང་སྟེ་སྟོན་པའི་སློབ་དཔོན་དུ་གྱུར་པ་མ་ཡིན་པའི་ཕྱིར་རོ། །རྟགས་མ་གྲུབ་ན། གསང་སྟེ་སྟོན་པའི་སློབ་དཔོན་དུ་གྱུར་པ་དེ་བར་ཆད་དྲིས་པ་ལ་ལྟོས་པ་ཉམས་སོ། །འདོད་ན། ཀརྨ་ཤ་ཏཾ་དང་ཊཱི་ཀ་ལས། གསང་སྟེ་སྟོན་པའི་སློབ་དཔོན་གྱིས་བར་ཆད་ཀྱི་ཆོས་རྣམས་གསང་སྟེ་དྲི་ཞེས་བཤད་དོ་ཞེ་ན། དེ་ནི་རྒྱུ་ལ་འབྲས་བུའི་མིང་བཏགས་པ་སྟེ། ཀརྨ་ཤ་ཏཾ་དང་ཊཱི་ཀ་ལས། ལས་བྱེད་པའི་སློབ་དཔོན་གྱིས་བར་ཆད་ཀྱི་ཆོས་རྣམས་དགེ་འདུན་གྱི་ནང་དུ་དྲི། ཞེས་གསུངས་པ་བཞིན་ནོ། །

དགུ་པ་སློབ་དཔོན་དུ་གྱུར་བའི་དུས་དང་མཚན་ནས་སྨོས་པའི་རིམ་པ་གཉིས་ལས་དང་པོ།

དགུ་པ་སློབ་དཔོན་དུ་གྱུར་བའི་དུས་དང་མཚན་ནས་སྨོས་པའི་རིམ་པ་གཉིས་ལས་དང་པོ་ནི།

རྩ་བར། བརྗོད་པ་ཐ་མ་གང་ཡིན་པའི་ཆ་གཉིས་རྫོགས་པ་ན་གྲུབ་པ་ཉིད་དོ། །ཆ་གསུམ་པ་ལ་འཇུག་པ་ན་གྲུབ་ཟིན་པ་ཉིད་ཡིན་ཏེ། ཊཱི་ཀ་ལས། བརྗོད་པ་ཐ་མ་ཡོངས་སུ་མ་རྫོགས་མོད་ཀྱི་འོན་ཀྱང་ཆ་གསུམ་པའི་དོན་ལས་མ་ལུས་པས་གྲུབ་པ་ཉིད་དེ། ཕལ་ཆེར་བྱས་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །འདིར་དགེ་ཚུལ་གྱི་སྡོམ་པ་དངོས་གཞིའི་ཆོ་ག་ལ་ཆ་གསུམ་ལས། སྐྱབས་འགྲོའི་ཆ་སྟེ་སྐྱབས་སུ་མཆི། ཞེས་པ་དང༌། བདག་བརྗོད་ཀྱི་ཆ་སྟེ་བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་དུ། ཞེས་པ་དང༌། གཞན་བརྗོད་ཀྱི་ཆ་སྟེ་བཙུན་པའམ་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་པའོ། །དེ་ལྟར་ཆ་གསུམ་ལས། དཔེར་ན་གཞན་བརྗོད་པ་སྟེ་སྔར་བཙུན་པས་ཞེས་བརྗོད་པ་ལས་གཞན། སློབ་དཔོན་གྱིས་ཞེས་བརྗོད་པའི་དུས་ན་དགེ་ཚུལ་གྱི་སྡོམ་པ་སྐྱེས་པ་ཉིད་དང་དགེ་ཚུལ་གྱི་སློབ་དཔོན་དུ་གྱུར་པ་ཉིད་དོ། །གནས་སྦྱིན་པ་ནི། ཞག་གཅིག་ཅེས་པ་ཊཱི་ཀ་ལས་ཞག་གཅིག་ཅེས་བྱ་བ་ནི་ཉིན་མཚན་གཅིག་གོ་ཞེས་གསུངས་ཀྱང༌། ཉིན་མོའི་ཆ་ནི་མཚོན་པ་ཙམ་ཡིན་གྱི་ངེས་གཟུང་དུ་དགོས་པ་ནི་མ་ཡིན་ཏེ། རང་གི་རྣམ་བཤད་ལས། གནས་ཀྱི་སློབ་དཔོན་ནི་གང་ཡིན་ཞེ་ན། གང་ཞིག་གང་དང་ཉེ་བར་མཚན་མོ་གཅིག་ཀྱང་གནས་པས་གནས་སུ་འགྱུར་ཞེས་བཤད་དོ། །མཐར་ཐུག་ནའོ་ཞེས་མཚན་མོ་མཐའི་སྐད་ཅིག་གམ་སྐྱ་རེངས་ཤར་བ་ལ་ལྟོས་སྙམ་ན་འདིའི་མཐར་ཐུག་ནི་ཞག་གཅིག་གི་མཐར་ཐུག་མཚན་མོ་མཐའི་སྐད་ཅིག་ཉིད་ཡིན་ལ། སྐྱ་རེངས་ཤར་ན་ནི་སློབ་དཔོན་དུ་གྱུར་པ་ཉིད་དོ་ཞེས་རིགས་ཏེ། འཆང་འབྲལ་ལ་སོགས་པ་ཞག་འདས་པ་ཡན་ལག་ཏུ་དགོས་པ་རྣམས་དང་ཚུལ་འདྲའོ་ཞེས་རིགས་སོ། །འོ་ན་ཊཱི་ཀ་ལས། གནས་སྦྱིན་པའི་སློབ་དཔོན་ཉིད་ནི་སྐྱ་རེངས་འཆར་བའི་དུས་ན་སློབ་དཔོན་ཉིད་དུ་གྱུར་པ་ཡིན་ནོ། །ཞེས་བཤད་ཅིང༌། འགྲེལ་ཆུང་ལས་ནི། གནས་བཅས་པའི་སྔགས་བྱས་ནས་དེའི་ནུབ་མོ་ཉིད་མཚམས་གཅིག་གི་ནང་དུ་ལྷན་ཅིག་ཏུ་གནས་ལ་ཞག་ལོན་ཏེ་སྐྱ་རེངས་བྱུང་ན་སློབ་དཔོན་དུ་འགྱུར་ཞེས་བཤད་པས་གཞུང་དེ་གཉིས་དང་འགལ་ལོ་ཞེ་ན། སྔ་མ་ནི་སྐྱ་རེངས་ཤར་བ་ལ་སྐྱ་རེངས་འཆར་བའི་སྒྲས་བརྗོད་པ་དང༌། ཕྱི་མ་ནི་སློབ་དཔོན་དུ་གྱུར་པ་ལ་སློབ་དཔོན་དུ་འགྱུར་བའི་སྒྲས་བརྗོད་པ་ཡིན་ནོ་ཞེས་མཚོ་ཊཱིཀ་ལས་སོ། །ཀློག་པ་ནི། རྩ་བར། ཚིགས་སུ་བཅད་པ་གཅིག་ཅེས་མཚོན་པ་ཙམ་སྟེ། གཞི་འགྲེལ་ལས། ཚིག་བཞི་པའི་ཚིགས་སུ་བཅད་པ་དང་དེ་ཙམ་གྱི་གཞུང་ལྷུག་པ་རྐྱང་པ་ཡན་ཆད། ཅེས་གསུངས་སོ། །རྩ་བར། ལན་གསུམ་བཟླས་ནའོ་ཞེས་པ་ལ་འགྲེལ་ཆུང་ལས། ཀློག་པའི་སློབ་དཔོན་ནི། གཉིས་ཀས་སློབ་དཔོན་དང་སློབ་མར་འདུ་ཤེས་བཞག་ལ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་གཅིག་ལོབས་པར་མཁན་པོས་སྨྲས་པ་ལ་སློབ་མས་བསླབས་ཏེ་ཙོག་པུར་འདུག་ལ། ལན་གསུམ་དུ་བཟླས་ན་སློབ་དཔོན་དུ་འགྱུར། ཞེས་དང༌། ཊཱི་ཀ་ལས་ཀྱང༌། ཀློག་པའི་སློབ་དཔོན་གྱིས་སྨྲས་ལ་ཟློས་པར་བྱེད་པས་རྗེས་སུ་ཟློས་པ་ནི་གཟུང་བ་ཡིན་ནོ། །ཞེས་གསུངས་སོ། ། ལན་གསུམ་བཟླས་ནའོ་ཞེས་པ་ལ། འོ་ན་ལུང་ལས། ཀློག་པའི་སློབ་དཔོན་གང་ཞེ་ན། གང་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་གཟུང་བའོ། །ཞེས་གསུངས་ཀྱི་ལན་གསུམ་བཟླས་ན་ཞེས་མ་གསུངས་པ་ལ་ལན་གསུམ་བཟླས་ནའོ་ཞེས་སྨོས་པ་འགལ་ལོ་ཞེ་ན། མ་ཡིན་ཏེ་ཊཱི་ཀ་ལས། སློབ་དཔོན་གྱིས་ཇི་སྐད་མདོར་བྲིས་པའི་ཚིག་འདི་ནི་བཅོམ་བརླག་པའི་གཞུང་ལས་བྱུང་ངོ། །ཞེས་གསུངས་སོ། །གཞུང་དེ་ནི་བྱེ་བྲག་བཤད་མཚོ་ཡིན་ནོ་ཞེས་སྔ་རབས་པ་རྣམས་འཆད་ཀྱང༌། དེ་མ་ཡིན་ཏེ། ཞུ་འགྲེལ་ལས། ཀློག་པ་ནི་ཚིགས་སུ་བཅད་པ་གཅིག་ལན་གསུམ་བཟླས་པས་སོ་ཞེས་བྱ་བ་བཅོམ་བརླག་པ་ལས་བྱུང་བའི་ལུང་རྙེད་པ་བཞིན་ནོ། །ཞེས་བཤད་ཅིང༌། དེ་ལྟར་གཞི་འགྲེལ་ལས་ཀྱང་བཤད་དོ། ། དེང་སང་གི་ལུང་གཞི་ལས། ཀློག་པའི་སློབ་དཔོན་གང་ཞེ་ན། གང་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་ལན་གསུམ་བཟླས་ཏེ་གཟུང་བ་ཡིན་ནོ། །ཞེས་གསུངས་སོ། །གྱི་ན་ལན་གསུམ་བཟླས་ན་ཡང་སློབ་དཔོན་དུ་འགྱུར་རམ་ཞེ་ན་ཀློག་པའི་བསམ་པ་མེད་པས་ཚིགས་སུ་བཅད་པ་ལན་གསུམ་བཟླས་པའམ་ལན་སྟོང་བརྗོད་པ་དེས་ནི་ཆོས་ཅན། ཀློག་པའི་སློབ་དཔོན་ཉིད་དུ་མི་འགྱུར་ཏེ། ཁྱད་པར་གྱི་གཞི་ཀློག་པ་ཉིད་མ་ཡིན་པའི་ཕྱིར་རོ། །འགྲེལ་ཆུང་ལས། ཀློག་པའི་སློབ་དཔོན་བྱ་བར་འདུ་ཤེས་མ་བཞག་པར་བསླབ་པ་དང་བཟླས་པ་ནི་ཇི་སྙེད་ལོབས་ཀྱང་སློབ་དཔོན་དུ་མི་འགྱུར། ཞེས་སོ། །དཔེར་ན་ཁ་ཏོན་འདོན་པ་བཞིན་ནོ། །འོ་ན་ཀློག་པ་དང་ཁ་ཏོན་དེ་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། ཊཱི་ཀ་ལས། ཁ་ཏོན་ནི་བཟུང་ཟིན་པ་གོམས་པར་བྱ་བའི་བསམ་པས་ཡིན་པའི་ཕྱིར་དང༌། ཀློག་པ་ནི་མ་བཟུང་བ་འཛིན་པའི་ཚུལ་ཡིན་པའི་ཕྱིར་རོ། །ཞེས་སོ། །

གཉིས་པ་མཚན་ནས་སྨོས་པའི་རིམ་པ།

གཉིས་པ་མཚན་ནས་སྨོས་པའི་རིམ་པ་ནི།

རྩ་བར། ཉེ་བར་མི་བརྗོད་དེ་ཞེས་པའི་ཊཱི་ཀ་ལས་ཉེ་བར་ཞེས་པའི་སྒྲ་ནི་ཁད་ཉེ་བའི་ཚིག་ཡིན་པའི་ཕྱིར་ཞེས་བཤད་པས་ཉེ་ཚིག་གཞན་དུ་མི་བརྗོད་དོ། །ཞེས་དང༌། འགྲེལ་ཆུང་ལས། མཁན་པོ་དང༌། སློབ་དཔོན་ལ། བཙུན་པའམ་བླ་མ་ཞེས་པ་ལ་སོགས་པ་བླ་དྭགས་གཞན་དུ་མི་འབོད་མཁན་པོ་དང་སློབ་དཔོན་ནང་ཡང་ནོར་ཏེ་མི་འབོད་ཅེས་བཤད་དོ། །རྩ་བར། གཞན་ལ་མི་བྱའོ། །ཞེས་རང་གི་མཁན་སློབ་ལས་གཞན་ལ་མཁན་སློབ་ཅེས་བརྗོད་པར་མི་བྱའོ། །རྩ་བར། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་བྱ་བ་དང་བཅས་པར་མ་སྨྲས་པར་མཁན་པོའི་མིང་མི་བཟུང་ངོ། །ཞེས་པ་ནི་མཁན་པོའི་མཚན་བློ་ལ་མི་བཟུང་བ་མ་ཡིན་གྱི་ཉེ་བའི་ཚིག་དང་མ་འབྲེལ་བར་ངག་ཏུ་མི་བརྗོད་པ་སྟེ། འགྲེལ་ཆུང་ལས། མཁན་པོའི་མཚན་ནས་མི་སྨོས། ཞེས་དང༌། འོད་ལྡན་ལས། ཉེ་བའི་ཚིག་བྱས་ཏེ་འདུད་པ་དང་བཅས་བཞིན་དུ་མཁན་པོའི་མིང་བརྗོད་པར་བྱའི་གཞན་དུ་མ་ཡིན་ནོ། །ཞེས་གསུངས་སོ། །རྩ་བར། དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པའི་ཆོ་གའོ། །ཞེས་པ་ཡན་གྱིས་དགེ་ཚུལ་དུ་སྒྲུབ་པའི་ཆོ་ག་བཤད་ཟིན་ཏོ། །

གསུམ་པ་དགེ་སློང་གི་སྡོམ་པའི་ཆོ་ག་བསྟན་པ་ལ།

དགེ་སློང་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པའི་ཆོ་ག་ནི། རྩ་བར། དགེ་འདུན་ལས་བསྙེན་པར་རྫོགས་པར་བྱའོ། །ཞེས་པ་ལ་སོགས་པས་བསྟན་ཏོ། །འདིའི་དོན་ལ་ལྔ་ལས། དང་པོ་དགོས་པའི་དོན་ནི། དགེ་སློང་གི་སྡོམ་པ་འཐོབ་ཅིང་བསྲུངས་པས་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་འཐོབ་པའོ། །

གཉིས་པ་ཡུལ་གང་ལ་ནོད་པ་ནི།

མཁན་པོ་དང༌། གསང་སྟེ་སྟོན་པ་དང་ལས་བྱེད་པའི་སློབ་དཔོན་གཉིས་དང༌། དད་པའི་དགེ་འདུན་མཚན་ཉིད་དང་ལྡན་པ་ལའོ། །ལུང་གཞི་དང་ཀརྨ་ཤ་ཏཾ་ལས། མཁན་པོས་དེའི་ལྷུང་བཟེད་དང་ཆོས་གོས་དག་བཙལ་བར་བྱ་ཞིང༌། ལས་བྱེད་པའི་དགེ་སློང་དང་གསང་སྟེ་སྟོན་པའི་དགེ་སློང་ལ་ཡང་གསོལ་བ་གདབ་པར་བྱ། གང་དག་དེའི་ལས་ཀྱི་གནས་སུ་འཇུག་པར་འགྱུར་བའི་དགེ་སློང་དག་ལ་ཡང་གསོལ་བ་གདབ་པར་བྱའོ། །དགེ་སློང་གང་དག་དེའི་ལས་ཀྱི་གནས་སུ་འཇུག་པར་འགྱུར་བ་དེ་དག་གིས་ཀྱང་དེར་འདུ་བར་འགྱུར་བའི་ཚེ་ཟླ་བ་ཕྱེད་འདས་པའི་ཉེས་པ་ཕྱིར་བཅོས་ཏེ་འདུག་པར་བྱའོ་ཞེས་དགེ་འདུན་རྣམས་ལས་ཀྱི་གནས་སུ་འཇུག་པའི་སྔ་རོལ་ཏུ་ལས་བྱེད་པ་དང་གསང་སྟེ་སྟོན་པའི་དགེ་སློང་ལ་གསོལ་བ་གདབ་པར་གསུངས་པ་དང༌། ལུང་ཕྲན་ཚེགས་ཀྱི་དགེ་སློང་མའི་སྐབས་ལས། མཁན་མོས་གསང་སྟེ་སྟོན་པ་དང་ལས་བྱེད་པའི་དགེ་སློང་མ་ལ་གསོལ་བ་གདབ་པར་བྱ། དེའི་འོག་ཏུ་དགེ་སློང་མའི་དགེ་འདུན་མ་རྣམས་འདུས་ཤིང༌། ཞེས་གསུངས་པ་དང༌། བསྙེན་པར་རྫོགས་པར་འདོད་པ་ཤིང་ལ་འཛེག་ཏུ་མི་གཞུག་གོ་ཞེས་པའི་ལུང་ཕྲན་ཚེགས་ཀྱི་བྱུང་བ་ལྟར་ཡིན་ནོ། །དེས་ན་འདི་ནི་དགེ་འདུན་རྣམས་ཚོགས་པ་ན་གསོལ་བ་གདབ་པ་མིན་གྱི་དེའི་སྔ་རོལ་ཏུ་གསོལ་བ་གདབ་པའོ་ཞེས་རྒྱ་འདུལ་འཛིན་ལ་སོགས་པ་རྣམས་གསུངས་ལ་དེ་ལེགས་སོ། །དེང་སང་ཚོགས་སུ་གསོལ་བ་འདེབས་པ་ནི་ཚེགས་ཆུང་བའི་ཕྱིར་སླ་ཆོས་བྱས་པའོ། །གསང་སྟེ་སྟོན་པའི་དགེ་སློང་ཞེས་སྨོས་ཀྱང་ལས་བྱེད་པ་ལ་དགེ་སློང་ཞེས་མ་སྨོས་པ་ནི། རང་གི་རྣམ་བཤད་དང་ཊཱི་ཀ་ལས། ལས་བྱེད་པ་ལས་ཀྱི་ཆོ་ག་ཡོངས་སུ་རྫོགས་པས་དགེ་སློང་ཉིད་ཡིན་པར་གྲུབ་པའི་ཕྱིར་རོ། །ཞེས་གསུངས་སོ། །གསང་སྟེ་སྟོན་པ་ནི་ལས་ཀྱི་ཆོ་གས་བསྐོ་བ་ཡིན་ལ་དེ་ལ་ཆོ་ག་རྗེས་སུ་བསྒྲག་པའི་སྒོ་ནས་བསྙེན་པར་མ་རྫོགས་པ་བསྐོས་པས་ཀྱང་འགྲུབ་བམ་སྙམ་དུ་དོགས་པ་བསལ་བའི་ཕྱིར་དགེ་སློང་ཞེས་སྨོས་སོ། །དགེ་ཚུལ་གྱི་མཁན་པོ་ཡིན་ཡང་བསྙེན་པར་རྫོགས་པར་བྱེད་པའི་མཁན་པོར་གསོལ་ཏེ། འགྲེལ་ཆུང་ལས། ལས་ཐ་དད་པའི་ཕྱིར་ཞེས་བཤད་དེ། བྱ་བ་ཐ་དད་པའི་ཕྱིར། ཞེས་པའོ། །མཁན་པོ་དེ་མཁན་པོ་རང་གིས་ཞེས་སྨོས་ཅི་དགོས་ཞེ་ན། ཊཱི་ཀ་ལས། རང་གིས་ཞེས་སྨོས་པ་ནི་བཅོལ་བའི་ཆོ་ག་སྤང་བའི་ཕྱིར་ཞེས་ཏེ། གཙུག་ཕུད་འདྲེག་པ་དང་མཚན་བརྟག་པ་ལ་སོགས་པ་གཞན་ལ་བཅོལ་བས་འགྲུབ་པ་ལྟར་ཆོས་གོས་བྱིན་གྱིས་བརླབ་པ་འདི་ཡང་གཞན་ལ་བཅོལ་བས་འགྲུབ་བམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་རོ། ། མཁན་པོ་དང་སློབ་དཔོན་དེ་དག་མེད་ན་སྐྱེ་མི་སྐྱེ་ནི། མཁན་པོ་དང་གསང་སྟེ་སྟོན་པ་མེད་ཀྱང་རྒྱུ་གཞན་ཚང་ན་སྡོམ་པ་སྐྱེ་སྟེ། རྩ་བར། མཁན་པོ་མེད་པ་ཉིད་ལ་ཡང་ངོ༌། །ཞེས་དང༌། བར་ཆད་མ་དྲིས་པར་ཡང་ངོ༌། །ཞེས་གསུངས་པས་གྲུབ་བོ། །ལས་སློབ་དང་དགེ་འདུན་མཚན་ཉིད་དང་ལྡན་པ་མེད་ན་ལས་ཀྱི་ཆོ་ག་ལ་བརྟེན་པའི་དགེ་སློང་གི་སྡོམ་པ་མི་སྐྱེ་སྟེ། མཚོ་ཊཱིཀ་༨༩ལས། ལས་ཀྱི་སློབ་དཔོན་མེད་དམ་དགེ་འདུན་བཞི་ཡན་ཆད་དུ་ལོངས་པ་དེ་མེད་ན་ནི་ཚུར་ཤོག་ལ་སོགས་པའི་དགེ་སློང་གི་སྡོམ་པ་སྐྱེ་ཡང༌། ལས་ཀྱི་ཆོ་ག་ལ་བརྟེན་པའི་དགེ་སློང་གི་སྡོམ་པ་མི་སྐྱེ་སྟེ། ཆོ་ག་གསོལ་བཞིའི་ལས་ཀྱི་བྱེད་པ་པོ་མེད་པའི་ཕྱིར་རོ། །དགེ་འདུན་གྱི་མཚན་ཉིད་ནི་གྲངས་ཚང་བ་དང༌། ལས་ཀྱི་ཁ་སྐོང་བར་འོས་པ་དང༌། མི་མཐུན་པ་གཉིས་ཀྱིས་མི་མཐུན་པ་མེད་པ་སྟེ། ཕྱི་མ་གཉིས་ནི་རྒྱས་པར་ལས་གཞིར་སྟོན་ལ། གྲངས་ཚང་བ་ནི་ཡུལ་དབུས་སུ་དགེ་སློང་བཅུ་དང༌། མཐའ་འཁོབ་ཏུ་བཅུ་བཙལ་དུ་མེད་ན་ལས་ཀྱི་སློབ་དཔོན་དང༌། ལྔའི་གྲངས་ཚང་བའོ། །དེ་དག་མ་ཚང་ཡང་དགེ་སློང་བཞིར་ཚང་ན་ལུང་ཞུ་བ་ལས། བཙུན་པ་བཅུ་ཡང་མཆིས་ལ་མཆིས་བཞིན་དུ་འདུལ་བ་འཛིན་པ་དང་བཞིས་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འདས་པ་དང་བཅས་པའོ། །ཞེས་དང༌། ཞུ་བ་ལས། བཙུན་པ་ལས་བགྱིད་པ་ཁྱིམ་པས་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་པ་ཞེས་བགྱིད་འམ། །ཨུ་པ་ལི་མ་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ཀྱང་འདས་པ་དང་བཅས་པའོ། །དེ་བཞིན་དུ་མ་ནིང་དང་དགེ་སློང་མ་སུན་ཕྱུང་བ་དང༌། ཕ་དང་མ་དང་དགྲ་བཅོམ་བསད་པ་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་མུ་སྟེགས་ཅན་དང་མུ་སྟེགས་ཅན་དུ་སོང་བ་དང༌། རྐུ་ཐབས་སུ་གནས་པ་དང༌། མི་གནས་པ་དང༌། སོ་སོར་གནས་པ་དང༌། སྔར་ཉེས་པ་ཕྱུང་བ་དང༌། སྔར་འཁྲུགས་པ་ལས་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི་བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། ཞེས་གསུངས་པའི་ཕྱིར་ཟེར་ན། འདོད་མི་རིགས་པར་ཐལ། ལས་སློབ་མཚན་ཉིད་པ་མེད་ཀྱང་དམིགས་བསལ་དུ་སྐྱེ་བ་ཡོད་པའི་ཕྱིར། དེར་ཐལ། མཚོ་ཊཱིཀ་༩༥༡ལས། མཁན་པོ་དང་ལས་བྱེད་པ་ལ་སོགས་པ་རྣམས་དོན་ལ་མཚན་ཉིད་དང་ལྡན་རུང་མི་ལྡན་རུང་སྟེ། མཚན་ཉིད་དང་ལྡན་པར་འདུ་ཤེས་ན་འདུ་ཤེས་ཀྱི་ཆ་ནས་ལས་འཆགས་ཏེ། མཁན་པོ་ཚུལ་ཁྲིམས་འཆལ་བ་ལ་ལྡན་པར་ཤེས་ན་བསྙེན་པར་རྫོགས་ཞེས་པ་དང༌། འོད་ལྡན་ལས། འདི་ཙམ་ཞིག་ལས་བྱེད་པ་ལ་རྗེས་སུ་སྦྱར་བར་བྱའོ། །ཞེས་གསུངས་པ་དང༌། དེ་དགེ་འདུན་ལ་ཡང་སྦྱར་ཏེ། དཔྱད་པ་ཐ་སྙད་པ་ཡིན་པར་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་སྤྱི་བཏང་དང་དམིགས་བསལ་ཀྱི་ཁྱད་ཡོད་དམ་དཔྱད་པར་བྱའོ། །འཇམ་དབྱངས་བཞད་པས། མཁན་པོ་དང་གསང་སྟོན་མེད་པ་དང་མཁན་པོ་སྡོམ་མེད་ཁྱིམ་པས་བྱས་ཀྱང་བསྒྲུབ་བྱས་དགེ་སློང་གི་འདུ་ཤེས་ཡོད་ན་ཉེས་བཅས་ཐོབ་པ་ཡོད་ཀྱང་ལས་སློབ་དང་དགེ་འདུན་མཚན་ཉིད་པ་མེད་ན་སྡོམ་པ་ཙམ་ཡང་མི་སྐྱེ་བར་གསུངས་སོ། །ཡང་ད་ལྟར་གྱི་ཆོ་གའི་སྐབས་སུ་ཡུལ་དགེ་འདུན་ལས་བསྙེན་པར་རྫོགས་པར་བྱ་ཡི། དགེ་ཚུལ་ལྟར་གང་ཟག་ལས་བླང་བ་ནི་མ་ཡིན་ནོ། །ཊཱི་ཀ་ལས། དགེ་འདུན་ཁོ་ན་ལས་བསྙེན་པར་རྫོགས་པར་འགྱུར། ཞེས་པ་ནི་ད་ལྟར་གྱི་ཆོ་གས་བསྙེན་རྫོགས་ནོད་ན། གང་ལ་གསོལ་བ་གདབ་པ་ཡུལ་གྱི་ཆ་ནས་དགེ་འདུན་ཁོ་ན་ལས་བསྙེན་པར་རྫོགས་པར་འགྱུར་ཞེས་དགོངས་སོ། །བཀར་ནས་ཞེས་པ་ནི་དགེ་ཚུལ་དེས་གསང་སྟེ་སྟོན་པ་བསྐོ་བའི་ལས་ཐོས་ན་རྐུ་ཐབས་སུ་འགྱུར་བ་དང༌། དགེ་འདུན་རྣམས་ལ་ཉེས་བྱས་སུ་འགྱུར་བ་སྤང་བའི་ཕྱིར་རོ། །འོ་ན་གསང་སྟེ་སྟོན་པ་བསྐོ་བའི་ལས་འདི་དང་དགེ་འདུན་གྱི་ནང་དུ་བར་ཆད་འདྲི་བའི་ཕྱིར་གསོལ་བ་འབའ་ཞིག་པའི་ལས་གཉིས་ནི། དགོས་པ་དང༌། གནས་སྐབས་དང༌། ལས་ཀྱི་ངོ་བོ་འདྲ་བ་ལ། དགེ་སློང་གི་སྡོམ་པ་ལེན་པ་པོ་དེས་ཆོ་ག་འདི་ནི་ཐོས་སུ་མི་རུང་ལ། འོག་མ་ནི་ཐོས་སུ་རུང་བའི་རྒྱུ་མཚན་ཅི་ཞེ་ན། འདི་ནི་བར་ཆད་མེད་པར་ངེས་པར་བྱས་མ་ཟིན་པ་ལ་ལྟོས་ནས་ལས་ཐོས་པ་གནང་བ་མ་མཛད་པའི་ཕྱིར་དང༌། འོག་མ་ནི་གསང་སྟེ་སྟོན་པས་བར་ཆད་མེད་པར་ངེས་པར་བྱས་ཟིན་པ་ལ་ལྟོས་ནས་ལས་ཐོས་པ་གནང་བའི་ཕྱིར་རོ། །བསྙེན་པར་མ་རྫོགས་པ་ལ་ལས་ཐོས་སུ་རུང་བ་དུ་མ་ཡོད་པར་མཚོ་ཊཱིཀ་༩༦༠དུ་ལས་ཀྱི་གཞིའི་སྐབས་སུ་གསུངས་སོ། །སྤྲོ་བར་བྱས་ནས་ཞེས་པའི་ཊཱི་ཀ་ལས་ཆོ་ག་བཤད་པ་འདི་ནི་ཐམས་ཅད་དུ་ཡང་དུས་དང་པོར་བྱ་བ་ཡིན་ཞེས་པ་ནི་སྤྲོ་བ་འདྲི་བའི་ཆོ་ག་བཤད་པ་འདི་ནི་བསྐོ་བའི་ལས་ཐམས་ཅད་དུ་ཡང་དུས་དང་པོར་བྱ་བ་ཡིན་ནོ་ཞེས་པའོ། །

གསུམ་པ་རྟེན་གང་གིས་ནོད་པ།

གསུམ་པ་རྟེན་གང་གིས་ནོད་པ་ལ་བཞི་ལས།

དང་པོ་ལུས་ཕུན་སུམ་ཚོགས་པ་ནི།དངོས་པོའམ་བསམ་པའི་སྒོ་ནས་ནར་སོན་པ་དང༌། ལུས་ལ་བརྟེན་པའི་མ་ནིང་ལ་སོགས་པའི་བར་ཆད་མཐའ་དག་དང་བྲལ་བའོ། །དེ་ལ་དངོས་པོ་ནར་སོན་པ་ནི་མངལ་དང་བཤོལ་གྱི་ཟླ་བ་དང་བཅས་ནས་ལོ་ཉི་ཤུ་ལོན་པ་སྟེ། རྣམ་པ་ཐམས་ཅད་དུ་ལོ་ཉི་ཤུ་ལོན་པ་ལ་ནི་བསྙེན་པར་རྫོགས་པ་ཆགས་སོ། །ཞེས་སོ། །བསམ་པ་ནར་སོན་པ་ནི་ལོ་ཉི་ཤུ་མ་ལོན་ཡང་ལོན་པར་འདུ་ཤེས་པ་སྟེ། ཅིག་ཤོས་ལ་ནི་ལོན་པར་འདུ་ཤེས་པ་ཉིད་ནའོ་ཞེས་སོ། །ལེན་པ་པོས་ལོ་ཉི་ཤུ་མ་ལོན་པ་ལ་མ་ལོན་པར་ཤེས་ན་ནི། དེ་ལ་དགེ་སློང་ཕའི་སྡོམ་པ་མི་སྐྱེ་སྟེ། སོ་སོར་ཐར་པ་ལས།གང་ཟག་དེ་ཡང་བསྙེན་པར་རྫོགས་པར་མི་འགྱུར་ལ། ཞེས་སོ། །མཚོ་ཊཱིཀ་༨༩ལས། དམིགས་བསལ་ནི་ལོ་ཉི་ཤུ་མ་ལོན་པ་ལ་མ་ལོན་པ་ཉིད་དུ་ཤེས་པ་ལ་ཡང་དགེ་སློང་ཕའི་སྡོམ་པ་སྐྱེ་བ་ཡོད་དེ། ལས་དང་པོ་པ་དང་བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་དགེ་སློང་མའི་སྡོམ་པ་ལེན་པ་ན་སྡོམ་པ་སྐྱེ་བ་ལ་མངོན་དུ་གྱུར་པ་སྐྱེ་བའི་ཚེ་ཉིད་ན་སྡོམ་ལེན་མཚན་གྱུར་ན་དགེ་སློང་ཕའི་སྡོམ་པ་སྐྱེ་བར་རིགས་སོ། །ཞེས་འོག་ཏུ་༢༠༨དེ་ལ་དགེ་སློང་གི་སྡོམ་པ་སྐྱེ་བ་མེད་པ་ལྟ་བུར་གསུངས་པས་སླར་དཔྱད་པར་འགྱུར་རོ། །དེ་ལྟར་མཚན་གྱུར་པ་དེ་ལ་དགེ་སློང་ཕའི་སྡོམ་པ་སྐྱེ་བ་ལ་མངོན་དུ་གྱུར་པ་མི་རིགས་ཏེ། མཚོ་ཊཱིཀ་༨༩ལས། འོ་ན་དེང་སང་ནི་དགེ་སློང་གི་སྡོམ་པ་ལེན་པ་ན་མངལ་དང་བཤོལ་གྱི་ཟླ་བ་བརྩིས་ཏེ་ལོ་བཅུ་དགུ་ལ་དགེ་སློང་བྱེད་པར་སྣང་ན་དེ་ལ་སྡོམ་པ་སྐྱེའམ་མི་སྐྱེ་སྙམ་ན། རང་གི་རྣམ་བཤད་ལས། བསྙེན་པར་རྫོགས་པ་ནི་མ་ཆགས་པ་ཡིན་ཏེ། ལོ་བཅུ་དགུ་ལོན་པ་ལ་སོགས་པའི་སྐྱོན་གྱིས་སོ། །ཞེས་དང༌། འགྲེལ་ཆུང་ལས། ཐོག་མ་ཁྲིམས་འབོགས་པའི་ཚེ་ནི་ལོ་ཉི་ཤུར་མ་ཚང་བར་ཤེས་ནས་མངལ་གྱི་ཟླ་བ་བསྣན་ཀྱང་ཁྲིམས་མི་ཆགས་སོ། །ཞེས་སོ། །འོན་ཀྱང་གཞུང་དེ་གཉིས་ཀྱི་དགོངས་པ་བཙལ་བར་བྱ་ཞིང༌། ཊཱི་ཀ་ལས། བསྙེན་པར་རྫོགས་པར་འདོད་པའི་གནས་སྐབས་སུ་ནི་བརྩི་བར་མི་བྱ་སྟེ། གལ་ཏེ་བརྩི་བར་བྱེད་ན་བསྙེན་པར་རྫོགས་པ་ནི་ཆགས་ལ། བསྙེན་པར་རྫོགས་པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངས་པ་དེ་ངེས་པར་གཟུང་སྟེ། མི་ལུས་ཐོབ་ནས་ལོ་ཉི་ཤུ་ལོན་པ་ཉིད་ཡིན་པའི་ཕྱིར་རོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །འོན་ཀྱང་བོད་ཀྱི་ལོ་རྩི་ཚུལ་གྱི་དབང་དུ་བྱས་ན་སྐྱེས་མ་ཐག་དུ་ལོ་གཅིག་བྱས་ནས་བརྩི་བཞིན་ཡོད་པས་མངལ་ཀྱི་ཟླ་བ་བསྣན་པ་མི་འཐད་ལ། རྒྱ་གར་བ་སོགས་མི་རིགས་གཞན་དུ་མས་སྐྱེས་ནས་ལོ་རིལ་བོ་ལོན་ཚེ་ལོ་གཅིག་ཅེས་བརྩི་ཚུལ་ལྟར་ན་མངལ་ཟླ་བསྣན་ཡང་འཐད་པར་སྣང་ངོ༌། ། གཉིས་པ་བསམ་པ་ཕུན་སུམ་ཚོགས་པ་ནི། རྒྱུའི་ཀུན་སློང་དང་དུས་ཀྱི་ཀུན་སློང་སྟེ་སྔར་བཤད་ཟིན་ཏོ། ། གསུམ་པ་ཆ་ལུགས་ཕུན་སུམ་ཚོགས་པ་བཤད་པ་ལ་དངོས་དང༌། རབ་བྱུང་གི་ཡོ་བྱད་ལྷུང་བཟེད་སོགས་བཤད་པ་དང་གཉིས་ལས། དང་པོ་ནི། སྔར་ནས་སྐྲ་དང་ཁ་སྤུ་བྲེགས་པ་དང༌། འདིར་ཆོས་གོས་གསུམ་དང་ལྷུང་བཟེད་རུང་ཞིང་ཚད་དང་ལྡན་པ་མཁན་པོས་བྱིན་གྱིས་བརླབས་པ་དང་ལྡན་པ་དང༌། གདིང་བ་དང་ཆུ་ཚགས་ནི་ཚིག་གིས་བྱིན་ཡང་རུང་ངོ༌། །ལག་ལེན་བྱེད་ཚོད་ཀྱི་དབང་དུ་བྱས་པ་ནི། ལུང་གཞི་དང་ཀརྨ་ཤ་ཏཾ་ལས་དེ་ལྟ་བུ་ཉིད་མ་ཡིན་ན་རེ་རེ་ནས་ལྷུང་བཟེད་བཟང་ངོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་ལ། ཊཱི་ཀ་ལས་ཀྱང་ཡོན་ཏན་ནང་ལྡན་པ་ཡིན་ན་བཟང་ངོ་ཞེས་བརྗོད་པར་བཤད་དོ། །སྐབས་འདིར་ལྷུང་བཟེད་དགེ་འདུན་ལ་བསྟན་དགོས་ཀྱང༌། ཆོས་གོས་ནི་བསྟན་མི་དགོས་སོ། །མཚོ་ཊཱིཀ་༩༣ལས། བསྡུས་པ་ལས། ཆོས་གོས་རྣམས་དང་ལྷུང་བཟེད་དགེ་འདུན་ལ་བསྟན་ཏེ་བྱིན་གྱིས་བརླབ་པར་བྱའོ་ཞེས་བཤད་པ་ལ་བརྟེན་ནས། ཁ་ཅིག་ནི་ཆོས་གོས་ཀྱང་དགེ་འདུན་ལ་བསྟན་ནས་བྱིན་གྱིས་རློབ་ཅེས་ཐོས་མོད་ཀྱི། ཆོས་གོས་ནི་དགེ་འདུན་ལ་བསྟན་དགོས་པར་ལུང་ལས་དངོས་སུ་མ་གསུངས་ལ། ལྷུང་བཟེད་ཀྱི་མདོར་བསྡུས་སྦྱོར་ན་ཡང་མི་འཐད་དེ། གོས་དང་ལྷུང་བཟེད་ཡངས་དོག་མི་མཚུངས་པའི་ཕྱིར་ཏེ། གོས་ལ་རྒྱུ་རུང་བ་བདུན་དང༌། ཁ་དོག་རུང་བ་གསུམ་གསུངས་ཀྱང་ལྷུང་བཟེད་ལ་རྒྱུ་རུང་བ་ས་ལྕགས་གཉིས་ལས་མེད་ཅིང༌། ཁ་དོག་རུང་བ་ནག་པོ་ལས་གཞན་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །སྐབས་འདིར་ཆོས་གོས་ལ་རྒྱུའི་བྱིན་རླབས་གསུངས་ལ་ལྷུང་བཟེད་ལ་རྒྱུའི་བྱིན་རླབས་མ་གསུངས་པའི་རྒྱུ་མཚན་ཅི་ཞེ་ན། ཆོས་གོས་ཀྱི་རྒྱུ་རས་ཡུག་ལྟ་བུ་ལ་གོས་ཀྱི་བློ་སྐྱེ་བའི་ཕྱིར་དང༌། ལྷུང་བཟེད་ཀྱི་རྒྱུ་ལྕགས་གོང་ལྟ་བུ་ལ་སྣོད་སྤྱད་ཀྱི་བློ་མི་སྐྱེ་བའི་ཕྱིར་ཞེས་གསུངས་སོ། །ལྷུང་བཟེད་སོགས་མེད་ན་སྐྱེའམ་མི་སྐྱེ་ཞེ་ན། དེ་དག་ཐམས་ཅད་མ་ཚང་སྟེ་སྒྲེན་མོའམ་ཁྱིམ་པ་ལ་སོགས་པའི་ཆ་ལུགས་རྫོགས་ན་མི་སྐྱེ་སྟེ། སྒྲེན་མོ་དང་ཞེས་བཤད་ཅིང༌། རྩ་བར། ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་ཅན་ལ་ཡང་མི་སྐྱེའོ། །ཞེས་སོ། །དེ་ལ་དགོངས་ནས་ལུང་མ་མོ་ལས་ལྷུང་བཟེད་དང་ཆོས་གོས་མེད་པ་དང་མི་མ་ཡིན་པ་ཐམས་ཅད་དེ། འདི་དག་ནི་བསྙེན་པར་རྫོགས་པར་བྱས་ན་ཡང་བསྙེན་པར་རྫོགས་པ་མ་ཡིན། ཞེས་གསུངས་སོ། །ཁྱིམ་པའི་རྒྱལ་མཚན་ཅན་ལ་མི་སྐྱེ་བར་གསུངས་པ་ལ་མཆོད་སྦྱིན་མ་འཕྲིན་གྱིས་བསྙེན་པར་རྫོགས་ཚེ་ཁྱིམ་པའི་ཆ་ལུགས་ཅན་ཡིན་པར་གླེང་འབུམ་དུ་གསུངས་པས་དཔྱད་པར་བྱའོ། །ལྷུང་བཟེད་དང་ཆོས་གོས་འགའ་རེ་མ་ཚང་ཡང་མི་སྐྱེ་བའི་སྐྱོན་མེད་དེ། ལུང་ཕྲན་ཚེགས་ལས། ལྷུང་བཟེད་མེད་པ་ཞིག་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངས་ཤིང༌། ལུང་ཞུ་བ་ལས། བཙུན་པ་ལྷུང་བཟེད་མ་མཆིས་ཆོས་གོས་མ་མཆིས་པར་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ་བསྙེན་པར་རྫོགས་པར་བྱེད་པ་ནི་འདས་པ་དང་བཅས་པའོ། །ཞེས་གསུངས་སོ། །

གཉིས་པ་རབ་བྱུང་གི་ཡོ་བྱད་ལྷུང་བཟེད་སོགས་བཤད་པ།

གཉིས་པ་རབ་བྱུང་གི་ཡོ་བྱད་ལྷུང་བཟེད་སོགས་བཤད་པ་ལ།

རབ་བྱུང་གི་ཡོ་བྱད་རྣམས་ལས་གསུམ་ཙམ་འདིར་འཆད་ལ་ལྷག་མ་དག་གཞི་སྨད་དུ་འཆད་པར་འགྱུར་ལ། འདིར་ཉེར་མཁོ་ལྷུང་བཟེད་དང་མཁར་གསིལ་དང་ཆུ་ཚགས་བཤད་པ་དང་གསུམ་ལས། དང་པོ་ནི། རྩ་བར། ལྷུང་བཟེད་མེད་པར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །ཆུང་ངུ་དང་ཆེན་པོ་དང་སྐྱ་བས་ཀྱང་མི་བྱའོ། །ཞེས་སོགས་གསུངས་སོ། །དེའི་དོན་ལ་དགེ་སློང་གི་ལྷུང་བཟེད་ཀྱི་ཚད་གང་ཞེ་ན། ལྷུང་བཟེད་ཀྱི་ཁའི་ཆའི་མཐའ་འམ་མུ་ཁོ་ན་ནས་མཐེ་བོའི་ལྟོ་གང་མཐེ་བོའི་སོར་གཅིག་སྟེ་མཐེ་བོའི་ཞེང་ཚད་ཟས་མ་བླུག་པར་སྟོང་པར་བཞག་པའི་ནང་གི་ལྷག་མར་འབྲས་ཆན་དང་ཚོད་མའི་ཚད་འདི་ཙམ་ཞིག་ཤོང་བ་དེ་ནི་ཊཱི་ཀ་ལས་རིགས་པ་ཡིན་ཏེ་བྱིན་གྱིས་བརླབ་ཏུ་རུང་བ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་སོ། །

དེའང་དགེ་སློང་གི་ལྷུང་བཟེད་ཆུང་ཚད་ནི།

འབྲས་ཐུག་པོ་ཆེ་ཡུལ་མ་ག་ངྷའི་བྲེའུ་ཆུང་གང་ལ་བོད་ཀྱི་བྲེའི་དྲུག་ཕུལ་དོའོ། །དེ་བཙོས་པས་འབྲས་ཆན་བྲེ་གང་སྟེ། བམ་པོ་ལྔ་བཅུ་པ་ལས། འབྲས་ཐུག་པོ་ཆེ་ཆན་དུ་བཅོས་ནས་སུམ་འགྱུར་དུ་བརྩིའོ། །ཞེས་སོ། །ཚོད་མ་འབྲས་ཆན་གྱི་སུམ་ཆ་ཡིན་ཞེས་འགྲེལ་ཆུང་ནས་བཤད་ཅེས་གསུང་བས་སྲན་ཚོད་དང་བཅས་ཚོད་མ་དང་བཅས་པ་ལ་ཕུལ་དོའོ། །མཐེ་བོའི་ལྟོ་གང་སྟོང་པར་བཞག་པ་དེར་ཕུལ་གང་ཤོང་བ། ཁད་ཆད་བཀང་ན་ནང་དུ་ཕུལ་དགུ་ཤོང་བ་དེ་ནི་རིགས་པ་ཡིན་ནོ། །ཞེས་སྦྱར་རོ། །དགེ་སློང་གི་ལྷུང་བཟེད་ཆེན་པོའི་ཚད་ནི། བྲེའུ་ཆུང་གང་ལྷག་པ་ནས་དོའི་བར་ཞེས་པས། འབྲས་ཐུག་པོ་ཆེ་མ་ག་ངྷའི་བྲེའུ་ཆུང་དོ་ལ་བོད་ཀྱི་དྲུག་ཕུལ་བཞིའོ། །དེ་བཙོས་པས་སུམ་འགྱུར་དུ་འཕེལ་བས་འབྲས་ཆན་བྲེ་དོའོ། །ཚོད་མ་འབྲས་ཆན་གྱི་སུམ་ཆ་སྟེ་ཕུལ་བཞིའོ། །མཐེ་བོའི་ལྟོ་གང་སྟོང་པར་བཞག་པ་དེར་ཕུལ་དོ་ཤོང་བ་སྟེ། ཁད་ཆད་དུ་བཀང་ན་ནང་དུ་ཕུལ་བཅོ་བརྒྱད་ཤོང་བ་དེ་ནི་རིགས་པ་ཡིན་ནོ་ཞེས་སྦྱར་རོ། །

དགེ་སློང་གི་ལྷུང་བཟེད་འབྲིང་ཚད་ནི།

བྲེའུ་ཆུང་གང་ལྷག་པ་ནས་དོའི་བར་ཞེས་པས། མ་ག་ངྷའི་བྲེའུ་ཆུང་གང་དང་དོའི་བར་ནི་བྲེའུ་ཆུང་ཕྱེད་དང་དོ་སྟེ། དེ་ལ་བོད་ཀྱི་དྲུག་ཕུལ་གསུམ་མོ། །དེ་བཙོས་པས་སུམ་འགྱུར་དུ་བརྩི་བ་དང་ཚོད་མ་འབྲས་ཆན་གྱི་སུམ་ཆར་བརྩི་བ་སྔ་མ་བཞིན་ཏེ། མཐེ་བོའི་ལྟོ་གང་སྟོང་པར་བཞག་པ་དེར་ཕུལ་ཕྱེད་དང་དོ་ཤོང་བ་སྟེ། ཁད་ཆད་དུ་བཀང་ན་ཕུལ་ཕྱེད་དང་བཅུ་བཞི་ཤོང་བ་དེ་ནི་རིགས་པ་ཡིན་ནོ་ཞེས་སྦྱར་རོ། །དེར་མ་ཟད་ཕུལ་བཅོ་ལྔའམ་བཅུ་གསུམ་ཤོང་བ་ལ་སོགས་པ་ཡང་འབྲིང་ཚད་དུ་བཟུང་སྟེ། རྣམ་འབྱེད་འགྲེལ་བ་ལས། ལྷུང་བཟེད་འབྲིང་ཚད་ནི་དེ་གཉིས་ཀྱི་བར་གང་ཡང་རུང་བ་ཤོང་བའོ་ཞེས་བཤད་དོ། །སྦོམ་དགའ་མོས་ཁྱིམ་པ་མོའི་བུ་ཆུང་གི་རོ་ལྷུང་བཟེད་ཆེན་པོར་བཅུག་སྟེ་དོར་བ་ལ་བརྟེན་ནས་དགེ་སློང་མས་ལྷུང་བཟེད་ཆུང་ཚད་ཁོ་ན་འཆང་དགོས་ཏེ། རྩ་བར། དགེ་སློང་མས་དགེ་སློང་གི་ཆུང་ལས་ལྷག་པ་མི་འཆང་ངོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་དགེ་སློང་མའི་ལྷུང་བཟེད་ཆེན་པོའི་ཚད་དགེ་སློང་གི་ལྷུང་བཟེད་ཆུང་ངུའོ། །དེ་ལས་ཚད་ལྷག་པ་མི་བཅང་ངོ༌། །སྐབས་འདིར་ཊཱི་ཀ་ལས། དགེ་སློང་མ་རྣམས་ཀྱི་ལྷུང་བཟེད་ཆུང་ངུ་ནི་ལྟོ་འགྲངས་པ་ཙམ་ཤོང་བ་ཡིན་ནོ། །འབྲིང་ནི་དེ་གཉིས་ཀྱི་བར་ཡིན། ཞེས་སོ། །ལུང་དགེ་སློང་མའི་རྣམ་འབྱེད་ལས། ལྷུང་བཟེད་ཆེན་པོ་ནི་ཡུལ་མ་ག་ངྷའི་བྲེའུ་ཆུང་གང་ངོ༌། །ཆུང་ངུ་ནི་བྲེའུ་ཆུང་ཕྱེད་དོ། །དེའི་བར་ནི་བར་མའོ་ཞེས་བཤད་ཀྱང༌། དེ་ནི་འབྲས་སྐམ་པོའི་ཚད་བཤད་པའོ། །དགེ་སློང་གི་ལྷུང་བཟེད་ཀྱི་གཞི་ལྕགས་སྒོར་བྱར་རུང་དགེ་སློང་མ་དེས་ལྷུང་བཟེད་དེའི་འོག་གཞིར་ཞ་ཉེའི་དབྱར་འདབ་གཞག་གོ། །འདི་ལ་རང་གི་རྣམ་བཤད་དང་ཊཱི་ཀ་ལས། སའི་ཕྱོགས་གང་དུ་ལྷུང་བཟེད་བཞག་པའི་འོག་གཞི་དེར་ཞ་ཉེའི་དབྱར་འདབ་བཞག་ཅེས་བཤད་ཀྱང༌། ལུང་ཕྲན་ཚེགས་ལས། ལྷུང་བཟེད་ལ་ཞ་ཉེའི་དབྱར་འདབ་ཀྱིས་གླན་པར་བྱའོ། །ཞེས་གསུངས་ལ། སྐབས་འདིའི་འགྲེལ་ཆུང་ལས། ལྷུང་བཟེད་དང་འབྲལ་དུའང་མི་རུང་ངོ་ཞེས་པ་ནི་མི་རིགས་ཏེ། གདིང་བ་དང་བྲལ་བ་ལ་ནི་ཉེས་པ་མེད་དོ། །ཞེས་གསུངས་པ་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །བོད་བྲེ་གང་ལ་ཡ་འཁྱོར་ཉེར་གཅིག་ཡོད་ལ། ཡ་འཁྱོར་ཉེར་གཅིག་གི་དྲུག་ཆ་ལ་དྲུག་ཕུལ་ཞེས་བྱའོ། །དྲུག་ཕུལ་གཅིག་ལ་ཡ་འཁྱོར་གསུམ་དང་ཕྱེད་ཡིན་ནོ། །ལྷུང་བཟེད་ཆུང་ངུ་ནི་ཚད་དུ་མ་ཆོག་པས་བྱིན་རླབས་མི་ཆགས་ཀྱང་སེམས་ཀྱིས་བརྟག་པ་སྨན་ཕོར་གྱིས་ཡོངས་སུ་སྤྱད་པས་འཆང་དུ་གནང་བའོ། །མདོག་དབྱིབས་ལྷུང་བཟེད་དང་འདྲ་བ་སྟེ། རྣམ་འབྱེད་ལས། ལྷུང་བཟེད་ཆུང་ངུ་ཡང་གསལ་བ་ཟླུམ་པ་ལོངས་སྤྱད་བཟོད་པ་ཡིན་ནོ། །ཞེས་སོ། །ལྷུང་བཟེད་བཙལ་ཏེ་མ་རྙེད་ན། ཊཱི་ཀ་ལས། ལྷུང་བཟེད་མེད་ན་རབ་ཏུ་དབྱུང་བར་བྱའི་བསྙེན་པར་རྫོགས་པར་ནི་མི་བྱའོ། །ཞེས་བཤད་དེ། སྔ་མ་ཉེས་མེད་འཆགས་ལ་ཕྱི་མ་ཉེས་བཅས་འཆགས་པའོ། །རྒྱུ་རུང་བ་ས་ལྕགས་གཉིས་ཡིན་ཏེ། རྩ་བར། བྱིན་གྱིས་བརླབ་ཏུ་རུང་བ་ནི་རྣམ་པ་གཉིས་ཏེ། ལྕགས་ལས་བྱས་པ་དང་ས་ལས་བྱས་པའོ། །ཞེས་པས་སོ། །ཁ་དོག་ནག་པོ་རུང་བ་ཡིན་ཏེ། རྩ་བར། སྐྱ་བས་ཀྱང་མི་བྱའོ། །ཞེས་པས་སོ། །དབྱིབས་སྒོ་ང་ཕྱེད་བཀས་པ་ལྟར་ཟླུམ་པ་ཅིག་དགོས་ཀྱི་གྲུ་བཞི་སོགས་མི་རུང་ངོ། །ངོ་བོའི་རུང་བ་ལྷན་པ་ལྔ་ལས་ལྷག་མེད་པ་ཞིག་དང་ལོངས་སྤྱོད་དུ་བཟོད་པ་ཞིག་དགོས་ཏེ། རྩ་བར། ལྷན་རིངས་དང་ཐམ་ཕྲན་དང༌། ཞེས་སོགས་གསུངས་པས་སོ། །ཆོ་གས་བྱིན་གྱིས་བརླབ་ཏུ་རུང་བ་དགོས་ཏེ། འབྲེལ་མེད་ལྷུང་བཟེད་ལྟ་བུ་མ་ཡིན་དགོས་པའི་ཕྱིར་རོ། །

གཉིས་པ་མཁར་བསིལ་འཆད་པ།

གཉིས་པ་མཁར་བསིལ་འཆད་པ་ལ།

རྩ་བར། གལ་ཏེ་བསོད་སྙོམས་པ་ཞིག་ཡིན་ན་བསིལ་བྱེད་ཀྱང་ངོ། །ཞེས་བྱུང༌། དེའི་དོན་ལ་མཁར་བསིལ་གྱི་དབྱིབས་དང་མཚོན་ཚུལ་དང་རྣམ་གྲངས་དང་སྒྲ་བཤད་དང་སྤྱོད་ཚུལ་དང་ལྔ་ལས། དང་པོ་མཁར་བསིལ་གྱི་དབྱིབས་གཟུགས་ནི། བར་ཤིང་སྦོམ་པོ་དང་གསོམ་པ་དང་ཡས་མན་གཉིས་ལྕགས་ལས་བྱས་པ་སྦུབ་ཅན་སྨད་ཀྱི་ལྕགས་ལ་མདུད་པ་གཅིག་དང་སྨད་གཞོགས་བདུན་ཟུར་དང༌། སྟོད་གཞོགས་ཟུར་བརྒྱད་པའི་རྩེ་ལ་མཆོད་རྟེན་དང་རྭ་ཟླུམ་པོ་ཡོད་པའི་རྩེ་མོར་ཡང་མཆོད་རྟེན་ཡོད་ལ། རྭ་རེ་རེ་ལ་ཨ་ལོང་གསུམ་གསུམ་དང་སྟོད་དུ་ལྕགས་ཀྱུ་དང་བཅས་པའི་དབྱིབས་ཅན་ནོ། །

གཉིས་པ་མཚོན་ཚུལ་ནི།

མཁར་བསིལ་གྱི་སྨད་ལ་མདུད་པ་གཅིག་ཡོད་པས་ངན་སོང་གི་སྒོ་འགོག་པ་དང༌། དུམ་བུ་གསུམ་གྱིས་བསླབ་པ་གསུམ་དང༌། བར་ཤིང་གསོམ་པས་ལུས་སེམས་ལས་རུང་དང་གཡོ་མེད་པ་དང༌། སྨད་ཟུར་བདུན་གྱིས་བྱང་ཆུབ་ཡན་ལག་བདུན་དང༌། སྟོད་ཟུར་བརྒྱད་ཀྱིས་འཕགས་ལམ་ཡན་ལག་བརྒྱད་དང༌། རྭ་བཞིས་བདེན་པ་བཞི་དང༌། མཆོད་རྟེན་གཉིས་ཀྱིས་ཆོས་གཟུགས་ཀྱི་སྐུ་གཉིས་དང༌། ཨ་ལོང་བཅུ་གཉིས་ཀྱིས་གསུང་རབ་ཡན་ལག་བཅུ་གཉིས་དང༌། ལྕགས་ཀྱུས་ངན་སོང་ལས་འདྲེན་པ་མཚོན་པའོ། །གསུམ་པ་རྣམ་གྲངས་ནི་བསིལ་བྱེད་དང་མཁར་གསིལ་སོགས་ཡིན་ནོ། །བཞི་བ་སྒྲ་བཤད་ནི། མཁར་བ་དབྱུག་པ་དང༌། སྒྲ་སིལ་སིལ་བྱེད་པས་མཁར་བསིལ་དང༌། གསིལ་བྱེད་ཅེས་བརྗོད་པའོ། །ལྔ་བ་སྤྱོད་ཚུལ་ནི། ཡིད་ཀྱིས་མཚོན་དོན་དྲན་ཏེ་སངས་རྒྱས་ཀྱིས་གནང་བའི་དགོས་པ་དང་ལྡན་པར་ལུས་ཀྱིས་གུས་པ་དང་ལྡན་པར་བཅང་པས་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་དྲན་པའི་དགོས་པ་ཡོད་པ་ཡིན་ནོ། །གསུམ་པ་ཆུ་ཚགས་ནི་རྣམ་པ་ལྔ་ཡོད་དེ། སྣོད་ཀྱི་ཁར་ཤིང་གྲུ་གསུམ་ལ་སྒྱེད་ཁའམ་མདུང་ཁྱིམ་ལྟར་བཏགས་པའི་སྦྱང་ཚགས་དང༌། བུམ་པ་ཁ་བོ་ཆེ་ལྟ་བུའི་ཆུ་ཚགས་ནི་བུམ་ཚགས་དང༌། བཟོ་བ་ལྟ་བུའི་ཁ་རས་ཀྱིས་གཡོགས་པའི་རིལ་བ་ཞབས་ཚགས་ཅན་དང༌། རས་ཀྱི་ཁུག་མ་ཁ་ཞབས་གཉིས་སུ་ཐ་གུས་བཏགས་པའི་བསལ་ཚགས་དང༌། དེང་སང་ལག་ལེན་བྱེད་པའི་ཚགས་གྲུ་གསུམ་སྟེ་ལྔ་བམ་ལྔ་ལས་གསུངས་སོ། ། བཞི་པ་ད་ཆོག་ལ་ཚིགས་སྔ་མ་སྔོན་དུ་སོང་བ་དགོས་ལ། དེ་ཡང་ཉེས་མེད་ཕུན་ཚོགས་ཀྱི་དབང་དུ་བྱས་པའོ། ། བཞི་པ་དངོས་པོ་གང་ནོད་པ་ནི། བསྙེན་རྫོགས་ཀྱི་སྡོམ་པ་སྟེ་སྐབས་ཀྱིས་གྲུབ་བོ། ། ལྔ་པ་ཆོ་ག་ཇི་ལྟ་བུས་ནོད་པ་ནི་སྦྱོར་དངོས་མཇུག་གསུམ་སྟེ། ༡ སྦྱོར་བའི་ཆོ་ག་ནི་རྒྱས་པར་ཀརྨ་ཤ་ཏཾ་ལས་ཤེས་པར་བྱའོ། །༢ དངོས་གཞིའི་ཆོ་ག་ནི་བསྙེན་པར་རྫོགས་པ་ཉེ་བར་བསྒྲུབ་པར་བྱ་ཞེས་སོགས་གསུངས་པ་ལྟར་གསོལ་བཞིའི་ལས་བྱ་བའོ། །༣ མཐར་ཕྱིན་པ་མཇུག་གི་ཆོ་ག་ལ་གསུམ་སྟེ། ལས་བྱས་པ་གོ་བའི་ཡན་ལག་ཏུ་ལས་ཀྱི་མཇུག་སྡུད་བརྗོད་པ་དང༌། བསླབ་པ་རྒན་གཞོན་མཉམ་གསུམ་རྟོགས་པ་ཡན་ལག་ཏུ་སྡོམ་པའི་ཐོབ་དུས་བརྗོད་པ་དང༌། བསླབ་པ་མི་ཉམས་ཤིང་བརྟན་པའི་ཡན་ལག་ཏུ་སྐབས་ཀྱི་གདམས་ངག་བཅུ་གཅིག་བརྗོད་པ་དང༌། དེའི་རྗེས་སུ་བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་བྱ་བ་ནི་འདུལ་བ་འཛིན་པ་རྣམས་ཀྱི་ལག་ལེན་ལས་བྱུང་ངོ༌། །དང་པོ་ནི། བྱས་པ་ཉིད་ན་གནས་པ་བརྗོད་པར་བྱའོ་ཞེས་ལས་གཞིར་ལས་ཀྱི་མཇུག་སྡུད་བརྗོད་པ་ཐམས་ཅད་ཐུན་མོང་དུ་སྟོན་པར་འགྱུར་རོ། །

གཉིས་པ་སྡོམ་པ་ཐོབ་དུས་བརྗོད་པ།

གཉིས་པ་སྡོམ་པ་ཐོབ་དུས་བརྗོད་པ་ནི།

རྩ་བར། དེ་མ་ཐག་ཏུ་གྲིབ་ཚོད་རིག་པར་བྱའོ་ཞེས་པ་ལ་སོགས་པས་བསྟན་ཏེ། འདིའི་དོན་ལ་དྲུག་ལས། དང་པོ་དགོས་པའི་དོན་ནི། བསླབ་པ་རྒན་གཞོན་མཉམ་གསུམ་གྱི་ཚུལ་ཁྲིམས་བདེ་བླག་ཏུ་རྟོགས་པ་དང༌། སྡོམ་པ་ཐོབ་དུས་མ་བརྗོད་པའི་ཉེས་པ་ཁེགས་པའོ། །གཉིས་པ་ཡུལ་གང་ལ་བརྗོད་པ་ནི་གསར་དུ་རབ་ཏུ་བྱུང་བའམ། སྐབས་འདིར་ནི་གསར་དུ་བསྙེན་པར་རྫོགས་པ་ལའོ། །གསུམ་པ་རྟེན་གང་གིས་བརྗོད་པ་ནི། དགེ་ཚུལ་གྱི་སྐབས་སུ་སློབ་དཔོན་ལས་གཞན་པའི་དགེ་སློང་གང་ཡང་རུང་བས་བརྗོད་དེ་ལུང་དང་ཀརྨ་ཤ་ཏཾ་ལས། སློབ་དཔོན་མ་ཡིན་པ་དགེ་སློང་གཞན་གང་ཡང་རུང་བ་གཅིག་གིས་གྲིབ་ཚོད་གཞལ་བར་བྱ་ཞིང་སྐྱེས་བུ་དང་རྩ་བ་དང་ཉིན་མཚན་གྱི་ཆ་དང་དུས་ཚོད་ཀྱང་བརྗོད་པར་བྱའོ། །ཞེས་གསུངས་སོ། །དགེ་སློང་གི་སྐབས་སུ་ལས་ཀྱི་སློབ་དཔོན་ལས་གཞན་པའི་དགེ་སློང་གང་ཡང་རུང་བས་བརྗོད་དེ། ཀརྨ་ཤ་ཏཾ་ལས། དགེ་སློང་ལས་བྱེད་པ་མ་ཡིན་པ་གཞན་གང་ཡང་རུང་བ་གཅིག་གིས་གྲིབ་ཚོད་དེ་གཞལ་བར་བྱ་ཞིང་བརྗོད་པར་བྱའོ། །ཞེས་དང༌། གཞི་འགྲེལ་ལས། གྲིབ་ཚོད་གཞལ་བ་དེ་ནི་དགེ་སློང་གང་ཡང་རུང་བ་གཞན་གྱིས་བྱའི། དགེ་སློང་ལས་བྱེད་པས་མི་བྱ་སྟེ། འདི་ལྟར་དེས་ནི་གནས་བརྗོད་པ་ལ་སོགས་པ་སྐབས་ལྷག་མ་དག་བྱ་དགོས་པས་སྟན་ལས་ལྡང་བར་མི་རིགས་པའི་ཕྱིར་རོ། །ཞེས་གསུངས་སོ། །

བཞི་པ་དུས་གང་གི་ཚེ་བརྗོད་པ།

བཞི་པ་དུས་གང་གི་ཚེ་བརྗོད་པ་ནི།

ལས་བརྗོད་པ་གསུམ་པ་མཇུག་སྡུད་དང་བཅས་པ་བྱས་མ་ཐག་ཏུ་བརྗོད་དེ། རྩ་བར། དེ་མ་ཐག་ཏུ། ཞེས་པས་སོ། །ལྔ་པ་དངོས་པོ་གང་བརྗོད་པ་ནི།གྲིབ་ཚོད་དང༌། ཉིན་མཚན་གྱི་ཆ་དང༌། ཚེས་གྲངས་དང༌། ཟླ་བའི་ངོ་དང༌། ཟླ་བ་དང༌། དུས་ཚོད། ལོ་འགྲོས་དང་བདུན་བརྗོད་པ་སྟེ། ལོ་འགྲོས་བརྗོད་པ་ནི་འདུལ་བ་ནས་མ་གསུངས་ཀྱང༌། འདིར་ཡུལ་ཆོས་དང་བསྟུན་པའི་ཕྱག་ལེན་ཡིན་ནོ། །དྲུག་པ་ཚུལ་ཇི་ལྟར་བརྗོད་པ་ནི། བརྗོད་པའི་ཚེ་ན་གྲིབ་ཚོད་འདི་ལ་ཁྱོད་བསྙེན་པར་རྫོགས་སོ་ཞེས་པ་ནས་འགོ་བརྩམས་ཏེ་ཕྲ་རིམ་ནས་བརྗོད་དེ། ལུང་ནས་བཤད་པའི་གོ་རིམ་མོ། །བརྩི་བའི་ཚེ་ན་ཁྱོད་བསྙེན་པར་རྫོགས་ནས་ལོ་དུ་ལོན་ཞེས་པ་ནས་འགོ་བརྩམས་ཏེ། རགས་རིམ་ནས་བརྩི་སྟེ། བསྡུས་པ་ལས་དང་པོ་ལོ་གྲངས་དྲི་བར་བྱའོ། །དུས་ཚོད་ཀྱང་ངོ་ཞེས་བཤད་ཅིང༌། རགས་རིམ་ལོ་དང་ཟླ་བ་ལ་སོགས་པ་སྔ་ཕྱི་བྱུང་ན་གྲིབ་ཚོད་ལ་སོགས་པ་ཕྲ་རིམ་བརྩི་མི་དགོས་པས་ཚེགས་ཆུང་བའི་དགོས་པ་ཡོད་པའི་ཕྱིར་རོ། །སྐྱེས་བུ་ཉིད་ནི། ཊཱི་ཀ་ལས། ཐུར་མ་དེའི་ཐ་སྙད་ནི་སྐྱེས་བུ་ཉིད་ཅེས་བརྗོད་པར་བྱ་སྟེ། ཞེས་དང༌། གཞི་འགྲེལ་ལས། ཐུར་མ་དེའི་ཐ་སྙད་ནི་སྐྱེས་བུ་ཞེས་བྱ་སྟེ། ཐུར་མས་གཞལ་བའི་གྲིབ་མ་ཐུར་མའི་ཚད་ཙམ་རེ་རེ་ལ་གྲིབ་ཚོད་སྐྱེས་བུ་རེ་རེ་ཞེས་བྱ། ཞེས་གསུངས་སོ། །སོར་བཞི་ཅན་གྱི་ཐུར་མ་ལ་སྐྱེས་བུ་དང་སོར་གཅིག་ལ་རྐང་བ་ཞེས་བརྗོད་དོ། །རྩ་བར། ཉིན་མཚན་གྱི་ཆ་སྔ་དྲོ་ལ་སོགས་པ་ཞེས་པ་སྔ་དྲོ་དངོས་སུ་གསུངས་ནས། ལ་སོགས་ཀྱིས་ཉེར་གཅིག་བསྡུས་ཏེ། ལུང་གཞི་ལས་ཉིན་མཚན་གྱི་ཆ་སྔ་དྲོ་དང་གུང་དང་ཕྱི་དྲོ་དང་མཚན་མོའི་ཐུན་དང་པོ་དང༌། ཐུན་དང་པོའི་ཕྱེད་དང༌། གུང་ཐུན་དང༌། གུང་ཐུན་གྱི་ཕྱེད་དང༌། ཐུན་ཐ་མ་དང༌། ཐ་མའི་ཕྱེད་དང༌། སྐྱ་རེངས་མ་ཤར་བ་དང༌། སྐྱ་རེངས་ཤར་བ་དང༌། ཉི་མ་མ་ཤར་བ་དང༌། ཉི་མ་ཤར་བ་དང༌། ཉི་མ་བརྒྱད་ཆ་ཤར་བ་དང༌། ཉི་མ་བཞི་ཆ་ཤར་བ་དང༌། གུང་ཚིགས་མ་ཡོལ་བ་དང༌། ཉི་མ་བཞི་ཆ་ལུས་པ་དང༌། ཉི་མ་བརྒྱད་ཆ་ལུས་པ་དང༌། ཉི་མ་མ་ནུབ་པ་དང༌།ཉི་མ་ནུབ་པ་དང༌། རྒྱུ་སྐར་རྣམས་མ་ཤར་བ་དང༌། རྒྱུ་སྐར་རྣམས་ཤར་བ་སྟེ། ཉི་ཤུ་རྩ་གཉིས་གསུངས་པ་དེ་རྣམས་སོ། །སྐབས་འདིར་ལུང་ལས་ཉི་མ་བརྒྱད་ཆ་ཤར་བ་དང་བཞི་ཆ་ཤར་བ་དང༌། ཉི་མ་བཞི་ཆ་ལུས་པ་དང་བརྒྱད་ཆ་ལུས་པ་ཞེས་གསུངས་པ་ཉི་མའི་དཀྱིལ་འཁོར་ལ་བརྩིའམ་ནམ་མཁའི་གོ་ལ་བརྩི་ཞེ་ན། གཞི་འགྲེལ་ལས། ཉི་མ་བརྒྱད་ཆ་ཤར་བ་དང་བཞི་ཆ་ཤར་བ་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་གྱི་བརྒྱད་ཆ་ཤར་བ་དང་བཞི་ཆ་ཤར་བའོ་ཞེས་བཤད་ཀྱང་མི་འཐད་དེ། ལུང་གཞི་ལས། ཉི་མ་ཤར་བ་དང༌། ཉི་མ་བརྒྱད་ཆ་ཤར་བ་དང༌། ཉི་མ་བཞི་ཆ་ཤར་བ་དང༌། གུང་ཚིགས་མ་ཡོལ་བ་དང་ཞེས་གོ་རིམ་དེ་ལྟར་གསུངས་པས་ནམ་མཁའི་གོ་ལ་བརྩི་བར་གྲུབ་ཅེས་མཚོ་ཊཱིཀ་ལས་གསུངས་སོ། །ལུང་ཕྲན་ཚེགས་ལས། ཕྱི་དྲོའི་བཞི་ཆ་དང་ཕྱི་དྲོའི་བརྒྱད་ཆ་ཞེས་གསུངས་ཤིང༌། ཉི་ཤར་དང་བརྒྱད་ཆ་བཞི་ཆ་གསུམ་ལ། ལུང་དགེ་སློང་མའི་རྣམ་འབྱེད་ལས། ཉི་མ་རྩེ་དང༌། དྲོས་བུ་ཆུང་དང༌། དྲོས་ཆེན། ཞེས་གསུངས་སོ། །ཉི་མ་བརྒྱད་ཆ་ཤར་བ་དང་བཞི་ཆ་ཤར་བ་ཞེས་པ་འདི་ལ་འགྱུར་རྙིང་གི་ཀརྨ་ཤ་ཏཾ་ལས་ཉི་མ་དྲོས་བུ་ཆུང་དང་ཉི་མ་དྲོས་པོ་ཆེ་ཞེས་བཤད་ཅིང༌། རྣམ་འབྱེད་འགྲེལ་བ་ལས། ཉི་མའི་བརྒྱད་ཆ་ཤར་བ་ཞེས་བྱ་བ་ནི་ནམ་མཁའི་ཕྱོགས་ལ་འགྲོ་བའི་ལམ་གྱི་བརྒྱད་ཆ་ཆོད་པའོ། །ཞེས་གསུངས་སོ། །ནམ་མཁའི་གོ་ལའི་བརྒྱད་ཆ་དང་བཞི་ཆ་ཡིན་པ་ལ་གཞུང་ལྔ་ཡོད། དུས་ཚོད་དེ་དག་ནི་ལྔའོ། །ཞེས་པའི་འགྲེལ་ཆུང་ལས་དུས་ལ་རྣམ་པ་ལྔ་ཡོད་དེ་སྟོན་ཟླ་ཐ་ཆུང་ཉ་བ་ནས་འགོ་བཟུང་སྟེ་བརྩིའོ་ཞེས་སོ། །དགུན་གྱི་དུས་ནི། གཞི་འགྲེལ་ལས། སྟོན་ཟླ་ཐ་ཆུང་ཉ་ནས་དཔྱིད་ཟླ་ར་བའི་ཉའི་བར་གྱི་ཟླ་བ་བཞི་ནི་དགུན་གྱི་དུས་སོ། །ཞེས་བཤད་དོ། །དེ་ནས་དུས་ཚིགས་རྣམས་མཐར་ཆགས་ཀྱིས་བརྩིའོ། །སྨིན་དྲུག་མགོ་རྒྱལ་མཆུ་དབོ་དང༌། །ནག་པ་ས་ག་ཆུ་སྟོད་སྣྲོན། །གྲོ་བཞིན་ཁྲུམས་སྟོད་ཐ་སྐར་ཏེ། །ཟླ་བ་ངོས་འཛིན་སྐར་མ་ཡིན། །ཞེས་བྱུང་བའོ། །འོ་ན་འདུལ་བ་ནས་དུས་ཚིགས་འབྱེད་ལུགས་མི་འདྲ་བ་གསུམ་གསུངས་པའི་རྒྱུ་མཚན་ཅི་ཞེ་ན། འདིར་ལོ་གཅིག་ལ་དུས་ཚིགས་ལྔར་གསུངས་པ་ནི། གདུལ་བྱ་ལྔ་ཚན་ལ་མོས་པ་དང་མཐུན་པར་བྱ་བའི་ཕྱིར་ཏེ། དགུན་ཟླ་བ་བཞི་དང༌། དཔྱིད་ཟླ་བ་བཞི་དང༌། དབྱར་ཟླ་བ་བཞི་ཡིན་ཡང༌། དབྱར་ལ་དུས་ཚིགས་གསུམ་དུ་བཅད་དེ་ལྔ་རུ་མཛད་ལ། སྐབས་འདིར་དུས་ཚིགས་ལྔར་བཤད་པ་ནི་དབྱར་ཐུང་ངུ་ཤི་བ་དང་འདྲ་བ་བདེ་བླག་ཏུ་རྟོགས་པའི་དགོས་པ་ཡོད་ཅེས་བཤད་དོ། །ཟླ་འཇོག་གི་སྐབས་སུ་ལོ་གཅིག་ལ་དུས་ཚིགས་གསུམ་དུ་གསུངས་པ་ནི་དུས་ཚིགས་སུ་བཅད་པའི་ཕྱག་དར་ཁྲོད་ཀྱི་ཚད་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་རོ། ། གསོ་སྦྱོང་གི་གཞིར་ལོ་གཅིག་ལ་དུས་ཚིགས་དྲུག་ཏུ་གསུངས་པ་ནི། གསོ་སྦྱོང་བཅུ་བཞི་པ་བདེ་བླག་ཏུ་རྟོགས་པའི་ཕྱིར་རོ། །

གསུམ་པ་གདམས་ངག་བཅུ་གཅིག་བརྗོད་པ།

གསུམ་པ་གདམས་ངག་བཅུ་གཅིག་བརྗོད་པ་ནི།

རྩ་བར། ༡གནས་རྣམས་བརྗོད་པར་བྱའོ། །༢ ལྟུང་བར་གྱུར་བའི་ཆོས་རྣམས་དང༌། ༣ དགེ་སྦྱོང་བྱེད་པའི་ཆོས་རྣམས་ཀྱང་ངོ༌། །༤ མཆོག་ཏུ་འདོད་པར་བྱ་བ་ཡང་དག་པ་ཉིད་ཀྱིས་རྫོགས་པ་ཉིད་བརྗོད་ནས། ༥ ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་བསྒྲུབ་པ་ངེས་པར་སྦྱར་བར་བྱའོ། །༦ཚུལ་དང་འབྲེལ་བའི་གཟུགས་བརྙན་དང༌། ༧ དུལ་བར་གནས་པ་ཉིད་དང༌། ༨ དགོས་པ་རྗེས་སུ་སྒྲུབ་པ་ལ་ཡང་ངོ། །༩ མ་བརྗོད་པ་ཡང་དག་པར་བླངས་པ་ཡོངས་སུ་ཤེས་པའི་བསྒྲུབ་པར་འགྱུར་བ་ཉིད་ཀྱང་བརྗོད་པར་བྱའོ། །༡༠གུས་པ་ལ་ཡང་ངེས་པར་སྦྱར་བར་བྱའོ། །༡༡བསྒྲུབ་པར་བྱ་བ་བརྗོད་པ་དང་བཅས་པ་ཡང་ངོ། །ཞེས་པས་བསྟན་ཏོ། །འདིའི་དོན་འཆད་པ་ལ་གཉིས་ཏེ། སྐབས་འདིའི་གདམས་ངག་གི་དོན་དངོས་དང༌། འཕྲོས་དོན་སྦྱངས་པའི་ཡི་དམ་བསྟན་པའོ། །དང་པོ་ལ་དྲུག་ལས་དང་པོ་དགོས་པའི་དོན་ནི་བསླབ་བྱ་རགས་རིམ་གོ་བ་ལ་བརྟེན་ནས་བསླབ་པ་མི་ཉམས་པར་འགྱུར་བ་དང༌། གདམས་ངག་མ་བརྗོད་པའི་ཉེས་པ་ཁེགས་པའོ། །

གཉིས་པ་ཡུལ་གང་ལ་བརྗོད་པ།

གཉིས་པ་ཡུལ་གང་ལ་བརྗོད་པ་ནི།

གསར་དུ་བསྙེན་པར་རྫོགས་པ་ལ་སྟེ། བསྙེན་པར་རྫོགས་མ་ཐག་པ་ལ། ཞེས་པས་སོ། །གསུམ་པ་རྟེན་གང་གིས་བརྗོད་པ་ནི་ལས་ཀྱི་སློབ་དཔོན་གྱིས་ཏེ། ཀརྨ་ཤ་ཏཾ་ལས། དགེ་སློང་ལས་བྱེད་པས་གནས་རྣམས་བརྗོད་པར་བྱའོ། །ཞེས་གསུངས་སོ། །བཞི་པ་དུས་གང་གི་ཚེ་བརྗོད་པ་ནི། སྡོམ་པའི་ཐོབ་དུས་བརྗོད་མ་ཐག་ཏུ་བརྗོད་དེ། ལུང་གཞི་དང་ཀརྨ་ཤ་ཏཾ་ལས། དུས་ཚོད་བརྗོད་པ་དེའི་འོག་ཏུ་གནས་རྣམས་བརྗོད་པར་བྱ། ཞེས་གསུངས་སོ། །ལྔ་པ་ཚུལ་ཇི་ལྟར་བརྗོད་པ་ནི་ལྟུང་བར་འགྱུར་བ་ལ་སོགས་པ་སྤང་བའི་ཚུལ་དུ་བརྗོད་པ་དང༌། དགེ་སྦྱོང་དུ་བྱེད་པ་ལ་སོགས་པ་ཉམས་སུ་བླང་བའི་ཚུལ་དུ་བརྗོད་པའོ། །དྲུག་པ་དངོས་པོ་གང་བརྗོད་པ་ནི་གདམས་ངག་བརྗོད་པའོ། །འདི་ལ་ལྔ་ལས། དང་པོ་གདམས་ངག་གི་དབྱེ་བ་ནི། དགེ་སློང་ཕའི་སྐབས་སུ་མདོའི་སྒོ་ནས་ཕྱེ་ན་གདམས་ངག་བཅུ་གཅིག་སྟེ།དོན་གྱི་སྒོ་ནས་ཕྱེ་ན་ཉི་ཤུའོ། །དེའང་མདོ་དང་པོ་གསུམ་པོ་རེ་རེ་ལ་བཞི་བཞི་སྟེ་བཞི་གསུམ་བཅུ་གཉིས་དང༌། མཆོག་ཏུ་འདོད་པ་ལ་སོགས་པ་འོག་མ་བརྒྱད་དོ། །གདམས་ངག་བཅུ་གཅིག་གི་སྟེང་དུ་ལྕི་བའི་ཆོས་རྣམས་བརྗོད་པ་བསྣན་པས་དགེ་སློང་མ་རྣམས་ཀྱི་གདམས་ངག་ནི་བཅུ་གཉིས་སོ། །ཞིབ་ཏུ་ཕྱེ་ན་སུམ་ཅུ་རྩ་གཅིག་སྟེ་དེའང་གནས་རྣམ་པ་གསུམ་དང་ཕམ་པ་བརྒྱད་དང་ལྕི་བའི་ཆོས་བརྒྱད་དང་གཞན་རྣམས་དགེ་སློང་གི་སྐབས་དང་འདྲའོ། །གཉིས་པ་བསྡུ་བ་ནི་གཉིས་སུ་འདུས་ཏེ། བསླབ་བྱ་ཡུལ་ལ་གདམས་པ་དང༌། །སློབ་བྱེད་གཉེན་པོ་ལ་གདམས་པའོ། །དེའང་མདོ་དང་པོ་རྣམས་དང་འོག་མ་གཉིས་ཏེ་གོ་རིམ་བཞིན་ནོ། །གསུམ་པ་གྲངས་ངེས་པ་ནི། དགེ་སློང་གི་སྡོམ་པ་ཐོབ་མ་ཐག་པའི་སྐབས་འདིར་ལུང་ལས་གདམས་ངག་བཅུ་གཅིག་པོ་འདི་ཙམ་ཞིག་བསྟན་ན་དོན་དུ་འགྱུར། དེ་བས་མང་བ་དང་ཉུང་བར་བསྟན་ན་དོན་དུ་མི་འགྱུར་པར་དགོངས་ནས་བཅུ་གཅིག་བསྟན་ཏེ་སྒྲུབ་བྱེད་ལུང་ལ་བརྟེན་ཅིང་དགོས་པ་ལ་ལྟོས་པའི་གྲངས་ངེས་ཡིན་ནོ། །

བཞི་པ་གོ་རིམ་ངེས་པ།

བཞི་པ་གོ་རིམ་ངེས་པ་ནི།

ལུང་ལས་གསུངས་པའི་གོ་རིམ་མོ། །ལྔ་པ་དགེ་སློང་གི་སྡོམ་པ་སྦྱིན་པའི་མཇུག་གི་ཆོ་གར་གདམས་ངག་བཅུ་གཅིག་པོ་འདི་རྣམས་གདམས་པའི་འཐད་པ་ནི། འདི་རྣམས་གདམས་པས་འདུལ་བ་མཐའ་དག་གི་དོན་གདམས་པར་འགྱུར་ཞིང་བསྒྲུབ་པར་ནུས་པའི་ཕྱིར་རོ། །ཞེས་གསུངས་སོ། །ཚངས་པར་སྤྱོད་པའི་གནས་རྣམ་པ་བཞི་པོ་གོས་ཕྱག་དར་ཁྲོད་དང༌། ཟས་བསོད་སྙོམས་དང༌། གནས་མལ་ཤིང་དྲུང་དང༌། སྨན་བཀུས་ཏེ་བོར་བ་སྟེ། དེ་རྣམས་ལ་བརྟེན་པར་བརྗོད་པར་བྱའོ། ། ངན་སོང་དུ་ལྟུང་བར་འགྱུར་བ་ཕམ་པ་བཞི་པོ་ནི། རྣམ་པར་དཀར་བའི་ཆོས་མ་ཡིན་ཡང་མཚན་ཉིད་འཛིན་པའི་ཆོས་ཏེ་དེ་རྣམས་ཀྱང་བརྗོད་པར་བྱའོ། །དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་པོ་ནི། ཁྱིམ་པའི་ཕྱོགས་ཀྱི་སྐྱོན་བརྗོད་ཅིང་གཤེས་ཀྱང་སླར་མི་གཤེ་བ་དང༌། ཁྲོས་ཀྱང་སླར་མི་ཁྲོ་བ་དང༌། བརྡེག་ཀྱང་སླར་མི་བརྡེག་པ་དང༌། རབ་ཏུ་བྱུང་བའི་ཕྱོགས་ཀྱི་སྐྱོན་བརྗོད་ཅིང་མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བ་སྟེ། རྣམ་པར་དཀར་བའི་ཆོས་དེ་རྣམས་ཀྱང་བརྗོད་པར་བྱའོ། །མཆོག་ཏུའམ་རབ་ཏུ་འདོད་འདུན་བསྐྱེད་པར་བྱ་བ་ནི་དགེ་སློང་གི་སྡོམ་པའོ། །དེའང་མཁན་སློབ་དང་དགེ་འདུན་དང་ལས་ཀྱི་ཆོ་ག་ཡང་དག་པ་ཕུན་སུམ་ཚོགས་པ་ཉིད་ཀྱིས་དགེ་སློང་གི་ཚུལ་ཁྲིམས་རྫོགས་པར་ཐོབ་པ་ཉིད་བརྗོད་ནའོ། །བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་རྣམས་དང་གསར་དུ་བསྙེན་པར་རྫོགས་པའི་དགེ་སློང་གཉིས་ཚུལ་ཁྲིམས་ཀྱི་རྒྱུ་མཚན་གྱིས་མཉམ་པར་གྱུར་པ་ཉིད་སྒྲུབ་པ་ནན་ཏན་དུ་བྱ་བ་ལ་ངེས་པར་སྦྱར་བར་བྱའོ། །འཇིག་རྟེན་པའི་ཚུལ་དང་འབྲེལ་པ་ཕ་དང་བུའི་འབྲེལ་པའི་གཟུགས་བརྙན་ནི་མཁན་པོ་དང་མཁན་བུའི་འབྲེལ་བ་སྟེ།དེ་གཉིས་ཕ་བུ་དངོས་མ་ཡིན་ཡང་ཕ་བུ་ལྟར་ཤིན་ཏུ་ཉེ་བའི་སྒོ་ནས་འདྲ་བས་ན་གཟུགས་བརྙན་ཞེས་བྱ་སྟེ། མཁན་པོ་ལ་ཕའི་འདུ་ཤེས་ཉེ་བར་བཞག་སྟེ་གུས་པར་བྱ་བ་ལ་ཡང་ངེས་པར་སྦྱར་བར་བྱའོ། །གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྒན་གཞོན་འབྲིང་གསུམ་ལ། རང་གི་ལུས་ངག་ཡིད་གསུམ་དུལ་བར་གནས་པ་སྟེ། གུས་པར་གནས་པ་ཉིད་ལ་ཡང་ངེས་པར་སྦྱར་བར་བྱའོ། །དགེ་སློང་རྣམས་ཀྱིས་བྱ་དགོས་པ་ཀློག་པ་དང་ཁ་ཏོན་དང་ཚུལ་བཞིན་ཡིད་ལ་བྱ་བ་ལ་སོགས་པ་དེ་རྣམས་སྦྱོར་བས་རྗེས་སུ་སྒྲུབ་པ་ལ་ཡང་ངེས་པར་སྦྱར་བར་བྱའོ། །མ་བརྗོད་པ་ནི་བསྙེན་པར་རྫོགས་པའི་མཇུག་གི་ཆོ་གར་བྱེ་བྲག་རེ་རེ་ནས་མ་བརྗོད་པ་སྟེ་དགེ་འདུན་ལྷག་མ་མན་ཆད་ལྟུང་བ་སྡེ་བཞི་པོ་རྣམས་སོ། །དེ་རྣམས་ཀྱིས་སྡོམ་པ་ཡང་དག་པར་བླངས་པའི་བསླབ་པའི་གཞི་རྣམས་ཡོངས་སུ་ཤེས་པའི་ཐབས་བསྒྲུབ་པར་འགྱུར་བ་ཉིད་བརྗོད་པ་སྟེ། ད་གཟོད་འདུལ་བ་རྒྱ་ཆེར་སྟོན་པ་ལས་ཤེས་པར་འགྱུར་ཞེས་ཀྱང་བརྗོད་པར་བྱའོ། །བསླབ་པ་ལ་གུས་པ་སྟེ་ཚུལ་ཁྲིམས་ལ་གཅེས་སྤྲས་བྱ་བ་ལ་ཡང་ངེས་པར་སྦྱར་བར་བྱའོ། །བསྒྲུབ་པར་བྱ་བ་ནི་དགེ་སྦྱོང་གི་འབྲས་བུ་བཞིའོ། །དེ་ཐོབ་བྱེད་ཀྱི་ཐབས་ནི་བག་ཡོད་པ་སྟེ། བག་ཡོད་པར་སྒྲུབས་ཤིག་ཅེས་བརྗོད་པ་དང་བཅས་པ་ལ་ཡང་ངེས་པར་སྦྱར་བར་བྱའོ། །འགྲེལ་ཆུང་ལས། བག་ཡོད་པར་མྱ་ངན་ལས་འདས་པ་སྒྲུབས་ཤིག་ཅེས་བསྒོ་ཞེས་གསུངས་སོ། །དེ་ལྟར་སྡོམ་པ་མནོས་ནས་མ་ཉམས་པར་བསྲུངས་ན་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་འཐོབ་པས། མ་ཉམས་པར་བསྲུང་དགོས་སོ། ། གཉིས་པ་འཕྲོས་དོན་སྦྱངས་པའི་ཡི་དམ་བསྟན་པ་ནི། སྨན་བཀུས་ཏེ་བོར་བ་མ་གཏོགས། གནས་རྣམ་པ་བཞིའི་དང་པོ་གསུམ་ནི་སྦྱངས་པའི་ཡི་དམ་ཡིན་པས། དེ་ལ་འཕྲོས་ཏེ་སྦྱངས་པའི་ཡི་དམ་བཅུ་གཉིས་བསྟན་པ་འདི་ལ་བདུན་ལས། དང་པོ་དབྱེ་བ་ལ། དབྱེ་བའི་གཞི་ནི་སྦྱངས་པའི་ཡི་དམ་ཙམ་མོ། །དབྱེ་བའི་སྒོ་ཆེ་ལོང་དུ་དབྱེ་བ་དང༌། ཞིབ་མོ་རྣམ་གཞག་ཏུ་དབྱེ་བའོ། །ཆེ་ལོང་དུ་ཕྱེ་ན་བཅུ་གཉིས་ཏེ། བསོད་སྙོམས་པ་དང་སྟན་གཅིག་ཕྱིས་མི་ལེན། །ཆོས་གོས་གསུམ་དང་ཕྱིང་བ་ཕྱག་དར་ཁྲོད། །དགོན་པ་པ་དང་ཤིང་དྲུང་བླ་གབ་མེད། །དུར་ཁྲོད་པ་དང་ཙོག་པུ་གཞི་ཇི་བཞིན། །ཞེས་གཟུང་ངོ༌། །ཞིབ་ཏུ་ཕྱེ་ན་ཉི་ཤུ་སྟེ་སོ་སོའི་རང་བཞིན་བཤད་པས་ཤེས་པར་འགྱུར་རོ། །གཉིས་པ་སོ་སོའི་རང་བཞིན་ནི། ཉན་ཐོས་ཀྱི་ས་ལས། ༡ བསོད་སྙོམས་པ་རྣམ་པ་གཉིས་ཏེ་རྙེད་པས་ཆོག་པའི་བསོད་སྙོམས་པ་དང༌། མཐར་གྱིས་སློང་བའི་བསོད་སྙོམས་པའོ། །དང་པོ་ནི་འདྲིས་པའི་ཁྱིམ་གཅིག་གམ་གཉིས་དག་ནས་ཅི་རྙེད་པ་ཙམ་ཟ་བར་བྱེད་ཅིང་དེས་ཆོག་པར་བྱེད་ཀྱི་གསུམ་ཡན་ཆད་ཀྱི་ཁྱིམ་རྣམས་ནས་མི་སློང་བའོ། །གཉིས་པ་ནི་མཐར་ཆགས་ཀྱིས་སློང་སྟེ་བསོད་སྙོམས་ཅི་ཐོབ་པ་ཟ་བར་བྱེད་པའོ། ། ༢ སྟན་གཅིག་པ་ལ་གསུམ་སྟེ། སྟན་གྱི་མཐའི་སྟན་གཅིག་པ་དང༌། ཆུའི་མཐའ་དང༌། ཟས་ཀྱི་མཐའི་སྟན་གཅིག་པའོ། །དེ་གསུམ་ནི་ཟས་ཟ་བའི་སྟན་དེ་ལས་ལངས་ནས་ཉིན་ཞག་དེ་ལ་དུས་རུང་བའི་ཟས་མི་ཟ་བ་དང༌། ཟས་ཟོས་ཏེ་ཁ་བཤལ་བའི་ལག་ཆུ་བླངས་ནས་ཟས་མི་ཟ་བ་དང༌། ཁམ་གྱི་ཐ་མ་མིད་དེ་ཟ་འཕྲོ་བཅད་ནས་ཟས་མི་ཟ་བའོ། །དེ་གསུམ་ནི་སྦྱངས་པའི་ཡོན་ཏན་བསྟན་པ་ལས་བཤད་དོ། ། ༣ ཟས་ཕྱིས་མི་ལེན་པ་ནི་ཇི་ཙམ་གྱིས་བདག་འཚོ་བར་བྱེད་པའི་ཟས་ཐམས་ཅད་མ་མནོས་པ་དེ་སྲིད་དུ་ཟ་བར་མི་བྱེད་ཅིང་ཟས་ཐམས་ཅད་བླངས་ནས་ཟ་བར་རྩོམ་པ་ནས་ཟས་ཕྱིས་མི་ལེན་པ་སྟེ་དེ་ལྟར་ཉན་ཐོས་ཀྱི་ས་ལས་བཤད་དོ། ། ༤ ཆོས་གོས་གསུམ་པ་ནི་ཆོས་གོས་གསུམ་ལས་ལྷག་པའི་གོས་གཞན་མི་འཆང་བ་ཡིན་ཏེ་ཞེས་ཉན་ཐོས་ཀྱི་ས་ལས་བཤད་དོ། །འོན་ཀྱང་གཞུང་འདི་ལས་ཆོས་གོས་གསུམ་པས་ཀྱང་ངོ་ཞེས་ཁྲུས་རས་འཆང་པ་དང་སྦྱངས་པའི་ཡོན་ཏན་བསྟན་པ་ལས་གདིང་བ་དང་གཡན་པ་དགབ་པ་དང༌། གདོང་ཕྱིས་ཀྱི་གོས་དང་དབྱར་གྱི་རས་ཆེན་བླང་བར་བྱ་སྟེ། ཆོས་གོས་གསུམ་པ་ཉིད་ཉམས་པར་མི་འགྱུར་རོ་ཞེས་བཤད་པས། ཆོས་གོས་གསུམ་ཁོ་ནར་མ་ངེས་སོ། །འོན་ཀྱང་འཚོ་བའི་ཡོ་བྱད་ཀྱི་གོས་ཀྱི་གཙོ་བོ་ཆོས་གོས་གསུམ་ཡིན་པས་ཆོས་གོས་གསུམ་པ་ཞེས་བྱ་སྟེ། འདི་ནི་འཚོ་བའི་ཡོ་བྱད་འཆང་གི་དེ་ལས་གཞན་ལྷག་པའི་ཡོ་བྱད་ཀྱི་གོས་དང་མཁོ་བའི་ཡོ་བྱད་ཀྱི་གོས་མི་འཆང་བའི་དམ་བཅའ་བྱས་པའོ། ། ༥ ཕྱིང་པ་བ་ནི་གོས་ཐམས་ཅད་ལུག་གི་བལ་ལས་བྱས་པ་འཆང་གི་གཞན་མ་ཡིན་པ་སྟེ་ཞེས་སོ། ། ༦ ཕྱག་དར་ཁྲོད་པ་ལ་གཉིས་ཏེ། བོར་བའི་ཕྱག་དར་ཁྲོད་པ་དང༌། དུས་ཚིགས་སུ་བཅད་པའི་ཕྱག་དར་ཁྲོད་པའོ། །དང་པོ་ནི། གཞན་གྱིས་ལམ་སྲང་ལ་སོགས་པར་བོར་བའི་གོས་ཀྱི་དུམ་བུ་ལ་སོགས་པ་བཀྲུས་ལ་དྲུབས་ཏེ་ཁ་དོག་བསྒྱུར་ཅིང་འཆང་བའོ། །

གཉིས་པ་ནི།

གཞན་གྱིས་ཟླ་བ་བཞི་ཡན་ཆད་གྱོན་ཅིང་དམན་པར་བྱས་པ་མ་གཏོགས་པའི་གོས་གསར་པ་ལོངས་མི་སྤྱོད་པའོ། ། ༧ དགོན་པ་བ་ནི་གྲོང་ལས་རྒྱང་གྲགས་ཡན་ཆད་ཀྱིས་བར་དུ་བཅད་པའི་དབེན་པར་གནས་འཆའ་བའོ། ། ༨ ཤིང་དྲུང་པ་ནི་ཤིང་དྲུང་དུ་གནས་འཆའ་བའོ། ། ༩ བླ་གབ་མེད་པ་ནི་སྟེང་མ་གཡོགས་པའི་ཕྱོགས་སུ་གནས་འཆའ་བའོ། ། ༡༠ དུར་ཁྲོད་པ་ལ་གཉིས་ཏེ། ཐམས་ཅད་དུར་ཁྲོད་ལྡན་པ་དང༌། ཕྱོགས་འགའ་དུར་ཁྲོད་ལྡན་པའོ། །དེ་ཡང་དང་པོ་ནི་ཟས་གོས་སྣོད་སྤྱད་གནས་མལ་ཐམས་ཅད་དུར་ཁྲོད་ཀྱི་རྫས་ལ་བརྟེན་པ་དང༌། གཉིས་པ་ནི་དེ་དག་ལས་སྣ་འགའ་ཙམ་དུར་ཁྲོད་ཀྱི་རྫས་ལ་བརྟེན་པའོ། ། ༡༡ཙོག་པུ་པ་ནི་ཉིན་མཚན་ཐམས་ཅད་ནམ་དུ་ཡང་གློས་ཕབ་སྟེ་མི་ཉལ་བར་ཙོག་པུར་འདུག་པའོ། །དེ་ལ་ཡང་ཆེ་འབྲིང་ཆུང་གསུམ་ཡོད་དོ། །༡༢ གཞི་ཇི་བཞིན་པ་ནི། རྩྭའམ་ལོ་མ་བཏིང་བའི་སྟེང་དུ་མལ་འཆའ་བར་བྱེད་ཅིང༌། རྩའམ་ལོ་མ་བཏིང་བ་དེ་ཡང་ལན་ཅིག་ཇི་ལྟར་བཏིང་བ་དེ་ཁོ་ནའི་སྟེང་དུ་མལ་འཆའ་བར་བྱེད་ཀྱི་ཡང་དང་ཡང་མི་བརྗེ་མི་འཆོས་པ་ཡིན་ཞེས་ཉན་ཐོས་ཀྱི་ས་ལས་བཤད་དོ། །

གསུམ་པ་བསྡུ་བ་ནི།

ཟས་ལ་བརྟེན་པ་དང༌། གོས་ལ་བརྟེན་པ་དང༌། སྤྱོད་ལམ་ལ་བརྟེན་པ་དང༌། གནས་མལ་ལ་བརྟེན་པ་བཞིར་འདུས་ཏེ། དང་པོ་གསུམ་དང༌། དེ་འོག་གསུམ་དང༌། ཙོག་པུ་བ་དང༌། གཞན་ལྔའོ། ། བཞི་པ་སྒྲ་བཤད་ནི་ཉན་ཐོས་ཀྱི་ས་ལས་ཅིའི་ཕྱིར་སྦྱངས་པའི་ཡོན་ཏན་ཞེས་བྱ་ཞེ་ན། དཔེར་ན་བལ་ལེགས་པར་རྨེལ་བ་ལ་སྦྱངས་པ་ཞེས་བྱ་སྟེ། བལ་མ་རྨེལ་ན་འཛིངས་ཤིང་བལ་བཀལ་བར་བྱ་བའི་ལས་སུ་མི་རུང་ངོ༌། །དེ་བཞིན་དུ་ཟས་གོས་ལ་སོགས་པ་ལ་ཆགས་པས་སེམས་ཀུན་ཏུ་ཞེན་པ་སྟེ། སྦྱངས་པའི་ཡོན་ཏན་འདི་དག་གིས་ཚངས་པར་སྤྱོད་པ་ལ་གནས་པར་བྱེད་སེམས་མཉེན་པར་བྱེད་སེམས་ལས་སུ་རུང་བར་བྱེད་པས་ན་སྦྱངས་པའི་ཡོན་ཏན་ཞེས་བྱའོ། །ཞེས་གསུངས་སོ། །དམ་བཅའ་བླངས་བ་དང་ལྡན་པས་སྦྱངས་པའི་ཡི་དམ་ཞེས་ཀྱང་བྱའོ། །ལྔ་པ་གང་ཟག་གང་ལ་བསྔགས་པ་ནི། ཆགས་པ་ཀུན་ཏུ་སྤྱོད་པ་ཤས་ཆེ་བ་དང༌། སྡང་བ་ཀུན་ཏུ་སྤྱོད་པ་ཤས་ཆེ་བ་གཉིས་ལས། སྔ་མ་ལ་བསྔགས་ཏེ། འདི་རྣམས་ཕྱི་ནང་གི་འདོད་པ་ལ་ཆགས་པ་སྤོང་བའི་ཡན་ལག་ཏུ་འགྱུར་བའི་ཕྱིར་རོ། །ཕྱི་མ་ལ་ནི་དེ་ཙམ་དུ་བསྔགས་པ་མ་ཡིན་ཏེ། འདི་རྣམས་ལ་བརྟེན་ནས་ཚོར་བ་སྡུག་བསྔལ་དང་མཚུངས་པར་ལྡན་པའི་ཁྲོ་བ་འཕེལ་བར་འགྱུར་བའི་ཕྱིར་རོ། །

དྲུག་པ་གང་གི་གཉེན་པོ་གང་ཡིན་བསྟན་པ།

དྲུག་པ་གང་གི་གཉེན་པོ་གང་ཡིན་བསྟན་པ་ནི།

ཉན་ཐོས་ཀྱི་ས་ལས་འདི་ལྟར་བཤད་དེ། ཟས་བཟང་པོ་ལ་ཆགས་པ་སྤང་བའི་ཕྱིར་བསོད་སྙོམས་པའོ། །ཟས་མང་པོ་ལ་ཆགས་པ་སྤང་བའི་ཕྱིར་སྟན་གཅིག་དང་ཕྱིས་མི་ལེན་པའོ། །གོས་མང་པོ་དང་འཇམ་པོ་དང་བཟང་པོ་ལ་ཆགས་པ་སྤང་བའི་ཕྱིར་གོས་ལ་བརྟེན་པ་གསུམ་གོ་རིམ་བཞིན་ནོ། །འདུ་འཛི་ལ་ཆགས་པ་སྤང་བའི་ཕྱིར་དགོན་པ་བའོ། །གནས་ཁང་ལ་ཆགས་པ་སྤང་བའི་ཕྱིར། ཤིང་དྲུང་དང་བླ་གབ་མེད་པའོ། །གནས་ཁང་ལ་ཆགས་པ་དང་སེམས་ཅན་ལ་ཆགས་པ་གཉིས་ཀ་སྤང་བའི་ཕྱིར་དུར་ཁྲོད་པའོ། །གློས་ཕབ་སྟེ་ཉལ་བ་ལ་ཆགས་པ་སྤང་བའི་ཕྱིར་ཙོག་པུ་བའོ། །འབོལ་སྟན་སོགས་ཀྱི་སྟན་གདིང་བ་དང་རས་མལ་སོགས་ཀྱིས་དགབ་པ་ལ་ཆགས་པ་སྤང་བའི་ཕྱིར་གཞི་ཇི་བཞིན་པའོ། །བདུན་པ་བསྙེན་པར་རྫོགས་པའི་མཇུག་གི་ཆོ་གར་སྦྱངས་པའི་ཡོན་ཏན། གསུམ་པོ་འདི་བརྗོད་ལ་གཞན་དགུ་པོ་མི་བརྗོད་པའི་འཐད་པ་ནི། ཚངས་པར་སྤྱོད་པ་ཉམས་པར་བྱེད་པའི་རྒྱུའི་གཙོ་བོ་ཡོ་བྱད་གསོག་པ་ཡིན་ལ། གོས་ཕྱག་དར་ཁྲོད་ལ་སོགས་པ་འདི་གསུམ་ཉམས་སུ་བླངས་པས་ཡོ་བྱད་གསོག་པ་ཁེགས་པའི་ཕྱིར་དང༌། འདི་བསྒྲུབ་པར་ནུས་པའི་ཕྱིར་རོ། །ཐམས་ཅད་དུར་ཁྲོད་དང་ལྡན་པས་ཀྱང་ཡོ་བྱད་གསོག་པ་ཁེགས་མོད་ཀྱི། དུས་སྙིགས་མའི་སེམས་ཅན་སྙིང་སྟོབས་ཆུང་བས་བསྒྲུབ་པར་མི་ནུས་པའི་ཕྱིར་རོ། །

བཞི་བ་དགེ་སློབ་མའི་སྡོམ་པའི་ཆོ་ག་ལ། དངོས་དང་རྒྱུད་སྣོད་དུ་རུང་བའི་ཁྱད་པར་དང་གཉིས་ལས། དང་པོ་ནི།

ད་ཆོག་གི་དབང་དུ་བྱས་ན་དགེ་སློང་མ་སྒྲུབ་པ་ལ་དགེ་སློབ་མའི་བསླབ་ཚིག་སྔོན་དུ་འགྲོ་དགོས་ལ། རྩ་བར། བུད་མེད་ལ་ནི་དགེ་སློབ་མ་ཞེས་བྱ་བའི་ཚིགས་གཞན་ཡོད་དོ། །ཞེས་སོ། །འདིའི་དོན་ལ་དྲུག་ལས། དང་པོ་དགོས་པའི་དོན་ནི། འབོགས་པ་པོ་ལ་ལྟོས་པའི་དགོས་པ་ཚིགས་ལས་འདས་པའི་ཉེས་པ་ཁེགས་པ་དང༌། ལེན་པ་པོ་ལ་ལྟོས་པའི་དགོས་པ་དགེ་སློབ་མའི་བསླབ་པ་འཐོབ་ཅིང༌། དེ་ལ་བསླབ་པས་དགེ་སློང་མའི་སྡོམ་པ་བརྟན་པར་འགྱུར་བ་སྟེ། དེ་ཡང་དགེ་སློང་མའི་རྣམ་འབྱེད་ལས། ཤཱཀྱའི་བུད་མེད་མང་པོ་མྱ་ངན་གྱིས་གདུང་ནས། དགེ་སློང་མ་བྱས་ཏེ། མྱ་ངན་སངས་པ་ན་བབས་པར་འདོད་པར་གྱུར་པ་ལ་བརྟེན་ནས། ལོ་གཉིས་སུ་དགེ་སློབ་མའི་བསླབ་པའི་སྡོམ་པ་བྱིན་ཅིག་ཅེས་པས་བཤད་དོ། །འོ་ན་མ་བྱིན་ལེན་ལ་སོགས་པ་གཞན་རྣམས་བུད་མེད་ཀྱིས་བསྲུང་བ་དཀའ་ཤོས་མ་ཡིན་ལ། མི་ཚངས་སྤྱོད་ནི་བུད་མེད་ཀྱིས་བསྲུང་དཀའ་བ་ཡིན་ཡང་དགེ་ཚུལ་མའི་དུས་ན་ཡང་སྤངས་ཟིན་པས། དགེ་སློབ་མ་ལ་བསླབས་པ་འདིས་དགེ་སློང་མའི་སྡོམ་པ་བརྟན་པར་འགྱུར་བ་ནི་རིགས་པས་མི་འཐད་དོ་ཞེ་ན། མ་ཡིན་ཏེ་ཆོས་དྲུག་ལ་སོགས་པ་མི་ཚངས་སྤྱོད་ཀྱི་རྒྱུའི་ཆ་ནས་དམ་དུ་བཀག་པའི་ཕྱིར་རོ། །དེ་དག་ཀྱང་དགེ་ཚུལ་མས་སྤངས་ཟིན་ཏོ་སྙམ་ན། དེ་དག་ལས་འདས་ན་དགེ་སློབ་མ་ལ་བཤགས་པར་འགྱུར་ཡང༌། དགེ་ཚུལ་མ་ལ་བསྡམ་བྱར་འགྱུར་བས། བཤགས་བྱ་ལ་འཛེམ་པའི་ཤེས་པ་སྐྱེ་བ་དེ་ཙམ་དུ་བསྡམ་བྱ་ལ་དེ་ལྟར་མ་ཡིན་པའི་ཕྱིར་རོ། །

གཉིས་པ་ཡུལ་གང་ལ་བླང་བ་ནི།

མཁན་མོ་དང་ལས་བྱེད་པ་མོ་དང་བཅས་པའི་དགེ་འདུན་མ་ལས་བླང་སྟེ། དགེ་འདུན་མ་དེ་ཡང་ཡུལ་དབུས་སུ་དགེ་སློང་མ་བཅུ་གཉིས་དང་མཐའ་འཁོབ་ཏུ་དགེ་སློང་མ་བཅུ་གཉིས་མེད་ན་དགེ་སློང་མ་དྲུག་གི་གྲངས་ཚང་བའོ། །གྲངས་དེ་དག་མ་ཚང་ཡང་དགེ་སློང་མ་བཞིའི་ཚོགས་ཀྱིས་བྱིན་ན་བསླབ་པ་འདི་སྐྱེ་ལ་ཉེས་བྱས་ཏེ་བཞིའི་ཚོགས་ཀྱིས་བསྙེན་རྫོགས་སྐྱེ་ལ་ཉེས་བྱས་སུ་གསུངས་པའི་གནད་ཀྱིས་ཤེས་སོ། །བཞིར་མ་ཚང་ན་ནི་འདིར་མི་སྐྱེ་སྟེ་ལས་མི་འཆགས་པའི་ཕྱིར་རོ། །དགེ་སློང་མ་དེ་དག་མ་རྙེད་ན་དགེ་སློང་ཕའི་དགེ་འདུན་གྱིས་ཀྱང་དགེ་སློབ་མའི་བསླབ་པ་སྦྱིན་དུ་རུང་སྟེ། ལུང་དབྱར་གྱི་གཞི་ལས། དགེ་ཚུལ་མའི་བྱ་བ་འདི་ལྟ་སྟེ། དགེ་ཚུལ་མ་དེས་དགེ་སློང་དག་ལ་ཕོ་ཉ་བཏང་སྟེ། འཕགས་པ་དག་ལོ་གཉིས་ཀྱི་བར་དུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པ་སྩལ་ཏུ་གསོལ་ཞེས་སྤྲིང་ན། ཞག་བདུན་བྱིན་གྱིས་བརླབས་ལ་དགེ་ཚུལ་མའི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ། ཞེས་གསུངས་སོ། །

གསུམ་པ་རྟེན་གང་གིས་བླང་བ་ནི།

ལུས་ཕུན་སུམ་ཚོགས་པ་དང༌། བསམ་པ་ཕུན་སུམ་ཚོགས་པ་དང༌། ཆ་ལུགས་ཕུན་སུམ་ཚོགས་པ་དང༌། ཚིགས་སྔ་མ་སྔོན་དུ་སོང་བའོ། །དེ་ཡང་གཞན་རྣམས་དགེ་སློང་གི་སྐབས་སུ་སྔར་བཤད་པ་བཞིན་དུ་ཅི་རིགས་པར་སྦྱར་ཏེ། འདིར་ན་ཚོད་ཀྱི་ཁྱད་པར་བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་ལོན་པ་དང་གཞོན་ནུ་མ་ལོ་བཅོ་བརྒྱད་ལོན་པ་ལ་བསླབ་པ་འདི་སྐྱེ་ལ། ཆ་ལུགས་ཀྱི་ཁྱད་པར་བླ་གོས་མཐང་གོས་དང་ཤིང་ང་དཔུང་ཆད་དང་རྔུལ་གཟན་ཏེ་ཆོས་གོས་བཞི་དགོས་ཤིང་ལྷུང་བཟེད་ཀྱི་ཚད་དགེ་སློང་མའི་ལྷུང་བཟེད་ལྟར་རོ། །ཚིགས་སྔ་མ་སྔོན་དུ་སོང་བ་ནི། དགེ་བསྙེན་མ་དང༌། རབ་ཏུ་བྱུང་བ་དང་དགེ་ཚུལ་མ་དང་གསུམ་སྔོན་དུ་སོང་བའོ། །ཚིགས་སྔ་མ་གཞན་གཉིས་སྔོན་དུ་མ་སོང་བར་འདི་འབོགས་ན་ཉེས་བྱས་ཙམ་དུ་ཟད་དོ། །མཚོ་ཊཱིཀ་ལས། དགེ་ཚུལ་མ་མེད་ན་འདི་མི་སྐྱེ་སྟེ། འདི་ནི་དགེ་ཚུལ་མའི་སྟེང་དུ་བསླབ་བྱ་འགའ་ཞིག་སྣོན་པ་ཡིན་ལ། དེ་མེད་ན་གཞི་མ་གྲུབ་པའི་ཕྱིར། ཞེས་གསུངས་སོ། །

བཞི་པ་དངོས་པོ་གང་བླང་བ་ནི།

དགེ་སློབ་མའི་བསླབ་པ་སྟེ་སྐབས་ཀྱིས་གྲུབ་བོ། །ལྔ་པ་ཆོ་ག་གང་གིས་བླང་བ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བའི་ཆོ་ག་ནི། ཀརྨ་ཤ་ཏཾ་ལས་མཁན་མོ་ཉིད་དུ་ཕྱོགས་པར་གྱུར་པས་ལས་བྱེད་པའི་དགེ་སློང་མ་ལ་གསོལ་བ་བཏབ་པར་བྱ་ལས་ཀྱི་གནས་སུ་འཇུག་པར་འགྱུར་བའི་དགེ་སློང་མ་རྣམས་ལ་ཡང་གསོལ་བ་གདབ་པར་བྱ། དགེ་སློང་མ་དེ་རྣམས་ཀྱིས་ཉེས་པ་བྱུང་ངམ་བརྟགས་ནས་ཉེས་པ་ཕྱིར་བཅོས་ཏེ་ལས་ཀྱི་གནས་དེར་འདུག་པར་བྱའོ། །དེའི་འོག་ཏུ་དང་པོར་སྟོན་པ་ལ་ཕྱག་འཚལ་ཞིང་གནས་དེར་འདུས་པའི་དགེ་སློང་མ་རེ་རེ་ལ་ཕྱག་གསུམ་གསུམ་འཚལ་བ་དང༌། མཁན་མོར་འོས་པ་ལ་ཕྱག་འཚལ་ཏེ་མཁན་མོར་གསོལ་བ་དང༌། གསོལ་བ་གདབ་པའི་ཕྱིར་སྟོན་པ་ལ་ཕྱག་འཚལ་ཞིང༌། དགེ་འདུན་མ་ལ་ཕྱག་འཚལ་བ་དང༌། ལས་བྱེད་པ་མོའི་རྗེས་ཟློས་བྱེད་ཅིང་བསླབ་པའི་སྡོམ་པ་སྦྱིན་པར་གསོལ་བ་ལན་གསུམ་གདབ་པའོ། །དངོས་གཞིའི་ཆོ་ག་ནི། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །མཇུག་གི་ཆོ་ག་ནི་གསུམ་སྟེ། ལས་ཀྱི་མཇུག་སྡུད་བརྗོད་པ་དང༌། ཐོབ་དུས་གོ་བར་བྱ་བ་དང༌། བསླབ་པ་བཅུ་གཉིས་བརྗོད་པའོ། །དེ་ཡང་ཀརྨ་ཤ་ཏཾ་ལས། གཅིག་པུ་ལམ་དུ་འགྲོ་མི་བྱ། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ནི་རེག་མི་བྱ། །སྐྱེས་པ་དང་ནི་འདུག་མི་བྱ། །སྨྱན་དུ་འགྱུར་བར་མི་བྱ་ཞིང༌། །ཁ་ན་མ་ཐོ་བཅབ་མི་བྱ། །བདེ་གཤེགས་གསུངས་པའི་ཆོས་དྲུག་པོ། །དེ་དག་གསུང་རབ་ལས་གསུངས་ཡིན། །ཞེས་པ་དང༌། གསེར་ལ་བཟུང་བར་མི་བྱ་ཞིང༌། །འདོམས་ཀྱི་སྤུ་ནི་བྲེག་མི་བྱ། །ས་ནི་བརྐོ་བར་མི་བྱ་སྟེ། །རྩྭ་སྔོན་དག་ཀྱང་བཅད་མི་བྱ། །བྱིན་ལེན་མ་བྱས་བཟའ་མི་བྱ། །གསོག་འཇོག་བྱས་པ་བཟའ་མི་བྱ། །རྗེས་མཐུན་ཆོས་དྲུག་འདི་དག་ནི། །བདེ་བར་གཤེགས་པས་རྟག་ཏུ་བཀག །ཅེས་བརྗོད་ཅིང༌། དེ་དག་ཚིག་ལྷུག་པའི་སྒོ་ནས་ཀྱང་རེ་རེ་ནས་བརྗོད་པར་བྱའོ། །བཅུ་གཉིས་པོ་དེ་དག་ལ་ཅིའི་ཕྱིར་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ཅེས་བྱ་ཞེ་ན། ཕྲན་ཚེགས་འགྲེལ་པ་ལས། ༼མི་ཚངས་སྤྱོད་སྤོང་བའི་བསླབ་བྱའི་༽གཙོ་བོར་གྱུར་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་སྒྲ་དྲུག་པོ་དང༌། གཙོ་བོ་ཉིད་མ་ཡིན་པའི་ཕྱིར་རྗེས་སུ་མཐུན་པའི་ཆོས་ཀྱི་སྒྲར་བསྟན་པ་ཡིན་ཏེ། ཞེས་གསུངས་སོ། །

དྲུག་པ་སྡོམ་པ་མཚན་ཉིད་པ་ཡིན་མིན་གཏན་ལ་དབབ་པ།

དྲུག་པ་སྡོམ་པ་མཚན་ཉིད་པ་ཡིན་མིན་གཏན་ལ་དབབ་པ་ལ་གཉིས་ལས།

དང་པོ་སྡོམ་པ་བཏགས་པ་བར་འདོད་པའི་ལུགས་དགག་པ་ལ་གཉིས་ལས། དང་པོ་ཕྱོགས་སྔ་མ་དགོད་པ་ནི་ཁ་ཅིག་ན་རེ། དགེ་སློབ་མའི་སྡོམ་པ་ཞེས་མིང་བཏགས་ཀྱང་བར་མའི་དགེ་བ་ཡིན་གྱི། སྡོམ་པ་མཚན་ཉིད་པ་མ་ཡིན་ནོ། །གལ་ཏེ་སྡོམ་པ་མཚན་ཉིད་པར་འདོད་ན། ཆོས་བཅུ་གཉིས་སྤོང་བ་སྡོམ་པའི་ངོ་བོར་འདོད་དམ། ཉི་ཤུ་རྩ་གཉིས་སྤོང་བ་དེ་སྡོམ་པའི་ངོ་བོར་འདོད། དང་པོ་ལྟར་ན་ཆོས་བཅུ་གཉིས་སྤོང་བ་དེ་ཆོས་ཅན། སྡོམ་པའི་མཚན་ཉིད་ཅན་མ་ཡིན་པར་ཐལ། སྤོང་བ་བདུན་གྱི་མཚན་ཉིད་མེད་ལ། སྤོང་བ་བཞིའི་མཚན་ཉིད་ཀྱང་མེད་པའི་ཕྱིར་རོ། །རྟགས་མ་གྲུབ་ན། གཅིག་པུ་ལམ་དུ་འགྲོ་མི་བྱ་ལ་སོགས་པ་བཅུ་གཉིས་པོ་དེ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་སྤོང་བ་བདུན་དང་སྤོང་བ་བཞི་པོ་གང་ཡང་མ་ཡིན་པ་དང་འགལ་ལོ། །ཁྱབ་པ་མ་གྲུབ་ན། འོད་ལྡན་ལས། དགེ་སློང་དང་དགེ་སློང་མའི་སྡོམ་པ་ནི་སྤོང་བ་བདུན་གྱི་མཚན་ཉིད་ཡིན་ལ། དགེ་ཚུལ་ལ་སོགས་པ་དག་གི་ནི་སྤོང་བ་བཞིའི་མཚན་ཉིད་ཀྱང་ཞེས་སོ་སོར་ཐར་པའི་སྡོམ་པ་མཚན་ཉིད་པ་གཞིར་བྱས་ལ་སྤོང་བ་བདུན་ནམ་སྤོང་བ་བཞི་པོ་གང་རུང་དུ་ངེས་པ་གསུངས་པ་དང་འགལ་ལོ། །འདོད་ན། སྡོམ་པ་མཚན་ཉིད་པ་ཡིན་པའི་དམ་བཅའ་ཉམས་སོ། །གཉིས་པ་ལྟར་ན། དགེ་སློབ་མའི་བསླབ་པ་བླངས་པའི་སྐབས་འདིར་ཉི་ཤུ་རྩ་གཉིས་སྤོང་བ་དེ་སྔར་མེད་གསར་དུ་སྐྱེས་པར་འདོད་དམ། སྔར་དགེ་ཚུལ་མས་སྤོང་བ་བཅུ་ཐོབ་ཟིན་པ་དེའི་སྟེང་དུ་བཅུ་གཉིས་བསྣན་ཏེ་ཉི་ཤུ་རྩ་གཉིས་སྤོང་བ་དགེ་སློབ་མའི་སྡོམ་པར་འདོད། དང་པོ་ལྟར་ན། དགེ་སློབ་མའི་བསླབ་པ་མནོས་པའི་སྐབས་འདིར་ཆོས་ཅན། ཉི་ཤུ་རྩ་གཉིས་སྤོང་བ་དེ་སྐབས་འདིའི་ཆོ་ག་ལ་བརྟེན་ནས་སྐྱེས་པ་མ་ཡིན་པར་ཐལ། ཉི་ཤུ་རྩ་གཉིས་སྤོང་བ་དེ་སྐབས་འདིར་ཆོ་ག་སྦྱོར་དངོས་མཇུག་གསུམ་གང་གིས་ཀྱང་མ་བླངས་པའི་ཕྱིར་རོ། །དེའང་སྦྱོར་བའི་དུས་སུ་ཆོས་བཅུ་གཉིས་སྤང་བར་གསོལ་བ་བཏབ་ཅིང་ཉི་ཤུ་རྩ་གཉིས་སྤང་བར་གསོལ་བ་མ་བཏབ་པའི་ཕྱིར་དང༌། དངོས་གཞིའི་དུས་སུའང་ཆོས་བཅུ་གཉིས་ཀྱི་ཆོ་ག་གསུངས་ཀྱི་ཉི་ཤུ་རྩ་གཉིས་ཀྱི་ཆོ་ག་མ་གསུངས་པའི་ཕྱིར་དང༌། མཇུག་གི་ཆོ་གར་ཡང་བསླབ་པ་བཅུ་གཉིས་བརྗོད་ཀྱི་ཉི་ཤུ་རྩ་གཉིས་མ་བརྗོད་པའི་ཕྱིར་ཏེ་དེ་ལྟར་ཀརྨ་ཤ་ཏཾ་ལས་སོ། །གཉིས་པ་ལྟར་ན། ཆོས་བཅུ་སྤོང་བ་དང་བཅུ་གཉིས་སྤོང་བ་དེ་ཆོས་ཅན། གང་ཟག་གཅིག་གི་རྒྱུད་ལ་དགེ་སློབ་མའི་སྡོམ་པ་ཙམ་དུ་གཅིག་མ་ཡིན་པར་ཐལ། རྒྱུ་ཚོགས་ཐ་དད་ལས་སྐྱེས་པའི་ཕྱིར་དང༌། དང་པོ་གྲུབ་པའི་དུས་ཐ་དད་པའི་ཕྱིར་ཞེས་རེ་རེ་ནས་བརྗོད་དོ། །དེ་ཡང་ཆོས་བཅུ་སྤོང་བ་ནི་སློབ་དཔོན་མ་དང་སྔགས་ལན་གསུམ་བརྗོད་པ་ལས་སྐྱེས་ཤིང་ཆོས་བཅུ་གཉིས་སྤོང་བ་ནི་དགེ་འདུན་མ་དང་ལས་ཀྱི་ཆོ་ག་ལ་བརྟེན་ནས་སྐྱེས་པའི་ཕྱིར་དང༌། ཆོས་བཅུ་སྤོང་བ་ནི་སྔར་བརྗོད་པ་གསུམ་པའི་ཆ་ཐ་མ་ལས་སྐྱེས་ཤིང༌། ཆོས་བཅུ་གཉིས་སྤོང་བ་ནི་གསོལ་བ་གཉིས་ཀྱི་ལས་བརྗོད་པ་ཕལ་ཆེར་བྱས་པ་ན་སྐྱེས་པའི་ཕྱིར་རོ། །ཁྱབ་པ་མ་གྲུབ་པའམ། འདོད་ན་ཆོས་བཅུ་སྤོང་བ་དང་ཆོས་ཉི་ཤུ་རྩ་གཉིས་སྤོང་བ་དེ་དག་གང་ཟག་གཅིག་གི་དགེ་སློབ་མའི་སྡོམ་པ་ཡིན་པར་འདོད་པའི་དམ་བཅའ་ཉམས་སོ། །གཞན་ཡང་མཛོད་ལས། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བར་མནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང༌། །དགེ་ཚུལ་ཆེད་དང་དགེ་སློང་ཉིད། །ཅེས་སྡོམ་པ་མཚན་ཉིད་པའི་སྤང་བྱའི་གྲངས་གསུངས་པའི་སྐབས་སུ། དགེ་སློབ་མའི་སྤང་བྱའི་གྲངས་མ་གསུངས་པས་ཀྱང༌། སྡོམ་པ་མཚན་ཉིད་པ་མ་ཡིན་པར་གྲུབ་ཅེས་ཟེར། དེ་ལྟར་དགེ་སློབ་མའི་སྡོམ་པ་མཚན་ཉིད་པ་ལ་དགག་པ་མཛད་ནས། འདུལ་བ་དང་མངོན་པ་ལས་དགེ་སློབ་མའི་སྡོམ་པ་ཞེས་གསུངས་ཀྱང༌། སྡོམ་པ་བཏགས་པ་བ་སྟེ་བར་མའི་དགེ་བ་ཡིན་པར་འདོད་པ་ཡོད་དོ། ། གཉིས་པ་དེ་དག་དགག་པ་ནི། དགེ་སློབ་མའི་བསླབ་པ་དེ་ཆོས་ཅན། སྡོམ་པ་མཚན་ཉིད་པ་ལས་རྫས་ཐ་དད་པར་ཐལ། བར་མའི་དགེ་བ་ཡིན་པའི་ཕྱིར་རོ། །རྟགས་ཁས་བླངས་སོ། །འདོད་ན། མཛོད་འགྲེལ་ལས། དགེ་ཚུལ་གྱི་སྡོམ་པ་ལས་ཀྱང་དགེ་སློབ་མ་དང་དགེ་ཚུལ་མའི་སྡོམ་པ་རྫས་གཞན་མ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ། །

གཉིས་པ་སྡོམ་པ་མཚན་ཉིད་པར་འདོད་པའི་ལུགས་བརྗོད་པ།

གཉིས་པ་སྡོམ་པ་མཚན་ཉིད་པར་འདོད་པའི་ལུགས་བརྗོད་པ་ནི།

མཚོ་ཊཱིཀ་ལས།སྔ་རབས་པ་ཁ་ཅིག་ན་རེ་དགེ་སློབ་མའི་སྡོམ་པ་འདི་སྡོམ་པ་མཚན་ཉིད་པ་ཡིན་ཏེ། མངོན་པ་ལས། དགེ་སློབ་མའི་སྡོམ་པ་དང༌། ཞེས་དང༌། འདི་ཉིད་ལས། སྦྱིན་པ་ནི་བསླབ་པའི་སྡོམ་པ་ཞེས་བྱ་བས་སོ། །ཞེས་པ་དང༌། འདི་སྡོམ་པ་མ་ཡིན་ན། སོ་སོ་ཐར་པའི་སྡོམ་པ་རིགས་བརྒྱད་མི་ཚང་བའི་ཕྱིར་རོ་ཞེས་ཟེར་བ་དང༌། མཚོ་ཊཱིཀ་ལས། རང་ཡང་སྡོམ་པ་མཚན་ཉིད་པ་འདོད་པ་རྣམས་ཀྱི་རྗེས་སུ་འབྲང་ངོ༌། །ཞེས་གསུངས་སོ། །དེ་ཡང་སྡོམ་པ་ཡིན་ལུགས་ནི། བྱས་ཆོས་སྡོམ་པ་དང༌། བྱེད་ཆོས་བསླབ་བྱ་བཅུ་གཉིས་སུ་དབྱེ་བ་ནི། དང་པོ་བྱས་ཆོས་དགེ་སློབ་མའི་སྡོམ་པ་ནི་དགེ་ཚུལ་མས་སྤང་བྱ་བཅུ་སྤོང་བ་དེའི་སྟེང་དུ་བསླབ་བྱ་བཅུ་གཉིས་བསྣན་པའི་ཚེ་ན། སྔར་དགེ་ཚུལ་མས་ཐོབ་ཟིན་པ་དེའི་སྡོམ་པའི་རྒྱུན་རྩ་བ་བཞིའི་སྡོམ་པ་དེ་ཉིད་ལ་དགེ་སློབ་མའི་སྡོམ་པ་ཞེས་བྱ་སྟེ། མཛོད་འགྲེལ་ལས། དགེ་སློབ་མ་དང་དགེ་ཚུལ་མའི་སྡོམ་པ་རྫས་གཞན་མ་ཡིན་ནོ་ཞེས་བཤད་པས་གྲུབ་ཅིང༌། འོད་ལྡན་ལས། དགེ་ཚུལ་ལ་སོགས་པ་དག་གི་ནི་སྤོང་བ་བཞིའི་མཚན་ཉིད་ཅན། ཞེས་དང༌། མཛོད་འགྲེལ་ལས་ཀྱང༌། དགེ་སློབ་མ་མཚན་གྱུར་ན་དགེ་ཚུལ་ཞེས་བྱའོ། །ཞེས་གསུངས་པས། དགེ་ཚུལ་དང་དགེ་ཚུལ་མ་དང་དགེ་སློབ་མའི་སྡོམ་པ་ནི་སྤོང་བ་བཞིའི་མཚན་ཉིད་ཡིན་ཞེས་དགོངས་སོ། །

གཉིས་པ་བྱེད་ཆོས་དགེ་སློབ་མའི་བསླབ་བྱ།

གཉིས་པ་བྱེད་ཆོས་དགེ་སློབ་མའི་བསླབ་བྱ་ནི།

སྐབས་འདིར་བླངས་པའི་བསླབ་པ་བཅུ་གཉིས་པོ་དེ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་པོ་དག་གོ །དེ་ལྟར་ན་དགེ་སློབ་མའི་སྡོམ་པའི་གཙོ་འཁོར་ཐམས་ཅད་བགྲངས་ན་སྤོང་བ་བཞི་འཁོར་དང་བཅས་པ། སྤང་བྱ་ཉི་ཤུ་རྩ་གཉིས་སྤོང་བ་སྟེ། ཊཱི་ཀ་ལས། དགེ་སློབ་མས་བསླབ་པའི་གཞི་ཡང་དག་པར་བླངས་པ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་བཅུ་དང༌། ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་པོ་དག་གོ། །ཞེས་སོ། །འོ་ན་དགེ་སློབ་མའི་སྡོམ་པ་དང་དགེ་ཚུལ་མའི་སྡོམ་པ་རྫས་གཅིག་ཏུ་ཡོད་དམ་ཐ་དད་དུ་ཡོད། རྫས་གཅིག་ན། བསླབ་པ་འཁྲུགས་པ་ཉིད་དོ་ཞེས་པའི་ཊཱི་ཀ་ལས། འདིར་དགེ་སློབ་མའི་བསླབ་པ་འཁྲུགས་པ་ཉིད་ཡིན་གྱི། དགེ་ཚུལ་མའི་བསླབ་པ་ནི་འཁྲུགས་པ་མ་ཡིན་ཏེ་ཞེས་བཤད་པ་དང་འགལ་ལོ། །རྫས་ཐ་དད་ན། མཛོད་འགྲེལ་ལས། དགེ་ཚུལ་གྱི་སྡོམ་པ་ལས་ཀྱང་དགེ་སློབ་མ་དང་དགེ་ཚུལ་མའི་སྡོམ་པ་རྫས་གཞན་མ་ཡིན་ནོ། །ཞེས་བཤད་པ་དང་འགལ་ཞེ་ན། དེ་ནི་དགེ་ཚུལ་དང་དགེ་སློབ་མ་དང་དགེ་ཚུལ་མ་སྟེ་རབ་བྱུང་བསྙེན་པར་མ་རྫོགས་པ་རྣམས་ཀྱི་སྡོམ་པའི་གཙོ་བོ་སྤོང་བ་བཞི་ཙམ་དུ་རིགས་གཅིག་ལས་གཞན་མ་ཡིན་ནོ་ཞེས་བསྟན་ཏེ། མཛོད་ལས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་རྫས་བཅུར་བཤད་པ་བཞིན་ནོ། །ཁྱིམ་སོ་བཟུང་བ་བསྙེན་པར་རྫོགས་པར་བྱ་བའི་ལོ་རྣམས་ཀྱི་དང་པོ་ནི་བཅུ་གཉིས་ཉིད་དོ་ཞེས་པ་འདི་ལ། མའི་རྣམ་འབྱེད་ལས། ཁྱིམ་སོ་བཟུང་བ་ཞེས་བྱ་བ་ནི་ཁྱིམ་གྱི་ཆོས་ལ་གནས་པའོ། །ཞེས་བཤད་ཅིང༌། འགྲེལ་ཆུང་ལས་ཀྱང༌། བག་མ་བྱས་པ་ཉིད་ན་འཁྲིག་པའི་བདེ་བ་མྱོང་ཞིང་ཤེ་ཁྱེར་བའི་ཕྱིར། ཞེས་གསུངས་སོ། །བུད་མེད་ལོ་བཅུ་གཉིས་ལོན་པ་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་འདི་ནི་སྐྱེས་པ་དང་ཐུན་མོང་མ་ཡིན་ཏེ། ཊཱི་ཀ་ལས། བུད་མེད་བསྙེན་པར་རྫོགས་པར་བྱ་བའི་དུས་ཀྱིས་བྱེ་བྲག་བསྟན་པའི་ཕྱིར། ཞེས་དང༌། མདོ་རྩ་བ་ལས། དགེ་སློང་མའི་ཐུན་མོང་མ་ཡིན་པའི་སྐབས་སུ་གསུངས་པའི་ཕྱིར་རོ། །མཚོ་ཊཱིཀ་༢༠༨ལས། བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ཁོ་ན་ལོན་པས་བསྙེན་རྫོགས་བྱེད་པ་ན། བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ལ་མངོན་དུ་གྱུར་པ་སྐྱེ་བའི་ཚེ་ཉིད་ན་སྡོམ་པ་ནོད་པ་པོ་མཚན་གྱུར་པ་ཆོས་ཅན། སྡོམ་པ་ནོད་པ་པོ་དེ་ལ་དགེ་སློང་ཕའི་སྡོམ་པ་སྐྱེ་བ་ཁེགས་པར་ཐལ། སྡོམ་པ་ནོད་པ་པོ་ལོ་བཅུ་གཉིས་ཁོ་ན་ལོན་པ་ཉིད་ཡིན་པའི་ཕྱིར་རོ། །འདོད་ན། ཊཱི་ཀ་ལས། སྐྱེ་བ་ལ་མངོན་དུ་གྱུར་པ་ནི་སྐྱེ་བའི་ཚེ་ཉིད་མ་ཡིན་པར་རིག་པར་བྱ་སྟེ། དེ་ལ་ནི་སྐྱེ་བའི་ཕྱིར་གང་གིས་ཀྱང་གེགས་བྱ་བ་མི་ནུས་པས། ཞེས་བཤད་པ་དང་འགལ་ལོ་ཞེ་ན། ཁྱེད་ཀྱིས་བཀོད་པའི་ཆོས་ཅན་མ་གྲུབ་སྟེ། དེ་ཡང་བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ཁོ་ན་ལོན་པས་བསྙེན་རྫོགས་བྱེད་པ་ན་སྡོམ་པ་ནོད་པ་པོ་སྐྱེས་པར་གྱུར་པ་དེ་ཆོས་ཅན། བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ལ་མངོན་དུ་གྱུར་པ་ཡིན་མི་སྲིད་དུ་ཐལ། དགེ་སློང་མའི་སྡོམ་པ་མི་སྐྱེ་ཞིང་དགེ་སློང་ཕའི་སྡོམ་པ་ཡང་མི་སྐྱེ་བའི་ཕྱིར་རོ། །དེ་ཡང་རྟེན་སྐྱེས་པ་ཡིན་པའི་ཕྱིར་དང༌། རྟེན་དགེ་སློང་ཕའི་སྡོམ་པ་སྐྱེ་བའི་ཞིང་མ་ཡིན་པའི་ཕྱིར་ཞེས་གོ་རིམ་བཞིན་ནོ། །འདོད་ན་ནི་ཁྱེད་ཀྱིས་བཀོད་པའི་ཆོས་ཅན་དེ་གྲུབ་པར་འདོད་པ་ཉམས་སོ། ། ཞེས་གསུངས་པ་ལ། འོ་ན་མཚོ་ཊཱིཀ༨༩ལས། ལས་དང་པོ་པ་དང་བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་དགེ་སློང་མའི་སྡོམ་པ་ལེན་པ་ན་སྡོམ་པ་སྐྱེ་བ་ལ་མངོན་དུ་གྱུར་པ་སྐྱེ་བའི་ཚེ་ཉིད་ན་སྡོམ་ལེན་མཚན་གྱུར་ན་དགེ་སློང་ཕའི་སྡོམ་པ་སྐྱེ་བ་རིགས་སོ། །ཞེས་གསུངས་པ་དང་འགལ་བར་འགྱུར་རོ་ཞེས་ད་ཆོག་གི་སྐབས་འདིར་ལོ་བཅུ་གཉིས་ལ་མཚན་འགྱུར་བ་དེ་ལ་དགེ་སློང་ཕའི་སྡོམ་པ་མི་སྐྱེ་བར་བཤད་པ་རིགས་སམ་དཔྱད་པར་བྱའོ། །

གཉིས་པ་རྒྱུད་སྣོད་དུ་རུང་བའི་ཁྱད་པར་ལ་ཚངས་སྤྱོད་ཉེར་གནས་ཀྱི་ཆོ་ག་དང༌། དོགས་པ་གཅོད་པ་དང་གཉིས་ལས། དང་པོ་ནི།

རྩ་བར། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ། ཞེས་སོ། །འདིའི་དོན་ལ་ལྔ་ལས། དང་པོ་དགོས་པའི་དོན་ནི། ཚངས་སྤྱོད་ཉེར་གནས་མ་བྱས་པར་དགེ་སློང་མའི་སྡོམ་པ་འབོགས་པའི་ཉེས་པ་ཁེགས་པ་དང་དགེ་སློང་མའི་སྡོམ་པའི་སྣོད་དུ་རུང་བའོ། །གཉིས་པ་ཡུལ་གང་ལས་བླང་བ་ནི། མཁན་མོ་དང་གསང་སྟེ་སྟོན་མ་དང་ལས་བྱེད་པ་མོ་དང་བཅས་པའི་དགེ་འདུན་མ་ལས་བླང་སྟེ། དགེ་འདུན་མ་དེ་ཡང་ཡུལ་དབུས་སུ་དགེ་སློང་མ་བཅུ་གཉིས་དང༌། མཐའ་འཁོབ་ཏུ་བཅུ་གཉིས་མེད་ན་དགེ་སློང་མ་དྲུག་གི་གྲངས་ཚང་བའོ། །གྲངས་དེ་དག་མ་ཚང་ཡང་དགེ་སློང་མ་བཞིའི་ཚོགས་ཀྱིས་བྱིན་ན་ཚངས་སྤྱོད་ཉེར་གནས་ཆགས་ལ་ཉེས་བྱས་ཏེ། བཞིའི་ཚོགས་ཀྱིས་བསྙེན་རྫོགས་ཆགས་ལ་ཉེས་བྱས་སུ་གསུངས་པའི་གནད་ཀྱིས་ཤེས་སོ། །དགེ་སློང་མ་དེ་དག་མ་རྙེད་ན་དགེ་སློང་ཕའི་དགེ་འདུན་གྱིས་ཀྱང་ཚངས་སྤྱོད་ཉེར་གནས་སྦྱིན་དུ་རུང་སྟེ། དབྱར་གྱི་གཞི་ལས། དགེ་སློབ་མའི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་དང༌། ཞེས་དང༌། དེའི་ཊཱི་ཀ་ལས། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མནོས་པ་དེ་སྒྲུབ་པའི་དོན་དུ་ཡང་དགེ་སློང་དབྱར་གནས་པར་ཁས་བླངས་པ་མཚམས་ཀྱི་ནང་ན་འདུག་པས་ཞག་བདུན་མན་ཆད་བྱིན་གྱིས་བརླབ་བོ། །ཞེས་གསུངས་སོ། །

གསུམ་པ་རྟེན་གང་གིས་བླང་བ།

གསུམ་པ་རྟེན་གང་གིས་བླང་བ་ནི།

ལུས་ཕུན་སུམ་ཚོགས་པ་དང༌། བསམ་པ་ཕུན་སུམ་ཚོགས་པ་དང༌། ཆ་ལུགས་ཕུན་སུམ་ཚོགས་པ་དང༌། ཚིགས་སྔ་མ་སྔོན་དུ་སོང་བའོ། །དེའང་གཞན་རྣམས་དགེ་སློབ་མའི་སྐབས་སུ་སྔར་བཤད་པ་དང་འདྲ་ཞིང༌། འདིར་ན་ཚོད་ཀྱི་ཁྱད་པར་བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་དང༌། གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་ཡན་ཆད་དོ། །ཆ་ལུགས་ཀྱི་ཁྱད་པར་ཆོས་གོས་དག་ནི་ལྔ་ཉིད་དོ། །ཚིགས་སྔ་མ་སྔོན་དུ་སོང་བ་ནི་དགེ་སློབ་མ་ཡན་ཆད་སྔོན་དུ་སོང་བའོ། །བཞི་པ་དངོས་པོ་གང་བླང་བ་ནི། ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པའོ། །དེའང་སྡོམ་པ་བཏགས་པ་བ་སྟེ། འདི་ལ་ཁྱད་པར་གྱི་སྲུང་བྱ་ནི་གཞུང་གང་ལས་ཀྱང་མ་གསུངས་སོ། །ལྔ་པ་ཆོ་ག་གང་གིས་བླང་བ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བའི་ཆོ་ག་ནི་རྒྱས་པར་ཀརྨ་ཤ་ཏཾ་ལས་ཤེས་པར་བྱའོ། །དངོས་གཞིའི་ཆོ་ག་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །མཇུག་གི་ཆོ་ག་ནི་ལས་ཀྱི་མཇུག་སྡུད་བརྗོད་པའོ། །

གཉིས་པ་དོགས་གཅོད་ལ།

གཉིས་པ་དོགས་གཅོད་ལ།

ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་ཞེས་བརྗོད་པ་ན། འོ་ན་ཚངས་སྤྱོད་ཉེར་གནས་ཀྱི་ཆོ་ག་གཏན་ནས་མ་བྱས་པར་སྡོམ་པ་མནོས་པ་ཆོས་ཅན། དགེ་སློང་མའི་སྡོམ་པ་སྐྱེ་བ་ཁེགས་པར་ཐལ། ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་མ་ཐོབ་པའི་ཕྱིར་རོ། །རྟགས་མ་གྲུབ་ན་དེའི་ཆོ་ག་གཏན་ནས་མ་བྱས་པ་དང་འགལ་ལོ། །འདོད་ན། དགེ་སློང་དང་དགེ་སློང་མ་ཉིད་དག་གི་ལས་གཞན་བྱེད་པས་མ་ཡིན་ནོ། །ཞེས་སྐྱེས་པ་བསྙེན་པར་རྫོགས་པར་བྱེད་པའི་ཆོ་གས་བུད་མེད་བསྙེན་པར་རྫོགས་པར་བྱེད་ན། དགེ་སློང་མའི་སྡོམ་པ་སྐྱེ་བར་བཤད་པ་དང་འགལ་ལོ། །ལུང་ཞུ་བ་ལས། བཙུན་པ་བསྙེན་པར་རྫོགས་ཀར་མཚན་འཕོས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། དགེ་སློང་མའི་ནང་དུ་སྤོས་ཤིག་ཅེས་གསུངས་པ་དང་ཡང་འགལ་ལོ། །གཞན་ཡང་ཚངས་སྤྱོད་ཉེར་གནས་མ་ཐོབ་པར་ཕུན་སུམ་ཚོགས་པ་ཉེས་མེད་དུ་དགེ་སློང་མའི་སྡོམ་པ་སྐྱེ་བ་ཡོད་དེ། ལྕི་བའི་ཆོས་བརྒྱད་སྤོང་བར་ཁས་བླངས་པས་བསྙེན་པར་རྫོགས་པའོ། །དེས་ན་ད་ལྟར་གྱི་ཆོ་གའི་སྐབས་སུ་དགེ་སློང་མའི་སྡོམ་པ་ལེན་པ་དེས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་ཕུན་སུམ་ཚོགས་པ་ཉེས་མེད་དུ་བསྙེན་པར་རྫོགས་པ་དགེ་སློང་མའི་སྡོམ་པ་སྐྱེ་བར་མི་འགྱུར་རོ་ཞེས་བསྟན་ཏོ། །

ལྔ་བ་དགེ་སློང་མའི་སྡོམ་པའི་ཆོ་གའི་ཁྱད་པ།

ལྔ་བ་དགེ་སློང་མའི་སྡོམ་པའི་ཆོ་གའི་ཁྱད་པར་འཆད་དེ།

རྩ་བར། དགེ་སློང་གི་གནས་སུ་དགེ་སློང་མའོ། །ཞེས་པ་ལ་སོགས་པས་བསྟན་ཏོ། །འདིའི་དོན་ལ་བཞི་ལས། དང་པོ་དགེ་སློང་མའི་ཆོ་ག་འདི་དགེ་སློང་ཕའི་ཆོ་ག་ལས་ཐ་དད་དུ་བཤད་པའི་འཐད་པ་ནི། གལ་ཏེ་དགེ་སློང་ཕ་མའི་སྡོམ་པ་འཐོབ་བྱེད་ཀྱི་ཆོ་ག་ཆོས་ཅན། ཐོབ་བྱེད་དགེ་སློང་ཕའི་ཆོ་ག་ལས་དགེ་སློང་མའི་ཆོ་ག་ཐ་དད་དུ་བཤད་པ་མི་འཐད་པར་ཐལ། ཐོབ་བྱ་དགེ་སློང་ཕའི་སྡོམ་པ་ལས་དགེ་སློང་མའི་སྡོམ་པ་རྫས་གཞན་མ་ཡིན་པའི་ཕྱིར་ཏེ། མཛོད་འགྲེལ་ལས། དགེ་སློང་གི་སྡོམ་པ་ལས་ནི་དགེ་སློང་མའི་སྡོམ་པ་རྫས་གཞན་མ་ཡིན་ནོ་ཞེས་བཤད་པས་གྲུབ་བོ་ཞེ་ན། ཁྱབ་པ་མ་གྲུབ་སྟེ་དགེ་སློང་ཕ་མ་མཚན་མི་འདྲ་བའི་སྟོབས་ཀྱིས་ལུས་དང་བསམ་པ་མི་འདྲ་ཞིང་བསམ་པ་དེ་ལ་བརྟེན་པའི་ཉོན་མོངས་པ་རགས་མི་རགས་ཡོད་པས། དེ་ལ་ལྟོས་ཏེ་བཅས་པ་ལ་ཡང་མང་ཉུང་དང་ཆེ་ཆུང་ཡོད་པའི་ཕྱིར་ན་ཐུན་མོང་བ་ཐོབ་བྱེད་ཀྱི་ཆོ་ག་ཐ་དད་དུ་བཤད་པ་འདི་མི་འཐད་པ་མེད་དོ། །མཛོད་རྩ་འགྲེལ་ལས། དགེ་སློང་ཕ་མའི་སྡོམ་པ་རྫས་གཞན་མ་ཡིན་པར་བཤད་པ་དེ་ནི་སྤོང་བ་བདུན་ཙམ་དུ་སྡོམ་པ་རིགས་གཅིག་པ་ལ་དེ་སྐད་བཏགས་པ་སྟེ། མཛོད་ལས།སུམ་ཅུ་རྩ་བདུན་དེའི་ཕྱོགས་མཐུན། །མིང་གི་སྒོ་ནས་རྫས་སུ་བཅུ། །ཞེས་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་རྫས་བཅུར་བཤད་པ་བཞིན་ནོ། །

གཉིས་པ་མདོ་རྩ་འདིར་དགེ་སློང་མའི་ཆོ་ག་འདི་དགེ་སློང་ཕའི་ཆོ་ག་ལས་ཕྱི་ནས་བཤད་པ།

གཉིས་པ་མདོ་རྩ་འདིར་དགེ་སློང་མའི་ཆོ་ག་འདི་དགེ་སློང་ཕའི་ཆོ་ག་ལས་ཕྱི་ནས་བཤད་པའི་འཐད་པ་ནི།

གལ་ཏེ་དགེ་སློང་མའི་ཆོ་ག་འདི་ཆོས་ཅན། དགེ་སློང་ཕའི་ཆོ་གའི་ཕྱི་ནས་བཤད་པ་མི་འཐད་པར་ཐལ། དགེ་སློང་ཕའི་ཆོ་ག་ལས་ཡི་གེ་ཉུང་བའི་ཕྱིར་རོ། །ཁྱབ་པ་མ་གྲུབ་ན་སྒྲའི་བསྟན་བཅོས་ལས། གཉིས་ལས་ཡི་གེ་རབ་ཉུང་ངམ། །ཡང་ན་མཆོད་འོས་སྔོན་དུ་སྦྱར། །ཞེས་པ་དང་འགལ་ཞེ་ན། རྟགས་མ་གྲུབ་སྟེ། ལུང་དང་ཀརྨ་ཤ་ཏཾ་ལས་དགེ་སློང་མའི་ཆོ་ག་ཡི་གེ་མང་བའི་ཕྱིར་དང༌། མདོ་རྩ་བར་ཡང་དགེ་སློང་མའི་ཆོ་གའི་ཁྱད་པར་འདི་རྣམས་ཀྱི་སྟེང་དུ། སྔར་དགེ་སློང་ཕའི་སྐབས་ཀྱི་གཞུང་ཕལ་ཆེ་བ་རྣམས་ཀྱང་དགེ་སློང་མའི་ཡང་ཐུན་མོང་བ་ཡིན་པའི་ཕྱིར་རོ། །དེས་ན་དགེ་སློང་ཕ་མའི་ཆོ་ག་གོ་རིམ་འདི་ལས་བཟློག་ན་སྐྱོན་ཡོད་ཅིང༌། གོ་རིམ་འདི་ལྟར་འཐད་དེ། ལུང་གི་གོ་རིམ་དང་མཐུན་པའི་ཕྱིར་དང༌། གཙོ་འཁོར་གྱི་གོ་རིམ་དང་མཐུན་པའི་ཕྱིར་ཏེ། ལུང་གཞི་ལས། དགེ་སློང་ཕའི་ཆོ་ག་སྔར་གསུངས་ནས། ལུང་ཕྲན་ཚེགས་ལས། དགེ་སློང་མའི་ཆོ་ག་ཕྱིས་གསུངས་པའི་ཕྱིར་དང༌། དགེ་སློང་ཕ་གཙོ་བོ་ཡིན་ཞིང་དགེ་སློང་མ་འཁོར་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་འཁོར་གཙོ་བོ་ལ་ཆུ་འཐོར་ན་ལྟུང་བྱེད་དོ། །ཞེས་སོ། །

གསུམ་པ་ཕན་ཚུན་ཁྱད་པར་གྱི་དོན་ལ་གསུམ།

གསུམ་པ་ཕན་ཚུན་ཁྱད་པར་གྱི་དོན་ལ་གསུམ་ལས།

དང་པོ་གང་ལ་ནོད་པ་ཡུལ་གྱི་ཁྱད་པར་རོ། །དེ་ལ་གསུམ་ལས། ༡མཁན་པོའི་ཁྱད་པར་ནི་མཁན་པོ་ཕམ་པ་བཞིས་མ་གོས་ཤིང་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་དགོས་པ་ལ། མཁན་མོ་ཕམ་པ་བརྒྱད་ཀྱིས་མ་གོས་ཤིང་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་ལོན་པ་དགོས་ཏེ། དོན་ལ་ནི་མཁན་པོ་ཡང་ཕམ་པ་བརྒྱད་ཀྱིས་མ་གོས་པ་ཉིད་ཡིན་ནོ། །ཐུན་མོང་མ་ཡིན་པའི་ཕམ་པ་བྱུང་ནས་མཚན་གྱུར་པའི་དགེ་སློང་ཕ་ནི་ཕམ་པ་ལས་གྲོལ་བ་ཡིན་པ་གཏམ་གྱི་གཞི་ལས་སོ། །༢སློབ་དཔོན་གྱི་ཁྱད་པར་ནི། དགེ་སློང་དང་དགེ་སློང་མའི་སྡོམ་པ་ནོད་པའི་སྐབས་སུ་རིམ་བཞིན་དགེ་སློང་བྱེད་པ་ལ་ལས་བྱེད་པའི་དགེ་སློང་གཅིག་དགོས་པ་དང་དགེ་སློང་མ་བྱེད་པ་ལ་ལས་བྱེད་པའི་དགེ་སློང་ཕ་མ་གཉིས་དགོས་པའོ། །ཚངས་སྤྱོད་ཉེར་གནས་ཀྱི་ལས་བྱེད་པའི་དགེ་སློང་མ་དང༌། དངོས་གཞི་གསོལ་བཞིའི་ལས་བྱེད་པའི་དགེ་སློང་ཕ་དགོས་སོ། སྐབས་འདིར་མདོ་རྩ་བ་ལས། དགེ་སློང་གི་གནས་སུ་དགེ་སློང་མའོ། །རབ་ཏུ་བྱུང་བ་ཐམས་ཅད་ཀྱིའོ། །ཞེས་པའི་འཐད་ཀྱི་ཟླ་ཟེར་ལས། སྔར་དགེ་སློང་གི་ཆོ་གའི་སྐབས་སུ་དགེ་སློང་ཞེས་སྨོས་པ་དག་གི་གནས་སུ་འདིར་ནི་དགེ་སློང་མ་ཞེས་བརྗོད་པར་བྱའོ། །ཞེས་དང༌། དགེ་སློང་ཕ་ཡི་གནས་སུ་དགེ་སློང་མ་ཞེས་སྨོས་པ་དེ་སྐབས་སུ་གང་དུ་བྱ་ཞེ་ན་རབ་ཏུ་བྱུང་བ་ཡུལ་མཁན་པོ་ལ་སོགས་པ་དགེ་སློང་ཐམས་ཅད་ཀྱི་སྐབས་སུ་དགེ་སློང་མ་ཞེས་བརྗོད་པའོ། །ཞེས་གསུངས་སོ། །དེས་ན་རབ་བྱུང་མ་དང་དགེ་ཚུལ་མ་ཡང་མ་ཡི་མཁན་མོ་དང་སློབ་དཔོན་མས་སྒྲུབ་དགོས་པ་ཡིན་མིན་དཔྱད་དགོས་སོ། །༣དགེ་འདུན་གྱི་ཁྱད་པར་ནི། དགེ་སློང་གི་སྐབས་སུ་ཡུལ་དབུས་སུ་དགེ་སློང་བཅུ་དང་མཐའ་འཁོབ་ཏུ་ལྔའི་གྲངས་ཚང་བ་དང༌། དགེ་སློང་མའི་སྐབས་སུ་ཡུལ་དབུས་སུ་ཉི་ཤུ་རྩ་གཉིས་དང༌། མཐའ་འཁོབ་ཏུ་བཅུ་གཅིག་གི་གྲངས་ཚང་བའོ། །དགེ་སློང་བཅུ་དགེ་སློང་མ་བཅུ་གཉིས་ཏེ་ཉི་ཤུ་རྩ་གཉིས་དང་དགེ་སློང་ལྔ་དང་དགེ་སློང་མ་དྲུག་སྟེ་བཅུ་གཅིག་གོ །

གཉིས་པ་གང་གིས་ནོད་པ་རྟེན་གྱི་ཁྱད་པར་ལ་གསུམ་ལས་༡ན་ཚོད་ཀྱི་ཁྱད་པར་ནི་སྐྱེས་པ་དགེ་སློང་བྱེད་པ་ལ་ལོ་ཉི་ཤུ་ལོན་དགོས་ལ།

བུད་མེད་ཁྱིམ་སོ་བཟུང་ན་ལོ་བཅུ་གཉིས་ལོན་པ་དགེ་སློང་མར་བྱར་རུང་བའོ། །༢ཆ་ལུགས་ཀྱི་ཁྱད་པར་ནི། ཆོས་གོས་གྲངས་མང་ཉུང་ནི། དགེ་སློང་ཕ་ལ་ཆོས་གོས་གསུམ་དང་དགེ་སློང་མ་ལ་ཆོས་གོས་ལྔ། ལྷུང་བཟེད་ཚད་ཆེ་ཆུང་ཡོད་དེ། ལྷུང་བཟེད་ཀྱི་ཚད་ནི། རྩ་བར། དགེ་སློང་མས་དགེ་སློང་གི་ཆུང་ངུ་ལས་ལྷག་པ་མི་བཅང་ངོ། །ཞེས་པས་སོ། །ཁ་སྤུ་འདྲེག་དགོས་མི་དགོས་ཀྱི་ཁྱད་པར་ཡང་ཡོད་དོ། །ཁ་སྤུ་ཅན་མཚན་གྱུར་པའི་བུད་མེད་རབ་ཏུ་འབྱིན་པ་དང་སྐྱེས་པ་གཞོན་ནུ་རབ་ཏུ་འབྱིན་པ་ན་དམིགས་ཀྱིས་བསལ་བའོ། །༣ཚིགས་སྔ་མ་སྔོན་དུ་སོང་བའི་ཁྱད་པར་ནི། དགེ་སློབ་མའི་ཚིགས་སྔོན་དུ་འགྲོ་དགོས་པ་དང་མི་དགོས་པའོ། །གསུམ་པ་ཇི་ལྟར་ནོད་པ་ཆོ་གའི་ཁྱད་པར་ལ་གསུམ་ལས། དང་པོ་སྦྱོར་བའི་ཆོ་གའི་ཁྱད་པར་ལ་གསུམ་སྟེ། བར་ཆད་འདྲི་བ་སྒྲིབ་དགོས་མི་དགོས་ཀྱི་ཁྱད་པར་དང༌། ཚངས་སྤྱོད་ཉེར་གནས་དགོས་མི་དགོས་ཀྱི་ཁྱད་པར་དང༌། གཉིས་ཀའི་དགེ་འདུན་ལ་གསོལ་བ་འདེབས་དགོས་མི་དགོས་ཀྱི་ཁྱད་པར་རོ། །གསང་སྟེ་སྟོན་མས་ལྐོག་ཏུ་བར་ཆད་འདྲི་བ་སྒྲིབ་མི་དགོས་ཀྱང༌། དགེ་འདུན་མའི་དབུས་སུ་བ༷ར་ཆ༷ད་འདྲི༷་བ༷་དང་གཉིས་ཀའི་དགེ་འདུན་གྱི་དབུས་སུ་བར་ཆད་དྲི་བ་དགེ༷་སློ༷ང་མ༷ས་སྒྲི༷བ་པ༷་ལ༷་བྱ༷འོ༷། །འགྲེལ་ཆུང་ལས། ངོ་མི་ཚ་བར་བྱ་བའི་ཕྱིར་རོ། །ཞེས་གསུངས་ཏེ། བུད་མེད་ཕལ་ཆེར་ངོ་ཞན་པ་དང་སྤོབས་པ་ཞན་པས་མ་བསྒྲིབས་ན་འཚོགས་པའི་དབུས་སུ་ལན་འདེབས་མི་ནུས་པའི་དགག་བྱ་ཡོད་པའི་ཕྱིར་རོ། །འདིར་འདྲི་བའི་ཚུལ་ནི་ཀརྨ་ཤ་ཏཾ་དང༌། ཊཱི་ཀ་ལས། དགེ་སློང་མ་གཞན་ཞིག་མདུན་དུ་བཞག་པས་ལན་གདབ་ཅིང་དེའི་ཚིག་གི་རྗེས་སུ་དེ་ཉིད་ཟློས་སུ་གཞུག་གོ། །ཞེས་སོ། །ཕྲན་ཚེགས་འགྲེལ་བ་དང་འགྲེལ་ཆུང་ལས་གཅིག་ལ་གཅིག་ཚིག་བརྒྱུད་དེ་འདྲིའོ་ཞེས་བཤད་ཀྱང༌། གཞུང་སྔ་མ་དེ་གཉིས་དང་འགལ་ལོ། །དགེ་སློང་ཕའི་སྡོམ་པ་ལེན་པ་ན་གཉིས་ཀའི་དགེ་འདུན་ལ་གསོལ་བ་འདེབས་མི་དགོས་ཏེ། དགེ་སློང་ཕའི་དགེ་འདུན་ལ་གསོལ་བ་འདེབས་པའོ། །གཉིས་པ་དངོས་གཞིའི་ཆོ་གའི་ཁྱད་པར་ནི། མིང་འཇུག་ལ་སོགས་པ་ལ་བརྗོད་པ་མི་འདྲ་བ་ཅུང་ཟད་ཡོད་དེ། རབ་ཏུ་དབྱུང་བ་དང་བསྙེན་རྫོགས་བྱེད་པའི་སྐབས་སུ། སྔར་དགེ༷་སློ༷ང་ཞེས་པའི་སྒྲ་སྨོས་པ་དག་གི༷་གན༷ས་སུ༷་འདིར་དགེ༷་སློ༷ང་མ༷་ཞེས་བརྗོད་པར་བྱའོ༷། །དེ་ཡང་དགེ་སློང་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་ལའོ། །ཞེས་པ་དེར། དགེ་སློང་མ་འགའ་ཞིག་ལ་མཁན་མོ་ཉིད་དུ་གནས་པའོ་ཞེས་སྦྱར་ཏེ། འདིར་ཡུལ་གྱི་སྐབས་གཞན་དག་ལའང་དེ་བཞིན་དུ་ཤེས་པར་བྱའོ། །འོ་ན་དགེ་སློང་ཕའི་གནས་སུ་དགེ་སློང་མ་ཞེས་པ་དེ་སྐབས་གང་དུ་ཞེ་ན། རྩ་བར། རབ་ཏུ་བྱུང་བ་ཐམས་ཅད་ཀྱིའོ་ཞེས་ཏེ་དགེ་ཚུལ་མའི་ཆོ་གའི་སྐབས་ཐམས་ཅད་དུ་དགེ་སློང་ཕའི་གནས་སུ་དགེ་སློང་མ་ཞེས་སྨོས་པའོ། །འོ་ན་བསྙེན་རྫོགས་ཀྱི་སྐབས་སུ་ཇི་ལྟར་ཞེ་ན། བསྙེན་པར་རྫོགས་པ་ལ་ནི། བསྙེན་པར་རྫོགས་པ་དེ་གསོལ་བ་འདེབས་པ་དང་ལ་སོགས་པ་ཞེས་པས་དགེ་འདུན་གྱི་ནང་དུ་བར་ཆད་འདྲི་བའི་ཕྱིར་གསོལ་བ་འབའ་ཞིག་པའི་ལས་བྱེད་པ་དང༌། དངོས་གཞིའི་གསོལ་བཞིའི་ལས་བྱེད་པ་བསྡུས་ཏེ་གསུམ་པོ་དེ་ལས་གཞན་པའི་སྐབས་སུ་དགེ་སློང་དག་གི་གནས་སུ་དགེ་སློང་མའོ་ཞེས་གོང་དུ་སྦྱར་རོ། །སྐབས་གསུམ་པོ་དེར་ནི་ཆོ་ག་བརྗོད་པ་ན་དགེ་སློང་མ་ཞེས་མི་བརྗོད་པར། གཉིས་ཀའི་དགེ་འདུན་ཞེས་བརྗོད་དགོས་སོ། །ཚངས་སྤྱོད་ཉེར་གནས་བྱིན་ཟིན་ནས་དགེ་སློང་མའི་དགེ་འདུན་འཚོགས་ཡོད་པའི་སྟེང་དུ། འདི༷ར་དགེ་སློང་ཕའི་དགེ༷་འདུ༷ན་གྱི༷ས་ཁ་སྐོང་བའི་ཡན་ལག་ཏུ་བསྣ༷ན་པ༷ར་བྱ༷འོ༷། །ལས་གཞིའི་ཊཱི་ཀ་ལས། དགེ་སློང་མ་བསྙེན་པར་རྫོགས་པར་བྱ་བ་ལ་ནི་དགེ་སློང་གི་དགེ་འདུན་གཙོ་བོ་ཡིན་པས་དགེ་སློང་མའི་དགེ་འདུན་ལ་སོགས་པ་ནི་ཚུལ་དང་མཐུན་པ་ཙམ་དུ་བྱ་བར་ཟད་པར། ཞེས་གསུངས་སོ། །འདིར་དགེ་སློང་གི་དགེ་འདུན་གཙོ་བོ་ཡིན་པའི་སྒྲུབ་བྱེད་ནི་ལུང་ཕྲན་ཚེགས་ལས། དགེ་སློང་རྣམས་ལས་དགེ་སློང་མས་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོ་སྩལ་བར་བྱའོ། །ཞེས་གསུངས་པའོ། །འདིར་ཞེས་པ་ནི་བསྙེན་པར་རྫོགས་པར་གསོལ་བ་འདེབས་པ་ནས་བསྙེན་པར་རྫོགས་ཟིན་པ་ཡན་ཆད་ཀྱི་སྐབས་འདིར་རོ། །གསུམ་པ་མཇུག་གི་ཆོ་གའི་ཁྱད་པར་ལ་གསུམ་སྟེ། གནས་རྣམ་པ་བཞིར་བརྗོད་པའི་ཁྱད་པར་དང༌། གསུམ་བརྗོད་པའི་ཁྱད་པར་དང༌། ཕམ་པ་བཞི་བརྗོད་པ་དང༌། བརྒྱད་བརྗོད་པ་དང༌། ལྕི་བའི་ཆོས་བརྒྱད་བརྗོད་མི་དགོས་པ་དང་དགོས་པའི་ཁྱད་པར་དང༌། དེ་ལྟར་ན་སྦྱོར་བའི་ཁྱད་པར་གསུམ་དང་དངོས་གཞིའི་ཁྱད་པར་གཅིག་དང་མཇུག་གི་ཁྱད་པར་གསུམ་སྟེ་ཆོ་གའི་ཁྱད་པར་བདུན་ཡོད་དོ། །བཞི་བ། དགེ་སློང་མའི་ཆོས་གོས་དག་ནི་ལྔ་སྟེ། སྣམ་སྦྱར་བླ་གོས་མཐང་གོས་དང་གསུམ། ཤིང་ང་དཔུང་ཆད་རྔུལ་གཟན་ཏེ་ལྔ་ཉིད་དོ། །ཆོས་གོས་དེ་གཉིས་དགོས་པའི་རྒྱུ་མཚན་ནི། དགེ་སློང་མ་རྣམས་ཀྱི་བྲང་གི་མདུན་ཕྱོགས་མི་མཛེས་པ་སྦ་བར་འོས་པའི་ཕྱིར་རོ། །གོས་དེ་གཉིས་གྱོན་ལུགས་ནི་མཆན་འོག་ལ་དཀྲིས་ཏེ་རྒྱབ་ནས་དཔུང་པ་གཉིས་ཀྱི་གོང་ནས་དྲངས་ནས་དར་དཔྱངས་ཀྱི་ཚུལ་དུ་གྱོན་པའོ། །གོས་དེ་གཉིས་ཀྱི་ཚད་ནི་བླ་གོས་དང་ཚད་མཉམ་པ་སྟེ་མའི་རྣམ་འབྱེད་ལས། ཟླ་འཇོག་གི་སྐབས་ནས་བཤད་དོ། །དགེ་སློང་མ་ལ་གནས་རྣམ་པ་གསུམ་བརྗོད་དེ། གནས་བཞི་པོ་རྣམས་ལས་ཤིང་དྲུང་ཉིད་མ་གཏོགས་ཏེ། བསླབ་པ་བསྲུང་བ་རང་དབང་ཅན་མ་ཡིན་པས་དགེ་སློང་མ་ཤིང་དྲུང་དུ་སྡོད་པ་བཀག་པའི་ཕྱིར་རོ། །ལྟུང་བྱེད་དང་ཉེས་བྱས་ཡིན་ཡང་མགུ་བ་ཟླ་བ་ཕྱེད་སྤྱོད་དགོས་པས་ཆད་པ་ལྕི་བ་སྟེ་མཚན་ཉིད་འཛིན་པའི་ཆོས་བརྒྱད་པོ་རྣམས་བརྗོད་པར་བྱའོ། །དེ་ཡང་དགེ་སློང་གང་ཟག་ལ་བརྟེན་པ་གསུམ་ནི། ༡ དགེ་སློང་མས་དགེ་སློང་ལ་ཉེས་པ་གླེང་དྲན་མི་བྱ་བ་དང་༢དགེ་སློང་མས་དགེ་སློང་ལ་སྤྱོ་བར་མི་བྱ་བ་དང༌།༣དགེ་སློང་མས་དགེ་སློང་གསར་བུ་ལ་ཡང་ཕྱག་བྱ་དགོས་པ་ལས་མ་བྱས་པའོ། །དགེ་སློང་གི་དགེ་འདུན་ལ་བརྟེན་པ་གསུམ་ནི། ༤དགེ་སློང་ཕའི་དགེ་འདུན་མེད་པར་བསྙེན་པར་རྫོགས་པར་བྱེད་པ་དང༌། ༥ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་རྣམས་ལས་གདམས་ངག་མི་ནོད་པ་དང༌། ༦མཚམས་པོ་ཆེ་བཅད་ན་དཔག་ཚད་ཕྱེད་དང་གསུམ་གྱི་ནང་ཁོངས་དང་མཚམས་མ་བཅད་ན་དཔག་ཚད་གཅིག་གི་ནང་ཁོངས་ན་དགེ་འདུན་དུ་ལོངས་པའི་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་ལེན་པའོ། །

གཉིས་ཀའི་དགེ་འདུན་ལ་བརྟེན་པ་གཉིས།

གཉིས་ཀའི་དགེ་འདུན་ལ་བརྟེན་པ་གཉིས་ནི།

༧གཉིས་ཀའི་དགེ་འདུན་ལ་མགུ་བ་སྤྱད་པར་བྱ་བ་དང༌། ༨གཉིས་ཀའི་དགེ་འདུན་ལ་དགག་དབྱེ་བྱ་བ་སྟེ། དེ་རྣམས་ལས་འདས་ན། གདམས་ངག་མི་མནོས་པ་དང༌། དབྱར་གནས་ཁས་ལེན་པ་དང༌། དགག་དབྱེ་མི་བྱེད་པ་དང་གསུམ་ལ་ལྟུང་བྱེད་བསྐྱེད་ཅིང་གཞན་ལྔ་ལ་ནི་ཉེས་བྱས་སོ། །དགེ་སློང་མའི་ཆོ་ག་བཤད་ཟིན་ཏོ། །

གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་བའི་ཐབས་ནི།

ཕྱི་རོལ་གྱི་རྐྱེན་གང་ཟག་གཞན་ལ་བརྟེན་ཏེ་བསྲུང་བ་དང༌། སྤང་བྱ་མི་མཐུན་པའི་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་བ་དང་གཉིས། དང་པོ། ཕྱི་རོལ་གྱི་རྐྱེན་གང་ཟག་གཞན་ལ་བརྟེན་ཏེ་བསྲུང་བ་ལ་གསུམ། བྱ་བ་ཞུ་བའི་ཚུལ་གྱིས་བསྲུང་བ་དང༌། གནས་པ་ལ་གནས་པའི་ཚུལ་གྱིས་བསྲུང་བ་དང༌། ཆད་པ་བཅད་པའི་ཚུལ་གྱིས་བསྲུང་བ་དང་གསུམ། དང་པོ་བྱ་བ་ཞུ་བའི་ཚུལ་གྱིས་བསྲུང་བ་ལ། བྱ་བ་ཞུ་ཚུལ་དང༌། གནས་པ་དང་གནས་ཀྱི་ཁྱད་པར་བཤད་པ་དང་གཉིས། དང་པོ་ནི། བསྟན་པ་ཡང་ལུང་ལས་དང་པོར་གསུངས་ཤིང་སྡོམ་པ་ཐོབ་པའི་སྐད་ཅིག་གཉིས་པ་ནས་བྱ་བ་གང་བྱེད་ཀྱང་བླ་མ་ལ་ཞུ་དགོས་པའི་ཕྱིར་རོ། །དེ་ཡང་རྩ་བར། གནས་པས་གནས་ལ་མ་ཞུས་པར་བྱ་བ་མི་བྱའོ། །ཞེས་སོགས་ཀྱིས་བསྟན་ཏོ། །འདིའི་དོན་ལ་བདུན་ལས། དང་པོ་དགོས་པའི་དོན་ལ་གཉིས་ལས། བྱ་བ་ཞུས་པའི་དངོས་ཀྱི་དགོས་པ་ནི། མ་ཞུས་པའི་ཉེས་པ་ཁེགས་པའོ། །བརྒྱུད་པའི་དགོས་པ་ནི་གསུམ་སྟེ། ཁྲེལ་ཡོད་ཀྱི་བསམ་པ་བསྐྱེད་པ་དང༌། བྱ་བ་རུང་མི་རུང་ཤེས་པར་འགྱུར་བ་དང༌། བཀའ་བཞིན་དུ་བསྒྲུབས་པས་གནས་ལ་གུས་པར་འགྱུར་བའོ། །

གཉིས་པ་ཡུལ་གང་ལ་ཞུ་བ་ནི།

རང་གི་གནས་སུ་གྲུབ་ཅིང་མ་ཉམས་པ་ལ་ཞུ་སྟེ། རྩ་བར། གནས་ལ་མ་ཞུས་པར་བྱ་བ་མི་བྱའོ། །ཞེས་སོ། ། གསུམ་པ་རྟེན་གང་གིས་ཞུ་བ་ནི། གནས་པར་འོས་པས་ཞུ་སྟེ། རྩ་བར། གནས་པས་གནས་ལ་མ་ཞུ་བར་བྱ་བ་མི་བྱའོ། །ཞེས་སོ། །བཞི་པ་དངོས་པོ་གང་ཞུ་བ་ནི། བྱེད་པ་པོ་གང་ཟག་གཅིག་གི་དབང་དུ་བྱས་ན་བྱ་བ་ནི་རུང་བ་དང་མི་རུང་བ་གཉིས་སུ་ཁ་ཚོན་ཆོད་ཀྱང༌། བློ་ལ་ལྟོས་ནས་གསུམ་དུ་ཡོད་དེ། རུང་བར་ཤེས་པ་དང་མི་རུང་བར་ཤེས་པ་དང༌། རུང་མི་རུང་ཐེ་ཚོམ་ཟ་བའོ། །དེ་ཡང་མི་རུང་བར་ཤེས་པ་དེ་བླ་མ་ལ་མི་ཞུ་སྟེ། ཞུས་ན་དགག་བྱ་དང་ལྡན་པའི་ཕྱིར་རོ། །རུང་བར་ཤེས་ཀྱང་བཤང་གཅི་བྱ་བ་ལ་སོགས་པ་དམིགས་བསལ་རྣམས་བླ་མ་ལ་ཞུ་མི་དགོས་པའོ། །དམིགས་བསལ་མ་གཏོགས་པ་རུང་བར་ཤེས་པ་རྣམས་དང༌། ཐེ་ཚོམ་ཟ་བ་རྣམས་བླ་མ་ལ་ཞུ་བར་བྱ་སྟེ། འོད་ལྡན་ནས་བྱ་བ་ཞུ་བའི་སྐབས་ལས། ཀུན་ཏུ་སྤྱད་པར་རུང་བ་དག་བགྱིའོ། །ཞེས་དང༌། ཐེ་ཚོམ་ཟ་བ་རྣམས་ཞུས་ན་ཐེ་ཚོམ་ཆོད་པའི་དགོས་པ་ཡོད་པའི་ཕྱིར་རོ། །

ལྔ་པ་ཚུལ་ཇི་ལྟར་ཞུ་བ།

ལྔ་པ་ཚུལ་ཇི་ལྟར་ཞུ་བ་ནི།

ཁ་ཅིག་ན་རེ་བྱ་བ་ཞུ་བ་ན་བྱ་བ་རང་རང་གི་མིང་ནས་སྨོས་མི་དགོས་ཀྱི། ཀུན་ཏུ་སྤྱད་པ་རུང་བ་དག་བགྱིད་པར་ཞུ་འཚལ་ཞེས་ཞུ་སྟེ། འོད་ལྡན་ལས།ཀུན་ཏུ་སྤྱད་པར་རུང་བ་དག་བགྱིའོ། །ཞེས་ཞུ་བར་བཤད་དོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། འོད་ལྡན་ལས་བཤད་པ་དེ་ནི། བྱ་བ་ཞུ་བའི་གཞི་རུང་བ་དག་ཞུ་ཞེས་པ་བསྟན་པ་ཡིན་གྱི། བྱ་བ་ཞུ་བའི་ཚུལ་ལུགས་བསྟན་པ་མ་ཡིན་ལ། བྱ་བ་རང་རང་གི་མིང་ནས་སྨོས་མི་དགོས་ན། ལུང་རྣམ་འབྱེད་ནས་ཚེ་དང་ལྡན་པ་ཆོས་ཀྱི་བྱུང་བ་ལས། སྣམ་སྦྱར་བཙེམ་པར་ཞུ། ཉིན་མོ་སྤྱོད་པ་ལ་མཆི་བར་ཞུ། བསོད་སྙོམས་ལ་མཆི་བར་ཞུ་ཞེས་བྱ་བ་རང་རང་གི་མིང་ནས་སྨོས་ཏེ་ཞུ་བར་གསུངས་པ་དང༌། ཀཱ་རི་ཀ་ལས། འཚལ་མ་འཚལ་ཞེས་བླ་མ་ལ། །བརྟུལ་ཞུགས་ཅན་གྱིས་དེ་ལྟར་ཞུ། །ཞེས་དང༌། ལོ་དྲི་བ་ལས། ཆག་ཆག་དང་ཕྱག་དར་དང་ཀློག་པ་དང་ཁ་ཏོན་དང་དགེ་བའི་ཕྱོགས་ཀྱི་ཀུན་ཏུ་སྤྱོད་པ་རྣམས་བགྱི། ཅེས་བཤད་པ་དང༌། རིགས་པས་ཀྱང་བྱ་བ་རང་རང་གི་མིང་ནས་མ་སྨོས་པར་ཀུན་ཏུ་སྤྱད་པ་རུང་བ་དག་བགྱིད་པར་ཞུ་ཞེས་བརྗོད་པ་དེ་ཆོས་ཅན། བྱ་བ་ཞུ་བའི་ཚུལ་ལུགས་མ་ཡིན་ཏེ། བྱ་བ་རུང་མི་རུང་ཐེ་ཚོམ་ཆོད་པའི་དགོས་པ་མི་འགྲུབ་པའི་ཕྱིར་རོ། །དེས་ན་བྱ་བ་རྣམས་རང་རང་གི་མིང་གིས་སྨོས་ཏེ་ཞུ་བ་ཡིན་ནོ། །དེ་ཡང་བླ་མ་ལ་ཕྱག་འཚལ་ནས། ཙོག་ཙོག་པོར་འདུག་ཅིང་ཐལ་མོ་སྦྱར་ཏེ་བྱ་བ་ཞུ་བར་བྱའོ། །བག་ཡོད་པར་སྒྲུབས་ཤིག་ཅེས་བླ་མས་གནང་བར་བྱའོ། །

དྲུག་པ་དུས་ནམ་གྱི་ཚེ་ཞུ་བ།

དྲུག་པ་དུས་ནམ་གྱི་ཚེ་ཞུ་བ་ནི།

བྱ་བ་ནར་མ་རྣམས་ཞུ་བ་དང༌། བྱ་བ་གློ་བུར་བ་ཞུ་བའོ། །དང་པོ་ནི་གནས་དང་གནས་པ་གཉིས་ཀ་རང་བཞིན་གྱི་མཚམས་གཅིག་ན་ཉིན་རེ་ལན་གསུམ་ཞུ། རྒྱང་གྲགས་ཙམ་ན་ཉིན་རེ་ལན་རེ་རྒྱང་གྲགས་ལྔའམ་དྲུག་ཡོད་ན་ཞག་ལྔའམ་དྲུག་གི་མཚམས་ནས་ཞུ། །མཚམས་པོ་ཆེ་གཅིག་གིས་བསྡུས་ཤིང་དཔག་ཚད་ཕྱེད་དང་གསུམ་དག་ན་གསོ་སྦྱོང་གི་ཚེ་ན་འཕྲལ་གྱི་བྱ་བ་ནར་མ་རྣམས་དུས་གཅིག་ཏུ་ཞུ་བ་ཡིན་ནོ། །དེ་ལྟར་ཡང་གཙུག་ལག་ཁང་དེ་ན་འདུག་ན་གནས་པས་ཉིན་པར་ལན་གསུམ་འགྲོ་བར་བྱའོ་ཞེས་པ་ལ་སོགས་པ་གསུངས་སོ། །བྱ་བ་གློ་བུར་བ་ནི་བྱ་བ་དེ་བྱེད་དགོས་ནམ་བྱུང་ན་ཞུ་བའོ། །

བདུན་པ་དམིགས་ཀྱིས་བསལ་བའི་དོན་ལ་གསུམ།

བདུན་པ་དམིགས་ཀྱིས་བསལ་བའི་དོན་ལ་གསུམ་ལས།

དང་པོ་ཡུལ་གྱི་དམིགས་བསལ་ནི་བྱ་བ་ཞུ་བ་དེ་སྤྱིར་བཏང་ལ་གནས་ཀྱི་བླ་མ་ལ་ཞུ་དགོས་ཡང་དམིགས་བསལ་གནས་ཀྱི་བླ་མ་མ་ཡིན་པ་ལ་ཞུས་པས་གོ་ཆོད་པའོ། །དེ་ལ་བཞི་སྟེ་དབྱར་ཕྱི་མ་ཟླ་བ་གཉིས་ཀྱི་ཚེ་ན་གཞོན་ནུ་རྣམས་ཀྱི་ཆེས་རྒན་པ་ལ་ཞུ་བ་སྟེ་མེད་ན་གཞོན་ནུའི་ནང་ནས་ཆེས་རྒན་པ་ལ་ཞུ་ཞེས་པ་དང༌། གནས་ཀྱི་བླ་མ་ས་གཞན་ན་གནས་པའི་ཚེ་གཞན་ལ་ཞུ་བ་དང༌། གནས་པར་བྱ་བའི་ཡུལ་ཉེ་བར་མི་གནས་ན་གཞན་ལ་ཞུ་བ་དང༌། དེ་དག་དང་རྒྱུ་མཚན་མཚུངས་པའི་མདོར་བསྡུས་གཅིག་དང་བཞིའོ། །རྒྱུ་མཚན་ནི་གནས་སྐབས་དེ་ན་བྱ་བ་ཞུ་བའི་ཡུལ་དུ་འོས་པའི་གནས་ཀྱི་བླ་མ་ནི་མེད་ལ། དགེ་སྦྱོང་བླ་མའི་གནས་ལྟ་བུ་ནི་མཚམས་ནང་དེ་ན་ཡོད་པའི་ཕྱིར་རོ། ། གཉིས་པ་རྟེན་གྱི་དམིགས་བསལ་ནི། གནས་པར་འོས་པ་དེས་སྤྱིར་བཏང་ལ་བྱ་བ་རྣམས་ཞུ་དགོས་ཀྱང་གནས་སྐབས་ཀྱི་སྟོབས་ཀྱིས་བྱ་བ་ཞུ་མི་དགོས་པའོ། །དེ་ལ་བརྒྱད་དེ། ལོ་ལྔ་ལོན་ཅིང་ལྷན་ཅིག་སྦྱར་བ་ཐ་མ་དང་ལྡན་པ་ལྗོངས་རྒྱུ་བའི་དུས་དང༌། དབྱར་ཕྱི་མ་ཁས་བླངས་ནས་ཟླ་བ་དང་པོ་གཉིས་ཀྱི་དུས་ན་གནས་ཀྱི་བླ་མ་མེད་ན་གཞོན་ནུའི་ནང་ན་ཆེས་རྒན་པ་དང༌། གནས་ཡོངས་སུ་འཚོལ་བ་ལ་ཞུགས་པ་མ་རྙེད་པ་ཞག་ལྔའི་དུས་དང༌། གློ་བུར་དུ་འོངས་པ་ཉི་མ་དང་པོའམ་གཉིས་པ་ལ་ངལ་གསོ་བའི་དུས་དང༌། ཞག་གཅིག་གནས་གཞན་དུ་ཕྱིན་པ་དང༌། དགེ་འདུན་གྱིས་གནས་ནས་ཕྱུང་བ་དང༌། བླ་མས་གནས་བཀག་པ་དང༌། དེ་དག་དང་རྒྱུ་མཚན་མཚུངས་པའི་མདོར་བསྡུས་གཅིག་དང་བརྒྱད་དོ། །དེ་དག་གི་གཉིས་པས་བྱ་བ་ཞུ་མི་དགོས་པ་ནི། ཊཱི་ཀ་ལས། དངོས་སུ་ན་ཆེས་རྒན་པས་ནི་མ་ཞུས་པར་ཡང་བྱའོ་ཞེས་རྗེས་སུ་གནང་བ་ཡིན་ནོ་ཞེས་གསུངས་ལ།

གསུམ་པས་བྱ་བ་ཞུ་མི་དགོས་པ་ནི།

འགྲེལ་ཆུང་ལས། གནས་བརྟན་འཚོལ་གྱི་བར་དུ་མ་དྲིས་ཀྱང་ཉེས་པ་མེད་དེ། ཞེས་སོ། །དེ་ལྟར་འགྲེལ་བ་ཆེ་ཆུང་གཉིས་ལས། བྱ་བ་ཞུ་མི་དགོས་པར་གསུངས་པ་དེ་གཉིས་དང་རྒྱུ་མཚན་མཚུངས་པའི་ཕྱིར་ན། དང་པོ་དང་བཞི་པ་དང་ལྔ་པ་ལ་ཡང་གནད་ཀྱིས་སྦྱར་རོ། །དྲུག་པས་བྱ་བ་ཞུ་མི་དགོས་པ་ནི། བྱ་བ་ཞུ་བའི་ཡུལ་བྱས་ན་སྤངས་པ་རྗེས་ཕྱོགས་ཀྱི་ལྟུང་བར་འགྱུར་བས་དེ་ལ་བྱ་བ་ཞུ་ཡུལ་མེད་པའི་ཕྱིར་རོ། །བདུན་པས་བྱ་བ་མ་ཞུས་པའི་ཉེས་པ་མི་འབྱུང་སྟེ། བླ་མས་ནི་བྱ་བ་ཞུ་བའི་ཡུལ་མི་བྱེད་ཅིང༌། གཞན་གྱིས་ལེན་པར་བྱེད་ན། ཉེས་པ་སྦོམ་པོར་འགྱུར་པས་དེ་ལ་བྱ་བ་ཞུ་བའི་ཡུལ་མེད་པའི་ཕྱིར་རོ། །མཚོ་ཊཱིཀ་༡༠༦ལས། བདུན་པོ་དེ་དག་ཐམས་ཅད་འདུལ་བ་མདོར་བསྡུས་ཡིན་ལ། དེ་དག་དང་རྒྱུ་མཚན་མཚུངས་པ་གཞན་ལའང་མདོར་བསྡུས་སྦྱར་རོ། །ཞེས་དང༌། དེའི་མཆན་༡༠༦ལས། བརྒྱད་པོ་དེ་དག་ཐམས་ཅད་མདོར་བསྡུས་ཡིན་གྱི་སངས་རྒྱས་ཀྱི་དངོས་སུ་གསུངས་པ་བདུན་དང་མདོར་བསྡུས་དང་བརྒྱད་ཡིན་པ་ཉམས་སུ་མི་སོལ། ཞེས་དེ་བརྒྱད་པོ་མདོར་བསྡུས་སུ་གསུངས་པ་མི་འཐད་པར་ཐལ། ལོ་ལྔ་ལོན་ཅིང་ལྷན་གཅིག་སྦྱར་བ་ཐ་མ་དང་ལྡན་པ་ལྗོངས་རྒྱུ་བའི་དུས་སུ་གནས་ལ་མ་རྟེན་པར་འདུག་རུང་བ་དངོས་བཅས་ཡིན་པའི་ཕྱིར་ཏེ། ལུང་གཞི་ལས། ཀུན་དགའ་བོ། དེ་བས་ན་ལོ་ལྔ་ལོན་ཅིང་ལྷན་གཅིག་སྦྱར་བ་ཐ་མ་དང་ལྡན་པས་གནས་མ་བཅས་པར་ལྗོངས་རྒྱུར་འགྲོ་བར་བྱའོ། །ཞེས་འདུལ་བ་མདོར་བསྡུས་ཀྱི་སྔར་དངོས་སུ་གསུངས་པའི་ཕྱིར་ཟེར་ན་ཞིབ་ཆ་དགོས་སོ། །

གསུམ་པ་བྱ་བའི་དམིགས་བསལ་ནི།

གནས་པར་འོས་པ་དེས་སྤྱིར་བཏང་ལ་བྱ་བ་རྣམས་ཞུ་དགོས་ཀྱང་བྱ་བའི་བྱེ་བྲག་ཞུ་མི་དགོས་པའོ། །དེ་ལ་དགུ་སྟེ་བཤང་བ་དང་གཅི་བ་སོ་ཤིང་འདོར་བ་དང༌། མཚམས་ཀྱི་ཁོངས་སུ་གཏོགས་པའི་མཆོད་རྟེན་ལ་ཞར་བྱུང་གི་ཕྱག་བྱ་བ་དང༌། གཙུག་ལག་ཁང་ནས་འཆག་པ་འབའ་ཞིག་གི་བསམ་པས་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དུ་འགྲོ་བ་དང༌། བྱ་བ་ཞུས་ཏེ་ལས་སུ་བསྐོས་པ་གཞན་བྱུང་བ་དང་དྲུག་ལུང་དང་གཞུང་འདི་ཉིད་ནས་བཤད་དོ། །ཆུ་བཏུང་བ་ཞུ་མི་དགོས་པར་ལུང་དང་འོད་ལྡན་རྩ་འགྲེལ་ལས་བཤད་ཅིང༌། གོས་ཀྱི་རྡུལ་སྤྲུག་པ་ལྟ་བུ་བྱ་བ་ཕྲན་ཚེགས་ཞུ་མི་དགོས་པར་ཊཱི་ཀ་ལས་བཤད་དོ། ། མཆོད་རྟེན་ལ་ཆེད་དུ་དམིགས་ནས་ཕྱག་འཚལ་བ་དེ་ཆོས་ཅན། ཞུ་མི་དགོས་པ་མ་ཡིན་པར་ཐལ། བྱ་བ་ཆེན་པོ་ཡིན་པའི་ཕྱིར་རོ། །རྟགས་དང་ཁྱབ་པ་གཞུང་གིས་གྲུབ་སྟེ། ཊཱི་ཀ་ལས། བྱ་བ་གང་སྦྱོར་བ་ཆེན་པོས་བརྩམས་པ་ནི། ལྷུང་བཟེད་དང་ཆོས་གོས་ཀྱི་ལས་ལ་སོགས་པ་སྟེ། དེ་ནི་མ་ཞུས་པར་མི་བྱའོ། །ཞེས་གསུངས་སོ། །འདོམ་བཞི་བཅུ་རྩ་དགུ། ཞེས་པ་ནི་འགྲེལ་ཆུང་ལས། གཙུག་ལག་ཁང་ར་བས་བསྐོར་ན་ར་བའི་ཕྱི་སྒོ་ནས་གྲོང་དང་ནགས་ལ་སོགས་པ་སབ་སུབ་མེད་ན་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དུ་འཆག་པར་སོང་ན་ཉེས་མེད་ཅེས་ནགས་ལ་སོགས་པ་སབ་སུབ་ཡོད་ན་མི་གནང་བར་འཆད་དོ། །དེ་ལྟར་ན་སྒོས་ཀྱི་དགག་བྱས་བཅས་པ་བཞག་པར་འགྱུར་བས་ཧ་ཅང་ཐལ་ཆེས་པའཽ། །ནད་གཡོག་ཅེས་པ་ནི་ལུང་གཞི་ན་མཁན་པོ་དང༌། སློབ་དཔོན་དག་ན་བར་གྱུར་ན་ཨེ་མའོ་བདག་གིས་ནད་གཡོག་བྱའོ་ཞེའམ་བྱེད་དུ་གཞུག་གོ་ཞེས་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱ་བའཽ། །འགྱོད་པ་བསལ་བ་དང་སྡིག་ལྟ་སྤོང་བའི་སྐབས་སུ། འདུལ་བའི་སྡེ་སྣོད་མི་ཤེས་ན་ནི་གནས་ཀྱི་བླ་མ་བྱར་མི་རུང་བས། གནས་ཀྱི་བླ་མ་སྡེ་སྣོད་འཛིན་པ་ཡིན་པར་ངེས་པ་དེ་ལ། སློབ་མ་སྡེ་སྣོད་འཛིན་པ་ཡིན་པར་མ་ངེས་པ་དེས། ལྟུང་བ་ལས་འགྱོད་པ་བསལ་བ་དང་སྡིག་ལྟ་སྤོང་བ་འགལ་ཞེ་ན། འགྲེལ་ཆུང་ལས། མཁན་པོས་སྔོན་སྡེ་སྣོད་ཤེས་ཤིང་མཁས་པ་ལས་རླུང་ནད་ལ་སོགས་པས་དབང་པོ་ཉམས་ཤིང་མི་དྲན་པར་གྱུར་པ་དེ་ལྟ་བུ་ལ་བྱའོ། །ཞེས་སོ། །ཁྱད་པར་དུ་ཡང་སྡིག་ལྟ་སྤོང་བ་ལ་ནི་མངོན་པའི་སྡེ་སྣོད་གནས་ཀྱི་བླ་མས་མི་མཁྱེན་ཡང་སློབ་མས་ཤེས་པ་ཡང་སྲིད་པས་འགལ་བ་མེད་དོ། །ནན་ཏུར་གྱི་ལས་འདི་ལྟ་བུ་མི་བྱའོ། །ཞེས་གསུངས་ཀྱང་ནན་ཏུར་བྱེད་པ་དེ་ཉེས་པ་ལས་བཟློག་པའི་ཐབས་ཡིན་པས། དེ་དགག་པར་མི་རིགས་སོ་ཞེ་ན། ནན་ཏུར་མ་བྱས་ཀྱང་ཉེས་པ་ལས་བཟློག་པར་འགྱུར་བའི་ཚེ་ན། བླ་མ་ལ་ནན་ཏུར་བྱེད་ན། ནན་ཏུར་བྱེད་པ་དེ་དགག་པར་བསྟན་པའོ། །འོ་ན་གནས་ཀྱི་བླ་མ་སྡེ་སྣོད་འཛིན་པར་ངེས་པ་དེ་ལ་ནན་ཏུར་བྱེད་པར་བཤད་པ་འདི་དང༌། ཕྱིར་བཅོས་ཀྱི་གཞི་ལས་སྡེ་སྣོད་འཛིན་པ་ལ་ནན་ཏུར་བྱེད་ན་སྦོམ་པོར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་སྡེ་སྣོད་འཛིན་པ་ཕྱོགས་དང་འཁོར་མང་པོ་དེ་ལ་ནན་ཏུར་བྱས་ན་དགེ་འདུན་བྱེ་བར་འགྱུར་བའི་དགག་བྱ་ཡོད་པ་ལ་དགོངས་སོ། །དེ་ལྟ་བུའི་དགག་བྱ་མེད་ན་ནི་སྡེ་སྣོད་འཛིན་པ་ལ་ཡང་ཆད་པའི་རྒྱུ་དང་ལྡན་ན་ནན་ཏུར་བྱ་སྟེ། འོད་ལྡན་རྩ་བ་ལས།ཀ་བར་གྱུར་པ་མདོ་སྡེ་འཛིན་གང་དང༌། །དེ་བཞིན་གཞན་ཡང་ཆོ་ག་བཞིན་སྤྱད་བསྐྲད། ། ཅེས་གསུངས་སོ། །བྱས་ན་བཟོད་པར་བྱའོ་ཞེས་པ་ནི་སྐབས་འདི་ཉིད་ཀྱི་ལུང་གཞི་ལས་མཁན་པོ་དང་སློབ་དཔོན་དག་ལ་དགེ་འདུན་གྱིས་ནན་ཏུར་གྱི་ལས་དག་བྱས་པར་གྱུར་ན་དེ་ལ་དགེ་སློང་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ཀྱིས་ཨེ་མའོ་དགེ་འདུན་གྱིས་འདི་ལ་བཟོད་པར་བྱའོ་ཞེས་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱ་བའོ། །རང་གི་རྣམ་བཤད་ལས་ཀྱང༌། བྱས་ན་བཟོད་པར་བྱའོ་ཞེས་བྱ་བ་ནི་ནན་ཏུར་གྱི་ལས་བྱས་པ་ལ་ཨེ་མའོ་དགེ་འདུན་གྱིས་འདི་ལ་བཟོད་པར་བྱ་ཞེས་བྱའོ། །ཞེས་གསུངས་སོ། །སྤོ་བ་དང་ཞེས་པ་ནས་དབྱུང་བར་བྱའོ་ཞེས་གནས་ཀྱི་བླ་མ་སྡེ་སྣོད་འཛིན་པ་ལ་ལྷག་མའི་ལྟུང་བ་བྱུང་ན་སྤོ་མགུ་དབྱུང་བ་བྱ་བར་བཤད་པ་འདི་དང༌། ཕྱིར་བཅོས་ཀྱི་གཞི་ལས་མདོ་སྡེ་འཛིན་པས་ནི་གཅིག་གི་མདུན་དུ་བཤགས་པས་ལྷག་མ་འདག་གོ །ཞེས་བཤད་པ་དང་འགལ་ཞེ་ན། སྡེ་སྣོད་འཛིན་པ་ཡིན་ཡང་སྤོ་མགུ་སྤྱད་པ་མ་བྱས་ན་ཕྱིན་ཆད་རྒྱུན་སྡོམ་པ་ལ་སོགས་པ་ཕྱིར་བཅོས་ཀྱི་བསམ་པ་མཚན་ཉིད་པ་མི་སྐྱེ་ན་སྤོ་མགུ་དབྱུང་བ་དགོས་ལ། བསམ་པ་དེ་སྐྱེ་ན་སྡེ་སྣོད་འཛིན་པས་སྤོ་མགུ་དབྱུང་བ་མི་དགོས་པ་སྟེ། བསམ་པས་ལྟུང་བ་ལས་ལྡང་གི་ཆད་པའི་ལས་ཀྱིས་མ་ཡིན་ནོ། །ཞེས་གསུངས་སོ། ། སློབ་མས་བླ་མའི་བྱ་བ་བསྒྲུབ་པར་གསུངས་པ་ནི། བླ་མས་བྱ་བ་དེ་འགྲུབ་པར་ནུས་ཀྱང་སློབ་མས་བསྒྲུབ་པར་བྱ་བ་ཡིན་ལ། བླ་མས་སློབ་མའི་བྱ་བ་བསྒྲུབ་པར་གསུངས་པ་ནི་སློབ་མས་བྱ་བ་དེ་འགྲུབ་པར་མི་ནུས་ན་བླ་མས་བསྒྲུབ་པར་བྱ་བ་ཡིན་པས་སོ། །

གཉིས་པ་གནས་པ་དང་གནས་ཀྱི་ཁྱད་པར་བཤད་པ།

གཉིས་པ་གནས་པ་དང་གནས་ཀྱི་ཁྱད་པར་བཤད་པ་ལ།

གནས་པའི་ཁྱད་པར་གྱི་ཡན་ལག་བསྟན་པ་དང་གནས་ཀྱི་ཁྱད་པར་གྱི་ཡོན་ཏན་བསྟན་པ་དང་གཉིས་ལས། དང་པོ་ལ། རྩ་བར། བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པར་མཁན་པོ་ཉིད་དང་གནས་ཉིད་དང་མི་གནས་པར་འདུག་པར་མི་བྱའོ། །འོག་ནས་འབྱུང་བ་དག་ལས་ལྷན་ཅིག་སྦྱར་བ་གང་དང་མི་ལྡན་པས་ནི་མ་ཡིན་ནོ། །ཞེས་སོ། །འདིའི་དོན་བཤད་པ་ལ། གནས་པ་སློབ་མའི་རང་བཞིན་ངེས་པར་བྱ་བ་དང༌། ལོ་བཅུ་ལོན་པའི་རང་བཞིན་ངེས་པར་བྱ་བ་དང་གཉིས། དང་པོ་གསུམ་ལས། འདུལ་བའི་སྐབས་འདི་ནས་བཤད་པའི་གནས་པའི་མཚན་ཉིད་ནི། ཆོས་འདི་པའི་རབ་ཏུ་བྱུང་བ་གང་ཞིག་རང་གི་གནས་ཀྱི་བླ་མ་ལ་གུས་པར་བྱེད་པ་པོར་འོས་པའོ། ། གཉིས་པ་གནས་པར་འོས་པའི་མཚན་ཉིད་ནི། བསྙེན་རྫོགས་ཀྱི་སྡོམ་པ་བརྟན་པའི་ཡན་ལག་གི་ལོ་གྲངས་ལོན་པ་དང་འདུལ་བ་ཤེས་པ་གཉིས་ཚོགས་མ་ཡིན་པ་གང་ཞིག་རང་སངས་རྒྱས་ལས་དམན་ཞིང་ད་ལྟར་གྱི་ཆོ་ག་བཅས་ནས་ཆོས་འདི་པའི་རབ་བྱུང་ཡིན་པའོ། །ཞེས་པས་སྔོན་ཆོག་གི་དགེ་སློང་ཁ་ཅིག་དང་མུ་སྟེགས་ཀྱི་རབ་ཏུ་བྱུང་བ་དང་ཁྱིམ་པ་རྣམས་སེལ་ལོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །བསྙེན་རྫོགས་ཀྱི་སྡོམ་པ་བརྟན་པའི་ཡན་ལག་གི་ལོ་གྲངས་ནི། དགེ་སློང་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་དང༌། དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་ལོན་པའོ། །

གསུམ་པ་གནས་པ་སློབ་མའི་ཁྱད་པར་གྱི་ཡོན་ཏན་ནི།

བླ་མ་ལ་གུས་ཚུལ་ཁྲིམས་ཡོངས་དག་དང༌། །བསམ་གཏན་དང་ནི་འདོན་ལ་རྟག་བརྩོན་དང༌། །གྲིམས་ཤིང་དུལ་ལ་བཟོད་དང་ལྡན་པ་ནི། །སྡོམ་བརྩོན་གནས་པའི་ཆོས་ལྡན་ཤེས་པར་བྱ། །ཞེས་སོ། ། གཉིས་པ་ལོ་བཅུ་ལོན་པའི་རང་བཞིན་ངེས་པར་བྱ་བ་ལ་གསུམ་ལས། དང་པོ་ལོ་བཅུ་ལོན་པའི་ཕན་ཡོན་ནི་བཙུན་ཞིང་མཁས་པའི་ཡན་ལག་གཞན་ཚང་གི་དབང་དུ་བྱས་ནས། བསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་ལོན་པ་ཡིན་ན་ཕན་ཡོན་གསུམ་འབྱུང་བ་ཡིན་ཏེ། མཁན་པོ་བྱར་རུང༌། གནས་ཀྱི་སློབ་དཔོན་བྱར་རུང༌། རང་གནས་མེད་དུ་འདུག་ཏུ་རུང་བའོ། །

གཉིས་པ་ལོ་བཅུ་མ་ལོན་པའི་ཉེས་དམིགས་ནི།

བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་མ་ཡིན་ན་ཕན་ཡོན་གསུམ་པོ་དེ་དག་མི་འབྱུང་སྟེ་ལྡོག་པར་ངེས་པའོ། །འདིར་རྒྱུ་མཚན་སྦྱར་བ་ནི། དགེ་སློང་བསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་ལོན་པ་ཆོས་ཅན། ཕན་ཡོན་གསུམ་འབྱུང་བའི་ཡན་ལག་ཡིན་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་བརྟན་པའི་ཡན་ལག་ཏུ་གྱུར་པའི་ལོ་གྲངས་ཚང་བ་ཡིན་པའི་ཕྱིར། དཔེར་ན་དགེ་སློང་མ་བསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་གཉིས་ལོན་པ་བཞིན་ནོ། །དགེ་སློང་བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པ་ཆོས་ཅན། ཕན་ཡོན་གསུམ་འབྱུང་བའི་ཡན་ལག་མ་ཚང་བ་ཡིན་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་བརྟན་པའི་ཡན་ལག་ཏུ་གྱུར་པའི་ལོ་གྲངས་མ་ཚང་བའི་ཕྱིར། དཔེར་ན་དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་བར་མ་ཆད་དུ་མ་ལོན་པ་བཞིན་ནོ། །དེ་བཞིན་དུ་འདུལ་བའི་བཅས་པ་གཞན་རྣམས་ལ་ཡང་རྒྱུ་མཚན་ཅི་རིགས་སུ་རིགས་པས་སྦྱར་རོ། །སྐབས་འདིར་མཚོ་ཊཱིཀ་༡༡༠ལས། འདིར་སྔ་རབས་པ་ཁ་ཅིག་འདུལ་བ་ལ་རྒྱུ་མཚན་སྦྱོར་བ་མི་འཐད་ཅེས་འཆད་ཀྱང༌། འདུལ་བ་ལ་རྒྱུ་མཚན་སྦྱར་དུ་རུང་སྟེ། རྒྱུ་མཚན་ལུང་དང་བསྟན་བཅོས་ལས་བཤད་པས་གྲུབ་བོ། །དེ་ཡང་ལུང་རྣམ་འབྱེད་ལས། བསླབ་པ་བཅས་པའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ཞེས་དགོས་པའི་རྒྱུ་མཚན་གསུངས་ཤིང༌། གཞན་དག་སྨོད་པར་བྱེད། འཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་ཅེས་ལུང་རྣམ་འབྱེད་ལས། དགག་བྱའི་རྒྱུ་མཚན་གསུངས་པ་དང༌། འདི་ཉིད་ལས། ཉའི་ཞག་ལ་སོགས་པ་ལྔ་སྨོས་ནས། དེ་དག་ནི་ནད་པ་ལ་ཕལ་ཆེར་སྦྱོར་བར་བྱེད་དོ། །ཞེས་པ་དང༌། འོད་ལྡན་ལས། ཅིའི་ཕྱིར་མི་བསད་ན་མཐར་འགྱུར་མི་མ་ཡིན་པ་བསད་ན་སྦོམ་པོར་འགྱུར། དུད་འགྲོ་བསད་ན་ལྟུང་བྱེད་དུ་འགྱུར་ཞེ་ན། མི་རྣམས་ནི་གཙོ་བོ་ཡིན། མི་མ་ཡིན་ནི་འབྲིང་ཡིན། དུད་འགྲོ་རྣམས་ནི་ཐ་ཆད་ཡིན་པས་ལྟུང་བ་ཐ་དད་པར་ཁོང་དུ་ཆུད་པར་བྱའོ། །ཞེས་དང༌། ཊཱི་ཀ་ལས། ཡང་ཡང་ཟ་བའི་ལྟུང་བྱེད་ཀྱང་དགེ་སློང་མ་རྣམས་ལ་རྣམ་པར་མི་བཞག་སྟེ། དགེ་སློང་མ་རྣམས་ནི་ཤས་ཆེར་མཆོད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་དེ་དག་ལ་དེ་འབྱུང་དཀའ་བའི་ཕྱིར་རོ། །ཞེས་གསུངས་སོ། །འདུལ་བ་ལ་རྒྱུ་མཚན་མི་སྦྱོར་ན་འདུལ་བ་མདོར་བསྡུས་གསུངས་པ་དང་འགལ་ཏེ། འདུལ་བ་མདོར་བསྡུས་ནི་དངོས་སུ་གསུངས་པའི་རྒྱུ་མཚན་རྗེས་སུ་མཐུན་པ་ལ་སྦྱར་བ་སྟེ། གང་ཞིག་གནང་མེད་དེ་བཞིན་བཀག་མེད་པ། །དེ་ནི་གསུངས་པའི་རྗེས་མཐུན་བརྟགས་ཏེ་སྦྱར། །ཞེས་གསུངས་པས་སོ། །ཞེས་འདུལ་བ་ལ་རྒྱུ་མཚན་སྦྱར་དུ་ཡོད་པར་མཚོ་ཊཱིཀ་ལས་གསུངས་སོ། །

གསུམ་པ་ལོ་བཅུ་ལོན་པ་ལྔ་ཚན་ལ་ངེས་གཟུང་དུ་ཡོད་པའི་ཚུལ་ལ་གསུམ་ལས། དང་པོ།

གསུམ་པ་ལོ་བཅུ་ལོན་པ་ལྔ་ཚན་ལ་ངེས་གཟུང་དུ་ཡོད་པའི་ཚུལ་ལ་གསུམ་ལས། དང་པོ།

ལྔ་ཚན་དང་པོའི་ཡན་ལག་ཁ་སྐོང་ཡིན་པར་སྟོན་པ་ནི། དོན་ཉེ་བ་ན་ཡོད་པ་དེ་ཡན་ལག་ཏུ་བགྲང་སླ་བའི་ཕྱིར་ཏེ། ཊཱི་ཀ་ལས། ལོ་བཅུ་ལོན་པ་འདི་ནི་ལྔ་པ་དང་པོའི་ཡན་ལག་ལྔ་པ་ཡིན་པར་རིག་པར་བྱ་སྟེ། ཞེས་སོ། །དེ་ནི་ལུང་གཞི་ལས། ཡན་ལག་དང་པོ་ཡིན་པར་གསུངས་ལ། གཞི་འགྲེལ་ལས་ཀྱང༌། བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པའམ་ལྷག་པ་སྟེ།དེ་ནི་འདིར་ལྔ་པ་དང་པོའི་ཡན་ལག་དང་པོ་ཡིན་ཏེ། ཞེས་སོ། ། གཉིས་པ་ལྔ་ཚན་ལྷག་མ་རྣམས་ཀྱི་ཡུལ་ཡིན་པར་སྟོན་པ་འདི་ལྔ་ཚན་དང་པོ་མ་གཏོགས་པ་ལྔ་ཚན་གཞན་རྣམས་ཀྱི་གཞི་ཡིན་པར་སྟོན་ཏེ། དབང་དུ་བྱས་པའི་ཚུལ་གྱིས་སྦྱོར་བའི་ཕྱིར་དཔེར་ན་ལུང་ལས་ཕམ་པ་དང་པོའི་སྐབས་སུ་བསླབ་པའི་ཡན་ལག་བསྟན་པ་བཞིན་ནོ། །ཊཱི་ཀ་ལས། དེ་ལྔ་པ་ལྷག་མ་རྣམས་ཀྱི་ནི་ཡུལ་ཡིན་པར་སྟོན་ཏེ། ཞེས་སོ། །གསུམ་པ་སློབ་པ་དང་མི་སློབ་པའི་སྐབས་སུ་འདུལ་བ་ཤེས་པ་ཉིད་དུ་སྟོན་པ་ནི། འོག་ཏུ་འཆད་དོ། །

གཉིས་པ་གནས་ཀྱི་ཁྱད་པར་གྱི་ཡོན་ཏན་བསྟན་པ།

གཉིས་པ་གནས་ཀྱི་ཁྱད་པར་གྱི་ཡོན་ཏན་བསྟན་པ་ནི།

རྩ་བར། ནད་གཡོག་དང་འགྱོད་པ་བསལ་བ་དང༌། ཞེས་སོ། །འདིའི་དོན་ལ་གཉིས་ཏེ། གནས་ཀྱི་བླ་མའི་མཚན་ཉིད་དང༌། ལྔ་ཚན་གྱི་རང་བཞིན་ངེས་པར་བྱ་བའོ། །དང་པོ་གནས་ཀྱི་བླ་མའི་མཚན་ཉིད་ནི། རང་གི་གནས་པ་ལ་ལྟོས་ནས་དངོས་སུ་ཆོས་འབྲེལ་གྱི་ཡུལ་ཁྱད་པར་ཅན་ཉིད་དུ་གནས་པའོ། །གནས་ཀྱི་བླ་མ་ལ་གཉིས་ཏེ། མཁན་པོ་དང་གནས་ཀྱི་སློབ་དཔོན་ནོ། །དེ་ཡང་ཆོས་བཞི་དང་ལྡན་ན་མཁན་པོ་དང་གནས་ཀྱི་སློབ་དཔོན་བྱར་རུང་སྟེ། བཙུན་པ་དང༌། བརྟན་པ་དང༌། མཁས་པ་དང༌། ཕན་འདོགས་ཀྱི་ཡན་ལག་དང་ལྡན་པའོ། །དེ་ཡང་བཙུན་པའི་ཡན་ལག་ནི། བསྙེན་རྫོགས་ཀྱི་སྡོམ་ལྡན་ཕམ་པས་མ་གོས་ཤིང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམ་པ་དེ་ཡིན་ཏཻ། ལུང་རྣམ་འབྱེད་གཅིག་ལས་འཕྲོས་པ་དང་འོད་ལྡན་ལས། ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་ཕམ་པའི་ལྟུང་བ་བཞི་པོ་རྣམས་ལས་གང་ཡང་རུང་བ་མ་བྱུང་བའོ། ཞེས་དང༌། མཛོད་ལས། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །ཞེས་པ་ལྟར་ཊཱི་ཀ་ལས། ཚུལ་ཁྲིམས་དང་ལྡན་པ་ནི་འཆལ་པའི་ཚུལ་ཁྲིམས་ཀྱི་སྐབས་མེད་པའི་ཕྱིར། ཞེས་གསུངས་པ་ལྟར་རོ། །དེའང་ཁ་ཅིག་གིས་འགྲེལ་ཆུང་ལས། ཚུལ་ཁྲིམས་དང་ལྡན་པ་ནི་ཕམ་པ་དང་ལྷག་མ་རྣམས་ཀྱིས་མ་ཉམས་པ་སྟེ། ཞེས་ཕམ་ལྷག་གིས་མ་གོས་པ་ལ་བཤད་ཀྱང༌། དེ་མི་འཐད་དེ། བཅས་པའི་ཁ་ན་མ་ཐོ་བ་ཁང་ཆེན་གྱི་ལྷག་མ་ལྟ་བུས་གོས་ཀྱང་འཆལ་བའི་ཚུལ་ཁྲིམས་སུ་མི་འགྱུར་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་དུད་འགྲོ་གསོད་པའི་ལྟུང་བྱེད་ལྟ་བུས་གོས་ན་ཡང་འཆལ་བའི་ཚུལ་ཁྲིམས་སུ་འགྱུར་བའི་ཕྱིར་ཏེ། མཛོད་ལས། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །ཞེས་བཤད་དོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །དེ་ལ་འོ་ན་རང་བཞིན་གྱི་ཁ་ན་མ་ཐོ་བའི་སྡིག་བསགས་ན་ཚུལ་ཁྲིམས་འཆལ་དགོས་པར་ཐལ། མཛོད་ཀྱི་ལུང་དེའི་སྒྲུབ་ཚུལ་འཐད་པའི་ཕྱིར། རྟགས་དོན་གྱིས་ཁས། འདོད་ན། ཤེས་བཞིན་གྱི་རྫུན་བཤད་པའི་དགེ་སློང་དེ་ཆོས་ཅན། ཚུལ་ཁྲིམས་འཆལ་བ་ཡིན་པར་ཐལ། རང་བཞིན་གྱི་ཁ་ན་མ་ཐོ་བའི་སྡིག་བསགས་པའི་ཕྱིར། འདོད་ན། གནས་ནས་དབྱུང་དགོས་པར་ཐལ། ཚུལ་ཁྲིམས་འཆལ་བའི་དགེ་སློང་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་བར། ཚུལ་ཁྲིམས་འཆལ་བ་བསྐྲད་པར་བྱའོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། ཤེས་བཞིན་གྱི་རྫུན་བཤད་ན་ཚུལ་འཆལ་ཡིན་པས་མ་ཁྱབ་ཟེར་ན་སྲས་སྒྲ་གཅན་འཛིན་གྱིས་ཤེས་བཞིན་གྱི་རྫུན་བཤད་པ་ལ། ལུང་རྣམ་འབྱེད་ལས། ལྕགས་གོང་མེ་ལྕེ་འབར་བ་དག །ཟོས་པར་གྱུར་བ་མཆོག་ཡིན་གྱི། །ཚུལ་འཆལ་ཡང་དག་མི་སྡོམ་པས། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །ཞེས་གསུངས་པ་དང༌། མཚོ་ཊཱིཀ་དུ་༩༡༧ལུང་དེ་བཀོད་ནས་ཚུལ་ཁྲིམས་འཆལ་བས་དད་རྫས་ལོངས་སྤྱོད་ན་ལྕགས་སྲེགས་འབར་བའི་ཚུལ་གྱིས་ལོངས་སྤྱོད་པར་ཡིན་པར་གསུངས་པ་དེ་དག་ལ་དཔྱད་པར་བྱའོ། །རིན་ཕྲེང་ལས་འགྲེལ་ཆུང་བཞིན་འཆད་ལ། བུ་སྟོན་གྱི་མདོ་རྩའི་རྣམ་པར་འབྱེད་པ་ལས། ཕམ་པས་མ་གོས་ཤིང་བསླབ་པའི་སྒོ་ཕྲན་ཚེགས་ཡང་སྡོམ་པར་སེམས་པ་ལ། ཚུལ་ཁྲིམས་དང་ལྡན་པར་གསུངས་སོ། །སྒོ་མང་ཡིག་ཆར་ཚུལ་ཁྲིམས་དང་ལྡན་པ་རབ་ན་ཕམ་ལྷག་གང་གིས་མ་གོས་པ་དང༌། ཐ་ན་ཕམ་པས་མ་གོས་བ་ལ་བཤད་དོ། །བརྟན་པའི་ཡན་ལག་ནི། བསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་ལོན་པའོ། །མཁས་པའི་ཡན་ལག་ནི་འདུལ་བ་ཤེས་པའོ། །ཕན་འདོགས་ཀྱི་ཡན་ལག་ནི། ཆོས་བཅུ་གཉིས་ཏེ། སྙིང་རྗེ་བཟོད་ལྡན་ནང་འཁོར་དག་པ་དང༌། །ཕན་འདོགས་གཉིས་བརྩོན་མཚན་མཐུན་ལྟ་བ་མཐུན། །སྨྲ་ཤེས་དོན་གོ་ཤེས་པ་རང་བཞིན་གནས། །ལུས་ནི་ཐ་མལ་ས་ནི་རང་བཞིན་གནས། །ཞེས་གཟུང་ངོ༌། །བཅུ་གཉིས་པོ་དེ་དག་ལས་དང་པོ་ལྔའི་སྒྲུབ་བྱེད་ནི། ནད་གཡོག་དང་ཞེས་པའི་ཊཱི་ཀ་ལས། ནད་གཡོག་ཅེས་བྱ་བ་འདིས་ནི་སྙིང་རྗེ་དང་ལྡན་པ་ཉིད་དང་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་ཉིད་བསྟན། ཞེས་དང༌། སུམ་བརྒྱ་པ་ལས། ནད་པ་སྙིང་བརྩེ་འཁོར་ནི་དག་པ་དང༌། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་དང༌། །ཞེས་གསུངས་སོ། །མཚན་མཐུན་པ་ལ་སོགས་པ་བཞིའི་སྒྲུབ་བྱེད་ནི། མཚན་དང་ལྟ་བ་ཁས་བླངས་པ་དག་གིས་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་སོ། །ཞེས་དང༌། སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ་ཞེས་པ་དང་རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ། །ཞེས་པ་གོ་རིམ་བཞིན་ནོ། །ཤེས་པ་རང་བཞིན་དུ་གནས་པ་དགོས་པ་ནི། ལུང་ཞུ་བ་ལས། མཁན་པོ་སྨྱོན་པས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འདས་པ་དང་བཅས་པའོ་ཞེས་ཉེས་བྱས་བསྐྱེད་པར་གསུངས་པའོ། །ལུས་ཐ་མལ་དུ་གནས་པ་དགོས་པ་ནི་ལུང་ཞུ་བ་ལས་བལ་འཁུར་བ་ལ་སོགས་པའི་ལྟུང་བ་བསྐྱེད་པ་ལ། རྟེན་སྤྲུལ་པ་མ་ཡིན་པ་དགོས་པར་གསུངས་པའི་གནད་ཀྱིས་སྦྱར་རོ། །ས་རང་བཞིན་དུ་གནས་པ་དགོས་པ་ནི། ས་གཞན་ན་གནས་པ་ཡིན་ན་མཁན་པོ་བྱེད་པ་ལ་སོགས་པ་ཁྱད་པར་ཅན་གྱི་སྤྱོད་པ་སྤོང་དགོས་པའི་ཕྱིར་རོ། །དེ་རྣམས་རེ་རེ་ནས་བགྲངས་ན་ཆོས་བཅོ་ལྔ་དང་ལྡན་ན་མཁན་པོ་བྱར་རུང་ཞིང་གནས་ཀྱི་སློབ་དཔོན་ཡང་ངོ༌། ། གཉིས་པ་ལྔ་ཚན་གྱི་རང་བཞིན་ངེས་པར་བྱ་བ་ལ་བདུན་ལས། དང་པོ་ལྔ་ཚན་གྱི་དབྱེ་བ་ནི་ལུང་གཞི་ལས། ལོ་བཅུ་ལོན་དང་འཛིན་དང་མཁས། །རིག་དང་གསལ་དང་འཛིན་འཇུག་དང༌། །སློབ་དང་སློབ་འཇུག་རྣམ་གཉིས་དང༌། །ཕུན་སུམ་ཚོགས་གཉིས་རྣམ་པ་གསུམ། །སློབ་དང་མི་སློབ་བྱུང་ཤེས་དང༌། །གནས་འཆའ་འཆར་འཇུག་ལྟུང་བ་ཤེས། །ལྷོ་ཡི་རི་ལ་རྒྱུ་བ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ཞེས་གསུངས་པ་བཞིན་དབྱེའོ། །གཉིས་པ་ལྔ་ཕྲུགས་སོ་སོའི་ཡན་ལག་གི་ངོས་འཛིན་འཆད་པ་ཉེར་གཅིག་ལས། དང་པོ་ལོ་བཅུ་ལོན་པའི་ལྔ་བ་ནི། རྩ་བར། ནད་གཡོག་དང་འགྱོད་པ་བསལ་བ་དང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤང་བ་དང་གནས་མངོན་པར་མི་དགའ་བ་དོར་པ་དག་ལ་བྱེད་དམ་བྱེད་དུ་འཇུག་ནུས་པའོ། །ཞེས་ནད་གཡོག་དང་ཞེས་པ་ལ་སོགས་པ་ལྔ་ཚན་དུ་བགྲང་བ་ན་ལོ་བཅུ་ལོན་པ་འདིས་ལྔ་ཚན་དང་པོའི་གྲངས་ཀྱི་ཁ་སྐོང་བྱེད་ལ། ལྔ་ཚན་གཞན་རྣམས་ལ་འདིས་གྲངས་ཀྱི་ཁ་སྐོང་མི་བྱེད་པ་ཅིའི་ཕྱིར་སྙམ་ན། ལྔ་ཚན་དང་པོ་ལ་འདིས་གྲངས་ཀྱི་ཁ་སྐོང་མ་བྱས་ན་ལྔ་ཚན་དུ་མི་ཚང་ལ། ལྔ་ཚན་གཞན་རྣམས་ལ་༡ལོ་བཅུ་ལོན་པ་དངོས་སུ་བགྲང་ན་དྲུག་ཚན་དུ་འགྱུར་ཞིང༌། དེ་ལྟར་ན་གདུལ་བྱ་ལྔ་ཚན་ལ་དགའ་བ་རྣམས་མི་ཚིམ་པའི་ཕྱིར་རོ། །ཊཱི་ཀ་ལས། ༢ནད་གཡོག་བྱེད་ནུས་ཞེས་པ་འདིས་སྙིང་རྗེ་དང་བཟོད་པ་གཉིས་བསྟན་ཞེས་བཤད་ཅིང༌། འགྲེལ་ཆུང་ལས་ནི་སྙིང་རྗེ་ཆེ་བ་དང་ཡི་རང་ཞིང་སྨན་དཔྱད་མཁས་པ་ལ་བྱ། ཞེས་གསུངས་སོ། །དེ་དག་ཐམས་ཅད་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་པར་འཐད་དོ། །༣འགྱོད་པ་བསལ་ཞེས་པའི་ཊཱི་ཀ་ལས། འདིས་ནི་འདུལ་བ་ལ་གནས་པའི་དོན་ཉིད་བསྟན། ཞེས་གསུངས་སོ། །འདིས་ལྔ་ཚན་འདིའི་འདུལ་བ་ཤེས་པ་བསྟན་ཏོ། །༤སྡིག་ལྟ་སྤང་བ་ཞེས་པའི་ཊཱི་ཀ་ལས། འདིས་ནི་ཆོས་མངོན་པ་ལ་མཁས་པ་ཉིད་བསྟན་ཏོ། །ཞེས་སོ། །༥གནས་མངོན་པར་མི་དགའ་བ་འདོར་བ། ཞེས་པའི་གནས་ནི་ཡུལ་ཕྱོགས་ཏེ། ལུང་གཞི་ལས། ཕྱོགས་གང་དུ་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་མངོན་པར་མི་དགའ་ན་དེ་འདོར་བའམ་འདོར་དུ་འཇུག་ནུས་པ་སྟེ། ཞེས་དང༌། ལུང་གཅིག་ལས་འཕྲོས་པ་ལས། ལྷན་ཅིག་གནས་པ་དང་ཉེ་གནས་ཡུལ་དེར་གནས་པར་མི་དགའ་ན་ཡུལ་གཞན་དུ་གཏོང་བར་ནུས་པ་ཡིན། ཞེས་དང༌། ཊཱི་ཀ་ལས། གནས་མངོན་པར་མི་དགའ་བ་འདོར་བ་འདིས་ནི་བསམ་པ་ཤེས་པ་ཉིད་བསྟན་ཏོ། །ཞེས་གསུངས་པས་སོ། །དེ་ནི་ལས་གྲུབ་པ་ལས། ཕྱི་རོལ་སྤྱོད་པའི་འགྱུར་བ་དག་གིས་ནི། །སྐྱེས་བུའི་སྙིང་ལ་གནས་པའི་བསམ་པ་སྟོན། །མཚོ་ན་གནས་པའི་ཉ་ནི་རབ་གབ་ཀྱང༌། །ཆུ་ཡི་རླབས་ཀྱི་འགྱུར་བ་རྣམས་ཀྱིས་སྟོན། །ཞེས་བཤད་པ་ལྟ་བུའོ། །བྱེད་དུ་འཇུག་ནུས་པ་ནི། ནད་གཡོག་ལ་སོགས་པ་བཞི་པོ་དེ་དག་རང་གིས་བྱེད་ནུས་པའི་སྟེང་དུ་གཞན་བྱེད་དུ་འཇུག་པའི་མཐུ་ཡོད་པའོ། །ཊཱི་ཀ་ལས། བཞི་པོ་དེ་དག་རང་གིས་བྱེད་པའི་མཐུ་མེད་ན་གཞན་བྱེད་དུ་གཞུག་པའི་མཐུ་ཡོད་དུ་ཟིན་ཀྱང་དེས་གསུམ་པོ་དེ་དག་མི་བྱ་སྟེ། ཞེས་སོ། །དེའང་འགྱོད་པ་བསལ་བ་རང་གིས་བྱེད་ནུས་པ་མེད་དེ་འདུལ་བ་ཤེས་པ་མེད་ན་ནི། ཊཱི་ཀ་ལས། འདུལ་བ་ལ་གནས་པའི་དོན་ཉིད་ཅེས་བྱ་བའི་ཡན་ལག་བཟླ་བར་བྱ་བ་མ་ཡིན་པ་དེ་ལས་བཟླས་པར་འགྱུར་རོ། །ཞེས་སོ། །འོ་ན་རང་གིས་བྱེད་ནུས་པ་ངེས་གཟུང་དུ་དགོས་ན། གཞན་བྱེད་དུ་འཇུག་ནུས་པ་སྨོས་པ་ཅིའི་ཕྱིར་ཞེ་ན། ཊཱི་ཀ་ལས། ལ་ལ་འདུལ་བ་ནི་ལ་ལས་ནུས་ཀྱི་ཐམས་ཅད་ཀྱིས་ཐམས་ཅད་ནུས་པ་མ་ཡིན་པས། ཞེས་གསུངས་སོ། །ཐུན་མོང་བ་དབང་དུ་བྱེད་པའི་མདོ་ནི་སྦྱར་རོ་ཞེས་གཞིར་བྱའོ། །གང་ལ་སྦྱར་ན་གཞུང་འདི་མན་ཆད་རྩ་བར། སློབ་པ་ཉིད་ཡན་ཆད་ལྔ་པ་མ་ཡིན་པ་ལ། ཞེས་ཐམས་ཅད་དུའམ་ཞེ་ན། ལྔ་ཚན་དུ་ཚང་ཟིན་པ་མ་ཡིན་པའི་ཡན་ལག་གཞི་འཛིན་པ་རྣམས་ལ་སྦྱར་རོ། །གང་སྦྱར་ན་ཚུལ་ལྡན་དང་མང་ཐོས་གཉིས་སྦྱོར་རོ། ། ཚུལ་ལྡན་གྱི་ཚད་ནི་མཚོ་ཊཱིཀ་ལས། འདིར་ཚུལ་ཁྲིམས་དང་ལྡན་པའི་ཚད་ནི་དགེ་སློང་ཕམ་པས་མ་གོས་ཤིང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམ་པ།ཞེས་གསུངས་ལ་གོང་དུ་བཙུན་པའི་ཡོན་ཏན་བཤད་སྐབས་སུ་ཅུང་ཟད་བཤད་ཟིན་ཏོ། །མང་དུ་ཐོས་པ་ནི། ཡན་ལག་ཟླ་བོས་གང་མ་ཐོས་པའི་ཆོས་མང་དུ་ཐོས་པའོ། །དེའང་སྡེ་སྣོད་མངོན་པར་ཤེས་པ་ཉིད་དོ་ཞེས་པའི་སྐབས་སུ་སྒྲ་དང་ཚད་མ་ལ་སོགས་པ་མང་དུ་ཐོས་པའོ། །ལྷག་པའི་སྤྱོད་པ་དང་འདུལ་བ་དང་ཞེས་པའི་སྐབས་སུ་ནི་མདོ་སྡེ་དང་མངོན་པ་ལ་སོགས་པ་མང་དུ་ཐོས་པའོ། །

གཉིས་པ་སྡེ་སྣོད་གསུམ་འཛིན་གྱི་ལྔ་བ།

གཉིས་པ་སྡེ་སྣོད་གསུམ་འཛིན་གྱི་ལྔ་བ་ནི།

རྩ་བར། སྡེ་སྣོད་མངོན་པར་ཤེས་པ་ཉིད་དོ། །ཞེས་གསུངས་ལ། དེའི་དོན་ནི། འཛིན་པ་ནི་ཚིག་དོན་གཉིས་ཀ་འཛིན་པ་སྟེ། འགྲེལ་ཆུང་ལས་སྡེ་སྣོད་གསུམ་འཛིན་པ་སྟེ་ཁ་ཏོན་དུ་ཤེས་པའོ། །ཞེས་སོ། །ཊཱི་ཀ་ལས། མདོ་སྡེ་ལ་སོགས་པ་གཟུང་བ་མི་བརྗེད་པ་ནི་འཛིན་པའོ། །ཞེས་སོ། །གསུམ་པ་སྡེ་སྣོད་གསུམ་མཁས་ཀྱི་ལྔ་བ་ནི། ཊཱི་ཀ་ལས། སྡེ་སྣོད་གསུམ་ཕན་ཚུན་འབྲེལ་བས་འདྲེས་པར་གནས་པ་ལ་སོ་སོར་༼འབྱེད་མཁས་ཏེ་མ་འདྲེས་པར།༽གནས་པར་ནུས་པ་ནི་མཁས་པའོ། །ཞེས་གསུངས་སོ། ། བཞི་བ་སྡེ་སྣོད་གསུམ་རིག་གི་ལྔ་བ་ནི། སྡེ་སྣོད་གསུམ་རིག་པ་གསུམ་དང་ཐུན་མོང་གི་མང་ཐོས་ཚུལ་ལྡན་གཉིས་དང་ལྔའོ། །དེ་གསུམ་ལ་ཚད་མ་གསུམ་གྱིས་སོ་སོར་ཤེས་པ་དེ། དེ་གསུམ་རིག་པའི་དོན་ཡིན་ཏེ། ཊཱི་ཀ་ལས། མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་གཉིས་དང་ལུང་གིས་མདོ་སྡེ་ལ་སོགས་པ་སྦྱོར་བ་ནི་རིག་པའོ། །ཞེས་གསུངས་པས་སོ། །ལྔ་བ་སྡེ་སྣོད་གསུམ་གསལ་གྱི་ལྔ་བ་ཡོད་དེ། དེ་གསུམ་གྱི་ཚིག་དོན་མ་འདྲེས་པར་ལུང་རིགས་ཀྱི་གཞན་ལ་འཆད་ནུས་པ་དང༌།ཐུན་མོང་གི་མང་ཐོས་ཚུལ་ལྡན་གཉིས་དང་ལྔ་དེ་ཡིན་པའི་ཕྱིར་ཏེ། ཊཱི་ཀ་ལས། ལུང་དང་རིགས་པ་གཉིས་ཀྱིས་མདོ་སྡེ་ལ་སོགས་པ་སྦྱར་ཏེ་གཞན་ལ་གོ་བར་བྱེད་ནུས་པ་ནི་གསལ་བའོ། །ཞེས་གསུངས་པས་སོ། །མཚོ་ཊཱིཀ་ལས། གསལ་བ་ནི་འགྲེལ་ཆུང་ལས། སྡེ་སྣོད་གསུམ་གསལ་བ་སྟེ་བྱིད་༼མི་གསལ་བ༽པ་དང་ཆད་པ་ལྟ་བུ་ལ་མ་ནོར་བར་སྦྱོར་ནུས་པའོ་ཞེས་སོ། །དེ་ལྟར་ན་ཡང་རུང་སྟེ། ལྔ་པ་རང་དབང་ཅན་དུ་འགྱུར་རོ། ། ཞེས་གསུངས་སོ། །དེས་ན་རྩ་བར། སྡེ་སྣོད་མངོན་པར་ཤེས་པ་ཉིད་དོ། །ཞེས་པས་ལྔ་ཚན་བཞི་བསྟན་ཏེ། ལུང་ལས། མདོ་སྡེ་ལ་སོགས་པ་འཛིན་པ་དང་མཁས་པ་དང་རིག་པ་དང་གསལ་བ་དང༌། ཞེས་དང༌། ཊཱི་ཀ་ལས། མདོ་འདིས་ནི་ལྔ་བ་བཞི་བསྟན་ལ། ཞེས་གསུངས་པའི་ཕྱིར་རོ། །དྲུག་པ་སྡེ་སྣོད་གསུམ་འཛིན་དུ་འཇུག་ནུས་པའི་ལྔ་བ་ཡོད་དེ། སྡེ་སྣོད་གསུམ་པོ་དེ་དག་རང་གིས་ཤེས་ཤིང་དོན་གྱི་བདག་ཉིད་ཀྱིས་གཞན་འཛིན་དུ་འཇུག་ནུས་པ་གསུམ་དང་ཐུན་མོང་གི་མང་ཚུལ་གཉིས་དང་ལྔ་པོ་དེ་ཡིན་པའི་ཕྱིར་ཏེ། རྩ་བར། དེ་དག་འཛིན་དུ་འཇུག་ནུས་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །བདུན་པ་ལྷག་པའི་བསླབ་པ་གསུམ་ལ་སློབ་པའི་ལྔ་བ་ཡོད་དེ། དེ་གསུམ་ལ་སློབ་པ་གསུམ་དང་ཐུན་མོང་གི་མང་ཐོས་ཚུལ་ལྡན་གཉིས་དང་ལྔ་དེ་ཡིན་པའི་ཕྱིར་ཏེ། རྩ་བར། ལྷག་པ་ཚུལ་ཁྲིམས་དང་སེམས་དང་ཤེས་རབ་ལ་སློབ་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །བརྒྱད་པ་ལྷག་པའི་བསླབ་པ་གསུམ་ལ་སློབ་ཏུ་འཇུག་ནུས་པའི་ལྔ་བ་ཡོད་དེ། དེ་གསུམ་ལ་སློབ་ཏུ་འཇུག་ནུས་པ་གསུམ་དང་ཐུན་མོང་གི་མང་ཐོས་ཚུལ་ལྡན་གཉིས་དང་ལྔ་པོ་དེ་ཡིན་པའི་ཕྱིར་ཏེ། རྩ་བར། སློབ་ཏུ་འཇུག་ཀྱང་ནུས་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་གསུམ་ལ། གཞི་འགྲེལ་ལས། ལྷག་པ་ཞེས་བྱ་བ་ནི་ལྷག་པའི་དོན་དང་དབང་དུ་བྱ་བའི་དོན་ཏེ། ཞེས་སོ། །དེའི་དོན་ནི། ཉན་ས་ལས། ལྷག་པའི་དོན་ཇི་ལྟ་བུ་ཡིན་ཞེ་ན། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སོགས་པ་བསླབ་པ་གསུམ་པོ་དེ་དག་ནི་བསྟན་པ་འདི་ཁོ་ན་ལ་ཡོད་ཀྱི་འདི་ལས་ཕྱི་རོལ་པ་རྣམས་དང་ཐུན་མོང་བ་མ་ཡིན་ཏེ་དེ་ནི་ལྷག་པའི་དོན་ཡིན་ནོ། །ཞེས་སོགས་གསུངས་སོ། །ལྷག་པའི་ཚུལ་ཁྲིམས་འདུལ་བའི་བསླབ་པའི་གཞི་ཐམས་ཅད་དང༌། ལྷག་པའི་སེམས་བསམ་གཏན་བཞི་པོ་དང༌། ལྷག་པའི་ཤེས་རབ་ཟག་པ་མེད་པའི་ལམ་སྟེ། གསུམ་པོ་དེ་དག་གི་ཕྱིར་སློབ་པ་ཉིད་དོ། །ཊཱི་ཀ་ལས། ཚུལ་ཁྲིམས་དང་སེམས་དང་ཤེས་རབ་ཀྱི་ཕྱིར་རོ། །ཞེས་སོ། །ཚུལ་ཁྲིམས་ལ་སློབ་ཅེས་པ་འདིའི་འགྲེལ་ཆུང་ལས་ནི་བསླབ་པ་ཕྲ་མོ་ཁ་ན་མ་ཐོ་བ་ཙམ་ལ་ཡང་བག་བྱེད་ཅིང་བསྲུང་བ་ལ་བྱའོ་ཞེས་ཚུལ་ཁྲིམས་རྒྱུད་ལ་ལྡན་པ་ལ་བཤད་དོ། །དེ་ལྟར་ན་ལྔ་ཚན་གཅིག་གི་ནང་དུ་ཚུལ་ཁྲིམས་དང་ལྡན་པ་ལན་གཉིས་སྨོས་པས་ཟློས་པའི་སྐྱོན་དུ་འགྱུར་རོ། །བསླབ་པ་གསུམ་ལ་རང་གིས་བསླབ་པའི་ཡོན་ཏན་ཡོད་པའི་སྟེང་དུ་གཞན་སློབ་ཏུ་འཇུག་ཀྱང་ནུས་པ་ཉིད་དོ་ཞེས་སོ། །ཀྱང་ཞེས་པའི་སྒྲས་ནི་བསླབ་པ་གསུམ་ལ་རང་གིས་བསླབས་པ་བསྡུས་ཏེ་དོན་དེ་ལྟར་ཊཱི་ཀ་ལས་བཤད་དོ། །དགུ་བ་ལྷག་པའི་སྤྱོད་སོགས་གསུམ་ལ་སློབ་པའི་ལྔ་བ་ཡོད་དེ། ལྷག་པའི་སྤྱོད་པ་དང་འདུལ་བ་དང་སོ་ཐར་གསུམ་ལ་སློབ་པ་གསུམ་དང་མདོ་མངོན་ལ་མང་ཐོས་དང་ཚུལ་ལྡན་ལྔ་དེ་ཡིན་པའི་ཕྱིར་ཏེ། རྩ་བར། ལྷག་པའི་སྤྱོད་པ་དང་འདུལ་བ་དང་སོ་སོར་ཐར་པ་ལ་ཡང་དེ་བཞིན་ནོ། །ཞེས་གསུངས་པས་སོ། །ཕྱི་རོལ་པ་རྣམས་ལས་ལྷག་པའི་སྤྱོད་པ་ནི་འདུལ་བ་ལས་གསུངས་པའི་སྤྱོད་ལམ་བཞིའོ། །འདུལ་བ་ནི་སོ་སོ་ཐར་པའི་རྣམ་པར་བཤད་པར་གྱུར་པ་རྣམ་འབྱེད་ལ་སོགས་པ་ལུང་དུམ་བུ་བཞིའོ། །སོ་སོ་ཐར་པ་ནི་དགེ་སློང་ཕ་མའི་སོ་སོ་ཐར་པའི་མདོ་བམ་པོ་གཉིས་པ་རྣམ་གཉིས་ཏེ་དེ་ལྟར་སྐབས་འདི་ཉིད་ཀྱི་ཊཱི་ཀ་ལས་བཤད་དོ། །རྣམ་གྲངས་གཞན་ཡང་གནས་མལ་གྱི་གཞིའི་ཊཱི་ཀ་དང་སྐབས་འདིའི་འགྲེལ་ཆུང་ལས་འདུལ་བ་ནི་ལུང་གཞི་ཡིན་ལ་སོ་སོ་ཐར་པ་ནི་སོ་སོ་ཐར་པའི་མདོ་རྣམ་འབྱེད་དང་བཅས་པ་ཡིན་པར་ཡང་གསུངས་སོ། །བཅུ་བ་སྤྱོད་སོགས་གསུམ་ལ་འཇུག་ནུས་པའི་ལྔ་བ་ཡོད་དེ། དེ་གསུམ་ལ་འཇུག་ནུས་པ་གསུམ་དང་ཚུལ་ལྡན་དང་མདོ་མངོན་མང་ཐོས་ཡང་དེ་ཡིན་པའི་ཕྱིར་རོ། །མང་ཐོས་ཀྱི་ཁྱད་པར་ནི། གཞི་འགྲེལ་ལས། འདི་མན་ཆད་ལྔ་པ་གང་ལ་མདོ་སྡེ་དང་འདུལ་བ་དང་མ་མོའི་སྡེ་སྣོད་མངོན་པར་ཤེས་པ་ཉིད་ཡོད་པ་དེར་ནི་མང་དུ་ཐོས་པ་ཉིད་གཞན་གྱི་བསྟན་བཅོས་ཀྱི་ཡུལ་ཅན་ཡིན་ནོ། །གང་དུ་སྡེ་སྣོད་མངོན་པར་ཤེས་པ་མ་བསྡུས་པ་དེར་ནི་མང་དུ་ཐོས་པ་ཉིད་རང་གི་གྲུབ་པའི་མཐའི་ཡུལ་ཅན་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །བཅུ་གཅིག་པ་ཕུན་ཚོགས་གོང་མའི་ལྔ་བ་ཡོད་དེ། དང་བའི་དད་པ་དང༌། འདོད་པའི་དད་པ་དང༌། ཡིད་ཆེས་པའི་དད་པ་གསུམ་སྟེ་དད་པ་ཕུན་སུམ་ཚོགས་པ་དང༌། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་སྤོང་བའམ་མ་གོས་པའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། འདུལ་གཞུང་སོགས་མང་པོ་ཐོས་པ་དང༌། དགེ་བའི་བཤེས་གཉེན་མང་པོ་ལས་ཐོས་པ་དང༌། གྲོགས་མང་པོ་དང་ལྷན་ཅིག་ཏུ་ཐོས་པ་སྟེ་ཁྱད་ཆོས་གསུམ་ལྡན་གྱི་ཐོས་པ་ཕུན་སུམ་ཚོགས་པ་དང༌། གཏོང་བ་ཏེ། ཡུལ་ཡིད་དུ་མི་འོང་བ་ལ་གཏོང་བ་དང༌། དངོས་པོ་ཡིད་དུ་འོང་བ་གཏོང་བ་དང༌། ཁམ་གང་དང་ལུས་གང་ཙམ་ལས་ཕྲི་ནས་གཏོང་པ་སྟེ་ཁྱད་ཆོས་གསུམ་ལྡན་གྱི་གཏོང་བ་ཕུན་སུམ་ཚོགས་པ་དང༌། ཤེས་རབ་ཕུན་སུམ་ཚོགས་པ་དང་ལྔ་དེ་ཡིན་པའི་ཕྱིར་ཏེ། རྩ་བར། དད་པ་དང་ཚུལ་ཁྲིམས་དང་ཐོས་པ་དང་གཏོང་བ་དང་ཤེས་རབ་ཕུན་སུམ་ཚོགས་པ་ཉིད་དོ། །ཞེས་དང༌། ཊཱི་ཀ་ལས། དད་པ་ལ་སོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པའོ། །ཞེས་གསུངས་པས་སོ། །བཅུ་གཉིས་པ་ཕུན་ཚོགས་འོག་མའི་ལྔ་བ་ཡོད་དེ། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཕུན་སུམ་ཚོགས་པ་དང༌། རྣམ་པར་གྲོལ་བ་དང༌། དེ་ཤེས་མཐོང་ཕུན་སུམ་ཚོགས་པ་ལྔ་དེ་ཡིན་པའི་ཕྱིར་ཏེ། རྩ་བར། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་དེ་ཤེས་པ་དང་མཐོང་བ་རྣམས་ཀྱིས་ཀྱང་ངོ། །ཞེས་དང༌། ཊཱི་ཀ་ལས། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཞེས་སྨོས་པས་ནི་འདུལ་བ་མངོན་པར་ཤེས་པ་ཉིད་སྟོན་ཏོ། །ཞེས་དང༌། གཞི་འགྲེལ་ལས། ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའི་མཚན་ཉིད་དེ། ཤེས་རབ་ནི་འདིར་ཡང་ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །ཞེས་དང༌། ཊཱི་ཀ་ལས། རྣམ་པར་གྲོལ་བ་ནི་འདིར་མི་སློབ་པའི་རྣམ་པར་གྲོལ་བ་ལ་བྱའོ། །རྣམ་པར་གྲོལ་བ་དེ་ཤེས་པ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་ཞེས་བྱའོ། །དེ་མཐོང་བ་ནི་མི་སློབ་པའི་ལྟ་བ་སྟེ། ཞེས་གསུངས་པས་སོ། །ཕུན་སུམ་ཚོགས་པ་འོག་མ་འདི་མི་སློབ་པ་དགྲ་བཅོམ་པའི་རྒྱུད་ལ་ལྡན་པ་ཡིན་ཡང་མི་སློབ་པ་ཉིད་དོ་ཞེས་པ་དང་ཟློས་པའི་སྐྱོན་དུ་མི་འགྱུར་ཏེ། ཕུན་སུམ་ཚོགས་པ་འོག་མའི་ལྔ་ཚན་འདི་ནི་དགྲ་བཅོམ་པའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ནས་རྣམ་པར་གྲོལ་བ་ལ་སོགས་པ་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་དང༌། མི་སློབ་པའི་ལྔ་ཚན་ནི་དགྲ་བཅོམ་པའི་ཚུལ་ཁྲིམས་དང་ལྡན་ཙམ་ནས་རྣམ་པར་གྲོལ་བ་ལ་སོགས་པ་ལྡན་ཙམ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་ཕུན་སུམ་ཚོགས་པའི་ལྔ་ཚན་གྱི་ལུང་ལས། ཚུལ་ཁྲིམས་ཕུན་སུམ་ཚོགས། ཞེས་པ་ནས། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པ་ཞེས་གསུང་ཞིང་མི་སློབ་པའི་ལྔ་ཚན་གྱི་ལུང་ལས་མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན། ཞེས་པ་ནས། མི་སློབ་པའི་རྣམ་པར་གྲོལ་བའི་ཕུང་པོ་དང་ལྡན་མི་སློབ་པའི་རྣམ་པར་གྲོལ་བ་ཤེས་པ་དང་མཐོང་བའི་ཕུང་པོ་དང་ལྡན་ཞེས་གསུངས་པས་གྲུབ་བོ། །དགྲ་བཅོམ་པའི་ཚུལ་ཁྲིམས་ལ་སོགས་པ་ལྡན་ཙམ་ཡིན་ཡང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་མ་ཡིན་པ་ཡོད་དེ། དགྲ་བཅོམ་པ་བཅས་འགལ་གྱི་ལྟུང་བས་རྒྱུད་ལ་གོས་པའི་ཚུལ་ཁྲིམས་དང་ལྡན་པ་ནི་དགྲ་བཅོམ་པའི་ཚུལ་ཁྲིམས་དང་ལྡན་ཙམ་ཡིན་ཡང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་མ་ཡིན་ནོ། །དེ་བཞིན་དུ་དགྲ་བཅོམ་པ་རྒྱན་མེད་ཤེས་རབ་ཀྱི་ཆ་ལས་རྣམ་པར་གྲོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བས་རྣམ་པར་གྲོལ་བ་དང་ལྡན་ཙམ་ཡིན་ཡང༌། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་མ་ཡིན་ཏེ། སྙོམས་འཇུག་གི་སྒྲིབ་པ་ལས་མ་གྲོལ་བའི་ཕྱིར་རོ། །དགྲ་བཅོམ་པ་རྒྱན་ཅན་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ནི་དགྲ་བཅོམ་པའི་རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་ཡིན་ནོ། །

བཅུ་གསུམ་པ་དྲན་ལྡན་གྱི་ལྔ་བ།

བཅུ་གསུམ་པ་དྲན་ལྡན་གྱི་ལྔ་བ་ཡོད་དེ།

ཚུལ་ལྡན་དང་འདུལ་བ་མང་ཐོས་དང༌། ཡང་དག་སྤོང་བའི་བརྩོན་འགྲུས་བརྩམས་པ་དང༌། ཤེས་རབ་དང་དྲན་པ་ཉེར་བཞག་གི་དྲན་པ་ལྡན་པ་དང་ལྔ་དེ་ཡིན་པའི་ཕྱིར་ཏེ། རྩ་བར། དྲན་པ་དང་ལྡན་པ་ཉིད་དང༌། ཞེས་དང༌། གཞི་འགྲེལ་ལས། བརྩོན་འགྲུས་བརྩམས་པ་ནི་དགེ་བ་དང་མི་དགེ་བའི་ཆོས་བསྐྱེད་པ་དང་དགག་པ་ལ་སོགས་པའོ། །ཞེས་དང༌། མཚོ་ཊཱིཀ་ལས། ཤེས་རབ་དང་ལྡན་པ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་ལྡན་པའོ། །ཞེས་དང༌། གཞི་འགྲེལ་ལས། དྲན་པ་དང་ལྡན་པ་ནི་དྲན་པ་ཉེ་བར་བཞག་པ་དང་ལྡན་པའོ། །ཞེས་གསུངས་པའི་ཕྱིར་རོ། ། བཅུ་བཞི་པ་ནང་དུ་འཇོག་པའི་ལྔ་བ་ཡོད་དེ། ཚུལ་ལྡན་དང་འདུལ་བ་མང་ཐོས་དང་སྔར་ལྟར་བརྩོན་ཤེས་གཉིས་དང་རབ་ཏུ་དབེན་པའི་ནང་དུ་ཡང་དག་པར་འཇོག་པ་དང་ལྔ་དེ་ཡིན་པའི་ཕྱིར་ཏེ། རྩ་བར། ནང་དུ་ཡང་དག་བཞག་པ་ཉིད་དང༌། ཞེས་དང༌། ཊཱི་ཀ་ལས། ནང་དུ་ཡང་དག་པར་བཞག་པ་ནི་རབ་ཏུ་དབེན་པར་གྱུར་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །ཞེས་དང༌། འགྲེལ་ཆུང་ལས། ལུས་དབེན་པ་ནི་དགོན་པ་ན་གནས། སེམས་དབེན་པ་ནི་མྱ་ངན་མེད་པའོ། །ཞེས་གསུངས་པས་སོ། །བཅོ་ལྔ་བ་མཉམ་པར་བཞག་པའི་ལྔ་བ་ཡོད་དེ། སྔར་གྱི་དང་པོ་བཞི་དང་དབང་པོ་མི་རྒོད་པའི་མཉམ་བཞག་ལྔ་དེ་ཡིན་པའི་ཕྱིར་ཏེ། རྩ་བར། མཉམ་པར་བཞག་པའི་ཉིད་དོ། །ཞེས་དང༌། ཊཱི་ཀ་ལས། མཉམ་པར་བཞག་པ་ནི་མི་རྒོད་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །ཞེས་དང༌། འགྲེལ་ཆུང་ལས། དགེ་བ་ལ་རྩེ་གཅིག་ཏུ་རྒྱུན་དུ་སེམས་པའོ། །ཞེས་གསུངས་པས་སོ། །ལྔ་བ་དེ་གསུམ་གྱི་ཁ་སྐོང་ལ་བརྩོན་ཤེས་གཉིས་དགོས་ཏེ། རྩ་བར། བརྩོན་འགྲུས་བརྩམས་པ་ཉིད་དང་ཤེས་རབ་དང་ལྡན་པ་ཉིད་དང་ཡང་སྦྱར་རོ། །ཞེས་གསུངས་པའི་ཕྱིར་རོ། །བཅུ་དྲུག་པ་སློབ་པའི་ལྔ་བ་ཡོད་དེ། འཕགས་པ་སློབ་པའི་རྒྱུད་ལ་ཡོད་པའི་ཟག་པ་མེད་པའི་ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་སྟེ་གསུམ་དང༌། སློབ་པའི་རྣམ་པར་གྲོལ་བ་ནི་སྤང་བྱ་ཉོན་མོངས་པ་ཅི་རིགས་པ་ལས་གྲོལ་བ་དེ་ཡིན་པ་དང༌། །རྣམ་པར་གྲོལ་བ་དེ་ཤེས་པ་དང་མཐོང་བ་དང་ལྔ་དེ་ཡིན་པའི་ཕྱིར་རོ། །མཚོ་ཊཱིཀ་ལས། ཊཱི་ཀ་ལས། ཤེས་པ་ནི་ཤེས་པ་བརྒྱད་དང༌། མཐོང་བ་ནི་བཟོད་པ་བརྒྱད་ཡིན་པར་བཤད་དོ། །འདི་དག་ནི་ཤེས་བཟོད་སྐད་ཅིག་བཅུ་དྲུག་སྟེ། ཞེས་སོགས་གསུངས་ལ། དེ་ལྟར་ན་མཐོང་ལམ་ལས་གཞན་ལ་སློབ་པའི་ལྔ་བ་མེད་པར་འགྱུར་རོ་ཟེར་ན་དཔྱད་པར་ཞུའོ། །རྩ་བར། སློབ་པ་ཉིད་དོ། །ཞེས་པའི་སློབ་པ་ཉིད་ནི་སློབ་པའི་གང་ཟག་བདུན་ཏེ། རྒྱུན་དུ་ཞུགས་པའི་འབྲས་ཞུགས་དང་འབྲས་གནས་གཉིས། ལན་ཅིག་ཕྱིར་འོང་ཞུགས་འབྲས་གཉིས། ཕྱིར་མི་འོང་ཞུགས་འབྲས་གཉིས། དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པའོ། །གང་ཟག་བདུན་པོ་དེ་དག་ཆོས་ཅན། སློབ་པ་ཉིད་ཡིན་ཏེ། ཊཱི་ཀ་ལས། ཟག་པ་མེད་པའི་ལམ་གྱིས་ཉོན་མོངས་པ་སྤང་བའི་ཕྱིར་སློབ་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར། ཞེས་གསུངས་པས་སོ། །བཅུ་བདུན་པ་མི་སློབ་པའི་ལྔ་བ་ཡོད་དེ། མཚོ་ཊཱིཀ་ལས། མི་སློབ་པའི་ཆོས་ལྔ་ནི། དགྲ་བཅོམ་པའི་རྒྱུད་ལ་ཡོད་པའི་ཟག་པ་མེད་པའི་ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་སྟེ་གསུམ་དང༌། སྤངས་པའི་རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བ་དེ་ཤེས་པ་དང་མཐོང་བ་སྟེ་ལྔའོ། །དེ་ཤེས་པ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའོ། །མཐོང་བ་ནི་མི་སློབ་པའི་ལྟ་བའོ། །ཞེས་གསུངས་པའི་ཕྱིར་རོ། །རྩ་བར། མི་སློབ་པ་ཉིད་དོ། ཞེས་པའི་མི་སློབ་པ་ཉིད་ནི་དགྲ་བཅོམ་པ་སྟེ། དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་ཆོས་ཅན། མི་སློབ་པ་ཡིན་ཏེ། རང་རྒྱུད་ལ་ཉོན་མོངས་པ་སྐྱེ་བའི་རྒྱུ་སྤང་བའི་དོན་དུ་མི་སློབ་པའི་ཕྱིར་ཏེ། དེ་སྤངས་ཟིན་པའི་ཕྱིར་རོ།།དེ་ལྟར་བཤད་པ་ལ་འོ་ན་སློབ་པ་དང་མི་སློབ་པའི་ལྔ་ཚན་གཉིས་པོ་འདི་ཆོས་ཅན། འདུལ་བ་ལས་བཟླ་བར་བྱ་བ་མ་ཡིན་པ་བཟླས་པར་ཐལ། མེད་མི་རུང་གི་ཡན་ལག་འདུལ་བ་ཤེས་པ་མ་བསྟན་པའི་ཕྱིར་རོ། །དེ་ཡང་གཞན་གྱི་མཁན་པོ་བྱེད་པས་ནི་སློབ་མ་ལ་བྱ་བ་དང་བྱ་བ་མ་ཡིན་པ་སྟོན་དགོས་ལ། དེ་སྟོན་པ་ལ་འདུལ་བ་ཤེས་དགོས་པ་ལས་ལྔ་ཚན་འདི་གཉིས་ཀྱིས་འདུལ་བ་ཤེས་པ་མ་བསྟན་པའི་ཕྱིར་རོ། །འདི་གཉིས་འཕགས་པ་ཡིན་པའི་ཕྱིར་འདུལ་བ་ཤེས་པར་ངེས་སོ་སྙམ་ན་ཁྱབ་པ་མེད་དེ། ཊཱི་ཀ་ལས། འདུལ་བ་ཡོངས་སུ་ཤེས་པ་མེད་པར་ཡང་སློབ་པ་དང་མི་སློབ་པ་ཉིད་ནི་སྲིད་པ་ཁོ་ན་ཡིན། ཞེས་གསུངས་སོ། །སློབ་པ་དང་མི་སློབ་པའི་ཚུལ་ཁྲིམས་དང་ལྡན་ཞེས་པས་འདུལ་བ་ཤེས་པ་བསྟན་ནོ་སྙམ་ན།འཕགས་པའི་ཚུལ་ཁྲིམས་དང་ལྡན་ཡང་འདུལ་བ་ཤེས་པས་ཁྱབ་པ་མེད་དེ། ཟག་མེད་ཀྱི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །དེས་ན་ལྔ་ཚན་འདི་གཉིས་ཀྱིས་འདུལ་བ་ཤེས་པ་མ་བསྟན་ཏོ་ཞེ་ན། ལོ་བཅུ་ལོན་ཞེས་པ་དེས་འདུལ་བ་ཤེས་པ་བསྟན་ཏེ། གཞི་འགྲེལ་ལས། དེ་ལྟ་བས་ན་ལོ་བཅུ་ལོན་པ་ཉིད་ཅེས་སྨོས་པས་འདུལ་བ་ལ་གནས་པའི་དོན་ཉིད་བསྟན་པ་ཡིན་ནོ། །ཞེས་དང༌། ཊཱི་ཀ་ལས། ལོ་བཅུ་པོ་དག་ལ་འདུལ་བ་གདོན་མི་ཟ་བར་འབད་པ་བྱས་པ་ཡིན་པའི་ཕྱིར་རོ། །ཞེས་དང༌། མཚོ་ཊཱིཀ་ལས། བཅོམ་ལྡན་འདས་ཀྱིས་ལོ་བཅུ་ལོན་པ་ཉིད་ཅེས་གསུངས་པས་ནི་རང་དབང་ཡོད་པར་བསྟན་པ་ཡིན་པས། འདུལ་བ་ཤེས་པ་མེད་ན་ཇི་ལྟར་རང་དབང་ཅན་དུ་འགྱུར་ཞེས་ཀྱང་ཊཱི་ཀ་ལས་བཤད་༼ལོ་བཅུ་འདུལ་བ་བསླབ་པ་ལ་འབད་པ་བྱས་པའི་དབང་དུ་བྱས་ཏེ་གསུངས་པའོ། །༽ཞེས་གསུངས་པས་སོ། །དེ་ལ་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པའི་འཕགས་ལམ་ཐོབ་མ་ཐག་པ་དེ་ལ་འདུལ་བ་ཤེས་པས་ཁྱབ་པ་མེད་ན་ཞིབ་ཆ་ཅུང་ཟད་དགོས་སོ། །བཅོ་བརྒྱད་པ་བྱུང་ཤེས་ཀྱི་ལྔ་བ་ཡོད་དེ། རྩ་བར། བྱུང་བ་དང༌། བཅས་པ་དང༌། རྗེས་སུ་བཅས་པ་དང༌། བཀག་པ་དང༌། གནང་བ་མངོན་པར་ཤེས་པ་ཉིད་དོ། །ཞེས་དང༌། གཞི་འགྲེལ་ལས། བྱུང་བ་ཤེས་པ་དང༌། བཅས་པ་ཤེས་པ་དང༌། རྗེས་སུ་བཅས་པ་ཤེས་པ་དང༌། བཀག་པ་ཤེས་པ་དང༌། གནང་བ་ཤེས་པ་ཞེས་བྱ་བ་ནི་ལྔ་བ་བཅོ་བརྒྱད་པའོ། །ཞེས་གསུངས་པའི་ཕྱིར་རོ། །བྱུང་བ་དང༌། ཞེས་པ་ནི་ཊཱི་ཀ་ལས། གླེང་གཞི་དང་རྒྱུ་མཚན་དང་བྱེད་རྒྱུ་གང་ཡིན་པ་སྟེ་དེ་ནི་བྱུང་བ་ཞེས་བྱ་བའི་སྒྲས་བརྗོད་དོ། །ཞེས་སོ། །དེ་དག་ནི་གཏམ་རྒྱུད་དང་དགག་དགོས་ཀྱི་རྒྱུ་མཚན་དང༌། སྔོན་བྱུང་བའི་གང་ཟག་གི་ཉོན་མོངས་པ་སྟེ་གོ་རིམ་བཞིན་ནོ། །དེ་ཤེས་པ་ནི་བྱུང་བ་ཤེས་པ་དང༌། ། གླེང་གཞི་ནི་ཡུལ་དང་གང་ཟག་དང༌། ཉོན་མོངས་པ་དང༌། ཉེས་པ་དང་བཞིས་བྱེ་བྲག་གིས་བཞི་དང༌། དགག་བྱ་ཉེས་དམིགས་ནི་དགག་བྱའི་བསླབ་པ་འཆའ་བའི་རྒྱུ་མཚན་དང༌། བྱེད་རྒྱུ་ནི་རྒྱུ་ཚོགས་ཏེ་གཞི་བསམ་པ་སྦྱོར་བ་མཐར་ཐུག་པ་ལྟ་བུ་ཡིན་ནོ། །མཚོ་ཊཱིཀ་༡༢༤ལས། བྱུང་བ་མངོན་པར་ཤེས་པ་འདི་ལ་གཉིས་ཏེ། བྱུང་ལ་མ་བཅས་པའི་བྱུང་བ་མངོན་པར་ཤེས་པ་དང༌། བྱུང་ལ་བཅས་པའི་བྱུང་བ་མངོན་པར་ཤེས་པའོ། །

དང་པོ་ནི་གླེང་གཞི་ལས་བྱུང་ཡང་བཅས་པ་མ་མཛད་པ་སྟེ་སྒྲ་གཅན་ཟིན་གྱིས་ཤེས་བཞིན་དུ་རྫུན་དུ་སྨྲས་པའི་བྱུང་བ་ལྟ་བུའོ། །གཉིས་པ་ལ་གཉིས་ཏེ།

བཅས་པའི་བྱུང་བ་ཤེས་པ་དང་རྗེས་སུ་བཅས་པའི་བྱུང་བ་ཤེས་པའོ། །དང་པོ་ནི་དགག་བཅས་དང༌། སྒྲུབ་བཅས་དང༌། གནང་བཅས་དང་གསུམ་པོ་རང་རང་གི་བྱུང་བ་ཤེས་པའོ། །གཉིས་པ་རྗེས་སུ་བཅས་པའི་བྱུང་བ་ཤེས་པ་ལ་གཉིས་ཏེ། མ་དོར་བ་མུ་གསུམ་གྱི་བྱུང་བ་ཤེས་པ་དང༌། དོར་བ་མུ་དྲུག་གི་བྱུང་བ་ཤེས་པའོ། །དང་པོ་ལ་གསུམ་སྟེ། དགག་པ་བཅས་པའི་རྗེས་སུ་དགག་པ་རྗེས་བཅས་ཀྱི་བྱུང་བ་ཤེས་པ་དང༌། སྒྲུབ་པ་བཅས་པའི་རྗེས་སུ་སྒྲུབ་པ་རྗེས་བཅས་ཀྱི་བྱུང་བ་ཤེས་པ་དང༌། གནང་བ་བཅས་པའི་རྗེས་སུ་གནང་བ་རྗེས་བཅས་ཀྱི་བྱུང་བ་ཤེས་པའོ། །དོར་བ་མུ་དྲུག་གི་བྱུང་བ་ཤེས་པ་ནི། དགག་པ་བཅས་པའི་རྗེས་སུ་སྒྲུབ་པ་རྗེས་བཅས་དང༌། དགག་པ་བཅས་པའི་རྗེས་སུ་གནང་བ་རྗེས་བཅས་ལ་སོགས་པ་རང་རང་གི་བྱུང་བ་ཤེས་པའོ། །བཅས་པ་ཞེས་པ་ནི་དགག་སྒྲུབ་གནང་གསུམ་གྱི་གསུང་གི་མཚམས་རྣམ་པར་བཞག་པ་ཁྱད་པར་ཅན་ཡིན་ཏེ། ཊཱི་ཀ་ལས། བཅས་པ་ཞེས་བྱ་བ་ནི། བསླབ་པའི་གཞི་རྣམ་པར་བཞག་པའོ། །ཞེས་པས་སོ། །རྩ་བར། རྗེས་སུ་བཅས་པ་དང༌། ཞེས་པ་འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་རྗེས་བཅས་མཛད་པའི་དགོས་པའི་དོན་ནི། བསླབ་པ་བཅས་པའི་ཕན་ཡོན་བཅུ་ཅི་རིགས་པ་འཐོབ་པ་དང༌། མི་ལ་མི་ཚངས་པར་སྤྱོད་པ་བཀག་ཀྱང་དུད་འགྲོ་ལ་མ་བཀག་སྙམ་པ་ལྟ་བུའི་གང་ཟག་གི་ལོག་རྟོག་བསལ་བ་སྟེ། རྣམ་འབྱེད་འགྲེལ་བ་ལས། འདི་ནི་རྗེས་སུ་བཅས་པའོ་ཞེས་བྱ་བ་ནི་དེའི་རྗེས་སུ་སོང་བའི་བསམ་པ་བཟློག་པའི་ཕྱིར་རོ། །ཞེས་པས་སོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་རྗེས་བཅས་ཀྱི་རབ་ཏུ་དབྱེ་བ་འཐད་པ་དང་བཅས་པ་ལ་གཉིས་ཏེ། དབྱེ་བ་དངོས་དང༌། དེ་དག་གི་འཐད་པའོ། །དང་པོ་ནི། རྗེས་བཅས་མུ་དགུ་སྟེ། གསུམ་ཚན་གསུམ་ལས། དང་པོ་དགག་པ་ལ་བརྟེན་པ་གསུམ་སྟེ་དགག་པ་བཅས་པའི་རྗེས་སུ་དགག་པ་རྗེས་བཅས་དང༌། དགག་པ་བཅས་པའི་རྗེས་སུ་སྒྲུབ་པ་རྗེས་བཅས་དང༌། དགག་པ་བཅས་པའི་རྗེས་སུ་གནང་པ་རྗེས་བཅས་སོ། །དང་པོ་ནི་སྔར་བཟང་བྱིན་ལ་བརྟེན་ནས་མི་ཚངས་སྤྱོད་སྤྱིར་བཀག་ནས། ཕྱིས་སྡིག་ཅན་དགོན་པ་བ་ལ་བརྟེན་ནས་དུད་འགྲོ་ལ་མི་ཚངས་པར་སྤྱོད་པ་བྱེ་བྲག་ཏུ་བཀག་པ་ལྟ་བུའོ། །

གཉིས་པ་ནི།

སྔར་ཉོ་ཚོང་བྱེད་པ་བཀག་ནས། བུ་ལོན་ཆགས་པ་ཐབས་གཞན་གྱིས་སྦྱང་བར་བྱ་མི་ནུས་ན། དགེ་སློང་མའི་རྣམ་འབྱེད་ལས། ཡུལ་གཞན་གྱི་སྦྱོར་བས་སྔ་མའི་རྒྱུད་སྦྱང་བར་བྱའོ་ཞེས་སྒྲུབ་དགོས་སུ་གསུངས་པ་ལྟ་བུའོ། །གསུམ་པ་ནི། ཊཱི་ཀ་ལས། དུས་མ་ཡིན་པའི་ཟས་སྔར་བཀག་པ་ལས་ནད་པ་ལ་གནང་བ་ལྟ་བུའོ། །ཞེས་སོ། །སྒྲུབ་པ་ལ་བརྟེན་པ་གསུམ་སྟེ། སྒྲུབ་པ་བཅས་པའི་རྗེས་སུ་སྒྲུབ་པ་རྗེས་བཅས་དང༌། སྒྲུབ་པ་བཅས་པའི་རྗེས་སུ་དགག་པ་རྗེས་བཅས་དང༌། སྒྲུབ་པ་བཅས་པའི་རྗེས་སུ་གནང་བ་རྗེས་བཅས་སོ། །དང་པོ་ནི། དབྱར་སྔ་མ་ཁས་བླང་བ་སྒྲུབ་པར་བཅས་ནས། དབྱར་ཕྱི་མ་ཁས་བླང་བ་སྒྲུབ་པར་བཅས་པ་ལྟ་བུའོ། །གཉིས་པ་ནི་གསོ་སྦྱོང་ལ་བསྡད་པ་དང་དབྱར་གནས་པར་ཁས་བླང་བ་སྒྲུབ་པར་བཅས་ནས། གནས་ལ་བརྟེན་པ་དང་འདོམ་པའི་ཚེ་ན་དེ་དག་བཀག་པ་ལྟ་བུའོ། །རྩ་བར། གང་ན་གནས་མེད་པ་དེར་གསོ་སྦྱོང་ལ་བསྡད་པ་དང་གནས་པར་ཁས་བླང་བར་མི་བྱའོ། །ཞེས་སོ། ། གསུམ་པ་ནི་སྔར་ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔའི་ནུབ་མོ་ཆོས་མཉན་པར་བྱའོ་ཞེས་སྒྲུབ་པར་གསུངས་ནས། ནད་པས་དེ་མ་བྱས་པ་ལ་ནི་ཉེས་པ་མེད་དོ་ཞེས་གནང་བ་ལྟ་བུའོ། །གནང་བ་ལ་བརྟེན་པ་གསུམ་སྟེ། གནང་བ་བཅས་པའི་རྗེས་སུ་གནང་བ་རྗེས་བཅས་དང༌། གནང་བ་བཅས་པའི་རྗེས་སུ་དགག་པ་རྗེས་བཅས་དང༌། གནང་བ་བཅས་པའི་རྗེས་སུ་སྒྲུབ་པ་རྗེས་བཅས་སོ། །དང་པོ་ནི། སྔར་ལྷམ་སྣའི་སྦུབས་ཅན་གནང་ནས། ཕྱིས་ལྷམ་རྟིང་སྦུབས་ཅན་གནང་བ་ལྟ་བུའོ། །གཉིས་པ་ནི། ཊཱི་ཀ་ལས། མཆིལ་ལྷམ་གཉིས་གནང་བ་མཛད་པ་ལས། དེ་གཉིས་ཀྱི་བྱེ་བྲག་དགག་པ་མཛད་དེ། སྒྲ་ཀྲོག་ཀྲོག་ཟེར་བ་དག་མི་བཅང་ངོ༌། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ནི། སྔར་དབྱར་བྱིན་གྱིས་བརླབས་ཏེ་གནས་གཞན་དུ་འགྲོ་བ་གནང་བ་ལས། དགེ་འདུན་གྱི་དབྱེན་ཞི་བར་བྱ་བའི་ཕྱིར་ནི་དབྱར་བྱིན་གྱིས་བརླབས་ཏེ་གནས་གཞན་དུ་འགྲོ་བ་སྒྲུབ་པར་བཅས་ཏེ། དེ་ནི་ཞི་བར་བྱ་བའི་ཕྱིར་མཐུ་ཡོད་པ་ལྟ་ན་མི་འགྲོ་བར་མི་བྱའོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་གསུམ་ཚན་རང་རང་གི་དང་པོ་གསུམ་ནི། སྔ་མའི་རིགས་མ་དོར་བས་ན། མ་དོར་བ་མུ་གསུམ་ཞེས་བྱ་ཕྱི་མ་དྲུག་ནི། སྔ་མའི་རིགས་དོར་བས་ན། དོར་བ་མུ་དྲུག་ཅེས་བྱའོ། ། གཉིས་པ་དེ་དག་གི་འཐད་པ་ནི་མ་དོར་བ་མུ་གསུམ་པོ་དེ་དག་འཆའ་བར་འཐད་དེ། རང་རང་གི་སྔར་བཅས་ཀྱི་རྒྱུ་མཚན་གང་ཡིན་སོ་ན་ཡོད་ཅིང༌། གང་ཟག་གི་ལོག་རྟོག་བསལ་བའི་དགོས་པ་ཡོད་པའི་ཕྱིར་རོ། །དོར་བ་མུ་དྲུག་འཆའ་བར་འཐད་དེ། སྔར་བཅས་ཀྱི་རྒྱུ་མཚན་དོར་ནས་རྗེས་བཅས་ཀྱི་རྒྱུ་མཚན་ཞུགས་པའི་ཕྱིར་རོ། །དེ་ཡང་སྔར་གྱི་དགག་བྱའི་རྒྱུ་མཚན་དོར་ནས་སྒྲུབ་བཅས་རྣམ་པར་འཇོག་བྱེད་ཀྱི་དགོས་པའི་རྒྱུ་མཚན་ཞུགས་པའི་ཕྱིར་ཞེས་པ་ལ་སོགས་རེ་རེ་ནས་སྦྱར་རོ། །རྒྱུ་མཚན་དོར་ཞེས་པའང་གཏན་མེད་དུ་དོར་བ་དང་ཟིལ་གནོན་དུ་དོར་བ་གཉིས་ལས། གནང་བ་བཅས་པའི་རྗེས་སུ་དགག་པ་རྗེས་བཅས་ལ་ནི་སྔར་བཅས་ཀྱི་རྒྱུ་མཚན་དེ་གཏན་མེད་དུ་དོར་བ་ཡིན་ལ། ཕྱི་དྲོ་ཟས་སྔར་བཀག་ནས་ནད་པ་ལ་གནང་བ་ལྟ་བུ་ལ་ནི་ཟིལ་གནོན་དུ་དོར་བ་སྟེ། ཕྱི་དྲོ་ཁ་ཟས་ཀྱི་དགག་བྱ་ནི་ལུས་རྒྱགས་པར་འགྱུར་བ་ཡིན་ལ། ནད་པས་ཕྱི་དྲོ་ཁ་ཟས་ཟོས་པ་ལ་ཡང་ལུས་ཀྱི་སྟོབས་སྐྱེ་བ་ཙམ་ཞིག་ཡོད་ཀྱང་ན་བས་ཟིལ་གྱིས་མནན་པ་ལྟ་བུ་ཡིན་པའོ། །

གཉིས་པ་ནི་རྗེས་བཅས་གཞི་གང་ལ་གནས་པའི་གཞི་ངོས་གཟུང་བ་ལ་གཉིས།

གཉིས་པ་ནི་རྗེས་བཅས་གཞི་གང་ལ་གནས་པའི་གཞི་ངོས་གཟུང་བ་ལ་གཉིས་ཏེ།

དགག་པ་བཅས་པའི་རྗེས་སུ་དགག་པ་རྗེས་བཅས་གཞི་གང་ལ་གནས་པ་དང༌། རྗེས་བཅས་གཞན་མུ་བརྒྱད་པོ་གཞི་གང་ལ་གནས་པའོ། །དང་པོ་ནི། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་གཉིས་ཀའི་གཞི་ཆོས་ཅན། དགག་པ་བཅས་པའི་རྗེས་སུ་དགག་པའི་རྗེས་བཅས་རྟེན་ཙམ་དུ་ཡོད་དེ། རང་གི་སྔར་བཅས་ལ་ལྟོས་ནས་དགག་བཅས་ཙམ་དུ་རིགས་མཐུན་ཕྱི་མའི་བཅས་པ་རྣམ་འཇོག་གི་དགག་བྱ་རྟེན་ཙམ་དུ་ཡོད་པའི་ཕྱིར་རོ། །གཉིས་ཀའི་གཞི་དེ་དག་ལ་རྗེས་བཅས་དེ་ཁྱབ་བྱེད་དུ་ཡོད་པ་ནི་མ་ཡིན་ཏེ། རྗེས་བཅས་མེད་པའི་བཅས་རྐྱང་མང་དུ་ཡོད་པའི་ཕྱིར་རོ། །གཉིས་པ་ནི་རྗེས་བཅས་གཞན་མུ་བརྒྱད་པོ་དེ་དག་ནི་སྤྱིར་བཏང་ལ་བཅས་པའི་ཁ་ན་མ་ཐོ་བའི་གཞི་ལ་གནས་པ་ཡིན་ཏེ། ཁ་ན་མ་ཐོ་བའི་གཞི་ལ་གནས་པར་གཞི་གྲུབ་ཅིང་རང་བཞིན་གྱི་ཁ་ན་མ་ཐོ་བའི་གཞི་ལ་གནས་པར་མི་སྲིད་པའི་ཕྱིར་རོ། །བཅས་པའི་ཁ་ན་མ་ཐོ་བའི་གཞི་ཡང༌། དམིགས་བསལ་དགེ་སློང་གིས་ཆང་དྲི་རོ་མངོན་པ་འཐུང་བ་ལ་ནི་རྗེས་བཅས་གཞན་མུ་བརྒྱད་པོ་དེ་དག་མི་སྲིད་དོ། །དེ་ལྟར་ཆང་འཐུང་བ་ལ་མི་སྲིད་ན། ནད་པས་ནི་ཞུན་མར་ཆང་དང་འབྲུ་མར་དང་འདྲེས་པ་བཏུང་བར་བྱ་བ་ཉིད་དོ་ཞེས་གསུངས་པ་དང་འགལ་ཞེ་ན། དེ་ནི་ཆང་གི་དྲི་རོ་མི་མངོན་ནའོ། །དེ་ལྟར་ན་དགེ་སློང་གིས་ཀྱང་ཆང་དྲི་རོ་མངོན་པ་འཐུང་བ་དང་སྲོག་གཅོད་པ་ལ་སོགས་པ་རང་བཞིན་གྱི་ཁ་ན་མ་ཐོ་བའི་གཞི་ལ་ཆོས་ཅན། རྗེས་བཅས་གཞན་མུ་བརྒྱད་པོ་དེ་མི་སྲིད་དེ། གནང་བ་ཡང་མི་སྲིད་ལ་སྒྲུབ་པ་ཡང་མི་སྲིད་པའི་ཕྱིར་རོ། །གནང་བ་མི་སྲིད་པའི་ཕྱིར་ན་སྔར་གནང་བ་ལ་བརྟེན་པའི་རྗེས་བཅས་གསུམ་དང་དགག་པ་བཅས་པའི་རྗེས་སུ་གནང་བ་རྗེས་བཅས་མི་སྲིད་དོ། ། སྒྲུབ་པ་མི་སྲིད་པའི་ཕྱིར་ན་སྔར་སྒྲུབ་པ་ལ་བརྟེན་པའི་རྗེས་བཅས་གསུམ་དང་དགག་པ་བཅས་པའི་རྗེས་སུ་སྒྲུབ་པ་རྗེས་བཅས་མི་སྲིད་དོ། །འོ་ན་དེ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་གནང་བ་མེད་ན། རྫུན་སྨྲ་བའི་ཕམ་པའི་སྐབས་ཀྱི་ལུང་རྣམ་འབྱེད་ལས། སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་རྗེས་སུ་གནང་བ་ཡིན་ཏེ། མངོན་པའི་ང་རྒྱལ་མ་གཏོགས་ཏེ། ཞེས་དང༌། ལྷག་མ་དང་པོའི་སྐབས་ཀྱི་ལུང་རྣམ་འབྱེད་ལས། སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་རྗེས་སུ་གནང་བ་ཡིན་ཏེ། བསམ་བཞིན་དུ་ཁུ་བ་ཕྱུང་ན་རྨི་ལམ་གྱི་མ་གཏོགས་ཏེ། ཞེས་གསུངས་པ་དང་མི་འགལ་ལམ་སྙམ་ན། མངོན་པའི་ང་རྒྱལ་གྱིས་སྨྲས་པ་དེ་ནི་འདུ་ཤེས་བསྒྱུར་བ་མེད་པས་རྫུན་ཉིད་མ་ཡིན་པའི་ཕྱིར་ན་རྫུན་གནང་བ་མ་ཡིན་ནོ། །གཞན་ཡང་རྨི་ལམ་དུ་ཁུ་བ་ཕྱུང་བའི་ལྟུང་བ་མེད་པ་ཙམ་ལ་རྗེས་སུ་གནང་བ་ཞེས་བཏགས་པ་ཡིན་ཏེ། གནང་བའི་བཅས་པ་མ་ཡིན་ནོ། །དེ་ཡང་རྨི་ལམ་དུ་བྱས་པ་དེ་ནི་སྤྱིར་ན་བཅས་པ་མཚན་ཉིད་འཆའ་བའི་གཞི་གཏན་ནས་མ་ཡིན་པའི་ཕྱིར་ཏེ། ལུང་ལས། རྨི་ལམ་ནི་ཐ་སྙད་དུ་བྱར་རུང་བ་མ་ཡིན་ཞེས་པས་གྲུབ་བོ། །

གསུམ་པ་རྗེས་བཅས་ཀྱི་མཚན་ཉིད་ལ་གཉིས་ཏེ། མཚན་ཉིད་དངོས་དང༌། ཞར་ལ་བྱུང་བའོ། །

དང་པོ་རྗེས་བཅས་ཀྱི་མཚན་ཉིད་ནི། རང་གི་སྔར་བཅས་ལ་ལྟོས་ནས་འདུལ་བའི་བསླབ་པའི་གཞི་རྣམ་པར་བཞག་པ་ཕྱི་མའོ། །གཉིས་པ་ཞར་ལ་བྱུང་བ་ལ་གསུམ་ལས། དང་པོ་བཅས་པ་མཚན་ཉིད་པ་ཡིན་མིན་སྤྱིར་གཏན་ལ་དབབ་པ་ནི། ལྡོག་འཇུག་མ་བྱས་ན་ལྟུང་བའི་ཆད་པར་བཅས་ན་དགག་སྒྲུབ་ཀྱི་བཅས་པ་མཚན་ཉིད་པ་ཡིན་ལ། གཞན་དུ་ན་དགག་སྒྲུབ་ཀྱི་བཅས་པ་མཚན་ཉིད་པ་མ་ཡིན་ནོ། །དེ་ཡང་བཅོམ་ལྡན་འདས་སངས་རྒྱས་ནས་རིང་པོར་མ་ལོན་པ་ན། སྡིག་པ་ཅི་ཡང་མི་བྱ་སྟེ་གསུངས་ཀྱང༌། དགག་བཅས་མཚན་ཉིད་པ་མ་ཡིན་ཏེ། དེ་ལས་འདས་ཀྱང་ལྟུང་བའི་ཆད་པར་མ་བཅས་པའི་ཕྱིར་ཏེ་བཟང་སྦྱིན་གྱིས་ལོག་གཡེམ་དང་ནོར་ཅན་གྱིས་མ་བྱིན་ལེན་བྱས་ཀྱང༌། ལུང་རྣམ་འབྱེད་ལས། ལས་དང་པོ་པ་ལ་ལྟུང་བ་མེད་དེ། ཞེས་དང༌། འོད་ལྡན་ལས། འཕགས་པ་ཉེར་སྦས་ཀྱི་ཞལ་ནས་དགག་པའི་བཅས་པ་རང་མཚན་པ་དེ་ཆད་པ་བཅའ་བ་ལ་དགོངས་ནས་གསུངས་པའི་ཕྱིར་རོ། །ཞེས་གསུངས་སོ། །འོན་ཀྱང་གནང་བའི་བཅས་པ་ནི་ལྟུང་བའི་ཆད་པར་བཅས་པ་ལ་མི་ལྟོས་སོ། །འདིར་ཁ་ཅིག་ན་རེ་གནང་བའི་བཅས་པ་ནི་བཅས་པ་མཚན་ཉིད་པ་མ་ཡིན་ཏེ། ལྡོག་འཇུག་མ་བྱས་ཀྱང་ལྟུང་བའི་ཆད་པར་མ་བཅས་པའི་ཕྱིར་ཞེས་ཟེར་བ་ནི་ཁྱབ་པ་མ་ངེས་ལ། དམ་བཅའ་མི་འཐད་དེ། གནང་བ་བཅས་པའི་རྗེས་སུ་དགག་པ་རྗེས་བཅས་ཆོས་ཅན། རྗེས་བཅས་མ་ཡིན་པར་ཐལ། ལྟོས་པ་སྔར་བཅས་རང་མཚན་པ་མེད་པའི་ཕྱིར་རོ། །རྟགས་ཁས་བླངས་སོ། །ཁྱབ་པ་མ་གྲུབ་ན། ལྟོས་པ་སྔར་བཅས་མེད་པར་དེའི་རྗེས་བཅས་ཡོད་པར་འགལ་ལོ། །གོང་དུ་འདོད་ན། ཊཱི་ཀ་ལས། རྗེས་སུ་བཅས་པ་ཞེས་བྱ་བ་ནི་སྔར་གནང་བའི་གཞི་ལས་བཀག་པ་དང༌། ཞེས་སོ། །དེས་ན་གནང་བའི་བཅས་པ་ལ་ལྡོག་འཇུག་མ་བྱས་ཀྱང་ལྟུང་བའི་ཆད་པ་མེད་པར་བཅས་པ་ཉིད་ཀྱིས་བཅས་པ་མཚན་ཉིད་པ་ཡིན་པར་རིགས་སོ། །གནང་བའི་བཅས་པ་ལ་གོང་དུ་བཀོད་པའི་མཚོ་ཊཱིཀ་ལས་བཤད་པའི་བཅས་པའི་དོན་ཚང་ཚུལ་དཔྱད་པར་བྱའོ། །

གཉིས་པ་རྗེས་བཅས་མཚན་ཉིད་པ་ཡིན་མིན་བྱེ་བྲག་ཏུ་གཏན་ལ་དབབ་པ།

གཉིས་པ་རྗེས་བཅས་མཚན་ཉིད་པ་ཡིན་མིན་བྱེ་བྲག་ཏུ་གཏན་ལ་དབབ་པ་ནི།

སྡིག་ཅན་དགོན་པ་བས་སྤྲ་མོ་ལ་ལོག་པར་ཞུགས་པ་ལ་བརྟེན་ནས་འདི་ནི་རྗེས་སུ་བཅས་པའོ་ཞེས་གསུངས་པ་ལྟ་བུ་དགག་པ་བཅས་པའི་རྗེས་སུ་དགག་པའི་རྗེས་བཅས་ཀྱི་སྒྲས་བརྗོད་པ་དེ་ཆོས་ཅན།དགག་པ་དེ་རྗེས་སུ་བཅས་པ་མཚན་ཉིད་པ་ཉིད་མ་ཡིན་ཏེ། སྔར་ནས་དགག་པར་བཅས་ཟིན་པའི་ཕྱིར་རོ། །དེ་ཡང་དགོན་པ་བས་སྤྲ་མོ་ལ་ལོག་པར་ཞུགས་པ་ལ་བརྟེན་ནས། ལུང་རྣམ་འབྱེད་ལས། འདི་ནི་རྗེས་སུ་བཅས་པའོ་ཞེས་གསུངས་པ་ཆོས་ཅན། དེའི་སྔ་རོལ་ཏུ་དུད་འགྲོ་ལ་ལོག་པར་སྤྱོད་པ་བཀག་ཟིན་པ་ཡིན་ཏེ། དེའི་སྔ་རོལ་ཏུ་དགོན་པ་པ་ལ་དུད་འགྲོ་ལ་ལོག་པར་སྤྱོད་པའི་ཕམ་པ་བྱུང་བའི་ཕྱིར་ཏེ། དེའང་ལུང་རྣམ་འབྱེད་ལས། གཏི་མུག་ཅན་དེ་ནི་ཕམ་པར་གྱུར་ཏོ། །ཞེས་གསུངས་པས་གྲུབ་བོ། །རྣམ་གྲངས་གཞན་ཡང་ཆོས་ཅན་དང་བསྒྲུབ་བྱའི་ཆོས་སྔར་བཞིན་བརྗོད་ནས། དེའི་སྔ་རོལ་ཏུ་བཟང་སྦྱིན་ལ་བརྟེན་ནས་མི་ཚངས་པར་སྤྱོད་པ་སྤྱིར་བཀག་ཟིན་པའི་ཕྱིར་ཏེ། དེ་ལྟར་དུད་འགྲོ་ལ་ལོག་པར་སྤྱོད་པ་སྔར་ནས་དགག་པར་བཅས་ཟིན་ཀྱང་ལུང་རྣམ་འབྱེད་ལས། འདི་ནི་རྗེས་སུ་བཅས་པའོ། །ཞེས་གསུངས་པ་ནི། མི་ལ་བཀག་ཀྱང་དུད་འགྲོ་ལ་མ་བཀག་སྙམ་པའི་ལོག་རྟོག་བཟློག་པ་ཙམ་ཡིན་ཏེ། རྣམ་འབྱེད་འགྲེལ་བ་ལས། འདི་ནི་རྗེས་སུ་བཅས་པའོ་ཞེས་བྱ་བ་ནི། དེའི་རྗེས་སུ་སོང་བའི་བསམ་པ་བཟློག་པའི་ཕྱིར་རོ། །ཞེས་པས་སོ། །དེ་ལྟར་སྔར་ནས་དགག་པར་བཅས་ཟིན་པ་དེ་བཞིན་དུ། སྔར་ནས་སྒྲུབ་པར་བཅས་ཟིན་པ་ཡང་རྒྱུ་མཚན་མཚུངས་པས་ན། སྒྲུབ་པ་བཅས་པའི་རྗེས་སུ་སྒྲུབ་པ་རྗེས་བཅས་ཀྱང་རྗེས་བཅས་ཀྱི་སྒྲས་བརྗོད་པ་དེ་ཆོས་ཅན། སྒྲུབ་པ་དེ་རྗེས་སུ་བཅས་པ་མཚན་ཉིད་པ་མ་ཡིན་ཏེ། སྔར་ནས་སྒྲུབ་པ་བཅས་ཟིན་པའི་ཕྱིར་རོ་ཞེས་མཚོ་ཊཱིཀ་ལས་སྒྲུབ་པའི་རྗེས་སུ་སྒྲུབ་པ་བཅས་པ་དང་དགག་པའི་རྗེས་སུ་དགག་པ་བཅས་པ་རྗེས་བཅས་མཚན་ཉིད་པ་མ་ཡིན་པར་གསུངས་པ་ལ། འོན་ཀྱང་དབྱར་སྔ་མ་བཅས་པའི་རྗེས་སུ་དབྱར་ཕྱི་མ་བཅས་པ་སྒྲུབ་པའི་རྗེས་སུ་སྒྲུབ་པ་ཡིན་ཡང་རྗེས་བཅས་མཚན་ཉིད་པ་ཡིན་ཏེ། ཀུན་མཁྱེན་འཇམ་བཞད་ཀྱིས། སྒྲུབ་པའི་རྗེས་སུ་སྒྲུབ་པ་ལ་ཡང་དབྱར་ཕྱི་མ་ལྟ་བུ་དབྱར་གནས་ཙམ་དུ་འདྲ་ཡང་དབྱར་གཉིས་པ་ཁས་བླངས་ཚུལ་མ་ཤེས་ནས་ཞུས་པས་དབྱར་ཟླ་ཐ་ཆུང་ལ་ཕྱི་མ་གནས་པར་ཁས་བླངས་བར་བྱའོ། །ཞེས་པ་ལྟ་བུ་རྗེས་བཅས་མཚན་ཉིད་པ་ཡིན་པའི་ཕྱིར། ཞེས་པ་ནས། རྗེས་བཅས་མཚན་ཉིད་པ་ཡིན་པའི་ཕྱིར་སོགས་དུ་མ་ལུང་དང་གླེང་འབུམ་ལས་བཏོན་ཏེ་སྤྲོ་སླ། ཞེས་གསུངས་པ་དང༌།སྤྱི་སྒྲུབ་པས་བྱེ་བྲག་སྒྲུབ་མི་ནུས་པའི་ཕྱིར་ཟེར་ན་དཔྱད། སྲོག་ཆགས་དང་བཅས་པའི་བྱེ་མ་སྐོ་བ་བཀག་པའི་བཅས་པ་དགག་པའི་རྗེས་སུ་དགག་པ་ཡིན་ཀྱང་རྗེས་བཅས་མཚན་ཉིད་པ་ཡིན་ཏེ། འདུལ་བ་མདོར་བསྡུས་ཡིན་པའི་ཕྱིར། ཁྱབ་སྟེ། མཚོ་ཊཱིཀ་༤༢ལས། རང་ལུགས་བཞག་པ་ནི། འདུལ་བ་མདོར་བསྡུས་ཐམས་ཅད་རྗེས་བཅས་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །སྐབས་འདིར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་འདུལ་གཞུང་ལས། ཀླུ་སོགས་ལ་སྤྱད་པའི་ངོ་ཚའི་དབང་གིས་ཕམ་པའི་ཆར་གཏོགས་ཀྱི་སྦོམ་པོ་སྔར་བཤད་པ་དང༌། དགེ་སློང་མི་ཕམ་པ་ཞེས་པས་རྐུ་སེམས་ཀྱིས་རང་གི་གོས་ཀྱང་བརྐུས་ན་སྦོམ་པོར་བཅས་པ་ལྟ་བུ་དགག་པའི་རྗེས་སུ་དགག་པ་ཡིན་ཀྱང་མཚན་ཉིད་མི་འདོར་བ་དང་བསམ་ངོ་བ་མ་ཡིན་པའི་ཕྱིར། ཞེས་གསུངས་ནས་དེའི་ཤེས་བྱེད་དུ། ལུང་ལས། དགེ་སློང་དག་མི་ཕམ་པ། མི་གཏི་མུག་ཅན་དེ་ནི་རང་གི་ཆོས་གོས་རྙིང་རྙིང་དག་གིས་སྦོམ་པོའི་ལྟུང་བ་བྱུང་ངོ༌། །ཞེས་སོགས་དྲངས་ནས་བཤད་མོད་འདི་རྗེས་བཅས་མཚན་ཉིད་པ་ཡིན་ན་དགེ་སློང་མི་ཕམ་པ་བཅས་པའི་ལས་དང་པོ་ཡིན་དགོས་པས་ཕམ་པའི་སྦོམ་པོ་མ་བྱུང་དགོས་ཀྱང་དེ་བྱུང་བར་ལུང་ལས་དངོས་སུ་གསུངས་པས་གནོད་དམ་ལྷ་མོའི་ཚུལ་ཁྲིམས་ཀྱི་གོང་སྡོམ་འགྲེལ་བར། ལྟུང་བ་དེའི་རིགས་གསར་དུ་བཅས་པའི་ལས་དང་པོ་པ་ཡིན་ན་གང་ཟག་དེར་ལྟུང་བ་མེད་པ་བདེན་ཡང༌། ལྟུང་བ་དེའི་རིགས་སྔར་ནས་བཅས་ཟིན་ཏེ་ཁྱད་པར་གསར་དུ་བཅས་པའི་རྟེན་ལ་ལྟུང་བ་དེའི་ལས་དང་པོ་ཡིན་ཡང་བཅས་འགལ་འབྱུང་བ་མི་འགལ་བར་གསུངས་ཀྱང་དཔྱད་པར་ཞུའོ། ། གནང་བ་བཅས་པའི་རྗེས་སུ་གནང་བ་རྗེས་བཅས་ནི་རྗེས་བཅས་མཚན་ཉིད་པ་ཡིན་གྱི། སྔར་ནས་གནང་བར་བཅས་ཟིན་པ་ནི་མ་ཡིན་ཏེ། གནང་བའི་བཅས་པ་འཕྲལ་བཅས་ཡིན་པའི་ཕྱིར་རོ། །དེ་ཡང་ཊཱི་ཀ་ལས། ད་དུང་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བར་མ་གྱུར་པའི་ཕྱིར་ཞེས་དགག་པ་བཅས་པའི་རྗེས་སུ་གནང་བ་རྗེས་བཅས་འཕྲལ་བཅས་སུ་བཤད་པས། གནང་བའི་བཅས་པ་གཞན་ཐམས་ཅད་ཀྱང་འཕྲལ་བཅས་ཡིན་པར་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེས་ན་བདུན་ནི་རྗེས་བཅས་མཚན་ཉིད་པ་ཡིན་ཞེས་མཚོ་ཊཱིཀ་ལས་གསུངས་སོ། །གསུམ་པ་གནང་བའི་ཚུལ་ལུགས་བྱེ་བྲག་ཏུ་གཏན་ལ་དབབ་པ་ནི། སྐབས་འདིར་འདི་སྐད་དུ་གནང་བ་རྣམས་འཕྲལ་ལ་གསར་དུ་གནང་བ་ཡིན་ནམ། སྔར་ནས་གནང་ཟིན་པ་ཞིག་གནང་བ་ཡིན། དང་པོ་ལྟར་ན། ས་ག་མའི་རིན་པོ་ཆེའི་རྒྱན་བརྗེད་དེ་ལུས་པ་ན་ཀུན་དགའ་བོས་མཐོང་ནས་དེས་བསམས་པ་འདི་ཉིད་རྐྱེན་དུ་མཛད་དེ་གནང་བར་འགྱུར་བའི་གནས་དེ་ཡོད་དོ་སྙམ་ནས་རིན་པོ་ཆེའི་རྒྱན་དེ་སྦེད་དུ་བཅུག་པའི་སྐབས་སུ་ལུང་རྣམ་འབྱེད་ལས། ངས་མ་གནང་ཡང་གནང་བར་འགྱུར་བ་དེ་ཁྱོད་ཀྱིས་ཤེས་པ་ལེགས་སོ་ལེགས་སོ་ཞེས་སྔར་ནས་ཉེས་པ་མེད་པར་གསུངས་པ་དང་འགལ་ལོ། །གཞན་ཡང་དགེ་སློང་གིས་བཙུན་མོའི་འཁོར་དུ་ནུབ་མོ་འགྲོ་བ་བཀག་པའི་རྗེས་སུ། ཤཱ་རིའི་བུས་བཙུན་མོ་དཔལ་ལྡན་ལ་ཉི་མ་ནུབ་པའི་རྗེས་སུ་ཆོས་བསྟན་ན་བཙུན་མོར་རྒྱུན་ཞུགས་ཐོབ་པར་འགྱུར་པར་ཤེས་ནས་མཚན་མོ་ཆོས་བསྟན་པར་བྱེད་པའི་སྐབས་སུ་ལུང་རྣམ་འབྱེད་ལས། ཤཱ་རིའི་བུས་བསམས་པ། འདི་ལྟར་བཅོམ་ལྡན་འདས་ཀྱིས་མ་གནང་མོད་ཀྱི། འདི་ཉིད་རྐྱེན་དུ་མཛད་ནས་གནང་བར་འགྱུར་བའི་གནས་དེ་ཡོད་དོ་སྙམ་ནས། དེ་གདུལ་བྱ་ལ་ལྟོས་པས་དེ་ཉིད་དུ་འདུག་སྟེ་ཆོས་བསྟན་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཤཱ་རིའི་བུ་ལེགས་སོ་ལེགས་སོ་ཞེས་གསུངས་པ་དང་ཡང་འགལ་ལོ། །གཉིས་པ་ལྟར་ན་འདུག་གནས་སུ་ཟ་བའི་སྐབས་ཀྱི་ཊཱི་ཀ་ལས། ད་དུང་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་པར་མ་གྱུར་པའི་ཕྱིར་ཏེ་གླེང་གཞི་དེ་ཁོ་ནའི་དབང་གིས་དེའི་མོད་ལ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བར་མཛད་དོ་ཞེས་བཤད་པ་དང་འགལ་ལོ། །གལ་ཏེ་སྔར་ནས་གནང་ཟིན་ན་ནི། དགག་པ་བཅས་པའི་རྗེས་སུ་གནང་བ་རྗེས་བཅས་ཆོས་ཅན། གནང་བ་དེ་རྗེས་སུ་བཅས་པ་མ་ཡིན་པར་ཐལ། སྔར་ནས་གནང་ཟིན་པ་ཡིན་པའི་ཕྱིར་རོ་ཞེས་ཟེར་ན། དེ་དག་གི་ལན་འདི་ལྟར་གདབ་སྟེ། གནང་བ་ནི་སྔར་ནས་གནང་བ་ཡིན་ལ་གནང་བའི་བཅས་པ་ནི་འཕྲལ་ལ་གསར་དུ་འཆའ་བ་ཡིན་པས་གཞུང་དེ་དག་འགལ་བ་མེད་དོ། །འོ་ན་གནང་བ་དང་གནང་བའི་བཅས་པའི་ཁྱད་པར་གང་ཞེ་ན། གནང་བ་ནི་དང་པོ་ཉིད་ནས་ཐུགས་དགོངས་ཀྱིས་གནང་ཞིང་ངོ་བོ་ཉིད་ཀྱིས་ཉེས་མེད་དུ་གནས་པ་ཡིན་ལ། གནང་བའི་བཅས་པ་ནི་གསུང་གི་མཚམས་རྣམ་པར་བཞག་པ་ཁྱད་པར་ཅན་གྱིས་འཕྲལ་དུ་གནང་བའི་བཅས་པ་མཛད་པའོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །

བཞི་པ་ཁྱད་པར་ཅན་གྱི་དོན་གཏན་ལ་དབབ་པ།

བཞི་པ་ཁྱད་པར་ཅན་གྱི་དོན་གཏན་ལ་དབབ་པ་ལ་གཉིས་ལས།

ཁྱད་པར་ཅན་གྱི་གཞིའི་རྗེས་བཅས་འབྱུང་བའི་དུས་དང༌། ཁྱད་པར་གྱི་ཆོས་ལྟུང་བ་ཆེ་ཆུང་ངེས་པར་བྱ་བའོ། །དང་པོ་ནི་རང་རང་གི་སྔར་བཅས་ཀྱི་རྒྱུ་མཚན་ལྟ་བུ་སོ་ན་ཡོད་ཅིང་གང་ཟག་གི་ལོག་རྟོག་བཟློག་པའི་དགོས་པ་ཡོད་པའི་ཚེ་ན་རྗེས་བཅས་མ་དོར་བ་མུ་གསུམ་འབྱུང་ངོ༌། །སྔར་གྱི་དགག་བྱའི་རྒྱུ་མཚན་དོར་ནས་དགག་དགོས་མེད་པའི་རྒྱུ་མཚན་ཞུགས་པའི་ཚེ་ན། དགག་པ་བཅས་པའི་རྗེས་སུ་གནང་བ་རྗེས་བཅས་འབྱུང་ལ། སྔར་གྱི་དགོས་པའི་རྒྱུ་མཚན་དོར་ནས་དགག་དགོས་མེད་པའི་རྒྱུ་མཚན་ཞུགས་པའི་ཚེ་ན། སྒྲུབ་པ་བཅས་པའི་རྗེས་སུ་གནང་བ་རྗེས་བཅས་འབྱུང་ངོ༌། །དགག་དགོས་ལོག་པ་ལ་ཞུགས་པའི་ཚེ་ན་དགག་པ་ལས་སྒྲུབ་པ་རྗེས་བཅས་དང་སྒྲུབ་པ་ལས་དགག་པ་རྗེས་བཅས་འབྱུང་ངོ༌། །དགག་དགོས་ལོག་པ་དེ་ལ་ཡང་གཉིས་ཏེ། ངེས་པ་བཞིར་དགག་དགོས་ལོག་པ་དང༌། ངེས་པ་བཞི་ལས་གཞན་དུ་དགག་དགོས་ལོག་པའོ། །ངེས་པ་བཞིར་ནི་དགག་དགོས་ལོག་ཙམ་གྱིས་བཅས་པ་ལྡོག་སྟེ། དེ་ཡང་ཡུལ་ངེས་པ་ནི་ཨསྨ་པ་རན་ཏར་ཁྲུས་ཇི་ཙམ་བྱེད་ཀྱང་ལྟུང་བ་མེད་པ་ལྟ་བུའོ། །དུས་ངེས་པ་ནི་ཟླ་བ་ཕྱེད་ཅིང་ཁྲུས་བྱེད་པ་ལ་ལྟུང་བ་མེད་པ་ལྟ་བུའོ། །དངོས་པོ་ངེས་པ་ནི་རྡོའམ་སོ་ཕག་རིམ་པ་གསུམ་ལས་ལྷག་པར་བརྩིགས་ཀྱང་ལྟུང་བ་མེད་པ་ལྟ་བུའོ། །གང་ཟག་ངེས་པ་ནི་བ་ལང་བདག་ལྟ་བུ་མིད་པ་གཉིས་པས་ཕྱི་དྲོ་སྒྲེགས་པ་མིད་པ་ལ་ལྟུང་བ་མེད་པ་ལྟ་བུའོ། །དེ་ལྟར་ངེས་པ་བཞིར་ནི་དགག་བྱའི་ཤུལ་དུ་དགོས་པའི་རྒྱུ་མཚན་ཞུགས་ན་དགག་བཅས་ལས་སྒྲུབ་བཅས་སུ་འགྱུར་ཏེ། སྔར་གྱི་དགག་བཅས་ཀྱི་རྒྱུ་མཚན་དོར་ནས། སྒྲུབ་བཅས་རྣམ་པར་འཇོག་བྱེད་ཀྱི་དགོས་པའི་རྒྱུ་མཚན་ཞུགས་པའི་ཕྱིར་རོ། །སྐབས་འདིར་ཊཱི་ཀ་ལས་ཞག་བཅོ་ལྔ་ཁྲུས་ཀྱི་ཉིན་མོ་ལ་ཁྲུས་བྱ་བ་གང་ཡིན་པ་དེ་ནི་གྲགས་པ་ཡིན་པས། དེར་ཁྲུས་བྱ་བ་ལ་ནི་དུས་བྱིན་གྱིས་བརླབ་པར་བྱ་མི་དགོས་སོ་ཞེས་གསུངས་པ་དེ། ངེས་པ་བཞི་པོ་གཞན་ལ་ཡང་དུས་བྱིན་གྱིས་བརླབ་མི་དགོས་པར་སྦྱར་ཏེ་དེ་ལྟར་ན་ངེས་པ་བཞི་པོ་གང་རུང་རེ་རེས་ཀྱང་བཅས་པའི་ས་མཚམས་ཟིན་ཏོ། །དུས་དྲན་པ་ལ་སོགས་པ་བཅས་པའི་ས་མཚམས་འཛིན་བྱེད་གཞན་མི་དགོས་སོ། །དམིགས་བསལ་ནི། ཡུལ་ངེས་པ་བྱང་གི་སྒྲ་མི་སྙན་དུ་བྱིན་ལེན་མ་བྱས་པར་ཟ་བ་ལ་ནི་དུས་བྱིན་གྱིས་བརླབ་དགོས་པར་ལུང་དང་བྱིན་ལེན་གྱི་ཊཱི་ཀ་ལས་གསུངས། གནས་དེར་བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བ་དངོས་དེ་མི་འབྱུང་ཡང་དུས་དྲན་པར་མ་བྱས་ན་བསླབ་བྱའི་ཉེས་བྱས་འབྱུང་བའོ། །གཉིས་པ་ངེས་པ་བཞི་ལས་གཞན་དུ་ནི་དགག་དགོས་ལོག་པ་ཙམ་གྱིས་བཅས་པ་མི་ལྡོག་སྟེ། གནས་ངན་ལེན་མ་བརྗོད་ན་ཁྱིམ་པ་རྣམས་མ་དད་པ་སྐྱེ་བའི་དགག་བྱ་འབྱུང་སྟེ། དགག་དགོས་ལོག་ཀྱང༌། དགག་བྱ་སོ་ན་གནས་སོ། །དེའི་ཚེ་ནའང་གནས་ངན་ལེན་བརྗོད་དུ་རུང་བ་དེ་བསྐོ་བའི་ཆོ་ག་ལ་ལྟོས་པར་གསུངས་པས་མ་བསྐོས་ན་དེའི་ཚེ་ནའང་གནས་ངན་ལེན་བརྗོད་དུ་མི་རུང་བར་གྲུབ། གནས་ངན་ལེན་མ་བརྗོད་ན། མ་དད་པ་སྐྱེ་བའི་དགག་བྱ་བྱུང་ནའང་གནས་ངན་ལེན་མི་བརྗོད་པའི་ཕྱིར་ཏེ། རྩ་བར། བསྐོ་བ་མ་བྱས་པ་ལའོ། །ཞེས་གསུངས་པས་གྲུབ་བོ། །རིགས་པས་ཀྱང་བྱ་བ་དེ་འབྲེལ་གྱི་དགག་དགོས་ལོག་ཙམ་གྱིས་བཅས་པ་ལྡོག་ཅིང་དགག་བཅས་ལས་སྒྲུབ་བཅས་སུ་འགྱུར་ན་ནི། བཅས་པ་ཧ་ཅང་མི་བརྟན་པའི་སྐྱོན་དུ་འགྱུར་བའི་ཕྱིར་བྱ་བ་དེ་འབྲེལ་གྱི་དགག་དགོས་ལོག་ཙམ་གྱིས་བཅས་པ་མི་ལྡོག་གོ །ངེས་པ་བཞི་ལས་གཞན་དུ་ཡང་དགག་དགོས་ལོག་པའི་སྟེང་དུ་བཅས་པའི་ས་མཚམས་འཛིན་བྱེད་ཡོད་ན་ནི་བཅས་པ་ལྡོག་སྟེ། གནས་ངན་ལེན་བརྗོད་པའི་དགག་དགོས་ལོག་ཅིང༌། བཅས་པའི་ས་མཚམས་འཛིན་བྱེད་དུ་གནས་ངན་ལེན་བརྗོད་པ་བསྐོ་བའི་ཆོ་ག་བྱས་ན། སྔར་ནི་གནས་ངན་ལེན་བརྗོད་པ་དགག་པར་བཅས་ཀྱང༌། ཕྱིས་གནས་ངན་ལེན་བརྗོད་པ་སྒྲུབ་བཅས་སུ་འགྱུར་ཏེ། དེའི་ཚེ་ན་གནས་ངན་ལེན་མི་བརྗོད་ན་ཉེས་པ་བསྐྱེད་པ་ལྟ་བུའོ། །གཉིས་པ་ཁྱད་པར་གྱི་ཆོས་ལྟུང་བ་ཆེ་ཆུང་ངེས་པར་བྱ་བ་ནི་ངེས་པ་བཞིར་དགག་དགོས་ལོག་སྟེ། དགག་བཅས་ལས་སྒྲུབ་བཅས་སུ་གྱུར་ན། སྔར་གྱི་དགག་བཅས་ལས་འདས་པའི་ལྟུང་བ་དང་ཕྱིས་ཀྱི་སྒྲུབ་བཅས་ལས་འདས་པའི་ལྟུང་བ་དེ་གཉིས་ལྟུང་བ་མཉམ་པོར་འབྱུང་སྟེ། ཡུལ་ཨསྨ་པ་རན་ཏ་དང༌། ཚད་པ་མཉམ་པའི་ཡུལ་ངེས་པ་འགའ་ཞིག་ན་ཡུལ་ཁམས་དེ་ན་ཡུལ་མི་ཐམས་ཅད་ཉིན་རེ་བཞིན་ཁྲུས་བྱེད་པའི་ཡུལ་ཆོས་ཡོད་པའི་དབང་དུ་བྱས་ནས། དེར་དགེ་སློང་གིས་ཉིན་རེ་བཞིན་ཁྲུས་མ་བྱས་ན་ཡུལ་ཆོས་དང་འགལ་ཞེས་དགེ་སློང་ལ་ཡུལ་མི་ཐམས་ཅད་མ་དད་ཅིང་སྡིག་རྐྱེན་དུ་འགྱུར་ན། དེའི་ཚེ་ན་ཡུལ་དེར་དགེ་སློང་གིས་ཉིན་རེ་བཞིན་ཁྲུས་བྱའམ་མི་བྱ་སྙམ་ན་ཡུལ་ངེས་པར་དགག་དགོས་ལོག་པས་དགག་བཅས་སྒྲུབ་བཅས་སུ་གྱུར་པ་སྟེ། དེར་དགེ་སློང་གིས་ཉིན་རེ་བཞིན་ཁྲུས་མི་བྱེད་ན་འདུལ་བ་མདོར་བསྡུས་ལས་འདས་པའི་ལྟུང་བྱེད་སྐྱེད་པ་ལྟ་བུ་དང༌། ཊཱི་ཀ་ལས། ཡུལ་གང་ན་བལ་དཀར་པོ་རིན་ཆེ་ཞིང་དཀོན་ལ། སྲིན་བལ་དང་བལ་ནག་པོ་རིན་ཆུང་ཞིང་ཤིན་ཏུ་མོད་པ་དེར་ནི་སྲིན་བལ་དང་བལ་ནག་པོའི་གནས་སུ་བལ་དཀར་པོ་རིག་པར་བྱའོ། །ཞེས་དང༌། རང་གི་རྣམ་བཤད་ལས། བལ་ནག་པོ་འབའ་ཞིག་ལ་ལྟུང་བ་མེད་དེ། དཀར་པོ་ལ་ནི་ལྟུང་བ་ཡོད་དོ་ཞེས་གོ་ལྡོག་ནས་བརྗོད་དེ་ཞེས་གསུངས་པ་ལྟ་བུའོ། །གཞི་དཀར་ནག་ལྡོག་པའི་ལྟུང་བ་མཉམ་པོར་གསུངས་པའི་གནད་ཀྱིས། བྱས་ན་ལྟུང་བ་བསྐྱེད་པ་ལས་སྐབས་འདིར་ནི་བྱ་བ་དེ་མ་བྱས་ན་ལྟུང་བ་བསྐྱེད་ཅེས་བྱ་བ་དགག་སྒྲུབ་ལྡོག་པའི་ལྟུང་བ་ཡང་མཉམ་པོར་འོང་སྟེ། བཅས་པ་རྣམ་འཇོག་གི་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ངེས་པ་བཞི་ལས་གཞན་དུ་ནི་དགག་དགོས་ལོག་པའི་སྟེང་དུ་བཅས་པའི་ས་མཚམས་འཛིན་བྱེད་ཀྱང་ཡོད་པར་འགྱུར་ཏེ། དགག་བཅས་ལས་སྒྲུབ་བཅས་སུ་གྱུར་པ་ལྟ་བུ་ལ་ནི། སྔར་བཅས་ཀྱི་ལྟུང་བ་བས་རྗེས་བཅས་ཀྱི་ལྟུང་བ་ན་སྨད་པར་འགྱུར་ཏེ། སྔར་བཅས་ལ་གནས་ངན་ལེན་བརྗོད་ན་ལྟུང་བྱེད་དུ་འགྱུར་ཡང༌། རྗེས་བཅས་ལ་གནས་ངན་ལེན་མ་བརྗོད་པ་ལ་ནི་ཉེས་བྱས་སུ་འགྱུར་གྱི་ལྟུང་བྱེད་དུ་མི་འགྱུར་ཏེ། འབྱུང་རིང་འབྲེལ་ཆུང་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་རོ། །དཔེར་ན་དགེ་སློང་མས་ཡང་ཡང་ཟ་བ་ལ་ལྟུང་བྱེད་མི་བསྐྱེད་པའི་རྒྱུ་མཚན་ནི་ཊཱི་ཀ་ལས། དགེ་སློང་མ་རྣམས་ནི་ཤས་ཆེར་མཆོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་བཞིན་ནོ། །འོ་ན་སྔར་བཅས་ཀྱི་ལྟུང་བ་བས་རྗེས་བཅས་ཀྱི་ལྟུང་བ་ན་སྨད་དུ་འགྱུར་ན། སྔར་བཅས་ལ་དགེ་སློང་མས་དགེ་སློང་ལ་ཕྱག་བྱ་དགོས་པ་ན་ཕྱག་མ་བྱས་ན་ཉེས་བྱས་སུ་འགྱུར་བ་ལས་རྗེས་བཅས་དགེ་སློང་གནས་ནས་ཕྱུངས་པ་ལ་ཕྱག་འཚལ་བ་བཀག་པ་ན། ཕྱག་བྱས་པ་ལ་བརྟེན་ནས་བཟློག་པའི་ཕམ་པ་བསྐྱེད་པས། སྔར་བཅས་ཀྱི་ལྟུང་བ་བས་རྗེས་བཅས་ཀྱི་ལྟུང་བ་ཆེ་བ་དང་འགལ་ཞེ་ན། དེ་ནི་དམིགས་བསལ་ཡིན་ནོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །བཀག་པ་ནི་དགག་བྱ་དང་ལྡན་པ། སྲོག་ལ་བབ་ཀྱང་མ་གནང་བ་སྟེ། ཊཱི་ཀ་ལས། བཀག་པ་ཞེས་བྱ་བ་ནི་སྲོག་ལ་བབ་ཀྱང་གཞི་འདི་རྣམ་པ་ཐམས་ཅད་དུ་མི་བྱའོ་ཞེས་བྱ་བ་སྟེ། དཔེར་ན་ང་ལ་སྟོན་པར་སྨྲ་བ་རྣམས་ཀྱིས་ཐ་ན་རྩྭའི་མཆོག་མས་ཀྱང་ཆང་མི་བླུད་མི་བཏུང་ངོ༌། །ཞེས་དང༌། སྲོག་གཅོད་པ་ལ་སོགས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་མི་བྱའོ་ཞེས་གསུངས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་རོ། །གནང་བ་ཞེས་པ་ནི་དགག་དགོས་ཀྱི་རྒྱུ་མཚན་དང་མི་ལྡན་པ་ཅི་དགར་སྤྱད་པར་གནང་བ་སྟེ། ཊཱི་ཀ་ལས། གནང་བ་ཞེས་བྱ་བ་ནི་ཅི་དགར་སྤྱད་པའི་ཡུལ་ལ་བྱ་བ་གང་ཡང་རུང་བ་ཞིག་མི་བྱེད་དམ་བྱེད་ན་ལྟུང་བ་ཞེས་བྱ་བའི་ཉེས་པ་མེད་པ་སྟེ། དཔེར་ན་ཕས་ཀྱི་རྒོལ་བ་ཚར་བཅད་པའི་ཕྱིར། ཕྱི་རོལ་པའི་བསྟན་བཅོས་བཀླག་པར་ངས་རྗེས་སུ་གནང་ངོ་ཞེས་གསུངས་པ་ལྟ་བུའོ། །ཞེས་སོ། །ཅུང་ཟད་དཔྱད་ན་འདི་ནི་དགག་སྒྲུབ་གནང་གསུམ་གྱི་ནང་ནས་སྒྲུབ་པ་ཡིན་ཏེ། རྒོལ་བ་ཚར་གཅོད་པའི་ནུས་པ་ཡོད་པ་དག་གིས་འདི་བྱ་དགོས་པ་ཡིན་པའི་ཕྱིར་ཏེ། ཕྲན་ཚེགས་སྒོ་གཉིས་པ་ལས། དགེ་སློང་དག་གིས་འཇིག་རྟེན་རྒྱང་འཕེན་པ་ལ་སོགས་པ་ཕྱི་རོལ་བའི་བསྟན་བཅོས་ལ་བསླབ་པར་བྱའོ། །ཞེས་དང༌། ཕྲན་ཚེགས་ལས། ཕས་ཀྱི་རྒོལ་བ་ཚར་གཅོད་ནུས་པ་གང་ཡིན་པ་དེ་དག་གིས་འཇིག་རྟེན་རྒྱང་འཕེན་པ་ལ་སོགས་པ་ཕྱི་རོལ་བའི་བསྟན་བཅོས་ལ་བསླབ་པར་བྱའི་བྱིས་པ་དང་རྨོངས་པ་དང་མི་གསལ་བ་དང་མི་མཁས་པ་དག་གིས་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ལྔ་པ་འདི་དང་འོག་ནས་ལྟུང་བ་དང་ཞེས་བྱ་བ་ལ་སོགས་པའི་ལྔ་པས་ནི་འདུལ་བ་འབའ་ཞིག་ཤེས་པ་ཉིད་བསྟན་ཏོ་ཞེས་ཊཱི་ཀ་ལས་བཤད་དོ། །

བཅུ་དགུ་པ་གནས་འཆར་གཞུག་ནུས་ཀྱི་ལྔ་བ་དང་ཉི་ཤུ་བ་རེ་ཞིག་གནས་འཆར་ཞུགས་ནུས་ཀྱི་ལྔ་བ་གཉིས་ཡོད།

བཅུ་དགུ་པ་གནས་འཆར་གཞུག་ནུས་ཀྱི་ལྔ་བ་དང་ཉི་ཤུ་བ་རེ་ཞིག་གནས་འཆར་ཞུགས་ནུས་ཀྱི་ལྔ་བ་གཉིས་ཡོད་དེ།

རྩ་བར། བར་དུ་གཅོད་པ་དང༌། བར་དུ་གཅོད་པ་མ་ཡིན་པ་མངོན་པར་ཤེས་པ་ཉིད་དང་སྨྲ་བ་པོ་ཉིད་དང་རྗེས་སུ་སྟོན་པ་ཉིད་དང་གནས་དང་རེ་ཞིག་གནས་འཆར་ནུས་པ་ཉིད་དང་སྦྱར་རོ། །ཞེས་སོ། །ཡན་ལག་སྔ་མ་བཞི་ལ་གནས་འཆར་གཞུག་དང་རེ་ཞིག་གནས་འཆར་གཞུག་གཉིས་སོ་སོར་སྦྱར་ན་ལྔ་བ་གཉིས་སུ་འགྱུར་ཏེ། ཊཱི་ཀ་ལས། ཡན་ལག་འདི་གཉིས་ཡན་ལག་སྔ་མ་བཞི་དང་སྦྱར་ན་ལྔ་བ་གཉིས་སུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཡན་ལག་དང་པོ་བཞི་ནི། ཊཱི་ཀ་ལས། བར་དུ་གཅོད་པ་ནི་འདུལ་བ་ལས་སྲོག་གཅོད་པ་ལ་སོགས་པ་བྱ་བ་མ་ཡིན་པ་གང་ཡིན་པ་སྟེ་དེ་ནི་བར་དུ་གཅོད་པར་ནུས་པའི་ཕྱིར་རོ། །ཞེས་སོ། །འགྲེལ་ཆུང་ལས། སྡིག་ཏུ་འགྱུར་ཞིང་དགྲ་བཅོམ་པའི་རིམ་པར་འགྱུར་བ་ལ་བར་དུ་གཅོད་པ་ལ་བྱ་ཞེས་པས་སྡིག་པ་དང་ཉོན་མོངས་པ་རྣམས་སོ། །དེ་དག་ལས་བཟློག་པ་བར་དུ་གཅོད་པ་མ་ཡིན་པ་སྟེ་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་དག་མངོན་པར་ཤེས་པ་ཉིད་དང༌། བར་དུ་གཅོད་མི་གཅོད་གཉིས་པོ་དེ་དག་གཞན་ལ་སྨྲ་ཞིང་གོ་བར་བྱེད་པ་ལ་མཁས་པའི་སྨྲ་བ་པོ་ཉིད་དང༌། རྗེས་སུ་སྟོན་པ་ནི་རང་ཉིད་ཚུལ་བཞིན་དུ་གནས་པའི་རྗེས་སུ་སྟོན་པ་སྟེ་སློབ་མ་ལ་སོགས་པ་རྣམས་ཉེས་པ་ལས་རྣམ་པར་བཟློག་ཅིང་དགེ་བ་ལ་སྦྱོར་བ་ཉིད་དེ། དེ་ལྟར་ཡང་ཊཱི་ཀ་ལས། སློབ་མ་ལ་སོགས་པ་དག་བྱ་བ་མ་ཡིན་པ་དག་ལས་ལེགས་པར་འཇོག་པ་དང༌། རྗེས་སུ་མཐུན་པ་དང༌། རྣམ་པར་བཟློག་པ་དང༌། རྗེས་སུ་མཐུན་པར་སྨྲ་བ་ཉིད་དང༌། བྱ་བ་དག་ལ་རྗེས་སུ་སྒྲུབ་པ་ལ་འཇུག་པ་དང༌། རྗེས་སུ་མཐུན་པར་སྨྲ་བ་ཉིད་དེ་ཞེས་ཚིག་དྲུག་གསུངས་སོ། །སྡེ་སྣོད་འཛིན་པ་གཞན་ལ་རང་གི་སློབ་མ་ཡུན་རིང་དུ་གནས་འཆར་འཇུག་ནུས་པ་དང༌། ཡུན་ཐུང་ངུར་རེ་ཞིག་གི་གནས་འཆར་འཇུག་ནུས་པ་ཉིད་དང་ཡང་སྦྱར་རོ། །ཁ་ཅིག་ན་རེ་དེ་གཉིས་ནི་གནས་སུ་བཟུང་བའི་ཆོ་ག་དང་བཅས་ཏེ་གནས་འཆར་འཇུག་པ་དང་རེ་ཞིག་གི་བྱ་བ་ཞུ་བའི་ཡུལ་གནས་ཙམ་བྱེད་དུ་འཇུག་པ་ཡིན་ཞེས་ཀྱང་འཆད་དོ། །འདི་གཉིས་ནི་གཏོང་ཕོད་ཆེ་བའི་ཆ་ནས་ཡོན་ཏན་དུ་བགྲངས་པ་སྟེ། ཊཱི་ཀ་ལས། འཆར་འཇུག་པ་ནུས་པ་ཉིད་ནི་ཕོད་པ་ཉིད་དོ། །ཞེས་སོ། །ཉེར་གཅིག་པ་ལྟུང་ཤེས་ཀྱི་ལྔ་བ་ཡོད་དེ། རྩ་བར། ལྟུང་བ་དང་ལྟུང་བ་མ་ཡིན་པ་དང་ཡང་བ་དང་ལྕི་བ་ཉིད་མངོན་པར་ཤེས་པ་ཉིད་དང་སོ་སོར་ཐར་བ་དང་རྒྱས་པ་ཐོན་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །ལྟུང་བ་ནི་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་ཐམས་ཅད་དེ། བཅས་པ་རྣམས་ཀྱང་ཁྱད་གསོད་དང་འབྲེལ་བའི་ཉེས་པས་ངན་སོང་དུ་ལྟུང་སྟེ། ལྕི་ཡང་བསྟན་པའི་མདོ་ལས། ཁྱད་དུ་གསོད་པའི་རྒྱུ་རྐྱེན་གྱིས། །ཚེ་ཡིས་དུས་བྱས་ངན་སོང་ལྟུང༌། །ཞེས་གསུངས་ལ། དུས་མ་ཡིན་པར་ཟ་བ་དང་ཆང་འཐུང་བ་ལ་སོགས་པ་རྣམས་ལ་ཡང༌། ལུང་རྣམ་འབྱེད་ལས། སྲེག་པར་བྱེད་འཚེད་པར་བྱེད་ལྟུང་བར་བྱེད་པའོ། །ཞེས་གསུངས་སོ། །ལྟུང་བ་མ་ཡིན་པ་ནི་སྒྲུབ་པ་དང་གནང་བའི་བྱ་བ་རྣམས་སོ། །ཡང་བ་དང་ལྕི་བ་ཞེས་པ་ལྕི་ཡང་གི་ཆོས་དྲུག་སྟེ་ལྔ་དང་གཅིག་གོ །ལྔ་ནི་འདུལ་བ་བསྡུ་བ་ལས། ལྟུང་བ་རྣམས་ཀྱི་ཆུང་ལ་སྩོགས། །རྣམ་པ་ལྔར་ནི་རིག་པར་བྱ། །ངོ་བོ་ཉིད་དང་བྱེད་པ་དང༌། །བསམ་དང་གཞི་དང་ཚོགས་པའོ། །ཞེས་གསུངས་ཏེ། ༡ངོ་བོའི་སྒོ་ནས་ལྕི་ཡང་དུ་ཕྱེ་ན་ཕམ་པ་ནི་ལྕི། དགེ་འདུན་ལྷག་མ་ནི་འབྲིང་དང༌། དེ་གཉིས་ལས་གཞན་ནི་ཡང་བ་ཡིན་ནོ་ཞེས་སློབ་དཔོན་ཐོགས་མེད་ཀྱི་འདུལ་བ་བསྡུ་བ་ལས་གསུངས་སོ། །དེ་རྣམས་ནི་གཙོ་ཆེར་ཆད་པ་ལྕི་ཡང་གི་དབང་དུ་བྱས་པ་སྟེ་སྤྱིར་བཏང་ཡིན་ནོ། །དམིགས་བསལ་ནི་ངོ་བོ་ལྕི་ཡང་གི་དབང་དུ་བྱས་ན་འཆབ་པའི་ཕམ་པ་བས་ནི་དགེ་འདུན་གྱི་དབྱེན་བྱེད་པའི་ལྷག་མ་ལྕི་བའམ་གཅིག་པུ་ལམ་དུ་འགྲོ་བའི་ལྷག་མ་བས་ཀྱང་དུད་འགྲོ་བསད་པའི་ལྟུང་བྱེད་ལྕི་བ་ཡོད་དེ། སློབ་དཔོན་ཁྱད་པར་བཤེས་གཉེན་གྱི་འདུལ་བ་བསྡུས་པ་ལས། དུད་འགྲོའི་སྲོག་གཅོད་པའི་ལྟུང་བ་ནི་ལྕི་ཡི་དགེ་འདུན་ལྷག་མ་ནི་དེ་ལྟ་མ་ཡིན་ནོ། ཞེས་གསུངས་སོ། །རྣམ་གྲངས་གཞན་ཡང་རང་བཞིན་གྱི་ཁ་ན་མ་ཐོ་བ་འདི་ངོ་བོ་ཉིད་ཀྱིས་ལྕི་ལ། བཅས་པའི་ཁ་ན་མ་ཐོ་བ་ངོ་བོ་ཉིད་ཀྱིས་ཡང་བའོ།།ཞེས་མཚོ་ཊཱིཀ་ལས་ཁྱད་པར་བཤེས་གཉེན་གྱི་འདུལ་བསྡུས་སུ་གསུངས་པ་དམིགས་བསལ་སྦྱར་བ་ལ། ཀུན་མཁྱེན་འཇམ་དབྱངས་བཞད་པས་ཐོགས་མེད་ཀྱིས་གསུངས་པ་ཆད་པས་དང༌། ཁྱད་པར་བཤེས་གཉེན་གྱི་གསུངས་པ་རྣམ་སྨིན་གྱི་སྒོ་ནས་ཡིན་པར་གསུངས་སོ། །༢ བྱེད་པའི་སྒོ་ནས་ལྕི་ཡང་ནི། མ་གུས་པས་བྱས་པ་ལྕི། ཉོན་མོངས་པ་མང་བས་བྱས་པ་འབྲིང༌། མི་ཤེས་པ་དང་བག་མེད་པས་བྱས་པ་ཡང་བ་ཡིན་ནོ། །༣ བསམ་པའི་སྒོ་ནས་ལྕི་ཡང་ནི། ཞེ་སྡང་ལྟ་བུའི་ཉོན་མོངས་པ་ཆེ་འབྲིང་ཆུང་གསུམ་ལས་ལྟུང་བ་ལྕི་ཡང་གསུམ་འབྱུང་ངོ༌། །༤གཞིའི་སྒོ་ནས་ལྕི་ཡང་ནི། སྲོག་གཅོད་པ་ལྟ་བུ་སྤྱིར་བཏང་ལ།གཞི་མི་དང་མི་མིན་དང་དུད་འགྲོ་གསུམ་ལ་ལྟུང་བ་ལྕི་ཡང་གསུམ་འབྱུང་ངོ༌། ། རྣམ་གྲངས་གཞན་ཡང་གཞིའི་སྒོ་ནས་ལྕི་ཡང་ནི་བྱེ་བྲག་ཕ་མའམ་དགྲ་བཅོམ་པ་བསད་པའི་ལྟུང་བ་ལྕི། དེ་ལས་གཞན་པའི་མི་བསད་པ་འབྲིང་དང་དུད་འགྲོ་བསད་ན་ལྟུང་བྱེད་སྔ་མ་གཉིས་ལས་ཡང་བའོ། ། ༥ ཚོགས་པའི་སྒོ་ནས་ལྕི་ཡང་ནི་ལྟུང་བ་གཅིག་དང་གཉིས་ཡང༌། གསུམ་ནས་གྲངས་ཤེས་པ་འབྲིང༌། གྲངས་མི་ཤེས་པ་ལྕི་བ་སྟེ། རྩ་འགྲེལ་འདིའི་ལུགས་སོ། །སློབ་དཔོན་ཐོགས་མེད་ཀྱི་འདུལ་བ་བསྡུ་བ་ལས་ལྟུང་བ་གཅིག་དང་གཉིས་ནས་ལྔའི་བར་དུ་བྱུང་བ་ནི་ཡང་བའོ། །དེ་ཡན་ཆད་ལྟུང་བ་གྲངས་ཤེས་པ་འབྲིང༌། ལྟུང་བ་གྲངས་ཤེས་པར་མི་ནུས་པ་ལྕི་བར་བཤད་དོ། ། ༦ གང་ཟག་གི་སྒོ་ནས་ལྕི་ཡང་ནི། འདུལ་བ་བསྡུས་པ་ལས། གང་ཟག་ནི་དགེ་བའི་རྩ་བས་མ་བརྟན་པ་བླུན་པོའི་རྒྱུད་དེ་ལྕི་བའོ། །དེ་ལས་གཞན་པ་ནི་ཡང་བའོ་ཞེས་བཤད་དོ། །ལྡང་བའི་ཐབས་ལ་མི་མཁས་པའི་ཕྱིར་དང་མཁས་པའི་ཕྱིར་ཏེ། མཛོད་འགྲེལ་ལས། མི་མཁས་པས་ནི་སྡིག་པ་ཆུང་ངུ་བྱས་ནའང་འོག་ཏུ་འགྲོ ། མཁས་པས་ཆེན་པོ་བྱས་ཀྱང་གནོད་པ་རབ་ཏུ་སྤོང་བར་འགྱུར། ལྕགས་ཀྱི་གོང་བུ་ཆུང་ཡང་ཆུའི་གཏིང་དུ་འབྱིང་འགྱུར་ལ། དེ་ཉིད་སྣོད་དུ་བྱས་ན་ཆེ་ཡང་སྟེང་དུ་འཕྱོ་བར་འགྱུར་ཞེས་བཤད་དོ། །རྣམ་གྲངས་གཞན་ཡང་མི་ཤེས་པ་དང་ཤེས་བཞིན་པའི་ལྟུང་བ་ནི་ཡང་པ་དང་ལྕི་བ་སྟེ། ཁྱད་གསོད་དང་མ་འབྲེལ་བའི་ཕྱིར་དང་འབྲེལ་བའི་ཕྱིར་རོ། །སོ་སོ་ཐར་པའི་མདོ་དང་རྒྱས་པ་ལུང་དུམ་བུ་བཞི་སྟེ་འདུལ་བ་མཐའ་དག་བླ་མ་ལ་ཀླག་པའི་བསམ་པས་གཟུང་སྟེ་ཚིག་ཁ་ཏོན་དུ་ཐོན་པ་ཉིད་དོ། །ཊཱི་ཀ་ལས། སོ་སོ་ཐར་པ་དང་རྒྱས་པ་ཐོན་པ་ཉིད་ནི་ཚིག་ལས་རིག་པར་བྱའོ། །དོན་ལས་ནི་ལྟུང་བ་དང་ལྟུང་བ་མ་ཡིན་པ་ལ་སོགས་པ་ཉིད་ཀྱིས་གྲུབ་པའི་ཕྱིར་རོ། །ཞེས་སོ། །རང་བས་བསླབ་པ་རྒ༷ན་པ༷་ལྔ་ཕྲུགས་དང་ལྡན་པ་མེ༷ད་ན༷་གཞོ༷ན་པ༷་ལ༷་གན༷ས་བཅ༷འ་སྟེ། ལུང་གཞི་ལས། བཙུན་པ་དགེ་སློང་བསྙེན་པར་རྫོགས་ནས་ལོ་དྲུག་ཅུ་ལགས་ལ། དེས་སོ་སོ་ཐར་པའི་མདོ་གདོན་པ་དང་རྒྱས་པར་བཀླགས་པ་དང་ཐོན་པར་མ་ལགས་ན་དེས་ཀྱང་གཞན་ལ་གནས་པས་མཆི་བར་བགྱིའམ། ཉེ་བར་འཁོར་དེས་ཀྱང་གཞན་ལ་གནས་པས་འདུག་པར་བྱ༷འོ༷། །ཞེས་གསུངས་སོ། །ཊཱི་ཀ་ལས། འདིར་ལོ་དྲུག་ཅུ་ལོན་པ་ཉིད་ཀྱང་མཚོན་པ་ཙམ་དུ་ཟད་ཀྱི་ལོ་བརྒྱད་ཅུ་ལོན་པས་ཀྱང་གཞན་ལ་གནས་པས་འདུག་པར་བྱའོ། །ཞེས་སོ། །འོ་ན་གནས་ཀྱི་བླ་མ་བསླབ་པ་གཞོན་པ་ལ་སློབ་མ་བསླབ་པ་རྒན་པ་དེས་ཉེ་གནས་ཀྱི་ཚུལ་ཁྲིམས་ཐམས་ཅད་བྱའམ་ཞེ་ན། གནས་པའི་ཚུལ་ཁྲིམས་གཞན་ཐམས་ཅད་བྱ་ཞིང༌། ལུས་འདུ༷ད་པ༷་སྟེ་ཕྱག་འཚལ་བ་འབ༷འ་ཞི༷ག་ནི་བྱ་དགོས་པ་མ༷་གཏོ༷གས་སོ༷། །འགྲེལ་ཆུང་ལས། རྒན་པས་གཞོན་ནུ་ལ་གནས་བཅས་ན་ལུས་གནས་ལྔ་ས་ལ་གཏུགས་ཏེ་ཕྱག་འཚལ་བ་མ་གཏོགས་པར་ཐལ་མོ་སྦྱར། ཞེས་སོ། །དེ་ཡང་ལུང་ལས། ཕྱག་བྱ་བའི་ཡུལ་ནི་རྣམ་པ་གཉིས་ཏེ། བདེ་བར་གཤེགས་པ་དང་བསླབ་པ་རྒན་པའོ། །ཞེས་གསུངས་ལྟར་རོ། །བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པར་མི་གནས་པར་འདུག་པར་མི་བྱ་ཞེས་སྔར་སྨོས་ན། བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་ན་ལམ་དུ་ཞུགས་པས་ཀྱང་མི་གནས་པར་འགྲོ་བར་མི་བྱའམ་ཞེ་ན། བསྙེན་པར་རྫོགས་ནས་ལོ༷་ལྔ༷་ལོ༷ན་ཞི༷ང་ལྔ་ཚན་དུ་ལྷ༷ན་ཅི༷ག་སྦྱ༷ར་བ༷་ཐ༷་མ༷་ལྟུང་བ་ད༷ང་ལྟུང་བ་མ་ཡིན་པ་དང་ཡང་བ་དང་ལྕི་བ་མངོན་པར་ཤེས་པ་ཉིད་དང་སོ་སོ་ཐར་པ་དང་རྒྱས་པ་ཐོན་པ་སྟེ་ཆོས་ལྔ་པོ་དེ་དག་དང་ལྡ༷ན་ན༷་གན༷ས་མ༷་བཅ༷ས་པ༷ར་ལྗོ༷ངས་རྒྱུ༷ར་འགྲོ༷་བ༷ར་བྱ༷འོ༷། །མཚོ་ཊཱིཀ་ལས། འོ་ན་ལྷན་ཅིག་སྦྱར་བ་ཐ་མ་འདི་ངེས་དོན་ཡིན་ནམ། མཚོན་དོན་ཡིན་ཞེ་ན། ཁ་ཅིག་ན་རེ་མཚོན་དོན་ཡིན་ཏེ། ལྔ་ཚན་གཞན་དང་ལྡན་ཡང་གནས་མ་བཅས་པར་ལྗོངས་རྒྱུར་རུང་ངོ་ཞེས་འཆད་དོ། །འོ་ན་བསྙེན་པར་རྫོགས་ནས་ལོ་ལྔ་ལོན་ཞིང་སྡེ་སྣོད་གསུམ་ཤེས་པའི་ལྔ་ཕྲུགས་དང་ལྡན་པ་གང་ཞིག འདུལ་བ་ལུང་རིལ་པོ་ཚིག་ཁ་ཏོན་དུ་བློ་ལ་ཐོན་པ་མ་ཡིན་པ་དེ་ཆོས་ཅན། གནས་མ་བཅས་པར་ལྗོངས་རྒྱུར་རུང་བར་ཐལ། བསྙེན་པར་རྫོགས་ནས་ལོ་ལྔ་ལོན་ཞིང་སྡེ་སྣོད་གསུམ་ཤེས་པའི་ལྔ་ཕྲུགས་དང་ལྡན་པ་ཡིན་པའི་ཕྱིར་རོ། །རྟགས་མ་གྲུབ་ན་ཆོས་ཅན་དང་འགལ། ཁྱབ་པ་མ་གྲུབ་ན་དམ་བཅའ་བུད་ཅིང༌། འདོད་ན། ཊཱི་ཀ་ལས། ཇི་སྟེ་ལོ་ལྔ་ལོན་ན་ཡང་ལྷན་ཅིག་སྦྱར་བ་ཐ་མ་དང་མི་ལྡན་ན་དེ་ལྟ་ན་ཡང་འགྲོ་བར་མི་བྱ་སྟེ་ཞེས་འདུལ་བ་ལུང་རིལ་པོ་ཚིག་ཁ་ཏོན་དུ་བློ་ལ་ཐོན་པའི་ལྔ་ཚན་དང་ལྡན་པ་མ་ཡིན་ན་གནས་མ་བཅས་པར་ལྗོངས་རྒྱུར་མི་རུང་བར་བཤད་པ་དང་འགལ་ལོ། །ལུང་གཞི་ལས། བཙུན་པ་དགེ་སློང་བསྙེན་པར་རྫོགས་ནས་ལོ་དྲུག་ལགས་ལ། དེས་སོ་སོ་ཐར་པ་དང་རྒྱས་པ་བཀླགས་པ་དང་ཐོན་པ་མ་ལགས་ན། དེས་ཀྱང་མི་གནས་པར་ལྗོངས་རྒྱུར་མཆི་བར་མི་བགྱིའམ། ཉེ་བར་འཁོར་མི་བྱ་སྟེ། ཞེས་གསུངས་པ་དང་ཡང་འགལ་ལོ། །ཞེས་ངེས་དོན་ཡིན་པར་གསུངས་ལ། རྒྱལ་བ་དགེ་འདུན་གྲུབ་དང་འཇམ་བཞད་སོགས་མཁས་པ་དུ་མས་ལོ་ལྔ་ལོན་པ་མཚོན་དོན་ཡིན་པ་ལྟར་ལྔ་བ་ཐ་མས་ཀྱང་ལྔ་པ་གཞན་མཚོན་པ་ཡིན་པས་མཚོན་དོན་ཡིན་པར་གསུངས་པའང་ཡོད་དོ། །སྐབས་འདིར་མཚོ་ཊཱིཀ་ལས། འདི་ལ་ཁ་ཅིག་ན་རེ་ལོ་ལྔ་ལོན་ཞིང་སྡེ་སྣོད་གསུམ་ཤེས་པའི་ལྔ་ཕྲུགས་དང་ལྡན་པ་ལ་འདི་མི་གནང་ངོ་ཞེས་ཟེར་རོ། །འོ་ན་བསྙེན་པར་རྫོགས་ནས་ལོ་ལྔ་ལོན་ཅིང་སྡེ་སྣོད་གསུམ་ཤེས་པའི་ལྔ་ཕྲུགས་དང་ལྡན་པའི་བྱེ་བྲག ལྟུང་བ་ཡིན་མིན་དང་ལྟུང་བ་ཡང་ལྕི་ཤེས་ཤིང་འདུལ་བ་ལུང་རིལ་པོ་ཚིག་ཁ་ཏོན་དུ་བློ་ལ་ཐོན་པ་དེ་ཆོས་ཅན། གནས་མ་བཅས་པར་ལྗོངས་རྒྱུ་བ་གནང་བ་མ་ཡིན་པར་ཐལ། བསྙེན་པར་རྫོགས་ནས་ལོ་ལྔ་ལོན་ཞིང་སྡེ་སྣོད་གསུམ་ཤེས་པའི་ལྔ་ཕྲུགས་དང་ལྡན་པ་ཡིན་པའི་ཕྱིར་རོ། །རྟགས་མ་གྲུབ་ན་ཆོས་ཅན་དང་འགལ། ཁྱབ་པ་མ་གྲུབ་ན་དམ་བཅའ་བུད་ཅིང༌། འདོད་ན། ལུང་གཞི་ལས། ལོ་ལྔ་ལོན་པ་ཆོས་ལྔ་དང་ལྡན་པས་མི་གནས་པར་ལྗོངས་རྒྱུར་འགྲོ་བར་རྗེས་སུ་གནང་ངོ༌། །ལྔ་གང་ཞེ་ན། ལྟུང་བ་ཤེས་པ་དང༌། ལྟུང་བ་མ་ཡིན་པ་ཤེས་པ་དང༌། ཡང་བ་ཤེས་པ་དང༌། ལྕི་བ་ཤེས་པ་དང༌། སོ་སོ་ཐར་པའི་མདོ་གདོན་པ་དང་རྒྱས་པ་བཀླགས་པ་ཐོན་པ་སྟེ། ལོ་ལྔ་ལོན་པ་ཆོས་ལྔ་པོ་དེ་དག་དང་ལྡན་པས། མི་གནས་པར་ལྗོངས་རྒྱུར་འགྲོ་བར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ། །ཞེས་གསུངས་སོ། །འོ་ན་གང་ཞེ་ན། ལོ་ལྔ་ལོན་ཞིང་སྡེ་སྣོད་གསུམ་ཤེས་ཀྱང་འདུལ་བ་ལུང་རིལ་པོ་ཚིག་ཁ་ཏོན་དུ་བློ་ལ་ཐོན་པ་མ་ཡིན་ན་ནི་གནས་མ་བཅས་པས་ལྗོངས་རྒྱུ་བ་འདི་མི་གནང་སྟེ་ཊཱི་ཀ་ལས་བཤད་པ་གོང་དུ་དྲངས་པ་ལྟར་བཟུང་ངོ༌། །ལོ་ལྔ་ལོན་ཞིང་སྡེ་སྣོད་གསུམ་ཤེས་པའི་བྱེ་བྲག་འདུལ་བ་ལུང་རིལ་པོ་ཚིག་ཁ་ཏོན་དུ་བློ་ལ་ཐོན་པ་ཉིད་ཡིན་ན་ནི། འདི་གནང་ལ་ལོ་ལྔ་ལོན་ཞིང་འདུལ་བ་འབའ་ཞིག་ཤེས་པ་ལུང་རིལ་པོ་ཚིག་ཁ་ཏོན་དུ་བློ་ལ་ཐོན་པ་ལ་ཡང་འདི་གནང་ངོ༌། །ཞེས་པ་ནི་བསྡུས་པའི་དོན་ཡིན་ནོ། །རྩ་བར། གཞན་དུ་ན་ཞེས་སོགས་ཀྱི་དོན་ནི་འགྲེལ་ཆུང་ལས། ལོ་བཅུ་ལོན་ཞིང་ལྔ་ཕྲུགས་དང་ལྡན་པ་ལས་གཞ༷ན་དུ༷་ན༷་གསུ༷མ་རི༷ག་པ༷་དགྲ་བཅོམ་པ་ཡི༷ན་ཡ༷ང་མཁན་པོ་ཉིད་དང་གནས་ཉིད་དང༌། མི་གནས་པར་འདུག་པར་མི༷་བྱ༷འོ༷། །ཞེས་གསུངས་སོ། །འོན་ཀྱང་གཞུང་འདིའི་དོན་ལུང་དང་ཊཱི་ཀ་ལས་འདི་ལྟར་གསུངས་ཏེ། ལོ་ལྔ་ལོན་ཞིང་ལྷན་ཅིག་སྦྱར་བ་ཐ་མ་དང་ལྡན་པ་ལས་གཞན་དུ་སྟེ་ལོ་ལྔ་མ་ལོན་ནམ་ལོན་ཡང་ལྷན་ཅིག་སྦྱར་བ་ཐ་མ་དང་མི་ལྡན་ན་གསུམ་རིག་པ་དགྲ་བཅོམ་པ་ཡིན་ཡང་གནས་མ་བཅས་པར་ལྗོངས་རྒྱུ་འགྲོ་བར་མི་བྱ་སྟེ།འགྲོ་ན་དགྲ་བཅོམ་པ་ལ་ཡང་གནས་མེད་ཀྱི་ཉེས་པ་བསྐྱེད་ཅེས་བསྟན་པས་གཞན་ལ་ལྟ་ཅི་སྨོས་སོ། །འདི་ནི་ལུང་གཞི་ལས། བཙུན་པ་གསུམ་རིག་པ་དྲི་མ་གསུམ་སྤངས་ལ། དེ་ལོ་ལྔ་མ་ལགས་ཤིང་ཆོས་ལྔ་དང་མི་ལྡན་ན། དེས་ཀྱང་མི་གནས་པར་ལྗོངས་རྒྱུ་ཞིང་མཆི་བར་མི་བགྱིའམ།ཉེ་བར་འཁོར་མི་བྱའོ། །ཞེས་གསུངས་སོ། །ཊཱི་ཀ་ལས། གསུམ་རིག་པ་ཡིན་ཡང་མ་གནང་བ་བཞིན་དུ་གཞན་ལ་ཡང་དེ་ཁོ་ན་བཞིན་ནོ། །ཞེས་སོ། །གསུམ་རིག་པ་ནི། ཊཱི་ཀ་ལས། རིག་པ་གསུམ་པོ་སྔོན་གྱི་གནས་དང༌། འཆི་འཕོ་དང་སྐྱེ་བ་དང༌། ཟག་པ་ཟད་པ། ཞེས་སོ། །གཞི་འགྲེལ་ལས། དྲི་མ་གསུམ་སྤངས་ལ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་སྤངས་པ་ལའོ། །ཞེས་སོ། །འོ་ན་འདིར་༡དགྲ་བཅོམ་པ་ལ་གནས་མེད་ཀྱི་ཉེས་པ་བསྐྱེད་པར་བཤད་པ་དང༌། ༢ མི་ཆོས་བླ་མ་བདེན་སྨྲའི་སྐབས་སུ་རང་གི་དགྲ་བཅོམ་ཐོབ་པ་བདེན་པར་སྨྲས་ན་དགྲ་བཅོམ་པ་ཉིད་ལ་ལྟུང་བྱེད་བསྐྱེད་པར་བཤད་པ་དང༌། ༣ གཏམ་གྱི་གཞི་ལས། བཙུན་པ་དགྲ་བཅོམ་པ་དགེ་བའི་སེམས་ཀྱིས་ནོངས་པར་འགྱུར་རམ། ལུང་དུ་མི་སྟོན་པའི་སེམས་ཀྱིས་ནོངས་པར་འགྱུར། ཨུ་པ་ལི་དགྲ་བཅོམ་པ་ཉེས་པ་བྱེད་ན་ཐམས་ཅད་ཀྱང་ལུང་དུ་མི་སྟོན་པའི་སེམས་ཀྱིས་ཉེས་པར་འགྱུར་བ་ཞེས་བྱའོ་ཞེས་གསུངས་པ་དེ་རྣམས་ལྟུང་བ་མཚན་ཉིད་པ་ཡིན་ནམ་བཏགས་པ་བ་ཡིན་ཞེ་ན། ཁ་ཅིག་གིས་དགྲ་བཅོམ་པ་ལ་ལྟུང་བ་བསྐྱེད་པར་བཤད་པ་ཐམས་ཅད་ལྟུང་བ་བཏགས་པ་བ་ཡིན་གྱི་ལྟུང་བ་མཚན་ཉིད་པ་མ་ཡིན་ཏེ། ལྟུང་བ་ནི་ངན་སོང་དུ་ལྟུང་བའི་བྱེད་ལས་དང་ལྡན་པ་ཡིན་ལ། དགྲ་བཅོམ་པ་ངན་སོང་དུ་ལྟུང་མི་སྲིད་པའི་ཕྱིར་ཞེས་སྨྲའོ། །འོན་ཀྱང་དགྲ་བཅོམ་པ་ལ་ལྟུང་བའི་བྱེད་ལས་ངན་སོང་དུ་ལྟུང་བ་མེད་ཀྱང་ལྟུང་བའི་བྱེད་ལས་གཞན་ཡོད་པས་ན། དགྲ་བཅོམ་པ་ཆོས་ཅན། བཅས་འགལ་གྱི་ལྟུང་བ་བསྐྱེད་པ་ཡོད་དེ། བཅས་འགལ་གྱི་ལྟུང་བའི་བྱེད་ལས་ཡོད་པའི་ཕྱིར་ཏེ། བཅས་འགལ་ལ་བརྟེན་ནས་གཞན་མ་དད་པ་སྐྱེ་བ་དང་ལས་ལ་སྒྲིབ་པ་དེ་ཡོད་པའི་ཕྱིར་རོ། །འོ་ན་དགྲ་བཅོམ་པ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བའང་འབྱུང་ངམ་ཞེ་ན་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། མི་སློབ་པ་ལ་ནི་ལྟུང་བ་མེད་དོ། །དེ་ནི་ཉོན་མོངས་པ་ཅན་གྱི་ལྟུང་བ་འབྱིན་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལྟར་ན་དབང་པོ་རྣོན་པོ་ཤཱ་རིའི་བུ་ལྟ་བུའི་དགྲ་བཅོམ་པ་ཆོས་ཅན།རང་བཞིན་གྱི་ཁ་ན་མ་ཐོ་བ་མི་བསྐྱེད་དེ། རང་རྒྱུད་ཀྱི་ཉོན་མོངས་པ་མཐའ་དག་སྤངས་པའི་ཕྱིར་རོ། །དགྲ་བཅོམ་པ་ཤཱ་རིའི་བུ་ལྟ་བུ་ལས་གཞན་དགྲ་བཅོམ་པ་གནག་ཚོགས་ཅན་ལྟ་བུ་དགྲ་བཅོམ་པ་དབང་རྟུལ་ལ་ནི་རྐྱེན་གྱི་སྟོབས་ཀྱིས་ཉོན་མོངས་པ་བསྐྱེད་པ་སྲིད་པར་མཛོད་འགྲེལ་ལས་གསུངས་ཏེ། དེ་ནི་བྱེ་བྲག་སྨྲ་བའི་ལུགས་ཡིན་ནོ། །དགྲ་བཅོམ་པ་ལ་བཅས་འགལ་གྱི་ལྟུང་བ་བསྐྱེད་ན། དགྲ་བཅོམ་ཐོབ་པ་ལྟུང་བ་དག་པའི་རྒྱུར་བཤད་པ་དང་འགལ་ལོ་ཞེ་ན་བླ་མ་རྣམས་ཀྱིས་འགལ་སྤོང་མང་དུ་མཛད་ཀྱང་འགལ་སྤོང་མི་དགོས་ཏེ་འོག་མ་ནི་དགྲ་བཅོམ་པ་ཉིད་ཀྱིས་སོ་ཞེས་དགྲ་བཅོམ་པ་ཐོབ་ན་ཕམ་པ་དག་པ་ཉིད་ཡིན་པར་གསུངས་པ་ལ་བརྟེན་ནས། ཕམ་པ་དག་པའི་རྒྱུ་ཞེས་འཁྲུལ་པར་ཟད་དེ། གསར་དུ་དགྲ་བཅོམ་ཐོབ་པ་དེ་ནི་ལྟུང་བ་དག་པ་དངོས་ཉིད་ཡིན་གྱི། དགྲ་བཅོམ་ཐོབ་པས་ལྟུང་བ་དག་པའི་རྒྱུ་ཞེས་ནི་འདུལ་བའི་ལུང་དང་བསྟན་བཅོས་གང་ནའང་མི་སྣང་ངོ༌། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །མཚོ་ཊཱིཀ་མཆན་ལས། ལྔ་ཕྲུགས་ཉི་ཤུ་རྩ་གཅིག་པོ་འདི་རྣམས་ནི། དོན་ལ་ལྔ་ཕྲུགས་གཅིགདྲུག་ཕྲུགས་བཅོ་བརྒྱད། བདུན་ཕྲུགས་གཉིས་ཡིན་ཞེས་རྒྱ་འདུལ་འཛིན་གསུངས་ཀྱང་དགུ་ཕྲུགས་གཉིས་ཡོད་དེ། སློབ་ཏུ་འཇུག་ཀྱང་ནུས་པ་གཉིས་སོ། །གཞན་སློབ་འཇུག་ནུས་པ་གསུམ་གྱི་སྟེང་དུ་ཀྱང་ཞེས་པས་རང་གི་བསླབ་པའི་ཡོན་ཏན་གསུམ་བསྡུས་ཏེ་དྲུག་ཕྲུགས་བཅུ་དྲུག་ཞེས་རིགས་སོ། །ཞེས་ལྔ་ཕྲུགས་བསྟན་པའི་སྐབས་སུ་འདུལ་གཞུང་ངམ་མདོ་རྩས་ལྔ་ཕྲུགས་དེ་དང་དེའི་ཡན་ལག་ཏུ་བཅས་ནས་བསྟན་མ་བསྟན་ལ་བྱེད་དགོས་སྙམ་སྟེ། མདོ་རྩ་བར། སློབ་ཏུ་འཇུག་ཀྱང་ནུས་པ་ཉིད་དོ། །ཞེས་པའི་ཀྱང་སྒྲས་རང་གི་བསླབ་པའི་ཡན་ལག་གསུམ་དངོས་སུ་སྡུད་པ་དང༌། སྤྱོད་སོགས་གསུམ་ལ་སློབ་ཏུ་འཇུག་ནུས་སྟོན་སྐབས་སུ། མདོ་རྩར། དེ་བཞིན་ནོ། །ཞེས་པས་སྤྱོད་སོགས་གསུམ་རང་གི་བསླབ་པའི་ཡན་ལག་ཏུ་སྡུད་པ་ལྟར་ཡིན་དགོས་པ་ལས་གཞན་དུ་ན་ཡན་ལག་མཐའ་ཡས་པར་འགྱུར་རོ། །སློབ་པའི་ལྔ་བ་དང་མི་སློབ་པའི་ལྔ་བ་གཉིས་བདུན་ཕྲུག་ལ་འཇོག་དགོས་ཏེ། རང་གི་ཡན་ལག་ལྔའི་སྟེང་དུ་ལོ་བཅུ་ལོན་པ་དང་འདུལ་བ་ཤེས་པ་གཉིས་བསྣན་ནས་བདུན་ཡིན་ཞེས་ཟེར་ན་དཔྱད་དོ། །ཡང་ཁ་ཅིག་སྡེ་སྣོད་གསུམ་འཛིན་དུ་འཇུག་པའི་ལྔ་བ་དང་སྡེ་སྣོད་གསུམ་གསལ་གྱི་ལྔ་བ་གཉིས་ཀྱང་དོན་གྱི་དགུ་ཕྲུག་གི་ལྔ་བ་ཡིན་པར་འགྱུར་ཏེ། ལྔ་བ་དེ་གཉིས་གང་གི་རྒྱུད་ལ་ལྡན་ན་རང་རང་གི་ཡན་ལག་ལྔ་དང་འཛིན་པའི་གསུམ་དང་ལོ་བཅུ་ལོན་པ་དང་དགུ་ཚང་དགོས་པའི་ཕྱིར་ཏེ། ལྔ་ཕྲུག་དེ་གཉིས་ལྔ་བ་རང་དབང་ཅན་མ་ཡིན་པར་བཞག་དགོས་པའི་ཕྱིར་ཏེ། མཚོ་ཊཱིཀ་༡༡༤ལས། གསལ་བའི་ལྔ་ཕྲུགས་ལ་འཛིན་པའི་དེ་དགོས་པ་དང༌། འཛིན་དུ་འཇུག་ནུས་ལ་འཛིན་པའི་དེ་དགོས་པ་དང༌། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་དོགས་པ་རེ་བཀོད་ན། ལྔ་ཕྲུགས་ཉི་ཤུ་རྩ་གཅིག་པོ་གང་རུང་དང་ལྡན་ན་ཕན་འདོག་གི་ཡན་ལག་དང་ལྡན་པའི་ཁྱབ་པར་ཐལ། ལྔ་ཕྲུགས་ཉེར་གཅིག་གང་རུང་དང་ལྡན་ན་གཞན་གྱི་མཁན་པོ་དང་གནས་ཀྱི་སློབ་དཔོན་བྱ་རུང་བ་དང་རང་གནས་མེད་དུ་འདུག་རུང་བ་གསུམ་ག་དང་འབྱུང་བའི་ཁྱབ་པའི་ཕྱིར་ཏེ། ལུང་གཞི་ལས། ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་རབ་དུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་བཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། བྱུང་ཤེས་ཀྱི་ལྔ་བ་རྒྱུད་ལ་ལྡན་ན་ཕན་འདོག་གི་ཡན་ལག་དང་ལྡན་པའི་ཁྱབ་པར་ཐལ། ལྔ་ཚན་རྒྱུད་ལ་ལྡན་ན་ཕན་ཡོན་གསུམ་འབྱུང་བས་ཁྱབ་པ་གང་ཞིག མཁན་པོ་དང་གནས་ཀྱི་སློབ་དཔོན་བྱ་བ་ལ་ཕན་འདོག་གི་ཡན་ལག་ཀྱང་ངེས་པར་ཚང་དགོས་པའི་ཕྱིར། འདོད་ན། བྱུང་ཤེས་ཀྱི་ལྔ་བ་ཆོས་ཅན། ལྔ་བ་ཁྱད་པར་ཅན་ཡིན་པར་ཐལ། འདུལ་བ་ཤེས་པའི་སྟེང་དུ་ཡོན་ཏན་གཞན་ཕན་འདོག་གི་ཡོན་ཏན་ཡར་ལྡན་དུ་ཡོད་པའི་ཕྱིར་ཟེར་ན་དཔྱད་པར་འཚལ་ལོ། །

གསུམ་པ་བསྡུ་བ།

གསུམ་པ་བསྡུ་བ་ནི།

ལྔ་པ་ཁྱད་པར་ཅན་དང༌། ལྔ་པ་ཁྱད་པར་ཅན་མ་ཡིན་པ་གཉིས་སུ་འདུས་སོ།། འདིར་ཁ་ཅིག་ལྔ་པ་ཁྱད་པར་ཅན་ལྔ་ཚན་དང་པོ་བཅུ་བདུན་ནོ། །ཁྱད་པར་ཅན་མ་ཡིན་པ་ནི་ལྔ་ཚན་ཕྱི་མ་བཞིའོ་ཞེས་འཆད་དོ། །དེ་ནི་མ་ཡིན་ཏེ། བྱུང་བ་ཤེས་པའི་ཊཱི་ཀ་ལས་ལྔ་པ་འདི་དང༌། འོག་ནས་ལྟུང་བ་དང་ཞེས་བྱ་བ་ལ་སོགས་པའི་ལྔ་པས་ནི། འདུལ་བ་འབའ་ཞིག་ཤེས་པ་ཉིད་བསྟན་ཏོ། །ཞེས་འདུལ་བ་འབའ་ཞིག་ཤེས་པའི་ལྔ་ཚན་གཉིས་སུ་གསུངས་པ་དང་འགལ་ལ་གནས་འཆའ་དང་འཆར་འཇུག་གི་ལྔ་ཚན་གཉིས་ནི་ལྔ་པ་ཁྱད་པར་ཅན་ཡིན་ཏེ། འདུལ་བ་ཤེས་པའི་སྟེང་དུ་གནས་འཆའ་འཆར་འཇུག་གི་ཡོན་ཏན་ཡར་ལྡན་དུ་ཡོད་པའི་ཕྱིར་རོ། །འོ་ན་གང་ཞེ་ན། དེའང་བྱུང་བ་ཤེས་པའི་ལྔ་ཚན་དང་ལྔ་ཚན་ཐ་མ་ནི་ལྔ་པ་ཁྱད་པར་ཅན་མ་ཡིན་པ་སྟེ། འདུལ་བ་འབའ་ཞིག་ཤེས་པའི་ལྔ་ཚན་ཡིན་པའི་ཕྱིར་ཏེ། བྱུང་བ་ཤེས་པའི་ཊཱི་ཀ་ལས། ལྔ་པ་འདི་དང་འོག་ནས་ལྟུང་བ་དང་ཞེས་བྱ་བ་ལ་སོགས་པའི་འདུལ་བ་འབའ་ཞིག་ཤེས་པ་ཉིད་བསྟན་ཏོ། །ཞེས་སོ། །ལྔ་ཚན་དེ་གཉིས་མ་གཏོགས་པར་ལྔ་ཚན་བཅུ་དགུ་ནི། ལྔ་པ་ཁྱད་པར་ཅན་ཡིན་ཏེ། འདུལ་བ་ཤེས་པའི་སྟེང་དུ་སྡེ་སྣོད་གཞན་གཉིས་ཤེས་པའམ་འཕགས་ཆོས་ཐོབ་པ་ལ་སོགས་པ་ཁྱད་པར་གྱི་ཡོན་ཏན་ཡར་ལྡན་དུ་ཡོད་པའི་ཕྱིར་རོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །དེ་ལ་འདུལ་བ་ཤེས་པ་ལ་བྱུང་བ་དང་ལྟུང་བ་ཤེས་པ་དགོས་པའི་རྒྱུ་མཚན་ཅི། འདུལ་བ་ཤེས་པ་ལ་དེ་གཉིས་ཤེས་མི་དགོས་ན་ལྔ་བ་དེ་གཉིས་ལྔ་བ་ཁྱད་པར་ཅན་དུ་འགྱུར་བ་དང༌། སྤྱིར་འདུལ་བ་ཤེས་པའི་ཚད་སོགས་ལ་དཔྱད་པར་བྱའོ། །པཎ་ཆེན་བསོད་ནམས་གྲགས་ཀྱི་འདུལ་བའི་མཐའ་དཔྱོད་ལས། ལྔ་བ་ཁྱད་པར་ཅན་ཡིན་མིན་གྱི་དོན་ཡོད་དེ། །སྡེ་སྣོད་གསུམ་ཤེས་ཀྱི་ཡོན་ཏན་ཡན་ལག་ཏུ་ལྡན་པའི་ལྔ་བ་དེ་དང་པོ་དང༌། འདུལ་བ་རྐྱང་བ་ཤེས་པའི་ཡོན་ཏན་ཡན་ལག་ཏུ་ལྡན་པ་དེ་གཉིས་པ་ཡིན། ཞེས་གསུངས་ཡོད་དོ། ། བཞི་བ་རང་དབང་ཅན་ཡིན་མིན་གྱི་དོན་ལ་གསུམ་ལས། དང་པོ་ལྔ་པ་རང་དབང་ཅན་ཡིན་མིན་གྱི་དོན་ནི། ལྔ་ཚན་གཅིག་ཚང་བར་བྱེད་པ་ལ་ལྔ་ཚན་གཞན་གྱི་ཡན་ལག་ཟླ་བོར་ངེས་གཟུང་དུ་དགོས་ན་ལྔ་པ་རང་དབང་ཅན་མ་ཡིན་པ་ཞེས་བྱ། མི་དགོས་ན་ལྔ་པ་རང་དབང་ཅན་ཞེས་བྱའོ། །དེ་ལྟར་ན་སྡེ་སྣོད་གསུམ་གསལ་བའི་ལྔ་ཕྲུགས་ལ་སྡེ་སྣོད་གསུམ་འཛིན་པའི་དེ་དགོས་པ་དང༌། འཛིན་དུ་འཇུག་ནུས་པ་ལ་འཛིན་པ་དེ་དགོས་པ་དང༌། ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་སློབ་ཏུ་འཇུག་ཀྱང་ནུས་པ་ལ་སློབ་པའི་ལྔ་ཕྲུགས་ཀྱི་ཡན་ལག་ཟླ་བོར་དགོས་པ་དང༌། ལྷག་པའི་སྤྱོད་པ་ལ་སོགས་པ་སློབ་ཏུ་འཇུག་ཀྱང་ནུས་པ་ལ་སློབ་པའི་ལྔ་ཕྲུགས་ཡན་ལག་དགོས་པས། གསལ་བའི་ལྔ་ཕྲུགས་སོགས་ལྔ་ཚན་བཞི་ནི་རང་དབང་ཅན་མ་ཡིན་པ་སྟེ། ལྔ་ཚན་གཞན་གྱི་ཡན་ལག་ཟླ་བོར་ངེས་གཟུང་དུ་དགོས་པའི་ཕྱིར་རོ། །ལྔ་ཚན་བཞི་པོ་དེ་དག་ལས་གཞན་རྣམས་ནི་ལྔ་པ་རང་དབང་ཅན་ཡིན་པར་མཚོ་ཊཱིཀ་ལས་གསུངས་སོ། །འོན་ཀྱང་ཕུན་ཚོགས་འོག་མའི་ལྔ་བ་ལྡན་པ་ལ་མི་སློབ་པའི་ལྔ་བ་ལྡན་དགོས་སམ་ཅི། དགོས་ན་ཕུན་ཚོགས་འོག་མའི་ལྔ་བ་དེ་ལྔ་བ་རང་དབང་ཅན་མ་ཡིན་པར་འགྱུར་ཞེས་ཟེར་བ་དང༌། སྡེ་སྣོད་གསུམ་རིག་གི་ལྔ་བ་ཆོས་ཅན། ལྔ་བ་རང་དབང་ཅན་མ་ཡིན་པར་ཐལ། ཁྱོད་རྒྱུད་ལ་ལྡན་པར་བྱེད་པ་ལ་སྡེ་སྣོད་གསུམ་མཁས་རྒྱུད་ལ་ལྡན་དགོས་པའི་ཕྱིར་ཞེ་ན་དཔྱད་པར་བྱའོ། །གཞན་ཡང་གནས་འཆར་གཞུག་ནུས་ཀྱི་ལྔ་བ་དེ། ལྔ་བ་རང་དབང་ཅན་མ་ཡིན་པར་ཐལ། ལྔ་བ་རང་ཉིད་ལྡན་པ་ལ་རེ་ཞིག་གནས་ཆར་གཞུག་ནུས་ཀྱི་ལྔ་བ་རྒྱུད་ལ་ལྡན་དགོས་པའི་ཕྱིར་ཏེ། དེ་གཉིས་ཀྱི་ཡན་ལག་བཞི་འདྲ་ཞིང་གནས་ཆར་གཞུག་ནུས་ན་རེ་ཞིག་གནས་ཆར་གཞུག་ནུས་དགོས་པའི་ཕྱིར་ཟེར་ན། གོང་དུ་འདོད་ན་མཚོ་ཊཱིཀ་དང་འགལ་བས་དཔྱད། ཡང་མཚོ་ཊཱིཀ་ལས་ལྔ་བ་རང་དབང་ཅན་ཡིན་མིན་གྱི་དོན་བཞག་པ་ལ། ལོ་བཅུ་ལོན་པའི་ལྔ་བ་ལས་གཞན་པའི་ལྔ་བ་ཉི་ཤུ་པོ་ཐམས་ཅད་ལྔ་བ་རང་དབང་ཅན་མ་ཡིན་པར་ཐལ། ལྔ་ཚན་ཚང་བར་བྱེད་པ་ལ་ལྔ་ཚན་གཞན་གྱི་ཡན་ལག་ལོ་བཅུ་ལོན་པ་ཚང་དགོས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

གཉིས་པ་གང་ཟག་རང་དབང་ཅན་ཡིན་མིན་གྱི་དོན།

གཉིས་པ་གང་ཟག་རང་དབང་ཅན་ཡིན་མིན་གྱི་དོན་ནི།

བསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་ལོན་པ་དེ། བརྟན་པའི་ཡན་ལག་དང་ལྡན་ཞིང་འདུལ་བ་ཤེས་ན། གང་ཟག་རང་དབང་ཅན་ཞེས་མིང་བཏགས་ཏེ་གནས་ཀྱི་བླ་མ་ལ་བརྟེན་མི་དགོས་པར་འདུག་ཏུ་རུང་བའི་གང་ཟག་ཡིན་པའི་ཕྱིར་ཏེ། ཊཱི་ཀ་ལས། ལོ་བཅུ་ལོན་པ་ཉིད་ཅེས་གསུངས་པ་ནི་རང་དབང་ཡོད་པར་བསྟན་པ་ཡིན། ཞེས་སོ། །རབ་ཏུ་བྱུང་བ་གང་ཞིག་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་མ་ཡིན་ནམ་འདུལ་བ་མི་ཤེས་ན་ནི་གང་ཟག་རང་དབང་ཅན་མ་ཡིན་པ་སྟེ། གནས་ཀྱི་བླ་མ་མ་བརྟེན་པར་འདུག་མི་རུང་བའི་གང་ཟག་ཡིན་པའི་ཕྱིར་རོ། །སངས་རྒྱས་མ་ཐག་དང་བསེ་རུ་རང་རྒྱལ་དགྲ་བཅོམ་ཐོབ་མ་ཐག་པ་གཉིས་སྤྱིར་གང་ཟག་རང་དབང་ཅན་ཡིན་ཀྱང་འདིར་བསྟན་བརྟན་པའི་ཡོན་ཏན་དང་ལྡན་པའི་གང་ཟག་རང་དབང་ཅན་མ་ཡིན་པར་སྣང་ངོ། །འདིར་བསྟན་པའི་གང་ཟག་རང་དབང་ཅན་ལ་བརྟན་པའི་ཡོན་ཏན་བསྙེན་པར་རྫོགས་ནས་སྡོམ་རྒྱུན་བར་མ་ཆད་པར་ལོ་བཅུའམ་བཅུ་གཉིས་ལོན་པ་དང་མཁས་པའི་ཡོན་ཏན་ལྔ་ཕྲུག་ཉེར་གཅིག་གང་རུང་ལྡན་པ་དགོས་ཟེར་ན། སྐབས་འདིའི་མཁས་པའི་ཡོན་ཏན་ལྡན་པ་ལ་ལྔ་ཕྲུག་ཉེར་གཅིག་པོ་གང་རུང་ལྡན་མི་དགོས་ཏེ། འདུལ་བ་ཤེས་པ་ཡོད་ན་ཡོན་ཏན་ཁ་བསྡུས་ཀྱི་ལྔ་ཚན་གྱིས་ལྔ་ཕྲུགས་ཀྱི་གོ་ཆོད་པའི་ཕྱིར་ཏེ། མཚོ་ཊཱིཀ་ལས། ལྔ་ཚན་གྱི་ཡན་ལག་ཏུ་འདུལ་བ་ཤེས་པ་བགྲང་ན་ཡོན་ཏན་ཁ་བསྡུས་ཀྱི་ལྔ་ཚན་གྱིས་ཀྱང་ལྔ་ཕྲུགས་ཀྱི་གོ་ཆོད་དེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་རྒྱུ་ཅུང་ཟད་སྣང་ངོ། །ཡོན་ཏན་ཁ་སྡུད་ཀྱི་ལྔ་བ་ནི་ལྔ་ཚན་ཉེར་གཅིག་གང་ཡང་མ་ཡིན་པའི་ལྔ་ཚན་ཡིན་ཡང་དེ་ལྡན་ན་ལྔ་ཚན་ཉེར་གཅིག་གང་རུང་ལྡན་དགོས་ཏེ། དེ་ལྡན་ན་འདིར་བསྟན་བརྟན་མཁས་ཀྱི་ཡོན་ཏན་ལྡན་དགོས་ལ།དེ་ལྡན་ན་ལྔ་ཕྲུགས་ཉེར་གཅིག་གང་རུང་དང་ལྡན་དགོས། དེ་མི་ལྡན་ན་ཕན་ཡོན་གསུམ་མི་ཐོབ་པའི་ཕྱིར་ཏེ། མདོ་རྩ་ལས། འོག་ནས་འབྱུང་བ་དག་ལས་ལྷན་ཅིག་སྦྱར་བ་གང་དང་ཡང་མི་ལྡན་པས་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

གསུམ་པ་ཡན་ལག་རང་དབང་ཅན་ཡིན་མིན་གྱི་དོན།

གསུམ་པ་ཡན་ལག་རང་དབང་ཅན་ཡིན་མིན་གྱི་དོན་ནི།

མཚོ་ཊཱིཀ་ལས། ལྔ་ཚན་དུ་སྦྱོར་བ་ན་ཡན་ལག་དེ་ཉིད་གཞི་མར་བྱས་པ་སྟེ་ཡན་ལག་གཞན་ཚུར་ལ་སྡུད་པ་ནི་ཡན་ལག་རང་དབང་ཅན་ཞེས་བྱ་སྟེ། ཊཱི་ཀ་ལས། དང་ཞེས་བྱ་བའི་སྒྲ་ནི་གནས་དང་རེ་ཞིག་གི་གནས་གཉིས་རང་དབང་ཡོད་པར་བསྟན་པའི་ཕྱིར། ཞེས་སོ། །དེ་ལྟར་ན་ཡན་ལག་རང་དབང་ཅན་ལྔ་སྟེ། གནས་དང་རེ་ཞིག་གི་གནས་འཆར་འཇུག་པ་གཉིས་དང༌། དྲན་པ་ལྡན་པ་དང་ནང་དུ་ཡང་དག་བཞག་པ་དང༌། མཉམ་པར་བཞག་པའོ། །ཞེས་གསུངས་སོ། །འོན་ཀྱང་སྡེ་སྣོད་མངོན་པར་ཤེས་པ་ཉིད་ཅེས་པ་ལ་སོགས་པ་ཡང༌། ཡན་ལག་རང་དབང་ཅན་ཡིན་པར་རིགས་ཏེ། ལྔ་ཚན་གྱི་ཡན་ལག་ནི་ཡིན་ལ་ཡན་ལག་རང་དབང་ཅན་མ་ཡིན་པ་ཉིད་ནི་མ་ཡིན་པའི་ཕྱིར་རོ། །ཡན་ལག་རང་དབང་ཅན་མ་ཡིན་པ་ནི་ལྔ་ཚན་གྱི་ཡན་ལག་གང་ཞིག་ལྔ་ཚན་གཞན་གྲངས་མ་ཚང་བའི་ཁ་སྐོང་བྱེད་དུ་ཕར་ལ་འགྲོ་དགོས་པ་རྣམས་སོ། །དེ་ལྟར་ན་ཡན་ལག་རང་དབང་ཅན་མ་ཡིན་པ་བརྒྱད་དེ། ཚུལ་ལྡན་མང་ཐོས་གཉིས་དང༌། བརྩོན་འགྲུས་བརྩམས་པ་དང་ཤེས་རབ་དང་ལྡན་པ་སྟེ་གཉིས་དང༌། བར་དུ་གཅོད་པ་མངོན་པར་ཤེས་ཞེས་པ་ནས་རྗེས་སུ་སྟོན་པ་ཉིད་ཡན་ཆད་བཞི་སྟེ་བརྒྱད་དོ། །ཞེས་གསུངས་སོ། །ཡན་ལག་རང་དབང་ཅན་ཡིན་ན་གོང་དུ་བགྲང་བའི་གནས་འཆར་འཇུག་སོགས་ལྔ་པོ་གང་རུང་ཡིན་དགོས་པར་ཐལ། མཚོ་ཊཱིཀ་གི་གསུང་ཚུལ་གོང་དུ་བཀོད་པ་ལྟར་ཡིན་པའི་ཕྱིར་ཟེར་བ་ལ་འདོད་ན། ལོ་བཅུ་ལོན་པའི་ལྔ་བའི་ཡན་ལག་དང༌། སྡེ་སྣོད་གསུམ་འཛིན་གྱི་ལྔ་བའི་ཡན་ལག་སོགས་ཆོས་ཅན། གནས་འཆར་འཇུག་སོགས་ལྔ་པོ་གང་རུང་ཡིན་པར་ཐལ། ཡན་ལག་རང་དབང་ཅན་ཡིན་པའི་ཕྱིར། དེར་ཐལ། ལྔ་ཕྲུགས་ཀྱི་ཡན་ལག་གང་ཞིག རང་དབང་ཅན་མ་ཡིན་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། མཚོ་ཊཱིཀ་༡༡༤ལས། འོན་ཀྱང་སྡེ་སྣོད་མངོན་པར་ཤེས་པ་ཉིད་ཅེས་པ་ལ་སོགས་པ་ཡང༌། ཡན་ལག་རང་དབང་ཅན་ཡིན་པར་རིགས་ཏེ། ལྔ་ཚན་གྱི་ཡན་ལག་ནི་ཡིན་ལ། ཡན་ལག་རང་དབང་ཅན་མ་ཡིན་པ་ཉིད་ནི་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་དང༌། ཀུན་མཁྱེན་འཇམ་དབྱངས་བཞད་པའི་འདུལ་བ་ལས། ལྔ་ཡན་ལག་རང་དབང་ཅན་དང་མང་ཐོས་ཚུལ་ལྡན་སོགས་ཡན་ལག་ལྷག་མ་རྣམས་རང་དབང་ཅན་མ་ཡིན་པའི་ཕྱིར། ཞེས་གསུངས་པས་དཔྱད་པར་བྱའོ། །

ལྔ་བ་ཕན་ཡོན་གསུམ་འབྱུང་བ་ལ་ཡོན་ཏན་ཁ་བསྡུས་ཀྱིས་རུང་མི་རུང་གི་ཡན་ལག་གི་དོན།

ལྔ་བ་ཕན་ཡོན་གསུམ་འབྱུང་བ་ལ་ཡོན་ཏན་ཁ་བསྡུས་ཀྱིས་རུང་མི་རུང་གི་ཡན་ལག་གི་དོན་ནི།

ལྔ་ཚན་གྱི་ཡན་ལག་ཏུ་འདུལ་བ་ཤེས་པ་མ་བགྲངས་ན། ཡོན་ཏན་ཁ་བསྡུས་ཀྱི་ལྔ་ཚན་གྱིས་གོ་མི་ཆོད་ལ། ལྔ་ཚན་གྱི་ཡན་ལག་ཏུ་འདུལ་བ་ཤེས་པ་བགྲངས་ན་ཡོན་ཏན་ཁ་བསྡུས་ཀྱི་ལྔ་ཚན་གྱིས་ཀྱང་ལྔ་ཕྲུགས་ཀྱི་གོ་ཆོད་དེ། བྱུང་བ་དང་བཅས་པ་དང་ཞེས་འདུལ་བ་འབའ་ཞིག་ཤེས་པས་ཀྱང་ལྔ་ཕྲུགས་ཀྱི་གོ་ཆོད་པར་གསུངས་པས། འདུལ་བ་ཤེས་པའི་སྟེང་དུ་ཡོན་ཏན་གཞན་གང་ཡང་རུང་བ་དང་ལྷག་པར་ལྡན་ན་ལྟ་ཅི་སྨོས་པའི་ཕྱིར་དང༌། ཡོན་ཏན་ཁ་བསྡུས་ཀྱིས་བསྡུས་པའི་གཞུང་ནི་སུམ་བརྒྱ་པ་ལས། ཚུལ་ཁྲིམས་ལྡན་དང་འདུལ་བའི་ཆོ་ག་ཤེས། །ནད་པ་སྙིང་བརྩེ་འཁོར་ནི་དག་པ་དང༌། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་དང༌། །དུས་སུ་འདོམས་པ་དེ་དག་བླ་མར་བསྔགས། །ཞེས་ཚུལ་ཁྲིམས་ལྡན་དང་ཞེས་པས་མང་དུ་ཐོས་པའི་ཟླ་བོའི་ཚུལ་ཁྲིམས་བསྡུས་སོ། །འདུལ་བའི་ཆོ་ག་ཤེས་པས་ནི་ལྔ་ཕྲུགས་ཉི་ཤུ་རྩ་གཅིག་གི་འདུལ་བ་ཤེས་པའི་ལྔ་ཕྲུགས་ཉི་ཤུ་རྩ་གཅིག་པོ་གང་ཡང་རུང་བ་བསྡུས་སོ། །ནད་པར་སྙིང་བརྩེ་ཞེས་པས་ནི་ལྔ་ཚན་དང་པོའི་ནད་གཡོག་བྱེད་དམ་བྱེད་དུ་འཇུག་ནུས་པ་བསྡུས་སོ། །འཁོར་ནི་དག་པ་དང་ཞེས་པས་ནི་ལུང་གི་སྐབས་གཞན་ནས་བསྡུས་པའོ། །ཆོས་ཀྱི་ཕན་འདོགས་པ་ལ་བརྩོན་པས་ནི་སྨྲ་བ་པོ་ཉིད་དང་ཞེས་པ་བསྡུས་སོ། །ཟང་ཟིང་གི་ཕན་འདོགས་པ་ལ་བརྩོན་ཞེས་པས་ནི་གཏོང་བ་ཕུན་སུམ་ཚོགས་པ་བསྡུས་སོ། །དུས་སུ་འདོམས་པ་ཞེས་པས་ནི་རྗེས་སུ་སྟོན་པ་བསྡུས་པའི་ཡོན་ཏན་དང་ལྡན་པ་དེ་གནས་ཀྱི་བླ་མར་བསྔགས་ཞེས་གསུངས་པས་གྲུབ་བོ། །

དྲུག་པ་ཕན་ཡོན་གསུམ་འབྱུང་བ་ལ་ཡོན་ཏན་མཚན་ཉིད་དང་ལྡན་པ་དགོས་སམ་ཆ་ཙམ་གྱིས་འགྲུབ་པ་གང་ཡིན།

དྲུག་པ་ཕན་ཡོན་གསུམ་འབྱུང་བ་ལ་ཡོན་ཏན་མཚན་ཉིད་དང་ལྡན་པ་དགོས་སམ་ཆ་ཙམ་གྱིས་འགྲུབ་པ་གང་ཡིན་ཞེ་ན།

ཡོན་ཏན་ཆ་ཙམ་གྱིས་མི་འགྲུབ་སྟེ། ལུང་གཞི་ལས། བསྙེན་པར་རྫོགས་ནས་ལོ་དགུ་ལོན་པས་ཀྱང་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ་ཞེས་མཁན་པོ་མི་བྱ་བ་ཉིད་དུ་གསུངས་པ་དང༌། མེ་ཏོག་ཕྲེང་རྒྱུད་ལས། ལོ་བཅུ་ཡང་དག་རྫོགས་པ་ཡི། །དགེ་སློང་ཀུན་སྡོམ་བདག་ཉིད་ཅན། །གསལ་ཞིང་ཀུན་སྤྱོད་རིག་པ་ཡིས། །རབ་བྱུང་དང་ནི་བསྙེན་རྫོགས་བྱ། །ཞེས་ལོ་བཅུ་རྫོགས་དགོས་པར་གསུངས་པས་སོ། །ཡོན་ཏན་ཆ་ཙམ་གྱིས་འགྲུབ་ན། བསྙེན་པར་རྫོགས་ནས་ཞག་གཅིག་ལོན་ཞིང་སོ་ཤིང་དབེན་པར་དོར་ཞེས་པ་དེ་ཙམ་ཤེས་པས་ཀྱང་མཁན་པོ་བྱར་རུང་བར་ཐལ། བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པའི་ཆ་ཙམ་དང༌། འདུལ་བ་ཤེས་པའི་ཆ་ཙམ་ཞིག་ཡོད་པའི་ཕྱིར་རོ། །འདོད་ན། རྩ་བར། ལྷན་ཅིག་སྦྱར་བ་གང་དང་ཡང་མི་ལྡན་པས་ནི་མ་ཡིན་ནོ། །ཞེས་གསུངས་པ་དང་འགལ་བས་སོ། ། བདུན་པ་ཕན་ཡོན་གསུམ་འབྱུང་བ་ལ་ལྔ་ཚན་ཉི་ཤུ་རྩ་གཅིག་པོ་ཐམས་ཅད་ལྡན་དགོས་སམ་གང་རུང་གཅིག་གིས་འགྲུབ་དགོས་པའི་དོན་ཟེར་ན་མཚོ་ཊིཀ་༡༡༦ལས། བསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་ལོན་ཞིང་དེའི་སྡོམ་པ་དག་པ་གཞི་མར་བྱས་ནས། ལྔ་ཚན་གང་རུང་གཅིག་དང་ལྡན་ན་དེས་ཕན་ཡོན་གསུམ་འཐོབ་སྟེ། ཊཱི་ཀ་ལས། ལྷན་ཅིག་སྦྱར་བ་གཅིག་དང་ལྡན་ཞིང་ལོ་བཅུ་ལོན་པ་ཡང་ཡིན་ན། དེས་ནི་མཁན་པོ་ཉིད་དང་གནས་ཉིད་དང་མི་གནས་པར་འདུག་པར་ཡང་བྱའོ། །ཞེས་པ་དང༌། མཁན་པོ་བྱེད་པ་ལ་ལྔ་ཚན་ཉི་ཤུ་རྩ་གཅིག་པོ་ཐམས་ཅད་ལྡན་དགོས་ན་མཁན་པོ་མཚན་ཉིད་དང་ལྡན་པ་མི་སྲིད་པར་ཐལ་བར་འགྱུར་ཏེ། གང་ཟག་གཅིག་ལ་དུས་གཅིག་ཏུ་ལྔ་ཚན་ཉི་ཤུ་རྩ་གཅིག་པོ་ཐམས་ཅད་ལྡན་པ་མི་སྲིད་པའི་ཕྱིར་ཏེ། འདུལ་བ་འབའ་ཞིག་ཤེས་པའི་ལྔ་ཚན་ཡིན་པ་དང་སྡེ་སྣོད་གསུམ་ཤེས་པའི་ལྔ་ཚན་ཡིན་པ་འགལ་བའི་ཕྱིར་དང༌། སློབ་པ་ཉིད་ཡིན་པ་དང་མི་སློབ་པ་ཉིད་ཡིན་པ་འགལ་བའི་ཕྱིར་རོ། །ཞེས་གསུངས་མོད་འདུལ་བ་ལས་སྡེ་སྣོད་གཞན་གཉིས་ཤེས་པ་ཡན་ལག་ཏུ་མི་དགོས་པའི་ལྔ་ཚན་ལ་འདུལ་བ་འབའ་ཞིག་ཤེས་པ་མི་དགོས་སམ་དཔྱད་པར་བྱའོ། །

གཉིས་པ་གནས་པ་ལ་གནས་པའི་ཚུལ་གྱིས་བསྲུང་བ་ལ།

གནས་སུ་གཟུང་བའི་ཚུལ་ནི། རྩ་བར། གང་ཡང་རུང་བ་ལ་མི་བྱའོ། །ཞེས་པ་ལ་སོགས་པའོ། །འདིའི་དོན་ལ་བརྒྱད་ལས།དང་པོ་དགོས་པའི་དོན་ནི་བཞི་སྟེ། གནས་པའི་བསླབ་པ་བརྟན་ཞིང་དགེ་བ་འཕེལ་བར་འགྱུར་བ་དང༌། གནས་མེད་ཀྱི་ཉེས་པ་མི་འབྱུང་བ་དང༌། ཁྲེལ་ཡོད་ཀྱི་བསམ་པ་སྐྱེ་བ་དང༌། བྱ་བ་ཡིན་མིན་ཤེས་པར་འགྱུར་བའོ། །

གཉིས་པ་ཡུལ་གང་ལ་གནས་སུ་གཟུང་བ་ནི།

གནས་ཀྱི་སློབ་དཔོན་དུ་འོས་ཤིང་རང་གི་གནས་ཀྱི་བླ་མར་གྱུར་ཟིན་པ་དང་འབྲེལ་བ་མ་ཡིན་པ་ལ་གནས་སུ་བཟུང་སྟེ། དེ་འོས་པའི་མཚན་ཉིད་སྔར་བཤད་ཟིན་ཏོ། །འོད་ལྡན་ལས། ཚུལ་དེ་ལྟ་བུའི་བླ་མ་ལ་བརྟེན་ན་མཚོ་ཆེན་པོའི་པདྨ་བཞིན་དུ་ཆོས་དགེ་བ་རྣམས་འཕེལ་བར་འགྱུར་རོ། །མཚན་ཉིད་དེ་དག་མ་ཚང་བ་ལ་གནས་པ་ནི་ཞིང་ཚྭ་སྒོ་ཅན་ལ་ས་བོན་བཏབ་པ་དང་འདྲ་སྟེ་གནོད་པ་ལ་བརྟེན་པར་འགྱུར་རོ། །ཞེས་སོ། །ལུང་གཅིག་ལ་འཕྲོས་པ་ལས། མཁན་པོ་རྣམ་པ་བཞི་སྟེ། ཆོས་ཀྱིས་སྡུད། ཟང་ཟིང་གིས་སྡུད། གཉིས་ཀས་སྡུད། གཉིས་ཀས་མི་སྡུད་པའོ། །དང་པོ་ལ་ནི་ཤེས་པར་བྱ་སྟེ་གནས་པར་བྱའོ། །གཉིས་པ་ལ་ནི་བལྟས་ཏེ་འགྲོ་བར་བྱ། གསུམ་པ་ལ་ནི་བརྒྱ་པའམ་ཞིག་ཟིན་ཀྱང༌། ནམ་འཚོའི་བར་དུ་གནས་པར་གྱིས་ཤིག །བཞི་པ་ལ་ནི་མ་འགྲོ་ཞེས་བསྒོ་ཡང་མི་བལྟ་བར་འགྲོ་བར་བྱའོ། །ཞེས་གསུངས་སོ། །

གསུམ་པ་རྟེན་གང་གིས་གནས་སུ་གཟུང་བ་ནི།

གནས་པ་སློབ་མར་འོས་པས་གནས་སུ་གཟུང་སྟེ། དེའི་མཚན་ཉིད་སྔར་བཤད་ཟིན་ཏོ། །

བཞི་པ་ཚུལ་ཇི་ལྟར་གནས་སུ་གཟུང་བ་ནི།

སྦྱོར་དངོས་མཇུག་གསུམ་ལས། སྦྱོར་བའི་དུས་སུ་གཉིས་ཀས་ཕན་ཚུན་མཚན་ཉིད་དང་ལྡན་ནམ་མི་ལྡན་བརྟག་པར་བྱ་སྟེ། དྲི་བ་ལ་སོགས་པས་ཚུལ་ཁྲིམས་དང༌། ཞེས་པ་དང༌། ཡོངས་སུ་བརྟགས་ནས་སྦྱིན་ནོ་ཞེས་པའོ། །དེ་ནས་ཞུ་བ་པོས་ཕྱག་འཚལ་ཞིང་སྤྱོད་ལམ་བསྟེན་པའོ། །དངོས་གཞི་ནི་སྔགས་ལན་གསུམ་གྱིས་སོ། །མཇུག་གི་ཆོ་ག་ཐབས་ཡིན་ནོ་ལེགས་སོ་ཞེས་པའོ། །ལྔ་པ་ཕན་ཚུན་བསམ་པ་ཇི་ལྟར་བསྐྱེད་པ་ནི། རྩ་བར། བུ་དང་ཕའི་འདུ་ཤེས་དག་བསྐྱེད་པར་བྱའོ། །ཞེས་སོ། །ལུང་མ་མོ་ལས་ནི། མཁན་པོ་དང་སློབ་དཔོན་ལ་སྟོན་པའོ་སྙམ་དུ་འདུ་ཤེས་མངོན་དུ་བཞག་པར་བྱ། ཞེས་གསུངས་སོ། །དྲུག་པ་གནས་ལ་བསྙེན་བཀུར་ཇི་ལྟར་བྱ་བ་ནི་ལྷུང་བཟེད་དང་ཆོས་གོས་ཀྱི་ལས་དང་ནད་གཡོག་དང་ཞེས་སྔར་བསྟན་པ་དང་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་བྱའོ་ཞེས་པ་ལ་སོགས་པའོ། །

བདུན་པ་འཇིག་པའི་རྒྱུ་ནི་གཉིས་ཏེ། བྱ་བ་བྱེད་པའི་འཇིག་རྒྱུ་དང༌། གསོལ་བ་བཏབ་པའི་འཇིག་རྒྱུའོ། །

དང་པོ་ལ་གཉིས་ཏེ། གནས་གཞན་འདོད་པ་མངོན་དུ་གྱུར་པ་དང༌། གནས་དང་གནས་པ་མཚམས་ཐ་དད་ན་གནས་པའོ། །དེ་ཡང་རྩ་བར། མཁན་པོ་མ་ཡིན་པ་དག་འཚོགས་ན་འདོད་པས་འཇུག་པར་བྱའོ། །ཞེས་དང༌། མཚམས་གཞན་ན་གནས་པ། ཞེས་པས་གྲུབ་སྟེ་གོ་རིམ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། གཉིས་ཀ་ལ་མི་ལྟོས་པའི་བསམ་པ་བྱུང་བ་དང༌། གནས་དང་གནས་པ་ཞིང་མ་ཡིན་པར་གྱུར་པའོ། །དེ་ཡང་གཉིས་ཀ་ལ་མི་ལྟོས་པ་ཉིད་བྱུང་བ་ན། ཞེས་པ་དང༌། འདི་ལ་ཆོ་ག་རྣམས་གྱུར་ཏོ་ཞེས་པས་གྲུབ་སྟེ་གོ་རིམ་བཞིན་ནོ། །བརྒྱད་པ་དམིགས་ཀྱིས་བསལ་བ་ནི། བཅུ་ཡོད་དེ། ལོ་ལྔ་ལོན་ཞིང་ལྷན་ཅིག་སྦྱར་བ་ཐ་མ་དང་ལྡན་པ་ལྗོངས་རྒྱུ་བའི་དུས་དང༌། དབྱར་ཕྱི་མ་ཁས་བླངས་པ་ཟླ་བ་དང་པོ་གཉིས་ཀྱི་དུས་དང༌། གནས་ཀྱི་བླ་མ་ས་གཞན་གནས་པའི་དུས་དང་གནས་ཡོངས་སུ་འཚོལ་བ་ལ་ཞུགས་པ་མ་རྙེད་པ་ཞག་ལྔའི་དུས་དང༌། གློ་བུར་དུ་འོངས་པ་ཉི་མ་དང་པོའམ་གཉིས་པ་ལ་ངལ་གསོ་བའི་དུས་དང༌། ཞག་གཅིག་གནས་གཞན་དུ་ཕྱིན་པ་དང་དྲུག་དངོས་སུ་གསུངས་ལ། དབྱར་སྔ་མ་ཁས་བླངས་ནས་ཟླ་བ་དབུས་མ་བསྲུང་བ་དང༌། དགེ་འདུན་གྱི་གནས་ནས་ཕྱུང་བ་ན་གནས་མེད་ཀྱི་ཉེས་པ་མི་འབྱུང་བ་ཡིན་ཏེ། དེ་ལ་གནས་སྦྱིན་པར་བྱེད་ན་སྤངས་པ་རྗེས་ཕྱོགས་ཀྱི་ལྟུང་བར་འགྱུར་བས་དེ་ལ་གནས་པར་བྱ་བའི་ཡུལ་མེད་པའི་ཕྱིར་རོ། །ཡུལ་མེད་ཀྱང་གནས་བརྟེན་དགོས་ན་སྒྲུབ་པར་མི་ནུས་པ་ལ་བཅས་པ་མཛད་པར་ཐལ་བར་འགྱུར་རོ། །བླ་མས་གནས་བཀག་པ་དང༌། དེ་དག་དང་རྒྱུ་མཚན་མཚུངས་པའི་མདོར་བསྡུས་གཅིག་དང་བཅུའོ། །རྣམ་འགྲེལ་ལས་ཀྱང༌། འཇིག་པ་ལ་ནི་རྒྱུ་མེད་ཕྱིར། །འཇིག་པ་རྒྱུ་ལྡན་སྨྲ་རྣམས་ཀྱི། །འཇིག་པའི་རྒྱུ་ནི་ཐམས་ཅད་དག །འཁྲུལ་བ་ཉིད་དུ་བཤད་པ་ཡིན། །ཞེས་གསུངས་སོ་ཞེ་ན། གཞུང་དེ་དག་ནི་དངོས་པོའི་རང་རྒྱུ་མ་གཏོགས་པ་འཇིག་པའི་རྒྱུ་གཞན་མེད་པ་ལ་དགོངས་སོ་ཞེས་རིགས་པའི་ཚུལ་ཡིན་ནོ། ། སྐབས་འདི་ཉིད་ཀྱི་ལུང་ཕྲན་ཚེགས་ལས། སློབ་དཔོན་གྱིས་ཀྱང་བསམ་པས་བཏང་ལ་ཉེ་གནས་ཀྱིས་ཀྱང་བསམ་པས་བཏང་ན་གནས་བཅས་པ་ཞིག་པ་ཞེས་བརྗོད་པར་བྱའོ། །ཞེས་གསུངས་ལ། ཊཱི་ཀ་ལས། གནས་དང་གནས་པ་གཉིས་ཀ་མི་ལྟོས་པ་ཉིད་དུ་གྱུར་ན་དེའི་ཚེ་ན་གནས་ཞིག་པར་རིག་པར་བྱའོ། །ཞེས་དང༌། འགྲེལ་ཆུང་ལས་ཀྱང༌། གནས་བརྟན་དང་སློབ་མས་ཀྱང་ཡོངས་སུ་བཏང་བར་བསམས་ན་གནས་ཞིག་སྟེ་མེད་པར་གྱུར་ཅེས་བཤད་དོ། །མི་ལྟོས་པ་ཉིད་དེ་ནི་ཇི་ལྟ་བུ་ཞེ་ན། བྱུང་སྟེ་མི་ལྟོས་པ། ཕྲན་ཚེགས་འགྲེལ་བ་ལས། ཉེ་གནས་ལྟོས་པ་མེད་ན། ཞེས་བྱ་བ་ནི། ཉེ་གནས་དེ་འདི་སྙམ་དུ་བདག་ནི་ལྗོངས་རྒྱུར་འགྲོ་བར་བྱ་ཞིང་དེར་སོང་ནས་ཁོ་བོ་གདོན་མི་ཟ་བར་སློབ་དཔོན་གཞན་ལ་གནས་དགོས་པ་ཡིན་ནོ། །ཞེས་བྱ་བའི་བསམ་པ་འདིས་དེ་ལྟར་ན་དེ་ལ་ལྟོས་པ་མེད་པ་ཡིན་ནོ་ཞེས་པ་དང༌། ཡང་དེ་ཉིད་ལས། སློབ་དཔོན་ལྟོས་པ་མེད་པར་གྱུར་ཏེ། ཁོ་བོ་གཙུག་ལག་ཁང་གཞན་དུ་གནས་པའི་ཕྱིར་འགྲོ་བར་བྱའོ་སྙམ་པ་ལ། ཉེ་གནས་ཀྱིས་ཀྱང་ཤེས་ཏེ་ཁོ་བོའི་སློབ་དཔོན་ངེས་པར་གཙུག་ལག་ཁང་གཞན་དུ་འགྲོ་འདོད་པས། བདག་ཀྱང་གཞན་ལ་གནས་པར་བྱའོ་སྙམ་པ་དེའི་ཚེ་གཉིས་ཀ་ལྟོས་པ་མེད་པར་གྱུར་པ་ཡིན་པས། ཞེས་གསུངས་སོ། །དཔོན་སློབ་གཉིས་ཀ་ལ་མི་ལྟོས་པ་ཉིད་བྱུང་སྟེ་གནས་བཅས་པ་ཞིག་པར་གྱུར་པ་ན། ཕྲན་ཚེགས་འགྲེལ་བ་ལས། གནས་མ་བཟུང་བ་དེ་སྲིད་དུ་དེ་ལ་སློབ་དཔོན་ཞེས་བྱ་བའི་སྒྲས་བརྗོད་པར་མི་བྱའོ་ཞེ་ན། མ་ཡིན་ཏེ་གཉིས་ཀ་ལ་ལྟོས་པ་མེད་པར་གྱུར་པ་ལས་གནས་འཇིག་པར་གྱུར་པ་བཞིན་དུ་སློབ་དཔོན་ཉིད་ཀྱང་ལྡོག་པར་ནི་བཅོམ་ལྡན་འདས་ཀྱིས་མ་གསུངས་ལ། འདི་ལ་རིགས་པ་ཅུང་ཟད་ཀྱང་མེད་པ་དེ་བས་ན་འདི་ལ་ཉེས་པ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །

གསུམ་པ་ཆད་པ་བཅད་པའི་ཚུལ་གྱིས་བསྲུང་བ།

གསུམ་པ་ཆད་པ་བཅད་པའི་ཚུལ་གྱིས་བསྲུང་བ་ལ།

རྩ་བར། གནས་པ་ཆད་པས་བཅད་པར་འོས་པ་ཆད་པས་མི་གཅད་པར་མི་བྱའོ། །ཞེས་པ་ལ་སོགས་པ་འདིའི་དོན་ལ་དྲུག་ལས། དང་པོ་དགོས་པའི་དོན་ནི་གསུམ་སྟེ། ཆད་པ་བཅད་པས་ཉེས་པ་ལ་མ་ཞུགས་པ་མི་འཇུག་པ་དང་ཞུགས་པ་ལྡོག་པར་འགྱུར་བ་སྟེ་བཅད་བྱ་ཡུལ་ལ་ལྟོས་པའི་དགོས་པ་གཉིས་དང༌། གཅོད་བྱེད་རྟེན་ལ་ལྟོས་པའི་དགོས་པ་ནི་ཉེས་པ་ཅན་ཡལ་བར་འདོར་བའི་ཉེས་པ་ཁེགས་པའོ། །

གཉིས་པ་ཡུལ་གང་ལ་ཆད་པ་བཅད་པ་ནི།

ཆོས་དགུ་དང་ལྡན་པ་སྟེ། རབ་བྱུང་སྡེ་ལྔ་གསོར་རུང་ཡན་ཆད་ཡིན་པ་དང༌། ཤེས་པ་རང་བཞིན་དུ་གནས་པ་དང༌། ལུས་ཐ་མལ་དུ་གནས་པ་དང༌། གནས་ནས་མ་ཕྱུང་བ་དང༌། ལྟ་བ་དང་སྤྱོད་པའི་སྒོ་ནས་ཆོས་མ་ཡིན་པའི་ཕྱོགས་སུ་མ་སོང་བ་དང༌། དགེ་འདུན་འབྱེད་ནུས་པ་མ་ཡིན་པ་དང༌། ནད་པ་མ་ཡིན་པ་དང༌། ཆད་པའི་རྒྱུ་དང་ལྡན་པ་དང༌། རང་གི་འཁོར་དུ་གཏོགས་པའོ། །གསུམ་པ་རྟེན་གང་གིས་ཆད་པ་བཅད་པ་ནི། གནས་ཀྱི་བླ་མ་ཡིན་པ་དང༌། རང་ཆད་པའི་རྒྱུ་དང་མི་ལྡན་པ་སྟེ། གནས་པ་ཞེས་པའི་ཤུགས་ཀྱིས་གྲུབ་ཅིང༌། རང་ཆད་པའི་རྒྱུ་དང་ལྡན་ན་དེའི་ཚིག་རིགས་པས་གཟུང་བར་མི་འོས་པའི་ཕྱིར་རོ། །

བཞི་པ་གང་གི་ཚེ་ཆད་པ་བཅད་པའི་དུས་ནི།

དབྱར་གྱི་ཚུལ་ནང་མ་ཡིན་པ་དང༌། བྱ་བ་གཞན་གྱིས་རྣམ་པར་གཡེངས་བའི་དུས་མ་ཡིན་པ་སྟེ། གཞན་དུ་ན་དབྱར་གྱི་བཅའ་ཁྲིམས་དང་འགལ་བར་འགྱུར་བའི་ཕྱིར་དང༌། སྐབས་སུ་མ་བབ་པའི་ཕྱིར་རོ། །ལྔ་པ་ཆད་པ་གང་བཅད་པ་ནི། རྩ་བར། ཆད་པ་ནི་ལྔའོ། །༡གཏམ་འདྲེ་བར་མི་བྱ་བ་དང༌། ༢ གདམས་ངག་མི་སྦྱིན་པ་དང༌། ༣ བསྙེན་བཀུར་དང་ཆོས་དང་ཟང་ཟིང་དག་གིས་ལོངས་སྤྱོད་དུ་མི་གཞུག་པ་དང༌། ༤ དགེ་བའི་ཕྱོགས་བརྩམས་པ་རྒྱུན་གཅད་པ་་དང༌། ༥ གནས་དགག་པར་བྱ་བའོ། །ཞེས་སོ། །དྲུག་པ་ཆད་པ་བཅད་ནས་ཇི་ལྟར་སྒྲུབ་པ་ནི། གཅོད་བྱེད་ཀྱིས་ཇི་ལྟར་སྒྲུབ་པ་ནི། རྩ་བར། གུས་པར་མི་བྱེད་ན་དྲང་པོར་བྱ་བའི་ཕྱིར་དགེ་སློང་༼སྡོམ་ཚུལ་ལ་མཁས་པའི༽ཤེས་ཉེན་ཅན་བསྐོ་བར་བྱའོ། །ཞེས་སོ། །

གཞན་གྱིས་ཇི་ལྟར་སྒྲུབ་ཚུལ་ནི།

ཆད་པས་བཅད་པ་གཞན་གྱིས་ལེན་པར་སྤང་དགོས་ཏེ། རྩ་བར། ཆད་པས་བཅད་པ་གཞན་གྱིས་ལེན་པར་བྱེད་པ་ལ་ཉེས་པ་སྦོམ་པོ་འགྱུར་རོ། །ཞེས་གསུངས་སོ། །གཞི་བཅུ་བདུན་ལས་རབ་ཏུ་བྱུང་བའི་གཞིའི་བཤད་པ་རྫོགས་སོ།། །།

གཉིས་པ་སྤང་བྱ་མི་མཐུན་པའི་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་བ།

གཉིས་པ་སྤང་བྱ་མི་མཐུན་པའི་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་བ་ལ།

སྤང་བར་བྱ་བ་ལྡོག་པའི་ཚུལ་ཁྲིམས་དང༌། བསླབ་པར་བྱ་བ་འཇུག་པའི་ཚུལ་ཁྲིམས་དང་གཉིས་ལས།དང་པོ་ལ་རྣམ་འབྱེད་རྣམ་གཉིས་ཀྱི་སྐབས་བྱེ་བྲག་ཏུ་བསྟན་པ་དང༌། ཞུ་བ་ཕལ་ཆེ་བའི་སྐབས་སྤྱིར་བསྟན་པ་དང་གཉིས། དང་པོ་ལ། རྣམ་འབྱེད་རྣམ་གཉིས་ཀྱི་ཐུན་མོང་བ་བསླབ་པ་ཕུལ་བའི་ལེའུ་དང༌། དགེ་སློང་ཕ་མའི་རྣམ་འབྱེད་སོ་སོར་བསྟན་པ་དང་གཉིས་ལས། དང་པོ་ལ་སྡོམ་པའི་གཏོང་རྒྱུ་རྣམས་སྤྱིར་གཏན་ལ་དབབ་པ་དང༌། བྱེ་བྲག་ཏུ་བསླབ་པ་འབུལ་བའི་དོན་བཤད་པ་དང་གཉིས་ལས། དང་པོ་ལ་སྡོམ་པའི་གཏོང་རྒྱུ་རྣམས་ཀྱི་དབྱེ་བ་དང་སྡོམ་པ་གཏོང་བའི་ཚུལ་ལུགས་དང་གཉིས་ལས། དང་པོ་ལ་དབྱེ་བ་དངོས་དང༌། དེ་དག་རྒྱུར་འཇོག་པའི་ཚུལ་དང༌། དབྱེ་བ་ལ་སྒྲོ་འདོགས་དགག་པ་དང་གསུམ། དང་པོ་ནི་གཞུང་རྣམས་ལས་བཅུ་གསུངས་ཏེ། དེ་ཡང་མཛོད་ལས། བསླབ་པ་ཕུལ་དང་ཤི་འཕོས་དང༌། ། མཚན་གཉིས་དག་ནི་བྱུང་བ་དང༌། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོ་ཐར་པའི་སྡོམ་པ་གཏོང༌། །ཞེས་གཏོང་རྒྱུ་ལྔ་གསུངས་ལ། ལོ་ཉི་ཤུ་མ་ལོན་པ་ཉིད་ན་མ་ལོན་པར་ཤེས་པ་ལ་སོགས་དང༌། བསླབ་པ་ཉམས་པར་བྱས་པ་དང༌། མཚན་ལན་གསུམ་གྱུར་པ་དང༌། མཚན་ཉམས་པར་འགྱུར་བ་བརྟེན་པ་དང༌། ཟ་མར་གྱུར་པ་འགྱུར་བ་བརྟེན་པ་དང་བཅུའོ། །དེ་ཡང་དང་པོ་ལྔ་ནི་མཛོད་ལས་གསལ་ལ། དྲུག་པ་ནི། ཤེས་ན་ནི་དེ་ཞིག་གོ། །ཞེས་པས་སོ། །བསམ་པ་ཙམ་གྱིས་སྡོམ་པ་བཏང་སྟེ། ཊཱི་ཀ་ལས་བཤད་དོ། །འདི་ནི་དགེ་སློང་གི་སྡོམ་པ་བཏང་བ་སྟེ། དགེ་ཚུལ་ལ་སོགས་པ་ནི་མ་ཡིན་ནོ། །ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་མ་ལོན་པ་ལ་ལོན་པར་འདུ་ཤེས་ཏེ། བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་མ་ལོན་པ་ཉིད་དུ་ཤེས་པ་དང༌། ལོ་བདུན་མ་ལོན་པ་ལ་ལོན་པར་འདུ་ཤེས་ཏེ། དགེ་ཚུལ་དུ་གྱུར་ན་ལོ་བདུན་མ་ལོན་པར་ཤེས་ན་ཡང་སྔ་མ་དང་རྒྱུ་མཚན་མཚུངས་པར་རིགས་སོ། །འོ་ན་མངོན་པ་ལས་འདི་མ་བགྲངས་པའི་རྒྱུ་མཚན་ཅི་ཞེ་ན། རྣམ་འབྱེད་འགྲེལ་བ་ལས། ཆོས་མངོན་པ་ལས་འདི་སྡོམ་པ་གཏོང་བའི་རྒྱུ་ཉིད་དུ་མ་བགྲངས་པ་ནི་མ་ངེས་པའི་ཕྱིར་རོ། །ཞེས་སོ། །འདིའི་དོན་ནི་སྐྱེས་ནས་ལོ་བཅུ་བཞི་ལོན་པ་ལྟ་བུ་ལ་དེར་ཤེས་ཀྱང་དགེ་སློང་གི་སྡོམ་པ་གཏོང་བར་མ་ངེས་པའི་ཕྱིར་ཞེས་པ་སྟེ། གཞུང་དེ་ཉིད་ལས། མངལ་ན་གནས་པའི་ཟླ་བ་དག་ཀྱང་ལས་ཀྱི་དབང་གིས་མང་ཉུང་མ་ངེས་པའི་ཕྱིར་རོ། །ཞེས་གསུངས་སོ། །སྒྲ་གཅན་ཟིན་མངལ་དུ་ལོ་དྲུག་བཞུགས་པར་ལུང་གཞི་ལས་གསུངས་པ་ལྟ་བུའོ། །བདུན་པ་ནི། མ་མོ་ལས། བསླབ་པ་ཕུལ་བ་དང་བསླབ་པ་ཉམས་པར་བརྗོད་པ་གཉིས་ནི། ངག་ཏུ་བརྗོད་པ་ཙམ་ལ་ཡང་ཁྱད་པར་མེད་ཅིང་སྡོམ་པ་སྤོང་བ་ལ་ཡང་ཁྱད་པར་མེད་དེ། གཅིག་གིས་ཀྱང་སྡོམ་པ་གཏོང་བར་འགྱུར་ཞིང༌། གཉིས་ཀྱིས་ཀྱང་དེ་བཞིན་ནོ། །ཞེས་གསུངས་ལ། རྣམ་འབྱེད་འགྲེལ་བ་ལས། བསླབ་པ་ཉམས་པར་བྱས་ན་མ་ཕུལ་དུ་ཟིན་ཀྱང་དེ་ལ་ཡང་དགེ་སློང་གི་དངོས་པོ་ཉིད་མེད་དོ། །ཞེས་སོ། །བརྒྱད་པ་ནི། རྩ་བར། མཚན་ལན་གསུམ་དུ་གྱུར་པ་ཡང་མ་ཡིན་ནོ། །ཞེས་སོ། །དགུ་པ་ནི། རྩ་བར། འདི་ལས་ཐ་མ་ནི་ཉེས་པ་བསྟེན་ན་བསྙིལ་བའོ། །ཞེས་དང༌། དེའི་ཊཱི་ཀ་ལས། ཉམས་པའི་མ་ནིང་ནི་ཉེས་པ་བསྟེན་ན་དེའི་ཚེ་དགེ་སློང་གི་དངོས་པོའི་སྣོད་མ་ཡིན་པར་གྱུར་པས། ཞེས་སོ། །བཅུ་པ་ནི། རང་གི་རྣམ་བཤད་དང་ཊཱི་ཀ་ལས་ཟ་མ་སྡོམ་པའི་ཞིང་མ་ཡིན། ཞེས་དང༌། མཛོད་འགྲེལ་ལས། ཟ་མ་ལ་སོགས་པ་ལ་སྡོམ་པ་མེད་དོ། །ཞེས་པས་གྲུབ་བོ། །གློ་བུར་དུ་ཟ་མར་གྱུར་པ་ནི། གཞི་འགྲེལ་ལས། ཟ་མ་ནི་རླིག་པ་ཕྱུང་བའི་ཉེས་པས་མཐུ་ཉམས་པའོ། ཞེས་གསུངས་སོ། །དགེ་སློང་ལས་གློ་བུར་དུ་ཟ་མར་གྱུར་ན། འགྱུར་བ་བསྟེན་ན་སྡོམ་པ་ཉམས་ལ་མི་བསྟེན་ན་ནི་མི་གཏོང་སྟེ། ཞུ་འགྲེལ་ལས།ཡན་ལག་སྐྱེས་པ་བཅད་པ་ལ་སོགས་པས་ཉམས་པ་ནི་ཇི་སྲིད་དུ་འགྱུར་བ་མི་བསྟེན་པ་དེ་སྲིད་དུ་དགེ་སློང་ཡིན་ལ་ཟ་མ་ལ་ཡང་དེ་དང་འདྲའོ། །ཞེས་གསུངས་སོ། །

གཉིས་པ་དེ་དག་རྒྱུར་འཇོག་པའི་ཚུལ།

གཉིས་པ་དེ་དག་རྒྱུར་འཇོག་པའི་ཚུལ་ནི།

བརྒལ་ལན་གྱི་སྒོ་ནས་བསྟན་པར་བྱ་སྟེ་འདིར་ཐལ་འགྱུར་གསུམ་ལས། དང་པོ་ནི། བསླབ་པ་ཕུལ་བ་ཆོས་ཅན། སྡོམ་པ་གཏོང་བའི་རྒྱུ་མ་ཡིན་པར་ཐལ། སྡོམ་པ་གཏོང་བ་དང་ལྡོག་པ་མེད་པའི་ཕྱིར་རོ། །འདོད་ན་དམ་བཅའ་ཉམས་ལ། ཁྱབ་པ་མེད་ན་རྣམ་ངེས་ལས་གང་དག་རྗེས་སུ་འགྲོ་བ་དང་ལྡོག་པ་མི་བྱེད་པ་དེ་ནི་རྒྱུ་མ་ཡིན་ལ། ཞེས་སོ། །རྟགས་མ་གྲུབ་ན། བསླབ་པ་གཏན་ནས་མ་ཕུལ་བར་སྡོམ་པ་གཏོང་བར་ཡོད་པ་དེ་ཆོས་ཅན། སྡོམ་པ་གཏོང་བ་མེད་པར་ཐལ། བསླབ་པ་ཕུལ་བ་མེད་པའི་ཕྱིར་རོ། །ཁྱབ་པ་མེད་ན་སྡོམ་པ་གཏོང་བ་དང་ལྡོག་པ་ཡོད་པ་བུད་དོ་ཞེ་ན། རྒྱུ་ལ་གཉིས་སུ་དབྱེ་སྟེ་མེད་ན་མི་འབྱུང་བའི་རྒྱུ་ཚད་མ་ནས་བཤད་པ་དང༌། རང་འབྲས་འབྱིན་ནུས་ཙམ་གྱི་རྒྱུ་ལུང་ཆོས་ནས་བཤད་པའོ། །འདི་ན་ལུང་ཆོས་ནས་བཤད་པའི་རྒྱུ་དེ་ཡིན་ཏེ། མཛོད་ལས། བསླབ་པ་ཕུལ་དང་ཤི་འཕོས་དང༌། །མཚན་གཉིས་དག་ནི་བྱུང་བ་དང༌། ། རྩ་བ་ཆད་དང་མཚན་འདས་ལས། །སོ་སོ་ཐར་པའི་སྡོམ་པ་གཏོང་ཞེས་པའི་སྐབས་སུ། མཛོད་འགྲེལ་ལས། དེ་དག་ནི་མདོར་བསྡུས་ན་གཏོང་བའི་རྒྱུ་ལྔ་ཡིན་ནོ། །ཞེས་གསུངས་སོ། །ལྡོག་པ་མེད་ཀྱང་རྒྱུ་ཡིན་པར་གསུངས་པ་ལུང་ཆོས་ན་ཤིན་ཏུ་མང་སྟེ། འཁྲུག་ལོང་གི་རྒྱུ་བཞིའོ། །ཞེས་པ་དང༌། འདུལ་བ་བསྡུ་བ་ལས།དེའི་རྒྱུ་ཡང་རྣམ་བཞི་སྟེ། །མི་ཤེས་པ་དང་བག་མེད་དང༌། །ཉོན་མོངས་མང་དང་མ་གུས་པའོ། །ཞེས་གསུངས་པ་ལྟ་བུའོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །འོན་ཀྱང་རྒྱུ་རྣམ་པ་གཉིས་གསུངས་པ་ལ་དཔྱད་པར་བྱའོ། །གཉིས་པ་ནི་ལོ་ཉི་ཤུ་མ་ལོན་པ་ལ་ལོན་པར་འདུ་ཤེས་ཏེ་བསྙེན་པར་རྫོགས་ནས་དེའི་རྗེས་སུ་དགེ་སློང་རང་གིས་ལོ་ཉི་ཤུ་མ་ལོན་པ་མ་ལོན་པར་ཤེས་པ་དེ་ཆོས་ཅན།ཁྱོད་སྐྱེས་ཚེ་དགེ་སློང་གི་སྡོམ་པ་བཏང་ཟིན་པ་མ་ཡིན་པར་ཐལ། དགེ་སློང་གི་སྡོམ་པ་གཏོང་བའི་རྒྱུ་ཡིན་པའི་ཕྱིར་རྟགས་ཁས་བླངས་སོ། །འདོད་ན། ཤེས་ན་ནི་དེ་ཞིག་གོ་ཞེས་པ་དང་འགལ་ལོ། །དེས་ན་འདི་རྣམས་ལ་སྡོམ་པ་བཏང་བ་ལ་གཏོང་རྒྱུའི་མིང་ནས་བརྗོད་པ་ཡིན་ནོ། །གསུམ་པ་ནི། དགེ་སློང་གི་སྡོམ་པ་བཏང་བ་ཆོས་ཅན། སྡོམ་པ་བཏང་བ་དེ་རྒྱུས་བསྐྱེད་པ་མ་ཡིན་པར་ཐལ། སྡོམ་པ་བཏང་བ་ནི་སྡོམ་པ་མེད་པ་ཡིན་ལ། མེད་པ་ནི་རྒྱུ་ལས་སྐྱེས་པ་མ་ཡིན་པའི་ཕྱིར་རོ། །ཞེ་ན། འདོད་པ་ཡིན་ཏེ་སྡོམ་པ་བཏང་བ་ནི་རྒྱུས་བསྐྱེད་པ་མ་ཡིན་ལ་སྡོམ་པ་གཏོང་བ་ནི་རྒྱུས་བསྐྱེད་པའོ། །གསུམ་པ་དབྱེ་བ་ལ་སྒྲོ་འདོགས་དགག་པ་ནི། མཛོད་ལས། ཁ་ཅིག་ལྟུང་བར་གྱུར་ལས་སྨྲ། །གཞན་དག་དམ་ཆོས་ནུབ་པ་ལས། །ཞེས་རྩོད་བཅས་དེ་གཉིས་ཀྱང་དབྱེ་བའི་གྲངས་སུ་བགྲངས་ཏེ་དེང་སང་ཁ་ཅིག་དག་སྨྲའོ། །དེ་ནི་མི་རིགས་ཏེ། ཕམ་པས་སྡོམ་པ་གཏོང་བར་འདོད་པ་དེ་མདོ་སྡེ་པའི་གྲུབ་མཐའ་ཡིན་གྱི། བྱེ་བྲག་སྨྲ་བའི་རང་གཞུང་ལྟར་ན་ཕམ་པས་སྡོམ་པ་མི་གཏོང་བའི་ཕྱིར་དང༌། ཆོས་ནུབ་པས་སྡོམ་པ་གཏོང་བར་འདོད་པ་དེ་ཆོས་སྲུང་སྡེ་པའི་འདོད་པ་ཡིན་གྱི། རང་གི་གཞུང་ལུགས་མ་ཡིན་པའི་ཕྱིར་དང༌། མངོན་པ་གཉིས་ཀ་དང་འགལ་བའི་ཕྱིར་ཏེ། མཛོད་འགྲེལ་ལས། དམ་པའི་ཆོས་ནུབ་ན་འདུལ་བའི་ལས་མེད་པའི་ཕྱིར་སྔོན་མེད་པའི་འདུལ་བ་ཐོབ་པ་ནི་མེད་ཀྱི། ཐོབ་ཟིན་པ་ནི་གཏོང་བ་མེད་དོ། །ཞེས་དང༌། གཏན་ལ་དབབ་པ་བསྡུ་བ་ལས། དམ་པའི་ཆོས་ནུབ་ན་ནི་སྡོམ་པ་མ་བླངས་པ་ནི་བླང་དུ་མེད་ལ། སྔར་བླངས་པ་ནི་མི་གཏོང་བར་རིག་པར་བྱའོ། །ཞེས་གསུངས་པས་སོ། །གལ་ཏེ་མི་མཐུན་པའི་སེམས་སྐྱེས་པ་ཡང་སྡོམ་པའི་གཏོང་རྒྱུ་ཡིན་ཏེ། གཏན་ལ་དབབ་པ་བསྡུ་བ་ལས། དགེ་བསྙེན་གྱི་སྡོམ་པ་ནི། མི་མཐུན་པའི་སེམས་སྐྱེས་པ་དང༌། རྩ་བ་ཆད་པ་དང༌། རིས་མཐུན་པ་སྤངས་པས་ཡོངས་སུ་གཏོང་བར་རིག་པར་བྱའོ་ཞེས་བཤད་དོ་ཞེ་ན། མི་མཐུན་པའི་སེམས་སྐྱེས་པས་གཏོང་བར་བཤད་པ་དེ་ནི་ཕལ་ཆེན་སྡེ་པའི་ལུགས་ཡིན་གྱི། བྱེ་བྲག་སྨྲ་བའི་ལུགས་ལྟར་ན་དེས་སྡོམ་པ་མི་གཏོང་ཞེས་དཔལ་མར་མེ་མཛད་ཡེ་ཤེས་གསུངས་སོ། །གལ་ཏེ་དགེ་སློང་གིས་མུ་སྟེགས་ཀྱི་ལྟ་བ་བཟུང་བ་དང༌། དགེ་འདུན་གྱི་དབྱེན་བྱས་པས་ཀྱང་སྡོམ་པ་གཏོང་སྟེ། འགྲེལ་ཆུང་ལས། དགེ་སློང་ལས་སེམས་ཀྱིས་མུ་སྟེགས་ལ་ཕྱོགས་ན་ཁྲིམས་མེད་པར་སོང་ཞེས་པ་སོ་ཐར་འགྲེལ་བའི་ལུང་གི་རྣམ་བཤད་ལས། དབྱེན་བྱས་པས་དགེ་འདུན་ཕྱེ་ན་འབྱེད་པ་པོའི་ཁྲིམས་ནི་མེད་པར་འགྱུར་རོ་ཞེས་བཤད་དོ་ཞེ་ན། ཁྲིམས་མེད་པར་བཤད་པ་དེ་དག་ཁྲིམས་དམན་པ་ལ་ཁྲིམས་མེད་པ་ཞེས་སྨོས་པ་སྟེ། སྟོབས་ཆུང་བ་ལ་སྟོབས་མེད་ཅེས་ཟེར་བ་བཞིན་ནོ། །

གཉིས་པ་སྡོམ་པ་གཏོང་བའི་ཚུལ་ལུགས།

གཉིས་པ་སྡོམ་པ་གཏོང་བའི་ཚུལ་ལུགས་ནི།

སེམས་ཙམ་པ་ལྟར་ན་གསུམ་ལས། མངོན་གྱུར་བཏང་བ་ནི་སྤོང་སེམས་མངོན་གྱུར་རྒྱུན་ཆད་པ་ཙམ་མོ། །ས་བོན་བཏང་བ་ནི་ཀུན་གཞི་ལ་ས་བོན་ཙམ་ཡང་མེད་པར་བཏང་བའོ། །དབང་བཏང་བ་ནི་མངོན་གྱུར་བྱེད་པ་དང་བཅས་པ་བཏང་ཞིང༌། ས་བོན་བྱེད་པ་དང་བཅས་པ་རྒྱུད་ལ་གནས་པར་འདོད་པའོ། །དང་པོ་སྤོང་སེམས་མངོན་གྱུར་རྒྱུན་ཆད་པ་ཙམ་ནི། དགེ་སློང་གཉིད་ལོག་པ་དང་སེམས་གཞན་དུ་ཡེངས་པ་ལ་ཡང་ཡོད་དེ། སྡོམ་པ་བཏང་བ་མཚན་ཉིད་པ་མ་ཡིན་ནོ། །གཉིས་པ་ས་བོན་བཏང་ན་ནི། བསླབ་པ་ཕུལ་ནས་ལེན་ན་ཚེ་དེ་ཉིད་དམ་ཚེ་རབས་གཞན་དུ་ཡང་སྡོམ་པ་མི་སྐྱེ་བར་ཐལ་བར་འགྱུར་ཏེ། སྡོམ་པའི་ས་བོན་ཡང་མེད་པར་བཏང་བའི་ཕྱིར་རོ། །དེས་ན་དབང་བཏང་བ་དེ་ཡིན་ནོ་ཞེས་སེམས་ཙམ་པའི་ལུགས་སོ། །འདིར་བྱེ་བྲག་སྨྲ་བ་ལྟར་ན་གང་ཟག་གླང་པོ་ལྟ་བུ་ལ། སྡོམ་པ་ཁལ་ལྟ་བུ་དེ། ཐོབ་པ་ལྡན་མིན་འདུ་བྱེད་ཀྱི་རྫས་ནན་ཐག་ལྟ་བུས་བསྡམས་ཏེ་གནས་པའོ། །སྡོམ་པའི་གཏོང་རྒྱུ་འགའ་ཞིག་བྱུང་བ་ན་ཐོབ་པ་ལྡན་མིན་འདུ་བྱེད་ཀྱི་ཐག་པ་ཆད་དེ་ཁལ་ས་ལ་ལྟུང་བ་ལྟར། གང་ཟག་སྡོམ་པ་དང་མི་ལྡན་པར་གྱུར་པའོ་ཞེས་འདོད་དོ། །

གཉིས་པ་བྱེ་བྲག་ཏུ་བསླབ་པ་འབུལ་བའི་དོན་བཤད་པ།

གཉིས་པ་བྱེ་བྲག་ཏུ་བསླབ་པ་འབུལ་བའི་དོན་བཤད་པ་ལ།

གཞི་དང༌། བསམ་པ་དང༌།སྦྱོར་བ་དང༌། མཐར་ཐུག་དང༌། ཕུལ་ཉམས་ཀྱི་ཁྱད་པར་དང༌། དགག་སྒྲུབ་གཉིས་ཀྱི་བསླབ་པ་གང་ཡིན་བསྟན་པ་དང་དྲུག དང་པོ་གཞི་ལ། གང་ལ་འབུལ་བའི་ཡུལ་དང༌། གང་གིས་འབུལ་བའི་རྟེན་དང༌། གང་འབུལ་བའི་དངོས་པོ་དང་གསུམ། དང་པོ་ལ་གསུམ་སྟེ། ཐ་སྙད་ལྔ་དང་ལྡན་པ་དང༌། ལུས་ཐ་མལ་པར་གནས་པ་དང༌། བདག་ལས་ཐ་དད་པའོ། །ཐ་སྙད་ལྔ་ནི་མི་ཡིན། སྨྲ་ཤེས། དོན་གོ། །ཤེས་པ་རང་བཞིན་དུ་གནས། མ་ནིང་དང་མཚན་གཉིས་པ་ཅན་མ་ཡིན་ཏེ། རྩ་བར། དེ་ལ་མ་ཡིན་ནོ། །ལྐུགས་པ་ལ་མ་ཡིན་ནོ། །མི་མ་ཡིན་པའི་འགྲོ་བ་པ་ལ་མ་ཡིན་ནོ། ། མ་གོ་བ་ཉིད་མ་ཡིན་ནོ། །ཞེས་དང༌། སྤྱིར་བསྟན་པ་ལས། མ་ནིང་དང་མཚན་གཉིས་པ་དག་ནི་དེ་དང་ལྡན་པ་ཞེས་པ་རང་བཞིན་ཉམས་པ་དང་འདྲ་བར་བཤད་པ་སྟེ་གོ་རིམ་བཞིན་ནོ། །ལུས་ཐ་མལ་པར་གནས་པ་ནི། ཊཱི་ཀ་ལས། རེག་པ་ལ་སོགས་པ་ནི་ཐ་སྙད་ཀྱི་ཕྱིར་རྣམ་པར་བཞག་གོ། །ཞེས་པའི་གནད་ཀྱིས་སོ། །བདག་ལས་ཐ་དད་པ་ནི། རྩ་བར། དབེན་པར་མ་ཡིན་ཞེས་པས་གྲུབ་བོ། །གང་གིས་འབུལ་བའི་རྟེན་ནི། ཤེས་པ་རང་བཞིན་དུ་གནས་པ་དང༌།ལུས་ཐ་མལ་པར་གནས་པ་སྟེ། རང་བཞིན་ཉམས་པས་བྱས་པ་ཉིད་ནི་ཕུལ་བ་ཉིད་མ་ཡིན་ནོ། །ཞེས་དང༌། ལྟུང་བ་བསྐྱེད་པའི་རྟེན་ལུས་ཐ་མལ་པར་གནས་པ་དགོས་པར་བཤད་པའི་གནད་ཀྱིས་སྦྱར་རོ། །གང་འབུལ་བའི་དངོས་པོ་ནི། བདག་ཉིད་ཀྱི་བསླབ་པའཽ། །གཉིས་པ་བསམ་པ་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པ་སྟེ་དབེན་པར་འདུ་ཤེས་པ་མ་ཡིན་པས་སོ། །ཀུན་སློང་ནི་བསམ་པ་ཐག་པ་ནས་འབུལ་བར་འདོད་པ་རྒྱུན་མ་ཆད་པ་སྟེ། མཛོད་འགྲེལ་ལས། བསམ་པ་ཐག་པ་ནས་སླར་ཕུལ་བ་དང༌། ཞེས་དང༌། བཞད་གད་ཀྱི་དངོས་པོས་ནི་གང་གིར་ཡང་མི་འགྱུར། ཞེས་དང༌། འོད་ལྡན་ལས། གཏོང་བའི་བློ་ཡིས་བཏང་བ་ནི། ཞེས་དང༌། རྣམ་འབྱེད་ལས། གཏོང་བའི་སེམས་མེད་པར་བསླབ་པ་འབུལ་བར་བྱེད་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །ཞེས་དང༌། འདུན་པ་ལྡོག་པ་འོག་ཏུ་ན་ཞེས་པའི་གནད་ཀྱིས་སྦྱར་བ་སྟེ་གོ་རིམ་བཞིན་ནོ། །

གསུམ་པ་སྦྱོར་བ།

གསུམ་པ་སྦྱོར་བ་ནི།

བསམས་པའི་དོན་ལ་ལུས་ངག་གང་ཡང་རུང་བས་འབུལ་བར་ཞུགས་པ་སྟེ། འོད་ལྡན་ལས། གོ་བར་བྱེད་པ་ཐམས་ཅད་ཀྱིས། །བརྡ་ཕྲད་མི་ལ་གོ་བྱེད་ནའོ། །ཞེས་སོ། །བཞི་པ་མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བ་སྟེ་རང་གི་རྣམ་བཤད་ལས་གཞན་གྱིས་རྟོགས་པར་གྱུར་ན་ཕུལ་བ་ཉིད་དུ་འགྱུར་རོ། །ཞེས་སོ། །ལྔ་པ་ཕུལ་ཉམས་གཉིས་ཀྱི་ཁྱད་པར་ལ། བདག་ཁྱིམ་པར་གཟུང་དུ་གསོལ་ཞེས་པ་ནི་རབ་བྱུང་གི་སྡོམ་པ་གཏོང་བ་སྟེ་དགེ་བསྙེན་གྱི་སྡོམ་པ་གཏོང་བར་མ་ངེས་པ་སྟེ་བསམ་པའི་དབང་གིས་སོ། །དགེ་ཚུལ་དུ་གཟུང་དུ་གསོལ་ཞེས་པ་ནི་དགེ་སློང་གི་སྡོམ་པ་གཏོང་བ་སྟེ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་གཏོང་བར་མ་ངེས་པའོ། །རང་གི་རྣམ་བཤད་ལས། ཟ་མའམ་མ་ནིང་ཉིད་དུ་དམ་བཅས་པ་སྡོམ་པ་ཐམས་ཅད་འབུལ་བའོ། །ཞེས་གསུངས་སོ། །ཟ་མ་ནི་གློ་བུར་དུ་ཟ་མར་གྱུར་པ་དང༌། དང་པོ་ནས་ཟ་མ་ཡིན་པ་གཉིས་ཏེ། གཞི་འགྲེལ་ལས། ཟ་མ་ནི་རླིག་པ་ཕྱུང་བའི་ཉེས་པས་མཐུ་ཉམས་པའམ། ས་བོན་མེད་པའོ། །ཞེས་དང༌། མེ་ཏོག་ཕྲེང་རྒྱུད་ལས། གང་ཞིག་གྲོང་བའི་ཆོས་དག་གི །ནུས་མེད་དེ་ནི་ཟ་མ་སྟེ། །ཞེས་སོ། །ཐ་དད་དུ་གནས་པ་ནི་གཉིས་ཏེ། ལྟ་བའི་སྒོ་ནས་དང་ལོངས་སྤྱོད་ཀྱི་སྒོ་ནས་ཐ་དད་དུ་གནས་པའོ། །དེ་ཡང་ལུང་གཞི་ལས་དགེ་སློང་དག་གཉིས་པོ་འདི་ནི་ཐ་དད་དུ་གནས་པ་ཡིན་ཏེ། ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་དང༌། དགེ་འདུན་གྱི་གནས་ནས་ཕྱུང་བའོ། །ཞེས་གསུངས་ཏེ། དེ་ལྟར་ལུང་མ་མོ་དང་གཞི་འགྲེལ་ལས་ཀྱང་བཤད་དོ། །གནས་པར་མི་བྱ་བ་ནི། ཕམ་པ་འཆབ་བཅས་ཀྱིས་ཉམས་པའོ། །འབུལ་བའི་ཚིག་དག་ཡིན་ཞེས་སྨོས་ན་༡སྡོམ་པའི་ངོ་བོ་འབུལ་བ་ནི། བསླབ་པ་འབུལ་ཞེས་པ་ལྟ་བུའོ། །༢ རྟེན་འབུལ་བ་ནི། དཀོན་མཆོག་གསུམ་འབུལ་ཞེས་པ་ལྟ་བུའོ། །བདག་རྐྱེན་འབུལ་བ་ནི། མཁན་པོ་དང་སློབ་དཔོན་འབུལ་ཞེས་པ་ལྟ་བུའོ། །མི་མཐུན་ཕྱོགས་ཁས་བླངས་པའི་འབུལ་བ་ནི། དགེ་སློང་གིས་བདག་དགེ་ཚུལ་དུ་བཟུང་དུ་གསོལ། །ཞེས་པ་ལྟ་བུའོ། །རབ་བྱུང་གིས་བདག་ཁྱིམ་པ་དང༌། སོ་ཐར་སྡོམ་ལྡན་གྱིས་ཟ་མའམ་མ་ནིང་སོགས་སུ་བཟུང་དུ་གསོལ་ཞེས་པ་ལྟ་བུ་ཡིན་ནོ། །སྤྲིངས་ཡིག་དང་ལག་བརྡ་ལ་སོགས་པ་ལུས་ཀྱི་རིག་བྱེད་ཀྱིས་ཕུལ་བར་འགྱུར་རམ་མི་འགྱུར་ཞེ་ན། རང་གི་རྣམ་བཤད་དང་ཊཱི་ཀ་ལས། ལུས་ཀྱི་རྣམ་པར་རིག་བྱེད་ལས་ཀྱང་བསླབ་པ་ཕུལ་བར་འགྱུར། ཞེས་གསུངས་སོ། །འོད་ལྡན་ལས་ཀྱང༌། གོ་བར་བྱེད་པ་ཐམས་ཅད་ཀྱིས། །བརྡ་ཕྲད་མི་ལ་གོ་བྱེད་ནའོ། །ཞེས་གསུངས་སོ། །འོ་ན་ལུང་མ་མོ་ལས། སྤྲིངས་ཡིག་དང་ལག་བརྡས་བསླབ་པ་འབུལ་ན་ཡང་བསླབ་པ་མ་ཕུལ་བ་ཞེས་བྱའོ། །ཞེས་གསུངས་པ་དང་འགལ་ཞེ་ན། དེ་ནི་ཕ་རོལ་པོས་དོན་མ་གོ་བ་ལ་དགོངས་སོ་ཞེས་རིགས་སོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །འོན་ཀྱང་དུལ་བ་ལྷས། ཚིག་གིས་རྣམ་པར་རིག་པར་མི་བྱེད་ན་དེའི་ཚེ་ཡང་བསླབ་པ་མ་ཕུལ་བར་རིགས་པར་བརྗོད་པར་བྱའོ། །ཞེས་དང༌། ལུང་ལས། གཏོང་འདོད་པའི་ངག་དང་ཚིག་དང་ཐ་སྙད་དང་སྐད་དང་བརྗོད་པ་དང་ངེས་པའི་ཚིག་དང༌། ཚིག་གི་ལམ་དང་ཚིག་གི་སྒྲ་དང༌།ངག་གི་ལས་དང་ངག་གི་རྣམ་པར་རིག་བྱེད་གང་ཡིན་པ་དག་ནི་རྗོད་པར་བྱེད་པ་ལ། ཞེས་གསུངས་པས་འདུལ་བའི་ལག་ལེན་དོག་མཐའ་ནས་བཟུང་བར་བྱའོ། །ཉམས་པར་བྱས་པ་ནི་རྣམ་འབྱེད་ལས། བསླབ་པ་ཉམས་པར་བྱེད་པ་ནི། དགེ་སྦྱོང་གི་ཚུལ་གཏོང་འདོད་པ་ན་དགེ་སློང་གི་དྲུང་དུ་སོང་སྟེ། ཚངས་པར་སྤྱོད་པ་སྤྱད་དཀའ་འོ། །རབ་ཏུ་དབེན་པར་བྱ་དཀའ་འོ། །ཕ་མ་དང་ཕུ་ནུ་དང་བུ་སྲིང་དྲན་ནོ། །བདག་ཁྱིམ་བཟང་པོ་དག་ཏུ་གཏོད་ཅིག་ཅེས་བྱ་བ་ལ་སོགས་པ་དགེ་སྦྱོང་གི་ཚུལ་གཏོང་འདོད་པའི་ཚིག་བརྗོད་པར་བྱེད་པའོ། །ཞེས་གསུངས་སོ། །འོ་ན་ཕུལ་ཉམས་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། རིག་བྱེད་གང་སྡོམ་པ་གཏོང་བར་དངོས་སུ་གོ་བར་བྱེད་པ་ནི་ཕུལ་བ་ཡིན་ལ། བརྒྱུད་ནས་གོ་བར་བྱེད་པ་ནི་ཉམས་པར་བྱས་པ་སྟེ། འོད་ལྡན་ལས། བཏང་བ་ཞེས་བྱ་བ་ཡང་གཏོང་བ་གསལ་བར་བྱེད་པ་གང་ཡང་རུང་བས་འགྱུར་རོ། །བསླབ་པ་ཉམས་པར་མ་བྱས་པར་ཞེས་སྨོས་པ་ནི། གཏོང་བའི་རྒྱུ་ཡིན་པར་བསྟན་པའི་ཕྱིར་རོ། །ཞེས་སོ། །མཚོ་ཊཱིཀ་ལས། དྲི་བ་རྒྱ་ཆེར་འགྲེལ་པ་ལས། བསམ་པ་ཐག་པས་དཀོན་ཅོག་གསུམ། །ཕྱིར་སྤོང་བ་ནི་བྱེད་པ་ལ། །སྡོམ་པ་མེད་པར་མི་འགྱུར་བ། །ཅི་ཕྱིར་འདི་ལ་ལན་བརྗོད་ཅིག །དེ་ལ་ལན་ནི་འདི་ཡིན་ཏེ། །དགེ་སློང་མ་ནག་མོས་དཀོན་མཆོག་གསུམ་སྤོང་ངོ་ཞེས་སྨྲས་པ་ལས་དཀོན་མཆོག་གཏོང་བའི་ལྷག་མར་གསུངས་སོ་ཞེས་སོ། །སྐྱབས་འགྲོ་བཏང་བའི་གང་ཟག་ཆོས་ཅན། སྡོམ་པ་ལས་དངོས་སུ་འདས་པའི་ལྟུང་བ་བསྐྱེད་པ་ཁེགས་པར་ཐལ། སྡོམ་པ་མེད་པའི་ཕྱིར་ཏེ། རྟགས་ཁས་བླངས་སོ། །འདོད་ན། མའི་རྣམ་འབྱེད་ལས། དགེ་སློང་མ་གང་དཀོན་མཆོག་གཏོང་ངོ་ཞེས་ཟེར་ན་ཉེས་བྱས་སུ་འགྱུར་རོ། །བརྗོད་པ་གསུམ་པའི་མཐར་ནི་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་སོ། །སྒྲུབ་བྱེད་གཞིག་པ་ནི་འདིར་སངས་རྒྱས་འབུལ་ལོ་ཞེས་པ་དེ་བསླབ་པ་འབུལ་བ་གོ་བར་བྱེད་པའི་མཚོན་བྱེད་དུ་བསྟན་པ་སྟེ། མཁན་པོ་འབུལ་ལོ་ཞེས་བསྟན་པ་བཞིན་ནོ། །མཛོད་ལས་བཤད་པ་དེ་ནི་ཤེས་བཞིན་དུ་སྐྱབས་འགྲོ་མ་བྱས་པར་བསྙེན་གནས་ལེན་ན། དེ་ལ་སྡོམ་པ་སྐྱེ་བ་མིན་ཞེས་བསྟན་པ་ཡིན་གྱི། སྐྱབས་འགྲོ་ཤོར་བས་སྡོམ་པ་འཆོར་བར་བསྟན་པ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལ་ཅུང་ཟད་དཔྱད་རྒྱུ་སྣང་ངོ། ། དྲུག་པ་དགག་སྒྲུབ་ཀྱི་བསླབ་པ་གང་ཡིན་བསྟན་པ་ནི། བསླབ་པ་འབུལ་བ་འདི་ནི་སྤྱིར་བཏང་ལ་དགག་པའི་བསླབ་པ་ཡིན་ལ། དམིགས་བསལ་ནི་ཕམ་པའི་རྒྱུ་ལ་ངེས་པར་འཇུག་པར་འགྱུར་ན། གང་ཟག་དེ་ལ་ནི་བསླབ་པ་འབུལ་བ་ནི་སྒྲུབ་པའི་བསླབ་པ་ཡིན་ཏེ། སྡོམ་པ་སྲུང་མི་ནུས་ན་ཕུལ་བ་ལ་འདས་མ་འོངས་ད་ལྟ་གསུམ་ལ་ལྟོས་ཏེ་དགོས་པ་གསུམ་ཡོད་པའི་ཕྱིར་ཏེ། སྔར་བསྲུང་བའི་ཕན་ཡོན་དང༌། ད་ལྟ་ལྟུང་བ་མི་འབྱུང་བ་དང༌། ཕྱིས་སྡོམ་པ་བླང་ན་སྐྱེ་བའི་དགོས་པ་གསུམ་གྲུབ་པའི་ཕྱིར་ཏེ། མདོ་ལས། གང་ཞིག་བསླབ་ལ་མི་གནས་པ། །བདེ་གཤེགས་རྒྱལ་མཚན་འཛིན་པ་པས། །བསླབ་ལ་མི་གནས་སྐད་ཅིག་ལ། །གཟུགས་པོར་ཁྱིམ་པར་གནས་པ་བཟང༌། ཞེས་དང༌། བསྡུས་པ་ལས། ཇི་ལྟར་བྱས་ཀྱང་བསླབ་པ་བསྲུང་བར་མི་ནུས་པ་མཐོང་ན་བསླབ་པ་འབུལ་བར་བྱའོ། །ཞེས་སྒྲུབ་ཚིག་ཏུ་གསུངས་པ་ནི། དེའི་ཚེ་བསླབ་པ་མ་ཕུལ་བར་ཉེས་སྤྱོད་ལ་ཞུགས་ན་ཕམ་པའི་ཉེས་པ་ཆེན་པོ་འབྱུང་ལ། ཕུལ་ན་ཕམ་པར་མི་འགྱུར་བའི་ཕྱིར་རོ། །བསླབ་པ་འབུལ་བ་བཤད་ཟིན་ཏོ། །

གཉིས་པ་དགེ་སློང་ཕ་མའི་རྣམ་འབྱེད་སོ་སོར་བསྟན་པ་འདི་ལ་གཉིས།

གཉིས་པ་དགེ་སློང་ཕ་མའི་རྣམ་འབྱེད་སོ་སོར་བསྟན་པ་འདི་ལ་གཉིས་ཏེ།

སྤྱིའི་དོན་དང་སོ་སོའི་དོན་ཏོ། །དང་པོ་ལ། ལྟུང་བ་སྡེ་ལྔ་པོ་རྣམས་ཀྱི་དབྱེ་བ་དང༌། བསྡུ་བ་དང༌། མཚན་ཉིད་དང༌། གྲངས་ངེས་པ་དང༌། གོ་རིམ་ངེས་པ་དང༌། སྒྲ་བཤད་པ་དང༌། འདས་ན་ཅིར་འགྱུར་དང༌། བསྲུང་བའི་ཕན་ཡོན་དང༌། མ་བསྲུངས་པའི་ཉེས་དམིགས་དང་དགུ། །དང་པོ་ལ་གཉིས་ལས་དབྱེ་བའི་གཞི་ནི་རབ་བྱུང་གི་སོ་སོར་ཐར་པའི་སྡོམ་པ་ལས་འདས་པའི་ལྟུང་བ་ཙམ་མོ། །དབྱེ་བའི་སྒོ་ནི་ངོ་བོ་ཐ་དད་ཀྱི་སྒོ་ནས་མི་འབྱེད་དེ། དངོས་དང་མདོར་བསྡུས་ལ་ལྟོས་ནས། དཔག་ཏུ་མེད་པས་དབྱེ་བར་མི་ནུས་པའི་ཕྱིར་རོ། །འོ་ན་གང་ཞེ་ན། སྡེ་ཚན་ཐ་དད་ཀྱི་སྒོ་ནས་ཕྱེ་ན། ལྟུང་བའི་སྡེ་ཚན་ལྔ་སྟེ། ལུང་ལྔ་ཚན་པ་ལས་ཉེས་པ་ལྔ་སྟེ། ཕམ་པ་དང༌། དགེ་འདུན་ལྷག་མ་དང༌། ལྟུང་བྱེད་དང༌། སོ་སོར་བཤགས་པར་བྱ་བ་དང༌། ཉེས་བྱས་སོ། །ཞེས་དང༌། རྣམ་འབྱེད་ལས། རྫུན་རྣམ་པ་ལྔ་སྟེ། གཞི་མེད་པར་ལྟུང་བ་སྡེ་ལྔས་གླེང་བའོ། །ཞེས་དང༌། འདུལ་བ་བསྡུ་བ་ལས། ལྟུང་བའི་སྡེ་ཚན་ལྔ་སྟེ། ཞེས་དང༌། འོད་ལྡན་ལས། ལྟུང་བ་རིགས་ལྔ་དག་ཏུ་འཇུག་པར་བྱེད་པ་ཡིན་པའི་ཕྱིར། ཞེས་གསུངས་སོ། །སྡེ་ཚན་ལྔ་པོ་དེར་སྦོམ་པོ་མི་འདུས་སོ་ཞེ་ན། ཕམ་ལྷག་གི་ན་སྨད་ཡིན་པས་ཕམ་ལྷག་གི་སྡེར་འདུས་ཏེ། འོད་ལྡན་ལས། ཉེས་པ་སྦོམ་པོ་ནི་གཉིས་ཏེ། ཕམ་པ་ལས་བྱུང་བ་དང༌། ལྷག་མ་ལས་བྱུང་བའོ། །ཞེས་གསུངས་སཽ། །བཙུན་པ་ངོ་བོ་ཉིད་མེད་པས། །ལྟུང་བ་རིགས་ལྔ་ནི་ཕམ་པ་དང༌། ལྷག་མ་དང་སྦོམ་པོ་དང་ལྟུང་བྱེད་དང༌། སོ་སོར་བཤགས་པར་བྱའོ་ཞེས་སྦོམ་པོའི་སྡེ་བཤད་པ་ནི། བཤད་པ་ཙམ་དུ་ཟད་དེ་མི་འཐད་དོ། །སོ་སོ་ཐར་པ་ལས་བཤད་པའི་མ་ངེས་པའི་ཆོས་གཉིས་ནི་སྡེ་ལྔ་པོ་དེར་མ་འདུས་སམ་སྙམ་ན། འདུལ་བ་བསྡུ་བ་ལས། མ་ངེས་པ་གང་ཡིན་པ་དེ་ནི་ཕམ་པ་ལ་སོགས་པ་དེ་དག་ཉིད་དུ་ཅི་རིགས་པར་འདུས་པར་རིག་པར་བྱའོ། །ཞེས་གསུངས་ཏེ། གསུམ་དུ་མ་ངེས་པའི་ཆོས་ནི་དགེ་སློང་དང་བུད་མེད་འདོམ་གང་གིས་བར་དུ་མ་བཅད་པར་འདོད་པར་བྱར་རུང་བར་སྟན་ལ་འདུག་ན། ཕམ་ལྷག་ལྟུང་བྱེད་དང་གསུམ་གང་འབྱུང་མ་ངེས་པ་དེ་ནི། ཕམ་ལྷག་དང་ལྟུང་བྱེད་དུ་འདུས་ཏེ། གཉིས་སུ་མ་ངེས་པའི་ཆོས་ནི་དགེ་སློང་དང་བུད་མེད་འདོམ་གང་གིས་བར་དུ་བཅད་དེ་འདོད་པ་བྱར་མི་རུང་བར་སྟན་ལ་འདུག་ན་རེག་པའི་ལྷག་མ་དང་འདུག་པའི་ལྟུང་བྱེད་གཉིས་གང་འབྱུང་མ་ངེས་པ་དེ་ནི། ལྷག་མ་དང་ལྟུང་བྱེད་དུ་འདུས་པའོ། །

གཉིས་པ་བསྡུ་བ་ལ་གཉིས་ཏེ། བསྡུ་བ་དངོས་དང༌། ཞར་ལ་བྱུང་བའོ། །

དང་པོ་ལ་གསུམ་ལས། དང་པོ་བསམ་པ་དང་དངོས་པོའི་ཆ་ནས་བསྡུ་བ་ནི། ལྟུང་བ་ཐམས་ཅད་གཉིས་སུ་འདུས་ཏེ། འདུ་ཤེས་གཙོ་བོ་དང༌། དངོས་པོ་གཙོ་བོའོ། །དེའང་འོད་ལྡན་ལས། བསླབ་པའི་གཞི་ནི་རྣམ་པ་གཉིས་ཏེ། འདུ་ཤེས་གཙོ་བོར་བྱ་བ་དང༌། དངོས་པོ་གཙོ་བོར་བྱ་བའོ། །ཞེས་གསུངས་སོ། །དངོས་པོ་གཙོ་བོ་ནི་མི་ཚངས་སྤྱོད་དང་འབྱིན་པ་གཉིས་ཀྱི་ལྟུང་བ་ཡིན་ལ། འདུ་ཤེས་གཙོ་བོ་ནི་དེ་དག་ལས་གཞན་པའི་ལྟུང་བ་རྣམས་ཡིན་ཏེ། རྩ་བར། མི་ཚངས་པར་སྤྱོད་པ་དང་ཁུ་བ་འབྱིན་པ་གཉིས་ལ་ནི་དེར་མ་ཟད་དོ། །ཞེས་གསུངས་སོ། ། མི་ཚངས་སྤྱོད་ཀྱི་ཕམ་པ་དང་དེའི་སྦོམ་པོ་ལ་སོགས་པ་དེ་དག་དང་མི་ཚངས་པར་སྤྱོད་པའི་ཕམ་པ་དང་འདྲ་བའི་ཉེས་བྱས་རྣམས་དངོས་པོ་གཙོ་བོའོ། །འབྱིན་པའི་ལྷག་མ་དང་དེའི་སྦོམ་པོ་ལ་སོགས་པ་དག་དང༌། དགེ་སློང་མས་འབྱིན་པའི་ལྟུང་བྱེད་དང༌། དགེ་ཚུལ་གྱིས་འབྱིན་པའི་བསྡོམ་བྱའི་ཉེས་པ་དངོས་པོ་གཙོ་བོ་སྟེ་སྤྱིར་བསྟན་གྱི་གཞུང་དེས་ཤེས་སོ། །

གཉིས་པ་བྱེད་ལས་ཀྱི་ཆ་ནས་བསྡུ་བ།

གཉིས་པ་བྱེད་ལས་ཀྱི་ཆ་ནས་བསྡུ་བ་ནི།

ལྟུང་བ་ཐམས་ཅད་གཉིས་སུ་འདུས་པ་སྟེ། གསོ་བའི་ལྷག་མ་དང་བཅས་པ་དང༌། ལྷག་མ་མེད་པའི་ལྟུང་བའོ། །དེ་ཡང་གཅིག་ལས་འཕྲོས་པ་ལས་ཉེས་པ་གཉིས་ཏེ་ལྷག་མ་དང་བཅས་པ་དང༌། ལྷག་མ་མ་ལུས་པའོ་ཞེས་གསུངས་སོ། །དེ་གཉིས་ནི་ཐུན་མོང་གི་ཕམ་པ་འཆབ་བཅས་དང་དེ་ལས་གཞན་པའི་ལྟུང་བ་རྣམས་ཏེ་མས་རིམ་བཞིན་ནོ། །གསུམ་པ་ངོ་བོའི་ཆ་ནས་བསྡུ་བ་ནི་ལྟུང་བ་ཐམས་ཅད་གཉིས་སུ་འདུས་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བ་དང༌། བཅས་པའི་ཁ་ན་མ་ཐོ་བའོ། །དེ་ཡང་ལུང་རྣམ་འབྱེད་ལས། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་གང་ཁས་བླངས་པ་དེ་ཕྱིར་བཅོས་བྱེད་དུ་གཞུག ཅེས་དང༌། འདུལ་བ་བསྡུ་བ་ལས། རང་བཞིན་ཁ་ན་མ་ཐོ་དང༌། །བཅས་པའི་ཁ་ན་མ་ཐོ་དང༌། །ཞེས་དང༌། འོད་ལྡན་གྱི་རྩ་བ་ལས། རང་བཞིན་ཁ་ན་མ་ཐོ་མ་གཏོགས་བསྒྲིམ། །བཅས་པའི་ཁ་ན་མ་ཐོ་བས་ཀྱང་བསྐྱང༌། །ཞེས་གསུངས་སཽ། །

གཉིས་པ་ཞར་ལ་བྱུང་བ་ནི་ཁ་ན་མ་ཐོ་བ་དེ་གཉིས་ཀྱི་ཁྱད་པ།

གཉིས་པ་ཞར་ལ་བྱུང་བ་ནི་ཁ་ན་མ་ཐོ་བ་དེ་གཉིས་ཀྱི་ཁྱད་པར་གང་ཞེ་ན།

འདི་ལ་གཞན་ལུགས་དགག་པ་དང༌། རང་ལུགས་བཞག་པ་དང༌། དེ་ལ་རྩོད་པ་སྤང་བ་དང༌། འཕྲོས་པའི་དོན་དང་བཞི། །དང་པོ་ནི། ཁ་ཅིག་ན་རེ། ཉོན་མོངས་པས་ཀུན་ནས་བསླངས་བའི་ལྟུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ལ། ཉོན་མོངས་པས་ཀུན་ནས་མ་བསླངས་པའི་ལྟུང་བ་ནི་བཅས་པའི་ཁ་ན་མ་ཐོ་བ་ཡིན་ཏེ། རྣམ་འབྱེད་འགྲེལ་བ་ལས། རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་ཉོན་མོངས་པ་ཅན་གྱི་སེམས་ལས་བྱུང་བ་སྟེ། ངོ་བོ་ཉིད་ཀྱིས་སྐྱོན་ཆགས་པའི་ཕྱིར་རོ། །ཞེས་གསུངས་པས་ཤེས་ཟེར་རོ། །དེ་དགག་པ་ལ་གཉིས་ཏེ། གནོད་བྱེད་བརྗོད་པ་དང༌། སྒྲུབ་བྱེད་གཞིག་པའོ། །དང་པོ་ནི། སོ་སོ་སྐྱེ་བོས་བྱ་བ་མ་ཡིན་པ་བྱས་པའི་ལྟུང་བ་ཐམས་ཅད་ཆོས་ཅན།རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པར་ཐལ། ལྟུང་བ་གང་ཞིག ངས་འདི་ལྟར་བྱའོ་ཞེས་བདག་ཏུ་འཛིན་པའི་ཉོན་མོངས་པས་ཀུན་ནས་བསླང་པའི་ཕྱིར་རོ། །རྟགས་ཉམས་སུ་མྱོང་བས་གྲུབ་ཅིང༌། ཁྱབ་པ་མ་གྲུབ་ན་དམ་བཅའ་ཉམས་སོ། །འདོད་ན། འོད་ལྡན་ལས། འཕགས་པ་ཉེ་སྦས་ཀྱིས་ནི་མྱོས་པར་འགྱུར་བའི་ཁུ་བ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ཡང་ཤིན་ཏུ་སྨད་པ་ཡིན་ཏེ། ཞེས་གསུངས་པ་དང་འགལ་བར་འགྱུར་རོ། ། གཉིས་པ་སྒྲུབ་བྱེད་གཞིག་པ་ནི། རྣམ་འབྱེད་འགྲེལ་ལས་བཤད་པ་དེ་མི་དགེ་བ་ཡིན་པའི་ཉོན་མོངས་པ་ལ་དགོངས་པ་ཡིན་ཏེ། ངོ་བོ་ཉིད་ཀྱིས་སྐྱོན་ཆགས་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །ཉོན་མོངས་པ་མི་དགེ་བ་ཡིན་པ་ནི་ཞེ་སྡང་ལྟ་བུའོ། །ཉོན་མོངས་པ་ལུང་མ་བསྟན་ཡིན་པ་ནི་བདག་ཏུ་འཛིན་པ་ལྟ་བུའོ། །ཁ་ཅིག་ན་རེ་རྐྱེན་ལ་ལྟོས་ཏེ་གནང་བ་མི་འབྱུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ལ། རྐྱེན་ལ་ལྟོས་ཏེ་གནང་བ་འབྱུང་བ་ནི་བཅས་པའི་ཁ་ན་མ་ཐོ་བ་སྟེ། རང་བཞིན་ཁ་ན་མ་ཐོ་མ་གཏོགས་བསྒྲིམ། །བཅས་པའི་ཁ་ན་མ་ཐོ་བས་ཀྱང་བསྐྱང༌། །ཞེས་དང༌། ཞུ་བ་ལས། བཙུན་པ་ནད་པ་ལ་ཅི་འཚལ་བར་བགྱི། །ཨུ་པ་ལི་རང་བཞིན་གྱི་ཁ་ན་མ་ཐོ་བ་མ་གཏོགས་པ་གང་གིས་ནད་གསོས་པར་གྱུར་པ་དེ་དག་བྱིན་ཅིག ཅེས་དང༌། མཛོད་འགྲེལ་ལས། ཉན་ཐོས་མངོན་པ་བས་ཆང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ཏེ། ཆང་འཁུར་བར་བསྲེལ་བ་དང་ལུས་ལ་བྱུག་པ་གནང་བའི་ཕྱིར་ཞེས་བཅས་པའི་ཁ་ན་མ་ཐོ་བ་ཡིན་པའི་སྒྲུབ་བྱེད་དུ་གནང་བ་གཏན་ཚིགས་སུ་བཀོད་པས་ཀྱང་ཤེས་སོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ཏེ། གནོད་བྱེད་བརྗོད་པ་དང༌། སྒྲུབ་བྱེད་གཞིག་པའོ། །དང་པོ་ནི། ཆང་གི་དྲི་རོ་མངོན་པར་གྱུར་པའི་ཆང་འཐུང་བའི་ལྟུང་བ་ཆོས་ཅན། བཅས་པའི་ཁ་ན་མ་ཐོ་བ་མ་ཡིན་པར་ཐལ། རྐྱེན་ལ་ལྟོས་ཏེ་གནང་བ་མི་འབྱུང་བའི་ཕྱིར་རོ། །རྟགས་གཞུང་གིས་གྲུབ་སྟེ། བཀག་པ་མངོན་ཤེས་ཀྱི་ཊཱི་ཀ་ལས། བཀག་པ་ཞེས་བྱ་བ་ནི་སྲོག་ལ་བབ་ཀྱང་གཞི་འདི་རྣམ་པ་ཐམས་ཅད་དུ་མི་བྱའོ། །ཞེས་བྱ་བ་སྟེ། ང་ལ་སྟོན་པར་སྨྲ་བ་རྣམས་ཀྱིས་ཐ་ན་རྩྭའི་མཆོག་མས་ཀྱང་ཆང་མི་བཏུང་ངོ༌། །ཞེས་དང༌། སྲོག་གཅོད་པ་ལ་སོགས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་མི་བྱའོ། །ཞེས་གསུངས་སོ། ། ཁྱབ་པ་ཁས་བླངས་སོ། །འདོད་ན། འོད་ལྡན་ལས། འཕགས་པ་ཉེ་སྦས་ཀྱིས་ནི་མྱོས་པར་འགྱུར་བའི་ཁུ་བ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ཡང་ཤིན་ཏུ་སྨད་པ་ཡིན་ཏེ། ཞེས་དང༌། མཛོད་འགྲེལ་ལས། ཇི་ལྟར་མྱོས་པར་འགྱུར་བ་འཐུང་བ་བཅས་པའི་ཁ་ན་མ་ཐོ་བ་ཡིན་པར་ཤེས་ཤེ་ན། རང་བཞིན་གྱི་ཁ་ན་མ་ཐོ་བའི་མཚན་ཉིད་མེད་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །སྒྲུབ་བྱེད་གཞིག་པ་ནི་བསླབ་པའི་གཞི་གང་ཞིག་རྐྱེན་ལ་ལྟོས་ཏེ་གནང་བ་ཡོད་པ་ལ་བཅས་པ་ཡིན་པས་ཁྱབ་ཀྱང༌། གནང་བ་མེད་པ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པས་ཁྱབ་པ་མེད་དེ། ཆང་འཐུང་བའི་ཁ་ན་མ་ཐོ་བ་བཞིན་ནོ། །ཆང་འཁུར་བར་བསྲེལ་བ་དང་ལུས་ལ་བྱུག་པར་གནང་བ་དེ་ཆང་གི་གཞི་ལ་གནང་བ་ཙམ་ཡིན་གྱི་ཆང་འཐུང་བའི་ངོ་བོ་གནང་བ་མ་ཡིན་ནོ། །གལ་ཏེ་གཞི་ལ་གནང་བས་ངོ་བོ་གནང་བའི་གོ་ཆོད་ན་ནི། དགེ་སློང་གིས་སྲོག་གཅོད་པ་གནང་བར་ཐལ། སེམས་ཅན་ལ་མཚོན་འདེབས་པ་གནང་བའི་ཕྱིར་ཏེ། གཏར་ཁ་བྱེད་པ་གནང་བའི་ཕྱིར་རོ་ཞེས་མགོ་མཚུངས་སོ། །ཁ་ཅིག་ན་རེ། ལྟུང་བ་ཐམས་ཅད་སྡིག་པ་ཡིན་ལ། རྟེན་ཁྱིམ་པ་དང་ཐུན་མོང་དུ་སྡིག་ཏུ་འགྱུར་བ་དེ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ལ།རབ་ཏུ་བྱུང་བ་ཁོ་ན་ལ་སྡིག་ཏུ་འགྱུར་བ་དེ་བཅས་པའི་ཁ་ན་མ་ཐོ་བ་ཡིན་ནོ། །དེའང་བཅས་པའི་ཁ་ན་མ་ཐོ་བ་སྡིག་པ་ཡིན་པར་ནི་ལུང་རིགས་གཉིས་ལས། ལུང་སྡེ་སྣོད་གསུམ་གས་གྲུབ་སྟེ། མདོ་སྡེ་གསེར་འོད་དམ་པ་ལས། རང་བཞིན་ཁ་ན་མ་ཐོ་དང༌། །བཅས་པའི་སྡིག་པ་གང་བགྱིས་པ། །ཞེས་པ་དང༌། ལྕི་ཡང་བསྟན་པའི་མདོ་ལས། ཉེས་བྱས་གཅིག་གིས་ཀྱང་རྒྱལ་ཆེན་རིགས་བཞིའི་ལྷའི་ཚེ་ཚད་དང་མཉམ་པར་དམྱལ་བར་སྐྱེ་བར་གསུངས་པ་དང༌། འདུལ་བ་ལུང་རྣམ་འབྱེད་ལས་ཀྱང༌། བསྲེག་པར་བྱེད། འཚེད་པར་བྱེད། ལྟུང་བར་བྱེད་པའོ། །ཞེས་དང༌། འོད་ལྡན་དུ། གཏམ་གྱི་གཞི་ཁུངས་སུ་དྲངས་ནས་ལྟུང་བ་ནི་རྣམ་པར་རིག་བྱེད་ཉིད་དང་གཟུགས་ཅན་ཉིད་དུ་བསྟན་པའི་ཕྱིར་ཞེས་གསུངས་པས་ཀྱང་གྲུབ་སྟེ། ལྟུང་བ་གཟུགས་ཡིན་པ་དེ་ཡང་རིག་བྱེད་མ་ཡིན་པའི་གཟུགས་ཡིན་དགོས་ལ། རིག་བྱེད་མ་ཡིན་པའི་གཟུགས་ལུང་མ་བསྟན་མི་སྲིད་ཅིང་ལྟུང་བ་དགེ་བའི་གཟུགས་ཡིན་པ་མི་སྲིད་པས་ལྟུང་བ་མི་དགེ་བའི་གཟུགས་ཡིན་པར་གྲུབ་བོ། །རྣམ་རིག་མིན་པའི་གཟུགས་ལུང་མ་བསྟན་ཡིན་པ་མི་སྲིད་དེ། མཛོད་ལས། རྣམ་རིག་མིན་ལུང་བསྟན་མིན་མེད། །ཅེས་གསུངས་པས་སོ། །མངོན་པ་མཛོད་ཀྱི་འགྲེལ་བཤད་ལས་ཀྱང༌། བཅས་པའི་ཁ་ན་མ་ཐོ་བ་ནི་བཀག་པས་སྡིག་ཏུ་གྱུར་པ་སྟེ་ཞེས་པས་གྲུབ་ལ། རིགས་པས་ཀྱང་གྲུབ་སྟེ་བཅས་པ་རྣམས་མ་བསྲུངས་པ་ལ་སྡིག་པ་མི་འབྱུང་ན། བསྲུངས་པ་ལ་ཡང་བསོད་ནམས་མི་འབྱུང་བར་མགོ་མཚུངས་པར་འགྱུར་ཞེས་ཟེར་རོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །དེ་དགག་པ་ལ་གཉིས་ཏེ་གནོད་བྱེད་བརྗོད་པ་དང༌། སྒྲུབ་བྱེད་གཞིག་པའོ། །དང་པོ་ལ་བཞི་ལས། ལུང་གི་གནོད་བྱེད་ནི། གཅིག་ལས་འཕྲོས་པ་ལས། ཉེས་པ་གཉིས་ཏེ། མི་དགེ་བ་དང་ལུང་དུ་མ་བསྟན་པའོ། །ཞེས་ལྟུང་བ་ལུང་མ་བསྟན་ཡོད་པར་གསུངས་པ་དང་འགལ་ལོ། །སྐབས་འདིར་དོན་དམ་པའི་མི་དགེ་བ་ཡིན་མིན་དཔྱོད་པ་མ་ཡིན་གྱི། སྡིག་པ་མི་དགེ་བ་ཡིན་མིན་དཔྱོད་པའི་སྐབས་ཡིན་པས། ལྟུང་བ་ཐམས་ཅད་སྡིག་པ་མི་དགེ་བ་ཡིན་པར་མི་རིགས་ཏེ། ལུང་ལས། ལྟུང་བ་ལུང་མ་བསྟན་ཡོད་པར་གསུངས་པ་དང་འགལ་བའི་ཕྱིར་རོ། །ལུང་ལ་བརྟེན་པའི་རིགས་པའི་གནོད་བྱེད་ལ་གཉིས་ལས། གནོད་བྱེད་དང་པོ་ནི། དགྲ་བཅོམ་པ་ལ་སྡིག་པ་མི་དགེ་བ་འབྱུང་སྲིད་པར་ཐལ། བཅས་འགལ་གྱི་ལྟུང་བ་འབྱུང་སྲིད་པའི་ཕྱིར་རོ། །དེ་གང་གིས་གྲུབ་ན། གཏམ་གྱི་གཞི་ལས། བཙུན་པ་དགྲ་བཅོམ་པ་དག་དགེ་བའི་སེམས་ཀྱིས་ནོངས་པར་འགྱུར་རམ། ལུང་དུ་མ་བསྟན་པའི་སེམས་ཀྱིས་ནོངས་པར་འགྱུར། ཨུ་པ་ལི་དགྲ་བཅོམ་པ་ཉེས་པ་བྱེད་ན་ཐམས་ཅད་ཀྱང་ལུང་དུ་མི་སྟོན་པའི་སེམས་ཀྱིས་ཉེས་པར་འགྱུར་བ་ཞེས་བྱའོ། །ཞེས་གསུངས་པས་སོ། །ཁྱབ་པ་མེད་ན་དམ་བཅའ་ཉམས་སོ། །འདོད་ན། འཕགས་པ་དགྲ་བཅོམ་པ་ཡིན་པ་དང་འགལ་ལོ། །གནོད་བྱེད་གཉིས་པ་ནི། སོ་སོའི་སྐྱེ་བོའི་ཤེས་བཞིན་མ་ཡིན་པས་ཞུགས་པའི་ལྟུང་བ་ཆོས་ཅན། སྡིག་པ་ཡིན་པར་ཐལ། ལྟུང་བ་ཡིན་པའི་ཕྱིར་རོ། །ཁྱབ་པ་མེད་ན་ལྟུང་བ་ཐམས་ཅད་སྡིག་པ་ཡིན་པར་འདོད་པ་ཉམས་སོ། །འདོད་ན་གཏམ་གྱི་གཞི་ལས། སངས་རྒྱས་ཀྱི་བསྟན་པ་ལ་མ་བསམས་བཞིན་དུ་འདྲལ་བར་བྱེད་པ་ནི་ལུང་དུ་མ་བསྟན་པའོ། །ཞེས་པ་དང༌། ལུང་གཞི་ལས། ལུང་དུ་མ་བསྟན་པ་གང་ཞེ་ན། སངས་རྒྱས་ཀྱི་བསླབ་པ་བཅས་པ་དང༌། དགེ་འདུན་གྱི་ཁྲིམས་སུ་བཅས་པ་ལ་ཆེད་དུ་མ་བསམས་པར་འདས་པ་གང་ཡིན་པ་དེ་ནི་ལུང་དུ་མ་བསྟན་པའོ། །ཞེས་གསུངས་སོ། །

གཉིས་པ་སྒྲུབ་བྱེད་གཞིག་པ།

གཉིས་པ་སྒྲུབ་བྱེད་གཞིག་པ་ནི།

བཅས་པའི་ཁ་ན་མ་ཐོ་བ་སྡིག་པ་ཡིན་པར་བཤད་པ་ཐམས་ཅད་ཁྱད་གསོད་ལ་སོགས་པ་ཀུན་སློང་གློ་བུར་བ་དང་འབྲེལ་བ་ལ་དགོངས་པ་ཡིན་ཏེ། ལྕི་ཡང་བསྟན་པའི་མདོ་ལས། ཁྱད་དུ་གསོད་པའི་རྒྱུ་རྐྱེན་གྱིས། །ཚེ་ཡི་དུས་བྱས་ངན་འགྲོར་ལྟུང༌། །ཞེས་པ་དང༌། དེ་ཉིད་ལས།སངས་རྒྱས་ཀྱི་བཀའ་ཁྱད་དུ་བསད་ཅིང་ངོ་ཚ་བ་མེད་པ་དང་ཁྲེལ་མེད་པས་ཞུགས་ན། ཞེས་དང༌། མཛོད་ཀྱི་འགྲེལ་བཤད་རྒྱལ་སྲས་མ་ལས། བཅས་པའི་ཁ་ན་མ་ཐོ་བ་ནི་བཀག་པས་སྡིག་ཏུ་གྱུར་པ་སྟེ་ཞེས་པའི་རྒྱུ་མཚན་དུ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མ་གུས་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །དེའི་བསླབ་པ་ཁྱད་དུ་གསོད་ཅིང་བཅས་པ་ལས་འདས་ན་ཁྱད་དུ་གསོད་པའི་ཆ་ནས་ཉེས་བྱས་གཞན་ཞིག་བསྐྱེད་ལ། ཁྱད་དུ་བསད་པའི་ཉེས་བྱས་དེ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པ་ལ་དགོངས་ནས་བཅས་པའི་ཁ་ན་མ་ཐོ་བ་སྡིག་པ་ཡིན་པར་གསུངས་སོ། །ཞེ་སྡང་གིས་ས་རྐོ་བ་ལ་སོགས་པ་དེ་བཞིན་ནོ། །རིགས་པའི་སྒྲུབ་བྱེད་དེ་ཡང་མ་ངེས་ཏེ། བཅས་པ་མ་བསྲུངས་པ་ལ་སྡིག་པ་མི་འབྱུང་ཡང་བསྲུངས་པ་ལ་བསོད་ནམས་འབྱུང་ན་ཅི་འགལ་ཏེ། གཞན་དུ་ན་དུས་ཁྱད་པར་ཅན་ཚེས་བརྒྱད་དང་ཚེས་བཅོ་ལྔའི་ནུབ་མོ་ཆོས་བཤད་ཉན་བྱ་བར་བཅས་པ་ཆོས་ཅན། དེའི་ཚེ་ནད་པས་ཆོས་བཤད་ཉན་བྱས་པ་ལ་བསོད་ནམས་མི་འབྱུང་བར་ཐལ། དེའི་ཚེ་ནད་པས་ཆོས་བཤད་ཉན་མ་བྱས་པ་ལ་སྡིག་པ་མི་འབྱུང་བའི་ཕྱིར་ཏེ། ནད་པས་དེ་མ་བྱས་པ་ལ་ནི་ཉེས་པ་མེད་དེ། །ཞེས་སོ། །གཞན་ཡང་དགེ་སློང་གིས་ཉིན་རེ་བཞིན་དུ་རྟག་པར་དགྲ་བཅོམ་པ་ལྔ་བརྒྱ་ལ་མཆོད་སྟོན་བྱས་ཀྱང་བསོད་ནམས་མི་འབྱུང་བར་ཐལ། ཉིན་རེ་བཞིན་དུ་དེ་ལྟར་མི་བྱེད་པའི་སྡིག་པ་མི་འབྱུང་བའི་ཕྱིར་རོ། །ཁྱབ་པ་མེད་ན་མ་བྱས་པ་ལ་སྡིག་པ་མི་འབྱུང་ན། བྱས་པ་ལ་ཡང་བསོད་ནམས་མི་འབྱུང་བར་མཚུངས་སོ། །ཞེས་དམ་བཅས་པ་ཉམས་སོ། །

གཉིས་པ་རང་ལུགས་བཞག་པ།

གཉིས་པ་རང་ལུགས་བཞག་པ་ན།

བཅས་རང་གི་ཁྱད་པར་གསུམ་ལས། རྒྱུའི་ཁྱད་པར་ནི། རྒྱུ་མི་དགེ་བས་ཀུན་ནས་བསླང་བའི་ལྟུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ལ། རྒྱུ་དགེ་བའམ་ལུང་མ་བསྟན་གྱིས་ཀུན་ནས་བསླང་བའི་ལྟུང་བ་ནི་བཅས་པའི་ཁ་ན་མ་ཐོ་བ་ཡིན་ཏེ། གཏམ་གྱི་གཞི་ལས། དགེ་སློང་དགེ་བའི་སེམས་དང་ལྡན་པས་ནོངས་པར་འགྱུར་རམ་མི་དགེ་བའི་སེམས་དང་ལུང་དུ་མི་སྟོན་པའི་སེམས་དང་ལྡན་པས་ནོངས་པར་འགྱུར། བཀའ་སྩལ་པ།དགེ་སློང་དགེ་བའི་སེམས་དང་མི་དགེ་བའི་སེམས་དང་ལུང་དུ་མི་སྟོན་པའི་སེམས་ཀྱིས་ཉེས་པར་འགྱུར་བ་ཡོད་དོ། །ཞེས་གསུངས་སོ། །ངོ་བོའི་ཁྱད་པར་ནི་རང་གི་ངོ་བོ་མི་དགེ་བ་དང་བདག་གཅིག་པའི་ལྟུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ལ། རང་གི་ངོ་བོ་ལུང་མ་བསྟན་དང་བདག་གཅིག་པའི་ལྟུང་བ་བཅས་པའི་ཁ་ན་མ་ཐོ་བ་སྟེ། གཏམ་གྱི་གཞི་ལས། ནོངས་པའི་དགེ་བ་ཞེས་བགྱིའམ། མི་དགེ་བ་ཞེས་བགྱིའམ། ལུང་དུ་མི་སྟོན་པ་ཞེས་བགྱི། ཉེས་པ་མི་དགེ་བ་ཞེས་བྱ། ལུང་དུ་མ་བསྟན་པ་ཞེས་ཀྱང་བྱའོ། །ཞེས་གསུངས་སོ། །འབྲས་བུའི་ཁྱད་པར་ནི། རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པའི་ནུས་པ་དང་ལྡན་པའི་ལྟུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ལ། རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པའི་ནུས་པ་དང་མི་ལྡན་པའི་ལྟུང་བ་ནི་བཅས་པའི་ཁ་ན་མ་ཐོ་བ་སྟེ། གཏམ་གྱི་གཞི་ལས། ནོངས་པ་རྣམ་པར་མི་སྨིན་པ་ཞེས་བགྱིའམ་རྣམ་པར་སྨིན་པ་ཞེས་ཀྱང་བྱ། རྣམ་པར་མི་སྨིན་པ་ཞེས་ཀྱང་བྱའོ་ཞེས་གསུངས་པས་ཤེས་སོ་ཞེས་གསུངས་སོ། །དེ་རྣམས་ལ་ཡང་རྣམ་པར་དཔྱད་པར་བྱ་སྟེ། རྒྱུའི་ཁྱད་པར་ལ་རྣམ་པར་དཔྱད་ན་གལ་ཏེ་བཅས་ལྡན་དགེ་སློང་གིས་དགེ་བའི་སེམས་ཀྱིས་ཀུན་ནས་བསླངས་ནས་མ་བསད་པ་ཆོས་ཅན། སྡིག་པ་མཚམས་མེད་ཅན་གྱི་ལྟུང་བ་འབྱུང་བ་ཁེགས་པར་ཐལ། དགེ་བའི་སེམས་ཀྱིས་ཀུན་ནས་བསླང་བ་ཡིན་པའི་ཕྱིར་རོ། །ཁྱབ་པ་མེད་ན། དགེ་བས་ཀུན་ནས་བསླང་བའི་ལྟུང་བ་དེ་བཅས་པའི་ཁ་ན་མ་ཐོ་བ་ཡིན་པར་འདོད་པ་ཉམས་སོ། །འདོད་ན། མཚོ་ཊཱིཀ་ལས། གཏམ་གྱི་གཞི་ལས། དགེ་སློང་གིས་དགེ་བའི་སེམས་ཀྱིས་མ་སྲོག་དང་ཕྲལ་ན་ཕམ་པའི་ཉེས་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར་བ་ཡོད་དེ། འདི་ལྟར་དགེ་སློང་གི་མ་ཞིག་ནད་བུ་ཅན་ཡུན་རིང་ཞིག་ནས་སྡུག་བསྔལ་གྱིས་དྲག་ཏུ་གཟིར་ཅིང༌། གནོད་པ་ཆེར་གྱུར་པ་མྱོང་བ་དེ་ལ་སྙིང་རྗེའི་བསམ་པ་དེ་ལྟ་བུའི་རྐྱེན་གྱིས་མ་སྲོག་དང་ཕྲལ་ན་ཕམ་པའི་ཉེས་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུའང་འགྱུར་རོ། །ཞེས་གསུངས་ལ། དེ་ནི་དྲི་བ་རྒྱ་ཆེར་འགྲེལ་པ་ལས་ཀྱང་བཤད་དོ། །དེ་ལྟར་མ་བསད་པའི་སྡིག་པ་མཚམས་མེད་འབྱུང་བ་ནི་མཛོད་ལས་ཀུན་སློང་ལ་རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་གཉིས་སུ་གསུངས་པས་འདིར་རབ་ཏུ་འཇུག་བྱེད་སྙིང་རྗེའི་བསམ་པས་ཀུན་ནས་བསླང་ཡང༌། རྗེས་སུ་འཇུག་བྱེད་ནི་ཉན་ཐོས་ཀྱི་ལུགས་ཀྱིས་སྲོག་གཅོད་འདོད་དེ་མི་དགེ་བའི་བསམ་པ་ཡིན་པས། སྐབས་འདིར་དངོས་ཀྱི་ཀུན་སློང་མ་གསོད་པར་འདོད་པའི་བསམ་པས་ཀུན་ནས་བསླང་སྟེ་མ་བསད་པ་ཡིན་པས་སྡིག་པ་མཚམས་མེད་འབྱུང་བའོ། །ཞེས་གསུངས་སོ། །དེ་ལ་ཀུན་སློང་དང་ལས་གཉིས་སྤང་བྱ་རིས་གཅིག་ན་དུས་ཀྱི་ཀུན་སློང་གཙོ་བོ་མ་ཡིན་པར་ཐལ། དེ་ལ་མཐོང་སྒོམ་གྱི་སྤང་བྱ་རིས་ཐ་དད་ན་དུས་ཀྱི་ཀུན་སློང་གཙོ་བོ་དང༌། ཐ་མི་དད་ཡིན་ན་རྒྱུའི་ཀུན་སློང་གཙོ་བོ་ཡིན་པའི་ཕྱིར་ཏེ། མཆིམས་མཛོད་༣༥༢ལས། འོ་ན་ནི་དུས་ཀྱི་ཀུན་སློང་གཙོ་བོ་ཡིན་པའི་ཕྱིར་རྒྱུའི་ཀུན་སློང་དགེ་བའི་བྱས་ནས་དུས་ཀྱི་ཀུན་སློང་མི་དགེ་བའམ་ལུང་མ་བསྟན་གྱིས་བྱས་པའི་སྡོམ་པ་དགེ་བ་མིན་པར་འགྱུར་རོ་ཞེ་ན། ཀུན་སློང་གི་བསམ་པ་དེ་དག་མཐོང་སྤང་དང་སྒོམ་སྤང་རིགས་ཐ་དད་ན་དུས་ཀྱི་ཀུན་སློང་གཙོ་བོར་གྱུར་གྱི་རིས་གཅིག་པ་ལ་ནི་རྒྱུའི་ཀུན་སློང་ཉིད་གཙོ་བོ་ཡིན་པའི་ཕྱིར། དེ་ལྟར་ཐལ་བ་མེད་དོ་ཞེས་ལན་འདེབས་པར་མཛད་དོ། །ཞེས་གསུངས་པ་ལ་འདོད་ཉོན་སྤངས་ནས་དངོས་གཞིའི་ངོ་བོར་ལས་བསགས་ན་ལས་དེའི་ཀུན་སློང་ལ་སྒོམ་སྤང་གི་མ་རིག་པ་ཡོད་དགོས། དེ་ཡོད་ན་ཀུན་སློང་དེ་དང་དེ་འདྲའི་ལས་གཉིས་སྒོམ་སྤང་ཡིན་པར་འདྲ་བས་རྒྱུས་ཀུན་སློང་གཙོ་བས་ལུང་མ་བསྟན་དུ་མི་འགྱུར་རམ་དཔྱད། ཡང་དཔེར་ན་དགེ་སློང་ཞིག་གིས་རང་གི་མ་ནད་ཚབས་ཆེན་པོས་བཏབ་པ་ལ་སྙིང་རྗེའི་བསམ་པས་ཀུན་ནས་བསླངས་ཏེ་རང་གི་མའི་སྲོག་གཅོད་པའི་ལས་དེ་ཆོས་ཅན།དགེ་བའི་ལས་ཡིན་པར་ཐལ། དེའི་ཚེ་ལས་དེའི་རྒྱུའི་ཀུན་སློང་སྙིང་རྗེ་དང་དུས་ཀྱི་ཀུན་སློང་གསོད་སེམས་གཉིས་ཀ་རྩ་བར། བཅུ་ནི་སྒོམ་པའི་སྤང་བྱ་ཡིན། །ཞེས་པ་ལྟར་ཡིན་པས་སྒོམ་སྤང་དུ་རིགས་གཅིག་པས་རྒྱུའི་ཀུན་སློང་སྙིང་རྗེ་གཙོ་ཆེ་བའི་ཕྱིར། འདོད་མི་ནུས་ཏེ། སྲོག་གཅོད་ཀྱི་ལས་ཡིན་པའི་ཕྱིར། ཁྱབ་སྟེ། མཚོ་ཊཱིཀ་༢༤༣ལས། གཏམ་གྱི་གཞི་ལས་དགེ་སློང་གིས་དགེ་བའི་སེམས་ཀྱིས། ཞེས་སོགས་གོང་དུ་བཀོད་མ་ཐག་པ་དེའི་ཕྱིར་ཟེར་ན་དཔྱད་པར་བྱའོ། ། མཚོ་ཊཱིཀ་ལས། རྒྱུའི་ཁྱད་པར་ནི། རྒྱུ་མི་དགེ་བས་ཀུན་ནས་བསླང་བའི་ལྟུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ལ། རྒྱུ་དགེ་བའམ་ལུང་མ་བསྟན་གྱིས་ཀུན་ནས་བསླང་བའི་ལྟུང་བ་ནི་བཅས་པའི་ཁ་ན་མ་ཐོ་བ། ཞེས་བཅས་པའི་ཁ་ན་མ་ཐོ་བའི་ཀུན་སློང་ལ་དགེ་བ་དང་ལུང་མ་བསྟན་གཉིས་ཡོད་པར་གསུངས་ལ། ཀུན་མཁྱེན་འཇམ་བཞད་ཀྱིས་དེ་ལ་ལུང་མ་བསྟན་ལས་གཞན་ཡོད་པར་མ་གསུངས་སོ། །བཅས་པའི་ཁ་ན་མ་ཐོ་བའི་ཀུན་སློང་ལ་དགེ་བ་ཡོད་ན་དགེ་བའི་ཀུན་ནས་སློང་བའི་བཅས་པའི་ཁ་ན་མ་ཐོ་བ་དེ་དགེ་བ་ཡིན་པར་ཐལ། ཀུན་སློང་དགེ་བ་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་ལས་ངོ་བོ་ཉིད་ཀྱི་དགེ་བ་སོགས་བཞི་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཚོ་ཊཱིཀ་ལྟར་གོང་དུ་བཀོད་པ་བཞིན་བཅས་པའི་ཁ་ན་མ་ཐོ་བའི་ལྟུང་བ་ཡིན་ན་ལུང་མ་བསྟན་དང་ངོ་བོ་གཅིག་ཡིན་དགོས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

གསུམ་པ་རྩོད་པ་སྤང་བ་ལ་བཞི།

གསུམ་པ་རྩོད་པ་སྤང་བ་ལ་བཞི་ལས།

དང་པོ་ནི། བཅས་པའི་ཁ་ན་མ་ཐོ་བ་ཆོས་ཅན། སྡིག་པ་མི་དགེ་བ་མི་སྲིད་པར་ཐལ། ལུང་མ་བསྟན་ཡིན་པའི་ཕྱིར། རྟགས་བསལ་ཁས་བླངས་སོ། །འདོད་ན། གསེར་འོད་དམ་པ་ལས། བཅས་པའི་སྡིག་པ་གང་བགྱིས་པ། །ཞེས་དང༌། མཛོད་ཀྱི་འགྲེལ་བཤད་ལས། བཅས་པའི་ཁ་ན་མ་ཐོ་བ་ནི་བཀག་པས་སྡིག་ཏུ་གྱུར་པ་སྟེ། ཞེས་གསུངས་པ་དང་འགལ་ཞེ་ན། དེ་དག་ནི་ཁྱད་གསོད་ལ་སོགས་པ་ཀུན་སློང་གློ་བུར་བ་དང་འབྲེལ་བ་ལ་དགོངས་པ་ཡིན་ནོ། །ཞེས་དེ་ལྟར་དགོངས་པའི་སྒྲུབ་བྱེད་ལུང་འདྲེན་དང་བཅས་པ་གོང་དུ་བཤད་ཟིན་ཏོ། །འོ་ན་ཁྱད་གསོད་དང་བཅས་པའི་འཆང་འཐུང་བའི་ལྟུང་བ་བཅས་རང་གང་ཡིན། རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ན། ཆང་འཐུང་བའི་ལྟུང་བ་བཅས་པའི་ཁ་ན་མ་ཐོ་བ་མ་ཡིན་པར་ཐལ། དེ་ལ་དེ་ཡིན་མིན་གཉིས་ཡོད་པའི་ཕྱིར་ཟེར་ན་དཔྱད། རྩོད་པ་གཉིས་པ། འདི་སྐད་དུ།དགེ་སློང་གིས་ཆང་འཐུང་བའི་ལྟུང་བ་ཆོས་ཅན། བཅས་པའི་ཁ་ན་མ་ཐོ་བ་མ་ཡིན་པར་ཐལ། རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པའི་ནུས་པ་དང་ལྡན་པའི་ཕྱིར་ཏེ། མདོ་དྲན་པ་ཉེར་གཞག་ལས། བདག་ལ་འདི་ཡིས་མི་གནོད་ཅེས། །བློ་ལྡན་ཆང་ལ་ཡིད་མ་རྟོན། །མྱོང་ཚེ་བསིལ་ཡང་རྣམ་སྨིན་ཚ། །ཆང་གིས་དམྱལ་བར་འགྲོ་བར་བྱེད། །ཅེས་དང༌། དགེ་སྡིག་བྱེད་པའི་མདོ་ལས། ཚེ་འདི་ལ་ཆང་འཐུང་ཞིང་མྱོས་པར་བྱེད་པ་ནི་ཟངས་ཁུ་འཐུང་བའི་དམྱལ་བར་སྐྱེའོ། །ཞེས་དང༌། མདོ་དྲན་པ་ཉེར་བཞག་ལས། ཆང་དང་སྦྱར་བའི་ཆང་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་ནི་སེམས་ཅན་དམྱལ་བ་ངུ་འབོད་དུ་སྐྱེ་བར་འགྱུར་རོ། །ཞེས་དང༌། ཚུལ་ཁྲིམས་ལྔའི་ཕན་ཡོན་བསྟན་པའི་མདོ་ལས། ཆང་འཐུང་པ་ནི་ཚ་བའི་དམྱལ་བར་ལྟུང་ཞིང་སྐྱེ་བར་འགྱུར་རོ། །ཞེས་དང༌། སྐྱེས་རབས་ལས། གང་ཞིག་བསྟེན་ན་ངན་པ་སྤྱོད་པར་འགྱུར། །ཞེས་དང༌། སེང་གེ་ཞུས་པའི་མདོ་ལས། ཆང་བྱིན་ན་སྐྱེ་བ་ལྔ་བརྒྱར་ལག་རྡུམ་དུ་སྐྱེའོ། །ཞེས་གསུངས་པས་རྟགས་ལུང་གིས་གྲུབ་ཅིང་ཁྱབ་པ་ཁས་བླངས་སོ། །འདོད་ན། འོད་ལྡན་ལས། འཕགས་པ་ཉེ་སྦས་ཀྱིས་ནི་མྱོས་པར་འགྱུར་བའི་ཁུ་བ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ཡང༌།ཤིན་ཏུ་སྨད་པ་ཡིན་ཏེ་ཞེས་བཤད་དོ་ཞེ་ན། མཛོད་འགྲེལ་ལས། ཉན་ཐོས་འདུལ་བ་པ་རྣམས་ནི་ཆང་འཐུང་བའི་ལྟུང་བ་རང་བཞིན་གྱི་ཁ་ན་མ་ཐོ་བར་འདོད་ལ། ཉན་ཐོས་མངོན་པ་བ་རྣམས་ནི་ཆང་འཐུང་བའི་ལྟུང་བ་བཅས་པའི་ཁ་ན་མ་ཐོ་བར་འདོད་ཅེས་བཤད་ནས། ཆང་འཐུངས་པའི་རྣམ་སྨིན་གསུངས་པ་རྣམས་ཀྱི་དགོངས་པ་ཉན་ཐོས་མངོན་པ་བས་བླངས་པ་ལྟར་ན། མཛོད་འགྲེལ་ལས། ཧ་ཅང་ཀུན་ཏུ་བསྟེན་པས་ངན་འགྲོར་འགྲོ་བར་གསུངས་པ་ནི་དེའི་ཞར་ལ་མི་དགེ་བའི་རྒྱུན་ཡང་དང་ཡང་དུ་འཇུག་པས་ངན་སོང་བའི་ལས་འཕེན་པའམ་འཇུག་པ་ཐོབ་པའི་ཕྱིར་རོ། །ཞེས་གསུངས་སོ། །ཡང་མདོ་རྩ་འགྲེལ་དང་འོད་ལྡན་རྩ་འགྲེལ་ལ་སོགས་པ་འདུལ་བའི་བསྟན་བཅོས་རྣམས་ཀྱང་ཆང་གི་སྐབས་འདིར་ཉན་ཐོས་མངོན་པ་བའི་རྗེས་སུ་འབྲངས་པ་སྟེ། ཆང་འཐུངས་པའི་ལྟུང་བ་བཅས་པའི་ཁ་ན་མ་ཐོ་བ་ཡིན་པར་གསུངས་པའི་ཕྱིར་རོ། །གལ་ཏེ་ཆང་འཐུངས་པ་ལ་རང་བཞིན་གྱིས་སྡིག་པ་འབྱུང་ན་ནི། ལེགས་འོངས་འཕགས་པ་དགྲ་བཅོམ་པ་ཆང་གིས་མྱོས་པར་གྱུར་པ་དང་འགལ་ལོ་སྙམ་མོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །ཆང་འཐུང་བ་འདི་ལ་ལུང་ལས། ཆང་འཐུང་དམྱལ་བ་ངུ་འབོད་སྐྱེ། །ལྡུད་མཁན་དེ་ཡི་འཁོར་དུ་སྐྱེ། །ཞེས་གསུངས་པས་དཔྱད་པར་བྱའོ། །རྩོད་པ་གསུམ་པ་འདི་སྐད་དུ། བྱེ་བྲག་སྨྲ་བའི་གྲུབ་མཐའ་ལྟར་ན། འབྲས་བུ་མཐོང་ཆོས་ལ་འབྱུང་བའི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཆོས་ཅན། རང་བཞིན་གྱི་ཁ་ན་མ་ཐོ་བ་མ་ཡིན་པར་ཐལ། ཚེ་ཕྱི་མ་ཕན་ཆད་དུ་རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པའི་ནུས་པ་དང་མི་ལྡན་པའི་ཕྱིར་རོ། །ཁྱབ་པ་ཁས་བླངས་པས་གྲུབ་ཅིང༌། གཏན་ཚིགས་ནི་མཛོད་འགྲེལ་ལས། བྱེ་བྲག་སྨྲ་བ་རྣམས་ནི་འབྲས་བུ་མཐོང་ཆོས་ལ་འབྱུང་བའི་ལས་ལ་ཚེ་ཕྱི་མ་ཕན་ཆད་དུ་རྣམ་སྨིན་གྱི་འབྲས་བུ་མེད་པར་འདོད་པར་བཤད་པས་གྲུབ་བོ་ཞེ་ན། མཛོད་འགྲེལ་ལས། གཞན་དག་ན་རེ། མཐོང་ཆོས་འབྱུང་བའི་སྡིག་པ་ཆེས་སྟོབས་དང་ལྡན་པའི་འབྲས་བུ་མཐོ་རིས་ཀྱི་སྡུག་བསྔལ་ཙམ་དུ་ཟད་པར་མི་རིགས་པས། མཐོང་ཆོས་འབྱུང་བའི་སྡིག་པའི་རྣམ་སྨིན་ཚེ་རབས་གཞན་དག་ནའང་ཡོད་དོ་ཞེས་ཟེར་རོ་ཞེས་དོན་དེ་ལྟར་བཤད་དེ་དེ་ལྟར་ཡིན་ངེས་སོ། ། རྩོད་པ་བཞི་པ་འདི་སྐད་དུ། ཚེ་འདི་ཉིད་ལ་དགྲ་བཅོམ་པར་འགྱུར་བའི་ཉ་པ་ལྔ་བརྒྱ་པོ་འམ་འཆར་ཀ་ལྟ་བུ་སྲིད་པ་ཐ་མ་པས་སྲོག་བཅད་པའི་ཁ་ན་མ་ཐོ་བ་ཆོས་ཅན། རང་བཞིན་གྱི་ཁ་ན་མ་ཐོ་བ་མ་ཡིན་པར་ཐལ། ཚེ་ཕྱི་མ་ཕན་ཆད་དུ་རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་མི་འོང་བ་འབྱིན་མི་སྲིད་པའི་ཕྱིར་ཏེ་དགྲ་བཅོམ་ཐོབ་ནས་སྐྱེ་བ་ཕྱིས་མི་ལེན་པའི་ཕྱིར་རོ། །འདོད་ན། ཊཱི་ཀ་ལས། སྲོག་གཅོད་པ་ལ་སོགས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ། ཞེས་གསུངས་སོ་ཞེ་ན། སྲིད་པ་ཐ་མ་པས་བྱས་པའི་སྡིག་ལྟུང་ལ་ལས་ཀྱི་ངོ་བོའི་ཆ་ནས་རྣམ་སྨིན་འབྱིན་པའི་ནུས་པ་ཡོད་ཀྱང་གཉེན་པོས་དག་པར་བྱས་པ་ལ་སོགས་པའི་ཁྱད་པར་གྱིས་རྣམ་སྨིན་གྱི་འབྲས་བུ་མི་འབྱིན་པའོ། །

བཞི་པ་འཕྲོས་པའི་དོན།

བཞི་པ་འཕྲོས་པའི་དོན་ནི།

དགེ་སློང་གཅིག་གིས་དུད་འགྲོ་གཅིག་བསད་ན་སྲོག་གཅོད་པའི་སྡིག་པ་དེ་དང་དུད་འགྲོ་གསོད་པའི་ལྟུང་བྱེད་དེ་ངོ་བོ་གཅིག་གམ་ཐ་དད། མདོར་ན་རང་བཞིན་གྱི་ཁ་ན་མ་ཐོ་བ་རང་རང་གི་སྡིག་ལྟུང་ངོ་བོ་གཅིག་གམ་ཐ་དད་ཅེས་འདྲི་ན་འདི་ལ་གསུམ་མོ། །གཞན་ལུགས་དགག་པ་དང༌། རང་ལུགས་བཞག་པ་དང༌། རྩོད་པ་སྤོང་བའོ། །དང་པོ་ནི་ཁ་ཅིག་ན་རེ། རང་བཞིན་གྱི་ཁ་ན་མ་ཐོ་བའི་སྡིག་ལྟུང་གཉིས་ངོ་བོ་ཤིན་ཏུ་ཐ་དད་དེ།སྐྱེད་པར་བྱེད་པའི་རྟེན་ཐ་དད་པའི་ཕྱིར་དང༌། རྒྱུ་ཐ་དད་པའི་ཕྱིར་དང༌། དག་བྱེད་གཉེན་པོ་ཐ་དད་པའི་ཕྱིར་རོ། །དེ་ཡང་སྡིག་པ་ནི་རྟེན་ཁྱིམ་པ་ལ་ཡང་བསྐྱེད་ཅིང་ལྟུང་བ་ནི་རབ་བྱུང་ཁོ་ན་ལ་བསྐྱེད་པའི་ཕྱིར་དང༌། སྡིག་པ་ནི་དངོས་པོའི་སྟོབས་ལས་བྱུང་ཞིང་ལྟུང་བ་ནི་བཅས་པའི་སྟོབས་ལས་བྱུང་བའི་ཕྱིར་དང༌། སྡིག་པ་ནི་སྟོབས་བཞིའི་བཤགས་པས་དག་པར་བྱེད་ཅིང་ལྟུང་བ་ནི་མིང་རིགས་བརྗོད་པའི་ཕྱིར་བཅོས་ཀྱིས་དག་པར་བྱེད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ཏེ། གནོད་བྱེད་བརྗོད་པ་དང་སྒྲུབ་བྱེད་དག་གཞིག་པའོ། །དང་པོ་ནི་གཏམ་གྱི་གཞི་ལས་ཉེས་པ་མི་དགེ་བ་ཞེས་བྱ་ཞེས་ལྟུང་བ་དང་མི་དགེ་བ་ངོ་བོ་གཅིག་ཏུ་བཤད་པ་དང་འགལ་ལོ། །ལུང་ལ་བརྟེན་པའི་རིགས་པའི་གནོད་བྱེད་གསུམ་ལས། དང་པོ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བའི་ལྟུང་བ་ཐམས་ཅད་ཆོས་ཅན། ལུང་མ་བསྟན་ཡིན་པར་ཐལ། དགེ་བ་ནི་མ་ཡིན་ཞིང་སྡིག་པ་མི་དགེ་བ་ལས་ངོ་བོ་ཐ་དད་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར་རོ། །རྟགས་ཟུར་སྔ་མ་ནི་ལྟུང་བ་ཡིན་པས་གྲུབ་ཅིང༌། རྟགས་ཟུར་ཕྱི་མ་ནི་ཁས་བླངས་པས་གྲུབ་བོ། །དགེ་བ་ནི་མ་ཡིན་ཞིང་སྡིག་པ་མི་དགེ་བ་ལས་ངོ་བོ་ཐ་དད་ན་ལུང་མ་བསྟན་ཡིན་པ་ལས་འོས་མེད་པའི་ཕྱིར་ན་ཁྱབ་པ་གྲུབ་བོ། །འདོད་མི་ནུས་ཏེ། ལུང་ལས། ཉེས་པ་མི་དགེ་བ་ཞེས་བྱ། ཞེས་གསུངས་སོ། །གནོད་བྱེད་གཉིས་པ་ནི་བཅས་ལྡན་དགེ་སློང་གཅིག་ཁོ་ནས་སྲོག་ཆགས་གཅིག་བསད་པའི་ལས་ཀྱི་དངོས་གཞི་དེ་ཆོས་ཅན། སྲོག་བཅད་པའི་ལས་ཀྱི་དངོས་གཞི་གཉིས་ཡིན་པ་སྲིད་པར་ཐལ། སྲོག་བཅད་པའི་སྡིག་པའི་དངོས་གཞི་དང་ལྟུང་བའི་དངོས་གཞི་གཉིས་ངོ་བོ་ཐ་དད་ཡིན་པའི་ཕྱིར་རོ། །རྟགས་དང་ཁྱབ་པ་མ་གྲུབ་ན་སྡིག་ལྟུང་ངོ་བོ་ཐ་དད་པའི་དམ་བཅའ་ཉམས་ལ། འདོད་ན། ལུང་རྣམ་འབྱེད་ཀྱི་འགྲེལ་པ་ལས། སྲོག་ཆགས་གཅིག་བསད་པ་ལ་ལས་ཀྱི་དངོས་གཞི་གཉིས་མི་སྲིད་པའི་ཕྱིར། ཞེས་གསོད་བྱེད་གཅིག་གིས་སྲོག་ཆགས་གཅིག་བསད་པ་ལ་ལས་ཀྱི་དངོས་གཞི་གཉིས་མི་སྲིད་པར་གསུངས་སོ། །གནོད་བྱེད་གསུམ་པ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཆོས་ཅན། ལྟུང་བ་ཕྱིར་བཅོས་བྱས་པས་སྡིག་པ་མི་འདག་པར་ཐལ། ལྟུང་བ་དང་སྡིག་པ་ངོ་བོ་ཐ་དད་པའི་ཕྱིར་རོ། །ངོ་བོ་ཐ་དད་ན་གཅིག་ལ་གནོད་པ་བྱས་པས་ཐ་དད་གཞན་ལ་གནོད་པར་མ་ངེས་ཏེ། རྟ་བསད་པས་གླང་པོ་ལ་མི་གནོད་པ་བཞིན་ཡིན་པས་སོ། །འདོད་ན། ལྷག་མའི་དབྱུང་བ་མ་བྱས་པའི་སྐབས་སུ་ལུང་གཞི་དང་ཀརྨ་ཤ་ཏཾ་ལས། ཁྱེད་ཀྱི་འགྲོ་བ་ནི་གཉིས་ཏེ། སེམས་ཅན་དམྱལ་བ་པའམ་དུད་འགྲོའོ། །ཞེས་གསུངས་ལ། དབྱུང་བ་བྱས་པའི་སྐབས་སུ། ཁྱེད་ཀྱིས་འགྲོ་བ་ནི་གཉིས་ཏེ་ལྷའམ་མིའོ། །ཞེས་གསུངས་པ་དང་འགལ་ལོ། །སྒྲུབ་བྱེད་གཞིག་པ་ནི། ཁྱེད་ཀྱིས་བཀོད་པའི་སྒྲུབ་བྱེད་གསུམ་ཆར་མ་གྲུབ་སྟེ། རྟེན་བཅས་ལྡན་དགེ་སློང་གཅིག་གིས་དབང་དུ་བྱས་པ་ཡིན་ལ། དངོས་པོའི་སྟོབས་དེ་ཉིད་ལ་ཐ་མི་དད་དུ་བཅས་ཤིང༌། ལྟུང་བ་ཕྱིར་བཅོས་ལ་སྟོབས་བཞི་ཚང་ལུགས་འོག་ཏུ་འཆད་དོ། །

གཉིས་པ་རང་ལུགས་བཞག་པ།

གཉིས་པ་རང་ལུགས་བཞག་པ་ནི།

བཅས་ལྡན་དགེ་སློང་གཅིག་གིས་དུད་འགྲོ་སེར་ཟལ་གཅིག་བསད་པ་ལྟ་བུ། རང་བཞིན་གྱི་ཁ་ན་མ་ཐོ་བ་རང་རང་གི་སྡིག་ལྟུང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཡིན་ཏེ། རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་ནུས་ཀྱི་ལྡོག་པ་ནས་སྡིག་པ་ཡིན་ལ། བཅས་པ་ལས་འདས་པའི་ལྡོག་པ་ནས་ལྟུང་བ་སྟེ། དེ་གཉིས་ཀྱང་དུད་འགྲོ་སེར་ཟལ་བསད་པའི་ལས་སུ་ངོ་བོ་གཅིག་པ་ལྟ་བུའོ། །དེ་བཞིན་དུ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་སྐབས་སུ་རང་རང་གི་སྡིག་ལྟུང་ངོ་བོ་གཅིག་གོ །ངོ་བོ་གཅིག་པའི་ལུང་ནི་གཏམ་གྱི་གཞི་ལས་ཉེས་པ་མི་དགེ་བ་ཞེས་བྱ། ཞེས་གསུངས་པས་སོ། །ཞེས་མཚོ་ཊཱིཀ་གི་གསུངས་ཟིན་ལྟར་བཞག་པའོ། །

གསུམ་པ་རྩོད་པ་སྤོང་བ་ལ་གསུམ།

གསུམ་པ་རྩོད་པ་སྤོང་བ་ལ་གསུམ་ལས།

དང་པོ་ནི། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ལ་སྡིག་པ་མཚམས་མེད་འབྱུང་ཞིང་ལྟུང་བ་སྦོམ་པོ་བྱུང་བ་ན་ལྟུང་བ་སྦོམ་པོའི་བཤགས་བསྡམས་ཚུལ་བཞིན་དུ་བྱས་པ་ཉིད་ཆོས་ཅན། ལྟུང་བ་སྦོམ་པོ་དེ་དང་ངོ་བོ་གཅིག་པའི་སྡིག་པ་མཚམས་མེད་དེ་དག་པར་ཐལ། ལྟུང་བ་སྦོམ་པོ་དེ་དག་པའི་ཕྱིར་རོ། །རྟགས་གཞུང་གིས་གྲུབ་སྟེ། རྩ་བར། མིང་དང་རིགས་དང་ལྡན་པར་བརྗོད་ན་ལྟུང་བ་ལས་སོ། །ཞེས་གསུངས་པས་སོ། །གོང་དུ་ཁྱབ་པ་མེད་ན་སྡིག་ལྟུང་དེ་གཉིས་ངོ་བོ་གཅིག་ཡིན་པ་ཉམས་སོ། །འདོད་ན། ཆོས་ཅན་སྔར་བཞིན་སྡིག་པ་མཚམས་མེད་ཀྱིས་སྡོམ་པ་སྐྱེ་བ་ལ་བར་དུ་གཅོད་པ་ལས་གྲོལ་བར་ཐལ། སྡིག་པ་མཚམས་མེད་ལས་གྲོལ་བའི་ཕྱིར་རོ། །འདོད་ན། འདི་ལ་སྐྱེ་བའི་ཆོས་ཉིད་མེད་པར་ཡང་འདྲའོ་ཞེས་ཚེ་དེ་ལ་གྲོལ་བའི་སྐབས་མེད་པར་བཤད་པ་དང་འགལ་ལ། སྤྱིར་བསྟན་གྱི་ཊཱི་ཀ་ལས། ཕ་མ་བསད་པ་ལ་སོགས་པ་གཏན་གྱི་བར་ཆད་དང་ལྡན་པ། ཞེས་གསུངས་སོ་ཞེ་ན་ཐལ་འགྱུར་དང་པོ་འདོད་ཅིང༌། ཐལ་འགྱུར་གཉིས་པའི་རྟགས་ལ་བརྟག་སྟེ། ལྟུང་བ་སྦོམ་པོ་དང་ངོ་བོ་གཅིག་པའི་སྡིག་པ་མཚམས་མེད་དེ་ལས་གྲོལ་བའི་ཕྱིར་ཞེས་ཟེར་རམ། སྡིག་པ་མཚམས་མེད་ཀྱི་རྒྱུན་སྐད་ཅིག་གཉིས་པ་ཕན་ཆད་ཀྱི་མཚམས་མེད་དེ་ལས་གྲོལ་བའི་ཕྱིར་ཟེར། དང་པོ་ལྟར་ན་ཁྱབ་པ་མེད་ཅིང༌། གཉིས་པ་ལྟར་ན་རྟགས་མ་གྲུབ་བོ། །འོ་ན་སྡིག་ལྟུང་ངོ་བོ་གཅིག་ཡིན་པ་ཉམས་སོ་ཞེ་ན་མ་ཡིན་ཏེ། དཔེར་ན་ཟངས་བུམ་དང་ཟངས་རྫས་གཅིག་ཀྱང་ཟངས་བུམ་བཤིག་པ་ན་ཟངས་ཀྱི་རང་བཞིན་མི་དོར་བར་རྒྱུན་གནས་པ་ལྟར་སྦོམ་པོ་དེ་མཚམས་མེད་དང་རྫས་གཅིག་ཀྱང་དེ་བཤགས་པ་ན་མཚམས་མེད་ཀྱི་རང་བཞིན་གྱི་རྒྱུན་མི་དོར་བར་གནས་པའོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །འོན་ཀྱང་སྡོམ་གསུམ་རིམ་གྱིས་མནོས་པའི་སྡོམ་པ་གསུམ་ངོ་བོ་གཅིག་ཡིན་ན་གཅིག་བཏང་ན་གསུམ་ག་བཏང་བར་ཐལ་བ་འཕེན་ཚུལ་སྔར་བཤད་ཟིན་པ་སོགས་ཀྱིས་དཔྱད། པཎ་ཆེན་བསོད་གྲགས་པའི་འདུལ་བའི་མཐའ་དཔྱོད་ལས། དེའི་ཕྱིར་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་སྡིག་ལྟུང་གཉིས་ཀ་སྟོབས་བཞི་ཚང་བས་བཤགས་པས་ཚེ་འདིར་འདག་ནུས་པར་ཁས་བླངས་སོ། །ཞེས་གསུངས་པ་ལ། འོ་ན་མཚམས་མེད་པའི་ལས་དེས་དམྱལ་བར་སྐྱེ་ངེས་མ་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། མཛོད་ལས། འཕགས་དང་མཚམས་མེད་བྱེད་པ་དག །ཡང་དག་ལོག་པ་ཉིད་དུ་ངེས། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། དེ་མ་ཟད་མཚམས་མེད་བྱེད་པ་དག་ལ་སོར་སྡོམ་ཚེ་དེར་སྐྱེ་བ་མེད་དེ། མདོ་རྩ་ལས། འདི་ལ་སྐྱེ་བའི་ཆོས་ཉིད་མེད་པ་འདྲའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ལྕགས་བསྲེགས་དམར་ལྷང་གི་གནས་སྐབས་ན་མེ་ལྕགས་རྫས་གཅིག་པ་ཡིན་གྱི། ཕྱིས་ཆུ་གྲང་གི་ནང་དུ་བྱིང་པ་ན་རྫས་གཅིག་མ་ཡིན་ནོ་ཞེ་ན། དེ་བཞིན་དུ་འདིར་ཡང་སྦོམ་པོ་བཤགས་བསྡམ་མ་བྱས་པའི་གནས་སྐབས་ན་དེའི་སྡིག་ལྟུང་སྦོམ་པོ་བཤགས་པ་ན་ངོ་བོ་གཅིག་པ་མ་ཡིན་ནོ། །འདིར་ཁ་ཅིག་ན་རེ་ལྟུང་བ་བཤགས་པ་བྱས་པས་ལྟུང་བའི་མངོན་གྱུར་བྱེད་པ་དང་བཅས་པ་དག་ཅིང༌། ལྟུང་བ་དག་ཚོད་དུ་དེའི་ཆའི་སྡིག་པ་དག་པར་ཐལ་བ་འདོད་ཅེས་ཟེར་རོ། །འདི་ནི་མི་རིགས་ཏེ། མྱོང་ངེས་ཀྱི་ལས་དང་མྱོང་ངེས་མ་ཡིན་པའི་ལས་གཉིས་ལས་མཚམས་མེད་ལྔ་ལ་སོགས་རྣམ་སྨིན་མྱོང་ངེས་ཀྱི་ལས་དང་འབྲེལ་བའི་ལྟུང་བ་དེ་བཤགས་པའི་ཆོ་ག་ལན་གསུམ་བརྗོད་ཅིང་བསྡམས་པ་ཙམ་གྱིས། མཚམས་མེད་པའི་ལས་ཀྱི་མངོན་གྱུར་བྱེད་པ་དང་བཅས་པ་དག་པར་འགྱུར་རམ་ཅི། དེ་ནི་མི་རིགས་ཏེ། དེ་ལྟར་ན་མྱོང་ངེས་ཀྱི་ལས་ཡིན་པ་དང་འགལ་བའི་ཕྱིར་རོ། །ལས་མྱོང་ངེས་མ་ཡིན་པ་དང་འབྲེལ་བའི་ལྟུང་བ་ནི་ཚུལ་བཞིན་དུ་བཤགས་བསྡམ་བྱས་པ་ན་ལྟུང་བ་དག་ཚོད་དུ་དེའི་ཆའི་སྡིག་པ་ཡང་དག་པར་རིགས་ཏེ། འདི་ལ་ལུང་རིགས་གཉིས་ལས། ལུང་ནི་གཞི་དང་ཀརྨ་ཤ་ཏཾ་ལས་ལྷག་མའི་དབྱུང་བ་མ་བྱས་པའི་སྐབས་སུ་ངན་སོང་དུ་འགྲོ་བར་གསུངས་ལ། དབྱུང་བ་བྱས་པའི་སྐབས་སུ་མཐོ་རིས་སུ་འགྲོ་བར་གསུངས་པས་ཤེས་ལ། ལུང་ལ་བརྟེན་པའི་རིགས་པས་ཀྱང་ནི་ཤེས་ཏེ། སྡིག་པ་ནི་སྟོབས་བཞིས་འདག་ལ། ལྟུང་བ་ཕྱིར་བཅོས་ལ་སྟོབས་བཞི་ཚང་བའི་ཕྱིར་རོ། །དེ་ཡང་གང་གི་མདུན་དུ་ཕྱིར་བཅོས་པའི་ཡུལ་དེ་རྟེན་གྱི་སྟོབས། འགྱོད་པ་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྡོམ་པ་སོར་ཆུད་པའི་སྟོབས། ཕྱིར་བཅོས་བྱེད་པ་ཉིད་དགེ་བ་ཡིན་པས་གཉེན་པོའི་སྟོབས་སོ། །རྩོད་པ་གཉིས་པ་ནི། འཁྲིག་ཚིག་སྨྲ་བའི་ལྷག་མ་བྱུང་ནས་སྤོ་མགུ་དབྱུང་བར་མི་བྱེད་པར། འཁྲིག་ཚིག་ངག་ཀྱལ་གྱི་སྡིག་པ་སྟོབས་བཞིས་དག་པར་བྱས་པ་ཆོས་ཅན། སྡིག་པ་དེ་དང་ངོ་བོ་གཅིག་པའི་ལྷག་མའི་ལྟུང་བ་དག་པར་ཐལ། སྡིག་པ་དེ་དག་པའི་ཕྱིར་རོ། །ཁྱབ་པ་མེད་ན་སྡིག་ལྟུང་དེ་གཉིས་ངོ་བོ་གཅིག་ཡིན་པ་ཉམས་སོ། །འདོད་ན། མིང་དང་རིགས་དང་ལྡན་པར་བརྗོད་ན་ལྟུང་བ་ལས་སོ། །ཞེས་ཆོ་ག་ལ་བརྟེན་ནས་ལྟུང་བ་དག་པ་དེ་ནི་མིང་རིགས་བརྗོད་པའི་ཕྱིར་བཅོས་ལ་ལྟོས་པར་བཤད་པ་དང་འགལ་ལོ་ཞེ་ན། དོན་ལ་དག་པར་ཐལ་ཟེར་རམ། དག་པའི་ཐ་སྙད་ཀྱང་འཐོབ་པར་ཐལ་ཟེར། དང་པོ་ལྟར་ན་འདོད་པ་ཡིན་ཏེ། སྡིག་པ་དག་པའི་རྟགས་ཐོན་གྱི་བར་དུ་སྡིག་སྦྱངས་བྱས་ནའོ། །གཉིས་པ་ལྟར་ན་ཁྱབ་པ་མ་གྲུབ་སྟེ། དོན་ལ་དག་ཀྱང་དག་པའི་ཐ་སྙད་མི་ཐོབ་པ་ཡོད་དེ། དཔེར་ན་ཕམ་པ་འཆབ་མེད་བྱུང་བ་བསླབ་པ་སྤྱོད་པས་མཐོང་ལམ་ཐོབ་པའམ་ཕྱིར་མི་འོང་ཐོབ་པ་ན་ཕམ་པ་དོན་ལ་དག་ཀྱང་དག་པའི་ཐ་སྙད་མི་འཐོབ་ཅིང༌། དག་པའི་ཐ་སྙད་ཐོབ་པ་དེ་དགྲ་བཅོམ་ཐོབ་པ་ལ་ལྟོས་པ་བཞིན་ནོ། །འོ་ན་ལྟུང་བ་དང་ངོ་བོ་གཅིག་པའི་སྡིག་པ་སྦྱངས་ཀྱང་ལྟུང་བ་དག་པའི་ཐ་སྙད་མི་ཐོབ་པ་རྒྱུ་མཚན་ཅིའི་ཕྱིར་སྙམ་ན་བཅས་པའི་དབང་གིས་ཏེ། དེ་ལྟར་མ་ཡིན་ན་ལྷག་མ་ལ་སོགས་པའི་ལྟུང་བ་བྱུང་ཡང༌། སྐུ་གསུང་ཐུགས་ཀྱི་རྟེན་གྱི་མདུན་དུ་སྟོབས་བཞིའི་བཤགས་པ་ལ་འཇུག་ཅིང༌། གང་ཟག་གི་མདུན་དུ་ལྟུང་བ་ཕྱིར་འཆོས་པ་རྒྱུན་བཅད་པར་འགྱུར་བའི་ཕྱིར་ན་ལྟུང་བ་ལ་འཛེམ་པ་མེད་པར་འགྱུར་བས།སངས་རྒྱས་ཀྱི་བསྟན་པ་ལ་མེ་བཏང་བའི་སྐྱོན་དུ་འགྱུར་བའོ། །གལ་ཏེ་སྟོབས་བཞིས་བཤགས་བསྡམས་ཚུལ་བཞིན་དུ་བྱས་ནས་སྲོག་གཅོད་པའི་སྡིག་པ་དག་ལ་ལྟུང་བ་མ་དག་པའི་སྐབས་ཀྱི་སྲོག་གཅོད་ཀྱི་ལྟུང་བ་ཡོད་ན་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལས་འདས་པའི་ལུང་མ་བསྟན་གྱི་ལྟུང་བ་རེ་རེ་ཡོད་པར་འགྱུར་བས་མི་འཐད་དམ་དཔྱད་དོ། །རྩོད་པ་གསུམ་པ་ནི་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་ཁ་ན་མ་ཐོ་བ་ཆོས་ཅན། སྡིག་པ་དང་ལྟུང་བ་ཆེ་ཆུང་མེད་པར་ཐལ། སྡིག་ལྟུང་ངོ་བོ་གཅིག་པའི་ཕྱིར་རོ། །འདོད་ན། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ལ་སྡིག་པ་ཤིན་ཏུ་ཆེ་བ་མཚམས་མེད་འབྱུང་ཡང་ལྟུང་བ་ན་སྨད་ལས་མི་བསྐྱེད་པར་བཤད་པ་དང་འགལ་ལོ་ཞེ་ན་རྫས་ཆེ་ཆུང་མེད་པར་ཐལ་ཟེར་རམ། ལྡོག་པ་ཆེ་ཆུང་མེད་པར་ཐལ་ཟེར། དང་པོ་ལྟར་ན་འདོད་པ་ཡིན་ཏེ། སྡིག་ལྟུང་རྫས་གཅིག་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཁྱབ་པ་མ་གྲུབ་སྟེ། ཐ་སྙད་དུ་བུམ་པ་ངོ་བོ་གཅིག་ཀྱང་ལྡོག་པ་ཆེ་ཆུང་གཉིས་ཡོད་དེ། རི་བོ་ལ་ལྟོས་པའི་ལྡོག་པ་ནས་ཆུང་ལ་ཏིལ་འབྲུ་ལ་ལྟོས་པའི་ལྡོག་པ་ནས་ཆེ་བ་བཞིན་ནོ། །ངན་སེམས་ཀྱིས་ཁྲག་ཕྱུང་བ་འདི་ལ་སྡིག་པ་ཆེ་བ་ནི་རྣམ་སྨིན་ཆེན་པོ་འབྱིན་ནུས་ཀྱི་ལྡོག་པ་ནས་ཡིན་ལ། ལྟུང་བ་ཆུང་བ་ནི་བཅས་པ་ཆུང་ངུ་ལས་འདས་པའི་ལྡོག་པ་ནས་ཡིན་ནོ། །བཅས་པ་ཆུང་བའི་རྒྱུ་མཚན་བཅས་པ་རྣམ་འཇོག་གི་དགག་བྱ་ཆུང་བའི་ཕྱིར་ཏེ། དེ་བཞིན་གཤེགས་པ་མཐོང་ན། རབ་ཏུ་དང་བ་སྐྱེ་བ་འབྱུང་ཉེ་བ་དང་ངན་སེམས་ཀྱིས་ཁྲག་འབྱིན་པ་འབྱུང་རིང་འབྲེལ་ཆུང་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་རོ། །དེ་ལྟར་ན་སྡིག་ལྟུང་གཉིས་ལ་མུ་བཞི་ཡོད་དོ། །

གསུམ་པ་མཚན་ཉིད་ལ་གཉིས་ལས། ལྟུང་བ་ཙམ་གྱི་མཚན་ཉིད།

གསུམ་པ་མཚན་ཉིད་ལ་གཉིས་ལས། ལྟུང་བ་ཙམ་གྱི་མཚན་ཉིད་ནི།

སངས་རྒྱས་ཀྱི་བཅས་པ་མཚན་ཉིད་པ་ལས་འདས་པའི་ཆ་ནས་ཁ་ན་མ་ཐོ་བར་གྱུར་པའོ། །ལྟུང་བ་སོ་སོའི་མཚན་ཉིད་ལ་ལྔ་ལས། ཕམ་པའི་མཚན་ཉིད་ནི། བསྙེན་རྫོགས་ཀྱི་བཅས་པ་ལས་འདས་པའི་ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཞིང་རང་གི་ངོ་བོའི་ཆ་ནས་དགེ་འདུན་ལྷག་མ་མན་ཆད་ལ་ལྟོས་ནས་ཆད་པ་ལྕིར་རུང་དང་ལྡན་པའོ། །ལྷག་མ་གཏན་མ་བཅས་པའི་དུས་ཀྱི་ཕམ་པ་ཡང་མ་འོངས་པའི་དགེ་འདུན་ལྷག་མ་རྫས་སུ་གྲུབ་པ་ལ་ལྟོས་ནས་ཆད་པ་ལྕིར་རུང་སྟེ། དུས་གསུམ་རྫས་སུ་གྲུབ་པའི་གྲུབ་མཐའི་རྗེས་སུ་འབྲངས་ནས་སོ། །དེ་དག་གིས་ཕམ་པ་དང་འདྲ་བའི་ཉེས་བྱས་དང༌། ཕམ་པའི་སྦྱོར་བའི་སྦྱོར་བའི་ཉེས་བྱས་དང༌། ཕམ་པའི་སྦྱོར་བ་མཚན་ཉིད་པའི་སྦོམ་པོ་དང༌། ཕམ་པ་ལ་ལྷག་མར་འཁྲུལ་པའམ་ལྷག་མ་ལ་ཕམ་པར་འཁྲུལ་བ་ལྟ་བུ་འདུ་ཤེས་ཕར་འཁྲུལ་ཚུར་འཁྲུལ་དང༌། ལྷག་མ་མན་ཆད་སྡེ་བཞི་པོ་སེལ་བ་ཡིན་ནོ། །ཞེས་མཚོ་ཊཱིཀ་ལས་སོ། །དགེ་འདུན་ལྷག་མའི་མཚན་ཉིད་ནི། ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཞིང་རང་གི་ངོ་བོའི་ཆ་ནས་ཆོ་ག་བརྗོད་ཚུལ་དགེ་འདུན་ལྷག་མའི་མིང་རིགས་བརྗོད་པས་ཚུལ་བཞིན་དུ་ཕྱིར་བཅོས་ན་འདག་ཏུ་རུང་བའོ། །རང་གི་ངོ་བོའི་ཆ་ནས་ཞེས་པ་ནི་ལུང་ཞུ་བ་ལས་ལྷག་མ་བྱུང་ནས་ཕམ་པ་འཆབ་བཅས་བྱུང་ན་ལྷག་མ་དེ་ཕྱིར་བཅོས་ཀྱང་མི་འདག་པར་གསུངས་པས་དེ་འདྲའི་ལྷག་མ་དེ་ལྷག་མ་ཡིན་པར་བསྡུད། །མཚན་ཉིད་འདི་ལ་མིང་མཚོན་བྱས་ཁྱད་པར་དུ་བྱས་ཀྱང་དོན་མཚོན་བྱས་ཁྱད་པར་དུ་མ་བྱས། ཞེས་མཚོ་མཆན་ལས་སོ། །ལྟུང་བྱེད་ཀྱི་མཚན་ཉིད་ནི། ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཞིང་རང་གི་ངོ་བོའི་ཆ་ནས་ཆོ་ག་བརྗོད་ཚུལ་ལྟུང་བྱེད་ཀྱི་མིང་རིགས་བརྗོད་པས་ཚུལ་བཞིན་དུ་ཕྱིར་བཅོས་ན་འདག་ཏུ་རུང་བའོ། །སོ་སོར་བཤགས་པར་བྱ་བའི་མཚན་ཉིད་ནི། ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཞིང་རང་གི་ངོ་བོའི་ཆ་ནས་ཆོ་ག་བརྗོད་ཚུལ་སོ་སོར་བཤགས་པར་བྱ་བའི་མིང་རིགས་བརྗོད་པས་ཚུལ་བཞིན་དུ་ཕྱིར་བཅོས་ན་འདག་ཏུ་རུང་བའོ། །ཉེས་བྱས་ཀྱི་མཚན་ཉིད་ནི། ཕམ་ལྷག་དང་སྦོམ་པོ་ལྟུང་བྱེད་སོ་སོར་བཤགས་པར་བྱ་བ་གང་གིའང་དངོས་གཞི་རྫོགས་པ་ཉིད་མ་ཡིན་པའི་ལྟུང་བའོ། །བསྙེན་རྫོགས་ཀྱི་སྡོམ་པ་དང་འགལ་བར་ཞུགས་པའི་དངོས་གཞི་ཡོངས་སུ་རྫོགས་པའི་ལྟུང་བ་ཡང་ཡིན་པ་གང་ཞིག ཉེས་བྱས་ཀྱི་མིང་རིགས་ཀྱི་སྒོ་ནས་བཤགས་བྱའི་ལྟུང་བའམ་བསྡམ་བྱ་ཙམ་གྱིས་འདག་རུང་གི་ལྟུང་བ་གང་རུང་དེ། ལྔར་ཕྱེ་བའི་ཉེས་བྱས་ཀྱི་མཚན་ཉིད་ཡིན་པར་ཀུན་མཁྱེན་འཇམ་བཞད་ཀྱིས་གསུངས་སོ། །མཚོ་ཊཱིཀ་མཆན་ལས། ཕམ་པ་དང་འདྲ་བའི་ཉེས་བྱས་འཆབ་བཅས་འཆབ་མེད་དང༌། ཕམ་ལྷག་གི་སྦྱོར་བའི་སྦྱོར་བ་མཚན་ཉིད་པའི་ཉེས་བྱས་དང༌། ལྟུང་བྱེད་དང་སོ་སོར་བཤགས་པར་བྱ་བའི་སྦྱོར་བའི་ཉེས་བྱས་དང༌། དངོས་གཞིས་བསྡུས་པའི་ཉེས་བྱས་དང༌། བསྡམ་པར་བྱ་བའི་ཉེས་བྱས་དེ་རྣམས་ཐམས་ཅད་ལ་མཚན་ཉིད་ཕྱོགས་གཅིག་ཏུ་བཀོད་པ་འདི་ཤིན་ཏུ་དཀའ་བར་སྣང་ངོ༌། །ཞེས་གསུངས་སོ། །ལྟུང་བ་སྡེ་ལྔ་སོ་སོའི་མཚན་ཉིད་དེ་ལྟར་བཞག་པ་ལ། ལྷག་མ་ལ་ལྟུང་བྱེད་དུ་ཤེས་པའི་ལྷག་མ་ཆོས་ཅན། ལྟུང་བྱེད་ཡིན་པར་ཐལ། ལྟུང་བྱེད་ཀྱི་མིང་རིགས་ཀྱི་ཕྱིར་བཅོས་པས་འདག་ཏུ་རུང་བ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། མཚོ་ཊཱིཀ་གི་ལས་གཞིའི་སྐབས་༩༥༧ལས། ལྟུང་བ་བྱུང་བ་ལ་ནི་ལས་ཀྱི་གནས་སུ་འདུ་བའི་ཚེ་ན་ལས་བྱེད་པའི་དགེ་འདུན་པ་རྣམས་ཀྱི་འདུ་ཤེས་ཇི་ལྟ་བ་བཞིན་དུ་ཕྱིར་བཅོས་སུ་གཞུག་པའམ་བསྙིལ་བར་སྒྲུབ་པར་བྱའོ། །ལས་བྱེད་པ་ལས་གཞན་གྱི་དུས་སུ་ཡང་རང་གི་འདུ་ཤེས་ཇི་ལྟ་བ་བཞིན་དུ་ཕྱིར་བཅོས་བྱས་ན་ལྟུང་བ་དག་པར་རིགས་ཏེ། མཁན་པོ་ཚུལ་ཁྲིམས་འཆལ་བ་ལ་ལྡན་པར་ཤེས་ན་ཚུལ་ཁྲིམས་སྐྱེ་བར་གསུངས་པའི་གནད་ཀྱིས་ཤེས་ཏེ། དེ་དང་འདི་དཔྱད་པ་ཐ་སྙད་པར་མཚུངས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་འོས་སོ། ། བཞི་པ་གྲངས་ངེས་པ་ནི། ལྟུང་བའི་སྡེ་ཚན་ལྔར་ངེས་པ་ཡིན་ཏེ། ཆད་པ་ཆེ་ཆུང་རིམ་པ་ལྔར་བཅས་པ་ལ་ལྟོས་པའི་ཕྱིར་རོ། །

ལྔ་པ་གོ་རིམ་ངེས་པ་ནི་ཆད་པ་ལྕི་ཡང་གི་གོ་རིམ།

ལྔ་པ་གོ་རིམ་ངེས་པ་ནི་ཆད་པ་ལྕི་ཡང་གི་གོ་རིམ་སྟེ།

ཕམ་པ་ལ་སོགས་པ་སྡེ་ཚན་སྔ་མ་སྔ་མ་ཆད་པ་ལྕི་ལ། སྡེ་ཚན་སྔ་མ་ལ་ལྟོས་ནས་སྡེ་ཚན་ཕྱི་མ་ཕྱི་མ་རྣམས་ཆད་པ་ཡང་བའི་ཕྱིར་རོ། །སྤང་ལྟུང་ལ་སོགས་པའི་ཆད་པ་བས་ལྕི་བའི་ཆོས་ལས་འདས་པའི་ཉེས་བྱས་ཆད་པ་ལྕི་བ་ཡོད་དེ་དམིགས་བསལ་ཡིན་ནོ། ། དྲུག་པ་སྒྲ་བཤད་པ་ལ། ཐོག་མར་ཕམ་པའི་སྒྲ་བཤད་པ་ནི་པ་ར་ཛི་ཏ་ཞེས་པ་སཾ་སྐྲྀ་ཏའི་སྐད་ལས་བྱུང་སྟེ། པ་ར་ཞེས་པ་གཞན་ཡིན་ལ། ཛི་ཏ་ཞེས་པ་ཐུབ་པ་སྟེ་གཞན་གྱིས་ཐུབ་པས་ན། ཕམ་པ་ཞེས་བརྗོད་པ་སྟེ། ཊཱི་ཀ་ལས། གཞན་རྒྱལ་བའི་ཉེས་པ་ནི་ཕམ་པའོ། །ཞེས་སོ། །

དགེ་འདུན་ལྷག་མའི་སྒྲ་བཤད།

དགེ་འདུན་ལྷག་མའི་སྒྲ་བཤད་ནི།

རྣམ་འབྱེད་ལས། ལྟུང་བ་དེ་དགེ་འདུན་ལས་རྣམ་པར་ལྡང་བར་འགྱུར་གྱི་གང་ཟག་ལས་མ་ཡིན་ནོ་འདི་ནི་ལྷག་མ་དང་བཅས་པ་ཡིན་ཏེ། དེས་ན་དགེ་འདུན་ལྷག་མའོ། །ཞེས་གསུངས་སོ། །ལྟུང་བྱེད་ཀྱི་སྒྲ་བཤད་པ་ནི། ངན་སོང་དུ་ལྟུང་བར་བྱེད་པས་ན་ལྟུང་བྱེད་ཅེས་བྱ་སྟེ་ལྟུང་བ་སྡེ་ལྔ་ཐམས་ཅད་ཀྱིས་ངན་སོང་དུ་ལྟུང་བར་བྱེད་པ་ཡོད་ཀྱང་འདིར་ནི་སྤྱི་མིང་བྱེ་བྲག་ལ་བཏགས་པའོ། ། སོ་སོར་བཤགས་པར་བྱ་བའི་སྒྲ་བཤད་ནི། ལྟུང་བ་འདི་ལ་འཆབ་པ་མེད་ཀྱང་མཐོལ་བ་དང་བཤགས་པ་སོ་སོར་བྱ་བ་ཡིན་པས་ན་སོ་སོར་བཤགས་པར་བྱ་བ་ཞེས་བྱ་སྟེ། རྣམ་འབྱེད་ལས། སོ་སོར་བཤགས་པར་བྱ་བ་ནི་སོ་སོར་མཐོལ་བར་བྱའོ། །ཞེས་གསུངས་སོ། །རྣམ་པ་གཅིག་ཏུ་ན་མཐོལ་བ་ལ་བཤགས་པའི་མིང་གིས་བརྗོད་དགོས་པའི་ཕྱིར་ན་ཡང་སོ་སོར་བཤགས་པར་བྱ་བ་ཞེས་བྱ་སྟེ། ཀརྨ་ཤ་ཏཾ་དང་ཊཱི་ཀ་ལས་འདི་ནི་སྨྲེ་སྔགས་འདོན་པའི་རྣམ་པར་བརྗོད་པས་སོ་སོར་བཤགས་པར་བྱ་བ་ཉིད་དུ་གསུངས་པ་ཡིན་ནོ། །ཞེས་སོ། །ཉེས་བྱས་ཀྱི་སྒྲ་བཤད་ནི། ལེགས་པར་མ་བྱས་ཉེས་པར་བྱས་པས་ན་ཉེས་བྱས་ཏེ། ལྟུང་བ་སྡེ་ལྔ་ཐམས་ཅད་ལེགས་པར་མ་བྱས་པ་ཡིན་ཡང་འདི་ནི་སྤྱི་མིང་བྱེ་བྲག་ལ་བཏགས་པའོ། །བདུན་པ་དེ་ལས་འདས་ན་ཅིར་འགྱུར་ནི། སྤྱིར་ན་བཅས་པ་ལས་འདས་ན་རང་རང་གི་ལྟུང་བར་འགྱུར་རོ། །བྱེ་བྲག་ཏུ་ཕམ་པའི་བཅས་པ་ལས་འདས་ན་ཕམ་པར་འགྱུར་ཏེ། འཆབ་སེམས་སྐྱེས་ན་སྡོམ་པའི་དགོས་པ་རྣམ་པ་དྲུག་བསྒྲུབ་མི་ནུས་སུ་གྱུར་ནས་ཉམས་ལ། འཆབ་སེམས་མ་སྐྱེས་ན་དགོས་པ་རྣམ་པ་དྲུག་སྒྲུབ་ནུས་ཡིན་ཡང་ཉམས་པ་སྟེ་སྔར་བཤད་ཟིན་ཏོ། །

བརྒྱད་པ་བསྲུང་བའི་ཕན་ཡོན།

བརྒྱད་པ་བསྲུང་བའི་ཕན་ཡོན་ནི།

ཉན་ཐོས་ཀྱི་ས་ལས་ཚུལ་ཁྲིམས་ཡོངས་སུ་དག་པ་ལ་ཕན་ཡོན་བཅུ་སྟེ། འགྱོད་པ་མེད་པ་སྔོན་དུ་འགྲོ་བའི་རིམ་གྱིས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་དང༌། འཆི་བའི་དུས་ལ་བབ་པའི་ཚེ་ན་འགྱོད་པ་མེད་པར་འགྱུར་བ་དང༌། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྙན་པར་གྲགས་པར་འགྱུར་བ་དང༌། བདེ་བར་གཉིད་ལོག་ཅིང་བདེ་བར་སད་པར་འགྱུར་བ་དང༌། གཉིད་ལོག་པ་ནའང་ལྷ་རྣམས་བསྲུང་བར་འགྱུར་བ་དང༌། གཞན་ལས་སྡིག་པའི་བག་ཚ་བ་མེད་ཅིང་འཇིགས་པ་དང་ཡིད་དངངས་པ་མེད་པ་དང༌། དགྲ་བོ་རྣམས་ཀྱིས་ཀྱང་གནོད་པ་མི་བྱེད་ཅིང་ཕན་འདོགས་པར་འགྱུར་བ་དང༌། མི་མ་ཡིན་གདུག་པ་ཅན་རྣམས་ཀྱིས་ཀྱང་གནོད་པ་མི་བྱེད་ཅིང་ཕན་འདོགས་པར་འགྱུར་བ་དང༌། འཚོ་བའི་ཡོ་བྱད་ཚེགས་ཆུང་ངུས་ཐོབ་པར་འགྱུར་ཞིང༌། བཀུར་བསྟི་བྱེད་པར་འགྱུར་བ་དང༌། སྨོན་ལམ་ཐམས་ཅད་ཡང་དག་པར་འགྲུབ་པར་འགྱུར་བའོ། །ཞེས་གསུངས་སོ། །དགུ་པ་མ་བསྲུངས་པའི་ཉེས་དམིགས་ནི། གླེང་གཞི་ལས་ཚུལ་ཁྲིམས་ཉམས་པ་ལ་ཉེས་དམིགས་བཅུ་སྟེ། ཚུལ་ཁྲིམས་ཀྱིས་བདག་སྨད་པ་དང༌། གཞན་ལྷ་དང་སྟོན་པས་སྨད་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་སྨད་པར་འོས་པ་དང༌། ཆོས་ཉིད་ཀྱིས་སྨད་པར་འོས་པ་དང༌། ཕྱོགས་དང་ཕྱོགས་སུ་སྡིག་པ་མི་སྙན་པའི་སྒྲ་གྲགས་པར་འགྱུར་བ་དང༌། མ་རྟོགས་པའི་ཆོས་རྣམས་རྟོགས་པར་མི་འགྱུར་བ་དང༌། རྟོགས་པའི་ཆོས་རྣམས་ཉམས་པར་འགྱུར་བ་དང༌། སྔོན་ཐོས་པའི་ཆོས་རྣམས་བརྗེད་པར་འགྱུར་བ་དང་རྣམ་པར་འགྱོད་བཞིན་དུ་ཚེའི་དུས་བྱེད་པ་དང༌། ཤི་བའི་འོག་ཏུ་ངན་སོང་དུ་ལོག་པར་ལྟུང་ནས་སེམས་ཅན་དམྱལ་བར་སྐྱེའོ། །ཞེས་གསུངས་སོ། །

གཉིས་པ་དགེ་སློང་ཕ་མའི་རྣམ་འབྱེད་སོ་སོའི་དོན།

གཉིས་པ་དགེ་སློང་ཕ་མའི་རྣམ་འབྱེད་སོ་སོའི་དོན་ལ།

དགེ་སློང་ཕའི་རྣམ་འབྱེད་དང༌།དགེ་སློང་མའི་རྣམ་འབྱེད་དང་གཉིས་ལས། དང་པོ་ལ་ལྟུང་བ་སྡེ་ལྔ་ལས། དང་པོ་ལ་ཕམ་པའི་སྡེ་བཤད་པ་ལ། བར་སྡོམ་ལས། མི་ཚངས་སྤྱོད་དང་རྐུ་བ་དང༌། །མི་ལ་བསད་པར་མི་བྱ་བ། །རྫུན་དང་སྨྲ་དང་བཅས་པ་ཡི། །ཆོས་བཞི་འདིར་ནི་གསུངས་པ་ཡིན། །ཞེས་པ་ལྟར་བཞི་ལས།དང་པོ་མི་ཚངས་པར་སྤྱོད་པའི་ཕམ་པ་འཆད་པ་ལ་ལྔ་ལས། དང་པོ་གླེང་གཞི་ནི། ལོ་བཅུ་གཉིས་བར་བསྟན་པ་ལ་ཉེས་པའི་ཆུུ་བུར་མེད་ཀྱང་བཅུ་གསུམ་པར་ཡུལ་སྤོང་བྱེད་དུ་དགེ་སློང་བཟང་བྱིན་གྱིས་མི་ཚངས་པར་སྤྱད་པ་ལ་བརྟེན་ནས། ལྟུང་བ་ཕམ་པར་བཅས་སོ། །

གཉིས་པ་དགག་བྱ་ནི་གཉིས་ལས་ཐུན་མོང་གི་དགག་བྱ།

གཉིས་པ་དགག་བྱ་ནི་གཉིས་ལས་ཐུན་མོང་གི་དགག་བྱ་ནི།

ངན་སོང་དུ་ལྟུང་བ་དང༌། རྣམ་འབྱེད་ལས། ངན་སོང་དག་ཏུ་སྲེག་པར་བྱེད། འཚེད་པར་བྱེད་ལྟུང་བར་བྱེད་པའོ། །ཞེས་གསུངས་སོ། །གཞན་མ་དད་པ་སྐྱེ་བ་དང༌། ལས་དང་ལམ་ལ་སྒྲིབ་པའོ། །སོ་སོའི་དགག་བྱ་ནི། རང་རང་གི་སྐབས་སུ་འཆད་པར་འགྱུར་བ་སྟེ། བྱེ་བྲག་ཏུ་སྐབས་འདི་ཉིད་ཀྱི་དགག་བྱ་ནི། མི་ཚངས་པར་སྤྱོད་པའི་བྱ་བ་དང་འབྲེལ་ནས་འཁྲིག་པའི་འདོད་ཆགས་འཕེལ་བ་སྟེ། སྐབས་ཀྱིས་ཤེས་ནུས་སོ། །གསུམ་པ་ལྟུང་བའི་ངོ་བོ་ནི། བཅས་ལྡན་དགེ་སློང་གིས་རང་གཞན་ཅི་རིགས་ཀྱི་ལམ་གསུམ་གང་རུང་དང་ཡན་ལག་ཕྲད་པའི་བདེ་བ་ཉམས་སུ་མྱོང་ཞིང་བདག་གིར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །

བཞི་པ་ཡན་ལག་བརྩི་བ།

བཞི་པ་ཡན་ལག་བརྩི་བ་ནི།

ཐུན་མོང་གི་ཡན་ལག་དང་ཐུན་མོང་མ་ཡིན་པའི་ཡན་ལག་གཉིས་ལས། དང་པོ་ལ་གཉིས་ཏེ། ལྟུང་བ་དངོས་གཞི་ཀུན་གྱི་ཐུན་མོང་གི་ཡན་ལག་དང༌། ཕལ་ཆེར་ཐུན་མོང་གི་ཡན་ལག་གོ །དང་པོ་ལ་གཉིས་ཏེ། བསླབ་པའི་ཡན་ལག་དང༌། བསམ་པའི་ཡན་ལག་གོ །དང་པོ་ལ་བཞི་སྟེ། བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང༌། བསླབ་པའི་ཚིགས་གཅིག་པ་དང༌། བསླབ་པའི་རྒྱུན་གཅིག་པ་དང༌། ལས་དང་པོ་པ་མ་ཡིན་པའོ། །དང་པོ་ནི་བསྙེན་རྫོགས་ཀྱི་སྡོམ་པ་བླངས་ཤིང་སྐྱེས་ལ་ཕམ་པ་འཆབ་བཅས་ཀྱིས་མ་ཉམས་པ་སྟེ། དགེ་ཚུལ་ལ་སོགས་པ་བསྙེན་པར་མ་རྫོགས་པ་རྣམ་གསུམ་གྱིས་ལྟུང་བ་ལ་སྦྱོར་ན་ཉེས་བྱས་ཙམ་དུ་གསུངས་པས། ཕམ་ལྷག་ལ་སོགས་པ་བསྐྱེད་པ་ལ་བསྙེན་རྫོགས་ཀྱི་སྡོམ་པ་བླངས་པ་ཡན་ལག་ཏུ་དགོས་པར་གྲུབ་བོ་སྡོམ་པ་དེ་བླངས་པ་ཙམ་གྱིས་མི་ཆོག་སྟེ། བླངས་ཀྱང་མ་སྐྱེས་པ་ལྟུང་བ་ལ་སྦྱོར་བ་ལ་ནི་ཉེས་བྱས་སོ། །ཞེས་ཉེས་བྱས་ཙམ་དུ་གསུངས་པས། ཕམ་ལྷག་ལ་སོགས་པ་བསྐྱེད་པ་ལ། སྡོམ་པ་དེ་སྐྱེས་པ་ཡན་ལག་ཏུ་དགོས་པར་གྲུབ་བོ། །སྡོམ་པ་དེ་སྐྱེས་པ་ཙམ་གྱིས་མི་ཆོག་སྟེ། སྐྱེས་ཀྱང་ཕམ་པ་འཆབ་བཅས་ཀྱིས་ཉམས་པས་ལྟུང་བ་ལ་སྦྱོར་བ་ལ་ཉེས་བྱས་སོ། །ཞེས་ཉེས་བྱས་ཙམ་དུ་གསུངས་པས། ཕམ་ལྷག་ལ་སོགས་པ་བསྐྱེད་པ་ལ། ཕམ་པ་འཆབ་བཅས་ཀྱིས་མ་ཉམས་པ་ཡན་ལག་ཏུ་དགོས་པར་གྲུབ་བོ། །བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ། །ཞེས་ཕམ་པ་འཆབ་མེད་ཀྱིས་ཉམས་ཀྱང་དེ་ལ་ཕམ་ལྷག་ལ་སོགས་པ་བསྐྱེད་པར་གསུངས་པས། དེས་བསླབ་པ་སྦྱིན་རུང་ཡང་མཚོན་པ་སྟེ་གསོར་རུང་ཡན་ཆད་དང་ལྡན་པ་དེ་བསླབ་པའི་ཡན་ལག་ཡིན་པར་གྲུབ་བོ། །སེལ་བ་ནི་གསུམ་སྟེ། བསྙེན་རྫོགས་ཀྱི་སྡོམ་པ་མ་བླངས་པ་དང༌། བླངས་ཀྱང་སྡོམ་པ་མ་སྐྱེས་པ་དང༌། སྡོམ་པ་སྐྱེས་ཀྱང་ཕམ་པ་འཆབ་བཅས་ཀྱིས་ཉམས་པའོ། །སེལ་བ་དེ་གསུམ་ལ་ཅིར་འགྱུར་ནི། དང་པོ་བསྙེན་རྫོགས་ཀྱི་སྡོམ་པ་མ་བླངས་པ་ལ་ཅིར་འགྱུར་ནི་གཉིས་ཏེ་ཁྱིམ་པ་ཕོ་མོ་ཅིར་འགྱུར་དང༌། རབ་ཏུ་བྱུང་བ་རྣམ་གསུམ་ལ་ཅིར་འགྱུར་རོ། །དང་པོ་ལ་གཉིས་ཏེ། སྡོམ་པ་གཏན་ནས་མ་བླངས་པའི་ཁྱིམ་པ་ཕོ་མོ་ལ་ཅིར་འགྱུར་དང༌། དགེ་བསྙེན་ཕ་མའི་སྡོམ་པ་དང་ལྡན་པའི་ཁྱིམ་པ་ཕོ་མོ་ལ་ཅིར་འགྱུར་རོ། །དང་པོ་ནི། སྡོམ་པ་གཏན་ནས་མ་བླངས་པའི་ཁྱིམ་པས་ཉེས་པ་སྤྱོད་པ་ཅི་བྱས་ཀྱང་སྡིག་པར་འགྱུར་གྱི། ལྟུང་བ་གཏན་ནས་མི་སྐྱེད་དེ། ཁྱིམ་པ་རྣམས་ལ་ནི་བསོད་ནམས་མ་ཡིན་པ་མང་ངོ༌། །ཞེས་གསུངས་པ་དང༌། ལྟུང་བ་ནི་བཅས་པ་ལས་འདས་པའི་ལས་ཀྱི་བྱེ་བྲག་ཡིན་ལ། སྡོམ་པ་གཏན་ནས་མ་བླངས་པའི་ཁྱིམ་པ་ལ་བཅས་པ་མེད་པའི་ཕྱིར་རོ། །བཅས་ཀྱང་ཆད་པ་ལ་འཇིགས་ནས་ལྡོག་འཇུག་བྱེད་པའི་དགོས་པ་མེད་པའི་ཕྱིར་རོ། །

གཉིས་པ་ནི་དགེ་བསྙེན་གྱི་སྡོམ་པ་དང་ལྡན་པའི་ཁྱིམ་པ།

གཉིས་པ་ནི་དགེ་བསྙེན་གྱི་སྡོམ་པ་དང་ལྡན་པའི་ཁྱིམ་པ་ལ་ནི།

སྲོག་གཅོད་པ་ལ་སོགས་པའི་ཁ་ན་མ་ཐོ་བ་འབྱུང་བར་མ་ཟད། བཅས་པའི་ཁ་ན་མ་ཐོ་བ་ཡང་འབྱུང་བར་གསུངས་ཏེ། མཛོད་ལས། བཅས་པའི་ཁ་ན་མ་ཐོ་བ། ། མྱོས་འགྱུར་ལས་གཞན་བསྲུང་ཕྱིར་རོ། །ཞེས་དང༌། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དགེ་བསྙེན་གྱི་ལྟུང་བ་དང༌། དགེ་བསྙེན་མའི་ལྟུང་བ་དང༌། ཞེས་གསུངས་སོ། །གཞན་ཡང་རིགས་པས་བརྟགས་ན་ཁྱིམ་པ་ལ་ཡང་ལྷག་མའི་ལྟུང་བ་ཡོད་པ་སྲིད་པར་རིགས་ཏེ། དགེ་སློང་གི་རྒྱུད་ལ་ལྷག་མའི་ལྟུང་བ་ཡོད་བཞིན་དུ་ཁྱིམ་པར་བབས་ན། སྔར་ནི་ལྷག་མའི་ལྟུང་བ་ཡོད་ཅིང་བབས་པས་ལྟུང་བ་མི་འདག་པའི་ཕྱིར་དང་ལྟུང་བ་དག་བྱེད་གཞན་ཡང་མ་བྱུང་བའི་ཕྱིར་རོ། །བབས་པས་ལྟུང་བ་མི་འདག་སྟེ། མི་སྤྱོད་པའི་ས་ནས་ཕྱིར་འོངས་པ་ནི་དེའི་གནས་སྐབས་ཉིད་ཡིན་ནོ། །ཞེས་གསུངས་པས་གྲུབ་བོ། །དེ་ལྟར་ཁྱིམ་པར་བབས་པ་ལ་ཡང་སྔར་བྱུང་ལྷག་མའི་ལྟུང་བའི་རྒྱུན་གནས་པས་སྐད་ཅིག་རེ་རེ་བཞིན་ལྷག་མའི་ལྟུང་བ་དེའི་རྫས་སྐད་ཅིག་སྔ་མས་ཕྱི་མ་བསྐྱེད་པར་རིགས་ཏེ། ཕམ་པ་ལ་སོགས་པའང་དེ་དང་རྒྱུ་མཚན་མཚུངས་སོ། །དེ་ལྟར་དགེ་བསྙེན་ཡིན་ན་ཁྱིམ་པ་ལའང་བཅས་པའི་ཁ་ན་མ་ཐོ་བ་རྣམ་པར་བཞག་ན། ཊཱི་ཀ་ལས། བསླབ་པའི་གཞི་རྣམ་པར་བཞག་པ་མཐའ་དག་ནི་རབ་ཏུ་བྱུང་བ་རྣམས་ཀྱི་ཡིན་པར་གསུངས་ཀྱི་ཁྱིམ་པ་རྣམས་ཀྱི་མ་ཡིན་པའི་ཕྱིར། ཞེས་བཤད་པ་དང་འགལ་ཞེ་ན། སྡོམ་པ་གཏན་ནས་མ་བླངས་པའི་ཁྱིམ་པ་རྣམས་ཀྱི་མ་ཡིན་པའི་ཕྱིར་ཞེས་དགོངས་པ་སྟེ། གཞན་དུ་ན་ལུང་གཞི་ལས། དགེ་བསྙེན་གྱི་སྡོམ་པ་ལེན་པ་ལ། སངས་རྒྱས་ཀྱི་བསྟན་པ་ལ་བསླབ་པའི་གཞི་ལེན་པ། ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་རབ་ཏུ་བྱུང་བ་རྣམ་གསུམ་ལ་ཅིར་འགྱུར་ནི་འཆང་བྲལ་ལ་སོགས་པ་གནང་བ་རྣམས་ལས་གཞན་པའི་སྐབས་སུ། ཉེས་བྱས་གསུམ་ཅི་རིགས་པར་འགྱུར་ཏེ། འོད་ལྡན་ལས། མི་གསོད་ལ་སོགས་བཞི་རྣམས་ཀྱིས། །དགེ་ཚུལ་ལས་ནི་ཉམས་འགྱུར་དང༌། །དགེ་སློང་བཞིན་དུ་དགེ་ཚུལ་ཡང༌། །ཕྱི་ནས་སྡོམ་སྐྱེའི་སྐལ་བ་མེད། །ཆང་འཐུང་ལ་སོགས་དྲུག་པོ་ཡིས། །བཤགས་བྱའི་ཉེས་བྱས་མཐུན་པ་ཡིན། །ཕྱོགས་དང་མཐུན་ལས་འདས་ན་དེའི། །ཉེས་པ་སྨད་བྱ་ཡིན་པར་བཞེད། །ཅེས་གསུངས་སོ། །ལུང་ཞུ་བ་དང༌། མདོ་འདིའི་སྤྱིར་བསྟན་ལས་བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བའི་ལྟུང་བ་ཐམས་ཅད་ཉེས་བྱས་ཡིན་པར་གསུངས་ལ། འོད་ལྡན་ལས། དགེ་ཚུལ་གྱི་ལྟུང་བ་ནི་ཐམས་ཅད་དུ་ཉེས་བྱས་ཁོ་ན་ཡིན། ཞེས་སོ། །འོ་ན་དགེ་སློང་ལ་ཕམ་ལྷག་ལ་སོགས་པ་བསྐྱེད་ཀྱང༌། དགེ་ཚུལ་ལ་ཉེས་བྱས་བསྐྱེད་པའི་རྒྱུ་མཚན་ཅི་ཞེ་ན། ཉེར་སྦས་ཀྱི་ཞལ་ནས་བསྙེན་པར་རྫོགས་པ་དང་མ་རྫོགས་པ་གཉིས་ཀྱི་བྱེ་བྲག་བསྟན་པའི་ཕྱིར། ཞེས་གསུངས་ལ། ཟླ་བ་ནོར་བུའི་ཞལ་ནས་ཚུལ་ཁྲིམས་ཀྱི་ཐ་མར་གྱུར་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་གཉིས་ཀྱི་དོན་བསྡུ་ན་རབ་ཏུ་བྱུང་བ་རྣམ་གསུམ་ནི་སྤང་བྱ་ཡོད་ཚད་སྤོང་བ་མ་ཡིན་གྱི་ཐེག་ཚད་སྤོང་བ་ཡིན་པས་ཉེས་བྱས་གསུམ་ཅི་རིགས་ལས་མ་བཅས་ཏེ། བསྟན་པ་ལ་ཞུགས་པ་མ་རྫོགས་པའི་ཕྱིར་རོ། །གཉིས་པ་དང་གསུམ་པ་སྡོམ་པ་བླངས་ཀྱང་མ་སྐྱེས་པ་དང༌། སྐྱེས་ཀྱང་ཕམ་པ་འཆབ་བཅས་ཀྱིས་ཉམས་པ་ལ་ཅིར་འགྱུར་ནི། དེ་གཉིས་ཀྱིས་ཉེས་པར་སྤྱོད་པར་བྱེད་ན་ཉེས་བྱས་ཙམ་དུ་འགྱུར་ཏེ། ཉམས་པ་དང་མ་སྐྱེས་པ་གཉིས་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སོ། །ཞེས་དང༌། དེ་གཉིས་ཀྱི་རང་རྒྱུད་ལ་སྦྱོར་བ་གསར་བསྐྱེད་ཀྱི་ལྟུང་བ་ཉེས་བྱས་ལས་ཆེ་བ་མི་བསྐྱེད་དེ་མ་སྐྱེས་པ་ལ་བསྙེན་རྫོགས་ཀྱི་སྡོམ་པ་གཏན་མེད་པའི་ཕྱིར་དང་ཉམས་པ་ལ་བསྙེན་རྫོགས་ཀྱི་སྡོམ་པ་དགོས་པ་སྒྲུབ་ནུས་མེད་པའི་ཕྱིར་རོ། །དེ་གཉིས་ལ་ཉེས་བྱས་སུ་འགྱུར་བའི་རྒྱུ་མཚན་གང་ཞེ་ན། སྡོམ་པ་མ་སྐྱེས་པ་ཁོ་ན་ཉིད་དགེ་སློང་དུ་ཁས་འཆེས་ཤིང་བར་མས་བསྡུས་པའི་ངོ་བོ་ཉིད་ཀྱི་རབ་ཏུ་བྱུང་བ་ཡོད་ཅིང་དེ་དང་འགལ་བར་བྱས་པའི་ཕྱིར་དང༌། ཕམ་པ་འཆབ་བཅས་ཀྱིས་ཉམས་པ་ལ་དགོས་པ་སྒྲུབ་མི་ནུས་ཀྱི་བསྙེན་རྫོགས་ཀྱི་སྡོམ་པ་ཙམ་པོ་ཞིག་ཡོད་ཅིང་དེ་དང་འགལ་བར་བྱས་པའི་ཕྱིར་རོ། །གཉིས་པ་བསླབ་པའི་ཚིགས་གཅིག་པ་ནི། ཚིགས་ཕྱི་མ་དགེ་སློང་གིས་སྦྱོར་བ་བྱས་ཤིང་དགེ་སློང་གི་ཚིགས་སུ་མཐར་ཐུག་གྲུབ་པ་སྟེ། ཚིགས་སྔ་མར་སྦྱོར་བ་བྱས་པ་ལ་ཡང་ངོ་ཞེས་པའི་ཤུགས་ཀྱིས་གྲུབ་པའོ། །སེལ་བ་ནི་ཚིགས་སྔ་མ་དགེ་ཚུལ་གྱིས་སྦྱོར་བ་བྱས་ནས་དེ་དགེ་སློང་དུ་གྱུར་པ་ན་མཐར་ཐུག་གྲུབ་པའོ། །སེལ་བ་དེ་ལ་ཅིར་འགྱུར་ན། ཁང་པ་ཁང་ཆེན་ལྟ་བུ་ལ་མཚོན་ན་ལྟུང་བ་ན་སྨད་པ་སྟེ། ལུང་ཞུ་བ་ལས། བསྙེན་པར་མ་རྫོགས་པས་ཁང་པ་བརྩིག་པར་བརྩམས་ནས། བསྙེན་པར་རྫོགས་ཏེ་ཟིན་ལགས་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་ལྟུང་བ་ན་སྨད་དུ་གསུངས་ཤིང༌། ཚིགས་སྔ་མར་སྦྱོར་བ། ཞེས་དང༌། འདི་ལ་ལྟུང་བ་དངོས་གཞི་རྫོགས་པར་མི་བསྐྱེད་དེ། སྦྱོར་བའི་གནས་སྐབས་ན་བསྙེན་རྫོགས་ཀྱི་སྡོམ་པ་དང་མི་ལྡན་པའི་ཕྱིར་རོ། །གསུམ་པ་བསླབ་པའི་རྒྱུན་གཅིག་པ་ནི། དགེ་སློང་གི་བསླབ་རྒྱུན་དེ་ཉིད་ཀྱི་གནས་སྐབས་སུ་སྦྱོར་བ་བྱས་ཤིང་དགེ་སློང་གི་བསླབ་རྒྱུན་དེ་ཉིད་ཀྱི་གནས་སྐབས་སུ་མཐར་ཐུག་གྲུབ་པ་སྟེ། ཉེས་པ་དེ་མེད་པ་ཉིད་ལ་འོངས་པ་ནི་ཐ་དད་དོ་ཞེས་པའི་ཤུགས་ཀྱིས་གྲུབ་བོ། །སེལ་བ་ནི་དགེ་སློང་གིས་ཁང་པ་བརྩིག་པའི་སྦྱོར་བ་བྱས་ནས་ཁྱིམ་པར་བབས་ཏེ་སླར་ཡང་དགེ་སློང་དུ་གྱུར་པ་ན་ཐོག་ཕུབ་སྟེ། མཐར་ཐུག་གྲུབ་པ་ལྟ་བུའོ། །སེལ་བ་དེ་ལ་ཅིར་འགྱུར་ན། ཁང་པ་ཁང་ཆེན་ལྟ་བུ་ལ་མཚོན་ན། བསླབ་རྒྱུན་སྔ་ཕྱིར་ལྟུང་བ་ན་སྨད་ཐ་དད་དུ་འོང་སྟེ་འོང་བ་ནི་ཐ་དད་དོ། །ཞེས་པ་དང༌། འདི་ལ་ལྟུང་བ་དངོས་གཞི་རྫོགས་པར་མི་བསྐྱེད་དེ། སྦྱོར་བ་དང་མཐར་ཐུག་པའི་བར་དུ་བསླབ་པའི་ཡན་ལག་རྒྱུན་ཆད་པའི་ཕྱིར་རོ། ། བཞི་པ་ལས་དང་པོ་པ་མ་ཡིན་པ་ནི། རང་རང་གི་བཅས་པའི་རྟེན་ཡིན་པ་སྟེ། མ་བཅས་པ་ལ་ཡང་ངོ། །ཞེས་དང༌། ལུང་རྣམ་འབྱེད་ལས། ལས་དང་པོ་པ་ལ་ལྟུང་བ་མེད་དོ། །ཞེས་གསུངས་པ་དེའི་ཤུགས་ཀྱིས་གྲུབ་བོ། །སེལ་བ་ནི་ལས་དང་པོ་པས་མི་ཚངས་སྤྱོད་ལ་སོགས་པ་བྱས་པའོ། །སེལ་བ་དེ་ལ་ཅིར་འགྱུར་ན། རང་རང་གི་ལྟུང་བ་གཏན་ནས་མི་བསྐྱེད་དེ་མ་བཅས་པ་ལ་ཡང་ངོ། །ཞེས་པ་དང༌། ལྟུང་བ་ནི་བཅས་པ་ལས་འདས་པའི་ལས་ཀྱི་བྱེ་བྲག་ཡིན་ལ། རང་རང་གི་ལས་དང་པོ་པ་ལ་རང་རང་གི་བཅས་པ་མེད་པའི་ཕྱིར་རོ། །དེ་ལྟར་དོན་རྣམ་པ་བཞིས་བསླབ་པའི་ཡན་ལག་བསྟན་ནས། གཉིས་པ་བསམ་པའི་ཡན་ལག་ནི་ལྟུང་བ་ཐམས་ཅད་ལ་རྟེན་ཤེས་པ་རང་བཞིན་དུ་གནས་པ་ཡན་ལག་ཏུ་དགོས་ཏེ།ཐ་སྙད་དུ་རུང་བའི་འདུ་ཤེས་ལས་ཉམས་པ་ཞེས་པའི་ཤུགས་ཀྱིས་གྲུབ་ཅིང༌། ལུང་རྣམ་འབྱེད་ལས། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ཞེས་གསུངས་པས་ཀྱང་ངོ༌། །སེལ་བ་ནི་སྨྱོས་པ་ལ་སོགས་པས་མི་ཚངས་སྤྱོད་པ་བྱས་པའོ། །སེལ་བ་དེ་ལ་ཅིར་འགྱུར་ན། སྨྱོ་བ་སེམས་འཁྲུགས་ཚོར་བས་ཉེན་པ་ལ་ལྟུང་བ་རང་རང་གི་སྐད་ཅིག་དང་པོར་གྱུར་པའི་ལྟུང་བ་སྡེ་ལྔ་མི་བསྐྱེད་དེ། བཅས་པའི་རྟེན་མ་ཡིན་པའི་ཕྱིར་རོ། །དགེ་སློང་གི་རྒྱུད་ལ་ལྷག་མའི་ལྟུང་བ་ཡོད་བཞིན་དུ་སྨྱོ་ན་སྨྱོས་པས་ལྟུང་བ་མི་འདག་པའཽ། །

གཉིས་པ་ཕལ་ཆེར་ཐུན་མོང་གི་ཡན་ལག་ལ་གཉིས་ཏེ། ལུས་ཀྱི་ཡན་ལག་དང༌། མཚན་གྱི་ཡན་ལག

གཉིས་པ་ཕལ་ཆེར་ཐུན་མོང་གི་ཡན་ལག་ལ་གཉིས་ཏེ། ལུས་ཀྱི་ཡན་ལག་དང༌། མཚན་གྱི་ཡན་ལག་གོ། །

དང་པོ་ནི་སྲོག་གཅོད་པ་བཞི་དང་ཕམ་ལྷག་དང་པོ་གཉིས་དང༌། རྐུ་བ་སྟེ། ལྟུང་བ་བདུན་ལ་ལུས་ཐ་མལ་དུ་གནས་པ་ཡན་ལག་ཏུ་མི་དགོས་ཏེ། འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལའོ། །ཞེས་པས་གྲུབ་བོ། །ལྟུང་བ་བདུན་པོ་དེ་དག་མ་གཏོགས་པ་ལྟུང་བ་དངོས་གཞི་གཞན་རྣམས་ལ་ནི་ལུས་ཐ་མལ་དུ་གནས་པ་ཡན་ལག་ཏུ་དགོས་ཏེ། དགེ་སློང་བདག་ཉིད་སྟག་ཏུ་བསྒྱུར་བ་མ་ཡིན་པ་དང་ལུས་མི་སྣང་བར་བྱས་པ་མ་ཡིན་པའོ། །དེའང་ལུང་ཞུ་བ་ལས། རྫུ་འཕྲུལ་གྱིས་བལ་ཁུར་ན་ཅིར་འགྱུར་ཉེས་བྱས་སོ། །ཞེས་པ་ལ་སོགས་པ་བལ་ཁུར་བ་དང་སྐྱེ་བ་གཅོད། །སྦེད་དང་གདེང་མེད་སྤྱོད་དང་བཞི། །ཞེས་པ་ལྟར་གྱི་ལྟུང་བ་བཞི་ལ་རྫུ་འཕྲུལ་ལམ་སྤྲུལ་པས་བྱས་ན་ལྟུང་བ་ན་སྨད་དུ་གསུངས་པའི་ཤུགས་ཀྱིས་གྲུབ་ཅིང༌། ལུང་ཞུ་བ་ལས། དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་ཉིད་མི་སྣང་བར་བགྱིས་ཏེ་མི་ཆོས་བླ་མར་གྱུར་པའི་རྫུན་སྨྲས་ན་ཅིར་འགྱུར་སྦོམ་པོར་འགྱུར་རོ་ཞེས་པ་ལ་སོགས་པ་ལྟུང་བ་བཞི་བཅུའི་སྐབས་སུ་རང་གི་ལུས་མི་སྣང་བར་བྱས་ན་རང་རང་གི་ལྟུང་བ་ན་སྨད་དུ་གསུངས་པའི་ཤུགས་ཀྱིས་གྲུབ་བོ། །སེལ་བ་ནི་དགེ་སློང་བདག་ཉིད་སྟག་ཏུ་བསྒྱུར་བའམ་ལུས་མི་སྣང་བར་བྱས་ཏེ་ཉེས་སྤྱོད་ལ་འཇུག་པའོ། །སེལ་བ་དེ་ལ་ཅིར་འགྱུར་ན་རང་རང་གི་ན་སྨད་པ་སྟེ། ལུང་ལས་བལ་ཁུར་བ་ལ་སོགས་པ་བཞི་ལ་ན་སྨད་དུ་གསུངས་སོ། ། །འདི་ལ་ལྟུང་བ་དངོས་གཞི་རྫོགས་པར་མི་བསྐྱེད་པ་ནི། བསྙེན་རྫོགས་ཀྱིས་ཉེས་པ་བྱས་པའི་ཐ་སྙད་དུ་བྱ་བའི་དགག་བྱ་མ་རྫོགས་པའི་ཕྱིར་རོ། །

གཉིས་པ་མཚན་གྱི་ཡན་ལག

གཉིས་པ་མཚན་གྱི་ཡན་ལག་ནི།

སྲོག་གཅོད་ཕམ་པ་ལ་སོགས་པ་མཚན་ཉིད་ཅི་འདྲ་བའི་ཐུན་མོང་བ་ལྔ་བཅུ་རྩ་ལྔ་པ་ལ་ནི་སྦྱོར་བ་དང་མཐར་ཐུག་གི་བར་དུ་མཚན་གྱུར་པ་མ་ཡིན་པ་འདི་ཡན་ལག་ཏུ་མི་དགོས་ཏེ། མཚན་གྱུར་པ་ནི་དེའི་ཞིང་ཉིད་ཡིན་ནོ་ཞེས་པས་གྲུབ་བོ། །ལྟུང་བ་ལྔ་བཅུ་རྩ་ལྔ་པོ་དེ་དག་མ་གཏོགས་པ་ལྟུང་བ་དངོས་གཞི་གཞན་རྣམས་ལ་ནི། ལྟུང་བ་བསྐྱེད་པའི་རྟེན་དེ་ལྟུང་བའི་སྦྱོར་བ་དང་མཐར་ཐུག་གི་བར་དུ་མཚན་གྱུར་པ་མ་ཡིན་པ་ཡན་ལག་ཏུ་དགོས་ཏེ། སྤྱིར་བསྟན་ལས་ན་སྨད་པའི་དོན་གྱི་སྦྱོར་བ་གང་ཡིན་པ་ཉིད་ལས་སོ། །ཞེས་པའི་ཤུགས་ཀྱིས་གྲུབ་བོ། །སེལ་བ་ནི་ལྟུང་བ་བསྐྱེད་པའི་རྟེན་དེ་སྦྱོར་བ་དང་མཐར་ཐུག་གི་བར་དུ་མཚན་གྱུར་པའོ། །སེལ་བ་དེ་ལ་ཅིར་འགྱུར་ན། བརྡེག་པ་ལྟ་བུ་ལ་མཚོན་ན། དགེ་སློང་ལ་དགེ་སློང་གིས་བརྡེག་པའི་སྦྱོར་བ་བྱས་ནས་རྡེག་པར་བྱེད་པ་པོ་དེ་མཚན་གྱུར་པ་ན་དེ་ལ་ཕོག་སྟེ་མཐར་ཐུག་ན། ལྟུང་བ་ན་སྨད་དུ་འགྱུར་བ་ལྟ་བུ་སྟེ། ལུང་ཞུ་བ་ལས། དགེ་སློང་གིས་དགེ་སློང་ལ་བརྡེག་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་པ་ལ་སོགས་པ་ལུང་ལས་མང་དུ་གསུངས་པས་གྲུབ་བོ། །དེ་ལྟར་ན་ལྟུང་བ་དངོས་གཞི་ཀུན་ཀྱི་ཐུན་མོང་གི་ཡན་ལག་གཉིས་དང༌། ཕལ་ཆེར་ཐུན་མོང་གི་ཡན་ལག་གཉིས་ཏེ།ཐུན་མོང་གི་ཡན་ལག་བཞི་བསྟན་ཟིན་ཏོ། །

གཉིས་པ་ཐུན་མོང་མ་ཡིན་པའི་ཡན་ལག

གཉིས་པ་ཐུན་མོང་མ་ཡིན་པའི་ཡན་ལག་ལ།

གཞིའི་ཡན་ལག་དང༌། བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་གི་ཡན་ལག་དང་བཞི་ལས། དང་པོ་ལ། བགྲོད་པར་བྱ་བའི་ལམ་དང༌། བགྲོད་པར་བྱེད་པའི་ཡན་ལག་དང་གཉིས། དང་པོ་ལ་བཞི་ལས། དང་པོ་ལམ་གསུམ་ལས་གང་ཡང་རུང་བ་ནི། རྩ་བར། བཅུག་རེག་ཉམས་སུ་མྱོང་བར་བྱས་ནའོ། །ཟག་བྱེད་དོ། །དེར་རོ། །མ་ཉམས་པར་རོ། །ཁའམ་བཤང་བའི་ལམ་དུའོ། །ཞེས་སོ། །སེལ་བ་ལམ་གསུམ་ལས་གཞན་པའི་ལུས་ཀྱི་བུ་ག་གཞན་དུ་རྩོལ་ན་ནི། ལྟུང་བ་ན་སྨད་དུ་འགྱུར་ཏེ། གཞན་པའི་བུ་ག་ལུས་ལས་བཅད་པ་ལ་ཡང་ངོ། །ཞེས་སོ། །ལམ་གསུམ་གྱི་བཤང་ལམ་གྱི་སྦུགས་ཀྱི་ཁ་ཤུན་ཕན་ཆད། ཁའི་སོ་ཕན་ཆད། ཟག་བྱེད་ཀྱི་པགས་རིམ་དང་པོ་ཕན་ཆད་ཅིག་དགོས་ཏེ། ས་ག་ལྷས། ཁ་ཤུན་སོ་དང་ལྤགས་པ་ལས། །ནོར་བུ་འདས་ན་ཕས་ཕམ་སྟེ། །ཕྱི་རོལ་ཆར་ནི་ཅི་རིགས་པར། །སྦོམ་པོའམ་དགེ་འདུན་ལྷག་མའོ། །ཞེས་གསུངས་པས་སོ། །

གཉིས་པ་ལམ་མ་ཉམས་པ་ཡིན་པ་ནི་རྩ་བ།

གཉིས་པ་ལམ་མ་ཉམས་པ་ཡིན་པ་ནི་རྩ་བར།

མ་ཉམས་པར་རོ། །ཞེས་སོ། །སེལ་བ་ལམ་གསུམ་སྲོག་ཆགས་ཀྱིས་ཟོས་པ་ལ་སོགས་པས་ཉམས་པར་རྩོལ་ན་ནི། ན་སྨད་དུ་འགྱུར་ཏེ། ཉམས་པ་དག་ལ་ནི་སྦོམ་པོར་རོ། །ཞེས་སོ། ། གསུམ་པ་དང་པོའི་མཐའ་ཕན་ཆད་ཡིན་པ་ནི། ཁའི་དང་པོ་ནི་སོ་ཕན་ཆད་དོ་ཞེས་པ་ལ་སོགས་པ་གསུངས་སོ། །སེལ་བ་སོ་ཚུན་ཆད་ལ་སོགས་པ་མཚམས་ལས་མ་འདས་པར་རྩོལ་ན་ནི། ན་སྨད་དུ་འགྱུར་ཏེ། ཕྱི་རོལ་གྱི་མཚམས་ལ་ཐུག་པར་རོ། །ཞེས་སོ། །བཞི་པ་བསྟེན་དུ་རུང་བ་ལ་གསུམ་ལས། དང་པོ་ཆེ་ཆུང་སྤྲད་པར་བཟོད་པར་ནི། ཡན་ལག་ཐམས་ཅད་དང་དུ་བླང་དུ་རུང་བ་ཉིད་ནི་བསྟེན་པའི་ཕྱིར་མཐུ་དང་ལྡན། ཞེས་སོ། །སེལ་བ་ཆེ་ཆུང་སྤྲད་པར་མི་བཟོད་པ་ལ་རྩོལ་ན་ནི་ན་སྨད་དུ་འགྱུར་ཏེ། མི་རུང་བ་ཉིད་ལ་ནི་ན་སྨད་དོ། །ཞེས་སོ། །

གཉིས་པ་སེམས་ཅན་དུ་བགྲང་བ་ཡིན་པ།

གཉིས་པ་སེམས་ཅན་དུ་བགྲང་བ་ཡིན་པ་ནི།

སྔོན་རྣམ་ཤེས་ལེན་མྱོང་ཡན་ཆད་ཡིན་དགོས་ཏེ། སྐྱེས་པ་ཉིད་དང་མ་ནིང་ཉིད་དང་རོ་ཉིད་དང༌། ཞེས་སོ། །སེལ་བ་ནི་ཤིང་ལ་བུ་མོའི་གཟུགས་བྱས་པ་ལ་སོགས་པ་ལ་རྩོལ་ན་གལ་ཏེ་དབང་པོ་ཙམ་དོད་ན་སྦོམ་པོར་འགྱུར་ཏེ། ཤིང་དང་བ་སོ་དང༌། ཞེས་སོ། །གསུམ་པ་ལམ་དེ་ལུས་ཕྱེད་ཡན་ཆད་ལ་གནས་པ་ནི་བགྲོད་པར་བྱ་བ་ཕྱེད་བཅད་པ་ཉིད་ལ་ཡང་ན་སྨད་པ་མེད་དོ། །ཞེས་སོ། །སེལ་བ་ལུས་ཕྱེད་ཡན་ཆད་ལ་གནས་པ་མ་ཡིན་པའི་ལམ་དུ་རྩོལ་ན་ནི་ན་སྨད་དུ་འགྱུར་ཏེ། མགོ་བཅད་པའི་ཁར་རོ། །ཞེས་སོ། །གཉིས་པ་བགྲོད་པར་བྱེད་པའི་ཡན་ལག་ལ་བཞི་ལས། དང་པོ་ནོར་བུ་དང་ལྡན་པ་ནི། ཡན་ལག་གི་ཐོག་མའི་ཕྱོགས་ཀྱིས་བརྩལ་བ་སྟེ། དེའི་ནོར་བུ་བཅུག་པ་ཉིད་ན། ཞེས་སོ། །སེལ་བ་བལྟབ་སྟེ་རྩོལ་ན་ནི་ན་སྨད་དུ་འགྱུར་ཏེ་བལྟབ་པ་དང༌། ཞེས་སོ། །

གཉིས་པ་ནད་མེད་པ།

གཉིས་པ་ནད་མེད་པ་ནི།

བདེ་བ་ཉམས་མྱོང་གི་གེགས་བྱེད་པའི་ནད་པ་མེད་པ་སྟེ། འོད་ལྡན་རྩ་འགྲེལ་ལས། ནད་མེད་ལས་རུང་དྲུད་ནས་ནི། ཞེས་སོ། །སེལ་བ་བདེ་བ་ཉམས་མྱོང་གི་གེགས་བྱེད་པའི་ནད་དང་བཅས་པས་རྩོལ་ན་ན་སྨད་དུ་འགྱུར་ཏེ། རྩ་བར། ཡན་ལག་གི་རྣམ་པ་རྡོལ་བའི་ཕྱིར་རོ་མ་མྱོང་ན་ཡང་ངོ། །ཞེས་སོ། ། གསུམ་པ་ལས་སུ་རུང་བ་ནི། འོད་ལྡན་རྩ་འགྲེལ་ལས། ནད་མེད་ལས་རུང༌། ཞེས་སོ། །སེལ་བ་ལས་སུ་མི་རུང་བས་རྩོལ་ན་ན་སྨད་དུ་འགྱུར་ཏེ། རྩ་བར། ལས་སུ་མི་རུང་བ་བཅུག་ནའོ། །ཞེས་སོ། ། བཞི་པ་ཡན་ལག་རྒྱུད་དུ་གཏོགས་པ་ནི། ཡན་ལག་ལུས་ལས་ཐ་དད་དུ་མ་བྱས་པ་སྟེ། བསྟེན་པར་བྱེད་པ་ལུས་ལས་ཐ་དད་དུ་བྱས་པ་ཞེས་པའི་ཤུགས་ཀྱིས་གྲུབ་བོ། །སེལ་བ་ཡན་ལག་ལུས་ལས་ཐ་དད་དུ་བྱས་ཏེ་རྩོལ་ན་ན་སྨད་དུ་འགྱུར་ཏེ། ཞུ་བ་ལས། བཅད་དེ་འཛུད་ན་ཉེས་པ་སྦོམ་པོར་རོ། །ཞེས་སོ། །

གཉིས་པ་བསམ་པའི་ཡན་ལག

གཉིས་པ་བསམ་པའི་ཡན་ལག་ནི།

འདུ་ཤེས་དང༌། ཀུན་སློང་སྟེ། ཕམ་པ་དང་པོ་ནི་གཞི་ལ་འདུ་ཤེས་འཁྲུལ་ཡང་ལྟུང་བ་རྫོགས་པར་བསྐྱེད་དེ། དངོས་པོ་གཙོ་བོའི་ལྟུང་བ་ཡིན་པའི་ཕྱིར་ཏེ། མི་ཚངས་པར་སྤྱོད་པ་ལ་ནི་དེར་མ་ཟད་དོ། །ཞེས་དང༌། འོད་ལྡན་རྩ་འགྲེལ་ལས། འཁྲིག་པ་ལ་ནི་འདུ་ཤེས་གཙོར་བྱ་མེད་དེ། ཞེས་གསུངས་སོ། །འདིར་དངོས་པོ་གཙོ་བོར་འཇོག་པའི་རྒྱུ་མཚན་ནི། འཁྲིག་པ་བསྟེན་པ་དེ་འདོད་པ་དང་གནོད་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་དགག་བྱ་ཆེ་བའི་ཕྱིར་དང༌། འདོད་པ་དོན་དུ་གཉེར་བའི་གང་ཟག་ལ་ལྟོས་ཏེ་འབྱུང་ཉེ་ཞིང་སྤང་དཀའ་བའི་ཕྱིར་འདུ་ཤེས་འཁྲུལ་ཡང་ཕམ་པ། མ་འཁྲུལ་ཡང་ཕམ་པ། རང་ལ་སྤྱད་ཀྱང་ཕམ་པ། གཞན་ལ་སྤྱད་ཀྱང་ཕམ་པ། གསོན་པོ་ལ་སྤྱད་ཀྱང་ཕམ་པ། རོ་ལ་སྤྱད་ཀྱང་ཕམ་པ། མི་དང་མི་མ་ཡིན་པ་དང་དུད་འགྲོ་གང་ལ་སྤྱད་ཀྱང་ཕམ་པ་སྐྱེ་བ་ཡིན་པར་དོག་ཏུ་བཀག་པའོ། །ཀུན་སློང་ནི་མི་ཚངས་པར་སྤྱོད་པར་འདོད་པ་རྒྱུན་མ་ཆད་པ་སྟེ། ཕྱུང་བ་ཐམས་ཅད་ལ་མཐའ་ཉིད་མ་གཏོགས་པ་ནི་དགེ་འདུན་ལྷག་མའོ་ཞེས་མི་ཚངས་སྤྱོད་ཀྱི་སྦོམ་པོ་བསྐྱེད་པ་ལ་མི་ཚངས་སྤྱོད་ཀྱི་ཀུན་སློང་དགོས་པར་གསུངས་པས། འདིའི་ཕམ་པ་བསྐྱེད་པ་ལ་འདིའི་ཀུན་སློང་དགོས་པར་གནད་ཀྱིས་སྦྱོར། རྒྱུན་མ་ཆད་པ་ནི། བཏང་བ་ཡང་ངོ་ཞེས་པས་གྲུབ་བོ། ། གསུམ་པ་སྦྱོར་བའི་ཡན་ལག་ནི། ལམ་དང་ཡན་ལག་རེག་ཅིང་རྩོལ་བ་སྟེ། རེག་ཅེས་སོ། །རྩོལ་བ་ནི་ལུང་དང་མདོ་རྩ་འགྲེལ་ལས་མ་བཤད་ཀྱང་འོད་ལྡན་གྱི་རྩ་བ་ལས་དྲུད་ནས་ནི་ཞེས་བཤད་དོ། །དེ་ཡང་ལུང་ལས་ལྷག་མ་དང་པོ་ལ་རྩོལ་བ་ཡན་ལག་ཏུ་གསུངས་ལ། ཕམ་པ་དང་པོ་ལ་ཡང་རྩོལ་བ་ཡན་ལག་ཏུ་དགོས་པར་སྦྱར་ཞེས་འོད་ལྡན་ལས་གསུངས་སོ། །སེལ་བ་རས་འཐུག་པོས་གཡོགས་ཏེ་མི་རེག་པར་འཛུད་ན་སྦོམ་པོར་འགྱུར་ཏེ། རྩ་བར། མ་རེག་པར་འཇུག་པ། ཞེས་སོ། ། བཞི་བ་མཐར་ཐུག་གི་ཡན་ལག་ནི། ལམ་དང་ཡན་ལག་རེག་པ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་ཞིང་བདག་གིར་བྱེད་པ་སྟེ། ཉམས་སུ་མྱོང་བར་བྱས་ནའོ། །ཞེས་དང༌། རྣམ་འབྱེད་ལས། ཤེས་ནས་ཀྱང་བདག་གིར་བྱེད་ན་བསྙིལ་བར་བྱའོ། །ཞེས་སོ། །སེལ་བ་ནི་མཐར་ཐུག་གི་མདུན་རོལ་ཏུ་ན་སྨད་དེ་སྐྲག་པ་དང་ངོ་ཚ་བས། ཞེས་གསུངས་པས་སོ། །སྐྲག་པ་དང་ངོ་ཚ་བས་འཛུད་པ་འདི་ལ་ཕམ་པ་མི་བསྐྱེད་པ་དེ་གང་གི་སེལ་བ་ཡིན་ཞེ་ན། མཐར་ཐུག་བདེ་བ་ཉམས་སུ་མྱོང་བའི་སེལ་བ་སྟེ། ཀུན་ཏུ་འདོད་ཆགས་མ་སྐྱེས་ནའོ་ཞེས་པས་གྲུབ་བོ། ། སྨྱོ་བ་ལ་སོགས་པ་གསུམ་གྱི་ཁྱད་པར་གང་ཞེ་ན། སྨྱོ་བ་ནི་ཤེས་པ་རང་བཞིན་དུ་མི་གནས་པ་དང་གནས་པ་འདྲེས་མར་གནས་པ་ཡིན་ལ། སེམས་འཁྲུགས་པ་ནི་རང་བཞིན་དུ་གནས་པའི་སེམས་མེད་པར་འགྱུར་ཏེ། ཤེས་པ་རང་བཞིན་དུ་མི་གནས་པ་རྒྱུན་ཆགས་སུ་གྱུར་པ་སྟེ། དེ་ལྟར་ཕྲན་ཚེགས་འགྲེལ་པ་ལས་གསུངས་སཽ། །ཚོར་བས་ཉེན་པ་ན་རིམས་ཀྱི་ཚད་པས་སེམས་འཕྱོ་བ་ལྟ་བུ་ནད་ཀྱི་སྟོབས་ཀྱིས་ཤེས་པ་རང་བཞིན་དུ་མི་གནས་པར་གྱུར་པ་སྟེ། དེ་ལྟར་རྒྱ་མཚོའི་སྤྲིན་ལས་བཤད་དོ། །རྒྱུའི་འཁྲུགས་པ་སྟེ། དགེ་ཚུལ་མའི་བསླབ་པ་བཅུ་ནི་མི་འཁྲུགས་ཏེ། གང་ཁས་བླངས་པ་ན་འཁྲུགས་ན། དགེ་སློབ་མས་འཁྲིག་པ་བསྟེན་པའི་ཕྱིར་ཁས་བླངས་ན་སྟེ། རྐུུ་བ་ལ་སོགས་པ་གཞན་གསུམ་བྱེད་པར་ཁས་བླངས་པས་ནི་མི་འཁྲུགས་སོ། །དེ་ཡང་ཆོས་དྲུག་ལ་སོགས་པ་རྣམས་གཙོ་བོར་མི་ཚངས་སྤྱོད་ཀྱི་རྒྱུར་འགྲོ་བ་འགོག་པའི་བསླབ་བྱ་ཡིན་པ་ལ། དངོས་སུ་མི་ཚངས་པར་སྤྱོད་པ་ཁས་ལེན་པ་མཚང་ཆེ་བའི་ཕྱིར་དང༌། རྩ་བ་གཞན་གསུམ་ལ་དེ་ལྟར་མ་ཡིན་པའི་ཕྱིར་རོ། །གང་ལ་ཁས་བླངས་པས་འཁྲུགས་ན། གཞན་སྐྱེས་པ་འཁྲིག་པ་བསྟེན་པའི་མཐུ་ལྡན་ལ་སྟེ། གཞན་དུ་ན་དགག་བྱ་མི་རྫོགས་པའི་ཕྱིར་རོ། །ཚུལ་ཇི་ལྟར་འཁྲུགས་ན། བསླབ་པ་བཏང་བར་གྱུར་པ་སྟེ། ཊཱི་ཀ་ལས། དགེ་སློབ་མ་དེས་བསླབ་པའི་གཞི་རྣམས་འཁྲུགས་པ་ཉིད་དེ་མེད་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །ཞེས་སོ། ། ལྔ་བ་བསླབ་བྱ་ཡོད་དེ། མི་ཚངས་སྤྱོད་ཀྱི་ཉེས་དམིགས་བསམ་ནས་ཡུལ་དུས་གནས་སྐབས་ཐམས་ཅད་དུ་ཉེས་བྱས་ཚུན་ཆད་སྤང་པར་བསླབ་པ་དེ་ཡིན་པའི་ཕྱིར་ཏེ། བམ་ལྔ་ལས། བསླབ་པར་བྱ་ན་ནི་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་མི་ཚངས་སྤྱོད་པའི་སྦྱོར་བའི་སྦྱོར་བ་ཉེས་བྱས་དང༌། སྦྱོར་བ་སྦོམ་པོ་དང༌། དངོས་གཞིར་འགྱུར་བ་རྣམ་པ་ཐམས་ཅད་དུ་བསྟེན་པར་མི་བྱ་བར་བསླབ་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །ཕམ་པ་བཞི་ལས་དང་པོ་མི་ཚངས་སྤྱོད་ཀྱི་ཕམ་པ་བཤད་ཟིན་ཏོ། །

གཉིས་པ་མ་བྱིན་པར་ལེན་པ།

གཉིས་པ་མ་བྱིན་པར་ལེན་པ་ལ།

རྩ་བར། རྐུའམ་རྐུར་བཅུག་པ་དག་གིས་སོ། །མངགས་པས་ཀྱང་ངོ། །མ་བྱིན་ལེན་པའོ། །མ་ཤ་ཀ་ལྔ་ལ་སོགས་པའོ། །རྐུ་སེམས་ཀྱིས་སོ། །མིའི་རྒྱུད་ཀྱི་ཡོངས་སུ་བཟུང་བའོ། །དེར་འདུ་ཤེས་པས་སོ། །ཞེས་སོགས་བྱུང༌། དེའི་དོན་ལ་བཞི་ལས་དང་པོ་གླེང་གཞི་ནི། ཡུལ་རྒྱལ་པོའི་ཁབ་ཏུ་གང་ཟག་དགེ་སློང་ནོར་ཅན་གྱིས་སྤྱིལ་བོའི་ཆེད་དུ་ཉེས་པ་རྒྱལ་པོའི་ཤིང་ཆེན་པོ་མ་བྱིན་པར་བླངས་པ་ལ་བརྟེན་ནས་ཕམ་པར་བཅས་སོ། ། གཉིས་པ་དགག་བྱ་ནི་གཉིས་ལས་ཐུན་མོང་གི་དགག་བྱ་སྔར་བཤད་ཟིན་ཏོ། །ཐུན་མོང་མ་ཡིན་པའི་དགག་བྱ་ནི། མ་བྱིན་པར་ལེན་པའི་བྱ་བ་དང་འབྲེལ་ན་གཞན་གྱི་ལོངས་སྤྱོད་ལ་གནོད་པ་དང༌། རང་འདོད་པ་ཆེས་པའོ། །གསུམ་པ་ལྟུང་བའི་ངོ་བོ་ནི། བཅས་པའི་རྟེན་ཅན་དགེ་སློང་གིས་མི་གཞན་དབང་བའི་རྫས་རིན་ཐང་ཚང་བའི་མཚན་ཉིད་དང་ལྡན་པ་དེ་རྐུ་སེམས་ཀྱིས་སྦྱོར་བ་རང་ངམ་བསྐོས་པས་ལུས་ངག་ཏུ་གྲུབ་ཅིང་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །

བཞི་པ་ཡན་ལག་གི་བརྩི་བ།

བཞི་པ་ཡན་ལག་གི་བརྩི་བ་ནི།

ཐུན་མོང་མ་ཡིན་པའི་ཡན་ལག་བསྟན་པ་དང༌། ཡན་ལག་འགའ་ཞིག་བྱེ་བྲག་ཏུ་བསྟན་པ་དང་གཉིས། དང་པོ་ནི། ཐུན་མོང་གི་ཡན་ལག་སྔར་བཤད་ཟིན་ལ། ཐུན་མོང་མ་ཡིན་པའི་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་རྐུ་བའི་ཡུལ་དང༌། གང་རྐུ་བའི་དངོས་པོའོ། །དང་པོ་ནི། རྫས་དེའི་བདག་པོ་མི་ཡིན་པ་དང༌། གཞན་ཡིན་དགོས་པ་རྩ་བར། རང་གིའོ་ཞེས་པའི་ཤུགས་ཀྱིས་གྲུབ་བོ། །གང་རྐུ་བའི་དངོས་པོ་ནི། མིའི་རྒྱུད་ཀྱིས་བདག་གིར་བྱས་པ་དང༌། རིན་ཐང་ཚང་བ་སྟེ། རྩ་བར། མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བའོ། །ཞེས་དང༌། མ་ཤ་ཀ་ལྔ་ལ་སོགས་པའོ། །ཞེས་པས་སོ། །སེལ་བ་བདག་གིར་མ་བྱས་པ་བརྐུས་ན་སྦོམ་པོར་འགྱུར་ཏེ། ཊཱི་ཀ་ལས། བདག་པོས་དོན་མ་རྟོགས་པའི་གཏེར་བརྐུས་ན་སྦོམ་པོར་གསུངས་པ་ལྟ་བུའོ། །རིན་ཐང་མ་ཚང་བ་བརྐུས་ན་ཡང་སྦོམ་པོར་འགྱུར་ཏེ། རྩ་བར། མ་ཆོག་པ་བརྐུས་ནའོ། །ཞེས་པས་སོ། །

གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་དང༌། ཀུན་སློང་ངོ༌། །

འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་ཡིད་གཉིས་སམ་ངེས་པར་འདུ་ཤེས་མ་འཁྲུལ་བ་སྟེ། ཐམས་ཅད་ལ་ཐེ་ཚོམ་ཟ་བས་ཞུགས་པ་ནི། ཞེས་པ་དང༌། དེར་འདུ་ཤེས་པས་སོ། །ཞེས་པས་སོ། །སེལ་བ་ལྷས་སྦྱིན་གྱི་ནོར་ལ་མཆོད་སྦྱིན་གྱི་ནོར་དུ་འདུ་ཤེས་འཁྲུལ་ཏེ་བརྐུས་པའམ། མིའི་རྫས་ལ་འགྲོ་བ་གཞན་གྱིར་འདུ་ཤེས་ཏེ་བརྐུས་ན་སྦོམ་པོར་འགྱུར་ཏེ། འགྲོ་བ་གཞན་གྱིར་རོ། །ཞེས་པས་སོ། །ཀུན་སློང་ནི་ཆོས་དྲུག་ལྡན་དགོས་ཏེ། གཞན་གྱི་ཡིན་ཏེ། མ་གནང་ཡང་བདག་ཉིད་ཀྱི་དོན་དུ། འཚོ་བའི་ཆེད་དུ། གཏན་དུ་འབྲལ་བར་འདོད་པ་རྒྱུན་མ་ཆད་པའོ། །དེ་ཡང་རང་དང་ཞེས་རང་གི་ཡིན་པའི་སེམས་ཀྱིས་བླངས་ན་ལྟུང་མེད་དུ་གསུངས་པ་དང༌། ཡིད་གཅུགས་པའི་སེམས་དག་གིས། ཞེས་དང༌། གཞན་གྱི་དོན་ཉིད་དུ་ན་ཡང་དངོས་གཞིའི་རྣམ་པའོ། །ཞེས་དང༌། མཆོད་པའི་དོན་དུ་ན་ཉེས་བྱས་སོ། །ཞེས་དང༌། བརྙའ་བ་དང༌། ཞེས་རེ་ཞིག་བརྙའ་བའི་སེམས་ཀྱིས་བླངས་ན་ལྟུང་མེད་དུ་གསུངས་ཤིང༌། རྐུ་སེམས་ཀྱིས་སོ། །ཞེས་དང༌། བཏང་བ་ཡང་ངོ་ཞེས་པས་གྲུབ་སྟེ། གོ་རིམ་བཞིན་ནོ། །ཆོས་དྲུག་ལྡན་ཚང་བ་ལ་བརྐུ་སེམས་དགོས་པ་ཡིན་ན། འོ་ན་འཐག་འཇུག་དང་འཐག་བསྐྱེད་ཀྱི་སྤང་ལྟུང་གཉིས་རྐུ་སེམས་ཀྱིས་ཀུན་ནས་བསླངས་བའི་ལྟུང་བ་ཡིན་པར་ཐལ། སྐབས་དེའི་རྫས་དེ་ཐོབ་འདོད་དེ་རྐུ་སེམས་ཡིན་པའི་ཕྱིར་ཏེ། དེ་འདྲ་ལ་རྐུ་སེམས་ལ་དགོས་པའི་ཆོས་དྲུག་ཚང་བའི་ཕྱིར་ཟེར་བ་དང༌། ཡང་ལས་བྱེད་པ་ལ་གླ་མི་བྱིན་ན་ཕམ་པ་ཡིན་པར་གསུངས་པ་གང་ཞིག དེ་དང་ཀུན་ནས་མཚུངས་པའི་ཕྱིར། དང་པོ་གྲུབ་སྟེ། མཚོ་ཊཱིཀ་འཐག་འཇུག་ཐད་༥༡༤ལས། འགྲེལ་ཆུང་ལས། ལས་བྱེད་པ་ལ་གླ་མ་བྱིན་ན་ཕམ་མོ། །ཞེས་བཤད་དེ་རྐུ་སེམས་བྱུང་ན་མ་བྱིན་ལེན་དང་འཐག་འཇུག་གཉིས་ཀའི་ལྟུང་བ་འབྱུང་སྟེ། གཞི་གཅིག་ལ་སོགས་པའོ། །ཞེས་གསུངས་པ་དང༌། མཚོ་ཊཱིཀ་ལས། དངན་འཐེན་ཞེས་པ་འགྲེལ་ཆུང་ལས། གླར་བླངས་ཏེ་ལས་བྱེད་པར་ལས་གླ་མ་བྱིན་ན་ཕམ་པའོ། །ཞེས་པ་ལྟར་དངན་འཐེན་ལ་རྐུ་སེམས་ཚང་ན་འཐག་འཇུག་གི་ལྟུང་བ་འདི་ལ་རྐུ་སེམས་ཚང་བར་ཐལ། མཚུངས་པའི་ཕྱིར་ཟེར་ན་དཔྱད་པར་ཞུའོ། ། གསུམ་པ་སྦྱོར་བའི་ཡན་ལག་ནི། གང་ལ་བསམ་པའི་དོན་ལ་རྐུ་བའི་སྦྱོར་བ་རང་ངམ་བསྐོས་པས་ལུས་ངག་ཏུ་གྲུབ་པས་ཏེ། བསམ་པ་ནི་དེ་ཉིད་དོ་ཞེས་པ་དང་རྐུའམ་བརྐུར་བཅུག་པ་དག་གིས་སོ། །ཞེས་དང༌། ཊཱི་ཀ་ལས། ཐམས་ཅད་དུ་ཡང་བསྡམ་པར་བྱ་བ་ཞེས་བྱ་བ་ནི་ཡིད་ཀྱི་ཉེས་བྱས་ཡིན་པར་རིག་པར་བྱའོ། །ཞེས་པས་སོ། །སེལ་བ་གང་ལ་བསམས་པ་ལས་གཞན་དུ་སྦྱོར་བ་འཁྱོགས་ཏེ། ལྷས་སྦྱིན་གྱི་རྫས་བཀྲུ་བར་བསམས་པ་ལས་མཆོད་སྦྱིན་གྱི་རྫས་རྐུ་ན་སྦོམ་པོར་འགྱུར་རོ། །

བཞི་པ་མཐར་ཐུག་གི་ཡན་ལག

བཞི་པ་མཐར་ཐུག་གི་ཡན་ལག་ནི།

རྐུ་བའི་སྦྱོར་བ་དེའི་རྐྱེན་གྱིས་ཐོབ་བློ་སྐྱེས་པ་སྟེ།ཐུབ་པ་དགོངས་རྒྱན་ལས། བརྐུས་ནས་ཐོབ་བོ་སྙམ་སྟེ་རྣམ་པར་དབུགས་ཕྱུང་ནས་གནས་ནའོ། །ཞེས་སོ། །སེལ་བ་ནི་མཐར་ཐུག་གི་མདུན་རོལ་ཏུ་ན་སྨད་དེ། སྡེ་ཚན་དེ་ལ་གལ་ཏེ་དངོས་གཞི་ཡིན་ན་སྦོམ་པོའོ། །ཞེས་སོ། ། གཉིས་པ་ཡན་ལག་འགའ་ཞིག་བྱེ་བྲག་ཏུ་བསྟན་པ་ལ། རྐུ་བ་མུ་དགུ་སོགས་བཤད་པ་དང༌། རིན་ཐང་གི་ཚད་དང༌། རྫས་དེ་གང་ལ་དབང་བ་དང༌། སེལ་བ་དང༌། མ་བྱིན་ལེན་གྱི་མཐར་ཐུག་གཏན་ལ་དབབ་པ་དང༌། ཤོ་གམ་བཤད་པ་དང༌། བརྐུ་བྱའི་རྫས་བདག་ཏུ་བཟུང་བ་དགོས་པ་དང་བདུན་ལས། དང་པོ་ནི། རྐུ་བའམ་བརྐུར་བཅུག་པ་དག་གིས་སོ་ཞེས་པ་ནི་རྣམ་འབྱེད་ལས་རྐུ་བ་མུ་དགུ་གསུངས་ཏེ། བདག་ཉིད་ཀྱིས་བརྐུ་བ་དང༌། བདག་ཉིད་ཀྱིས་བརྐུར་འཇུག་པ་དང༌། བདག་ཉིད་ཀྱིས་གནས་ནས་གནས་སུ་སྦེད་པ་དང་གསུམ་ནི། རྐུ་བའི་སྦྱོར་བ་རང་གིས་བྱེད་པ་དང༌། གཞན་བསྐོས་ནས་སྦྱོར་བ་མངོན་སུམ་དུ་བྱེད་དུ་འཇུག་པ་དང༌། རང་གི་རྫས་སྣང་བའི་གནས་ནས་མི་སྣང་བའི་གནས་སུ་སྤགས་པའོ། །བྱིན་གྱིས་བརླབས་ནས་བརྐུ་བ་དང༌། བྱིན་གྱིས་བརླབས་ནས་བརྐུར་འཇུག་པ་དང༌། བྱིན་གྱིས་བརླབས་ནས་གནས་ནས་གནས་སུ་སྦེད་པ་དང་གསུམ་ནི། བརྙས་པའམ་བཅོལ་བའི་རྫས་དེ་དང་པོར་བྱིན་གྱིས་བརླབས། བར་དུ་བདག་གིར་གཟུང༌། ཐ་མར་བདག་གིར་ཞེན་པར་བྱས་ནས། སྦྱོར་བ་སྙོན་ཅིང་ཁས་མི་ལེན་པ་དེ་བདག་ཉིད་ཀྱིས་བྱེད་པ་དང༌། དེ་ལྟ་བུའི་སྦྱོར་བ་དེ་གཞན་ལ་བཅོལ་ནས་བྱེད་དུ་འཇུག་པ་དང༌། རེ་ཐག་མ་ཆད་པའི་གནས་ནས་ཆད་པའི་གནས་སུ་སྤགས་པའོ། །བང་ཆེན་གྱིས་བརྐུ་བ་དང༌། བང་ཆེན་གྱིས་བརྐུར་འཇུག་པ་དང༌། བང་ཆེན་གྱིས་གནས་ནས་གནས་སུ་སྦེད་པ་དང་གསུམ་ནི། ཐག་རིང་པོར་ཕོ་ཉ་བཏང་ནས་རྐུ་བ་དང༌། ཕོ་ཉ་དེས་ཀྱང་ཕོ་ཉ་གཞན་བཏང་ནས་བརྐུར་འཇུག་པ་དང༌། བང་ཆེན་གྱིས་བརྐུ་བྱའི་རྫས་དེ་གནས་གང་ན་ཡོད་པ་དེ་ནས་གནས་གཞན་དུ་སྤགས་པའོ། །དགུ་པོ་དེ་སྔ་མ་དྲུག་གིས་སྦྱོར་བ་བསྟན་ལ། གནས་ནས་སྤགས་པ་གསུམ་གྱིས་མཐར་ཐུག་བསྟན་པའོ་ཞེས་ཉེར་སྦས་ཀྱིས་བཤད་དོ། ། ཟླ་བ་ནོར་བུས་ནི་སྔ་མ་དྲུག་གིས་སྦྱོར་བ་དང་མཐར་ཐུག་གཉིས་ཀ་བསྟན་ལ། གནས་ནས་སྤགས་པ་གསུམ་གྱིས་མཐར་ཐུག་བསྟན་ཏེ། རྣམ་གྲངས་ཀྱི་ཚིག་ཡིན་ཞེས་བྱའོ། །ཉེར་སྦས་ཀྱི་ཞལ་ནས་བཅོམ་ལྡན་འདས་ཀྱི་གསུང་ཟློས་བུ་ཅན་དུ་འགྱུར་ལ། དེ་ལྟར་ན་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཟློས་བུ་མི་མངའ་བར་སྟོན་པ་ཡིན་ནོ་ཞེས་གསུངས་པ་དང་འགལ་ཞེའོ། །དེ་ལ་ཕྱིར་མི་འོང་གློས་མི་འབེབས་ན་རེ་གདུལ་བྱའི་དབང་གིས་ཟློས་ཀྱང་སྐྱོན་དུ་མི་འགྱུར།ཞེས་གསུངས་ཀྱང༌། ཉེར་སྦས་ཀྱི་བཤད་ལུགས་སངས་རྒྱས་ཀྱི་གསུང་ལ་ཟློས་བུ་མེད་པ་དེ་ལེགས་པ་ཡིན་ནོ། །དེ་རྣམས་ཀྱང་བདག་ཉིད་ཀྱིས་རྐུ་བ་དང༌། བྱིན་གྱིས་བརླབས་ནས་རྐུ་བ་གཉིས་ནི་རྐུའམ་ཞེས་པས་བསྡུས་སོ། །བདག་ཉིད་ཀྱིས་བརྐུར་འཇུག་པ་དང༌། བྱིན་གྱིས་བརླབས་ནས་བརྐུར་འཇུག་པ་གཉིས་ནི། བརྐུར་བཅུག་པ་ཞེས་པས་བསྡུས་ལ། བང་ཆེན་གྱིས་རྐུ་བ་དང༌། བརྐུར་འཇུག་པ་གཉིས་ནི། མངགས་པས་ཡང་ངོ་ཞེས་པས་བསྡུས་སོ། །གནས་ནས་གནས་སུ་སྦེད་པ་གསུམ་ནི། མཐར་ཐུག་པའི་སྐབས་ཀྱི་གཞུང་གིས་ཅི་རིགས་པར་བསྡུས་པའོ། །མ་བྱིན་པའོ་ཞེས་པ་ནི། ལུང་རྣམ་འབྱེད་ལས། སྐྱེས་པའམ་བུད་མེད་དམ་མ་ནིང་གིས་མ་བྱིན་པ། ཞེས་གསུངས་སོ། །ཞེས་རྐུ་བ་མུ་དགུ་འདི་ནི་མཚོ་ཊཱིཀ་གི་གསུངས་ཟིན་ལྟར་བྲིས་པའོ། །སྦྱོར་བ་ལ་རྐུ་སེམས་དེ་མེད་ཀྱང་དངོས་གཞིའི་དུས་ན་རྐུ་སེམས་དེ་ཡོད་ན་དངོས་གཞི་དེ་མ་བྱས་པ་ཉིད་མ་ཡིན་ཏེ། ཊཱི་ཀ་ལས། དངོས་གཞིའི་ལྟུང་བ་རྫོགས་པར་འགྱུར་རོ། །ཞེས་སོ། །འདིར་འགྲེལ་ཆུང་ལས། རྐུ་སེམས་མེད་པར་ནོར་ཞིག་བླངས་ནས་འཕྲལ་ལ་རྐུ་སེམས་བྱུང་སྟེ་བརྐུས་ན་ཉེས་བྱས་དང་སྦོམ་པོ་ནི་མེད་ཕམ་པར་ནི་འགྱུར་ཞེས་བཤད་དེ། ཁད་རིང་བའི་སྦྱོར་བ་ལ་རྐུ་སེམས་མེད་ཀྱང་ཁད་ཉེ་བའི་སྦྱོར་བ་སྟེ་མཐར་ཐུག་སྐད་ཅིག་སྔ་ལོགས་ལ་སོགས་པ་ན་རྐུ་སེམས་ཡོད་པས་སྦྱོར་ལྟུང་མེད་པའི་ཕམ་རྐྱང་དེ་མི་རིགས་པར་སེམས་སོ། །ནན་ཁུགས་ནི་དབང་གིས་མནན་ཅིང་ལེན་པ་སྟེ། ཊཱི་ཀ་ལས། ནན་ཁུགས་ནི་མཐུས་རྐུ་བའོ། །དངན་ཐེན་ནི་རྫས་ཁྱེར་བ་མི་སྟེར་བའོ། །ཞེས་སོ། །དངན་ཐེན་ཞེས་པ་འགྲེལ་ཆུང་ལས་གླར་བླངས་ཏེ་ལས་བྱེད་པ་ལས་གླ་མ་བྱིན་ན་ཕམ་པའོ། །ཞེས་སོ། །འདིར་གཞུང་ནི་ཞུ་བ་ལས། བཙུན་པ་རྐུ་བ་རྣམ་པ་དུ་མཆིས། ཉེ་བར་འཁོར་དྲུག་སྟེ། ནན་ཁུགས་ཀྱིས་རྐུ་བ་དང༌། སྒྱུ་ཐབས་ཀྱིས་རྐུ་བ་དང༌། གཏམས་པ་རྐུ་བ་དང༌། ཕྱིར་བསབ་པ་རྐུ་བ་དང༌། དངན་ཐེན་གྱིས་རྐུ་བ་དང༌།ཆོས་རྐུ་བའོ། །དེ་དག་ལས་དུ་ཞིག་གིས་མཐར་འགྱུར། ཆོས་རྐུ་བ་མ་གཏོགས་པ་གཞན་ཐམས་ཅད་ཀྱིས་མཐར་འགྱུར་རོ། །ཞེས་གསུངས་སོ། །ཊཱི་ཀ་ལས། ཆོས་རྐུ་བ་ནི་མདོ་སྡེ་ལ་སོགས་པའི་ཆོས་བློ་ལ་འཛིན་པ་སྟེ། དེ་ལ་ནི་རྐུ་སེམས་ཀྱིས་ཀུན་ཏུ་སྤྱོད་པ་མེད་དོ། །ཞེས་སོ། །ནན་ཁུགས་དང་དངན་ཐེན་གཉིས་འདིར་སྨོས་པ་ནི་འཇིག་རྟེན་ན་རྐུ་བ་ཞེས་མ་གྲགས་པས་བརྐུས་པ་མ་ཡིན་ནམ་སྙམ་དུ་དོགས་པ་བཅད་པའོ། །ཡང་གཅིག་གིས་གཅིག་ལ་རྐུ་བ་དང༌། གཅིག་གིས་དུ་མ་ལ་རྐུ་བ་དང༌། དུ་མས་གཅིག་ལ་རྐུ་བ་དང༌། དུ་མས་དུ་མ་ལ་རྐུ་བ་དང༌། མུ་བཞི་ཡོད་དེ། མུ་དང་པོ་ནི་སྔར་བསྟན་པ་ཕལ་ཆེ་བ་རྣམས་དེའི་དབང་དུ་བྱས་སོ། །མུ་གཉིས་པ་ནི་དབྲལ་བར་བྱ་བ་ཞེས་ཏེ། བགོད་རྫས་ཀྱི་འབྲུའི་ཕུང་པོ་རྐུ་བ་ལྟ་བུ་ལ་དབྲལ་བར་བྱ་བ་རྫས་ཀྱི་བདག་པོ་དུ་མ་ཡིན་ན། རྫས་ཀྱི་བདག་པོ་དུ་མ་དེའི་རིན་ཐང་གི་ཆ་སོ་སོ་ཉིད་དུ་བརྩིའོ། །རིན་ཐང་སྤྱིར་བསྡོམས་ཏེ་མི་བརྩིའོ། །མུ་གསུམ་པ་ནི་རྐུན་པོ་རྣམས་ཀྱང་དུ་མ་ཉིད་ཡིན་ན་དེའི་ཆ་སོ་སོའོ་ཞེས་སྔ་མར་སྦྱར་ཏེ། རིན་ཐང་སྤྱིར་བསྡོམས་ཏེ་མི་བརྩིའོ། །རིན་ཐང་གི་ཆ་སོ་སོར་བརྩི་བ་འདི་ནི་བགོད་རྫས་ལའོ། །འཇོག་རྫས་ལ་ནི་རིན་ཐང་ཚང་བ་གཅིག་གིས་ཆོག་སྟེ། འོད་ལྡན་རྩ་བ་ལས། དགེ་འདུན་ཆེད་བྱས་སྐལ་བ་མི་བརྟག་སྟེ། ཞིང་བགོ་མིན་ཕྱིར། ཞེས་གསུངས་སོ། །མུ་བཞི་པ་ནི། ཊཱི་ཀ་དང་འོད་ལྡན་ལས་དོན་འདི་ལྟར་བཤད་དེ། བདག་པོ་བཅུ་དབང་བའི་བགོད་རྫས་འབྲུའི་ཕུང་པོ་གཅིག་ལ། དགེ་སློང་བཅུས་བགོད་རྫས་སུ་བརྐུས་ན་དགེ་སློང་རེ་རེས་བདག་པོ་རེ་རེ་ལ་ལྟོས་པའི་རིན་ཐང་ཚང་བ་རེ་ཐོབ་ན་ཕམ་པར་འགྱུར་གྱི་སྤྱིར་བསྡོམས་ཏེ་རིན་ཐང་ཚང་བས་ནི་ཕམ་པར་མི་འགྱུར་རོ། །དཔེར་ན་རིན་ཐང་གི་ཚད་ནས་ཁལ་གཅིག་ཡིན་པ་དབང་བཙན་དུ་བྱས་ན། བདག་པོ་བཅུས་བགོད་རྫས་སུ་བྱེད་པའི་ནས་ཀྱི་ཕུང་པོ་གཅིག་ལ་དགེ་སློང་བཅུས་བགོད་རྫས་སུ་བརྐུས་ན་ནས་ཁལ་བརྒྱ་ཐོབ་ན། ཕམ་པ་བརྒྱ་འབྱུང་སྟེ། དགེ་སློང་བཅུ་པོ་རེ་རེས་རིན་ཐང་ཚང་བ་རེ་རེ་ཐོབ་སྟེ། རིན་ཐང་ཚང་ན་དེ་ལ་ཕམ་པ་བཅུ་བཅུ་འབྱུང་ལ་ནས་ཁལ་བརྒྱར་གཅིག་གིས་མ་ཆོག་པར་ཐོབ་ན་སྦོམ་པོ་བརྒྱ་འབྱུང་བ་ལྟ་བུའོ། །རྩ་བར། ཡོངས་སུ་འཛིན་པ་དང་བཅས་པའི་དུར་ཁྲོད་ནས་ལེན་པའོ། །ཞེས་པ་འདི་ལ། འགྲེལ་བ་མཁན་གྱི་བཤད་ལུགས་གཉིས་ལས། འོད་ལྡན་ལྟར་ན། དོན་ལ་བདག་པོ་ཡོད་ཅིང་བསམ་པས་ཡོངས་སུ་འཛིན་པ་དང་བཅས་པའི་དུར་ཁྲོད་ནས་རོ་གོས་ལ་སོགས་པ་དགེ་སློང་གིས་རྐུ་སེམས་ཀྱིས་ལེན་ན་སྦོམ་པོ་བསྐྱེད་པའོ། །འདི་ལ་མ་བྱིན་ལེན་གྱི་ཕམ་པ་མི་བསྐྱེད་དེ། དངོས་པོ་མི་དམན་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །དེ་ཡང་འོད་ལྡན་ལས། འཇིག་རྟེན་ན་དུར་ཁྲོད་པའི་རྫས་ཐ་ཆད་ཡིན་པས་མངོན་པར་ཞེན་པ་ཤིན་ཏུ་ཞན་པའི་ཕྱིར་དམན་པ་སྦོམ་པོར་འགྱུར། ཞེས་དང༌། དེ་དང་འདྲ་བར་སྡོམ་གསུམ་དཔག་བསམ་སྙེ་མ་ལས། དངོས་པོ་ཁ་ཟས་དང་དུར་ཁྲོད་རྫས་སོགས་དམན་པ་མ་ཡིན་པ། ཞེས་དང༌། འདུལ་བ་བདུད་རྩིའི་ཉིང་ཁུ་ལས།དུར་ཁྲོད་ཀྱི་རྫས་ལྟ་བུ་དམན་པ་མིན་པའོ། །ཞེས་གསུངས་སོ། །སློབ་དཔོན་ཡོན་ཏན་འོད་དང་དྷརྨ་མི་ཏྲ་ནི་དེ་ལྟར་མི་བཞེད་དེ་རང་གི་རྣམ་བཤད་ལས། དུར་ཁྲོད་ནས་ལེན་པའོ་ཞེས་བྱ་བ་ནི་འདིར་ལེན་པའི་བདག་ཉིད་ཅན་ཡོངས་སུ་འཛིན་པ་དང་བཅས་པ་ཉིད་ལ་ཕམ་པར་བཅས་པ་ཉིད་དོ། །ཞེས་གསུངས་ཤིང༌། ཊཱི་ཀ་ལས། དུར་ཁྲོད་འདི་ཐམས་ཅད་བདག་གིའོ་ཞེས་བདག་པོས་བདག་གིར་བྱས་པ་གང་ཡིན་པ་དེ་བརྐུས་ན་ནི་ཕམ་པར་འགྱུར་རོ། །ཞེས་སོ། །དེ་དང་མཐུན་པར་འགྲེལ་ཆུང་ལས་ཀྱང༌། དུར་ཁྲོད་ཀྱི་རོའི་རྫས་ལ་རྣམ་པ་བཞི་སྟེ། རྒྱལ་པོས་འཚོ་བ་རོའི་རྫས་ལ་གཏད་པ་དང༌། ལས་བྱེད་པའི་ཕྱིར་རོའི་རྫས་ལ་གཏད་པ་དང༌། དཔྱ་དབུལ་བའི་ཕྱིར་རོའི་རྫས་ལ་གཏད་པ་དང་གསུམ་ལ་བརྐུས་ན་ནི་ཕམ་པའོ། །གསོད་པའི་གཤེད་མར་བཏང་སྟེ་རོའི་རྫས་ལ་བྱིན་པ་ལས་བརྐུས་ན་སྦོམ་པོའོ། །ཞེས་བཤད་དེ་ཐ་མ་ནི་ངའི་འོ་ཞེས་བསམ་པས་ཡོངས་སུ་བཟུང་ཡང་དོན་ལ་མི་དབང་བས་བདག་པོ་མེད་པའི་དབང་དུ་བྱས་ལ་དང་པོ་གསུམ་ནི་དོན་ལ་དབང་བའི་དབང་དུ་བྱས་ཏེ་བརྐུས་ན་ཕམ་པའོ། །འོན་ཀྱང་མདོ་རྩ་བ་ལས་སྦོམ་པོར་བསྟན་པ་འདི་གང་གི་སེལ་བ་ཡིན་ཞེ་ན། བདག་པོའི་སེལ་བ་སྟེ། ཊཱི་ཀ་ལས། དུར་ཁྲོད་ཀྱི་རྫས་དེ་དག་ལ་བདག་པོ་ཉིད་མེད་མོད་ཀྱི། འོན་ཀྱང་བཀྲེན་པ་ལ་སོགས་པས་འདི་བདག་གིས་འཐོབ་སྙམ་དུ་དེ་ལ་བདག་གིར་བྱ་བའི་བློ་སྐྱེ་བ་དེ་གལ་ཏེ་དགེ་སློང་གིས་རྐུ་སེམས་ཀྱིས་ལེན་ན་སྦོམ་པོར་འགྱུར་བའོ། །ཞེས་གསུངས་སོ། །དེ་ལྟར་ན་དོན་ལ་བདག་པོ་མེད་ཅིང་བསམས་པས་ཡོངས་སུ་འཛིན་པ་དང་བཅས་པའི་དུར་ཁྲོད་ནས་རོ་གོས་ལ་སོགས་པ་དགེ་སློང་གིས་རྐུ་སེམས་ཀྱིས་དེ་བླངས་ན་སྦོམ་པོ་བསྐྱེད་པའོ། །འདི་ལ་མ་བྱིན་ལེན་གྱི་ཕམ་པ་མི་བསྐྱེད་དེ། དོན་ལ་བདག་པོ་མེད་པས་བདག་པོའི་ཡན་ལག་མ་ཚང་བའི་ཕྱིར་རོ། ། དེ་ལྟར་བཤད་ལུགས་གཉིས་ལས་བླ་མ་རྣམས་ནི་འོད་ལྡན་གྱི་རྗེས་སུ་འབྲང་ཡང༌། ཁོ་བོ་ནི་མདོ་རྩ་བའི་རང་འགྲེལ་དང་ཊཱི་ཀའི་རྗེས་སུ་འབྲང་སྟེ། དུར་ཁྲོད་ནས་བྱུང་བའི་རྫས་ཡིན་པར་ཤེས་བཞིན་དུ་གསེར་མང་དུ་འཇལ་བ་མཐོང་བས་ན། འདི་བརྐུས་ན་དངོས་པོ་དམན་པའི་ཆ་ནས་ཕམ་པ་མི་བསྐྱེད་པར་འཆད་པ་དེ་མི་རིགས་སོ་སྙམ་མོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །དེ་ལྟར་འདུལ་བའི་ལག་ལེན་དོག་མཐའ་ནས་གཟུང་ན་ལེགས་སོ། །ནད་པ་ལ་སོགས་པ་དག་གིས། གཞན་དགེ་འདུན་གྱི་དོན་དུ་བྱིན་པའི་རྫས་དེ་ནད་གཡོག་ལ་སོགས་པས་བགོད་པ་ཡང་སྦོམ་པོའོ། །འདི་ལ་ཕམ་པ་མི་བསྐྱེད་པ་ནི། ཊཱི་ཀ་ལས། དགེ་འདུན་གྱིས་མ་ཚོར་བས་དེ་ལ་བདག་གིར་བྱ་བའི་སེམས་མི་སྐྱེ་བའི་ཕྱིར། ཞེས་སོ། །ཟན་དྲོན་དང་འབྲས་ཆན་དང་ཕྱེ་དང་ཞེས་པ་ནི་ཟན་དྲོན་དང་ཕྱེ་ལ་སོགས་པ་མི་དབང་བའི་བསོད་སྙོམས་ལེན་ན་སྦོམ་པོའོ། །འདི་གང་གི་སེལ་བ་ཡིན་ཞེ་ན། འོད་ལྡན་ལས། ཅིའི་ཕྱིར་མཐར་མི་འགྱུར་ཞེ་ན། ཁ་ཟས་ལ་མངོན་པར་ཞེན་པའི་བསམ་པ་ཞན་པའི་ཕྱིར་ཉེས་པ་སྦོམ་པོ་ཁོ་ནར་མངོན་གྱི། རིན་ཐང་མ་ཚང་བའི་ཕྱིར་ནི་མ་ཡིན་ཏེ། རིན་ཐང་བརྩི་བར་བྱའོ་ཞེས་མ་གསུངས་པའི་ཕྱིར་རོ། །ཞེས་གསུངས་སོ། །འོ་ན་མུ་གེའི་ཚེ་ན་ཟན་དྲོན་དང་འབྲས་ཆན་དང་ཕྱེ་ཁལ་བརྒྱ་བརྐུས་ཀྱང་ཕམ་པ་མི་བསྐྱེད་པར་ཐལ་བར་འགྱུར་ཏེ་ཧ་ཅང་ཐལ་ཆེས་སོ། །དེས་ན་སྐབས་འདིར་སྦོམ་པོར་གསུངས་པ་ནི་མི་དབང་བའི་བསོད་སྙོམས་ཉུང་ཤས་ལེན་པ་དེ་རིན་ཐང་མ་ཚང་བའི་དབང་དུ་བྱས་ནས་ལུང་ལས་སྦོམ་པོར་གསུངས་སོ་ཞེས་རིགས་སོ། །རྙེད་པ་བགོད་པ་ན་དགེ་སློང་རང་གི་སྐལ་བ་གཞན་གྱིས་བླངས་ཟིན་པ་ལ་བླངས་ཟིན་པར་རྒྱུས་མི་ཤེས་པས་སླར་ཡང་རང་སྐལ་རང་གིས་ལེན་པ་དང་སློབ་མ་གཉིས་ཀྱིས་མཁན་པོའི་སྐལ་བ་སོ་སོར་བླངས་པ་ལྟ་བུ་གཞན་གྱི་སྐལ་བ་གཞན་གྱིས་བླངས་ཟིན་པ་ལ་བླངས་ཟིན་པར་རྒྱུས་མི་ཤེས་པར་སླར་ཡང་གཞན་གྱི་སྐལ་བ་ལེན་པ་ནི། ལེན་པ་དེ་ཉེས་མེད་ཀྱི་གཞི་ཡོད་པ་སྟེ། ཉེས་མེད་ཀྱི་གཞི་མེད་པ་ཉིད་མ་ཡིན་པས་ཉེས་པ་མེད་དོ། །འགྲེལ་ཆུང་ལས། སླར་ཕུལ་ན་ཉེས་པ་མེད་དོ། །ཞེས་སོ། །ཁོ་བོའི་སྐལ་བ་ཁྱེད་ཀྱིས་ལོང་ཞིག་ཅེས་མ་བཅོལ་བས་གཞི་མེད་པ་ཉིད་མ་ཡིན་ནོ་ཞེས་པ་ནི་ཊཱི་ཀ་ལས་ཁོ་བོའི་སྐལ་བ་ཁྱོད་ཀྱིས་ལོང་ཞིག་ཅེས་མ་བཅོལ་བར་གཞན་ཞིག་གིས་གཞན་གྱི་སྐལ་བ་མི་དབང་བ་བླངས་ན། བདག་པོར་གྱུར་པ་དེ་ལ་མི་དབང་བ་བླངས་པའི་ཉེས་པ་མེད་དེ། རང་གིས་མ་བླངས་པའི་ཕྱིར་དང༌། གཞན་ལ་ཡང་མ་བཅོལ་བའི་ཕྱིར་རོ། །ཞེས་གསུངས་སོ། ། གཉིས་པ་རིན་ཐང་གི་ཚད་ནི། རྩ་བར། མ་ཤ་ཀ་ལྔ་ལ་སོགས་པའོ་ཞེས་པ་སྟེ། ལུང་རྣམ་འབྱེད་ལས། མ་ཤ་ཀ་ལྔ་བརྐུས་ན་ཕམ་པར་འགྱུར། ཞེས་གསུངས་ཏེ། མགྲོན་བུ་བཞི་བརྒྱ་ཙམ་ཞིག་བརྐུས་ན་ཕམ་པ་བསྐྱེད་པའོ། །ཊཱི་ཀ་ལས། དེང་སང་ནི་པ་ཎ་བཞི་བརྐུས་ན་ཕམ་པར་འགྱུར་ཏེ། ཀར་ཤ་པ་ཎ་གཅིག་ནི་པ་ཎ་བཅུ་དྲུག་གི་ཚད་ཡིན་པའི་ཕྱིར་རོ་ཞེས་གསུངས་ཏེ། མགྲོན་བུ་སུམ་བརྒྱ་དང་ཉི་ཤུ་ཙམ་ཞིག་བརྐུས་ན་ཕམ་པ་བསྐྱེད་པའོ། །དེ་གཉིས་ཀ་ཡང་ཀཱ་རི་ཀ་ལས། ཀར་ཤ་པ་ཎའི་བཞི་ཆ་གཅིག །དེ་བརྐུས་ཚུལ་ཁྲིམས་ཞིག་པར་འགྱུར། །ཞེས་པ་དེ་དང་མཐུན་པ་ཡིན་ནོ། །ཀ་རི་ཀའི་འགྲེལ་བ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་ལས། རྒྱ་གར་གྱི་རིན་ཐང་སྦྱོར་ན་དངུལ་ཞོ་གཅིག་ཙམ་བརྐུས་ན་ཕམ་པར་འགྱུར་རོ། །ཞེས་གསུངས་སོ། །འགྲེལ་པ་དེ་ཉིད་དུ་གཞན་འདོད་བཀོད་པ་ལས། ཁ་ཅིག་གིས་ནི་དངུལ་ཞོ་བརྒྱད་ཆ་གཅིག་ལ་བྱ་སྟེ།དེ་ཙམ་གྱིས་རིན་ཐང་བརྩིའོ་ཞེས་བཤད་དོ། །དེ་དང་མཐུན་པར་འགྲེལ་ཆུང་ལས། སངས་རྒྱས་བཞུགས་པའི་ཚེ་ནའང་དངུལ་སྐྱ་ཞོ་གཅིག་གི་བརྒྱད་ཆ་གཅིག་གིས་ཕམ་ཞེས་བཤད་དེ། ཀར་ཤ་པ་ཎ་ནི་དངུལ་ཞོ་ཕྱེད་ལས་བྱས་པའི་དོང་ཙེའི་རྣམ་པ་འདྲ་བ་སྟེ། དེའི་ཆ་བཞིར་བརྩིས་པས་དངུལ་སྐྱ་ཞོ་གཅིག་གི་བརྒྱད་ཆའོ། །ཏཱ་ར་ནཱ་ཐའི་བཤེས་ཕྲིན་རྣམ་བཤད་༢༢༤ལས། རིན་ཐང་ཚང་པའི་དངོས་པོ་མ་ཤ་ཀ་ལྔ་འམ་ཀར་ཤ་པ་ཎི་བཞི་ཆ་སྟེ། ཞེས་སོ། །འོད་ལྡན་ལས། དགེ་སློང་ལ་ནི་ཁལ་བཞི་ལྷག་པར་གྱུར་ན་དེ་དག་གི་རིན་ཐང་གི་ལྟུང་བ་ཡིན་ནོ། །ཞེས་གསུངས་ཏེ། མཚོན་པ་ཙམ་ཡིན་ནོ། །སུམ་བརྒྱ་པའི་འགྲེལ་པ་སློབ་མ་ལ་ཕན་པ་ལས། ཁལ་ཕྱེད་བརྐུས་ན་ཕམ་པར་འགྱུར། ཞེས་སོ། །དེ་ཡང་མཚོན་པ་ཙམ་སྟེ་ངེས་གཟུང་མ་ཡིན་ནོ། །ཞེས་མཚོ་ཊཱིཀ་ལས་སོ། །དེ་ལྟར་གཞུང་རྣམས་ལས་བཤད་ཚུལ་མང་ན། རིན་ཐང་ཇི་ལྟར་བརྩི་ཞེ་ན། མཚོ་ཊཱིཀ་ལྟར་ན་གཞུང་དེ་རྣམས་ཐམས་ཅད་ཀྱང་གསོད་པའི་ཆད་པའི་རིན་ཐང་གི་ཚད་དང་མཉམ་པ་མཚོན་པར་དགོངས་ཏེ། དེ་ལྟར་ན་ཡུལ་དུས་དེ་ན་རྒྱལ་ཁྲིམས་ཡོད་ན་ཚད་ཇི་ཙམ་ཞིག་བརྐུས་ན་གསོད་པའི་ཉེས་པ་ཡོད་པ་དེ་ཙམ་གྱིས་ཕམ་པར་འགྱུར་བའོ། །འདི་ལ་ལུང་རིགས་གཉིས་ལས། ལུང་རྣམ་འབྱེད་ལས། མ་ཤ་ཀ་ལྔ་བརྐུས་ན་རྒྱལ་པོ་མ་སྐྱེས་དགྲས་གྱོད་ལ་བཀྲེ་ཞིང་སྲོག་དང་འབྲལ་བར་བྱེད་པ་དེ་བཞིན་དུ་དགེ་སློང་གིས་མ་ཤ་ཀ་ལྔ་བརྐུས་ན་ཕམ་པར་འགྱུར།ཞེས་གསུངས་ཏེ། གསོད་པའི་ཆད་པའི་ཚད་དང་རིན་ཐང་མཉམ་སྟེ་བཅས་པ་མཛད་པ་དེ་ནི་འདིའི་ལུང་ཡིན་ནོ། །རིགས་པས་ཀྱང་སངས་རྒྱས་ཀྱིས་རང་གི་ཉན་ཐོས་རྣམས་ཉེས་པ་ལས་བཟློག་པར་བྱེད་པ་དང༌། རྒྱལ་པོས་རང་གི་མི་སྡེ་རྣམས་ཉེས་པ་ལས་བཟློག་པར་བྱེད་པ་ལ་ཆད་པ་རབ་ཕམ་པའི་ཆད་པ་དང༌། ཆད་པ་རབ་གསོད་པའི་ཆད་པ་སྟེ། རང་རང་གི་ཆད་པ་རབ་ཀྱི་རིན་ཐང་དུ་མཚུངས་པའི་ཕྱིར་རོ། །རྒྱལ་ཁྲིམས་སྔ་ནས་མེད་པ་དང་ཞིག་ནས་མེད་པ་གང་ཡིན་ཡང་རུང་སྟེ། ཡུལ་དུས་དེ་ན་རྒྱལ་ཁྲིམས་མེད་ན་ནི་སངས་རྒྱས་ཀྱི་བསླབ་པ་འཆའ་བའི་ཡུལ་དུས་ཀྱི་རིན་ཐང་གིས་བརྩིས་ཏེ། དེ་ལྟར་ཨ་མི་དེ་བའི་གདམས་ངག་ལས་བྱུང་བ་དང་རིགས་པས་ཀྱང་ལྟུང་བ་ནི་བཅས་པ་ལ་ལྟོས་པའི་ཕྱིར་རོ། །འོ་ན་ཀར་ཤ་པ་ཎའི་བཞི་ཆ་དང་གསོད་པའི་ཆད་པའི་རིན་ཐང་གི་ཚད་གཉིས་གང་གཙོ་སྙམ་ན། སངས་རྒྱས་ཀྱི་བསླབ་པ་འཆའ་བའི་དུས་ན་ནི་གཙོ་མི་གཙོ་མེད་དོ། །ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་པའི་ཕྱིར་རོ། །འདི་ལྟར་རྫས་ཀྱི་ལྡོག་པ་ནས་ཀར་ཤ་པ་ཎའི་བཞི་ཆ་ཡིན་ལ། ཉེས་དམིགས་ཀྱི་ལྡོག་པ་ནས་བརྐུས་ན་གསོད་པའི་ཆད་པ་འཕོག་པའི་རིན་ཐང་གི་ཚད་ཅེས་བྱ་སྟེ། དེ་གཉིས་ཀྱང་རིན་ཐང་ཚང་བའི་ངོ་བོར་གཅིག་པའོ། །འོ་ན་ཀར་ཤ་པ་ཎ་དེ་ཇི་ལྟ་བུ་ཡིན་ཞེ་ན། ཀར་ཤ་པ་ཎ་མཚན་ཉིད་པ་དང་བཏགས་པ་བ་གཉིས་ལས། དང་པོ་ནི། མཚོ་ཊཱིཀ་ལས། དངུལ་ལས་བྱས་པ་དོང་ཙེའི་རྣམ་པ་འདྲ་བའི་རི་མོའི་ཁྱད་པར་དང་དབྱིབས་སུ་བྱས་པ་སྟེ། ཞུ་འགྲེལ་ལས། ཀར་ཤ་པ་ཎ་ནི་ཟོང་གི་ཁྱད་པར་སྟེ་དངུལ་ལས་བྱས་པ་གཟུགས་དོད་པ་བཙོང་དུ་རུང་བ་ཡིན་ནོ། །ཞེས་གསུངས་ལ། ལུང་ཞུ་བ་ཆེ་ཤོས་ལས། ཀར་ཤ་པ་ཎ་ནི་ཇི་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བྱས་པའོ། །ཞེས་དང༌། ཞུ་བའི་འགྲེལ་བ་ལས། ཀར་ཤ་པ་ན་ནི་ཟུང་གི་ཁྱད་པར་ཏེ། དངུལ་ལས་བྱས་པ་གཟུགས་དོད་པ་ཚོངས་སུ་རུང་བའོ། །ཞེས་གསུངས་སོ། །དེའང་སྔོན་རྒྱལ་པོ་རྨ་བྱ་བ་ཞེས་བྱ་བའི་ཁྲིམས་ལུགས་ལས་བྱུང་བ་ཡིན་ཏེ། ལུང་ཞུ་བ་ཆུང་ཤོས་ལས། ཀར་ཤ་པ་ཎ་ཇི་ལྟ་བུ་ལགས། རྒྱལ་པོ་རྨ་བྱ་བས་བྱས་པའོ། །ཞེས་དང༌། དེའི་འགྲེལ་པ་ལས། རྒྱལ་པོའི་མིང་རྨ་བྱ་བ་ཞེས་བྱ་བས་བྱས་པ་སྟེ། འདི་ལྟར་རྒྱལ་པོ་དེས་དང་པོར་ཀར་ཤ་པ་ཎ་སྤྱོད་དུ་བཅུག་པ་སྟེ། དཔལ་ལེགས་བལྟམས་ཀྱིས་བྱས་པའི་དོང་ཙེ་ལྟ་བུའོ། །ཞེས་གསུངས་སོ། །ཀར་ཤ་པ་ཎ་དེའང་དངུལ་ཞོ་ཕྱེད་ཙམ་ལ་བཟོ་བྱས་པ་སྟེ། དེ་ཉིད་ཀྱི་ཕྱིར་ན་འགྲེལ་ཆུང་ལས། སངས་རྒྱས་བཞུགས་པའི་ཚེ་ནའང་དངུལ་སྐྱ་ཞོ་གཅིག་གི་བརྒྱད་ཆ་གཅིག་གིས་ཕམ་ཞེས་གསུངས་སོ། །འོན་ཀྱང་མ་ཤ་ཀ་ལ་གསེར་ལས་བྱས་པ་སོགས་རིགས་བཞི་ཡོད་པར་སྣང་སྟེ། ལུང་ཞུ་བ་ལས། གསེར་གྱི་མ་ཤ་ཀའོ། །དངུལ་གྱི་མ་ཤ་ཀ་བླངས་ན་ཅི་འགྱུར། སྤང་བར་འགྱུར་རོ། །ལྕགས་ཀྱི་མ་ཤ་ཀའམ་ཟངས་ཀྱི་བླངས་སམ་ལེན་དུ་བཅུག་ན་ཉེས་བྱས་སུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །སྒོ་མང་ཡིག་ཆར་ཀར་ཤ་པ་ཎ་གསེར་ལས་བྱས་པ་དང་དངུལ་ལས་བྱས་པ་གཉིས་ཡོད་པ་དང༌། དངུལ་ཞོའི་བརྒྱད་ཆ་ཞེས་པ་འཇལ་བྱེད་དངུལ་ཐུར་གྱི་དབང་དུ་བྱས་པ་ལས་འདེག་བྱའི་རྫས་ནི་གསེར་ཡིན་པར་གསུངས་མོད་དཔྱད་པར་བྱའོ། །གཉིས་པ་ཀར་ཤ་པ་ན་བཏགས་པ་བ་ནི་དེ་དང་རིན་མཉམ་པའི་མགྲོན་བུ་ལ་སོགས་པའི་དངོས་པོ་རྣམས་ཡིན་ནོ། ། དེ་ཡང་སངས་རྒྱས་ཞལ་བཞུགས་པའི་ཚེ་ན་ནི། རིན་ཐང་གི་ཚད་ཀར་ཤ་པ་ནའི་བཞི་ཆར་ངེས་ལ་མ་ཤ་ཀ་ལྔར་ནི་མ་ངེས་ཏེ། གཏམ་གྱི་གཞི་ལས། མ་ཤ་ཀ་གསུམ་བརྐུས་ན་ཕམ་པར་འགྱུར་བ་མཆིས་སམ། ཡོད་དེ་གང་ན་མ་ཤ་ཀ་བཅུ་གཉིས་ལ་ཀར་ཤ་པ་ན་གཅིག་ཏུ་འགྱུར་བ་ནའོ། །མ་ཤ་ཀ་ལྔ་བས་ལྷག་པ་བརྐུས་ཀྱང་ཕམ་པར་མི་འགྱུར་བ་མཆིས་སམ། ཡོད་དེ་གང་ན་མ་ཤ་ཀ་བཞི་བཅུ་ལ་ཀར་ཤ་པ་ན་གཅིག་ཏུ་འགྱུར་བ་ནའོ། །ཞེས་གསུངས་སོ། །མ་ཤ་ཀ་ནི་མགྲོན་བུ་བརྒྱད་ཅུའི་རིན་ཐང་གི་མིང་ཡིན་ནོ། །དེར་འདུ་ཤེས་པས་སོ་ཞེས་པ་ངེས་པའམ་ཡིད་གཉིས་ཡན་ཆད་ཀྱིས་སོ། །བརྐུ་བྱ་རྫས་ཀྱི་རིན་ཐང་ནི་གང་དུ་བརྐུས་པའི་གནས་དང་གང་གི་ཚེ་བརྐུས་པའི་དུས་ཀྱིས་རྣམ་པར་བཞག་གི་གནས་གཞན་གྱི་རིན་ཐང་གནས་གཞན་དུ་མི་བརྩི། དུས་གཞན་གྱི་རིན་ཐང་དུས་གཞན་དུ་མི་བརྩི་སྟེ། གནས་གཞན་དང་དུས་གཞན་གྱི་རིན་ཐང་བརྩི་ན་ངེས་པ་མེད་པར་འགྱུར་བའི་ཕྱིར་རོ། །འོ་ན་སྦྱོར་བ་ནི་གནས་གཞན་དང་དུས་གཞན་དུ་བྱས་ནས་མཐར་ཐུག་གནས་གཞན་དང་དུས་གཞན་དུ་གྲུབ་ན་ལྟུང་བ་ཇི་ལྟར་བཞག་ཅེ་ན། མཐར་ཐུག་གི་གནས་དང་དུས་ཀྱི་རིན་ཐང་གིས་བཞག་སྟེ། བཤིག་སྟེ་རྐུ་ན་འོད་ལྡན་ལས། ཉམས་པར་བྱས་པའི་ངོ་བོ་ཁོ་ན་རིན་ཐང་བརྩི་ཞེས་གསུངས་པའི་གནད་ཀྱིས་ཤེས་སོ། །འོ་ན་མཐར་ཐུག་གི་དུས་ན་རིན་ཐང་ཚང་ཡང་སྦྱོར་བའི་དུས་ན་མི་ཚང་བས་ཕམ་པ་བསྐྱེད་པར་མི་རིགས་སོ་སྙམ་ན། རིང་བའི་སྦྱོར་བའི་དུས་ན་རིན་ཐང་མ་ཚང་ཡང་ཉེ་བའི་སྦྱོར་བ་དང་མཐར་ཐུག་གི་དུས་ན་ཚང་བས་ཕམ་པ་བསྐྱེད་པ་ལ་མི་རིགས་པ་མེད་དོ། །དེ་ལ་ལེན་པ་པོས་རིན་ཐང་ཚང་བ་ཐོབ་པ་ཡོད་ཀྱང་བདག་པོས་རིན་ཐང་ཤོར་བ་མེད་པས་ཕམ་པ་བསྐྱེད་པར་མི་རིགས་སོ་སྙམ་ན། མཐར་ཐུག་དང་ཉེ་བའི་སྦྱོར་བའི་སྔ་རོལ་ཏུ་བདག་པོའི་བསམ་པས་བཏང་ན་ནི་དེའི་ཚེ་བདག་པོ་མེད་པར་འགྱུར་བ་ཡིན་པས་ཕམ་པ་བསྐྱེད་པར་མི་རིགས་ཀྱང༌། བདག་པོའི་བསམ་པས་མ་བཏང་ན་ནི། རྫས་དང་བདག་པོ་ཡུལ་ཐ་དད་ཐག་རིང་པོ་ན་གནས་ཀྱང་བདག་པོ་དེ་ཉིད་ཀྱི་ནོར་རྫས་ཡིན་པས་རིན་ཐང་ཚང་བ་ཐོབ་པ་བཞིན་དུ་རིན་ཐང་ཚང་བ་ཤོར་བ་ཡང་ཡོད་དོ། །འོ་ན་རིན་ཐང་མེད་པའི་སར་ཐོབ་བློ་སྐྱེས་ན་ཇི་ལྟར་བཞག་ན། བདག་པོའི་གནས་དང་རྐུན་མའི་གནས་གང་ཉེ་བའི་རིན་ཐང་གིས་འཇོག་ལ། ཉེ་རིང་མཉམ་ན་རྐུན་མའི་གནས་ཀྱི་རིན་ཐང་གིས་འཇོག་སྟེ། སྒྲ་མི་སྙན་དུ་རྐུ་ན་རྐུན་མའི་གནས་ཀྱི་རིན་ཐང་གིས་འཇོག་པའི་གནད་ཀྱིས་ཤེས་སོ། །དེ་ཡང་སྒྲ་མི་སྙན་དུ་རྐུ་བའི་སྦོམ་པོ་བསྐྱེད་པ་ལ་ཡང་རིན་ཐང་ཚང་བ་ནི་ཡན་ལག་ཏུ་དགོས་ལ། གླིང་དེ་ན་ཀར་ཤ་པ་ན་ལ་སོགས་པའི་རིན་ཐང་གི་རྣམ་པར་བཞག་པ་མེད་པས། རྐུ་བྱེད་འཛམ་བུ་གླིང་པའི་གནས་ཀྱི་རིན་ཐང་བརྩི་བར་དོན་གྱིས་གྲུབ་སྟེ། འདི་ནི་གནས་གཞན་གྱི་རིན་ཐང་གནས་གཞན་དུ་མི་བརྩི་བའི་དམིགས་བསལ་ཡིན་ནོ་ཞེས་གསུངས་སོ། །རོའི་རྫས་ཞེས་པ་རྐུ་སེམས་ཡོད་ན་མི་མ་ཡིན་ལ་བརྐུས་པའི་སྦོམ་པོ་དང་མེད་ན་བསླབ་བྱའི་ཉེས་བྱས་བསྐྱེད་པའོ། །རོ་མ་རྨས་པ་ལས་བླང་བར་མི་བྱ་ཞེས་པ་ལ་ལུང་ལས་སྲིན་བུ་ཕྲེའུ་དང་གྲོག་མས་ཟོས་ཀྱང་དེའི་ཚེ་བླང་བར་བྱའོ། །ཞེས་གསུངས་སོ། །ཀ་ཀ་ནི་ཞེས་པ་མགྲོན་བུ་ཉི་ཤུའམ་དེའི་རིན་ཐང་གི་མིང་ཡིན་ནོ། །མ་ཤ་ཀ་ཞེས་པ་མགྲོན་བུ་བརྒྱད་ཅུའམ་དེའི་རིན་ཐང་གི་མིང་ཡིན་ནོ། ། མཚོ་ཊཱིཀ་དུ། སཾ་སྐྲྀ་ཏའི་སྐད་དུ་ཀ་ཀ་ནི་དང་ཕལ་སྐད་དུ་པཎ་ཊི་ཀ་མིང་གི་རྣམ་གྲངས་ཡིན་ལ། མ་ཤ་ཀ་དང་པ་ཎ་མིང་གི་རྣམ་གྲངས་སོ། །ཞེས་གསུངས་པ་མི་རིགས་ཏེ། གཞི་འགྲེལ་ལས། ཀརྵ་པ་ཎ་ནི་པ་ནའི་བྱེ་བྲག་སྟེ། མངོན་ཚན་ཅན་ཡིན་ན་དངུལ་ལས་བྱས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡུལ་ཁ་ཅིག་ན་ཀར་ཤ་པ་ན་གཅིག་ལ་མ་ཤ་ཀ་ཉི་ཤུ་བྱེད་ལ། ཡུལ་ཁ་ཅིག་ན་བཅུ་གཉིས་བྱེད་ན་རིན་ཐང་ཇི་ལྟར་བརྩི་ཞེ་ན་གང་དུ་རྐུ་བའི་གནས་དང་གང་གི་ཚེ་ན་རྐུ་བའི་དུས་ཀྱིས་ཀར་ཤ་པ་ན་དེའི་རིན་ཐང་བརྩི། །ཞེས་སོ། །སྔར་རྣམ་འབྱེད་དུ་རིན་ཐང་ནི་བརྐུས་པའི་གནས་དང་དུས་ཀྱིས་སོ་ཞེས་པས་བརྐུ་བྱ་རྫས་ཀྱི་རིན་ཐང་བརྩི་བ་བསྟན་ལ། འདི་ནི་ཀར་ཤ་པ་ནའི་རིན་ཐང་བརྩི་བའོ། །རྐུ་བའི་གནས་དང་བརྐུས་པའི་དུས་ཀྱིས་བརྩི་ཞེས་པ་ནི་སྦྱོར་བའི་དུས་སུ་རིན་ཐང་ཚང་དགོས་པ་དང་མཐར་ཐུག་གི་དུས་སུ་རིན་ཐང་ཚང་དགོས་པ་ཕན་ཚུན་མཚོན་པའི་ཕྱིར་རོ། །ཆེ་བ་ཉིད་ཀྱིས་རིན་ཐང་གདབ་པར་མི་ནུས་པ་ཞེས་པ་དེའི་ཊཱི་ཀ་ལས་ཕམ་པར་མི་འགྱུར་རམ་སྙམ་པའི་དོགས་པ་གཅོད་དོ། །རིན་ཐང་གཞལ་དུ་མེད་པ་བརྐུས་ན་ཕམ་པར་འགྱུར་བ་ཡོད་དེ། ཊཱི་ཀ་ལས། རིན་ཐང་གདབ་པར་མི་ནུས་པ་རྐུ་བ། དེ་ལ་སངས་རྒྱས་ཀྱི་སྐུ་གདུང་ནི་གཞལ་དུ་མེད་པའི་རིན་པོ་ཆེ་ཉིད་ཡིན།ཞེས་དང༌། ཞུ་བ་ལས། རིང་བསྲེལ་བརྐུས་ན་ཅིར་འགྱུར་མཐར་འགྱུར། ཞེས་གསུངས་སོ། །སྒྲ་མི་སྙན་གྱི་རྫས་དེ་ནི་རང་གི་རྫས་བརྐུས་པ་དང་འདྲ་སྟེ་རྐུ་སེམས་ཀྱིས་བརྐུས་ན་སྦོམ་པོའོ། །སྦོམ་པོ་འདི་བསྐྱེད་པ་ལ་ཡང་རིན་ཐང་ཚང་ནི་དགོས་ལ། བྱང་གི་སྒྲ་མི་སྙན་ན་རིན་ཐང་དང༌། བྲེ་སྲང༌། ཀར་ཤ་པ་ཎ་དང༌། མ་ཤ་ཀ་ལ་སོགས་པ་ཚད་རྣམ་པར་བཞག་པ་མེད་པས། འདི་ལ་རིན་ཐང་རྐུན་མའི་གནས་ཀྱིས་འཇོག་པར་དོན་གྱིས་གྲུབ་སྟེ། འདི་ནི་གནས་གཞན་གྱི་རིན་ཐང་གནས་གཞན་དུ་མི་བརྩི་བའི་དམིགས་བསལ་ཡིན་པར་གསུངས་སོ། །

གསུམ་པ་རྫས་དེ་གང་ལ་དབང་བ།

གསུམ་པ་རྫས་དེ་གང་ལ་དབང་བ་ནི།

རྩ་བར། ཁྱེར་བ་ཉིད་ནི་ཞེས་པ་ལ་སོགས་པ་དོན་ལ་གསུམ་སྟེ། བདག་པོའི་མཚན་ཉིད་དང༌། བདག་པོའི་དབྱེ་བ་དང༌། རྫས་གཅིག་གི་སྟེང་དུ་བདག་པོ་རྣམས་འདོམ་ན་གང་གཙོ་ངོས་གཟུང་བའོ། །དང་པོ་ནི། གཉིས་ལས་བདག་པོ་ཙམ་གྱི་མཚན་ཉིད་ནི། རྫས་དེ་དོན་ལ་དབང་བའོ། །གང་ལ་བརྐུ་བྱ་ཡུལ་གྱི་ཆ་ནས་ཕམ་པ་བསྐྱེད་ནུས་ཀྱི་བདག་པོའི་མཚན་ཉིད་ནི། རང་ལས་ཐ་དད་པའི་མི་གང་ཞིག་བརྐུ་བྱའི་རྫས་དབང་ཞིང་བདག་གིར་བྱས་པའོ། །གཉིས་པ་བདག་པོའི་དབྱེ་བ་ནི། བདག་པོ་ཙམ་དབྱེ་གཞིར་བྱས་པ་ལ་བཞིར་དབྱེ་སྟེ། བསམ་སྦྱོར་གྱིས་བདག་པོར་གྱུར་པ་དང༌། ཡུལ་ཆོས་ཀྱིས་བདག་པོར་གྱུར་པ་དང༌། རིགས་བརྒྱུད་ཀྱིས་བདག་པོར་གྱུར་པ་དང༌། སངས་རྒྱས་བཀའ་སྩལ་གྱི་སྟོབས་ཀྱིས་བདག་པོར་གྱུར་པའོ། །དང་པོ་ལ་གསུམ་ལས། དང་པོ་སྦྱིན་པ་བོའི་བསམ་པས་ཡོངས་སུ་བཏང་བ་ཙམ་གྱིས་བདག་པོར་གྱུར་པ་ནི། དགེ་སློང་གིས་བསམ་པ་ཐག་པ་ནས་གང་ལ་བསྔོས་པའི་ཡུལ་དེ་བདག་པོར་གྱུར་པ་ལྟ་བུའོ། །

གཉིས་པ་ལེན་པ་པོའི་སྦྱོར་བ་དང་བསམ་པས་བདག་གིར་བྱས་པ་ཙམ་གྱིས་བདག་པོར་གྱུར་།

གཉིས་པ་ལེན་པ་པོའི་སྦྱོར་བ་དང་བསམ་པས་བདག་གིར་བྱས་པ་ཙམ་གྱིས་བདག་པོར་གྱུར་པ་ནི།

བདག་པོ་མེད་པའི་རྫས་རྙེད་ན་གང་གིས་རྙེད་པ་དེ་དབང་བའམ། རི་དྭགས་རྔོན་པའི་གདོས་ཀྱིས་ཟིན་ན་རྔོན་པ་དབང་བ་ལྟ་བུའོ། ། གསུམ་པ་ལེན་པ་པོས་བདག་གིར་བྱས་ཤིང་བདག་པོའི་བསམ་པས་བཏང་བ་ན་བདག་པོར་གྱུར་པ་ནི།དགེ་སློང་གི་ཆོས་གོས་འཕྲོགས་ཏེ་ཆོམ་རྐུན་པས་བདག་གིར་བྱས་ཤིང་དགེ་སློང་གི་བསམ་པས་བཏང་ན་ཆོམ་རྐུན་པ་དབང་བ་ལྟ་བུའོ། །

གཉིས་པ་ཡུལ་ཆོས་ཀྱིས་བདག་པོར་གྱུར་པ།

གཉིས་པ་ཡུལ་ཆོས་ཀྱིས་བདག་པོར་གྱུར་པ་ནི།

ཤོ་གམ་བསྲུང་བ་པོ་དབང་བ་ལྟ་བུའོ། ། གསུམ་པ་རིགས་བརྒྱུད་ཀྱིས་བདག་པོར་གྱུར་པ་ནི། ཕ་ནོར་བུ་ལ་དབང་བ་ལྟ་བུའོ། ། བཞི་པ་སངས་རྒྱས་བཀའ་སྩལ་གྱི་སྟོབས་ཀྱིས་བདག་པོར་གྱུར་པ་ལ་གསུམ་ལས། དང་པོ་སངས་རྒྱས་ལ་ཕུལ་བའི་རྙེད་པ་ནི་སངས་རྒྱས་ཉིད་ཀྱི་ཡིན་པས་མཆོད་པའི་རྫས་ལ་སོགས་པ་བྱའོ། ། གཉིས་པ་ཆོས་ལ་ཕུལ་བའི་རྙེད་པ་ལ་གཉིས་ལས། དོན་དམ་པའི་ཆོས་ལ་ཕུལ་བ་ནི། ཞི་བ་མྱ་ངན་ལས་འདས་པའི་ཆོས་ལ་ཕུལ་བ་སྟེ། དེ་ནི་བྱེ་བྲག་བཤད་མཚོ་ལས། མྱ་ངན་ལས་འདས་པ་ལ་ཕུལ་བ་ནི་མཆོད་རྟེན་དང་འདྲ་བར་བཞག་གོ །ཞེས་གསུངས་པས་གཞན་གྱིས་ལོངས་སྤྱད་དུ་མི་རུང་ངོ༌། །བརྡར་བཏགས་པའི་ཆོས་ལ་ཕུལ་བ་ལ་གཉིས་ལས། སྒྲུབ་པའི་ཆོས་ལ་ཕུལ་བ་ནི་དགེ་འདུན་གྱི་རྙེད་པར་གྱུར་ཏེ། སྒྲུབ་པའི་ཆོས་དགེ་འདུན་གྱི་རྒྱུད་ལ་མངའ་བའི་ཕྱིར་རོ། །ལུང་གི་ཆོས་ལ་ཕུལ་བ་ནི། ལུང་ཆོས་སྨྲ་བ་རྣམས་དབང་སྟེ། གཙུག་ལག་གི་ཚིགས་སུ་བཅད་པ་གཅིག་འཛིན་པ་ནི་འདིར་དེ་ཉིད་ཀྱི་མཐའ་ཡིན་ནོ། །ཞེས་སོ། ། གསུམ་པ་དགེ་འདུན་ནམ་གང་ཟག་ལ་ཕུལ་བའི་རྙེད་པ་ལ་གཉིས་ཏེ། དུས་དང་གློ་བུར་གྱི་རྙེད་པ་གང་དབང་མི་དབང་བསྟན་པ་དང༌། ཤི་བའི་ཡོ་བྱད་ཀྱི་རྙེད་པ་གང་དབང་མི་དབང་བསྟན་པའོ། །དང་པོ་ལ་གཉིས་ཏེ། དུས་ཀྱི་རྙེད་པ་དང༌། གློ་བུར་གྱི་རྙེད་པའོ། །དང་པོ་ནི་དབྱར་གནས་པའི་རྙེད་པ་དེ་གནས་དེར་ཡུན་རིང་དུ་གནས་པ་རྣམས་ལ་དབང་བ་དང༌། སྲ་བརྐྱང་གི་དུས་ཀྱི་རྙེད་པ་དེ་གང་གིས་སྲ་བརྐྱང་བཏིང་བ་རྣམས་ལ་དབང་བ་ལྟ་བུའོ། །གློ་བུར་གྱི་རྙེད་པ་ལ་ནི་བཞི་པོ་འདི་དག་ལུང་གོས་གཞི་དང་འོད་ལྡན་ལས་གསུངས་ཏེ། ཁྲིམས་སུ་བྱས་པ་དང༌། མཚམས་ཀྱི་སྒྲུབ་པ་དང་སོ་སོར་ངེས་པ་དང་མངོན་དུ་གྱུར་པའོ། །དང་པོ་ནི་ཡོན་བདག་གམ་མཆོད་གནས་ཀྱི་ས་རིས་འདི་དང་འདི་ནས་ཕུལ་བ་རྣམས་དགེ་འདུན་འདི་དང་འདི་པ་རྣམས་དབང་བར་བྱེད་དོ་ཞེས་ཁྲིམས་སུ་བཅས་ན། རྙེད་པ་ནི་ཡོན་བདག་རྣམས་ཀྱིས་ཇི་ལྟར་རྣམ་པར་བསྔོས་ཤིང་ངེས་པར་བྱས་པ་ལྟར་རྣམ་པར་བཞག་གོ་ཞེས་གསུངས་པའོ། །གཉིས་པ་ནི་སྦྱིན་བདག་དགེ་འདུན་གྱི་གནས་སུ་འོངས་ཏེ། རྫས་འདི་དགེ་འདུན་ལ་འབུལ་ཞེས་དགེ་འདུན་བྱེ་བྲག་ཏུ་མ་ཕྱེད་པར་ཕུལ་ན། དགེ་འདུན་ཡོངས་སུ་མ་བཅད་ན་ལས་ཀྱི་མཚམས་ཀྱིས་ཡོངས་སུ་བཅད་དོ། །ཞེས་གསུངས་པའོ། ། གསུམ་པ་ནི་སྡེ་པའམ་གང་ཟག་འདི་ལ་འབུལ་ཞེས་སོ་སོར་ངེས་པར་བྱས་ན་སྦྱིན་བདག་གི་ཚིག་གིས་གང་ལ་ངེས་པར་བྱས་པ་དེ་ཉིད་དབང་བའོ། ། བཞི་པ་ནི་ཚིག་གིས་ངེས་པར་མ་བྱས་ཀྱང་སྦྱིན་བདག་གིས་སྡེ་པའམ་གང་ཟག་ལ་མངོན་སུམ་དུ་ཕུལ་ན་གང་ལ་ཕུལ་བ་དེ་དབང་བའོ། །གཉིས་པ་ཤི་བའི་ཡོ་བྱད་ཀྱི་རྙེད་པ་གང་དབང་མི་དབང་བསྟན་པ་ལ་གཉིས་ཏེ། རབ་ཏུ་བྱུང་བ་ཤི་བའི་ཡོ་བྱད་གང་དབང་མི་དབང་བསྟན་པ་དང༌། རྟགས་ཅན་ཤི་བའི་ཡོ་བྱད་གང་དབང་མི་དབང་བསྟན་པའོ། །དང་པོ་ལ་གཉིས་ཏེ། དགེ་འདུན་མི་དབང་བའི་རྙེད་པ་དང༌། དགེ་འདུན་དབང་བའི་རྙེད་པའོ། །དང་པོ་ལ་ལྔ་སྟེ། ཤི་བའི་སྔ་རོལ་ཏུ་ངེས་པར་བྱས་པའི་རྫས་དང༌། བུ་ལོན་པའི་རྫས་དང༌། སྡེ་ཚན་པའི་རྫས་དང༌། ནད་གཡོག་པའི་རྫས་དང༌། ཁྱིམ་གཞན་ན་གནས་པའི་རྫས་སོ། །དང་པོ་ནི། གོས་ཀྱི་གཞིའི་རྩ་བར། ནད་པས་སྨྲས་པས་སྦྱིན་པ་ཕྲི་ཡང་ཇི་སྐད་སྨྲས་པ་བཞིན་བྱ་བ་ཉིད་དོ། །ཞེས་གསུངས་སོ། ། གཉིས་པ་ནི་བུ་ལོན་པ་བྱུང་ན་དེ་ལ་གཞལ་བར་བྱ་བའི་ཚད་ཀྱི་ཤི་བའི་ཡོ་བྱད་དེ་དབང་བ་ཉིད་ཡིན་ནོ་ཞེས་གསུངས་པའོ། །གསུམ་པ་ནི་ཕོག་པ་མ་བགོས་པར་ཚོམས་དེ་ལས་འགའ་ཞིག་ཤི་ན་དེའི་སྐལ་པ་ཚོམས་དེ་པ་ལ་དབང་བ་ཉིད་ཡིན་པར་གསུངས་པའོ། །བཞི་པ་ནི་ནད་གཡོག་ཆོས་ལྔ་དང་ལྡན་ན་ཤི་བ་དེའི་ཡོ་བྱད་དྲུག་ནད་གཡོག་ལ་དབང་བ་ཡིན་ཏེ། ཆོས་འདི་བའི་རབ་བྱུང་གང་རུང་གི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང༌། ཤི་བ་དེ་དང་ལྟ་བ་མཐུན་པ་དང༌། ཤི་བ་དེ་དང་མཚན་མཐུན་པ་དང༌། གནས་ནས་མ་ཕྱུང་བ་དང༌། ནད་གཡོག་གི་བྱ་བ་བྱས་པ་དང་ལྔའོ། ། ལྔ་པ་ནི་དགེ་སློང་ཤི་བ་དེའི་ལྷུང་བཟེད་དང་ཆོས་གོས་ཁྱིམ་གཞན་ན་འདུག་པ་ནི་ཁྱིམ་བདག་གིས་རབ་བྱུང་གང་ལ་བྱིན་པ་དེར་དབང་ངོ༌། །དེ་ཡང་ཆོས་ལྔ་དང་ལྡན་ན་སྟེ། དང་པོ་བཞི་ནི་སྔ་མ་དང་འདྲ་ལ། ཡོ་བྱད་དེས་ཕོངས་པ་དང་ལྔའོ། །གཉིས་པ་དགེ་འདུན་དབང་བའི་རྙེད་པ་ནི་རབ་བྱུང་ཤི་བའི་ཡོ་བྱད་ལ་དགེ་འདུན་མི་དབང་བ་ལྔ་པོ་དེ་དག་ལས་གཞན་པ་ཐམས་ཅད་དགེ་འདུན་དབང་སྟེ། དགེ་འདུན་གྱིས་བྱིན་གྱིས་བརླབ་པར་བྱའོ། །འོན་ཀྱང་ཡུལ་ཆོས་དང་བསྟུན་དགོས་པའི་ཆ་ནི་ཅི་རིགས་པར་དཔྱད་དོ། །གཉིས་པ་རྟགས་ཅན་ཤི་བའི་ཡོ་བྱད་གང་དང་དབང་མི་དབང་བསྟན་པ་ནི། རིན་པོ་ཆེ་རྣམས་ནི་དཀོན་མཆོག་གསུམ་ལ་དབུལ་ཞིང་ཁྱད་པར་དུ་མུ་ཏིག་རྣམས་སངས་རྒྱས་ལའོ། །གོ་ཆ་ལ་སོགས་པ་ནི་རྒྱལ་པོ་ལ་དབུལ་ལོ་ཞེས་རྒྱས་པར་གོས་ཀྱི་གཞིར་སྟོན་ཏོ། །

གསུམ་པ་རྫས་གཅིག་གི་སྟེང་དུ་བདག་པོ་རྣམས་འདོམ་ན་གང་གཙོ་ངོས་གཟུང་བ།

གསུམ་པ་རྫས་གཅིག་གི་སྟེང་དུ་བདག་པོ་རྣམས་འདོམ་ན་གང་གཙོ་ངོས་གཟུང་བ་ནི།

ཁྱིམ་པའི་རྫས་ལ་ཡུལ་ཆོས་ཀྱིས་བྱེད་པ་གཙོ་བ་ཡིན་ཏེ། སངས་རྒྱས་ཀྱིས་ཀྱང་དེ་དང་མཐུན་པར་གསུངས་པའི་ཕྱིར་རོ། །རབ་ཏུ་བྱུང་བའི་རྫས་ལ་སངས་རྒྱས་ཀྱིས་ཇི་ལྟར་གསུངས་པ་གཙོ་བ་ཡིན་ཏེ། རིགས་བརྒྱུད་ནི་མི་དབང་ངོ། །ཞེས་གསུངས་སོ། །འོན་ཀྱང་དེང་སང་རབ་བྱུང་ཤི་བའི་ཤུལ་ན་ཞིང་ལ་སོགས་པ་ནོར་རྫས་མང་པོ་ཡོད་པ་ལས། དེའི་སྤུན་ཟླ་ལ་སོགས་པ་ལ་གཏན་ནས་མ་བྱིན་པར་ཐམས་ཅད་དགེ་འདུན་གྱིས་བྱིན་གྱིས་བརླབས་ན་ཧ་ཅང་ཐལ་ཆེས་པར་འགྱུར་བས། འདིར་ནི་འདུལ་བ་ཡུལ་ཆོས་དང་བསྟུན་དགོས་སོ། ། འོ་ན་དགེ་སློང་ཤི་བའི་ཡོ་བྱད་དྲུག་པོ་ཤི་བའི་སྔ་རོལ་ཏུ་ངེས་པར་བྱས་པ་དང༌། བུ་ལོན་པ་དང༌། ནད་གཡོག་དང༌། རིགས་བརྒྱུད་བཞི་འོངས་ནས་སློང་ན་གང་གཙོ་ཞེ་ན། ཤི་བའི་སྔ་རོལ་ཏུ་ངེས་པར་བྱས་པ་གཙོ་སྟེ་དེས་གཞན་དག་ལ་མ་བྱིན་ཡང་ཉེས་པ་མེད་དོ། །ཤི་བའི་སྔ་རོལ་ཏུ་ངེས་པར་བྱས་པ་མེད་ན་བུ་ལོན་པ་གཙོའོ། །ཡོ་བྱད་དྲུག་ལ་ནི་རིགས་བརྒྱུད་ལས་ནད་གཡོག་བྱས་པ་དེ་གཙོ་བར་རིགས་སོ། །

བཞི་བ་སེལ་བ་བཤད་པ།

བཞི་བ་སེལ་བ་བཤད་པ་ལ།

གཙོ་བོའི་ལྟུང་བ་མེད་པ་དང༌། གཙོ་བོ་མ་ཡིན་པའི་སེལ་བ་ལ་ན་སྨད་པ་དང༌། སྦོམ་པོའི་དོན་ཅུང་ཟད་བསྟན་པར་བྱ་བ་དང་གསུམ་ལས། དང་པོ་ནི། རྩ་བར། མ་བསམས་པ་ལ་ལྟུང་བ་མེད་དོ་ཞེས་པ་ལ་སོགས་པས་བསྟན་ཏོ། །འདིའི་དོན་ལ་གསུམ་སྟེ། སེལ་བའི་དབྱེ་བ་དང༌། སེལ་བའི་མཚན་ཉིད། སེལ་བ་ལ་ཅིར་འགྱུར་བསྟན་པའོ། །དང་པོ་སེལ་བའི་དབྱེ་བ་ནི། སེལ་བ་ཞེས་པ་རང་རང་གི་ཡན་ལག་མ་ཚང་བ་དེ་ཡིན་པས་ཡན་ལག་ལས་བཟློག་སྟེ་དབྱེ་བར་བྱའོ། །དེ་ཡང་ཐུན་མོང་གི་སེལ་བ་དང༌། ཐུན་མོང་མ་ཡིན་པའི་སེལ་བའོ། །དང་པོ་ནི་བསླབ་པའི་ཡན་ལག་གི་སེལ་བ་སྡོམ་པ་གཏན་ནས་མ་བླངས་པ་ལྟ་བུ་དང༌། བསམ་པ་རང་བཞིན་དུ་གནས་པའི་སེལ་བ་སྨྱོ་བ་ལ་སོགས་པ་ནི་ཀུན་གྱི་ཐུན་མོང་གི་སེལ་བའོ། ། བསླབ་པ་རྒྱུན་གཅིག་པ་ནི་ལྟུང་བ་དངོས་གཞི་ཀུན་གྱི་ཐུན་མོང་གི་ཡན་ལག་ཡིན་ཡང༌། དེའི་སེལ་བ་བསླབ་པ་རྒྱུན་ཐ་དད་པ་ནི་ཀུན་གྱི་ཐུན་མོང་གི་སེལ་བ་མ་ཡིན་ཏེ། སེལ་བ་འདི་ནི་སྦྱོར་བ་རྒྱུན་ལྡན་རྣམས་ལ་འཇུག་གིསྦྱོར་བ་རྒྱུན་མི་ལྡན་རྣམས་ལ་མི་འཇུག་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་སེལ་བ་ལ་བཞི་སྟེ། གཞིའི་སེལ་བ་ནི་གཞིའི་ཡན་ལག་མ་ཚང་བ་དང༌། བསམ་པའི་སེལ་བ་དང༌། སྦྱོར་བའི་སེལ་བ་དང༌། མཐར་ཐུག་གི་སེལ་བ་སྟེ་མཐར་ཐུག་གི་ཡན་ལག་མ་ཚང་བའོ། །

གཉིས་པ་སེལ་བའི་མཚན་ཉིད།

གཉིས་པ་སེལ་བའི་མཚན་ཉིད་ནི།

ལྟུང་བ་རང་རང་གི་དངོས་གཞི་རྫོགས་པར་བསྐྱེད་པ་ལ་ངེས་གཟུང་དུ་དགོས་པའི་ཡན་ལག་མ་ཚང་བའོ། །དེ་ཡང་མ་བྱིན་ལེན་གྱི་ཕམ་པ་བསྐྱེད་པ་ལ་རིན་ཐང་གི་ཡན་ལག་མ་ཚང་བ་ལྟ་བུའོ། །གསུམ་པ་སེལ་བ་ལ་ཅིར་འགྱུར་བསྟན་པ་ལ་བཞི་སྟེ་ན་སྨད་པར་འགྱུར་བ་དང༌། ཆེས་ན་སྨད་པར་འགྱུར་བ་དང༌། གཞན་དུ་འགྱུར་བ་དང༌། ལྟུང་བ་མེད་པར་འགྱུར་བའོ། །དང་པོ་ནི། མ་བྱིན་ལེན་ལ་རིན་ཐང་གི་ཡན་ལག་མ་ཚང་བའམ། སྐྱོན་ནས་སྨྲ་བ་ལ་མཚན་མཐུན་པའི་ཡན་ལག་མ་ཚང་བ་ལྟ་བུ་ཡན་ལག་གཅིག་མ་ཚང་ན་ན་སྨད་དུ་འགྱུར་ཏེ། མ་ཆོག་པར་བརྐུས་ནའོ་ཞེས་པ་དང༌། འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཉིད་དོ། །ཞེས་གསུངས་སོ། །དེའི་རྒྱུ་མཚན་ནི་དགག་བྱ་མ་རྫོགས་པའི་ཕྱིར་རོ། །དེ་ཡང་ཕམ་ལྷག་གི་ན་སྨད་ནི་སྦོམ་པོ་ཡིན་ལ། སྦོམ་པོ་དང་ལྟུང་བྱེད་དང་སོ་སོར་བཤགས་པར་བྱ་བ་དང་གསུམ་གྱི་ན་སྨད་ནི་ཉེས་བྱས་ཡིན་ནོ། །ཉེས་བྱས་ཀྱི་ན་སྨད་ནི་ཉེས་བྱས་ཕྲ་མོའོ། །གཉིས་པ་ཆེས་ན་སྨད་པར་འགྱུར་བ་ནི་ཡན་ལག་གཉིས་མ་ཚང་བ་དཔེར་ན་མ་བྱིན་ལེན་ལ་བདག་པོ་མི་ཡིན་པ་མ་ཚང་ལ། དངོས་པོ་རིན་ཐང་ཚང་བ་ཡང་མ་ཡིན་པ་སྟེ། ལྷའི་རྫས་རིན་ཐང་མ་ཚང་བ་བརྐུས་པའམ། སྐྱོན་ནས་སྨྲ་བ་ལ་མཚན་མཐུན་དང་ལྟ་མཐུན་གཉིས་ཀ་མ་ཚང་བ་ལྟ་བུ། ཡན་ལག་གཉིས་མ་ཚང་ན་ཆེས་ན་སྨད་དུ་འགྱུར་ཏེ། རྩ་བར། དུ་མ་མ་ཚང་བ་ལ་ནི་དེ་བས་ཀྱང་ངོ༌། །ཞེས་གསུངས་སོ། །ཡན་ལག་གཅིག་མ་ཚང་བ་ལ་ཡང་ཆེས་ན་སྨད་དུ་འགྱུར་པ་ཡོད་དེ། མི་ལ་དུད་འགྲོ་ཡང་ངོ་ཞེས་གསུངས་པས། དུད་འགྲོ་མོ་ལ་རེག་ན་ཉེས་བྱས་སོ། །ཆེས་ན་སྨད་དུ་འགྱུར་བ་རྣམས་ཀྱི་རྒྱུ་མཚན་དགག་བྱ་ཆེས་མ་རྫོགས་པའི་ཕྱིར་རོ། །དེའང་ཕམ་ལྷག་གི་ཆེས་ན་སྨད་ནི་ཉེས་བྱས་ཡིན་ལ། སྦོམ་པོ་དང་ལྟུང་བྱེད་དང་སོ་སོར་བཤགས་པར་བྱ་བ་དང་གསུམ་གྱི་ཆེས་ན་སྨད་ནི་ཉེས་བྱས་ཕྲ་མོ་ཡིན་ནོ། །ཉེས་བྱས་ཀྱི་ཆེས་ན་སྨད་ནི་ཉེས་བྱས་ཕྲ་བ་བས་ཕྲ་བའོ། ། གསུམ་པ་གཞན་དུ་འགྱུར་བ་ལ་གསུམ་ཡོད་དེ། སྡེ་ཚན་གཞན་དུ་འགྱུར་བ་དང༌། བཅས་པ་གཞན་དུ་འགྱུར་བ་དང༌། གནས་སྐབས་གཞན་དུ་འགྱུར་བའོ། །དང་པོ་ནི། དཔེར་ན་མི་གསོད་པའི་ཕམ་པའི་ཡན་ལག་མ་ཚང་བར་དུད་འགྲོ་གསོད་ན་ལྟུང་བྱེད་དུ་འགྱུར་བ་ལྟ་བུའོ། །གཉིས་པ་ནི། དཔེར་ན་གཞི་མེད་ལྷག་མའི་ཡན་ལག་མ་ཚང་བ་ལ་སྦྱོར་བ་གསལ་པོར་སྨྲས་པ་མེད་པར།སྦྱོར་བ་མི་གསལ་བས་སྐུར་བ་བཏབ་ན་བག་ཙམ་གྱི་ལྷག་མར་འགྱུར་བ་སྟེ་ལྷག་མའི་སྡེ་ཚན་དུ་གཅིག་ཀྱང་བཅས་པ་གཞན་གྱི་ལྟུང་བར་འགྱུར་བའོ། །གསུམ་པ་ནི། རང་རང་གི་ལྟུང་བ་རྣམ་གཞག་ལས་གཞན་བསླབ་བྱའི་ཉེས་བྱས་སུ་འགྱུར་བ་ཐམས་ཅད་ཡིན་ནོ། །དཔེར་ན་རེག་པའི་ལྷག་མའི་ཡན་ལག་མ་ཚང་བ་ཡིན་ཏེ། རེག་པའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་ཏུ་འདོད་ཆགས་དང་ལྡན་པ་མེད་པར། རེག་འདོད་ཙམ་པོས་བུད་མེད་ལ་རེག་ན་ནི། ལྟུང་བ་རྣམ་གཞག་གི་སྐབས་གསུམ་ལས་གཞན་བསླབ་བྱའི་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །དེ་ནི་རེག་པའི་བཅས་པ་ལ་ལྟོས་ནས་བཅས་པ་གཞན་དུ་འགྱུར་བ་མ་ཡིན་ཏེ། རེག་པའི་བཅས་པ་གཅིག་གིས་བསྡུས་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །དེ་ཡང་རེག་པའི་ལྟུང་བ་རྣམ་གཞག་གི་གནས་སྐབས་གསུམ་ལས་གཞན་རེག་པའི་བསླབ་བྱའི་གནས་སྐབས་ཡིན་པའི་ཕྱིར་རོ། །བསླབ་བྱའི་ཉེས་བྱས་དེ་ནི་ཆེས་ན་སྨད་པ་མ་ཡིན་ཏེ། ཆེས་ན་སྨད་ནི་ལྟུང་བ་རྣམ་གཞག་གི་ཀུན་སློང་གིས་ཀུན་ནས་བསླངས་པ་ཡིན་ལ། བསླབ་བྱའི་ཉེས་བྱས་ནི་ལྟུང་བ་རྣམ་གཞག་གི་ཀུན་སློང་གིས་ཀུན་ནས་མ་བསླངས་པའི་ཕྱིར་རོ། །དེ་བཞིན་དུ་དགེ་སློང་ལ་བརྡེག་པའི་ལྟུང་བྱེད་ཀྱི་ཡན་ལག་མ་ཚང་སྟེ་ལྗོན་ཤིང་ལ་བརྡེག་ན་ཉེས་བྱས་སུ་འགྱུར་བ་དང༌། མེ་རེག་གི་ཡན་ལག་མ་ཚང་སྟེ། སེང་གེ་ལ་རེག་ན་བསླབ་བྱའི་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །ན་སྨད་ཀྱི་ཉེས་བྱས་དང་ཆེས་ན་སྨད་ཀྱི་ཉེས་བྱས་དང༌། བསླབ་བྱའི་ཉེས་བྱས་གསུམ་ནི་ཉེས་བྱས་ཙམ་དུ་འདྲ་ཡང༌། དང་པོ་གཉིས་ནི་ལྟུང་བ་རྣམ་གཞག་གི་ཉེས་བྱས་ཡིན་ལ། ཐ་མ་ནི་ལྟུང་བ་རྣམ་གཞག་གི་ཉེས་བྱས་མིན་ཏེ། རང་རང་གི་ལྟུང་བ་རྣམ་གཞག་གིས་ཀུན་ནས་མ་བསླངས་པའི་ཕྱིར་རོ། ། བཞི་པ་ལྟུང་བ་མེད་པར་འགྱུར་བ་ལ་བཞི་ལས། དང་པོ་དངོས་གཞིའི་ལྟུང་བ་མེད་པ་ལ་དགོངས་ནས་ལྟུང་བ་མེད་པ་ནི། ལུང་འདུལ་བྱེད་ལས། ཚེ་དང་ལྡན་པ་ཚུར་ཤོག་ཆུང་ངུ་ཆུང་ངུ་ནས་མ་བྱིན་པར་བླངས་ན་ལྟུང་བར་མི་འགྱུར་རོ་ཞེས་དགེ་སློང་ཁ་ཅིག་གིས་གཞན་ལ་སྨྲ་བ་ལྟ་བུའོ། །གཉིས་པ་ལྟུང་བ་རྣམ་གཞག་མེད་པ་ལ་དགོངས་ནས་ལྟུང་བ་མེད་པ་ནི་སྲོག་གཅོད་པའི་ཕམ་པའི་སྐབས་ཀྱི་ལུང་རྣམ་འབྱེད་ལས། ཉེ་སྡེ་ལ་ལྟུང་བ་མེད་དོ་ཞེས་གསུངས་པའམ། རེག་པའི་ཕམ་པའི་སྐབས་ལས། བདག་གིར་མི་བྱེད་པ་ལ་ནི་ལྟུང་བ་མེད་དོ། །ཞེས་གསུངས་པ་ལྟ་བུའོ། ། གསུམ་པ་སྐབས་དེར་གཏོགས་ཀྱི་ལྟུང་བ་མེད་པ་ལ་དགོངས་ནས་ལྟུང་བ་མེད་པ་ནི། ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་སྐབས་སུ། ལས་སུ་མ་བྱས་པ་ལ་ཡང་ངོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལ་སྐབས་གཞན་དུ་གཏོགས་པའི་ཉེས་བྱས་ནི་ཡོད་དེ། མདོ་ལས། འབྲུ་རྗེན་པར་བླང་བར་མི་བྱའོ། །ཞེས་ཊཱི་ཀར་དྲངས་སོ། །

བཞི་པ་ལྟུང་བ་གཏན་ནས་མི་བསྐྱེད་པ་ལ་དགོངས་ནས་ལྟུང་བ་མེད་པ།

བཞི་པ་ལྟུང་བ་གཏན་ནས་མི་བསྐྱེད་པ་ལ་དགོངས་ནས་ལྟུང་བ་མེད་པ་ལ་གཉིས་ཏེ།

རང་བཞིན་དང་བཅས་པ་མཐའ་དག་གི་ལྟུང་བ་མེད་པ་དང༌། བཅས་པ་འབའ་ཞིག་གི་ལྟུང་བ་མེད་པའོ། །དང་པོ་ནི་ཤེས་པ་རང་བཞིན་དུ་མི་གནས་པ་སྨྱོ་བ་ལྟ་བུ་དང༌། རང་རང་གི་ཀུན་སློང་མེད་པ་དང༌། རང་རང་གི་ལས་དང་པོ་པ་དང༌། བསླབ་པའི་སེལ་བ་སྡོམ་པ་གཏན་ནས་མ་བླངས་པ་ལྟ་བུའོ། །གཉིས་པ་བཅས་པ་འབའ་ཞིག་གི་ལྟུང་བ་མེད་པ་ལ། དགག་བྱ་ཉེས་དམིགས་མེད་པས་ལྟུང་བ་མེད་པ་དང༌། རྣམ་པར་དག་པ་བག་ཡངས་དང་འབྲེལ་བས་ལྟུང་བ་མེད་པ་དང༌། སྒྲུབ་པར་མི་ནུས་པ་ཕྱོགས་གཅིག་ལ་ཞུགས་པ་ལ་ལྟུང་བ་མེད་པ་དང་གསུམ། །ལྟུང་མེད་དེ་རྣམས་ནི་བཅས་པ་འབའ་ཞིག་གི་ལྟུང་བ་མེད་པ་ཡིན་གྱི། རང་བཞིན་གྱི་ཁ་ན་མ་ཐོ་བའི་སྐབས་སུ་ནི་ལྟུང་མེད་དེ་དག་མི་སྲིད་དེ། དེ་ཡང་རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་ངོ་བོ་ཉིད་ཀྱིས་དགག་བྱར་གྱུར་པའི་ཕྱིར་ཉེས་དམིགས་མེད་པ་མི་སྲིད་ལ། རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་སྲོག་ལ་བབ་ཀྱང་མ་གནང་བའི་ཕྱིར་རྣམ་པར་དག་པ་བག་ཡངས་དང་འབྲེལ་བ་མི་སྲིད་ཅིང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་ཞུགས་ན་དེ་ཉིད་ཀྱིས་ཚུལ་ཁྲིམས་ཀྱི་བར་ཆད་དུ་འགྱུར་བའི་ཕྱིར། བར་ཆད་སྤང་བའི་དོན་དུ་ལྟུང་མེད་དུ་འགྱུར་བ་མི་སྲིད་ལ། ཚུལ་ཁྲིམས་ཀྱི་དོན་དུ་རང་གི་སྲོག་འདོར་བར་གསུངས་པའི་ཕྱིར་བསྒྲུབ་པར་མི་ནུས་པ་ཡང་མི་སྲིད་དོ། །དེ་ལ་དང་པོ་དགག་བྱ་ཉེས་དམིགས་མེད་པས་ལྟུང་བ་མེད་པ་ནི་རྡོའམ་སོ་ཕག་ལས་ཉི་མ་གཅིག་ལ་རིམ་པ་གསུམ་ལས་ལྷག་པར་བརྩིག་ཀྱང་ལྟུང་བ་མེད་པའམ། རྣམ་འབྱེད་ལས། བྱེ་མ་འབའ་ཞིག་རྐོ་བ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་དག་ལ་རང་རང་གི་ལྟུང་བ་མི་བསྐྱེད་དེ། ལྟུང་བར་བཅས་པ་མེད་པའི་ཕྱིར་ཏེ། བཅས་པ་རྣམ་འཇོག་གི་དགག་བྱ་མེད་པའི་ཕྱིར་རོ། །འོ་ན་སྲོག་ཆགས་ལ་མི་གནོད་པའི་ས་རྐོ་བ་དང་སེམས་འཁྲུལ་པར་མི་འགྱུར་པའི་ཆང་འཐུང་བ་ཡང་ལྟུང་བ་མེད་པར་འགྱུར་ཏེ། དགག་བྱ་མེད་པའི་ཕྱིར་རོ་ཞེ་ན། རྟགས་མ་གྲུབ་སྟེ། དངོས་ཀྱི་དགག་བྱ་མེད་ཀྱང་བརྒྱུད་པའི་དགག་བྱ་ཡོད་པའི་ཕྱིར་ཏེ། ཧ་ཅང་ཐལ་བར་འགྱུར་བ་དང་ཚོད་ཡོངས་སུ་མི་ཤེས་པ་ལ་སོགས་པའི་དགག་བྱ་ཡོད་པའི་ཕྱིར་རོ། །འོ་ན་རྡོ་འམ་སོ་ཕག་ལ་རིམ་པ་གསུམ་ལས་ལྷག་པར་བརྩིགས་པ་ལའང་མཚུངས་སོ་སྙམ་ན། རྡོ་བ་ལ་སོགས་པ་ནི་དངོས་པོ་ངེས་པས་བཅས་པའི་ས་མཚམས་ཟིན་པའི་ཕྱིར་ཧ་ཅང་ཐལ་བ་ལ་སོགས་པ་མེད་དོ། ། གཉིས་པ་རྣམ་པར་དག་པ་བག་ཡངས་དང་འབྲེལ་བས་ལྟུང་བ་མེད་པ་ལ་གཉིས་ཏེ། བག་ཡངས་ཆེན་པོ་བྱས་པས་ཉེས་པ་མེད་པ་དང༌། བག་ཡངས་ཁ་འཐོར་བ་བྱས་པ་ལ་ཉེས་པ་མེད་པའོ། །དང་པོ་བག་ཡངས་ཆེན་པོ་འདི་གཏན་ལ་དབབ་པ་ལ་ལྔ་སྟེ། བག་ཡངས་བྱ་བར་གནང་བའི་ལུང་ཁུངས་དང༌། གཞི་གང་ལ་བག་ཡངས་བྱ་བ་དང༌། ཆེད་དུ་བྱ་བ་གང་གི་ཕྱིར་བག་ཡངས་བྱ་བ་དང༌། ཆོ་ག་གང་གིས་བག་ཡངས་བྱ་བ་དང༌། བག་ཡངས་འདི་སྡེ་པ་གང་གི་ལུགས་ཡིན་བསྟན་པའོ། །དང་པོ་ལུང་ཕྲན་ཚེགས་ལས། དགེ་སློང་དག་བསླབ་པའི་གཞི་ཕྲ་མོ་དང་ཕྲན་ཚེགས་གང་ཡིན་པ་དེ་དག་ནི་དགེ་འདུན་ཚོགས་ནས་སྐབས་དབྱེ་ཞིང་བདེ་བ་ལ་རེག་པར་གནས་པར་བྱའོ། །ཞེས་གསུངས་སོ། ། གང་གིས་ཚུལ་ཁྲིམས་ཕྲ་མོ་དང་ཕྲན་ཚེགས་འདོན་ན་དགེ་སློང་གི་དགེ་འདུན་གྱིས་ཕྱིར་ཀློད་ལ་བདེ་བ་རེག་པར་མནོས་ཤིག་ཅེས་ཀྱང་ལུང་ཕྲན་ཚེགས་ལས་བཤད་དོ། །

གཉིས་པ་གཞི་གང་ལ་བག་ཡངས་བྱ་བ།

གཉིས་པ་གཞི་གང་ལ་བག་ཡངས་བྱ་བ་ནི།

བསླབ་པའི་གཞི་ཕྲ་མོ་རྣམས་ལ་བྱ་སྟེ། ཕྲ་མོ་དེའི་ཚད་ཇི་ཙམ་ཞེ་ན། འདི་ལ་དགྲ་བཅོམ་པ་འོད་སྲུངས་ཆེན་པོས། དོག་མཐའ་གཟུང་བ་དང་ཡངས་མཐའ་གཟུང་བ་གཉིས་སུ་གསུངས་ཏེ། དོག་མཐའ་གཟུང་ན་རྣམ་འབྱེད་ནས་གསུངས་པའི་བསླབ་པའི་གཞི་རྣམས་ལས་གཞན་པ་སྟེ་གཞིས་བསྡུས་པའི་ཉེས་བྱས་རྣམས་ནི་ཕྲ་མོ་དང་ཕྲན་ཚེགས་ཡིན་ནོ། །ཡངས་མཐའ་གཟུང་ན་ཕམ་ལྷག་ལས་གཞན་པ་སྟེ། སྤང་ལྟུང་མན་ཆད་ནི་ཕྲ་མོ་དང་ཕྲན་ཚེགས་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་ན་ཕམ་ལྷག་ལ་བག་ཡངས་མེད་ལ། སྤང་ལྟུང་མན་ཆད་ལ་བག་ཡངས་ཡོད་དོ་ཞེས་བསྟན་པའོ། །སྤང་ལྟུང་མན་ཆད་པོ་དེ་དག་གི་ཡང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་བག་ཡངས་མེད་ལ། བཅས་པའི་ཁ་ན་མ་ཐོ་བའི་གཞི་ལ་བག་ཡངས་ཡོད་པ་སྟེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། ལྟུང་བ་ཕྲན་ཚེགས་ཕྲ་མོ་ཞེས་བྱ་བ་ནི། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་མ་གཏོགས་པའོ། །ཞེས་གསུངས་སོ། །གསུམ་པ་ཆེད་དུ་བྱ་བ་གང་གི་ཕྱིར་བག་ཡངས་བྱ་བ་ནི། ཆེད་དུ་བྱ་བ་བཞི་སྟེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དགེ་འདུན་གྱི་དབྱེན་སྤང་བ་དང༌། གང་ཟག་རླབས་པོ་ཆེ་བསྟན་པ་ལ་གཞུག་པའི་དོན་དང༌། བསྟན་པ་འཕེལ་བར་བྱ་བ་དང༌། །དཀའ་བས་འཚོ་བ་སྤང་བས་སོ། །ཞེས་གསུངས་སོ། །བཞི་པ་ཆོ་ག་གང་གིས་བག་ཡངས་བྱ་བ་ནི། གསོལ་བ་དང༌། བཞིའི་ལས་ཀྱིས་བྱ་སྟེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། གསོལ་བ་དང༌། བཞིའི་ལས་ཀྱིས་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་བག་ཡངས་བྱེད་པའོ། །ཞེས་གསུངས་ལ། རྒྱ་གར་གྱི་མཁན་པོ་དྷརྨ་པ་ལ་ནས་བརྒྱུད་པའི་ཡི་གེ་ལས་འདིའི་ཆོ་ག་རྒྱས་པར་བྱུང་ངོ༌། །

ལྔ་པ་བག་ཡངས་འདི་སྡེ་པ་གང་གི་ལུགས་ཡིན་བསྟན་པ།

ལྔ་པ་བག་ཡངས་འདི་སྡེ་པ་གང་གི་ལུགས་ཡིན་བསྟན་པ་ནི།

ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཡིན་གྱི། སྡེ་པ་གཞན་ཁ་ཅིག་ནི་མི་འདོད་དེ། བཙུན་པ་ངོ་བོ་ཉིད་མེད་པས་མཛད་པའི་འགྲེལ་པ་ལས་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལ་ནི་བསླབ་པའི་གཞི་ཕྲན་ཚེགས་ཕྲ་མོ་ཁ་ཅིག་གལ་ཏེ་དགེ་འདུན་ཚོགས་པས་བག་ཡངས་སུ་བྱས་ན་བག་ཡངས་ཡིན་ནོ་ཞེས་གྲག་གོ །འདི་ཡང་གྲགས་པ་ཙམ་དུ་ཟད་ཀྱི་བསླབ་པའི་གཞི་འགའ་ཡང་དགེ་འདུན་གྱིས་བག་ཡངས་སུ་བྱས་པའམ་བྱེད་པ་ནི་མེད་དོ། །ཞེས་གསུངས་སོ། །དེས་ན་བག་ཡངས་ཆེན་པོ་འདི་ནི་ཉན་ཐོས་སྡེ་པ་ཁ་ཅིག་མི་འདོད་ཀྱང་རང་གི་སྡེ་པའི་ལུགས་ཡིན་ནོ། །

གཉིས་པ་བག་ཡངས་ཁ་འཐོར་བ་བྱས་པས་ཉེས་པ་མེད་པ།

གཉིས་པ་བག་ཡངས་ཁ་འཐོར་བ་བྱས་པས་ཉེས་པ་མེད་པ་ནི།

སྲ་བརྐྱང་བཏིང་ན་འཆང་འབྲལ་འཇོག་པ་ལ་སོགས་པའི་ལྟུང་བ་མི་འབྱུང་བ་དང༌། ཁང་པ་ཁང་ཆེན་གྱི་གནང་བ་བྱིན་ན་དེ་དག་བརྩིགས་ཀྱང་ལྟུང་བ་མི་འབྱུང་བ་ལྟ་བུའོ། །དེ་ཡང་བག་ཡངས་དེ་དག་བྱས་ན་རང་རང་གི་ལྟུང་བ་མི་འབྱུང་བའི་རྒྱུ་མཚན་ནི། བག་ཡངས་ཀྱི་ཆོ་ག་དེ་དག་དང་ལྡན་པ་ལ་སངས་རྒྱས་ཉིད་ཀྱིས་གནང་བའི་ཕྱིར་རོ། ། གསུམ་པ་སྒྲུབ་པར་མི་ནུས་པ་ཕྱོགས་གཅིག་ལ་ཞུགས་པ་ལ་ལྟུང་བ་མེད་པ་ལ། ཤེས་པ་ལ་རང་དབང་མེད་པས་སྒྲུབ་པར་མི་ནུས་པ་ལ་ལྟུང་བ་མེད་པ་དང༌། བྱ་དཀའ་བས་སྒྲུབ་པར་མི་ནུས་པ་ལ་ལྟུང་བ་མེད་པ་དང༌། ལྟུང་བ་ནང་འདོམ་པས་སྒྲུབ་པར་མི་ནུས་པ་ལ་ལྟུང་བ་མེད་པ་དང་གསུམ། དང་པོ་ནི་སྨྱོ་བ་ལ་སོགས་པ་ལ་ལྟུང་བ་མེད་པ་ལྟ་བུའོ། །གཉིས་པ་ནི་མཐའ་འཁོབ་ཏུ་དགེ་སློང་བཅུ་བཙལ་དུ་མེད་ན་ལྔའི་ཚོགས་ཀྱིས་བསྙེན་རྫོགས་བྱེད་པ་གནང་བ་ལྟ་བུའོ། །གསུམ་པ་ནི་བཅས་པ་མཉམ་ཞིང་དགག་དགོས་ཀྱང་མཉམ་པོ་གཉིས་འདོམ་ན་བཅས་པ་གཅིག་མ་བསྲུངས་པ་ལ་ལྟུང་བ་མེད་པ་སྟེ། དགེ་སློང་མས་ཉིན་མོ་འབྲལ་བ་དང་དགེ་སློང་མས་གཅིག་པུ་ལམ་དུ་འགྲོ་བ་གཉིས་ཐབས་གཞན་མེད་པར་འདོམ་ན། གཅིག་པུ་ལམ་དུ་འགྲོ་བ་ལ་ཉེས་པ་མེད་པ་ལྟ་བུའོ། །རྒྱུ་ལྔས་ལྟུང་མེད་ཡིན་དུ་གསུངས་ཏེ། ལུང་རྣམ་འབྱེད་ལས། རྒྱུ་ལྔས་ནི་ལྟུང་བ་མེད་དོ། །ལྔ་གང་ཞེ་ན། རང་གི་འདུ་ཤེས་ཀྱིས་ལེན་པ་དང༌། རེ་ཞིག་གི་འདུ་ཤེས་ཀྱིས་ལེན་པ་དང༌། ཡིད་གཅུགས་པའི་འདུ་ཤེས་ཀྱིས་ལེན་པ་དང༌། ལེན་པ་ན་གཞན་ལ་གོ་བར་བྱེད་པ་དང༌། རྐུ་སེམས་ཉེ་བར་གནས་པར་མ་གྱུར་པ་ཡིན་ཏེ། རྒྱུ་དེ་ལྔས་ལྟུང་བ་མེད་དོ། །ཞེས་གསུངས་སོ། །

གཉིས་པ་གཙོ་བོ་མ་ཡིན་པའི་སེལ་བ་ལ་ན་སྨད་པ།

གཉིས་པ་གཙོ་བོ་མ་ཡིན་པའི་སེལ་བ་ལ་ན་སྨད་པ་ནི།

རྩ་བར། ཐམས་ཅད་དུ་སྦྱོར་བ་ལ་ནི་ཉེས་བྱས་སོ། །ཞེས་པ་ལ་སོགས་པས་བསྟན་ཏོ། །འདི་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི། བཅས་པ་གཅིག་གིས་བསྡུས་པའི་ལྟུང་བ་ཆེ་ཆུང་བདེ་བླག་ཏུ་རྟོགས་པ་སྟེ། དེ་ལ་བརྟེན་ནས་ལྟུང་བ་ཆེ་ཆུང་གི་ཕྱིར་བཅོས་གང་ཡིན་བྱས་པས་ཚུལ་ཁྲིམས་དག་པར་འགྱུར་བའོ། །གཉིས་པ་བཅས་པ་གཅིག་གིས་བསྡུས་པའི་གནས་སྐབས་ཀྱི་དབྱེ་བ་ལ། བསླབ་པར་བྱ་བ་དང༌།སྦྱོར་བའི་སྦྱོར་བ་དང༌། སྦྱོར་བ་དང་དངོས་གཞི་རྫོགས་པ་དང་བཞི། དང་པོ་ལ་གཉིས་ཏེ། སྐབས་ནས་བྱུང་བའི་བསླབ་བྱ་དང༌། སྐབས་སུ་གཏོགས་པའི་བསླབ་བྱ་དང་གཉིས་ལས། དང་པོ་ནི་འཁྲུར་འཇུག་གི་གླེང་གཞིའི་སྐབས་ནས་བྱུང་བའི་སྦྲུམ་མ་དབེན་པར་གཞག་གོ །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ལ་གསུམ་ལས། བརྒྱུད་པ་རྒྱུད་འགྲོར་མཐུན་པའི་བསླབ་བྱ་ནི། ཕམ་པ་དང་པོའི་སྐབས་ནས། མ་བསྲུངས་པར་ཉིན་མོ་གློས་ཕབ་སྟེ་གཉིད་ལོག་པར་མི་བྱའོ། །ཞེས་གསུངས་པ་ལྟ་བུའོ། །སྦྱོར་བ་རྗེས་སྒྲུབ་མཐུན་པའི་བསླབ་བྱ་ནི། བརྡེག་པའི་ལྟུང་བྱེད་ཀྱི་སྐབས་ནས། ཀ་བ་ལ་བརྡེག་པར་མི་བྱའོ། །ཞེས་གསུངས་པ་ལྟ་བུའོ། །དགག་བྱ་ཉེས་དམིགས་མཐུན་པའི་བསླབ་བྱ་ནི། མེ་རེག་གི་སྐབས་ནས། སེང་གེ་ལ་རེག་པར་མི་བྱའོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་བསླབ་བྱ་ལས་འདས་ན་ཉེས་བྱས་བསྐྱེད་དོ། །དེ་ཡང་བསླབ་བྱའི་སྒྲ་བཤད་ནི། ལྟུང་བ་རྣམ་གཞག་གིས་མི་གོས་པར་བྱ་བའི་དོན་དུ་བསླབ་པར་བྱ་བ་ཡིན་པས་ན་དེ་ཞེས་བྱ་སྟེ། དེ་ལྟར་བམ་པོ་ལྔ་བཅུ་པ་ལས་གསུངས་སོ། །གཉིས་པ་སྦྱོར་བའི་སྦྱོར་བ་ལ་གཉིས་ཏེ། སྦྱོར་བའི་སྦྱོར་བ་མཚན་ཉིད་པ་དང༌། བཏགས་པ་བའོ། །དང་པོ་ལ་གཉིས་ཏེ། སྦྱོར་བའི་སྦྱོར་བ་སེམས་བསྐྱེད་པ་དང༌། སྦྱོར་བའི་སྦྱོར་བ་ལུས་ངག་ཏུ་གྲུབ་པའོ། །དང་པོ་ནི་ལུས་ངག་ཏུ་མ་གྲུབ་ཀྱང་རྐུ་བར་འདོད་པའི་བསམ་པ་སྐྱེས་པ་ལྟ་བུའོ། །དེ་ལ་ཉེས་པ་ནི་བསྡམ་བྱ་འབྱུང་སྟེ། འོད་ལྡན་རྩ་བ་ལས། སེམས་བསྐྱེད་པ་ལ་བསྡམ་བྱ། ཞེས་སོ། །གཉིས་པ་ནི་དགེ་སློང་གིས་རྐུ་བར་འདོད་པས་ཁྲི་ལས་ལྡང་བ་ནས་གོམ་པར་འདོར་བར་བྱེད་ཅིང༌། བརྐུ་བྱའི་རྫས་ལ་ནོམ་ཉུག་མི་བྱེད་པའི་གནས་སྐབས་ཏེ། ནོམ་པའི་སྔ་རོལ་ཏུ་སྦྱོར་བའི་སྦྱོར་བ་ཉིད་དོ། །ཞེས་སོ། །དེ་ལ་ལྟུང་བ་ནི་ཉེས་བྱས་འབྱུང་སྟེ། ལུང་རྣམ་འབྱེད་ལས། དགེ་སློང་གིས་རྐུ་སེམས་ཀྱིས་ཁྲི་ལས་ལྡང་བར་བྱེད། འགྲོ་བར་བྱེད་ཅིང་ཇི་སྲིད་དུ་ནོམ་པར་མི་བྱེད་ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ཞེས་གསུངས་སོ། །དེ་བཞིན་དུ་ལྟུང་བ་གཞན་རྣམས་ཀྱི་ཡང་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་ལུས་ངག་ཏུ་གྲུབ་པ་ལ། ལྟུང་བ་རང་རང་གི་ཆེས་ན་སྨད་བསྐྱེད་དོ། །དེ་ཡང་སྦྱོར་བའི་སྦྱོར་བའི་སྒྲ་བཤད་ནི་རང་རང་གི་སྦྱོར་བ་མཚན་ཉིད་པ་ལ་སྦྱོར་བར་བྱེད་པས་ན་དེ་ཞེས་བྱའོ། །གཉིས་པ་སྦྱོར་བའི་སྦྱོར་བ་བཏགས་པ་བ་ལ་གཉིས་ཏེ། སྦྱོར་བའི་རྣམ་པའི་སྦྱོར་བའི་སྦྱོར་བ་བཏགས་པ་བ་དང༌། དངོས་གཞིའི་རྣམ་པའི་སྦྱོར་བའི་སྦྱོར་བ་བཏགས་པ་བའོ། །དང་པོ་ནི་སྦྱོར་བའི་སྦྱོར་བ་བྱེད་བཞིན་པའི་གནས་སྐབས་ལས་རྐུ་བའི་འདུན་པ་ལོག་པ་ལྟ་བུ་སྟེ། མཐར་མ་ཐུག་པའི་སྒོ་ནས་སྦྱོར་བ་དང་རྣམ་པ་འདྲ་བས་ན་སྦྱོར་བའི་རྣམ་པ་ཞེས་བྱ། རང་རང་གི་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་དང་ལྟུང་བ་ངོ་མཉམ་དུ་བསྐྱེད་པས་ན་སྦྱོར་བའི་སྦྱོར་བ་ཞེས་བྱ། སྦྱོར་བའི་སྦྱོར་བ་ཞེས་མིང་བཏགས་ཀྱང་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་མ་ཡིན་པས་ན་བཏགས་པ་བ་ཞེས་བྱའོ། །གཉིས་པ་ནི་ལྷ་རྫས་རིན་ཐང་མ་ཚང་བ་བརྐུས་པས་ཐོབ་བློ་སྐྱེས་པ་ལྟ་བུ་སྟེ། ཡན་ལག་གཉིས་མ་ཚང་ལ་མཐར་ཐུག་གྲུབ་པའོ། །དེ་ཡང་མཐར་ཐུག་པས་ན་དངོས་གཞིའི་རྣམ་པ་ཞེས་བྱ། རང་རང་གི་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་དང་ལྟུང་བ་ངོ་མཉམ་དུ་བསྐྱེད་པས་ན་སྦྱོར་བའི་སྦྱོར་བ་ཞེས་བྱ། སྦྱོར་བའི་སྦྱོར་བ་ཞེས་མིང་བཏགས་ཀྱང་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་མ་ཡིན་པས་ན་བཏགས་པ་བ་ཞེས་བྱའོ། །

གསུམ་པ་སྦྱོར་བ་ལ་གཉིས་ཏེ། སྦྱོར་བ་མཚན་ཉིད་པ་དང༌། སྦྱོར་བ་བཏགས་པ་བའོ། །དང་པོ་ནི་དགེ་སློང་གིས་རྐུ་བར་འདོད་པས་མཐར་ཐུག་གི་སྔ་རོལ་ན། བརྐུ་བྱའི་རྫས་ལ་ནོམ་པར་བྱེད་ཉུག་པར་བྱེད་པ་ལྟ་བུའོ། །དེ་ལ་ལྟུང་བ་ནི་སྦྱོར་བའི་སྦོམ་པོ་འབྱུང་སྟེ། ལུང་རྣམ་འབྱེད་ལས། ནོམ་པར་བྱེད། ཉུག་པར་བྱེད་པ་ན་སྦོམ་པོར་འགྱུར་རོ། །ཞེས་གསུངས་སོ། །དེ་བཞིན་དུ་ལྟུང་བ་གཞན་རྣམས་ཀྱི་ཡང་སྦྱོར་བ་མཚན་ཉིད་པ་ལ། ལྟུང་བ་རང་རང་གི་ན་སྨད་བསྐྱེད་དོ། །དེ་ཡང་སྦྱོར་བའི་སྒྲ་བཤད་ནི། རང་རང་གི་ལྟུང་བ་དངོས་གཞི་རྫོགས་པ་ལ་སྦྱོར་བར་བྱེད་པས་ན་སྦྱོར་བ་ཞེས་བྱའོ། །གཉིས་པ་སྦྱོར་བ་བཏགས་པ་བ་ལ་གཉིས་ཏེ། སྦྱོར་བའི་རྣམ་པའི་སྦྱོར་བ་བཏགས་པ་བ་དང༌། དངོས་གཞི་རྣམ་པའི་སྦྱོར་བ་བཏགས་པ་བའོ། །དང་པོ་ནི་རྐུ་བའི་སྦྱོར་བ་བྱེད་བཞིན་པའི་གནས་སྐབས་ལས་བརྐུ་བའི་འདུན་པ་ལོག་པ་ལྟ་བུ་སྟེ། མཐར་མ་ཐུག་པས་ན་སྦྱོར་བའི་རྣམ་པ་ཞེས་བྱ་རང་རང་གི་སྦྱོར་བ་མཚན་ཉིད་པ་དང་ལྟུང་བ་ངོ་མཉམ་དུ་བསྐྱེད་པས་ན་སྦྱོར་བ་ཞེས་བྱ། སྦྱོར་བ་ཞེས་མིང་བཏགས་ཀྱང་སྦྱོར་བ་མཚན་ཉིད་པ་མ་ཡིན་པས་ན་བཏགས་པ་བ་ཞེས་བྱའོ། །གཉིས་པ་ནི་མིའི་རྫས་རིན་ཐང་མ་ཚང་བ་བརྐུས་པས་ཐོབ་བློ་སྐྱེས་པ་ལྟ་བུ་སྟེ། ཡན་ལག་གཅིག་མ་ཚང་བ་ལ་མཐར་ཐུག་གྲུབ་པའོ། །དེ་ཡང་མཐར་ཐུག་པས་ན་དངོས་གཞིའི་རྣམ་པ་ཞེས་བྱ། རང་རང་གི་སྦྱོར་བ་མཚན་ཉིད་པ་དང་ལྟུང་བ་ངོ་མཉམ་དུ་བསྐྱེད་པས་ན་སྦྱོར་བ་ཞེས་བྱ། སྦྱོར་བ་ཞེས་མིང་བཏགས་ཀྱང་སྦྱོར་བ་མཚན་ཉིད་པ་མ་ཡིན་པས་ན་བཏགས་པ་བ་ཞེས་བྱའོ། །

བཞི་པ་དངོས་གཞི་རྫོགས་པ།

བཞི་པ་དངོས་གཞི་རྫོགས་པ་ནི།

སྔར་བསྟན་ཟིན་ཅིང་རང་རང་གི་སྐབས་སུ་ཡང་ཤེས་པར་འགྱུར་རོ། ། གསུམ་པ་སྦོམ་པོའི་དོན་ཅུང་ཟད་བསྟན་པར་བྱ་བ་ལ། ཁྱད་པར་དང་སྒྲ་བཤད་པ་དང་གཉིས། དང་པོ་ནི་སྦོམ་པོ་མཚན་ཉིད་པ་དང་སྦོམ་པོ་བཏགས་པ་བའོ། །ཕྱི་མ་ནི་ཉེས་བྱས་ལ་མིང་སྦོམ་པོ་ཞེས་བཏགས་པའོ། །དེ་གཉིས་ལ་ཁྱད་པར་ལྔ་ལས། རྟེན་གྱི་ཁྱད་པར་ནི། རྟེན་དགེ་སློང་ཕ་མ་ལ་སྦོམ་པོར་འགྱུར་ཞེས་གསུངས་པ་བྱུང་ན་སྦོམ་པོ་མཚན་ཉིད་པ་ཡིན་པ་རྟེན་ཙམ་དུ་ཡོད་ལ། ཀ་རི་ཀ་ལྔ་བཅུ་པ་ལས། བྱོལ་སོང་དང་ནི་སེམས་དམྱལ་དང༌། །ཡི་དྭགས་འོན་ཏེ་ལྷ་ཡང་རུང༌། །བསད་ན་ངན་འགྲོར་འགྲོ་བ་ཡི། །སྡིག་པ་སྦོམ་པོ་ཐོབ་པར་འགྱུར། །ཞེས་བཤད་པ་ལྟ་བུའོ། །རྟེན་རབ་ཏུ་བྱུང་བ་རྣམ་པ་གསུམ་ལ་སྦོམ་པོར་འགྱུར་ཞེས་གཞུང་དུ་བྱུང་ན་སྦོམ་པོ་བཏགས་པ་བ་ཡིན་པས་ཁྱབ་བོ། །སྡེ་ཚན་གྱི་ཁྱད་པར་ནི། ཕམ་ལྷག་གི་སྡེའི་སྐབས་སུ་སྦོམ་པོ་ཞེས་བྱུང་ན་སྦོམ་པོ་མཚན་ཉིད་པ་ཡིན་པ་རྟེན་ཙམ་དུ་ཡོད་ལ། ལྟུང་བྱེད་མན་ཆོད་སྡེ་ཚན་གསུམ་གྱི་སྐབས་སུ་སྦོམ་པོ་ཞེས་བྱུང་ན་སྦོམ་པོ་བཏགས་པ་བ་ཡིན་པས་ཁྱབ་བོ། །གནས་སྐབས་ཀྱི་ཁྱད་པར་ནི་སྦྱོར་བ་དང་མཐར་ཐུག་གི་གནས་སྐབས་སུ་སྦོམ་པོ་ཞེས་བྱུང་ན་སྦོམ་པོ་མཚན་ཉིད་པ་ཡིན་པ་རྟེན་ཙམ་དུ་ཡོད་ལ། སྦྱོར་བའི་སྦྱོར་བའི་གནས་སྐབས་དང་བསླབ་བྱའི་གནས་སྐབས་སུ་སྦོམ་པོ་ཞེས་བྱུང་ན་སྦོམ་པོ་བཏགས་པ་བ་ཡིན་པས་ཁྱབ་བོ། །ཕྱིར་བཅོས་ཀྱི་ཁྱད་པར་ནི་ལྟུང་བ་ངོ་བོའི་ཆ་ནས་སྦོམ་པོའི་མིང་གིས་ཕྱིར་བཅོས་བྱ་དགོས་པ་ནི་སྦོམ་པོ་མཚན་ཉིད་པ་སྟེ། དམིགས་བསལ་ལ་ཕམ་ལྷག་གི་སྦྱོར་བ་མཚན་ཉིད་པའི་སྦོམ་པོ་ནི་སྦོམ་པོའི་མིང་གིས་ཕྱིར་བཅོས་བྱ་རུང་མ་ཡིན་ཡང་སྦོམ་པོ་མཚན་ཉིད་པའོ། །ལྟུང་བ་ངོ་བོའི་ཆ་ནས་ཉེས་བྱས་ཀྱི་མིང་གིས་ཕྱིར་བཅོས་བྱ་དགོས་པའི་ལྟུང་བ་ནི་གཞུང་རྣམས་ལས་སྦོམ་པོ་ཞེས་གསུངས་ཀྱང་སྦོམ་པོ་བཏགས་པ་བ་ཡིན་པས་ཁྱབ་བོ། །གདགས་གཞིའི་ཁྱད་པར་ནི་གདགས་གཞི་ཉེས་པ་གཅིག་ལ་སྦོམ་པོ་ཞེས་མིང་བཏགས་པ་ན་སྦོམ་པོ་མཚན་ཉིད་པ་ཡིན་པ་རྟེན་ཙམ་དུ་ཡོད་ལ། གདགས་གཞི་ཉེས་པ་དུ་མ་ལ་སྦོམ་པོ་ཞེས་མིང་བཏགས་ན་སྦོམ་པོ་བཏགས་པ་བ་ཡིན་པས་ཁྱབ་སྟེ། དེ་ནི་ཡོན་ཏན་སྒྲའི་སྦོམ་པོ་ཞེས་ཀྱང་བྱའོ། །འོད་ལྡན་ལས། མིང་དུ་ཆགས་པའི་སྦོམ་པོ་དང་ཡོན་ཏན་སྒྲའི་སྦོམ་པོ་ཞེས་བཤད་པ་ནི། སྦོམ་པོ་མཚན་ཉིད་པ་དང་སྦོམ་པོ་བཏགས་པ་བ་སྟེ། དེ་ཡང་སྦོམ་པོ་མཚན་ཉིད་པ་དང༌། མིང་དུ་ཆགས་པའི་སྦོམ་པོ་ལ་ཁྱད་པར་མེད་ལ། སྦོམ་པོ་བཏགས་པ་བ་དང་ཡོན་ཏན་སྒྲའི་སྦོམ་པོ་ནི་སྤྱི་དང་བྱེ་བྲག་ཡིན་པས། དེ་གཉིས་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་དོ། །ཡོན་ཏན་སྒྲའི་སྦོམ་པོ་ནི་སཾ་སྐྲྀ་ཏའི་སྐད་དུ། གྷུ་ན་ཡ་ཞེས་པ་ཡོན་ཏན་སྒྲའམ་དུ་མ་འདུས་པ་ལ་འཇུག་སྟེ། ཉེས་བྱས་དུ་མ་འདུས་པ་ལ་སྦོམ་པོར་བཏགས་པའོ། །དེ་ནི་སྦོམ་པོ་བཏགས་པ་བའི་བྱེ་བྲག་ཡིན་པས་ཡོན་ཏན་སྒྲའི་སྦོམ་པོ་ཡིན་པ་ལ་སྦོམ་པོ་བཏགས་པ་ཡིན་པས་ཁྱབ་སྟེ་ཤུག་པ་ཡིན་པ་ལ་ཤིང་ཡིན་པས་ཁྱབ་པ་བཞིན་ནོ། །ཤིང་ཡིན་པ་ལ་ཤུག་པ་ཡིན་པས་མ་ཁྱབ་པ་བཞིན་དུ་སྦོམ་པོ་བཏགས་པ་བ་ཡིན་པ་ལ་ཡོན་ཏན་སྒྲའི་སྦོམ་པོ་ཡིན་པས་མ་ཁྱབ་སྟེ། ཉེས་བྱས་གཅིག་ལ་སྦོམ་པོར་བཏགས་པ་ཐམས་ཅད་སྦོམ་པོ་བཏགས་པ་བ་ཡིན་ཡང་ཡོན་ཏན་སྒྲའི་སྦོམ་པོ་ནི་མ་ཡིན་ནོ། །སྦོམ་པོའི་སྒྲ་བཤད་པ་ནི། འོད་ལྡན་ལས། སྦོམ་པོའོ་ཞེས་བྱ་བའི་ཚིག་འདི་ནི་ལྟུང་བ་རིལ་གྱིས་མ་རྫོགས་པ་ཡིན་པ་དང༌། གླང་པོ་ཆེའི་གཙོ་བོ་བང་མི་བུལ་མི་མགྱོགས་པར་འགྲོ་བ་ལ་སྦྱར་བ་ཡིན་ནོ། །ཞེས་གསུངས་སོ། །དངོས་པོ་རིན་ཐང་ཚང་བ་མ་ཆོག་པ་བརྐུས་ན་སྦོམ་པོའོ། །བརྐུས་པའི་ཕམ་པ་མི་བསྐྱེད་དེ་རིན་ཐང་གི་ཡན་ལག་མ་ཚང་བའི་ཕྱིར་རོ། །དོན་ལ་བདག་པོ་ཡོད་ཀྱང་དབང་བར་ཤེས་པའི་བདག་པོ་མེད་པའི་གཏེར་བརྐུས་ན་སྦོམ་པོར་འགྱུར་རོ། །བརྐུས་པའི་ཕམ་པ་མི་བསྐྱེད་དེ། རྫས་བདག་པོས་བདག་གིར་བྱས་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །མ་བྱིན་ལེན་གྱི་ཕམ་པ་བསྐྱེད་པ་ལ་རྫས་དེ་བདག་པོས་བདག་གིར་བྱས་པ་ཡན་ལག་ཏུ་དགོས་པ་ནི་སྐབས་འདི་དང་ལུང་གཞན་གྱིས་ཀྱང་གྲུབ་སྟེ། འདུལ་བྱེད་ལས། ནད་པས་དགེ་འདུན་ལ་བསྔོས་པའི་རྫས་དེ་ནད་གཡོག་གིས་སོ་སོར་བགོས་པ་ལ་སྦོམ་པོར་གསུངས་ཏེ། བདག་པོ་དགེ་འདུན་རྣམས་ཀྱིས་དབང་བར་མ་ཤེས་པས་ནད་གཡོག་རྣམས་ལ་ཕམ་པ་མ་བྱུང་བའོ། །འོ་ན་བདག་པོས་ཡུན་རིང་དུ་བརྗེད་པའི་རྫས་བརྐུས་ན་ཅིར་འགྱུར་ཞེ་ན། འགྲེལ་ཆུང་ལས། ནོར་བདག་གི་སེམས་ལ་ནོར་ཡོད་པར་ཡང་མི་དྲན་པ་སྟོར་བ་ཡང་མི་དྲན་པ་ཞིག་ལས་བརྐུས་ན། ཐོག་མར་ནོར་བདག་གིས་སེམས་ལ་བདག་གི་ཡིན་པར་བསམས་པས་ཕྱིས་མི་དྲན་ཡང་ཕམ། ཞེས་སོ། །རང་གིའོ་ཞེས་པ་རང་གི་རྫས་ལ་གཞན་གྱིར་འདུ་ཤེས་འཁྲུལ་ཏེ་བརྐུས་ན་མཐར་ཐུག་གི་སྦོམ་པོའོ། །དེ་ནི་རྣམ་འབྱེད་ལས་མི་ཕམ་པའི་བྱུང་བ་ལས་སོ། །རྣམ་པ་གཅིག་ཏུ་ན་རང་གི་རྫས་གཡར་དུ་བཅུག་པ་ལ་རང་གིར་འདུ་ཤེས་ཏེ་སྐྱིན་པ་དབབ་པའི་བསམ་པས་རྐུ་ན་སྦྱོར་བའི་སྦོམ་པོ་ཞེས་པ་སྟེ། རྣམ་འབྱེད་ལས།དགེ་སློང་གིས་རང་གི་ལྷུང་བཟེད་དང༌། ཆོས་གོས་རྐུ་སེམས་ཀྱིས་ལེན་ན་སྦོམ་པོར་འགྱུར་རོ། །ཞེས་གསུངས་སོ། །མིའི་རྫས་ལ་འགྲོ་བ་གཞན་གྱིར་འདུ་ཤེས་འཁྲུལ་ཏེ་བརྐུས་ན་སྦོམ་པོར་འགྱུར་རོ་ཞེས་ཊཱི་ཀ་ལས་བཤད་ཅིང་ལུང་རྣམ་འབྱེད་ལས་གསུངས་ཏེ། དེ་ནི་བསམ་པའི་སེལ་བར་བཤད་པའི་ལུགས་སོ། །གཞིའི་སེལ་བར་བཤད་པའི་ལུགས་ནི་འགྲེལ་ཆུང་གི་རྩ་བ་ལས་འགྲོ་བ་གཞན་གྱིའོ་ཞེས་ཏེ། མི་ལས་འགྲོ་བ་གཞན་དུད་འགྲོ་དང་མི་མ་ཡིན་གྱི་ནོར་རྫས་བརྐུས་ན་སྦོམ་པོའོ་ཞེས་འགྲེལ་ཆུང་ལས་བཤད་ཅིང་ལུང་རྣམ་འབྱེད་ལས་གསུངས་སོ། །སྙིང་རྗེ་དང་ལྡན་པའི་རྐུ་སེམས་ཀྱིས་རྐུ་ན་ཉེས་བྱས་ལས་བརྐུས་པའི་ཕམ་པར་མི་འགྱུར་ཏེ། རང་དོན་དང་འཚོ་ཆེད་མེད་པའི་ཕྱིར་རོ། །སྙིང་རྗེ་ཡོད་ཀྱང་ལྟུང་བ་གཏན་ནས་མི་བསྐྱེད་པ་མ་ཡིན་ཏེ། བཅས་པའི་རྟེན་ཅན་གྱི་རྐུ་སེམས་ཀྱིས་བསྐྱེད་པའི་རིག་བྱེད་ཡོད་པའི་ཕྱིར་རོ། །ནོམ་པའི་སྔ་རོལ་ནི་སྦྱོར་བའི་སྦྱོར་བ་ཉིད་དོ་ཞེས་པས་ནོམ་པ་ནི་སྦྱོར་བ་ཉིད་དོ་ཞེས་ཤུགས་ཀྱིས་བསྟན་ཏེ། ལུང་ལས་དངོས་སུ་ཡང་ངོ༌། །འདིར་འགྲེལ་ཆུང་ལས། མི་གཉིས་གསུམ་ཡན་ཆད་མང་པོ་ཞིག་གི་ནོར་ལ་དགེ་སློང་གཅིག་གིས་བརྐུས་ན་མི་དུ་ཡོད་པ་བཞིན་དུ་ཉེས་བྱས་དང་སྦོམ་པོ་རེ་རེ་ཡང་ཡོད། ཕམ་པ་ནི་སྤྱིར་གཅིག་ཏུ་ཟད་དེ། ཞེས་བཤད་པ་ནི། ཕམ་པ་རྣམས་ལྡོག་མཚུངས་གཅིག་པ་ལ་དགོངས་པ་ཡིན་གྱི། འདིར་ཕམ་པ་ཐ་དད་པ་སྟེ། འགྲེལ་ཆུང་རང་ལས། སྡིག་ནི་མི་དུ་ཡོད་པ་བཞིན་དུ་ཕམ་པ་རེ་རེའི་སྡིག་ཡོད། ཅེས་དང༌། ཊཱི་ཀ་ལས། སེམས་ཅན་སོ་སོ་ལ་དངོས་གཞིའི་ལྟུང་བ་ཐ་དད་དོ། །ཞེས་གསུངས་པས་གྲུབ་བོ། ། སྐབས་འདིར་ཊཱི་ཀ་ལས། བདག་པོ་དུ་མ་ལ་རྐུ་ན་སེམས་ཅན་སོ་སོ་ལས་མ་བྱིན་ལེན་གྱི་ཕམ་པར་འགྱུར་ཞིང་སྦྱོར་བའི་སྦོམ་པོ་ནི་གཅིག་ཁོ་ནར་འགྱུར་ཞེས་བཤད་པ་ནི་སྦོམ་པོ་རྣམས་ལྡོག་མཚུངས་གཅིག་པ་ལ་དགོངས་པ་ཡིན་གྱི། འདིར་སྦོམ་པོ་ཐ་དད་པ་ཡིན་ཏེ། ཕམ་པ་ཐ་དད་ཀྱི་སྦྱོར་ལྟུང་ཡིན་པའི་ཕྱིར་དང༌། འགྲེལ་ཆུང་ལས། མི་དུ་ཡོད་པ་བཞིན་དུ་ཉེས་བྱས་དང་སྦོམ་པོ་རེ་རེ་ཡང་ཡོད་ཅེས་བཤད་པས་གྲུབ་བོ། །ཊཱི་ཀ་ལས། དགེ་སློང་གིས་མདའི་སྦྱོར་བ་གཅིག་གིས་མི་མང་པོ་དག་ལ་འཕངས་ན་སེམས་ཅན་སོ་སོ་ལས་སྦོམ་པོ་ཐ་དད་པར་འགྱུར་ལ། ཉེས་བྱས་ནི་གཅིག་ཁོ་ནར་འགྱུར་ཞེས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་རྣམས་ལྡོག་མཚུངས་གཅིག་པ་ལ་དགོངས་སོ་ཞེས་རིགས་སོ། །གལ་ཏེ་སྔར་མི་སྦྱིན་པར་ཐག་བཅད་ནས་ཕྱིས་བསྙོན་ན་ནི་སྔར་ཐག་བཅད་པ་དེ་ཕྱིས་བསྙོན་པ་ལས་སྦྱོར་བ་ཐ་དད་གཞན་ཉིད་དེ་སྦོམ་པོ་ཐ་དད་བསྐྱེད་དོ། །འདིར་ཊཱི་ཀ་ལས། བརྣོགས་པ་ནི་དངོས་གཞིའི་རྣམ་པའི་སྦོམ་པོ་ཡིན་པའི་ཕྱིར་རོ་ཞེས་པ་ནི་དངོས་གཞིའི་རྣམ་པ་བཏགས་པ་བ་སྟེ། སྦྱོར་བའི་གནས་སྐབས་ཀྱི་སྦོམ་པོ་ཡིན་ནོ། །འགྲེལ་ཆུང་ལས། ནོར་བདག་དེ་ཉིད་ཀྱིས་ནོར་སྦས་ཏེ་གཏམས་པ་དེ་གནས་གུད་དུ་མ་སྤོས་པར་མི་སྦྱིན་པར་བསམས་པ་ནི་ཕམ་པར་མི་འགྱུར་ཏེ་ཉེས་བྱས། ཞེས་བཤད་ཀྱང༌། མདོ་རྩ་འགྲེལ་དང་ལུང་ལས། སྦོམ་པོར་གསུངས་པ་གཙོ་བོར་གཟུང་ངོ༌། །མཚོ་ཊཱིཀ་ལས། གཞིའི་ཡན་ལག་ལྔ་མ་ཚང་ཡང་སྦོམ་པོ་བསྐྱེད་པ་ཡོད་དེ། ཁང་པའི་སྐབས་ཀྱི་ཊཱི་ཀ་ལས་བཤད་དོ། །ཞེས་གསུངས་པ་ལ་སྦོམ་པོ་ཡིན་པའི་ཚད་ཕམ་ལྷག་ཅི་རིགས་ཀྱི་ཡན་ལག་གཅིག་ཙམ་མ་ཚང་བའི་ལྟུང་བ་ལ་བྱེད་པའི་ངེས་པ་མེད་པར་སྣང་བས་སྦོམ་པོའི་ཚད་ལ་ཅུང་ཟད་དཔྱད་རྒྱུ་སྣང་ངོ། །

ལྔ་བ་མ་བྱིན་ལེན་གྱི་མཐར་ཐུག་བཤད་པ།

ལྔ་བ་མ་བྱིན་ལེན་གྱི་མཐར་ཐུག་བཤད་པ་ནི།

རྩ་བར། དེ་བྱས་ནས་རྐུ་བ་ལ་ནི་ཁུར་བརྐུས་པ་ནའོ། །ཞེས་པ་ལ་སོགས་པའི་དོན་མ་བྱིན་ལེན་གྱི་མཐར་ཐུག་གཏན་ལ་དབབ་པ་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། ཁ་ཅིག་ན་རེ་མ་བྱིན་པར་ལེན་པའི་མཐར་ཐུག་ནི། གནས་ནས་སྤགས་པ་སྟེ། རྣམ་འབྱེད་ལས། གནས་ནས་གནས་སུ་སྤོད་པར་བྱེད་པ་ན་བརྐུས་པར་བརྗོད་པར་བྱའོ། །ཇི་ལྟར་གནས་ནས་གནས་སུ་སྤོད་ཅེ་ན། གང་དུ་བཞག་པར་གྱུར་པའི་གནས་དེ་ནས་སྤགས་ཤིང་གཞན་དུ་འཇོག་པར་བྱེད་པ་སྟེ། ཞེས་དང༌། ཊཱི་ཀ་ལས། གང་ཁྲི་ལས་ལྡང་བ་ལ་སོགས་པའི་ཚེ་ན་ཉེས་བྱས་སོ། །ནོམ་པ་ན་ཉེས་པ་སྦོམ་པོའོ། །གནས་ནས་སྤགས་པ་ན་ཕམ་པར་བསྟན་ཞེས་པ་ལ་སོགས་པ་མཐར་ཐུག་གནས་སྤགས་ཡིན་པའི་གཞུང་མང་དུ་བྱུང་བས་གྲུབ་བོ་ཞེས་ཟེར་རོ། །འོ་ན་བློ་གྲོས་དུ་མས་རྐུ་བ་ཆོས་ཅན། མ་བྱིན་ལེན་གྱི་མཐར་ཐུག་གནས་སྤགས་མ་ཡིན་པ་མི་འཐད་པར་ཐལ། མ་བྱིན་ལེན་གྱི་མཐར་ཐུག་གནས་སྤགས་ཡིན་པའི་ཕྱིར་རོ། །འདོད་ན། ཊཱི་ཀ་ལས། རྐུན་པོ་རྣམས་བློ་གྲོས་མི་མཐུན་པ་བློ་གྲོས་དུ་མ་ཉིད་ཡིན་ན་བགོ་སྐལ་ཐོབ་ན་བརྐུས་པ་ཡིན་གྱི་གནས་སྤགས་པ་ན་བརྐུས་པ་ནི་མ་ཡིན་ནོ། །ཞེས་གསུངས་སོ །གལ་ཏེ་རྫས་འདུག་པ་གནས་ནས་སྤགས་པ་དེ་འདིའི་མཐར་ཐུག་གི་ཡན་ལག་ཡིན་པར་འདོད་ན་ནི། བརྟན་པར་གནས་པའི་བྱེ་བྲག་ཞིང་དང་ཁང་ཁྱིམ་རྐུ་བ་ཆོས་ཅན། མ་བྱིན་ལེན་གྱི་མཐར་ཐུག་གྲུབ་པ་མི་སྲིད་པར་ཐལ། རྫས་འདུག་པ་གནས་ནས་སྤགས་པ་མི་སྲིད་པའི་ཕྱིར་རོ། །འདོད་ན། ས་གཞི་དང་ཁང་ཁྱིམ་དག་རྐུ་ན་ཕམ་པ་བསྐྱེད་པར་གསུངས་པ་དང་འགལ་ལོ། །ཁྱེད་ཀྱིས་སྒྲུབ་བྱེད་དུ་བཀོད་པ་མཐར་ཐུག་གནས་སྤགས་ཡིན་པར་བཤད་པའི་གཞུང་ཐམས་ཅད་དེའི་ཚེ་ན་ཐོབ་བློ་སྐྱེ་བའི་ཕྱིར་ཞེས་དགོངས་པ་ཡིན་ནོ་ཞེས་གསུངས་ཏེ། དེའང་འདིའི་མཐར་ཐུག་ཐོབ་བློ་ཡིན་པར་གསུངས་པའི་གཞུང་མང་དུ་ཡོད་པ་འདི་རྣམས་གཙོ་བོར་བྱས་པའོ། །

གཉིས་པ་རང་ལུགས་བཞག་པ།

གཉིས་པ་རང་ལུགས་བཞག་པ་ནི།

མ་བྱིན་ལེན་པའི་མཐར་ཐུག་ནི་གང་མ་བྱིན་པར་བླངས་པ་དེ་ཐོབ་པའི་བློ་སྐྱེས་པ་སྟེ། ཐུབ་པ་དགོངས་རྒྱན་ལས། བརྐུས་ནས་ཐོབ་བོ་སྙམ་སྟེ་རྣམ་པར་དབུགས་ཕྱུང་ནས་གནས་ནའོ། །ཞེས་དང༌། ཊཱི་ཀ་ལས། རྐང་པའི་དྲུང་དུ་འོངས་ཀྱང་ཅི་སྲིད་དུ་སྣང་བར་མ་གྱུར་ན་དེའང་བརྐུས་པར་མི་འགྱུར་ཏེ། གྲུབ་པའི་བློ་མེད་པའི་ཕྱིར་རོ། །ཞེས་དང༌། ཞུ་འགྲེལ་ལས་ཀྱང༌། འོག་ཏུ་མ་ལྟུང་ན་ཡལ་ག་ལས་བྲལ་བ་ཙམ་གྱིས་ནི་མ་ཡིན་ཏེ་གྲུབ་པའི་བློ་མེད་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །རྐུན་པོ་རྣམས་ལ་དེའི་ཆེད་དུ་ལམ་རྒྱུས་གོ་བར་བྱེད་པ་ལ་ནི་ཤས་ཐོབ་ནའོ་ཞེས་པ་དང༌། འདི་ལ་བློ་གྲོས་དུ་མ་ཉིད་ན་ཐོབ་ན་བརྐུས་པ་ཡིན་ནོ་ཞེས་བཤད་དེ། ཐོབ་ན་ཞེས་གསུངས་པས་ཀྱང་ཐོབ་བློ་ཡིན་པར་ཤུགས་ཀྱིས་གྲུབ་བོ། །གསུམ་པ་རྩོད་པ་སྤང་བ་ནི། འོ་ན་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། མ་བྱིན་པར་ལེན་པའི་གཞི་ནི་གཞན་གྱིས་ཡོངས་སུ་བཟུང་བའོ། །མཐར་ཐུག་གནས་ནས་སྤགས་པའོ། །ཞེས་དང༌། འོད་ལྡན་ལས། གནས་ནས་སྤགས་པ་ཁོ་ན་ནི་བརྐུས་པ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེའི་ཚེ་ཐོབ་བློ་སྐྱེ་བའི་ཕྱིར་ཞེས་དགོངས་པ་ཡིན་པས་མི་འགལ་ལོ། །གལ་ཏེ་མཐར་ཐུག་གནས་སྤགས་ཡིན་ན་ནི་གང་ཟག་གཅིག་གིས་ཕམ་པ་བཞིའི་མཐར་ཐུག་དུས་གཅིག་ཏུ་གྲུབ་པ་འདི་རུང་ཡང༌། མཐར་ཐུག་ཐོབ་བློ་ཡིན་པ་ལྟར་ན་འདི་མི་རུང༌། ལྟུང་བ་བསྐྱེད་པའི་རྟེན་དགེ་སློང་གཅིག་གིས་ཕམ་པ་བཞི་ཀའི་མཐར་ཐུག་དུས་གཅིག་ཏུ་གྲུབ་པ་མི་སྲིད་པར་ཐལ། དགེ་སློང་གཅིག་ཉིད་ལ་བདེ་བ་ཉམས་མྱོང་བདག་གིར་བྱེད་པའི་རྟོག་པ་དང་མ་བྱིན་ལེན་གྱི་མཐར་ཐུག་ཐོབ་བློའི་རྟོག་པ་གཉིས་ཅིག་ཅར་འཇུག་པ་མེད་པའི་ཕྱིར་རོ། །དེའང་རྣམ་འགྲེལ་ལས། རྟོག་གཉིས་ཅིག་ཅར་འཇུག་པ་མེད། །འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འབྱུང་བར་ཡང་དག་རྟོགས། །ཞེས་གསུངས་པས་གྲུབ་བོ། །ཁྱབ་པ་མེད་ན་མ་བྱིན་ལེན་གྱི་མཐར་ཐུག་ཐོབ་བློ་ཡིན་པ་ཉམས་སོ། །འདོད་ན། འོད་ལྡན་ལས། གཅིག་ལ་མཐར་ཐུག་འགྱུར་བ་བཞི་ཡང་འབྱུང་ཞེས་གསུངས་པ་དེ་ནི་ལས་ཀྱི་ལམ་རྣམས་ཅིག་ཅར་རྫོགས་པ་ལ་དགོངས་པ་ཡིན། ཞེས་གསུངས་སོ་ཞེ་ན། དེ་ནི་འོད་ལྡན་དུ་སྔ་རབས་པའི་འདོད་པ་བརྗོད་པ་ཡིན་གྱིས། བྱེ་བྲག་སྨྲ་བ་ལྟར་ན་མཐར་ཐུག་རིམ་གྱིས་གྲུབ་པའོ། །ཞེས་མཚོ་ཊཱིཀ་ལས་གསུངས་མོད་ཞུ་བ་ལས། གཅིག་ལ་མཐར་གྱུར་པ་བཞི་ཡང་འབྱུང༌། ཞེས་གསུངས་པ་དང༌། སྒོ་མང་ཡིག་ཆར་མཐར་ཐུག་ཅིག་ཆར་འབྱུང་བ་ཡོད་པ་རང་ལུགས་སུ་བྱས་ནས་གསུངས་སོ། །མཐར་ཐུག་གནས་སྤགས་ཡིན་པར་གསུངས་པ་དང་མི་འགལ་བའི་རྣམ་གྲངས་གཞན་ཡང་འོད་ལྡན་དུ། གནས་སྤགས་ཀྱི་བྱེ་བྲག་མང་དུ་ཡོད་པར་བསྟན་པའི་སྐབས་ལས་ཁ་ཅིག་ནི་བསམ་པས་བཏང་བའོ། ། ཁ་ཅིག་ཏུ་ནི་ཕམ་པའོ། །ཁ་ཅིག་ཏུ་ནི་མི་སྣང་བའོ། །ཁ་ཅིག་ཏུ་ནི་སྣང་བའོ། །ཁ་ཅིག་ཏུ་ནི་རེ་བ་ཆད་པ་ཞེས་བྱ་བ་ལ་སོགས་པ་མཚན་ཉིད་ཇི་ལྟ་བ་བཞིན་དུ་དཔྱད་ནས་བརྗོད་པར་བྱའོ། །ཞེས་གསུངས་སོ། །མི་རྐུ་བ་ལ་གཉིས་ལས། རང་ལ་མི་མོས་པའི་མི་རྐུ་བ་ནི་མཐུས་འཛིན་པའོ། །རང་ལ་མོས་པའི་མི་རྐུ་བ་ལ་གལ་ཏེ་བརྡས་རྐུ་བ་ན་ནི་བརྡ་དེ་གྲུབ་ན་བརྐུས་པའི་ཕམ་པ་བསྐྱེད་པའོ། །ནམ་མཁའ་མཚམས་གཞན་གྱི་བར་དུ་ཆོད་པའི་ཕྱིར། ཊཱི་ཀ་ལས། འདིར་བྱ་སྨས་པ་ནི་དཔེ་ཙམ་སྟེ། རྫས་ཐམས་ཅད་ནི་ནམ་མཁའི་མཚམས་གཞན་དུ་སོང་ན་བརྐུས་པ་ཡིན་ནོ། །ཞེས་སོ། ། དུད་འགྲོ་གློ་བུར་བའི་དབང་དུ་བྱས་པ་ནི་དུད་འགྲོ་རི་དྭགས་ལ་སོགས་པ་རྒྱའམ་རྙི་ལ་བཏགས་པ་ནི་བཀྲོལ་བ་ནའོ། །དུད་འགྲོ་གཉུག་མ་བའི་དབང་དུ་བྱས་པ་ནི། ར་ལུག་ལ་སོགས་པའི་ཁྱུ་འགྲོ་བཞིན་པའི་ནང་ནས་ཕུར་བ་ལ་བརྟོད་ཅིང་བཞག་པས་བརྐུ་བར་བྱེད་པ་དང་ཁྱུ་ལས་བཀར་བ་གཉིས་ནི། ཞེས་སོ། ། རྣམ་འབྱེད་ལས། གཤོང་ལས་ཐང་ལ་བྱུང་བ་དང་ཐང་ལས་གཤོང་དུ་འབབ་པ་དང་མངོན་པར་སྐབས་ཡོད་པ་ནས་ནགས་ཐིབས་པོར་འཇུག་པ་ལ་སོགས་པ་གསུངས་ཏེ། ཊཱི་ཀ་ལས། དེ་དག་ཐམས་ཅད་ནི་འབྱམ་པའི་སྒྲས་བསྡུས་པ་ཡིན་ནོ། །ཞེས་སོ། །ཡང་འོད་ལྡན་ལས། འདིར་རྐུ་བ་ནི་ལོ་ཐོག་ལེགས་པ་ལ་བརྟེན་པ་ཡིན་གྱི་ཆུ་ལ་ནི་མ་ཡིན་ནོ། །ཞེས་དང༌། ཟླ་ཟེར་ལས། གཞ༷ན་གྱི༷་ཞི༷ང་ལ༷ས་ཀྱི༷་མཐ༷འ་ད༷ག་ལ༷་ཆར་ཆེས་པའི་ཚེ་རང་གི་ཞིང་གི་ཆུ་བྱོ་སྟེ་གཞན་གྱི་ལ་ཆུ༷་གཏོ༷ང་བ༷འ༷མ་ཐན་པ་བྱུང་བའི་ཚེ་གཞན་གྱི་ཞིང་གི་ཆུ་འགོ༷ག་རང་གི་ཞིང་ལ་བསྒྱུར་པ༷་ལ༷་ནི༷་ར༷ང་གི༷་ཞིང་ལ༷ས་ཀྱི༷་མཐ༷འ་གྲུ༷བ་སྟེ་ལོ་ལེགས་པ༷་ན་བརྐུས་པ་ཡིན་ནོ། །ཐམས་ཅད་དུའམ་ཞེ་ན་ཞིང་གི་ཡོན་ཏན་ལ་སོགས་པའི་སྐྱེ༷ད་ཀྱི་ལོ་ལེགས་པ་མ༷་གཏོ༷གས་པ༷་བསམ་པ་གང་གི་ཞེ་ན་རང་གི་ལོ་ལེགས་དེ༷འི་ཆེ༷ད་དུ༷་གཞན་གྱི་ལོ་ཉེས་པ་དེ༷ར་འདུ༷ན་པ༷ས་གཞན་གྱི་ལས་ཀྱི་མཐའ་གྲུབ་པ་ལས་གཞ༷ན་ཕུངས་པ་ཉིད་དུ༷་གྱུ༷ར་ན༷་བརྐུས་པའི་ཕམ་པ་སྐྱེད་པའོ༷། །ཞེས་རྩ་བའི་ཚིག་དོན་དེ་ལྟར་གསུངས་པ་ལ། དེ་འདྲའི་ཕམ་པ་འབྱུང་བའི་གཞིའི་རིན་ཐང་ཚང་བའི་དངོས་པོ་ལ་གང་འཇོག་དཔྱད་པར་བྱའོ། །རྩ་བར། ཤགས་ཀྱིས་བླ་གྲྭར་རྒྱལ་ནའོ། །ཞེས་བླའི་གྲྭར་ཤ༷གས་བཀྱེ་ནས་ཞལ་ཆེ་རྒྱལ་ན་ཕམ་པ་བསྐྱེད་པ་སྟེ། འགྲེལ་ཆུང་ལས། དགེ་སློང་མི་དབང་བ་ལས་རྒྱལ་པོས་དགེ་སློང་དབང་ངོ་ཞེས་བཅད་ན་ཕམ་པའོ། །འོག་གཟུར་ཤགས་བཀྱེ་ན་ཕ་རོལ་པོའི་ཤགས་ཀྱི་སྦྱོར་བ་ཉིད་བཏང་སྟེ་སྤྲོ་བ་ལུས་བཏང་ན་ཕམ་པ་བསྐྱེད་པའོ། །རྣམ་འབྱེད་འགྲེལ་བ་ལས། བླའི་གྲྭ་ཞེས་བྱ་བ་ནི་རྒྱལ་པོས་བསྐོས་པའི་མིའོ། །འོག་གཟུར་ཞེས་བྱ་བ་ནི་ཡུལ་མིའི་ཚོགས་སོ། །ཞེས་གསུངས་སོ། །བླའི་གྲྭ་དང་འོག་གཟུར་གཉིས་ཚིག་བཙན་མི་བཙན་གྱིས་ཁྱད་པར་ཡོད་པས་ཐོབ་བློ་སྐྱེད་དཀའ་སླ་ཡོད་པའོ། །རྒྱན་ལ་གཡོ་བྱེད་ན་རྒྱན་རྒྱལ་ཙམ་ན་ཕམ་པ་བསྐྱེད་ལ་གྲངས་ལ་གཡོ་བྱེད་ན་ནོར་རྫས་ལ་ཐོབ་བློ་སྐྱེས་པ་ལ་ལྟོས་དགོས་པ་ནི། རྒྱན་དང་རྩིས་གཉིས་ཡུལ་ཆོས་ཀྱིས་གཉན་མི་གཉན་ཡོད་པའི་ཕྱིར་དང་རྫས་མངོན་སུམ་ན་སྣང་མི་སྣང་གི་ཁྱད་པར་གྱིས་ཐོབ་བློ་སྐྱེ་བ་དཀའ་སླ་ཡོད་པའོ། །རྩིས་ལ་དོར་བྱེད་པ་ན། བཅུ་ཁྲམ་དང་བརྒྱ་ཁྲམ་ལ་སོགས་པའི་མཚན་མ་ཕྱིས་པ་སྟེ་མེད་པར་བྱས་པ་དང༌། མཚན་མ་བསྣན་པ་སྟེ་ལྷག་པར་བསྣན་པ་གཉིས་དང༌། བཅུ་ཁྲམ་དང་བརྒྱ་ཁྲམ་ལ་སོགས་པའི་མཚན་མ་གནས་གཞན་དུ་ལྟག་འོག་བསྣོར་ཅིང་བཞག་པ་ཡང༌། དོར་བྱེད་པ་དེ་ཉིད་ཡིན་ཏེ། སྦྱོར་བའི་སྦྱོར་བ་ཉིད་དེ་ཉེས་བྱས་བསྐྱེད་དོ། །མདོ་འདི་ནི་རང་གི་རྣམ་བཤད་དང་ཊཱི་ཀ་ལས། རྩིས་ལ་དོར་བྱེད་པ་གཅིག་པུར་མ་ཟད་ཀྱི། དེ་དང་མཚུངས་པའི་གནས་སྐབས་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་པར་གསུངས་སོ། ། དྲུག་པ་ཤོ་གམ་དང་འབྲེལ་བའི་དོན་ལ་བརྒྱད་ལས། དང་པོ་གང་དུ་གཞལ་བའི་གནས་ནི་ས་ཡིན་སྲུང་བ་ཡིན། གཅོད་པ་ཡིན་པ་སྟེ། གཞན་དུ་ན་རྒྱལ་པོ་ས་ལ་དབང་གི་ནམ་མཁའ་ལ་མི་དབང་བའི་ཕྱིར་དང༌། བསྲུངས་པའི་གླ་རྔན་མི་དབང་བའི་ཕྱིར་དང༌། ཤོ་གམ་སྦྱིན་མི་དགོས་པའི་ཕྱིར་རོ། ། གཉིས་པ་གང་ལ་གཞལ་བའི་བདག་པོ་ནི། རྒྱལ་པོ་ཆོས་བཞི་ལྡན་ཏེ། བྱེ་བྲག་ཏུ་བཤད་པ་ལས། གང་ཞིག་ཆོས་བཞིན་དུ་བསྲུང་བ་དང༌། སྐྱོབ་པ་དང་སྦེད་པ་དང༌། ཀུན་འགྱེད་པར་བྱེད་པ་དེས་ཤོ་གམ་དབང་བ་ཡིན་ནོ། །ཞེས་གསུངས་ཏེ། རྒྱལ་པོ་གཞན་གྱི་དམག་ལས་བསྲུང་བ་དང༌། རྒྱལ་པོ་རང་གི་ཡུལ་མིས་འཇོམས་པ་ལས་སྐྱོབ་པ་དང༌། ཚོང་པ་ནང་གི་འཇིགས་པ་ལས་སྦེད་པ་དང༌། ཡུལ་ཆོས་ཀྱི་རིགས་ཚོད་དུ་ལེན་པ་སྟེ། འོད་ལྡན་ལས། སྐྱེ་དགུ་ཉོན་མོངས་བསྲུང་བའི་ཕྱིར། རྒྱལ་པོ་ལ་ནི་ཤོ་གམ་གཞལ། །གལ་ཏེ་དེ་ཡང་བསྲུང་བ་ཡིས། །ཉོ་ན་གླ་ནི་བུ་ལོན་མིན། །ཞེས་གསུངས་སོ། །གསུམ་པ་གང་ལས་གཞལ་བའི་རྫས་ནི། ཉོ་ཚོང་དུ་བྱེད་པའི་ཟོང་ལས་ཏེ། འོད་ལྡན་ལས། འཇིག་རྟེན་པའི་ལུགས་ཀྱི་ཟོང་ཁོ་ན་ལ་ཤོ་གམ་བཅད་པར་རིགས་སོ་ཞེས་འཇོག་སྟེ། ཞེས་སོ། །ཟོང་མ་ཡིན་པ་ལ་ཡང་ཤོ་གམ་འཇལ་མི་དགོས་ཏེ། སྨན་གྱི་གཞི་ལས། ཤུལ་གྱི་སྙུན་རྒྱགས་ཀྱི་ཆེད་དུ་ཀར་ཤ་པ་ན་ཞེས་པར་གསོལ་བཀའ་སྩལ་བ་བླངས་པར་བྱའོ། །ཞེས་དང༌། །བྱེ་བྲག་ཏུ་བཤད་པ་ལས། དཀོན་མཆོག་དང་མཁན་པོ་དང་སློབ་དཔོན་དང་ཕ་མ་དང་སྐྱེས་ཀྱི་ཕྱིར་ཁྱེར་བ་དེ་ལས་ཤོ་གམ་སྦྱིན་པར་མི་བྱ་སྟེ། ཉོ་ཚོང་བྱ་བའི་རྒྱུར་མི་ཁྱེར་བས་སོ། །ཟོང་དེ་ལ་ཟོང་དང་འདྲ་བར་བླང་བར་མི་བྱའོ། །ཞེས་གསུངས་སོ། །དེ་དང་མཐུན་པར་རྒྱལ་པོའི་བསྟན་ངག་ལས། བག་མ་བླང་བ་དང༌། བཏང་བ་དང༌། མཆོད་སྦྱིན་བྱ་བ་དང༌། ལྷ་ལ་མཆོད་པ་དང༌། རབ་ཏུ་བྱུང་བ་ལ་སོགས་པའི་ཁྱད་པར་རྣམས་ཀྱིས་རྫས་ནི་ཤོ་གམ་མི་བྱ་བ་ཡིན་ནོ་ཞེས་བྱུང་ངོ༌། །ཞེས་འོད་ལྡན་དུ་དྲངས་སོ། ། འོད་ལྡན་ལས། ཁ་ཚར་བཅད་པ་དང་ཆུར་སྨྱུག་པ་ལ་སོགས་པ་བྱས་པ་ལ་ཤོ་གམ་མི་གཅོད་པའི་ཡུལ་ཆོས་ཀྱི་དབང་དུ་བྱས་པ་ཡིན་ནོ། །ཞེས་གསུངས་སོ། །བཞི་པ་ཇི་ཙམ་གཞལ་བའི་ཚད་ནི། ཡུལ་ཆོས་ཀྱིས་འཇོག་པས་འདུལ་བ་ལུང་ལས་ཚད་གསུངས་པ་མེད་དོ། །འོད་ལྡན་ལས། ཟོང་ལ་ནི་ཉི་ཤུ་ཆ་ཤོ་གམ་ཡིན་ལ། རྩྭ་ཤིང་ལ་ནི་དྲུག་ཅུ་ཆ་ཡིན་ནོ། །ལྔ་པ་མ་གཞལ་བའི་ལྟུང་བ་ནི་རྐུ་སེམས་དང་རིན་ཐང་ལ་སོགས་པའི་ཡན་ལག་ཚང་ན་ཕམ་པར་འགྱུར་རོ། །དྲུག་པ་ལྡོག་མཚམས་ལྟུང་མེད་ནི། རྐུ་སེམས་མེད་ན་ཤོ་གམ་མ་གཞལ་ཡང་མ་བྱིན་ལེན་གྱི་ལྟུང་བ་རྣམ་གཞག་མི་འབྱུང་སྟེ། རྩ་བར། རྐུ་སེམས་མེད་པ་ལ་ཤོ་གམ་དུ་གཏོགས་པའི་ཉེས་པ་འབྱུང་བར་དོགས་པར་མི་བྱའོ། །ཞེས་སོ། །རྐུ་སེམས་མེད་ཀྱང་བསླབ་བྱའི་ཉེས་བྱས་ནི་འབྱུང་བ་ཡིན་ཏེ། ཤོ་གམ་གཞལ་དགོས་པ་དང་བཅས་པ་འགྲོ་བར་མི་བྱའོ། །ཞེས་སོ། །གནང་བ་ལ་གཞན་གྱིས་བཟླས་ན་གཞན་དུ་མ་བརྐུས་པ་མ་ཡིན་ཏེ། སྦོམ་པོར་འགྱུར་བ་ཡིན་ནོ། །འདི་ནི་འགྲེལ་ཆུང་ལས། ནོར་བདག་ལ་སྦྱིན་པའི་ཕྱིར་ཤོ་གམ་མ་བྱིན་ན་སྦོམ་པོའོ། །དགེ་སློང་བདག་ཉིད་བཀུར་བའི་ཕྱིར་ཤོ་གམ་མ་བྱིན་ན་ཕམ་པའོ། །ཞེས་གསུངས་སོ། །མ་གནང་བས་གཞན་གྱིས་བཟླ་བར་མི་བྱ་བ་ལས་བཟླས་ན་འགྲེལ་ཆུང་ལས་རིན་ཐང་ཚང་ན་ཕམ་པར་འགྱུར་ཞེས་བཤད་ཅིང༌། ཊཱི་ཀ་ལས། འདི་ལ་མ་བྱིན་ལེན་གྱི་ཉེས་པ་མེད་ཀྱང་ཚུལ་མ་ཡིན་པའི་ཕྱིར་བཀག་སྟེ། འཇིག་རྟེན་ན་ཁ་ཟེར་བར་འགྱུར་བའི་ཕྱིར། བསླབ་བྱའི་ཉེས་བྱས་སོ། །ཞེས་གསུངས་ཏེ། རྐུ་སེམས་ཡོད་པ་དང་མེད་པའི་དབང་དུ་བྱས་པ་སྟེ། འགྲེལ་པ་གཉིས་ཀ་ལྟར་འཐད་དོ། བདུན་པ་རྒྱུར་འགྲོ་བསླབ་བྱ་ནི། ཤོ་གམ་གཞལ་དགོས་པ་དང་བཅས་པ་འགྲོ་བར་མི་བྱའོ། །ཞེས་སོ། །བརྒྱད་པ་ཤོ་གམ་གྱིས་མཚོན་པའི་དོན་ནི། གྲུ་བཙས་ཀྱང་མཚོན་པ་སྟེ། འོད་ལྡན་ལས། ཤོ་གམ་གྱིས་ནི་གྲུ་བཙས་ཀྱང་རྣམ་པར་བཤད་པ་ཡིན་ཏེ། ཞེས་སོ། །ཡུལ་ཆོས་ཀྱིས་གྲུ་བཙས་མི་ལེན་ན་ནི་མ་གཞལ་ཡང་ཉེས་པ་མེད་དེ། འོད་ལྡན་ལས། སྦྲུམ་མ་ཟླ་བ་གཉིས་ལ་སོགས། །རབ་ཏུ་བྱུང་དང་ཐུབ་པ་དང༌། །བྲམ་ཟེ་དང་ནི་རྟགས་ཅན་ལ། །གྲུ་བཙས་བླང་བར་མི་བྱའོ། །ཞེས་འཇིག་རྟེན་པའི་གཞུང་ལུགས་ཁུངས་སུ་དྲངས་སོ། །ཊཱི་ཀ་ལས། བདག་པོ་གང་ཡིན་པ་མི་ཤེས་ན་དེ་དགེ་བསྐོས་ལ་གཏད་པ་ཉིད་དུ་བྱ། ཞེས་དང༌། ལུང་ལས། བདག་པོ་གང་ཡིན་ཤེས་ཀྱང་དེ་དགེ་བསྐོས་ལ་གཏད་པར་གསུངས་པ་དང་འགལ་སྙམ་ན། སྤྱིར་བཏང་ལ་ཊཱི་ཀ་ལྟར་ཡིན་ལ་དམིགས་བསལ་ནི་བདག་པོ་དེ་ཏིང་ངེ་འཛིན་ལ་ཞུགས་པའམ་རང་དང་ཞེ་འདྲེས་པ་ཡིན་ན། ལུང་ལས་གསུངས་པ་བཞིན་དུ་བྱ་བར་གསལ་ལོ། །

བདུན་པ་བརྐུ་བྱའི་རྫས་ལ་བདག་ཏུ་བཟུང་བ་དགོས་པ།

བདུན་པ་བརྐུ་བྱའི་རྫས་ལ་བདག་ཏུ་བཟུང་བ་དགོས་པ་ནི།

རྩ་བར། མྱ་ངན་ལས་འདས་པ་ནི་ལྷ་ཉིད་དོ། ། ཞེས་པའི་དོན་བཤད་པ་ལ་གཉིས་ལས། དང་པོ་གཞན་ལུགས་དགག་པ་ནི། མཚོ་ཊཱིཀ་ལས། ཁ་ཅིག་ན་རེ་གཞུང་འདིས་ནི་སངས་རྒྱས་རྩྭ་མཆོག་ཏུ་མྱ་ངན་ལས་འདས་ཏེ་སྐུ་གཤེགས་པའི་དཀོར་བརྐུས་ན་སྦོམ་པོར་བསྟན་པ་ཡིན་ཏེ། ཊཱི་ཀ་ལས། ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་པ་ནི། ཞེས་གསུངས་ལ། ལྷག་མེད་ཀྱི་མྱང་འདས་ནི་ཉན་ཐོས་ཀྱི་ལུགས་ཀྱིས་སངས་རྒྱས་དང་དགྲ་བཅོམ་པ་གྲོངས་པའི་གནས་སྐབས་ཉིད་ཡིན་པའི་ཕྱིར་རོ། །སངས་རྒྱས་དང་དགྲ་བཅོམ་པ་ཞལ་བཞུགས་པའི་ཆོས་གོས་ལྷུང་བཟེད་ལྟ་བུ་བརྐུས་ན་ཕམ་པ་བསྐྱེད་དེ། གནས་སྐབས་གཞན་ཐོབ་པ་ནི་གཞན་ཉིད་མ་ཡིན་ནོ་ཞེས་བཤད་པས་གྲུབ་བོ་ཞེས་ཟེར་རོ། །འདིར་སྦོམ་པོ་བསྐྱེད་པ་དེ་འཐད་ཀྱང་ཕམ་པ་བསྐྱེད་པ་དེ་མི་འཐད་པས། དེ་དགག་པ་ལ་གཉིས་ཏེ། གནོད་བྱེད་བརྗོད་པ་དང༌། སྒྲུབ་བྱེད་གཞིག་པའོ། །དང་པོ་ནི་ཊཱི་ཀ་ལས། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དཀོར་ཡང་མིའི་རྒྱུད་དུ་གཏོགས་པ་ཡིན་པའི་ཕྱིར་ཏེ་དེ་བརྐུས་ན་ཕམ་པར་འགྱུར་བར་དོགས་པ་བསལ་བའི་ཕྱིར། མྱ་ངན་ལས་འདས་པ་ནི་ལྷ་ཉིད་དོ། །ཞེས་དང༌། བི་མ་ལ་མི་ཏྲའི་འགྲེལ་ཆུང་ལས། བཅོམ་ལྡན་འདས་ཉན་ཐོས་དང་རང་རྒྱལ་བའི་ནོར་བརྐུས་པ་ནི་ལྷའི་ནོར་བརྐུས་པ་དང་འདྲ། ཞེས་དང༌། སོ་སོར་ཐར་པའི་འགྲེལ་པ་ལུང་གི་རྣམ་བཤད་ལས། སངས་རྒྱས་ཀྱི་དཀོར་བརྐུས་ན་ནི་མི་ཕམ་སྟེ། ཡོངས་སུ་བཟུང་བ་མེད་པས་སྦོམ་པོའོ། །ཞེས་བཤད་པ་དང་འགལ་ལོ། །སངས་རྒྱས་ཞལ་བཞུགས་པའི་ཆོས་གོས་དང་ཉན་ཐོས་དགྲ་བཅོམ་པའི་ཆོས་གོས་ལྟ་བུ་བརྐུས་པ་ཆོས་ཅན། བརྐུས་པའི་ཕམ་པ་མི་བསྐྱེད་པར་ཐལ། རྫས་བདག་ཏུ་གཟུང་བའི་ཡན་ལག་མ་ཚང་བའི་ཕྱིར་རོ། །དེ་ཡང་བདག་དང་བདག་གིར་འཛིན་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་ལ་ཕྱོགས་སྔ་མས་སྨྲས་པ། སངས་རྒྱས་ཀྱིས་དོན་གྱིས་བདག་གིར་འཛིན་པ་སྤངས་ཀྱང༌། ཐ་སྙད་པའི་བདག་གིར་འཛིན་པ་མ་སྤངས་ཏེ། ཀུན་དགའ་བོ་ངའི་ཆོས་གོས་དྲོས་ཤིག་ཅེས་གསུངས་ལ། ངའི་ཉན་ཐོས་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེ་ན། དོན་ལ་མི་གནས་ན་ཐ་སྙད་པ་ཙམ་གྱིས་ཕམ་པ་བསྐྱེད་པའི་ཡན་ལག་མི་བྱེད་དེ། དོན་ཇི་ལྟ་བ་ཉིད་ལ་ནི་དངོས་གཞིའོ། །དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ནི་དངོས་གཞི་དང་ཉེའོ་ཞེས་གསུངས་ལ། ཐ་སྙད་པ་ཙམ་གྱིས་ཕམ་པ་བསྐྱེད་པའི་ཡན་ལག་བྱེད་ན་མཐོ་ཡོར་ལ་མིར་འདུ་ཤེས་ཏེ་བསད་པ་ལ་ཕམ་པ་བསྐྱེད་པར་མགོ་མཚུངས་པར་འགྱུར་རོ། །

གཉིས་པ་སྒྲུབ་བྱེད་གཞིག་པ།

གཉིས་པ་སྒྲུབ་བྱེད་གཞིག་པ་ནི།

གནས་སྐབས་གཞན་ཐོབ་པ་ཞེས་པ་དེ་རྐུ་བ་ལས་གཞན་པ་སྲོག་གཅོད་པ་ལ་སོགས་པ་རྣམས་ཀྱི་དབང་དུ་བྱས་པ་སྟེ། ལུང་ཞུ་བ་ལས། དགྲ་བཅོམ་པ་བསད་ན་ཕམ་པར་འགྱུར་རོ། །ཞེས་གསུངས་པའི་དོན་མདོ་རྩར་བསྡུས་པ་ཡིན་ནོ། །གཉིས་པ་རང་ལུགས་བཞག་པ་ནི། མྱ་ངན་ལས་འདས་པ་ནི་ཞེས་པ་འདིས་ལྷག་བཅས་ཀྱི་མྱང་འདས་དང༌། ལྷག་མེད་ཀྱི་མྱང་འདས་གཉིས་ཀ་བསྟན་ཏེ། ཊཱི་ཀ་ལས། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དཀོར་ཡང་མིའི་རྒྱུད་དུ་གཏོགས་པ་ཡིན་པའི་ཕྱིར་ཞེས་པ་ལ་སོགས་པས་ལྷག་བཅས་བསྟན་པར་གྲུབ་བོ། །ལྷག་མེད་ཀྱི་མྱང་འདས་ཀྱང་བསྟན་པ་ཡིན་ཏེ། ཊཱི་ཀ་ལས། ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་ནི་རྣམ་པར་དག་པའི་ལྷ་ཉིད་དུ་བཞེད་དོ་ཞེས་པས་གྲུབ་བོ། །དེ་ལྟར་ལྷག་བཅས་དང་ལྷག་མེད་ཀྱི་མྱ་ངན་ལས་འདས་པའི་དཀོར་བརྐུས་པ་ནི་ཆོས་ཅན། བརྐུས་པའི་ཕམ་པ་མི་བསྐྱེད་དེ། རྫས་བདག་ཏུ་བཟུང་བའི་ཡན་ལག་མ་ཚང་བའི་ཕྱིར་རོ། །རྣམ་པར་དག་པའི་ལྷ་ཉིད་ཡིན་པས་དེ་ལ་བརྐུས་ན་སྦོམ་པོ་བསྐྱེད་དོ། །སྤྱིར་ན་འཇིག་རྟེན་གྱི་ལྷ་དང༌། སྐྱེ་བོའི་ལྷ་དང༌། རྣམ་པར་དག་པའི་ལྷ་དང་གསུམ་ལས་འདི་ནི་ཕྱི་མའོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །དེ་ཡང་བརྐུས་པའི་ཕམ་པ་མི་བསྐྱེད་དེ། རྫས་བདག་ཏུ་བཟུང་བའི་ཡན་ལག་མ་ཚང་བའི་ཕྱིར་ཞེས་ཟེར་བ་ལ་མཁས་པ་འགའ་ཞིག་གིས་ཁྱབ་བ་མེད་དེ། བདག་འཛིན་བྱེ་སྨྲའི་ལུགས་ལ་རྒྱུན་ཞུགས་ཀྱིས་སྤངས་ཟིན་པ་ཡིན་པས་ན་མདོ་རྩ་འགྲེལ་ན་མྱ་ངན་ལས་འདས་པ་ལ་སྦྱར་བའི་རྒྱུ་མཚན་མེད་པར་འགྱུར་རོ་ཞེས་བཤད་དོ། །རྩ་བར། མིའི་རྒྱུད་ཀྱི་ཡོངས་སུ་བཟུང་བའོ། །ཞེས་པའི་འཛིན་བྱེད་ཀྱི་བློ་ལ་བདག་འཛིན་དགོས་པར་ཐལ། བདག་འཛིན་སྤང་བའི་དགྲ་བཅོམ་པའི་རྫས་བརྐུས་ན་ཕམ་པ་མི་བསྐྱེད་པའི་རྒྱུ་མཚན་ཡོད་པ་གང་ཞིག དགྲ་བཅོམ་དེ་དག་ལ་ངའི་ཆོས་གོས་སྙམ་པའི་བློ་སྐྱེ་བ་ཡོད་པའི་ཕྱིར་ཟེར༌། འདོད་མི་ནུས་ཏེ། བྱང་སྒྲ་མི་སྙན་ན་བདག་འཛིན་ཡོད་པ་གང་ཞིག སྐབས་འདིའི་ཡོངས་སུ་འཛིན་པ་མེད་པའི་ཕྱིར། རྟགས་དང་པོ་སླ། རྟགས་ཕྱི་མ་གྲུབ་སྟེ། རྩ་བར། བྱང་གི་སྒྲ་མི་སྙན་ན་ནི་ཡོངས་སུ་འཛིན་པ་མེད་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་ཞུའོ། །རྒྱལ་ཚབ་རྗེའི་ཐར་ལམ་གསལ་བྱེད་ལས། དགྲ་བཅོམ་པའི་ཆོས་གོས་དང་ལྷུང་བཟེད་རྐུས་པས་ཕམ་པ་འབྱུང་བ་མི་སྲིད་པར་འགྱུར་རོ། །ཞེས་དགྲ་བཅོམ་པ་ལ་རྐུས་ན་ཕམ་པ་འབྱུང་བར་གསུངས་ལ། ཀུན་མཁྱེན་འཇམ་བཞད་ཀྱི་འདུལ་བའི་མཐའ་དཔྱོད་ལས། ཕ་རོལ་པོས་བདག་ཏུ་བཟུང་བ་ཅིག་དགོས་ཏེ། དགྲ་བཅོམ་པ་དང་སྒྲ་མི་སྙན་པ་ལྟ་བུའི་རྫས་བརྐུས་ན་སྦོམ་པོ་ལས་མི་སྐྱེད་པའི་ཕྱིར། ཞེས་གསུངས་སོ། ། ཡང་བདག་གི་ཡིན་ནོ་སྙམ་པའི་རྟོག་པའམ།བདག་པོ་མེད་དོ་སྙམ་པའི་རྟོག་པའམ། བདག་ལ་སྦྱིན་ནོ་སྙམ་པའི་རྟོག་པས་ཀྱང་གཞན་གྱིས་ཡོངས་སུ་གཟུང་བའི་ནོར་རྫས་ཁྱེར་ན་དངོས་གཞིའི་རྣམ་པའི་སྦོམ་པོའོ་ཞེས་སོ། །དགེ་སློང་མགྲོན་དུ་མ་བོས་པར་སྦྱིན་བདག་གི་ཟས་ཟ་ན་ཉེས་བྱས་སོ། །འདི་ནི་ཊཱི་ཀ་ལྟར་ན་སྦྱིན་བདག་གིས་ཤེས་རུང་མ་ཤེས་རུང་ཐོབ་རུང་མ་ཐོབ་རུང་སྟེ་ཡ་རབས་ཀྱི་ཚུལ་མ་ཡིན་པའི་ཕྱིར་བསླབ་བྱའི་ཉེས་བྱས་སོ།། མགྲོན་དུ་མ་བོས་པར་ཟ་བ་འདི་ནི་ཊཱི་ཀ་ལས། མ་བྱིན་པ་མ་ཡིན་པའི་ཕྱིར་དང་རྐུ་སེམས་མེད་པའི་ཕྱིར་ཕམ་པར་ཡང་མི་འགྱུར་ལ་སྦོམ་པོར་ཡང་མི་འགྱུར་རོ། །ཞེས་གསུངས་སོ། །ཕམ་པ་བཞི་ལས་མ་བྱིན་ལེན་གྱི་ཕམ་པ་བཤད་ཟིན་ཏོ། ། གསུམ་པ་སྲོག་གཅོད་ཀྱི་ཕམ་པ་བཤད་པ་ལ། རྩ་བར། སྲོག་གཅོད་ནའོ། །དེ་ལྟར་བསམ་པས་སོ། །མིར་གྱུར་བའོ། །དེ་ལྟར་འདུ་ཤེས་པས་སོ། །གང་ཡང་རུང་པས་སོ། །ཞེས་བྱུང༌། དེའི་དོན་ལ། གླེང་གཞི་དང༌། དགག་བྱ་དང༌། ངོ་བོ་དང༌། ཡན་ལག་གི་བརྩི་བ་དང༌།བསླབ་བྱ་དང་ལྔ་ལས། གླེང་གཞི་ནི། སྟོན་པ་ཡུལ་སྤོང་བྱེད་དུ་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་ཚལ་གསེབ་ན་བཞུགས་པས། དགེ་སློང་རྣམས་ལ་ནི་མི་སྡུག་པ་བསྒོམ་པར་བསྔགས་པས་དགེ་སློང་ལུས་ལ་དམུས་བྱུང་ཞིང་སྨོད་ལ་མཚོན་ཀྱང་འབྱིན་འདུག་པ། ཐག་པས་འཆིང༌། གཡང་སར་མཆོང་བར་བྱེད། དགེ་སློང་ལ་རྩོལ་བར་བྱེད་པ་སོགས་དགེ་སློང་གིས་དགེ་སློང་གསོད་པར་བྱེད་པ་ལ་བརྟེན་ནས་སྐབས་སུ་བཅོམ་ལྡན་འདས་ལ་གསོལ་པས་དགེ་འདུན་བསྡུས་ཏེ་ཕན་ཡོན་བཅུ་གཟིགས་ནས་ཡང་དགེ་སློང་གང་དགེ་སློང་གིས་མིའམ་མིར་ཆགས་པ་ལ་རང་གི་ལག་དར་ཏེ་སྲོག་གཅོད་དམ། མཚོན་འབྱིན་ནམ། དེ་འཆི་བར་བཅུག་གམ། དེ་ལ་འཆི་བས་བསྔགས་པ་བརྗོད་པས་ཡང་དེས་དུས་བྱས་ན་དགེ་སློང་དེ་ཡང་ཕམ་པ་ཡིན་གྱི་གནས་པར་མི་བྱ་ཞེས་ཕམ་པའི་བཅས་པ་དང་པོ་མཛད་དོ། །མེ་ཏོག་ཕྲེང་རྒྱུད་དང་སོ་སོ་ཐར་པའི་འགྲེལ་པ་ལུང་གི་རྣམ་བཤད་དང་གངས་ཅན་འདི་ན་དེང་སང་འདུལ་བ་འཛིན་པ་ཕལ་ཆེར་རྣམས་ན་རེ། སྲོག་གཅོད་པའི་ཕམ་པ་འདི་ནི་རི་དྭགས་བཟློག་དགེ་སྦྱོང་སྦེད་ལ་བཅས་སོ་ཞེས་འཆད་དོ། །དེ་ནི་མ་ཡིན་ཏེ། ལུང་རྣམ་འབྱེད་ཀྱི་འགྲེལ་པ་ལས། རི་དྭགས་བཟློག་དགེ་སྦྱོང་སྦེད་ཅེས་བྱ་བ་ནི་ཀུན་ཏུ་རྒྱུ་ཞིག་གི་མིང་སྟེ་ཞེས་གསུངས་ཏེ་མུ་སྟེགས་ཀུན་ཏུ་རྒྱུ་ལ་བསླབ་པ་མི་འཆའ་བས། ལུང་ལས་རི་དྭགས་བཟློག་དགེ་སྦྱོང་སྦེད་ཀྱི་གཏམ་རྒྱུད་གསུངས་པ་ནི་ཞར་ལ་བྱུང་བ་ཙམ་མོ། །འདིའི་སྐབས་དོན་ནི་ལུང་རྣམ་འབྱེད་ལས། དགེ་སྦྱོང་གིས་དགེ་སློང་ལ་རྩོལ་བར་བྱེད། ཅེས་གསུངས་པ་སྟེ། དགེ་སློང་གིས་དགེ་སློང་གསོད་པར་བྱེད་པ་ལ་བརྟེན་ནས་ཕམ་པར་བཅས་སོ། །དེ་དག་དང་མཐུན་པར་སོ་སོར་ཐར་བའི་འགྲེལ་བ་དང་གཞུང་འགྲེལ་དང་བམ་པོ་ལྔ་བཅུ་པ་ལས་ཀྱང༌། དགེ་སློང་རབ་ཏུ་མང་པོ་ལ་བརྟེན་ནས་བཅས་ཞེས་གསུངས་པ་དེ་ལེགས་བཤད་ཡིན་ནོ། །

གཉིས་པ་དགག་བྱ་ནི་སྲོག་གཅོད་པའི་བྱ་བ་དང་འབྲེལ་ནས་མིའི་སྲོག་ལ་གནོད་པ།

གཉིས་པ་དགག་བྱ་ནི་སྲོག་གཅོད་པའི་བྱ་བ་དང་འབྲེལ་ནས་མིའི་སྲོག་ལ་གནོད་པའོ། །གསུམ་པ་ལྟུང་བའི་ངོ་བོ་ནི།

བཅས་པའི་རྟེན་ཅན་དགེ་སློང་གིས་མི་གཞན་གསོད་སེམས་ཀྱིས་རང་ངམ་བསྐོས་པས་གསོད་པའི་སྦྱོར་བ་བྱས་པ་དེའི་རྐྱེན་གྱིས་ཤི་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་པ་ཡན་ལག་གི་བརྩི་བ་ནི། ཐུན་མོང་གི་ཡན་ལག་སྔར་བཤད་ཟིན་ལ། ཐུན་མོང་མ་ཡིན་པའི་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། མིའམ་མིར་ཆགས་པ་ཡིན་པ་དང༌། རྒྱུད་ཀྱི་སྒོ་ནས་གཞན་ཡིན་པ་སྟེ། མིར་གྱུར་པའོ་ཞེས་པ་དང༌། འོད་ལྡན་རྩ་འགྲེལ་ལས། མི་གཞན་ཡིན་ལ། ཞེས་གསུངས་པས་སོ། །སེལ་བ་ནི། མི་མ་ཡིན་བསད་ན་སྦོམ་པོ་དང་དུད་འགྲོ་བསད་ན་ལྟུང་བྱེད་དང༌། བདག་ཉིད་གསོད་ན་སྦོམ་པོའོ། །ཞེས་གསུངས་སོ། །དེ་ཡང་སྲོག་ནི་སྲོག་གི་དབང་པོ་དང་སྲོག་གི་རླུང་གཉིས་སུ་དབྱེ་སྟེ། དང་པོ་སྲོག་གི་དབང་པོ་ཚེ་ཡིན་ཏེ། དྲོད་དང་རྣམ་ཤེས་རིགས་མཐུན་རྒྱུ་བའི་རྟེན་གང་ཡིན་པའོ། །མཛོད་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་གསུངས་ཏེ། བྱེ་བྲག་སྨྲ་བའི་ལུགས་ཀྱིས་སྲོག་གི་དབང་པོ་ལྡན་མིན་འདུ་བྱེད་ཀྱི་རྫས་སུ་གྲུབ་པར་འདོད་དོ། །མདོ་སྡེ་པའི་ལུགས་ཀྱིས་སྲོག་གི་དབང་པོ་ནི། གསོན་པོར་གནས་པའི་གནས་སྐབས་ལ་བཏགས་པའི་བཏགས་ཡོད་དུ་འདོད་དོ། །འདིར་བྱེ་བྲག་སྨྲ་བ་ལྟར་གཟུང་ངོ༌། །གཉིས་པ་ནི་མཛོད་འགྲེལ་ལས། སྲོག་ཅེས་བྱ་བ་ནི་ལུས་དང་སེམས་ལ་བརྟེན་ནས་འཇུག་པའི་རླུང་ཡིན་ཏེ། དེ་གཅོད་པར་བྱེད་དོ་ཞེས་ལུས་དང་སེམས་ལ་བརྟེན་ནས་འཇུག་པའི་དབུགས་རྒྱུ་བ་འདི་སྲོག་ཡིན་པར་གསུངས་སོ། །འདིར་ནི་སྲོག་གི་དབང་པོ་བཅད་ནའོ་ཞེས་བརྗོད་ན་ཁྱབ་ཆེ་བ་ཡིན་ནོ། །བཅད་པ་ནི་སྲོག་གི་དབང་པོའི་མ་འོངས་པའི་སྐད་ཅིག་སྐྱེ་བའི་གེགས་བྱས་པ་སྟེ། ཊཱི་ཀ་ལས། སྲོག་གི་སྐད་ཅིག་མ་མ་འོངས་པ་རྣམས་བཅད་པ་སྐྱེ་བ་འགགས་པའི་བྱ་བ་གསོད་པ་ཞེས་བྱ་བ་དེ་བྱས་ན་ཕམ་པར་འགྱུར་རོ། །ཞེས་སོ། །མིར་གྱུར་པའི་འོ་ཞེས་པས་མིའམ་མིར་ཆགས་པ་ལས་ཞེས་སོ་སོ་ཐར་པ་ལས་གསུངས་པ་བསྡུས་སོ། །དེ་གཉིས་ནི་རྣམ་འབྱེད་ལས་མིར་ཆགས་པ་ཞེས་བྱ་བ་ནི་གང་གིས་མའི་མངལ་དུ་ལུས་དང་སྲོག་དང་ཡིད་ཀྱི་དབང་པོ་རྣམས་རྙེད་པའོ། །མི་ཞེས་བྱ་བ་ནི་གང་གིས་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་དབང་པོ་རྣམས་ཚང་བར་རྙེད་པའོ། །ཞེས་གསུངས་སོ། །དེ་ཡང་མངལ་དུ་ཞག་བདུན་ཕྲག་བཅོ་བརྒྱད་མན་ཆད་མིར་ཆགས་པའོ། །བདུན་ཕྲག་བཅུ་དགུ་ནས་མི་སྟེ། ལུང་ཕྲན་ཚེགས་ལས། ཞག་བདུན་པ་བཅུ་དགུ་པ་ལ་ནི་མངལ་ན་གནས་པ་དེས་དབང་པོ་བཞི་པོ་མིག་དང་རྣ་བ་དང་སྣ་དང་ལྕེའི་དབང་པོ་ཐོབ་པར་འགྱུར་རོ་ལུས་ཀྱི་དབང་པོ་ནི་སྔར་ཐོབ་ཟིན་པའོ། །ཞེས་གསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ཏེ། འདུ་ཤེས་དང༌། ཀུན་སློང་ངོ༌། །འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་ངེས་པའམ་ཡིད་གཉིས་ཡན་ཆད་ཀྱིས་མ་འཁྲུལ་པའོ། །ཀུན་སློང་ནི་སྲོག་གཅོད་པའི་བསམས་པས་འཆི་བའི་ཐབས་ཤོམ་པར་འདོད་པ་རྒྱུན་མ་ཆད་པ་སྟེ། དེ་ལྟར་བསམས་པས་ཞེས་པ་དང༌། རྒྱུན་མ་ཆད་པ་ནི། འདུན་པ་ལྡོག་པའི་འོག་ཏུ་ན་ཞེས་པའི་ཤུགས་ཀྱིས་གྲུབ་བོ། །གསུམ་པ་སྦྱོར་བའི་ཡན་ལག་ནི་གང་ལ་བསམ་པ་དེ་ཉིད་ལ་གསོད་པའི་སྦྱོང་བ་རང་ངམ་བསྐོས་པས་ལུས་ངག་ཏུ་གྲུབ་པ་སྟེ་བསམ་པ་ནི་དེ་ཉིད་དོ། །ཞེས་པ་དང༌། རྩ་བར། གང་ཡང་རུང་བས་སོ། །བྱེ་བྲག་མེད་པར་ནི་ལུས་དང་དེ་དང་འབྲལ་བ་དང་འཕངས་བ་དང་གཞན་དང་བསྒོ་བ་རྣམས་སོ། །དུག་དང་ཕྱེ་མ་དང་དོང་དང༌། ནས། སྒྱུ་ཐབས་དང་རོ་ལངས་དང་རྗེས་སུ་སྦྱོར་བ་རྣམས་སོ། །ཞེས་གསུངས་པའི་ཕྱིར་རོ། །ལུས་ངག་ཏུ་མ་གྲུབ་ན་ཡིད་ཀྱིས་བསྡམ་བྱར། མའི་རྣམ་འབྱེད་ཀྱི་ཊཱི་ཀ་ལས་བཤད་པ་བཞིན་ནོ། །བཞི་པ་མཐར་ཐུག་གི་ཡན་ལག་བསྟན་པ་འདི་ལ། དངོས་དང༌། རྩོད་པ་སྤོང་བ་དང་གཉིས། དང་པོ་ནི་སྦྱོར་བ་དེའི་རྐྱེན་གྱིས་མི་ཤི་བ་སྟེ། རྩ་བར། གཞི་དེས་གཞན་གྱི་ཚེ་ཤི་ནའོ། །ཞེས་སོ། །སྲོག་གཅོད་ཕམ་པའི་ཡན་ལག་གཞན་ཚང་གི་དབང་དུ་བྱས་ཏེ་བཅས་ལྡན་དགེ་སློང་གིས་མི་གསོད་པའི་གཞི་འམ་སྦྱོར་བ་དེས་དུས་གཞན་གྱི་ཚེ་ཤི་ན་ཆོས་ཅན། སྲོག་གཅོད་པའི་ཕམ་པ་འབྱུང་རུང་ཡིན་ཏེ། སྲོག་བཅད་པའི་ཕམ་པའི་རྒྱུ་ཚོགས་ཚང་བའི་ཕྱིར་རོ། །སེམས་ཅན་དུ་འདྲ་བ་སྲོག་དང་ཕྲལ་བར་མཚུངས་པ་ལ། ཅིའི་ཕྱིར་ན་མི་བསད་ན་ཕམ་པ། མི་མ་ཡིན་བསད་ན་སྦོམ་པོ། དུད་འགྲོ་བསད་ན་ལྟུང་བྱེད་དུ་འགྱུར་ཞེ་ན། འོད་ལྡན་ལས། མི་རྣམས་ནི་འགྲོ་བའི་གཙོ་བོ་ཡིན་པའི་ཕྱིར་དང༌། མི་མ་ཡིན་རྣམས་ནི་འགྲོ་བའི་འབྲིང་ཡིན་པའི་ཕྱིར་དང༌། དུད་འགྲོ་རྣམས་ནི་འགྲོ་བའི་ཐ་ཆད་ཡིན་པའི་ཕྱིར་ཏེ། དེ་ཡང་མི་རྣམས་ནི་དཀོན་མཆོག་གསུམ་ཀྱི་རྟེན་ཡིན་ཞིང་སྡོམ་པ་གསུམ་གྱི་རྟེན་ཡིན་པའི་ཕྱིར་དང༌། མི་མ་ཡིན་རྣམས་ནི་དཀོན་མཆོག་གཉིས་ཀྱི་རྟེན་ཡིན་ཞིང་སྡོམ་པ་གཉིས་ཀྱི་རྟེན་ཡིན་པའི་ཕྱིར་དང༌། དུད་འགྲོ་རྣམས་ནི་དཀོན་མཆོག་གསུམ་གང་གི་ཡང་རྟེན་མ་ཡིན་ཞིང་སྡོམ་པ་གསུམ་གང་གི་ཡང་རྟེན་མ་ཡིན་པའི་ཕྱིར། ཞེས་གསུངས་སོ། །ལུས་ངག་གིས་དང་དུ་ལེན་ན་ནི་ཕམ་པར་འགྱུར་རོ། །དང་དུ་ལེན་པ་གཉིས་ཀའི་སྐབས་སུ་ཡིད་ཁོ་ནས་དང་དུ་ལེན་ན་ནི་བསྡམ་བྱར་འགྱུར་རོ། །ཁྱོད་ཀྱི་མིང་གིས་ཞེས་པ་ནི་གཞུང་སྔ་མ་དང་དོན་འདྲའང་གླེང་གཞི་ཐ་དད་པ་སྟེ། སྔ་མ་ཉེ་སྡེའི་བྱུང་བ་དང་འདི་ནི་དགེ་སློང་མའི་བྱུང་བ་ལས་སོ། །མི་ལས་གཞན་དུད་འགྲོ་མ་ཡིན་པ་སྟེ་མི་མ་ཡིན་བསད་ན་སྦོམ་པའོ། །འདི་ནི་ལུང་རྣམ་འབྱེད་ལས། མི་མ་ཡིན་པ་ཤིན་ཏུ་ཆེན་པོ་བསད་ཀྱང་སྦོམ་པོར་ཟད་དོ། །ཞེས་གསུངས་སོ། །བདག་ཉིད་གསོད་ན་སྦོམ་པོའོ་ཞེས་བཅས་ལྡན་དགེ་སློང་གིས་རང་ཉིད་གསོད་ན་སྦོམ་པོ་ཡིན་ནོ། །མི་ཉིད་གཟུགས་གཞན་དུ་སྤྲུལ་པ་བསད་ན་སྦྱོར་བ་སྦོམ་པོ་དང༌། མི་མ་ཡིན་གཟུགས་གཞན་དུ་སྤྲུལ་པ་བསད་ན་མཐར་ཐུག་སྦོམ་པོ་འབྱུང་བ་ཡིན་ཏེ། ཊཱི་ཀ་ལས། འདིར་ནི་སྤྲུལ་པ་ཞེས་སྨོས་པས་དུད་འགྲོ་མ་གཏོགས་པ་ཐམས་ཅད་ཡིན་པར་རིག་པར་བྱའོ། །ཞེས་སོ། །དུད་འགྲོ་གཟུགས་གཞན་དུ་སྤྲུལ་བ་ལ་དུད་འགྲོ་ཡིན་པར་འདུ་ཤེས་ཏེ་བསད་ན་ནི་ལྟུང་བྱེད་དུ་འགྱུར་རོ། །གཞན་ཡང་ཊཱི་ཀ་ལས། སྤྲུལ་པ་ལ་རྣམ་པ་གཉིས་ཏེ། སྲོག་ཆགས་སུ་གྱུར་པ་དང༌། སྲོག་ཆགས་མ་ཡིན་པའོ། །འདིར་ནི་སྲོག་ཆགས་སུ་གྱུར་པའི་སྤྲུལ་པ་གཟུང་གི། སྲོག་ཆགས་མ་ཡིན་པ་ནི་མི་གཟུང་སྟེ། དེ་ལ་སྲོག་བཅད་པ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །དེས་ན་སྤྲུལ་པ་བསད་པ་ཡང་ངོ་ཞེས་པའི་གཞུང་འདིས་ནི་སྲོག་ཆགས་སུ་གྱུར་པའི་སྤྲུལ་པ་བསད་ན་སྦོམ་པོ་ཡིན་པར་བསྟན་ཏོ། །འོན་ཀྱང་སྲོག་ཆགས་སུ་གྱུར་པ་མ་ཡིན་པའི་སྤྲུལ་པ་ལ་མིར་འདུ་ཤེས་ཏེ་བསད་པའི་ཆེད་དུ་ཞུགས་ན་ནི་འདུ་ཤེས་ཀྱི་དབང་གིས་སྦོམ་པོར་འགྱུར་ཏེ། གཏམ་གྱི་གཞི་ལས། འགྲོ་བ་ཐམས་ཅད་དུ་མ་གཏོགས་པ་གང་ཡིན་པའི་སྤྲུལ་པ་བསད་ན་སྦོམ་པོར་འགྱུར་རོ། །ཞེས་གསུངས་ལ་ཊཱི་ཀ་ལས། སེམས་ཅན་དུ་བགྲང་བ་མ་ཡིན་པའི་སྤྲུལ་པ་ལ་མིར་འདུ་ཤེས་པས་གསོད་པར་བྱེད་པ་ལ་ནི་སྦྱོར་བ་སྦོམ་པོ་སྟེ། མིར་འདུ་ཤེས་པས་ཞུགས་པའི་ཕྱིར་རོ། །ཞེས་གསུངས་སོ། །རྩ་བར། ཕན་པར་འདོད་པ་ཉིད་ཀྱིས་འཆི་བའི་ཕྱིར་སྨན་མ་ཡིན་པ་སྦྱིན་ལ་ན་སྨད་པ་མེད་དོ། །ཞེས་ཕན་པར་འདོད་པ་ཉིད་ཀྱིས་འཆི་བའི་ཕྱིར་སྨན་མ་ཡིན་པ་བྱིན་ཏེ། ཤི་ན་ཕམ་པ་སྟེ། འདི་ནི་ཉན་ཐོས་ཀྱི་ལུགས་ཀྱི་རང་བཞིན་གྱི་ཁ་ན་མ་ཐོ་བའོ། །ནགས་མེས་གཏོང་བ་འདི་ལ་གསུམ་དུ་དབྱེ་སྟེ་སྲོག་ཆགས་ཡོད་པར་ཤེས་པའི་ཕྱོགས་དང༌། ཡོད་པར་དོགས་པའི་ཕྱོགས་དང༌། མེད་པར་ཤེས་པའི་ཕྱོགས་སོ། །དང་པོ་ལ་གཉིས་ཏེ། གསོད་སེམས་མེད་པར་སྲོག་ལ་མི་ལྟོས་པའི་བསམ་པས་ནགས་ལ་མེ་གཏོང་བ་དང༌། གསོད་སེམས་ཡོད་པས་ནགས་ལ་མེ་གཏོང་བའོ། །དང་པོ་གསོད་སེམས་མེད་པར་སྲོག་ལ་མ་ལྟོས་པའི་བསམ་པས་སྲོག་ཆགས་གསུམ་ཡན་ཆད་ཡོད་པའི་བློས་ནགས་མེས་གཏོང་ན་སྦོམ་པོའོ། །དེའང་བཏགས་པ་བ་ཡོན་ཏན་སྒྲའི་སྦོམ་པོའོ། །གསོད་སེམས་མེད་པར་སྲོག་ལ་མ་ལྟོས་པའི་བསམ་པས་སྲོག་ཆགས་གཅིག་གམ་གཉིས་ཡོད་པའི་བློས་ནགས་མེས་གཏོང་ན་ནི་ཉེས་བྱས་སུ་འགྱུར་ཏེ། ཊཱི་ཀ་ལས། མང་བ་དང་ཉུང་བའི་བྱེ་བྲག་གིས། ཞེས་སོ། །གཉིས་པ་གསོད་སེམས་ཡོད་པས་ནགས་ལ་མེ་གཏོང་ན་ནི། འོད་ལྡན་ལས། འདི་ན་གང་ཅི་ཡོད་པ་སྟེ་ཐམས་ཅད་བརླག་པར་གྱུར་ཅིག་སྙམ་པ་ལས་དེ་རྣམས་ཤི་ན་སྲོག་ཆགས་ཇི་ལྟ་བ་དང་གྲངས་ཇི་སྙེད་པའི་ལྟུང་བ་རྣམས་ཀྱང་དེ་སྙེད་འབྱུང་བར་འགྱུར་རོ། །ཞེས་གསུངས་སོ། །ལུང་དེ་ནི་ཀུན་སློང་སྤྱི་ཞུགས་ཀྱི་གཞུང་ཡིན་ནོ། །གཉིས་པ་སྲོག་ཆགས་ཡོད་པར་དོགས་པའི་ཕྱོགས་ལ་མེ་གཏོང་ན་ཡང༌། སྲོག་ཆགས་ཡོད་པར་ཤེས་པའི་ཕྱོགས་དང་འདྲའོ། །གསུམ་པ་སྲོག་ཆགས་མེད་པར་ཤེས་པའི་ནགས་ལ་མེ་གཏོང་བ་ལ་ནི་སྐབས་འདིར་གཏོགས་ཀྱི་ལྟུང་བ་མེད་དེ། ཊཱི་ཀ་ལས། མེད་པའི་ཕྱོགས་ལ་ནི་ལྟུང་བ་མེད་དོ། །ཞེས་གསུངས་ཏེ། དེའང་སྲོག་ཆགས་མེད་པ་ལ་མེད་པར་ཤེས་ནའོ། །དེའང་འོད་ལྡན་ལས། ནགས་སུ་མེ་གཏོང་བར་ཞུགས་ན་གལ་ཏེ་སྲོག་ཆགས་མེད་པར་ངེས་ན་ནི་དེའི་ཚེ་ལྟུང་བ་མེད་པ་ཡིན་ནོ། །ཞེས་སོ། །ནགས་དེ་ན་སྲོག་ཆགས་མེད་ཀྱང་ཡོད་པར་འདུ་ཤེས་འཁྲུལ་ཏེ་མེ་གཏོང་ན་ནི་འདུ་ཤེས་ཀྱི་དབང་གིས་ཉེས་པར་འགྱུར་རོ། །སྐྲ་ཅན་འཚོང་ན་སྟེ་སྐྲ་ཅན་མིའི་འགྲོ་བ་པ་འཚོང་ན་སྲོག་གཅོད་པ་དངོས་ཀྱི་སྦོམ་པོ་མི་སྐྱེད་ཀྱང་སྲོག་གཅོད་པའི་ཆར་གཏོགས་པའི་སྦོམ་པོའོ། ། བཞད་གད་ཀྱི་བསམ་པས་མཚོན་འཕངས་པས་ཤི་བ་ལྟ་བུ་ཆེད་དུ་མ་བསམས་པར་སྲོག་ཆད་པ་གྲུབ་པ་ནི་སྲོག་བཅད་པའི་ལྟུང་བ་རྣམ་གཞག་གི་བྱེད་པ་པོ་ཉིད་མ་ཡིན་ཏེ། གསོད་སེམས་མེད་པའི་ཕྱིར་རོ། །བསད་བྱ་དང་གསོད་བྱེད་དུས་མཉམ་དུ་ཤི་བའམ་གསོད་བྱེད་སྔར་ཤི་ན་ཚེ་འདིར་སྦོམ་པོ་འབྱུང་བར་ཟད་ཀྱི། ཚེ་འདིར་སྦྱོར་བ་བྱས་པ་ཙམ་གྱི་དབང་གིས་ནི་ཚེ་རབས་གཞན་བར་དོ་ཕན་ཆད་དུ་ལས་ཀྱི་བྱེ་བྲག་ལྟུང་བ་སྐྱེ་བ་མེད་དོ། །ཚེ་རབས་གཞན་དུ་ལས་སྐྱེ་བ་མི་སྲིད་པའི་ཕྱིར་རོ་ཞེས་ཊཱི་ཀ་ལས་བཤད་དོ། །མཛོད་ལས། སྔར་རམ་མཉམ་དུ་ཤི་བ་ལ། །དངོས་མེད་ལུས་གཞན་སྐྱེས་ཕྱིར་རོ། །ཞེས་གསུངས་པ་དང་མཐུན་ནོ། །ཡན་ལག་ལྔ་ཚང་ན་ཕམ་པར་འགྱུར་ཏེ། བམ་ལྔ་ལས། འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གསོད་སེམས་དང༌། མིའི་འགྲོ་བ་གཞན་དང༌། དེར་འདུ་ཤེས་པ་དང༌། སྲོག་གཅོད་པའོ། །ཞེས་གསུངས་པས་སོ། ། གཉིས་པ་རྩོད་པ་སྤོང་བ་ལ། མཚོ་ཊཱིཀ་ལས། གསོད་པའི་སྦྱོར་བ་དེའི་རྐྱེན་གྱིས་ཤི་བ་དེ་སྲོག་གཅོད་པའི་མཐར་ཐུག་གི་ཡན་ལག་ཏུ་ཁས་བླངས་པ་ལ། རྩོད་པ་འདི་སྐད་དུ། བྱེ་བྲག་བཤད་མཚོ་ལས་བཤད་པའི་མི་བཅུས་མི་གཅིག་གསོད་པར་བྱེད་པའི་སྔ་མ་དགུ་ལ་ཆོས་ཅན། སྲོག་གཅོད་པའི་ཕམ་པ་མི་བསྐྱེད་པར་ཐལ། སྦྱོར་བ་དེའི་རྐྱེན་གྱིས་ཤི་བ་མི་སྲིད་པའི་ཕྱིར་རོ། །རྟགས་མ་གྲུབ་ན་བྱེ་བྲག་བཤད་མཚོ་དང་འགལ་ཏེ། གཞུང་དེ་ཉིད་ལས་འདི་ལྟར་གཅིག་གིས་ནི་ཞག་བཅུ་ན་འཆི་བར་འགྱུར་བར་མཚོན་བསྣུན་ལ། གཉིས་པས་ནི་ཞག་དགུ་ན་འཆི་བར་འགྱུར་བར་མཚོན་བསྣུན་པ་ལས་བཅུ་པས་ནི་དེ་ཉིད་ཀྱི་ཉིན་པར་འཆི་བར་འགྱུར་བར་མཚོན་བསྣུན་ན། དེའི་ཕྱིར་སྔ་མ་དགུ་པོ་རྣམས་ཀྱིས་ནི་རྣམ་པར་རིག་བྱེད་མ་ཡིན་པར་གཟུང་བ་ཡིན་ལ། བཅུ་པས་ནི་ཕམ་པའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པར་ཡང་གཟུང་བ་ཡིན་པར་བཤད་དོ། །བཅུ་པ་ལ་ཕམ་པའི་སྦྱོར་བའི་རིག་བྱེད་དང་ཕམ་པའི་རིག་བྱེད་མ་ཡིན་པ་གཉིས་ཀ་ཡོད་པར་གསུངས་ལ། སྔ་མ་དགུ་ལ་ཕམ་པའི་རྣམ་པར་རིག་བྱེད་ཡོད་པར་མ་གསུངས་པས། སྔ་མ་དགུ་ལ་སྦྱོར་བ་མེད་པར་གྲུབ་བོ། །དེས་ན་སྦྱོར་བ་དེའི་རྐྱེན་གྱིས་ཤི་བ་མེད་པར་གྲུབ་བོ། །འདོད་ན། བྱེ་བྲག་བཤད་མཚོ་ལས། བཅུ་ཆར་གྱིས་ཕམ་པའི་རྣམ་པར་རིག་བྱེད་མ་ཡིན་པར་བསྡུས་སོ། །ཞེས་གསུངས་སོ་ཞེ་ན། རྩོད་པ་དེའི་ལན་ནི། སྔ་མ་དགུ་ལ་སྦྱོར་བ་མེད་པར་མ་གྲུབ་སྟེ། འོད་ལྡན་ལས། བཅུ་ཆར་གྱིས་ཀྱང་སྦྱོར་བ་མཐུན་པའི་ཕྱིར་དང་འབྲས་བུ་གཅིག་པའི་ཕྱིར་རོ། །ཞེས་སོ། །འོ་ན་སྔ་མ་དགུ་ལ་ཕམ་པའི་རྣམ་པར་རིག་བྱེད་ཡོད་པར་མ་གསུངས་ལ་བཅུ་པ་ལ་ཡོད་པར་གསུངས་པ་དང་འགལ་ཞེ་ན། བྱེ་བྲག་སྨྲ་བའི་གཞུང་ལུགས་ཀྱིས་ཕམ་པའི་རྣམ་པར་རིག་བྱེད་ཅེས་པ་དེ་ཕམ་པ་བསྐྱེད་པའི་སྦྱོར་བ་ལ་ཟེར་བ་མ་ཡིན་གྱི། ཕམ་པ་དངོས་སུ་སྐྱེ་བཞིན་པ་དང་སྐད་ཅིག་དུས་མཉམ་པའི་མཚོན་བསྣུན་བཞིན་པ་ལྟ་བུའི་ལུས་ཀྱི་རིག་བྱེད་ལ་ཟེར་བ་ཡིན་ཏེ། མཛོད་འགྲེལ་ལས། བདག་ཉིད་བྱེད་པ་ལ་ནི་དུས་དེའི་ཚེ་ཤི་ན་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་རྣམ་པ་གཉིས་སུ་འགྱུར་རོ། །ཕྱིས་ཤི་ན་ནི་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་ཡིན་ནོ། །ཞེས་དང༌། མཛོད་ལས། དང་པོའི་རྣམ་རིག་རྣམ་རིག་མིན། །ཞེས་པའི་གནད་ཀྱིས་ཤེས་སོ། །དེ་ལྟར་ན་བྱེ་བྲག་བཤད་མཚོ་ལས། བཅུ་པ་ལ་ཕམ་པའི་རྣམ་པར་རིག་བྱེད་ཡོད་པར་གསུངས་པ་དེ་ནི། བཅུ་པས་མཚོན་བསྣུན་པའི་དུས་ཉིད་ན་ཤི་བའི་དབང་དུ་བྱས་པ་སྟེ། བཅུ་པའི་མཚོན་ལན་ཅིག་བསྣུན་པའི་བྱ་བ་གཅིག་ལ་ཡང༌། དུས་མཐའི་སྐད་ཅིག་མ་བརྒྱ་ཕྲག་དུ་མ་ཡོད་པ་ལས་ཕམ་པ་དངོས་སུ་སྐྱེ་བཞིན་པ་དང་སྐད་ཅིག་དུས་མཉམ་པའི་མཚོན་བསྣུན་བཞིན་པའི་ལུས་ཀྱི་རིག་བྱེད་ནི་ཕམ་པའི་རྣམ་པར་རིག་བྱེད་ཡིན་ལ། དེའི་སྐད་ཅིག་སྔ་རོལ་ན་སྦོམ་པོ་དངོས་སུ་སྐྱེ་བཞིན་པ་དང་སྐད་ཅིག་དུས་མཉམ་པའི་མཚོན་བསྣུན་བཞིན་པའི་ལུས་ཀྱི་རིག་བྱེད་ནི་སྦོམ་པོའི་རྣམ་པར་རིག་བྱེད་ཡིན་ལ། ཕམ་པ་སྐྱེ་བའི་སྦྱོར་བའི་རིག་བྱེད་ཀྱང་ཡིན་གྱི། ཕམ་པའི་རྣམ་པར་རིག་བྱེད་ནི་མ་ཡིན་ནོ། །དེ་ལྟར་ན་བཅུ་པ་ལ་ནི་ཕམ་པའི་རྣམ་པར་རིག་བྱེད་དང༌། ཕམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་ཅིང༌། སྔ་མ་དགུ་ལ་སྦོམ་པོའི་རྣམ་པར་རིག་བྱེད་དང་ཕམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་དོ། །དེ་ལྟར་ན་བཅུ་ཆར་ལ་ཕམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་ཅིང་བཅུ་ཆར་ལ་ཡང་ཕམ་པ་བསྐྱེད་པའི་སྦྱོར་བ་ཡོད་ལ་བཅུ་ཆར་ལ་ཡང་སྦོམ་པོའི་རྣམ་པར་རིག་བྱེད་ཀྱང་ཡོད་དེ། འདིར་ཕམ་པ་བསྐྱེད་པའི་སྦྱོར་བའི་རིག་བྱེད་དང་སྦོམ་པོའི་རྣམ་པར་རིག་བྱེད་ནི་ངོ་བོ་གཅིག་ཡིན་པར་ཤེས་པར་བྱའོ། །ཞེས་སོགས་མཚོ་ཊཱིཀ་ལས་གསུངས་པས་རྒྱས་པར་དེར་བལྟ་བར་བྱའོ། ། ལྔ་བ་བསླབ་བྱ་ཡོད་དེ། སྦྱོར་བའི་སྦྱོར་བའི་ཉེས་བྱས་དང༌། སྦྱོར་སྦོམ་དང༌། དངོས་གཞིའི་རྣམ་པ་ཐམས་ཅད་བསྟེན་པར་མི་བྱ་བ་ལ་བསླབ་པར་བྱ་བ་ཡིན་པའི་ཕྱིར་ཏེ། བམ་ལྔ་ལས། ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ། ཞེས་པ་ནས། བསླབ་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །ཕམ་པ་བཞི་ལས་གསུམ་པ་མིའམ་མིར་ཆགས་པ་བསད་པའི་ཕམ་པ་བཤད་ཟིན་ཏོ། ། བཞི་པ་རྫུན་སྨྲ་བའི་ཕམ་པ་བཤད་པ་ལ། རྩ་བར། འདུ་ཤེས་བསྒྱུར་ཏེ་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་སྨྲས་ནའོ། །མཐོང་ངོ༌། བདག་མཐོང་ངོ། །ཞེས་སོགས་བྱུང་ངོ། །དེའི་དོན་འཆད་པ་ལ། གླེང་གཞི་དང༌། དགག་བྱ། ངོ་བོ། ཡན་ལག བསླབ་བྱ་དང་ལྔ་ལས།དང་པོ་གླེང་གཞི་ནི་ཡུལ་འོད་མ་ཅན་གྱི་གྲོང་དུ་གང་ཟག་ཉ་པ་ལས་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱས་མུ་གེའི་དུས་སུ་ཉོན་མོངས་གྲགས་སྙན་འདོད་ནས་ཉེས་པ་མི་ཆོས་བླ་མ་མ་ཐོབ་བཞིན་དུ་འདུ་ཤེས་བསྒྱུར་ནས་རྫུན་དུ་སྨྲས་པ་ལ་བརྟེན་ནས་བཅས་པ་མཛད་དོ། །དེང་སང་གི་འདུལ་འཛིན་རྣམས་ན་རེ། རྫུན་སྨྲ་བའི་ཕམ་པ་འདི་ཡུལ་ཡངས་པ་ཅན་དུ་བཅས་སོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ་ཡངས་པ་ཅན་དུ་ཉ་པ་ལྔ་བརྒྱ་པོ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས། དུས་ཕྱིས་འོད་མ་ཅན་གྱི་གྲོང་དུ་རྫུན་སྨྲའི་ཕམ་པ་བཅས་པ་སྟེ། ལུང་ལས་དེ་ལྟར་གསུངས་སོ། །ཞེས་མཚོ་མཆན་ལས་སོ། །འདུལ་བ་བདུད་རྩིའི་ཉིང་ཁུ་ལས། གླེང་གཞི་ནི་སྟོན་པ་ཡངས་པ་ཅན་གྱི་སྤྲེའུའི་རྫིང་འགྲམ་ན་བཞུགས་པའི་ཚེ་ཉ་བ་ལས་རབ་ཏུ་བྱུང་པ་ལྔ་བརྒྱ་མི་ཆོས་བླ་མའི་ཡོན་ཏན་བསྒྲགས་ཏེ་བསོད་སྙོམས་བླངས་པ་ལ་བརྟེན་ནས་བཅས་སོ། །ཞེས་གསུངས་པས་གང་འཐད་བརྟག་བར་བྱའོ། །

གཉིས་པ་དགག་བྱ་ནི་རང་ཆོམ་རྐུན་པའི་གྲངས་སུ་ཆུད་པ།

གཉིས་པ་དགག་བྱ་ནི་རང་ཆོམ་རྐུན་པའི་གྲངས་སུ་ཆུད་པ་དང༌།

གཞན་བསླུས་པའི་སྒོ་ནས་གནོད་པ་ཡིན་ཏེ། རྣམ་འབྱེད་ལས། འདི་ན་གང་ཞིག་དགྲ་བཅོམ་མ་གྱུར་པར། །བདག་ཉིད་དགྲ་བཅོམ་ཡིན་ཞེས་བརྗོད་བྱེད་པ། །དེ་ནི་ཚངས་བཅས་འཇིག་རྟེན་རྐུན་པོ་སྟེ། །ཚུལ་ཁྲིམས་འཆལ་བ་ཡིན་ཞེས་བརྗོད་པར་བྱ། །ཞེས་དང༌། བདེན་སྨྲ་ལ་ལྟུང་བྱེད་དུ་གསུངས་ཤིང་ཕམ་པ་འདི་ལ། རྫུན་དུ་སྨྲས་པ་ཡན་ལག་ཏུ་དགོས་པས་སོ། ། གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་ལ་མིའི་ཆོས་བླ་མའི་ཡོན་ཏན་མི་ལྡན་པ་ལས་འདུ་ཤེས་བསྒྱུར་ཏེ་རང་ལ་ཡོན་ཏན་དེ་དང་ལྡན་པར་སྨྲས་ཤིང་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞི་རྫོགས་པའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ་གང་ལ་སྨྲ་བའི་ཡུལ་དང༌། གང་བརྗོད་པའི་དོན་ཏོ། །དང་པོ་ལ་གསུམ་སྟེ། ཐ་སྙད་ལྔ་དང་ལྡན་པ་དང༌། ལུས་ཐ་མལ་པར་གནས་པ་དང༌། བདག་ལས་ཐ་དད་པའོ། །དང་པོ་ནི་མི་ཡིན་པ་དང༌། སྨྲ་ཤེས་པ་དང༌། དོན་གོ་བ་དང༌། ཤེས་པ་རང་བཞིན་དུ་གནས་པ་དང༌། མ་ནིང་དང་མཚན་གཉིས་པ་མ་ཡིན་པ་སྟེ་ལྔའོ། །དེའང་སྤྱིར་བསྟན་ལས། མིའི་འགྲོ་བ་པ་ནི་ཐ་སྙད་དུ་བྱ་བ་ཉིད་ཡིན་ནོ། །སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ། རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ། །རང་བཞིན་ཉམས་པ་ནི་མ་ཡིན་ནོ། །མ་ནིང་དང་མཚན་གཉིས་པ་དག་ནི་དེ་དང་ལྡན་པ་ཉིད་དོ། །ཞེས་གསུངས་པ་དང་གོ་རིམ་བཞིན་དུ་སྦྱོར་བར་བྱའོ། ། སེལ་བ་ནི་མི་མ་ཡིན་ལ་སྨྲ་ན་སྦོམ་པོ་དང་དུད་འགྲོ་ལ་སྨྲ་ན་ཉེས་བྱས་སུ་འགྱུར་ཏེ། འོག་མ་དག་ལ་ནི་གཞན་ལ་ན་སྨད་ཅེས་བཤད་པ་དང༌། མི་ལ་དུད་འགྲོ་ཡང་ངོ་ཞེས་པས་སོ། །སྨྲ་མི་ཤེས་པ་དང་དོན་མི་གོ་བ་ལ་སྨྲས་ནའང་སྦོམ་པོར་འགྱུར་ཏེ། འོག་མ་དག་ལ་ནི་གཞན་ལ་ན་སྨད་ཅེས་བཤད་དོ། །སྨྱོ་བ་དང་མ་ནིང་དང་མཚན་གཉིས་པ་ལ་སྨྲས་ན་སྦོམ་པོར་འགྱུར་ཞེས་ལུང་ཞུ་བ་ལས་གསུངས་སོ། །གཉིས་པ་ལུས་ཐ་མལ་པར་གནས་པ་ནི་རྫུན་ཚིག་ཉན་པ་པོ་དེ། གཟུགས་གཞན་དུ་མ་སྤྲུལ་ཞིང་ལུས་མི་སྣང་བར་བྱས་པ་མ་ཡིན་པའོ། །དེ་ཡན་ལག་ཏུ་དགོས་པའི་སྒྲུབ་བྱེད་ནི། ཊཱི་ཀ་ལས། རེག་ལ་སོགས་པ་ནི་ཐ་སྙད་ཀྱི་ཕྱིར་རྣམ་པར་བཞག ཅེས་དང༌། སྤྲུལ་པ་མོ་ལ་ཡང་དེ་བཞིན་ནོ་ཞེས་པའི་གནད་ཀྱིས་སྦྱར་ཞིང༌། ཞུ་བ་ལས་སྤྲུལ་པ་མོ་ལ་འཁྲིག་ཚིག་སྨྲ་བ་ལ་སོགས་པ་ལ་ན་སྨད་དུ་གསུངས་པའི་གནད་ཀྱིས་སྦྱར་རོ། །གསུམ་པ་བདག་ལས་ཐ་དད་པ་ནི་ཊཱི་ཀ་ལས། མནའ་འདོར་བ་ལ་བཤད་པའི་གནད་ཀྱིས་སྦྱར་ཞིང༌། ཞུ་བ་ལས། དབེན་པ་ལ་དབེན་པར་འདུ་ཤེས་ཏེ་སྨྲས་ན་སྦོམ་པོར་འགྱུར་རོ། །ཞེས་གསུངས་པས་ཀྱང་ངོ༌། །དེ་ནི་སྦོམ་པོ་བཏགས་པ་བ་ཡིན་ནོ། །

གཉིས་པ་གང་བརྗོད་པའི་དོན།

གཉིས་པ་གང་བརྗོད་པའི་དོན་ནི།

འཇིག་རྟེན་དང་དེ་ལས་འདས་པའི་ལམ་གཉིས་ཡོན་ཏན་ཁྱད་པར་ཅན་ཡིན་པ་དང༌། ད་ལྟ་བདག་ལ་མི་ལྡན་པ་སྟེ། །མིའི་ཆོས་བླ་མ་དང་ཞེས་པ་དང༌། ཡོན་ཏན་དེ་ད་ལྟ་བདག་ལ་ལྡན་ན། རྫུན་སྨྲའི་ཕམ་པར་མི་འགྱུར་གྱི། བདེན་སྨྲའི་ལྟུང་བྱེད་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས་འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་མི་ཆོས་བླ་མ་རྫུན་དུ་སྨྲ་བར་འདོད་པ་རྒྱུན་མ་ཆད་པ་སྟེ། རང་གི་དོན་ཉིད་གཙོ་ཆེར་ཡོད་པའོ། །ཞེས་པ་དང༌། འདུ་ཤེས་བསྒྱུར་ཏེ་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་ཞེས་པ་དང་བཏང་བ་ཡང་ཞེས་སྦྱོར་བ་དང༌། མཐར་ཐུག་གི་བར་དུ་ཀུན་སློང་གི་བསམ་པ་བཏང་སྟེ་ཀུན་སློང་རྒྱུན་ཆད་ན་ལྟུང་བ་མི་རྫོགས་པར་གསུངས་པས་ཤེས་སོ། །འདུ་ཤེས་བསྒྱུར་བ་མེད་པར་མ་ཐོབ་ཀྱང་ཐོབ་པ་རློམ་ནས་མི་ཆོས་བླ་མ་ཐོབ་པར་སྨྲས་ན་ཕམ་པ་མི་འབྱུང་སྟེ། མངོན་པའི་ང་རྒྱལ་ཅན་ནི་མ་གཏོགས་སོ། །ཞེས་གསུངས་སོ། །འདི་ནི་གནང་བ་ཡིན་ཏེ། བམ་ལྔ་ལས། གླེང་གཞི་ནི། བཅས་པ་དང་གནང་བའི་དབང་གིས་རྣམ་པ་གཉིས་ཏེ། ཞེས་གསུངས་པས་སོ། །གཞན་དོན་དུ་སྨྲ་ན་ནི་ལུང་ཞུ་བ་ཆུང་ཤོས་ལས། གཞན་གྱི་སླད་དུ་མི་ཆོས་བླ་མའི་རྫུན་སྨྲ་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ། །ཞེས་གསུངས་སོ། །གསུམ་པ་སྦྱོར་བའི་ཡན་ལག་ནི་ངག་ཡན་ལག་ལྔ་ལྡན་གྱི་རྫུན་དུ་སྨྲ་བ་དགོས་ཏེ། རང་གི་ངག་ཏུ་བདག་ཉིད་དང་འབྲེལ་བར་གང་ལ་བསམས་པའི་དོན་གསལ་པོར་སྨྲ་བ་དང་ལྔ་ཚང་དགོས་པའི་ཕྱིར་ཏེ། རྩ་བར། རང་གིའོ། །ངག་གིའོ། །བདག་ཉིད་དང་འབྲེལ་བར་རོ། ། ནོར་ན་ཡང་ངོ༌། །གཞོག་སྨོས་ཀྱང་ངོ༌། །ཞེས་གསུངས་པ་དང་གོ་རིམ་བཞིན་དུ་སྦྱོར་རོ། །དེ་ཡང་ལུང་ཞུ་བ་ལས། སྤྲིངས་ཡིག་དང་ལག་བརྡ་ལ་སོགས་པ་ལུས་ཀྱི་རིག་བྱེད་ཀྱིས་དོན་གོ་བར་བྱེད་ན་སྦོམ་པོར་གསུངས་པས་ཕམ་པ་འདི་བསྐྱེད་པ་ལ་ངག་གི་རིག་བྱེད་དགོས་སོ། །སྦོམ་པོར་གསུངས་པས་ཕམ་པ་འདི་བསྐྱེད་པ་ལ་གང་ལ་བསམ་པའི་དོན་གསལ་པོར་སྨྲས་པ་ཡན་ལག་ཡིན་ནོ། །

བཞི་པ་མཐར་ཐུག་གི་ཡན་ལག

བཞི་པ་མཐར་ཐུག་གི་ཡན་ལག་ནི།

ཕ་རོལ་པོས་དོན་གོ་བ་ཡིན་ཏེ། རྣམ་པ་རིག་བྱེད་ལ་ནི་དོན་གོ་བའོ་ཞེས་གསུངས་ཤིང་དོན་མ་གོ་ན་སྤྱི་བསྟན་གྱི་རྩ་བར། འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཉིད། ཅེས་གསུངས་སོ། །མིའི་ཆོས་བླ་མ་ལ་བཤད་ལུགས་གཉིས་ལུང་ལས་གསུངས་ཏེ། ཐོབ་པའི་སྒོ་ནས་མིའི་ཆོས་དང་བླ་མ་ཡོན་ཏན་ཐ་དད་དུ་བསྟན་པ་དང༌། སྤངས་པའི་སྒོ་ནས་མིའི་ཆོས་དང་བླ་མ་སྐྱོན་དང་ཡོན་ཏན་དུ་བསྟན་པའོ། །དང་པོ་ལྟར་ན་མིའི་ཆོས་ནི་མྱ་ངན་ལས་འདས་པ་ཡིན་ལ། བླ་མ་ནི་ཁམས་གོང་མའི་སེམས་སོ། །ལུང་རྣམ་འབྱེད་ལས་མིའི་ཆོས་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ་དེ་མི་རྣམས་ཀྱིས་འཐོབ་ཀྱི། ཟ་མ་དང་མ་ནིང་གིས་ཀྱང་མི་འཐོབ་ན་དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་བླ་མ་ཞེས་བྱ་བ་ནི་འདོད་པའི་ཁམས་པ་བས་གཟུགས་ཀྱི་ཁམས་བླ་མ་ཡིན་ལ་གཟུགས་ཀྱི་ཁམས་ལས་གཟུགས་མེད་པའི་ཁམས་བླ་མ་ཡིན་པར་གསུངས་སོ། །གཉིས་པ་ལྟར་ན་འོད་ལྡན་ལས། མིའི་ཆོས་ལས་བླ་མ། ཞེས་གསུངས་སོ། །མིའི་ཆོས་སྒྲིབ་པ་ལྔ་སྤངས་པ་སྟེ། ལུང་རྣམ་འབྱེད་ལས། མིའི་ཆོས་ཞེས་བྱ་བ་ནི་སྒྲིབ་པ་ལྔ་པོ་དག་གོ །བླ་མ་ཞེས་བྱ་བ་ནི་དེ་དག་སྤངས་པ་གང་ཡིན་པའོ། །ཞེས་གསུངས་སོ། །སྒྲིབ་པ་ལྔ་ནི། འདོད་འདུན་དང༌། གནོད་སེམས་དང༌། གཉིད་རྨུགས་དང༌། རྒོད་འགྱོད་དང༌། ཐེ་ཚོམ་སྟེ། དེ་དག་ནི། ཕྱི་ནང་གི་འདོད་ཡོན་ལ་ཆགས་ཤིང་ཐོབ་པར་འདུན་པ་དང༌། གཞན་ལ་གནོད་པའི་བསམ་པ་དང༌། འཇུག་པ་རང་དབང་མེད་པར་སེམས་བསྡུས་པ་དང༌། རིག་པ་གསལ་སྣང་མེད་པར་བློང་བློང་བ་ཉིད་དང༌། སེམས་རྣམ་པར་མ་ཞི་བ་ཉིད་དང༌། ངན་པར་བྱས་པ་ཡིད་ལ་གཅགས་པ་དང༌། ཆོས་ཀྱི་དོན་ལ་ཐེ་ཚོམ་ཟ་བའོ། །དེ་དག་ལ་ཅིའི་ཕྱིར་སྒྲིབ་པ་ཞེས་བྱ་ཞེ་ན། ལྔ་པོ་དེ་དག་ཆོས་ཅན། སྒྲིབ་པ་ཡིན་ཏེ། བསླབ་པ་གསུམ་ལ་སྒྲིབ་པ་ཡིན་པའི་ཕྱིར་རོ། །སྤྱིར་ན་ལྔ་པོ་ཐམས་ཅད་ཀྱིས་བསླབ་པ་གསུམ་ཆར་ལ་སྒྲིབ་མོད་ཀྱི། བྱེ་བྲག་ཏུ་འདོད་འདུན་དང་གནོད་སེམས་ཀྱིས་ཚུལ་ཁྲིམས་ལ་སྒྲིབ། གཉིད་རྨུགས་དང་རྒོད་འགྱོད་ཀྱིས་ཏིང་ངེ་འཛིན་ལ་སྒྲིབ།ཐེ་ཚོམ་གྱིས་ཤེས་རབ་ཀྱི་བསླབ་པ་ལ་སྒྲིབ་སྟེ། དེ་ལྟར་རྣམ་བཤད་རིགས་པ་ལས་བཤད་དོ། །དཔེར་ན་མེ་གང་ན་ཡོད་ཅེས་དྲིས་པ་ན། ས་ཕྱོགས་འདི་ན་དུ་བ་དྲག་ཏུ་འཕྱུར་བཞིན་པ་ཡོད་དེ་ཞེས་བརྗོད་པ་ལྟར་འབྲས་བུའི་སྒོ་ནས་བརྗོད་པ་ནི། རྩ་བར། མཐོང་ངོ་བདག་མཐོང་ངོ་སྒྲ་ཐོས་སོ། །ཞེས་ལྷ་ཀླུ་ལ་སོགས་མཐོང་ཞེས་པ་ལ་སོགས་པ་འདི་དག་ཆོས་ཅན། འབྲས་བུའི་སྒོ་ནས་བརྗོད་པ་ཡིན་ཏེ། བསམ་གཏན་གྱི་སེམས་ཐོབ་པའི་འབྲས་བུས་མངོན་ཤེས་ཀྱི་ཡོན་ཏན་གྱི་སྒོ་ནས་བརྗོད་པའི་ཕྱིར་རོ། །དེའང་རྒྱུ་འོད་ལྡན་ལས། བསམ་གཏན་ལ་སོགས་པ་མི་སྲིད་པ་ལ་ནི་ལྷ་ལ་སོགས་པ་བལྟ་བ་དང༌། བསྙེན་བཀུར་བྱེད་པ་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་བསམ་གཏན་གྱི་སེམས་མ་ཐོབ་པར་འབྲས་བུ་མངོན་ཤེས་ཀྱི་དབང་གིས་ལྷ་མཐོང་བ་ལ་སོགས་པ་མི་འབྱུང་བའི་ཕྱིར་ཏེ། དཔེར་ན་མེ་མེད་ན་དུ་བ་མི་འབྱུང་བ་བཞིན་ནོ། །མི་རྟག་པ་ལ་སོགས་པའི་འདུ་ཤེས་ལ་སོགས་པ་དེ་དག་ཐམས་ཅད་ཀྱང་མངོན་པར་རྟོགས་པ་ལས་འབྱུང་བར་བརྗོད་ན་ཕམ་པར་འགྱུར་གྱི། ཐོས་བསམ་གྱིས་ལུང་གི་དོན་ཤེས་སོ་ཞེས་བརྗོད་པས་ནི་མ་ཡིན་ནོ། །སྐབས་འདིར་ཀླུ་དང་ཡི་དྭགས་སོགས་མཐོང་བ་ལ་མངོན་ཤེས་ཐོབ་མི་དགོས་ན་དེ་དག་མཐོང་བར་སྨྲས་པས་མི་ཆོས་བླ་མའི་རྫུན་དུ་འགྱུར་མི་དགོས་པ་དང༌། དགོས་ན་ལས་དབང་གིས་དེ་དག་མཐོང་བ་ཡོད་པ་དང་ནང་ཕན་ཚུན་མཐོང་བས་གནོད་པ་ཡོད་མེད་བསམ་གཞིག་གནང་བར་ཞུའོ། ། ཊཱི་ཀ་ལས། ཞི་གནས་ནི་ཏིང་ངེ་འཛིན་ཏོ། །དེ་ཡང་གཉིས་ཏེ། མོས་པ་ཡིད་ལ་བྱེད་པ་དང༌། དེ་ཁོ་ན་ཉིད་ཡིད་ལ་བྱེད་པའོ། །ཞེས་སོ། ། ལྔ་བ་བསླབ་པར་བྱ་བ་ལ། ཡུལ་ཐམས་ཅད་དུ་གནས་སྐབས་ཀུན་ཏུ་མི་ཆོས་བླ་མའི་སྦྱོར་བའི་ཉེས་བྱས་དང་སྦྱོར་སྦོམ་དང་དངོས་གཞིའི་རྣམ་པ་བསྟེན་པ་སོགས་ཕྲ་མོ་ནས་མི་བྱ་བར་བསླབ་པར་བྱའོ། །ཕམ་པ་བཞི་ལས་མི་ཆོས་བླ་མའི་ཕམ་པ་བཤད་ཟིན་ཏོ། །དེ་ཡན་གྱི་ཕམ་པའི་སྐབས་ཀྱི་རྣམ་པར་བཤད་པ་རྫོགས་སོ།། །།

གཉིས་པ་དགེ་འདུན་ལྷག་མའི་སྡེ་འཆད་པ།

གཉིས་པ་དགེ་འདུན་ལྷག་མའི་སྡེ་འཆད་པ་ལ།

སོ་སོར་ཐར་བའི་སྡོམ་ལས། ཁུ་བ་འཛིན་དང་འཁྲིག་ཚིག་བསྙེན་བཀུར་སྨྱན། །ཁང་བ་ཁང་ཆེན་དང་ནི་གཞི་མེད་དང༌། །བག་ཙམ་དགེ་འདུན་དབྱེན་དང་དེར་རྗེས་ཕྱོགས། །ཁྱིམ་སུན་འབྱིན་དང་བཀའ་བློ་མི་བདེ་བའོ། །ཞེས་གསུངས་པ་ལྟར་ལྷག་མ་བཅུ་གསུམ་ལས། དང་པོ་དགུ་སོ་སོར་བཤད་པ་དང༌། ཕྱི་མ་བཞི་འཆད་པ་དང་གཉིས་ལས། དང་པོ་ལ་དགུ་ལས། དང་པོ་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མ་ལ། རྩ་བར། དེར་འདུན་པས་སོ། །རང་གི་ཁུ་བའོ། །དང་པོ་ལའོ། །ཞེས་གསུངས་སོ།དེའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི། ཡུལ་མཉན་ཡོད་དུ་གང་ཟག་འཆར་ཀས་ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླངས་ཏེ། ཉེས་པ་རང་གི་ཁུ་བ་ཕྱུང་བ་ལ་བརྟེན་ནས་དགེ་འདུན་ལྷག་མར་བཅས་པའོ། །དགེ་སློང་མང་པོས་རྨི་ལམ་དུ་དེ་བྱུང་བ་ཞུས་པས་ལྟུང་མེད་དུ་གསུངས་ཏེ། རྩ་བར། རྨི་ལམ་ནི་མེད་པ་དང་འདྲའོ། །ཞེས་དང༌། བམ་ལྔ་ལས། འབྱིན་པའི་དགེ་འདུན་ལྷག་མའི་གླེང་གཞི་ནི་བཅས་པ་དང་གནང་བའི་དབང་གིས་གཉིས་ཏེ། ཞེས་གསུངས་སོ། །གཉིས་པ་དགག་བྱ་ནི་ས་བོན་གྱིས་བསྐྱེད་པའི་འདོད་ཆགས་འཕེལ་བའོ། །གསུམ་པ་ངོ་བོ་ནི། རང་གི་ཡན་ལག་ལ་དབྱུང་སེམས་ཀྱིས་རྨ་སྒོ་གསུམ་ལས་གཞན་པའི་ཕམ་པ་བསྐྱེད་ནུས་ཀྱི་འབྱིན་བྱེད་མཚན་ཉིད་དང་ལྡན་པས་རེག་ཅིང་བརྩལ་བས་ཁུ་བ་དང་པོའི་གནས་ནས་འཕོས་པའི་ལྟུང་བ་དངོས་གཞི་དེ་ཡིན་ཏེ། ས་ག་ལྷས། རྨ་སྒོ་གསུམ་ནི་མ་གཏོགས་པར། །ཤེས་ལུས་རང་གི་ཡན་ལག་གིས། །བསམ་བཞིན་ཁུ་བ་འབྱིན་པ་ནི། །དགེ་འདུན་གྱི་ནི་ལྷག་མར་གསུངས། །ཞེས་སོ། །བཞི་བ་ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དབྱུང་བའི་དངོས་པོ་དང༌། གང་ལས་དབྱུང་བའི་གཞི་དང༌། གང་གིས་འབྱིན་པའི་རྫས་སོ། །དང་པོ་ནི་རང་གི་ཁུ་བ་ཡིན་པ་དང༌། དང་པོའི་གནས་ནས་མ་འཕོས་པ་དགོས་ཏེ། རྩ་བར། རང་གི་ཁུ་བའོ། །དང་པོ་ལའོ། །ཞེས་སོ། །སེལ་བ་ནི་དགེ་སློང་གིས་མི་གཞན་གྱི་ཁུ་བ་ཕྱུང་ན་སྦོམ་པོར་འགྱུར་ལ་རང་གི་ཁུ་བ་དེ་དང་པོའི་གནས་ནས་འཕོས་ཟིན་པ་དབང་པོའི་སྒོར་ཕྱུང་ནའང་སྦོམ་པོར་འགྱུར་ཏེ། རྩ་བར། སྦུགས་སུ་འོང་བའོ། །ཞེས་གསུངས་སོ། །གང་ལས་འབྱུང་བའི་གཞི་ནི་ཡན་ལག་གི་རྣམ་པ་ཡིན་པ་དང༌། རང་གི་ཡིན་པ་དགོས་ཏེ། རྩ་བར། ཡན་ལག་གི་རྣམ་པ་ལའོ། །ཞེས་སོ། །སེལ་བ་ནི། ཕོའི་དབང་པོ་ལས་ཕྱོགས་གཞན་བརླའི་ཕྱོགས་དག་ཏུ་རེག་ཅིང་མཉེད་པས་ཕྱུང་ན་སྦོམ་པོ་སྟེ། རྩ་བར། ཕྱོགས་གཞན་དུ་རེག་པའོ། །ཞེས་དང༌། གཞན་གྱི་ལས་ཀྱང་ངོ། །ཞེས་པའི་ཤུགས་ཀྱིས་གྲུབ་བོ། །གང་གིས་འབྱིན་པའི་རྫས་ནི། སྔོན་རྣམ་ཤེས་ལེན་མྱོང་ཡན་ཆད་ཡིན་པ་དང༌། བསྟེན་རུང་ལ་ལྟོས་པའི་ལུས་མ་ཉམས་པ་ཡན་ཆད་ཡིན་ལ། ཕམ་པ་བསྐྱེད་ནུས་ཀྱི་རྨའི་སྒོ་གསུམ་ལས་གཞན་ཡིན་པ་སྟེ། སེམས་ཅན་དུ་བགྲང་བས་སོ། ། དེའི་རྣམ་པར་གནས་པས་སོ། །ཕྱུང་བ་ཐམས་ཅད་ལ་མཐའ་ཉིད་ཅེས་གསུངས་པ་དང་གོ་རིམ་བཞིན་ནོ། ། སེལ་བ་ནི་ལྭ་བ་དང་ཕྱིང་པ་ལ་སོགས་པས་འབྱིན་པ་དང་ཤའི་དུམ་བུས་འབྱིན་ན་སྦོམ་པོར་གསུངས་སོ། །སེམས་ཅན་དུ་བགྲང་བ་དེའི་རྣམ་པར་གནས་པའི་ཚད་ནི་འགྲེལ་ཆུང་ལས། སེམས་ཅན་གྱི་གཟུགས་ཡིན་པར་ཤེས་པ་ལ་བྱ་སྟེ། ལུས་དང་ཡན་ལག་གང་གི་ཤ་དང༌། རུས་པར་ཤེས་པའོ། །ཞེས་གསུངས་སོ། །འོན་ཀྱང་བྱི་བའམ་གྲོག་སྦུར་ལྟ་བུའི་ཤ་རུས་གང་ཡིན་ངོ་ཤེས་པས་ཕྱུང་ཡང་ལྷག་མར་མི་འགྱུར་བས། བསྟེན་རུང་གི་ཚད་དུ་ལོངས་པའི་ལུས་ལས་མ་ཉམས་པར་གནས་པས་ཕྱུང་ན་ལྷག་མ་ཡིན་ཏེ། ཊཱི་ཀ་ལས། དེའི་རྣམ་པར་གནས་པས་སོ་ཞེས་བྱ་བ་སྨྲས་ཏེ་ཡན་ལག་གང་ཡང་རུང་བ་རང་གི་རྣམ་པ་ལས་མ་ཉམས་པར་རེག་པས་ཕྱུང་ན་དགེ་འདུན་ལྷག་མར་འགྱུར་གྱིས་ལུས་ཀྱི་རྣམ་པ་ལས་ཉམས་པས་ཕྱུང་ན་སྦོམ་པོ་ཡིན་ཏེ། ཤའི་དུམ་བུས་ནི་སྦོམ་པོའོ། །ཞེས་གསུངས་པའི་ཕྱིར་ཞེས་བཤད་ཅིང་རང་འགྲེལ་ལས་ཀྱང་དོན་དེ་ལྟར་བཤད་དོ། །གཉིས་པ་བསམ་པའི་ཡན་ལག་ལས་འདི་དངོས་པོ་གཙོ་བས་འདུ་ཤེས་ཀྱི་ཡན་ལག་བརྩི་མི་དགོས་ལ་ཀུན་སློང་ནི། འབྱིན་པར་འདོད་པ་རྒྱུན་མ་ཆད་པ་སྟེ། རྩ་བར། དེར་འདུན་པས་སོ། །ཞེས་སཽ། །གསུམ་པ་སྦྱོར་བའི་ཡན་ལག་ནི་རེག་ཅིང་རྩོལ་བར་བྱེད་པ་ཡིན་ཏེ། རྩ་བར། བརྩལ་བས་སོ། །ཞེས་སོ། །

བཞི་བ་མཐར་ཐུག་གི་ཡན་ལག

བཞི་བ་མཐར་ཐུག་གི་ཡན་ལག་ནི།

དང་པོའི་གནས་ནས་འཕོས་པ་དེ་ཡིན་ཏེ། ཕྱུང་ནའོ། །དང་པོ་ལའོ། །ཞེས་གསུངས་སོ། །རྨི་ལམ་དུ་ཁུ་བ་འབྱིན་པ་ལ་སོགས་པ་རྨིས་ན།ཊཱི་ཀ་ལས། རྨི་ལམ་ནི་རྫས་སུ་ཡོད་མོད་ཀྱི་མེད་པ་དང་འདྲ་སྟེ་འཇིག་རྟེན་གྱི་ཐ་སྙད་ལས་འདས་པའི་ཕྱིར་རོ། །ཞེས་སོ། །འདིར་རྨི་ལམ་ནི་གཉིད་ལོག་པ་ན་ལུས་ངག་ཏུ་མ་གྲུབ་པ་ནང་གི་བསམ་པའི་ཆོས་ཡིན་ནོ། །རྨི་ལམ་དེས་སྐྱོད་པའི་འབྲས་བུ་ནི། ལུས་ངག་གི་རྣམ་འགྱུར་བྱུང་བ་དག་སྟེ། དེ་ནི་ལྟུང་བ་བསྐྱེད་པའི་བདག་ཉིད་དུ་མ་བྱས་པ་ཉིད་དོ། ། ལུང་རྣམ་འབྱེད་ལས། རྨི་ལམ་གྱི་མ་གཏོགས་སོ་ཞེས་འབྱིན་པའི་སྐབས་འདིར་གསུངས་ཀྱང་མཚོན་པ་སྟེ། འོད་ལྡན་རྩ་འགྲེལ་ལས། མི་ཤི་རྨི་ལམ་མ་གཏོགས་དེ་བརླག་འགྱུར། །ཞེས་སོགས་གསུངས་ལ། ཞུ་འགྲེལ་ལས་ཀྱང༌། ཁུ་བ་འབྱིན་པ་ལ་རྨི་ལམ་གྱི་མ་གཏོགས་ཏེ། ཞེས་སྨོས་པ་ནི་དཔེ་སྟེ། མི་ཚངས་པར་སྤྱོད་པ་ལ་སོགས་པ་ཁ་ན་མ་ཐོ་བ་གཞན་དག་ལའང་ཚུལ་འདི་རུང་བའི་ཕྱིར་ཏེ། བྱུང་བའི་དབང་གིས་འདིར་བྱུང་བར་ཟད་པ་ཡིན་པའི་ཕྱིར་རོ། །ཊཱི་ཀ་ལས། འདི་ལྟར་བཤད་དེ་ཁུ་བ་ནི་མང་དུ་ཡོད་དེ། དང་པོའི་གནས་ནས་ཕྱུང་བ་དང༌། རྩའི་སྦུབས་སུ་འོངས་པ་ལས་ཕྱིར་ཕྱུང་བ་དང༌། དབང་པོའི་མཐའ་ནས་ཕྱིར་ཕྱུང་བའོ། །ཞེས་གསུངས་ལ། གསུམ་པོ་དེ་དག་གང་ལ་དགེ་འདུན་ལྷག་མར་འགྱུར་ཞེ་ན། དང་པོ་ལས་དགེ་འདུན་ལྷག་མ་འབྱུང་བ་ཡིན་ཏེ། དང་པོ་ལའོ་ཞེས་པའི་ཊཱི་ཀ་ལས་འདི་ལྟར་བཤད་དེ་དང་པོའི་གནས་ནི། ཁུ་བ་དེ་མཁྲིས་པ་བཞིན་དུ་ལུས་ཀྱི་ཕྱོགས་གཅིག་ན་ཚོགས་ནས་གནས་པ་མ་ཡིན་གྱི་འབྲུ་ལས་འབྲུ་མར་བཞིན་དུ་ལུས་ལ་ཁྱབ་པར་གནས་པར་གསུངས་སོ། །འོ་ན་དང་པོའི་གནས་ནས་ཕྱུང་བར་ཅིས་ཤེས་ཤེ་ན། ཊཱི་ཀ་ལས། དེ་མྱོང་བའི་གནས་སྐབས་དེ་ན་འདོད་ཆགས་ཤས་ཆེར་རབ་ཏུ་འགྱུར་བ་དང༌། བདེ་བ་ཉམས་མྱོང་ཆེན་པོ་སྐྱེ་བ་དང༌། སྙིང་འདར་བ་ལ་སོགས་པ་ལུས་འགྱུར་བ་འབྱུང་བ་ཡིན་ནོ། །ཞེས་སོ། །ཆགས་པའི་སེམས་ནི་དབྱུང་བའི་སེམས་ཡིན་ཏེ། རྣམ་འབྱེད་འགྲེལ་བ་ལས། ཁུ་བ་འབྱིན་པའི་འདོད་ཆགས་ཀྱིས། ཞེས་སོ། །བུད་མེད་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་ཡུལ་ལྔ་ལས་རེག་བྱ་མ་ཡིན་པ་གཟུགས་སྒྲ་དྲི་རོ་ཉམས་སུ་མྱོང་བ་ལས་བབ་ཅོལ་དུ་ཁུ་བ་ཕྱུང་བ་ལ་ལྟུང་བ་མེད་དོ། །རེག་བྱ་ལོགས་སུ་དགར་བ་ནི་རེག་བྱ་དེ་ཆགས་པའི་ཡུལ་གྱི་གཙོ་བོ་ཡིན་པས་རེག་ན་བསླབ་བྱའི་ཉེས་བྱས་སུ་འགྱུར་བའོ། །ཆགས་སེམས་མེད་ཀྱང་བུད་མེད་ལ་རེག་པ་བཀག་ཅིང་ཆགས་སེམས་མེད་པར་ཅུང་ཟད་བལྟ་བ་ལ་ཉེས་པ་མེད་དོ། །ཡང་འབྱིན་པའི་ལྷག་མ་འདི་ལ་ཡན་ལག་བཅུ་ཡོད་དེ། ཊཱི་ཀ་ལས། ཁུ་བ་འབྱིན་པའི་སྐབས་འདི་ལ་ཡན་ལག་བཅུ་སྟེ། ཕྱུང་བ་དང༌། དེར་འདུན་པ་དང༌། རང་གི་ཁུ་བ་དང༌། དང་པོ་དང༌། རེག་པ་དང༌། བརྩལ་བ་དང༌། ཡན་ལག་གི་རྣམ་པ་དང༌། ཕྱི་རོལ་དང༌། སེམས་ཅན་དུ་བགྲང་བ་དང༌། དེའི་རྣམ་པར་གནས་པ་སྟེ། ཞེས་གསུངས་པས་སོ། །དེ་བཅུ་ལས་གཅིག་མ་ཚང་ན་སྦོམ་པོ་ཡིན་ཏེ། ཊཱི་ཀ་ལས། ཡན་ལག་བཅུ་པོ་དེ་དག་ལས་གང་ཡང་རུང་བ་མ་ཚང་ན་ནི་ཉེས་པ་སྦོམ་པོའོ། །ཞེས་གསུངས་པའི་ཕྱིར་རོ། །འབྱིན་པའི་དགེ་འདུན་ལྷག་མ་རྫོགས་སོ།། །།

གཉིས་པ་རེག་པའི་དགེ་འདུན་ལྷག་མ་འཆད་པའི་སྐབས་འདིའི་མདོ་རྩའི་དོན་ལ།བུད་མེད་བྱེད་པ་པོ་རྣམས་ཀྱི་ཐུན་མོང་བསྟན་པ་དང༌། རེག་པའི་སྐབས་བྱེ་བྲག་ཏུ་བསྟན་པ་དང་གཉིས། དང་པོ་ནི། རྩ་བར། བྱེད་པ་པོ་ཉིད་བུད་མེད་དེ། དབེན་པ་ན་འདུག་པ་དང༌། འགྲེང་བ་གཉིས་ཀྱིའོ། །ཞེས་པ་ནས། བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་ཏུ་འདོད་ཆགས་དང་ལྡན་པས་ཀྱང་ངོ། །ཞེས་པའི་བར་མདོ་ཉི་ཤུས་བསྟན་ཏོ། །མདོ་དེ་དག་གི་དོན་ལ་གསུམ་ལས།དང་པོ་དགོས་པའི་དོན་ནི། ཚིག་ཚོགས་ཆུང་ཞིང་རྟོགས་པར་སླ་བ་ཡིན་ཏེ། ལུང་རྣམ་འབྱེད་ལས།ལྟུང་བ་མང་པོ་ལ་དོན་གོ་དང་བསྟེན་རུང་རེ་རེ་ལ་རེ་རེ་གསུངས་ཀྱང་མདོ་རྩ་བར་ཚིག་གཅིག་ཏུ་བསྡུས་པ་ལྟ་བུའོ། །གཉིས་པ་ཡན་ལག་རྣམ་པར་བཞག་པ་ལ་ལྔ་ལས། དང་པོ་བུད་མེད་ཀྱི་མཚན་དོན་ཡོད་པའི་ཡན་ལག་ནི། བུད་མེད་ཉིད་དམ་མཚན་གཉིས་པ་བུད་མེད་ཀྱི་མཚན་ཤས་ཆེ་བ་དང་ལྡན་པའོ། །དེ་ལྟུང་བ་གང་གི་ཡན་ལག་ཡིན་ན། རེག་པ་ནས་ཆོས་སྟོན་པའི་བར་བཅུའོ། །སྒྲུབ་བྱེད་ནི་འདི་ལ་བྱེད་པ་པོ་ཉིད། ཅེས་པ་ལ་སོགས་པ་མདོ་བདུན་ནོ། །འདིར་སེལ་བ་ནི་སྐྱེས་པ་ཉིད་དང་མ་ནིང་ཉིད་དང་མཚན་གཉིས་པ་བུད་མེད་ཀྱི་མཚན་དོན་མེད་པ་ཅན་རྣམས་སོ། །ཅིར་འགྱུར་ནི་སྐྱེས་པ་ལ་དགེ་སློང་གིས་དབེན་པ་འདུག་འགྲེང་གཉིས་དང་གནས་གཅིག་ཏུ་ལྷན་ཅིག་ཉལ་བ་དང༌། ལམ་དུ་འགྲོ་བ་དང་ཆོས་སྟོན་པ་ལྔ་པོ་བྱས་པ་ལ་ལྟུང་བ་མེད་དེ། དགག་བྱ་མེད་པའི་ཕྱིར་རོ། །སྐྱེས་པ་ལ་དགེ་སློང་གིས་རེག་པ་འཁྲིག་ཚིག་བསྙེན་བཀུར་བསྔགས་པ་དང་གསུམ་པོ་བྱས་པ་དང་སྐྱེས་པ་ནང་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་དགེ་སློང་གིས་འདུག་འགྲེང་གཉིས་བྱས་ན་རང་རང་གི་ལྟུང་བ་ན་སྨད་པ་སྟེ། གསུམ་པོ་འདི་ལ་སྐྱེས་པའོ་ཞེས་པ་དང༌། བམ་པོ་ལྔ་བཅུ་པ་ལས་ཉལ་ཤོམ་འདུག་འགྲེང་གཉིས་ཀྱི་སྐབས་སུ། གཉིས་ཀ་སྐྱེས་པ་ཡིན་ན་ཉེས་བྱས་སོ། །ཞེས་གསུངས་སོ། །རིགས་པས་ཡང་དགག་བྱ་མ་རྫོགས་པའི་ཕྱིར་རོ། །མ་ནིང་ཉིད་དང་མཚན་གཉིས་པ་བུད་མེད་ཀྱི་མཚན་དོན་མེད་པ་ཅན་ལ་རེག་པ་ལ་སོགས་པ་བཅུ་པོ་བྱས་ན་རང་རང་གི་ན་སྨད་པའོ། །

གཉིས་པ་སྐྱེས་པ་མེད་པའི་ཡན་ལག

གཉིས་པ་སྐྱེས་པ་མེད་པའི་ཡན་ལག་ནི།

ལྟུང་བ་སྐྱེད་པའི་ཡུལ་རྟེན་གཉིས་ལས་གཞན་པ་ཁྲིམས་གྲོགས་སྐྱེས་པ་མེད་པའོ། །དེ་ལྟུང་བ་གང་གི་ཡན་ལག་ཡིན་ན་ལམ་དུ་འགྲོ་བ་དང་ཆོས་སྟོན་པ་གཉིས་ཀྱིའོ། །སྒྲུབ་བྱེད་ནི། རྩ་བར། རིག་པའི་སྐྱེས་པ་མེད་པའི་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བའོ། །ཞེས་དང༌། སྐྱེས་པ་མེད་པར་རོ། །རིག་པའོ། །ཞེས་སོ། །སེལ་བ་ནི་ཁྲིམས་གྲོགས་རིག་པའི་སྐྱེས་པ་དང་ལྡན་པའི་དགེ་སློང་གིས་ཁྱིམ་པ་མོ་ལ་ཆོས་སྟོན་པ་དང་བུད་མེད་དང་ལམ་དུ་འགྲོ་བ་ལ་ལྟུང་བ་མེད་དེ། ལུང་རྣམ་འབྱེད་ལས། རིག་པའི་སྐྱེས་པ་ཉེ་བར་བཞག་སྟེ་ཅི་འདོད་པར་ཆོས་བསྟན་པར་བྱ་བའོ། །ཞེས་གསུངས་སོ། །རིགས་པས་ཀྱང་དགག་བྱ་མེད་པའི་ཕྱིར་རོ། །གསུམ་པ་དོན་གོ་བའི་ཡན་ལག་ནི། བུད་མེད་དེས་ལེགས་སྨྲས་ཉེས་སྨྲས་ཀྱི་དོན་གོ་བར་ནུས་པའོ། །དེ་ལྟུང་བ་གང་གི་ཡན་ལག་ཡིན་ན། འཁྲིག་ཚིག་བསྙེན་བཀུར་ཆོས་སྟོན་པ་དང་གསུམ་གྱིའོ། །སྒྲུབ་བྱེད་ནི་འོག་མ་གསུམ་ལ་ལེགས་པར་སྨྲས་པ་དང༌། ཞེས་སོ། །སེལ་བ་ནི་བུད་མེད་དོན་མི་གོ་ལ་འཁྲིག་ཚིག་ལ་སོགས་པ་གསུམ་པོ་དེ་རྣམས་བྱས་ན་རང་རང་གི་ན་སྨད་པ་སྟེ། གཞན་དུ་ན་འོག་མའི་འོ། །ཞེས་གསུངས་སོ། ། བཞི་པ་བསྟེན་རུང་གི་ཡན་ལག་ནི། ཡུལ་འཁྲིག་པ་བསྟེན་རུང་བ་སྟེ། ལམ་ཆེ་ཆུང་སྤྲད་པར་བཟོད་པའོ། །དེ་ལྟུང་བ་གང་གི་ཡན་ལག་ཡིན་ན། རེག་པ་ལ་སོགས་པ་བདུན་གྱིའོ། །སྒྲུབ་བྱེད་ནི། རྩ་བར། གཞན་ལ་འཁྲིག་པ་བསྟེན་པར་བྱ་བའི་མཐུ་ཡོད་པ་ཡིན་ན་དངོས་གཞིའོ། །ཞེས་སོ། །སེལ་བ་ནི་བུ་མོ་ཆུང་ངུ་ལྟ་བུ་འཁྲིག་པ་བསྟེན་དུ་མི་རུང་བ་ལ་རེག་པ་ལ་སོགས་པ་བདུན་པོ་དེ་རྣམས་བྱས་ན། རང་རང་གི་ན་སྨད་པ་ཡིན་ཏེ། རྩ་བར། གཞན་དུ་ན་འོག་མའིའོ། །ཞེས་གསུངས་སོ། །

ལྔ་པ་ཀུན་སློང་གི་ཡན་ལག

ལྔ་པ་ཀུན་སློང་གི་ཡན་ལག་ནི།

རེག་པ་འཁྲིག་ཚིག་བསྙེན་བཀུར་བསྔགས་པ་དང་གསུམ་པོ་དེ་དག་གི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཡིད་ཀུན་ཏུ་འདོད་ཆགས་དང་ལྡན་པའོ། །སེལ་བ་ནི་གསུམ་ཡོད་དེ། རེག་པ་ལ་སོགས་པའི་བདེ་བ་ཉམས་སུ་མྱོང་འདོད་ཡོད་ཀྱང་ཡིད་ཀུན་ཏུ་འདོད་ཆགས་མེད་པ་དང༌། ཡིད་ཀུན་ཏུ་འདོད་ཆགས་ཡོད་ཀྱང་བདེ་བ་ཉམས་སུ་མྱོང་འདོད་མེད་པ་དང༌། དེ་གཉིས་ཀ་མེད་པས་རེག་པ་ལ་སོགས་པ་བྱེད་པའོ། །དང་པོ་ལ་ནི་རང་རང་གི་ན་སྨད་པ་ཡིན་ཏེ། རྩ་བར། འཇམ་པ་དང༌། དྲོ་བ་དང་སྙི་བའི་བསམ་པ་ཉིད་ན་སྦོམ་པོའོ། །ཞེས་གསུངས་སོ། །གཉིས་པ་ལ་ནི་ཆགས་སེམས་ཙམ་པོ་དེ་དག་གཉེན་པོས་བཟློག་ན་ནི་ལྟུང་བ་མེད་དེ། གཞན་དུ་ན་སོ་སོའི་སྐྱེ་བོ་རྣམས་ཀྱིས་བསྒྲུབ་པར་མི་ནུས་པར་འགྱུར་བའི་ཕྱིར་རོ། །གཉེན་པོས་མ་བཟློག་ན་ནི་མི་ཚངས་སྤྱོད་ཀྱི་རྒྱུར་འགྲོ་བས་བསླབ་བྱའི་ཉེས་བྱས་སུ་འགྱུར་ཏེ། ཆགས་སེམས་ཙམ་པོ་དེ་ནི་གཞི་ལ་སོགས་པས་ཁྱད་པར་དུ་མ་བྱས་པའི་ཆགས་སེམས་མངོན་གྱུར་ཡིན་ལ། མི་ཚངས་པར་སྤྱོད་པ་ནི་ཆགས་པ་ཐམས་ཅད་ཀྱི་ལུས་ལྟ་བུ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །གསུམ་པ་ལ་ནི་བདེ་བ་ཉམས་སུ་མྱོང་འདོད་དང་ཡིད་ཀུན་ཏུ་འདོད་ཆགས་པ་གཉིས་ཀ་མེད་པས་རེག་པ་འཁྲིག་ཚིག་བསྙེན་བཀུར་བསྔགས་ན། རེག་པ་ལ་ནི་བསླབ་བྱའི་ཉེས་བྱས་སུ་འགྱུར་རོ། །འཁྲིག་ཚིག་དང་བསྙེན་བཀུར་བསྔགས་ན་ནི་ངག་ཀྱལ་སྨྲ་བའི་ཉེས་བྱས་སུ་འགྱུར་རོ། །གསུམ་པ་བུད་མེད་ཀྱིས་བསྐྱེད་པའི་ལྟུང་བ་མང་དུ་ཡོད་པ་ལས་ལྟུང་བ་བཅུ་པོ་འདི་ཁོ་ན་སྐབས་འདིར་བསྡུ་བའི་འཐད་པ་ནི། སྤྱིར་བུད་མེད་ཡུལ་དུ་བྱས་དགོས་པའི་ལྟུང་བ་མཚོ་ཊཱིཀ་ལྟར་ན་ཉེར་གསུམ་དང་རིན་འཕྲེང་ལྟར་ན་ཉེར་བཞི་ལས་སྐབས་འདིར་བསྟན་པའི་བུད་མེད་ལ་བསྟེན་པའི་ལྟུང་བ་བཅུ་ཡོད་དོ། །སྡོམ་ནི། སྐབས་འདིར་རེག་དང་ཉལ་ཤོམ་འདུག་འགྲེང་དང༌། །དབེན་པར་འདུག་འགྲེང་ལྷན་ཅིག་ཉལ་བ་དང༌། །ལམ་འགྲོ་འཁྲིག་ཚིག་བསྙེན་བཀུར་ཆོས་སྟོན་བཅུ། །ཞེས་སོ། །དེ་ལས་ཉལ་ཤོམ་འདུག་འགྲེང་གཉིས་ནི་བུད་མེད་བྱེད་པ་པོའི་སྐབས་འདིར་བསྡུས་ལ། སྨྱན་བྱེད་པ་ནི་སྐབས་འདིར་མ་བསྡུས་པའི་རྒྱུ་མཚན་ཅི། དགེ་སློང་མ་ལས་གྱུར་པའི་ལྟུང་བ་མང་དུ་ཡོད་པ་ལས། དགེ་སློང་མ་དང་འགྲེང་བ་ནི་བུད་མེད་བྱེད་པ་པོའི་སྐབས་འདིར་བསྡུས་ལ། འཁྲུར་འཇུག་མ་བསྐོས་ཉི་ནུབ་ལ་སོགས་པ་དགེ་སློང་མ་ལས་གྱུར་པ་གཞན་རྣམས་སྐབས་འདིར་མ་བསྡུས་པའི་རྒྱུ་མཚན་ཅི། ཕོ་མོ་གཉིས་ཚོགས་ལས་བསྐྱེད་པའི་ཉལ་ཤོམ་འདུག་འགྲེང་བསྡུས་ལ་སྨྱན་བྱེད་པའི་ལྷག་མ་མ་བསྡུས་པའི་རྒྱུ་མཚན་ཅི། སྐབས་འདིའི་ཊཱི་ཀ་ལས། ད་ནི་གང་དང་གང་ལ་བྱེད་པ་པོ་བུད་མེད་ཡིན་པ་དེ་ཐམས་ཅད་བསྟན་པའི་ཕྱིར། ཞེས་ཐམས་ཅད་བསྟན་པར་གསུངས་པ་དང༌། སྨྱན་དང་ཟས་ཅུང་ཟད་ཕྱིར་སྟོན་དང་དགེ་སློང་མ་ལས་གྱུར་པ་འཁྲུར་འཇུག་དང་མ་བསྐོས་ཉི་ནུབ་ལ་སོགས་པ་གནས་སྐབས་འདིར་མ་བསྟན་པ་འགལ་ལོ་ཞེ་ན་དཔྱད་པར་བྱ་ལ། སྐབས་འདིར་ལྟུང་བ་བཅུ་པོ་འདི་བསྡུ་ལ། གཞན་མི་བསྡུ་བའི་རྒྱུ་མཚན་ནི། བུད་མེད་བྱེད་པ་པོའི་སྐབས་འདིར་བསྟན་པའི་ཡན་ལག་གི་གཙོ་བོ་ནི། བུད་མེད་ཀྱི་མཚན་བསྟེན་དུ་རུང་བ་དང༌། དོན་གོ་ནུས་པ་གཉིས་ཡིན་པ་ལ། ལུང་རྣམ་འབྱེད་ལས། བདུན་ལ་བསྟེན་རུང་དང་གསུམ་ལ་དོན་རྣམས་གོ་བ་ཡན་ལག་ཏུ་གསུངས་པས། བཅུ་པོ་འདི་ནི་ལུང་རྣམ་འབྱེད་ཀྱི་ཐད་ཀའི་དོན་བསྡུས་པའི་ཕྱིར་རོ། །དཔེར་ན་ལུང་གཞི་ལས་སྲ་བརྐྱང་གི་ཕན་ཡོན་བཅུ་གསུངས་ཀྱང༌། ལུང་རྣམ་འབྱེད་ལས། འཆང་འབྲལ་འཇོག་པ་གསུམ་མི་འབྱུང་བར་གསུངས་པའི་དོན་བསྡུས་ཏེ། འདི་གསུམ་ནི་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ངོ་ཞེས་གསུངས་པ་བཞིན་ནོ་ཞེས་གསུངས་པ་ཡོད་དོ། །འོ་ན་དབེན་པ་ན་འགྲེང་བ་དང་ཉལ་ཤོམ་འདུག་འགྲེང་གཉིས་ཏེ་ལྟུང་བ་ལ་གསུམ་ལ་བརྟེན་རུང་དགོས་པ་འདི་ལུང་རྣམ་འབྱེད་ན་མི་སྣང་བ་དང་འགལ་ལོ་ཞེ་ན། ལུང་རྣམ་འབྱེད་ཡི་གེ་ཆད་པར་གསལ་ཏེ། ལྟུང་བ་གསུམ་པོ་དེ་ལ་ཡང་བསྟེན་རུང་དགོས་པར་མདོ་རྩ་བར་ནི་བསྡུས་ལ། འགྲེལ་པས་རྩོད་སྤོང་མ་བྱས་པའི་ཕྱིར་ཞེས་མཚོ་ཊཱིཀ་ལས་གསུངས་སཽ། །ལུང་རྣམ་འབྱེད་དུ་དེ་བཅུ་ཙམ་ལས་མ་བསྟན་པའི་རྒྱུ་མཚན་ནི་དོན་གོ་བསྟེན་རུང་གང་རུང་ཡན་ལག་ཚང་དགོས་པའི་དབང་དུ་བྱས་པ་ཡིན་ཟེར་ན། སོར་བཤགས་དང་པོ་གཉིས་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་གཉིས་རེ་རེ་ནས་ལྡན་པའི་ཕྱིར། རྟགས་འོག་ཏུ་བཤད་པས་གྲུབ་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །རེག་པའི་ལྷག་མ་ལ་དོན་གོ་བསྟེན་རུང་གཉིས་ཀ་མི་དགོས་སོ། །དགེ་སློང་མ་དང་དབེན་པ་ན་འགྲེང་བ་མ་གཏོགས་པ་དགེ་སློང་མ་ལས་གྱུར་པ་རྣམས་སྐབས་འདིར་མ་བསྟན་ཡང༌། སྐབས་འདིའི་ཊཱི་ཀ་ལས། གང་དང་གང་ལ་བྱེད་པ་པོ་བུད་མེད་ཡིན་པ་དེ་ཐམས་ཅད་བསྟན་པའི་ཕྱིར་ཞེས་གསུངས་པ་དེ་མི་རིགས་སོ་སྙམ་ན། དེ་ནི་བུད་མེད་ལས་གྱུར་པ་བསྟེན་རུང་དང་དོན་གོ་གཉིས་ཡན་ལག་ཏུ་དགོས་པར་ལུང་རྣམ་འབྱེད་ལས་དངོས་སུ་གསུངས་པ་དེ་ཐམས་ཅད་བསྟན་པའི་ཕྱིར་ཞེས་དགོངས་པའོ། །ཞེས་གསུངས་སོ། །སྐབས་འདིར་རྩ་བར། རེག་པའི་ལྷག་མ་འདི་ལ་ཡུལ་དུ་གྱུར་པའི་བྱེད་པ་པོ་ཉིད་ནི་ཡུལ་བུད་མེད་ཀྱི་མཚན་དོན་ཡོད་པ་ཉིད་དོ། །ཞེས་འདིར་བྱེད་པ་པོ་ནི་མེད་ན་མི་འབྱུང་བའི་རྒྱུ་སྟེ། ཊཱི་ཀ་ལས། བྱེད་པ་པོ་ཉིད་ནི་བུད་མེད་དེ། བུད་མེད་དེ་མེད་ན་ལྟུང་བ་འདི་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ །བུད་མེད་ཀྱི་མཚན་དོན་ཡོད་པ་ནི། བུད་མེད་ཉིད་དང་མཚན་གཉིས་པ་བུད་མེད་ཀྱི་མཚན་གྱི་ཆ་ནས་བྱ་བ་བྱེད་ནུས་པ་སྟེ། དེ་ལྟ་བུའི་མཚན་གཉིས་པ་ལ་རེག་ན་ཡང་ལྷག་མར་འགྱུར་རོ། །བུད་མེད་དང་ལམ་དུ་འགྲོ་བའི་སྐབས་འདིར། རིག་པའི་ཞེས་ལུང་ལས་དངོས་སུ་མ་གསུངས་ཀྱང་ཁྱིམ་པ་མོ་ལ་ཆོས་སྟོན་པ་ལ་གསུངས་པའི་རྗེས་སུ་འབྲངས་ཏེ་རིག་པ་ཞེས་འདིར་ཡང་སྨོས་སོ། །འོག་མ་གཉིས་ལའོ། །ཞེས་པ་འདི་གོང་དུ་མི་སྟོན་པར་འོག་འདིར་སྟོན་པའི་རྒྱུ་མཚན་ནི། དོན་གོ་དགོས་པ་གསུམ་ལྷན་ཅིག་ཏུ་བཀོད་ཅིང་བསྟེན་རུང་དགོས་པ་བདུན་ལྷན་ཅིག་ཏུ་བཀོད་པ་ལ་བརྟེན་ནས་འོག་མ་གསུམ་ལ་ཞེས་པ་དང་གཞན་ཡང་ཞེས་ཁྱབ་པ་འཛིན་སླ་བའི་ཕྱིར་རོ། །རིག་པའི་སྐྱེས་པ་ཡོད་ཀྱང་བུད་མེད་མི་རུང་བ་ལ་ཆོས་སྟོན་པ་དེ་ནི་ཉེས་བྱས་ཡིན་ནོ། །འོ་ན་ཊཱི་ཀ་ལས། ཁྱིམ་པ་མོ་མི་རུང་བ་དེ་ལ་ཆོས་སྟོན་པ་ནི་རིག་པའི་སྐྱེས་པ་ཡོད་དུ་ཟིན་ཀྱང་ལྟུང་བྱེད་དུ་འགྱུར་ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་ངན་སོང་དུ་ལྟུང་བར་བྱེད་པ་ཙམ་ལ་དགོངས་སོ། །གླིང་གཞན་ལས་སྐྱེས་པ་དང་ཞེས་པའི་སྐབས་འདིར་ཁྲིམས་གྲོགས་ཀྱི་དོན་ནི། དགེ་སློང་ཕ་ལ་ཁྲིམས་གྲོགས་དགོས་པའི་སྐབས་བདུན་ཡོད་པ་ལས་ཁྲིམས་གྲོགས་ཙམ་གྱིས་ཆོག་པ་ལྔ་ནི་དབེན་པ་འདུག་འགྲེང་གཉིས་ལ་ཁྲིམས་གྲོགས་བུད་མེད་ཀྱིས་ཀྱང་གོ་ཆོད་དོ། །ཉལ་ཤོམ་འདུག་འགྲེང་གཉིས་ལ་དེའི་གེགས་བྱེད་ནུས་པ་ཙམ་གྱིས་སོ། །བུད་མེད་དང་ལྷན་ཅིག་ཉལ་བ་ལ་དེ་དང་མི་ཚངས་པར་སྤྱོད་པ་བསྲུང་ནུས་པ་ཙམ་གྱིས་སོ། །ཁྲིམས་གྲོགས་མཚན་ཉིད་དང་ལྡན་པ་དགོས་པ་གཉིས་ནི། ཁྱིམ་པ་མོ་ལ་ཆོས་སྟོན་པ་དང་བུད་མེད་དང་ལམ་དུ་འགྲོ་བའོ། །དེའང་ཁྲིམས་གྲོགས་ཀྱི་མཚན་ཉིད་ནི། ཆོས་དགུ་ལྡན་གྱི་སྐྱེས་བུ་དེ་ཡིན་ཏེ། མི་ཡིན་སྨྲ་ཤེས་དོན་གོ་ཤེས་པ་རང་བཞིན་དུ་གནས། སྐྱེས་པའི་མཚན་རྐྱང་པ་དང་ལྡན། ལོང་བ་མ་ཡིན་པ་སྟེ། ལུང་ཞུ་བ་ལས། ཁྱིམ་པ་མོ་ལ་ཆོས་སྟོན་པའི་ཁྲིམས་གྲོགས་ཀྱི་སྐབས་སུ་ཚིག་ལྷུག་པར་གསུངས་པ་བསྡུ་བའི་ཚིགས་སུ་བཅད་པ་ནི། མི་ལས་འགྲོ་བ་གཞན་དང་ལྐུག་པ་དང༌། །གླེན་འོན་ལ་སོགས་དོན་མི་གོ་བ་དང༌། །སྨྱོ་དང་མཚན་གཉིས་པ་དང་དམུས་ལོང་སྟེ། །སྐབས་འདིར་ལྟུང་མེད་བྱེད་པའི་ཁྲིམས་གྲོགས་མིན། །ཞེས་གསུངས་སོ། །དེ་རྣམས་ཀྱིས་ཁྲིམས་གྲོགས་བྱས་ཤིང་བུད་མེད་ལ་ཚིགས་དྲུག་ལས་ལྷག་པར་ཆོས་བཤད་ན་ཉེས་བྱས་བསྐྱེད་པར་ལུང་ལས་གསུངས་སོ། །བུད་མེད་དང་ལམ་དུ་འགྲོ་བའི་ཁྲིམས་གྲོགས་ལ་ཡང་ལུང་ཞུ་བ་ལས་གཞན་རྣམས་སྔ་མ་བཞིན་དངོས་སུ་གསུངས་ལ། ལོང་བ་མ་ཡིན་པ་ཡན་ལག་ཏུ་དགོས་པ་ནི་དངོས་སུ་མ་གསུངས་ཀྱང་མདོར་བསྡུས་སྦྱར་བར་བྱའོ། །མཚན་དང་སྤྱོད་པའི་སྒོ་ནས་འགྱུར་བ་མི་བསྟེན་པ་སྟེ། རྩ་བར། གླིང་གཞན་ནས་སྐྱེས་པ་དང་འགྱུར་བ་བསྟེན་པ་གཉིས་ནི་མ་ཆོག་པ་ཉིད་དོ། ཞེས་གསུངས་པས་སོ། །ལུས་ཐ་མལ་པར་གནས་པ་དང༌། ཐོས་པའི་ཉེ་འཁོར་ན་གནས་པ་ཡིན་ཏེ། ཁྲིམས་གྲོགས་དེ་ལས་གཞན་དུ་ན་ཁྲིམས་གྲོགས་ཀྱི་དགོས་པ་རྫོགས་པར་མི་འགྲུབ་པའི་ཕྱིར་དང༌། ཁྲིམས་གྲོགས་ཀྱི་དགོས་པ་མི་འགྲུབ་པའི་ཕྱིར་གོ་རིམ་བཞིན་ནོ། །མཚན་གཉིས་པ་བུད་མེད་ཀྱི་མཚན་ཤས་ཆེ་བའི་རྣམ་པ་དེ་ལྟ་བུ་ཉིད་ལ་ནི་སྐྱེས་པའི་མཚན་ཅིག་ཤོས་དོན་མེད་པ་སྟེ་བུད་མེད་ཀྱི་མཚན་དོན་ཡོད་པ་ཉིད་དོ། །དེའང་སྐྱེས་པའི་མཚན་དེས་བུད་མེད་ཀྱི་མཚན་དོན་ཡོད་པ་ལ་གནོད་པ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །མཚན་གཉིས་པ་སྐྱེས་པའི་མཚན་ཤས་ཆེ་བ་ལ་ཡང་མཚན་ཅིག་ཤོས་དོན་མེད་དོ། །དེ་ཡང་ཊཱི་ཀ་ལས། མཚན་གཉིས་པ་བུད་མེད་ཀྱི་དབང་དུ་གྱུར་པ་ནི་དེའི་ཚེ་དགེ་སློང་ལ་བུད་མེད་ཀྱི་སྐབས་ཀྱི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །མཚན་གཉིས་པ་སྐྱེས་པའི་དབང་དུ་གྱུར་ན་ནི་དེའི་ཚེ་དགེ་སློང་མ་ལ་སྐྱེས་པའི་སྐབས་ཀྱི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་སོ། །འོ་ན་སྤྱིར་བསྟན་ལས། མ་ནིང་དང་མཚན་གཉིས་པ་དག་ནི་དེ་དང་ལྡན་པ་ཉིད་དོ། །ཞེས་མཚན་གཉིས་པ་ན་སྨད་ཀྱི་ཡུལ་དུ་གསུངས་པ་དང་འགལ་ལོ་ཞེ་ན། ཁ་ཅིག་ན་རེ་སྤྱིར་བཏང་དམིགས་བསལ་གྱི་སྒོ་ནས་འགལ་བ་མེད་དེ། སྤྱིར་བཏང་ལ་མཚན་གཉིས་པ་ན་སྨད་ཀྱི་ཡུལ་ཡིན་ལ། དམིགས་བསལ་རེག་པ་ནི་མཚན་གཉིས་པ་ལས་ཀྱང་དངོས་གཞི་རྫོགས་པའོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། རེག་པ་ཁོ་ནའི་དངོས་གཞི་རྫོགས་པ་ཡིན་ན་ཊཱི་ཀ་ལས། བུད་མེད་ཀྱི་སྐབས་ཀྱི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་སྤྱིར་གསུངས་པ་དང་འགལ་ཞིང༌། ཐུན་མོང་བ་སྟོན་པའི་སྐབས་སུ་རེག་པ་ཁོ་ནའི་དངོས་གཞི་བསྟན་ན་སྐབས་འཆོལ་བར་ཐལ་བར་འགྱུར་རོ། །འོ་ན་གང་ཞེ་ན། མཚན་གཉིས་པ་ན་སྨད་ཀྱི་ཡུལ་དུ་གསུངས་པ་ནི་སྲོག་གཅོད་པ་མ་གཏོགས་པ་གནོད་པ་ལས་གྱུར་པ་བརྡེག་གཟས་ལ་སོགས་པ་རྣམས་དང་མ་བྱིན་ལེན་མ་གཏོགས་པ་ཕྱི་ལོངས་སྤྱོད་ལ་ཆགས་པ་ལས་གྱུར་པ་གོས་སློང་བ་ལ་སོགས་པ་རྣམས་མཚན་གཉིས་པ་ཡུལ་དུ་བྱས་པ་ལས་ལྟུང་བ་མི་རྫོགས་ལ། ནང་སེམས་ཅན་ལ་ཆགས་པ་ལས་གྱུར་པ་རྣམས་ནི་མཚན་གཉིས་པ་ཡུལ་དུ་བྱས་པ་ལས་ཀྱང་ལྟུང་བ་རྫོགས་པ་སྟེ། ནང་སེམས་ཅན་ལ་ཆགས་པ་འབྱུང་ཉེ་ཞིང་སྤང་དཀའ་བས་དོག་ཏུ་བཀག་པའོ། །དམིགས་བསལ་ནི་འཁྲུར་འཇུག་པ་ལ་སོགས་པ་དགེ་སློང་མ་ཡན་ལག་ཏུ་དགོས་པའི་ལྟུང་བ་རྣམས་ནི་མཚན་གཉིས་པ་ཡུལ་དུ་བྱས་པ་ལས་ལྟུང་བ་མི་རྫོགས་ཏེ། དགེ་སློང་མའི་སྡོམ་ལྡན་ཡིན་པ་མི་ཚང་བའི་ཕྱིར་རོ། །འོ་ན་ཡུལ་མཚན་གཉིས་པ་ལས་རེག་པ་ལ་སོགས་པའི་ལྟུང་བ་རྫོགས་ན། ལུང་རྣམ་འབྱེད་ལས། རེག་པ་འཁྲིག་ཚིག་བསྙེན་བཀུར་བསྔགས་པ་གསུམ་གའི་སྐབས་སུ། སྐྱེས་པ་དང་ཟ་མ་དང་མ་ནིང་དང་མཚན་གཉིས་པ་ལ་ཉེས་པ་སྦོམ་པོའོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མཚན་གཉིས་པ་སྐྱེས་པའི་མཚན་ཤས་ཆེ་བ་ལ་དགོངས་པ་སྟེ། ཊཱི་ཀས་ཁུངས་སུ་དྲངས་པའི་ལུང་ལས། མཚན་གཉིས་པ་དེ་སྐྱེས་པའི་དབང་དུ་གྱུར་པ་ཡིན་ན་ནི་རེག་པ་དེ་ལྟ་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པས་ཤེས་སོ། །འདིར་ཕྱེད་ཉིད་བྱེད་པ་ཡིན་ཞེས་པ་ནི་ལུང་ཞུ་བ་ལས། དགེ་སློང་གི་གཡོག་མ་ནིང་དང་གཡོག་མཚན་གཉིས་པ་དང་ལྷན་ཅིག་ཏུ་བུད་མེད་ལ་ཆོས་བཤད་ན་ཅིར་འགྱུར། ཉེས་བྱས་སུ་གསུངས་སོ། །འོག་མ་གསུམ་ལ་ཞེས་པ་ནི་བུད་མེད་བྱེད་པ་པོའི་ཐུན་མོང་གི་མདོ་བདུན་གྱིས་བརྗོད་པའི་ལྟུང་བ་བཅུ་པོའི་ནང་ནས་འོག་མ་གསུམ་སྟེ་འཁྲིག་ཚིག་བསྙེན་བཀུར་ཆོས་སྟོན་པ་དང་གསུམ་ལའོ། །ལེགས་སྨྲས་དང་ཉེས་སྨྲས་ནི་ཆོས་དང་མཐུན་པའི་ཚིག་དང་གནས་ངན་ལེན་གྱི་ཚིག་སྨྲས་པ་ལྟ་བུའོ། །གཞན་ལ་ཞེས་པ་ནི་འོག་མ་གསུམ་ལས་གཞན་གོང་མ་བདུན་ལ་སྟེ་རེག་པ་ལ་སོགས་པ་བདུན་ལའོ། །འདིར་ཡན་ལག་འཁྲུལ་མོར་སྦྱར་ཏེ། བདུན་ལ་བསྟེན་རུང་དངོས་སུ་བཤད་པས་འོག་མ་གསུམ་ལ་ཡང་བསྟེན་རུང་ཡན་ལག་ཏུ་སྦྱར་རོ། །གསུམ་ལ་དོན་གོ་དངོས་སུ་བཤད་པས་རེག་པ་མ་གཏོགས་པ་དྲུག་ལ་ཡང་དོན་གོ་བ་ཡན་ལག་ཏུ་སྦྱར་རོ། །རེག་པ་ལ་ནི་དོན་གོ་བ་ཡན་ལག་ཏུ་མི་དགོས་ཏེ། དོན་མི་གོ་བ་སྙོམས་པར་ཞུགས་པ་མོ་དང༌། བུད་མེད་གཉིད་ལོག་པ་ལ་རེག་ན་ཡང་དགེ་འདུན་ལྷག་མར་འགྱུར་བར་ལུང་ཞུ་བ་ཆེ་ཤོས་ལས། དགེ་སློང་གིས་སྙོམས་པར་ཞུགས་པ་མོ་ལ་རེག་ན་ཅིར་འགྱུར། དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་ཤིང༌། ལུང་ཞུ་བ་ཆུང་ཤོས་ལས།དགེ་སློང་གིས་བུད་མེད་གཉིད་ལོག་པ་ལ་རེག་ན་ཅིར་འགྱུར། དགེ་འདུན་ལྷག་མར་འགྱུར་རོ། །ཞེས་གསུངས་སོ། །

གཉིས་པ་རེག་པའི་སྐབས་བྱེ་བྲག་ཏུ་བསྟན་པ།

གཉིས་པ་རེག་པའི་སྐབས་བྱེ་བྲག་ཏུ་བསྟན་པ་ནི།

རྩ་བར། ལུས་ཀྱི་རེག་པ་བདག་གིར་བྱེད་ནའོ། །འདིར་ལན་བུ་ནི་དེ་དང་ལྡན་པ་ཉིད་དོ། །དེ་དང་འབྲེལ་བའི་གོས་ལ་ཡང་ངོ། །ཞེས་བྱུང་ངོ། །འདིའི་དོན་བཤད་པ་ལ་བཞི་ལས། དང་པོ་གླེང་གཞི་ནི། ཡུལ་མཉན་ཡོད་དུ་གང་ཟག་འཆར་ཀས་ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླངས་ཏེ། ཉེས་པ་བུད་མེད་ཀྱི་ལུས་ལ་རེག་པ་དང་ནོམ་པ་བདག་གིར་བྱས་པ་ལ་བརྟེན་ནས་རེག་པའི་དགེ་འདུན་གྱི་ལྷག་མ་འདི་བཅས་སོ། ། གཉིས་པ་དགག་བྱ་ནི། འཁྲིག་པའི་འདོད་ཆགས་འཕེལ་བ་སྟེ། ཀུན་ཏུ་འདོད་ཆགས་དང་ལྡན་པ་ཡན་ལག་ཏུ་གསུངས་པས་སོ། །གསུམ་པ་ངོ་བོ་ནི། བཅས་ལྡན་དགེ་སློང་གིས་ཆགས་སེམས་ཀྱིས་བུད་མེད་ལ་རེག་ཅིང་རེག་པ་བདག་གིར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་བཤད་པ་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་རེག་པའི་ཡུལ་དང༌། གང་གིས་རེག་པའི་རྟེན་ནོ། །དང་པོ་ལ་བདུན་ཏེ། བུད་མེད་ཀྱི་མཚན་དོན་ཡོད་པ་དང༌། མཚན་བསྟེན་དུ་རུང་བ་དང༌། ཐ་སྙད་ཕྱེད་དང་གཉིས་དང་ལྡན་པ་དང༌། ལུས་ཐ་མལ་པར་གནས་པ་དང༌། ལུས་དངོས་ཡིན་པ་དང༌། མ་ཉམས་པ་ཡིན་པ་དང༌། ཕམ་པ་དངོས་སུ་བསྐྱེད་པའི་རྨའི་སྒོ་གསུམ་ལས་གཞན་ཡིན་པའོ། །དང་པོ་ནི་འདི་ལ་བྱེད་པ་པོ་ཉིད་ནི་བུད་མེད་དོ་ཞེས་པས་གྲུབ་བོ། །གཉིས་པ་ནི་གཞན་ལ་འཁྲིག་པ་བསྟེན་པར་བྱ་བའི་མཐུ་ཡོད་པ་ཉིད་ཡིན་ན་ཞེས་པས་སོ། །གསུམ་པ་ནི་མི་ཡིན་པ་དང་ཤེས་པ་རང་བཞིན་དུ་གནས་པའི་ཕྱེད་དེ། རེག་པ་ནི་ཐ་སྙད་དང་འདྲ་ཞེས་པའོ། །ཕྱེད་དུ་འཇོག་པའི་རྒྱུ་མཚན་ནི། རེག་པའི་ཡུལ་བུད་མེད་དེ་༡སྨྱོ་བ་༢སེམས་འཁྲུགས་༣ཚོར་བས་གཟིར་བ་དང༌། ༤འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་ཤེས་པ་གཏང་ཐུབ་ལས་ཉམས་པ་དང༌། བཞི་པོ་མ་ཡིན་པ་ནི་ཡན་ལག་ཏུ་དགོས་སོ། །བཞི་པ་ནི་སྤྲུལ་པ་མོ་ལ་ཡང་དེ་བཞིན་ནོ། །ཞེས་པས་སོ། །ལྔ་པ་ནི་ཞུ་བ་ལས། སེན་མོ་ལ་རེག་ན་སྦོམ་པོར་འགྱུར་རོ། །སོ་ལ་རེག་ན་སྦོམ་པོར་འགྱུར་རོ། །སྤུ་ལ་རེག་ན་སྦོམ་པོར་འགྱུར། ཞེས་གསུངས་པའི་ཤུགས་ཀྱིས་གྲུབ་བོ། །དྲུག་པ་ནི་རེག་པར་བྱ་བ་ཉིད་ནི་མ་ཉམས་པའོ། །ཞེས་དང༌། ཞུ་བ་ལས། བུད་མེད་ཀྱི་ལུས་ཀྱི་དབང་པོ་ཉམས་པ་ལ་རེག་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ། ཞེས་གསུངས་སོ། །བདུན་པ་ནི། སྤྱིར་བསྟན་རྩ་བར། བྱུང་བ་ཐམས་ཅད་ལ་མཐའ་ཉིད་མ་གཏོགས་པ་ནི་དགེ་འདུན་གྱི་ལྷག་མའོ། །ཞེས་གསུངས་པས། རེག་པ་ཐམས་ཅད་ལ་མཐའ་ཉིད་མ་གཏོགས་ཞེས་གནད་ཀྱིས་སྦྱར་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གཉིས་པ་གང་གིས་རེག་པའི་རྟེན་ནི་གསུམ་ལས། ལུས་དངོས་ཡིན་པ་ནི། ཞུ་བ་ལས། སེན་མོས་རེག་ན་སྦོམ་པོར་འགྱུར་རོ། །སོས་རེག་ན་སྦོམ་པོར་འགྱུར་རོ། །སྤུས་རེག་ན་སྦོམ་པོར་འགྱུར་རོ། །ཞེས་གསུངས་པའི་ཤུགས་ཀྱིས་གྲུབ་བོ། །མ་ཉམས་པ་ཡིན་པ་ནི་ཞུ་བ་ལས། དགེ་སློང་གི་ལུས་ཀྱི་དབང་པོ་ཉམས་པས་བུད་མེད་ལ་རེག་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་གསུངས་སོ། །ཕམ་པ་དངོས་སུ་བསྐྱེད་པའི་ཡན་ལག་ལས་གཞན་ཡིན་པའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། ༡ འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་གི་གཞིའི་རྣམ་པ་མ་དོར་བར་འཛིན་པའི་ཡིད་གཉིས་ཀྱང་རུང་ངོ༌། །༢ ཀུན་སློང་ནི་རེག་པའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་ཏུ་འདོད་ཆགས་དང་ལྡན་པས་བུད་མེད་ལ་རེག་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བའི་ཡན་ལག་ནི། གང་ལ་བསམས་པའི་བུད་མེད་དེ་ཉིད་ལ་རེག་པར་ཞུགས་པའོ། །

བཞི་བ་མཐར་ཐུག་གི་ཡན་ལག།

བཞི་བ་མཐར་ཐུག་གི་ཡན་ལག་ནི།

ལུས་ཀྱིས་རེག་པ་ཉམས་སུ་མྱོང་བའོ། །འོ་ན་བུད་མེད་ཀྱི་རོ་ལ་རེག་ན་ཅིར་འགྱུར་ཞེ་ན། ཁ་ཅིག་ན་རེ་ལྷག་མར་འགྱུར་ཞེས་ཟེར་རོ། །འདི་ལ་གཞུང་ལྔ་སྣང་སྟེ། གཞུང་བླ་མ་ལས། བཙུན་པ་དགེ་སློང་གིས་བུད་མེད་ཀྱི་རོ་དང་ལྷན་ཅིག་ཏུ་རེག་ན་ཅིར་འགྱུར། དགེ་འདུན་ལྷག་མར་འགྱུར་རོ། །ཞེས་དང༌། ཞུ་འགྲེལ་ལས། བུད་མེད་ཀྱི་རོ་ལ་རེག་ན་དགེ་འདུན་ལྷག་མར་གསུངས་པ་ནི་ལུས་ཚང་མ་ལ་རེག་པའི་བདེ་བ་ཉམས་སུ་མྱོང་བ་ཡོད་པའི་ཕྱིར། ཞེས་དང༌། རང་གི་རྣམ་བཤད་དང་ཊཱི་ཀ་དང་བམ་པོ་ལྔ་བཅུ་པ་དང་གསུམ་ལས། འདིར་རོ་ཉིད་ལ་ན་སྨད་པ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །འོན་ཀྱང་ལུང་ཞུ་བ་ཆེ་ཤོས་ལས། བཙུན་པ་དགེ་སློང་གིས་བུད་མེད་ཀྱི་རོ་དང་ལྷན་ཅིག་ཏུ་རེག་ན་ཅིར་འགྱུར། སྦོམ་པོར་འགྱུར། ཞེས་གསུངས་པ་དང་འགལ་ཞིང༌། རེག་པ་ནི་ཐ་སྙད་དང་འདྲའོ། །ཞེས་རེག་པའི་ཡུལ་དེ་མི་ཡིན་པ་དང་སྨྱོ་བ་མ་ཡིན་པ་ཡན་ལག་ཏུ་དགོས་པར་བཤད་པ་དང་འགལ་ལ། སྨྱོན་མ་ལ་རེག་ན་སྦོམ་པོ་ལས་མི་བསྐྱེད་པར་རོ་ལ་རེག་ན་ལྷག་མ་བསྐྱེད་པ་འགལ་བའི་ཕྱིར་རོ། །དེས་ན་བུད་མེད་ཀྱི་རོ་ལ་རེག་ན་སྦོམ་པོར་གསུངས་པའི་ལུང་དེ་གཙོ་བོར་གཟུང་ངོ། །ལྷག་མར་གསུངས་པའི་ལུང་དེ་དག་ནི་གསོ་བའི་ལྷག་ཡོད་པ་ཙམ་ལ་དགོངས་སོ་ཞེས་རིགས་སོ། །འགྲེལ་པ་གསུམ་ལས་འདིར་རོ་ཉིད་ལ་ནི་ན་སྨད་པ་མེད་པའི་ཕྱིར་ཞེས་པ་དེ་ནི། འདིར་རོ་ཉིད་ལ་ནི་སྦོམ་པོ་ལྕི་བ་ལས་ན་སྨད་པ་མེད་པའི་ཕྱིར་ཞེས་དགོངས་སོ་ཞེས་མཚོ་ཊཱིཀ་ལས་གསུངས་སོ། །མཚོ་ཊཱིཀ་ལས། རེག་པའི་ལྷག་མའི་སྐབས་འདིར་བུད་མེད་ཀྱི་ལན་བུ་སྐྲ་བསྡུས་པ་ནི་ལུས་དེ་དང་ལྡན་པ་ཉིད་དེ། དེ་ལ་རེག་ན་དངོས་གཞིའོ། །ཊཱི་ཀ་ལས་སྐྲ་ལ་འདོད་ཆགས་ལྷག་པ་སྐྱེ་བའི་ཕྱིར་རོ་ཞེས་བཤད་དོ། །འདི་ལ་ལུང་གི་འགྲེལ་པ་གཉིས་ཀྱིས་དགག་པར་བྱ་སྟེ། རྣམ་འབྱེད་འགྲེལ་ལས། ལན་བུ་ནས་བཟུང་བ་ལ་དངོས་གཞིར་སྨྲ་བ་དེ་དག་ནི་ལྟུང་བ་བསྟན་པ་ལས་ལན་བུ་མ་སྨོས་པ་དང་ཡང་འགལ་ལ། ཞུ་བ་ལས་ཀྱང༌། སྤུ་ལ་རེག་པ་ལ་སྦོམ་པོར་གསུངས་པས་དངོས་གཞིར་མི་རུང་ངོ། །ཞེས་གསུངས་སོ། །ཞུ་འགྲེལ་ལས་ཀྱང་དགག་པ་འདི་ལྟར་དུ། ལུང་ཞུ་བ་ལས་ནི་སྤུ་ལ་རེག་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་ལ་ལན་བུའང་སྤུའི་བྱེ་བྲག་ཡིན་པའི་ཕྱིར་དང༌། ལན་བུ་ལ་རེག་པ་ལ་ནི་རེག་པའི་ལྷག་མ་མི་བསྐྱེད་དེ། ལུས་དངོས་ལ་རེག་པ་མེད་པའི་ཕྱིར་ཏེ། དཔེར་ན་སེན་མོ་དང་སོ་ལ་རེག་པ་བཞིན་ནོ། །སྐྲ་ལ་འདོད་ཆགས་ལྷག་པར་སྐྱེ་བའི་ཞེས་པ་དེའང་སྒྲུབ་བྱེད་དུ་མི་འཐད་དེ། རེག་ཅིང་རྩོལ་བ་མེད་པར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་ཁུ་བ་འབྱུང་བ་ལས་ཀྱང་འབྱིན་པའི་ལྷག་མ་བསྐྱེད་པར་ཐལ། འདོད་ཆགས་ལྷག་པར་སྐྱེ་བའི་ཕྱིར་རོ་ཞེས་མཚུངས་ཞེས་གསུངས་སོ། །གཞན་ཡང་བུད་མེད་ཆུས་ཁྱེར་བ་དེ་དགེ་སློང་གིས་འཛིན་པ་ན་སྐྲ་དག་ལས་འཛིན་པར་གསུངས་ཏེ་གང་འདོད་ཆགས་ལྷག་པར་སྐྱེ་བ་དེ་ནས་བཟུང་དགོས་པར་ཐལ་བར་འགྱུར་རོ་ཞེས་ཀྱང་གསུང་ངོ༌། །འོ་ན་སོ་སོ་ཐར་པ་ལས། ལག་པ་ནས་བཟུང་ངམ་དཔུང་པ་ནས་བཟུང་ངམ། ལན་བུ་ནས་བཟུང་ངམ། ཡན་ལག་དང་ཉིང་ལག་གང་ཡང་རུང་བ་ལ་ནོམ་པ་དང་ཉུག་པ་བདག་གིར་བྱེད་ན་དགེ་འདུན་ལྷག་མའོ། །ཞེས་གསུངས་སོ་ཞེ་ན། ཞུ་འགྲེལ་ལས། ལན་བུ་ནི་བྱུང་བའི་དབང་གིས་གསུངས་ཀྱི་དེ་ཡན་ལག་ནི་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ཡང་ཁ་ཅིག་ལན་བུ་རྐྱང་བ་ལ་རེག་པ་ལ་སྦོམ་པོ་བསྐྱེད་པ་འཐད་ཅིང༌། སློབ་དཔོན་ཡོན་ཏན་འོད་ཀྱིས་སྐབས་འདིར་ལྷག་མ་བསྐྱེད་པར་གསུངས་པ་ནི་ལན་བུ་ཤ་དང་བཅས་པ་ལ་རེག་པ་ལ་དགོངས་པ་ཡིན་པར་འདོད་ལ། ལན་བུ་དེ་དང་འབྲེལ་བའི་གོས་ལ་ཡང་ངོ་ཞེས་པའང་ཤ་དང་བཅས་པ་ལ་རེག་ན་དངོས་གཞིའོ་ཞེས་དགོངས་སོ། །ཞེས་གསུངས་སོ། །འོན་ཀྱང་ལུགས་དེ་གཉིས་ལས་གང་འཐད་བརྟག་པར་བྱ་ལ། ཟླ་ཟེར་ལས་ཀྱང༌། རེག་པའི་ལྷག་མའི་སྐབས་འདིར་བུད་མེད་ཀྱི་སྐྲ་བསྡུས་པའི་ལན་བུ་ནི་ལུས་དེ་དང་ལྡན་པའམ་ལུས་དེ་དང་འདྲ་བ་ཉིད་དོ། །ལན་བུ་རེག་ན་དངོས་གཞིའོ། །ཞེས་དང༌། འདུལ་བ་བདུད་རྩིའི་ཉིང་ཁུ་ལས། དངོས་གཞི་ནི། ཡུལ་བུད་མེད་ལུས་རྟེན་རུང་མ་ཉམས་པ། ཐ་མལ་དུ་གནས་པའི་ལུས་དངོས་སམ། སྐྲ་འམ་དེ་དང་འབྲེལ་བའི་སྐྲ་མཐུད་ལྟ་བུ་ལ་དགེ་སློང་རང་གི་ལུས་དངོས་མ་ཉམས་པས། འདུ་ཤེས་མ་འཁྲུལ་ཞིང་ཆགས་སེམས་ཀྱིས་བདེ་བ་ཉམས་སུ་མྱོང་འདོད་ཀྱིས་རེག་པའམ། ཡུལ་གྱིས་ཚུར་རེག་པ་དང་དུ་ལེན་འདོད་ཀྱིས་མཐར་ཐུག་རེག་པ་ཉམས་སུ་མྱོང་པ་རྫོགས་པའོ། །ཞེས་གསུངས་སོ། །གོས་ཀྱིས་བར་དུ་ཆོད་པ་ལ་ནི་འོག་མར་རོ་ཞེས་གསུངས་ན་ཤིན་ཏུ་སྲབ་པའི་གོས་ཀྱིས་བར་དུ་ཆོད་པ་ལུས་ཀྱི་དྲོད་ཀྱི་རེག་པ་ཚོར་བ་ལ་ཅིར་འགྱུར་ཞེ་ན། འགྲེལ་ཆུང་ལས། དར་ལྟ་བུ་སྲབ་མོས་གཡོགས་པ་ལ་བཟུང་ན་ལྷག་མར་འགྱུར་ཞེས་བཤད་ཀྱང་མི་རིགས་ཏེ། ལུས་ལ་རྣམ་པ་ཐམས་ཅད་དུ་རེག་པ་མེད་པར་རེག་པའི་ལྷག་མ་བསྐྱེད་པ་འགལ་བའི་ཕྱིར་དང༌། ཊཱི་ཀ་ལས། ལུས་ཀྱི་རེག་པ་ཚོར་བ་ལའང་ལྟུང་བ་ལ་བྱེ་བྲག་མེད་དེ། ཐམས་ཅད་དུ་ལུས་ཀྱི་རེག་པ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །ཞུ་བའི་སྐབས་སུ། མ་དང་བུ་མོ་དང་སྲིང་མོ་དག་ལ། ཞེས་སོ། །འདིར་ཁ་ཅིག་ན་རེ་རེག་པའི་ལྷག་མ་བསྐྱེད་པ་ལ་ཡུལ་བུད་མེད་ཉེ་དུ་མ་ཡིན་པ་ཡན་ལག་ཏུ་དགོས་ཏེ། རང་གི་མ་སྲིང་དང་བུ་མོ་ལ་དེ་དག་ཏུ་འདུ་ཤེས་པས་རེག་པ་ལ་ལྟུང་མེད་དུ་གསུངས་པ་འདིས་ཤེས་སོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ཡིད་ཀུན་ཏུ་འདོད་ཆགས་དང་ལྡན་པའི་བསམ་པ་དེ་སྐྱེས་ན་ནི་བུད་མེད་ཉེ་དུ་མ་ཡིན་པ་ལ་དམིགས་ནས་བསམ་པ་དེ་སྐྱེས་པ་དང་མ་སྲིང་ལ་དམིགས་ནས་བསམ་པ་དེ་སྐྱེས་པ་གཉིས་དགག་བྱའི་ངོ་བོ་ལ་ཁྱད་པར་མེད་པའི་ཕྱིར་ཏེ། དཔེར་ན་མི་ཚངས་པར་སྤྱད་ན་བུད་མེད་གཞན་དང་མ་སྲིང་ཡང་དགག་བྱ་ལ་ཁྱད་པར་མེད་པ་བཞིན་ནོ། །སྤྱིར་ན་ཆགས་པའི་རྒྱུར་འགྱུར་དགག་བྱ་ཡིན་པ་དང༌། ཆགས་པ་དངོས་དགག་བྱ་ཡིན་པ་སྟེ་གཉིས་ལས་རེག་པའི་ལྷག་མ་ནི་ཆགས་པ་དངོས་དགག་བྱ་ཡིན་ཏེ། ཡིད་ཀུན་ཏུ་འདོད་ཆགས་དང་ལྡན་པ་ཡན་ལག་ཏུ་དགོས་པའི་ཕྱིར་རོ། །དེས་ན་ཆགས་སེམས་ཀྱིས་རེག་པའི་ལྷག་མ་བསྐྱེད་པ་ལ་ནི་ཡུལ་ཉེ་དུ་མིན་པ་ཡན་ལག་ཏུ་མི་དགོས་ཏེ། ནང་སེམས་ཅན་ལ་ཆགས་པ་དངོས་དགག་བྱར་གྱུར་པ་ཡིན་པའི་ཕྱིར་རོ། །དཔེར་ན་མི་ཚངས་པར་སྤྱོད་པ་བཞིན་ནོ། །མ་དང་བུ་མོ་དང་སྲིང་མོ་དག་ལ་དེ་དག་ཏུ་འདུ་ཤེས་པའོ་ཞེས་པ་ནི་སྒྲུབ་བྱེད་དུ་འགྱུར་ན། སྔོན་སྤྱད་པ་ཉིད་ལ་ཀུན་དགའ་བའོ་ཞེས་གསུངས་པས་རེག་པའི་ལྷག་མ་བསྐྱེད་པ་ལ་སྔོན་སྤྱད་པའི་བུད་མེད་མ་ཡིན་པ་ཡན་ལག་ཏུ་དགོས་པར་ཐལ་བར་འགྱུར་ཞེས་མཚུངས་སོ། ། རང་ལུགས་ནི་ཆགས་སེམས་གཏན་ནས་མེད་ཀྱང་བུད་མེད་གཞན་ལ་རེག་ན་བསླབ་བྱའི་ཉེས་བྱས་བསྐྱེད་ལ་ཆགས་སེམས་མེད་པར་རང་གི་མ་དང་བུ་མོ་དང་སྲིང་མོ་དག་ལ་དེ་དག་ཏུ་འདུ་ཤེས་པས་རེག་པ་ལ་ནི་བསླབ་བྱའི་ཉེས་བྱས་མི་བསྐྱེད་པའོ། །འདི་ལ་རེག་པའི་ལྟུང་བ་རྣམ་གཞག་གང་ཡང་མི་བསྐྱེད་དེ། ཆགས་སེམས་མེད་པའི་ཕྱིར་རོ། །གལ་ཏེ་མ་སྲིང་ལའང་ཆགས་སེམས་སྐྱེས་ཏེ་རེག་ན་ནི་ལྷག་མར་འགྱུར་རོ། །སྔོན་སྤྱད་པ་ཉིད་ལ་ཆགས་སེམས་མེད་པར་ཀུན་དགའ་བར་བྱ་བའི་ཕྱིར་རེག་པ་ལ་བསླབ་བྱའི་ཉེས་བྱས་དང་རེག་པའི་ལྟུང་བ་གང་ཡང་མི་བསྐྱེད་པའོ། །སྔོན་སྤྱད་པ་ཉིད་ལ་ཆགས་སེམས་སྐྱེས་ཏེ་རེག་ན་ནི་ལྷག་མར་འགྱུར་རོ། །

གསུམ་པ་འཁྲིག་ཚིག་སྨྲ་བའི་ལྷག་མ།

གསུམ་པ་འཁྲིག་ཚིག་སྨྲ་བའི་ལྷག་མ་ལ།

རྩ་བར། འཁྲིག་པ་སྨྲས་ནའོ། །རྒྱ་ལ་སོགས་པའི་དོན་གྱིས་སོ། །གང་ལ་གོ་བར་བྱ་བ་ཉིད་དེ་བརྡའ་སྤྲོད་པ་ན་མཐའོ། །ཞེས་བྱུང༌།འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི། ཡུལ་མཉན་ཡོད་དུ་གང་ཟག་འཆར་ཀས་ཉོན་མོངས་པ་འདོད་ཆགས་ཀྱིས་ཉེས་པ་བུད་མེད་ལ་འཁྲིག་ཚིག་སྨྲས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །གཉིས་པ་དགག་བྱ་ནི། འཁྲིག་པའི་འདོད་ཆགས་འཕེལ་བ་དང༌། ཕམ་པ་དང་པོའི་རྒྱུར་འགྱུར་བའོ། །གསུམ་པ་ངོ་བོ་ནི། བཅས་ལྡན་དགེ་སློང་གིས་ཆགས་སེམས་ཀྱིས་བུད་མེད་ལ་འཁྲིག་པ་གསལ་བར་སྨྲས་ཏེ། དོན་གོ་བ་ལས་གྱུར་པའི་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་ལ་སྨྲ་བའི་ཡུལ་དང༌། གང་བརྗོད་པའི་དོན་དང་གཉིས། །དང་པོ་ལ་ལྔ་སྟེ། བུད་མེད་ཀྱི་མཚན་དོན་ཡོད་པ་དང༌། མཚན་བསྟེན་དུ་རུང་བ་དང༌།ཐ་སྙད་བཞི་དང་ལྡན་པ་དང༌། ལུས་ཐ་མལ་པར་གནས་པ་དང༌། རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པའོ། །དང་པོ་གཉིས་དང་བཞི་པ་ནི་རེག་པའི་སྐབས་སུ་བཤད་པ་དང་འདྲའོ། །ཐ་སྙད་བཞི་དང་ལྡན་པ་ནི་ཐ་སྙད་ལྔ་ལས་མ་ནིང་དང༌། མཚན་གཉིས་པ་མ་ཡིན་ཞེས་པ་དེ་མ་གཏོགས་པ་བཞིའོ། ། ལྔ་པ་ནི། རྩ་བར། རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་ལག་ཡིན་ནོ། །ཞེས་སོ། །

གཉིས་པ་གང་བརྗོད་པའི་དངོས་པོ།

གཉིས་པ་གང་བརྗོད་པའི་དངོས་པོ་ནི།

ཡུལ་དུས་དེ་ན་འཁྲིག་པ་གསལ་པོར་གྲགས་པའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་རང་གི་གཞིའི་ཡན་ལག་གི་རྣམ་པ་མ་དོར་བར་འཛིན་པའི་ཤེས་པའོ། །ཀུན་སློང་ནི་རང་དོན་དུ་འཁྲིག་པ་སྨྲ་བའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པས་འཁྲིག་པ་སྨྲ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བའི་ཡན་ལག་ནི། གང་ལ་བསམས་པ་དེ་ཉིད་ལ་ངག་མཚན་ཉིད་ལྔ་ལྡན་གྱིས་འཁྲིག་པ་སྨྲ་བར་ཞུགས་པའོ། །བཞི་བ་མཐར་ཐུག་གི་ཡན་ལག་ནི། སྦྱོར་བ་དེའི་རྐྱེན་གྱིས་དོན་གོ་བའོ། །འཁྲིག་ཚིག་མ་སྨྲས་པར་འཁྲིག་མིང་གསལ་པོར་སྨྲས་ན་ཡང་ལུང་རྣམ་འབྱེད་ལས་རྒྱའི་རྣ་རུ་ཞེས་བྱ་བའི་མིང་བརྗོད་པར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་སོ། །གསོལ་བ་དང་ཉེ་བར་གསོལ་བའི་ཁྱད་པར་ནི། ལུང་རྣམ་འབྱེད་ཀྱི་འགྲེལ་པ་ལས། གསོལ་བ་ནི། དངོས་སུ་གསོལ་བར་བྱེད་པའོ། །ཉེ་བར་གསོལ་བ་ནི། དངོས་སུ་མ་སྨོས་པར་གསོལ་བར་བྱེད་པའོ་ཞེས་བཤད་དེ། ལུང་རྣམ་འབྱེད་ལས་ཀྱང་དོན་དེ་ལྟར་གསུངས་སོ། །འདྲི་བ་དང་ཡོངས་སུ་འདྲི་བའི་ཁྱད་པར་ནི། རྣམ་འབྱེད་འགྲེལ་པ་ལས། འདྲི་བ་ནི་སྐབས་འདྲི་བར་བྱེད་པའོ། །ཡོངས་སུ་འདྲི་བ་ནི་སྐབས་དང་སྐབས་མ་ཡིན་པ་གཉིས་ཀ་ཀུན་ནས་འདྲི་བར་བྱེད་པའོ། །ཞེས་གསུངས་ཏེ། ལུང་རྣམ་འབྱེད་ལས་ཀྱང་དོན་དེ་ལྟར་གསུངས་སོ། །བྱེ་བྲག་མེད་པ་ཉིད་དོ་ཞེས་པ་ནི་འཁྲིག་པ་གསལ་པོར་བརྗོད་ཅིང་དེ་རྣམས་སྨྲས་ན་དགེ་འདུན་ལྷག་མར་འགྱུར་བ་ལ་བྱེ་བྲག་མེད་ཅིང༌། འཁྲིག་པ་གསལ་པོར་མ་བརྗོད་པར་དེ་རྣམས་སྨྲས་ན་སྦོམ་པོར་འགྱུར་བ་ལ་བྱེ་བྲག་མེད་པ་དེ་ལུང་རྣམ་འབྱེད་དང་རྒྱ་ཆེར་འགྲེལ་པ་ལས་དེ་ལྟར་བཤད་དོ། །དོན་གཞན་ལ་བསམས་པས་ཞེས་པ་ལ་ལུང་ན་གླེང་གཞི་མ་གསུངས་སོ། །རྩ་བར། མིང་གི་ཆ་ཉིད་འདྲ་བ་ལ་ཡང་ངོ། །ཞེས་པ་ནི་ལུང་རྣམ་འབྱེད་ལས། ནས་ཀྱི་མིང་དང་རྩའི་མིང་དང་ཡོལ་བའི་མིང་བརྗོད་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ནི། རྣམ་འབྱེད་འགྲེལ་བ་ལས། ནས་ལ་ནི་ཡ་བ་ཞེས་བྱ། རྩ་ལ་ནི་ཡ་པ་ཞེས་བྱ། ཡོལ་བ་ལ་ནི་ཡ་བ་ནི་ཀ་ཞེས་བྱ། འཁྲིག་པ་ལ་ནི་ཡ་བྷ་ཞེས་བྱ་སྟེ་མིང་གི་ཆ་འདྲ་བའོ། །ཞེས་གསུངས་སོ། །

བཞི་པ་བསྙེན་བཀུར་བསྔགས་པའི་ལྷག་མ།

བཞི་པ་བསྙེན་བཀུར་བསྔགས་པའི་ལྷག་མ་ནི།

རྩ་བར། བདག་ཉིད་དང་འཁྲིག་པ་ཀུན་ཏུ་སྤྱོད་པ་བསྔགས་ནའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་ནི། གླེང་གཞི་ཡུལ་མཉན་ཡོད་དུ་གང་ཟག་འཆར་ཀས་ཉོན་མོངས་པ་ཆགས་པས་ཉེས་པ་བུད་མེད་ལ་འཁྲིག་པས་བསྙེན་བཀུར་བསྔགས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །གཉིས་པ་དགག་བྱ་ནི་སྔ་མ་བཞིན་ནོ། །གསུམ་པ་ནི། ངོ་བོ་ནི་བཅས་ལྡན་དགེ་སློང་གིས་བུད་མེད་ལ་འཁྲིག་པས་བདག་ཉིད་ལ་བསྙེན་བཀུར་བ་བསྔགས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །མཚོ་ཊཱིཀ་ལས། འདི་ལ་ཁ་ཅིག་ན་རེ། བསྙེན་བཀུར་བསྔགས་པའི་ལྷག་མ་བསྐྱེད་པ་ལ་འཁྲིག་ཚིག་གསལ་པོར་བརྗོད་པ་ཡན་ལག་ཏུ་དགོས་ཞེས་ཟེར་རོ། །དེ་དང་མཐུན་པར་བམ་པོ་ལྔ་བཅུ་པ་ལས། འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཀུན་ཏུ་འདོད་ཆགས་དང་ལྡན་པ་དང༌། བུད་མེད་ཉིད་དང༌། ལེགས་སྨྲས་ཉེས་སྨྲས་ཀྱི་དོན་ཀུན་ཤེས་པར་ནུས་པ་དང༌། དོན་གོ་བ་དང༌། བདག་གི་ཕྱིར་དང༌། རྒྱ་ལ་སོགས་པའི་དོན་གྱིས་བསྙེན་བཀུར་བསྔགས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཞེས་བཤད་དོ། །དེ་ནི་མི་འཐད་དེ། ཊཱི་ཀ་ལས། རྒྱ་ལ་སོགས་པའི་དོན་གྱི་སྒྲས་བསྙེན་བཀུར་བསྔགས་པར་བྱེད་ན་ནི་འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མར་ཡང་འགྱུར་རོ། །གལ་ཏེ་བསྙེན་བཀུར་ཉི་ཚེ་བསྔགས་པར་བྱེད་ན་ནི་བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མ་འབའ་ཞིག་ཏུ་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ། །རིགས་པས་ཀྱང་འདི་ལ་འཁྲིག་པ་གསལ་པོར་སྨྲས་པ་ཡན་ལག་ཏུ་དགོས་ན་ནི། དེའི་སྟེང་དུ་བདག་ཉིད་དང་སྦྱར་བའང་འདི་ལ་ཡན་ལག་ཏུ་དགོས་པས་འདི་དང་སྔ་མ་དགག་བྱ་དོད་མི་ཐུབ་པའི་སྐྱོན་དུ་ཡང་འགྱུར་རོ་ཞེས་གསུངས་པས་ལུགས་ཕྱི་མའི་རྗེས་སུ་འབྲང་དགོས་སམ་དཔྱད་པར་བྱའོ། །བཞི་བ་ནི། ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ལས། གང་ལ་བསྙེན་བཀུར་བསྔགས་པ་བརྗོད་པའི་ཡུལ་ནི། བུད་མེད་ཆོས་ལྔ་ལྡན་ཏེ་འཁྲིག་ཚིག་གི་སྐབས་སུ་བཤད་པ་དང་འདྲའོ། །གང་གི་བསྙེན་བཀུར་བསྔགས་པ་བརྗོད་པའི་དངོས་པོ་ནི། འཁྲིག་པས་བདག་ཉིད་ལ་བསྙེན་བཀུར་བསྔགས་པ་སྟེ། བདག་ཉིད་དང་འཁྲིག་པ། ཞེས་སོ། །བསམ་པ་དང༌། སྦྱོར་བ་དང་མཐར་ཐུག་རྣམས་སྔ་མ་བཞིན་ཏེ་སྐབས་འདིར་བསྙེན་བཀུར་བསྔགས་པས་ཁྱད་པར་དུ་བྱས་སོ། །

ལྔ་བ་སྨྱན་བྱེད་པའི་དགེ་འདུན་ལྷག་མ།

ལྔ་བ་སྨྱན་བྱེད་པའི་དགེ་འདུན་ལྷག་མ་ལ།

རྩ་བར། ཕྲད་ནའོ། །གཞན་དང་ངོ། །གཞན་དུའོ། །མི་མཐུན་པ་སྒྲུབ་པའི་ཕྱིར་རོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། གླེང་གཞི་ལ་གཉིས་ལས། བྱུང་ལ་མ་བཅས་པའི་གླེང་གཞི་ནི་ཡུལ་མཉན་ཡོད་དུ་གང་ཟག་རི་དྭགས་འཛིན་གྱི་བུ་ནག་པོས་སྨྱན་བྱས་པའི་བྱུང་བ་སྟེ། བཅས་པ་མ་མཛད་དོ། བྱུང་ལ་བཅས་པའི་གླེང་གཞི་ནི། ཡུལ་མཉན་ཡོད་དུ་གང་ཟག་དྲུག་སྡེས་ཉོན་མོངས་པ་ཆགས་པས་ཉེས་པ་སྐྱེས་པ་དང་བུད་མེད་ཆུང་མ་ཉིད་དང་མཛའ་ན་མོ་ཉིད་སྨྱན་བྱེད་པ་ལས་དགེ་འདུན་ལྷག་མར་བཅས་སོ། །གཉིས་པ་དགག་བྱ་ནི་གཞན་ཆགས་ཤིང་ཀུན་ནས་ཉོན་མོངས་པ་དང༌། རང་ཕམ་པ་དང་པོའི་རྒྱུར་འགྱུར་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་སྐྱེས་པ་དང་བུད་མེད་མི་ཚངས་པར་སྤྱོད་པའི་སྒོ་ནས་མཐུན་པ་སྒྲུབ་པའི་ཆེད་དུ་འཕྲིན་གསུམ་མམ་དེ་དང་འདྲ་བའི་སྦྱོར་བ་དེའི་རྐྱེན་གྱིས་དེ་གཉིས་ཕྲད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ། གང་དག་སྤྲད་པའི་ཡུལ་དང༌། གང་ལ་གོ་བྱའི་ཡུལ་དང་གཉིས། །དང་པོ་ལ་བདུན་ཏེ། སྐྱེས་པ་བུད་མེད་གཉིས་ཀའི་མཚན་དོན་ཡོད་པ་དང༌། གཉིས་ཀའི་མཚན་བསྟེན་དུ་རུང་བ་དང༌། གཉིས་ཀ་ཐ་སྙད་བཞི་དང་ལྡན་པ། གཉིས་ཀ་ལུས་ཐ་མལ་པར་གནས་པ་དང༌། གཉིས་ཀ་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་དང་ལྔ་ནི་སྔར་འཁྲིག་ཚིག་གི་སྐབས་སུ་བཤད་པ་དང་འདྲ་སྟེ། འདིར་སྐྱེས་པ་དང་བུད་མེད་གཉིས་ཀ་ཞེས་པས་ཁྱད་པར་དུ་བྱས་སོ། །རང་ལས་ཐ་དད་ཅིང་དེ་གཉིས་ཀྱང་ཐ་དད་པ་སྟེ། གཞན་དང༌། གཞན་དུའོ་ཞེས་པས་སོ། །མཐུན་པར་གནས་པ་མ་ཡིན་པ་སྟེ། མི་མཐུན་པ་མཐུན་པར་བསྒྲུབ་པའི་ཕྱིར། ཞེས་སོ། །གཉིས་པ་གང་ལ་གོ་བྱའི་ཡུལ་ལ་གསུམ་ལས། ཐ་སྙད་ལྔ་དང་ལྡན་པ་དང༌། ལུས་ཐ་མལ་པར་གནས་པ་ནི། སྔར་རྫུན་སྨྲའི་ཕམ་པའི་སྐབས་སུ་བཤད་ཟིན་ཏོ། །དེ་ཉིད་ལ་དབང་བྱེད་པ་ཉིད་དུ་གནས་པ་སྟེ།དེ་གཉིས་ཀྱི་བདག་པོ་དག་ལ་ནི། ཞེས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།འདུ་ཤེས་ནི་གཞིའི་ཡན་ལག་གི་རྣམ་པར་མ་དོར་བར་འཛིན་པའི་ཤེས་པའོ། །ཀུན་སློང་ནི་མི་ཚངས་སྤྱོད་པའི་སྒོ་ནས་མི་མཐུན་པ་མཐུན་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རང་ངམ་བསྐོས་པས་འཕྲིན་གསུམ་མམ་དེ་དང་འདྲ་བ་བྱེད་པར་ཞུགས་པའོ། །དེ་དང་འདྲ་བ་ནི་ཕྱང་ཡར་ཞེས་དགེ་སློང་རང་གི་གཏམ་འཁྱམ་པོ་ཐོས་པ་ཉིད་ན་དེ་བྱས་པ་ཉིད་དོ། །ཞེས་སོ། །བཞི་པ་མཐར་ཐུག་ནི། སྦྱོར་བ་དེའི་རྐྱེན་གྱིས་དེ་གཉིས་ཕྲད་པ་སྟེ་ཕྲད་ནའོ། །ཞེས་སོ། །སྐབས་འདིར་མཚོ་ཊཱིཀ་ལས། གཞན་དུའོ་ཞེས་པའི་ཊཱི་ཀ་ལས། བུད་མེད་ལ་སོགས་པ་བསྟེན་པར་བྱ་བ་རྨའི་སྒོ་དང་ལྡན་པར་རོ། །ཞེས་སོ། །དེ་ལ་བརྟེན་ནས་ཁ་ཅིག་ནི་སྐྱེས་པ་དང་སྐྱེས་པ་མི་ཚངས་པར་སྤྱོད་པའི་སྨྱན་བྱས་ནའང་དགེ་འདུན་ལྷག་མར་འགྱུར་ཏེ། ཊཱི་ཀ་ལས། བུད་མེད་ལ་སོགས་པ་ཞེས་པའི་སོགས་ཁོངས་སུ་སྐྱེས་པ་བསྡུས་པ་སྟེ། སྐྱེས་པ་མ་བསྡུས་ན་བསྡུ་རྒྱུ་གཞན་མེད་པས། ལ་སོགས་ཀྱི་སྒྲ་ལ་བསྡུ་རྒྱུ་མེད་ན་བསྟན་བཅོས་རྩོམ་པ་པོ་རྟོག་ལྡན་གྱི་ངག་ཡིན་པ་དང་འགལ་བར་འགྱུར་རོ། །འགྲེལ་པ་དགའ་བ་བསྐྱེད་པ་ལས་ཀྱང་སྐྱེས་པ་དང༌། བུད་མེད་སྤྲད་པ་ལས་དགེ་འདུན་ལྷག་མར་གྱུར་ན་སྐྱེས་པ་དང་སྐྱེས་པ་སྤྲད་པ་ལ་ཆེས་འགྱུར་ཏེ། ཆེས་སྡིག་ལྕི་བའི་ཕྱིར་རོ་ཞེས་བཤད་དོ། །ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། སོ་སོར་ཐར་པ་དང་རྣམ་འབྱེད་ལས། བུད་མེད་ལ་སྐྱེས་པའི་ཚིག་དང་སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་སྨྱན་བྱེད་ན། ཞེས་པ་དང༌།མེ་ཏོག་ཕྲེང་རྒྱུད་ལས་ཀྱང༌། རང་ངམ་གཞན་བྱེད་འཇུག་ཀྱང་རུང༌། །བུད་མེད་སྐྱེས་པ་ཕྲད་ན་ནི། །དགེ་འདུན་ལྷག་མའི་རལ་གྲི་ཡིས། །རང་གི་མགོ་བོ་གཅོད་པ་ཡིན། །ཞེས་གསུངས་པ་དང་འགལ་ལོ། །བུད་མེད་དང་སྐྱེས་པ་ཞེས་གསུངས་པ་དེ་གླེང་གཞིའི་དབང་གིས་མཚོན་བྱེད་དུ་བསྟན་པ་ཡིན་གྱི་ངེས་གཟུང་ནི་མ་ཡིན་ནོ་ཞེ་ན། མི་རིགས་ཏེ། གཞུང་འགྲེལ་དང་བམ་པོ་ལྔ་བཅུ་པའི་སྨྱན་བྱེད་པའི་ལྷག་མའི་སྐབས་ལས། འདིའི་བྱེད་པ་པོ་ནི་མིའི་འགྲོ་བར་གཏོགས་པའི་སྐྱེས་པ་དང༌། བུད་མེད་དོ་ཞེས་བཤད་ཅིང༌། བྱེད་པ་པོ་ནི་མེད་ན་མི་འབྱུང་བའི་རྒྱུ་ཡིན་ཏེ། བྱེད་པ་པོ་ཉིད་ནི་བུད་མེད་དོ་ཞེས་པའི་ཊཱི་ཀ་ལས་དེ་མེད་ན་ལྟུང་བ་འདི་འབྱུང་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་སོ། །གཞན་ཡང་ཁྱེད་ལྟར་ན། དགེ་སློང་གིས་བུད་མེད་ལ་འཕྲིན་བླངས་ནས་བསྐྱལ་བ་དང་བུད་མེད་དེ་སྐྱེས་པར་གྱུར་ཏེ་སྐྱེས་པ་གཞན་དེ་དང་ཕྲད་པར་བྱས་པ་ལས་ཀྱང་ལྷག་མ་བསྐྱེད་པར་ཐལ་བར་འགྱུར་བ་ལས། ལུང་ཞུ་བ་ལས། དགེ་སློང་གིས་འཕྲིན་བླངས་ནས་བསྐྱལ་བ་དང༌། བུད་མེད་དེའི་མཚན་འཕོས་བཞིན་དུ་ལན་སླར་བསྐྱལ་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ། །རིགས་པས་ཀྱང༌།སྐྱེས་པ་དང་སྐྱེས་པ་སྨྱན་བྱས་པ་ཆོས་ཅན། སྨྱན་གྱི་ལྷག་མ་མི་བསྐྱེད་པར་ཐལ། འབྱུང་རིང་འབྲེལ་ཆུང་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་ཏེ། དཔེར་ན་དགེ་སློང་མས་ཡང་ཡང་ཟ་བ་ལ་ལྟུང་བྱེད་མི་བསྐྱེད་པའི་རྒྱུ་མཚན་དུ། ཊཱི་ཀ་ལས། དགེ་སློང་མ་རྣམས་ནི་ཤས་ཆེར་མཆོད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར། དེ་དག་ལ་དེ་འབྱུང་དཀའ་བའི་ཕྱིར་རོ་ཞེས་གསུངས་པ་དང་མགོ་མཚུངས་སོ། །སྒྲུབ་བྱེད་གཞིག་པ་ནི། ཊཱི་ཀ་ལས། བུད་མེད་ལ་སོགས་པ་ཞེས་པའི་སོགས་ཁོངས་སུ་བསྡུ་བ་ནི་མཚན་གཉིས་པ་བུད་མེད་ཀྱི་མཚན་ཤས་ཆེ་བ་ཅན་བསྡུ་བར་བྱ་སྟེ། རྣམ་པ་དེ་ལྟ་བུ་ཉིད་ལ་མཚན་ཅིག་ཤོས་དོན་མེད་དོ། །ཞེས་པ་དང༌། ཊཱི་ཀ་ལས། མཚན་གཉིས་པ་བུད་མེད་ཀྱི་དབང་དུ་གྱུར་ན་ནི་དེའི་ཚེ་དགེ་སློང་ལ་བུད་མེད་ཀྱི་སྐབས་ཀྱི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་བཤད་པས་སོ། །ཞེས་གསུངས་སོ། །སྨྱན་གྱི་སྦྱོར་བ་ལ་འཕྲིན་གསུམ་ལས། འཕྲིན་དང་པོ་ནི། སྤྲད་པར་བྱ་བ་ལ་སྤྲིང་བ་མནོས་པའོ། །འཕྲིན་གཉིས་པ་ནི། གཞན་དེ་ལ་གོ་བར་བྱས་པའོ། །འཕྲིན་ཐ་མ་ནི་དེས་སྨྲས་པ་སྔ་མ་ལ་བརྗོད་པའོ། །འཕྲིན་ཐ་མ་ལ་ཆ་གཉིས་སུ་དབྱེ་སྟེ། དེས་སྨྲས་པ་དང་སྔ་མ་ལ་བརྗོད་པའོ། །སྔ་མ་ལ་བརྗོད་ནའོ་ཞེས་པ་དེ་འཕྲིན་ཐ་མའི་ཕྱེད་དེ། འཕྲིན་ཐ་མའི་ཕྱེད་ཆ་དེ་ནི་དགེ་སློང་གིས་མ་བརྗོད་ཀྱང༌། ཕ་རོལ་པོས་གཞན་དེ་ལས་ཐོས་ཏེ་དོན་གོ་ན་དེས་ཀྱང་འགྲུབ་ཅེས་སྟོན་པ་ནི། འཇུག་པ་བར་མའི་ཞེས་སྨོས་ཏེ། འཕྲིན་ཐ་མ་སྨྲས་པ་དེ་དགེ་སློང་གིས་མནོས་ཟིན་པ་ཉིད་ན་འཕྲིན་གྱི་ལན་དེ་ཚུར་བསྐྱལ་བར་འཇུག་པ་སྟེ་ཚུར་བསྐྱལ་བར་འོས་པའོ། །བར་མ་སྟེ་འཕྲིན་མནོས་པ་དང་ཚུར་སྐྱེལ་གཉིས་ཀྱི་བར་ན་གནས་པའོ། །འཕྲིན་གྱི་ལན་དེ་དགེ་སློང་གིས་མ་བརྗོད་ཀྱང༌། ཕྱེད་ཡར་ཐོས་པ་སྟེ་གཏམ་རྣམ་པར་འཁྱམས་པ་ལ་སོགས་པ་ཐོས་པ་ཉིད་ན། སྔ་མ་ལ་བརྗོད་ན་དེ་བྱས་པ་སྟེ་འཕྲིན་ཐ་མའི་ཕྱེད་བྱས་པ་ཉིད་དོ། །འཕྲིན་ནོད་པ་དང་འཕྲིན་ཕར་སྐྱེལ་བ་དང་འཕྲིན་ཚུར་སྐྱེལ་བ་སྟེ། གསུམ་པོ་དེ་དག་གི་བྱ་བའི་འབྲས་བུ་སྦྱོར་ལྟུང་ཉིད་ནི་ཐ་དད་པ་སྟེ་སྦོམ་པོ་ཐ་དད་གསུམ་བསྐྱེད་པ་ཉིད་དོ། །འདི་ནི་ལུང་རྣམ་འབྱེད་ལས། དགེ་སློང་གཉིས་ཀྱིས་གཉིས་ཀས་སྤྲིང་བ་མནོས་ནས། དེ་གཉིས་ལས་གང་འཕྲིན་ཕར་ཡང་སྐྱེལ་བར་མི་བྱེད་ལ་ཚུར་ཡང་སྐྱེལ་བར་ནི་མི་བྱེད་པ་དེ་ལ་ནི་སྦོམ་པོ་རེ་རེར་འགྱུར་རོ། །གང་འཕྲིན་ཕར་སྐྱེལ་བར་ནི་བྱེད་ལ་ཚུར་སྐྱེལ་བར་ནི་མི་བྱེད་པ་དེ་ལ་ནི་སྦོམ་པོ་གཉིས་སུ་འགྱུར་རོ། །གང་འཕྲིན་ཕར་ཡང་སྐྱེལ་བར་བྱེད་ཚུར་ཡང་སྐྱེལ་བར་བྱེད་པ་དེ་ལ་ནི་དགེ་འདུན་ལྷག་མར་འགྱུར་རོ། །ཞེས་གསུངས་པའོ། །འགྲེལ་ཆུང་ལས་ལན་བརྒྱ་ཞིག་བསྐྱལ་ཏེ་བྱས་ན་སྦོམ་པོ་བརྒྱའོ་ཞེས་བཤད་དོ། ། དྲུག་པ་ཁང་པའི་ལྷག་མ་འཆད་པ་ལ། སྤྱོད་ལམ་བཞི་ཤོང་སོགས་བཤད་པ་དང༌།ཁང་བའི་ལྷག་མའི་ཐུན་མོང་མ་ཡིན་པའི་ཡན་ལག་དང་གཉིས། དང་པོ་ནི། རྩ་བར། སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་ཉིད་ལ་ནི་ཞེས་སོགས་ཀྱི་དོན་བཤད་པ་ལ། སྐབས་ཀྱི་དོན་ལ་སྦྱར་བ་དང༌། འདིས་མཚོན་ནས་གནས་ལས་གྱུར་པའི་ལྟུང་བ་རྣམས་སྤྱིར་གཏན་ལ་དབབ་པ་དང༌། ཞར་བྱུང་ནུབ་ལྷག་པར་ཉལ་བའི་ས་ཐག་གི་ཚད་གཏན་ལ་དབབ་པ་དང༌། ཁང་པ་ཁང་ཆེན་གྱི་ཁྱད་པར་གཏན་ལ་དབབ་པ་དང་རྣམ་པ་བཞི། དང་པོ་ནི་སྤྱོད་ལམ་བཞི་པོ་འགྲེང་འཆག་ཉལ་ འདུག་བཞི་ཤོང་བའི་སྣོད་མ་ཡིན་པར་བརྩིགས་པ་ཉིད་ལ་ནི་ཆོས་ཅན། འདི་ལ་ཁང་པ་ཁང་ ཆེན་གྱི་བཅས་པ་ལས་འདས་པའི་ཉེས་ལྟུང་བསྐྱེད་པ་མེད་དེ། འདི་ལ་ཁང་པ་ཁང་ཆེན་གྱི་ལྟུང་བར་མ་བཅས་པའི་ཕྱིར་རོ། །

གཉིས་པ་འདིས་མཚོན་ནས་གནས་ལས་གྱུར་པའི་ལྟུང་བ་རྣམས་སྤྱིར་གཏན་ལ་དབབ་པ།

གཉིས་པ་འདིས་མཚོན་ནས་གནས་ལས་གྱུར་པའི་ལྟུང་བ་རྣམས་སྤྱིར་གཏན་ལ་དབབ་པ་ནི།

གནས་ལས་གྱུར་པའི་ལྟུང་བ་རྣམས་ཀྱི་སྐབས་སུ་གནས་དེ་སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་ཉིད་ན་ཅིར་འགྱུར་ཞེ་ན། ལྟུང་མེད་དུ་འགྱུར་བ་གསུམ་སྟེ། སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་བརྩིགས་པ་ལས་ཁང་པ་ཁང་ཆེན་གྱི་ལྟུང་བ་མི་བསྐྱེད་པར་བཤད་ཟིན་ལ། དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་ན་རིམ་པ་ལྷག་པར་བརྩིགས་པ་ལ་ཡང་ལྟུང་བ་མེད་དེ། ནུབ་གཅིག་ཏུ་ལྷག་པར་ཉལ་བ་སོགས་དང་རིམ་པ་ལྷག་པར་བརྩིགས་པའི་སྐབས་ལས་སྤྱོད་ལམ་བཞི་ཤོང་བའོ་ཞེས་གསུངས་ལ། དེའི་འགྲེལ་ཆུང་ལས། སྤྱོད་ལམ་བཞི་ཤོང་མན་ཆད་ནི་ཉེས་མེད་ཅེས་བཤད་དོ། །དེ་གསུམ་ལས་གཞན་པའི་སྐབས་སུ་ནི། གཙུག་ལག་ཁང་དུ་རྩྭ་དང་ལོ་མའི་གདིང་བ་མ་བསྡུས་པར་འགྲོ་བ་དང༌། གཙུག་ལག་ཁང་ནས་བསྐྲོད་པ་ལ་སོགས་པ་དང༌། གནས་གཅིག་ཏུ་ནུབ་ལྷག་པར་ཉལ་བ་ལ་སོགས་པ་སྟེ། གནས་ལས་གྱུར་པའི་ལྟུང་བ་རྣམས་ཀྱི་སྐབས་སུ་སྤྱིར་བཏང་བ་དང༌། དམིགས་བསལ་གཉིས་ལས། སྤྱིར་བཏང་ལ་སྤྱོད་ལམ་བཞི་མི་ཤོང་བའི་གནས་སུ་ནི། རང་རང་གི་ལྟུང་བ་ན་སྨད་དུ་འགྱུར་ཏེ། ནུབ་ལྷག་པར་ཉལ་བ་ལ་སོགས་པ་ལ་ཤིང་ལྗོན་པའི་དྲུང་དང་རྩིག་པའི་བར་དང་ཚང་ཚིང་གི་དྲུང་དག་ནི་ཕྱེད་ཉིད་དོ་ཞེས་པ་དང༌། འཐིབས་པོ་དང་བཅས་པ་དག་ཏུ་བུད་མེད་དང་ལྷན་ཅིག་ཉལ་བ་ལ་ཡང་ངོ་ཞེས་མཚན་ཉིད་དང་མི་ལྡན་ན་ལྟུང་བ་ན་སྨད་དུ་གསུངས་པའི་གནད་ཀྱིས་ཤེས་སོ། །ནུབ་ལྷག་པར་ཉལ་བའི་སྐབས་སུ་ཊཱི་ཀ་ལས།དབེན་པར་ནི་ལྷན་ཅིག་ཉལ་ཡང་ཉེས་པར་མི་འགྱུར་རོ། །ཞེས་དངོས་གཞིའི་ཉེས་མེད་དུ་བཤད་པའི་གནད་ཀྱིས་ཀྱང་ངོ༌། །རིགས་པས་ཀྱང་ལྟུང་བ་འདི་རྣམས་ནི་གནས་ལས་གྱུར་པ་ཡིན་ལ།སྤྱོད་ལམ་བཞི་མི་ཤོང་ན་དེར་ནུབ་ལྷག་ཉལ་ལ་སོགས་པའི་ལྟུང་བ་དངོས་གཞི་རྫོགས་པར་མི་བསྐྱེད་དེ། གནས་ཚད་དང་ལྡན་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །གལ་ཏེ་གནས་དོག་པར་གཞན་དང་ལྷན་ཅིག་ཉལ་ན་ཆགས་པ་ལ་སོགས་པའི་དགག་བྱ་ཆེ་བ་ལ་ལྟུང་བ་ན་སྨད་ལས་མི་བསྐྱེད་ལ། གནས་ཡངས་པར་ནི་དགག་བྱ་དེ་དག་ཆུང་བ་ལ་ལྟུང་བ་དངོས་གཞི་རྫོགས་པར་བསྐྱེད་པ་འགལ་ཏེ། སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་ཉིད་དུ་ནུབ་ལྷག་པར་ཉལ་བ་ལ་སོགས་པ་དེ་དག་ལ་ཆོས་ཅན། ལྟུང་བ་ན་སྨད་དུ་འགྱུར་བ་མི་འཐད་པར་ཐལ། དགག་བྱ་ཆེ་བའི་ཕྱིར་རོ་ཞེ་ན། བྱ་བ་དེ་འབྲེལ་གྱི་དགག་བྱ་ཆེ་བའི་ཕྱིར་ཟེར་རམ། བཅས་པ་རྣམ་འཇོག་གི་དགག་བྱ་ཆེ་བའི་ཕྱིར་ཟེར། དང་པོ་ལྟར་ན་ཁྱབ་པ་མ་གྲུབ་ཅིང༌། གཉིས་པ་ལྟར་ན་གཏན་ཚིགས་མ་གྲུབ་སྟེ། སྤྱོད་ལམ་བཞིའི་སྣོད་མ་ཡིན་པའི་ནང་དུ་ནུབ་ལྷག་པར་ཉལ་བ་ལ་སོགས་པ་དེ་དག་བྱེད་པ་འབྱུང་རིང་བས་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་རོ། །ཞེས་གསུངས་སོ། །དམིགས་བསལ་ནི་སྤྱོད་ལམ་བཞི་མི་ཤོང་ཡང་མི་གཉིས་ཉལ་དུ་ཤོང་ཙམ་གྱི་ཚད་དང་ལྡན་པའི་ཁང་བུར་བུད་མེད་དང་ལྷན་ཅིག་ཉལ་ན་ནི་ལྟུང་བ་རྫོགས་པར་བསྐྱེད་དོ་ཞེས་རིགས་ཏེ་སྐབས་འདི་ཉིད་ཀྱི་དགག་བྱ་ཤིན་ཏུ་ཆེ་བའི་ཕྱིར་རོ། །མི་གསུམ་ཤོང་ཙམ་གྱི་གནས་ཆུང་ངུར་འདུག་འགྲེང་གཉིས་ཀྱང་དེ་བཞིན་ནོ། །

གསུམ་པ་ཞར་བྱུང་ནུབ་ལྷག་པར་ཉལ་བའི་ས་ཐག་གི་ཚད་གཏན་ལ་དབབ་པ།

གསུམ་པ་ཞར་བྱུང་ནུབ་ལྷག་པར་ཉལ་བའི་ས་ཐག་གི་ཚད་གཏན་ལ་དབབ་པ་ལ།

ཉེས་པ་མེད་པའི་ས་ཐིག་གི་ཚད་གཏན་ལ་དབབ་པ་དང༌། དངོས་གཞི་བསྐྱེད་པའི་ས་ཐིག་གི་ཚད་གཏན་ལ་དབབ་པ་དང་གཉིས། དང་པོ་ནི། ནུབ་ལྷག་གི་སྐབས་ལས། ཉེ་འཁོར་དང་བཅས་པ་ནས་གནས་ཁང་ཙམ་གྱི་ཕ་རོལ་ན་ཐ་དད་པར་གྱུར་ཅིང་གནས་པ་ནི་མ་ཡིན་ནོ་ཞེས་པས་བསྟན་ཏོ། །ཁྲུ་ཕྱེད་དང་བཅུ་གཅིག་པོ་དེ་ལ་རྩིག་ཞེང་ཁྲུ་དོ་ཕྲི་བ་སྟེ། རྡུལ་ཁྲུ་ནས་བརྩིས་པའི་ཁྲུས་ཕྱེད་དང་དགུས་བར་དུ་བཅད་ན་ནུབ་ལྷག་གི་ཉེས་པ་མི་འབྱུང་སྟེ། རྩིག་ཞེང་ཁྲུ་དོ་བརྩི་མི་དགོས་པར་གང་གིས་གྲུབ་ན། རེ་ཁྱིམ་མམ་ཀོ་ཁྱིམ་གྱིས་བར་དུ་ཆོད་ན་ཡང༌། གནས་ཁང་ཙམ་གྱིས་བར་དུ་ཆོད་པ་ཡིན་པར་གྲུབ་བོ། །དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱང༌། ཐམས་ཅད་ཡོད་སྨྲའི་ལུགས་ཀྱིས་ཁྲུ་ཕྱེད་དང་དགུས་བར་དུ་ཆོད་ན་ནུབ་ལྷག་གི་ཉེས་པ་མེད་པ་ཡིན་གསུངས་པ་དང་ཡང་མཐུན་ནོ། །གཉིས་པ་དངོས་གཞི་བསྐྱེད་པའི་ས་ཐག་གི་ཚད་གཏན་ལ་དབབ་པ་ནི། བསྙེན་པར་རྫོགས་པ་དང་མ་རྫོགས་པ་གཉིས་ལ་འདོམ་གང་གིས་བར་དུ་ཆོད་ཀྱང༌། ཁྲུ་ཕྱེད་དང་དགུས་བར་དུ་མ་ཆོད་ན་ནུབ་ལྷག་པར་ཉལ་བའི་ལྟུང་བ་དངོས་གཞི་བསྐྱེད་དོ་ཞེས་གཟུང་བར་བྱ་ཞེས་མཚོ་ཊཱིཀ་རང་ལུགས་ལ་དེ་ལྟར་གསུངས་སོ། །

བཞི་པ་ཁང་པ་ཁང་ཆེན་གྱི་ཁྱད་པར་གཏན་ལ་དབབ་པ།

བཞི་པ་ཁང་པ་ཁང་ཆེན་གྱི་ཁྱད་པར་གཏན་ལ་དབབ་པ་ལ།

དགོས་པའི་དོན་དང་ཁྱད་པར་དངོས་ཀྱི་དོན་བཤད་པ་དང་གཉིས། དང་པོ་ནི་ཁང་པ་ཡིན་ནམ་ཁང་ཆེན་ཡིན་ཤེས་པ་ལ་བརྟེན་ནས། དེ་གཉིས་རང་རང་གི་གནང་བ་བྱིན་པས། གནང་བ་ཆགས་ཤིང་ལྟུང་བ་ཁེགས་པ་དང༌། དེ་གཉིས་ཀྱི་ལྟུང་བ་གང་བྱུང་ཤེས་ཤིང༌། ལྟུང་བ་རང་རང་གི་ཕྱིར་བཅོས་བྱས་པས།དག་པའི་ཕན་ཡོན་ཐོབ་པའོ། །གཉིས་པ་ཁྱད་པར་དངོས་ཀྱི་དོན་ནི། ཆེད་དུ་བྱ་བ་ཁྱིམ་པའམ་རབ་བྱུང་གང་ཟག་གི་དོན་དུ་བྱེད་པའི་གནས་ནི་ཁང་པ་ཡིན་ལ། ཆེད་དུ་བྱ་བ་དཀོན་མཆོག་གསུམ་གང་གི་དོན་དུ་བརྩིག་པར་བྱེད་ནའང་གནས་དེ་ཁང་ཆེན་ཡིན་ཏེ། ལུང་རྣམ་འབྱེད་ལས། ཁང་ཆེན་ནི་སྦྱིན་པར་བྱ་བའི་ཆོས་ཀྱིས་ཆེ་བ་ཡིན་པར་གསུངས་པས་གྲུབ་བོ། །ཁྱད་པར་དུ་སངས་རྒྱས་ཀྱི་ཆེད་དུ་བྱེད་པའི་གནས་དེ་ཁང་ཆེན་ཡིན་པར་གང་གིས་གྲུབ་ན། འོད་ལྡན་ལས། ཁང་པ་དང་ལྷ་ཁང་དུ་གཏོགས་པ་དག་སྟེ་ཞེས་ཁང་ཆེན་ལ་ལྷ་ཁང་ཞེས་བཤད་པས་གྲུབ་སྟེ། སངས་རྒྱས་ནི་རྣམ་པར་དག་པའི་ལྷ་ཡིན་ལ། ལྷ་དེའི་བཞུགས་གནས་ནི་ལྷ་ཁང་ཡིན་པའི་ཕྱིར་རོ། །ཆོས་ཀྱི་ཆེད་དུ་བྱ་བའི་གནས་དེ་ཁང་ཆེན་ཡིན་པར་གང་གིས་གྲུབ་ན་འདི་ཉིད་ལས། གཙུག་ལག་ཁང་གི་དགེ་འདུན་ལྷག་མ། ཞེས་གསུངས་པས་གྲུབ་སྟེ། ལུང་གི་ཆོས་དང་གཙུག་ལག་ནི་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་རོ། །དགེ་འདུན་གྱི་ཆེད་དུ་བྱས་པའི་གནས་དེ་ཁང་ཆེན་ཡིན་པར་གང་གིས་གྲུབ་ན། རིམ་པ་ལྷག་པར་བརྩིག་པའི་ལྟུང་བྱེད་བསྐྱེད་པ་ལ། གཙུག་ལག་ཁང་ནི་བྱེད་པ་པོ་ཉིད་དོ་ཞེས་གསུངས་ལ། དགེ་འདུན་གྱི་ཆེད་དུ་གནས་བརྩིག་པ་ལ་རིམ་པ་གསུམ་ལས་ལྷག་པའི་ལྟུང་བྱེད་བསྐྱེད་པར་ལུང་ཞུ་བ་ལས་གསུངས་པས་གྲུབ་བོ། ། མངོན་གྱུར་གྱི་བདག་པོ་གཅིག་གི་དོན་དུ་བརྩིགས་ན་ཁང་ཆེན་གྱི་སྦོམ་པོར་འགྱུར་ལ། ཁང་པའི་ལྷག་མར་འགྱུར་ཏེ།ཡན་ལག་གཞན་ཚང་ནའོ། །མངོན་གྱུར་གྱི་བདག་པོ་ཚོགས་ཀྱི་དོན་དུ་བརྩིགས་ན་ཁང་པའི་སྦོམ་པོར་འགྱུར་ལ། ཁང་ཆེན་གྱི་ལྷག་མར་འགྱུར་རོ། །གནས་གཅིག་པ་དེ་ཉིད་བརྩིགས་པ་ལ་ཁང་པ་དང་ཁང་ཆེན་གཉིས་ཀའི་དངོས་གཞི་བསྐྱེད་པ་ནི་མ་ཡིན་ཏེ། གནས་གཉིས་པོའི་ཡན་ལག་འགལ་བའི་ཕྱིར་ཏེ། གཅིག་དོན་ཡིན་ན་ནི་ཚོགས་དོན་ཡིན་པ་དང་འགལ་ཞིང༌། ཚོགས་དོན་ཡིན་ན་ནི་གཅིག་དོན་ཡིན་པ་དང་འགལ་བའི་ཕྱིར་རོ། །

གཉིས་པ་ཁང་བའི་ལྷག་མའི་ཐུན་མོང་མ་ཡིན་པའི་ཡན་ལག།

གཉིས་པ་ཁང་བའི་ལྷག་མའི་ཐུན་མོང་མ་ཡིན་པའི་ཡན་ལག་ནི།

རྩ་བར། བཙལ་བ་ལའོ། །དེས་རྗེས་སུ་གནང་བ་ལའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་ཡུལ་མཉན་ཡོད་དུ་གང་ཟག་དགེ་སློང་རབ་ཏུ་མང་པོས་ཉོན་མོངས་པ་འདོད་ཞེན་གྱི་དབང་གིས་ཁང་པ་བརྩིགས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །གཉིས་པ་དགག་བྱ་ནི་འདོད་པ་ཆེས་པ་དང༌། སྲོག་ཆགས་ལ་གནོད་པ་དང༌། རྩོད་པ་རྒྱས་པ་དང༌། དོན་དང་བྱ་བ་མང་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་ས་གཞི་དང་ཡོ་བྱད་བཙལ་བས་ས་གཞི་མ་དག་པའི་སྟེང་དུ་དགེ་འདུན་ལ་མ་བསྟན་པར་དཀོན་མཆོག་ལས་གཞན་པའི་ཆེད་དུ་མངོན་གྱུར་གྱི་བདག་པོ་གཅིག་གི་དོན་དུ་ཁང་པ་ཚད་ལས་ལྷག་པ་བརྩིགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དུ་བརྩིག་པའི་ས་གཞི་དང༌། གང་བརྩིག་པའི་དངོས་པོ་དང༌། གང་གིས་བརྩིག་པའི་ཡོ་བྱད་དོ། །དང་པོ་ནི། ས་གཞི་བཙལ་བ་ལའོ་ཞེས་བཙལ་བའི་ཡུལ་ཐ་སྙད་ལྔ་དང་ལྡན་ཞིང་རང་ལས་ནོར་གྱི་སྒོ་ནས་ཐ་དད་པ་ལ། སྦྱོར་བ་ངག་གི་རིག་བྱེད་ཀྱིས་བཙལ་བ་སྟེ། སྤྱིར་བསྟན་དང་སྦྱར་རོ། །དེའི་རྗེས་སུ་གནང་བ་ལའོ་ཞེས་པ་ནི། དགེ་སློང་གིས་གཞན་བསྐོས་ཏེ་ཁང་པ་བརྩིག་ན་ནི། ཁྱོད་ཀྱིས་ས་གཞི་ཚོལ་ཅིག་ཅེས་དགེ་སློང་ལྟུང་བ་འབྱིན་པ་པོ་དེས་རྗེས་སུ་གནང་བ་ལ་བརྩིགས་ན་ཁང་པའི་ལྷག་མ་བསྐྱེད་པའོ་ཞེས་བསྟན་ཏེ། ཊཱི་ཀ་ལས། ལྟུང་བ་འབྱིན་པ་པོས་རྗེས་སུ་གནང་བའི་སློང་བ་པོའི་བཙལ་བ་ཡིན་པས། དེའི་ཕྱིར་ཇི་ལྟར་ས་གཞི་བཙལ་བ་བཞིན། ཞེས་གསུངས་སོ། །སེལ་བ་ནི་ས་གཞི་དེ་མ་བཙལ་བར་དང་པོ་ཉིད་ནས་རང་ཉིད་དབང་བའི་ས་གཞིར་བརྩིགས་ན་སྦོམ་པོར་འགྱུར་ཏེ་ས་གཞི་འཚོལ་བ་མ་བསྐོས་པར་རོ། །ཞེས་སོ། ། ས་གཞི་མ་དག་པ་གསུམ་ལྡན་ཡིན་པ་ནི། དེ་ཡང་སྲོག་ཆགས་ཕྲ་མོའི་གནས་དང་ལྡན་པ་དང༌། རྩོད་པ་དང་བཅས་པ་དང༌། བརྩམ་དུ་མི་རུང་པའོ། །དེ་ཡང་སྐྱེ་བ་པོ་ཕྲ་མོ་དེ་ཡང་གནས་དེ་ཉིད་དུ་སྐྱེས་པ་གྲངས་གཅིག་ཡན་ཆད་ཀྱི་གནས་དང་ལྡན་པའོ། ། ༢ རྒྱལ་པོ་དང་ལྷའི་གནས་དང་ཤིང་ལྗོན་པ་དང་གསུམ་ནི་མཚོན་པ་སྟེ། རྩོད་པ་དང་བཅས་པ་ཐམས་ཅད་དོ། །༣ ཆུ་ཀླུང༌། ངམ་གྲོག ཁྲོན་པ་དང་གསུམ་ག་ཚོགས་པ་ཡན་ལག་ཏུ་མི་དགོས་ཏེ། ཊཱི་ཀ་ལས། དེ་དག་ལས་གཅིག་དང་འདོམ་ན་ཡང་གནས་ཚེ་ཐུང་བར་འགྱུར་བས་བརྩམ་དུ་མི་རུང༌། ཞེས་སོ། །དེ་དག་གི་ཕྱོགས་བཞིའི་མཐའ་འཁོར་བ་ནི་མི་དགོས་ཏེ། ཊཱི་ཀ་ལས། ཕྱོགས་ཐམས་ཅད་དུ་ཁོ་ར་ཁོར་ཡུག་ཀུན་ཏུ་ཆུ་ཀླུང་ལ་སོགས་པ་ཐམས་ཅད་དང་འདོམ་པ་ལ་ནི་མི་བསྙེགས་སོ། །ཞེས་སོ། །དེ་འདྲའི་ས་གཞི་མ་དག་པ་གསུམ་ལྡན་དེ་ཡང༌། རྩ་བར། སྐྱེ་བ་པོ་ཕྲ་མོའི་གནས་དང་ལྡན་པ་ཉིད་དང༌། རྒྱལ་པོ་དང་ལྷའི་གནས་དང་མུ་སྟེགས་ཅན་གྱི་འདུག་གནས་ལ་བརྟེན་པ་ཉིད་དང༌། ཤིང་ལྗོན་པ་བཅད་པར་བྱ་བ་མ་ཡིན་པ་ཉིད་དང༌། ཕྱི་རོལ་འདོམ་གང་གི་མཐའི་ཉེ་འཁོར་གྱི་ནང་རོལ་ན་ཆུ་ཀླུང་ཞེས་པ་ལ་སོགས་པས་བསྟན་ཏོ། །སེལ་བ་ནི་དེ་དག་རེ་རེ་མ་ཚང་ན་མཐར་ཐུག་ལ་སྦོམ་པོར་འགྱུར་རོ། །དགེ་འདུན་ལ་བསྟན་པ་ནི། རྩ་བར། དགེ་འདུན་ལས་བསྟན་པ་ཐོབ་པ་ཉིད་ནི་བསྟན་པ་ཉིད་དོ། །མ་དག་པ་གསོལ་བར་མི་བྱ། ཞེས་བྱུང༌། འདིའི་དོན་ལ་དྲུག་ལས། དང་པོ་དགོས་པའི་དོན་ནི། གནང་བ་བྱིན་པས་སྦོམ་པོ་ཁེགས་པ་དང༌། ལས་ཀྱི་ཆོ་གས་བྱིན་པས་བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་ཡུལ་གང་ལ་གནང་བ་སྦྱིན་པ་ནི་ཆོས་བཅུ་ལྡན་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་ཞེས་པ་ལ་སོགས་པ་བརྒྱད་ཐུན་མོང་བ་སྟེ་ལས་ཀྱི་གཞིར་འཆད་ཅིང་ས་གཞི་དག་པ་དང་ལྡན་པ་སྟེ། མ་དག་པ་གསོལ་བར་མི་བྱ་ཞེས་པ་དང༌། གཞན་དུ་ཆོས་མ་ཡིན་པར་འགྱུར་བའི་ཕྱིར་རོ། །སྔར་གནང་བ་བྱིན་པ་དང་མ་འབྲེལ་བ་སྟེ། སྔར་གནང་བ་མ་ཐོབ་པ་ལའོ་ཞེས་པའི་གནད་ཀྱིས་དང་གཞན་དུ་ན་གནང་བའི་ཆོ་ག་རྫས་གཞན་གྱི་སྟེང་དུ་དེ་དང་རིགས་འདྲ་གནང་བའི་རྫས་གཞན་མི་ཆགས་པའི་ཕྱིར་རོ། །དགེ་ཚུལ་གྱིས་ཁང་བ་བརྩིག་པ་ནའང་གནང་བ་སྦྱིན་དགོས་ཏེ། བསྡམ་བྱའི་ཉེས་བྱས་འབྱུང་བ་དེ་དགག་དགོས་པའི་ཕྱིར་རོ། །གསུམ་པ་རྟེན་གང་གིས་གནང་བ་སྦྱིན་པ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་ཏེ། བཞི་ལྡན་སྔར་བཤད་ཟིན་ཏོ། །བཞི་པ་གཞི་གང་ལ་གནང་བ་སྦྱིན་པ་ནི། ས་གཞི་དག་པ་ལ་སྟེ། མ་དག་པ་གསོལ་བར་མི་བྱ།ཞེས་སོ། །ལྔ་པ་ཆོ་ག་གང་གིས་གནང་བ་སྦྱིན་པ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བའི་ཆོ་ག་གཉིས་ལས། གང་ཟག་གིས་བྱ་བ་ནི་འདུ་བའི་སྐབས་རྗེས་སུ་བསྒྲུབས་པ་དང༌། ཕྱག་འཚལ་ཞིང་སྤྱོད་ལམ་བསྟུན་པ་དང༌། གསོལ་བ་ལན་གསུམ་གདབ་པའོ། །དགེ་འདུན་གྱི་བྱ་བ་ནི་དགེ་འདུན་རང་གིས་ས་གཞི་བརྟག་པའམ་དགེ་འདུན་གྱིས་བསྐོས་པའི་དགེ་སློང་གིས་ས་གཞི་བརྟགས་ཏེ། དགེ་འདུན་ལ་བརྗོད་པའོ། །དངོས་གཞིའི་ཆོ་ག་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །མཇུག་གི་ཆོ་ག་ནི་ལས་ཀྱི་མཇུག་སྡུད་བརྗོད་པའོ། །དྲུག་པ་གནང་བ་འཇིག་པའི་རྒྱུ་ནི། གཞི་མ་དག་པར་འཕོས་པའམ། རྟེན་བབས་པའམ་ཤི་བ་ལ་སོགས་པ་སྟེ་ཞིང་མ་ཡིན་པར་གྱུར་པའོ། །གཉིས་པ་གང་བརྩིག་པའི་དངོས་པོ་ལ་བཞི་སྟེ། གནས་ཀྱི་ངོ་བོར་གྲུབ་པ་དང༌། སྤྱོད་ལམ་བཞི་ཤོང་བ་དང༌། ཚད་ལས་ལྷག་པ་དང༌། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པའོ། །དེ་ཡང་ཕལ་ཆེར་གཡོགས་པ་དང་བསྐོར་བ་ནི་གནས་ཀྱི་མཐའ་ཡིན་ནོ། །སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་ཉིད་ལ་ནི་ཉེས་པ་མེད་དོ། །ཚད་ལས་ལྷག་པའོ། །འཕྲོ་ཟིན་པར་བྱེད་ན་ཡང་ངོ་ཞེས་པས་གྲུབ་སྟེ་གོ་རིམ་བཞིན་ནོ། །སེལ་བ་ནི་གནས་ཀྱི་ངོ་བོར་གྲུབ་པ་མ་ཚང་ན་སྦོམ་པོར་འགྱུར་རོ། །ཚད་ལས་ལྷག་པ་མ་ཚང་ན་ཡང་སྦོམ་པོར་འགྱུར་རོ། །ཊཱི་ཀ་ལས། རྡུལ་ཕྲ་རབ་ནས་བརྩིས་པའི་ཚད་དང་ལྡན་པའི་ཁྲུ། ཞེས་དང༌། འགྲེལ་ཆུང་ལས། མི་འབྲིང་པོའི་ལུས་ཚད་དང་ལྡན་པའི་ཁྲུ་ཞེས་ཏེ་ཚེ་ལོ་བརྒྱ་པའི་ཚེ་ན་དེ་གཉིས་གཞི་མཐུན་ཡིན་ནོ། །ཁང་བའི་ཚད་ནི། སྤྱོད་ལམ་བཞི་ཤོང་དང༌། ཁང་བའི་ནང་གི་སྲིད་དུ་རྡུལ་ཁྲུ་བཅོ་བརྒྱད་དང༌། བདེ་གཤེགས་མཐོ་བཅུ་གཉིས་ཡིན། ཞེང་དུ་ཁྲུ་ཕྱེད་དང་བཅུ་གཅིག་དང༌། བདེ་གཤེགས་མཐོ་བདུན་ཡིན་ལ། དེ་ལས་ལྷག་ན་ལྟུང་བ་དང༌། སྤྱོད་ལམ་བཞི་ཤོང་ལས་ཆུང་ན་ལྟུང་བ་དངོས་གཞི་མི་འབྱུང་ལ། བདེ་བར་གཤེགས་པའི་མཐོ་གང་ལ་ཁྲུ་ཕྱེད་དང་དོ་ཡོད་དེ། རྩ་བར། ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་ནི་བདེ་བར་གཤེགས་པའི་མཐོ་གང་སྟེ། ནང་རོལ་ནས་དེ་བཅུ་གཉིས་དང་བདུན་གྱི་ཚད་དོ། །ཞེས་གསུངས་པའི་ཕྱིར་རོ། །འདུལ་བ་བདུད་རྩིའི་ཉིང་ཁུ་ལས། ཆུང་མཐའ་སྤྱོད་ལམ་བཞི་ཤོང་བ་ནས་ཆེ་ཚད་མི་འབྲིང་པོའི་སྲིད་དུ་ཁྲུ་བཅོ་བརྒྱད། ཞེང་དུ་ཁྲུ་ཕྱེད་དང་བཅུ་གཅིག་ཁང་བའི་ཚད་དོ། །ཞེས་གསུངས་སོ། །

གསུམ་པ་གང་གིས་བརྩིག་པའི་ཡོ་བྱད།

གསུམ་པ་གང་གིས་བརྩིག་པའི་ཡོ་བྱད་ནི།

ཡོ་བྱད་བཙལ་བ་ཡིན་པ་སྟེ། རྣམ་པ་དེ་ལྟ་བུས་སོ། །ཞེས་སོ། །སེལ་བ་ནི་ཡོ་བྱད་མ་བཙལ་བར་གང་ཟག་རང་གི་ཡོ་བྱད་ཀྱིས་བརྩིགས་ན་སྦོམ་པོར་འགྱུར་རོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།འདུ་ཤེས་ནི་རང་གི་གཞིའི་ཡན་ལག་རྣམ་པ་མ་དོར་བར་འཛིན་པའི་ཤེས་པའོ། །ཀུན་སློང་ནི་དཀོན་མཆོག་ལས་གཞན་པའི་ཆེད་དུ་མངོན་གྱུར་གྱི་བདག་པོ་གཅིག་གི་དོན་དུ་ཁང་པ་བརྩིག་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི། གང་ལ་བསམས་པ་དེ་ཉིད་ལ་རང་ངམ་བསྐོས་པས་ཁང་པ་བརྩིག་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི། ཐོག་ཕལ་ཆེར་ཕུབ་ཟིན་པ་སྟེ། མཐར་རོ། །ཞེས་དང༌། དེའི་དོན་ནི། ལས་གཞིའི་རྩ་བར། ཚིག་ཕལ་ཆེར་བྱས་པ་ཉིད་ནི་བྱས་པ་ཉིད་དོ་ཞེས་པ་དེ་འདིར་ཡང་སྦྱར་རོ། །ཡན་ལག་གཙོ་ཕལ་ཡོད་མེད་ལ། མཚོ་ཊཱིཀ་ལས།ས་གཞི་བཙལ་བ་དང་གཞི་མ་དག་པ་གསུམ་སྟེ་ས་གཞིའི་སྐྱོན་བཞི་པོ་ལ་ཡན་ལག་གཙོ་མི་གཙོ་ཡོད་དམ་མེད་ཅེ་ན་འཕགས་པ་བེ་ཤ་ཀ་ནི་ས་གཞིའི་སྐྱོན་བཞི་པོ་ལ་གཙོ་ཆེ་ཆུང་མེད་དེ། བཞི་པོ་གང་མ་ཚང་ཡང་མཐར་ཐུག་ལ་སྦོམ་པོར་བཞེད་དོ། །སློབ་དཔོན་དྷརྨ་མི་ཏྲ་ནི་བཙལ་བ་གཙོ་སྟེ། ས་གཞིའི་སྐྱོན་བཞིའི་ས་གཞི་བཙལ་བ་ཡོད་ན་གཞན་གསུམ་པོ་མ་ཚང་ཡང་སྦྱོར་བ་ལ་ཉེས་བྱས་དང་མཐར་ཐུག་ལ་སྦོམ་པོར་འགྱུར་རོ། །བཙལ་བ་མེད་ན་གཞན་གསུམ་པོ་ཡོད་ཀྱང་སྦྱོར་བ་དང་མཐར་ཐུག་གཉིས་ཀ་ལ་ཉེས་བྱས་སུ་འགྱུར་རོ། །བཙལ་བ་གཙོ་བོ་ཡིན་པར་ཅིས་ཤེས་ན་ལུང་རྣམ་འབྱེད་ལས། དགེ་སློང་གིས་ཁང་པ་བྱེད་དུ་འཇུག་ཅིང་མི་རུང་བ་བྱེད་དུ་འཇུག་ན་སྦོམ་པོར་འགྱུར་རོ། །རྩོད་པ་དང་བཅས་པ་བྱེད་དུ་འཇུག་ན་སྦོམ་པོར་འགྱུར་རོ། །བརྩམ་དུ་མི་རུང་བར་བྱེད་དུ་འཇུག་ན་སྦོམ་པོར་འགྱུར་རོ། །མ་བསྟན་པར་བྱེད་དུ་འཇུག་ན་སྦོམ་པོར་འགྱུར་རོ། །ཚད་ལས་འདས་པ་བྱེད་དུ་འཇུག་ན་སྦོམ་པོར་འགྱུར་རོ། །ཐམས་ཅད་ལས་འདས་པ་བྱེད་དུ་འཇུག་ན་དགེ་འདུན་ལྷག་མར་འགྱུར་རོ། །ཞེས་གསུངས་ཏེ། བཙལ་བ་ནི་ལུང་གི་སྐབས་དེར་དངོས་སུ་མ་གསུངས་པས་ཡན་ལག་ཐམས་ཅད་ཀྱི་ཁོངས་ན་ཡོད་པར་གསལ་ཏེ། བཙལ་བ་དེས་ཡན་ལག་གཞན་རྣམས་ཀྱི་གཞི་བྱེད་པས་གཙོ་བོ་ཡིན་ནོ་ཞེས་བཞེད་དོ། །དེ་ལྟར་པཎྜི་ཏའི་བཞེད་ལུགས་དེ་གཉིས་ལས། ཁ་ཅིག་ན་རེ་པཎྜི་ཏ་གཞན་གྱི་འདོད་པ་དེ་འཐད་ཀྱི། རྒྱ་ཆེར་འགྲེལ་པའི་བཤད་ལུགས་དེ་མི་འཐད་དེ། བཙལ་བ་གཙོ་བོ་ཡིན་ན། བཙལ་བའི་དགག་བྱ་འདོད་པ་ཆེས་པ་ཡིན་པས་འདོད་པ་ཆེས་པ་དགག་བྱའི་གཙོ་བོ་ཡིན་དགོས་ལ་དེ་ལྟར་ན་དགེ་སློང་གིས་གཞན་དོན་དུ་ཁང་པ་བརྩིགས་པ་ཆོས་ཅན། ཁང་པའི་ལྷག་མ་མི་བསྐྱེད་པར་ཐལ།འདོད་པ་ཆེ་བའི་དགག་བྱ་མེད་པའི་ཕྱིར་རོ། །འདོད་ན། བསྐོས་པ་ཉིད་དང་མ་བསྐོས་པ་ཉིད་དག་ནི་གཙོ་བོ་ཉིད་མ་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ་ཞེས་འཆད་དོ། །དེ་ལ་ཁ་ཅིག་ན་རེ་རྒྱ་ཆེ་འགྲེལ་པའི་ལུགས་དེ་འཐད་དེ། ཁྱེད་ཀྱི་ཐལ་འགྱུར་དེ་ལ་མགོ་མཚུངས་ཀྱི་ཐལ་འགྱུར་འདི་སྐད་དུ་ཁང་པའི་ལྷག་མ་བསྐྱེད་པ་ལ་བཙལ་དུ་མི་རུང་བ་ཡན་ལག་ཏུ་དགོས་པའི་གནད་ཀྱིས། དོན་དང་བྱ་བ་མང་བ་དགག་བྱ་ཡིན་པས། དགེ་སློང་གིས་གཞན་ལ་བསྐོས་ཏེ་ཁང་པ་བརྩིགས་པ་ཆོས་ཅན། ཁང་པའི་ལྷག་མ་མི་བསྐྱེད་པར་ཐལ། དོན་དང་བྱ་བ་མང་བའི་དགག་བྱ་མེད་པའི་ཕྱིར་རོ། །འདོད་ན། བསྐོས་པ་ནི་རང་ཉིད་དང་འདྲའོ། །ཞེས་གསུངས་པ་དང་འགལ་ལོ་ཞེས་ཟེར་རོ། །འོན་ཀྱང་ཐལ་འགྱུར་ཕན་ཚུན་དེ་གཉིས་ཀའི་རྟགས་ལ་ཁྱབ་པ་མེད་དོ། །དེའང་བྱ་བ་དེ་འབྲེལ་གྱི་དགག་བྱ་མེད་པ་ལ་ལྟུང་བ་དངོས་གཞི་མི་བསྐྱེད་པས་མ་ཁྱབ་སྟེ། སྐྱོན་ནས་སྨྲས་པ་ལ་མི་དགའ་བའི་བསམ་པ་མ་སྐྱེས་ཀྱང་ལྟུང་བྱེད་བསྐྱེད་པའམ། སྲོག་ཆགས་མེད་པའི་ས་བརྐོས་ན་སྲོག་ཆགས་ལ་གནོད་པའི་དགག་བྱ་མེད་ཀྱང་ས་རྐོ་བའི་ལྟུང་བྱེད་བསྐྱེད་པ་བཞིན་ནོ། །འོ་ན་གང་ཞེ་ན། འདིར་པཎྜི་ཏ་གཞན་གྱི་འདོད་པ་ས་གཞི་མ་དག་པའི་ཆོས་གསུམ་རེ་རེ་ལས་ཀྱང་མཐར་སྦོམ་པོར་འགྱུར་བ་དེ་འཐད་པར་སེམས་ཏེ། ལུང་རྣམ་འབྱེད་ལས་སྦོམ་པོར་གསུངས་པ་དང་མཐུན་ལ། བཙལ་བ་དངོས་སུ་མ་གསུངས་ཀྱང༌། དངོས་སུ་མ་གསུངས་པ་ཙམ་གྱིས་ཡན་ལག་གི་གཙོ་བོ་མ་ཡིན་པའི་ངེས་པ་མེད་དེ། བསྙེན་བཀུར་བསྔགས་པ་ལ་ཡུལ་བུད་མེད་རྫུ་འཕྲུལ་ཅན་མ་ཡིན་པ་དངོས་སུ་མ་གསུངས་ཀྱང་ཡན་ལག་གི་གཙོ་བོ་ཡིན་པ་བཞིན་ནོ། །ཚད་ལས་ལྷག་པ་དང་ས་གཞི་བཙལ་བ་ལ་སོགས་པ་ལ་ཡང་གཙོ་མི་གཙོ་མེད་དེ། ཊཱི་ཀ་ལས། བཙལ་བ་ལ་སོགས་པ་གཞིའི་ཡན་ལག་གཞན་རྣམས་མ་ཚང་ཡང་ཚད་ལས་ལྷག་པར་བྱེད་ན་མཐར་ནི་སྦོམ་པོར་འགྱུར་བ་བཤད་དོ། །ཞེས་གསུངས་སོ། །

བདུན་པ་ཁང་ཆེན་གྱི་དགེ་འདུན་ལྷག་མ་བཤད་པ།

བདུན་པ་ཁང་ཆེན་གྱི་དགེ་འདུན་ལྷག་མ་བཤད་པ་ལ།

རྩ་བར། ཚོགས་ཀྱི་དོན་དུའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི། ཡུལ་ཀོ་ཤམ་བྷིར་གང་ཟག་འདུན་པ་ལ་སོགས་པ་དྲུག་སྡེས་ཉོན་མོངས་པ་བརྙས་པ་ལ་མི་བཟོད་པས་ཉེས་པ་གཙུག་ལག་ཁང་བརྩིགས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །འདུལ་བ་བདུད་རྩིའི་ཉིང་ཁུ་ལས་ཁང་བ་དང་ཁང་ཆེན་གཉིས་ཀྱི་གླེང་གཞི་འདི་གཅིག་པུ་ལས་མ་གསུངས་སོ། །གཉིས་པ་དགག་བྱ་ནི། སྲོག་ཆགས་ལ་གནོད་པ་དང༌། རྩོད་པ་རྒྱས་པ་དང༌། དོན་དང་བྱ་བ་མང་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་ས་གཞི་མ་དག་པར་དཀོན་མཆོག་གསུམ་གང་ཡང་རུང་བའི་ཆེད་དུ་མངོན་གྱུར་གྱི་བདག་པོ་ཚོགས་ཀྱི་དོན་དུ་གནས་བརྩིགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ་ཞེས་མཚོ་ཊཱིཀ་ལས་གསུངས་སོ། །དེ་ཡང་རྩ་བར། ཚོགས་ཀྱི་དོན་དུའོ། །ཞེས་དང༌། རྩ་བར།དུ་མའི་དོན་དུའོ། །ཞེས་པའི་ཐད་ཀྱི་ཟླ་ཟེར་ལས། ཚོགས་ཁྱིམ་པའམ་རབ་ཏུ་བྱུང་བ་བཞི་ཡན་ཆད་ཀྱི་དོན་དུའོ། །ཞེས་དང༌། གང་ཟག་དུ་མའི་གཉིས་སམ་གསུམ་གྱི་དོན་དུའོ། །བརྩིགས་ན་སྦོམ་པོའོ། །ཁང་བ་ཁང་ཆེན་གྱི་ལྷག་མར་མི་འགྱུར་ཏེ། གཅིག་དོན་མ་ཚང་བའི་ཕྱིར་དང༌། ཚོགས་དོན་མ་ཚང་བའི་ཕྱིར་རོ། །ཞེས་གསུངས་པ་དག་གི་རྗེས་སུ་འབྲང་ནས་མཚོ་ཊཱིཀ་དུ་བཤད་ལ།ཀུན་མཁྱེན་འཇམ་བཞད་ཀྱིས། ཁང་ཆེན་གྱི་ལྷག་མའི་མཚན་ཉིད་ལ། བཅས་ལྡན་དགེ་སློང་གི་གནས་མ་དག་པར་དཀོན་མཆོག་གམ་བཞི་ཡན་ཆད་ཀྱི་དོན་དུ་མ་བསྟན་པར་སྤྱོད་ལམ་བཞི་ཤོང་ཡན་ཆད་ཀྱི་གནས་བྱས་པའི་དངོས་གཞིའི་ལྟུང་བ་དེ་བཞག་ཡོད་དོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་ནི། གཞིའི་ཡན་ལག་ལ་གཉིས་ཏེ། གང་དུ་བརྩིག་པའི་ས་གཞི་དང༌། གང་བརྩིག་པའི་དངོས་པོའོ། །དང་པོ་ས་གཞི་མ་དག་པ་གསུམ་ལྡན་སྔར་དང་འདྲའོ། །གཉིས་པ་ནི་གནས་ཀྱི་ངོ་བོར་གྲུབ་པ་དང༌། སྤྱོད་ལམ་བཞི་ཤོང་པ་དང༌། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་དང་གསུམ་པོ་སྔར་དང་འདྲའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།འདུ་ཤེས་ནི་སྔ་མ་བཞིན་ནོ། །ཀུན་སློང་ནི་དཀོན་མཆོག་གསུམ་གའམ་དེ་གསུམ་གང་རུང་གི་ཆེད་དུ་མངོན་གྱུར་གྱི་བདག་པོ་བཞི་ཡན་ཆད་ཚོགས་ལོངས་ཀྱི་དོན་དུ་གནས་བརྩིག་པར་འདོད་པ་རྒྱུན་མ་ཆད་པའོ། །འདིར་ཁང་ཆེན་གྱི་ལྷག་མ་བསྐྱེད་པ་ལ། ཚོགས་ཀྱི་དོན་དུའོ་ཞེས་གསུངས་ཏེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་འདིར་ཁྱིམ་པ་ཡན་ཆད་རབ་ཏུ་བྱུང་བ་དང་རབ་ཏུ་མ་བྱུང་བ་ཡང་རུང་སྟེ་གང་ཟག་བཞི་ཡན་ཆད་ལ་ཚོགས་ཞེས་བྱ་བར་དགོངས་སོ། །ཞེས་སོ། །འོ་ན་ལུང་རྣམ་འབྱེད་ལས། ཚོགས་ཀྱི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། རང་གི་རྣམ་བཤད་དང་ཊཱི་ཀ་ལས་དེ་ནི་གླེང་གཞིའི་དབང་གིས་ཏེ་དཔེ་ཙམ་དུ་ཟད་པས་འདིར་ཉེས་པ་མེད་དོ། །ཞེས་སོ། །དེས་ན་ཁང་བ་ཁང་ཆེན་གཉིས་ལ་ཁྱད་པར་ལྔ་ཡོད་པ་ལས། བདག་པོའི་གྲངས་ཀྱི་ཁྱད་པར་ནི། ཁང་པའི་ལྷག་མ་བསྐྱེད་པ་ལ་ནི། མངོན་གྱུར་གྱི་བདག་པོ་གཅིག་དོན་ཡན་ལག་ཏུ་དགོས་ལ། ཁང་ཆེན་གྱི་ལྷག་མ་བསྐྱེད་པ་ལ་ནི་མཚོ་ཊཱིཀ་ལྟར་ན་མངོན་གྱུར་གྱི་བདག་པོ་ཚོགས་དོན་ཡན་ལག་ཏུ་དགོས་ལ།འདུལ་བ་བདུད་རྩིའི་ཉིང་ཁུ་ལས། ཀུན་སློང་ཁྱིམ་པའམ་རབ་བྱུང་གང་ཟག་བཞིར་ལོངས་པ་ཡན་ཆད་ཀྱི་དོན་དུ་རྩིག་པ་དགོས་ཤིང༌། ཞེས་གསུངས་སོ། །ཆེད་དུ་བྱ་བའི་ཁྱད་པར་ནི་དཀོན་མཆོག་ལས་གཞན་པའི་ཆེད་དུ་བརྩིགས་པའི་གནས་ནི་ཁང་པ་ཡིན་ལ། དཀོན་མཆོག་གི་ཆེད་དུ་བརྩིགས་པའི་གནས་ནི་ཁང་ཆེན་ཡིན་ནོ། །བཙལ་བ་དགོས་མི་དགོས་ཀྱི་ཁྱད་པར་ནི། ཁང་པའི་ལྷག་མ་བསྐྱེད་པ་ལ་ནི་ས་གཞི་དང་ཡོ་བྱད་བཙལ་བ་ཡན་ལག་ཏུ་དགོས་ལ། ཁང་ཆེན་ལ་དེ་ལྟར་མ་ཡིན་ཏེ། བཙལ་རུང་མ་བཙལ་རུང་ལྷག་མར་འགྱུར་རོ། །ཚད་ལས་ལྷག་པ་དགོས་མི་དགོས་ཀྱི་ཁྱད་པར་ནི་ཁང་པ་ལ་ནི་ཚད་ལས་ལྷག་པ་དངོས་གཞིའི་ཡན་ལག་ཏུ་དགོས་ལ་ཁང་ཆེན་ལ་མི་དགོས་སོ། །

གནས་ཀྱི་མཐའ་ཚད་ཀྱི་ཁྱད་པ།

གནས་ཀྱི་མཐའ་ཚད་ཀྱི་ཁྱད་པར་ནི།

སྤྱོད་ལམ་བཞི་ཤོང་ཙམ་གྱི་གནས་བརྩིགས་ན། ཁང་པའི་ལྷག་མར་མི་འགྱུར་ཏེ། ཚད་ལས་ལྷག་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །སྤྱོད་ལམ་བཞི་ཤོང་ཙམ་གྱི་གཙུག་ལག་ཁང་བརྩིགས་ན་ཁང་ཆེན་གྱི་ལྷག་མར་འགྱུར་རོ། །འདི་ལ་ནི་ཚད་ལས་ལྷག་པ་ཡན་ལག་ཏུ་མི་དགོས་ཏེ། ཊཱི་ཀ་ལས། གཙུག་ལག་ཁང་ལ་ནི་ཚད་ངེས་པ་མེད་དོ། །ཞེས་སོ། །བདག་པོའི་གྲངས་དང་ཆེད་དུ་བྱ། །བཙལ་དང་ཚད་ལས་ལྷག་པ་དང༌། །གནས་ཀྱི་མཐའ་ཚད་ཁྱད་པར་ཏེ། །ཁང་པ་ཁང་ཆེན་ཁྱད་པར་ལྔ། །ཞེས་སོ། །གསུམ་པ་སྦྱོར་བ་ནི་གང་ལ་བསམས་པ་དེ་ཉིད་ལ་རང་ངམ་བསྐོས་པས་གནས་བརྩིག་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི། ཐོག་ཕལ་ཆེར་གཡོགས་ཟིན་པ་སྟེ་སྔར་དང་འདྲའོ། །འདིར་ཚིགས་སུ་བཅད་པ།བཙལ་དང་ཚད་ལས་ལྷག་པ་འདིར་མི་དགོས། ། གཅིག་དོན་གནས་སུ་འདིར་ནི་ཚོགས་དོན་ཏེ། །དེ་དག་ལས་གཞན་ཁང་པའི་སྐབས་ཀྱི་གཞུང༌། །དེ་དག་ཁང་ཆེན་གྱི་ཡང་ཐུན་མོང་ཡིན། །ཞེས་བློ་ལ་གཟུང་བར་བྱའོ། །བརྒྱད་པ་གཞི་མེད་སྐུར་འདེབས་ཀྱི་ལྷག་མ་ནི། རྩ་བར། ཕམ་པར་འགྱུར་བ་ལྷག་པར་སྤྱོད་པས། ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་གང་ཟག་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་ཉོན་མོངས་པ་མི་བཟོད་པས་ཉེས་པ་གྱད་བུ་ནོར་ལ་གཞི་མེད་པར་སྦྱོར་བ་གསལ་པོའི་སྒོ་ནས་ཕམ་པས་སྐུར་བ་བཏབ་པ་ལས་དགེ་འདུན་ལྷག་མར་བཅས་སོ། །གཉིས་པ་དགག་བྱ་ནི་སྡོམ་པ་ལ་སྐུར་བ་བཏབ་པའི་སྒོ་ནས་རང་རིགས་ཙམ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་ལྟ་བ་རང་ཕྱོགས་ཡིན་ན་མཚན་མཐུན་རུང་མི་མཐུན་རུང་སྟེ་བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པའམ། ལྟ་བ་གཞན་ཕྱོགས་བསྙེན་རྫོགས་ཀྱི་སྡོམ་པ་ཕམ་པས་མ་གོས་པ་དང་ལྡན་པ་ལ་བསམ་པ་ཉམས་འདུན་གྱིས་སྦྱོར་བ་གསལ་པོས་ཕམ་པས་སྐུར་བ་བཏབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་སྐུར་པ་གདབ་པའི་ཡུལ་དང༌། གང་གིས་སྐུར་པ་གདབ་པའི་དངོས་པོ་དང༌། གང་ལ་གོ་བར་བྱ་བའི་ཡུལ་ལོ། །དང་པོ་ལ་བཞི་སྟེ། ལྟ་བ་རང་ཕྱོགས་ཡིན་ན། མཚན་མཐུན་རུང་མི་མཐུན་རུང་སྟེ་བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པའམ། ལྟ་བ་གཞན་ཕྱོགས་བསྙེན་རྫོགས་ཀྱི་སྡོམ་པ་ཕམ་པས་མ་གོས་པ་དང་ལྡན་པ་དང༌། ཐ་སྙད་གསུམ་དང་ལྡན་པ་དང༌། ལུས་ཐ་མལ་པར་གནས་པ་དང༌། བདག་ལས་ཐ་དད་པའོ། །དང་པོ་ནི། དགེ་སློང་ཉམས་པ་ལ་ཡང་ངོ། །ཞེས་དང༌། ཊཱི་ཀ་ལས། ལྟ་བ་ཁས་མི་ལེན་པ་ལ་སྐུར་པ་འདེབས་པ་ལ་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་ཏེ། ཕམ་པར་མ་གྱུར་པའི་ཕྱིར་རོ། །ཞེས་གསུངས་སོ། །ཕམ་པར་འགྱུར་བ་ལྷག་པར་སྤྱོད་པས་ཡུལ་དགེ་སློང་ཕ་དང༌། དགེ་སློང་མ་འཆབ་མེད་ཀྱི་ཕམ་པས་ཉམས་པ་ལ་ཡང་སྐུར་པ་བཏབ་ན་ལྷག་མར་འགྱུར་རོ། །དེ་ཡང་རང་གི་རྣམ་བཤད་ཀྱི་དགེ་སློང་ཕའི་རྣམ་འབྱེད་ཀྱི་སྐབས་ལས། ཉམས་པ་ལ་ཡང་ངོ་ཞེས་བྱ་བའི་ཚིག་ནི་དགེ་སློང་ཕ་དང་དགེ་སློང་མ་ཉིད་ཉམས་པ་ཞེས་བྱ་བ་ནི་འདི་ལ་སྐུར་པ་འདེབས་པའི་དོན་དུའོ། །ཞེས་གསུངས་སོ། །དགེ་སློང་ལྟ་བ་ཆོས་མིན་ཕྱོགས་སུ་སོང་ཞིང་ཕམ་པ་བྱུང་ན་ནི། དེ་ལ་སྐུར་པ་བཏབ་ཀྱང་དགག་བྱ་མི་རྫོགས་པའོ། །གཉིས་པ་ཐ་སྙད་གསུམ་ལྡན་ནི། སྨྲ་ཤེས། དོན་གོ ཤེས་པ་རང་བཞིན་དུ་གནས་པ་སྟེ། སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ། ཞེས་དང༌། རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ། །ཞེས་དང༌། ལུང་ཞུ་བ་ལས། དགེ་སློང་གིས་དགེ་སློང་སྨྱོན་པ་ལ་སྐུར་བ་བཏབ་ན་ཅིར་འགྱུར་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་ཚོར་བས་གཟིར་བ་ལ་སྐུར་པ་བཏབ་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་པས་ཤེས་པ་རང་བཞིན་དུ་གནས་པ་དགོས་པ་ཤུགས་ཀྱིས་བསྟན་ཏོ། །གསུམ་པ་ནི་གོང་དུ་བཤད་ཟིན་པ་བཞིན་ནོ། །བཞི་པ་ནི་དགེ་སློང་ཕ་རོལ་པོས་ཞེས་རྡེག་པ་ལ་བཤད་པའི་གནད་ཀྱིས་སོ། །

གཉིས་པ་གང་གིས་སྐུར་བ་གདབ་པའི་དངོས་པོ།

གཉིས་པ་གང་གིས་སྐུར་བ་གདབ་པའི་དངོས་པོ་ནི།

ཕམ་པའི་དངོས་གཞིས་སྐུར་པ་བཏབ་པ་ཡིན་པ་དང༌། མཐོང་ཐོས་དོགས་གསུམ་གྱི་གཞི་མེད་པ་སྟེ། ཕམ་པར་འགྱུར་བ་ལྷག་པར་སྤྱོད་པས། ཞེས་དང༌། གཞི་མེད་པ། ཞེས་པས་གྲུབ་བོ། །གསུམ་པ་གང་ལ་གོ་བར་བྱ་བའི་ཡུལ་ནི།ཐ་སྙད་ལྔ་དང་ལྡན། ལུས་ཐ་མལ་པར་གནས་བདག་ལས་ཐ་དད་པ་སྟེ། རྫུན་སྨྲའི་ཕམ་པའི་སྐབས་སུ་སྔར་བཤད་ཟིན་པ་བཞིན་ནོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་གི་རྣམ་པ་མ་དོར་བར་འཛིན་པའི་ཤེས་པའོ། འདིར་དམིགས་ཀྱིས་བསལ་བ་ནི། ཕམ་པས་མ་དག་པ་ལ་དག་པར་འདུ་ཤེས་འཁྲུལ་ཏེ་སྐུར་པ་བཏབ་ན་ལྷག་མར་འགྱུར་རོ། །ཀུན་སློང་ནི་ཉམས་འདུན་གྱིས་ཕམ་པས་སྐུར་པ་འདེབས་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་གང་ལ་བསམས་པ་དེ་ཉིད་ལ་ངག་གི་རིག་བྱེད་ཀྱིས་ཕམ་པས་སྐུར་པ་འདེབས་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བ་སྟེ། རྩ་བར། གང་ཡང་རུང་བ་ལ་གོ་བར་བྱས་ནའོ། །ཞེས་སོ། །འདི་ལ་བམ་ལྔ་ལས། འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཉམས་པར་འདུན་པ་དང༌། གཞི་མེད་པར་སྐུར་བ་དང༌། བསྙེན་པར་རྫོགས་པ་དང༌། ཕམ་པར་འགྱུར་བའི་ཆོས་དང༌། དོན་གོ་བའོ། །ཞེས་གསུངས་པའི་ཕྱིར་རོ། །སྐུར་འདེབས་འདི་ལ་ཡུལ་སྨྲ་ཤེས་དོན་གོ་དགོས་པར་འདོད་མཁན་ནི།སློབ་དཔོན་ཡོན་ཏན་འོད་དང་ཆོས་ཀྱི་བཤེས་གཉེན་ནི། གང་ལ་སྐུར་པ་གདབ་པའི་ཡུལ་དེ་སྨྲ་ཤེས་དོན་གོ་ཡན་ལག་ཏུ་དགོས་པར་བཞེད་དེ། སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ། ཞེས་དང༌། རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ། །ཞེས་པའི་རང་གི་རྣམ་བཤད་དང་རྒྱ་ཆེར་འགྲེལ་ལས་ལྐུགས་པ་ལ་གཞི་མེད་པ་དང་བག་ཙམ་དག་གིས་སྐུར་པ་འདེབས་པ་ལ་སྦོམ་པོའོ། །གླེན་པ་དང་འོན་པ་དག་ལ་གཞི་མེད་པ་དང་བག་ཙམ་གྱིས་སྐུར་པ་འདེབས་པ་ལ་ཡང་སྦོམ་པོའོ། །ཞེས་གསུངས་སོ། །དེ་ཡང་ལུང་ཞུ་བ་ལས། ལྐུགས་པ་དང་གླེན་པ་དང་འོན་པ་ལ་སྐུར་པ་བཏབ་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ལ་བརྟེན་ནས་སོ། །འོན་ཀྱང་དེ་དང་ཅུང་མི་འདྲ་བ་དགེ་ལེགས་བཤེས་གཉེན་གྱིས་མཛད་པའི་ཞུ་འགྲེལ་ལས། གལ་ཏེ་ལྐུགས་པ་ལ་སྐུར་བ་གདབ་པ་སྦོམ་པོར་འདོད་ན་ལོང་བ་དང༌། འཐེང་བོ་ལ་སོགས་པ་ལ་ཡང་དེ་དང་འདྲ་བར་ཐལ་བར་འགྱུར་བས་དེ་ལྟ་བས་འདི་ནི་གདོན་པར་མི་བྱའོ། །དེ་ལྟ་བས་ན་འདི་ལ་སྐུར་བ་བཏབ་ན་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་ཤེས་པར་བྱའོ། །ཞེས་གསུངས་པའི་དགོངས་དོན་འཚོལ་དགོས་སོ། །གང་ཐོས་པ་དེ་ནི་ཐོས་པ་ལས་གཞི་གཞན་མཐོང་བ་མ་ཡིན་པས། ཐོས་པ་ལ་མཐོང་ངོ་ཞེས་སྨྲ་ན་གཞི་མེད་པར་སྐུར་འདེབས་ཀྱི་ལྷག་མར་འགྱུར་རོ། །དོགས་པ་ལ་མཐོང་ངོ་ཞེས་སྨྲ་བ་ལ་སོགས་པ་ལ་ཡང་དེ་བཞིན་ནོ། །འདིའི་ཁུངས་ནི་ལུང་རྣམ་འབྱེད་ལས། ཐོས་པ་ལས་ཡིད་ཆེས་ནས་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་དོགས་པ་ལ་བདག་གིས་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ། །ཞེས་གསུངས་སོ། །

དགུ་བ་བག་ཙམ་གྱིས་སྐུར་པ་འདེབས་པའི་དགེ་འདུན་ལྷག་མ།

དགུ་བ་བག་ཙམ་གྱིས་སྐུར་པ་འདེབས་པའི་དགེ་འདུན་ལྷག་མ་ནི།

རྩ་བར། བརྗེད་པར་བྱ་བ་གཞན་ལ་གནས་པའི་ཚིག་གིས་རྫུན་ནའོ། །ཞེས་སོ། །འདིའི་དོན་བཤད་པ་ལ་བཞི་ལས། གླེང་གཞི་ནི་ཡུལ་རྒྱལ་པོའི་ཁབ་ཏུ་གང་ཟག་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་ཉོན་མོངས་པ་མི་བཟོད་པས་ཉེས་པ་གྱད་བུ་ནོར་ལ་བྱེད་པ་པོ་དང་བྱ་བ་མ་སྦྱར་བར་དགེ་སློང་གྱད་བུ་ནོར་དང་དགེ་སློང་མ་ཨུཏྤ་ལའི་མདོག་ཀྱང་མཐོང༌། མི་ཚངས་པར་སྤྱོད་པ་ཡང་མཐོང་ཞེས་ཕམ་པས་སྐུར་པ་བཏབ་པ་ལས་དགེ་འདུན་ལྷག་མར་བཅས་སོ། །གཉིས་པ་དགག་བྱ་ནི་སྔ་མ་བཞིན་ནོ། །གསུམ་པ་ངོ་བོ་ནི། བཅས་ལྡན་དགེ་སློང་གིས་ལྟ་བ་རང་ཕྱོགས་ཡིན་ན་མཚན་མཐུན་རུང་མི་མཐུན་རུང་སྟེ་བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པའམ། ལྟ་བ་གཞན་ཕྱོགས་བསྙེན་རྫོགས་ཀྱི་སྡོམ་པ་ཕམ་པས་མ་གོས་པ་དང་ལྡན་པ་ལ་བསམ་པ་ཉམས་འདུན་གྱིས་བྱེད་པ་པོ་དང་བྱ་བ་མ་སྦྱར་བས་ཕམ་པས་སྐུར་བ་བཏབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་པ་ཡན་ལག་ནི་བྱེད་པ་པོ་དང་བྱ་བ་མ་སྦྱར་བ་དགོས་པ་ལས་གཞན་སྔར་གཞི་མེད་ཀྱི་ཡན་ལག་ལྟར་ཡིན་ནོ། །བག་ཙམ་ཞེས་པ་ནི་རྒྱུ་མཚན་ཅི། གླེང་གཞིའི་སྐབས་སུ་རི་དྭགས་ཕོ་མོ་མི་ཚངས་པར་སྤྱོད་པ་མཐོང་བས། གདགས་གཞི་བག་ཙམ་ཞིག་ཡོད་པ་ཡིན་པས་ན། བག་ཙམ་ཞེས་བྱ་སྟེ། རྣམ་འབྱེད་འགྲེལ་བ་ལས། འདི་ནི་བག་ཙམ་གྱི་གཞི་ཡོད་པ་ལས་སྐུར་པ་འདེབས་པ་ཡིན་ནོ། །ཞེས་སོ། །སྦོམ་པོས་སྐུར་པ་བཏབ་ན་ཉེས་བྱས་སུ་གསུངས་པ་དེ་དག་ནི་སྤྱིར་བཏང་ཡིན་ལ་དགེ་སློང་ལ་མི་ཚངས་སྤྱོད་ཀྱིས་སྐུར་པ་འདེབས་པ་འཚང་ཆེ་བ་ལ་ལྟོས་ནས། མི་བསྟེན་པས་སྐུར་པ་འདེབས་ན་སྦོམ་པོ་ཞེས་གསུངས་པ་ནི་དམིགས་བསལ་ཡིན་ནོ། །ཕམ་པའི་དངོས་གཞི་ཡོངས་རྫོགས་ཀྱིས་སྐུར་པ་བཏབ་ན་ལྷག་མའི་དངོས་གཞི་ཡོངས་རྫོགས་བསྐྱེད་པ་ལྟར། ཕམ་པའི་སྡེའི་སྦོམ་པོར་སྐུར་པ་བཏབ་ན་ཡང་ལྷག་མའི་སྡེའི་སྦོམ་པོ་བསྐྱེད་པ་ལ་འགལ་བ་ཅི་ཞིག་ཡོད་དེ། དེས་ན་ལུང་དང་མདོ་རྩ་འགྲེལ་ལས་སྦོམ་པོར་གསུངས་པ་འདི་ཉེས་བྱས་མ་ཡིན་གྱི། སྦོམ་པོ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་དགེ་འདུན་གྱི་དབྱེན་བྱས་པའི་སྡིག་པ་ནི་མཚམས་མེད་པ་སྟེ། ལྟུང་བ་ནི་སྦོམ་པོའོ། །དེ་ཡང་མི་གསོད་པའི་སྦྱོར་བའི་སྦོམ་པོ་དང༌། དབྱེན་འབྱེད་པའི་ལྷག་མའི་ཕྱོགས་དང་མཐུན་པའི་སྦོམ་པོ་སྟེ་གོ་རིམ་བཞིན་ནོ། །འོ་ན་མཚམས་མེད་པ་དེ་གཉིས་ཀྱིས་སྐུར་པ་བཏབ་ན་ཅིར་འགྱུར་ཞེ་ན། བསྡུས་པ་ལས། དགེ་སློང་གིས་མཚམས་མེད་པ་ལྔས་སྐུར་པ་བཏབ་ན་དེ་དག་ཐམས་ཅད་དགེ་སློང་མ་ཡིན་པར་འགྱུར་བས་དངོས་གཞིའོ། །དེ་བཞིན་དུ་སྦོམ་པོའི་ལྟུང་བས་གླེང་ན་ཡང་དགེ་སློང་མ་ཡིན་པས་གླེང་བ་ན་དགེ་འདུན་ལྷག་མའོ། །ཞེས་གསུངས་སཽ། །འགྲེལ་ཆུང་ལས།ཡང་དག་པར་གཤེགས་པ་ངན་སེམས་ཀྱིས་ཁྲག་ཕྱུང་ངོ་ཞེས་སྐུར་པ་དང༌། དགེ་འདུན་གྱི་དབྱེན་བྱས་སོ་ཞེས་སྐུར་པ་ནི་རྩ་བ་མེད་པའི་དགེ་འདུན་ལྷག་མའི་སྦོམ་པོའོ་ཞེས་སོ། །མཚམས་མེད་དེ་གཉིས་ཀྱིས་སྐུར་པ་བཏབ་ན་ཉེས་བྱས་སུ་ལུང་དང་རང་གི་རྣམ་བཤད་དང་ཊཱི་ཀ་དང་གསུམ་ལས་བཤད་དོ། །འོ་ན་ལྟུང་བ་ཆེ་ཆུང་གསུམ་བཤད་པ་དེ་དག་གང་གི་རྗེས་སུ་འབྲང་ཞེ་ན། དང་པོ་ལྷག་མར་བཤད་པ་དེ་མི་རིགས་ཏེ། ལུང་ཞུ་བ་ལས། དགེ་འདུན་གྱི་དབྱེན་དང༌། ངན་སེམས་ཀྱིས་ཁྲག་ཕྱུང་བས་སྐུར་པ་བཏབ་ན་ཉེས་བྱས་སུ་འགྱུར་རོ། །ཞེས་གསུངས་པ་དང་འགལ་ལོ། །དེ་དག་ཐམས་ཅད་དགེ་སློང་མ་ཡིན་པར་གྱུར་བས་ཞེས་བརྗོད་པ་དེའང་མི་རིགས་ཏེ། ལུང་ཞུ་བ་ལས། དགེ་འདུན་གྱི་དབྱེན་དང་ངན་སེམས་ཀྱིས་ཁྲག་ཕྱུང་བས་སྐུར་པ་དེ་ནི་ཉེས་པ་སྦོམ་པོས་སྐུར་པ་སྟེ། ཉེས་པ་སྦོམ་པོས་ནི་དགེ་སློང་མ་ཡིན་པར་མི་འགྱུར་གྱི། དེ་ནི་བཤགས་པར་འོས་སོ། །ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་སྦོམ་པོར་བཤད་པ་དེ་སྦོམ་པོ་བཏགས་པ་བ་ཡིན་ནོ་ཞེས་རིགས་སོ། །གསུམ་པ་ཉེས་བྱས་སུ་གསུངས་པ་དེ་རྣམས་ལེགས་པར་བཤད་པ་ཡིན་ཏེ། ལུང་ཞུ་བ་ལས། ཉེས་བྱས་སུ་གསུངས་པ་དེ་དང་མཐུན་པར་རང་གི་རྣམ་བཤད་ལས།དེ་གཉིས་ཀྱིས་སྐུར་བ་འདེབས་ན་ཉེས་བྱས་སུ་རྣམ་པར་གནས་པ་ཡིན་ནོ། །ཞེས་གསུངས་སོ། །

གཉིས་པ་ཕྱི་མ་བཞི་འཆད་པ།

གཉིས་པ་ཕྱི་མ་བཞི་འཆད་པ་ལ།

སྐབས་འདིའི་ཆོས་སྤྱིར་བསྟན་པ་དང༌། བསྒོ་གྱུར་བཞི་སོ་སོར་བསྟན་པ་དང་གཉིས། དང་པོ་ལ་སྐབས་འདིའི་སྦོམ་པོ་དང༌། བསྒོ་བ་ལས་གྱུར་བའི་ཐུན་མོང་བ་འཆད་པ་དང་གཉིས། དང་པོ་སྐབས་ཀྱི་སྦོམ་པོ་བསྟན་པ་ནི། རྩ་བར། གཞན་གྱི་འཁོར་ཁ་འདྲེན་ན་སྦོམ་པོའོ། །ཞེས་སོ། །འོ་ན་མ་བྱིན་པར་ལེན་པའི་སྐབས་ནས་གཞན་དབང་བར་གྱུར་པའི་ལྷན་ཅིག་གནས་པ་དེ་དང་ཉེ་གནས་རང་གི་སར་ཁ་འདྲེན་ཅིང་འབྲོས་སུ་བཅུག་ན་ཕམ་པར་གསུངས་པ་དང༌། གཞིའི་སྐབས་ནས་ཕ་མས་མ་གནང་བའི་བུ་རབ་ཏུ་འབྱིན་ན་ཉེས་བྱས་སུ་གསུངས་པ་དང༌། མའི་རྣམ་འབྱེད་ནས་ཁྱིམ་ཐབས་ཀྱིས་མ་གནང་བའི་བུད་མེད་རབ་ཏུ་འབྱིན་ན་ལྟུང་བྱེད་དུ་གསུངས་པ་དང༌། སྐབས་འདིར་འཁོར་ཁ་འདྲེན་ན་སྦོམ་པོར་གསུངས་པ་སྟེ། བཞི་པོ་དེ་རྣམས་གཞན་དབང་བའི་མི་རང་ཕྱོགས་སུ་འཇོག་པར་མཚུངས་པ་ལ། ལྟུང་བ་ཆེ་ཆུང་ཐ་དད་དུ་སྐྱེད་པར་མི་རིགས་སོ་སྙམ་ན། འདི་རྣམས་གཞན་གསུམ་ལ་མ་བྱིན་ལེན་གྱི་ཕམ་པར་མི་འགྱུར་ཏེ། རྐུ་སེམས་མེད་པའི་ཕྱིར་རོ། །རབ་ཏུ་འབྱིན་པ་གཉིས་ལ་དབྱེན་དུ་གཏོགས་པའི་སྦོམ་པོར་མི་འགྱུར་རོ། །ཁྱིམ་འཁོར་བའི་རྒྱ་མཚོ་ལས་བསྒྲལ་སྙམ་པའི་བསམ་པས་ཞུགས་ཀྱིས། བྱ་བ་དང་སྤྱོད་པ་ཐ་དད་ཀྱི་སྒོ་ནས་འབྱེད་པར་ཞུགས་པ་མ་ཡིན་པའི་ཕྱིར་རོ། །རབ་ཏུ་འབྱིན་པ་གཉིས་ལ་ལྟུང་བ་ཆེ་ཆུང་དུ་འགྱུར་བ་ནི་གཏན་འབྲལ་དུ་འགྱུར་བ་དང་མི་འགྱུར་བས་ཡུལ་ལ་གནོད་པ་ཆེ་ཆུང་གི་བྱེ་བྲག་གིས་ཡིན་པར་གསུངས་སོ། །གཉིས་པ་བསྒོ་གྱུར་རྣམས་ཀྱི་ཐུན་མོང་ནི། རྩ་བར། བཟློག་པའི་ཚུལ་གྱིས་མི་གཏོང་བར་རྗེས་སུ་སྒྲུབ་པའི་རང་བཞིན་ནི་རྗེས་སུ་མཐུན་ནོ། །གསོལ་བ་ནི་བཟློག་པ་དང་འདྲ་བ་ཉིད་དོ། །ཞེས་སོགས་བྱུང༌། འདིའི་དོན་ལ་གསུམ་ལས།དང་པོ་བསྒོ་གྱུར་ཐུན་མོང་བའི་དགོས་པའི་དོན་ནི། ཚིག་ཚོགས་བསྐྱུང་སྟེ། ལུང་ལས་བཞམས་བསྒོ་ལ་སོགས་པ་ཐུན་མོང་ནི་ཆོས་འདི་རྣམས་བསྒོ་གྱུར་གྱི་ལྟུང་བ་རེ་རེ་ལ་རེ་རེ་གསུངས་པས་ཚིག་ཚོགས་ཆེ་བ་ལས། མདོ་རྩ་བར་ཐུན་མོང་དུ་བསྡུས་པས་ཚིག་ཚོགས་ཆུང་བའོ། །གཉིས་པ་བསྒོ་བ་ལས་གྱུར་པ་རྣམས་ཀྱི་དབྱེ་བ་རྟེན་ཕ་མའི་དབང་དུ་བྱས་ནས་དངོས་སུ་གསུངས་པའི་བསྒོ་གྱུར་གྱི་ལྟུང་བ་བཅུ་སྟེ། དགེ་འདུན་གྱི་དབྱེན་བྱེད་པ་དང༌། དེའི་རྗེས་སུ་ཕྱོགས་པ་དང༌། ཁྱིམ་སུན་འབྱིན་པ་དང༌། བཀའ་བློ་མི་བདེ་བ་སྟེ་དེ་དག་གི་དགེ་འདུན་ལྷག་མ་བཞི་དང༌། སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་དེ་ལྔ་དང༌། དགེ་སློང་མའི་བཟློག་པའི་ཕམ་པ་དང༌། དཀོན་མཆོག་གཏོང་བའི་ལྷག་མ་དང༌། འཐབ་དཀྲོལ་བྱེད་པའི་ལྷག་མ་དང༌། སྡེ་ཞིང་གནས་པའི་ལྷག་མ་དང༌། སྡེ་ཞིང་གནས་སུ་འཇུག་བའི་ལྷག་མ་དང་ལྔ་སྟེ། དང་པོ་ལྔ་ནི་དགེ་སློང་ཕ་མ་གཉིས་ཀའི་ཐུན་མོང་བ་ཡིན་ལ། ཕྱི་མ་ལྔ་ནི་དགེ་སློང་མའི་བསྒོ་གྱུར་ཐུན་མོང་མ་ཡིན་པའོ། །གསུམ་པ་བསྒོ་གྱུར་ཐུན་མོང་གི་ཆོས་རྣམས་གཏན་ལ་དབབ་པ་ལ། བསྒོ་གྱུར་ཐུན་མོང་གི་ཡན་ལག་བསྟན་པ་དང༌།བསྒོ་གྱུར་ལྟུང་བའི་གྲངས་བསྟན་པ་དང༌། བསྒོ་གྱུར་སྦྱོར་ལྟུང་གི་དང་པོ་ངོས་གཟུང་བ་དང༌། བསྒོ་གྱུར་དངོས་གཞི་སྐྱེ་དུས་ངོས་གཟུང་བ་དང་་བཞི། དང་པོ་ནི། དབྱེན་བྱེད་པའི་དགེ་འདུན་ལྷག་མ་ཆོས་ཅན། བཟློག་པའི་ཡན་ལག་ལྔ་ལ་རག་ལས་ཏེ་བྱུང་བ་ཡིན་ཏེ། བསྒོ་བ་ལས་གྱུརཔའི་ལྟུང་བ་དངོས་གཞི་རྫོགས་པ་ཉིད་ཡིན་པའི་ཕྱིར་རོ། །དཔེར་ན་རྗེས་སུ་ཕྱོགས་པ་ལ་སོགས་པ་གཞན་དགུ་པོ་བཞིན་ནོ། །བསྒོ་གྱུར་གྱི་ལྟུང་བ་བཅུ་པོ་འདི་དག་བསྐྱེད་པ་ལ་བཟློག་པ་ལྔ་ཡན་ལག་ཏུ་དགོས་པ་ནི་ཐུན་མོང་གི་ཆོས་ཡིན་ནོ། །བཟློག་པ་ལྔ་ནི། བཞམས་བསྒོ་དང་གསོལ་བ་དང༌། ལས་བརྗོད་པ་གསུམ་མོ། །བཞམས་ཏེ་བསྒོ་བ་ནི་ཚིག་འཇམ་པོའི་སྒོ་ནས་གྲོས་གདབ་པ་སྟེ། ཁྱོད་ཀྱིས་བྱ་བ་མ་ཡིན་པ་འདི་མ་བྱེད་ཅིག་ཅེས་དངོས་སུ་བཟློག་པ་ཡིན་ནོ། །འོ་ན་བཞམས་བསྒོ་འདི་དགེ་འདུན་གྱིས་བྱེད་དམ། གང་ཟག་གིས་བྱེད་སྙམ་ན། ཊཱི་ཀ་ལས། དགེ་འདུན་མས་བཞམས་ཏེ་བསྒོ་ཞེས་དགེ་སློང་མའི་སྐབས་ནས་གསུངས་ཤིང༌། སྐབས་འདི་ཉིད་ཀྱི་ཊཱི་ཀ་ལས། བཞམས་ཏེ་བསྒོ་བ་ཞེས་བྱ་བ་ནི་འདིར་དགེ་འདུན་དུ་མ་གྱུར་པའི་དགེ་སློང་ཚངས་པ་མཚུངས་པར་སྤྱོད་པ་གཅུགས་པས་ཕན་ཚུན་བཟློག་པ་བྱེད་པ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །དགེ་འདུན་གྱིས་བསྐོས་ནས་གང་ཟག་གིས་དངོས་སུ་བཟློག་པ་སྟེ། བསྡུས་པ་ལས། བཞམས་ཏེ་བསྒོ་བར་བྱ་སྟེ། དགེ་འདུན་ནམ་དགེ་འདུན་གྱིས་བསྐོས་པའི་དགེ་སློང་གཅིག་གིས་གཅིག་བཏང་བའི་ཚིག་གིས་བཟློག་པར་བྱའོ། །ཞེས་སོ། །གསོལ་བ་ནི་ཊཱི་ཀ་ལས་དངོས་སུ་བཟློག་པ་བྱེད་པ་ཉིད་མ་ཡིན་གྱི་བཟློག་པའི་ཐབས་ཡིན་པས་ཞེས་བཤད་དེ། ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ་ཞེས་དགེ་འདུན་རྣམས་ལ་ཞུ་བ་ནི་གསོལ་བ་ཞེས་བྱའོ། །ལས་བརྗོད་པ་གསུམ་ནི་ལས་ཀྱི་ཆོ་ག་ལན་གསུམ་བརྗོད་པའི་སྒོ་ནས་དགེ་འདུན་གྱིས་དངོས་སུ་བཟློག་པ་ཡིན་ནོ། །དེ་ལྟར་ན་དངོས་སུ་བཟློག་པ་བཞི་ལས་མེད་ཀྱང་གསོལ་བ་ནི་བཟློག་པ་དང་འདྲ་བ་ཡང་བགྲངས་ཏེ་བཟློག་པ་ལྔ་ཞེས་ཐ་སྙད་བཏགས་སོ། །

གཉིས་པ་བསྒོ་གྱུར་ལྟུང་བའི་གྲངས་ཚད་བསྟན་པ།

གཉིས་པ་བསྒོ་གྱུར་ལྟུང་བའི་གྲངས་ཚད་བསྟན་པ་ནི།

མཚོ་ཊཱིཀ་ལས། དགེ་འདུན་གྱི་དབྱེན་བྱེད་པ་ལྟ་བུ་ལ་བསྒོ་གྱུར་གྱི་ལྟུང་བ་དུ་བསྐྱེད་ཅེ་ན། འདི་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། ཁ་ཅིག་ན་རེ་དགེ་འདུན་གྱི་དབྱེན་བྱེད་པ་ལ་བསྒོ་གྱུར་གྱི་ལྟུང་བ་ལྔ་བསྐྱེད་དེ།བཞམས་བསྒོ་དང་གསོལ་བ་དང་ལས་བརྗོད་པ་དང་པོ་དང་བརྗོད་པ་གཉིས་པ་སྟེ་དེ་རྣམས་རེ་རེའི་མཐར་སྦོམ་པོ་རེ་རེ་སྟེ་སྦོམ་པོ་བཞི་དང་ལས་བརྗོད་པ་གསུམ་པའི་མཐར་དགེ་འདུན་ལྷག་མ་གཅིག་དང་ལྟུང་བ་ལྔ་བསྐྱེད་པ་སྟེ། ཊཱི་ཀ་ལས། བཟློག་པ་དང་འབྲེལ་བ་ཡིན་པ་དེའི་ཕྱིར་བཟློག་པ་ཇི་སྙེད་པ་ལྟུང་བ་ཡང་དེ་སྙེད་དུ་འགྱུར་རོ་ཞེས་བཤད་པས་ཤེས་སོ་ཞེས་ཟེར་རོ། །འོ་ན་ལས་བརྗོད་པ་གསུམ་པ་ལ་ལྟོས་པའི་ལྟུང་བ་གཅིག་ལས་མི་བསྐྱེད་ན། ལུང་རྣམ་འབྱེད་ལས། ལས་བརྗོད་པ་གསུམ་པ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྫོགས་པར་བརྗོད་ན་དགེ་འདུན་ལྷག་མར་འགྱུར་རོ། །ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་རང་ལུགས་བཞག་པ་ནི། དགེ་འདུན་གྱི་དབྱེན་བྱེད་པ་ལྟ་བུ་ལ་སྦྱོར་ལྟུང་ལྔ་དང་དངོས་གཞི་གཅིག་སྟེ་བསྒོ་གྱུར་གྱི་ལྟུང་བ་དྲུག་བསྐྱེད་དོ། །དེ་ལུང་རྣམ་འབྱེད་ལས། དགེ་འདུན་གྱི་དབྱེན་བྱེད་པ་ལ་བཞམས་བསྒོ་དང་གསོལ་བ་དང་ལས་བརྗོད་པ་དང་པོ་དང་བརྗོད་པ་གཉིས་པ་ལ་མི་གཏོང་ན་སྦོམ་པོ་རེ་རེ་སྟེ་སྦོམ་པོ་བཞི་དང༌། ལས་བརྗོད་པ་གསུམ་པ་མ་རྫོགས་པ་ན་སྦོམ་པོ་སྐྱེད་ཅིང་རྫོགས་པར་བརྗོད་པ་ན་དགེ་འདུན་ལྷག་མར་འགྱུར་ཞེས་གསུངས་པས་གྲུབ་བོ། །བཟླས་པ་ནི་ཐ་དད་པ་ཉིད་དོ་ཞེས་དེ་དག་གི་སྦོམ་པོ་ཐ་དད་དུ་བཤད་པས་དགེ་འདུན་ལྷག་མ་དང་ཐ་དད་པ་ལ་ལྟ་ཅི་སྨོས་སོ། །གསུམ་པ་རྩོད་པ་སྤང་བ་ལ་གཉིས་ལས། དང་པོ་གྲངས་ཉུང་བར་རྩོད་པ་སྤང་བ་ནི། གལ་ཏེ་དགེ་འདུན་གྱི་དབྱེན་བྱེད་པ་ལྟ་བུ་ལ་བསྒོ་གྱུར་གྱི་ལྟུང་བ་དྲུག་བསྐྱེད་ཅིང་ཁྱད་པར་དུ་ཡང་ལས་བརྗོད་པ་གསུམ་པ་ལ་ལྟུང་བ་གཉིས་བསྐྱེད་ན། འགལ་བ་གསུམ་སྟེ། ཚིག་གི་སྐད་ཅིག་མ་ནི་གཅིག་ཉིད་དོ་ཞེས་བཤད་པ་དང་འགལ་ཞིང༌། བམ་པོ་ལྔ་བཅུ་པ་ལས། བརྗོད་པ་གསུམ་པ་ལ་ནི་མཐའ་ལ་མི་གཏོང་བའི་དངོས་གཞི་ཁོ་ན་གསུངས་ཀྱི། བརྗོད་པ་གསུམ་པ་མ་རྫོགས་པའི་སྦོམ་པོ་མ་གསུངས་པ་དང་འགལ་ལ། བཟློག་པ་ལྔ་ལ་མི་གཏོང་ན། ལྟུང་བ་དྲུག་བསྐྱེད་ན་ཊཱི་ཀ་ལས་བཟློག་པ་ཇི་སྙེད་བྱེད་པ་ལྟུང་བ་ཡང་དེ་སྙེད་དུ་འགྱུར་རོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། ཚིག་གི་སྐད་ཅིག་མ་ནི་གཅིག་ཉིད་དོ། །ཞེས་པ་དེ་སྦྱོར་ལྟུང་གི་ཆ་ནས་བསྟན་པ་སྟེ་གསོལ་བ་དང་ལས་བརྗོད་པ་དང་པོ་དང་གཉིས་པ་ལ་རང་རང་གི་སྐབས་སུ་སྦྱོར་ལྟུང་གཅིག་བསྐྱེད་ཅིང༌། བརྗོད་པ་གསུམ་ལ་ཡང་སྦྱོར་བའི་གནས་སྐབས་སུ་སྦྱོར་ལྟུང་གཅིག་བསྐྱེད་པ་ཉིད་དོ་ཞེས་བརྗོད་དོ། །ལས་བརྗོད་པ་གསུམ་པ་མ་རྫོགས་པའི་སྦོམ་པོ་དེ་བམ་པོ་ལྔ་བཅུ་པ་ལས་མ་བཤད་ཀྱང༌། བཅོམ་ལྡན་འདས་ཀྱི་ལུང་ལས་གསུངས་པ་དེ་གཙོ་བོར་གཟུང་ངོ༌། །ཊཱི་ཀ་ལས། བཟློག་པ་ཇི་སྙེད་བྱེད་པ་ལྟུང་བ་ཡང་དེ་སྙེད་དུ་འགྱུར་རོ་ཞེས་པ་དེ་ནི། སྦྱོར་ལྟུང་གི་ཆ་ནས་བསྟན་པ་སྟེ་བཟློག་པ་ཇི་སྙེད་བྱེད་པ་སྦྱོར་བའི་ལྟུང་བ་ཡང་དེ་སྙེད་དུ་འགྱུར་ཞེས་དགོངས་སོ་ཞེས་བརྗོད་དོ། ། གཉིས་པ་གྲངས་མང་བར་སྒྲོ་འདོགས་ལ་རྩོད་པ་སྤང་བ་ནི། ཁ་ཅིག་ན་རེ་དགེ་འདུན་གྱི་དབྱེན་བྱེད་པ་ལྟ་བུ་ལ་བསྒོ་གྱུར་གྱི་ལྟུང་བ་བདུན་བསྐྱེད་དེ། ལུང་རྣམ་འབྱེད་ལས། དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །ཞེས་གསུངས་ནས། དེའི་རྗེས་སུ་བཞམས་བསྒོ་ལ་སོགས་པ་ལ་མི་གཏོང་བའི་ལྟུང་བ་དྲུག་གསུངས་པས་གྲུབ་བོ་ཞེས་ཟེར་རོ། །འོན་ཀྱང་བཞམས་བསྒོའི་སྔ་རོལ་གྱི་ཉེས་བྱས་དེ་ནི་བསྒོ་བ་ལས་གྱུར་པ་མ་ཡིན་ཏེ། བསྒོ་བ་གཏན་ནས་མ་བྱས་པའི་ཕྱིར་རོ། །ལུང་ལས་དགེ་འདུན་གྱི་དབྱེན་བྱེད་པའི་ལྟུང་བ་བདུན་གསུངས་ཀྱང་བསྒོ་བ་ལས་གྱུར་པ་དྲུག་ཉིད་དོ། །ཞེས་མཚོ་ཊཱིཀ་དེར་བཤད་པའི་གཞན་གྱི་ལུགས་དེ་འཐད་པ་འདྲ་སྟེ། ཊཱི་ཀ་ལས། བཟློག་པ་ཇི་སྙེད་བྱེད་པ་ལྟུང་བ་ཡང་དེ་སྙེད་དུ་འགྱུར་རོ། ཞེས་གསུངས་པ་དང༌། རིགས་པ་ནི། བརྗོད་པ་གསུམ་པ་ལ་ལྟུང་བ་སྔ་ཕྱི་གཉིས་བཞག་ན་བརྗོད་པ་དང་པོ་གཉིས་ལ་ལྟུང་བ་གཉིས་གཉིས་འགྱུར་བས་སོ། །རིན་ཕྲེང་ལྟར་ན་ཀུན་མཁྱེན་འཇམ་བཞད་ཀྱིས། བསྒོ་གྱུར་གྱི་ལྟུང་བའི་མཐར་ཐུག་གྱི་སྐབས་སུ་ཊཱི་ཀ་ལས། དངོས་པོ་འདི་ལྟ་བུ་ཐོང་ཞིག ཅེས་བྱ་བ་ལ་སོགས་པ་བརྗོད་པར་ཚིག་ཕལ་ཆེར་བྱས་པ་ཉིད་ཡིན་པས་དེ་ནི་འདིར་དངོས་གཞིའི་དུས་ཡིན་ནོ། །ཞེས་དང༌། རང་འགྲེལ་ལས། སྐད་ཅིག་མ་གང་ལ་བྱས་པ་ཉིད་གང་ཡིན་པ་དེ་ནི་འདིར་དངོས་གཞིའི་དུས་སུ་ཤེས་པར་བྱའོ། །ཞེས་པ་ལྟར་བརྗོད་པ་གསུམ་པའི་ཚིག་ཕལ་ཆེར་བྱས་པ་ན་འབྱུང་བར་གསུངས་པ་ནི། རྩ་བར། ཚིག་ཕལ་ཆེར་བྱས་པ་ཉིད་ན་བྱས་པ་ཉིད་དོ། །ཞེས་པ་དང་བསྟུན་ནས་གསུངས་སོ། །འོན་ཀྱང་འདུལ་བ་བདུད་རྩིའི་ཉིང་ཁུ་ཡང་མཚོ་ཊཱིཀ་དང་མཐུན་པས་དཔྱད་པར་བྱའོ། །གསོལ་བ་འགོ་བརྩམས་ནས་གསོལ་བ་མ་རྫོགས་ཀྱི་བར་དུ་ཚིག་གི་བྱ་བ་རྫོགས་པའི་སྐད་ཅིག་མ་ནི་ཚིག་གཅིག་པ་ཉིད་དེ་སྦྱོར་ལྟུང་གཅིག་བསྐྱེད་པ་ཉིད་ཡིན་གྱི། གསོལ་བའི་སྟོད་སྨད་བར་གསུམ་ལ་སྦྱོར་ལྟུང་ཐ་དད་གསུམ་བསྐྱེད་པ་ནི་མ་ཡིན་ནོ། །ཊཱི་ཀ་ལས་ཆ་ཤས་རེ་རེ་ལ་མ་ཡིན་རྩ་བ་རེ་རེ་ལ་ཡང་མིན་ནོ་ཞེས་པ་ནི་དོན་གྱི་ཆ་ཤས་རེ་རེ་ལ་ལྟོས་པའི་ལྟུང་བ་ཐ་དད་རེ་རེ་བསྐྱེད་པ་མ་ཡིན་ལ། ཚིག་གི་རྩ་བ་རེ་རེ་སྟེ་ཚིག་གི་རྐང་པ་རེ་རེ་ལ་ལྟོས་པའི་ལྟུང་བ་ཐ་དད་རེ་རེ་བསྐྱེད་པ་མ་ཡིན་ཞེས་པའོ། །དེ་བཞིན་དུ་ལས་བརྗོད་པ་དང་པོ་དང་གཉིས་པ་ལ་ཡང་རང་རང་གི་ཚིག་གི་སྐད་ཅིག་མ་ནི་གཅིག་ཉིད་དོ་ཞེས་ཀྱང་མདོ་འདིས་བསྟན་ཏོ། ། མཇུག་སྡུད་བརྗོད་པ་ལས་ལྟུང་བ་ཐ་དད་བསྐྱེད་དམ་ཞེ་ན། མཇུག་སྡུད་བརྗོད་པ་ནི་ལས་བརྗོད་པ་གསུམ་པ་ལས་ཐ་དད་པ་མ་ཡིན་ནོ། །ཊཱི་ཀ་ལས།དེ་ཡང་བཟླས་པ་ཐ་མའི་ནང་དུ་གཏོགས་པར་རིགས་སོ། །ཞེས་སོ། །འཇུག་པ་ནི་གཉིས་ཏེ། རྩོམ་པ་ལ་འཇུག་པ་དང༌། མི་གཏོང་བའི་བདག་ཉིད་ཀྱི་འཇུག་པའོ། །དང་པོ་ནི་སྦྱོར་བའི་སྦྱོར་བ་སྟེ་ཉེས་བྱས་སུ་འགྱུར་བའོ། ། གཉིས་པ་ནི་སྦྱོར་བ་ཉིད་ཡིན་ཏེ། མི་གཏོང་བའི་བདག་ཉིད་ཀྱི་འཇུག་པ་ནི་སྦྱོར་བ་ཉིད་དོ། །ཞེས་གསུངས་སོ། །དེ་ཡང་བཞམས་བསྒོ་ལ་སོགས་པས་བཟློག་ཀྱང་མི་གཏོང་བའི་བདག་ཉིད་ཀྱི་འཇུག་པ་སྟེ། དགེ་འདུན་གྱི་དབྱེན་བྱེད་པ་ལྟ་བུ་ལ་བཟློག་ཀྱང་མི་གཏོང་བར་ལུས་ངག་གིས་འཇུག་པའམ། བསམ་པས་མི་གཏོང་བར་འཇུག་པ་ནི་དགེ་འདུན་ལྷག་མའི་སྦྱོར་བ་ཉིད་ཡིན་པས། སྦྱོར་བའི་སྦོམ་པོ་བསྐྱེད་པ་ཉིད་དོ། །

གསུམ་པ་བསྒོ་གྱུར་སྦྱོར་ལྟུང་གི་དང་པོ་ངོས་བཟུང་བ།

གསུམ་པ་བསྒོ་གྱུར་སྦྱོར་ལྟུང་གི་དང་པོ་ངོས་བཟུང་བ་ནི།

བཞམས་ཏེ་བསྒོ་བ་ལ་མི་གཏོང་ན་སྦྱོར་ལྟུང་དང་པོ་བསྐྱེད་དེ། ལུང་རྩ་འགྲེལ་དང་མདོ་རྩ་འགྲེལ་ལ་སོགས་པ་གཞུང་དྲུག་གིས་གྲུབ་པ་ཡིན་ཏེ། ལུང་རྣམ་འབྱེད་ལས། བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཞེས་དང༌། ལུང་དེའི་འགྲེལ་བ་ལས། གང་ཟག་གི་ཚིག་གིས་བཞམས་ཏེ་ཕྱིར་བཟློག་པ་མི་གཏོང་ན་ཡང་ཉེས་པ་སྦོམ་པོར་འགྱུར་བ་སྟེ། གང་ཟག་གིས་བསྒོ་བ་དེ་དགེ་འདུན་གྱིས་བསྒོ་བ་ལ་འཇུག་པ་ཉིད་ཡིན་པས་སྦྱོར་བ་ཡིན་པའི་ཕྱིར་རོ། །ཞེས་དང༌། འཇུག་པ་ནི་སྦྱོར་བ་ཉིད་དོ། །ཞེས་དང༌། ཊཱི་ཀ་ལས། དགེ་འདུན་གྱི་དབྱེན་བྱ་བ་ལ་རྩོལ་བ་ལ་སོགས་པའི་འཇུག་པ་ནི་སྦྱོར་བ་ཉིད་དེ་སྦོམ་པོ་ཡིན་ནོ། །འཇུག་པ་ཞེས་བྱ་བའི་གནས་སྐབས་ཀྱི་བྱེ་བྲག་མ་བསྟན་པས་ན། བཞམས་ཏེ་བསྒོ་བ་དང༌། ཞེས་དང༌། ཊཱི་ཀ་ལས།ཐ་མ་མ་གཏོགས་པའི་མི་གཏོང་བ་ནི་སྦྱོར་བ་ཉིད་དོ། །ཞེས་དང༌། བམ་པོ་ལྔ་བཅུ་པ་དང་གཞུང་འགྲེལ་ལས། བཞམས་ཏེ་བསྒོ་བ་ན་མི་གཏོང་ན་སྦོམ་པོ། ཞེས་དང༌། འདུལ་པ་བདུད་རྩིའི་སྙིང་ཁུ་༢༣ལས། བརྗོད་པ་དང་པོ་གཉིས་པ་གསུམ་པ་མ་རྫོགས་ཙམ་གྱི་བར་རྣམ་ལ་སྦོམ་པོ་རེའོ། །ཞེས་གསུངས་སོ། །གཞུང་དེ་དག་གིས་བཞམས་ཏེ་བསྒོ་བ་ན་མི་གཏོང་ན་སྦོམ་པོ་གསུངས་པ་མི་འཐད་པར་ཐལ། མེ་ཏོག་ཕྲེང་རྒྱུད་ལས། བཞམས་ཏེ་སྒོ་བར་མི་གཏོང་ན། ། ཉེས་བྱས་ཉིད་དུ་རྣམས་པར་བཞག །ཞེས་དང༌། སོ་ཐར་ཊཱི་ཀ་ལས། བཞམས་ཏེ་བསྒོས་ཀྱང་མི་གཏོང་ན་ཉེས་བྱས་ཉིད་དུ་རྣམ་པར་བཞག ། ཞེས་དང༌། འདུལ་པ་བསྡུས་པ་ལས། བཞམས་ཏེ་བསྒོ་ན་ཉེས་བྱས་སོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། དེ་འདྲ་བ་དེ་སྦོམ་པོ་མ་ཡིན་པར་ཐལ། དེ་འདྲའི་ལྟུང་བ་ལ་དངོས་གཞིའི་བརྗོད་པ་དང་པོ་སོགས་ཡན་ལག་དུ་མ་མ་ཚང་བ་ཡིན་པའི་ཕྱིར།ཁྱབ་སྟེ། རྩ་བར། དུ་མ་མ་ཚང་བ་ནི་དེ་བས་ཀྱང་ངོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་ཞུའོ། །བཞི་པ་བསྒོ་གྱུར་དངོས་གཞི་སྐྱེ་དུས་ངོས་གཟུང་བ་ནི། དེའི་མཐའ་ལ་མི་གཏོང་ནའོ། །ཞེས་བྱུང༌། འདིའི་དོན་ནི། གང་གི་ཚེ་ན་དབྱེན་བྱེད་པ་ལ་སོགས་པའི་ལྟུང་བ་དངོས་གཞི་རྫོགས་པར་འགྱུར་ཞེ་ན། བསྒོ་བའི་ལས་བརྗོད་པ་གསུམ་པ་དངོས་ཉིད་རྫོགས་པ་དེའི་མཐའ་ལ་མི་གཏོང་ན་དགེ་འདུན་ལྷག་མར་འགྱུར་བའོ། །སྐབས་འདིར་གཞུང་རྣམས་ཀྱི་བཤད་ལུགས་གསུམ་ལས་དང་པོ་ནི། ཊཱི་ཀ་ལས། སྐད་ཅིག་མ་གང་ལ་ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་དངོས་པོ་འདི་ལྟ་བུ་ཐོང་ཞིག་ཅེས་བྱ་བ་ལ་སོགས་པ་བརྗོད་པ་ནི་ཚིག་ཕལ་ཆེར་བྱས་པ་ཉིད་ཡིན་པས་དེ་ནི་འདིར་དངོས་གཞིའི་དུས་ཡིན། ཞེས་གསུངས་སོ། །རང་གི་རྣམ་བཤད་ལས་ཀྱང༌། སྐད་ཅིག་མ་གང་ལ་ཕལ་ཆེར་བྱས་པ་ཉིད་གང་ཡིན་པ་དེ་ནི་འདིར་དངོས་གཞིའི་དུས་ཤེས་པར་བྱའོ། །ཞེས་གསུངས་ཏེ་ཕལ་ཆེར་བྱས་པ་ཉིད་ནི་བྱས་པ་ཉིད་དོ་ཞེས་པ་དང་མཐུན་པའོ། །དེ་ལྟར་ན་ལས་བརྗོད་པ་གསུམ་པ་ཕལ་ཆེར་བྱས་པ་དེའི་མཐའ་ལ་མི་གཏོང་ནའོ། ཞེས་བརྗོད་དོ། །བཤད་ལུགས་གཉིས་པ་ནི། ལུང་རྣམ་འབྱེད་ལས། བརྗོད་པ་གསུམ་པ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྫོགས་པར་བརྗོད་ན་དགེ་འདུན་ལྷག་མར་འགྱུར་རོ། །ཞེས་གསུངས་ལ། ཊཱི་ཀ་ལས་ཀྱང་ལས་བརྗོད་པ་གསུམ་པ་རྫོགས་པར་བརྗོད་པ་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ་ཞེས་ལུང་དྲངས་སོ། །དེ་ལྟར་ན་ལས་བརྗོད་པ་གསུམ་པ་དངོས་ཉིད་རྫོགས་པ་དེའི་མཐའ་ལ་མི་གཏོང་ནའོ་ཞེས་ལུང་གི་རྗེས་སུ་འབྲངས་ཏེ་བརྗོད་ཅེས་མཚོ་ཊཱིཀ་ལས་གསུངས་སོ། །བཤད་ལུགས་གསུམ་པ་ནི། བམ་པོ་ལྔ་བཅུ་པ་ལས་ནི་ལས་བརྗོད་པ་གསུམ་པ་མཇུག་སྡུད་དང་བཅས་པ་རྫོགས་པའི་མཐར་དགེ་འདུན་ལྷག་མ་ཞེས་བཤད་དེ། མཇུག་སྡུད་པ་ནི་མ་ཡིན་ནོ་ཞེས་བཤད་པ་དང༌། ཊཱི་ཀ་ལས། དེ་ཡང་བཟླས་པ་ཐ་མའི་ནང་དུ་གཏོགས་པར་རིགས་སོ། །ཞེས་བཤད་པས། མཇུག་སྡུད་བརྗོད་པའི་མཐའ་ནི་བརྗོད་པ་གསུམ་པའི་མཐའ་ཡིན་པའི་ཕྱིར་ན། ལས་བརྗོད་པ་གསུམ་པའི་མཇུག་སྡུད་བརྗོད་པ་རྫོགས་པ་དེའི་མཐར་མི་གཏོང་ནའོ་ཞེས་ཀྱང་འཆད་དོ། །དེ་ལྟར་བཤད་ལུགས་གསུམ་ལས། ལུང་གི་རྗེས་སུ་འབྲངས་ཤིང་བསྟན་བཅོས་དེ་དག་གི་དགོངས་པ་བཙལ། ཞེས་དང༌། ཡང་ན་མཛོད་འགྲེལ་ལས། བསྟན་བཅོས་དང་འགལ་བ་ནི་སླའི། མདོ་དང་འགལ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །ཞེས་གོང་དུ་བཤད་པ་དུ་མ་མཚོ་ཊཱིཀ་གི་གསུངས་པའི་ཚིག་ཟིན་ལྟར་བཀོད་པ་ཡིན་པར་ཤེས་དགོས་སོ། །བསྒོ་གྱུར་རྣམས་ཀྱི་ཐུན་མོང་གི་ཆོས་བཤད་ཟིན་ཏོ། །

གཉིས་པ་བསྒོ་གྱུར་བཞི་སོ་སོར་བསྟན་པ་ལ་བཞི་ལས། དང་པོ་དགེ་འདུན་གྱི་དབྱེན་བྱེད་པའི་ལྷག་མ།

གཉིས་པ་བསྒོ་གྱུར་བཞི་སོ་སོར་བསྟན་པ་ལ་བཞི་ལས། དང་པོ་དགེ་འདུན་གྱི་དབྱེན་བྱེད་པའི་ལྷག་མ་ནི།

རྩ་བར། བརྟུལ་བར་བྱེད་པ་ཉིད་དོ། །དབྱེན་ལའོ། །དགེ་འདུན་གྱིའོ། །ཞེས་བྱུང༌། །འདིའི་དོན་བཤད་པ་ལ་བཞི་ལས། དང་པོ་གླེང་གཞི་ནི་ཡུལ་རྒྱལ་པོའི་ཁབ་ཏུ་གང་ཟག་ལྷས་བྱིན་གྱིས་ཉོན་མོངས་པ་རྙེད་པ་དང་བཀུར་སྟི་འདོད་པས་ཉེས་པ་དགེ་འདུན་འབྱེད་པ་ལས་དགེ་འདུན་ལྷག་མར་བཅས་སོ། །གཉིས་པ་དགག་བྱ་ནི་རང་རིགས་ཀྱི་དགེ་འདུན་ལ་གནོད་པ་སྟེ། ཆོས་མ་ཡིན་པ་ལ་སྦྱོར་བ་དང༌། དགེ་འདུན་གྱིས་བཟློག་ཀྱང་མི་གཏོང་བ་ཡན་ལག་ཏུ་དགོས་པས་ཤེས་སོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་ཆོས་ལས་ཆོས་མ་ཡིན་པའི་ཕྱོགས་སུ་འབྱེད་པར་བྱེད་པ་ལ་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་གཉིས་ཏེ། ཡན་ལག་བརྩི་བ་དངོས་དང༌། སྐབས་ཀྱི་དོན་བྱེ་བྲག་ཏུ་གཏན་ལ་དབབ་པའོ། །དང་པོ་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། སྦྱོར་བ་བརྩམ་པར་བྱ་བའི་གཞི་དང༌། རྫོགས་པར་བྱེད་པའི་རྐྱེན་ནོ། །དང་པོ་ལ་ལྔ་ལས། གང་དུ་དབྱེ་བའི་གནས་དང༌། གང་དག་དབྱེ་བའི་ཡུལ་དང༌། གང་གི་ཚེ་འབྱེད་པའི་དུས་དང༌། གང་ལ་དབྱེ་བའི་དོན་དང༌། དམིགས་བསལ་གང་གིས་འབྱེད་པའི་རྟེན་དང་ལྔ་ལས། དང་པོ་གང་དུ་དབྱེ་བའི་གནས་ནི། ཛམྦུའི་གླིང་ཡིན་པ་དང༌། མཚམས་གཅིག་གི་ནང་ཡིན་པ་དང༌། སྟོན་པ་མངོན་སུམ་དུ་བཞུགས་པ་ལས་གཞན་ཡིན་པ་སྟེ། མཛོད་ལས། ཛམྦུའི་གླིང་ནའོ། །ཞེས་དང༌། །མཚམས་མ་བཅད་པ་དག་ཏུ་ཡང༌། །འཁོར་ལོའི་དབྱེན་ནི་མི་འབྱུང་ངོ། །ཞེས་དང༌། གཞན་དུ་ཞེས་སོ། ། རིགས་པས་ཀྱང་གླིང་གཞན་ན་འགྲན་ཟླ་སྟོན་པ་མེད་པའི་ཕྱིར་དང༌། མཚམས་ཐ་དད་ཡིན་ན་མཚམས་ཀྱི་སྒོ་ནས་རྟག་ཏུ་ཕྱེ་ཟིན་པའི་ཕྱིར་དང༌།སྟོན་པ་མངོན་སུམ་དུ་བཞུགས་པ་ཉིད་དུ་ནི་སྟོན་པའི་གཟི་བརྗིད་ཀྱིས་དགེ་འདུན་ཕྱེ་བ་མི་སྲིད་པའི་ཕྱིར་རོ། ། གཉིས་པ་གང་དག་དབྱེ་བའི་ཡུལ་ནི། སོ་སོའི་སྐྱེ་བོའི་དགེ་འདུན་ཡིན་པ་དང༌། ཕར་བཞི་ཚུར་བཞི་སྟེ་བརྒྱད་ཡན་ཆད་ཀྱི་གྲངས་ཚང་བ་དང༌། ལས་ཀྱི་ཁ་སྐོང་བར་འོས་པ་སྟེ། མཛོད་ལས། བྱིས་པ་རྣམས། ཞེས་དང༌། ཛམྦུའི་གླིང་ནའོ་དགུ་སོགས་ཀྱི། །ཞེས་དབྱེན་བྱེད་པ་པོ་དང་དགུར་གསུངས་པས། དབྱེན་བྱ་བའི་ཡུལ་བརྒྱད་ཡིན་པར་བསྟན་པ་དང༌། དབྱེན་རྗེས་སུ་སྒྲུབ་པ་ནི་གསོལ་བ་དང་འདྲའོ། །ཞེས་གསུངས་སོ། །རིགས་པས་ཀྱང་འཕགས་པ་ཡིན་ན་ཆོས་མ་ཡིན་པ་ལ་ཆོས་ཡིན་སྙམ་དུ་ལྟ་བ་ཕྱིན་ཅི་ལོག་མི་སྐྱེ་བའི་ཕྱིར་དང༌། བརྒྱད་མ་ཚང་ན་ཕན་ཚུན་གཉིས་ཀ་དགེ་འདུན་དུ་ལོངས་པ་མི་ཚང་བའི་ཕྱིར་དང༌། ལས་ཀྱི་ཁ་སྐོང་བར་མི་འོས་ན་ལས་མི་འཆགས་པ་བཞིན་དུ་དགེ་འདུན་གྱི་དབྱེན་མི་འཆགས་པའི་ཕྱིར་རོ། །

གསུམ་པ་གང་གི་ཚེ་འབྱེད་པ།

གསུམ་པ་གང་གི་ཚེ་འབྱེད་པའི་དུས་ནི།

བསྟན་པ་ལ་སྐྱོན་བྱུང་བའི་དུས་ཡིན་པ་དང༌།མཆོག་ཟུང་གཅིག་བསྐོས་པའི་དུས་ཡིན་པ་དང༌། སྟོན་པ་མྱ་ངན་ལས་འདའ་ཁའམ་འདས་ཟིན་མ་ཡིན་པ་སྟེ། མཛོད་ལས། དང་པོ་མཐའ་སྐྱོན་ཟུང་གཅིག་གི །སྔ་རོལ་ཐུབ་པ་ནོངས་པ་དང༌། །ཞེས་སོ། །རིགས་པས་ཀྱང༌། བསྟན་པ་ལ་སྐྱོན་བྱུང་བའི་སྔ་རོལ་ཏུ་དགེ་འདུན་ཕྱེ་བ་མི་སྲིད་པའི་ཕྱིར་དང༌། མཛོད་འགྲེལ་ལས། ཉན་ཐོས་མཆོག་ཟུང་གཅིག་དེས་ཕྱིར་སྡུམ་པར་བྱེད་པའི་ཕྱིར་དང༌། སྟོན་པ་མྱ་ངན་ལས་འདའ་ཀའི་ཚེ་ན་དགེ་འདུན་ཤ་གཅིག་པ་ཉིད་ཡིན་པའི་ཕྱིར་དང་སྟོན་པ་ཡོངས་སུ་མྱ་ངན་ལས་འདས་ན་འགྲན་ཟླ་སྟོན་པ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །བཞི་པ་གང་ལ་དབྱེ་བའི་དོན་ནི། ཆོས་ལས་ཆོས་མ་ཡིན་པའི་ཕྱོགས་སུ་སྟེ། ཆོས་མ་ཡིན་པ་ལས་ཆོས་ཀྱི་ཕྱོགས་སུ་བསྡུམས་ན་ནི། ལུང་གཞི་ལས། དགེ་འདུན་བྱ་བ་སླར་སྡོམ་བྱེད་ན་བསོད་ནམས་མང་པོ་ཚད་མེད་ཅིང་གྲངས་མེད་པ་བསྐྱེད་པར་འགྱུར་རོ། །ཞེས་གསུངས་སོ། །ལྔ་བ་དམིགས་བསལ་གང་གིས་འབྱེད་པའི་རྟེན་ནི། དགེ་སློང་གི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་སྟེ། ལུང་ཞུ་བའི་དབྱེན་བྱེད་པའི་ལྷག་མའི་སྐབས་ལས། དགེ་སློང་ལ་ཇི་ལྟ་བ་བཞིན་དུ་བསླབ་པ་བྱིན་པ་དང་དགེ་སློང་མ་རྣམས་ལ་ཡང་དགེ་འདུན་ལྷག་མར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་རྫོགས་པའི་རྐྱེན་ནི་བཞམས་བསྒོ་ལ་སོགས་པ་བཟློག་པ་རྣམ་པ་ལྔའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་འདུ་ཤེས་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བ་དང༌། ཀུན་སློང་ནི་དགེ་འདུན་རྣམས་ཆོས་ལས་ཆོས་མིན་ཕྱོགས་སུ་འབྱེད་པར་འདོད་པ་དང་བཟློག་ཀྱང་མི་གཏོང་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི།ངག་གིས་དགེ་འདུན་ཆོས་མིན་ཕྱོགས་སུ་འབྱེད་པར་ཞུགས་ཤིང་བཟློག་ཀྱང་མི་གཏོང་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ལས་བརྗོད་པ་གསུམ་པ་དངོས་ཉིད་རྫོགས་པ་དེའི་མཐའ་ལ་མི་གཏོང་ནའོ། ། གཉིས་པ་སྐབས་ཀྱི་དོན་བྱེ་བྲག་ཏུ་གཏན་ལ་དབབ་པ་ནི། དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་ནི་སངས་རྒྱས་ཞལ་བཞུགས་དུས་ཡིན་པ་ཡན་ལག་ཏུ་དགོས་ཏེ། བམ་པོ་ལྔ་བཅུ་པ་ལས།འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྟོན་པ་བཞུགས་པ་དང༌། དགེ་འདུན་དུ་ལོངས་པ་དང༌། དགེ་འདུན་གྱི་དབྱེན་ལ་བརྟུལ་བར་བྱེད་པ་ཉིད་དང༌། ཆོས་དང་མཐུན་པས་བཟློག་པ་དང༌། ལས་བརྗོད་པ་གསུམ་པའི་མཐར་མི་གཏོང་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པ་ན་སྨད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཁ་ཅིག་ན་རེ་དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་འབྱེད་པ་པོ་ལས་ཀྱི་ཁ་སྐོང་བར་འོས་པ་ཡན་ལག་ཏུ་དགོས་ཏེ། དབྱེན་ལ་ཡང་འོས་པ་མ་ཡིན་པས། ཞེས་དང༌། དབྱེན་རྗེས་སུ་བསྒྲུབ་པ་ནི་གསོལ་བ་དང་འདྲའོ། །ཞེས་གསུངས་པས་སོ་ཞེས་ཟེར་རོ། །འོན་ཀྱང་འབྱེད་པ་པོ་ལས་ཀྱི་ཁ་སྐོང་བར་འོས་པ་ཡན་ལག་ཏུ་དགོས་པའི་གཞུང་དེ་དག་ནི། དབྱེན་འཆགས་པའི་ཡན་ལག་དང་དེའི་མཚམས་མེད་བསྐྱེད་པའི་ཡན་ལག་བསྟན་པ་ཡིན་གྱི། དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་ནི་འབྱེད་པ་པོ་ལས་ཀྱི་ཁ་བསྐོང་བར་འོས་པ་ཡན་ལག་ཏུ་མི་དགོས་ཏེ། ལུང་ལས་བསླབ་པ་བྱིན་པ་ལ་དགེ་འདུན་གྱི་དབྱེན་བྱེད་པའི་ལྷག་མ་བསྐྱེད་པར་གསུངས་པ་དང༌། སྤྱིར་བསྟན་པའི་ཊཱི་ཀ་ལས། བསླབ་པ་བྱིན་པ་ནི་ཐམས་ཅད་དུ་ལྟུང་བ་ལ་སྦྱོར་བ་དགེ་སློང་འདྲ་བ་ཉིད་དུ་རིག་པར་བྱ། ཞེས་གསུངས་ལ།འདིའི་དམིགས་བསལ་དུ་འཇོག་པའི་རྒྱུ་མ་དམིགས་པའི་ཕྱིར་རོ། །དགེ་འདུན་གྱི་དབྱེན་དང༌།དབྱེན་བྱས་པའི་མཚམས་མེད་དང༌། དབྱེན་བྱེད་པའི་ལྷག་མ་དང་གསུམ་པོ་ངོ་བོ་ཐ་དད་ཅིང་ཡན་ལག་ཐ་དད་དེ། ངོ་བོ་ལྡན་པ་དང་པོ་དགེ་སློང་མ། །བྱེད་པར་གྱུར་དང་བཟློག་དང་མཐར་ཐུག་པ། །འབྱེད་པ་པོ་སྟེ་ཁྱད་པར་བརྒྱད་ཀྱིས་ན། །དབྱེན་དང་མཚམས་མེད་ལྷག་མའི་ཁྱད་པར་རོ། །ཞེས་སྨྲས་ཏེ། ངོ་བོའི་ཁྱད་པར་ནི། དགེ་འདུན་གྱི་དབྱེན་མི་འཕྲོད་པ་ལྡན་མིན་འདུ་བྱེད་ངོ་བོ་ལུང་མ་བསྟན་ཡིན་ལ། དབྱེན་བྱས་པའི་མཚམས་མེད་ནི་དགེ་འདུན་ཕྱེས་པ་ལས་གྱུར་པའི་སྡིག་པ་སྟེ། ཚེ་ཕྱི་མ་མནར་མེད་དུ་སྐྱེ་བའི་ལས་ཀྱི་དངོས་གཞི་ཡིན་ནོ། །དབྱེན་བྱེད་པའི་ལྷག་མ་ནི། སྐབས་འདིའི་བཅས་པ་ལས་འདས་པའི་ལྟུང་བའི་དངོས་གཞི་སྟེ་དགེ་འདུན་ཕྱེད་པ་ལ་མི་ལྟོས་སོ། །ལྡན་པའི་ཁྱད་པར་ནི། དགེ་འདུན་གྱི་དབྱེན་ནི་དགེ་འདུན་ལ་ལྡན་ཞིང༌།དབྱེན་བྱས་པའི་མཚམས་མེད་དང་དབྱེན་བྱེད་པའི་ལྷག་མ་ནི་བྱེད་པ་པོ་ལ་ལྡན་པའོ། །ལས་དང་པོ་པ་ལ་འབྱུང་མི་འབྱུང་གི་ཁྱད་པར་ནི། ལས་དང་པོ་པ་ལྷས་བྱིན་གྱིས་དགེ་འདུན་ཕྱེ་བ་ལས་དབྱེན་དང་དེའི་མཚམས་མེད་འབྱུང་ལ། དབྱེན་བྱེད་པའི་དགེ་འདུན་ལྷག་མ་ནི་མི་འབྱུང་སྟེ། ལས་དང་པོ་པ་ལ་ལྟུང་བ་མི་འབྱུང་བའི་ཕྱིར་རོ། །དགེ་སློང་མ་ལ་འབྱུང་མི་འབྱུང་གི་ཁྱད་པར་ནི།དགེ་སློང་མ་ལ་དབྱེན་བྱེད་པའི་ལྷག་མ་དང་ལས་ཀྱི་དབྱེན་འབྱུང་ཡང་འཁོར་ལོའི་དབྱེན་དང་དབྱེན་བྱས་པའི་མཚམས་མེད་ནི་མི་འབྱུང་སྟེ། དེ་གཉིས་ལ་འབྱེད་པ་པོ་དགེ་སློང་ཡིན་པ་ཡན་ལག་ཏུ་དགོས་པ་ལས་དེ་མ་ཚང་བའི་ཕྱིར་རོ། །མཛོད་འགྲེལ་ལས། དགེ་སློང་གིས་འབྱེད་ཀྱི་དགེ་སློང་མ་ལ་སོགས་པས་ཀྱང་མ་ཡིན་ནོ། །ཞེས་གསུངས་ལ། མཛོད་ཀྱི་འགྲེལ་བཤད་ལས། སངས་རྒྱས་ནི་དགེ་སློང་ཡིན་པའི་ཕྱིར་ལ། འབྱེད་པ་པོ་ཡང་དེ་ལ་སྔོ་བ་ཡིན་པའི་ཕྱིར་རོ། །ཞེས་སོ། །འོན་ཀྱང་དགེ་སློང་མ་ལ་དགེ་འདུན་དབྱེན་གྱི་མཚམས་མེད་ལྡན་པ་སྲིད་དེ། དགེ་འདུན་དབྱེན་གྱི་མཚམས་མེད་བྱས་པའི་དགེ་སློང་དགེ་སློང་མར་འགྱུར་ནའོ། །དེ་ཡང་མཚན་གྱུར་པས་མཚམས་མེད་ཀྱི་སྡིག་པ་མི་འདག་པས་དགེ་སློང་མ་ལ་ཡང་དགེ་འདུན་དབྱེན་གྱི་མཚམས་མེད་ཀྱི་རྒྱུན་འབྱུང་བ་སྲིད་པ་ཁོ་ནའོ། །དགེ་འདུན་ཕྱེད་པ་ཡན་ལག་ཏུ་དགོས་མི་དགོས་དང༌། བཟློག་པ་ཡན་ལག་ཏུ་དགོས་མི་དགོས་ཀྱི་ཁྱད་པར་ནི་དགེ་འདུན་གྱི་དབྱེན་བྱས་པའི་མཚམས་མེད་པ་ལ་ནི་དགེ་འདུན་ཕྱོགས་གཉིས་སུ་ཕྱེད་པ་ཡན་ལག་ཏུ་དགོས་ལ། བཟློག་པ་ཡན་ལག་ཏུ་མི་དགོས་སོ། །དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་ནི་བཟློག་པ་ཡན་ལག་ཏུ་དགོས་ལ་དགེ་འདུན་ཕྱེད་པ་ཡན་ལག་ཏུ་མི་དགོས་པས་སོ། །དགེ་འདུན་ཕྱེད་ཟིན་ན་ནི་དེ་ལས་བཟློག་པ་མི་བྱ་སྟེ། བྱས་ཀྱང་དོན་མེད་པའི་ཕྱིར་རོ། །དཔེར་ན་ནད་པ་ཤི་ཟིན་ན་སྨན་མི་གཏོང་བ་བཞིན་ནོ། །དེས་ན་དགེ་འདུན་ཕྱེད་ཟིན་ན་དེ་ལ་བཟློག་པ་མི་བྱེད་པར་དབྱེན་སྡུམ་པར་བྱེད་པ་སྟེ། ལུང་ལས་མཆོག་ཟུང་གཅིག་གིས་དབྱེན་བསྡུམས་པ་བཞིན་ནོ། །མཐར་ཐུག་གི་ཁྱད་པར་ནི། དབྱེན་དང་དེའི་མཚམས་མེད་པའི་མཐར་ཐུག་ནི་དགེ་འདུན་ཕྱེད་པར་གྱུར་པ་ཡིན་ལ་དབྱེན་བྱེད་པའི་ལྷག་མ་བསྐྱེད་པའི་མཐར་ཐུག་ནི་དགེ་འདུན་ཕྱེད་པ་ལ་མི་ལྟོས་ཀྱི། དགེ་འདུན་འབྱེད་པར་བྱེད་པ་ན། བསྒོ་བའི་ལས་བརྗོད་པ་གསུམ་པ་དེའི་མཐའ་ལ་མི་གཏོང་ནའོ། །འབྱེད་པ་པོའི་ཁྱད་པར་ནི་དབྱེན་དང་དེའི་མཚམས་མེད་བསྐྱེད་པ་ལ་འབྱེད་པ་པོ་ལས་ཀྱི་ཁ་སྐོང་བར་འོས་པ་ཡན་ལག་ཏུ་དགོས་ལ་དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་དེ་ལྟར་མ་ཡིན་ཏེ། སྔར་བཤད་ཟིན་ཏོ། །འཁོར་ལོའི་དབྱེན་དང་དབྱེན་བྱས་པའི་མཚམས་མེད་གཉིས་ནི་རྒྱུ་ཚོགས་པ་ཚར་གཅིག་ལས་སྐྱེས་པ་ཏེ། གཟུགས་དང་དེའི་རོ་བཞིན་ནོ། །ལས་ཀྱི་དབྱེན་བྱས་པ་ནི་མཚམས་མེད་དུ་མི་འགྱུར་ཏེ། ལྟུང་བ་སྦོམ་པོ་ཙམ་དུ་ཟད་དོ། །ཅུང་ཟད་དཔྱད་ན་དགེ་འདུན་མ་ཕྱེ་གོང་དུ་མཚན་མེད་ཀྱི་ལས་གྲུབ་དགོས་པར་ཐལ། རྩ་བར།དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལྡན་པ་མ་ཡིན་ཆོས། །ཉོན་མོངས་ཅན་མིན་ལུང་བསྟན་མིན། །དེ་དང་དགེ་འདུན་ཡང་དག་ལྡན། །དེ་ཡི་ཁ་ན་མ་ཐོ་རྫུན། །དེ་དང་འབྱེད་པོ་ཡང་དག་ལྡན། །ཞེས་དང༌། མཆིམས་མཛོད་༤༣༨ལས། དགེ་འདུན་གྱི་དབྱེན་དེའི་རྒྱུ་ཁ་ན་མ་ཐོ་བའི་ལས་ནི་དགེ་འདུན་འབྱེད་པར་བྱེད་པའི་རྫུན་ཏེ། དེ་ལྟ་བུའི་རྫུན་དེ་ནི་མཚམས་མེད་ཡིན་ལ།དེ་དང་ནི་དགེ་འདུན་འབྱེད་པར་བྱེད་པ་པོ་ལྷས་སྦྱིན་ལ་སོགས་པ་ཡང་དག་པར་ལྡན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དབྱེན་གྱི་མཚམས་མེད་ཀྱི་ལས་དེ་དགེ་འདུན་ཕྱོགས་སོ་སོར་དབྱེ་ཟིན་པའི་དུས་སུ་གྲུབ་དགོས་པའི་ཕྱིར་ཏེ། འདུལ་བ་མཚོ་ཊཱིཀ༡༤ལས། མཐར་ཐུག་གི་ཁྱད་པར་ནི། དབྱེན་དང་དེའི་མཚམས་མེད་པའི་མཐར་ཐུག་ནི་དགེ་འདུན་ཕྱེ་པར་གྱུར་བ་ཡིན་ལ།ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། དགེ་འདུན་དབྱེན་གྱི་ལྷག་མ་མེད་པར་ཐལ། ལྷས་སྦྱིན་ནི་བཅས་པའི་ལས་དང་པོ་པ་ཡིན་པས་དགེ་འདུན་དབྱེན་གྱི་ལྷག་མ་མ་བྱུང་ལ་དེ་ལས་གཞན་དགེ་འདུན་གྱི་ལྷག་མ་འབྱུང་བའི་མཚན་གཞི་མི་རྙེད་པའི་ཕྱིར་ཏེ། མཚོ་ཊཱིཀ་༤༡༣ལས། དབྱེན་བྱེད་པའི་ལྷག་མ་ནི་མི་འབྱུང་སྟེ། ལས་དང་པོ་ལ་ལྟུང་བ་མི་འབྱུང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེས་ན་མཆིམས་མཛོད་༤༣༩ལས། འདི་ཉུང་མཐའ་བཟུང་བ་ཡིན་གྱི་མང་བ་ལ་ངེས་པ་མེད་དོ། །ཞེས་དང༌། མཆིམས་མཛོད་༤༤༡ལས། དབྱེན་འདི་ཡང་ཉན་ཐོས་པ་དག་སྔོན་གྱི་ལས་ལ་རག་ལས་པའི་ཕྱིར་སངས་རྒྱས་ཐམས་ཅད་ལ་འབྱུང་བ་ནི་མ་ཡིན་ཏེ། སངས་རྒྱས་ཤཱཀྱ་ཐུབ་པས་ནི་སྔོན་བྱང་ཆུབ་སེམས་དཔར་གྱུར་བ་ན་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་ཞིག་གི་འཁོར་ཕྱེ་བས་དེའི་རྣམ་པར་སྨིན་པ་ཕྱི་མ་ཡིན་ནོ། །ཞེས་འཆད་དེ་འདི་ནི་དགོངས་པའི་དོན་དུ་ཐེག་པ་གོང་མ་བས་བཞེད་དོ། །ཞེས་གསུངས་པ་དང༌། བམ་པོ་ལྔ་བཅུ་པ་ལས། ༼དབྱེན་བྱེད་པའི་ལྷག་མ།༽ འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྟོན་པ་བཞུགས་པ་དང༌། དགེ་འདུན་དུ་ལོངས་པ་དང༌། དགེ་འདུན་གྱི་དབྱེན་ལ་བརྟུལ་བར་བྱེད་པ་ཉིད་དང༌།ཆོས་དང་མཐུན་པས་བཟློག་པ་དང༌། ལས་བརྗོད་པ་གསུམ་པའི་མཐར་མི་གཏོང་བའོ། །ཞེས་གསུངས་པའི་དགོངས་པ་འཚོལ་དགོས་སོ། །ལྷས་སྦྱིན་གྱི་བརྟུལ་ཞུགས་ལྔ་ནི། བམ་ལྔ་ལས།ཤ་མི་ཟ་བ་དང༌། འོ་མ་མི་འཐུང་བ་དང༌། ལན་ཚྭ་མི་ཟ་བ་དང༌། གོས་དྲས་པ་མི་གྱོན་པ་དང༌།གྲོང་དུ་གནས་པ་ཡང་དག་པར་ལེན་པའོ། །ཞེས་གསུངས་པས་སོ། །

གཉིས་པ་རྗེས་སུ་ཕྱོགས་པའི་ལྷག་མ་འཆད།

གཉིས་པ་རྗེས་སུ་ཕྱོགས་པའི་ལྷག་མ་འཆད་ལ།

རྩ་བར། དེའི་གྲོགས་ཉིད་རྗེས་སུ་སྒྲུབ་པར་བྱེད་པས་སོ། །ཞེས་བྱུང༌། འདིའི་དོན་བཤད་པ་ལ་བཞི་ལས། དང་པོ་གླེང་གཞི་ནི།ཡུལ་རྒྱལ་པོའི་ཁབ་ཏུ་གང་ཟག་ལྷས་བྱིན་གྱི་ནང་འཁོར་དགེ་སློང་ཀོ་ཀ་ལི་ཀ་དང༌། ཁ་ན་འདྲ་དྲབ་བྱ་དང༌། ཀ་ཏ་མོ་རག་ཀ་རི་བྱི་དང༌། རྒྱ་མཚོ་བྱིན་བཞིས་ལྷས་བྱིན་དགེ་འདུན་གྱི་དབྱེན་བྱེད་པའི་གྲོགས་བྱས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །གཉིས་པ་དགག་བྱ་ནི་སྔ་མ་དང་འདྲའོ། །གསུམ་པ་ངོ་བོ་ནི་དགེ་སློང་ཕ་རོལ་པོ་དེ་དབྱེན་བྱེད་པའི་ལྷག་མ་འབྱུང་རུང་ངམ་ཕྱེད་ན་མཚམས་མེད་འབྱུང་རུང་གི་དབྱེན་བྱེད་པ་ན་བཅས་ལྡན་དགེ་སློང་གིས་དེའི་གྲོགས་བྱེད་ཅིང་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་གཉིས་ཏེ། སྦྱོར་བ་བརྩམ་པར་བྱ་བའི་གཞི་དང༌། རྫོགས་པར་བྱེད་པའི་རྐྱེན་ནོ། །དང་པོ་ལ་བདུན་ཏེ། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། དགེ་སློང་ཕ་རོལ་པོ་དེ་དབྱེན་བྱེད་པའི་ལྷག་མ་འབྱུང་རུང་ངམ་ཕྱེད་ན་མཚམས་མེད་འབྱུང་རུང་གི་དབྱེན་བྱེད་པ་ལ་ཞུགས་པ་སྟེ་དགེ་འདུན་གྱི་དབྱེན་བྱེད་པ་དེའི་གྲོགས་ཉིད་ཅེས་པས་སོ། །དགེ་སློང་ཆོས་དྲུག་ལྡན་གྱི་དམིགས་བསལ་ནི་དགེ་སློང་བསླབ་པ་བྱིན་པས་དབྱེན་བྱེད་ནའོ། །རྫོགས་པར་བྱེད་པའི་རྐྱེན་ནི་བཞམས་བསྒོ་ལ་སོགས་པ་བཟློག་པ་ལྔའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་མ་འཁྲུལ་བ་སྟེ། དེའི་དོན་ནི་སྔར་བཤད་ཟིན་ཏོ། །ཀུན་སློང་ནི་དབྱེན་བྱེད་པ་དེའི་གྲོགས་བྱེད་པའི་ཚིག་སྨྲ་བར་འདོད་པ་དང༌། བཟློག་ཀྱང་མི་གཏོང་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི། དགེ་འདུན་གྱི་དབྱེན་བྱེད་པ་དེའི་གྲོགས་བྱེད་པའི་ཚིག་སྨྲ་ཞིང་བཟློག་ཀྱང་མི་གཏོང་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་སྔ་མ་དང་འདྲའོ། །

གསུམ་པ་ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མ་འཆད་པ།

གསུམ་པ་ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མ་འཆད་པ་ལ།

རྩ་བར།རང་སྐྲོད་པར་བྱེད་པའི་དགེ་འདུན་ལ་ལོག་པའི་བསམ་པས་དེ་དེ་ལ་དེ་ལྟར་ཞུགས་སོ་ཞེས་རྫུན་དུ་སྨྲ་བ་ཉིད་དོ། །ཞེས་བྱུང༌། འདིའི་དོན་འཆད་པ་ལ་བཞི་ལས། དང་པོ་གླེང་གཞི་ནི་ཡུལ་མཉན་ཡོད་དུ་གང་ཟག་ནབ་སོ་དང་འགྲོ་མགྱོགས་ཀྱིས་ཉོན་མོངས་པ་ར༷ང་སྐྲོ༷ད་བྱེ༷ད་པ༷འི་དགེ༷་འདུ༷ན་ལ༷་ལོག་པའི་བསམ་པས་ཉེས་པ་ཁྱིམ་སུན་ཕྱུང་སྟེ་དགེ་འདུན་གྱིས་བསྐྲད་པ་ན་དགེ་འདུན་ལ་སྐུར་པ་འདེབས་པ་དེ་བཟློག་ཀྱང་མི་གཏོང་བ་ལས་དགེ་འདུན་ལྷག་མར་བཅས་སོ། །

གཉིས་པ་དགག་བྱ་ནི།

ཁྱིམ་པའི་སྡིག་རྐྱེན་བྱས་པས་ཁྱིམ་པ་ལ་གནོད་པ་དང་དགེ་འདུན་ལ་སྐུར་པ་བཏབ་པས་དགེ་འདུན་གྱི་ཐུགས་བདེ་བ་ལ་གནོད་ཅིང༌། ངག་གི་སྡིག་པ་ཆེན་པོ་འཐོབ་པའོ། །གཉིས་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་ཁྱིམ་སུན་ཕྱུང་སྟེ་དགེ་འདུན་གྱིས་བསྐྲད་པ་ན་དགེ་འདུན་ལ་སྐུར་པ་འདེབས་པ་དེ་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མ་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །དགེ་འདུན་རྣམས་ཀྱི་ལོ༷ག་པ༷འི་བས༷མ་པ་སྟེ་འདུན་པ་དང་ཞེ་སྡང་དང་གཏི་མུག་དང་འཇིགས་པས་འགྲོ་བའི་བསམ་པ༷ས་སོ། །དགེ་འདུན་དེ༷་རང་སྐྲོད་པའི་ལས་དེ༷་ལ༷་ལོག་པ་དེ༷་ལྟར་ཞུ༷གས་སོ༷། །གསུམ་པ་ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། སྦྱོར་བ་བརྩམ་པར་བྱ་བའི་གཞི་དང༌། རྫོགས་པར་བྱེད་པའི་རྐྱེན་ནོ། །དང་པོ་ལ་ལྔ་སྟེ། གང་སུན་དབྱུང་བའི་ཡུལ་དང༌། གང་གིས་སུན་འབྱིན་པའི་ཉེས་པ་དང༌། གང་ལ་སྐུར་པ་འདེབས་པའི་ཡུལ་དང༌། གང་གིས་སྐུར་པ་འདེབས་པའི་རྟེན་དང༌། གང་ལ་གོ་བར་བྱ་བའི་ཡུལ་ལོ། །དང་པོ་ནི་ཁྱིམ་པ་གཅིག་ཡན་ཆད་ཡིན་པ་སྟེ། ཁྱིམ་སུན་འབྱིན་ཞེས་པའོ། །གཉིས་པ་ནི།རང་གི་ཉེས་སྤྱོད་བསྟན་པའམ་གཞན་གྱི་ཉེས་པ་བསྒྲགས་པ་སྟེ། ཞུ་འགྲེལ་ལས། བདག་ཉིད་ཀྱང་སྡིག་པ་སྤྱོད་པས་ཁྱིམ་པ་དག་སུན་འབྱིན། གཞན་དག་ལ་ཡང་མི་སྙན་པ་སྨྲས་པའི་ཕྱིར་སྤྱོད་པ་ངན་པས་ཁྱིམ་པ་དག་སུན་འབྱིན་པའི་ཕྱིར་རོ། །ཞེས་སོ། །དེ་ལས་བྱ་བ་གཞན་གྱིས་ནི་ཁྱིམ་པ་མ་དད་པར་གྱུར་ཀྱང་སྐབས་འདིར་གཏོགས་ཀྱི་དགག་བྱ་མེད་པའི་ཕྱིར་སྐབས་འདིར་ལྟུང་བར་མི་འགྱུར་རོ། །གསུམ་པ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་དང་པོ་ལྔའི་སྟེང་དུ། རང་སྐྲོད་པའི་ལས་ཆོས་ལྡན་ལ་བཞུགས་པ་དང༌། བཞི་ཡན་ཆད་ཀྱི་ཚོགས་སུ་ལོངས་པ་སྟེ། རང་སྐྲོད་པར་བྱེད་པའི་ཞེས་པ་དང༌། དགེ་འདུན་ལ་ཞེས་པས་སོ། །བཞི་པ་ནི་རང་ལ་བསྐྲད་པའི་ལས་བྱས་པ་དང་འབྲེལ་བ་སྟེ། རང་སྐྲོད་པར་བྱེད་ཅེས་པའི་ཤུགས་ཀྱིས་གྲུབ་བོ། །རང་ལ་སྐྲོད་པའི་ལས་མ་བྱས་པར་དགེ་འདུན་ལ་སྐུར་པ་འདེབས་ན་ནི་ཉེས་བྱས་ཏེ། བསྐྲད་པར་མ་བྱས་པ་ན་དེའིའོ། །ཞེས་སོ། །ལྔ་པ་ནི། ཐ་སྙད་ལྔ་དང་ལྡན། ལུས་ཐ་མལ་པར་གནས། བདག་ལས་ཐ་དད་པ་སྟེ།སྔར་རྫུན་སྨྲའི་ཕམ་པའི་སྐབས་སུ་བཤད་ཟིན་པ་བཞིན་ནོ། །

གཉིས་པ་རྫོགས་པར་བྱེད་པའི་རྐྱེན།

གཉིས་པ་རྫོགས་པར་བྱེད་པའི་རྐྱེན་ནི།

བཞམས་བསྒོ་ལ་སོགས་པ་ལྔའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།འདུ་ཤེས་ནི་མ་འཁྲུལ་པ་སྟེ་དེའི་དོན་སྔར་ལྟར་རཽ། །ཀུན་སློང་ནི་ཁྱིམ་སུན་འབྱིན་པ་པོ་རང་ལ་སྐྲོད་པའི་ལས་བྱས་པར་གྱུར་པའི་དགེ་འདུན་ལ་སྐུར་པ་འདེབས་པའི་ཚིག་སྨྲ་བར་འདོད་པ་དང་བཟློག་ཀྱང་མི་གཏོང་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི། ཁྱིམ་སུན་འབྱིན་ཅིང་དགེ་འདུན་ལ་ངག་གིས་སྐུར་པ་འདེབས་པ་དེ་བཟློག་ཀྱང་མི་གཏོང་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་དབྱེན་བྱེད་པའི་མཐར་ཐུག་དང་འདྲའོ། ། བཞི་བ་བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་འཆད་པ་ལ། རྩ་བར། དགེ་སློང་གི་ལྷག་མའི་ཚུལ་ཁྲིམས་ཀྱིས་གླེང་བ་ཉིད་ནི་བདག་ཉིད་ཀྱི་དེ་ལ་དགེ་སློང་དག་གིས་བརྗོད་པར་མི་བྱ་བ་ཉིད་དུ་བྱེད་པའོ། །ཞེས་བྱུང༌།འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི། ཡུལ་ཀོའུ་ཤམ་བའི་གདངས་ཅན་གྱི་ཀུན་དགའ་ར་བར་གང་ཟག་འདུན་པས་ཉོན་མོངས་པ་གླེང་བར་མི་འདོད་པ་ཉེས་པ་དགེ་སློང་སུས་ཀྱང་ལྟུང་བ་གླེང་བར་བཀའ་བློ་མི་བདེ་བའི་ཚིག་སྨྲས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །གཉིས་པ་དགག་བྱ་ནི། རང་རིགས་ཀྱི་ཚུལ་ཁྲིམས་དང་སེམས་བདེ་བ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་ལ་ལྟུང་བ་གླེང་པ་ན་དགེ་སློང་མཐའ་དག་གིས་བདག་ཉིད་ཀྱི་བསླབ་པའི་གཞི་མཐའ་དག་ལ་གླེང་བ་འགོག་ཅིང་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས།དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། སྦྱོར་བ་བརྩམ་པར་བྱ་བའི་གཞི་དང༌། རྫོགས་པར་བྱེད་པའི་རྐྱེན་ནོ། །དང་པོ་ལ་བཞི་སྟེ། གླེང་བ་པོ་གང་སྤང་བ་དང༌། གཞི་གང་ལ་གླེང་བ་སྤང་བ་དང༌།སྤང་བའི་ཚིག་གང་ལ་བརྗོད་པའི་ཡུལ་དང༌། གང་གིས་སྤོང་བར་བྱེད་པའི་རྟེན་ནོ། །དང་པོ་ནི།ཕྱོགས་བཅུ་ན་གནས་པའི་དགེ་སློང་མཐའ་དག་སྟེ། ཊཱི་ཀ་ལས། དགེ་སློང་ཐམས་ཅད་དག་གིས་བརྗོད་པར་མི་བྱ་བ་ཉིད་དུ་བྱེད་པ་སྟེ། ཞེས་སོ། །སེལ་བ་ནི་ཊཱི་ཀ་ལས། དགེ་སློང་དམིགས་ཀྱིས་བསལ་བ་དག་ཁ་ཅིག་གི་རྒྱུད་དུ་གཏོགས་པ་དག་གིས་བརྗོད་པར་མི་བྱ་བར་བྱེད་པའི་ཚིག་གིས་ནི་ཉེས་བྱས་སུ་འགྱུར། ཞེས་སོ། །གཉིས་པ་ནི་བདག་ཉིད་ཀྱི་བསླབ་པའི་གཞི་མཐའ་དག་སྟེ། ཊཱི་ཀ་ལས། བདག་ཉིད་ཀྱི་རྒྱུད་དུ་གཏོགས་པའི་ཚུལ་ཁྲིམས། ཞེས་དང༌། ཊཱི་ཀ་ལས། ཚུལ་ཁྲིམས་ཞེས་བྱ་བ་ནི་འདིར་འདུལ་བའི་བསླབ་པ་ཐམས་ཅད་བསྟན་པ་ཡིན་ནོ། །ཞེས་སོ། །སེལ་བ་ནི་ཊཱི་ཀ་ལས། བསླབ་པའི་གཞི་དམིགས་ཀྱིས་བསལ་བ་ཁ་ཅིག་གིས་བདག་ལ་བརྗོད་པར་མི་བྱ་བར་བྱེད་ན་ཡང་ཉེས་བྱས་ཁོ་ནའོ། །ཞེས་སོ། །གསུམ་པ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། བདག་ལ་གླེང་བ་པོ་ཡིན་དགོས་སོ། །ཞེས་སོ། །འོ་ན་སྐབས་འབྱེད་དུ་མ་བཅུག་པར་མི་བྱའོ་ཞེས་སྐབས་མི་འབྱེད་པ་ལ་གླེང་བར་མི་བྱ་བར་གསུངས་པ་དང་འགལ་ལོ་ཞེ་ན། དང་པོར་གླེང་བའི་སྐབས་ཕྱེ་བ་ལ་གླེང་བ་ཉིད་ན་བར་སྐབས་སུ་འགྱུར་ཏེ་བཀའ་བློ་མི་བདེ་བའི་ཚིག་སྨྲ་བའོ་ཞེས་གསུངས་སོ། །དེ་ཡང་བདག་ཉིད་ཀྱི་ཚུལ་ཁྲིམས་དེ་ལ་ཕྱོགས་བཅུ་ན་གནས་པའི་དགེ་སློང་མཐའ་དག་གིས་བརྗོད་པར་མི་བྱ་བ་ཉིད་དུ་བྱེད་པའོ། ། ཊཱི་ཀ་ལས།དགེ་སློང་དམིགས་ཀྱིས་བསལ་བ་ཁ་ཅིག་གིས་བརྗོད་པར་མི་བྱ་བ་ཉིད་དུ་བྱེད་པ་དང་བསླབ་པའི་གཞི་དམིགས་ཀྱིས་བསལ་བ་ཁ་ཅིག་གིས་བདག་ལ་བརྗོད་པར་མི་བྱ་བ་བྱེད་ན་ཡང་ཉེས་བྱས་སུ་གསུངས་སོ། །གཏན་ནས་མ་གླེང་པ་ལ་བཀའ་བློ་མི་བདེ་བའི་ཚིག་སྨྲ་ན་ནི་ཉེས་བྱས་ཏེ། གླེང་བ་དང་དྲན་པར་མ་བྱས་པ་ནི་དེའི་འོ། །ཞེས་སོ། །བཞི་བ་ནི་གླེང་དྲན་བྱས་པ་དང་འབྲེལ་བའོ། །སེལ་བ་ནི། གླེང་བ་དང་དྲན་པར་མ་བྱས་པ་ནི་དེའི་འོ། །ཞེས་སོ། །རྫོགས་པར་བྱེད་པའི་རྐྱེན་ནི་བཞམས་བསྒོ་ལ་སོགས་པ་བཟློག་པ་ལྔའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་མ་འཁྲུལ་བའཽ། །ཀུན་སློང་ནི་བཀའ་བློ་མི་བདེ་བའི་ཚིག་སྨྲ་ཞིང་གོ་བར་འདོད་པ་དང་བཟློག་ཀྱང་མི་གཏོང་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་བཀའ་བློ་མི་བདེ་བའི་ཚིག་སྨྲ་ཞིང་བཟློག་ཀྱང་མི་གཏོང་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི། དབྱེན་བྱེད་པའི་མཐར་ཐུག་དང་འདྲའོ། །དགེ་འདུན་ལྷག་མའི་རྣམ་པར་བཤད་པ་རྫོགས་སོ།། །།

གསུམ་པ་ལྟུང་བྱེད་ཀྱི་སྡེ་བཤད་པ།

གསུམ་པ་ལྟུང་བྱེད་ཀྱི་སྡེ་བཤད་པ་ལ།

སྤང་ལྟུང་བཤད་པ་དང༌། ལྟུང་བྱེད་འབའ་ཞིག་པ་བཤད་པ་དང་གཉིས། དང་པོ་ལ། སྤང་ལྟུང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས། དང་པོ་སྤང་ལྟུང་ཐུན་མོང་བ་འཆད་པ་ལ། རྩ་བར། ཉིན་མཚན་གྱི་དང་པོ་མ་ཡིན་པ་ལ་ཐ་མ་མ་ཡིན་པ་ཉིད་དོ། །གནས་པ་ལ་ནི་སྦྱོར་བའི་སྣོད་ཉིད་དོ། །དེའི་དང་པོ་ནི་སྐྱ་རེངས་དང་པོ་དེའོ། །ལས་ལ་ནི་འདས་ན་ཉི་མ་ཤར་བའིའོ། །སྤང་བ་ལ་ནི་འདུ་ཤེས་ལས་གཙོ་ཆེར་རང་གི་ཉིད་དོ། །ཞེས་སོགས་སོ། །འདིའི་དོན་བཤད་པ་ལ། སྤྱིའི་དོན་དང༌། སོ་སོའི་དོན་བཤད་པ་དང་གཉིས། དང་པོ་ལ། ཐུན་མོང་བ་ལུང་གང་ལས་བསྡུས་པ་དང༌། ཐུན་མོང་དུ་བསྡུས་པའི་དགོས་པའི་དོན་དང༌། ཐུན་མོང་བ་ལྔའི་དོན་བསྡུས་པའི་དོན་དང་གསུམ། དང་པོ་ནི། སྤང་ལྟུང་ཐུན་མོང་བ་འདི་ལ་མདོ་བཅུ་བདུན་ཡོད་པ་ལས་ལུང་ཀོ་ལྤགས་ཀྱི་གཞི་ལས་གཙོ་ཆེར་བསྡུས་པའི་མདོ་གཉིས་ཡོད་དེ། རྩ་བར། སྤང་བ་ལ་ནི་འདུ་ཤེས་གཙོ་ཆེར་རང་གི་ཉིད་དོ། །དེ་ནི་སྔོས་པ་ཉིད་ན་བྲལ་བའོ། །ཞེས་པ་དེ་གཉིས་སོ། །ལུང་ཞུ་བ་ལས། བསྡུས་པའི་མདོ་ལྔ་ཡོད་དེ། ལས་ལ་ནི་འདས་ན་ཉི་མ་ཤར་བའིའོ། །ཞེས་དང༌། རང་བཞིན་ལས་ཉམས་ན་ཡང་ངོ། །ཞེས་དང༌། ཕྱིར་བཅོས་དང་འབྲེལ་བའི་མདོ་གསུམ་ནི། ཆུང་བ་ཉིད་ཀྱི་དུམ་བུ་དེ་ནི་མི་འགྱུར་རོ། །དགེ་འདུན་གྱི་ཡང་ངོ༌། །འདི་ལ་མེད་པ་དེ་ཉིད་གཙོ་བོའོ། །ཞེས་པ་དང་ལྔའོ། །ལུང་རྣམ་འབྱེད་ལས་བསྡུས་པ་ནི། དེ་དག་ལས་གཞན་པའི་མདོ་བཅུ་པོ་རྣམས་ཡིན་ལ། དེ་རྣམས་ལ་མདོར་བསྡུས་རྟོགས་པར་བྱེད་པའི་ཆ་ནས་ལུང་ཕྲན་ཚེགས་ལས་བསྡུས་པའི་ཆ་ཡང་ཡོད་དེ། མདོར་བསྡུས་ནི་ལུང་ཕྲན་ཚེགས་ལས་གསུངས་པའི་ཕྱིར་རོ། །

གཉིས་པ་ལ་གསུམ་ལས། དང་པོ་ནི།།

གཉིས་པ་ལ་གསུམ་ལས། དང་པོ་ནི།

མདོར་བསྡུས་རྟོགས་པར་བྱེད་པ་དང༌། ཚིག་ཚོགས་བསྐྱུང་བ་དང༌། གཉིས་ཀ་སྟོན་པའི་དགོས་པའོ། །དང་པོ་ལ་མདོ་བདུན་ཡོད་པ་ལས།དེའི་དང་པོ་ནི་སྐྱ་རེངས་དང་པོ་དེའོ་ཞེས་པ་ནི་ལུང་རྣམ་འབྱེད་ལས་འཆང་འབྲལ་ལ་སོགས་པ་རྣམས་ཀྱི་སྐབས་སུ་སྐྱ་རེངས་ཤར་ན་ཞེས་སྤྱི་ཙམ་དུ་གསུངས་ཀྱི་སྐྱ་རེངས་དང་པོ་ཤར་ན་ཞེས་དངོས་སུ་མ་གསུངས་ཀྱང༌། རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་སྐབས་ལས། དོན་འདི་ལ་ནི་སྐྱ་རེངས་ཐ་མ་ཡིན་པར་དགོངས་སོ་ཞེས་དམིགས་ཀྱིས་བཀར་བའི་གནད་ཀྱིས་གཞན་རྣམས་ལ་སྐྱ་རེངས་དང་པོ་དེའོ་ཞེས་མདོར་བསྡུས་སྦྱར་བ་ཡིན་ཏེ། འོད་ལྡན་ལས། སྒོ་གཏན་གྱི་བསླབ་པའི་གཞི་ལས། དོན་འདི་ལ་ནི་སྐྱ་རེངས་ཐ་མ་ཡིན་པར་དགོངས་སོ་ཞེས་གསུངས་པས་དེའི་ཕྱིར་སྒོ་གཏན་ལས་གཞན་དུ་ནི་སྐྱ་རེངས་དང་པོ་ཁོ་ནར་བཞེད་པ་ཡིན་པས་སྐྱ་རེངས་དང་པོ་ཞེས་སྨོས་པ་ཡིན་ནོ། །ཞེས་གསུངས་སོ། །ལས་ལ་ནི་འདས་ན་ཉི་མ་ཤར་བའིའོ། །ཞེས་པ་ནི་ཞུ་བ་ལས། དགེ་སློང་དག་གིས་སྐྱ་རེངས་ཤར་བ་ན་བདག་ཅག་གིས་གསོ་སྦྱོང་མ་བྱས་སོ་སྙམ་དུ་དྲན་པ་སླར་རྙེད་པར་གྱུར་ན་དེ་དག་དེའི་ཚེ་ན་གསོ་སྦྱོང་བགྱིད་ན་གསོ་སྦྱོང་བགྱིས་པ་ཞེས་བགྱིའམ་ཉེ་བར་འཁོར་དགེ་སློང་དེ་དག་གིས་གསོ་སྦྱོང་བྱས་པ་ཞེས་བྱའོ། །ཞེས་པ་དང༌། དགེ་འདུན་ཐམས་ཅད་ཀྱིས་སྐྱ་རེངས་ཤར་བ་ན་དྲན་པར་གྱུར་ན་དགེ་སློང་དག་གིས་ཇི་ལྟར་དགག་དབྱེ་བགྱི། ཚིག་གསུམ་པས་དགག་དབྱེ་བྱས་ན་དགག་དབྱེ་བྱས་པ་ཞེས་བྱའོ་ཞེས་གསོ་སྦྱོང་དང་དགག་དབྱེ་གཉིས་ལ་དངོས་སུ་གསུངས་པས་དབྱར་ཁས་ལེན་པའི་སྦྱོར་ཆོག་ལ་སོགས་པ་ཚེས་གྲངས་ངེས་པ་དང་འབྲེལ་བའི་ལས་ཀྱི་ཆོ་ག་གཞན་རྣམས་ལ་ཡང་མདོར་བསྡུས་སྦྱར་བའོ། །རབ་ཏུ་འབྱུང་བའི་དོན་དུ་ངེས་པར་བྱས་པ་ཡང་དེ་ཉིད་དོ་ཞེས་པ་ནི། རྣམ་འབྱེད་ལས། རབ་ཏུ་འབྱུང་བའི་དོན་དུ་སྲེལ་བར་བྱེད་ན་ལྟུང་བ་མེད་དོ་ཞེས་ལྷུང་བཟེད་འཆང་བ་ལ་གསུངས་པས། གོས་འཆང་བ་ལ་སོགས་པ་བདག་པོ་དང་འབྲེལ་བ་གཞན་རྣམས་ལ་ཡང་མདོར་བསྡུས་སྦྱར་བའོ། །རང་བཞིན་ལས་ཉམས་ན་ཡང་ངོ་ཞེས་པ་ནི་ཞུ་བ་ལས་དགེ་སློང་གིས་ཆོས་གོས་རྙེད་ནས་དགུང་ལྔ་ལགས་ནས་སེམས་རྣམ་པར་འཁྲུགས་པར་གྱུར་ན་དེའི་དགུང་སླད་མ་བཅུ་པོ་གང་ཚུན་ཆད་ནས་བགྲང་བར་བགྱི་ཉེ་བར་འཁོར་རང་གི་སེམས་ཕྱིར་རྙེད་པ་ནས་སོ། །ཞེས་ཞག་སྔ་མ་ལྔ་པོ་མི་བགྲང་བས་ན་ཞག་ལྔ་པོའི་རྐྱེན་གྱི་གོས་འཆང་བའི་རང་སྟོབས་ཀྱིས་ལྟུང་བ་མི་འབྱུང་བར་བསྟན་པས་དེའི་ཤན་མི་འབྱུང་བར་མདོར་བསྡུས་སྦྱར་ཞིང༌། ཟླ་འཇོག་ལ་སོགས་གཞན་རྣམས་ཀྱི་དངོས་དང་ཤན་གཉིས་ཀ་མི་འབྱུང་བར་མདོར་བསྡུས་སྦྱར་བའོ། །ཞག་བདུན་པ་ལ་ནི་རིགས་མཐུན་པའོ་ཞེས་པ་འདིའི་ཁུངས་ནི་དེང་སང་ལུང་ན་མི་སྣང་མོད་ཀྱི་རང་གི་རྣམ་བཤད་ལས། མདོ་འདི་ནི་རྣམ་པར་འབྱེད་པའི་གཞུང་འགའ་ཞིག་ལས་བྱུང་བ་བསྡུས་སོ། །ཞེས་གསུངས་སོ། །དེ་ཡང་དགེ་སློང་གིས་ཚེས་གཅིག་ལ་མར་རྙེད་ལ་དེས་ཚེས་གཉིས་ལ་མར་གཞན་ཞིག་ཀྱང་རྙེད་པར་གྱུར་ན་སྔ་མ་ཤོས་བཟའ་བར་བྱ་ཞིང༌། ཕྱི་མ་ཤོས་གཏང་བར་བྱ་བའམ་རྣམ་པར་བརྟག་པར་བྱ་བའམ་གཞན་ལ་སྦྱིན་པར་བྱའོ། །དེ་ལྟར་མི་བྱེད་ན་ཞག་བརྒྱད་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །དེ་བཞིན་དུ་འབྲུ་མར་གྱིས་ནི་འབྲུ་མར་ལའོ། །སྦྲང་རྩིས་ནི་སྦྲང་རྩི་ལའོ། །ཧྭགས་ཀྱིས་ནི་ཧྭགས་ལའོ་ཞེས་གསུངས་པ་དེ་འདིར་བསྡུས་པ་ཡིན་ལ། བུ་རམ་དང་ཞག་དང་ལྷའི་བདུད་རྩི་ལ་སོགས་པ་གཞན་ལ་ཡང་གཞི་རིགས་མཐུན་པ་ཡན་ལག་ཏུ་དགོས་པ་མདོར་བསྡུས་སྦྱར་བ་ཤེས་པར་བྱའོ། །ཆུང་བ་ཉིད་ཀྱི་དུམ་བུ་དེ་ནི་མི་འགྱུར་རོ་ཞེས་པ་ནི་ཆོས་གོས་འཆང་བའི་ཞུ་བ་ལས་ཆོས་གོས་སྤང་བ་ཚིག་གམ་སྲོག་ཆགས་དག་དང་སྲིལ་དག་གིས་འཚལ་བར་གྱུར་ནས་དེ་ལ་དམ་དུམ་གང་དག་མཆིས་པ་དག་སྤང་བར་བགྱིའམ། ཉེ་བར་འཁོར་སྤང་བར་མི་བྱ་སྟེ། ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་གསུངས་པས། གཞན་རྣམས་ལ་ཡང་མདོར་བསྡུས་སྦྱར་བའོ། །དགེ་འདུན་གྱི་ཡང་ངོ་ཞེས་པ་ནི་ཞུ་བ་ལས། དགེ་འདུན་གྱི་ཆོས་གོས་བྱིན་གྱིས་བརླབས་ནས་མཚམས་ཀྱི་སླད་རོལ་ཏུ་འབྲལ་བར་བགྱིད་ན། ཆོས་གོས་དང་བྲལ་བ་ཞེས་བགྱིའམ། བཀའ་སྩལ་པ། ཆོས་གོས་དང་བྲལ་བ་ཞེས་བྱའོ། ཆོས་གོས་དེ་སྤང་བར་བགྱིའམ། ཉེ་བར་འཁོར་སྤང་བར་མི་བྱ་སྟེ། ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ། །ཞེས་པ་དང༌། དགོན་པ་པས་དགེ་འདུན་གྱི་ཆོས་གོས་བྱིན་གྱིས་བརླབས་ནས་ཞག་དྲུག་ལས་འདས་པར་འབྲལ་བར་བགྱིད་ན་ཆོས་གོས་དང་བྲལ་བ་ཞེས་བྱའོ། །ཆོས་གོས་དེ་སྤང་བར་མི་བྱ་སྟེ། ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་འབྲལ་བ་གཉིས་ལ་དངོས་སུ་གསུངས་པས། དེ་དང་འདྲ་བར་གཞན་རྣམས་ལ་མདོར་བསྡུས་སྦྱར་བ་ཡིན་ནོ། །གཉིས་པ་ཚིག་ཚོགས་བསྐྱུང་བའི་མདོ་གསུམ་ཡོད་པ་ལས། ཆོས་གོས་ལས་ཀྱང་རྣམ་པར་བརྟགས་ནའོ། །འདི་ལ་རྗེས་སུ་ཞུགས་པ་ཉིད་ཀྱང་ཉམས་པ་ཡིན་ནོ། །ཞེས་པ་གཉིས་ནི་རྣམ་འབྱེད་ལས་འཆང་བ་གཉིས་དང་ཟླ་འཇོག་གི་སྐབས་སུ། རྣམ་པར་བརྟག་པར་བྱའོ་ཞེས་རྣམ་པར་བརྟགས་ན་ལྟུང་བ་མི་འབྱུང་བར་བསྟེན་པ་དེའི་དངོས་དང་ཤན་མི་འགྱུར་བར་རེ་རེ་ལ་གསུངས་པ་ལས། རང་སྟོབས་ཀྱི་ལྟུང་བ་མི་འབྱུང་བའི་ཆ་ནི་མདོ་སྔ་མས་བསྡུས་ཤིང༌། ཤན་སྟོབས་ཀྱིས་ལྟུང་བ་མི་འབྱུང་བའི་ཆ་ནི་མདོ་ཕྱི་མས་བསྡུས་སོ། །རྩ་བར། འདི་གསུམ་ནི་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ངོ༌། །ཞེས་པ་ནི་རྣམ་འབྱེད་ལས་འཆང་འབྲལ་འཇོག་པ་གསུམ་གྱི་སྐབས་སུ་ཆོས་གོས་ཟིན་པ་སྲ་བརྐྱང་བཏིང་ན་ཞེས་སྲ་བརྐྱང་བཏིང་ན་ལྟུང་བ་འདི་གསུམ་མི་འབྱུང་བར་རེ་རེ་ལ་གསུངས་པ་དེ་རྣམས་འདིར་ཚིག་གཅིག་ཏུ་བསྡུས་སོ། །གསུམ་པ་མདོར་བསྡུ་བ་དང་ཚིག་ཚོགས་བསྐྱུང་བ་གཉིས་ཀ་སྟོན་པ་ནི་མདོ་བདུན་ཡོད་པ་ལས། རྩ་བར། ཉིན་མཚན་གྱི་དང་པོ་མ་ཡིན་པ་ལ་ཐ་མ་མ་ཡིན་པ་མེད་པ་ཉིད་དོ། །ཞེས་པ་ནི་ཞག་འདས་པ་དང་འབྲེལ་བ་རྣམས་ལ་མཚན་མོ་མཐའི་སྐད་ཅིག་ཡན་ལག་ཡིན་གྱི་ཐུན་ཚོད་སྔ་མ་རྣམས་མ་ཡིན་ཞེས་པ་སྟེ། དེ་ཡང་དགེ་སློང་ཕའི་རྣམ་འབྱེད་ཀྱི་སྐབས་ན་ཞག་འདས་པ་ཡན་ལག་ཏུ་དགོས་པའི་ལྟུང་བ་བཅོ་ལྔ་ཡོད་པ་ལས། འཆང་གཉིས་འབྲལ་གཉིས་ཟླ་འཇོག་གསོག་འཇོག་བྱེད། །ལྟུང་འཆབ་ནུབ་ལྷག་སྤངས་སྙིལ་ལྷན་ཅིག་ཉལ། །ཞེས་དེ་ལྟར་ལྟུང་བ་བཅུ་གཅིག་གི་སྐབས་སུ་ཐོག་མར་རྩོམ་པའི་ཐུན་ཚོད་ངེས་པར་མ་སྨྲོས་པར་རང་རང་གི་ཞག་གྲངས་འདས་པའི་སྐྱ་རེངས་ཀྱི་དུས་སུ་དངོས་གཞིའི་ལྟུང་བར་འགྱུར་བར་རེ་རེ་ལ་གསུངས་པས་རང་རང་གི་མཚན་མོ་མཐའི་སྐད་ཅིག་ཡན་ལག་ཡིན་པར་དོན་གྱིས་བསྟན་པ་དེ་རྣམས་འདིར་ཚིག་གཅིག་ཏུ་བསྡུས་པ་ཡིན་ནོ། ། རས་ཆེན་བཞག་འཕྱིས་བརྟད་བྱུང་བགོ་འཕྱིས་དང༌། །དམག་གནས་སྣང་བར་བཅས་ལ་མདོར་བསྡུས་སྦྱར། །དགེ་སློང་མའི་དབང་དུ་བྱས་ནས་འཆབ་པའི་ཕམ་པ་དང་མཚན་མོ་འབྲལ་བ་ལ་སོགས་པ་ཁ་ཅིག་ལ་ལུང་ལས་སྐྱ་རེངས་ཤར་ན་ཞེས་གསུངས་ལ། གནོད་འགྱུར་སྤང་བའི་ལྟུང་བྱེད་ལ་སོགས་པ་ཁ་ཅིག་ལ་མདོར་བསྡུས་སྦྱར་རོ། །གནས་པ་ལ་ནི་སྦྱོར་བའི་སྣོད་ཉིད་དོ་ཞེས་པ་ནི་རྣམ་འབྱེད་ལས་གནས་ངན་ལེན་འཆབ་པ་དང་ནུབ་ལྷག་དང་བུད་མེད་དང་ལྷན་ཅིག་ཉལ་བ་སྟེ་གསུམ་གྱི་སྐབས་སུ་སྐྱ་རེངས་མ་ཤར་གྱི་བར་དུ་ཉེས་བྱས་སུ་འགྱུར་རོ་ཞེས་རེ་རེ་ལ་གསུངས་པ་དེ་རྣམས་འདིར་ཚིག་གཅིག་ཏུ་བསྡུས་ཤིང༌། དམག་གི་ནང་ན་གནས་པ་དང་སྣང་བ་ལ་ཉལ་བ་དང་སྤངས་པ་དང་ཉལ་བ་དང་བསྙིལ་བ་དང་ཉལ་བ་དང་བཞི་པོ་ལ་མདོར་བསྡུས་སྦྱར་བའོ། །སྤང་བ་ལ་ནི་འདུ་ཤེས་ལས་གཙོ་ཆེར་རང་གི་ཉིད་དོ་ཞེས་པ་ནི་རྣམ་འབྱེད་ཀྱི་ཀོ་ལྤགས་ཀྱི་གཞི་ལས་དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་བསྐུར་ཞིང་འདི་ནས་བཏང་བ་དེར་མ་ཕྱིན་པ་དག་ལ་ཡང་སྤང་བར་མི་འགྱུར་རོ་ཞེས་གསུངས་པ་བསྡུས་ཏེ། དེ་ཡང་གོས་བསྐུར་བྱ་ལ་འཆང་བའི་སྤང་བར་མི་འགྱུར་བ་ནི་དབང་བའི་འདུ་ཤེས་མེད་པའི་ཕྱིར་ཏེ། དེ་ནི་སྤང་བ་ལ་ནི་འདུ་ཤེས་ལས་གཙོ་ཆེར་ཞེས་པ་འདིའི་བསྡུས་ལ། སྐུར་བྱེད་ལ་འཆང་བའི་སྤང་བར་མི་འགྱུར་བ་ནི་རང་གི་ཉིད་མ་ཡིན་པའི་ཕྱིར་ཏེ། དེ་ནི་རང་གི་ཉིད་དོ་ཞེས་པ་འདིས་བསྡུས་སོ། །རྣམ་འབྱེད་འགྲེལ་ལས་ཀྱང་འཆང་བ་གཉིས་དང་ཟླ་འཇོག་དང་གསོག་འཇོག་དང་བཞིའི་སྐབས་སུ། གཞན་ལ་སྦྱིན་པར་བྱ་ཞེས་གཞན་ལ་བྱིན་ན་ལྟུང་མེད་དུ་བཤད་པ་དང༌། ཞུ་བ་ལས་ཀྱང་གཞན་གྱི་ལྷུང་བཟེད་འཆང་བ་ལ་ལྟུང་མེད་དུ་བཤད་ཅིང༌། འཁྲུར་འཇུག་དང་རྨེལ་འཇུག་གཉིས་ལ་དངོས་པོ་དེ་གཞན་ཉིད་དབང་བ་ཡིན་ན་ལྟུང་བ་ན་སྨད་དུ་ཞུ་བ་ལས་གསུངས་པ་དང༌། འཁྲུར་འཇུག་རྨེལ་འཇུག་འཐག་འཇུག་དང༌། །རས་ཆེན་བརྟད་བྱུང་ཉིད་དང་ལྔ། །དེ་ལྟར་ཡུལ་དངོས་པོ་དེ་རང་གཞན་ཐུན་མོང་དུ་དབང་བ་ཡིན་ན་ལྟུང་བ་ན་སྨད་དུ་ལུང་ཞུ་བ་ལས་གསུངས་པས། དེ་རྣམས་ཀྱི་ཤུགས་ཀྱིས་ལྟུང་བ་ལྔ་པོ་དེ་རྣམས་ཀྱི་དངོས་གཞི་བསྐྱེད་པ་ལ་རང་འབའ་ཞིག་གི་ཡིན་པ་ཡན་ལག་ཏུ་བསྟན་པ་དེ་རྣམས་ཀྱང་རང་གི་ཉིད་དོ་ཞེས་པ་འདིས་བསྡུས་ཤིང༌། བདག་པོ་དང་འབྲེལ་བ་གཞན་རྣམས་ལ་ཡང་རང་གི་ཡང་ཡིན་པ་དང༌། རང་འབའ་ཞིག་གི་ཡིན་པ་ཅི་རིགས་པར་མདོར་བསྡུས་སྦྱར་བར་བྱའོ། །དེ་ནི་བསྔོས་པ་ཉིད་ན་བྲལ་ཞེས་པ་ནི་ཀོ་ལྤགས་ཀྱི་གཞི་ལས། གང་གིས་གོས་བསྐུར་པ་དེ་ལ་སྤང་བར་མི་འགྱུར། ཞེས་གསུངས་པ་དང༌། རྣམ་འབྱེད་ལས་ཀྱང་འཆང་བ་གཉིས་དང་ཟླ་འཇོག་གསོག་འཇོག་དང་བཞིའི་སྐབས་སུ་གཞན་ལ་གཏང་བར་བྱ་ཞེས་བསམ་པ་ཐག་པ་ནས་གཞན་ལ་བཏང་ན་ལྟུང་བ་མི་འབྱུང་བར་གསུངས་པས། དེ་རྣམས་ནི་འདིར་ཚིག་གཅིག་ཏུ་བསྡུས་ཤིང་བདག་པོ་དང་འབྲེལ་བ་གཞན་ལ་མདོར་བསྡུས་སྦྱར་བའོ། །དེ་ཡོད་ན་དངོས་པོ་དེ་ལྟ་བུ་ཞེས་པ་ནི་རྣམ་འབྱེད་ལས། དགེ་སློང་གིས་ཚེས་གཅིག་ལ་ཆོས་གོས་རྙེད་ལ་དེས་ཚེས་གཉིས་ལ་ཆོས་གོས་གཞན་ཞིག་ཀྱང་རྙེད་ན་ཞེས་བྱ་བ་ནས་ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་ན་ཡང་སྤང་བའི་ལྟུང་བྱེད་དོ། །ཞེས་པ་དང༌། དེ་བཞིན་དུ་ཟླ་འཇོག་དང་ལྷུང་བཟེད་འཆང་བ་དང་ཞག་བདུན་པའི་གསོག་འཇོག་སྟེ་བཞི་ལ་ཞག་ཤན་འབྱུང་བ་རེ་རེ་ལ་གསུངས་པ་ཚིག་གཅིག་ཏུ་བསྡུས་པ་ཡིན་ལ་དགེ་སློང་མའི་ཆོས་གོས་ཟླ་བ་ཕྱེད་ཅིང་བྱིན་གྱིས་མི་རློབ་པ་ལ་ནི་མདོར་བསྡུས་རྟོགས་པར་བྱེད་པའོ། །དངོས་པོ་སྤང་དགོས་ཀྱི་ལྟུང་བ་དེ་ཡོད་ན་ཡོ་བྱད་ཙམ་ཞེས་པ་ནི། ལུང་རྣམ་འབྱེད་ཀྱི་ཆོས་གོས་འཆང་བའི་སྐབས་ལས། དགེ་སློང་གིས་ཆོས་གོས་སྤང་བ་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་དེ་ཡང་མ་བཤགས་པར་ལྷུང་བཟེད་དམ་ཆོས་གོས་སམ་དྲ་བའམ་ཕོར་བུའམ་སྐ་རགས་སམ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་ཉེ་བར་འཇོག་ན་དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །ཞེས་པ་ལ་སོགས་པ་བཅུ་ཚན་དང་པོའི་འཁྲུར་འཇུག་དང་ལེན་པ་དང་སློང་བ་གསུམ་མ་གཏོགས་བདུན་དང༌། བཅུ་ཚན་ཐ་མའི་ཐོག་མཐའ་གཉིས་ཏེ་དགུ་པོ་རེ་རེ་ལ་གསུངས་པ་ཚིག་གཅིག་ཏུ་བསྡུས་པ་ཡིན་ལ། འཁྲུར་འཇུག་ལ་སོགས་པ་གཞན་རྣམས་ལ་མདོར་བསྡུས་སྦྱར་བའོ། །འདི་ལ་མེད་པ་དེ་ཉིད་གཙོ་བོའོ། །ཞེས་པ་ནི། ལུང་ཞུ་བ་ལས། དགེ་སློང་གིས་ཆོས་གོས་སྤང་བ་ཉམས་པར་གྱུར་ན་ལྟུང་བྱེད་འབའ་ཞིག་བཤགས་པར་བགྱིའམ་ཉེ་བ་འཁོར་ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ། །ཞེས་པ་དང༌། དེ་བཞིན་དུ་ལྷུང་བཟེད་དང་སྨན་ལའང་རེ་རེ་ནས་གསུངས་པ་ཚིག་གཅིག་ཏུ་བསྡུས་པས་ཚིག་ཚོགས་བསྐྱུང་བ་ཡིན་ལ། གསེར་དངུལ་ལ་སོགས་པ་གཞན་ལ་མདོར་བསྡུས་སྦྱར་བ་ཡིན་ནོ། །

གསུམ་པ་ཐུན་མོང་བ་ལྔའི་བསྡུས་པའི་དོན་ལ་ལྔ།

གསུམ་པ་ཐུན་མོང་བ་ལྔའི་བསྡུས་པའི་དོན་ལ་ལྔ་ལས།

དུས་དང་འབྲེལ་བའི་ཐུན་མོང་ནི། ཉིན་མཚན་གྱི་ཞེས་པ་ལ་སོགས་པ་མདོ་དང་པོ་བཞིས་བསྟན་ཏོ། །བདག་པོ་དང་འབྲེལ་བའི་ཐུན་མོང་ནི་སྤང་བ་ལ་ནི་ཞེས་པ་ལ་སོགས་པ་མདོ་བཞིས་སོ། །ཤན་དང་འབྲེལ་བའི་ཐུན་མོང་ནི་འདི་ལ་རྗེས་སུ་ཞུགས་པ། ཞེས་པ་ལ་སོགས་པ་མདོ་ལྔའོ། །ཕྱིར་བཅོས་དང་འབྲེལ་བའི་ཐུན་མོང་ནི་ཆུང་བ་ཉིད་ཀྱིས་ཞེས་པ་ལ་སོགས་པ་མདོ་གསུམ་གྱིས་སོ། །དང་པོ་གསུམ་གྱི་ཐུན་མོང་ནི་འདི་གསུམ་ནི་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ངོ། །ཞེས་པས་བསྟན་ཏོ། །གཉིས་པ་སོ་སོའི་དོན་ལ་ལྔ་ལས། དང་པོ་དུས་དང་འབྲེལ་བའི་ཐུན་མོང་བཤད་པ་ལ། ཡན་ལག་གི་ཁྱབ་པ་དང༌། ཡན་ལག་རང་གི་ངོ་བོ་དང༌། སེལ་བ་དང༌། ཅིར་འགྱུར་དང༌། རྒྱུ་མཚན་དང༌། སྐྱ་རེངས་ཤར་དུས་སོགས་བཤད་པ་དང་དྲུག དང་པོ་ནི། དགེ་སློང་ཕའི་དབང་དུ་བྱས་ཏེ། ཊཱི་ཀས་གསུངས་ཚོད་བཅོ་ལྔ་སྟེ། འཆང་གཉིས་འབྲལ་གཉིས་ཟླ་འཇོག་དང༌། །རས་ཆེན་བརྟད་དང་གསོག་འཇོག་དང༌། །དམག་གནས་འཆབ་དང་ནུབ་ལྷག་དང༌། །སྣང་བཅས་སྤངས་སྙིལ་ལྷན་ཅིག་ཉལ། །ཞེས་བསྡུ་བའི་ཚིགས་བཅད་དོ། །དགེ་སློང་མའི་དབང་དུ་བྱས་ན་ནི་འཆབ་པའི་ཕམ་པ་ལ་གཏམ་གྱི་གཞི་ལས་གསུངས་ཤིང༌། མཚན་མོ་འབྲལ་བ་ལ་སོགས་པ་ཁ་ཅིག་ལ་མའི་རྣམ་འབྱེད་ལས་གསུངས་སོ། །དེ་དག་གི་གནད་ཀྱིས་གནས་མེད་ཀྱི་ཉེས་པ་ལ་སོགས་པ་རྣམས་ལ་ཡང་སྦྱར་ཞེས་མཚོ་ཊཱིཀ་ལས་གསུངས་ལ། གཞུང་ལ་ལར་ཊཱི་ཀའི་དངོས་བསྟན་བཅོ་ལྔ་དང་ཤུགས་བསྟན་སྔས་པ་གཉིས་དང་འཆབ་ཕམ། རེག་ལྟུང་སྟེ་བཞི་དང་བཅུ་དགུ་ཡོད་པར་གསུངས་སོ། །གཉིས་པ་ནི་རང་རང་གི་ཞག་གྲངས་ཐ་མའི་མཚན་མོའི་མཐའི་སྐད་ཅིག་གོ །དེའི་དོན་གཏན་ལ་དབབ་པ་ལ་གཉིས་ཏེ། ཞག་གྲངས་མཐའ་མ་གཏན་ལ་དབབ་པ་དང༌། མཚན་མོའི་མཐའི་སྐད་ཅིག་གཏན་ལ་དབབ་པའོ། །དང་པོ་ནི། ཟླ་འཇོག་ལ་ཞག་སུམ་ཅུའི་མཚན་མོ་མཐའི་སྐད་ཅིག་དང་རས་ཆེན་ཟླ་བ་ཕྱེད་དང༌། འཆང་བ་གཉིས་ལ་ཞག་བཅུ་དང༌། ཞག་བདུན་པའི་གསོག་འཇོག་ལ་ཞག་བདུན་དང༌། དགོན་པ་བའི་འབྲལ་བ་ལ་ཞག་དྲུག་དང༌། ནུབ་ལྷག་ལ་མཚན་མོ་གསུམ་དང༌། དེ་དག་ལས་གཞན་རྣམས་ལ་ཞག་གཅིག་གི་མཚན་མོ་མཐའི་སྐད་ཅིག་གོ །བསྡུས་པ་ལས། ཞག་བཅུ་གཅིག་འདས་ན་ཞེས་བཤད་པ་དེ་ནི་འཆང་ལྟུང་ནག་འབྱམ་དུ་འབྱུང་བ་ལ་དགོངས་པ་ཡིན་ནོ་ཞེས་བརྗོད་དོ། །མདོ་རྩ་བ་ལས་ཞག་བདུན་ན་འབྲལ་ཞེས་བཤད་པ་དེའང་ཞག་བདུན་འདས་པ་ན་འབྲལ་བ་མ་ཡིན་གྱི། ཞག་བདུན་པའི་ངོ་མཐོང་ན་འབྲལ་བའི་སྤང་བའོ་ཞེས་བསྟན་པ་ཡིན་གྱི། ཊཱི་ཀ་ལས། ཞག་བདུན་པའི་སྐྱ་རེངས་ཤར་ན་ནི་འབྲལ་བའི་ལྟུང་བ་འབྱུང་ངོ། །ཞེས་གསུངས་པས་གྲུབ་བོ། །སྐྱ་རེངས་བརྒྱད་པ་ཤར་ནའོ་ཞེས་པ་ཡང་སྐྱ་རེངས་ཀྱི་ངོ་བོ་བརྒྱད་ཤར་བ་མ་ཡིན་གྱི། ཞག་བརྒྱད་པའི་སྐྱ་རེངས་ཤར་ན་མའི་རྣམ་འབྱེད་ལས། ཞག་བརྒྱད་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །ཞེས་དང༌། ཕའི་རྣམ་འབྱེད་ལས། ཉི་མ་བརྒྱད་པའི་སྐྱ་རེངས་ཤར་ན། ཞེས་གསུངས་སོ། །སྐྱ་རེངས་བརྒྱད་པ་ཤར་ནའོ་ཞེས་པ་འདི་ལ་འགྲེལ་ཆུང་གི་མདོ་རྩ་བ་ལས་བརྒྱད་པའི་སྐྱ་རེངས་བྱུང་ནའོ་ཞེས་བཤད་པ་དེ་ལེགས་པ་ཡིན་ནོ། ། གཉིས་པ་མཚན་མོ་མཐའི་སྐད་ཅིག་གཏན་ལ་དབབ་པ་ནི། མཚན་མོ་མཐའི་སྐད་ཅིག་ནི་སྐྱ་རེངས་དང་པོ་ཤར་བའི་སྔ་ལོགས་ཀྱི་སྐད་ཅིག་ཡིན་ཏེ། ཊཱི་ཀ་ལས། ཉིན་མོའི་དང་པོ་ནི་སྐྱ་རེངས་དང་པོ་ཤར་བ་ཡིན་པར་གསུངས་ལ། དེའི་མདུན་རོལ་ནི་མཚན་མོའི་མཐའ་ཡིན་པར་གསུངས་པ་དང༌། འཆབ་པའི་ཕམ་པའི་བར་རྣམ་པར་བཞག ཅེས་སོ། །འོ་ན་མཐའི་སྐད་ཅིག་དང་སྐྱ་རེངས་ཤར་བའི་སྐད་ཅིག་ངོ་བོ་གཅིག་པར་བཤད་པའི་གཞུང་བཞི་དང་འགལ་ཏེ། ཊཱི་ཀ་ལས། ཉིན་མཚན་གཉིས་ཀྱི་མཐའི་སྐད་ཅིག་ཅེས་བྱ་བ་ཉིན་མཚན་གསུམ་པའི་སྐྱ་རེངས་དང་པོ་ཤར་ན། ཞེས་སྔ་མའི་མཐའི་སྐད་ཅིག་དང་ཞག་ཕྱི་མའི་སྐྱ་རེངས་ཤར་བ་གཅིག་ཡིན་པར་གསུངས་པ་དང༌། ཉིན་མཚན་གྱི་མཐའ་ལ་ནི། ཁ་ན་མ་ཐོ་བ་རྫོགས་པར་འགྱུར་བ་ཡིན་པར་ཁས་ལེན་དགོས་ཏེ། སྐྱ་རེངས་ཤར་ནའོ་ཞེས་གསུངས་པས་མཚན་མོའི་མཐའ་དང་སྐྱ་རེངས་ཤར་བ་གཅིག་ཡིན་པར་གྲུབ་ཅིང༌། འདིར་གཞུང་ནི་སྐྱ་རེངས་ཤར་ན་ཕམ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ་ཞེས་མཐའི་སྐད་ཅིག་དང་སྐྱ་རེངས་ཤར་བ་གཉིས་མིང་གི་རྣམ་གྲངས་སུ་བཤད་པ་དང༌། རྩ་བ་ལས། ཉིན་མཚན་གྱི་ཐ་མའི་ཆ་མ་ཡིན་པ་ལ་འཆབ་པ་མི་འབྱུང་ངོ། །ཞེས་གསུངས་ནས་དེ་ཉིད་ཀྱི་ཊཱི་ཀ་ལས། སྐྱ་རེངས་ཤར་ན་ནི་འཆབ་པ་འབྱུང་བ་ཁོ་ནར་འགྱུར་རོ། །ཞེས་བཤད་པས། ཉིན་མཚན་གྱི་ཐ་མའི་ཆ་དང་སྐྱ་རེངས་ཤར་བ་སྟེ་དེ་གཉིས་དོན་གཅིག་ཡིན་པར་གྲུབ་བོ་ཞེ་ན། དེ་ལྟར་ན་གཞུང་བཞི་ལས། དང་པོ་ནི་ཉིན་མཚན་གཉིས་ཀྱི་མཐའི་སྐད་ཅིག་འདས་པ་ཞེས་བྱ་བ་ནི་ཉིན་མཚན་གསུམ་པའི་སྐྱ་རེངས་དང་པོ་ཤར་ན་ཞེས་དགོངས་སོ། ། གཞུང་ཕྱི་མ་དེ་གཉིས་ནི།མཚན་མོའི་མཐའི་སྐད་ཅིག་ལ་འཆབ་པའི་ལྟུང་བ་འབྱུང་བ་ཡིན་ཞིང༌། སྐྱ་རེངས་ཤར་ན་ནི་འཆབ་པའི་ལྟུང་བ་བྱུང་ཟིན་པ་ལ་འབྱུང་འགྱུར་གྱི་སྒྲས་བརྗོད་པ་ཡིན་གྱི། དཔེར་ན་ཕམ་པར་གྱུར་ཟིན་པ་ལ་བསླབ་པ་སྦྱིན་པ་ཡིན་ཡང༌། ཊཱི་ཀ་ལས་ཕམ་པར་འགྱུར་བའི་ལྟུང་བ་ལ་ལས་ཀྱི་བསླབ་པ་སྦྱིན་ཞེས་པ་བཞིན་ནོ། །དེ་ལྟར་མ་ཡིན་པར་མཚན་མོའི་མཐའི་སྐད་ཅིག་དང༌། སྐྱ་རེངས་ཤར་བའི་སྐད་ཅིག་ངོ་བོ་གཅིག་ན་ནི་ཊཱི་ཀ་ལས། ཉིན་མོའི་དུས་དང་པོ་ནི་སྐྱ་རེངས་ཤར་བ་ཡིན་པར་གསུངས་ལ། དེའི་མདུན་རོལ་ནི་མཚན་མོའི་མཐའ་ཡིན་པར་རྣམ་པར་བཞག་ཅེས་གསུངས་པ་དང་འགལ་ཞིང༌། ཊཱི་ཀ་ལས། ཉིན་མཚན་གྱི་དང་པོ་མ་ཡིན་པ་སྟེ་མཐའི་སྐད་ཅིག་མའོ་ཞེས་པ་དང་ཡང་འགལ་ལོ། །དེས་ན་མཐའི་སྐད་ཅིག་དང་སྐྱ་རེངས་ཤར་བ་ནི་སྐད་ཅིག་སྔ་ཕྱི་ཐ་དད་དོ། །འོན་ཀྱང་མཐའི་སྐད་ཅིག་འདས་པ་དང་སྐྱ་རེངས་ཤར་བ་ནི་ངོ་བོ་གཅིག་ཅིང་མཐའི་སྐད་ཅིག་དང་སྐྱ་རེངས་འཆར་བའི་སྐད་ཅིག་ཀྱང་ངོ་བོ་གཅིག་ཡིན་པར་རིག་པར་བྱའོ། །ཆོས་གོས་ཞག་བཅུ་འཆང་བ་ལ་སོགས་པ་རྣམས་ཀྱི་ཞག་གྲངས་ཐོག་མའི་ཞག་གཅིག་གི་ཚད་ཇི་ཙམ་ཞེ་ན། ཚེས་གཅིག་ལ་གོས་རྙེད་ན་ཚེས་གཅིག་གི་ཉིན་མཚན་གྱི་དང་པོ་མ་ཡིན་པ་སྟེ་ཚེས་གཅིག་གི་མཚན་མོ་མཐའི་སྐད་ཅིག་ཉིད་ལ་ཞག་གྲངས་དང་པོའི་ཞག་གཅིག་ཏུ་བརྩི་བ་དེ་ལ། མཚན་མོའི་སྐད་ཅིག་ཐ་མ་མ་ཡིན་པ་སྟེ་ཐུན་ཚོད་སྔ་མ་རྣམས་ནི་ངེས་གཟུང་གི་ཡན་ལག་ཏུ་མེད་པ་ཉིད་དོ་ཞེས་བསྟན་ཏེ་དོན་དེ་ལྟར་ཊཱིཀ་ལས་བཤད་དོ། །འདིར་ལུང་རྣམ་འབྱེད་ལས། གོས་སམ་ལྷུང་བཟེད་དང་པོ་རྙེད་པའི་ཐུན་ཚོད་ངེས་པར་མ་སྨོས་པར་ཚེས་བཅུ་གཅིག་གི་ཉིན་པར་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར། ཞེས་གསུངས་ཏེ། དང་པོ་རྙེད་པའི་ཐུན་ཚོད་སྔ་དྲོ་ལ་སོགས་པ་ངེས་པར་མ་སྨོས་པས་ན། ཞག་གྲངས་ཐོག་མའི་མཐའི་སྐད་ཅིག་དེ་ཉིད་ཞག་གཅིག་ཏུ་བརྩི་བར་གྲུབ་བོ། །ཉིན་མཚན་གྱི་དང་པོ་མ་ཡིན་པ་ཞེས་པ་འདི་ནི་འགྲེལ་ཆུང་གི་མདོ་རྩ་བ་ལས། སྔ་མ་མེད་པའི་ཉིན་ཞག་ཅེས་བཤད་པ་དེ་འགྱུར་ཤིན་ཏུ་ལེགས་ཏེ། དེ་ལྟར་ན། སྔ་མ་མེད་པའི་ཞག་ལ་ནི་ཐ་མ་མ་ཡིན་པ་མེད་པ་ཉིད་དོ་ཞེས་པ་དེ་ཡང་ཞག་བཅུ་འཆང་བ་ལྟ་བུའི་ཞག་གྲངས་དང་པོ་ནི་སྔ་མ་མེད་པའི་ཞག་གཅིག་ཡིན་ལ། ཞག་གཅིག་འབྲལ་བ་ལྟ་བུའི་ཞག་གཅིག་པོ་དེ་ཉིད་ཀྱང་སྔ་མ་མེད་པའི་ཞག་གཅིག་ཡིན་ནོ། །མདོ་དང་པོ་འདི་ལ་བླ་མ་རྣམས་ནི་ཆོས་གོས་ཞག་བཅུ་འཆང་བ་ལྟ་བུའི་ཞག་གྲངས་ཐ་མའི་ཉིན་མཚན་གྱི་དང་པོ་མ་ཡིན་པ་སྟེ་མཐའི་སྐད་ཅིག་མཐར་ཐུག་གི་ཡན་ལག་ཡིན་ལ། ཐ་མ་མ་ཡིན་པ་སྟེ་ཐུན་ཚོད་སྔ་མ་རྣམས་ནི་མཐར་ཐུག་གི་ཡན་ལག་ཏུ་མེད་པ་ཉིད་དོ་ཞེས་ཀྱང་འཆད་དོ། །དེ་དང་མཐུན་པར། ཉིན་མཚན་གྱི་དང་པོ་མ་ཡིན་པ་ལ་ཐ་མ་མ་ཡིན་པ་མེད་པ་ཉིད་ཅེས་པ་འདི་ལ། བམ་པོ་ལྔ་བཅུ་པ་ལས། མདོར་ན་སྐྱ་རེངས་དང་པོ་ཤར་ནས་སྤང་བར་འགྱུར་གྱི་སྐྱ་རེངས་དང་པོ་མ་ཤར་བའི་མདུན་རོལ་གྱི་ཐུན་རྣམས་ལ་ཞག་ཏུ་མི་བརྩི་བས་སྤང་བར་མི་འགྱུར་རོ་ཞེས་སྤྱིར་བསྟན་པ་ཡིན་ནོ། །ཞེས་གསུངས་སོ། །མཐའི་སྐད་ཅིག་གི་སྔ་རོལ་ཏུ་ཅིར་འགྱུར་ཞེ་ན། ཡུལ་རྟེན་ལྷན་ཅིག་ཏུ་གནས་པ་དང་འབྲེལ་བ་བདུན་ལ་ནི་མཐའི་སྐད་ཅིག་གི་སྔ་རོལ་རྣམས་སྦྱོར་བའི་ཉེས་བྱས་ཀྱི་སྣོད་དམ་རྟེན་ཉིད་དོ། །དེ་ཡང་བདུན་པོ་ནི། དམག་གནས་འཆབ་དང་ནུབ་ལྷག་དང༌། །སྣང་བཅས་སྤངས་བརྙིལ་ལྷན་ཅིག་ཉལ། །ཞེས་པ་དག་སྟེ་ཊཱི་ཀ་མང་ཤོས་ལས་བདུན་པོ་ཐམས་ཅད་སྨོས་སོ། །གསུམ་པ་སེལ་བ་ནི་སྔ་རོལ་གྱི་དུས་རྣམས་སོ། །ཡང་དུས་འབྲེལ་གྱི་ལྟུང་བ་ཡིན་ན་རང་རང་གི་ཞག་གྲངས་ཐ་མའི་མཚན་མོ་མཐའི་སྐད་ཅིག་འདས་པས་ཁྱབ་པར་ཐལ། འདོད་ན། རས་ཆེནབཙལ་སྔས་དང་བརྟད་བྱུང་བགོས་སྔས་ཀྱི་ལྟུང་བ་གཉིས་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ཟེར་ན་དེ་ཡིན་པར་ཐལ། དེའི་དབྱེ་བ་ཡིན་པའི་ཕྱིར། དེར་ཐལ། མཚོ་ཊཱིཀ་ལས། རས་ཆེན་བརྟད་དང་གསོག་འཇོག་དང༌། ཞེས་གསུངས་པའི་ཕྱིར་ཟེར་ན་རས་ཆེན་ཞག་འཕྱིས་ལ་དགོས་ཀྱང་རེས་ཆེན་བཙལ་སྔས་ལ་མི་དགོས་པར་སྣང་ངོ། །གཞན་ཡང་ཞག་ལོན་པའི་ཉེས་བྱས་ཆོས་ཅན། དུས་འབྲེལ་གྱི་ལྟུང་བ་ཡིན་པར་ཐལ། དེའི་དོན་ཚང་པའི་ཕྱིར། དེར་ཐལ། མཚོ་ཊཱིཀ་༦༩༨ལས། མཚན་མོ་འདས་པའི་ཡོངས་སུ་རྫོགས་པའོ། །ཞེས་གསུངས་པས་སོ། །འདོད་ན། དེ་མ་ཡིན་པར་ཐལ། ཊཱི་ཀས་དངོས་བསྟན་བཅོ་ལྔ་དང་མདོར་བསྟན་བཞི་པོ་གང་ཡང་མ་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། ། བཞི་པ་ཅིར་འགྱུར་ནི་གཉིས་ཏེ། སྤང་བ་རྣམས་ལ་སྦྱོར་བའི་ལྟུང་བ་མེད་ཅིང་གནས་པ་དང་འབྲེལ་བ་རྣམས་ལ་ན་སྨད་པར་འགྱུར་རོ། །དང་པོ་ནི་ལུང་རྣམ་འབྱེད་ལས་འཆང་བའི་སྐབས་གོས་དང་ལྷུང་བཟེད་ཞག་བཅུའི་བར་དུ་བཅང་བར་བྱའོ། །གོས་ནི་ཟླ་བ་གཅིག་གི་མཐར་བཞག་པར་བྱའོ། །ཞག་དྲུག་གི་མཐའ་ཚུན་ཆད་དུ་འབྲལ་བར་བྱའོ། །དབྱར་ཟད་ནས་ཟླ་ཕྱེད་ཀྱི་བར་དུ་རས་ཆེན་བཅང་བར་བྱའོ། །བརྟད་པ་ལས་འབྱུང་བའི་གོས་དེ་བླངས་ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ་ཞེས་གསུངས་པ་དེ་དང༌། ཞུ་བ་ལས། ཞག་བདུན་ལོན་པ་ལ་མ་ལོན་པ་ཉིད་དུ་ཤེས་ན་ཉེས་པ་མེད་དོ། །ཞེས་གསུངས་ཤིང༌། ཞག་གཅིག་འབྲལ་བའི་སྦྱོར་ལྟུང་མེད་པ་ནི་དགོན་པ་བའི་འབྲལ་བའི་གནད་ཀྱིས་སོ། །གལ་ཏེ་དེ་དག་ལ་སྦྱོར་ལྟུང་མེད་ན། འདུལ་བ་ཀུན་ལས་བཏུས་པའམ་བམ་པོ་ལྔ་བཅུ་པ་ལས། འཆང་བ་དང་འབྲལ་བའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །ཞེས་དང༌། བསྡུས་པ་ལས། ཉིན་རེ་ཉེས་བྱས་རེ་རེའོ། །ཞེས་འཆང་བ་ལ་ཉེས་བྱས་སུ་བཤད་པ་དང༌། འགྲེལ་ཆུང་ལས། འཆང་བའི་སྤང་བ་ནི་ཞག་བཅུར་སྔགས་མ་བཏབ་ན་ཉེས་བྱས། ཞེས་བཤད་པ་དང་འགལ་ལོ་ཞེ་ན་དེ་དག་ནི་རང་དགར་འཇོག་པ་སྦྱོར་བ་ལྷོད་པ་བསླབ་བྱའི་ཉེས་པ་ལ་དགོངས་པ་ཡིན་ནོ། །གལ་ཏེ་སྦྱོར་བའི་ཉེས་བྱས་ཡིན་ན་ཞུ་བ་ལས། ཞག་བཅུ་མ་ལོན་པ་ལ་མ་ལོན་པར་ཤེས་ན་ཉེས་པ་མེད་དོ། །ཞེས་གསུངས་པ་དང༌། རྣམ་འབྱེད་ལས། ཞག་བཅུའི་བར་དུ་བཅང་བར་བྱའོ་ཞེས་སྔར་དྲངས་པ་དག་དང་འགལ་བའོ། །གཉིས་པ་གནས་པ་འབྲེལ་བ་རྣམས་ལ་ན་སྨད་དུ་འགྱུར་བ་ནི། གནས་པ་ལ་ནི་སྦྱོར་བའི་སྣོད་ཉིད་དོ། །ཞེས་གསུངས་པས་སོ། །ལྔ་པ་རྒྱུ་མཚན་ནི། སྤང་བ་དེ་རྣམས་ལ་སྦྱོར་ལྟུང་མི་བསྐྱེད་པ་ནི་ལྟུང་བ་རྣམ་གཞག་གི་སྦྱོར་ལྟུང་གི་བཅས་པ་མེད་པའི་ཕྱིར་རོ། །གནས་པ་དང་འབྲེལ་ན་ན་སྨད་དུ་འགྱུར་བ་ནི། གནས་པ་དང་འབྲེལ་བའི་སྦྱོར་ལྟུང་གི་བཅས་པ་ལས་འདས་པའི་ཕྱིར་རོ། །དྲུག་པ་སྐྱ་རེངས་ཤར་དུས་སོགས་བཤད་པ་ནི། རྩ་བར། དེའི་དང་པོ་ནི་སྐྱ་རེངས་དང་པོ་དེའོ། །ཞེས་སོ། །འདིའི་དོན་བཤད་པ་ལ། སྐྱ་རེངས་དང་པོ་འཆར་དུས་གཏན་ལ་དབབ་པ་དང༌། ཞག་དང་འབྲེལ་བ་རྣམས་ཀྱི་མཐར་ཐུག་དང་དངོས་གཞི་རྫོགས་པའི་དུས་དང༌། ཉིན་ཞག་གི་འཕོ་མཚམས་གཏན་ལ་དབབ་པ་དང་གསུམ། དང་པོ་ལ་གཉིས་ལས། དང་པོ་ནམ་གྱི་ཆའི་སྒོ་ནས་སྐྱ་རེངས་འཆར་དུས་ངོས་གཟུང་བ་ནི། སྲོད་དང་གུང་དང་ཐོ་རེངས་ཏེ་ནམ་ལ་ཆ་གསུམ་དུ་བྱས་པའི་ཐོ་རེངས་ཐུན་ལ་འཆར་རོ། །དེ་གསུམ་རེ་རེ་ལ་ཡང་ཆ་གསུམ་སྟེ་ཆ་དགུར་བྱས་པའི་ཆ་བདུན་པའི་ཕྱེད་ན་འཆར་ཏེ། དགེ་སློང་མའི་རྣམ་འབྱེད་ལས། ཐུན་ཐ་མའི་ཐུན་དང་པོའི་ཕྱེད་རྔ་བརྡུང་དུ་ཉེ་བའི་མཚན་མོ་སྐྱ་རེངས་འཆར་བའི་དུས་ཡིན་ནོ་ཞེས་གསུངས་པས་ཐོ་རེངས་ལ་ཆ་གསུམ་དུ་བྱས་པའི་ཆ་དང་པོའི་ཕྱེད་ན་འཆར་རོ། །སྡེ་པ་ཁ་ཅིག་ན་རེ་མཚན་མོའི་ལྔ་ཆ་ལུས་པ་ན་འཆར་ཏེ། བྱེ་བྲག་བཤད་མཚོ་ལས། དེ་ལྟར་བཤད་པས་སོ། །ཞེས་ཟེར་རོ། །འོན་ཀྱང་འོད་ལྡན་ལས། བྱེ་བྲག་བཤད་མཚོ་ནི་ལུང་གི་འབྲེལ་བ་ཡིན་ལ་ལུང་ལས་ནི་དེ་སྐད་མ་གསུངས་ཤིང༌། སྐྱ་རེངས་འཆར་བའི་སྔོན་རྟགས་མཚན་མ་ནམ་མཁའ་ལ་མངོན་སུམ་དུ་སྣང་བའི་ཚེ་བརྩད་དུ་མེད་པ་ཁོ་ན་ཡིན་ནོ། །ཞེས་གསུངས་སོ། །འོན་ཀྱང་ནམ་རིང་ཐུང་གིས་ཉི་མའི་འོད་ཟེར་རྒྱང་རིང་ཐུང་དུ་འགྱུར་བ་མི་རིགས་པས། ནམ་རིང་དུས་སྐྱ་རེངས་དང་པོ་ཤར་ནས་ལངས་པའི་བར་དང༌། ནམ་ཐུང་དུས་སུ་སྐྱ་རེངས་དང་པོ་ཤར་ནས་ནམ་ལངས་པའི་བར་ནི་ཡུན་མཉམ་པར་རིགས་སོ། །དེས་ན་ནམ་ཐུང་དུས་ནི་ནམ་གྱི་སུམ་ཆ་ཉེ་བ་ལུས་པ་ན་སྐྱ་རེངས་དང་པོ་འཆར་བ་དགེ་སློང་མའི་རྣམ་འབྱེད་ལྟར་དོན་ལ་གནས་ལ། ནམ་རིང་བའི་དུས་སུ་ནི་ནམ་གྱི་ལྔ་ཆ་ལུས་པ་ན་སྐྱ་རེངས་དང་པོ་འཆར་བར་བྱེ་བྲག་བཤད་མཚོ་ལྟར་དོན་ལ་གནས་པར་སེམས་སོ། །

གཉིས་པ་མཚན་མ་གསལ་བའི་སྒོ་ནས་སྐྱ་རེངས་འཆར་དུས་ངོས་གཟུང་བ།

གཉིས་པ་མཚན་མ་གསལ་བའི་སྒོ་ནས་སྐྱ་རེངས་འཆར་དུས་ངོས་གཟུང་བ་ནི།

རྣམ་འབྱེད་ལས། སྐྱ་རེངས་དང་པོ་ནི་སྔོན་པོར་སྣང་བའོ། །སྐྱ་རེངས་བར་བ་ནི་སེར་པོར་སྣང་བའོ། །སྐྱ་རེངས་ཐ་མ་ནི་དམར་པོར་སྣང་བའོ། །ཞེས་དང༌། འོད་ལྡན་ལས་ཀྱང་སྐར་མའི་བསྟན་བཅོས་ཁུངས་སུ་དྲངས་ནས། སྐྱ་རེངས་དང་པོ་ཤར་ན་ནི། །ཤར་ཕྱོགས་སུ་ནི་སྔོར་སྣང་ཞིང༌། །སྐར་མའི་གདོང་གི་འོད་ཉམས་ལ། །ནམ་མཁའ་སྔོ་སྐྱར་འགྱུར་བ་ཡིན། །སྐྱ་རེངས་བར་བ་ཤར་ན་ནི། །དེ་ནི་ཤར་ཕྱོགས་སྐྱ་ཞིང་དམར། །རྒྱུ་སྐར་འོད་ནི་ཆུང་བ་དང༌། ནམ་མཁའ་སེར་སྐྱར་འགྱུར་བ་ཡིན། །སྐྱ་རེངས་ཐ་མ་ཤར་ན་ནི། །རྒྱུ་སྐར་འོད་ནི་མེད་པ་དང༌། །སྐྱ་རེངས་ཐ་མ་འོ་ཟི་བཤད། །འོ་ཟིའང་ཉི་མ་ཤར་བར་དུའོ། །ཞེས་གསུངས་སོ། །

གཉིས་པ་ཞག་དང་འབྲེལ་བ་རྣམས་ཀྱི་མཐར་ཐུག་དང་དངོས་གཞི་རྫོགས་པའི་དུས།

གཉིས་པ་ཞག་དང་འབྲེལ་བ་རྣམས་ཀྱི་མཐར་ཐུག་དང་དངོས་གཞི་རྫོགས་པའི་དུས་ལ།

མཐར་ཐུག་དང་དངོས་གཞི་རྫོགས་དུས་ངོས་གཟུང་བ་དང༌། གཞུང་ཕན་ཚུན་མི་འགལ་བར་བསྟན་པ་དང་གཉིས། དང་པོ་ལ་གཉིས་ལས། དང་པོ་ཞག་དང་འབྲེལ་བ་རྣམས་ཀྱི་མཐར་ཐུག་ནི། རང་རང་གི་མཚན་མོ་མཐའི་སྐད་ཅིག་མ་ཡིན་ཏེ། གནས་ངན་ལེན་འཆབ་པ་དང༌། ནུབ་ལྷག་ལ་སོགས་པ་རྣམས་ཀྱི་སྐབས་སུ་མདོ་རྩ་བ་ལས་མཐར་རོ་ཞེས་ལན་མང་དུ་གསུངས་པས་ཤེས་སོ། །གལ་ཏེ་སྐྱ་རེངས་ཤར་བ་མཐར་ཐུག་ཡིན་ན་ནི་དང་པོར་རོ་ཞེས་མ་གསུངས་པར་མཐར་རོ་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་ཞག་དང་འབྲེལ་བ་རྣམས་ཀྱི་དངོས་གཞི་རྫོགས་དུས་ནི། སྐྱ་རེངས་ཤར་བ་ན་ཞག་དང་འབྲེལ་བ་རྣམས་ཀྱི་ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཏེ། ཞག་ཤན་གྱི་ཊཱི་ཀ་ལས་ལུང་རྣམ་འབྱེད་ཁུངས་སུ་དྲངས་ནས། ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །ཞེས་དང༌། དགེ་སློང་མའི་རྣམ་འབྱེད་ལས། ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་སོ། །གཉིས་པ་གཞུང་ཕན་ཚུན་མི་འགལ་བར་བསྟན་པ་ནི། གལ་ཏེ་ཞག་དང་འབྲེལ་བའི་ལྟུང་བ་དངོས་གཞི་དེ་སྐྱ་རེངས་ཤར་བ་ལ་ལྟོས་ན་ནི། ཆོས་གོས་འཆང་བའི་སྐབས་སུ་ཊཱིཀ་ལས་ཞག་བཅུ་གཅིག་པའི་སྐྱ་རེངས་དང་པོ་འཆར་བའི་ཚེ་ན་འཆང་བའི་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་དང་འགལ་ཏེ།སྐྱ་རེངས་འཆར་བ་དང་སྐྱ་རེངས་ཤར་བ་སྔ་ཕྱི་ཐ་དད་པས་སོ་ཞེ་ན། སྐྱ་རེངས་འཆར་བ་ན་དངོས་གཞིར་འགྱུར་བ་མི་འགལ་ལོ། །གཞན་ཡང་སྐྱ་རེངས་ཤར་བ་ན་དངོས་གཞིར་གྱུར་ཟིན་ན་སྐྱ་རེངས་ཤར་བ་ན་དངོས་གཞིར་འགྱུར་བར་གསུངས་པ་དང་འགལ་ཏེ། སྤང་ལྟུང་གི་མདོ་དང་པོའི་ཊཱི་ཀ་ལས་ལུང་རྣམ་འབྱེད་ཁུངས་སུ་དྲངས་ནས། ཚེས་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་དང༌། དགེ་སློང་ཕའི་རྣམ་འབྱེད་ལས་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་བ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ་ཞེ་ན། སྐྱ་རེངས་ཤར་བ་ན་ལྟུང་བ་དངོས་གཞིར་འགྱུར་རོ་ཞེས་གསུངས་པའི་ལུང་ཐམས་ཅད་ལྟུང་བ་དངོས་གཞིར་གྱུར་ཟིན་པ་ལ་དངོས་གཞིར་འགྱུར་ཞེས་བཏགས་པ་དང༌། སྐད་ཅིག་གཉིས་པ་ལ་ལྟུང་བ་དངོས་གཞིར་འགྱུར་བ་ལ་དགོངས་སོ་ཞེས་མཚོ་ཊཱིཀ་ལས་གསུངས་སོ། །

གསུམ་པ་ཉིན་ཞག་གི་འཕོ་མཚམས་གཏན་ལ་དབབ་པ།

གསུམ་པ་ཉིན་ཞག་གི་འཕོ་མཚམས་གཏན་ལ་དབབ་པ་ལ་གཉིས་ལས།

སྤྱིར་བཏང་ནི་སྐྱ་རེངས་དང་པོ་ཤར་བ་ན་ཉིན་ཞག་འཕོས་ཤིང་ཞག་ཕྱི་མའི་ཉིན་མོར་བཏགས་པ་ཡིན་ཏེ། དེའི་དང་པོ་ནི་སྐྱ་རེངས་དང་པོ་དེའོ་ཞེས་བཤད་ཅིང༌། འོད་ལྡན་ལས་ཀྱང་ཉི་མ་མ་ཤར་ཡང་སྐྱ་རེངས་ཤར་ན་ནི་ཉིན་མོར་ཐ་སྙད་བཏགས་ཏེ་སྣང་བ་ཡོད་པའི་ཕྱིར་རོ། །སྐྱ་རེངས་ཤར་བ་དེ་ནི་བསྟན་བཅོས་ལ་གྲགས་པའི་ཉིན་མོའོ། །འཇིག་རྟེན་གྱི་ཐ་སྙད་འགའ་ཞིག་དང་ཡང་མཐུན་ཏེ། ཐོ་རངས་སྐྱ་རེངས་ཤར་ནས་འོངས་པ་ལ་སྔ་མོ་ཞིག་ན་འོངས་སོ་ཟེར་བ་ལྟ་བུའོ། །དམིགས་བསལ་ནི་གསུམ་ཏེ། གསོ་སྦྱོང་ལ་སོགས་པའི་ལས་ལས་འདས་པ་དང༌། ཆུ་བརྟགས་པའི་ཉིན་ཞག་གིས་རུང་བ་དང༌། རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའོ། །དེ་གསུམ་ལ་ནི་སྐྱ་རེངས་དང་པོ་གཉིས་ཤར་ཡང་ཞག་སྔ་མའི་མཚན་མོར་གཏོགས་པར་བཅས་པ་སྟེ། མདོ་ཉིད་ལས། ལས་ལ་ནི་འདས་ན་ཉི་མ་ཤར་བའི་འོ། །ཉི་མ་འཆར་ཁ་ཚུན་ཆད་བརྟགས་པ་ཉིད་ཀྱི་རྗེས་སུ་འཇུག་པའོ། །འདིར་ནི་སྐྱ་རེངས་ཐ་མ་ཤར་བ་ཉིད་དེ་ཡིན་ནོ། །ཞེས་གསུངས་སོ། །འཇིག་རྟེན་པ་ཕལ་ཆེ་བ་དག་སྐྱ་རེངས་དང་པོ་གཉིས་ཤར་ཡང་མཚན་མོའི་ཐ་སྙད་དུ་བརྗོད་པ་དང་ཡང་མཐུན་ཏེ། རྣམ་འབྱེད་འགྲེལ་བ་ལས། སྐྱ་རེངས་ཐ་མ་ཤར་ན་འཇིག་རྟེན་ཕལ་ཆེར་མཚན་མོའི་ཐ་སྙད་མི་འཆད་པའི་ཕྱིར་རོ། །ཞེས་གསུངས་སོ། ། རང་གི་རྣམ་བཤད་དང་ཊཱི་ཀ་ལས། ཉིན་མཚན་དེའི་དང་པོ་ནི་སྐྱ་རེངས་དང་པོའི་སྐད་ཅིག་དང་པོ་དེའོ། །ཞེས་སོ། །དེ་ནི་ཉིན་མོ་དང་མཚན་མོ་ཞག་གཅིག་ཏུ་བསྡུས་པའི་དབང་དུ་བྱས་པ་སྟེ། འཆང་འབྲལ་ལྟ་བུའི་སྐབས་སུ་ཞག་དེའི་དང་པོ་སྐྱ་རེངས་དང་པོའི་སྐད་ཅིག་དང་པོ་དེའོ་ཞེས་པའོ། །ཉིན་མཚན་སོ་སོར་དབྱེ་བའི་དབང་དུ་བྱས་ན་ནི། ཉིན་མོའི་དང་པོ་ནི་སྐྱ་རེངས་དང་པོ་ཡིན་ཏེ། ཊཱི་ཀ་ལས། ཉིན་མོའི་དང་པོ་ནི། སྐྱ་རེངས་ཤར་བ་ཡིན་པར་གསུངས། ཞེས་བཤད་ཅིང༌། མཚན་མོའི་དང་པོ་ནི། ཊཱི་ཀ་ལས། ཉི་མ་ནུབ་པའི་འོག་ཏུ་འོད་དམར་པོ་ཆགས་པ་གང་ཡིན་པ་དེ་འདས་པར་གྱུར་པ་ནི་མཚན་མོའི་དང་པོ་ཡིན། ཞེས་གསུངས་སོ། ། ཡང་མཚན་མོའིམཐའ་ནི་སྐྱ་རེངས་ཤར་བ་ནས་བཞག་དགོས་པར་ཐལ། མདོ་རྩ་བ་ལས། ཉིན་མཚན་གྱི་དང་པོ་མ་ཡིན་པ། ཞེས་སོ། ། དེ་མ་ཡིན་པར་ཐལ། ལུང་རྣམ་འབྱེད་ལས། ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་བ་ན་སྤང་བའི་ལྟུང་བྱེད་དོ། །ཞེས་དང༌། ཊཱི་ཀ་ལས། ཉིན་མོ་དང་པོ་ནི་སྐྱ་རེངས་དང་བོ་ཤར་བ་ཡིན་པར་གསུངས་བ་ལ། དེའི་མདུན་རོལ་ནི་མཚན་མོའི་མཐའ་ཡིན་པར་རྣམ་པར་བཞག ཅེས་དང༌། མཚོ་ཊཱིཀ་༤༣༥ལས། ཉིན་མོ་དང་བོ་ནི་སྐྱ་རེངས་དང་པོ་ཡིན་ཏེ། ཞེས་པས་སོ་ཟེར་ན་ཞིབ་ཆ་བསྟན་བཅོས་དང་འཇིག་རྟེན་གྲགས་པའི་སྒོ་ནས་གོང་དུ་བཤད་པ་ལྟར་ཤེས་དགོས་པར་འདྲའོ། །སྔ་མ་ལ་དམིགས་བསལ་གསུམ་སྟེ་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཊཱི་ཀ་ལས། འདིར་ཉིན་མོའི་དང་པོ་ནི་སྐྱ་རེངས་ཐ་མ་ཞེས་བྱ་བ་དམར་རེངས་ཤར་བ་ཡིན། ཞེས་གསུངས་ལ། དེའི་དང་པོ་ནི་སྐྱ་རེངས་དང་པོ་དེའོ་ཞེས་སྨོས་ན་ཐམས་ཅད་དུ་འམ་ཞེ་ན། ལས་ལ་ནི་འདས་ན་ཞེས་སོགས་གསུངས་ལ། ལུང་ཞུ་བ་ལས། གསོ་སྦྱོང་དང་དགག་དབྱེ་ལ་སོགས་པ་ཚེས་གྲངས་ངེས་པ་དང་འབྲེལ་བའི་ལས་ལ་ནི་བརྗེད་པ་ཡན་ཆད་ཀྱི་རྐྱེན་བྱུང་བས་དུས་འདས་ཤིང་ཡོལ་བར་གྱུར་ན་ཉི་མ་ཤར་བའི་སྐད་ཅིག་ཉིན་ཞག་དེའི་དང་པོའོ། །འདིས་ནི་སྐྱ་རེངས་དང་པོ་གཉིས་ཤར་ཡང་ཉི་མ་མ་ཤར་ན་དེའི་ཚེ་གསོ་སྦྱོང་ལ་སོགས་པ་བྱས་ན་རང་རང་གི་དགོས་པ་འགྲུབ་པར་བསྟན་ཏོ། །གལ་ཏེ་ཚེས་བཅོ་ལྔའི་ཐོ་རངས་སྐྱ་རེངས་དང་པོ་ཤར་བ་ན་གསོ་སྦྱོང་བྱས་པ་དེ་ཆོས་ཅན། གསོ་སྦྱོང་མ་བྱས་པའི་ཉེས་པ་མི་ཁེགས་པར་ཐལ། གསོ་སྦྱོང་མ་བྱས་པའི་ཉེས་པ་བྱུང་ཟིན་པའི་ཕྱིར་ཞེ་ན། རྐྱེན་མ་བྱུང་ན་དེའི་ཚེ་ན་ཉེས་པ་བྱུང་ཟིན་ཡང་རྐྱེན་བྱུང་ན་ནི་དེའི་ཚེ་ན་ཉེས་པ་བྱུང་ཟིན་པ་རྟགས་མ་གྲུབ་སྟེ། ཟླ་ཕྱེད་གདམས་ངག་ནོད་པའི་ཊཱི་ཀ་ལས། རྐྱེན་མ་བྱུང་བར་གསོ་སྦྱོང་གི་ཉི་མ་ལས་འདས་ན་སྐྱ་རེངས་ཤར་བའི་དུས་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །རྐྱེན་བྱུང་ན་ནི་ཉི་མ་འཆར་ཁའི་དུས་སུ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཞེས་གསུངས་ཤིང༌། འདི་ནི་བརྗེད་པ་སོགས་རྐྱེན་བྱུང་བའི་དབང་དུ་བྱས་པ་ཡིན་པས་སོ། །གལ་ཏེ་སྐྱ་རེངས་ཤར་ནས་གསོ་སྦྱོང་བྱས་པས་དེ་མ་བྱས་པའི་ཉེས་པ་ཁེགས་ན། ཞུ་བ་ལས།དགེ་སློང་གིས་སྐྱ་རེངས་ཤར་བ་ན་གསོ་སྦྱོང་མ་བྱས་སོ་སྙམ་དུ་དྲན་ནས་གསོ་སྦྱོང་བྱས་ན་དགེ་སློང་དེ་དག་གིས་གསོ་སྦྱོང་བྱས་མོད་ཀྱི་འདས་པ་དང་བཅས་པར་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་སྦྱོར་བ་ལྷོད་པའི་བསླབ་བྱའི་ཉེས་བྱས་ལ་དགོངས་པ་ཡིན་གྱི། གསོ་སྦྱོང་མ་བྱས་པའི་ཉེས་བྱས་ནི་མ་ཡིན་པས་འགལ་བ་མེད་དོ། །

གཉིས་པ་བདག་པོ་དང་འབྲེལ་བའི་ཐུན་མོང་།

གཉིས་པ་བདག་པོ་དང་འབྲེལ་བའི་ཐུན་མོང་ནི།

སྤང་བ་ལ་ནི། ཞེས་སོ། །འདིའི་དོན་ལ་ལྔ་སྟེ། ཡན་ལག་གི་ཁྱབ་པ་དང༌། ཡན་ལག་རང་གི་ངོ་བོ་དང༌། སེལ་བ་དང༌། ཅིར་འགྱུར་དང༌། རྒྱུ་མཚན་ནོ། །དང་པོ་ནི་སྤང་ལྟུང་བཅོ་བརྒྱད་ལ་སྦྱར་ཏེ། འཆང་འཇོག་འཁྲུར་འཇུག་བཅུ་ཚན་བར་པ་དང༌། །སྣོད་འཆང་འཐག་འཇུག་རས་ཆེན་བརྟད་དང་མཐའོ། །ཞེས་དབྱེའོ། །འདིར་ཁ་ཅིག་ན་རེ་འབྲལ་བའི་སྤང་ལྟུང་ལ་ཡང་རང་གི་ཡིན་པ་དགོས་ཏེ། གཞན་གྱི་ཡིན་ན་སྤང་མི་དགོས་པའི་ཕྱིར་སྤང་ལྟུང་མ་ཡིན་ནོ་ཞེསཟེར་རོ། །དེ་ནི་མ་ཡིན་ཏེ་འདི་ཉིད་ལས་དགེ་འདུན་གྱི་ཡང་ངོ་དེ་ལས་འབྲལ་བར་འགྱུར་རོ། །ཞེས་གསུངས་པ་དང་ཊཱི་ཀ་ལས་འབྲལ་བའི་རྒྱུ་ནི་བྱིན་གྱིས་བརླབས་པ་ཡིན་གྱི་རང་གི་ཉིད་ནི་མ་ཡིན་པའི་ཕྱིར་རོ་ཞེས་བཤད་པ་དང་འགལ་ལོ། །གལ་ཏེ་དགེ་འདུན་གྱི་ཆོས་གོས་དང་འབྲལ་བའི་ཉེས་པ་དེ་ནི་འབྲལ་བའི་ལྟུང་བྱེད་ཡིན་གྱི་འབྲལ་བའི་སྤང་ལྟུང་ནི་མ་ཡིན་ཏེ། དངོས་པོ་དེ་སྤང་མི་དགོས་པའི་ཕྱིར་རོ། །དེའང་ལུང་ཞུ་བ་དང་རྒྱ་ཆེར་འགྲེལ་བ་ལས། དགེ་འདུན་གྱི་ཆོས་གོས་གང་ཟག་གིས་བྱིན་གྱིས་བརླབས་ནས་འབྲལ་བར་བྱེད་ན་ཆོས་གོས་དེ་སྤང་བར་མི་བྱ་སྟེ་ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་བཤད་ཅིང༌། འདུལ་བ་ཀུན་ལས་བཏུས་པ་ལས། དགེ་སློང་གི་དགེ་འདུན་མངའ་བའི་ཆོས་གོས་གང་ཟག་གི་བདག་ཉིད་དུ་རིས་སུ་མ་བཅད་པ་རང་གིས། བྱིན་གྱིས་བརླབས་པ་དང་བྲལ་ན་འབྲལ་བའི་སྤང་བར་ནི་མི་བྱ་ལ། ལྟུང་བྱེད་དུ་ནི་འགྱུར་རོ་ཞེས་བཤད་པས་གྲུབ་བོ་ཞེ་ན། དངོས་པོ་སྤང་མི་དགོས་པ་ཙམ་གྱིས་སྤང་ལྟུང་མ་ཡིན་པས་ཁྱབ་པ་མེད་དེ། གཞན་དུ་ན་སྙིམ་པ་བཅིང་ཏེ་འགྲོལ་དུ་འཇུག་པའི་སྤང་ལྟུང་ཆོས་ཅན། སྤང་ལྟུང་མ་ཡིན་པར་ཐལ། དངོས་པོ་དེ་སྤང་མི་དགོས་པའི་ཕྱིར་རོ། །གཞན་ཡང་དངོས་པོ་སྤང་དགོས་པ་ཉིད་ཀྱིས་སྤང་ལྟུང་དུ་རྣམ་པར་འཇོག་ན། གང་ཟག་ཁྱད་པར་ཅན་ལ་སྤང་ལྟུང་མེད་པར་ཐལ། དངོས་པོ་སྤང་མི་དགོས་པའི་ཕྱིར་ཏེ།འདུལ་བ་ཀུན་ལས་བཏུས་ལས། ངོ་ཚ་དང་ལྡན་པ་དང༌། མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་དང༌། ཤེས་པས་ནི་གཅིག་གི་མདུན་དུ་བཤགས་པས་སྤང་བའི་ལྟུང་བྱེད་ལས་ལྡང་སྟེ། དངོས་པོ་སྤང་བ་དང་བྲལ་བར་བྱ་མི་དགོས་སོ་ཞེས་སྤང་མི་དགོས་ཀྱང་སྤང་བའི་ལྟུང་བྱེད་དུ་བཤད་དོ། །དེས་ན་གཞན་གྱི་ཆོས་གོས་དང་འབྲལ་ལྟུང་དངོས་གཞི་རྫོགས་པ་བྱུང་ན་དངོས་པོ་དེ་ཡང་སྤང་མི་དགོས་ཀྱང༌། སྤང་བའི་ལྟུང་བྱེད་ཡིན་ཏེ། སྡེ་ཚན་སྤང་བའི་ལྟུང་བྱེད་དུ་གཏོགས་པའི་ལྟུང་བ་དངོས་གཞི་རྫོགས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ཡན་ལག་གི་ངོ་བོ་ནི།དངོས་པོ་རང་ཉིད་དབང་ཞིང་དབང་བར་ཤེས་པ་སྟེ། རང་གི་ཉིད་དོ། །ཞེས་དང༌། འདུ་ཤེས་ལས་གཙོ་ཆེར། ཞེས་གསུངས་སོ། །དེ་ཡང་ངེས་པར་མ་ཟད་ཡིད་གཉིས་ཀྱིས་ཀྱང་འགྱུར་ཏེ། ཡིད་གཉིས་ནི་འདུ་ཤེས་དང་འདྲའོ། །ཞེས་གསུངས་པས་སོ། །བདག་པོ་དང་འབྲེལ་བའི་སྤང་བའི་ལྟུང་བྱེད་བཅོ་བརྒྱད་པོ་ལ་ནི་རང་གི་ཡིན་པའི་འདུ༷་ཤེ༷ས་ལ༷ས་གཙོ༷་ཆེ༷ར་གྱུར་པ་དང་ར༷ང་གི༷་ཡིན་པ་ཡན་ལག་ཉི༷ད་དོ༷། །གསུམ་པ་སེལ་བ་ནི་གསུམ་སྟེ། གཞན་གྱི་ལ་གཞན་གྱིར་ཤེས་པ་དང༌། རང་གི་ལ་གཞན་གྱིར་འཁྲུལ་བ་དང༌། གཞན་གྱི་ལ་རང་གིར་འཁྲུལ་བའོ། །བཞི་པ་ཅིར་འགྱུར་ལ་གསུམ་ལས། དང་པོ་གཞན་གྱི་ལ་གཞན་གྱིར་ཤེས་པ་ལ་ཅིར་འགྱུར་ནི་ཚན་པ་གསུམ་སྟེ། ལྟུང་བ་མེད་པར་འགྱུར་བ་ལྔ་དང༌། ལྟུང་བ་གཞན་དུ་འགྱུར་བ་གཅིག་དང༌། ལྟུང་བ་ན་སྨད་དུ་འགྱུར་བ་བཅུ་གཉིས་སོ། །དང་པོ་ནི་ཆོས་གོས་ལ་སོགས་པའི་དངོས་པོ་དེ་གཞན་འབའ་ཞིག་དབང་བ་ཡིན་ན། འཆང་བ་གཉིས་དང་ཟླ་འཇོག་དང་རས་ཆེན་བཞག་ཕྱིས་དང༌། བརྟད་བྱུང་བགོ་ཕྱིས་དང་ལྔ་ལ་ལྟུང་མེད་དུ་འགྱུར་ཏེ། ཞུ་བ་ལས། གཞན་གྱི་ལྷུང་བཟེད་ཡུན་རིང་པོར་བཅངས་ཀྱང་ཉེས་པ་མེད་དོ། །ཞེས་དང༌། རྣམ་འབྱེད་ལས། གོས་དང་ལྷུང་བཟེད་ཞག་བཅུའི་ནང་རོལ་ཏུ་གཞན་ལ་བཏང་བར་བྱ། གོས་དེ་ཟླ་བའི་ནང་རོལ་ཏུ་གཞན་ལ་གཏང་བར་བྱ། ཞེས་དང༌། རས་ཆེན་བཞག་ཕྱིས་ཀྱང་ལྟུང་བ་མེད་པ་ནི་རས་ཆེན་སྦེད་བ་ལ་གཏད་ན་ལྟུང་མེད་དུ་གསུངས་པས་ཤེས་པ་དང༌། །བརྟད་བྱུང་བགོ་འཕྱིས་ཀྱི་ལྟུང་བ་མེད་པ་ནི་དགག་བྱ་མེད་པའི་ཕྱིར་ཏེ། འདིའི་དགག་བྱ་ནི་རང་གི་ཡོ་བྱད་ཆུད་ཟོས་པ་ཡིན་པ་ལ་གཞན་གྱི་ཡིན་ན་དགག་བྱ་དེ་མེད་པའི་ཕྱིར་དང༌། ཐམས་ཅད་དུ་གཞན་གྱི་ཡོ་བྱད་ཆུད་ཟོས་པ་སྤོང་དགོས་ན་སྒྲུབ་པར་མི་ནུས་པའི་ཕྱིར་རོ། །

གཉིས་པ་ལྟུང་བ་གཞན་དུ་འགྱུར་བ།

གཉིས་པ་ལྟུང་བ་གཞན་དུ་འགྱུར་བ་ནི།

རིན་པོ་ཆེ་ལ་རེག་པ་ནི་ལྟུང་བྱེད་འབའ་ཞིག་པར་འགྱུར་ཏེ། མདོ་ཉིད་ལས། རིན་པོ་ཆེ་རང་གི་མ་ཡིན་པ་དང་དེར་སྨོས་པ་ལ་རེག་གམ་རེག་ཏུ་བཅུག་ན་བྱེད་པ་པོ་ཡིན་ནོ། ། ཞེས་གསུངས་སོ། །གསུམ་པ་ལྟུང་བ་ན་སྨད་དུ་འགྱུར་བ་ནི། དེ་དག་ལ་འཁྲུར་འཇུག་ལ་སོགས་བཅུ་གཉིས་ལ་ནི་རང་རང་གི་ན་སྨད་དུ་འགྱུར་ཏེ། ཞུ་བ་ལས། གཞན་དབང་བའི་ཆོས་གོས་འཁྲུར་སྩོལ་ན་ཅིར་འགྱུར་ཉེས་བྱས་སོ། ། ཞེས་སོགས་གསུངས་སོ། །གལ་ཏེ་དེ་ལྟར་བཅུ་གཉིས་ལ་ན་སྨད་དུ་འགྱུར་ན་འདུལ་བ་ཀུན་ལས་བཏུས་པའི་མཐོ་གང་གི་སྤང་བའི་སྐབས་ལས། གཞན་གྱིས་བྱས་པ་ལ་ལོངས་སྤྱོད་པ་ལ་ལྟུང་བ་མེད་དོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་དངོས་གཞིའི་ལྟུང་བ་མེད་པ་ལ་དགོངས་ཏེ། གལ་ཏེ་ལྟུང་བ་གཏན་མེད་ཡིན་ན། མཐོ་གང་གི་སྤང་བའི་ཞུ་བ་ལས། གདིང་བ་གཞན་དབང་བ་ལ་ལོངས་སྤྱོད་པའི་དབང་དུ་བྱས་ནས། གཞན་ལ་གདིང་བ་གསར་པ་བགྱིད་དུ་སྩོལ་ཞིང་སྤྱོད་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་གསུངས་པ་དང་འགལ་ལོ། །འཁྲུར་འཇུག་ལ་སོགས་བཅུ་གཉིས་ལ་གཞན་གྱི་ཡིན་པ་ལ་གཞན་གྱི་ཡིན་པར་འདུ་ཤེས་ན་ན་སྨད་ཡིན་པ་མི་འཐད་པར་ཐལ། ཆེས་ན་སྨད་ཡིན་པའི་ཕྱིར། དེར་ཐལ། གཞིའི་ཡན་ལག་རང་དབང་བ་ཡིན་པ་དང༌། རང་གི་འདུ་ཤེས་པའི་ཡན་ལག་གཉིས་མ་ཚང་བའི་ཕྱིར། ཁྱབ་པར་ཐལ། རྩ་བར། དུ་མ་མ་ཚང་བ་ལ་ནི་དེ་བས་ཀྱང་ངོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །གདིང་བ་གསར་པ་རང་གི་ཡིན་པའི་དབང་དུ་བྱས་ན་ནི་སྤང་ལྟུང་ཡིན་ཏེ། ཞུ་བ་ལས། དགེ་སློང་གི་གདིང་བ་གསར་པ་བགྱིད་དུ་སྩོལ་ཞིང་སྤྱོད་ན་ཅིར་འགྱུར་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་སོ། །གསོག་འཇོག་གི་སྐབས་སུ་རང་དང་འདྲ་བའི་དགེ་སློང་གཞན་གྱི་སྨན་ལ་རང་གིས་གསོག་འཇོག་བྱེད་ན་ཉེས་བྱས་སུ་འགྱུར་གྱི་ལྟུང་མེད་ནི་མ་ཡིན་ཏེ། རང་རིགས་ཀྱིས་ལོངས་སྤྱད་དུ་རུང་བ་ལས་མི་རུང་བར་བྱས་པའི་དགག་བྱ་ཡོད་པའི་ཕྱིར་ཏེ། དཔེར་ན་གཞན་གྱི་སྨན་ལག་ཉར་བླངས་བ་བཞིན་ནོ། །བསྙེན་པར་མ་རྫོགས་པའི་སྨན་ལ་དེར་འདུ་ཤེས་ཏེ་དགེ་སློང་གིས་འཇོག་པར་བྱེད་ཀྱང༌། གསོག་འཇོག་གི་ཉེས་པ་མི་འབྱུང་སྟེ། དགེ་ཚུལ་གྱི་སྨན་ལ་དགེ་སློང་གིས་རེག་ཀྱང་ལག་ཉའི་ཉེས་བྱས་སུ་མི་འགྱུར་བའི་གནད་ཀྱིས་ཤེས་སོ། །འོ་ན་ཆོས་གོས་ལ་སོགས་པ་དངོས་པོ་དེ་རང་གཞན་གཉིས་ཀ་ཐུན་མོང་དུ་དབང་བ་ཡིན་ན་ཅིར་འགྱུར་ཞེ་ན། རང་གཞན་གཉིས་ཀ་སྤྱིར་དབང་ན་ཊཱི་ཀ་ལས་བགོ་རིགས་སུ་འཆད་པའི་དགེ་འདུན་དབང་བའི་ཆོས་གོས་འཆང་འཇོག་བྱེད་ན་སྤང་ལྟུང་བསྐྱེད་པར་གསུངས་པས། ལྷུང་བཟེད་འཆང་བ་ཡང་དེ་དང་རྒྱུ་མཚན་མཚུངས་པར་སྦྱར་རོ། །རང་གཞན་ཐུན་མོང་དུ་དབང་བའི་གསེར་དངུལ་ལ་རེག་ན་ཡང་སྤང་ལྟུང་སྐྱེད་པར་རིགས་ཏེ། སྤང་ལྟུང་འདི་ལ་ནི་རང་གི་ཡིན་པ་ཡན་ལག་ཏུ་གསུངས་པ་ལས་རང་གཞན་གཉིས་ཀ་ཐུན་མོང་དུ་དབང་བ་དེ་ལ་རང་གི་ཡིན་པའི་ཡན་ལག་ཚང་བའི་ཕྱིར་རོ། །སྤང་ལྟུང་བཞི་པོ་དེ་དག་མ་གཏོགས་པ་བདག་པོ་དང་འབྲེལ་བ་གཞན་རྣམས་ལ་ཅིར་འགྱུར་ནི། ལུང་ཞུ་བ་ལས། རང་གཞན་ཐུན་མོང་དུ་དབང་ན། འཁྲུར་འཇུག་ལ་སོགས་པ་ལྔ་ལ་ན་སྨད་དུ་དངོས་སུ་གསུངས་པས། དེ་དག་དང་རྒྱུ་མཚན་མཚུངས་པ་གཞན་རྣམས་ལ་ཡང་ན་སྨད་དུ་ཤེས་པར་བྱའོ། །གཉིས་པ་གོས་ལྷུང་སོགས་རང་གི་ལ་གཞན་གྱིར་འཁྲུལ་བ་ལ་ཅིར་འགྱུར་ནི། འཆང་བ་ལ་སོགས་པ་ལྔ་ལ་ལྟུང་མེད་དུ་འགྱུར་ཏེ་དངོས་པོ་དེ་གཞན་འབའ་ཞིག་དབང་བར་འདུ་ཤེས་འཁྲུལ་ན་ལྟུང་མེད་ཀྱི་ཡུལ་དུ་གཟུང་བས་ལྟུང་མེད་ཀྱི་ཀུན་སློང་དྲངས་པའི་ཕྱིར་ཏེ་དཔེར་ན་མེ་ལ་ཤིང་སྐམ་དུ་འདུ་ཤེས་འཁྲུལ་ནས་བཅད་པ་བཞིན་ནོ། །རིན་པོ་ཆེ་ལ་རེག་པ་ནི་ལོངས་པ་གཞིར་གཏོགས་ཀྱི་ན་སྨད་དུ་འགྱུར་ཏེ། ལོངས་པ་གཞིར་གཏོགས་ཀྱི་ཀུན་སློང་དྲངས་པའི་ཕྱིར་ལོངས་པ་གཞིར་གཏོགས་ཀྱི་ལྟུང་བར་འགྱུར་ལ་འདིའི་ལྟུང་བ་དངོས་གཞི་རྫོགས་པར་མི་བསྐྱེད་དེ་བསམ་པའི་དོན་དང་ཕྲད་པ་མེད་པའི་ཕྱིར་རོ། །འཁྲུར་འཇུག་ལ་སོགས་བཅུ་གཉིས་ནི་རང་རང་གི་ཆེས་ན་སྨད་དུ་འགྱུར་ཏེ། ན་སྨད་ཀྱི་ཀུན་སློང་དྲངས་པའི་ཕྱིར་དང༌། ན་སྨད་ཀྱང་རྫོགས་པར་མི་བསྐྱེད་དེ། ན་སྨད་ཀྱི་དོན་དང་ཕྲད་པ་མེད་པའི་ཕྱིར་རོ། །གསུམ་པ་གཞན་གྱི་ལ་རང་གིར་འཁྲུལ་བ་ལ་ཅིར་འགྱུར་ནི། བཅོ་བརྒྱད་པོ་ཀུན་ལ་ན་སྨད་པར་འགྱུར་ཏེ། ཊཱི་ཀ་ལས།རང་གི་མ་ཡིན་པ་ལ་རང་གིར་འདུ་ཤེས་པ་ནི་ཉེས་བྱས་སོ། ། ཞེས་སོ། །དེ་དག་ལ་དངོས་གཞིར་མི་འགྱུར་བ་ནི་བསམ་པའི་དོན་དང་ཕྲད་པ་མེད་པའི་ཕྱིར་རོ། །ལྔ་པ་རྒྱུ་མཚན་ནི་ཅིར་འགྱུར་གྱི་ཞར་ལ་ཅི་རིགས་པར་བཤད་ཟིན་ཏོ། །

གསུམ་པ་ཤན་དང་འབྲེལ་བའི་ཐུན་མོང་།

གསུམ་པ་ཤན་དང་འབྲེལ་བའི་ཐུན་མོང་ནི།

ཐུན་མོང་གི་མདོ་ཚན་བཅུ་བདུན་གྱི་སྐབས་སུ། རྩ་བར། འདི་ལ་རྗེས་སུ་ཞུགས་པ་ཉིད་ཀྱང་ཉམས་པ་ཡིན་ནོ། །རང་བཞིན་ལས་ཉམས་ན་ཡང་ངོ། །དེ་ཡོད་ན་དངོས་པོ་དེ་ལྟ་བུ་གཞན་ལ་འབྱུང་བ་ཉིད་དོ། །ཞག་བདུན་པ་ལ་རིགས་མཐུན་ལའོ། །ཞེས་པ་ནས་སོ། །འདིའི་དོན་བཤད་པ་ལ་དགོས་པ་དང༌། ཤན་གྱི་ཁྱབ་པ་དང༌།དབྱེ་བ་དང༌། མཚན་ཉིད་དང༌། རྡེག་དུས་དང༌། ངོ་བོ་དང༌། སྒྲ་བཤད་པ་དང་བདུན་ལས། དང་པོ་དགོས་པའི་དོན་ལ། ཞག་ཤན་བཅས་པའི་དགོས་པ་དང༌། སྤང་ཤན་བཅས་པའི་དགོས་པ་དང་གཉིས། དང་པོ་ནི་ལྟུང་བ་མི་འབྱུང་བའི་ཐབས་ལ་བརྩོན་པར་འགྱུར་བ་སྟེ། ཤན་ལྟུང་ལ་འཇིགས་ནས་བྱིན་རླབས་ལ་སོགས་ལ་འཇུག་པའི་ཕྱིར་རོ། །གཉིས་པ་ནི་ལྟུང་བ་དག་པའི་ཐབས་ལ་བརྩོན་པར་འགྱུར་བ་སྟེ། སྤང་ཤན་ལ་འཇིགས་ནས་མྱུར་དུ་ཕྱིར་བཅོས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་ཞག་ཤན་གྱི་ཁྱབ་པ་དང༌། སྤང་ཤན་གྱི་ཁྱབ་པ་དང་གཉིས། དང་པོ་ནི། འཆང་བ་དང༌། ཟླ་འཇོག་དང༌། ལྷུང་བཟེད་འཆང་བ་དང༌། སྨན་ཞག་བདུན་པའི་གསོག་འཇོག་དང༌། ཆོས་གོས་ཟླ་བ་ཕྱེད་ཅིང་བྱིན་གྱིས་མི་རློབ་པ་དང་ལྔ་ལ་སྦྱར་ཏེ། ཞག་ཚོགས་པ་ཐལ་བ་ལས་གྱུར་པ་ཡིན་ཞིང༌། ཡོ་བྱད་བྱིན་གྱིས་བརླབས་པས། བཅས་པ་དེ་ཉིད་ཀྱི་ལྟུང་བ་ཁེགས་པའི་རིགས་ཅན་ཡིན་པའི་ཕྱིར་རོ། ། གལ་ཏེ་སྨན་ཞག་བདུན་པ་ལ་ནི། བྱིན་གྱིས་བརླབས་པས་བཅས་པ་དེ་ཉིད་ཀྱི་ལྟུང་བ་ཁེགས་པའི་རིགས་ཅན་ཡིན་པར་མ་གྲུབ་སྟེ། བྱིན་གྱིས་བརླབས་པ་ལ་བརྟེན་ནས་བཅས་པ་དེ་ཉིད་ཀྱི་ལྟུང་བ་འབྱུང་བའི་ཕྱིར་རོ། །ཞེ་ན། ཁྱབ་པ་མ་གྲུབ་སྟེ་བྱིན་གྱིས་བརླབས་པས་ཞག་བདུན་འདས་པའི་སྔ་རོལ་གྱི་གསོག་འཇོག་གི་ལྟུང་བ་ཁེགས་པའི་ཕྱིར་ཏེ། མདོ་ཉིད་ལས། བྱིན་གྱིས་བརླབས་པ་ལ་གསོག་འཇོག་མི་འབྱུང་ངོ། །ཞེས་གསུངས་སོ། །དེའི་རྗེ༷ས་སུ༷་ཞུ༷གས་པ༷འི་ཤན་འབྱུང་བ་ཉི༷ད་ཀྱ༷ང་ཉ༷མས་པ༷་ཡི༷ན་ནོ༷། །ཀྱང་ཞེས་པ་ནི་རང་སྟོབས་ཀྱིས་ཉམས་པར་མ་ཟད་ཅེས་བསྟན་ཏོ། །ཞག་ཚོགས་པའི་བར་སྐབས་སུ་སྨྱོ་བ་ལ་སོགས་པ་ཤེས་པ་ར༷ང་བཞི༷ན་དུ་གནས་པ་ལ༷ས་ཉ༷མས་ན༷་ཡ༷ང་ངོ༷་སྟེ་རྗེས་སུ་ཞུགས་པ་ཉིད་ཀྱང་ཉམས་པ་ཡིན་ནོ་ཞེས་སྔ་མར་སྦྱར་ཏེ། རང་སྟོབས་ཀྱི་ལྟུང་བ་འབྱུང་བ་ཉམས་པར་མ་ཟད་ཀྱི། གཞན་ལ་ཤན་འབྱུང་བ་ཡང་ཉམས་པ་ཡིན་ཞེས་བསྟན་ཏོ། །དེ་ཡང་ཞུ་བ་ལས། དགེ་སློང་གིས་ཆོས་གོས་རྙེད་ནས་དགུང་ལྔ་ལགས་ནས་སེམས་རྣམ་པར་འཁྲུགས་པར་གྱུར་ན་དེའི་དགུང་སྔ་མ་བཅུ་པོ་གང་ཚུན་ཆད་ནས་བགྲང་བར་བགྱི། ཉེ་བར་འཁོར་རང་གི་སེམས་ཕྱིར་རྙེད་པ་ནས་སོ། །ཞེས་གསུངས་པས། ཤན་མི་འབྱུང་བ་ནི་དེའི་གནད་ཀྱིས་སྦྱར་བ་སྟེ། ཊཱི་ཀ་ལས། ཞག་ལྔ་པོ་སྔ་མ་དག་མི་བགྲང་བ་ལས་རྗེས་སུ་ཞུགས་པས་རྒྱུན་འབྲེལ་བ་ཡང་ཉམས་པར་མངོན་ཞེས་བཤད་དོ། །དེ་ཡང་ཡུད་ཙམ་ཞིག་སྨྱོས་པར་གྱུར་ན་ཡང་རང་སྟོབས་དང་ཤན་འབྱུང་བ་ལས་ཉམས་པ་ཡིན་ཏེ། བཅས་པའི་རྟེན་མ་ཡིན་པར་གྱུར་པའི་ཕྱིར་རོ། །དེ་ཡང་སྨྱོས་པ་ལ་སོགས་པ་རང་བཞིན་མི་གནས་པ་གཙོ་བོར་གྱུར་པ་དག་གིས་ཉམས་པ་ཡིན་གྱི། རང་བཞིན་མི་གནས་པ་གཙོ་བོ་མ་ཡིན་པ་གཉིད་ལོག་པ་ལ་སོགས་པ་དག་གིས་ནི་མི་ཉམས་སོ། །གོས་སམ་ལྷུང་བཟེད་སྔར་རྙེད་པ་བྱིན་གྱིས་མ་བརླབས་པ་དེ༷་ཡོ༷ད་ན༷་ཕྱིས་རྙེད་པའི་དངོ༷ས་པོ༷་བཅས་པ་རིགས་མཐུན་དེ༷་ལྟ༷་བུ༷་གཞ༷ན་ལ༷་ཡང་ཤན་གྱི་ལྟུང་བ་ཉིད་འབྱུ༷ང་བ༷་ཉི༷ད་དོ༷། །དེ་ལྟ་བུ་ཞེས་པ་ནི་དེ་དང་འདྲ་བ་སྟེ་བཅས་པ་རིགས་མཐུན་པའོ། །འདིས་ནི་འཆང་བ་དང་ཟླ་འཇོག་ལྟ་བུ་བཅས་པ་རིགས་མི་མཐུན་ལ་ཕན་ཚུན་ཤན་མི་འབྱུང་བར་བསྟན་ཏོ། །

གཉིས་པ་སྤང་ཤན་གྱི་ཁྱབ་པ།

གཉིས་པ་སྤང་ཤན་གྱི་ཁྱབ་པ་ནི།

དམན་པའི་གང་ཟག་གི་སྤང་ལྟུང་ཐམས་ཅད་ལ་སྦྱར་གྱི། གང་ཟག་ཁྱད་པར་ཅན་གྱི་སྤང་ལྟུང་ལ་ནི་མི་སྦྱར་ཏེ། དངོས་པོ་དེ་སྤང་མི་དགོས་པའི་ཕྱིར་རོ། །སྤང་ཤན་ནི་སྤང་ལྟུང་དངོས་གཞིའི་ལྟུང་བ་དེ་ཡོད་ན། རིགས་མཐུན་པའམ་རིགས་མི་མཐུན་པའི་ཡོ་བྱད་ཙམ་ཕྱིས་རྙེད་ཅིང་བདག་གིར་བྱས་པ་ལ་སྤང་བར་བྱ་དགོས་པ་ཉིད་དོ། །ཙམ་ཞེས་པ་ནི་ཊཱི་ཀ་ལས། རིགས་མཐུན་པའམ་རིགས་མི་མཐུན་པའི་ཡོ་བྱད་ཙམ། ཞེས་གསུངས་སོ། །གསུམ་པ་ཤན་གྱི་དབྱེ་བ་ནི་ཁ་ཅིག་ན་རེ་ཤན་གྱི་དབྱེ་བ་གསུམ་སྟེ་ཞག་ཤན་དང་སྤང་ཤན་དང་ལྟུང་ཤན་ནོ། །ཐ་མ་ནི་གོས་གཉིས་ཞག་གཅིག་ལ་དུས་མཉམ་དུ་རྙེད་ན་གོས་གཅིག་བྱིན་གྱིས་བརླབས་ཀྱང་གཅིག་མ་བརླབས་པས་ཤན་བརྡེག་པ་དེ་ནི་གོས་མ་བརླབས་པ་ལ་བརྟེན་ནས། ལྟུང་བ་འབྱུང་བའི་ཤན་གོས་བརླབས་པ་ལ་བརྡེག་པ་ན་ལྟུང་ཤན་ཡིན་གྱི། ཞག་ཤན་མ་ཡིན་ཏེ། གོས་དེ་གཉིས་ཀྱི་ཞག་གྲངས་མཉམ་པ་ཡིན་པས་ཞག་མ་ལོན་པ་ལོན་པར་བྱས་པ་མེད་པའི་ཕྱིར་རོ་ཞེས་ཟེར། དེ་ནི་མི་རིགས་ཏེ། རང་སྟོབས་ཀྱིས་ལྟུང་བ་སྐྱེད་པའི་ཞག་མ་ལོན་པ་དེ་ཤན་སྟོབས་ཀྱིས་ལྟུང་བ་སྐྱེད་པའི་ཞག་ལོན་པར་བྱས་པ་ཡོད་པའི་ཕྱིར། དེ་ཡང་དེ་གཉིས་ཞག་འདས་པ་ཙམ་པོའི་ཞག་གྲངས་མཉམ་ཡང་བརྡེག་བྱ་ནི་བརླབས་པ་ཡིན་པས། རང་སྟོབས་ཀྱིས་ལྟུང་བ་སྐྱེད་པའི་ཞག་ལོན་པ་མེད་པ་དེ། རྡེག་བྱེད་མ་བརླབས་པའི་ཤན་སྟོབས་ཀྱིས་ལྟུང་བ་སྐྱེད་པའི་ཞག་ལོན་པར་བྱས་པ་ཤིན་ཏུ་ཡང་ཡོད་པའི་ཕྱིར་རོ། །རང་ལུགས་དབྱེ་བ་གཉིས་ཏེ། ཞག་གི་ཤན་དང་སྤང་བའི་ཤན་ནོ། །དང་པོ་ལ་གཉིས་ཏེ། ཞག་ཤན་ཁྱད་པར་ཅན་མ་ཡིན་པ་དང༌། ཞག་ཤན་ཁྱད་པར་ཅན་ནོ། །དེ་གཉིས་ཀྱི་ཁྱད་པར་ནི་ཆེན་པོ་རྣམས་ན་རེ་བྱིན་གྱིས་མ་བརླབས་པས་བྱིན་གྱིས་བརླབས་པ་ལ་བརྡེག་པ་ནི་ཁྱད་པར་ཅན་ཡིན་ལ་མ་བརླབས་པས་མ་བརླབས་པ་ཉིད་ལ་བརྡེག་པ་ནི་ཁྱད་པར་ཅན་མ་ཡིན་པའོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། སྨན་ཞག་བདུན་པ་ནི་ཁྱད་པར་ཅན་ཡིན་ལ། དེ་ནི་བྱིན་གྱིས་མ་བརླབས་པས་མི་རྡེག་པའི་ཕྱིར་རོ། །འོ་ན་གང་ཞེ་ན། དེ་ཡང་སྔ་མ་ནི་བརྡེག་བྱ་བྱིན་རླབས་མེད་པ་ལ་བརྡེག་པ་ཡིན་ལ། ཕྱི་མ་ནི་བརྡེག་བྱ་བྱིན་རླབས་དང་ལྡན་པ་ལ་བརྡེག་པའོ། །ཞེས་པ་ནི་མཚོ་ཊཱིཀ་ལྟར་ཡིན་ལ། དེ་ལས་བཤད་ཚུལ་གཞན་ཅུང་ཟད་འོག་ཏུ་བཤད་པར་བྱའོ། །ཞག་ཤན་ཁྱད་པར་ཅན་མ་ཡིན་པ་ལ་གཉིས་ཏེ། གོས་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པ་དང༌། ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པའོ། །ཞག་ཤན་ཁྱད་པར་ཅན་ལ་གསུམ་སྟེ། གོས་ཀྱི་ཞག་ཤན་ཁྱད་པར་ཅན་དང༌། ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་དང༌། སྨན་ཞག་བདུན་པའི་ཞག་ཤན་ཁྱད་པར་ཅན་ནོ། ། མཚོ་ཊཱིཀ་ལྟར་ན་སྨན་གཞན་གསུམ་ལ་ནི་ཞག་ཤན་མེད་དེ་རང་སྟོབས་ཀྱི་སྒོ་ནས་གསོག་འཇོག་འབའ་ཞིག་ཏུ་ཟད་དོ། ། དང་པོ་ལ་གཉིས་ཏེ། ཞག་སྔ་ཕྱིར་རྙེད་པ་དང༌། ཞག་གཅིག་ལ་རྙེད་པའོ། །དེ་བཞིན་དུ་ལྷུང་བཟེད་ཀྱི་ཞག་ཤན་ལའང་གཉིས་སུ་དབྱེའོ། །དེ་ལྟར་ན་གོས་དང་ལྷུང་བཟེད་ཀྱི་ཞག་ཤན་རྡེག་བྱེད་ལ་ནི། སྔར་རྙེད་པའམ་དུས་མཉམ་དུ་རྙེད་པ་ཡན་ལག་ཏུ་དགོས་ཏེ། ཕྱིས་ལས་གཞན་པའི་ཚེ་རྙེད་པའོ། །གོས་དང་ལྷུང་བཟེད་ཀྱི་ཞག་ཤན་བརྡེག་བྱ་ལ་ནི་ཕྱིས་རྙེད་པའམ་དུས་མཉམ་དུ་རྙེད་པ་ཡན་ལག་ཏུ་དགོས་ཏེ། སྔར་ལས་གཞན་པའི་ཚེ་རྙེད་པའོ། །སྨན་ཞག་བདུན་པའི་ཞག་ཤན་རྡེག་བྱེད་ལ་ནི། ཞག་གཅིག་ཡན་ཆད་ཀྱི་སྔར་བྱིན་གྱིས་བརླབས་པ་ཡན་ལག་ཏུ་དགོས་ལ། དེའི་བརྡེག་བྱ་ལ་ནི་ཞག་གཅིག་ཡན་ཆད་ཀྱི་ཕྱིས་བྱིན་གྱིས་བརླབས་པ་ཡན་ལག་ཏུ་དགོས་སོ། །རྙེད་དུས་ནི་ཕྱིས་རྙེད་ཀྱང་རུང་སྔར་རྙེད་ཀྱང་རུང་སྟེ་བྱིན་གྱིས་བརླབས་ནས་བརྡེག་ཀྱང་རུང་ངོ༌། །ཁ་ཅིག་ན་རེ། ཤན་རྣམ་པ་གསུམ་སྟེ་ཞག་ཤན་སྤང་ཤན་ལྟུང་ཤན་ནོ། །དེ་ཡང་གོས་གཉིས་ཞག་གཅིག་ལ་དུས་མཉམ་དུ་རྙེད་པ་ལ་ཤན་བརྡེག་པ་དེ་ནི་ལྟུང་ཤན་ཡིན་གྱི། ཞག་ཤན་ཡིན་པ་མི་འཐད་དེ།དེ་གཉིས་ཞག་གྲངས་མཉམ་པ་ཡིན་པས་ཞག་མ་ལོན་པ་ལོན་པར་བྱས་པ་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། བརྡེག་བྱ་དང་རྡེག་བྱེད་གཉིས་ཞག་འདས་པ་ཙམ་པོའི་ཞག་གྲངས་མཉམ་ཡང༌། བརྡེག་བྱ་ནི་བྱིན་གྱིས་བརླབས་པ་ཡིན་པས། རང་སྟོབས་ཀྱིས་ལྟུང་བ་བསྐྱེད་པའི་ཞག་ལོན་པ་མེད་པས། རྡེག་བྱེད་ནི་བྱིན་གྱིས་མ་བརླབས་པའི་ཤན་སྟོབས་ཀྱིས་ལྟུང་བ་བསྐྱེད་པའི་ཞག་ལོན་པར་བྱས་པ་ཤིན་ཏུའང་ཡོད་པའི་ཕྱིར་ཞེས་མཚོ་ཊཱིཀ་ལས་སོ། །བཞི་པ་མཚན་ཉིད་ནི། རྡེག་བྱེད་དེས་རང་གི་བརྡེག་བྱ་ལ་ཉེས་པ་ཞུགས་པའི་ཆ་ནས་བཞག་པའི་ཤུགས་དེ། སྐབས་འདིའི་ཤན་གྱི་མཚན་ཉིད་ཡིན་ཏེ། འདུལ་བ་ཀུན་ལས་བཏུས་པ་ལས། རྗེས་སུ་ཞུགས་པ་ཉིད་དེ་ཡོད་ན་ཕྱིས་རྙེད་པའི་དངོས་པོ་དེ་ལྟ་བུ་གཞན་ལ་ཡང་འབྱུང་བ་ཉིད་དོ། །ཞེས་གསུངས་པས་སོ། །རྣམ་འགྲེལ་ལས། བརྗོད་བྱའི་ཤན་གྱི་ཁྱད་པར་ལས། །ཞེས་གསུངས་པ་ལྟར་བརྗོད་བྱ་རྗོད་བྱེད་ཀྱི་ཤན་ཡོད་པས་སྤྱིར་ཤན་ལ་ཉེས་པས་མ་ཁྱབ་སྙམ། དབྱེ་བ་སོ་སོའི་མཚན་ཉིད་ནི། གཙོ་བོར་རྫས་སྔ་མའམ་གཞན་སྟོབས་ཀྱིས་གོས་པར་བྱས་པའི་ལྟུང་བའི་གཞིའི་རྫས་དེ། རྫས་ཤན་གྱི་མཚན་ཉིད། དེ་ལ་དབྱེ་ན་གོས་ལྷུང་སྨན་གྱི་ཤན་གསུམ། གོས་དེ་རང་གི་སྔ་མའི་ཤུགས་སམ་གཞན་གྱི་ཤུགས་ཀྱིས་སྤང་ལྟུང་བྱེད་པའི་རྫས་སུ་སོང་བ་དེ། གོས་ཀྱི་ཤན་གྱི་མཚན་ཉིད། ལྷུང་བཟེད་དང་སྨན་གྱི་མཚན་ཉིད་དེ་ལྟར་སྦྱར་བར་བྱ་སྟེ། རྩ་བར། དེ་ཡོད་ན་དངོས་པོ་དེ་ལྟ་བུ་གཞན་ལ་འབྱུང་བ་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །གོས་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པའི་རྡེག་བྱེད་ཀྱི་མཚན་ཉིད་ནི། ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་གཞན་ལ་འདྲེས་པར་བྱེད་པ་པོ་གང་ཞིག བརྡེག་བྱ་གོས་བྱིན་རླབས་མེད་པ་ལ་བརྡེག་པའོ། །རྟགས་དང་པོས་ཞག་ཤན་རྡེག་བྱེད་མ་ཡིན་པ་རྣམས་སེལ། རྟགས་གཉིས་པས་ཟུར་དང་པོ་བརྡེག་བྱ་གོས་ཞེས་པས་ལྷུང་བཟེད་དང་སྨན་ཞག་བདུན་པའི་རྡེག་བྱེད་སེལ། ཟུར་གཉིས་པས་ཁྱད་པར་ཅན་མ་ཡིན་པའི་རྡེག་བྱེད་སེལ་བའོ། ། གོས་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པའི་བརྡེག་བྱའི་མཚན་ཉིད་ནི། གོས་བྱིན་རླབས་མེད་པ་གང་ཞིག ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་འདྲེས་པར་བྱ་བའོ། །

ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པའི་རྡེག་བྱེད་ཀྱི་མཚན་ཉིད།

ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པའི་རྡེག་བྱེད་ཀྱི་མཚན་ཉིད་ནི།

ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་གཞན་ལ་འདྲེས་པར་བྱེད་པ་པོ་གང་ཞིག བརྡེག་བྱ་ལྷུང་བཟེད་བྱིན་རླབས་མེད་པ་ལ་བརྡེག་པའོ། །ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པའི་བརྡེག་བྱའི་མཚན་ཉིད་ནི། ལྷུང་བཟེད་བྱིན་རླབས་མེད་པ་གང་ཞིག ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་འདྲེས་པར་བྱ་བའོ། །གོས་ཀྱི་ཞག་ཤན་ཁྱད་པར་ཅན་གྱི་རྡེག་བྱེད་ཀྱི་མཚན་ཉིད་ནི། ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་གཞན་ལ་འདྲེས་པར་བྱེད་པ་པོ་གང་ཞིག བརྡེག་བྱ་གོས་བྱིན་རླབས་དང་ལྡན་པ་ལ་བརྡེག་པའོ། །གོས་ཀྱི་ཞག་ཤན་ཁྱད་པར་ཅན་གྱི་བརྡེག་བྱའི་མཚན་ཉིད་ནི། གོས་བྱིན་རླབས་དང་ལྡན་པ་གང་ཞིག ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་འདྲེས་པར་བྱ་བའོ། །ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་གྱི་རྡེག་བྱེད་ཀྱི་མཚན་ཉིད་ནི། ལྟུང་བ་བསྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་གཞན་ལ་འདྲེས་པར་བྱེད་པ་པོ་གང་ཞིགབརྡེག་བྱ་ལྷུང་བཟེད་བྱིན་རླབས་དང་ལྡན་པ་ལ་བརྡེག་པའོ། །ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་གྱི་བརྡེག་བྱའི་མཚན་ཉིད་ནི། ལྷུང་བཟེད་བྱིན་རླབས་དང་ལྡན་པ་གང་ཞིག ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་འདྲེས་པར་བྱ་བའོ། །སྨན་ཞག་བདུན་པའི་ཞག་ཤན་ཁྱད་པར་ཅན་གྱི་རྡེག་བྱེད་ཀྱི་མཚན་ཉིད་ནི། ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་གཞན་ལ་འདྲེས་པར་བྱེད་པ་པོ་གང་ཞིག བརྡེག་བྱ་སྨན་ཞག་བདུན་པ་བྱིན་རླབས་དང་ལྡན་པ་ལ་བརྡེག་པའོ། ། སྨན་ཞག་བདུན་པའི་ཞག་ཤན་ཁྱད་པར་ཅན་གྱི་བརྡེག་བྱའི་མཚན་ཉིད་ནི། སྨན་ཞག་བདུན་པ་བྱིན་རླབས་དང་ལྡན་པ་གང་ཞིག ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་འདྲེས་པར་བྱ་བའོ། །ཞེས་པ་ལྟར་ཞག་བདུན་པའི་ཤན་ལ་ཁྱད་པར་ཅན་ལས་མེད་པ་དང༌། དུས་རུང་དང་ཐུན་ཚོད་སོགས་ལ་ཤན་མེད་པར་བཤད་པ་ནི་མཚོ་ཊཱིཀ་ལྟར་ཡིན་ནོ། ། འོན་ཀྱང་རྡེག་བྱེད་ལ་བྱིན་བརླབས་ཅན་མེད་པར་ཐལ། མེ་ཏོག་ཕྲེང་རྒྱུད་ཀྱི་འགྲེལ་བ་ལས། གོས་ཀྱི་སྐབས་སུ་བརླབས་པས་བརླབས་པ་ལ་བརྡེག་པ་དང༌། བརླབས་པས་མ་རླབས་ལ་བརྡེག་པ་ཞེས་བྱ་ནི་མེད་དེ་བྱིན་རླབས་ནི་ཉེས་པ་མི་འབྱུང་བའི་རྟེན་ཡིན་པའི་ཕྱིར་ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །སྤྱིར་ཞག་བདུན་པའི་ཤན་ལ་ཁྱད་པར་ཅན་ཡིན་མིན་གཉིས་དང༌། དུས་རུང་དང་ཐུན་ཚོད་སོགས་ལ་ཤན་ཡོད་པར་སྣང་སྟེ། རྣམ་འབྱེད་ལས། དགེ་སློང་གིས་ཚེས་གཅིག་ལ་མར་རྙེད་ལ། ཚེས་གཉིས་ལ་གཞན་ཞིག་ཀྱང་རྙེད་པར་གྱུར་ན། དེས་སྔ་མ་ཤོས་བཟའ་བར་བྱ་ཞིང༌། ཕྱི་མ་ཤོས་བཏང་བར་བྱ་བའམ་རུང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །གཏོང་བར་མི་བྱེད་དམ་རུང་བར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཞག་བརྒྱད་པའི་སྐྱ་རེངས་ཤར་ན་སྤང་པའི་ལྟུང་བྱེད་དོ། །ཞེས་དང༌། རང་གི་རྣམ་བཤད་ལས། དུས་སུ་རུང་བ་དང༌། ཐུན་ཚོད་དུ་རུང་བ་དང༌། འཚོའི་བར་དུ་བཅང་བ་རྣམས་ལ་སྐྱོན་གྱིས་རུང་བ་མ་ཡིན་པ་ཉིད་དུ་གྱུར་བ་ལ་ཞག་བདུན་པ་ལས་བྱེ་བྲག་འགའ་ཡང་མེད་དོ། །འདིར་ཞག་བདུན་པ་སྨོས་པ་ནི་དཔེ་ཙམ་དུ་རིག་པར་བྱའོ། །ཞེས་དང༌། ཊཱི་ཀ་ལས། དུས་སུ་རུང་བ་དང༌། ཐུན་ཚོད་དུ་རུང་བ་དང༌། ཞག་བདུན་པ་དང༌། འཚོ་བའི་བར་བཅང་པ་ལ་སོགས་པ་གསོག་འཇོག་བྱས་པ་དེ་དག་ཐམས་ཅད་ནི་ཇི་ལྟར་ཟོས་ན་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ་འཆང་ན་སྤང་བའི་ལྟུང་བྱེད་དུ་འགྱུར་ཏེ། ཞེས་གསུངས་པས་སོ། །འོན་ཀྱང་དཔྱད་པར་བྱའོ། །ཞར་བྱུང་ནི་དགེ་སློང་གིས་གོས་གསར་དུ་རྙེད་པ་བྱིན་གྱིས་མ་བརླབས་པར་རང་གི་སྔ་ནས་ཡོད་པའི་ཆོས་གོས་ཀྱི་བྱིན་རླབས་ཕྱུང་ན། དེ་ལ་ཤན་འབྱུང་ངམ་མི་འབྱུང་ཞེ་ན། ཁ་ཅིག་ན་རེ་ཤན་འབྱུང་སྟེ། གཞན་ལས་བྱུང་བའི་གོས་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་གཞུང་དང་མི་མཐུན་ཏེ། ཊཱི་ཀ་ལས། འདིར་གཞན་ལས་བྱུང་བའི་གོས་ཕྱིས་རྙེད་པ་བྱིན་གྱིས་བརླབས་པ་དང་འབྲེལ་བ་དེ་ལ་སྔ་མ་ཤོས་ཀྱི་ཤན་གྱིས་ལྟུང་བ་འདི་རྣམ་པར་བཞག་གི་ཕྱི་མ་ཤོས་དེ་བདག་ཉིད་ལས་བྱུང་བ་ཡིན་ན་དེ་ལ་ལྟུང་བ་འདི་མེད་དོ་ཞེས་གསུངས་པ་དང་འགལ་ལོ། །གཞན་ཡང་དེ་ལྟར་ན་སྔ་ནས་ཡོད་པའི་ཆོས་གོས་ལ་གསར་དུ་རྙེད་པས་ཤན་བརྡེག་པའི་ཕྱིར། སྔར་རྙེད་ལ་ཕྱིས་རྙེད་ཀྱི་ཤན་བརྡེག་པར་ཐལ་བ་ལས། འདོད་ན། ཊཱི་ཀ་ལས། སྔ་མའི་ཤན་གྱི་དབང་གིས་ནི་ཕྱི་མ་ཤན་འདྲེས་པར་འགྱུར་གྱི། ཕྱི་མའི་ཤན་གྱི་དབང་གིས་ནི་སྔ་མ་ལ་ཤན་འདྲེས་པར་མི་འགྱུར་བར་ཤེས་པར་བྱའོ་ཞེས་གསུངས་པ་དང་འགལ་ལོ། །རྒྱུ་མཚན་མཚུངས་པའི་ཕྱིར་ཞེས་པའང་མ་གྲུབ་སྟེ། གཞན་ལས་གསར་དུ་བྱུང་བ་དེ་དང་རང་གི་སྔ་ནས་ཡོད་པ་སྟེ་གོས་དེ་གཉིས་ཕྱིས་རྙེད་ཡིན་མིན་གྱི་ཁྱད་པར་ཡོད་པའི་ཕྱིར་རོ། །དེས་ན་དེ་ལ་ཤན་མི་འབྱུང་བར་ཊཱི་ཀ་ལས་གསལ་ལོ། །མཚོ་ཊཱིཀ་མཆན་༤༤༤ལས། སྔར་རྙེད་ལ་ཕྱིས་རྙེད་ཀྱི་ཤན་མི་བརྡེག་པ་ཤན་གྱི་སྤྱི་གཞུང་ཡིན་པའི་ཕྱིར། ཞེས་གསུངས་པ་ལྟར་ན་བརྡེག་བྱ་ཕྱིས་རྙེད་དགོས་ཀྱང་མཚོ་ཊཱིཀ་མཆན་༤༤༢ལས། རྙེད་དུས་ཕྱིས་རྙེད་ཀྱང་རུང་སྔར་རྙེད་ཀྱང་རུང་སྟེ་ཕྱིས་བྱིན་གྱིས་བརླབས་ནས་བརྡེག་ཀྱང་རུང་ངོ༌། །ཞེས་པའི་གསུངས་ལུགས་ལ་བརྡེག་བྱ་ལ་ཕྱིས་རྙེད་མི་དགོས་སམ་དཔྱད་པར་བྱའོ། །སྤང་ཤན་གྱི་མཚན་ཉིད་ལ་གཉིས་ཏེ། རྡག་བྱེད་ཀྱི་མཚན་ཉིད་དང༌། བརྡེག་བྱའི་མཚན་ཉིད་དོ། །དང་པོ་ནི་གང་ཞིག སྤང་བའི་ལྟུང་བྱེད་དངོས་གཞི་ཡིན་སྤང་ལྟུང་ཕྱིར་བཅོས་འཆགས་རུང་གི་གང་ཟག་ཁྱད་པར་ཅན་མ་ཡིན་པ་བདག་གི་རྒྱུད་དང་འབྲེལ་བར་ཡོད་ངོ་བོ་ཤེས་ཤིང་དྲན་པར་ནུས་པའོ། །འོ་ན་སྤང་ལྟུང་མ་ཡིན་པ་ལ་སྤང་ལྟུང་དུ་འཁྲུལ་བའི་ཚེ་ན། སྤང་མི་དགོས་པར་ཐལ། སྤང་ཤན་རྡག་བྱེད་ཀྱི་མཚན་ཉིད་མ་ཚང་བའི་ཕྱིར། འདོད་ན། མདོ་ཉིད་ལས། ལྟུང་བ་བྱུང་བ་ལ་ནི་འདུ་ཤེས་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་བཤད་པ་དང་འགལ་ཞེ་ན། སྤྱིར་ན་སྤང་དགོས་པ་རྣམ་པ་གསུམ་ཡོད་དེ། སྤང་ལྟུང་བྱུང་བ་རང་སྟོབས་ཀྱིས་སྤང་བ་དང༌། སྤང་ཤན་བརྡེག་པའི་ཤན་སྟོབས་ཀྱིས་སྤང་བ་དང༌། སྤང་ལྟུང་དུ་འདུ་ཤེས་འཁྲུལ་སྟོབས་ཀྱིས་སྤང་བའོ། །སྤང་བ་དང་པོ་གཉིས་ནི་འདིར་མི་དགོས་པར་འདོད་ཅིང༌། སྤང་བ་གསུམ་པའི་སྐབས་སུ་ཁྱབ་པ་མ་གྲུབ་པའོ། །

སྤང་ཤན་གྱི་བརྡེག་བྱའི་མཚན་ཉིད།

སྤང་ཤན་གྱི་བརྡེག་བྱའི་མཚན་ཉིད་ནི།

སྤང་ལྟུང་བྱུང་བའི་ཕྱི་ནས་རྙེད་ཅིང་དེ་ལྟར་སྤང་བར་འོས་པའོ། །དེའི་ཟུར་སྔ་མས་ནི་སྤང་ལྟུང་བྱུང་བ་རང་སྟོབས་དང་སྤང་ལྟུང་དུ་འཁྲུལ་པའི་སྟོབས་ཀྱིས་སྤང་བར་འོས་པ་གཉིས་སེལ་ལོ། །ཟུར་ཕྱི་མས་ནི་ཚད་དུ་མ་ཆོག་པ་དང༌། མི་རུང་བ་དང་གཞན་དབང་བར་གྱུར་པ་ལ་སོགས་པ་སྤང་མི་དགོས་པ་ཐམས་ཅད་སེལ་ཏེ། རྣམ་འབྱེད་ལས། སྤང་བ་རྣམས་ཀྱི་གོས་ཀྱི་མཐའ་ལ་ནི་ཁྲུ་གང་ཁོ་ར་ཁོར་ཡུག་གོ །ཞེས་དང༌། རྣམ་འབྱེད་འགྲེལ་ལས། ཡོ་བྱད་རུང་བ་བདག་གིར་བྱས་པ་དག་སྤང༌། ཞེས་གསུངས་སོ། །ལྔ་པ་ཤན་བརྡེག་པའི་དུས་ལ་གཉིས་ལས།དང་པོ་ཞག་ཤན་བརྡེག་པའི་དུས་ནི། རང་རང་གི་ཞག་གྲངས་ཐ་མའི་མཚན་མོ་མཐའི་སྐད་ཅིག་ལ་བརྡེག་སྟེ། ཊཱི་ཀ་ལས། ཞག་བཅུ་པའི་སྤང་བ་ལ་ཐུག་པ་ན་དེའི་ཤུགས་ཀྱིས་གཞན་ལ་བྱུང་བའི་གོས་ཕྱིས་རྙེད་པ་དེ་ཡང་འཆང་པའི་སྤང་བར་འགྱུར་རོ། །ཞེས་གསུངས་སོ། །དེས་ན་ཤན་བརྡེག་པས་ནི་སྤང་བར་འགྱུར་བ་ཡིན་གྱི་སྤང་བར་གྱུར་པ་ནི་མ་ཡིན་ཏེ། དེ་ཡང་ཤན་བརྡེག་པས་ནི་ཞག་མ་ལོན་པ་ལོན་པར་བྱས་ཏེ་ཤན་གྱི་ལྟུང་བའི་རྒྱུ་ཚང་བར་བྱས་པ་ཡིན་ལ། ཤན་བརྡེག་པའི་སྐད་ཅིག་གཉིས་པ་ལ་ཤན་གྱི་ལྟུང་བ་དངོས་སུ་སྐྱེའོ། ། འདིར་ཁ་ཅིག་ན་༼རིན་ཕྲེང་ཡང༽རེ་གོས་ཕྱི་མ་རྙེད་པ་དུས་ཉིད་དུ་ཤན་བརྡེག་སྟེ། དེ་ཡང་གོས་སྔ་མ་རྙེད་ནས་ཞག་ལྔ་ལོན་པ་ན་གོས་ཕྱི་མ་རྙེད་མ་ཐག་པའི་དུས་དེ་ཉིད་དུ་ཞག་ཤན་བརྡེགས་ཏེ་ཞག་ལྔ་ལྔ་མཉམ་པར་བྱས་ནས་ཤན་བརྡེགས་པ་དེ་ཚུན་ཆད་ནས་རང་སྟོབས་ཀྱིས་ཞག་རེ་རེ་ཞིང་བགྲངས་པས་ཞག་བཅུ་འདས་ན་འཆང་བའི་ལྟུང་བར་འགྱུར་ཏེ། འདི་ལ་གཞན་ཡོད་ན་བྱིན་གྱིས་མ་བརླབས་པ་དེའི་ཤན་ཚུན་ཆད་ནས་སོ་ཞེས་གསུངས་ཤིང༌། དེའི་ཊཱི་ཀ་ལས། གོས་རྙེད་པ་དེ་བྱིན་གྱིས་མ་བརླབས་པའི་ཤན་ཞག་ཏུ་ཡོད་པ་ཚུན་ཆད་ནས་བགྲངས་ཏེ། ཞག་བཅུ་འདས་པའི་སྤང་བ་ཞེས་བཤད་པས་ཤེས་སོ་ཞེས་ཟེར་རོ། །འོན་ཀྱང་ཤན་ཚུན་ཆད་ནས་སོ་ཞེས་པ་ནི་ཤན་འདྲེས་པར་འགྱུར་བའི་ཞག་ཏུ་ཡོད་པ་ཚུན་ཆད་ནས་བགྲངས་ཏེ་ཞག་བཅུ་འདས་པའི་སྤང་བ་ཞེས་བསྟན་པ་ཡིན་གྱི། ཤན་འདྲེས་ཟིན་པའི་ཞག་ཏུ་ཡོད་པ་ཚུན་ཆད་ནས་བགྲངས་ཏེ་ཞེས་བསྟན་པ་མ་ཡིན་ཏེ། གཞན་དུ་ན་ཊཱི་ཀ་ཉིད་ལས། ཕྱིས་རྙེད་པ་དེ་ཡང་ཤན་འདྲེས་པར་འགྱུར་བར་བྱ་བའི་ཕྱིར། ཞེས་གསུངས་པ་དང་འགལ་ལོ། །གཞན་ཡང་ཁྱེད་ལྟར་ན་གོས་ཕྱི་མ་ཤོས་རྙེད་མ་ཐག་པ་ན་ཞག་ཤན་བརྡེགས་ཟིན་པའི་ཕྱིར། མཐར་ཐུག་གི་སྔ་རོལ་ཏུ་སྔ་མ་ཤོས་བརླག་སྟེ་མེད་པར་གྱུར་ན་ཡང་ཤན་ལྟུང་འབྱུང་རུང་དུ་ཐལ་བ་ལས་འདོད་ན། མདོ་ལས། དེ་ཡོད་ན་དངོས་པོ་དེ་ལྟ་བུ་གཞན་ལ་ཡང་འབྱུང་བ་ཉིད་དོ་ཞེས་ཤན་རྡེག་བྱེད་ཡོད་པ་དེ་ཤན་གྱི་ལྟུང་བ་འབྱུང་བའི་ཡན་ལག་ཏུ་དགོས་པར་བཤད་པ་དང་འགལ་ལོ། །གཉིས་པ་སྤང་ཤན་བརྡེག་པའི་དུས་ནི། བརྡེག་བྱ་རྙེད་པའི་དུས་ཉིད་ནས་སྤང་དགོས་པ་ཉིད་དུ་བརྡེག་གོ །དྲུག་པ་ཤན་གྱི་ངོ་བོ་ལ་གཉིས་ལས།ཞག་ཤན་གྱི་ངོ་བོ་ནི། བརྡེག་བྱའི་གཞི་ལས་ལྟུང་བར་འགྱུར་ལ། སྤང་དགོས་པར་འགྱུར་བའོ། །སྤང་ཤན་གྱི་ངོ་བོ་ནི་བརྡེག་བྱའི་གཞི་ལས་ལྟུང་བར་ནི་མི་འགྱུར་ལ། སྤང་དགོས་པ་ཙམ་དུ་འགྱུར་བ་སྟེ། ཊཱི་ཀ་ལས། གང་ལ་སྤང་བའི་ལྟུང་བྱེད་ཡོད་པའི་དགེ་སློང་དེས་གལ་ཏེ་ཕྱིས་རིགས་མཐུན་པའམ། རིགས་མི་མཐུན་པའི་ཡོ་བྱད་ཙམ་རྙེད་ན་བཤགས་པའི་དུས་ན་དེ་ཡང་སྤང་བར་བྱའོ། །དེའི་ལྟུང་བ་ནི་བཤགས་པར་བྱ་མི་དགོས་ཏེ། དེའི་གཞི་ལས་ལྟུང་བ་གང་ཡང་མ་བྱུང་བའི་ཕྱིར་རོ།ཞེས་གསུངས་སོ། །བདུན་པ་ཤན་གྱི་སྒྲ་བཤད་པ་ནི། གཞན་གྱི་ཉེས་པ་གཞན་ལ་གོས་པའི་ཚུལ་དུ་བཅས་པས་ན་ཤན་ཞེས་བྱའོ། །

བཞི་པ་ཕྱིར་བཅོས་དང་འབྲེལ་བའི་ཐུན་མོང།

བཞི་པ་ཕྱིར་བཅོས་དང་འབྲེལ་བའི་ཐུན་མོང་ལ།

དགོས་པ་དང༌། ཡུལ་གང་ལ་སྤང་བ་དང༌། རྟེན་གང་གིས་སྤང་བ་དང༌། དངོས་པོ་གང་སྤང་བ་དང༌། གནས་གང་དུ་སྤང་བ་དང༌།ཡུན་ཇི་སྲིད་དུ་སྤང་པ་དང་དྲུག དང་པོ་དགོས་པའི་དོན་ནི། སྤང་སྟེ་ཕྱིར་བཅོས་པས་ལྟུང་བ་དག་པར་འགྱུར་བའོ། །གཉིས་པ་ཡུལ་གང་ལ་སྤང་བ་ལ། དགེ་འདུན་ལ་སྤང་བ་དང༌། གང་ཟག་ལ་སྤང་བ་གཉིས་ལས། ལྷུང་བཟེད་ལྷག་པ་བཙལ་བ་ནི་དགེ་འདུན་ལ་སྤང་སྟེ། མདོ་ཉིད་ལས། འདི་ནི་དགེ་འདུན་ལ་སྤང་ངོ༌། །ཞེས་གསུངས་སོ། །དེ་ལས་གཞན་པ་ཐམས་ཅད་ནི་དགེ་སློང་གང་ཟག་ལ་སྤང་སྟེ། མདོ་ཉིད་ལས། དགེ་སློང་ལ་སྤང་བར་བྱའོ། །ཞེས་གསུངས་ཤིང༌། ཊཱི་ཀ་ལས། དགེ་འདུན་ལ་སྤང་མི་སྤང་ལ་བསྙེན་པར་མ་རྫོགས་པ་ལ་ཡང་མི་སྤོང་ངོ༌། །ཞེས་གསུངས་སོ། །འོ་ན་བསྡུས་པ་ལས། གསེར་ལ་སོགས་པ་དང༌། ཞག་བདུན་པ་ནི་བསྙེན་པར་མ་རྫོགས་པ་ལ་སྤང་ངོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་གསེར་ལ་སོགས་པ་རིན་པོ་ཆེ་དང་ཞག་བདུན་པ་གསོག་འཇོག་ཏུ་གྱུར་པ་ནི་དགེ་སློང་རྣམས་ལ་མི་རུང་བའི་དངོས་པོ་ཡིན་པས། བསྙེན་པར་མ་རྫོགས་པ་ལ་བཙོང་བའམ་སྦྱིན་པར་དགོངས་པ་ཡིན་གྱི། ཕྱིར་བཅོས་པའི་ཆེད་དུ་སྤང་བ་ནི་མ་ཡིན་ཏེ། ཊཱི་ཀ་ལས། བསྙེན་པར་མ་རྫོགས་པ་ལ་ཡང་མི་སྤང་ངོ་ཞེས་བཤད་ཅིང་གཞན་དུ་ན་བདག་ཉིད་ཀྱི་གནས་ངན་ལེན་བརྗོད་པའི་ཉེས་བྱས་སུ་འགྱུར་བའི་ཕྱིར་རོ། །དགེ་སློང་གང་ཟག་དེ་ཡང་ཆོས་བརྒྱད་ལྡན་ལ་སྤང་སྟེ། དེ་ཡང་ཆོ་ག་རྣམ་གཞག་གི་དགེ་སློང་ཆོས་དྲུག་ལྡན་སྔར་བཤད་པའི་སྟེང་དུ་ལྟུང་བ་མིང་རིགས་མཐུན་པ་མ་བྱུང་བ་སྟེ། འདུལ་བ་ཀུན་ལས་བཏུས་པ་ལས། ལྟུང་བ་མིང་རིགས་མི་མཐུན་པ་གཅིག་ལ་སྤང་སྟེ་བཞག་པར་བྱ་སྟེ། ཞེས་གསུངས་སོ། །སྤངས་པ་དང་མ་སྤངས་པའི་བྱེ་བྲག་ཤེས་པ་སྟེ། མདོ་འདི་ཉིད་ལས། མི་གསལ་བ་ཡང་མི་བྱའོ། །ཞེས་སོ། །དེ་ལ་སྤངས་ནའང་སྤང་བ་ཙམ་དུ་ནི་འགྱུར་རོ། ། གསུམ་པ་ནི་རྟེན་ཆོས་ལྔ་ལྡན་གྱིས་སྤངས་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང༌། གནས་ནས་མ་ཕྱུང་བ་དང༌། ཤེས་པ་རང་བཞིན་དུ་གནས་པ་དང༌། ལུས་ཐ་མལ་པར་གནས་པ་དང༌། གང་ཟག་ཁྱད་པར་ཅན་མ་ཡིན་པ་སྟེ་གཞན་ནི་སྔར་བསྟན་ལ། ཐ་མ་ནི་གང་ཟག་ཁྱད་པར་ཅན་ཡིན་ན་སྤང་མི་དགོས་པའི་ཕྱིར་རོ། །བཞི་པ་ནི་སྤང་ལྟུང་བྱུང་བའི་གཞིའི་དངོས་པོའམ་སྤང་ཤན་བརྡེགས་པ་ཡིན་པ་དང༌། ད་ལྟ་སྤང་བར་འོས་པའོ། །གོས་ཁྲུ་གང་ཁོར་ཡུག་ལས་ཆུང་བ་ཉིད་ཀྱི་དུམ་བུ་དེ་ནི་སྤང་དགོས་པ་ཉིད་དུ་མི་འགྱུར་ཏེ། ཊཱིཀ་ལས། སྤང་བར་འོས་པ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་བཞིན་དུ་ཟས་ཁམ་དུ་མ་ལོངས་པ་དང་སྣོད་སྤྱད་ཕོར་བུ་ལ་སོགས་ཀྱི་བྱ་བ་མི་འགྲུབ་པ་དང༌། རིན་པོ་ཆེ་གོས་ཁྲུ་གང་དུ་རི་བར་མ་ལོངས་པའང་སྤང་དགོས་པ་ཉིད་དུ་མི་འགྱུར་རོ་ཞེས་སྦྱར་རོ། །གལ་ཏེ་སྤང་ལྟུང་བྱུང་བའི་གཞིའི་དངོས་པོ་སྤང་དགོས་ན། སྲ་བརྐྱང་འབྱིན་པའི་སྤང་ལྟུང་གི་ཊཱི་ཀ་ལས། སྲ་བརྐྱང་གི་རྙེད་པ་དེ་ཡང་བགོས་པ་ལ་ནི་སྤང་བར་བྱ་བ་ཉིད་མེད་དེ། རྙེད་པའི་དངོས་པོ་གང་ཟག་གིར་གྱུར་པའི་ཕྱིར་ཏེ་དེའི་ཚེ་ན་ནི་ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་སྤང་ལྟུང་བྱུང་བའི་གཞིའི་དངོས་པོ་དེ་སྤང་མི་དགོས་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་སོ་སོར་བགོས་པས་ཚད་དང་མི་ལྡན་པར་གྱུར་པ་ལ་དགོངས་སོ་ཞེས་རིགས་སོ། །སྤང་ཤན་བརྡེགས་ན་ནི་འདི་ཉིད་ལས་ཡོ་བྱད་ཙམ་བདག་གིར་བྱས་པ་ལ་སྤང་བ་ཉིད་དོ་ཞེས་གསུངས་ལ་ད་ལྟར་སྤང་བར་འོས་པ་ནི། སྤང་ཤན་བརྡེག་བྱའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །ལྔ་པ་ནི་གནས་ཁང་ཐ་དད་དུ་སྤང་སྟེ། རྣམ་འབྱེད་འགྲེལ་བ་ལས། བྲལ་བར་མ་བྱས་པ་ནི་གནས་གཞན་དུ་ཞག་ལོན་པར་མ་བྱས་པའོ། །ཞེས་གསུངས་པས་ཤེས་སོ། །བླ་གབ་ཐ་དད་པ་ཙམ་དུ་སྤངས་པས་ནི་སྤངས་ཤིང་བྲལ་བ་མ་ཡིན་ཏེ། མདོ་རྩ་བ་ཉིད་ལས། མཛོད་ནི་ཁོངས་སུ་གཏོགས་པ་ཉིད་དོ། །ཞེས་བླ་གབ་ཐ་དད་ཀྱང་གནས་གཅིག་ཏུ་གསུངས་ལ། གནས་གཅིག་ཏུ་ནི་སྤངས་ཀྱང་བྲལ་བའི་ཐ་སྙད་མེད་པའི་ཕྱིར་རོ། །དྲུག་པ་ནི་གཏན་དུ་སྤང་བ་དང༌། རེ་ཞིག་པའི་སྤང་བ་གཉིས་ལས། ལྷུང་བཟེད་འཚོལ་བའི་ཕྱོགས་གཅིག་དང་བྱིན་འཕྲོག་ནི་གཏན་དུ་སྤང་བ་སྟེ། མདོ་འདི་ཉིད་ལས་བཤད་དོ། །དེ་གཉིས་ལས་གཞན་ནི་རེ་ཞིག་པའི་སྤང་བ་སྟེ། རེ་ཞིག་སྤངས་ཤིང་ཞག་གཅིག་བྲལ་བར་བྱས་པའོ། །དེ་ཡང་ཊཱི་ཀ་ལས། ཕྱིར་བཅོས་པའི་ཕྱིར་བཞག་པ་ཡིན་གྱི་སྦྱིན་པའི་ཕྱིར་བཞག་པ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་ཤིང༌། ཊཱི་ཀ་ལས། སྤངས་པ་དེ་དང་ཞག་གཅིག་བྲལ་བར་བྱ། ཞེས་གསུངས་སོ། ། ལྔ་བ་དང་པོ་གསུམ་གྱི་ཡན་ལག་ཐུན་མོང་བ་ནི། རྩ་བར། འདི་གསུམ་ནི་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ངོ༌། །ཞེས་བྱུང༌། འཆང་གཉིས་འབྲལ་བའི་ལྟུང་བ་ལས། གསུམ་པོ་འདི་སྲ་བརྐྱང་བཏིང་བཞིན་པའི་དགེ་སློང་ལ་མི་འབྱུང་སྟེ། སྲ་བརྐྱང་གི་བག་ཡངས་སུ་གནས་པར་གནང་བའི་གང་ཟག་ཡིན་པའི་ཕྱིར་རོ། །སྤང་ལྟུང་ཐུན་མོང་བའི་རྣམ་པར་བཤད་པ་རྫོགས་སོ།། །།

གཉིས་པ་སྤང་ལྟུང་ཐུན་མོང་མ་ཡིན་པ་བསྟན་པ་འདི་ལ་བཅུ་ཚན་གསུམ།

གཉིས་པ་སྤང་ལྟུང་ཐུན་མོང་མ་ཡིན་པ་བསྟན་པ་འདི་ལ་བཅུ་ཚན་གསུམ་ལས།

དང་པོ་ལ་བསྡུས་དོན་དང་སོ་སོར་བཤད་པ་དང་གཉིས་ལས། དང་པོ་ནི། སོར་སྡོམ་ལས། འཆང་བ་འབྲལ་བ་འཇོག་པ་དང༌། །འཁྲུར་འཇུག་པ་དང་ལེན་པ་དང༌། །སློང་དང་སྟོད་གཡོགས་སྨད་གཡོགས་བཅས། །རིན་ཐང་སོ་སོར་བསྐུར་བའོ། །ཞེས་བཅུ་ཚན་དང་པོའོ། །གཉིས་པ་སོ་སོར་བཤད་པ་ལ་སྤང་ལྟུང་བཅུ་ལས། དང་པོ་གོས་འཆང་པའི་སྤང་བ་ནི། རྩ་བར། ཡོད་ནའོ། །རང་གི་ཉིད་དོ། །ཞག་བཅུར་རྗེས་སུ་ཞུགས་པ་ཉིད་དོ། །གཞན་གྱི་ཉི་མའི་དང་པོ་ལའོ། །གོས་ལའོ། །འཁོར་གསུམ་ཁེབས་པའི་མཐའི་ཚད་ལའོ། །བྱིན་གྱིས་བརླབ་པ་དང་མ་འབྲེལ་བའོ། །ཞེས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ལ་གཉིས་ལས་སྔར་བཅས་ནི། ཡུལ་མཉན་ཡོད་དུ་གང་ཟག་དགེ་སློང་རྣམས་ཉོན་མོངས་པ་ཟང་ཟིང་ལ་འདུ་བ། ཉེས་པ་ཐོས་བསམ་སྒོམ་པའི་བྱ་བ་ཤོར་བ་ལ་བརྟེན་ནས་ཆོས་གོས་ལྷག་པ་འཆང་བར་བྱེད་པ་ལ་བརྟེན་ནས་དགེ་སློང་གིས་ཆོས་གོས་གསུམ་ལས་ལྷག་པར་འཆང་ན་སྤང་བའི་ལྟུང་བྱེད་དོ་ཞེས་བསླབ་པའི་གཞི་བཅའ་བར་མཛད་དོ། །རྗེས་བཅས་ནི་རྒྱལ་པོའི་ཁབ་ཏུ་འོད་སྲུངས་ཆེན་པོའི་བྱུང་བ་ལ་བརྟེན་ནས་དགེ་སློང་གིས་གོས་བྱིན་གྱིས་མ་བརླབས་པར་ཞག་བཅུ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་འདོད་པ་ཆེ་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་དབང་བའི་གོས་བྱིན་གྱིས་མ་བརླབས་པར་རང་ངམ་ཤན་སྟོབས་ཀྱིས་ཞག་བཅུ་འདས་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། གང་འཆང་བའི་དངོས་པོ་དང༌། གང་གིས་འཆང་བའི་རྟེན་ནོ། །དང་པོ་ལ་བདུན་ལས། གོས་ཡིན་པ་སྟེ། གོས་ལའོ། །ཞེས་སོ། །རུང་བ་དང་ཁྲུ་གང་དུ་ལོངས་པ་ཡན་ཆད་ཀྱི་ཚད་དང་ལྡན་པ་སྟེ། རབ་ཏུ་བྱུང་བའི་རྫས་དག་ལ་ནི་རུང་བ་ཉིད་དང་ཚད་དང་ལྡན་པ། ཞེས་དང༌། ཆུང་བ་ཁྲུ་གང་ཡན་ཆད་ཀྱང་ཆོག་པ་དང་འདྲའོ། །ཞེས་སོ། །འཁོར་གསུམ་ཁེབས་པའི་མཐའི་ཚད་ལའོ་ཞེས་གསུངས་པ་འདི་དང༌། ཆུང་བ་ཁྲུ་གང་ཡན་ཆད་ཀྱང་ཆོག་པ་དང་འདྲའོ་ཞེས་གསུངས་པ་འགལ་ཞེ་ན། ཆུང་བ་ཁྲུ་གང་ཡན་ཆད་ལས་ཀྱང་འཆང་བའི་སྤང་ལྟུང་དུ་འགྱུར་མོད་ཀྱི། ཁ་བསྐང་བ་ལ་རེ་བ་ཡོད་ཀྱང་ཟླ་འཇོག་ཏུ་མི་འགྱུར་བར་འཆང་ལྟུང་དུ་འགྱུར་བའི་གོས་ཀྱི་མཐའ་ཚད་བསྟན་པའི་ཕྱིར་འཁོར་གསུམ་ཁེབས་པའི་མཐའི་ཚད་ལའོ། །ཞེས་གསུངས་སོ། །སེལ་བ་ནི་མི་རུང་བ་དང་ཚད་དུ་མ་ཆོག་པ་ལས་ན་སྨད་དུ་འགྱུར་ཏེ། སྤྱིར་བསྟན་རྩ་བར།འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཉིད་དོ། །ཞེས་སོ། །ཁྲུ་གང་མེད་པའི་གོས་ཞག་བཅུ་འཆང་སྤང་དང་ཟླ་འཇོག་གང་གི་དབང་དུ་བྱས་ཀྱང་བྱིན་བརླབས་མི་དགོས་པར་ཐལ། མེ་ཏོག་ཕྲེང་རྒྱུད་ལས། ཁྲུ་ཡི་ཚད་ལས་ཆུང་བ་ལ། །བྱིན་བརླབས་ཡིད་བརྟན་མི་དགོས་སོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མདོ་རྩ་ལས། དེ་བས་དམན་པ་ནི་ཆུང་བ་དང་འདྲ་སྟེ་ཉེས་བྱས་སུ་འགྱུར་བ་ཉིད་དོ། །ཞེས་དང༌། མཚོ་ཊཱིཀ་༤༦༨ལས། དེ་ཡང་གོས་ཁྲུ་གང་བས་ཆུང་བ་དེ་ཁ་བསྐང་བ་ལ་རེ་བ་མེད་པར་འཆང་ན་འཆང་བའི་ཉེས་བྱས་དང༌། རེ་བ་དང་བཅས་པར་འཇོག་ན་ཟླ་འཇོག་གི་ཉེས་བྱས་སུ་འགྱུར་བ་ཉིད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །གནས་སྐབས་དབང་བྱར་ཡོད་པ་དགོས་ཏེ། མཚོ་ཊཱིཀ་༤༥༢ལས། གཞན་དུ་ན་ལྟུང་བ་མེད་དོ། །རང་ཉིད་དབང་བ་ཡིན་ན་སྟེ། རང་གི་ཉིད་དོ། །ཞེས་དང༌། དེ་༤༥༣ལས། ཡོད་ནའོ་ཞེས་པ་བྱིན་གྱིས་བརླབས་པ་ལ་རང་དབང་དུ་ཡོད་ན་སྟེ། གོས་དེ་གཞན་གྱི་མཛོད་དམ་པོར་ཚུད་པ་ལ་སོགས་པ་ལ་ནི། བྱིན་བརླབས་མེད་པར་ཞག་བཅུ་འདས་ཀྱང་འཆང་ལྟུང་མི་འབྱུང་སྟེ། རང་དབང་དུ་བྱིན་གྱིས་བརླབས་ཏུ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལ་གོས་དེ་གཞན་གྱི་མཛོད་དུ་དམ་པོར་ཚུད་པ་ལ་འཆང་ལྟུང་འབྱུང་བ་མེད་པར་འདོད་མི་ནུས་ཏེ། མཚོ་ཊཱིཀ་༤༥༣ལས། བདག་ཉིད་ཆོས་གོས་ཀྱིས་ཕོངས་པར་གྱུར་མ་གྱུར་གཉིས་ལས། གཉིས་པ་ལྟར་ན་ནི་གོས་དེ་གཞན་ལ་མ་བསྔོས་པར་ཞག་བཅུ་འདས་ན་འཆང་ལྟུང་དུ་འགྱུར་བ་བདེན་ཡང༌། དང་པོ་ལྟར་ན་༼བྱིན་རླབས་མེད་ཅིང༽གཞན་ལ་མ་བསྔོས་པར་ཞག་བཅུ་འདས་ཀྱང་འཆང་ལྟུང་དུ་མི་འབྱུང་སྟེ། ལོངས་སྤྱོད་ཀྱི་བར་ཆད་ཀྱི་རྐྱེན་དང་ལྡན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་ཞིབ་ཆ་གོང་འོག་གི་གསུངས་ཚུལ་ལས་ཤེས་ནུས་སོ། །གཞན་འབའ་ཞིག་དབང་བའི་གོས་ཡིན་ན་ལྟུང་བ་མེད་དོ། །བྱིན་གྱིས་བརླབས་པ་དང་མ་འབྲེལ་ལམ། འབྲེལ་ཀྱང་ཤན་རྗེས་སུ་ཞུགས་པ་ཡིན་པའོ། །མཚོ་ཊཱིཀ་༤༥༣ལས། ཟླ་འཇོག་གི་གོས་ཁ་བསྐང་བ་ལ་རེ་བ་དང་བཅས་ཏེ་བཞག་པའི་ཁ་བསོགས་ཀྱི་གོས་མ་ཡིན་པ་སྟེ། ཟླ་འཇོག་གི་སྐབས་ནས། རྩ་བར། གཞན་དུ་ན་དེ་ནི་ཞག་སུམ་ཅུ་འདས་ནའོ། །ཞེས་གསུངས་སོ། །དེ་ལ་ཁ་བསོགས་ཀྱི་གོས་མ་ཡིན་དགོས་པ་མི་འཐད་པར་ཐལ།དགེ་སློང་གིས་ཁ་བསགས་ཀྱི་གོས་རེ་བ་དང་བཅས་པའི་རིགས་མི་མཐུན་པ་ཞག་བཅུ་འདས་ན་ཞག་བཅུ་འཆང་སྤང་གི་ལྟུང་བ་འབྱུང་བ་ཡོད་པའི་ཕྱིར་ཏེ། མཚོ་ཊཱིཀ་༤༦༣ལས། ཁ་དོག་རིགས་མི་མཐུན་པ་དང་ལ་སོགས་པའི་སྒྲས་བསྡུས་པ་རྒྱུ་ལས་རིགས་མི་མཐུན་པ་ནི་ཁ་བསྐང་བའི་གོས་སུ་ཆོག་པ་ཉིད་མ་ཡིན་ནོ། །དེས་ན་རིགས་མི་མཐུན་པ་ལ་རེ་ཞིག་བཞག་ཏུ་མི་གནང་ལ།བཞག་ན་ཡང་ཞག་བཅུ་པ་ཉིད་དུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །གཉིས་པ་གང་གིས་འཆང་བའི་རྟེན་ནི། སྲ་བརྐྱང་དང་མི་ལྡན་པ་སྟེ། རྩ་བར། འདི་གསུམ་ནི་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ངོ། །ཞེས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བ་སྟེ། དེ་ཡང་ངེས་པའི་འདུ་ཤེས་སམ། རང་གི་གཞིའི་རྣམ་པ་མ་དོར་བར་འཛིན་པའི་ཡིད་གཉིས་ཀྱང་རུང་སྟེ། ཊཱི་ཀ་ལས། ཡིད་གཉིས་ཟ་བའི་འདུ་ཤེས་ཀྱིས་དཔྱད་ན། ཞེས་སོ། །ཀུན་སློང་ནི་རང་དོན་དུ་གོས་འཆང་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་གོས་དེ་བྱིན་རླབས་མ་བྱས་པར་འཇོག་པ་ཉིད་ཡིན་གྱི། ལུས་ངག་ཏུ་ཐོན་པ་མི་དགོས་ཏེ། བྱ་བ་མི་བྱེད་པའི་སྦྱོར་བ་ཡིན་པའི་ཕྱིར་རོ། །བཞི་བ་མཐར་ཐུག་ནི། རང་ངམ་ཤན་སྟོབས་ཀྱིས་ཞག་བཅུའི་མཚན་མོ་མཐའི་སྐད་ཅིག་མའོ། །གོས་བྱིན་གྱིས་མ་བརླབས་པར་ཞག་བརྒྱ་ལ་སོགས་པ་འདས་ན་ཅིར་འགྱུར་ཞེ་ན། འདི་ལ་སྔ་རབས་ཀྱི་འདུལ་འཛིན་རྣམས་ལ་འདོད་ལུགས་བཞི་བྱུང་སྟེ། འཆང་ལྟུང་ཁ་སྦྱར་བའི་ཚེ་ཡིན་ཟེར་བ་དང༌། དཀར་འབྱམ་དུ་འདོད་པ་དང༌། ནག་འབྱམ་ཆུང་ངུར་འདོད་པ་དང༌། ནག་འབྱམ་ཆེན་པོར་འདོད་པའོ། །ཞག་བཅུ་ནས་ཞག་རེ་རེ་ལ་སྤང་ལྟུང་རེ་རེ་འབྱུང་བ་ཡིན་ཏེ། གྲོང་རྒྱུ་བའི་ཊཱི་ཀ་ལས། ཁྱིམ་རེ་རེར་སོང་བ་ལས་ལྟུང་བྱེད་རེ་རེ་འགྱུར། ཞེས་ནག་འབྱམ་དུ་གསུངས་པ་དང༌། པུ་ནྱ་ཤྲཱིའི་གདམས་ངག་ལས་ཀྱང་ནུབ་ལྷག་པར་ཉལ་བས་མཚན་མོ་གསུམ་པ་ནས་ནུབ་རེ་རེ་ལ་ལྟུང་བྱེད་རེ་རེ་འགྱུར་བར་གསུངས་པའི་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །རིགས་པས་ཀྱང་ཞག་རེ་རེ་ལ་དགག་བྱ་སྔ་མའི་རྒྱུན་གནས་པའི་ཕྱིར་རོ། །འོ་ན་སྤངས་པའི་ནུབ་མོ་ཡང་འཆང་བའི་སྤང་ལྟུང་འབྱུང་བར་འགྱུར་རོ་ཞེ་ན། དེའི་ཚེ་ན་འཆང་ལྟུང་མི་འབྱུང་སྟེ་གནས་སྐབས་དབང་དུ་བྱར་མེད་པའི་ཕྱིར་རོ། །འདི་སོགས་བརྒྱད་ལ་སྦྱོར་ལྟུང་མེད་དེ། འཆང་བྲལ་འཇོག་པ་གསུམ་དང༌། ལྷུང་བཟེད་འཆང་བ། དགོན་པ་བའི་འབྲལ་བ། རས་ཆེན་དང༌། དབྱར་རྙེད་བཞག་འཕྱིས། གསོག་འཇོག་གི་སྤང་བ་དང་བརྒྱད་གནང་ལ་ཚད་བཟུང་ཡིན་པས་སྦྱོར་ལྟུང་མེད་དོ། ། གཉིས་པ་འབྲལ་བའི་སྤང་བ་འཆད་པ་ལ། གདིང་བ་དང་བྲལ་བ་ལ་ཉེས་པ་མེད་པ་སོགས་བཤད་པ་དང༌། འབྲལ་བའི་ལྟུང་བའི་རྣམ་པར་བཞག་པ་དང་གཉིས། དང་པོ་ནི། ལུང་ཕྲན་ཚེགས་ལས། དགེ་སློང་དག་ངས་ཆོས་གོས་གསུམ་དང་འབྲལ་བ་ནི་གསུངས་ཀྱི། གདིང་བ་དག་ནི་མ་ཡིན་ཏེ། ཞེས་གསུངས་པ་འདིར་བསྡུས་ཏེ། རྩ་བར། གདིང་བ་དང་བྲལ་བ་ལ་ནི་ཉེས་པ་མེད་དོ། །ཞེས་སོ། །མ་རྙེད་ན་བླ་གོས་བཞི་བལྟབས་སུ་བྱས་པའི་སྟེང་དུ་ཉལ་བ་གནང་གི གདིང་བ་མེད་པར་དགེ་འདུན་གྱི་གནས་མལ་ལ་ལོངས་སྤྱོད་པ་མ་གནང་བ་ཡིན་ཏེ། གདིང་བ་མི་འཁྱེར་བའི་རྒྱུར་འགྲོ་འགོག་པའོ། །དགེ་སློང་དང་བཅས་པ་ཉིད་དང་ཞེས་པ་ལ་སོགས་པ་ནི་ལུང་གོས་ཀྱི་གཞི་ལས་སྣམ་སྦྱར་བཞག་ཏུ་རུང་བ་ནི་ལྔ་སྟེ། དགེ་སློང་དང་བཅས་པའི་གནས་སྒོ་གླེགས་དང་བཅས་པ་དང༌། ཆར་འབབ་པའམ་ཆར་འབབ་ཏུ་དོགས་པ་དང༌། འབབ་ཆུའི་ཕ་རོལ་ཏུ་འགྲོ་བར་འདོད་པ་དང༌། སྲ་བརྐྱང་གཏིང་བའི་གནས་དང༌། དགེ་འདུན་གྱི་གནང་བ་བྱིན་པར་གྱུར་པའོ་ཞེས་གནང་བ་ལྔ་གསུངས་པའི་ཤུགས་ཀྱིས་དགག་པ་ལྔ་བསྟན་པ་རྣམས་མདོ་འདིར་བསྡུས་པའོ། །སྐབས་འདིར་མུ་བཞི་སྲིད་དེ། སྣམ་སྦྱར་ཆུད་འཛའ་བྱེད་དང་ཆུད་འཛའ་བ་སྲུང་བྱེད་གཉིས་ཀ་ཡོད་པ་དང༌། གཉིས་པ་མེད་པ་དང༌། ཆུད་འཛའ་བྱེད་ཡོད་ལ་དེ་སྲུང་བྱེད་མེད་པ་དང༌། ཆུད་འཛའ་བྱེད་མེད་ལ་ཆུད་འཛའ་བ་སྲུང་བྱེད་ཡོད་པའོ། །མུ་དང་པོ་ལ་སྣམ་སྦྱར་ཁྱེར་ན་ཉེས་བྱས་དང༌། མུ་གཉིས་པ་དང་གསུམ་པ་ལ། སྣམ་སྦྱར་མ་ཁྱེར་ན་ཉེས་བྱས་སུ་འགྱུར་བ་ནི་གང་ཟག་ཐམས་ཅད་ལའོ། །མུ་བཞི་པ་ལ། སྣམ་སྦྱར་མ་ཁྱེར་ན་ཉེས་བྱས་སུ་འགྱུར་བ་ནི་གང་ཟག་གི་བྱེ་བྲག་ལ་སྟེ། གནང་བ་མ་བྱིན་པ་དང་སྲ་བརྐྱང་མ་གཏིང་བའི་དགེ་སློང་ལ་ཉེས་བྱས་འདི་བསྐྱེད་ཀྱི་གནང་བ་བྱིན་པ་དང་སྲ་བརྐྱང་བཏིང་བ་ལ་ནི་ཉེས་པ་མེད་དོ། །ཆོས་གོས་ཀྱི་ཕྱུང་སྟེ་ཞེས་པ་ནི་ལུང་ཕྲན་ཚེགས་ལས་སྔ་མ་རང་གི་སེམས་ཀྱིས་ཕྱུང་སྟེ་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་ལ། འགྲེལ་ཆུང་ལས། ཆོས་གོས་དེ་ལག་ན་འདུག་པ་ཙམ་དུ་བསམས་ཏེ་གྲོགས་པོ་གཅིག་གི་གནས་སུ་དབྱུང་བའི་སྔགས་བྱས་ལ། ཞེས་སོ། ། ཕྱི་མ་ནི་དགེ་སློང་གཞན་ཡོད་པའི་དབང་དུ་བྱས་པ་དང༌། སྔ་མ་ནི་དགེ་སློང་གཞན་མེད་པའི་དབང་དུ་བྱས་པ་ཡིན་ཏཻ། ཆོས་གོས་དབྱུང་བ་དང་བྱིན་གྱིས་བརླབས་པ་ནི་ཉེ་བར་མི་གནས་ན་ཡིད་ཀྱི་རྣམ་པར་བརྟགས་པས་འཆགས་སོ་ཞེས་འབྱུང་བས་སོ། །སྣམ་སྦྱར་ལྕི་བ་ཉིད་ཡིན་ན་ཞེས་སྣམ་སྦྱར་དང་མི་འབྲལ་བའི་གནང་བ་བྱིན་པ་འདིའི་དོན་ལ་དྲུག་ལས། དང་པོ་དགོས་པའི་དོན་ནི། སྣམ་སྦྱར་དང་བྲལ་ཡང་ལྟུང་བ་མི་འབྱུང་བ་དང༌། ལས་ཀྱི་ཆོ་གས་བྱིན་པས་བཅས་པ་འདིའི་མཚམས་ཟིན་པའོ། །གཉིས་པ་ཡུལ་གང་ལ་གནང་བ་སྦྱིན་པ་ནི་ཆོས་བཅུ་ལྡན་ཏེ། ཐུན་མོང་བ་བརྒྱད་ནི་ལས་ཀྱི་གཞིར་འཆད་ཅིང༌། རྒན་པའམ་ནད་པ་ཡིན་པ་དང༌། སྔར་གནང་བ་བྱིན་པ་དང་མ་འབྲེལ་བ་སྟེ། རྒན་པོ་དང་ནད་པ་དག་ལའོ། །ཞེས་དང༌། སྔར་གནང་བ་མ་ཐོབ་པ་ལའོ་ཞེས་པའི་གནད་ཀྱིས་སྦྱར་བའོ། །

གསུམ་པ་རྟེན་གང་གིས་གནང་བ་བྱིན་པ།

གསུམ་པ་རྟེན་གང་གིས་གནང་བ་བྱིན་པ་ནི།

དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །བཞི་པ་གཞི་གང་ལ་གནང་བ་བྱིན་པ་ནི། སྣམ་སྦྱར་ལྕི་བ་ཡིན་ན། ཞེས་སོ། །སྣམ་སྦྱར་ཡང་བ་དང་བླ་གོས་དང་མཐང་གོས་གཉིས་ལ་ནི་གནང་བ་འདི་མི་འཆགས་ཏེ་གནང་བར་འཆགས་པའི་རྐྱེན་མེད་པའི་ཕྱིར་དང༌། དེ་གཉིས་མ་ཁྱེར་ན་རབ་ཏུ་བྱུང་བའི་རྟགས་ཙམ་ཉམས་པར་འགྱུར་བས་དགག་བྱ་ཆེ་བའི་ཕྱིར་རོ། །ལྔ་པ་ཆོ་ག་གང་གིས་གནང་བ་བྱིན་པ་ནི། སྦྱོར་དངོས་མཇུག་གསུམ་ལས། སྦྱོར་བའི་ཆོ་ག་ནི་བཞི་སྟེ། འདུ་བའི་སྐབས་རྗེས་སུ་བསྒྲུབ་པ་དང༌། ཕྱག་འཚལ་ཞིང་སྤྱོད་ལམ་བསྟན་པ་དང༌། དགེ་འདུན་ལ་སྣམ་སྦྱར་ཉེ་བར་བསྟན་པ་དང༌། གསོལ་བ་ལན་གསུམ་གདབ་པའོ། །དངོས་གཞིའི་ཆོ་ག་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །མཇུག་གི་ཆོ་ག་ནི་ལས་ཀྱི་མཇུག་སྡུད་བརྗོད་པའོ། །དྲུག་པ་གནང་བ་འཇིག་པའི་རྒྱུ་ནི། རྟེན་མཚན་གྱུར་པ་དང་བཅས་པ་དང་ཤི་བ་དང་ནད་སོས་པར་གྱུར་པ་ལ་སོགས་པའོ། །

གཉིས་པ་འབྲལ་བའི་ལྟུང་བའི་རྣམ་པར་བཞག་པ།

གཉིས་པ་འབྲལ་བའི་ལྟུང་བའི་རྣམ་པར་བཞག་པ་ནི།

རྩ་བར། བྱིན་གྱིས་བརླབས་པ་དང༌། གནང་བ་མ་ཐོབ་པ་ནི་བྱེད་པ་པོ་ཉིད་དོ། །དེའི་གནས་ཉེ་འཁོར་དང་བཅས་པ་ནས་གཞན་ན་གནས་པ་ལ་སྐྱ་རེངས་ཤར་ནའོ། །མཚམས་བྱས་པ་ལ་ནི་མཚམས་གནས་ཀྱི་མཐའ་འོ། །ཞེས་སོགས་སོ། །འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི། ཡུལ་མཉན་ཡོད་དུ་གང་ཟག་དགེ་སློང་རབ་ཏུ་མང་པོས་ཉོན་མོངས་པ་ཆོས་གོས་མེད་པར་སྟོད་གཡོགས་ཙམ་གྱིས་ལྗོངས་རྒྱུ་བ། ཉེས་པ་ཆོས་གོས་དང་བྲལ་བར་བྱས་པ་ལས་སྤང་བའི་ལྟུང་བྱེད་བཅས་པའོ། །གཉིས་པ་དགག་བྱ་ནི་བསྙེན་རྫོགས་ཀྱི་རྟགས་ཐུན་མོང་མ་ཡིན་པ་ཉམས་པ་དང༌། ཆོས་གོས་གསུམ་ཆུད་འཛའ་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་གི་འཚོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་པའི་ཆོས་གོས་གང་ཡང་རུང་བ་དང་མཚམས་ཐ་དད་དུ་འབྲལ་བར་བྱེད་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གསུམ་སྟེ། གང་དང་འབྲལ་བའི་དངོས་པོ་དང༌། གང་དུ་འབྲལ་བའི་གནས་དང༌། གང་གིས་འབྲལ་བའི་རྟེན་ནོ། །དང་པོ་ལ་ལྔ་ལས། ཆོས་གོས་གསུམ་ལས་གང་ཡང་རུང་བ་ཡིན་པ་སྟེ། ལུང་རྣམ་འབྱེད་ལས། ཆོས་གོས་གསུམ་ལས་གང་ཡང་རུང་བ་དང་ཞེས་བྱ་བ་ནི་སྣམ་སྦྱར་དང་བླ་གོས་དང་མཐང་གོས་ལས་གང་ཡང་རུང་བ་དང་ངོ། །ཞེས་གསུངས་སོ། །དེ་གསུམ་ལས་གཞན་གདིང་བ་ལ་སོགས་པ་དང་བྲལ་ཡང་ཉེས་པ་མེད་དོ། །རང་གི་འཚོ་བའི་ཡོ་བྱད་ཀྱི་བྱིན་རླབས་ཡོངས་རྫོགས་དང་ལྡན་པ་སྟེ། རྩ་བར། བྱིན་གྱིས་བརླབས་པ་དང་གནང་བ་མ་ཐོབ་པ་ནི་བྱེད་པ་པོ་ཉིད་དོ། །ཞེས་པས་སོ། །མཁོ་བ་དང་ལྷག་པའི་ཡོ་བྱད་དུ་བྱིན་གྱིས་བརླབས་པ་དང་བྱིན་རླབས་མེད་པའི་ཆོས་གོས་དང་བྲལ་བ་ལ་ནི་ཉེས་པ་མེད་དོ། ། རུང་བ་དང༌། ཆོས་གོས་རང་རང་གི་ཚད་དང་ལྡན་པ་སྟེ་སྤྱིར་བསྟན་པ་ལས་སོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །དེ་ལ་རང་རང་གི་ཚད་དགོས་ན། མཚོ་ཊཱིཀ་༤༦༡ལས། དམ་དུམ་དུ་གྱུར་ཏེ་འཁོར་གསུམ་ཁེབས་པ་ཡན་ཆད་དུ་ལོངས་ན་གཅིག་ཉིད་ལ་བྱིན་བརླབས་ཡོད་ཅིང་དེ་ལས་གཞན་ལ་བྱིན་བརླབས་མེད་དེ། ཞེས་དང༌། ཆོས་གོས་ཕྱེད་ཚལ་དུ་གྱུར་ཏེ་དེ་གཉིས་བཟང་ངན་མ་ཕྱེད་ན་དོན་ལ་ནི་ཚལ་པ་གཅིག་ལ་ནི་བྱིན་བརླབས་ཡོད་ཀྱང་འབྲལ་བ་ནི་གཉིས་ཀ་ལ་སྲུང་བར་བྱ་སྟེ། ཞེས་གསུངས་པ་དང་མི་འགལ་ཚུལ་གང་ཡིན་དཔྱད་དགོས་སོ། ། དགོན་པ་བས་འཇིགས་པའི་དབང་གིས་ཆོས་གོས་གཅིག་གྲོང་དུ་བཞག་པ་མ་ཡིན་པ་སྟེ། རྩ་བར། དགོན་པ་བའི་ཆོས་གོས་གཅིག་ལ་ནི་འཇིགས་པ་དང་བཅས་པ་ཉིད་ཡིན་ན་གྲོང་ཡང་རང་གི་གནས་དང་འདྲའོ། །ཞེས་པས་སོ། །

གཉིས་པ་གང་དུ་འབྲལ་བའི་གནས།

གཉིས་པ་གང་དུ་འབྲལ་བའི་གནས་ནི།

ཆོས་གོས་ཀྱི་གནས་ཉེ་འཁོར་དང་བཅས་པ་ལས་གཞན་ཡིན་པ་སྟེ།དེའི་གནས་ཉེ་འཁོར་དང་བཅས་པ་ལས་གཞན་ན་ཞེས་སོ། །བདག་པོ་གཅིག་ཉིད་མ་ཡིན་པའི་བར་གྱི་མཚམས་སེག་དང་རེ་ལྡེ་ལ་སོགས་པ་རྣམས་ནི་གནས་ཐ་དད་པ་ཡིན་ཏེ། ཞུ་བ་ལས། བཙུན་པ་དགེ་སློང་གིས་གནས་གཅིག་ལ་སྟེང་གཡོགས་ཀྱང་གཅིག་པར་གནས་པ་དེ་ཉིད་དུ་ཆོས་གོས་ཀྱང་བཞག་ན་ཆོས་གོས་དང་བྲལ་བར་གྱུར་པ་མཆིས་སམ། ཡོད་དེ་གནས་དེར་མུ་སྟེགས་ཅན་སྣ་ཚོགས་དང༌། དགེ་སྦྱོང་དང་བྲམ་ཟེ་དང་སྤྱོད་པ་དང་ཀུན་ཏུ་རྒྱུ་རྣམས་དང་སྤུན་སོ་སོར་བགོས་པ་རྣམས་སུའོ། །ཞེས་གསུངས་སོ། །ནོར་ཐ་དད་ཀྱང་གནས་ཁང་སོ་སོར་མ་བགོས་ན་མི་འབྲལ་ཏེ། ཊཱི་ཀ་ལས། བདག་པོ་མང་པོ་དོན་གཅིག་པ་དག་ཆ་སོ་སོ་མ་ཡིན་པར་ཁྱིམ་གཅིག་པའི་ཚུལ་གྱིས་གནས་པ་དེ་ནི་བར་གྱི་མཚམས་ཐ་དད་པ་ཉིད་མ་ཡིན་ཏེ། སྤུན་ལ་སོགས་པ་ཐམས་ཅད་ལ་ཁྱིམ་རྗེ་དཔོན་ཉིད་ཡིན་པའི་ཕྱིར་རོ། །ཞེས་སོ། །སྐབས་འདིར་ཊཱི་ཀ་ལས། མདོ་འདི་ལ་དགག་པ་བསྡུ་བར་ནི་མི་འགྱུར་ཏེ། དེས་ན་མདོ་འོག་མའི་རྗེས་སུ་ཡང་སྦྱར་རོ་ཞེས་པ་ནི་བདག་པོ་གཅིག་པ་མ་ཡིན་པའི་བར་གྱི་མཚམས་རྣམས་ནི་ཐ་དད་ཅེས་དངོས་སུ་སྨོས་པས། བདག་པོ་གཅིག་པ་ཉིད་ཀྱི་བར་གྱི་མཚམས་རྣམས་ནི་ཐ་དད་པ་ཉིད་མ་ཡིན་ཏེ་ཞེས་ཤུགས་ཀྱིས་བསྟན་ཏེ། ཐ་དད་པ་ཉིད་མ་ཡིན་ནོ་ཞེས་པའི་དགག་པ་དེ་ནི་མདོ་རྩ་བར་དངོས་སུ་བསྡུས་པ་དེ་ནི་མ་ཡིན་ཏེ། དགག་པ་དེ་ནི་མདོ་འོག་མ་ནོར་ལས་ཐ་དད་པ་མ་ཡིན་པའི་ཡང་ཐ་དད་པ་ཉིད་མ་ཡིན་ནོ་ཞེས་སྨོས་པའི་རྗེས་སུ་མཐུན་པ་ཡང་སྦྱར་རོ་ཞེས་པའོ། །ཊཱི་ཀ་ལས།ད་ནི་མདོ་བརྩམས་པའི་འབྲས་བུ་བསྟན་པར་བྱ་སྟེ་ཞེས་པ་ནི་འབྲས་བུ་ཞེས་པ་སྐབས་འདིར་ལུང་རྣམ་འབྱེད་ལས། ཁྱིམ་གཅིག་དང་ནི་ཁྱིམ་གཉིས་དང༌། །ཁྱིམ་གྱི་ཚོགས་དང་ལྡན་པ་དང༌། །རྩིག་པ་རིབ་མ་འོབས་སྐོར་དང༌། །རྣམ་བཞིར་བྱ་བ་གྲོང་དང་ཁྱིམ། །རྟེན་འགྲོ་མུ་སྟེགས་འཚོང་རྡལ་དང༌། །འཚོང་ཁང་དགྲ་ཁང་གཡུལ་ཁང་ནི། །གཡུལ་ཚོམས་གྲུ་དང་ཤིང་རྟ་དང༌། །ལྗོན་ཤིང་ཀུན་དགའ་ར་བ་ཡིན། །ལམ་དུ་འགྲོ་སྡོད་ཉལ་འདུག་དང༌། །ཐད་ཀར་ཡང་ནི་དེ་བཞིན་ཏེ། །མཚམས་གཞན་ཉལ་བ་ཐ་མ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ཞེས་གསུངས་སོ། །རྣམ་བཞིར་བྱ་བ་གྲོང་ཞེས་པ་ནི་གྲོང་ཉེ་འཁོར་གཅིག་པ་དང་གྲོང་ཉེ་འཁོར་ཐ་དད་པ་དང༌། གྲོང་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང་ཉེ་འཁོར་ཐ་དད་པའོ། །རྣམ་བཞིར་བྱ་བ་ཁྱིམ་ཞེས་ཀྱང་དེ་བཞིན་དུ་སྦྱར་རོ། །རྣམ་འབྱེད་འགྲེལ་བ་ལས། རྟེན་འགྲོ་ནི་རོལ་མོ་མཁན་གྱི་བྱེ་བྲག་གོ། །ཚོང་རྡལ་ནི་ཚོང་ཟོང་འཚོང་བར་བྱེད་པའི་གནས་སོ། །ཚོང་ཁང་ནི་ཟོང་གཙོང་བའི་གནས་སོ། །དགྲ་ཁང་ནི་དགྲ་བསྲུང་བའི་གནས་སོ། །ཞེས་གསུངས་སོ། །གསུམ་པ་གང་གིས་འབྲལ་བའི་རྟེན་ནི། སྲ་བརྐྱང་དང་མི་ལྡན་པ་དང༌། སྣམ་སྦྱར་གྱི་ཆ་ནས་མི་འབྲལ་བའི་གནང་བ་མ་ཐོབ་པ་དང༌། འཇིགས་པའི་དབང་གིས་ཆོས་གོས་གཅིག་གྲོང་དུ་བཞག་པའི་ཆ་ནས་དགོན་པ་བའི་ཡི་དམ་དང་མི་ལྡན་པའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་ཆོས་གོས་དང་མཚམས་ཐ་དད་དུ་འབྲལ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ཆོས་གོས་དང་མཚམས་ཐ་དད་དུ་འབྲལ་བར་བྱེད་པའོ། །བཞི་བ་མཐར་ཐུག་ནི་ཞག་གཅིག་གི་མཚན་མོ་མཐའི་སྐད་ཅིག་མའོ། །མདོ་རྩ་བ་དང་རང་འགྲེལ་ལས་སྐྱ་རེངས་ཤར་ནའོ་ཞེས་གསུངས་པ་དང༌། དེའི་ཊཱི་ཀ་ལས་སྐྱ་རེངས་དང་པོ་འཆར་ཀའི་སྐད་ཅིག་མ་དང་པོ་ལའོ་ཞེས་གསུངས་ཏེ་གཞུང་དེ་དག་སྐད་ཅིག་སྔ་ཕྱི་འགལ་ལོ་སྙམ་ན། མཚན་མོ་མཐའི་སྐད་ཅིག་སྟེ་སྐྱ་རེངས་འཆར་ཀའི་སྐད་ཅིག་ཉིད་ན་དངོས་གཞི་བསྐྱེད་ཅིང༌། སྐྱ་རེངས་ཤར་བ་ན་དངོས་གཞི་སྐྱེས་པ་སྟེ། ལུང་དགེ་སློང་ཕའི་རྣམ་འབྱེད་ལས། ནུབ་གཅིག་གིས་མཐར་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་དང༌།དགེ་སློང་མའི་རྣམ་འབྱེད་ཀྱི་འབྲལ་བའི་སྤང་བའི་སྐབས་ལས། སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །ཞེས་དང༌། འགྲེལ་ཆུང་ལས། སྐྱ་རེངས་བྱུང་བ་ན་ཆོས་གོས་དང་འབྲལ་བའི་སྤང་བའི་ལྟུང་བར་འགྱུར་རོ། །ཞེས་སོ། །

གསུམ་པ་ཟླ་འཇོག་གི་སྤང་བ་འཆད་པ།

གསུམ་པ་ཟླ་འཇོག་གི་སྤང་བ་འཆད་པ་ལ།

རྩ་བར། ཁ་བསྐང་བ་ལ་རེ་བ་མེད་ན་ཆུང་བ་ཁྲུ་གང་ཡན་ཆད་ཀྱང་ཆོག་པ་དང་འདྲའོ། །བྱིན་གྱིས་རླབས་པར་བྱ་བ་ཡོད་པ་ཉིད་ན་ཡང་ངོ༌། །གཞན་དུ་ན་དེ་ནི་ཞག་སུམ་ཅུ་འདས་ནའོ། །ཞེས་བྱུང༌། འདིའི་དོན་འཆད་པ་ལ་བཞི་ལས། དང་པོ་གླེང་གཞི་ནི། ཡུལ་མཉན་ཡོད་དུ་གང་ཟག་དགེ་སློང་རབ་ཏུ་མང་པོས་ཉོན་མོངས་པ་ཟང་ཟིང་ལ་འདུ་བ་ཉེས་པ་ཁ་བསོགས་ཀྱི་གོས་བྱིན་གྱིས་མ་བརླབས་པར་ཟླ་བ་གཅིག་ལས་འདས་པར་འཇོག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །

གཉིས་པ་དགག་བྱ་ནི།

འདོད་པ་ཆེ་བ་དང་ཁ་བསྐོང་གི་རེ་བས་འབད་རྩོལ་ཆེ་བས་ཐོས་བསམ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི། བཅས་ལྡན་དགེ་སློང་གིས་བྱིན་གྱིས་བརླབས་པར་བྱ་བའི་ཆོས་གོས་གསུམ་མ་ཚང་བ་ན་ཁ་བསྐང་བའི་གོས་ལ་རེ་བ་དང་བཅས་ཏེ། ཁ་བསོགས་ཀྱི་གོས་བྱིན་གྱིས་མ་བརླབས་པར་བཞག་པ་ལས་རང་ངམ་ཤན་སྟོབས་ཀྱིས་ཞག་སུམ་ཅུ་འདས་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། གང་བཞག་པའི་དངོས་པོ་དང༌། གང་གིས་འཇོག་པའི་རྟེན་ནོ། །དང་པོ་ལ་བདུན་ཏེ་གོས་ཡིན་པ་དང༌། རུང་བ་དང༌། ཁྲུ་གང་ཡན་ཆད་ཀྱི་ཚད་དང་ལྡན་པ་དང༌། གནས་སྐབས་དབང་བྱར་ཡོད་པ་དང༌། རང་ཉིད་ཀྱི་ཡིན་པ་དང༌། བྱིན་གྱིས་བརླབས་པ་དང་མ་འབྲེལ་ལམ་འབྲེལ་ཀྱང་ཤན་རྗེས་སུ་ཞུགས་པ་དང་བཅས་པ་དྲུག་ནི་འཆང་བའི་སྐབས་སུ་སྔར་བཤད་པ་དང་འདྲ་བ་ལས་ཚད་དང་ལྡན་པ་ལ་ཁྱད་པར་ཡོད་དེ། འཆང་བའི་སྐབས་སུ་ཆུང་ཚད་ཁྲུ་གང་ཡན་ཆད་ནས། ཡ་མཐའ་དཔག་ཏུ་མེད་པའོ། །ཟླ་འཇོག་གི་སྐབས་སུ་ནི་ཆུང་ཚད་ཁྲུ་གང་ཡན་ཆད་ནས། འཁོར་གསུམ་ཁེབས་པར་མ་ལོངས་པའོ། །འཁོར་གསུམ་ཁེབས་པར་ལོངས་པ་ནི་བྱིན་གྱིས་མ་བརླབས་པར་བཞག་ན་འཆང་ལྟུང་དུ་འགྱུར་གྱི། ཟླ་འཇོག་ཏུ་མི་འགྱུར་རོ། །ཁ་བསྐང་བའི་གོས་ལ་རེ་བ་དང་བཅས་ཏེ་བཞག་པའི་ཁ་བསོགས་ཀྱི་གོས་ཡིན་པ་སྟེ། རྩ་བར། གཞན་དུ་ན་དེ་ནི་ཞག་སུམ་ཅུ་འདས་ནའོ། །ཞེས་པས་སོ། །གཉིས་པ་གང་གིས་འཇོག་པའི་རྟེན་ནི། སྲ་བརྐྱང་དང་མི་ལྡན་པ་དང༌། བྱིན་གྱིས་བརླབས་པར་བྱ་བའི་ཆོས་གོས་གསུམ་ཚང་བ་མ་ཡིན་པ་སྟེ། འདི་གསུམ་ནི་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ཞེས་པ་དང༌། གཞན་དུ་ན་ཞེས་པས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་དོན་དུ་ཟླ་བ་ལས་འདས་པར་འཇོག་འདོད་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་གོས་དེ་ལ་བྱིན་རླབས་མི་བྱེད་པར་འཇོག་པ་ཉིད་ཡིན་གྱི་ལུས་ངག་ཏུ་ཐོན་པ་མི་དགོས་ཏེ། བྱ་བ་མི་བྱེད་པའི་སྦྱོར་བ་ཡིན་པའི་ཕྱིར་རོ། །བཞི་བ་མཐར་ཐུག་ནི་ཞག་སུམ་ཅུའི་མཚན་མོ་མཐའི་སྐད་ཅིག་མའོ། །སྤྱིར་ན་ཁྲུ་འཇལ་བ་རྣམས་ལ་ཁྲུ་རྣམ་པ་གསུམ་འདུལ་བའི་གཞུང་རྣམས་ལས་གསུངས་ཏེ། རྡུལ་ཁྲུ་དང༌། ལུས་ཁྲུ་དང༌། ལག་ཁྲུའོ། །དང་པོ་ནི་བལ་ཁུར་བའི་སྐབས་སུ་འཆད་དོ། །གཉིས་པ་ནི། རྩ་བར།ཁྲུའི་དོན་ནི་ལུས་ཀྱི་ཆ་བདུན་ལས་གཉིས་སོ། །ཞེས་སོ། །གསུམ་པ་ནི་ཊཱི་ཀ་ལས། གྲུ་མོ་ནས་གུང་མོའི་རྩེ་མོའི་བར། ཞེས་སོ། །རྡུལ་ཁྲུ་ལུས་ཁྲུ་ལག་ཁྲུ་སྟེ། །ཁྲུ་གསུམ་རྣམ་དབྱེ་ཤེས་པར་བྱ། །རྡུལ་ཁྲུས་གཞལ་བར་བྱ་བ་ནི། །ཁང་པའི་ཚད་དང་ཁྲི་རྐང་ཚད། །གདིང་བ་གཡན་དགབ་རས་ཆེན་ནོ། །དེ་དག་ལས་གཞན་ཆོས་གོས་རྣམས། །ལུས་ཁྲུའམ་ལག་ཁྲུས་གཞལ་བ་སྟེ། །ལུས་རིང་ཧ་ཅང་ལག་ཐུང་དང༌། །དེ་ལས་ལྡོག་པའི་ཆོས་གོས་རྣམས། །རང་གི་ལུས་ཁྲུ་ཁོ་ནས་གཞལ། །ལུས་ཚད་ལག་ཚད་འཚམས་པ་ཡིས། །ལག་ཁྲུས་ཀྱང་ནི་གཞལ་དུ་རུང༌། །ཞེས་སོ། །རལ་ཁ་དཔུང་ཆད་ནི་རྒྱ་ཁྱོན་ཇི་ཙམ་ཡོད་པ་ལོགས་སུ་བྱིན་གྱིས་བརླབས་ཏེ་སྒྲོ་གུའམ་ཟུངས་ཀྱིས་འཐུད་པའོ། །ཞུ་བའི་སྐབས་ནི། ཆུང་བ་ཁྲུ་གང་བ་དེ་བས་ཀྱང་དམན་པ་སྟེ་གོས་ཁྲུ་གང་བས་ཆུང་བ་ནི། ཆུང་བ་ཁྲུ་གང་པ་དང་འདྲ་སྟེ་འཁོར་གསུམ་ཁེབས་པ་བས་ཆུང་བ་ཁྲུ་གང་པ་དང་འཆང་འཇོག་གི་ཉེས་པ་བསྐྱེད་པར་འདྲ་བའོ། །དེ་ཡང་གོས་ཁྲུ་གང་བས་ཆུང་བ་དེ་ཁ་བསྐང་བ་ལ་རེ་བ་མེད་པར་འཆང་ན་འཆང་བའི་ཉེས་བྱས་དང༌། རེ་བ་དང་བཅས་པར་འཇོག་ན་ཟླ་འཇོག་གི་ཉེས་བྱས་སུ་འགྱུར་བ་ཉིད་དོ། །འཆང་འཇོག་གི་སྤང་ལྟུང་དུ་ནི་མི་འགྱུར་ཏེ། ཚད་དང་ལྡན་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །ཁ་བསྐང་བ་ལ་རེ་བ་མེད་པའི་དབང་དུ་བྱས་ནས་བསྟན་པ་ནི་ཆུ་དང་ཞེང་གིས་འཁོར་གསུམ་གྱི་ཕྱེད་མི་ཁེབས་པའི་གོས་ཁ་བསྐང་བ་ལ་རེ་བ་མེད་པ་ནི་ཟླ་འཇོག་ཏུ་གཏོགས་པ་མ་ཡིན་ཏེ། ཁ་བསྐང་བ་ལ་རེ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་འཆང་བའི་ཉེས་བྱས་སུ་འགྱུར་བ་ཉིད་དོ། །བཞི་བ་འཁྲུར་འཇུག་པའི་སྤང་བ་འཆད་པ་ལ། སྐབས་ནས་བྱུང་བའི་བསླབ་བྱ་དང༌།ལྟུང་བ་རྣམ་པར་བཞག་པ་དང་གཉིས། དང་པོ་ནི། རྩ་བར། སྦྲུམ་མ་དབེན་པར་བཞག་གོ། །དེར་དགེ་སློང་མ་རྣམས་ཀྱིས་ཡལ་བར་མི་དོར་རོ། །དེ་ལ་ཟན་སྦྱིན་པར་བྱའོ། །ཞེས་དང༌། ཉེ་དུའི་ཐུན་མོང་བསྟན་པ་ནི། རྩ་བར། ཕ་མ་དག་ནས་བདུན་པ་ཚུན་ཆད་ལས་གང་ཡང་རུང་བ་སྔ་མ་གཅིག་ལས་སྐྱེས་པ་ཡང་ཉེ་དུ་ཡིན་ནོ། །ཞེས་སོ། །འདིའི་དོན་ལ་དྲུག་ལས། དང་པོ་དགོས་པའི་དོན་ནི་ཚིག་ཚོགས་བསྐྱུང་པ་དང༌། མདོར་བསྡུས་རྟོགས་པའོ། །གཉིས་པ་ཡན་ལག་གིས་ཁྱབ་པ་སྦྱར་བ་ནི། ལུང་ལས་དངོས་སུ་གསུངས་པ་ཉི་ཤུ་དང༌། བསྟན་བཅོས་ནས་བཤད་པ་ལྔ་དང་དེ་རྣམས་དང་རྒྱུ་མཚན་མཚུངས་པའི་མདོར་བསྡུས་གང་ཡང་རུང་བ་གཅིག་སྟེ་ཉི་ཤུ་རྩ་དྲུག་གོ །དེ་ཡང་ལུང་ལས་དངོས་སུ་གསུངས་པ་ཉི་ཤུ་ནི། འཁྲུར་འཇུག་པ་དང་ལེན་པ་དང༌། །སློང་དང་སྟོད་གཡོགས་སྨད་གཡོགས་བཅས། །རིན་ཐང་སོ་སོ་རྨེལ་འཇུག་དང༌། །མངོན་མཚན་ཉོ་ཚོང་ལྷུང་བཟེད་འཚོལ། །ཐ་ག་གཉིས་དང་ཆོས་གོས་གཉིས། །འདུག་གནས་ཟ་དང་བསོད་པ་ཉིད། །གཅེར་བུ་མགྲོན་གཉེར་གྲོང་དང་ནི། །ཁྱིམ་གཞན་ཉིད་དང་ཉི་ཤུའོ། །དེ་ཡང་ལྷུང་བཟེད་འཚོལ་བ་ལ་ཉེ་དུ་མ་ཡིན་པ་ཡན་ལག་ཏུ་དགོས་པ་འདི་དེང་སང་ལུང་ན་མི་སྣང་ཡང༌། ཡི་གེ་ཆད་པར་འོང་སྟེ། མདོ་རྩ་བས་ལུང་གི་དོན་ཙམ་སྡུད་པའི་སྐབས་སུ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལས་བླངས་པས་ཡོངས་སུ་བཙལ་ནའོ། །ཞེས་གསུངས་སོ། །བསྟན་བཅོས་ནས་བཤད་པ་ལྔ་ནི། དབེན་པར་འདུག་འགྲེང་གཉིས་ལ་བམ་པོ་ལྔ་བཅུ་པ་ལས། ཉེ་དུ་ལ་ལྟུང་བ་མེད་དོ། །ཞེས་གསུངས་སོ། །སྦྱོར་དུ་བཅུག་པ་ཟ་བ་ལ་ནི། བསྡུས་པ་ལས། དགེ་སློང་མ་ལ་དད་པའི་ཁྱིམ་མམ་ཉེ་དུའི་ཁྱིམ་ཡིན་ན་ལྟུང་བ་མེད་དོ། །ཞེས་གསུངས་ཤིང༌། ཡང་ཡང་ཟ་བ་ལ་ནི་ཊཱི་ཀ་ལས་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་ངམ་བཤེས་པའི་དབང་གིས་ཉེ་བར་ལྟ་བ་ནི་ཀུན་ཏུ་ལྟ་བ་སྟེ་སྦྱིན་བདག་ཉེ་དུ་ཡིན་ན་ལྟུང་བ་མེད་པར་གསུངས་སོ། །ལྷུང་བཟེད་དོ་གསུམ་ལས་ལྷག་པར་ལེན་པ་ལ་ནི། མེ་ཏོག་ཕྲེང་རྒྱུད་ལས། ཕན་སེམས་ཉེ་དུའི་ཁྱིམ་ལས་ནི། །ལེན་པ་ལ་ཡང་ལྟུང་བ་མེད། །ཅེས་གསུངས་སོ། །གསུམ་པ་ཡན་ལག་གི་ངོ་བོ་ནི་ཉེ་དུ་མ་ཡིན་པའོ། །དེ་ཡང་གཞུང་ལས་བདུན་བརྒྱུད་ལས་མཚམས་སུ་གསུངས་ཀྱང༌། ཕྱི་ལོངས་སྤྱོད་དང་འབྲེལ་བའི་སྐབས་སུ་གཞུང་ནས་གསུངས་པ་ལྟར་ཡིན་ལ། ནང་སེམས་ཅན་ལ་ཆགས་པ་རྒྱུར་འགྱུར་དགག་བྱར་གྱུར་པ་རྣམས་ཀྱི་སྐབས་སུ་ནི། ཡུལ་དུས་དེ་ན་ངོ་ཚ་བའི་ཡུལ་དུ་མི་བྱེད་པ་ཡན་ལག་ཡིན་ཏེ། དགག་བྱའི་གནད་ཀྱིས་ཤེས་སོ། །དེ་ལ་ཁ་ཅིག་ན་རེ་ཐམས་ཅད་ལ་གཞུང་ནས་བསྟན་པ་བཞིན་ཡིན་ལ། གཞན་དུ་ན་གཞུང་ལ་རང་བཟོ་བྱས་པར་འགྱུར་ཞེས་ཟེར་རོ། །དེ་ལྟར་ན་མའི་སྤུན་ཟླ་ལ་ངོ་ཚ་བའི་ཡུལ་དུ་མི་བྱེད་པའི་ཡུལ་ངེས་པ་འགའ་ཞིག་ཏུ་བཅས་ལྡན་དགེ་སློང་གིས་རང་གི་མའི་སྤུན་ཟླ་དགེ་སློང་མ་ལ་ཆོས་གོས་འཁྲུར་འཇུག་པ་ཆོས་ཅན། འཁྲུར་འཇུག་གི་ལྟུང་མེད་མ་ཡིན་པར་ཐལ། བཅས་ལྡན་དགེ་སློང་གི་ཆོས་གོས་འཁྲུར་འཇུག་པ་ལ་བརྟེན་ནས་ཆགས་པ་རྒྱུར་འགྱུར་གྱི་དགག་བྱ་རྫོགས་པར་ཡོད་པའི་ཕྱིར་རོ། །གཏན་ཚིགས་ནི་གཞི་དེ་ལ་ངོ་ཚ་བའི་ཡུལ་དུ་མི་བྱེད་པའི་ཡུལ་ངེས་པ་གཞིར་བཞག་པས་གྲུབ་བོ། །ཁྱབ་པ་མ་གྲུབ་ན་འགལ་ཞིང༌། འདོད་ན་ནི་བདུན་བརྒྱུད་ཀྱི་ཁོངས་སུ་གཏོགས་པའི་ཉེ་དུ་ལ་འཁྲུར་འཇུག་པ་ལ་ལྟུང་མེད་དུ་འདོད་པ་བུད་དོ། །གཞན་ཡང་ཊཱི་ཀར་བལ་དཀར་ནག་གོ་ལྡོག་ལ་དགག་བྱ་ཞུགས་ན་ལྟུང་བ་འབྱུང་བར་གསུངས་པའི་གནད་ཀྱིས་བདུན་བརྒྱུད་དུ་གཏོགས་མ་གཏོགས་གོ་ལྡོག་ལ་དགག་བྱ་ཞུགས་ན་ཡང་ལྟུང་བ་འབྱུང་བར་རྒྱུ་མཚན་མཚུངས་སོ། །དེས་ན་སྔར་བཞིན་དུ་རིགས་སོ། །

བཞི་བ་ཡན་ལག་གི་སེལ་བ།

བཞི་བ་ཡན་ལག་གི་སེལ་བ་ནི།

ཡན་ལག་དེ་ལས་ལྡོག་པ་སྟེ། གོས་སློང་བ་ལ་སོགས་པ་ཕྱི་ལོངས་སྤྱོད་དང་འབྲེལ་བ་རྣམས་ཀྱི་སྐབས་སུ་ནི་བདུན་བརྒྱུད་ཀྱི་ཁོངས་སུ་གཏོགས་པ་དེ་སེལ་བ་ཡིན་ལ། འཁྲུར་འཇུག་པ་ལ་སོགས་པ་ནང་སེམས་ཅན་ལ་ཆགས་པ་རྒྱུར་འགྱུར་དགག་བྱར་གྱུར་པ་རྣམས་ཀྱི་སྐབས་སུ་ནི། མ་དང་སྲིང་མོ་ལྟ་བུ་ཡུལ་དུས་དེ་ན་ངོ་ཚ་བའི་ཡུལ་དུ་བྱེད་པ་དེ་སེལ་བ་ཡིན་ནོ། །ལྔ་བ་སེལ་བ་ལ་ཅིར་འགྱུར་ནི། མངོན་མཚན་ཉོ་ཚོང་གཉིས་དང་ལྷུང་བཟེད་ཚོལ་བ་དང༌།འདུག་གནས་སུ་ཟ་བ་དང་བཞི་ནི་ཡུལ་ཉེ་དུ་ཡིན་ན་རང་རང་གི་ཉེས་བྱས་སུ་འགྱུར་རོ། །བཞི་པོ་དེ་དག་ལས་གཞན་པ་ཉེ་དུ་མ་ཡིན་པ་ཡན་ལག་ཏུ་དགོས་པ་རྣམས་ཀྱི་སྐབས་སུ། ཡུལ་ཉེ་དུ་ལ་ཉེ་དུར་འདུ་ཤེས་ཏེ་ཞུགས་ན་རང་རང་གི་ལྟུང་བ་མེད་དོ། །དེ་ཡང་མངོན་མཚན་ཉོ་ཚོང་གཉིས་ལ་ལུང་ཞུ་བ་ལས། ཉེ་དུ་དང་ལྷན་ཅིག་སྤྱོད་ན་ཉེས་བྱས་སོ། །ཞེས་གསུངས་སོ། །ཉེ་དུས་ཀྱང་ངོ་ཞེས་མདོ་རྩ་འགྲེལ་ལས་ཉེ་དུའི་འདུག་གནས་སུ་ཟ་བ་ལ་ཉེས་བྱས་སུ་གསུངས་སོ། །བཞི་པོ་དེ་དག་ལས་གཞན་ལ་ལྟུང་བ་མེད་པའི་ལུང་ཁུངས་ནི། ཆོས་གོས་འཁྲུར་འཇུག་པ་ལ་ལུང་ཞུ་བ་ལས། ཉེ་དུ་ལ་ཉེ་དུར་འདུ་ཤེས་ན་ཉེས་པ་མེད་དོ། །ཞེས་དང༌། ལུང་རྣམ་འབྱེད་ལས། ཐ་ག་པ་ཉེ་དུ་ལ་གོས་འཐག་ཏུ་འཇུག་པ་ལ་ལྟུང་བ་མེད་དོ། །ཞེས་དང༌། ཞུ་བ་ལས། ཉེ་དུ་ལས་བསོད་པའི་ཟས་བསླངས་ཏེ་འཚལ་ན་ཅིར་འགྱུར་ཉེས་པ་མེད་དོ། །ཞེས་དང༌། གཅེར་བུ་ལ་སྦྱིན་པ་ལ་ལུང་རྣམ་འབྱེད་ལས། ཉེ་དུ་ཡིན་ན་ལྟུང་བ་མེད་དོ། །ཞེས་གསུངས་སོ། །དྲུག་པ་རྒྱུ་མཚན་ནི། མངོན་མཚན་ཉོ་ཚོང་ལ་སོགས་པ་བཞི་པོ་དེ་རྣམས་ལ་ཡུལ་ཉེ་དུ་ལས་ནི་ཉེས་བྱས་སུ་འགྱུར་གྱི། ལྟུང་མེད་དུ་མི་འགྱུར་བ་ནི། མངོན་མཚན་ཉོ་ཚོང་གཉིས་ནི་འཇིག་རྟེན་ན་བྱ་བ་དམན་པར་མི་བྱེད་པས་འབྱུང་ཉེ་ཞིང་སྤང་དཀའ་བའི་ཕྱིར་དང༌། ལྷུང་བཟེད་གཅིག་གི་དགོས་པ་འགྲུབ་བཞིན་དུ་ལྷུང་བཟེད་ལྷག་པ་འཚོལ་བ་ཧ་ཅང་མི་རིགས་པའི་ཕྱིར་དང༌། མུ་སྟེགས་པའི་འདུག་གནས་སུ་རྩོད་པ་རྒྱས་པར་འགྱུར་བའི་དགག་བྱ་ཡོད་པའི་ཕྱིར་རོ། །གོས་སློང་བ་ལ་སོགས་པ་རྣམས་ཀྱི་ཡུལ་ཉེ་དུ་ཡིན་ན་ལྟུང་བ་མི་བསྐྱེད་པའི་རྒྱུ་མཚན་ནི། གོས་སློང་བ་ལ་སོགས་པ་ཕྱི་ལོངས་སྤྱོད་དང་འབྲེལ་བ་རྣམས་ཀྱི་སྐབས་སུ། བསྲི་བའམ་ཤ་ཚ་མེད་པར་སློང་བ་ལ་སོགས་པ་དང་འབྲེལ་ནས་གཞན་གྱི་ལོངས་སྤྱོད་ལ་གནོད་པ་དང༌། མ་དད་པ་སྐྱེ་བ་དང༌།རང་འདོད་པ་ཆེས་པ་དགག་བྱ་ཡིན་པ་ལ། ཉེ་དུ་ལ་ནི་དགག་བྱ་དེ་དག་མེད་པའི་ཕྱིར་དང༌། གཅེར་བུ་ལ་སྦྱིན་པ་ལ་ནི་ཆེས་མཆོད་པའི་གནས་སུ་བྱེད་པ་དགག་བྱ་ཡིན་པ་ལ། ཉེ་དུ་ལ་སྦྱིན་པ་ལ་ནི་དགག་བྱ་དེ་མེད་པའི་ཕྱིར་དང༌། འཁྲུར་འཇུག་ལ་སོགས་པ་ནང་སེམས་ཅན་ལ་ཆགས་པ་རྒྱུར་འགྱུར་དགག་བྱར་གྱུར་པ་རྣམས་ལ་ནི། ཡུལ་དེ་ན་ངོ་ཚ་བའི་ཡུལ་དུ་བྱེད་པའི་ཉེ་དུ་མོའམ་སྲིང་མོ་ལྟ་བུ་ལ་ནི་དགག་བྱ་དེ་མེད་པའི་ཕྱིར་རོ། །

གཉིས་པ་ལྟུང་བ་རྣམ་པར་བཞག་པ།

གཉིས་པ་ལྟུང་བ་རྣམ་པར་བཞག་པ་ནི།

རྩ་བར། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ། །དེ་ནི་ཤེས་གཙོའོ། །ཞེས་པ་ནས། འབྲས་བུའི་མཐའ་མན་ཆད་གཅིག་པ་ཉིད་དོ། །ཞེས་སོ། །འདིའི་དོན་ལ་བཞི་ལས། གླེང་གཞི་ནི། ཡུལ་མཉན་ཡོད་དུ་གང་ཟག་འཆར་ཀས་ཉོན་མོངས་པ་ཆགས་པས་ཉེས་པ་དགེ་སློང་མ་སྦེད་མ་ལ་རང་གི་ས་བོན་གྱིས་གོས་པའི་ཤམ་ཐབས་འཁྲུར་བཅུག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི། ཆགས་པས་རྒྱུ་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཆོས་གོས་སམ་གདིང་བ་འཁྲུ་བ་ལ་སོགས་པ་བྱེད་དུ་འཇུག་ཅིང་ཕྱོགས་ལ་ལས་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས།དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་འཁྲུ་འཚེད་འཆག་པ་བྱེད་དུ་འཇུག་པའི་ཡུལ་དང༌། གང་འཁྲུ་འཚེད་འཆག་ཏུ་འཇུག་པའི་དངོས་པོའོ། །དང་པོ་ནི་དགེ་སློང་མ་ཆོས་བདུན་ལྡན་ནོ། །དེའང་དགེ་སློང་མའི་སྡོམ་པ་ཕམ་པས་མ་ཉམས་པ་དང་ལྡན་པ་སྟེ། དགེ་སློང་མ་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཉིད་ནི། ཞེས་སོ། །ལྟ་བ་མཐུན་པ་སྟེ། རང་དང་མཐུན་པའི་ལྟ་བ། ཁས་བླངས་པ་དག་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས། ཞེས་སོ། །ཐ་སྙད་གསུམ་དང་ལྡན་པ་དང༌། ལུས་ཐ་མལ་པར་གནས་པ་སྟེ། སྔར་བཤད་ཟིན་ཏོ། །ཉེ་དུ་མ་ཡིན་པ་སྟེ། ཉེ་དུ་མ་ཡིན་པ་ཉིད་དག་ལའོ། །ཞེས་སོ། །རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་སྟེ། རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི། ཞེས་སོ། །མཚན་བསྟེན་དུ་རུང་བ་སྟེ། བསྟེན་པའི་ཕྱིར་མཐུ་དང་ལྡན་པ་ཉིད་ཡིན་ན། ཞེས་སོ། །གཉིས་པ་གང་འཁྲུ་འཚེད་འཆག་ཏུ་འཇུག་པའི་དངོས་པོ་ལ་བདུན་ཏེ། ཆོས་གོས་རྣམས་དང་གདིང་བ་ལས་གང་ཡང་རུང་བ་ཡིན་པ་དང༌། རང་གི་འཚོ་བའི་ཡོ་བྱད་ཀྱི་བྱིན་རླབས་དང་ལྡན་པ་དང༌། དགེ་སློང་རང་ཉིད་ཀྱི་ཡིན་པ་དང༌། འཁྲུར་འཇུག་པ་ལ་སོགས་པར་འོས་པ་ཡིན་པ་དང༌། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་དང༌། རུང་བ་དང༌། ཚད་དང་ལྡན་པའོ། །རྒྱུའི་རུང་བ་བདུན་ནི་བལ་གོས་དང༌། ཟར་མའི་གོས་དང༌། ཤ་ནའི་གོས་དང༌། དུ་ཀཱུ་ལའི་གོས་དང༌། རས་བལ་གྱི་གོས་དང༌། ཀོ་ཏམ་པའི་གོས་དང༌། ཉི་འོག་གི་གོས་དག་ལས་གང་ཡང་རུང་བའོ། །ཞེས་གསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས་འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་འཁྲུ་བ་ལ་སོགས་པ་འཆོལ་བའི་ཚིག་སྨྲ་བར་འདོད་པ་དང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་འཆོལ་བར་ཞུགས་པའོ། །

བཞི་བ་མཐར་ཐུག

བཞི་བ་མཐར་ཐུག་ནི།

སྦྱོར་བ་དེའི་རྐྱེན་གྱིས་ཕྱོགས་ལ་ལས་བྱས་པའོ། །འདུ་ཤེས་གཙོ་བོ་རྣམས་ཀྱི་ཐུན་མོང་མདོ་གསུམ་ནི།༡འདུ་ཤེས་གཙོ་བོ་ཉིད་ལ་དོན་ཇི་ལྟ་བ་ཉིད་ལ་ནི་དངོས་གཞིའོ། །ཞེས་དང༌། ༢དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ནི་དངོས་གཞི་དང་ཉེ་བའོ་ཞེས་དང༌། དེའི་དམིགས་བསལ་ནི། མ་དག་པ་ལ་དག་པར་འཁྲུལ་ཏེ་སྐུར་པ་འདེབས་པ་དང༌། ཆོས་གོས་དེ་གཞན་དབང་བ་ལ་རང་ཉིད་དབང་བར་འཁྲུལ་ཏེ་འཕྲོག་པ་དང༌། བར་དུ་གཅོད་པ་ལ་བར་དུ་མི་གཅོད་པར་འཁྲུལ་ཏེ་སྡིག་ལྟ་མི་གཏོང་ན་ལྟུང་བ་རྫོགས་པར་བསྐྱེད་པ་ལྟ་བུའོ། །ཡིད་གཉིས་འདུ་ཤེས་དང་འདྲ་བའོ། །ཞེས་པའོ། །ཊཱི་ཀ་ལས། སྲོག་ཆགས་དང་བཅས་པ་ལ་ཡིད་གཉིས་ཟ་བའི་འདུ་ཤེས་ཀྱིས་སྤྱད་ན་ནི་ལྟུང་བྱེད་དུ་འགྱུར་ཞེས་ཡིད་གཉིས་ཟ་བ་དེ་འདུ་ཤེས་ཡིན་པར་བཤད་དོ། །དེ་ལྟར་ན་འདུ་ཤེས་ལ་གཉིས་ཏེ། ངེས་པའི་འདུ་ཤེས་དང༌། ཡིད་གཉིས་ཟ་བའི་འདུ་ཤེས་སོ། །གཞིའི་རྣམ་པ་མ་དོར་བའི་ཡིད་གཉིས་ནི་ངེས་པའི་འདུ་ཤེས་དང་འདྲ་ཞེས་པ་སྟེ། ཡིད་གཉིས་གྱུར་ན་ངེས་པའི་འདུ་ཤེས་དང་འདྲ་བར་བཞག་ཅེས་འོད་ལྡན་གྱི་རྩ་བ་ལས་གསུངས་པ་བཞིན་ནོ། །མཚོ་ཊཱིཀ་ལས། ཡིད་གཉིས་འདུ་ཤེས་ཡིན་མིན་འདི་ལ་འདུལ་བ་དང་མངོན་པའི་ཆོས་སྐད་ཐ་དད་པ། ཞེས་སོ། །སྐབས་འདིར་མཚོ་ཊཱིཀ་ལས། དགེ་འདུན་གྱི་ཁྲིམས་སུ་བྱ་བ་བསྲུང་སྟེ་མ་བསྲུངས་ན་སྤྱིར་བཏང་ལ་ཉེས་བྱས་སུ་འགྱུར་རོ། །མ་བསྲུངས་ན་ཕམ་པ་དང་ལྟུང་བྱེད་དང་སོ་སོར་བཤགས་པར་འགྱུར་བ་ཡོད་དེ་དམིགས་བསལ་ཡིན་ནོ། །ཞེས་གསུངས་སོ། །འདུལ་འཛིན་སོགས་ལྟར་ན།ཉེ་དུ་མ་ཡིན་པ་ཡན་ལག་ཏུ་དགོས་པའི་ལྟུང་བ་ཉེར་དགུ་ཡོད་དེ། ཇི་སྐད་དུ། འཁྲུར་འཇུག་ལེན་དང་སློབ་པ་དང༌། །སློང་བར་རིགས་དང་དཔགས་པ་སློང༌། །སོ་སོས་དཔགས་དང་བལ་རྨེལ་དང༌། །མངོན་ཚན་ཉོ་ཚོང་ལྷུང་བཟེད་འཚོལ། །ཐ་ག་གཉིས་དང་གོས་བྱེད་དང༌། །གོས་བྱིན་འདུག་གནས་ཟ་བ་དང༌། །བསོད་པ་སློང་དང་གཅེར་བུ་སྟེར། །མགྲོན་གཉེར་རིང་འདུག་རས་ཆེན་ཚོལ། །ཆོས་སྟོན་དབེན་པར་འདུག་འགྲེང་དང༌། །སྦྱོར་འཇུག་ཡང་ཡང་ཟ་བ་དང༌། །དོ་གསུམ་ཙམ་ལས་ལྷག་ལེན་དང༌། ། བུད་མེད་དང་འགྲོ་ལྷན་ཅིག་ཉལ། །སོ་སོར་བཤགས་པ་དང་པོ་གཉིས། །དེ་ལྟར་ཉི་ཤུ་རྩ་དགུའོ། །ཞེས་སོ། །

ལྔ་བ་དགེ་སློང་མ་ལ་གོས་ལེན་པའི་སྤང་པ་འཆད་པ།

ལྔ་བ་དགེ་སློང་མ་ལ་གོས་ལེན་པའི་སྤང་པ་འཆད་པ་ལ།

བསླབ་པར་བྱ་བ་དང་ལྟུང་བ་རྣམ་གཞག་དང་གཉིས། དང་པོ་ནི། རྩ་བར། དགེ་སློང་མས་གོས་རིན་ཆེན་པོ་བརྗེ་བའི་ཕྱིར་བླང་བར་བྱའོ། །ཞེས་སོགས་སོ། །དགེ་སློང་མས་གོས་རིན་ཆེན་པོ་ཀར་ཤ་པ་ན་ཉི་ཤུ་ཡན་ཆད་རི་བ་ཡང་གཞན་དང་བཟང་ངན་བརྗེ་བའི་ཕྱིར་བླང་བར་བྱའོ། །འདི་ནི་གོས་ལྕི་བ་རྟེན་པའི་སྦྱོར་བའི་ཉེས་པར་འགྱུར་རམ་སྙམ་དུ་དོགས་པ་བཅད་པའོ། །དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་གོས་བཟང་ངན་བརྗེ་བར་བྱའོ། །འདི་ནི་རྒྱལ་མཚན་བརྗེ་བའི་ཉེས་པར་འགྱུར་རམ་སྙམ་པ་དང་གོས་ལེན་པའི་ཉེས་པར་འགྱུར་རམ་སྙམ་དུ་དོགས་པ་བཅད་པའོ། །གཉིས་པ་ལྟུང་བ་རྣམ་གཞག་ནི། རྩ་བར། ལེན་ནའོ། །རྣམ་པར་རིག་བྱེད་ཀྱིས་སོ། །གོས་སོ། །ཞེས་སོ། །འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་ཡུལ་མཉན་ཡོད་དུ་གང་ཟག་ཉེ་དགས་ཉོན་མོངས་པ་འདོད་ཞེན་གྱིས་ཉེས་པ་ཨུད་པ་ལའི་མདོག་ལ་གོས་བསླངས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི། ཆགས་པས་རྒྱུ་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་བླངས་ཏེ་ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གསུམ་སྟེ་གང་ལ་བསླང་བའི་ཡུལ་དང༌། གང་བསླང་བའི་དངོས་པོ་དང༌། གང་གིས་ལེན་པའི་རྟེན་ནོ། །དང་པོ་ནི་དགེ་སློང་མ་ཆོས་བརྒྱད་ལྡན་ཏེ། འཁྲུར་འཇུག་གི་སྐབས་སུ་སྔར་བཤད་པའི་ཐུན་མོང་བ་བདུན་གྱི་སྟེང་དུ་དད་པ་དང་སེམས་ཡངས་ཆེ་བ་མ་ཡིན་པའོ། །

གཉིས་པ་གང་བསླང་བའི་དངོས་པོ་ལ་ལྔ།

གཉིས་པ་གང་བསླང་བའི་དངོས་པོ་ལ་ལྔ་ལས།

གོས་ཡིན་པ་སྟེ། གོས་སོ། །ཞེས་སོ། །དགེ་སློང་མ་དེ་ཉིད་ཀྱི་ཡིན་པ་སྟེ། ལུང་རྣམ་འབྱེད་ལས། དགེ་སློང་མ་ལ་གོས་ལེན་ན། ཞེས་དང༌། གཞན་དབང་བ་ཡིན་ན་དེ་དགེ་སློང་མ་དེ་ལ་ལེན་པ་འབྱུང་རིང་བས་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་རོ། །དགེ་སློང་མ་དེ་དང་འབྲེལ་བར་གནས་པ་སྟེ། རྩ་བར། ཉེ་བར་མ་གྱུར་པ་ནོད་པ་ནི་སྦྱོར་ན་ཉིད་དོ། །ཞེས་དང༌། གཞན་དུ་དགག་བྱ་མི་རྫོགས་པའི་ཕྱིར་རོ། །རུང་བ་དང་ཚད་དང་ལྡན་པ་ནི་སྤྱིར་བསྟན་པ་ལས་སོ། །གསུམ་པ་གང་གིས་ལེན་པའི་རྟེན་ལ་བཞི་སྟེ། དགེ་འདུན་ལ་གོས་འབུལ་བའི་ཁོངས་སུ་གཏོགས་པ་མ་ཡིན་པ་དང༌། ཆོས་ལེགས་པར་སྨྲ་བ་པོ་མ་ཡིན་པ་དང༌། བསྙེན་པར་རྫོགས་པར་བྱེད་པ་པོ་མ་ཡིན་པ་དང༌། ཆོས་གོས་ཚང་བར་ཡོད་པའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་བཟང་ངན་བརྗེ་བ་ལས་གཞན་པས་རང་དོན་དུ་གོས་ལེན་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི། ངག་གི་རིག་བྱེད་ཀྱིས་གོས་ལེན་པར་ཞུགས་པ་སྟེ། རྩ་བར། རྣམ་པར་རིག་བྱེད་ཀྱིས་སོ། །ཞེས་སོ། །བཞི་བ་མཐར་ཐུག་ནི། ཐོབ་བློ་སྐྱེས་པ་སྟེ། རྩ་བར། ལག་ཏུ་འོངས་པ་ཉིད་ན་ཐོབ་པ་ཉིད་དོ། །ཞེས་དང༌། ཊཱི་ཀ་ལས། དོན་ལ་གྲུབ་པའི་བློ་སྐྱེ་བས། ཞེས་སོ། །

དྲུག་པ་ཁྱིམ་པ་ལ་གོས་སློང་བའི་སྤང་བ་འཆད་པ།

དྲུག་པ་ཁྱིམ་པ་ལ་གོས་སློང་བའི་སྤང་བ་འཆད་པ་ལ།

རྩ་བར། དེ་མིའི་འགྲོ་བར་གཏོགས་པ་ཞེས་པ་ནས། རིན་ཐང་དང་ཁ་དོག་དང་ཁྲུ་ཚད་ལས་རྣམ་པ་གང་བསླངས་པའོ། །གཞན་ལ་ནི་ལྟུང་བ་མེད་དོ། །རས་མ་དང་ཁ་ཚར་དག་སློང་ནའོ། །རྒྱུ་དང་སྤུན་ལ་ནི་ན་སྨད་པ་ཉིད་དོ། །དེའི་རང་བཞིན་ནི་དེ་དང་འདྲའོ། །སློང་བའི་སྤང་བའོ། །ཞེས་སོ། །འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་ཡུལ་མཉན་ཡོད་དུ་གང་ཟག་ཉེ་དགས་ཉོན་མོངས་པ་འདོད་ཞེན་གྱིས་ཉེས་པ་ཁྱིམ་པ་ལ་གོས་བླངས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །

གཉིས་པ་དགག་བྱ་ནི།

གཞན་གྱི་ལོངས་སྤྱོད་ལ་གནོད་པ་དང༌། རང་འདོད་པ་ཆེས་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་ལ་ཆོས་གོས་ཚང་བ་ཡོད་བཞིན་དུ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་གོས་བླངས་ཏེ་ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་ལ་བསླང་བའི་ཡུལ་དང༌། གང་བསླང་བའི་དངོས་པོ་དང༌། གང་གིས་བསླང་བའི་རྟེན་དང་གསུམ། དང་པོ་ནི་ཁྱིམ་པ་ཆོས་དྲུག་ལྡན་ནོ། །དེ་ཡང་ཁྱིམ་པ་ཡིན་པ་དང༌། ཉེ་དུ་མ་ཡིན་པ་དང༌། རང་ལས་རྫས་ཀྱི་སྒོ་ནས་ཐ་དད་པ་དང༌། མ་བསླངས་ཀྱང་ཅི་བདེར་སྟོབས་པ་མ་ཡིན་པ་སྟེ་བཞི་དང༌། ཐ་སྙད་ལྔ་ལྡན་དང༌། ལུས་ཐ་མལ་པར་གནས་པ་གཉིས་ནི་སྔར་བསྟན་ཟིན་པ་ལྟར་རོ། །སྐབས་འདིར་མཚོ་མཆན་ལས། ཁྱིམ་པ་ཞེས་ནི་རབ་ཏུ་བྱུང་བ་རྣམ་གཉིས་ཀྱི་ཆ་ལུགས་དང་སྡོམ་པ་གང་ཡང་མི་ལྡན་པ་ནི་ཁྱིམ་པ་སྟེ་ཆུང་མ་བླངས་པ་ཁོ་ནས་ཁྱད་པར་དུ་བྱས་པ་ནི་མ་ཡིན་ནོ། །ཞེས་སྤྱིར་བསྟན་གྱི་སྐབས་སུ་བསྟན་ཏོ། །དམིགས་བསལ་ནི་རབ་ཏུ་བྱུང་བ་རྣམ་གཉིས་ཀྱི་རྟགས་སྡོམ་གང་དང་ཡང་མི་ལྡན་ཡང་རབ་ཏུ་བྱུང་ན་བར་མ་ཁོ་ན་དང་ལྡན་ན་ནི་སྒྲེན་མོར་གནས་པ་ཡང་ཁྱིམ་པ་མ་ཡིན་ནོ། །དགེ་སློང་ཕམ་པས་སྡོམ་པ་མ་བཏང་བ་དེ་གོས་དཀར་པོ་གོན་ཞིང་ཆུང་མ་བླངས་ན་ཡང་ཁྱིམ་པ་མཚན་ཉིད་པ་ཡིན་པར་མི་རིགས་ཏེ། དགེ་སློང་གི་སྡོམ་པ་དང་ལྡན་པའི་ཕྱིར་རོ། །ཞེས་གསུངས་པ་ལ་དཔྱད་པར་བྱའོ། །སེལ་བ་ནི། ཕྱི་རོལ་པའི་རབ་ཏུ་བྱུང་བ་དང་མ་ཆགས་པ་དང་ཉམས་པ་དག་ནི་ཕྱེད་ཉིད་ཁྱིམ་པའོ་ཞེས་གསུངས་པས། དེ་རྣམས་ལ་གོས་བསླངས་ན་ནི་ན་སྨད་དུ་འགྱུར་ལ། དགེ་སློང་ཕ་མ་རྣམ་དག་ལ་བསླངས་ན་ཆེས་ན་སྨད་དུ་འགྱུར་ཏེ། དགག་བྱ་ཆེས་མ་རྫོགས་པའི་ཕྱིར་རོ། །གཉིས་པ་གང་བསླང་བའི་དངོས་པོ་ལ་བཞི་ལས། གོས་ཡིན་པ་སྟེ། རྩ་བར། ཆོས་གོས་སོ། །ཞེས་སོ། །སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་སྟེ། སྦྱིན་བདག་དེ་ཉིད་དབང་བའི་གོས་དང་གཞན་དབང་བའི་གོས་ནོར་ཏེ་བསླངས་ན་ལྟུང་བ་ན་སྨད་དུ་འགྱུར་བའི་ཕྱིར་རོ། །རུང་བ་ཚད་དང་ལྡན་པའོ། །ཊཱི་ཀ་ལས། མི་ཆུང་བའོ་ཞེས་སྨྲས་ཏེ་ཆོས་གོས་རང་གི་ཚད་དང་ལྡན་པའོ། །ཞེས་གསུངས་ཀྱང༌། རང་ཚད་དང་ལྡན་པ་དེ་ནི་མཚོན་པ་ཙམ་སྟེ། ཁྲུ་གང་གི་ཚད་ལས་མི་ཆུང་བའོ། །འགྲེལ་ཆུང་ལས། ཁྲུ་གང་ཡན་ཆད་ཡིན་པ་དང་ཞེས་བཤད་པ་དེ་ངེས་པར་གཟུང་བར་བྱའོ། །རིན་ཕྲེང་དུ་རང་ཚད་དང་ལྡན་དགོས་པར་གསུངས་ཀྱང་འདུལ་འཛིན་གྱིས་སྤྱི་ཚད་ཁྲུ་གང་དང་ལྡན་དགོས་པར་གསུངས་སོ། །རིན་ཐང་ལས་རྣམ་པ་གང་བསླངས་པ་དེ་ཐོབ་ནའོ་ཞེས་པ་ནི། རིན་ཐང་ཀར་ཤ་པ་ན་ལྔ་རི་བ་བསླངས་ནས་བཅུ་རི་པོ་ཐོབ་ན་དངོས་གཞིར་མི་འགྱུར་གྱི་ལྔ་རི་བ་དེ་ཐོབ་ན་དངོས་གཞི་དང༌། ཀར་ཤ་པ་ན་གསུམ་རི་བ་བསླངས་ནས་གསུམ་རི་བ་དེ་ཐོབ་ན་དངོས་གཞི་དང༌། ཀར་ཤ་པ་ན་བཅུ་རི་བ་བསླངས་ནས་བཅུ་རི་བ་དེ་ཐོབ་ན་དངོས་གཞིའོ། །ཁ་དོག་ལས་རྣམ་པ་གང་བསླངས་པ་དེ་ཐོབ་ནའོ་ཞེས་པ་ནི་ཁ་དོག་སྔོན་པོ་བསླངས་ནས་སེར་པོ་ཐོབ་པ་ནི་དངོས་གཞིར་མི་འགྱུར་གྱི་སྔོན་པོ་དེ་ཐོབ་ན་དངོས་གཞིར་འགྱུར་བ་ལྟ་བུ་ཡིན་ནོ། །ཁྲུ་ཚད་ལས་རྣམ་པ་གང་བསླངས་པ་དེ་ཐོབ་ནའོ་ཞེས་པ་ནི། ཁྲུ་ལྔ་པ་བསླངས་ནས་ཁྲུ་བཅུ་པ་ཐོབ་པ་ནི་དངོས་གཞིར་མི་འགྱུར་གྱི་ཁྲུ་ལྔ་པ་དེ་ཐོབ་ན་དངོས་གཞིའོ། །ཊཱི་ཀ་ལས། ཁ་དོག་ལ་སོགས་པའི་དབྱེ་བ་མ་བྱས་པར་སྤྱིར་བསླངས་པ་ན་གང་ཡང་རུང་བ་ཞིག་ཐོབ་ན་ཡང་སྤང་བའི་ལྟུང་བྱེད་དོ། །ཞེས་སོ། །རྣམ་འབྱེད་འགྲེལ་བ་ལས། ལྷག་པ་ཐོབ་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི། ལྷག་པ་མ་བསླངས་པའི་ཕྱིར། ཞེས་སོ། །གསུམ་པ་གང་གིས་སློང་བའི་རྟེན་ནི། སྲ་བརྐྱང་མ་བཏིང་བ་དང༌།ཆོས་གོས་ཚང་བར་ཡོད་པ་སྟེ། རྩ་བར། སྲ་བརྐྱང་བཏིང་ན་གོས་སློང་བ་ཡང་ཉེས་པ་མེད་ལ། ཞེས་དང༌། གོས་འཕྲོགས་པ་དང་བརླག་པ་དང་ཚིག་པ་དང་རླུང་གིས་ཁྱེར་བ་དང་ཆུས་ཁྱེར་བར་མ་གྱུར་པ་ལའོ། །ཞེས་གསུངས་སོ། །

གཉིས་པ་བསམ་པའི་ཡན་ལག་ལ་གཉིས།

གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།

འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་གོས་སློང་བའི་ཚིག་སྨྲ་བར་འདོད་ཅིང་གོ་བར་འདོད་པར་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི། ངག་མཚན་ཉིད་ལྔ་ལྡན་གྱིས་གོས་སློང་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་གོས་ཐོབ་བློ་སྐྱེས་པའོ། །བདུན་པ་སློང་བར་རིགས་པའི་སྤང་བ་འཆད་པ་ལ། རྩ་བར། བྱིན་གྱིས་བརླབས་པར་བྱ་བ་ཐམས་ཅད་མེད་ན་སློང་བར་རིགས་པ་ཉིད་དོ། །ཞེས་སོགས་དང༌། ཐོབ་ན་དངོས་གཞིའོ། །ཞེས་དང༌། སྦྱིན་པར་བྱ་བ་མི་སྦྱིན་ན་ཡང་ངོ། །ཞེས་སོ། །འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་ཡུལ་ཉན་ཡོད་དུ་གང་ཟག་བསམ་གཏན་པ་བཞི་བཅུས་ཉོན་མོངས་པ་མ་བརྟགས་པར་སྤྱོད་པ་དང་འདོད་ཞེན་གྱིས་ཉེས་པ་སྦྱིན་བདག་སྒོ་རེ་རེ་ནས་གོས་ཟུང་གཅིག་གི་ཚད་ལས་ལྷག་པར་བསླངས་པ་སྟེ་སྦྱིན་བདག་རེ་རེ་ལ་ཆོས་གོས་བཅུ་གསུམ་ཐོབ་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པའོ། ། གསུམ་པ་ངོ་བོ་ནི་དགེ་སློང་ཆོས་གོས་བྱིན་རླབས་ཅན་མེད་པས་སློང་རིགས་ཀྱང་ཁྱིམ་པ་ཉེ་དུ་མ་ཡིན་པར་སྟོད་གཡོགས་དང་སྨད་གཡོགས་ཟུང་ཚད་ལྷག་པ་ཐོབ་པའི་ལྟུང་བ་དངོས་གཞི་དེའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་བསླང་བའི་ཡུལ་དང༌། གང་བསླང་བའི་དངོས་པོ་དང༌། གང་གིས་སློང་བའི་རྟེན་ནོ། །དང་པོ་ནི་ཁྱིམ་པ་ཆོས་དྲུག་ལྡན་ཏེ་སྔར་བཤད་ཟིན་ཏོ། །གཉིས་པ་ནི་གོས་ཡིན། སྦྱིན་བདག་དེ་ཉིད་ཀྱི་ཡིན། རུང་བ་ཡིན་པ་དང་གསུམ་སྔར་དང་འདྲ་བ་ལས། འདིར་ལྷག་པ་ཚད་དང་ལྡན་པ་ཟུང་ལས་ལྷག་པའི་ཆ་སྟེ་ཁྲུ་གང་ཡན་ཆད་ཀྱི་ཚད་དང་ལྡན་པ་སྟེ་བཞིའོ། །གསུམ་པ་གང་གིས་སློང་བའི་རྟེན་ནི། སྲ་བརྐྱང་མ་བཏིང་བ་དང༌། ཆོས་གོས་གསུམ་ཡན་ཆད་མ་ཚང་བ་དངོས་ཏེ། རྩ་བར། དེ་ནི་ལྟུང་བའི་བྱེད་པ་པོ་ཉིད་དོ། །ཞེས་སོ། །སྐབས་འདིར་མཚོ་ཊཱིཀ་ལས། འཚོ་བའི་ཡོ་བྱད་ཀྱི་གོས་གཅིག་མེད་པའམ་གཉིས་མ་ཚང་པ་ལ་ནི། སློང་བར་རིགས་པའི་ལྟུང་བ་འདི་མི་སྐྱེད་དེ། ཟུང་བསླང་བར་བྱ་བ་ཡིན་ལ། ཟུང་ཐོབ་པ་ན་ཆོས་གོས་ཚང་བས་ཆོས་གོས་མེད་པའི་ཡན་ལག་དེ་མི་ཚང་པའི་ཕྱིར་རོ། །དེས་ན་འདི་ལ་ཆོས་གོས་གསུམ་ཡན་ཆད་མ་ཚང་པ་ཡན་ལག་ཏུ་དགོས་སོ། །ཞེས་གསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་ལྷག་པ་སློང་བ་འདོད་པ་རྒྱུན་མ་ཆད་པའོ། །

གསུམ་པ་སྦྱོར་བ།

གསུམ་པ་སྦྱོར་བ་ནི།

ངག་མཚན་ཉིད་ལྔ་ལྡན་གྱིས་ལྷག་པར་སློང་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ལྷག་པ་ལ་ཐོབ་བློ་སྐྱེས་པའོ། །ལྷག་པ་མི་སྦྱིན་པ་ལ་ནི་གོས་དེ་རང་གིས་ཐོབ་ཟིན་ཡིན་པ་དང༌། ཀུན་སློང་ནི་ལྷག་པ་མི་སྦྱིན་པར་འདོད་པ་དང༌། སྦྱོར་བ་མི་སྦྱིན་པ་ཉིད་དང༌། མཐར་ཐུག་ནི་མི་སྦྱིན་པར་ཐག་བཅད་པས་ཁྱད་པར་དུ་བྱས་སོ། །ཆོས་གོས་མེད་པ་ཉིད་ལ་ཡོད་པའི་བློ་ཅན་མ་ཡིན་ཞིང་ཆོས་གོས་ཉོ་བའི་རིན་མེད་པའི་དབང་དུ་བྱས་ནས་བྱིན་གྱིས་བརླབས་པར་བྱ་བའི་ཆོས་གོས་འཚོ་བའི་ཡོ་བྱད་བཅུ་གསུམ་པོ་ཐམས་ཅད་མེད་ན་དགེ་སློང་གིས་གོས་སློང་བའི་ཚད་ལས་མ་ལྷག་པར་སློང་བ་ཆོས་ཅན། ཆོས་གོས་སློང་བའི་ལྟུང་བ་མི་བསྐྱེད་དེ། ཆོས་གོས་སློང་བར་རིགས་པ་ཉིད་ཡིན་པའི་ཕྱིར་རོ། །ཊཱི་ཀ་ལས། དེ་དག་གི་ནང་ནས་གང་དང་གང་མེད་པ་དེ་དང་དེ་ཉིད་བླང་བར་རིགས་པ་ཉིད་ཡིན་ནོ། །ཞེས་སོ། ། འདིར་ནི་ཊཱི་ཀ་ལས། རྣག་ཟན་མ་སྨོས་པར་ཡོ་བྱད་ཀྱི་གོས་སྨོས་སོ་ལུང་མ་མོ་ལས་ནི་དབྱར་གྱི་རས་ཆེན་མ་གསུངས་པར་ཁྲུས་རས། ཞེས་གསུངས་སོ། །གོས་ཀྱི་ཚད་འོག་ཏུ་འཆད་པར་འགྱུར་རོ། །བརྒྱད་པ་སྤགས་པ་སློང་བའི་སྤང་བ་འཆད་པ་ལ། རྩ་བར། སྤགས་པ་མ་ཕུལ་བར་ཤེས་པ་ནི་མ་སྤགས་པ་དང་འདྲའོ། །དེ་ཉིད་གཞན་ཡིན་ནོ། །སྤགས་པ་སློང་བའི་སྤང་བའོ། །ཞེས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་ཡུལ་མཉན་ཡོད་དུ་གང་ཟག་ཉེ་དགའ་ལ་ཉེས་པ་ཁྱིམ་བདག་གིས་གོས་འབུལ་བར་བསམས་པས་སྤགས་པ་ལས་གང་བྱིན་པ་དེས་མི་མགུ་བར་ལྷག་པ་བསླངས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་པའོ། །

གཉིས་པ་དགག་བྱ་ནི།

གཞན་གྱི་ལོངས་སྤྱོད་ལ་གནོད་པ་དང༌། རང་འདོད་པ་ཆེས་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་ལ་ཁྱིམ་པས་གོས་སྦྱིན་པར་བསམས་པས་སྤགས་པ་ལ་དེ་ལས་ལྷག་པའི་གོས་བསླངས་ཏེ་ལྷག་པ་དེ་ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་ལ་བསླང་བའི་ཡུལ་དང༌། གང་བསླང་བའི་དངོས་པོ་དང༌། གང་གིས་སློང་བའི་རྟེན་དང་གསུམ། དང་པོ་ནི། ཁྱིམ་པ་ཆོས་དྲུག་ལྡན་གྱི་སྟེང་དུ། དགེ་སློང་ལ་གོས་དེ་སྤགས་པར་བྱས་པ་པོ་ཡིན་པ་དང༌། སྦྱིན་བདག་སྤུངས་ཆུང་བ་སྟེ། སྤུངས་ཆེ་ན་ལྟུང་བ་འོག་མར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི་དངོས་པོ་ཆོས་བཞི་ལྡན་ཏེ་སློང་བར་རིགས་པའི་སྐབས་དང་འདྲའོ། །གསུམ་པ་ནི་རྟེན་ཆོས་གཉིས་ལྡན་ཏེ་གོས་སློང་བའི་སྐབས་དང་འདྲའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་སྤགས་པ་དེ་ལས་ལྷག་པའི་གོས་རང་དོན་དུ་ངག་གིས་སློང་བར་འདོད་པ་རྒྱུན་མ་ཆད་པའོ། །སྤགས་པ་དགེ་སློང་གིས་མི་ཤེས་པ་དེ་ཉིད་སློང་ན་སྤགས་པ་སློང་བ་ལས་གཞན་གོས་སློང་བ་ཡིན་ཏེ། ཊཱི་ཀ་ལས། གོས་སློང་བའི་ཉེས་བྱས་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །གསུམ་པ་སྦྱོར་བ་ནི། ངག་མཚན་ཉིད་ལྔ་ལྡན་གྱིས་སློང་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ལྷག་པའི་གོས་ལ་ཐོབ་བློ་སྐྱེས་པའོ། །

དགུ་པ་སོ་སོ་ནས་སྤགས་པ་སློང་བའི་སྤང་བ་འཆད་པ།

དགུ་པ་སོ་སོ་ནས་སྤགས་པ་སློང་བའི་སྤང་བ་འཆད་པ་ལ།

རྩ་བར། སྦྱིན་པར་བྱེད་པ་སྤུངས་ཆེ་བ་ཡང་ངོ། །སྦྱོར་བ་གཅིག་པའི་ཕྱིར་ཐོབ་ན་གཅིག་ཉིད་དོ། །སོ་སོ་ནས་སྤགས་པ་སློང་བའི་སྤང་བའོ། །ཞེས་སོ། །འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་དང༌། དགག་བྱ་དང༌། ངོ་བོ་གསུམ་ནི་སྔར་སྤགས་པ་སློང་བ་དང་འདྲ་བ་ལས། ཁྱད་པར་ནི་སྔར་ཁྱིམ་པ་ཕོ་མོ་གཉིས་ཀྱི་གོས་གཅིག་སྤགས་པ་ཡིན་ལ། འདི་ནི་ཁྱིམ་པ་ཕོ་མོ་གཉིས་ཀྱི་གོས་རེ་རེ་སོ་སོ་ནས་སྤགས་པས་ཁྱད་པར་དུ་བྱས་སོ། །བཞི་བ་ཡན་ལག་ལའང་གཞན་ཐམས་ཅད་སྔ་མ་དང་འདྲ་བ་ལས་འདིར་ཁྱད་པར་ནི་དགེ་སློང་ལ་གོས་དེ་དག་སོ་སོ་ནས་སྤགས་པར་བྱེད་པ་པོ་ཡིན་པ། སྦྱིན་བདག་སྤུངས་ཆེ་བ་དགོས་སོ། །སྤུངས་ཆེ་བའི་ཚད་ནི་འདིར་ཁྱིམ་པ་ཕོ་མོ་གཉིས་ཀྱིས་གོས་གཉིས་སོ་སོ་ནས་སྤགས་པར་ནུས་པའོ། །ཀུན་སློང་ནི་སོ་སོ་ནས་སྤགས་པ་དེ་ལས་ལྷག་པའི་གོས་སློང་བར་འདོད་པས་ཁྱད་པར་དུ་བྱས་སོ། །སྦྱོར་བའི་འཇུག་ཡུལ་གཅིག་ཅིང་སྦྱོར་བ་གཅིག་པའི་ཕྱིར་ན་ཆོས་གོས་སོ་སོ་བ་གཅིག་ཐོབ་ནའང་སྤང་བའི་ལྟུང་བ་གཅིག་ཉིད་ཡིན་ཏེ། ཊཱི་ཀ་ལས། གོས་སློང་བ་དང་སློང་བར་རིགས་པ་དང་སྤགས་པ་སློང་བ་ལ་སྦྱོར་བ་གཅིག་གིས་གོས་དུ་མ་ཐོབ་པ་དེ་དག་ལ་ལྟུང་བ་གཅིག་ཁོ་ནར་འགྱུར་རོ། །ལྷུང་བཟེད་དང་རས་ཆེན་ཐོབ་པ་ལ་ཡང་དེ་བཞིན་ནོ། །ཞེས་པས་སོ། །ལྟུང་བ་འདི་ལ་སོ་སོ་ནས་སྤགས་པ་ལས་ལྷག་པ་བསླང་བའི་སྤང་བའོ། །ཞེས་ལུང་རྣམ་འབྱེད་དང་དེའི་འགྲེལ་བ་དང་ཞུ་འགྲེལ་དང་གསུམ་ལས་གསུངས་སོ། ། བཅུ་བ་བསྐུར་བའི་སྤང་བ་འཆད་པ་ལ། རྩ་བར། བསྐུར་བ་རུང་བ་མ་ཡིན་པ། ཞེས་པ་ནས། བསྐུར་བ་དང་བསྡད་པ་ལྷག་གམ་ཁས་མ་བླངས་ནའོ། །བསླངས་ནའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི། ཡུལ་མཉན་ཡོད་དུ་གང་ཟག་ཉེ་དགའ་ལ་ཉོན་མོངས་པ་འདོད་ཞེན་གྱིས་ཉེས་པ་བྲམ་ཟེ་དབྱར་ཚུལ་གྱིས་གོས་ཀྱི་རིན་ཀར་ཤ་པ་ན་བསྐུར་བ་དེ་སྤོས་འཚོང་གི་ཁྱེའུ་ལ་གཏད་ཅིང་ཧ་ཅང་བརྟུན་ངས་པས་བླངས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་ཧ་ཅང་བརྟུན་ངས་པས་གཞན་ལ་གནོད་པ་དང༌། རང་འདོད་པ་ཆེས་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་གོས་སམ་གོས་ཀྱི་རིན་གྱི་རྙེད་པ་སྦྱིན་བདག་གིས་ཕོ་ཉ་བ་ལ་བསྐུར་ཞིང་ཕོ་ཉ་བས་ཞལ་ཏ་པ་ལ་གཏད་པའི་དངོས་པོ་དེ་བསྐུལ་བ་དང་བསྡད་པ་དྲུག་ལས་ལྷག་པར་བླངས་པའམ་མ་ལྷག་ཀྱང་སྦྱིན་བདག་གི་སེམས་བསྡུ་བར་ཁས་མི་ལེན་པ་ལས་བསླངས་པར་གྱུར་པའི་ལྟུང་བ་དངོས་གཞིའོ། །

བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས།

བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ལས།

དང་པོ་སྦྱོར་བ་བརྩམ་པར་བྱ་བའི་གཞི་ལ་བཞི་སྟེ། སྦྱིན་བདག་དང་ཕོ་ཉ་བ་དང་ཞལ་ཏ་བ་གསུམ་ཆར་ཁྱིམ་པ་ཡིན་པ་དང༌། གསུམ་ཆར་ཐ་སྙད་ལྔ་དང་ལྡན་པ་དང༌། གསུམ་ཆར་ལུས་ཐ་མལ་པར་གནས་པ་དང༌། ཞལ་ཏ་བས་སྦྱིན་བདག་གི་སེམས་བསྡུ་བར་ཁས་མི་ལེན་པའོ། །དང་པོ་ནི། གསུམ་ཆར་མི་ཉིད་དང་ཁྱིམ་པ་ཉིད་ཡིན་ནའོ། །ཞེས་སོ། །དེ་གསུམ་གང་རུང་གཅིག་རབ་ཏུ་བྱུང་བ་ཡིན་ན་ཡང་ཉེས་བྱས་སོ། །གཉིས་པ་ནི་གསུམ་ཆར་མི་ཉིད་ཡིན་ནའོ། །ཞེས་དང༌། སྨྲ་ཤེས་པ་ལ་སོགས་པ་ནི་བསྒོ་ཞིང་སྨྲས་པ། ཞེས་སྤྱིར་བསྟན་པ་ལས་སོ། ། གསུམ་པ་ནི་རེག་པ་ལ་སོགས་པའི་གནད་ཀྱིས་སྦྱར་བའོ། །བཞི་པ་ནི།སྦྱིན་པར་བྱེད་པའི་སེམས་བསྡུ་བར། ཞེས་སོ། །གཉིས་པ་གང་བསླང་བའི་དངོས་པོ་ནི། གོས་སམ་དེའི་རིན་གང་ཡང་རུང་བ་ཡིན་པ་དང༌། ཕལ་ཆེར་རུང་བ་དང༌། ཚད་དང་ལྡན་པ་དང༌།སྦྱིན་བདག་གིས་ཕོ་ཉ་བ་ལ་བསྐུར་ཞིང༌། ཕོ་ཉ་བས་ཞལ་ཏ་བ་ལ་གཏད་པ་ཡིན་པའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གི་དོན་དུ་བསྐུལ་བསྡད་དྲུག་ལས་ལྷག་པ་བྱེད་འདོད་པའམ། སྦྱིན་བདག་གིས་སེམས་བསྡུ་བར་ཁས་མི་ལེན་པ་ལས་ལེན་པར་འདོད་པ་རྒྱུན་མ་ཆད་པའོ། །ཊཱི་ཀ་ལས། བསྐུལ་བའི་སྒོ་དྲུག་པོ་ཐམས་ཅད་ཀྱང་སྦྱོར་བ་གཅིག་གིས་བྱས་ན་ནི་བསྐུལ་བ་གཅིག་ཁོ་ནར་འགྱུར་རོ། །ཞེས་སོ། །སྦྱོར་བ་ཐ་དད་པས་ཞུགས་ན་ནི་བསྐུལ་བ་ཐ་དད་དུ་འགྱུར་རོ། །བསྐུལ་བ་དང་པོ་དེས་གོས་ཐོབ་པར་མ་གྲུབ་ན་ལན་གཉིས་ལན་གསུམ་དུ་ཡང་བསྐུལ་བར་བྱའོ། །དེའི་འོག་ཏུ་ལན་གསུམ་གྱི་བར་དུ་ཅང་མི་སྨྲ་བར་ཕྱོགས་སུ་བསྡད་པར་བྱའོ། །འོ་ན་ལུང་རྣམ་འབྱེད་ལས། ལན་དྲུག་གི་བར་དུ་ཅང་མི་སྨྲ་བར་ཕྱོགས་སུ་བསྡད་པར་བྱའོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་བསྐུལ་བ་གསུམ་དང་བཅས་པའི་གྲངས་དྲུག་ཏུ་གསུངས་པ་ཡིན་ལ། འདི་ནི་བསྡད་པ་ཉིད་ཚེ་ལན་གསུམ་ཡིན་པས་འགལ་བ་མེད་དོ། ། གསུམ་པ་སྦྱོར་བ་ནི་དངོས་པོ་དེ་ལེན་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ཐོབ་བློ་སྐྱེས་པའོ། །

བཅུ་ཚན་གཉིས་པ།

བཅུ་ཚན་གཉིས་པ་ལ།

བསྡུས་དོན་དང་སོ་སོར་བཤད་པ་དང་གཉིས་ལས། དང་པོ་ནི། སོར་སྡོམ་ལས། སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །དྲུག་དང་མཐོ་གང་ལམ་དང་ནི། །འཁྲུ་བ་དང་ནི་གསེར་དངུལ་དང༌། །མངོན་མཚན་ཅན་དང་ཉོ་ཚོང་ངོ༌། །ཞེས་གཟུང་ངོ། །གཉིས་པ་སོ་སོར་བཤད་པ་ལ་བཅུ་ལས། དང་པོ་བཅུ་གཅིག་པ་སྲིན་བལ་གྱི་སྟན་བྱེད་པའི་སྤང་བ་འཆད་པ་ལ། བསླབ་པར་བྱ་བ་དང་ལྟུང་བའི་རྣམ་བཞག་གཉིས་ལས། དང་པོ་ནི། རྩ་བར།སྟན་བཅང་བར་བྱའོ། །ཞེས་བྱུང༌། སྟན་བཅང་བར་བྱ་སྟེ། གྲང་བ་བསྐྱབ་པའི་དོན་དུ་ཅི་བདེར་གནང་བའོ། །རྣམ་འབྱེད་ལས། སྟན་ནི་རྣམ་པ་གཉིས་ཏེ། ནང་ཚངས་ཅན་དང་གླིངས་པའོ། །ཞེས་གསུངས་ཏེ། འདིར་གཉིས་ཀ་གཟུང་བ་ཡིན་ནོ། །འོ་ན་སྟན་དང་གདིང་བ་གཉིས་མི་གཅིག་སྟེ།རྣམ་པ་དང༌། དགོས་པ་དང༌། གནང་བཀག་དང༌། ཚད་ཐ་དད་པའི་ཕྱིར་ཏེ། དང་པོ་ནི་གདིང་བ་ལ་ཉིས་རིམ་དང་གླེགས་བུའི་འཕྲོ་དགོས་པའི་ཕྱིར་དང༌། སྟན་ལ་ནི་དེ་དག་མི་དགོས་སོ། །གཉིས་པ་ནི་སྟན་གྱི་དགོས་པ་གྲང་བ་བསྐྱབ་པ་དང༌། གདིང་བའི་དགོས་པ་དགེ་འདུན་གྱི་གནས་མལ་བསྐྱབ་པ་དང་གང་ཟག་གི་གནས་མལ་ཁྲ་བོ་ཕལ་ཆེར་མ་ཉམས་པ་བསྐྱབ་པ་ཡིན་ནཽ། །གསུམ་པ་ནི། མདོ་སྡེ་ལས་གདིང་བ་ཕྲག་པས་བླངས་ནས། ཞེས་གསུངས་ལ། ཊཱི་ཀ་ལས། སྟན་ཕྲག་པས་བླངས་ནས་ཁྱེར་བ་ནི་ཚུལ་མ་ཡིན་པས། ཞེས་སོ། །བཞི་པ་ནི་གདིང་བའི་ཚད་འོག་ཏུ་འཆད་ཅིང༌། སྟན་གྱི་ཚད་ནི་ལུང་ཞུ་བ་ཆུང་ཤོས་དང་རྒྱ་ཆེ་འགྲེལ་ལས་སྟན་ཆེན་པོ་ནི་ཁྲུ་ཕྱེད་དང་ལྔའོ། །ཆུང་ངུ་ནི་ཁྲུ་ཕྱེད་དང་གསུམ་མོ། །འབྲིང་ནི་དེ་གཉིས་ཀྱི་བར་རོ། །ཞེང་ཚད་ནི་གདིང་བའི་ཚད་དང་མཉམ་མོ། །ཞེས་གསུངས་སོ། །དེས་ན་ཊཱི་ཀ་ལས། གདིང་བ་ནི་སྟན་མ་ཡིན་ཏེ། གདིང་བ་ནི་གོས་ཀྱི་ངོ་བོ་ཉིད་ཡིན། ཞེས་གསུངས་པས། སྲིན་བལ་གྱིས་གདིང་བ་བྱས་པ་ལ་ལྟུང་བར་མི་འགྱུར་བར་མཚོ་ཊཱིཀ་ལས་གསུངས་སོ། །གོས་ནི་སྲིན་བལ་ལས་བྱར་རུང་སྟེ། གོས་གཞི་ལས། སྲིན་བལ་གྱི་དང་ཤ་ནའི་དང་ཟར་མའི་རུང་ངོ། །ཞེས་པས་སོ། །

གཉིས་པ་ལྟུང་བ་རྣམ་གཞག་འཆད་པ།

གཉིས་པ་ལྟུང་བ་རྣམ་གཞག་འཆད་པ་ལ།

རྩ་བར། སྲིན་བལ་གྱི་བྱས་སམ་བྱེད་དུ་བཅུག་ནའོ། །ཞེས་སོགས་བྱུང༌།འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་སྲིན་བལ་གྱི་སྟན་བྱས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་འདོད་པ་ཆེས་པ་དང༌། དོན་དང་བྱ་བ་མང་བའོ། །དེ་ཡང་ལུང་ལས། བྱ་བ་མང་བ་དང་བྱེད་པ་མང་བར་གྱུར་ཅིང༌། ཞེས་དང༌། ཕྱེད་བྱས་པའི་འཕྲོ་བྱེད་པ་ལ། ལྟུང་བ་མི་རྫོགས་པར་གསུངས་པས་སོ། ། གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་དབང་བའི་སྲིན་བལ་གྱི་སྟན་བྱས་སམ་བྱེད་དུ་བཅུག་སྟེ། བྱེད་པ་མཐར་ཐུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས་དང་པོ་གཞིའི་ཡན་ལག་ལ་བརྒྱད་དེ། དེ་ཡང་སྲིན་བལ་ཡིན་པ་སྟེ། སྲིན་བལ་གྱི་སྟན། ཞེས་སོ། །དཀོན་ཞིང་རིན་ཆེ་བ་ཡིན་པ་སྟེ། ལུང་རྣམ་འབྱེད་ལས། སྲིན་བལ་དཀོན་ཞིང་རིན་ཆེ་བས། ཞེས་སོ། །སྲིན་བལ་ནི་རྣམ་འབྱེད་འགྲེལ་བ་ལས། སྲིན་བལ་འབྱུང་བའི་སྲིན་བུ་ལས་བྱུང་བའོ། །དེ་དང་འདྲ་བ་ལས་གྱུར་པའི་ལྟུང་བ་ནི། འདྲ་བ་ལ་ཡང་ངོ། །ཞེས་དང༌། དེའི་ཊཱི་ཀ་ལས། སྲིན་བལ་འབའ་ཞིག་ལས་སྟན་བྱེད་པ་ལ། སྤང་བའི་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ། མོན་དར་དང་རྩྭ་དུ་ཀུ་ལའི་རས་ལ་སྟན་བྱེད་པ་ལ་ཡང་སྤང་བ་ཁོ་ནར་འགྱུར་བ་ལྟ་བུའོ། །ཞེས་སོ། །ཉུང་ངུ་གཞན་དང་མ་འདྲེས་པ་སྟེ། རྩ་བར། ཉུང་ངུ་དང་བསྲེས་པ་ཉིད་ན་ན་སྨད་པ་ཉིད་དོ། །ཞེས་སོ། །གསར་པ་ཡིན་པ་སྟེ། སྟན་གྱི་ལྟུང་བ་བཞི་ཀ་ལ་ལུང་རྣམ་འབྱེད་ལས། གསར་བ་གཉིས་ཏེ། གསར་པས་གསར་པ་དང༌། རྙེད་པས་གསར་པ་སྟེ་དོན་འདིར་ནི་གསར་པས་གསར་པ་ཡིན་པར་དགོངས་སོ། །ཞེས་གསུངས་སོ། །སེལ་བ་ནི་རྩ་བར།རྫས་ཉམས་པ་ཉིད་ལ་ཡང་ངོ། །ཞེས་སོ། །བདག་པོ་རང་གི་ཉིད་ཡིན་པ་དགོས་ཏེ། འདུ་ཤེས་ལས་གཙོ་ཆེར་རང་གི་ཉིད་དོ། །ཞེས་སོ། །ཕྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་དགོས་ཏེ། སྤྱིར་བསྟན་རྩ་བར། ཕྱེད་བྱས་པ་ལ་བྱེད་པ་ནི་ཕྱེད་ཉིད་དོ། །ཞེས་གསུངས་པས་སོ། །གཞི་གཞན་གྱི་སྒོ་ནས་རུང་བ་ཡིན་པ་སྟེ་སྲིན་བལ་དེ་སྟན་གྱི་རྒྱུ་མི་རུང་བ་ཉིད་ཡིན་ཡང་དབྱིབས་དང་ཁ་དོག་རུང་བ་ཡན་ལག་ཏུ་དགོས་ཏེ། དབྱིབས་གྲུ་གསུམ་དང་ཁ་དོག་ཁྲ་བོ་ལ་སོགས་པ་སེལ་བ་འགྱུར་ལ། ཚད་དང་ལྡན་པའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བ་སྟེ་གོས་འཆང་བའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །ཀུན་སློང་ནི་རང་དོན་དུ་སྲིན་བལ་གྱི་སྟན་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རང་གིས་སམ་གཞན་ལ་ངག་གིས་བསྐོས་པས་སྟན་བྱེད་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི། བཀྲམ་པ་རྫོགས་པ་སྟེ། རྩ་བར། སྟན་ལ་ནི་བཀྲམ་པ་ཉིད་བྱེད་པ་མཐར་ཐུག་པ། ཞེས་པས་སོ། །

བཅུ་གཉིས་པ་བལ་ནག་པོ་འབའ་ཞིག་གི་སྤང་བ་འཆད་པ།

བཅུ་གཉིས་པ་བལ་ནག་པོ་འབའ་ཞིག་གི་སྤང་བ་འཆད་པ་ལ།

རྩ་བར། ལུག་གི་བལ་ནག་པོ་འབའ་ཞིག་དག་གོ། །རང་བཞིན་གྱིས་སོ། །སྔོན་པོ་དང་འདམ་ཁ་དང་ཁམ་པ་དག་ཀྱང་དེ་ཉིད་དོ། །ཞེས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་ཉན་ཡོད་དུ་དགེ་སློང་མང་པོས་ལུག་བལ་ནག་པོ་འབའ་ཞིག་གིས་སྟན་གསར་པ་བྱས་པ་ལ་བརྟེན་ནས་བཅས་སོ། ། དགག་བྱ་སྔར་དང་འདྲ། ངོ་བོ་ནི་ཡན་ལག་གཞན་རྣམས་སྔར་དང་འདྲ་བ་ལས།སྲིན་བལ་ཞེས་པའི་གནས་སུ་ལུག་གི་བལ་ནག་པོ་འབའ་ཞིག་ཅེས་གཞུག་གོ་བཞི་བ་ཡན་ལག་ཕལ་ཆེར་སྔ་མ་དང་འདྲ་བ་ལས་གཞིའི་ཡན་ལག་ལ་ལུང་རྣམ་འབྱེད་ལས། ནག་པོ་འབའ་ཞིག་གི་ཞེས་བྱ་བ་ནི་ནག་པོ་བཞི་སྟེ། རང་བཞིན་གྱིས་གནག་པ་དང༌། སྔོ་བས་གནག་པ་དང༌། འདམ་ཁ་དང༌། ཁམ་པའོ། །ཞེས་གསུངས་ཏེ། དེ་དག་ནི་རང་བཞིན་གྱིས་སྔོན་པོ་དང་ཞེས་པ་ལ་སོགས་པས་བསྟན་ཏོ། །སྔོན་པོ་ནི་རྣམ་འབྱེད་འགྲེལ་བ་ལས། སྔོ་བས་གནག་པ་ཞེས་བྱ་བ་ནི་ཕྱིས་སྔོན་པོས་ཁ་བསྒྱུར་བ་གང་ཡིན་པའོ། །ཞེས་བཤད་ཀྱང༌། བམ་པོ་ལྔ་བཅུ་པ་ལས། རང་བཞིན་གྱིས་སྔོ་བ་དང་ཞེས་པ་དེ་ངེས་པར་གཟུང་ངོ༌། །ནག་སིང་ངེ་བ་ངེས་གཟུང་མི་དགོས་པས་རྩ་བར།སྔོན་པོ་དང་འདམ་ཁ་དང་ཁམ་པ་དག་ཀྱང་དེ་ཉིད་དོ། །ཞེས་སོ། །དེ་ཉིད་དོ་ཞེས་པ་ནི་ནག་པོར་གཏོགས་པ་དེ་ཉིད་དོ་ཞེས་ལུང་ལས་ནག་པོ་བཞི་སྟེ་ཞེས་གསུངས་པ་དང་མཐུན་པའོ། །སྐབས་འདིར་གཞི་ལྡོག་པ་ལས་གྱུར་པའི་ལྟུང་བ་ནི། ཡུལ་གང་ན་བལ་དཀར་པོ་དཀོན་ཞིང་རིན་ཆེ་བ་ལ། བལ་ནག་པོ་མོད་ཅིང་རིན་ཆུང་བ་དེར་ནི། རང་གི་རྣམ་བཤད་ལས། བལ་ནག་པོ་འབའ་ཞིག་ལས་ལྟུང་བ་མེད་དེ། དཀར་པོ་ལ་ནི་ལྟུང་བ་ཡོད་དོ་ཞེས་བྱ་བ་གོ་ལྡོག་ནས་བརྗོད་དེ་ཞེས་གསུངས་ལ། སྤྱིར་བསྟན་གྱི་རང་གི་རྣམ་བཤད་ལས། བལ་དཀར་པོའི་སྟན་བྱེད་པ་ལ་ཡང་སྤང་པ་ཁོ་ནར་འགྱུར་རོ། །ཞེས་གསུངས་སོ། །

བཅུ་གསུམ་པ་ཆ་གཉིས་བསྲེ་བའི་སྤང་བ་འཆད་པ།

བཅུ་གསུམ་པ་ཆ་གཉིས་བསྲེ་བའི་སྤང་བ་འཆད་པ་ལ།

རྩ་བར། དེ་དག་ཕྱེད་པས་ལྷག་པ་ཉིད་ནའོ། །ཞེས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི། ཡུལ་དང་གང་ཟག་སྔར་ལྟར་ལུག་བལ་ནག་པོ་ཕྱེད་ལས་ལྷག་སྟན་བྱས་པ་ལ་བརྟེན་ནས་འདི་བཅས་སོ། །མཚོ་ཊཱིཀ་ལས་ལྟུང་བ་སྔ་མ་དང་འདི་གཉིས་ཀྱི་གླེང་གཞི་སྲིན་བལ་གྱི་སྐབས་དང་འདྲ་བར་གསུངས་སོ། །དགག་བྱ་སྔར་སྲིན་བལ་གྱི་སྐབས་དང་འདྲ་བ་ལ་འདིར་ཁྱད་པར་དུ་སྲིན་བལ་གྱི་ཤུལ་དུ་ཆ་གཉིས་བསྲེ་བ་ཡིན་པ་དང༌། ཞེས་སོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་སྟན་གྱི་རྒྱུའི་བཞི་ཆ་གཉིས་བལ་ནག་དང་དཀར་པོ་དང་འཁོབ་བལ་བསྲེས་ཏེ་སྟན་བྱེད་པ་གནང་བ་ལས་བལ་ནག་པོ་སྲང་ཕྱེད་ཡན་ཆད་ལྷག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས་དང་པོ་གཞིའི་ཡན་ལག་ལ་བརྒྱད་དེ། སྔར་སྲིན་བལ་གྱི་སྐབས་ཀྱི་བརྒྱད་པོ་ལས། སྲིན་བལ་གྱི་ཤུལ་དུ་ཆ་གཉིས་བསྲེ་བ་ཡིན་པ་དང༌། ཚད་དང་ལྡན་པ་ཞེས་པ་ལ་ཆ་གཉིས་བསྲེས་པ་དེ་སྟན་གྱི་ཚད་དང་ལྡན་ཞིང་བྱེ་བྲག་ཏུ་བལ་ནག་པོ་དེ་སྲང་ཕྱེད་ཡན་ཆད་ཀྱིས་ལྷག་པའི་ཚད་དང་ལྡན་ཞེས་ཁྱད་པར་དུ་བྱའོ། །ལུག་གི་བལ་ནག་པོ་དེ་དག་ཕྱེད་པས་ལྷག་པ་ཉིད་ནའོ། །འདིར་ལྷག་པའི་ཚད་ནི་སྲང་ཕྱེད་ལྷག་པ་ཡན་ཆད་དེ། ལུང་རྣམ་འབྱེད་ལས། དཀར་པོ་དང་འཁོབ་བལ་སྲང་གཅིག་གམ་སྲང་ཕྱེད་ཕྲི་སྟེ་ལུག་གི་བལ་ནག་པོ་ལས་སྟན་གསར་པ་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་སོ། །བལ་ནག་པོ་བཀག་པ་དེའི་རྒྱུ་མཚན་ནི། ལུང་རྣམ་འབྱེད་ལས། ལུག་བལ་ནག་པོ་དཀོན་ཞིང་རིན་ཆེ་བས། ཞེས་གསུངས་ལ། བལ་ནག་པོ་འབའ་ཞིག་མོད་པ་དང་རིན་མཉམ་པ་དང༌། དཀར་པོ་དང་འཁོབ་བལ་དཀོན་པ་དང་རིན་ཆེ་བར་གྱུར་ན་ལྟུང་བ་མེད་དོ་ཞེས་ལུང་རྣམ་འབྱེད་ལས་གསུངས་སོ། །གནང་བའི་བསླབ་བྱ་ནི། ཕྱེད་དཀར་པོ་དང་འཁོབ་བལ་དག་ལས་ཆ་མཉམ་པ་ཉིད་དུ་བྱའོ། །བམ་པོ་ལྔ་བཅུ་པ་ལས། སྤྱིར་བསྲེས་ཏེ་གླིངས་བར་བྱའོ། །སྟན་ཕྱེད་ནག་པོ། བཞི་ཆ་དཀར་པོ། བཞི་ཆ་འཁོབ་བལ་ཡིན་གྱི་ཁ་དོག་ལས་ཁྲ་བོར་བྱ་བ་ནི་མ་ཡིན་ནོ། །ཞེས་སོ། གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་ཆ་གཉིས་བསྲེ་བ་ལས་བལ་ནག་ཕྱེད་ལས་ལྷག་པ་གླིངས་པའི་སྟན་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རང་གིས་སམ་གཞན་ལ་ངག་གིས་བསྐོས་པས་གླིངས་པའི་སྟན་བྱེད་པར་ཞུགས་པའོ། ། བཞི་བ་མཐར་ཐུག་ནི་བཀྲམ་པ་རྫོགས་པའོ། །

བཅུ་བཞི་པ་ལོ་དྲུག་གི་སྟན་གྱི་སྤང་བ་འཆད་པ།

བཅུ་བཞི་པ་ལོ་དྲུག་གི་སྟན་གྱི་སྤང་བ་འཆད་པ་ལ།

བསླབ་པར་བྱ་བ་དང་ལྟུང་བའི་རྣམ་བཞག་གཉིས་ལས། དང་པོ་ནི། རྩ་བར། ཆུ་དང་ཞེང་གཉིས་ཀར་ལྷག་པ་ཉིད་ཡིན་ན་གཅད་པར་བྱའོ། །ཞེས་སོགས་བྱུང། འདིའི་དོན་ལ་ལྔ་ལས། དང་པོ་དགོས་པའི་དོན་ནི། ལོ་དྲུག་སྟན་གྱི་ལྟུང་བ་ཁེགས་པ་དང༌། ལས་ཀྱི་ཆོ་གས་བྱིན་པས་བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་ཡུལ་གང་ལ་སྦྱིན་པ་ནི། ཆོས་བཅུ་ལྡན་ཏེ། ཐུན་མོང་བ་བརྒྱད་ནི་ལས་གཞིར་འཆད་ཅིང༌།སྟན་སྔ་མ་བྱས་ནས་ལོ་དྲུག་མ་ལོན་པ་དང་སྔར་གནང་བ་བྱིན་པ་དང་མ་འབྲེལ་བའོ། །ལུང་རྣམ་འབྱེད་ལས། དགེ་སློང་ལག་གི་བླ་གང་ལ་ལོ་དྲུག་ཚུན་ཆད་དུ་གནང་བ་སྦྱིན་པ། ཞེས་གསུངས་སོ། །འདིར་ལག་གི་བླ་ངེས་དོན་དུ་བཞེད་པ་དང་མཚོན་དོན་དུ་བཞེད་པ་སྟེ་ལུགས་གཉིས་ལས།དང་པོ་ནི་རྣམ་འབྱེད་འགྲེལ་བ་ལས། ལག་གི་བླ་སྨོས་པ་ནི་དགེ་འདུན་ལ་གཅེས་པ་ཡིན་པའི་ཕྱིར་ངེས་པ་ཡིན་པར་རིག་པར་བྱའོ། །ཞེས་སོ། །གཉིས་པ་ནི་རང་གི་རྣམ་བཤད་དང་ཊཱི་ཀ་ལས་ལག་གི་བླའི་ཕྱིར་གསུངས་པ་ནི་གླེང་གཞི་དབང་གིས་ཡིན་གྱི་གཞན་ལ་ཡང་ཉེ་བར་སྦྱར་དུ་རུང་བའི་ཕྱིར། །

གསུམ་པ་རྟེན་གང་གིས་གནང་བ་སྦྱིན་པ།

གསུམ་པ་རྟེན་གང་གིས་གནང་བ་སྦྱིན་པ་ནི།

དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །བཞི་བ་ཆོ་ག་གང་གིས་གནང་བ་སྦྱིན་པ་ནི། སྦྱོར་དངོས་རྗེས་གསུམ་གྱིས་སོ། །ལྔ་པ་གནང་བ་འཇིག་པའི་རྒྱུ་ནི། རྟེན་མཚན་གྱུར་པ་དང་རྟེན་ཞིང་མ་ཡིན་པར་གྱུར་པའོ། །སྔར་སྟན་བྱས་ནས་ལོ་དྲུག་ལོན་ཡང་གནང་བ་འཇིག་སྟེ། དེའི་ཚེ་ན་གནང་བ་དོན་མེད་དུ་གྱུར་པའི་ཕྱིར་རོ། །

གཉིས་པ་དངོས་གཞིའི་ལྟུང་བ་འཆད་པ།

གཉིས་པ་དངོས་གཞིའི་ལྟུང་བ་འཆད་པ་ལ།

རྩ་བར། གནང་བ་མ་ཐོབ་པ་གཞན་ཡོད་པའམ་རང་དགར་བཏང་བས་ལོ་དྲུག་མ་ལོན་པར་སྟན་བྱས་པ་ཉིད་ནའོ། །ཞེས་སོགས་བྱུང༌།འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་ལོ་དྲུག་མ་ལོན་པར་སྟན་གསར་བ་བྱེད་དུ་བཅུག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་ཆོག་མི་ཤེས་པ་དང༌། དོན་དང་བྱ་བ་མང་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་སྟན་སྔ་མ་བྱས་ནས་ལོ་དྲུག་མ་ལོན་པར་སྟན་གསར་ཕྱི་མ་རང་ངམ་བསྐོས་པས་ཟིན་པར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་བསྒྲུབ་པའི་དངོས་པོ་དང༌། གང་གིས་སྒྲུབ་པའི་རྟེན་ནོ། །དང་པོ་ལ་དྲུག་ལས་སྟན་གྱི་རྒྱུ་མཚན་ཉིད་དང་ལྡན་པར་ཡིན་པ་དང༌། གསར་པ་ཡིན་པ་དང༌། བདག་པོ་རང་ཉིད་ཀྱི་ཡིན་པ་དང༌། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་དང༌། རུང་བ་དང་ཚད་དང་ལྡན་པའོ། །གཉིས་པ་གང་གིས་སྒྲུབ་པའི་རྟེན་ལ་གསུམ་སྟེ། ལོ་དྲུག་སྟན་གྱི་གནང་བ་མ་ཐོབ་པ་དང༌། སྟན་གཞན་ཡོད་དམ་མེད་ཀྱང་རང་གར་བྱས་པ་དང༌། སྟན་སྔ་མ་བྱས་ནས་ལོ་དྲུག་མ་ལོན་པའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་དོན་དུ་སྟན་ཕྱི་མ་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རང་གིས་སམ་གཞན་ལ་ངག་གིས་བསྐོས་པས་གླིངས་པའི་སྟན་ཕྱི་མ་བྱེད་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་བཀྲམ་པ་རྫོགས་པའོ། །ཊཱི་ཀ་ལས། སྟན་གཉིས་པ་ཟིན་པའི་གནས་སྐབས་ལ་དངོས་གཞིའི་ལྟུང་བར་འགྱུར་རོ། །ཞེས་གསུངས་སོ། ། ལུང་རྣམ་འབྱེད་ལས། ལོ་དྲུག་པ་ལ་སྟན་བྱེད་ན་ལྟུང་བ་མེད་དོ། །ཞེས་གསུངས་སོ། །

བཅོ་ལྔ་པ་མཐོ་གང་གིས་མ་གླན་པའི་སྤང་བ་འཆད་པ།

བཅོ་ལྔ་པ་མཐོ་གང་གིས་མ་གླན་པའི་སྤང་བ་འཆད་པ་ལ།

རྩ་བར། གདིང་བ་རྙིང་པ་ལས་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པའི་གདིང་བ་གསར་བ་སྤྱོད་ནའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་གདིང་བ་གསར་པ་ལ་གདིང་བ་རྙིང་པ་སྟོན་པའི་མཐོ་གང་གིས་མ་གླན་པར་ལྟོས་མེད་དུ་དོར་བས་སྲིན་བུའི་རང་བཞིན་དུ་སོང་བ་གཟིགས་ནས་ཁྱིམ་པའི་དད་རྫས་ཆུད་མི་ཟ་བ་དང་གསར་བ་མི་སྡུག་པར་བྱ་བའི་ཕྱིར་རྙིང་བ་ལས་བདེ་གཤེགས་མཐོ་གང་འཁོར་བས་སྦྱོར་བར་བཅས་སོ། །གཉིས་པ་དགག་བྱ་ནི་ང་རྒྱལ་དང་དྲེགས་པ་སྐྱེ་བ་དང༌། རང་གི་ཡོ་བྱད་ཆུད་ཟོས་པར་འགྱུར་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་གདིང་བ་གསར་པ་ལ་གདིང་བ་རྙིང་པ་བཞིན་དུ་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པའི་གདིང་བ་གསར་པ་ལ་ལོངས་སྤྱད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་སྤྱད་པའི་དངོས་པོ་དང༌། གང་གིས་སྤྱད་པའི་རྟེན་ནོ། །དང་པོ་ལ་དྲུག་ལས། གདིང་བ་ཡིན་པ་དང༌། བྱས་པས་གསར་པ་ཡིན་པ་སྟེ། གདིང་བ་གསར་པ་སྤྱོད་ནའོ། །ཞེས་སོ། །གདིང་བ་རྙིང་པ་ཡིན་ན་ལྟུང་བ་མེད་དེ། དགག་བྱ་མེད་པའི་ཕྱིར་རོ། །གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པ་གང་ཡིན་པའོ། །གཞན་དུ་ན་ཉེས་པ་མེད་དོ། །བདག་པོ་རང་ཉིད་ཀྱི་ཡིན་པའོ། །གཞན་གྱི་ལ་ལོངས་སྤྱད་ན་ཉེས་བྱས་སོ། །རུང་བ་དང་ཚད་དང་ལྡན་པའོ། །གཉིས་པ་གང་གིས་སྤྱད་པའི་རྟེན་ནི། གདིང་བ་རྙིང་པ་དེ་ཙམ་ཡོད་ནའམ་མེད་ཀྱང་རང་གར་བཏིང་བ་སྟེ། གལ་ཏེ་ཡོད་ནའོ། །ཞེས་དང༌། རང་གར་བཏིང་བས་ཞེས་བཤད་པའི་གནད་ཀྱིས་སོ་ཞེས་མཚོ་ཊཱིཀ་ལས་གསུངས་མོད་ཀྱང་གདིང་བ་རྙིང་བ་མེད་ན་ལྟུང་བ་དངོས་གཞི་མི་རྫོགས་པ་འདྲ་སྟེ། བམ་ལྔ་ལས། ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གདིང་བ་གསར་པས་གསར་བ་དང༌། བྱས་པ་དང༌། གདིང་བ་རྙིང་བ་ཡོད་པ་དང༌། བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པ་དང༌། སྤྱོད་པ་ཉིད་དོ། །ཞེས་གསུངས་པས་སོ། །དེ་ཙམ་ན་ཡང་ངོ་ཞེས་པའི་སེལ་བ་ནི། ལུང་རྣམ་འབྱེད་ལས། དེ་ཙམ་མེད་ན་ལྟུང་བ་མེད་དོ། །ཞེས་གསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་གདིང་བ་རྙིང་པ་དེ་ཙམ་གྱིས་མ་གླན་པའི་གདིང་བ་གསར་པ་ལོངས་སྤྱོད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་གདིང་བ་གསར་པ་དེ་ལ་སྤྱོད་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ལོངས་སྤྱོད་པ་རྫོགས་པའོ། །

བཅུ་དྲུག་པ་བལ་ཐོགས་པའི་སྤང་བ་འཆད་པ།

བཅུ་དྲུག་པ་བལ་ཐོགས་པའི་སྤང་བ་འཆད་པ་ལ།

རྩ་བར། ཁྱེར་བ་མེད་ན་དཔག་ཚད་གསུམ་ལས་འདས་པས་ལུག་གི་བལ་ཁྱེར་ནའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེ་ལས་འཆར་ཀ་མ་གཏོགས་པ་རྣམས་ཀྱིས་བལ་ཁུར་ཏེ་འོངས་པ་ལ་འགའ་ཞིག་སྐྲག་ལ་ལ་མ་དད་པས་སྤང་བའི་ལྟུང་བྱེད་འདི་བཅས་སོ། །གཉིས་པ་དགག་བྱ་ནི་མ་དད་པ་སྐྱེ་བ་དང༌། དོན་དང་བྱ་བ་མང་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་ཁུར་ཚ་བ་མེད་ན་དཔག་ཚད་གསུམ་དང་རྒྱང་གྲགས་གཅིག་ལས་འདས་པར་བལ་ཁུར་ཁྱེར་བ་དང༌། ཁུར་ཚ་བ་ཡོད་བཞིན་དུ་དགེ་སློང་རང་གིས་ཁུར་ན་རྒྱང་གྲགས་གཅིག་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། གང་འཁུར་བའི་དངོས་པོ་དང༌། གང་དུ་འཁུར་བའི་ལམ་མོ། །དང་པོ་ལ་ལྔ་ལས།གོས་ཀྱི་རྒྱུ་བལ་མཚན་ཉིད་དང་ལྡན་པ་དགོས་ལ། དེའང་ལུག་གི་བལ་ནི་མཚོན་པ་སྟེ། བམ་པོ་ལྔ་བཅུ་པ་ལས། རས་བལ་ལ་ནི་སྨད་པ་མེད་དོ། །ཞེས་སོ། །ངོ་མ་སྤོས་པ་སྟེ་ལུང་ཞུ་བ་ལས། དགེ་སློང་ལམ་དུ་ཞུགས་པ་ཞིག་གིས་ལུག་གི་བལ་ཞིག་རྙེད་ནས། དེས་དེ་དཔག་ཚད་གསུམ་གྱི་བར་དུ་རང་གིས་ཁྱེར་བ་དང༌། དེས་ལུག་གི་བལ་གཞན་ཞིག་རྙེད་ནས་དེས་སྔ་མ་བོར་ཏེ་ཕྱི་མ་ཁྱེར་ཏེ་སོང་བ་དང༌། དེ་ལྟར་ན་ཉེས་པ་མེད་དོ། །ཞེས་གསུངས་སོ། །དེའང་དངོས་གཞིའི་ཉེས་པ་མེད་པ་ཡིན་ཏེ། ཞུ་བ་ཉུང་ཤོས་ལས། དེ་ལྟར་ན་ཉེས་བྱས་སོ། །ཞེས་གསུངས་སོ། །བདག་པོ་རང་ཉིད་ཀྱི་ཡིན་པ་སྟེ། སྔ་མ་བཞིན་ནོ། །རུང་བ་དང༌། ཁུར་དུ་ལོངས་པའི་ཚད་དང་ལྡན་པ་སྟེ། གཞན་དུ་ན་རྣམ་འབྱེད་འགྲེལ་བ་ལས། ཞྭ་ལ་སོགས་པའི་དོན་དུ་དེ་ཙམ་དག་ཁྱེར་བ་ལ་ལྟུང་བ་མེད་པ་ནི། དེ་ལ་ཁུར་བ་མེད་པའི་ཕྱིར་རོ། །ཞེས་སོ། །ཁུར་ཕྱེད་ལས་ལྷག་པ་བསྐུར་བ་མི་བྱ་ཞེས་བྱ་བ་ནི་ལུང་རྣམ་འབྱེད་ལས། ཁྱིམ་པ་གཅིག་གི་ཁུར་གང་ཡིན་པ་ནི་དགེ་སློང་གཉིས་ཀྱིས་བཏེག་པར་བྱའོ། །ཞེས་གསུངས་སོ། །རྣམ་འབྱེད་འགྲེལ་བ་ལས། ཁྱིམ་པ་གཅིག་གི་ཁུར་ཞེས་བྱ་བ་ནི་སྲང་ཉིས་སྟོང་ངོ། །ཞེས་སོ། །གཉིས་པ་གང་དུ་ཁུར་བའི་ལམ་ནི། ས་ལ་བརྟེན་པའི་ལམ་ཡིན་པ་དང༌། རྒྱང་གྲགས་ཀྱི་མཐའ་ཡིན་པ་སྟེ། ནམ་མཁའ་ལ་འགྲོ་ན་ཉེས་བྱས་སོ། །ཞེས་དང༌། ལམ་དུ་འགྲོ་བ་ནི་རྒྱང་གྲགས་ཀྱི་བདག་ཉིད་དོ། །ཞེས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་བལ་འཁུར་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་སྦྱོར་བ་ཕྱེད་ཕྱེད་ཉི་མ་ཐ་དད་ཀྱི་བར་དུ་བཅད་པ་མ་ཡིན་པར་སྦྱོར་བ་གཅིག་གིས་རྒྱང་གྲགས་ལས་འདས་པར་བལ་ཁུར་ཏེ་འགྲོ་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་རྒྱང་གྲགས་ལས་འདས་པའོ། །ལུང་རྣམ་བྱེད་ལས་ལུག་བལ་ནག་པོ་དག་རྙེད་ལ་ཁྱེར་བ་མེད་ན་དཔག་ཚད་གསུམ་དག་གི་མཐའི་བར་དུ་རང་གིས་བསྐུར་བར་བྱའོ། །དེ་ལས་འདས་པར་ཁྱེར་ན་སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་སོ། །ལུང་རྣམ་འབྱེད་དང་ཊཱི་ཀ་ལས་ཁྱེར་བ་ཡོད་བཞིན་དུ་བདག་ཉིད་ཀྱིས་ཁྱེར་ན་ནི་རྩོམ་པའི་དུས་ཁོ་ན་ཉེས་བྱས་གཞན་གཅིག་གོ །རྒྱང་གྲགས་ཕྱེད་དུ་ཕྱིན་ན་ཉེས་བྱས་གཞན་གཅིག་གོ། །རྒྱང་གྲགས་ཀྱི་མཐར་ཕྱིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་ཀྱི་དཔག་ཚད་གསུམ་ཞེས་མ་གསུངས་སོ། །ཊཱི་ཀ་ལས་ལམ་དུ་འགྲོ་བ་རྣམ་པ་གཉིས་སུ་གསུངས་ཏེ། ལྟུང་བ་དང་བཅས་པ་དང་ལྟུང་བ་མེད་པའོ། །ལྟུང་བ་དང་བཅས་པ་ནི་བལ་ཐོགས་པ་དང༌། དགེ་སློང་མ་དང་ལྷན་ཅིག་ལམ་དུ་དང་གྲུར་འགྲོ་བ་དང༌། བུད་མེད་དང་ལམ་དུ་འགྲོ་བ་དང་རྐུན་མ་དང་ལམ་དུ་འགྲོ་བའོ། །ལྟུང་བ་མེད་པ་ནི་ཡང་ཡང་ཟ་བ་དང་འདུས་ཤིང་ཟ་བ་དང་ཁྲུས་བྱེད་པའོ། །དགེ་སློང་བདག་ཉིད་དུད་འགྲོ་ལ་སོགས་པར་སྤྲུལ་པས་བལ་ཁུར་བས་ཀྱང་ཉེས་བྱས་ཡིན་ནོ། །རྡུལ་ཕྲ་རབ་ནི། རྣམ་འབྱེད་འགྲེལ་བ་ལས། ཉི་ཟེར་གྱི་རྡུལ་གྱི་བཞི་བཅུ་རྩ་དགུའི་ཆ་གཅིག་ལ་རྡུལ་ཕྲ་རབ་གཅིག་གོ། །ཞེས་གསུངས་ཀྱང༌། དྲུག་འགྱུར་དུ་བརྩིས་ན་ཉི་ཟེར་གྱི་རྡུལ་གཅིག་ལ་རྡུལ་ཕྲ་རབ་ཁྲི་ཕྲག་ཉི་ཤུ་རྩ་བརྒྱད་ལ་དྲུག་ཅུ་རྩ་བཞི་ཆད་པ་ཡོད་དོ། །བདུན་འགྱུར་དུ་བརྩིས་པ་ནི་མཛོད་ལས། སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང༌། །ཉི་ཟེར་རྡུལ་དང་སྲོ་མ་དང༌། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་འགྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ༌། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་དང༌། རྣམ་འབྱེད་འགྲེལ་བ་ལས། འདུལ་བ་ལས་དྲུག་འགྱུར་དུ་བསྒྲེ་བ་ནི་མར་འབྲི་བའི་དུས་ཀྱི་ཚེ་མི་ཉམ་ཆུང་བའི་སོར་རྣམ་པར་བཞག་པའི་ཕྱིར་རོ། །ཆོས་མངོན་པ་ལས་བདུན་འགྱུར་དུ་བསྒྲེ་བ་ནི་བསྐལ་བ་དང་པོའི་མི་ཉམ་ཆེ་བའི་སོར་རྣམ་པར་བཞག་པའི་ཕྱིར་རོ། །ཞེས་གསུངས་སོ། ། རྣམ་གྲངས་གཞན་མཚོ་མཆན་ལ་བལྟ་བར་བྱའོ། །

བཅུ་བདུན་པ་བལ་རྨེལ་དུ་འཇུག་པའི་སྤང་བ་འཆད་པ།

བཅུ་བདུན་པ་བལ་རྨེལ་དུ་འཇུག་པའི་སྤང་བ་འཆད་པ་ལ།

རྩ་བར། ཆོས་གོས་རྙིང་བའི་གནས་སུ་ལུག་གི་བལ་དག་གོ། །འཆགས་པར་རྨེལ་བའིའོ། །ཞེས་བྱུང༌། འདིའི་དོན་ལ་བཞི་ལས། གླེང་གཞི་ནི། མཉན་ཡོད་དུ་འཆར་ཀས་དགེ་སྦྱོང་གི་ཚུལ་མ་ཡིན་པར་འདོད་པས་དགེ་སློང་མ་ལ་བལ་རྨེལ་དུ་བཅུག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་སྔར་འཁྲུར་འཇུག་གི་ལྟུང་བ་དང་འདྲའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་བལ་རྨེལ་དུ་འཇུག་གམ་འཁྲུར་འཇུག་གམ་འཚེད་དུ་འཇུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་རྨེལ་བ་ལ་སོགས་པ་བཅོལ་པའི་ཡུལ་དང༌། གང་རྨེལ་བ་ལ་སོགས་པའི་དངོས་པོའོ། །དང་པོ་ནི་དགེ་སློང་མ་ཆོས་བདུན་ལྡན་ཏེ་འཁྲུར་འཇུག་ལ་སྔར་བཤད་པ་དང་འདྲའོ། །གཉིས་པ་ལ་དྲུག་ལས། གོས་ཀྱི་རྒྱུ་བལ་ཡིན་པ་སྟེ། ལུག་གི་བལ་དག་གོ། །ཞེས་སོ། །རྨེལ་བ་ལ་སོགས་པར་འོས་པ་ཡིན་པའོ། །དགེ་སློང་རང་ཉིད་ཀྱི་ཡིན་པ་དང༌། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་དང༌། རུང་བ་དང༌། ཚད་དང་ལྡན་པ་སྟེ་སྔར་བཤད་པ་དང་འདྲའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས་འདུ་ཤེས་ནི་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་རྨེལ་བ་ལ་སོགས་པ་འཆོལ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་འཆོལ་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ཕྱོགས་ལ་ལས་བྱས་པའོ། །

བཅོ་བརྒྱད་པ་ནི་གསེར་དངུལ་ལ་རེག་པའི་སྤང་བ་འཆད་པ།

བཅོ་བརྒྱད་པ་ནི་གསེར་དངུལ་ལ་རེག་པའི་སྤང་བ་འཆད་པ་ལ།

རྩ་བར། རིན་པོ་ཆེ་བདག་གིར་བྱས་ནའོ། །ལྕོགས་པ་ཉིད་ན་དེ་རྫོགས་སོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དགེ་སྦྱོང་གི་ཚུལ་མ་ཡིན་པར་འདོད་པས་གསེར་དངུལ་ལ་རེག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་ནོར་གྱི་སྲེད་པ་འཕེལ་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་གི་རིན་པོ་ཆེ་རུང་བ་མ་བྱས་པ་ལ་རང་ངམ་བསྐོས་པས་རེག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་བདུན་ཏེ། དེ་ཡང་རིན་པོ་ཆེ་ཡིན་པ་སྟེ། རྩ་བར། རིན་པོ་ཆེ་བདག་གིར་བྱས་ནའོ། །ཞེས་སོ། །ཐོབ་པར་ལྕོགས་པ་ན་གནས་པ་སྟེ། ལྕོགས་པ་ཉིད་ན་དེ་རྫོགས། ཞེས་སོ། །རང་གི་ཡིན་པ་དང་རུང་བ་མ་བྱས་པ་སྟེ། རང་གི་རུང་བ་མ་བྱས་པ། ཞེས་སོ། །སྙད་གདགས་སུ་རུང་བ་ཡིན་པ་སྟེ། སྙད་གདགས་སུ་མི་རུང་བ་ལ་ནི་ན་སྨད་པ་ཉིད་དོ། །ཞེས་སོ། །རུང་བར་བྱེད་པའི་དུས་མ་ཡིན་པ་སྟེ། ཊཱི་ཀ་ལས། རུང་བ་བརྗོད་པའི་ཕྱིར་རེག་ན་ལྟུང་བར་ཡང་མི་འགྱུར་རོ། །ཞེས་སོ། །ཆུད་འཛའ་བའི་རྐྱེན་དང་མི་ལྡན་པ་སྟེ། འཇིགས་པར་གྱུར་ན་རང་གི་ལ་མི་གནོད་ན། ཞེས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་རེག་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རང་གིས་རེག་གམ་གཞན་ལ་ངག་གིས་བསྐོས་པས་རེག་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་རེག་པ་རྫོགས་པའོ། །རེག་ཏུ་འཇུག་པས་སྤང་ལྟུང་བསྐྱེད་པ་ལ་ནི་ངག་ཏུ་སྨྲས་པ་དགོས་ཀྱི། སྤྲིང་ཡིག་ལ་སོགས་པ་ལུས་ཀྱི་རིག་བྱེད་ནི་ཡན་ལག་མ་ཡིན་ཏེ། སྤྱིར་བསྟན་པ་ལས་ངག་གིའོ་ཞེས་ངག་གི་རིག་བྱེད་ཡན་ལག་ཏུ་གསུངས་ཤིང་ལུང་ཞུ་བ་ལས། སྤྲིང་ཡིག་དང་ལག་བརྡ་ལ་སོགས་པ་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་གསེར་དངུལ་ལེན་དུ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་གསུངས་སོ། ། རུང་བ་བྱ་བ་ནི། རྩ་བར། སྦྱིན་བདག་བདག་པོ་ཉིད་དུ་སྨོས་སུ་གཞུག་པ། ཞེས་སོགས་བྱུང༌། འདིའི་དོན་ལ་དྲུག་ལས། དང་པོ་དགོས་པའི་དོན་ནི། རིན་པོ་ཆེ་ལ་རེག་པའི་ལྟུང་བ་ཁེགས་པ་དང༌། རུང་བའི་བརྟག་པ་བྱས་པས་བཅས་པའི་མཚམས་ཟིན་པའོ། །གཉིས་པ་དངོས་པོ་གང་ལ་རུང་བ་བྱ་བ་ལ་བཞི་སྟེ། རིན་པོ་ཆེའམ་དེ་དང་འདྲ་བ་ཡིན་པ་དང༌། རང་གི་ཡིན་པ་དང༌། སྔར་རུང་བ་བྱས་པ་དང་མ་འབྲེལ་བ་དང༌། མངོན་སུམ་ན་ཡོད་པའོ། །དང་པོ་ནི་གསེར་ལ་སོགས་པ་རིན་པོ་ཆེ་དང༌། དེ་དང་འདྲ་བ་གཡུ་རྡོག་དང་ཁྲབ་རྙིང་མ་ལྟ་བུ་སྟེ། དགེ་སྦྱོང་གི་ཡོ་བྱད་བྱེད་པས་བརྟག་པའི་ཆོ་ག་གནང་ཞིང༌། དངོས་པོ་བཟང་བས་ནོར་གྱི་སྲེད་པ་འཕེལ་བའི་དགག་བྱ་དགག་དགོས་པའི་ཕྱིར་རོ། །རྟ་ལ་སོགས་པ་ནི་མ་བརྟགས་པའི་དངོས་པོ་ཡིན་པས་གང་ཟག་གིས་འཆང་བ་བཀག་ཅིང༌། ཞིང་ཁང་ལ་རེག་པ་ནི་དགག་བྱ་མེད་པའི་ཕྱིར་རོ། །ཞེས་མཚོ་ཊཱིཀ་ལས་གསུངས་པ་ལ། རིན་པོ་ཆེ་ལ་རེག་པའི་ཉེས་ལྟུང་སྐྱེ་བའི་གཞིའི་དངོས་པོ་ལ་རིན་པོ་ཆེ་དགོས་པ་ཡིན་མིན་དཔྱད་པར་ཞུ། གཉིས་པ་ནི་ཊཱི་ཀ་ལས། གཞན་གྱི་རྫས་ལ་ནི་རུང་བ་རྣམ་པ་གསུམ་མ་བསྟན་ཏེ། ཞེས་གསུངས་པས་གྲུབ་བོ། །གསུམ་པ་ནི་སྔར་རུང་བ་བྱས་པ་དང་འབྲེལ་ན་རུང་བ་གཞན་མི་དགོས་པའི་ཕྱིར་རོ། །བཞི་པ་ནི་མངོན་སུམ་ན་མེད་ན་ཆོ་གའི་འཇུག་ཡུལ་མ་ཡིན་པའི་ཕྱིར་རོ། །གསུམ་པ་རྟེན་གང་གིས་རུང་བ་བྱ་བ་ནི། རབ་ཏུ་བྱུང་བ་སྡེ་ལྔའི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང༌། ཤེས་པ་རང་བཞིན་དུ་གནས་པ་དང༌། ལུས་ཐ་མལ་པར་གནས་པ་དང༌། གནོད་པའི་རྐྱེན་ཅན་མ་ཡིན་པའོ། །བཞི་བ་ཆེད་དུ་བྱ་བ་ནི། ཆོས་ལྡན་གྱི་ཆེད་དུ་སྟེ། ཆོས་དང་ལྡན་པའི་དོན་ཞེས་གསུངས་པ་དང༌། གཞན་པ་ལ་མི་འཆགས་སོ། །ཞེས་སོ། །ལྔ་པ་རུང་བ་གང་བྱ་བ་ནི། སྦྱིན་བདག་བདག་པོ་ཉིད་དུ་མོས་སུ་གཞུག་པ་དང་ཞལ་ཏ་བ་བདག་པོ་ཉིད་དུ་ཞུགས་པ་དང༌། རུང་བ་ལ་བྱའོ། ། ཁྱད་པར་དུ་ཡང་བྱིན་གྱིས་བརླབས་པ་ལ་བཞི་ལས་ཡུལ་དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུ་རྟེན་བཤད་མ་ཐག་པའི་ཆོས་བཞི་ལྡན་གྱིས། དངོས་པོ་ཆོས་བཞི་ལྡན་སྔར་བཤད་པ་དེ་ལ། ཆོ་ག་སྦྱོར་དངོས་མཇུག་གསུམ་གྱིས་བྱིན་གྱིས་བརླབ་པའོ། ། གནས་ནས་ཕྱུང་བ་ལ་ནི་བྱིན་གྱིས་རློབ་པའི་ཡུལ་མེད་པའི་ཕྱིར་རང་གཅིག་པུས་ཡང་བྱིན་གྱིས་བརླབ་ཏུ་རུང་བར་འོང་སྟེ། ཆོས་གོས་བྱིན་གྱིས་བརླབ་པ་བཞིན་ནོ། །དྲུག་པ་རུང་བ་འཇིག་པའི་རྒྱུ་ནི་དངོས་པོ་ཞིང་མ་ཡིན་པར་གྱུར་པ་དང༌། རྟེན་ཞིང་མ་ཡིན་པར་གྱུར་པ་དང༌། ནོར་གྱི་མངོན་ཞེན་རྒྱུན་དུ་བྱུང་ཞིང་གཉེན་པོས་མ་བཟློགས་ན་ཡང་འཇིག་སྟེ། ཊཱི་ཀ་ལས། གང་ལ་བདག་ཉིད་ཀྱི་ཕྱིར་བདག་གིར་བྱེད་པ་ཡོད་པ་དེ་ལ་ནི་རང་གིས་ཀྱང་རེག་པར་མི་བྱ་ལ། གཞན་ཡང་རེག་ཏུ་གཞུག་པར་མི་བྱ་སྟེ། དེ་ལ་རུང་བ་གསུམ་ཆར་མི་འཆགས་པའི་ཕྱིར་རོ། །ཞེས་སོ། །ལྕགས་དང་ས་ལས་བྱས་པའི་ལྷུང་བཟེད་ལ། བསྡུས་པ་ལས་རྡོ་ལས་བྱས་པ་ནི་ས་ལས་བྱས་པའི་ནང་དུ་བསྡུའོ། །གཞན་དུ་ན་ཅིའི་ཕྱིར་བཅོམ་ལྡན་འདས་མི་རུང་བ་འཆང་ཞེས་བཤད་ཀྱང༌། ལུང་ལྔ་ཚན་པ་ལས། ལྷུང་བཟེད་འདི་ལྔ་འཆང་བར་མ་བྱེད་ཅིག རྡོའི་ལྷུང་བཟེད། ཅེས་གསུངས་ལ། མ་མོ་ལས་ཀྱང༌།ལྷུང་བཟེད་རྣམ་པ་བརྒྱད་ནི་མི་གནང་བ་སྟེ། རྡོ་ལས་བྱས་པ་དང༌། ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱི་ཡོངས་སུ་སྤྱད་པ་ཙམ་གྱིས་ནི་ཉན་ཐོས་ལ་གནང་བའི་ཁུངས་སུ་མི་ཆེ་སྟེ། འོད་ལྡན་ལས་གུར་ཀུམ་གྱི་མདོག་དང་མཐུན་པ་མེ་ཏོག་ཤེ་པ་ལི་ཀས་ཁ་བསྒྱུར་བ་ལྟ་བུའི་ན་བཟའ་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་དབང་གིས་གསོལ་ཡང༌། དེ་ཉན་ཐོས་རྣམས་ལ་མི་རུང་བར་གསུངས་པ་བཞིན་ནོ། །རྣམ་འབྱེད་འགྲེལ་བ་ལས། ནོར་བུ་ནི་འོད་ཀྱི་བདག་ཉིད་ཅན་དང་གསལ་བའོ། །བཻཌཱུར་ནི་བཻཌཱུར་ལས་བྱུང་བས་བཻཌཱུར་ཞེས་བྱ་སྟེ་རིན་པོ་ཆེ་སྔོན་པོར་སྣང་བའོ། །ཞེས་གསུངས་སོ། །ལུང་གཞི་ལས། བཻཌཱུར་ཟུར་བརྒྱད་པ་དྭངས་པ་གསལ་བ་དྲི་མ་མེད་པ། ཞེས་གསུངས་སོ། །རྣམ་འབྱེད་འགྲེལ་བ་ལས། མན་ཤེལ་དཀར་པོ་ནི་ཤང་ཁ་ཤི་ལ་ཞེས་བྱ་སྟེ། རིན་པོ་ཆེ་དུང་གི་རྣམ་པ་ལྟར་མཆོག་ཏུ་དཀར་བའོ། །ཞེས་གསུངས་ཤིང༌། ཕྲན་ཚེགས་འགྲེལ་བ་ལས། མན་ཤེལ་ནི་རིན་པོ་ཆེའི་ཁྱད་པར་ཡིན་ཏེ་ཁྱིམ་གང་ལ་དེ་ཡོད་པ་དེར་འབྱོར་པ་ཐམས་ཅད་རྒྱས་པར་འགྱུར་རོ། །ཞེས་སོ། །རྣམ་འབྱེད་འགྲེལ་བ་ལས། རྡོའི་སྙིང་པོ་ནི་མ་རྒད་དོ། །སྤུག་ནི་རིན་པོ་ཆེའི་རིགས་ཤིན་ཏུ་གཙོ་བོ་སྔོན་པོ་དང་སེར་པོ་དང་དཀར་པོར་སྣང་བ་སྟེ་ཁྲ་བོ་ཞེས་སོ། །ཕྲན་ཚེགས་འགྲེལ་བ་ལས། དམར་པོ་ནི་པད་མ་རཱ་ག་ཡིན་ནོ། །དུང་གཡས་སུ་འཁྱིལ་བ་ནི་རིན་པོ་ཆེའི་བྱེ་བྲག་ཡིན་ཏེ་གང་ན་དེ་ཡོད་པ་དེར་དཔལ་འབྱོར་བ་ལ་རྟག་ཏུ་གནས་པར་འགྱུར་རོ། །ཞེས་སོ། །བཅུ་དགུ་བ་མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་བ་འཆད་པ་ལ། རྩ་བར། རྙེད་པ་འདོད་པ་ལ་ལྟུང་བ་འབྱུང་ངོ། ། ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་གཉན་ཡོད་དུ་དྲུག་སྡེས་མངོན་མཚན་ཅན་གྱི་བསྐྱེད་འགྱེད་པར་བྱེད་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་འདོད་པ་ཆེས་པ་དང༌། མ་བྱིན་ལེན་གྱི་རྒྱུར་འགྲོ་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་བསྐྱེད་ཀྱི་གཞི་གསེར་དངུལ་ལ་སོགས་པའི་དངོས་པོ་ཁྱིམ་པ་ལ་བསྐྱེད་དུ་བཏང་སྟེ། ཡུལ་དུས་དེ་ན་བསྐྱེད་གང་ཡོད་པ་ཐོབ་ཅིང་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་བསྐྱེད་པའི་ཡུལ་དང༌། གང་བསྐྱེད་པའི་དངོས་པོའོ། །དང་པོ་ནི་ཁྱིམ་པ་ཆོས་ལྔ་ལྡན་ཏེ། གོས་སློང་པའི་སྐབས་སུ་བཤད་པའི་ཁྱིམ་པ་ཆོས་དྲུག་ལྡན་ལས་ཅི་བདེར་སྟོབས་པ་མ་ཡིན་པ་ནི་འདིར་མི་བགྲང་ངོ༌། །གཉིས་པ་ནི་བཞི་ལས། གསེར་དངུལ་གྱི་དངོས་པོ་ཡིན་པ་སྟེ། རྩ་བར།པ་ཎའམ་རིན་པོ་ཆེས་སྤྱོད་པ་ལས་སོ། །ཞེས་གསུངས་ཤིང༌། དེས་འབྲས་བུ་ལ་སོགས་པ་ཡང་མཚོན་པའོ། །དངོས་པོ་དེ་རིན་པོ་ཆེ་ཡིན་ན་ནི་སྙད་གདགས་སུ་རུང་བ་དང༌། བདག་པོ་རང་ཉིད་ཀྱི་ཡིན་པ་དང༌། ཚད་དང་ལྡན་པ་སྟེ་དེ་ཡང་རས་ཁྲུ་གང་གི་རིན་དུ་ཆོག་པའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་དོན་དུ་བསྐྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་བསྐྱེད་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་བསྐྱེད་ཕྱིན་ཅིང་ཐོབ་བློ་སྐྱེས་པའོ། །ཊཱི་ཀ་ལས། བཤགས་པའི་དུས་ན་ཡང་བསྐྱེད་ཉིད་སྤང་བར་བྱ་ཡི་རྩ་བར་གྱུར་པའི་རྫས་ནི་མ་ཡིན་ནོ། །ཞེས་སོ། །བསྐྱེད་དང་རྩ་བ་ངོ་བོ་ཐ་དད་མེད་ན་ཐམས་ཅད་སྤང་ངོ༌། །དགེ་སློང་མའི་རྣམ་འབྱེད་ལས། མངོན་མཚན་ཞེས་བྱ་བ་ནི་དབྱིག་གམ་གསེར་རོ། །མངོན་མཚན་ཅན་སློང་ན་ཞེས་བྱ་བ་ནི་གསེར་རམ་དངུལ་ལོ། །ཞེས་གསུངས་སོ། །འདིར་མངོན་མཚན་ཅན་གྱི་སྤྱོད་པ་ཞེས་གསུངས་པ་ནི་ཕྱོགས་གཅིག་ལ་མཚོན་པ་སྟེ། ནས་ལ་སོགས་པ་འབུན་བསྐྱེད་བྱས་པ་ལས་ཀྱང་ལྟུང་བ་འདིར་འགྱུར་ཏེ། སྐབས་འདི་ཉིད་ཀྱི་ལུང་དགེ་སློང་གི་རྣམ་འབྱེད་ལས། ནས་དང་འབྲུའི་འབུན་འགྱེད་པར་བྱེད་ཅིང༌། རྙེད་པ་བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་སོ། ། ཉི་ཤུ་བ་ཉོ་ཚོང་བྱེད་པའི་སྤང་བ་འཆད་པ་ལ། རྩ་བར། གཞན་གྱིས་སོ། །ཞེས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་གཉན་ཡོད་དུ་དྲུག་སྡེས་ཉོ་ཚོང་རྣམ་པ་སྣ་ཚོགས་བྱས་པས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་སྔ་མ་དང་འདྲ་སྟེ་འདོད་པ་ཆེས་པ་དང་མ་བྱིན་ལེན་གྱི་རྒྱུར་འགྲོ་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་ནས་དང་འབྲས་ལ་སོགས་པའི་དངོས་པོ་ཁྱིམ་པ་དང་ཉོ་ཚོང་བྱས་ཏེ་ཁེ་ཐོབ་ཅིང་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས་གཞིའི་ཡན་ལག་ལ་གཉིས་ཏེ། གང་དང་ཉོ་ཚོང་བྱ་བའི་ཡུལ་དང༌། གང་ཉོ་ཚོང་བྱ་བའི་དངོས་པོའོ། །དང་པོ་ནི་ཁྱིམ་པ་ཆོས་ལྔ་ལྡན་ཏེ་སྔ་མ་དང་འདྲའོ། །གཉིས་པ་ནི་༡འབྲས་ལ་སོགས་པའི་དངོས་པོ་ཡིན་པའོ། །༢བདག་པོ་རང་གི་ཉིད་ཡིན་པ་དང༌། ༣ཕལ་ཆེར་རུང་བ་དང༌། ༤ཚད་དང་ལྡན་པ་དང་བཞིའོ། །རྩ་བར། གཞན་གྱིས་སོ་ཞེས་སྨོས་པ་དེ་ཡང་མཚོན་པ་སྟེ། རིན་པོ་ཆེ་ཉོ་ཚོང་བྱེད་ན་ཡང་ཉོ་ཚོང་གི་སྤང་བར་འགྱུར་ཏེ། ཊཱི་ཀ་ལས། གང་ཡང་རུང་བས་རྙེད་པ་འདོད་ཅིང་ཉོ་ཚོང་ལ་སོགས་པ་སྤྱོད་པ་ལས་བསྐྱེད་ཕྱིན་ནའོ། །ཞེས་དང༌། ཞུ་འགྲེལ་ལས། རིན་པོ་ཆེ་དང་ས་ལུ་དང་གོས་ལ་སོགས་པའི་ཉོ་ཚོང་བྱེད་ཅིང་བསྐྱེད་ཕྱིན་ན་ཉོ་ཚོང་གི་སྤང་བར་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་ཚོང་ཁེ་སྒྲུབ་པའི་ཕྱིར་ཉོ་ཚོང་བྱེད་པ་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཉོ་ཚོང་བྱེད་པར་ཞུགས་པའོ། །བཞི་བ་མཐར་ཐུག་པ་ནི་ཚོང་ཁེ་ཐོབ་ཅིང་ཐོབ་བློ་སྐྱེས་པའོ། །

བཅུ་ཚན་གསུམ་པ་ལ་བསྡུས་དོན་དང་སོ་སོར་བཤད་པ།

བཅུ་ཚན་གསུམ་པ་ལ་བསྡུས་དོན་དང་སོ་སོར་བཤད་པ་དང་གཉིས།

དང་པོ་ནི།སོར་སྡོམ་ལས། ལྷུང་བཟེད་གཉིས་དང་ཐ་ག་གཉིས། །བྱིན་ཕྲོགས་སྟོན་ཟླ་ཐ་ཆུངས་དང༌། །དགོན་པ་བ་དང་རས་ཆེན་དང༌། །བསྔོས་པ་དང་ནི་བསོག་འཇོག་གོ། །ཞེས་གཟུང་ངོ། གཉིས་པ་སོ་སོར་བཤད་པ་ལ་བཅུ་ལས། དང་པོ་ཉེར་གཅིག་པ་ལྷུང་བཟེད་འཆང་བའི་སྤང་བ་འཆད་པ་ལ། རྩ་བར། ལྷུང་བཟེད་ཀྱིའོ། །ཞེས་སོགས་བྱུང༌། འདི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་གཉིས་ལས་བྱུང་ལ་མ་བཅས་པ་ནི་ཉེ་དགའ་ལས་སོ། །བྱུང་ལ་བཅས་པའི་གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་ལྷུང་བཟེད་བྱིན་གྱིས་མ་བརླབས་པར་འཆང་བ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་འདོད་པ་ཆེ་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་དབང་བའི་ལྷུང་བཟེད་བྱིན་གྱིས་མ་བརླབས་པར་རང་ངམ་ཤན་སྟོབས་ཀྱིས་ཞག་བཅུ་འདས་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་བདུན་ལས། ལྷུང་བཟེད་ཡིན་པ་སྟེ། ལྷུང་བཟེད་ཀྱིའོ་ཞེས་སོ། །འབྲེལ་མེད་མ་ཡིན་པའི་ལྷུང་བཟེད་དེ། རྩ་བར། ལྟུང་བ་འབྱུང་བ་ལ་སྤང་བར་མི་བྱ་བ་ཉིད་དང༌།བྱིན་གྱིས་བརླབ་པར་མི་བྱ་བ་ཉིད་དག་གོ་བར་བྱའོ། །ཞེས་དང༌། རང་གི་རྣམ་བཤད་ཀྱི་ལྷུང་བཟེད་འབྲེལ་མེད་ཀྱི་སྐབས་ལས། འདིར་འཆང་བའི་ཉེས་པ་བསྐྱེད་པ་མེད་དོ། །ཞེས་སོ། །རུང་བ་དང་ལྷུང་བཟེད་ཀྱི་ཚད་དང་ལྡན་པ་སྟེ། རུང་བ་ཉིད་དང་ཚད་དང་ལྡན་པ། ཞེས་སོ། །གནས་སྐབས་དབང་བྱར་ཡོད་པ་དང༌། རང་ཉིད་དབང་བ་ཡིན་པ་དང༌། བྱིན་གྱིས་བརླབས་པ་དང་མ་འབྲེལ་ལམ་འབྲེལ་ཀྱང་ཤན་རྗེས་སུ་ཞུགས་པ་ཡིན་པ་དང་གསུམ་ནི་གོས་འཆང་བའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །

གཉིས་པ་བསམ་པའི་ཡན་ལག་ལ་གཉིས།

གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།

འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་ལྷུང་བཟེད་འཆང་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ལྷུང་བཟེད་བྱིན་རླབས་མི་བྱེད་པར་འཇོག་པ་ཉིད་ཡིན་གྱི། ལུས་ངག་ཏུ་ཐོན་པ་མི་དགོས་ཏེ་བྱ་བ་མི་བྱེད་པའི་སྦྱོར་བ་ཡིན་པའི་ཕྱིར་རོ། །བཞི་བ་མཐར་ཐུག་ནི་རང་ངམ་ཤན་སྟོབས་ཀྱི་ཞག་བཅུའི་མཚན་མོ་མཐའི་སྐད་ཅིག་མའོ། །ལྷུང་བཟེད་མདོག་སྐྱ་བ་དང་དཀར་བ་ལ་སོགས་པ་ནི་རུང་བ་ཉིད་མ་ཡིན་པའི་ཕྱིར། བྱིན་རླབས་མི་འཆགས་པ་དང༌། བྱིན་གྱིས་མ་བརླབ་པར་ཞག་བཅུ་འདས་པར་བཅངས་ཀྱང་སྤང་ལྟུང་མི་བསྐྱེད་པ་དང༌། ཞག་བཅུ་འདས་པ་ན་ལྟུང་བ་ན་སྨད་པ་དང༌། ཉི་མ་དང་པོ་ཉིད་ནས་ལྷུང་བཟེད་མི་རུང་བ་འཆང་བའི་ཉེས་བྱས་བསྐྱེད་པ་སྟེ། དོན་རྣམ་པ་བཞི་གོ་བར་བྱའོ། །

ཉེར་གཉིས་པ་ལྷུང་བཟེད་འཚོལ་བའི་སྤང་བ་འཆད་པ།

ཉེར་གཉིས་པ་ལྷུང་བཟེད་འཚོལ་བའི་སྤང་བ་འཆད་པ་ལ།

བསླབ་བྱ་དང་ལྟུང་བ་རྣམ་བཞག་གཉིས་ལས། དང་པོ་ནི། རྩ་བར། ཧ་ཅང་ཆགས་པར་མི་བྱའོ། །ཡོ་བྱད་ལ་ཧ་ཅང་ལྷག་པར་ཆགས་པར་མི་བྱའོ། །གང་ལ་ཞེན་པ་དེ་བཅང་བར་མི་བྱའོ། །ཞེས་བྱུང༌། བསླབ་པར་བྱ་བ་ནི་ཊཱི་ཀ་ལས། དགེ་སློང་གིས་སྤྱིར་དངོས་པོ་ཐམས་ཅད་ལ་ཧ་ཅང་ཆགས་པར་མི་བྱ། བྱེ་བྲག་ཏུ་ལྷུང་བཟེད་ལ་སོགས་པ་ཡོ་བྱད་ལ་ཧ་ཅང་ཆགས་པར་མི་བྱ། ཞེས་སོ། །

གཉིས་པ་ལྟུང་བ་རྣམ་གཞག

གཉིས་པ་ལྟུང་བ་རྣམ་གཞག་ནི།

རྩ་བར། དེ་ཡོད་པ་ཉིད་ནའོ། །ཞེས་སོགས་བྱུང༌།འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་ལྷུང་བཟེད་བླངས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་སྦྱིན་བདག་གི་ཡོ་བྱད་ལ་གནོད་པ་དང༌།རང་འདོད་པ་ཆེ་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་ལ་ལྷུང་བཟེད་ཡོད་བཞིན་དུ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་ལྷུང་བཟེད་བླངས་ཏེ་ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ། གང་ལ་བསླང་བའི་ཡུལ་དང༌།གང་བསླང་བའི་དངོས་པོ་དང༌། གང་གིས་སློང་བའི་རྟེན་དང་གསུམ། དང་པོ་ནི་ཁྱིམ་པ་ཆོས་དྲུག་ལྡན་ཏེ་གོས་སློང་བའི་ཡུལ་ལ་སྔར་བཤད་པ་དང་འདྲའོ། །གཉིས་པ་ལ་བཞི་སྟེ། ལྷུང་བཟེད་ཡིན་པ་དང༌། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་དང༌། རུང་བ་དང་ཚད་དང་ལྡན་པའོ། །གསུམ་པ་ནི་རང་ལ་ལྷུང་བཟེད་མཚན་ཉིད་དང་ལྡན་པ་ཡོད་པ་དགོས་ཏེ། རྩ་བར། དེ་དག་ཡོད་པ་ཉིད་ན་ཡང་ངོ། །ཞེས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་དོན་དུ་ལྷུང་བཟེད་སློང་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སློང་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ལྷུང་བཟེད་ཐོབ་ཅིང་ཐོབ་བློ་སྐྱེས་པའོ། ། སྤྱིར་ན་སྤང་ལྟུང་ཕྱིར་བཅོས་པའི་སྤང་བ་ལ་གཉིས་ཏེ། གཏན་སྤངས་དང་རེ་ཞིག་པའི་སྤང་བའོ། །དང་པོ་ནི་གཉིས་ཏེ། སྐབས་འདིར་རྩ་བར། ༼ལྷུང་བཟེད་མཆོག་ཏུ་འདོད་པ་དེ་ལསལྷུང་བཟེད་ངན་ཤོས་བྱ་བ་ཉིད་ཡིན་ནོ། །༽གཞན་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སྤང་བར་བྱ་བ་ཉིད་ཡིན་ནོ། །ཞེས་པ་འདི་དང༌། བྱིན་འཕྲོག་བྱས་ན་དེ་ནི་ཕྱིར་སྦྱིན་པར་བྱ། ཞེས་གསུངས་པའོ། །དེ་གཉིས་ལས་གཞན་པའི་སྤང་བ་ཐམས་ཅད་རེ་ཞིག་པའི་སྤང་བ་སྟེ་ཞག་གཅིག་སྤང་བའོ། །བསྐོས་པས་སོ་ཞེས་པ་འདིའི་དོན་ལ་ལྔ་ལས། དང་པོ་དགོས་པའི་དོན་ནི་མ་བསྐོས་པའི་ཉེས་པ་ཁེགས་པ་དང༌། ལས་ཀྱིས་བསྐོས་པས་བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་ཡུལ་གང་བསྐོ་བ་ནི་དགེ་སློང་ཆོས་བཅུ་བཞི་དང་ལྡན་པ་སྟེ། གསོ་སྦྱོང་གི་གཞིའི་སྤོང་བ་པའི་ཞལ་ཏ་བ་བསྐོ་བའི་སྐབས་སུ་འཆད་པར་འགྱུར་རོ། །གསུམ་པ་རྟེན་གང་གིས་བསྐོ་བ་ནི་དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །བཞི་བ་ཆོ་ག་གང་གིས་བསྐོ་བ་ནི། གསོལ་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །ལྔ་བ་བསྐོས་པ་དེའི་བྱ་བ་ནི། ཚོགས་པ་ལ་བརྗོད་པ་ལ་སོགས་པ་སྟེ་གཞུང་ལས་ཤེས་པར་འགྱུར་རོ། །ལྷུང་བཟེད་འབྲེལ་བ་མེད་པ་ཞེས་པ་ནི། བྱིན་གྱིས་བརླབས་པའི་འབྲེལ་བ་མེད་པ་དང༌། གཞན་ལ་སྤང་བའི་འབྲེལ་བ་མེད་པའོ། །ཊཱི་ཀ་ལས། དེ་ནི་བྲན་གནམ་ཁོལ་དུ་བྱུང་བ་དང་འདྲ་སྟེ། གནམ་ཁོལ་དུ་བྱུང་བས་བྲན་གྱི་ལས་སུ་མི་བསྐོ་བ་དང༌། ཡོངས་སུ་བཏང་བར་མི་བྱ་བ་དང༌། བཟའ་བཏུང་ལ་སོགས་པ་སྦྱིན་དགོས་པ་དེ་བཞིན་དུ་ལྷུང་བཟེད་འབྲེལ་བ་མེད་པ་འདི་ཡང་བྱིན་གྱིས་བརླབ་པར་མི་བྱ། གཞན་ལ་སྤང་བར་མི་བྱའོ། །བདག་གི་ལྷུང་བཟེད་དང་བརྗེ་བར་འདོད་ན་ལྷུང་བཟེད་འབྲིམ་པ་དེ་བླང་བར་བྱ་སྟེ། རང་གི་ལྷུང་བཟེད་ནི་དགེ་སློང་ལྷུང་བཟེད་འབྲིམ་པ་པོ་དེ་ལ་གཏད་པར་བྱའོ། །དེས་གཏད་པའི་ལྷུང་བཟེད་དེ་གྲལ་འོག་མ་དེ་ལ་བྲིམ་པར་བྱའོ། །གྲལ་འོག་མ་དེས་ཀྱང་བརྗེ་བར་འདོད་ན་བརྗེ་བར་བྱ་སྟེ་གྲལ་རྫོགས་ཀྱི་བར་དུ་དེ་བཞིན་བྱའོ། །ལྷུང་བཟེད་ལྷག་པ་དགེ་འདུན་ལ་སྤངས་པ་བྲིམ་པས་ལྷུང་བཟེད་ཀྱི་སྙིགས་དེ་ཆད་ལས་སུ་མ་ཤི་བར་དུ་བཅང་པ་ལ་འབྲེལ་མེད་ལྷུང་བཟེད་ཡིན་པར་ཀུན་མཁྱེན་འཇམ་བཞད་ཀྱིས་གསུངས་སོ། །

ཉེར་གསུམ་པ་འཐག་ཏུ་འཇུག་པའི་སྤང་བ་འཆད་པ།

ཉེར་གསུམ་པ་འཐག་ཏུ་འཇུག་པའི་སྤང་བ་འཆད་པ་ལ།

རྩ་བར། རིན་མེད་པར་བསྒོ་བས་སམ་གཞན་གྱིས་འཐག་ཏུ་བཅུག་ནའོ། །ཞེས་སོགས་བྱུང༌། འདི་དོན་ལ་བཞི་ལས།དང་པོ་གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་ཐ་ག་པ་ལ་རྔན་པ་མེད་པར་ཐགས་འཐག་ཏུ་བཅུག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་ཐ་ག་པའི་ལོངས་སྤྱོད་ལ་གནོད་པ་དང༌། རང་འདོད་པ་ཆེས་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་རྔན་པ་མེད་པར་གོས་འཐག་ཏུ་བཅུག་སྟེ། ཁྲུ་གང་ཡན་ཆད་བཏགས་ཟིན་ཞིང་རྔན་པ་ལ་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་ལ་འཐག་ཏུ་འཇུག་པའི་ཡུལ་དང༌། གང་འཐག་ཏུ་འཇུག་པའི་དངོས་པོ་དང༌། གང་གིས་འཐག་ཏུ་འཇུག་པའི་རྟེན་དང་གསུམ། དང་པོ་ནི་ཐ་ག་པ་ཁྱིམ་པ་ཆོས་དྲུག་ལྡན་ནོ། །གཉིས་པ་ནི་གོས་ཀྱི་རྒྱུ་ཡིན་པ་དང༌། རང་ཉིད་དབང་བ་དང༌། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་དང༌། རུང་བ་དང༌། ཚད་དང་ལྡན་པ་སྟེ་ལྔའོ། །གསུམ་པ་གང་གིས་འཐག་ཏུ་འཇུག་པའི་རྟེན་ནི། རྔན་པ་མེད་པ་སྟེ། རྩ་བར། རིན་མེད་པར། ཞེས་སོགས་སོ། །ལུང་རྣམ་འབྱེད་ལས། གླ་རྔན་གྱིས་འཐག་ཏུ་འཇུག་པ་ལ་ལྟུང་བ་མེད་དོ། །ཞེས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་ཡིད་གཅུགས་ཁྱད་པར་ཅན་མ་ཡིན་པས་རང་དོན་དུ་ཐགས་གླ་མེད་པར་འཐག་ཏུ་འཇུག་པར་འདོད་པ་རྒྱུན་མ་ཆད་པའོ། །གལ་ཏེ་འཐག་གླར་རྐུ་སེམས་བྱུང་ན་ནི་དངན་འཐེན་ཡང་མ་བརྐུས་པ་མིན་ན་ནི་ཞེས་འགྲེལ་ཆུང་ལས། ལས་བྱེད་པ་ལ་གླ་མ་བྱིན་ན་ཕམ་མོ། །ཞེས་སོ། །གསུམ་པ་སྦྱོར་བ་ནི་རང་ངམ་བསྐོས་པས་འཐག་ཏུ་འཇུག་པའོ། །བཞི་བ་མཐར་ཐུག་པ་ནི་ཁྲུ་གང་ཡན་ཆད་བཏགས་ཟིན་ཞིང་ཐགས་གླ་ལ་ཐོབ་བློ་སྐྱེས་པའོ། །ཉེར་བཞི་བ་འཐག་པ་བསྐྱེད་པའི་སྤང་བ་འཆད་པ་ལ། རྩ་བར། དེའི་ཕྱིར་བཏག་པར་བྱ་བ་བསམ་པ་ལས་བྱུང་བ་ཉིད་དོ། །ཞེས་སོགས་བྱུང༌།འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་འཐག་པ་བསྐྱེད་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་སྦྱིན་བདག་དང་ཐ་ག་པའི་ལོངས་སྤྱོད་ལ་གནོད་པ་དང༌། རང་འདོད་པ་ཆེ་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་ལ་བསྔོས་པའི་གོས་སྦྱིན་བདག་གིས་འཐག་ཏུ་འཇུག་པ་དེ་ཞེང་དཀྱུས་ཆེར་བསྐྱེད་པའམ་ཐགས་བཟང་དུ་བསྐྱེད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གསུམ་སྟེ། གང་གིས་འཐག་ཏུ་འཇུག་པའི་སྦྱིན་བདག་དང༌། གང་གིས་འཐག་པའི་ཐ་ག་པ་དང༌། གང་འཐག་པ་བསྐྱེད་པའི་དངོས་པོའོ། །དང་པོ་ནི་སྦྱིན་བདག་ཁྱིམ་པ་ཆོས་དྲུག་ལྡན་ནོ། །གཉིས་པ་ནི་རྔན་པ་མ་བྱིན་ན་ལྟུང་བ་བསྐྱེད་པའི་ཆ་ནས་ཐ་ག་པ་ཁྱིམ་པ་ཆོས་དྲུག་ལྡན་ནོ། །གང་འཐག་པ་བསྐྱེད་པའི་དངོས་པོ་ནི། གོས་ཀྱི་རྒྱུ་ཡིན་པ་དང༌། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་དང༌། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་དང༌། རང་ལ་སྦྱིན་བདག་གིས་བསྔོས་པ་ལས་ལྷག་པ་ཡིན་པ་དང༌། རུང་བ་དང་ཚད་དང་ལྡན་པ་སྟེ་དྲུག་གོ །གཉིས་པ་བསམ་པའི་ཡན་ལག་ནི་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་དོན་དུ་འཐག་པ་བསྐྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །ཁ་ཅིག་འཐག་འཇུག་དང་འཐག་བསྐྱེད་ཀྱི་སྤང་ལྟུང་གཉིས་ལ་རྐུ་སེམས་ཚང་བར་ཐལ། ཐ་ག་བ་གླ་རྔན་མི་སྦྱིན་པར་འཐག་འཇུག་འདོད་ཀྱི་བློ་དང༌། སྦྱིན་བདག་གིས་བསྔོས་ཚད་ལས་ལྷག་པའི་འཐག་པ་ཆེ་བ་དང་བཟང་བ་གང་ལེན་འདོད་པའི་བློ་དེ་རྐུ་སེམས་ཡིན་པའི་ཕྱིར་ཏེ། མཚོ་ཊཱིཀ་༥༡༤ལས།འགྲེལ་ཆུང་ལས་ལས་བྱེད་པ་ལ་གླ་མ་བྱིན་ན་ཕམ་མོ། །ཞེས་གསུངས་པ་དང༌། གོང་དུ་རྐུ་སེམས་ལ་ཆོས་དྲུག་ལྡན་བཤད་པ་རྣམས་ཚང་བའི་སྒོ་ནས་དེ་དག་རྐུ་སེམས་ཡིན་པར་གྲུབ་པའི་ཕྱིར་ཟེར་ན་དཔྱད་རྒྱུ་སྣང་ངོ། །གསུམ་པ་སྦྱོར་བ་ནི་རང་ངམ་བསྐོས་པས་འཐག་པ་བསྐྱེད་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་འཐག་པ་བསྐྱེད་པའི་གོས་དེ་ཐོབ་ཅིང་ཐོབ་བློ་སྐྱེས་པའོ། །སྦྱིན་པར་བྱེད་པའི་དོག་པ་ལ་སོགས་པ་ཟད་པ་དང༌། ཐ་ག་པ་ལ་རྔན་པ་མ་བྱིན་པ་གཉིས་ཀ་ཡང་སོ་སོར་ལྟུང་བའི་བྱེད་པ་པོའི་གཙོ་བོ་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ། །དེས་ན་དེ་གཉིས་གང་ཡང་རུང་བ་གཅིག་ཡོད་ན་ཡང༌། འདིར་དངོས་གཞིར་འགྱུར་ཞེས་ཊཱི་ཀ་ལས་བཤད་དོ། །འདིར་རྔན་པ་སྟེར་བར་ཁས་བླངས་པ་མ་བྱིན་ན་ནི། ཊཱི་ཀ་ལས། ཁས་བླངས་པ་མ་བྱིན་ན་ནི་མ་བྱིན་པར་ལེན་པའི་ཁ་ན་མ་ཐོ་བར་ཡང་འགྱུར་བ་ཉིད་དོ། །ཞེས་སོ། །ཉེར་ལྔ་པ་འཕྲོག་པའི་སྤང་བ་འཆད་དེ། རྩ་བར། དབྲལ་བར་བྱ་བ་དགེ་སློང་ཉིད་དོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་དགའ་བོས་ཆོས་གོས་བྱིན་འཕྲོག་བྱས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རང་རིགས་ཀྱི་ལོངས་སྤྱོད་ལ་གནོད་པ་དང༌། མ་བྱིན་ལེན་པའི་རྒྱུར་འགྲོ་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་གོས་སམ་ལྷུང་བཟེད་དེ་གཞན་དབང་བ་ལ་རང་ཉིད་དབང་བར་འདུ་ཤེས་འཁྲུལ་བས་རྐུ་སེམས་མེད་པར་འཕྲོགས་ཏེ་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། གང་ལས་འཕྲོག་པའི་ཡུལ་དང༌། གང་འཕྲོག་པའི་དངོས་པོའོ། །དང་པོ་ནི་དགེ་སློང་ཆོས་དྲུག་ལྡན་ནོ། །དེ་ཡང་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་དང༌། མཚན་མཐུན་པ་དང༌། ལྟ་བ་མཐུན་པ་དང༌། ཐ་སྙད་གསུམ་དང་ལྡན་པ་དང༌། །ལུས་ཐ་མལ་དུ་གནས་པ་དང༌། བདག་ལས་ཐ་དད་པའོ། །དང་པོ་ནི་དགེ་སློང་གི་སྡོམ་པ་ཕམ་པས་མ་གོས་པ་སྟེ། སྤྱིར་བསྟན་པ་ལས། བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཉིད་ནི་བསླབ་པ་དག་ལ་ཡན་ལག་ཡིན་ནོ། །ཞེས་སོ། །སེལ་བ་ནི་དགེ་སློང་གི་སྡོམ་པ་བླངས་ཀྱང་མ་སྐྱེས་པ་དང་ཕམ་པས་ཉམས་པའི་ཆོས་གོས་འཕྲོགས་ན་ཉེས་བྱས་ཏེ། འོག་མ་དག་ལ་གཞན་ལ་ན་སྨད་པ་ཉིད་དོ། །ཞེས་སོ། །གཉིས་པ་དང་གསུམ་པ་ནི་ཡུལ་རྟེན་མཚན་མཐུན་པ་དང་ལྟ་བ་མཐུན་པ་སྟེ། སྤྱིར་བསྟན་པ་ལས། མཚན་མཐུན་པ་དང༌། ཁས་བླངས་པ་དག་གིས་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་སོ། །ཞེས་སོ། ། བཞི་པ་ནི་སྨྲ་ཤེས།དོན་གོ། །ཤེས་པ་རང་བཞིན་དུ་གནས་པ་སྟེ། སྤྱིར་བསྟན་པ་ལས། སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ་རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ། །རང་བཞིན་ཉམས་པ་ནི་མ་ཡིན་ནོ། །ཞེས་སོ། །ལྔ་པ་ནི་ཊཱི་ཀ་ལས། རེག་པ་ལ་སོགས་པ་ནི་ཐ་སྙད་ཀྱི་ཕྱིར་རྣམ་པར་བཞག ཅེས་གསུངས་སོ། །དྲུག་པ་ནི་དགེ་སློང་ཕ་རོལ་པོ་ཞེས་བརྡེག་པའི་ལྟུང་བྱེད་ལ་གསུངས་པའི་གནད་ཀྱིས་སྦྱར་རོ། །དགེ་སློང་ཆོས་དྲུག་ལྡན་ཞེས་འོག་ཏུ་འཆད་པ་རྣམས་སུའང་དེ་བཞིན་དུ་སྦྱར་རོ། །གཉིས་པ་གང་འཕྲོག་པའི་དངོས་པོ་ནི་བཞི་ལས། གོས་སམ་ལྷུང་བཟེད་ཡིན་པ་སྟེ། གོས་ཉིད་ཡིན་ནའོ། །ཞེས་དང༌། ཊཱི་ཀ་ལས། འདིར་གོས་ཞེས་སྨོས་པ་ནི་མཚོན་པ་སྟེ། དགེ་སློང་གི་ཡོ་བྱད་གཞན་ཡང་འཕྲོགས་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་གསུངས་པས་ལྷུང་བཟེད་ལ་ཡང་སྦྱར་རོ། །དགེ་སློང་གཞན་དེ་ཉིད་དབང་བ་ཡིན་པ་སྟེ། རྩ་བར། དབྲོག་པར་བྱ་བ་རང་གི་ཉིད་མ་ཡིན་ནའོ། །ཞེས་སོ། །རུང་བ་དང་ཚད་དང་ལྡན་པ་སྟེ་བཞིའོ། །

གཉིས་པ་བསམ་པའི་ཡན་ལག་ལ་གཉིས།

གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།

འདུ་ཤེས་ནི་བདག་པོའི་ཆ་མ་གཏོགས་པ་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བའོ། །བདག་པོའི་ཆ་ནས་ནི་དངོས་པོ་དེ་གཞན་གྱི་ཡིན་པ་ལ་རང་གི་ཡིན་པར་འདུ་ཤེས་འཁྲུལ་པ་ཡན་ལག་ཏུ་དགོས་ཏེ། བསྡུས་པ་ལས། རང་གི་ཡིན་པར་འདུ་ཤེས་ནས་འཕྲོགས་པའོ། །རྣམ་པ་གཞན་དུ་ན་ཕམ་པར་འགྱུར་རོ། །ཞེས་སོ། །ཀུན་སློང་ནི་རྐུ་སེམས་མེད་པར་གོས་སམ་ལྷུང་བཟེད་འཕྲོག་པར་འདོད་པ་རྒྱུན་མ་ཆད་པའོ། །ཊཱི་ཀ་ལས། ཁ་ན་མ་ཐོ་བ་འདི་ནི་རྐུ་སེམས་མེད་པ་ཡིན་གྱི་རྐུ་སེམས་ཡོད་ན་ནི་མ་བྱིན་པར་ལེན་པའི་ཁ་ན་མ་ཐོ་བར་ཡང་འགྱུར་རོ། །ཞེས་སོ། །གསུམ་པ་སྦྱོར་བ་ནི་རང་ངམ་བསྐོས་པས་ལུས་སམ་ངག་གིས་འཕྲོག་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ཐོབ་བློ་སྐྱེས་པའོ། །

ཉེར་དྲུག་པ་དགོན་པ་པའི་འབྲལ་བ་འཆད་པ།

ཉེར་དྲུག་པ་དགོན་པ་པའི་འབྲལ་བ་འཆད་པ་ལ།

རྩ་བར། དགོན་པ་པའི་གོས་གཅིག་ལ་ནི་འཇིགས་པ་དང་བཅས་པ་ཉིད་ཡིན་ན་གྲོང་ཡང་རང་གི་གནས་དང་འདྲའོ། །དེས་དོན་གྱི་དབང་གིས་གྲོང་གཞན་ན་འདུག་པ་དེ་ལས་ཞག་དྲུག་ཚུན་ཆད་དུ་འབྲལ་བར་བྱའོ། །ཞེས་སོ། །འདིའི་དོན་ལ་གཉིས་ལས། དང་པོ་གནང་བའི་བསླབ་བྱ་ནི། དགོན་པ་བའི་ཆོས་གོས་གསུམ་ལས་གང་ཡང་རུང་བ་གཅིག་ཅེས་པ་ལུང་རྣམ་འབྱེད་ལ་ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་ཞེས་བྱ་བ་ནི། སྣམ་སྦྱར་དང་བླ་གོས་དང་མཐང་གོས་ལས་གང་འདོད་པ་ཁྱིམ་གཞན་དུ་བཞག་པར་བྱའོ། །ཞེས་གསུངས་པས། སྣམ་སྦྱར་གྲོང་དུ་བཞག་ཏུ་གནང་བར་མ་ཟད་ཀྱི། སྣམ་སྦྱར་དགོན་པར་བཞག་སྟེ་བླ་གོས་སམ་མཐང་གོས་གྲོང་དུ་བཞག་པར་འདོད་ན་ཡང་གང་ཡང་རུང་བ་གཅིག་བཞག་ཏུ་གནང་ངོ༌། །འོ་ན་སྟོད་གཡོགས་དང་སྨད་གཡོགས་མེད་ན་ནི་རབ་ཏུ་བྱུང་བའི་རྟགས་ཉམས་པར་འགྱུར་རོ་སྙམ་ན། བླ་གོས་གྲོང་དུ་བཞག་ན་སྟོད་གཡོགས་ནི་སྐྲ་བཟེད་དང་རྔུལ་གཟན་དང༌། རྔུལ་གཟན་གྱི་གཟན་ནམ་དབྱར་ཡིན་ན་རས་ཆེན་དང་སྟོད་གཡོགས་བསྟེན་ཞིང་མཐང་གོས་གྲོང་དུ་བཞག་ན་ཡང་སྨད་གཡོགས་ནི་ཤམ་ཐབས་སམ་ཤམ་ཐབས་ཀྱི་གཟན་བསྟེན་པའོ། །འཇིགས་པ་དང་བཅས་པ་ཉིད་ཡིན་ན་གྲོང་ཡང་རང་གི་གནས་དང་འདྲ་སྟེ། ཆོས་གོས་གཅིག་གྲོང་དུ་བཞག་ཅིང་དགེ་སློང་དགོན་པར་གནས་ན་ཊཱི་ཀ་ལས། ཞག་དྲུག་ཚུན་ཆད་དུ་འབྲལ་བའི་ཉེས་པར་མི་འགྱུར་རོ། །ཞེས་གསུངས་སོ། །ཞག་དྲུག་ནི་མཚོན་པ་སྟེ། འགྲེལ་ཆུང་ལས། རྟག་ཏུ་འཇིགས་སུ་རུང་བའི་རྐྱེན་ཡོད་ན་ཚུལ་ནས་བྱུང་བྱུང་གི་བར་དུ་བྲལ་ཡང་ཉེས་མེད། ཅེས་གསུངས་སོ། །

གཉིས་པ་ལྟུང་བ་རྣམ་གཞག།

གཉིས་པ་ལྟུང་བ་རྣམ་གཞག་ནི།

རྩ་བར། ལྷག་པ་ལ་ནི་བག་ཡངས་མེད་དོ། །བར་ཆད་ཀྱི་དབང་གིས་མ་འོངས་པ་ལ་ཉེས་པ་མེད་དོ། །ཞེས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་ཆོས་གོས་གྲོང་དུ་བཞག་པ་དེ་ལས་ཞག་བདུན་དུ་འབྲལ་བར་བྱས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་དགེ་སློང་གི་ཆ་ལུགས་ཁྱད་པར་ཅན་ཉམས་པ་དང༌། ཡོ་བྱད་ཀྱི་ཁྱད་པར་ཆུད་ཟོས་པར་འགྱུར་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་དགོན་པ་པས་འཇིགས་པའི་དབང་གིས་ཆོས་གོས་གསུམ་ལས་གང་ཡང་རུང་བ་གཅིག་སྤྱོད་ཡུལ་གྱི་གྲོང་དུ་བཞག་སྟེ་བྱ་བ་ཆོས་ལྡན་གྱི་ཆེད་དུ་དགོན་པ་དང་ཆོས་གོས་དེའི་གནས་ཉེ་འཁོར་དང་བཅས་པ་ལས་ཕྱི་རོལ་ཏུ་གནས་ཏེ་བར་ཆད་ཀྱི་དབང་མ་གཏོགས་པ་ཞག་དྲུག་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས།དང་པོ་གཞིའི་ཡན་ལག་ལ། གང་དང་འབྲལ་བའི་དངོས་པོ་དང༌། གང་དུ་འབྲལ་བའི་གནས་དང༌། གང་གིས་འབྲལ་བའི་རྟེན་དང་གསུམ། དང་པོ་ལ་ལྔ་ལས། ཆོས་གོས་གསུམ་ལས་གང་ཡང་རུང་བ་གཅིག་ཡིན་པ་དང༌། འཇིགས་པའི་དབང་གིས་ཆོས་གོས་གྲོང་དུ་བཞག་པ་ཡིན་པ་སྟེ། ཆོས་གོས་གཅིག་ལ་ནི། ཞེས་དང༌། འཇིགས་པ་དང་བཅས་པ་ཉིད་ཡིན་ན་གྲོང་ཡང༌། ཞེས་དང༌། གྲོང་གཞན་ན་འདུག་པ་དེ་ལས། ཞེས་སོ། །རང་གི་འཚོ་བའི་ཡོ་བྱད་ཀྱི་བྱིན་རླབས་ཡོངས་རྫོགས་དང་ལྡན་པ་དང༌། རུང་བ་དང་ཚད་དང་ལྡན་པ་གསུམ་ནི་སྔར་བཤད་པ་བཞིན་ནོ། །གཉིས་པ་གང་དུ་འབྲལ་བའི་གནས་ནི་དགོན་པ་དང་ཆོས་གོས་དེའི་གནས་ཉེ་འཁོར་དང་བཅས་པ་ལས་གཞན་ཡིན་པ་སྟེ། ཞུ་འགྲེལ་ལས། དགོན་པ་པའི་གནས་དང་ཆོས་གོས་ཀྱི་གནས་དེའི་ཉེར་སྤྱོད་འདོམ་གང་ལ་སོགས་པ་གང་ཡིན་པ་དེའི་ཕྱི་རོལ་ཏུ་གྱུར་པ་དེར་རོ། །ཞེས་གསུངས་སོ། །ལུང་རྣམ་འབྱེད་ལས། ཆོས་གོས་ཀྱི་གནས་དེར་ཉལ་བར་མི་བྱའོ་ཞེས་བཀག་པས་དེར་ཉལ་ན་བསླབ་བྱའི་ཉེས་བྱས་སུ་འགྱུར་ཡང་འབྲལ་བའི་ལྟུང་བར་ནི་མི་འགྱུར་རོ། །གསུམ་པ་གང་གིས་བྲལ་པའི་རྟེན་ལ་བཞི་ལས་དགོན་པ་པའི་ཡི་དམ་དང་ལྡན་པ་དང༌། བར་ཆད་ཀྱི་རྐྱེན་དང་མི་ལྡན་པའོ། །སྲ་བརྐྱང་མ་བཏིང་བ་དང༌། སྣམ་སྦྱར་གྱི་ཆ་ནས་མི་འབྲལ་བའི་གནང་བ་མ་ཐོབ་པ་དགོས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་དགོན་པ་པའི་གནས་དང་ཆོས་གོས་ཀྱི་གནས་ལས་མཚམས་ཐ་དད་དུ་གནས་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་གནས་དེ་གཉིས་ལས་མཚམས་ཐ་དད་དུ་འབྲལ་བར་བྱེད་པའོ། །བཞི་བ་མཐར་ཐུག་ནི་ཞག་དྲུག་གི་མཚན་མོ་མཐའི་སྐད་ཅིག་མའོ། །དེའི་སྐད་ཅིག་གཉིས་པ་ལ་ལྟུང་བ་དངོས་གཞི་སྟེ། ཊཱི་ཀ་ལས། ཞག་བདུན་པའི་སྐྱ་རེངས་ཤར་ན་ནི་འབྲལ་བའི་ལྟུང་བ་འབྱུང་ངོ། །ཞེས་སོ། །

ཉེར་བདུན་པ་དབྱར་གྱི་རས་ཆེན་གྱི་སྤང་བ་འཆད་པ།

ཉེར་བདུན་པ་དབྱར་གྱི་རས་ཆེན་གྱི་སྤང་བ་འཆད་པ་ལ་གཉིས་ལས།

དང་པོ་བཙལ་བ་དང་འཆང་དུ་གནང་བའི་དུས་ནི། རྩ་བར། བདག་ཉིད་གནས་པར་ཁས་བླངས་པའི་ཉིན་མོའི་ཟླ་བ་སྔ་མའི་དང་པོ་ཚུན་ཆད་ནས་དབྱར་གྱི་རས་ཆེན་བཙལ་བར་བྱའོ། །བདག་ཉིད་ཀྱི་དབྱར་གྱི་འོག་གི་ཟླ་བ་ཕྱེད་ཀྱི་མཐའི་བར་དུ་བཅང་བར་བྱའོ། །ཞེས་སོགས་བྱུང༌། གཉིས་པ་ལྟུང་བའི་རྣམ་བཞག་ནི། རྩ་བར། སྔོན་དང་ཕྱི་མ་གཉིས་ལས་དེ་མ་ཡིན་པའི་དུས་གཉིས་ནི་བྱེད་པ་བོ་ཉིད་དོ། །ཞེས་སོགས་བྱུང༌། འདིའི་དོན་ལ་གསུམ་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་དབྱར་གྱི་གོས་རས་ཆེན་ཧ་ཅང་མྱུར་བ་འཚོལ་བ་དང༌། ཧ་ཅང་ཡུན་རིང་དུ་བཅང་བ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་བཙལ་སྔས་ཀྱི་དགག་བྱ་འདོད་པ་ཆེ་བ་དང༌། སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པ་ཡིན་ལ། བཞག་འཕྱིས་ཀྱི་དགག་བྱ་ནི་འདོད་པ་ཆེ་བ་དང་རང་གི་ཡོ་བྱད་ཆུད་ཟོས་པ་སྟེ། རས་ཆེན་སྦེད་པ་པོ་ལ་གཏད་ན་ལྟུང་བ་མེད་པར་གསུངས་པས་ཤེས་སོ། །གསུམ་པ་སོ་སོར་བཤད་པ་ལ་གཉིས་ལས། དང་པོ་བཙལ་སྔས་པའི་ལྟུང་བ་བཤད་པ་ལ་ངོ་བོ་དང་ཡན་ལག་གཉིས་ལས། དང་པོ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་དབྱར་གྱི་རས་ཆེན་བཙལ་བའི་དུས་ཀྱི་སྔ་རོལ་ཏུ་བླངས་ཏེ་ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གཉིས་པ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་བསླང་བའི་ཡུལ་དང༌།གང་བསླང་བའི་དངོས་པོ་དང༌། གང་གི་ཚེ་སློང་བའི་དུས་སོ། །དང་པོ་ནི་ཐ་སྙད་ལྔ་དང་ལྡན་པ་དང༌། ལུས་ཐ་མལ་དུ་གནས་པ་དང༌། མ་བསླངས་པའི་སྔ་རོལ་ནས་ཅི་བདེར་སྟོབས་པ་མ་ཡིན་པ་དང་གསུམ་སྟེ། མ་བསླངས་པར་ཕུལ་ན་དེ་བླངས་པ་ལ་ནི་ལྟུང་བ་མེད་དོ། །གཉིས་པ་གང་བསླང་བའི་དངོས་པོ་ལ་དྲུག་ལས། དབྱར་གྱི་རས་ཆེན་ཡིན་པ་སྟེ། རས་ཆེན་གྱི་སྤང་བ། ཞེས་སོ། །རྙང་རྙིང་མ་ཡིན་པ་སྟེ། རྙང་རྙིང་ལ་ན་སྨད་པ་ཉིད་དོ། །ཞེས་སོ། །རྙང་རྙིང་ནི་ཟླ་བ་བཞི་ལོངས་སྤྱད་པ་ཡན་ཆད་དེ། དུས་ཚིགས་སུ་བཅད་པའི་ཕྱག་དར་ཁྲོད་ཀྱི་ཚད་ཟླ་བ་བཞིར་ལོངས་སྤྱད་པར་གསུངས་པའི་གནད་ཀྱིས་སོ། །ཆར་ཆུ་བསྐྱབ་པའི་བྱ་བ་བྱེད་ནུས་པ་ཡིན་པ་སྟེ། ཞུ་བ་ལས། སེང་རས་ཀྱི་རས་ཆེན་ཤིན་ཏུ་མྱུར་བ་བཙལ་ཏམ་ཤིན་ཏུ་རིང་བར་བཙལ་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་སོ། །ཆར་ཆུ་བསྐྱབ་པའི་བྱ་བ་བྱེད་མི་ནུས་པའི་རས་ཆེན་སློང་བ་འབྱུང་རིང་བས་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མ་རྫོགས་པའི་ཕྱིར་རོ། །སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་དང༌། རུང་བ་དང་ཚད་དང་ལྡན་པ་སྟེ་དྲུག་གོ །གསུམ་པ་གང་གི་ཚེ་སློང་བའི་དུས་ནི། དབྱར་གནས་ཁས་ལེན་རན་པའི་དུས་ལས་ཟླ་བ་གཅིག་པས་སྔ་བ་ཡིན་པའོ། །དགེ་སློང་དབྱར་ཚུལ་འཇུག་གཏན་ནས་མི་བྱེད་པ་དེས་རས་ཆེན་བཙལ་བའི་དུས་དང་བཅང་བའི་དུས་ཀྱི་ས་མཚམས་གང་གིས་བཟུང་ཞེ་ན། ལག་ལེན་དོག་མཐའ་བཟུང་སྟེ། བཙལ་བའི་དུས་ནི་དབྱར་སྔ་མ་ལ་ལྟོས་ཏེ་བཙལ་ཞིང་བཅང་བའི་དུས་ནི་དབྱར་སྔ་མ་ལ་ལྟོས་ཏེ་འཆང་ན་ལག་ལེན་འཁྲུལ་བ་མེད་པར་འོང་ཞེས་མཚོ་མཆན་ལས་གསུངས་སོ། །

གཉིས་པ་བསམ་པའི་ཡན་ལག་ལ་གཉིས།

གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།

འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་རས་ཆེན་སློང་བའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་རས་ཆེན་སློང་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་རས་ཆེན་ཐོབ་ཅིང་ཐོབ་བློ་སྐྱེས་པའོ། །གཉིས་པ་རས་ཆེན་བཞག་འཕྱིས་པའི་ལྟུང་བ་བཤད་པ་ལ་ངོ་བོ་དང་ཡན་ལག་གཉིས་ལས། དང་པོ་ངོ་བོ་ནི། བཅས་ལྡན་དགེ་སློང་གིས་དབྱར་ཟླ་གསུམ་པའི་དགག་དབྱེའི་དུས་ལས་ཟླ་བ་ཕྱེད་འདས་པར་དབྱར་གྱི་རས་ཆེན་འཆང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གཉིས་པ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ལས། དང་པོ་གང་འཆང་བའི་དངོས་པོ་ནི་རས་ཆེན་ཆོས་དྲུག་ལྡན་སྔར་དང་འདྲ་བ་ལ། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་ཕྲི་སྟེ་དགེ་སློང་རང་གི་ཡིན་ཞེས་ཁྱད་པར་རོ། །གཉིས་པ་གང་གི་ཚེ་འཆང་བའི་དུས་ནི། དབྱར་ཟླ་བ་གསུམ་རྫོགས་ནས་ཟླ་བ་ཕྱེད་འདས་པའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་རས་ཆེན་འཆང་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རས་ཆེན་འཆང་བར་བྱེད་པའོ། །བཞི་བ་མཐར་ཐུག་ནི་ཟླ་བ་ཕྱེད་ཀྱི་མཚན་མོའི་མཐའི་སྐད་ཅིག་མའོ། །

ཉེར་བརྒྱད་པ་བརྟད་པ་ལས་བྱུང་བའི་སྤང་བ་འཆད་པ།

ཉེར་བརྒྱད་པ་བརྟད་པ་ལས་བྱུང་བའི་སྤང་བ་འཆད་པ་ལ།

རྩ་བར། དབྱར་གྱི་རྙེད་པ་ནི་བྱེད་པ་པོ་ཉིད་དོ། །དབྱར་གྱི་ནང་ལོགས་སུ་བདག་གིར་བྱེད་ནའོ། །ཞེས་སོགས་བྱུང༌།འདིའི་དོན་ལ་དབྱར་གྱི་རྙེད་པ་བདག་གིར་བྱ་སྔས་པ་དང༌། བགོས་སྔས་པ་དང༌། བཞག་འཕྱིས་པ་དང་གསུམ། །དང་པོ་གཉིས་ཀྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དབྱར་གྱི་རྙེད་པ་དབྱར་གྱི་ནང་ལོགས་སུ་བདག་གིར་བྱས་པ་དང༌། སོ་སོར་བགོས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་དབྱར་འདྲལ་བའི་རྒྱུར་འགྱུར་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་དབྱར་གྱི་རྒྱུ་ལས་བྱུང་བ་ཟས་ལས་གཞན་པའི་རྙེད་པ་དབྱར་གྱི་ནང་ལོགས་སུ་སྦྱིན་བདག་ལས་ལེན་ཞིང་དགེ་འདུན་གྱིས་སྤྱིའི་ཚོམས་སུ་བདག་གིར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞི་དང༌། རྙེད་པ་དེ་སོ་སོར་བགོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་གཉིས་ལས། བདག་གིར་བྱ་སྔས་པའི་ཡན་ལག་དང༌། བགོ་སྔས་པའི་ཡན་ལག་གཉིས། དང་པོ་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གང་ལས་བདག་གིར་བྱ་བའི་སྦྱིན་བདག་དང༌། གང་བདག་གིར་བྱ་བའི་དངོས་པོ་དང༌། གང་གི་ཚེ་བདག་གིར་བྱ་བའི་དུས་དང་གསུམ། དང་པོ་ནི་ཁྱིམ་པ་ཡིན་པ་དང༌། ཐ་སྙད་ལྔ་དང་ལྡན་པ་དང༌། ལུས་ཐ་མལ་དུ་གནས་པའོ། །གཉིས་པ་ནི་ལྔ་ལས། དབྱར་གྱི་རྒྱུ་ལས་བྱུང་བའི་རྙེད་པ་ཡིན་པ་སྟེ། དབྱར་གྱི་རྙེད་པ་ནི་བྱེད་པ་པོ་ཉིད་དོ། །ཞེས་སོ། །ཟས་ཀྱི་རྙེད་པ་ལས་གཞན་ཡིན་པ་སྟེ། དབྱར་གྱི་ནང་ལོགས་སུ་ཡང་ཟས་ཀྱི་རྙེད་པ་ནི་འཕྲལ་དུ་ལོངས་སྤྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །བརྟད་པའི་རྙེད་པ་མ་ཡིན་པ་སྟེ། རྩ་བར། བརྟད་པའི་དབང་གིས་མཐའི་ཞག་བཅུ་ལ་རྙེད་པ་མ་གཏོགས་སོ། །ཞེས་དང༌། ཟླ་ཟེར་༢༢༣ལས། མཐའི་ཞག་བཅུ་མཚོན་པ་སྟེ་མཐའི་ཞག་ཉི་ཤུ་ལ་སོགས་པ་ཡང་མཚུངས་པའི་ཕྱིར་རོ། །ཞེས་སོ། །རུང་བ་དང་ཚད་དང་ལྡན་པ་སྟེ་ལྔའོ། །གསུམ་པ་གང་གི་ཚེ་བདག་གིར་བྱ་བའི་དུས་ནི། དབྱར་གནས་པར་ཁས་བླངས་ནས་དགག་དབྱེ་སོགས་དབྱུང་བ་མ་བྱས་པའི་དུས་ཡིན་པ་སྟེ། རྩ་བར། དབྱར་གྱི་ནང་ལོགས་སུ་བདག་གིར་བྱེད་ནའོ། །ཞེས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་དོན་དུ་བདག་གིར་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་བདག་གིར་བྱེད་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་བདག་གིར་བྱས་པ་རྫོགས་པའོ། །

གཉིས་པ་བགོ་སྔས་པའི་ཡན་ལག།

གཉིས་པ་བགོ་སྔས་པའི་ཡན་ལག་ལ།

གཞན་རྣམས་བདག་གིར་བྱ་སྔས་པ་དང་འདྲ་བ་ལ། འདིར་སོ་སོར་བགོས་པ་ཞེས་ཁྱད་པར་དུ་བྱ་ཞིང༌། བརྟད་པའི་རྙེད་པ་མ་ཡིན་པ་ནི་འདིར་ཡན་ལག་ཏུ་མི་བགྲང་སྟེ། བརྟད་པའི་རྙེད་པ་ཡིན་ཡང་རུང་མ་ཡིན་ཡང་རུང་སྟེ། དངོས་གཞི་བསྐྱེད་པར་རུང་ངོ༌། །བརྟད་པ་ལས་བྱུང་བའི་རྙེད་པ་ནི་མཚོན་པ་སྟེ། བརྟད་པ་ལས་བྱུང་རུང་མ་བྱུང་རུང་དབྱར་གྱི་རྙེད་པ་དབྱར་གྱི་ནང་ལོགས་སུ་སོ་སོར་བགོས་ནའོ། །དེའང་ཊཱི་ཀ་ལས།དབྱར་གྱི་ནང་ལོགས་སུ་བྱུང་བའི་རྙེད་པ་བགོས་ནའང་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་སོ། །

གསུམ་པ་བཞག་པ་འཕྱིས་པ།

གསུམ་པ་བཞག་པ་འཕྱིས་པ་ནི།

རྩ་བར། མ་བགོས་པ་ན་ཡང་ངོ། །ཞེས་སོ། །འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་དབྱར་ཟླ་བ་གསུམ་གྱི་ནང་ལོགས་སུ་དགེ་འདུན་རྣམས་ལ་རལ་གྲི་མཐུ་ཅན་པ་རྣམས་ཀྱིས་གོས་ཀྱི་རྙེད་པ་ཆོས་གོས་མང་པོ་ཕུལ་བ་ན་དགེ་འདུན་རྣམས་ཀྱིས་གཉེར་ཁ་མ་བྱས་པར་བཞག་སྟེ་ཆོས་གོས་དེ་རྣམས་སྲིན་གྱིས་རྨུགས་ཏེ་རྡུལ་དུ་བརླགས་ནས་འདུག་པ་ལས་སོ། །གཉིས་པ་དགག་བྱ་ནི་རང་རིགས་ཀྱི་ཡོ་བྱད་ཆུད་ཟོས་པར་གྱུར་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་དབྱར་གྱི་རྒྱུ་ལས་བྱུང་བའི་རྙེད་པ་རང་དབང་བ་དེ་གོས་སྦེད་པ་པོ་མ་བསྐོས་པར་དགག་དབྱེའི་ཉིན་ཕྱི་མ་ལ་མ་བགོས་པར་བཞག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་བཞི་ལས། གང་གི་བཞག་པའི་སྦྱིན་བདག་ནི་སྔ་མ་གཉིས་དང་འདྲའོ། །གང་བཞག་པའི་དངོས་པོ་ནི། སྔར་བགོ་སྔས་པའི་སྐབས་སུ་ཇི་སྐད་བཤད་པ་དབྱར་གྱི་རྒྱུ་ལས་བྱུང་བའི་རྙེད་པ་ཡིན་པ། ཟས་ཀྱི་རྙེད་པ་ལས་གཞན་ཡིན་པ། རུང་བ་དང༌། ཚད་དང་ལྡན་པ་སྟེ་བཞི་པོ་དེའི་སྟེང་དུ་རང་གི་ཡིན་པ་བསྣན་པ་སྟེ་ལྔའོ། །གང་གིས་བཞག་པའི་རྟེན་ནི། གོས་སྦེད་པ་པོ་མ་བསྐོས་པ་དང༌། སྦྱིན་བདག་གིས་དབང་མེད་པ་མ་ཡིན་པ་སྟེ། དེ་སྦེད་པ་མ་བསྐོས་པ་རྣམས་ལའོ། །ཞེས་དང༌། སྦྱིན་བདག་གི་ཚིག་གིས་དབང་མེད་ནའོ། །ཞེས་སོ། །གང་གི་ཚེ་བཞག་པའི་དུས་ནི། སྲ་བརྐྱང་མ་བཏིང་ན་དགག་དབྱེའི་ཕྱི་དེ་ཉིན་པར་རམ། སྲ་བརྐྱང་བཏིང་ན་དཔྱིད་ཟླ་ར་བའི་འབྲིང་པོའི་ཉ་ལ་མ་བགོས་ན་ལྟུང་བ་འདི་བསྐྱེད་པ་སྟེ། ལུང་རྣམ་འབྱེད་ལས་དེ་ལྟར་གསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་དབྱར་གྱི་རྙེད་པ་དེ་མ་བགོས་པར་འཇོག་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རྙེད་པ་བགོད་པའི་བྱ་བ་མི་བྱེད་པའོ། །བཞི་བ་མཐར་ཐུག་ནི་སྲ་བརྐྱང་མ་བཏིང་ན་ཚེས་བཅུ་དྲུག་གི་མཚན་མོ་མཐའི་སྐད་ཅིག་ལའོ། །སྲ་བརྐྱང་བཏིང་ན་ནི་དཔྱིད་ཟླ་འབྲིང་པོའི་ཉའམ་དཔྱིད་ཟླ་ར་བའི་ཉའི་མཚན་མོ་མཐའི་སྐད་ཅིག་ལའོ། །མདོར་ན་དབྱར་ནང་དུ་བདག་གིར་བྱས་ན་སྤང་ལྟུང་སྐྱེད། དབྱར་ནང་དུ་བགོས་ན་སྤང་ལྟུང་ཡོད། སྲ་བརྐྱང་མ་བཏིང་ན་དགག་དབྱེའི་ཉིན་ཕྱི་མ་ལ་མ་བགོས་ན་སྤང་ལྟུང་ཡོད། བཏིང་ན་དཔྱིད་ཟླ་ར་བའི་འབྲིང་པོའི་ཉ་ལ་མ་བགོས་ན་སྤང་ལྟུང་བསྐྱེད་པའོ། །ཡང་ཚུལ་འདི་ལྟར་དཔྱད་ན་དབྱར་གནས་པ་པོ་དགེ་འདུན་ལ་ཐུན་མོང་དུ་ཕུལ་བའི་ཟས་ལས་གཞན་པའི་རྙེད་པ་དེ་དབྱར་ནང་དུ་བདག་གིར་བྱས་པ་ལས་བཙལ་སྔས་པ་དང་བགོ་སྔས་པ་དང་བཞག་ཕྱིས་པ་ལས་སྤང་ལྟུང་དངོས་གཞི་མི་བསྐྱེད་པ་ཐལ།སྤང་ལྟུང་དེ་དག་ལ་རང་ཁོ་ནས་ཡན་ལག་ཚང་དགོས་ཀྱང་དེ་མ་ཚང་བའི་ཕྱིར། རྟགས་ཟུར་སྔ་མ་གྲུབ་སྟེ། མཚོ་ཊཱིཀ་༤༣༨ལས། ལུང་ཞུ་བ་ལས་རང་གཞན་ཐུན་མོང་དུ་དབང་ན་འཁྲུལ་འཇུག་ལ་སོགས་པ་ལྔ་ལ་ན་སྨད་དུ་དངོས་སུ་གསུངས་པས་དེ་དག་དང་རྒྱུ་མཚན་མཚུངས་པ་གཞན་རྣམས་ལ་ཡང་ན་སྨད་དུ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །ཉེར་དགུ་བ་བསྔོས་བསྒྱུར་གྱི་སྤང་བ་འཆད་པ་ལ། རྩ་བར། གཞན་གྱིས་གང་ཟག་གཞན་ནམ་དགེ་འདུན་ལ་བསྔོས་པའི་གོས་ཤེས་བཞིན་དུ་བདག་ཉིད་ལ་བསྒྱུར་ཏེ་ཐོབ་ནའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་སྦྱིན་བདག་གིས་དགེ་འདུན་ལ་བསྔོས་པ་ཉེ་དགས་རང་ལ་བསྒྱུར་བ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རང་རིགས་ཀྱི་ལོངས་སྤྱོད་ལ་གནོད་པ་དང༌། རང་འདོད་པ་ཆེས་པའོ། །གསུམ་པ་ངོ་བོ་ནི་སྦྱིན་བདག་གིས་དགེ་སློང་གཞན་ལ་བསྔོས་པའི་གོས་སམ་ལྷུང་བཟེད་དེ་བཅས་ལྡན་དགེ་སློང་གིས་བདག་ཉིད་ལ་བསྒྱུར་ཏེ་ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་བཞི་ལས། དང་པོ་གང་གིས་བསྔོས་པའི་སྦྱིན་བདག་ནི་ཆོས་གསུམ་ལྡན་ལས། བསམ་པ་ཐག་པ་ནས་བསྔོ་བ་པོ་ཡིན་པའོ། །ཐ་སྙད་ལྔ་དང་ལྡན་པ་དང༌། ལུས་ཐ་མལ་པར་གནས་པ་སྟེ། དེ་གཉིས་ནི་རྫུན་ཕམ་གྱི་སྐབས་སུ་སྔར་བཤད་པ་བཞིན་ནོ། །གཉིས་པ་གང་ལ་བསྔོས་པའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་ནོ། །གསུམ་པ་གང་བསྔོས་པའི་དངོས་པོ་ནི། ཆོས་བཞི་ལྡན་ལས་གོས་སམ་ལྷུང་བཟེད་ཡིན་པ་སྟེ། བསྔོས་པའི་གོས་ཞེས་གསུངས་པས་ལྷུང་བཟེད་ཀྱང་མཚོན་ཏེ། གོས་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །བསམ་པ་ཐག་པ་ནས་བསྔོས་ཟིན་པའོ། །རུང་བ་ཚད་དང་ལྡན་པ་སྟེ་བཞིའོ། །བཞི་པ་གང་ལ་བསྒྱུར་བའི་ཡུལ་ནི་བདག་ཉིད་ལ་བསྒྱུར་བའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གི་དོན་དུ་རང་ལ་བསྒྱུར་བའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་རང་ལ་བསྒྱུར་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་དངོས་པོ་དེ་ཐོབ་ཅིང་ཐོབ་བློ་སྐྱེས་པའོ། །སོ་སོ་ཐར་པའི་མདོ་ལས་དགེ་འདུན་ལ་བསྔོས་པ་ཞེས་གསུངས་ཀྱི། གང་ཟག་གཞན་ནམ་ཞེས་མ་གསུངས་ཀྱང༌། ལུང་རྣམ་འབྱེད་ལས། གང་ཟག་གཅིག་ལ་བསྔོས་པ་དང་གཉིས་སམ་གསུམ་ལ་བསྔོས་པ་བདག་ཉིད་ལ་བསྒྱུར་ན་སྤང་བའི་ལྟུང་བྱེད་དུ་གསུངས་པའི་ཕྱིར། རྩ་བར། གང་ཟག་གཞན་ནམ། ཞེས་སྨོས་སོ། །བྱིན་གྱིས་མ་བརླབས་པར་ཡང་ངོ༌། །ཞེས་ཤི་བའི་ཡོ་བྱད་བྱིན་གྱིས་མ་བརླབས་པར་བགོད་ན་ཉེས་པར་འགྱུར་བའི་རྒྱུ་མཚན་དུ་དེ་ལ་གཞན་དག་གི་ཤས་ཉིད་མ་བྲལ་ལོ་ཞེས་པ་ནི། ལུང་གོས་ཀྱི་གཞི་ལས། གསོལ་བའམ་ཐོག་མ་དང་ཐ་མ་མ་བྱས་པའི་ཤི་བའི་ཡོ་བྱད་ནི་སངས་རྒྱས་ཀྱི་སློབ་མ་ཐམས་ཅད་དབང་བ་ཡིན་ནོ། །ཞེས་གསུངས་སཽ། །མཛོད་འགྲེལ་ལས་ཀྱང་ཤི་བའི་རྫས་འཕྲོགས་ན་ཤི་བའི་ཡོ་བྱད་བྱིན་གྱིས་རློབ་པའི་ལས་བྱས་པ་ཞིག་ཡིན་ན་ནི་མཚམས་ཀྱི་ནང་དུ་གཏོགས་པ་རྣམས་ལས་སོ། །ལས་མ་བྱས་པ་ཞིག་ཡིན་ན་ནི་སངས་རྒྱས་ཀྱི་སློབ་མ་ཐམས་ཅད་ལས་འཕྲོགས་སོ། །ཞེས་གསུངས་སོ། །དེ་ལྟར་བསྔོས་པ་མི་སྦྱིན་པ་ལ་སོགས་པ་ལྔ་བསྔོས་བསྒྱུར་དངོས་དང་དྲུག་པོ་དེ་རྣམས་ལ་མ་བྱིན་པར་ལེན་པའི་ལྟུང་བ་མེད་པ་ནི། རྐུ་སེམས་མེད་པའི་ཕྱིར་རོ། །གལ་ཏེ་རྐུ་སེམས་བྱུང་ན་ནི་དྲུག་པོ་དེ་དག་ཐམས་ཅད་དུ་ཡང༌། རྐུ་སེམས་ཀྱིས་ནི་བརྐུས་པ་ཉིད་ཡིན་ནོ། །ཞེས་གསུངས་ལ། དེའི་རང་གི་རྣམ་བཤད་ལས། ཕམ་པ་མི་བསྐྱེད་པ་ནི་མ་ཡིན་ནོ་ཞེས་བཤད་དེ། ཡན་ལག་གཞན་ཚང་ནའོ། །

སུམ་ཅུ་པ་གསོག་འཇོག་གི་སྤང་བ་འཆད་པ།

སུམ་ཅུ་པ་གསོག་འཇོག་གི་སྤང་བ་འཆད་པ་ལ་གཉིས་ལས། དང་པོ་བསླབ་པར་བྱ་བ་ནི།

རྩ་བར། ཞག་བདུན་པར་བྱིན་གྱིས་བརླབས་པའི་ཉི་མ་འདས་སོ་ཅོག་དགེ་སློང་ལ་བརྗོད་པར་བྱའོ། །ཞེས་བྱུང༌། སྨན་ཞག་བདུན་པར་བྱིན་གྱིས་བརླབས་པའི་ཉི་མ་འདས་སོ་ཅོག་དགེ་སློང་ལ་བརྗོད་པར་བྱ་སྟེ། དཔེར་ན་ཉི་མ་དང་པོ་འདས་ཏེ་དེང་ནི་ཉི་མ་གཉིས་པ་ལགས་སོ་ཞེས་བརྗོད་པ་ལྟ་བུ་བརྗོད་ནས་གསོག་འཇོག་ཏུ་འགྱུར་བ་སྤང་བའི་ཕྱིར་རོ། ། གཉིས་པ་དངོས་གཞིའི་ལྟུང་བ་འཆད་པ་ལ། རྩ་བར། བཟའ་བའི་ཕྱིར་འཆང་ནའོ། །དེའོ། །སྐྱ་རེངས་བརྒྱད་པ་ཤར་ནའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་པི་ལིན་དའི་བུའི་ལྷན་ཅིག་གནས་པ་དང་ཉེ་གནས་ཀྱི་སྨན་གང་དག་བྱིན་ལེན་བྱས་པ་རུལ་ཞིང་མྱགས་པར་གྱུར་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་ཟས་ལ་བརྟེན་པའི་འདོད་པ་ཆེ་བ་དང༌། ཟས་ལ་སྲེད་པ་ཆེ་བར་མངོན་པའི་སྒོ་ནས་མ་དད་པ་སྐྱེ་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་སྨན་བཞི་པོ་གང་ཡང་རུང་བ་བཟའ་བའི་ཆེད་ཀྱི་བྱིན་ལེན་ཡོད་བཞིན་དུ་སྤྱི་དུས་སམ་རང་དུས་འདས་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། གང་འཆང་བའི་དངོས་པོ་དང༌། གང་གིས་འཆང་བའི་རྟེན་ནོ། །དང་པོ་ལ་དྲུག་ལས། སྨན་བཞི་ལས་གང་ཡང་རུང་བ་ཡིན་པ་སྟེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་གསུངས་སོ། །ལག་ཉ་ཁེགས་པའི་ཕྱིར་བྱིན་ལེན་བྱས་ཏེ་འཆང་ན་ཡང་ལྟུང་བ་མེད་ལ་འདི་ནི་བཟའ་བའི་ཕྱིར་བྱིན་ལེན་བྱས་ཏེ་བཟའ་བའི་ཕྱིར་འཆང་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས། བྱིན་ལེན་མ་བྱས་པ་ལ་གསོག་འཇོག་མི་སྲིད་པའི་ཕྱིར་རོ། །ཞེས་སོ། །དགེ་སློང་རང་གི་ཉིད་ཡིན་པའོ། །སྨན་གྱི་ངོ་བོ་ཡོངས་སུ་རྫོགས་པ་སྟེ། ལན་ཚྭ་ལ་སོགས་པའི་ཚྭ་ཆུ་དང་འགྱུར་བྱེད་ཀྱི་ཆུ་དང་རྙོག་ཆུར་གྱུར་པ་ནི་ཕྱེད་ཉིད་དོ། །ཞེས་སོ། །རུང་བ་དང་ཚད་དང་ལྡན་པ་སྟེ་དྲུག་གོ། །གཉིས་པ་གང་གིས་འཆང་བའི་རྟེན་ནི། ཁྱད་པར་དུ་ཡང་སྨན་བྱིན་གྱིས་བརླབས་པ་འཆང་བ་ལ་ནི་རྟེན་ནད་པའམ་ནད་པ་དང་འདྲ་བ་ཡིན་པ་སྟེ། གཞན་དུ་ན་སྨན་བྱིན་གྱིས་བརླབས་པ་མི་འཆགས་པའི་ཕྱིར་རོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་བྱིན་ལེན་མ་ཞིག་པར་རང་དོན་དུ་བཟའ་བའི་ཆེད་དུ་འཆང་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་བྱིན་ལེན་མ་བཤིག་པར་འཇོག་པའོ། །བཞི་བ་མཐར་ཐུག་ནི་སྨན་དེ་ལ་བྱིན་རླབས་མེད་ན་སྤྱི་དུས་ལས་འདས་པར་བྱེད་པ་དང༌། བྱིན་རླབས་ཡོད་ན་རང་དུས་ལས་འདས་པར་བྱེད་པའོ། །སྤྱི་དུས་ལས་འདས་པ་ནི། སྔ་དྲོ་བྱིན་ལེན་བྱས་ན་སྨན་བཞི་པོ་གང་ཡིན་ཡང་སྤྱི་དུས་ཉི་མ་དགུང་ཚིགས་ཡོལ་ན་གསོག་འཇོག་གི་སྤང་བའོ། །ཕྱི་དྲོ་བྱིན་ལེན་བྱས་ན་སྨན་བཞི་པོ་གང་ཡིན་ཡང་སྤྱི་དུས་དགོང་མོ་ཐུན་ཚོད་ཀྱི་མཐའ་ལས་འདས་ན་གསོག་འཇོག་གི་སྤང་བའོ། །སྲོད་ལ་བྱིན་ལེན་བྱས་ན་སྨན་བཞི་པོ་གང་ཡིན་ཡང་སྤྱི་དུས་མཚན་མོ་མཐའི་སྐད་ཅིག་ལས་འདས་ན་གསོག་འཇོག་གི་སྤང་བའོ། །རང་དུས་ལས་འདས་པ་ནི། ཐུན་ཚོད་དུ་རུང་བ་བྱིན་གྱིས་བརླབས་ན། དགོང་མོ་ཐུན་ཚོད་ཀྱི་མཐའ་ལས་འདས་པ་དང༌། ཞག་བདུན་པར་བྱིན་གྱིས་བརླབས་ན་ཞག་བདུན་གྱི་མཚན་མོ་མཐའི་སྐད་ཅིག་འདས་པ་དང༌། འཚོ་བའི་བར་དུ་བཅང་བར་བྱིན་གྱིས་བརླབས་ན་ནད་གསོས་ནས་ཐུན་ཚོད་ཀྱི་ཚིགས་ལས་འདས་ན་གསོག་འཇོག་གི་སྤང་བའོ། །ཊཱི་ཀ་ལས།འཆང་བ་ལ་ལྟུང་བ་འདི་ནི་རྣམ་པར་བཞག་གི་ལོངས་སྤྱོད་པར་བྱེད་པ་ནི་མ་ཡིན་ཏེ། གསོག་འཇོག་བྱས་པ་ཟ་བ་ལ་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བའི་ཕྱིར་རོ། །ཞེས་སོ། །འོ་ན་སོ་སོ་ཐར་བ་ལས། ཡོངས་སུ་ལོངས་སྤྱོད་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། ཊཱི་ཀ་ལས། འཆང་བ་མཚོན་པའི་དོན་དུ་ལོངས་སྤྱོད་པར་བྱེད་ན་ཞེས་གསུངས་པ་ཡིན་ཏེ། འཆང་བ་མེད་པར་ལོངས་སྤྱོད་པར་བྱེད་པ་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་སོ། །ལུང་རྣམ་འབྱེད་ཀྱི་ལྟུང་བ་བསྟན་པ་ལས་ཀྱང་ཉི་མ་བརྒྱད་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་འཆང་བ་ལས་ལྟུང་བར་གསུངས་ཀྱི། ལོངས་སྤྱོད་པ་ལས་ལྟུང་བར་མ་གསུངས་སོ། །གང་འཆང་ན་སྤང་བར་འགྱུར་ཞེ་ན། རྩ་བར། དེའོ་ཞེས་མཚོ་ཊཱིཀ་ལྟར་ན་ཞག་བདུན་པར་བྱིན་གྱིས་བརླབས་པ་དེ་འཆང་ནའོ། །དེ་ཡན་གྱིས་སྤང་བའི་ལྟུང་བྱེད་ཀྱི་རྣམ་པར་བཤད་རྫོགས་སོ།། །།


no previousའདུལ་བའི་སྤྱི་དོན་མཐའ་དཔྱོད་དང་བཅས་པའི་ལེགས་བཤད་ལུང་རིགས་གཏེར་མཛོད།no next