Nitartha Digital Library
Tibetan
གསུང་འབུམ་པོད་བཅོ་ལྔ་པ། བསྟན་པའི་གསོ་སྨན་སོགས།


  expand section
  collapse section
དད་གུས་སྐྱོ་གདུང་དྲག་པོས་གསོལ་བ་བཏབ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
  expand section
   
   
   
   
   


 
previousདད་གུས་སྐྱོ་གདུང་དྲག་པོས་གསོལ་བ་བཏབ་པ། next

དད་གུས་སྐྱོ་གདུང་དྲག་པོས་གསོལ་བ་བཏབ་པ།

དད་གུས་སྐྱོ་གདུང་དྲག་པོས་གསོལ་བ་བཏབ་པ་ཞེས་བྱ་བ་བཞུགས་སོ། །ཐབས་མཁས་ཐུགས་རྗེའི་འོད་ཟེར་བྱེ་བ་ཕྲག་བརྒྱ་ཡིས། །དག་དང་མ་དག་ཞིང་ཁམས་རབ་འབྱམས་གངྒཱའི་ཀླུང༌། །གང་འདུལ་འགྲོ་བའི་ལས་དབང་མཐུན་པར་ངུར་སྨྲིག་གར། །ལེགས་བཤད་གསུང་གིས་འགྲོ་ཡིད་མུན་སེལ་གང་ལ་འདུད། །སྐལ་མེད་བདག་སོགས་བརྩེ་བས་འདོར་ནས་སུ། །མགོན་ཁྱོད་ཞིང་གཞན་བདེ་བར་གཤེགས་གྱུར་པ། །མགོན་མེད་བདག་ཅག་ལེགས་པའི་ལམ་སྟོན་དུ། །རབ་ཏུ་བརྩེ་ཆེན་རྒྱས་པའི་ཀློང་ནས་གཟིགས། །བདག་སོགས་དེང་ནས་ཚེ་རབས་ཀུན་ཏུ་ཡང༌། །ནམ་ཡང་འབྲལ་མེད་ཐུགས་རྗེས་བཟུང་ནས་སུ། །དམ་ཆོས་སྦྲང་རྩིའི་དགའ་སྟོན་འགྱེད་པ་ཡིས། །ཕྱི་མ་བྱང་ཆུབ་ལམ་དུ་དྲངས་བར་ཤོག ། ཅེས་ངག་དབང་དངོས་གྲུབ་དཔལ་གྱིས་དགེ་བའི་བཤེས་གཉེན་ཆེན་པོ་བདེ་ལེགས་རབ་རྒྱས་སྐུ་མྱ་ངན་ལས་འདས་པའི་ཚུལ་གནང་བ་ལ་དད་གུས་སྐྱོ་གདུང་དྲག་པོས་གསོལ་བ་བཏབ་པའོ། །ཚོགས་གཉིས་བྱེ་བའི་ཤིང་རྟས་རབ་དྲངས་ཤིང༌། །དོན་གཉིས་འབྲས་བུའི་ཕ་མཐར་རབ་གཤེགས་པ། །སྐུ་གཉིས་སངས་རྒྱས་བདེན་པའི་མཐུ་ཆེན་གྱིས། །ཡང་སྤྲུལ་གསར་བའི་ཉི་མ་འཆར་དུ་གསོལ། །ཐུབ་པའི་བསྟན་པ་བཤད་སྒྲུབ་ཉི་ཟླ་ཟུང༌། །བསམ་མེད་གཉིས་མེད་རྟོག་མེད་ལ་སོགས་པ། །འགོག་ལམ་རྣམ་བྱང་དམ་ཆོས་དཀོན་མཆོག་གི། །བདེན་པའི་འོད་ཀྱིས་ཡང་སྤྲུལ་མྱུར་མཇལ་ཤོག ། རིག་དང་གྲོལ་བའི་ཡོན་ཏན་ཡོངས་རྒྱས་ཤིང༌། །སྤྱ ན་དང་མངོན་ཤེས་བརྩེ་དང་ནུས་པའི་གཏེར། །དགེ་འདུན་དམ་པ་འཕགས་པའི་བདེན་ནུས་ཀྱིས། །བླ་མ་དམ་པའི་ཡང་སྤྲུལ་འཆར་དུ་གསོལ། །ལུས་ཅན་ཀུན་ཀྱི་བདེ་གཤེགས་སྙིང་པོའི་དབྱིངས། །ལྷན་ཅིག་སྐྱེས་པའི་བདེ་སྟོང་འཁོར་ལོ་ཆེ། །རང་བཞིན་འོད་གསལ་དུས་ཀྱི་འཁོར་ལོ་མཆོག ། དབྱེར་མེད་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །མཚོ་དབུས་གྲུ་ཞིག་ལྟ་བུའི་སློབ་ཚོགས་ཀྱི། །མགོན་མེད་ཉམ་ཐག་སྐལ་དམན་བདག་ཅག་གིས། །བུ་ངག་སྐྱོ་བའི་ཕ་ལ་འབོད་པ་ན། །ཡབ་རྗེ་བླ་མའི་སྙན་གསན་མཛད་དུ་གསོལ། །བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་སྐུ། །སྟོང་གཟུགས་འཁོར་ལོ་སྒྱུ་འཕྲུལ་རོལ་བའི་གར། །རྡོ་རྗེ་ཐེག་པའི་བདེན་མཐུ་མི་བསླུ་བས། །ལུས་ཅན་དཔལ་དུ་ཡང་སྤྲུལ་མྱུར་འབྱོན་ཤོག ། ཐུབ་བསྟན་མཁའ་ཡི་ཆོས་ཀྱི་འོད་ཟེར་མཆོག ། གདུལ་བྱའི་བསོད་ནམས་ནུབ་རིར་ཡིབ་ནའང༌། །ལས་སྐལ་མཐུན་པའི་ཤར་ཀྱི་ས་འཛིན་སྤོར། །ར་རི་མེད་པར་སླར་ཡང་འབྱོན་དུ་གསོལ། །སྐྱོ་ངག་འབོད་པའི་མྱ་ངན་སྨག་རུམ་ནས། །སྐྱོ་གདུང་སེམས་ཀྱིས་མཆི་མའི་ཆབ་རྒྱུན་འདི། །གང་ལ་རེ་བའི་ཕ་ཡིས་མ་དགོངས་ན། །གདུང་བའི་མྱོང་བ་ནམ་ཡང་བསལ་དུ་མེད། །དེ་ལྟར་བཅོས་མིན་སྙིང་གི་ཁུང་བུ་ནས། །གསོལ་བཏབ་སྨོན་པའི་མྱ་ངན་འབོད་པ་འདི། །ཕ་གཅིག་བླ་མས་ཐུགས་རྗེའི་ཀློང་ཡངས་ལ། །རྣམ་པར་འདྲེས་ཏེ་འབྲས་བུ་སྨིན་པར་ཤོག ། གསང་མཐའ་སྤྲུལ་བའི་སྐུ་ཐུབ་བསྟན་ཆོས་ཀྱི་འོད་ཟེར་རེ་ཞིག་མྱ་ངན་ལས་འདས་པའི་ཚུལ་མཛད་སྐབས་མཁན་འཇམ་དབྱངས་བསྟན་པ་དང་གུ་རུ་སོགས་ཆོས་ཚན་གསུམ་པས་སྤྲུལ་སྐུ་མྱུར་བྱོན་ཀྱི་སྨོན་ཚིག་ཞིག་དགོས་ཞེས་བསྐུལ་ངོར་ངག་དབང་དངོས་གྲུབ་དཔལ་གྱིས་དད་གུས་ཀྱིས་རྩེ་གཅིག་ཏུ་གསོལ་བ་འདེབས་པའོ། །སརྦ་མངྒ་ལཾ། ཐོས་པའི་སྒྲོན་མེས་མ་རིག་སྨག་རུམ་བསལ། །ཟབ་མོའི་གནས་ལ་ཆོས་ཀྱི་འོད་སྟོང་འབར། །གཞུང་ལུགས་གདམས་པར་ཤར་བའི་སྒྲུབ་པ་ཡིས། །དོན་གཉིས་མཐར་ཕྱིན་ཆོས་སྐུའི་སར་གནས་ཤོག ། སྐྱེ་བ་འདི་ནས་ཚེ་རབས་ཀུན་ཏུ་ཡང༌། །བསྟན་དང་འགྲོ་བའི་ཁུར་ཆེན་འཁུར་བ་ཡི། །གཞན་དོན་སྒྲུབ་ལ་སྤྲོ་བརྒྱས་བརྩོན་པ་ཡི། །འབད་པ་ནམ་ཡང་ཉམས་པ་མེད་པར་སྨོན། །མཆོག་གསུམ་ལས་འབྲས་བསླུ་མེད་བདེན་མཐུ་ཡིས། །དད་དང་དམ་ཚིག་འགྱུར་བ་མེད་པ་ཡི། །སྐལ་བཟང་འདུལ་བྱའི་ཚོགས་ཀྱི་རྒྱུད་སྨིན་ནས། །བྱང་ཆུབ་བར་དུ་མི་འབྲལ་མཉམ་གནས་ཤོག ། ཅེས་པ་འདི་ཡང་ངག་དབང་དངོས་གྲུབ་དཔལ་ནས། སྣང་སྲིད་དབང་སྡུད་པདྨ་འབྱུང་གནས་སྐུ། །ནག་ཕྱོགས་གཤེད་དུ་དགྲ་བླའི་སྐུར་བཞེངས་པ། །སེང་ཆེན་སྐྱེས་བུ་གེ་སར་འཁོར་བཅས་ཀྱིས། །བསམ་དོན་ཀུན་གྲུབ་མི་མཐུན་གཡུལ་ངོ་ཟློགས། །འདོད་སྡང་གཏི་མུག་གཡོ་སྒྱུའི་ཆོ་འཕྲུལ་གྱིས། །འཇིག་རྟེན་བསམ་པ་ཡོངས་སུ་རྫོབ་བྱེད་ཚེ། །སྐྱེས་མཆོག་དགྲ་བླ་དཔའ་བརྟུལ་འཁོར་བཅས་ཀྱིས། །འགྲོ་དོན་ཐུགས་རྗེ་བླ་ལྷག་དཔུང་བསྐྱེད་མཛོད། །སྔགས་འཆང་རྡོ་རྗེ་བཟང་བོས་བསྐུལ་ངོར་དངོས་གྲུབ་དཔལ་གྱིས་༢༠༡༨་༧་༢༩་ཉིན་བྲིས་པའོ། །གསོལ་འདེབས། ཐུབ་བསྟན་ཆོས་ཚུལ་རྒྱུ་སྐར་བྱེ་བའི་དབུས། །ཉི་མའི་གཟི་ལྟར་ཀུན་ནས་མངོན་མཐོ་བའི། །དུས་ཀྱི་འཁོར་ལོའི་རྣལ་འབྱོར་མཆོག་གྱུར་བ། །བསྟན་འགྲོའི་གསོས་གྱུར་བླ་མར་གསོལ་བ་འདེབས། །འདི་ཡང་བླ་མ་བསམ་གཏན་རྒྱ་མཚོ་དང་སྤྲུལ་དཀོན་མཆོག་བཟང་གཉིས་ཀྱིས་བསྐུལ་ངོར་ངག་དབང་དངོས་གྲུབ་དཔལ་གྱིས་བྲས་པའོ། །

རྗེས་དྲན་སྐོར།

རྗེས་དྲན་སྐོར།

རྒྱལ་བ་བློ་བཟང་གྲགས་པ་རྗེས་སུ་དྲན་པ། ཟབ་མོའི་ལྟ་བ་ཟླ་བ་ཇི་བཞིན་གསལ་བར་འགྲོ་ལ་བཤད། །སྒོམ་པ་བྱིང་རྒོད་བྲལ་བའི་ཞི་ལྷག་ཟུང་དུ་འཇུག་པའི་ལམ། །མདོ་སྔགས་སྤྱོད་པ་འགལ་མེད་གྲོགས་སུ་ལག་ལེན་ཇི་བཞིན་མཛད། །ལྟ་སྒོམ་སྤྱོད་གསུམ་རྣམ་དག་མཉམ་མེད་ཙོང་ཁ་བ་ལ་གུས། །བསྟན་པའི་གནད་ཀུན་མཁྱེན་པའི་ཤེས་རབ་ཉིན་བྱེད་དབང༌། །འགྲོ་ལ་བརྩེ་བས་ལུང་རིགས་འབུམ་གྱིས་ཞིབ་པར་འཆད། །སྐལ་ལྡན་ཡིད་ཀྱི་མུན་པ་སེལ་ནུས་གྲུབ་རྟགས་བསྟན། །བདག་ནི་ཁྱེད་ཀྱི་མཛད་ཀུན་སྙིང་ནས་དད་ཅིང་གུས། །དགའ་ལྡན་ལྔ་མཆོད་ཀྱི་དུས་བཟང་ལ་རིས་མེད་པ་ངག་དབང་དངོས་གྲུབ་དཔལ་ནས་རྗེ་བཙུན་རྒྱལ་བ་བློ་བཟང་གྲགས་པའི་ལྟ་སྒོམ་སྤྱོད་གསུམ་དང་མཁྱེན་བརྩེ་ནུས་གསུམ་ཁྱད་པར་དུ་འཕགས་པ་ལ་རྗེས་སུ་དྲན་པའི་གུས་ཕྱག་བཅས་ཏེ་ཕུལ། གངས་ལྗོངས་ལ་ལྷག་པར་བཀའ་དྲིན་ཆེ་བ་སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་མཆོག་རྗེས་སུ་དྲན་པ་ཏམྦུ་རའི་སྒྲ་དབྱངས། རིག་སྟོང་ཆོས་སྐུའི་ངང་ལས་ཉེར་འཕོས་པ། །མཚན་དཔེའི་ཁོ་ལག་རྫོགས་པ་ཟླ་བྲལ་བ། །ལྷ་སྲིན་འདུལ་ལ་ཐོགས་མེད་རྫུ་འཕྲུལ་མངའ། །པདྨ་སཾ་བྷ་བ་ལ་མགོས་ཕྱག་འཚལ། །དེ་ཡང་གངས་རི་ར་བས་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་བསིལ་ལྗོངས་འཛིན་མའི་ལྟེ་བར་གཞིས་ཆགས་ཤིང་གནས་འཆའ་བའི་ཁ་བ་བོད་པའི་ལྗོངས་ཞེས་ཡོངས་སུ་གྲགས་པའི་གནས་མཆོག་འདིར་གནའ་ནས་ད་བར་དུ་རིག་གནས་ཀྱི་ཉིང་བཅུད་སྦྲུམ་པའི་མཁས་དང་གྲུབ་པ་བརྙེས་པའི་སྐྱེས་བུ་བགྲང་ལས་འདས་པ་ཞིག་བྱོན་པ་ཡིན། ལྷག་ཏུ་སྔ་འགྱུར་བསྟན་པའི་ཀ་ཆེན་འདེགས་མཁན་རྒྱལ་བའི་ལུང་གིས་མངོན་པར་ཟིན་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ་སྲིད་པ་གསུམ་ན་མངོན་པར་འཕགས་པའི་སྐྱེས་བུ་ཆེན་པོ་གང་ནི་ཨོ་རྒྱན་གྱི་ཡུལ་དུ་མེ་ཏོག་ཕྲེང་བ་འཛིན་ཞེས་བྱ་བའི་སྲས་སུ་མཚན་དཔེའི་མེ་ཏོག་གསར་དུ་བཞད། ཆེར་ལོངས་པ་ན་རིག་པའི་གནས་ཕྲ་མོ་ཐམས་ཅད་ལ་ཚེགས་མེད་པར་བློ་གྲོས་བྱང་བར་གྱུར་ཅིང༌། འདུལ་བ་འཛིན་པ་ཞིག་ལས་སྐྱབས་འགྲོ་དང་བསླབ་པའི་གཞི་ལྔ་བླངས་མངོན་པ་དང་མདོ་སྡེའི་གཞུང་ལུགས་མང་དུ་གསན། སློབ་དཔོན་སྔགས་མཁན་ཤནྟི་རཱུ་པ་ཞེས་པ་ལས་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་གྱི་དབང་ཞུས་པ་དང༌། སྤྱན་རས་གཟིགས་དང་གཉིས་སུ་མེད་པ་སུ་ཁ་དེ་བ་ཞེས་པའི་གྲུབ་བརྙེས་སོགས་ཀྱི་མདུན་ནས་གསང་སྔགས་ནང་གི་གདམས་པའང་ཐོབ་པར་བྱས་སོ། །དེ་ནས་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བའི་ཚེ་བདུད་ཀྱིས་བར་ཆད་ཀྱི་ཆོ་འཕྲུལ་སྣ་ཚོགས་བྱས་ཀྱང་འོད་དཔག་མེད་པས་མནལ་ལམ་དུ་ལུང་བསྟན་པ་དང་ཁྲོ་བོའི་རྒྱལ་བོ་རྟ་མགྲིན་ཡང་གཟིགས། མཁའ་འགྲོ་མ་དང་འབྱུང་བོ་མང་བོ་བྲན་དུ་འཁོལ་བ་སོགས་བར་ཆད་མཐའ་དག་དབྱིངས་སུ་ཡལ་ཏེ་ཐུན་མོང་གི་དངོས་གྲུབ་སྣ་ཚོགས་བསྒྲུབས་སོ། །དེ་རྗེས་ཡང་མནལ་ལམ་དུ་འོད་དཔག་མེད་པས་འོན་ཀྱང་འདི་ཙམ་གྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་ཐོབ་པས་ཁྱོད་ཀྱི་ལས་འབྲེལ་ཡོད་པའི་སློབ་དཔོན་སངས་རྒྱས་དཔལ་ཡེ་ཤེས་ཡིན་པས་དེས་བསྟན་པ་བཞིན་དུ་སྒོམས་ཤིག་ཞེས་ལུང་བསྟན་བྱུང༌། མ་ག་དྷར་བྱིན་ནས་གྲུབ་བརྙེས་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་མཁན་པོ་མཛད་ནས་དགེ་འདུན་ཕལ་ཆེན་སྡེ་པའི་སྡེ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་དོ། །དེ་ནས་འདུལ་བ་འཛིན་པ་ཞིག་ལ་འདུལ་བ་འབུམ་སྡེ་ལན་གཅིག་གསན་པས་འདུལ་བའི་དོན་རྣམས་ཐུགས་སུ་ཆུད་པར་མཛད། དུས་དེར་སངས་རྒྱས་ཡེ་ཤེས་ཞབས་ལ་ཤེར་ཕྱིན་གསན་པས་ལྟ་བ་ནམ་མཁའ་དང་མཉམ་པར་གྱུར། ཡང་སངས་རྒྱས་ཡེ་ཤེས་ལ་འདུས་པ་དང༌། སྒྱུ་འཕྲུལ་དྲྭ་བ་དང༌། ཟླ་གསང་ཐིག་ལེ་སོགས་རྒྱུད་དང་མན་ངག་མཐའ་དག་གསན་ནོ། །སངས་རྒྱས་ཡེ་ཤེས་ཀྱིས་ཞལ་བཀོད་མཛད་པ་ལྟར་བསྐྱེད་རྫོགས་ཟུང་འཇུག་གི་སྒྲུབ་པ་ཆེན་པོ་ཉམས་སུ་བླངས་པས་ཕྱོགས་བཅུའི་སངས་རྒྱས་མང་བོ་ཞལ་གཟིགས་ཤིང་གསུང་འདྲི་བར་བྱུང༌། མི་རིང་བ་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་གོ་འཕང་ཐོབ། རྡོ་རྗེའི་སྐུ་མངོན་དུ་བྱས་སོ། །དེ་ལྟར་རང་དོན་ཆོས་སྐུའི་རྟོགས་པ་མངོན་དུ་བྱས་ཏེ་གཞན་དོན་འཕྲིན་ལས་མཛད་ཚུལ་ཡང༌། བཅུད་ལེན་སྨན་སོགས་ཀྱིས་གཞན་གྱི་ཚེ་བསྲིང་བ་དང༌། ལོངས་སྤྱོད་རྒྱས་པར་མཛད་པ་དང༌། ཆུ་མེད་པ་རྣམས་སུ་ཆུ་དབྱུང་བ་དང༌། ཆུ་ཆེ་བ་ས་འོག་ཏུ་འཇུག་པ་སོགས་ཐུན་མོང་སྣང་ངོར་ལ་ཡང་གནས་སྐབས་ཀྱི་ཕན་པ་སྣ་ཚོགས་མཛད་དོ། །མཁན་པོ་བོ་དྷི་ས་ཏྭའམ་ཞི་བ་འཚོའི་ཐུགས་བཀོད་ལྟར་སློབ་དཔོན་རིན་པོ་ཆེ་བོད་ཡུལ་དུ་སྤྱན་དྲངས་ནས་བོད་ཡུལ་འདིར་འདྲེ་གདུག་པ་ཅན་གྱི་གང་བ་ལ་མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ་ཀྱིས་འདྲེ་སྲིན་ཀུན་བཏུལ་ནས་བོད་ཡུལ་ལ་ཐུགས་རྗེས་འོད་སྟོང་གི་ཉི་མ་ཤར་བར་མཛད་དོ། །དེ་ཡང་སློབ་དཔོན་ཆེན་པོ་འདི་ནི་གཙོ་བོར་མི་མ་ཡིན་འདུལ་བའི་ཕྲིན་ལས་བསམ་མི་ཁྱབ་པ་ཅན་ཡིན་པས་ལམ་བར་དུ་ཡར་ལྷ་ཤམ་པོ་དང་ཐང་ལྷ། བསྟན་མ་བཅུ་གཉིས་སོགས་ལྷ་སྲིན་དཔག་ཏུ་མེད་པ་བཏུལ་ཏེ་བོད་ཡུལ་དུ་ཕེབས། རྒྱལ་བོའི་ལྷ་ཁང་གི་ས་འདུལ་མཛད་པ་དང༌། རྒྱལ་བོ་དང་འབངས་སྐལ་ལྡན་མང་བོ་རྣམས་ལ་ཀྲི་ཡ་དང༌། གསང་སྔགས་ནང་གི་དབང་བསྐུར་བར་མཛད། རྗེ་འབངས་སྐལ་ལྡན་མང་བོ་ལ་མན་ངག་ལྟ་བའི་ཕྲེང་བ་གསུངས། རྡོ་རྗེ་རྣམ་འཇོམས་དང༌། ཕུར་བུ་འབུམ་སྡེ་དང༌། གཞན་ཡང་སྒྲུབ་ཐབས་མན་ངག་ཅི་རིགས་པ་བསྟན་པ་སོགས་ཆོས་སྤྱོད་ཀྱི་བྱ་བ་རྒྱ་ཆེར་བྱས་སོ། །དེ་ནས་ལྷོ་ནུབ་སྲིན་པོའི་ཡུལ་དུ་བྱོན་པར་ཐུགས་དགོངས་བཏང་ནས་རྗེས་འཇུག་གི་སློབ་མ་རྣམས་ལ་ལྟ་སྤྱོད་ཀྱི་ཉམས་ལེན་བྱེད་པར་གདམས་ངག་གནངས་ཏེ་སྨོན་ལམ་རྒྱ་ཆེར་བཏབ། གློ་བུར་དུ་ཡར་ལ་གཤེགས་ཏེ་ཡར་ལམ་རུ་ལག་བརྒྱུད་ནས་ཕེབས། ཆིབས་ཁྲིད་པ། ལོ་སྟེ་དགུ་སྣ་གོང་དང༌། ཞང་ཉང་བཟང་ཞེས་བྱ་བ་བློན་པོ་དད་པ་ཅན་གྱིས་མང་ཡུལ་བར་དུ་སྐྱེལ། དེའི་ཚེ་ལྷོ་ནུབ་མཚམས་སུ་སྲིན་པོ་འདུལ་དུ་འགྲོ་གསུངས་ནས་ཆིབས་ཀྱི་ཁ་ནས་ནམ་མཁའ་ལ་འཕུར་ཏེ་སྤྲིན་གསེབ་ནས། ཡར་ཆོས་གོས་སྤུར་རེ་གསེག་ཤིང་ཁྲོལ་ལེ་བཞུད་པར་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང་བ་སོགས་ངོ་མཚར་མཛད་པ་རྒྱ་མཚོ་ཆེན་པོ་ལས་རེ་ཞིག་དད་པའི་ས་བོན་དང་རྗེས་དྲན་ཙམ་གྱི་ཆེད་དུ་ཉུང་བསྡུས་སུ་བརྗོད་པའོ། །དེ་ལྟར་བརྗོད་པ་ནི་ཐམས་ཅད་མཁྱེན་པ་ཏཱ་ར་ན་ཐས་མཛད་པའི་སློབ་དཔོན་པདྨའི་རྣམ་ཐར་ཡིད་ཆེས་གསུམ་ལྡན་ལྟར་རོ། །དེ་ནས་སྤྲུལ་བ་སྣ་ཚོགས་ཀྱི་སྒོ་ནས་བོད་ཁམས་འདིར་རྒྱལ་བསྟན་སྤེལ་བ་དང་འགྲོ་རྣམས་འཁོར་བའི་འདམ་ལས་དྲང་བར་མཛད་པ་ཡིན་ཏེ། བོད་ཡུལ་དུ་ཕེབས་པའི་ཇོ་བོ་རྗེ་དཔལ་ཨ་ཏི་ཤ་དང༌། ཀརྨ་པ་དང༌། ས་སྐྱ་པཎ་ཆེན་དང༌། ཇོ་ནང་ཀུན་མཁྱེན་དོལ་པོ་པ་དང༌། རྗེ་བློ་བཟང་གྲགས་པ་སོགས་ཀྱི་ངུར་སྨྲིག་གར་གྱི་རྣམ་པར་རོལ་བ་ཡིན་པས་སོ། །དེ་ཡང་བཀའ་བསྡུས་ལས། ཇི་སྐད་དུ། དེ་དུས་ང་ཡི་སྤྲུལ་བ་ས་སྐྱ་ཞེས༔ སྟོད་ཀྱི་ཕྱོགས་སུ་ཡབ་མིང་འཇམ་དཔལ་དང༔ ཡུམ་མིང་སྒྲོལ་མ་ཞེས་བྱའི་སྲས་སུ་འཁྲུངས༔ འགྲོ་མགོན་འཕགས་པ་ཀུན་དགའ་རྒྱལ་མཚན་ཞེས༔ ང་ཡི་ལྷ་ཁང་རྣམས་ལ་ཞིག་གསོས་བྱེད༔ གསང་སྔགས་བསྟན་པ་དར་ཞིང་རྒྱས་པར་བྱེད༔ ཅེས་དང༌། ཀུན་མཁྱེན་ཉ་དབོན་ཀུན་དགའ་དཔལ་གྱི་ཞལ་སྔ་ནས། སྤོས་ངད་ལྡན་ན་ཆོས་འཕགས་སེམས་དཔའ་ཆེ། །ལྷ་ལྡན་གྲོང་དུ་སྲོང་བཙན་སྒམ་པོ་སྟེ། །རྔ་ཡབ་གླིང་ན་པདྨ་འབྱུང་གནས་དཔལ། །ཤེས་རབ་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ། །ཞེས་དང༌། བཀའ་བསྡུས་ལས། ཐུབ་པའི་ལུང་བསྟན་མདོ་ཁམས་སྒང་ཞིག་ཏུ༔ ཨ་ཏི་ཤཱ་ཡི་སྤྲུལ་བ་བློ་བཟང་གྲགས༔ སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་འཆར༔ ཞེས་སོགས་གསུངས་སོ། །བོད་འདིར་བཀའ་དྲིན་ཆེས་ཆེར་ཆེ་བ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཆོག་གི་རྗེས་སུ་དྲན་པ་ཏམྦུ་རའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི་མཆོག་སྤྲུལ་ཚེ་རིང་རྡོ་རྗེའི་ཐུགས་བཀོད་ལྟར་ཧི་མ་ལའི་རིག་མཛོད་ཀྱིས་སློབ་དཔོན་པད་མ་འབྱུང་གནས་ཀྱི་རྣམ་ཐར་སྟོང་ཐང་འགྲུབ་པ་ལ་ཉེ་བའི་ཆར་སློབ་དཔོན་རིན་པོ་ཆེའི་རྗེས་དྲན་ཞིག་དགོས་ཞེས་བསྐུལ་བ་ལྟར་ངག་དབང་དངོས་གྲུབ་དཔལ་གྱིས་དད་གུས་ཀྱི་སྒོ་ནས་བྲིས་པའོ། །སརྦ་མངྒ་ལཾ། དཔལ་ལྡན་སྐུ་གསུམ་གསང་བའི་རྒྱ་མཚོ་ཆེ། །སྐལ་ལྡན་འཇུག་ངོགས་ཀླུ་དབང་རོལ་བའི་གནས། །མཐའ་ཡས་ཡོན་ཏན་རིན་ཆེན་གཏེར་དུ་གྲུབ། །གང་གི་མཛད་འཕྲིན་འོད་སྣང་ཆེར་འབར་བ། །ཐུགས་རྗེས་རྣམ་སྤྲུལ་བྱེ་བ་ཕྲག་བརྒྱ་ཡི། །ཞིང་ཁམས་རབ་འབྱམས་ཆུ་ཀླུང་ཟླ་བརྙན་ལྟར། །གང་ལ་གང་འདུལ་སྤྲུལ་བའི་འོད་སྟོང་གསལ། །བསྟན་འགྲོའི་དོན་ཆེན་མཛད་ལ་གུས་ཕྱག་བགྱི། །རྨད་བྱུང་བརྩེ་བས་དུས་ལས་ཡོལ་མེད་པར། །སླར་ཡང་བསམ་འགྲུབ་གླིང་དུ་སྐྱེ་བའི་སྤྲུལ། །མཛད་བཟང་འཆད་རྩོད་རྩོམ་ལ་དབང་འབྱོར་བ། །གཞོན་ནུ་ཉི་མ་གསར་བ་འཆར་བར་སྨོན། །ཞེས་མཁན་ཆེན་དམ་པ་དཔལ་ལྡན་རྒྱ་མཚོའི་རྗེས་དྲན་དུ་གང་གི་ཆོས་གྲོགས་དངོས་གྲུབ་དཔལ་ནས་གུས་ཕུལ།

རྫོགས་པ་ཆེན་པོའི་རྣལ་འབྱོར་བ་མུན་སེལ་མཆོག་རྗེས་སུ་དྲན་པ།

རྫོགས་པ་ཆེན་པོའི་རྣལ་འབྱོར་བ་མུན་སེལ་མཆོག་རྗེས་སུ་དྲན་པ།

གང་ཐུགས་མཁྱེན་གཉིས་ཆུ་ཤེལ་ཆ་རྫོགས་པ། །རི་བོང་འཛིན་པས་འོད་དཀར་སྤྲོ་བ་ན། །ཡུན་རིང་གབ་པའི་སྙིང་གི་མུན་པ་ཡང༌། །ལྷག་མེད་སེལ་བའི་བཤེས་གཉེན་མཆོག་དེ་རྒྱལ། །གནས་ངན་ཀུན་ཟད་ཟུང་འཇུག་རོལ་བའི་དཀྱིལ་འཁོར་འཁོར་ལོའི་མགོན་པོ་ཁྱེད། །ཐུགས་རྗེས་རབ་བསྐུལ་སྒྱུ་འཕྲུལ་དྲྭ་བས་གང་འདུལ་ཞིང་ལ་སྣ་ཚོགས་གར། །མཐའ་ཡས་ལེགས་སྟོན་རྒྱལ་བའི་གདུང་འཚོབ་བརྟན་ཞིང་མཁས་པའི་ཚངས་སྤྱོད་ཁྱེད། །ཆུ་བུར་མིག་གི་ཕ་རོལ་གཤེགས་ཀྱང་དད་པའི་སེམས་སུ་ལྷམ་མེར་བཞུགས། །རྒྱ་མཚོའི་འཇིངས་ཀྱིས་མི་བསྒྲུན་པའི། །ཁྱེད་ཐུགས་འོ་མའི་ཆུ་གཏེར་ལ། །བཅའ་སྡོད་རེ་བའི་ལུས་ཅན་དག། མྱ་ངན་ཐང་ནས་མཆི་མ་དཀུ། །དད་གདུང་འདུན་པའི་སྐུལ་བྱེད་ཀྱིས་བསྒུལ་ཏེ། །འགྲོ་བའི་མུན་སེལ་བཤེས་གཉེན་ཞཻས་འབོད་པའི། །གྲེ་བ་འགགས་པའི་འོ་དོད་ང་རོ་དེ། །ཁྱེད་སློབ་གདུང་བའི་གཏམ་དུ་མ་དགོངས་སམ། །གངས་ཅན་ལྗོངས་སུ་སྡིག་སྤྱོད་སྤྲིན་གྱིས་རབ་བསྒྲིབས་ཏེ། །ཡིད་ཅན་སེམས་སུ་སྒྱུ་ཐབས་ཐན་གྱིས་འགེངས་བ་ན། །ཁྱེད་ཞབས་འཁོར་ལོ་སླར་ཡང་ཕེབས་པའི་སྨོན་ལམ་ནི། །མྱ་ངན་ཅན་དང་དཔྱོད་ཤེས་དག་གི་འདུན་པ་ལགས། །མང་དུ་ཐོས་པའི་མཁས་པ་ཚངས་པར་སྤྱོད་པའི་བཙུན་པ་མངོན་པར་རྟོགས་པའི་བཟང་བའི་འབྲས་བུ་ཐམས་ཅད་གཅིག་ཏུ་བསྡུས་པ་༧མཁན་མུན་སེལ་རིན་པོ་ཆེའི་རྗེས་དྲན་དུ་ཡིད་ཆེས་སྐྱོ་གདུང་དང་བཅས་ཏེ་དངོས་གྲུབ་དཔལ་གྱིས་གུས་པས་ཕུལ་བའོ། །

མཁན་ཆེན་རྡོ་རྗེ་འཆང་ངག་དབང་བློ་བཟང་འཕྲིན་ལས་རྗེས་སུ་དྲན་པ།།

མཁན་ཆེན་རྡོ་རྗེ་འཆང་ངག་དབང་བློ་བཟང་འཕྲིན་ལས་རྗེས་སུ་དྲན་པ།

ཡོན་ཏན་ཀུན་གྱི་གཞིར་གྱུར་ཞིང༌། །བྱིན་རླབས་དངོས་གྲུབ་རྩ་བ་སྟེ། །བླ་མ་མཆོག་དེར་གུས་བཏུད་ནས། །གང་ཞིག་རྗེས་སུ་དྲན་པར་བྱ། །བསྟན་པའི་གཞི་མ་སོ་སོར་ཐར་བ་ཡི། །གནང་བཀག་སྒྲུབ་པའི་བཅས་མཚམས་མ་ལུས་ལ། །ཞི་དུལ་བག་ཡོད་ཁྲིམས་ཀྱིས་ལེགས་བསྡམས་པ། །འདུལ་བ་འབུམ་སྡེའི་བདག་པོ་གནས་བརྟན་ཆེ། །མི་རྟག་ཕྲ་རགས་འཁོར་བའི་ཉེས་དམིགས་དང༌། །ལས་འབྲས་བསླུ་མེད་དགེ་སྡིག་བླང་དོར་རྣམས། །རྟག་ཏུ་འདོམས་ཤིང་ཚེ་འདིའི་འདུན་མ་ལ། །ཐུགས་ཡིད་གཏིང་ནས་ཞེན་པའི་འཁྲི་བ་བྲལ། །བཞེངས་བཞུགས་གཟིམ་ཕེབས་སྤྱོད་ལམ་རྣམ་བཞི་ལ། །དྲན་ཤེས་བརྟན་པོ་ལན་གཅིག་ཙམ་མིན་པར། །ཤུགས་འབྱུང་ཟིན་པའི་རྣམ་པ་དེ་ཉིད་ཀྱིས། །གཟུར་གནས་དཔྱོད་ལྡན་མོས་པ་འཕེལ་བར་འགྱུར། །བྱེ་མདོ་རྣམ་རིག་ཐལ་རང་ལ་སོགས་ཀྱི། །དགག་བྱའི་ཚུལ་ལ་གོ་བབ་ཙམ་མིན་པར། །ཡིན་མིན་ངེས་ཐག་སོམ་ཉི་བྲལ་བ་ཡི། །སྟོང་ཉིད་ཚུལ་ལ་མཁས་པའི་མཁས་པ་མཆོག ། གང་ཞིག་སྟོང་དང་རྟེན་འབྱུང་ཟབ་མོ་ཡི། །ཟུང་འཇུག་སྒྱུ་མར་ཤེས་པའི་རྣལ་འབྱོར་བ། །འདི་ཡིན་ཞེས་བྱར་སུ་ལ་སྨྲ་དགོས་ན། །དེ་ནི་ཐེ་ཚོམ་བྲལ་བར་ཁྱེད་ཉིད་འོས། །ཐ་མལ་སྣང་ཞེན་དྲི་མ་སྦྱོང་བའི་ལམ། །ལྷ་སྔགས་དཀྱིལ་འཁོར་ཏིང་འཛིན་གཡོ་མེད་ཀྱི། །བསྐྱེད་པའི་རིམ་པར་གོམས་མྱོང་རྩེར་སོན་ཞིང༌། །གྲུབ་པའི་མཚན་མ་ཐོགས་མེད་མངའ་བ་ཅན། །མ་བཅོས་རང་བབ་སེམས་ཀྱི་རང་མདངས་ལས། །སྣང་ཆ་འོད་གསལ་གཟུགས་སྐུ་འབྱམས་ཀླས་ཤིང༌། །བདེ་ཆེན་ཉམས་བརྒྱའི་སྣང་བ་རབ་འབར་བ། །རྡོ་རྗེ་འཆང་ཆེན་མི་ཡི་ཤ་ཚུགས་ཅན། །ཡི་དམ་ལྷ་ཡི་ཞལ་མཇལ་བྱིན་རླབས་གནང༌། །སྣང་སྲིད་ལྷ་འདྲེས་བྲན་དུ་ཁས་བླངས་བྱས། །ཆོས་སྲུང་རྣམས་ཀྱིས་འཕྲིན་ལས་མངོན་སུམ་སྒྲུབ། །གསང་གསུམ་ཡོན་ཏན་འཛད་པ་མེད་པའི་བདག ། མི་ནག་ཁྱིམ་པར་སྡིག་སྤངས་དགེ་སྒྲུབ་དང༌། །སྣང་མཐའ་ཡས་པའི་ཞིང་ཁམས་སྒྲུབ་པ་ཡི། །འཕྲིན་ལས་སྤེལ་བའི་ཐུགས་རྗེའི་རང་གཟུགས་ཁྱེད། །སྐལ་དམན་རྣམས་ཀྱི་གཉེན་དང་དཔུང་གཅིག་ཉིད། །བསྟན་པའི་མེ་རོ་སླར་ཡང་གསལ་བ་ན། །གཞུང་ཆེན་གླེགས་ཐག་ཁྱེད་ཀྱིས་དཀྲོལ་མིན་ན། །ཉན་བཤད་སློབ་པའི་རྣམ་པ་ཙམ་ཞིག་ཀྱང༌། །ཆེན་པོར་རློམས་པ་ཕལ་གྱིས་བྱས་པ་མེད། །སྐུ་ལ་འདོད་ཆུང་ཞི་བའི་རང་རྟགས་དོད། །གསུང་ལ་སྡེ་སྣོད་གསུམ་གྱི་ཆོས་སྒྲ་གྲགས། །ཐུགས་ལ་ཐུན་མོངས་ཐུན་མིན་ལམ་གྱིས་ཕྱུག ། དམ་པའི་ནང་གི་དམ་པ་ཟླ་བྲལ་བ། །སྡུག་བསྔལ་འགྲོ་འདི་བརྩེ་བའི་རབ་བཟུང་ནས། །ཁྱེད་ཞབས་འགྲོ་དོན་དུས་སུ་སྨིན་པ་ན། །བདག་ཀྱང་ཐུགས་རྗེའི་གྲིབ་བསིལ་ལ་བརྟེན་འདིས། །ཡིད་ལ་འཚེངས་བའི་བསམ་པ་རྟག་ཏུ་འབྱུང༌། །ཆོས་མིན་སྤྱོད་པའི་ས་འདི་རབ་གཙེས་ཤིང༌། །སྐྱབས་སུ་རེ་རྣམས་སྐྱབས་མིན་འདི་མཐོང་ཚེ། །ཁྱེད་ཀྱི་སྒོ་གསུམ་རྣམ་པར་ཐར་བ་ལ། །དྲན་གདུང་དད་པ་འགོག་མེད་ལྷག་ཏུ་མཆེད། །རྡོ་རྗེ་འཆང་དང་བསྟན་འགྲོའི་གཉེན་གཅིག་དང༌། །སངས་རྒྱས་ཀུན་དངོས་རིགས་ཀྱི་བདག་པོ་སོགས། །མཚན་གྱི་ཐོག་ཏུ་དད་པའི་རབ་སྦྱར་ཏེ། །བློ་བཟང་འཕྲིན་ལས་ཞེས་སུ་འབོད་ཀྱིན་ཡོད། །ཡིད་ཀྱི་མཁའ་ལ་ཁྱེད་སྐུ་ཤར་ནས་ཡོན་ཏན་དྲན་པའི་ཆུ་འཛིན་ལས། །གསོལ་འདེབས་སྦྲང་ཆར་ཤག་ཤག་འབབ་པས་རྟག་ཏུ་འབུས་པའི་དད་དམ་ལ། །གཡོ་ཟོར་བཅོས་མས་བསླད་པ་མེད་པར་ཉིན་མཚན་ལྟོས་མེད་རྗེས་དྲན་ན། །ཞབས་ཟུང་འཁོར་ལོ་ཚེ་རབས་ཕྲེང་བར་གཙུག་གི་ཏོག་ཏུ་ཐོབ་པར་ཤོག ། ཅེས་དཔལ་ལྡན་བླ་མ་དམ་པ་མཁས་བཙུན་བཟང་པོའི་ཡོན་ཏན་མ་ལུས་པའི་བདག་ཉིད་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་རང་བྱན་ཆུད་པ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་བཀའ་དྲིན་འཁོར་མཐའ་དང་བྲལ་བ་རྗེ་མཁན་ཆེན་༧བློ་བཟང་འཕྲིན་ལས་དཔལ་བཟང་པོའི་སྡེ་གང་ཉིད་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་རྗེས་དྲན་དུ་ཚིག་དོན་གཉིས་ཅར་ལ་བཅོས་མའི་མ་བསླད་པར་གང་ཤར་ཡོན་ཏན་རྣམས་ཤར་མར་དད་གུས་ཆེན་པོས་ཆོས་སྨྲ་བ་དངོས་གྲུབ་དཔལ་གྱིས་ཕྲལ་དུ་བྲིས་པའོ། །དགེའོ། །ཚོགས་གཉིས་རབ་རྫོགས་དོན་གཉིས་མཐར་ཕྱིན་ཅིང༌། །བདེན་གཉིས་ཀུན་མཁྱེན་འཕྲིན་ལས་རྣམ་གཉིས་ཀྱིས། །མཐའ་གཉིས་རབ་བསལ་ཆོས་སྒོ་གྲངས་མེད་ཀྱིས། །འགྲོ་འདི་རྗེས་འཛིན་ཐུབ་དབང་ཉི་མ་རྒྱལ། །གང་ཞིག་དད་པའི་དྲི་བཞོན་ལྡང་བ་ཡིས། །སེམས་ཀྱི་དྲིལ་ཆུང་སྙན་པར་དཀྲོལ་གྱུར་ན། །ལྷད་མེད་དགེ་དེས་ལུས་ཅན་ཡིད་ངོགས་སུ། །དམ་པའི་རྣམ་ཐར་ལམ་མེར་གསལ་བྱེད་ཤོག ། ཚུལ་ཁྲིམས་བསིལ་སྦྱིན་བཅུ་དྲུག་ཆ་ཡི་དཀྱིལ་འཁོར་ཟླུམ་པོ་ཡོངས་སུ་རྫོགས། །ཞི་ཞིང་དུལ་ལ་འདོད་ཆུང་ཆོག་ཤེས་རྟུལ་ཞུགས་གཙང་མའི་རྒྱན་སྤྲས་པ། །གཞན་ངོར་མ་བཅོས་རང་རྒྱུད་མ་བསླད་ཀུན་ནས་དག་པའི་རྣལ་འབྱོར་མཆོག ། ཆོས་དབྱིངས་ལྷུན་འགྲུབ་ཁྱབ་པར་བརྡལ་བའི་བླ་མ་མཆོག་དེ་སྲིད་འདིའི་མགོན། །མང་དུ་ཐོས་པས་གཞུང་བརྒྱ་འབྱེད་ལ་ཆགས་ཐོགས་དྲི་མ་མི་མངའ་ཞིང༌། །བྱེ་མདོ་དབུ་སེམས་གྲུབ་པའི་མཐའ་ལ་ལུང་རིགས་སེང་གེའི་བསྒྱིང་འགྲོས་ཅན། །ནང་གི་རྣལ་འབྱོར་རིམ་གཉིས་ལམ་ལ་ཚུལ་བཞིན་བརྩོན་པ་གཅིག་པུ་རུ། །རིས་སུ་མ་ཆད་གངས་རིའི་ལྗོངས་སུ་མགྲིན་གཅིག་བསྟོད་པའི་དབྱར་རྔ་ལྡིར། །རྣམ་དག་ཞིང་གི་ཆོས་ཀྱི་སྒྲ་དབྱངས་དེར། །ཐུགས་ཡིད་བརྟན་པ་འཕྲོག་པའི་དོན་ལྡན་ཡང༌། །སྲིད་པའི་ཐང་དུ་སྡུག་བསྔལ་ཉམ་ཐག་འགྲོས། །མྱ་ངན་ང་རོ་སྒྲོག་པ་གསན་ལགས་སམ། །ཀུན་རྨོངས་འཐིབ་པོས་ཕྱོགས་ནས་རབ་གཏམས་པའི། །འགྲོ་ལྔའི་འཇིག་རྟེན་བརྩེ་བས་རྗེས་དགོངས་ཏེ། །གང་འདུལ་སྤྲུལ་བསྒྱུར་ཡ་མཚན་ལྟད་མོ་ཡིས། །ལྗོངས་འདིར་གཟུགས་སྐུའི་རོལ་བ་ངོམ་དུ་གསོལ། །ཆོས་བརྒྱད་ཆུ་འཛིན་ལང་ལོང་ལྡང་བའི་དབུས། །ཐུབ་བསྟན་ཉིན་བྱེད་ནུབ་རིར་ཉེ་བ་ཡི། །སྙིགས་མའི་ཡང་མཐའ་དུས་ཀྱི་མར་གཤམ་འདིར། །བསྟན་འཛིན་རྣལ་མ་ཁྱེད་འདྲ་ལྷག་ཏུ་དྲན། །དམ་ཆོས་ཁ་རུ་ཁྱེར་བའི་དིང་གི་ཆ་འདིར། །ཆོས་གཟུགས་བཅོས་མའི་རྫུ་བག་ཕྱི་རུ་མངོན་ཚེ། །ཁྱེད་སྐུ་གཤེགས་པའི་ཤུལ་གྱི་གཟུགས་བརྙན་ཕྲ་མོས། །ད་དུང་འགྲོ་བའི་སེམས་ལ་དགེ་བློ་སྤེལ་བཞིན། །ང་མཐོ་ང་ཆེ་མ་བརྩད་དམན་པའི་ས་ནས། །ཞིམ་ལྟོ་ཕྱི་རྫིག་མེད་པའི་གཉོམ་ཆུང་སྤྱོད་པས། །རྒྱལ་སྲས་རྣམ་ཐར་སྐྱོང་བའི་དམ་པ་ཁྱེད་འདྲ། །རྗེས་སུ་དྲན་སྐལ་འདི་ཡང་བསོད་ནམས་ཆེའོ། །ཞེས་མཁན་ཤེས་བྱ་ནས་བསྐུལ་ངོར་དངོས་གྲུབ་དཔལ་གྱིས་ཀུན་སྤངས་པ་མཁན་ཆོས་ཁྱབ་ཀྱི་རྗེས་དྲན་དུ་བྲིས་པ་དགེའོ། །

གདུང་འབོད་གསོལ་འདེབས།

གདུང་འབོད་གསོལ་འདེབས།

གང་ཐུགས་སྤྲོས་བྲལ་དག་པའི་ནམ་མཁའ་ལས། །འགྲོ་འདུལ་གར་དུ་ཤར་བའི་རྟ་བདུན་དབང༌། །བསིལ་སྦྱིན་འོད་ཀྱིས་བསྐྱངས་པའི་གུས་འབངས་རྣམས། །ནམ་ཡང་བརྩེ་ཆེན་ཀློང་ལས་མ་འདའ་ཞིག ། ཁྱེད་ཐུགས་ར་རིའི་དྲི་མ་ཀུན་དག་ཀྱང༌། །བདག་ཅག་སེམས་རྒྱུད་མུན་པའི་རབ་འགེངས་བས། །ཁྱོད་སྐུ་གཟུགས་སྐུ་དབྱིངས་སུ་ཡལ་བ་དེས། །མི་བཟད་མྱ་ངན་འཐིབ་པ་གཟིགས་ལགས་སམ། །ཉིན་དང་མཚན་དུ་གདུང་བས་ཤུགས་ཕྱུང་སྟེ། །དུས་ཀུན་སྐྱབས་ཀྱི་རེ་ལྟོས་འཆའ་བ་རྣམས། །རྒྱ་མཚོར་གྲུ་ཞིག་ལྟ་བུ་འདི་དགོངས་ལ། །བྱིན་རླབས་ནུས་པའི་རྩལ་ཆེན་འབྱིན་དུ་གསོལ། །རང་དོན་མཐར་ཕྱིན་ཆོས་སྐུའི་རྒྱལ་ས་ལས། །གཞན་དོན་ལྷུན་གྲུབ་གཟུགས་སྐུའི་དཔལ་བསྐྱེད་དེ། །སྐལ་དམན་བདག་ཅག་ལོག་པར་མི་གཏོང་བར། །སྣ་ཚོགས་ཚུལ་གྱིས་རྗེས་སུ་འཛིན་པར་གསོལ། །ཞེས་པ་འདི་ནི་གང་གི་སློབ་བུ་རྣམས་ཀྱི་ངོར་དངོས་གྲུབ་དཔལ་གྱིས་བྲིས་པ་དགེའོ། །གདུང་འབོད། ན་མ་ཤྲཱི་ཀཱ་ལ་ཙཀྲ་ཡ། ཀུན་ཉོན་མུན་པས་འགྲོ་བློའི་མིག་ལྡོངས་ཤིང༌། །རྒྱལ་བསྟན་ཉི་མ་ནུབ་རིར་ཉེ་བ་ན། །ཁྱེད་སྐུ་བསྟན་དང་འགྲོ་བའི་སྤྱི་དཔལ་ཆེ། །དག་པའི་ཞིང་མཆོག་གང་དུ་བཞུད་ལགས་ཀྱང༌། །མཁའ་ཁྱབ་བརྩེ་བ་ཆེན་པོའི་ཀློང་ཡངས་ནས། །གདུང་ཤུགས་ང་རོས་འབོད་པ་འདི་གསན་མཛོད། །ཐུབ་བསྟན་གསལ་བའི་ཉི་མ་ཁྱེད་ཉིད་ཀྱི། །ཐུགས་རྗེའི་གཟུགས་སྐུ་དབྱིངས་སུ་བསྡུ་བ་ན། །བདག་ཅག་དམུས་ལོངས་ལས་ངན་འཁྱམས་པོ་རྣམས། །སྐྱབས་མེད་གྲུ་ཞིག་ལྟ་བུ་འདི་གཟིགས་སམ། །ལོང་བ་ཐང་དཀྱིལ་ལྷག་པ་ལྟ་བུ་ཡི། །གདུང་བའི་ཉིན་མཚན་འདའ་བ་འདི་དགོངས་ལ། །ཉམ་ཐག་འོ་དོད་འབོད་པའི་བདག་ཅག་ལ། །སླར་ཡང་བྱམས་པའི་ཏིང་འཛིན་ཡིད་མཁའ་ལས། །གཟུགས་སྐུའི་མཚན་དཔེ་མྱུར་དུ་འཆར་བར་ཤོག ། དེ་ལྟར་གདུང་བའི་དབྱངས་ཀྱིས་སྐུལ་བ་ན། །མི་མངོན་དབྱིངས་ཀྱི་འགྲོ་བའི་སྒྲོན་མེ་ཡིས། །ལེགས་པར་གསན་ཞིང་སྨོན་པ་ཇི་བཞིན་དུ། །འགྲུབ་པའི་སྡོངས་གྲོགས་མཆོག་གསུམ་སྲུང་མས་མཛོད། །ཅེས་རྒྱ་བླ་མ་ཐུབ་བསྟན་ཉི་མའི་གདུང་འབོད་འདི་ཡང་བླ་མ་བསམ་གཏན་རྒྱ་མཚོ་དང་སྤྲུལ་དཀོན་མཆོག་བཟང་གཉིས་ཀྱིས་བསྐུལ་ངོར་ངག་དབང་དངོས་གྲུབ་དཔལ་གྱིས་མཆོག་གསུམ་ལ་གསོལ་བ་བཏབ་ནས་བྲིས་པའོ། །

སྤྲུལ་སྐུ་མྱུར་བྱོན།

སྤྲུལ་སྐུ་མྱུར་བྱོན། ངེས་དོན་སྙིང་བོའི་བཤད་དང་སྒྲུབ་པའི་བསྟན། །མི་ནུབ་འཛིན་ཞིང་སྤེལ་བའི་བཤེས་གཉེན་ཆེ། །མཚན་ནས་བརྗོད་པར་དཀའ་བའི་བཀའ་དྲིན་ཅན། །འགྲོ་བློ་རྒུད་སེལ་ཐུབ་བསྟན་ཉི་མ་མཆོག ། རེ་ཞིག་དག་པའི་ཞིང་དུ་ཕེབས་ལགས་ཀྱང༌། །སྐྱབས་མེད་བདག་ཅག་སྐྱོབ་པའི་མགོན་པོ་དང༌། །བསྟན་དང་འགྲོ་བའི་རྒུད་པ་འདི་དགོངས་ལ། །སྤྲུལ་བའི་ཟློས་གར་དགེ་ལེགས་འབྱུང་གནས་ཤིག ། མྱུར་དུ་ས་གསུམ་འགྲོ་ལ་འཆར་དུ་གསོལ། །ལྷ་མིའི་རྣམ་འདྲེན་སྟོན་མཆོག་ཟས་གཙང་སྲས། །གཏད་རབས་བདུན་དང་འཕགས་པའི་གནས་བརྟན་དང༌། །རྒྱ་བོད་པཎ་གྲུབ་ཤིང་རྟ་ཆེ་རྣམས་ཀྱིས། །སྨོན་པའི་མཐུན་འགྱུར་རེ་བ་ཇི་བཞིན་མཛོད། །ཅེས་སྤྲུལ་སྐུ་མྱུར་བྱོན་གྱི་གསོལ་འདེབས་འདི་ཡང་བླ་མ་བསམ་གཏན་རྒྱ་མཚོ་དང་སྤྲུལ་དཀོན་མཆོག་བཟང་གཉིས་ཀྱིས་བསྐུལ་ངོར་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པའོ། །ཡང་སྤྲུལ་མྱུར་བྱོན། བྱམས་བརྩེ་མཐའ་བྲལ་ཀུན་གསལ་མཁའ་ན་ཉ་གང་སྐུ་ཡི་འོད་ལམ་འགྱེད། །ཐོགས་མེད་མཁྱེན་རབ་གློག་གི་དྲྭ་བ་སྡེ་སྣོད་སྤྲིན་རུམ་གསེབ་ནས་ལྡིར། །ལྔ་བདོའི་ཐན་སྐྱ་དགུང་ལ་འཕྱུར་དུས་ལྔ་ཟུང་མཁས་པའི་འོད་སྟོང་བ། །རྒྱལ་ཀུན་མཁྱེན་བརྩེ་གཅིག་ཏུ་བཟླུམས་པ་བླ་མའི་ཞབས་ཀྱི་པདྨོར་འདུད། །ཀུན་ཉོན་སྨག་ཆེན་འཐིབ་པོས་རབ་དཀྲིགས་སྲིད་པའི་མྱ་ངན་ཐང་ཆེན་ན། །ཤེས་རབ་མིག་ལྡོང་ཐབས་ཀྱི་གྲོགས་མེད་འཁོར་བར་ཞགས་པས་རབ་འཆིང་ཚེ། །སྟོབས་བཅུ་རྫོགས་ཤིང་དུས་ལས་ཡོལ་མེད་ལྷུན་འགྲུབ་འཕྲིན་ལས་རབ་སྦྱིན་པ། །མི་ཡི་ཤ་ཚུགས་བཤེས་གཉེན་ཚུལ་བཟུང་གང་འདི་ཡིན་ལ་སོམ་ཉི་ཅི། །འོན་ཏེ་གང་སྐུ་རྟ་བདུན་དབང་པོ་དུས་ཀྱི་འགྲོས་ལ་རབ་བཅིབ་ནས། །དམན་པའི་ཡིད་ཀྱི་སྐྱ་རེངས་སྣང་བ་ད་དུང་འཆར་བར་མ་གྱུར་གོང༌། །བསོད་ནམས་རི་བོའི་ཕག་ཏུ་ཡིབ་པའི་དམུས་ལོང་དག་གི་ལས་སྐལ་འདི། །མགོན་ཁྱེད་གང་ན་ཇི་ལྟར་འཚོ་ཡང་ཐུགས་རྗེས་འདོར་བར་སྲིད་དམ་ལགས། །ཁྱེད་ཞབས་ཆོས་དབྱིངས་མཁའ་ལ་གཤེགས་ཀྱང་གདུལ་བྱའི་དད་པའི་བཀོད་ཆུ་རེར། །ཁྱེད་ཀྱི་གཟུགས་བརྙན་ད་དུང་མ་ཡལ་རེ་བའི་མཆི་མ་བཀུ་བཞིན་དུ། །ཁྱེད་ལ་རེ་ལྟོས་ལོ་ཟླར་འཛད་ན་ཐུགས་རྗེའི་རྩལ་ཆེན་རབ་བསྐྱེད་དེ། །སྤྲུལ་བའི་དཀྱིལ་འཁོར་སླར་ཡང་འཛིན་མའི་ཁམས་ལ་མྱུར་དུ་འཆར་གྲུབ་མཛོད། །བསྐྱངས་པའི་བཀའ་དྲིན་དྲན་པའི་རི་མོ་མི་ཤིགས་ལྕགས་ལ་བཏབས་པ་ལྟར། །གཞལ་མེད་སྙིང་གི་རིན་པོ་ཆེ་དེ་དབུལ་བོའི་ལག་ནས་བོར་གྱུར་ཀྱང༌། །མདོ་སྔགས་རྒྱ་མཚོའི་ངག་ལ་དབང་ཞིང་ལུང་རྟོགས་བསྟན་པ་འཛིན་མཁས་ཤིག ། འཕྲིན་ལས་རྒྱ་མཚོའི་ཟབ་ཡངས་འཁུ་བའི་སྤྲུལ་བའི་ཟློས་གར་ཉེར་འབྱོན་མཛོད། །ཅེས་པ་འདི་ནི་དྲན་པ་དགོན་ཆོས་རིག་དར་རྒྱས་སློབ་གླིང་གི་རྩོམ་རིག་སྡེ་ཚན་གྱིས་བསྐུལ་ངོར་དངོས་གྲུབ་དཔལ་གྱིས་དད་གུས་དང་བཅས་བྲིས་པ་དགེའོ། །

སྟོན་པ་ཐུགས་རྗེ་ཅན་རྗེས་དྲན་གྱི་དུས་མཆོད་དད་པའི་ཟླ་ཤེལ།

སྟོན་པ་ཐུགས་རྗེ་ཅན་རྗེས་དྲན་གྱི་དུས་མཆོད་དད་པའི་ཟླ་ཤེལ།

ཨོཾ་སྭ་སྟི། ལྷ་དང་བཅས་པའི་འགྲོ་བའི་སྐྱབས་གནས་མཆོག །སྟོབས་བཅུའི་མངའ་བདག་དམན་པའི་མགོན་གྱུར་བ། །རྣམ་འདྲེན་མཚུངས་མེད་ཤཱཀྱའི་དབང་བོ་ལ། །རྗེས་དྲན་དུས་མཆོད་ས་ག་ཟླ་བར་གཙོ། །དེ་ལ་འདིར་གང་ཞུ་བར་བྱ་བ་ནི། དུས་ཆེན་ཁྱད་པར་ཅན་ས་ག་ཟླ་བ་ནི། རང་ཅག་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་མཆོག་དང་པོ་སྐུ་བལྟམས་པ་དང༌། བར་དུ་མངོན་པར་རྫོགས་པ་སངས་རྒྱས་པ་དང༌། མཐར་གཟུགས་སྐུ་ཞི་བར་གཟིམ་པ་སྟེ་དུས་ཆེན་སུམ་འཛོམས་ཀྱི་ཟླ་བ་ཡིན་ལ། དེས་ན་འདིར་སྟོན་པ་ཐུགས་རྗེ་ཅན་རྗེས་དྲན་གྱི་དུས་མཆོད་ས་ཟླའི་ཆོས་ཚོགས་རེ་ངེས་པར་ང་ཚོ་ནང་བ་སངས་རྒྱས་པ་ཡོངས་ཀྱི་འཛུགས་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང༌། དེ་ཡང་འཛམ་གླིང་ཆོས་ལུགས་རང་རང་གི་སྟོན་པའི་འཁྲུངས་འདས་སོགས་ལ་རྩི་སྲུང་བྱེད་བཞིན་ཡོད་ལ། ང་ཚོ་ནང་བ་སངས་རྒྱས་པ་ཀུན་གྱིས་དུས་ཆེན་རྗེས་དྲན་མཆོད་འབུལ་བྱས་ན་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་བསགས་པའི་སྒོ་འཕར་ཡངས་བ་ཡིན་པ་དང༌། རྒྱལ་བསྟན་རིན་པོ་ཆེ་ཀུན་ཏུ་སྤེལ་བའི་ཐབས་ལམ་ཡིན་པས་ཆོས་བརྒྱུད་རིས་སུ་མ་མཆིས་པ་ཀུན་གྱིས་ས་ག་ཟླ་བའི་དུས་མཆོད་རྗེས་དྲན་རེ་ཆོས་སྡེ་ཀུན་གྱིས་བྱེད་པར་གསོལ་བ་ལན་བརྒྱར་ཞུས་པ་ལགས་ན་ཐུགས་ལ་འཛིན་པར་ཞུ་ཞུ། །སྟོན་པ་གང་དེའི་རྗེས་དྲན་ས་ག་ཟླ། །འཁྲུངས་འདས་སངས་རྒྱས་མཛད་ཆེན་དུས་བཟང་འདིར། །ས་ག་ཟླ་བར་རྗེས་དྲན་ཆོས་ཚོགས་ཏེ། །བརྒྱུད་ནས་འགྲོ་ལ་དགེ་སྐུལ་དང་བཅས་པའི། །རླབས་ཆེན་ལས་ལ་ཡི་རང་གཙང་མ་ཡིས། །བཀྲ་ཤིས་སྨོན་པའི་མེ་ཏོག་མངོན་པར་ཕུལ། །ས་ག་ཟླ་བའི་དུས་མཆོད་ཚོགས་པའི་གཙོ་འགན་པ་མཁན་བློ་གྲོས་དཔལ་ལྡན་ལགས་ཀྱིས་བསྐུལ་ངོར་རྗེས་སུ་ཡི་རང་དང་བཅས་ངག་དབང་དངོས་གྲུབ་དཔལ་གྱིས་ཕུལ་བའོ། །

གཡུང་དྲུང་བོན་གྱི་སྐྱེས་ཆེན་ཞིག་རྗེས་སུ་དྲན་པ།

གཡུང་དྲུང་བོན་གྱི་སྐྱེས་ཆེན་ཞིག་རྗེས་སུ་དྲན་པ།

རྒྱལ་བ་གཤེན་རབ་མཆོག་གིས་ལེགས་གསུངས་པའི། །མདོ་སྔགས་ཆོས་ཚུལ་ཟབ་མོའི་བཅུད་སྨིན་པ། །འོད་གསལ་རྫོགས་པ་ཆེན་པོ་ཉམས་བཞེས་པའི། །ཀུན་སྤངས་ནམ་མཁའ་རྒྱལ་མཚན་རྗེས་སུ་དྲན། །གཞོམ་མེད་རྡོ་རྗེའི་སྐུ་མཆོག་བརྙེས་ན་ཡང༌། །རྟག་འཛིན་ཨ་འཐས་བརྟན་པའི་འགྲོ་བ་རྣམས། །ཆོས་ལ་བསྐུལ་ཕྱིར་མྱ་ངན་འདའ་མཛད་པ། །བྱ་བཏང་ནམ་མཁའ་རྒྱལ་མཚན་རྗེས་སུ་དྲན། །འོད་གསལ་རིག་སྟོང་སེམས་ཀྱི་སྟངས་ཀ་ལས། །གདོད་མའི་སྐུ་བཞི་མངོན་དུ་མཛད་ན་ཡང༌། །ལུས་ཅན་འགྲོ་བའི་དོན་དུ་དཀའ་བ་བརྒྱ། །སླར་ཡང་སྟོན་མཛད་གང་ཉིད་རྗེས་སུ་དྲན། །གཡུང་དྲུང་བོན་གྱི་བསྟན་པའི་ཉི་མའི་འོད། །ལྔ་ཕྲག་བརྒྱ་བར་གཟིམ་པས་དྲན་འཛིན་ཀློང༌། །གདུལ་བྱའི་དད་གསུམ་འོད་དུ་སྨིན་པའི་འབྲས། །ལུས་ཅན་དཔལ་དུ་སླར་ཡང་བྱོན་ཅིག་ཀྱེ། །དངོས་གྲུབ་དཔལ་གྱིས།

གྲུབ་དབང་ལུང་རྟོགས་རྒྱལ་མཚན་སླད་དྲན།

གྲུབ་དབང་ལུང་རྟོགས་རྒྱལ་མཚན་སླད་དྲན་ཞུ།

འགྲོ་བ་མཐའ་དག་གི་མཛའ་བཤེས་དམ་པ་རྣམ་འདྲེན་སྟོབས་བཅུ་མངའ་བ་ཐུབ་མཆོག་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་གང་འདུལ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་མདོ་སྔགས་ཐེག་པ་གོང་འོག་གི་ཆོས་སྒོ་ཇི་སྙེད་ཅིག་བཀའ་བསྩལ་པ་ལས། སྤྱིར་ཐེག་པ་ཆེན་པོ་དང་ཡང་དགོས་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ཉིད་ཐུན་མོང་མིའི་འཇིག་རྟེན་འདིར་ད་ལྟའི་ཆར་མ་ནུབ་པར་གནས་པ་ནི་གངས་ཅན་ཁ་བ་བོད་ཀྱི་ཡུལ་ལུང་ཙམ་ཞིག་ཏུ་སྨྲས་ནའང་ཧ་ལམ་སྨྲ་ཆོག་པའི་དུས་སུ་སླེབས་ཡོད་པ་ཀུན་ཀྱིས་ཐུགས་ངེས་ལྟར་ལགས་ལ། གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་འདི་ཉིད་ཀྱི་ཉམས་བཞེས་འཁྲུལ་མེད་ཀྱི་ལམ་ནས་བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པར་གྲུབ་པའི་སར་གཤེགས་པའི་དམ་པ་རེ་རེ་ནི་ཐུབ་བསྟན་གྱི་སྲོག་ཤིང་འཛིན་པའི་ནང་ནོམ་ངོ་མ་དེ་ཡིན། དེ་ཡང་ཉེ་བའི་ཆར་བྱོན་པའི་མཚན་བརྗོད་པར་དཀའ་བ་རྟོགས་པའི་དབང་ཕྱུག་ཆེན་པོ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་ནམ་བླ་མ་ཨ་ཁྱུག་རིན་པོ་ཆེར་མཚོན་ན། རྒྱུ་སྐར་གྱི་དབུས་ན་རི་བོང་འཛིན་པ་དང༌། རི་དྭགས་ཀྱི་གསེབ་ན་སེང་གེ་དང་འདྲ་བ་དམ་པ་ལས་ཀྱང་དམ་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཞིག་ཡིན་ཏེ། ཁོང་ནི་རང་རྒྱུད་གྲོལ་བའི་ཡོན་ཏན་ཙམ་མ་ཟད་འགྲོ་དོན་དུས་སུ་བབ་ཅིང་ཐུགས་རྗེ་དང་སྨོན་ལམ་ཡོངས་སུ་རྫོགས་པས་མཛད་པ་འཕྲིན་ལས་འགྲན་ཟླ་དང་བྲལ་བའི་སྐྱེ་འགྲོ་སྤྱི་ལ་ཕན་པའི་ཕྱི་རྗེས་ཀྱི་རི་མོ་ཀུན་ནས་མཛེས་ཤིང་བཀྲ་བའི་བླ་མ་ཞིག་རེད། དེས་ན་ཁོང་གི་མཛད་པ་དང་རྣམ་ཐར་སྤྱི་བམ་ཙམ་ནི་སུ་ལ་བསྙད་མི་དགོས་པར་ཀུན་ཀྱིས་གསལ་མཁྱེན་ལགས་པ་ལྟར་ཡིན་པས་འདིར་གླེང་དགོས་དོན་མི་སྣང༌། ཕྱི་ཚུལ་ཙམ་མ་ཡིན་པར་བླ་མ་གང་ཉིད་ཀྱི་གསང་གསུམ་གྱི་ཡོན་ཏན་ལ་དད་པ་དང་མཛད་པ་འཕྲིན་ལས་ཀྱི་རྒྱུན་བཟང་པོ་ལ་རྗེས་སུ་ཡི་རང་ཞིང་བཀའ་དྲིན་དྲན་པའི་སྒོ་ནས། ཚིག་གིས་མི་མཚོན་པའི་རྗེས་དྲན་ཟབ་མོ་སེམས་སུ་རྟག་པར་ཉལ་བ་ཡིན། དེ་ལྟ་མོད་དེ་ད་ལན་བླ་མ་གང་ཉིད་རྗེས་དྲན་ཞིག་གི་དོད་དུ་ཚིག་དུམ་ཁ་ཤས་ཤིག་སུག་ལས་བགྱིས་པ་འདི་ཉིད་ཀྱང་འཇིག་རྟེན་མཐུན་འཇུག་གི་རྟོག་ངན་ཙམ་གྱིས་རྐྱེན་པ་མིན་པར། རིང་ནས་མོས་ཤིང་རྟག་པར་དད་པའི་དབང་གིས་བྱས་པ་ཡིན། བླ་མ་དཀོན་མཆོག་རྒྱ་མཚོའི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་དང༌། དཀར་ཕྱོགས་ཆོས་ལ་མོས་པའི་བསྟན་སྲུང་ནུས་རྩལ་ཅན་ཐམས་ཅད་ཀྱི་ནུས་སྟོབས་དང༌། ཆོས་ཅན་རྟེན་འབྲེལ་བསླུ་བ་མེད་པའི་བདེན་མཐུ་ཟབ་མོའི་སྟོབས་ཀྱིས། རང་ཅག་ཁ་བ་གངས་ཅན་པའི་སྐྱེ་འགྲོ་རྣམ་གྱི་གཙོས། འཛམ་གླིང་རྐང་གཉིས་མཆིས་སོ་ཅོག་དང༌། ཕྱོགས་མེད་ནམ་མཁའ་ལྟར་མཐའ་ཀླས་པའི་ལུས་ཅན་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ། བླ་མ་གང་གི་མཛད་བཟང་འཕྲིན་ལས་ཀྱི་རྣམ་དཀར་ཉམས་པ་མེད་ཅིང༌། སློབ་བརྒྱུད་ཆོས་བཞིན་དུ་སྤྱོད་པ་ཐམས་ཅད་ཀྱི་སྐུ་ལས་གང་ལ་ཡང་བར་ཆད་ཀྱི་མིང་ཙམ་ཡང་མི་འབྱུང་བར། ཡངས་པའི་ས་ཆེན་ཀུན་ན་ཕན་བདེའི་ལེགས་ཚོགས་ཀྱི་འབྲས་བུ་སྲིད་པ་མ་སྟོང་གི་བར་དུ་ཆད་པ་མེད་པའི་སྨོན་ལམ་ལན་བརྒྱ་སྟོང་དུ་ཕུལ་བ་ལགས་སོ། །རྡོ་གྲུབ་གཏེར་ལུང་ལས། ཤར་ཕྱོགས་བློ་བཟང་བསྟན་པ་ལ། །བྱང་ཆུབ་སེམས་དཔའ་མེ་ཏྲི་ནི། །བློ་བཟང་འཕྲིན་ལས་ཞེས་པ་ཡིས། །འཇམ་དབྱངས་བསྟན་པ་གསལ་བར་བྱེད། །ཅེས་དང༌། དཔལ་ཕྱག་ན་རྡོ་རྗེའི་བྱིན་རླབས་པའི། །ཁོང་ཀརྨ་དཔའ་བོ་ཧེ་རུ་ཀས། །གནས་འདི་ལ་རྒྱན་གྱིས་བརྒྱན་གྱུར་ན། །ཡུལ་འདི་ཀས་བདེ་སྐྱིད་བོས་པ་བཞིན། །ལྷ་ཚེ་དཔག་མེད་ཀྱི་དཔལ་བྱིན་པ། །ཁོང་ཆོས་ལ་དབང་ཐོབ་དམ་པར་འགྱུར། །ཞེས་གསུངས་པ་ལྟར་གང་ཐུགས་སྡོམ་པ་གསུམ་གྱིས་ལེགས་པར་བསྡམས་ཤིང༌། གཞན་ཕན་བྱམས་བརྩེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་རང་བཞིན་ལྷན་སྐྱེས་སུ་མངའ་བ། ལམ་བསྐྱེད་རྫོགས་རིམ་པ་གཉིས་ལ་མངའ་དབང་འབྱོར་བའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན། མཁན་ཆེན་ངག་དབང་༧བློ་བཟང་འཕྲིན་ལས་མཚུངས་པ་མེད་པའི་སྡེ་གང་ཉིད་ཀྱི་ཞལ་གསུང༌། ད་ལྟ་རང་རེ་དག་གི་དད་གུས་བསོད་ནམས་ཀྱི་བགོ་སྐལ་དུ་བཞག་པའི་མདོ་སྔགས་ཞལ་གདམས་སོགས་ཀྱི་གསུང་སྒྲ་འདི་བསྐྲུན་པ་ཡིན་ལ། དེ་ཡང་འཕགས་པ་ཀུན་ཏུ་བཟང་པོའི་སྨོན་ལམ་ལས། འཆང་བ་དང་ནི་སྟོན་ཏམ་ཀློག་ན་ཡང༌། །དེ་ཡི་རྣམ་པར་སྨིན་པའང་སངས་རྒྱས་མཁྱེན། །ཞེས་དང༌། གཞན་ཡང་མདོ་སྡེ་རྣམས་སུ་མདོ་སྡེ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་གི་མཚན་སྒྲོག་པ་དང་ཐོས་པ་ཙམ་གྱི་ཕན་ཡོན་ཡང༌། བསམ་གྱིས་མི་ཁྱབ་པ་མང་པོ་རྒྱ་ཆེར་གསུངས་པ་ལྟར། ད་ལན་མགོན་པོ་གང་ཉིད་ཀྱི་གསུང་འཇིགས་པ་མེད་ཅིང་བག་ཚ་བ་ཐམས་ཅད་ལས་གྲོལ་བ། ཆོས་རྔ་ཆེན་པོ་སེངྒེའི་སྒྲ་ལྟ་བུ་འདི་ཉིད། དགོན་གྲོང་ཡུལ་ཁམས་རི་ལུང་སོགས་གང་དུ་གྲག་པ་དཻར། རྐྱེན་ངན་གདོན་བགེགས་ཀྱི་བར་ཆད་ཞི་བ་དང༌། སེམས་ཅན་གང་གི་རྣ་ལམ་དུ་ཐོས་པ་ཙམ་གྱི་ཕན་ཡོན་ཡང་བསོད་ནམས་མི་བཟད་པའི་རྒྱུར་དམིགས་ཤིང༌། ལྷག་པར་དུ། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱི་གསུང་གི་མཛད་པ་མཆོག་ལགས་ཏེ། དེས་ན། གདུལ་བྱ་རྣམས་སྡུག་བསྔལ་མཐའ་མེད་པ་ལས་སྒྲོལ་བ་ཡང༌། ལེགས་ཉེས་བླང་དོར་མ་ནོར་བར་སྟོན་པའི་གསུང་གིས་རྗེས་སུ་འཛིན་པ་འདི་ཁོ་ན་གཙོ་བོར་ལགས་པས། མདོ་སྔགས་ལམ་རིམ་པ་གཉིས་ཀྱི་ཟབ་གསུང་འདི་དག་གི་ཚིག་དོན་ཚུལ་བཞིན་དུ་མཉན་ནས། དོན་ལེགས་པར་སེམས་ཏེ། ཡང་དག་པར་སྒྲུབ་པ་ན། ཁོང་རིན་པོ་ཆེ་དང་དངོས་སུ་མཇལ་ཡང་འདི་ལས་ལྷག་པ་ཞིག་གསུང་རྒྱུ་མེད་པ་ཡིན་པས། རྗེ་བདག་ཉིད་ཆེན་པོས། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི། །འདི་ཉིད་ཡིན་ཕྱིར་མཁས་པ་ཡིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས། །ཞེས་གསུངས་པ་ལྟར། རྗེས་དྲན་དང་མཆོད་པ་ཐམས་ཅད་ཀྱི་རྒྱལ་པོ་ཡང་གསུང་ལ་རྗེས་སུ་སློབ་པ་ཉིད་ཡིན་པར་ངེས་ཏེ། དད་གུས་དང་ལྡན་པ་རྣམས་ཀྱིས་བླ་མའི་རྗེས་དྲན་དེ་ལྟར་ལག་ལེན་ལ་ཅི་ནུས་སུ་བསྟར་ནས་ཡང་ཡང་གསན་པར་ཞུའོ། །

ཞབས་བརྟན་སྐོར།

ཞབས་བརྟན་སྐོར།

བླ་མ་ལེགས་གྲུབ་ཀྱི་ཞབས་བརྟན། དད་གསུམ་འཛུམ་པའི་པདྨའི་སྐྱེད་ཚལ་དུ། །རླུང་གི་ཤིང་རྟ་ཀེ་ཏའི་ཆབ་སྦྱིན་པ། །ལེགས་ཚོགས་དངོས་གྲུབ་ཐར་བའི་སྤྱི་དཔལ་ཆེ། །ལྷ་མིའི་ཅོད་པན་བླ་མའི་ཞབས་བརྟན་ཤོག ། ཅེས་པ་གྲྭ་བ་དཀོན་བཟང་གིས་བསྐུལ་ངོར་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པའོ། །སརྦ་མངྒ་ལཾ། བླ་མ་བསོད་ནམས་དཔལ་ལྡན་གྱི་ཞབས་བརྟན། རྐང་འཐུང་ཚལ་དུ་ཡོངས་འདུའི་དཔག་བསམ་ལ། །དྲི་ལེན་ཤུགས་ཀྱིས་ལྡེམ་ལྡེམ་སྐུལ་བ་ལས། །བསོད་ནམས་དཔལ་གྱིས་དབང་བོའི་ཁམས་གསོ་བ། །མཚན་ལྡན་བླ་མའི་ཞབས་ཟུང་རྟག་བཞུགས་གསོལ། །ཞེས་པ་གྲྭ་བ་དཀོན་བཟང་གིས་བསྐུལ་ངོར་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པའོ། །སརྦ་མངྒ་ལཾ། མཁན་སྣང་བ་དཔལ་གྱི་ཞབས་བརྟན། ཀུན་ཁྱབ་མཁའ་ནས་ཉིན་བྱེད་བདག་པོ་ཡི། །སྣང་བ་རྒྱས་པས་ལུས་ཅན་སྐྱོང་བྱེད་པ། །ལུང་རིགས་ཟེར་བརྒྱ་ཀུན་ནས་རྒྱས་པའི་དཔལ། །སྨྲ་དབང་བླ་མའི་ཞབས་པད་བརྟན་གྱུར་ཅིག ། ཅེས་པ་གྲྭ་བཙུན་པ་དཀོན་བཟང་གིས་བསྐུལ་ངོར་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པའོ། །སརྦ་མངྒ་ལཾ། གཞོན་ནུའི་དུས་ནས་དམ་པའི་ཚུལ་འཆང་བ། །སྡོམ་གསུམ་གོས་ཀྱིས་ལུས་བཟང་ལེགས་པར་སྤུད། །མན་ངག་རྒྱ་མཚོ་རྡོལ་བའི་ཀླུ་དབང་ཆེ། །ཁྱབ་བདག་རིག་པའི་རྡོ་རྗེར་དད་པས་འདུད། །བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་མཐའ་རུ་ཕྱིན། །རྫོགས་རིམ་ཟབ་མོར་ཐོལ་གྱིས་འབྱམས་ཀླས་པ། །རྣལ་འབྱོར་དཔའ་བོ་གསུམ་ལྡན་རྡོ་རྗེ་འཛིན། །བསྟན་འགྲོའི་སྤྱི་དཔལ་དེ་ལ་དབྱངས་ཀྱིས་བསྟོད། །སྲིད་པའི་འཁོར་བ་སྒྱུ་མའི་འཕྲུལ་དུ་ཤར། །སྒྱུ་མའི་འགྲོ་ལ་སྙིང་རྗེས་ཡིད་རབ་བསྐྱོད། །མདོ་སྔགས་ལམ་མཆོག་ཐབས་ཤེས་ཟུང་དུ་འཇུག ། མཁན་སྤྲུལ་ལྟ་བའི་གདེང་ལྡན་དེ་ལ་གུས། །རང་བྱུང་རིག་པའི་གནས་ལུགས་གསལ་ལེར་མངོན། །རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཡང་དག་སྦྱོར། །བླ་མེད་ཐེག་པས་འགྲོ་བློ་རྒྱས་བྱེད་མཁན། །རིག་པའི་རྡོ་རྗེའི་ཞབས་ཟུང་རྟག་བརྟན་ཤོག ། ཅེས་པ་འདི་ནི་དངོས་གྲུབ་དཔལ་ནས་གུས་པས་ཕུལ་བའོ། །༄༅། །ཟླ་མེད་སྟོན་པ་རྒྱལ་ཚབ་འཇམ་དཔལ་དབྱངས། །པཎ་གྲུབ་བཅུ་བདུན་བསྟན་པའི་གཏད་རབས་བདུན། །ཡིད་བཞིན་འཁོར་ལོ་ཚེ་ཡི་ལྷ་མཆོག་བཅས། །སྐྱབས་ཡུལ་དམ་པ་རྣམས་ཀྱིས་དགེ་ལེགས་སྩོལ། །ཐུབ་བསྟན་སྤྱ ི་དང་ཇོ་ནང་རྒྱལ་བའི་བསྟན། །བཤད་དང་སྒྲུབ་པས་ཚུལ་བཞིན་འཛིན་པ་ལ། །ང༷ག་ལ་དབ༷ང་འབྱོར་དངོ༷ས་གྲུ༷བ་དམ་པའི་དཔ༷ལ། །མཚུངས་མེད་ཆོས་ཀྱི་བཤེས་གཉེན་ཞབས་བརྟན་ཤོག། ཅཻས་པ་འདི་ནི་ཇོ་ནང་གི་ཆོས་གཞི་བཀྲ་ཤིས་ཆོས་ཐང་དགོན་དང་ཛ་མགོ་བརྩེ་ཆེན་མཐོ་སློབ་ཀྱི་སློབ་མ་རྣམས་ཀྱིས་བཤེས་གཉེན་རབ་འབྱམས་པ་ངག་དབང་དངོས་གྲུབ་དཔལ་གྱི་ཞབས་བརྟན་སྨོན་ཚིག་ཅིག་དགོས་ཞེས་བསྐུལ་ངོར། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ས་ཁྱི་ལོའི་ཟླ་༡༠ཚེས་༢ཕྱི་ལོ་༢༠༡༨ ཟླ་༡༢ ཚེས་༩ ལ་སྦྱར་བའོ། །

ཇོ་ནང་དགེ་བཤེས་དངོས་གྲུབ་དཔལ་མཆོག་ལ་ཕུལ།

ཇོ་ནང་དགེ་བཤེས་དངོས་གྲུབ་དཔལ་མཆོག་ལ་ཕུལ།

ཇོ་ནང་དགེ་བཤེས་དངོས་གྲུབ་དཔལ་མཆོག་ལ་ཕུལ། སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས། ཟབ་མོ་མདོ་སྔགས་གཞུང་བརྒྱ་སྨྲ་བ་ལ། །ལུང་རིགས་གད་རྒྱངས་གཞན་ལས་མཐོ་བ་ཅན། །དེ་དོན་བརྩེ་བས་གཞན་ལ་འདོམས་མཁས་པ། །མཉམ་མེད་དགེ་བའི་བཤེས་ཉིད་རྒྱལ་གྱུར་ཅིག ། ཀུན་མཁྱེན་རྒྱལ་བའི་གསུང་རབ་རྒྱ་མཚོ་ལ། །རྣམ་དཔྱོད་བློ་གྲོས་རྩལ་གྱིས་བསྲུབས་པ་ལས། །བྱུང་བའི་གང་གསུང་ཟླ་བ་ནོར་བུའི་འོད། །ཇོ་ནང་བསྟན་པ་གསལ་བའི་རྒྱན་དུ་ཆེ། །ཁྱད་པར་བསྟན་ལ་གཅིག་ཏུ་དད་པ་དང༌། །གཞན་ཕན་འོད་ཟེར་ཕྱོགས་བརྒྱར་འཕྲོ་བ་ཡི། །ཐོས་བསམ་སྒོམ་པའི་ཉི་མ་འོད་པོ་ཆེས། །རྒྱལ་བསྟན་ཉིན་མོར་བྱེད་འདིར་ལྷག་པར་དད། །དཔལ་ལྡན་དུས་ཀྱི་འཁོར་ལོའི་རིམ་གཉིས་ཀྱི། །དངོས་གྲུབ་རྣམ་གཉིས་སྒྲུབ་པའི་ལས་སྨོན་ཅན། །མཁས་བཙུན་བཟང་པོའི་དཔལ་མངའ་ཆོས་ཀྱི་གྲོགས། །སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག ། ཅེས་ཇོ་ནང་དགེ་བཤེས་དངོས་གྲུབ་དཔལ་མཆོག་གི་མཛད་འཕྲིན་ཕྱོགས་མང་པོ་ལ་རྒྱུན་དུ་ཡི་རང་དཔག་མེད་ཅིག་ཡོད་མུས་ལ། ལྷག་པར་རྒྱལ་བ་ཇོ་ནང་པའི་བསྟན་པ་ལ་ཁ་ཙམ་ཚིག་ཙམ་མིན་པར་གོ་རིམ་ལྡན་པའི་སློབ་གཉེར་གྱི་རྨང་གཞི་བཙུགས་ཤིང༌། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་སྟེ་རྒྱལ་བ་ཇོ་ནང་བའི་ཡང་དར་བསྟན་པའི་བྱེད་པོ་ཉིད་དུ་བཞེངས་པར་དགའ་གུས་ཡི་རང་ཚད་མེད་ངང༌། ཁོང་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་དབྱར་མཚོ་ལྟར་རྒྱས་པའི་སྨོན་འདུན་བཅས།སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས། ཕྱི་ལོ་༢༠༡༧ཟླ་༡༠ཚེས་༢༢ཉིན་ཕུལ་བའོ། །ཨོཾ་སྭ་སྟི། བླ་མ་ཡི་དམ་སངས་རྒྱས་ཆོས་ཚོགས་དང༌། །ཚེ་ཡི་ལྷ་མཆོག་རྣམས་ལ་གསོལ་བ་འདེབས། །བསྟན་འགྲོའི་མགོན་སྐྱབས་བཤེས་གཉེན་དམ་པ་ཡི། །སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པར་སྨོན།¿། མཆོག་གསུམ་ལྷ་དང་ཆོས་ཉིད་བདེན་མཐུ་དང༌། །བདག་ཅག་སློབ་དབང་དད་དང་དམ་ཚིག་དང༌། །དུས་གསུམ་བསགས་པའི་དགེ་བའི་རྩ་བ་ཡིས། །རྗེ་བཙུན་བླ་མའི་ཞབས་པད་བརྟན་གྱུར་ཅིག ། ཅེས་པ་འདི་ནི་དངོས་གྲུབ་དཔལ་གྱིས་རང་གི་ཞབས་བརྟན་སྨོན་ཚིག་ཏུ་བྲིས་པའོ། །ཨོཾ་སྭ་སྟི། བླ་མ་ཡི་དམ་སངས་རྒྱས་ཆོས་ཚོགས་ཀྱིས། །བཤད་སྒྲུབ་བསྟན་པ་གསལ་བའི་སྒྲོན་མེ་ཡི། །སྐུ་ཚེ་མི་འགྱུར་རྡོ་རྗེའི་ཁམས་བརྟན་ཅིང༌། །མཛད་འཕྲིན་འོད་སྟོང་ས་གསུམ་ཁྱབ་པར་ཤོག། མ་གྱུར་འགྲོ་བའི་མུན་སེལ་རིན་པོ་ཆེ། །འགྲོ་བའི་མགོན་དུ་སྐུ་ཚེ་རབ་བརྟན་ཞིང༌། །ཟབ་རྒྱས་ཆོས་ཀྱི་ཆར་བ་བབ་པ་དང༌། །བྱང་ཆུབ་མ་ཐོབ་བར་དུ་བརྩེ་བས་སྐྱོངས། །ཞེས་པ་འདི་ནི་པཱ་ལ་དགོན་གྱི་རྡོ་རྗེ་སློབ་དཔོན་བླ་མ་བསྟན་གསལ་གྱི་ཞབས་བརྟན་གསོལ་འདེབས་སུ་དངོས་གྲུབ་དཔལ་གྱིས་བྲིས་པའོ། །ཨོཾ་སྭ་སྟི། འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་མཛད་པའི། །ཚེ་ལྷ་རྣམ་གསུམ་ཐུགས་རྗེའི་གྲུ་ཆར་གྱིས། །བསམ་གཏན་སྒྲུབ་ལ་མཁས་བཙུན་བཟང་པོ་ཡི། །སྐུ་ཚེ་རྟག་བརྟན་མི་འགྱུར་དཔལ་གནས་ཤོག ། ཆོས་ཉིད་བདེ་བར་གཤེགས་པའི་བདེན་མཐུ་ཡིས། །དཔལ་ལྡན་དུས་ཀྱི་འཁོར་ལོའི་རིམ་གཉིས་ཀྱི། །ལམ་བཟང་སྒྲུབ་ལ་གཅིག་ཏུ་གཞོལ་མཛད་པའི། །དཔལ་ལྡན་བླ་མའི་ངེས་དོན་བསྟན་དར་ཤོག། མཆོག་གསུམ་སྐྱབས་གནས་དབང་གི་རྒྱལ་པོ་ཡིས། །ཆེར་སྙིགས་དུས་མཐར་ཐུགས་བསྐྱེད་བླ་མེད་པ། །འདོད་ཆུང་ཆོག་ཤེས་སྦྱང་བའི་ཡོན་ཏན་ལྡན། །སྐྱེས་བུ་དམ་པའི་ཞབས་པད་བརྟན་པར་ཤོག ། བདག་ཅག་གུས་སློབ་ཀུན་ཀྱིས་བསགས་པ་ཡི། །རྣམ་དཀར་དགེ་ཚོགས་ཇི་སྙེད་མཆིས་པ་ཡིས། །རྒྱལ་བསྟན་འཛིན་ལ་ཟླ་དང་བྲལ་བའི་བཤེས། །སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པར་ཤོག ། ཅེས་པ་འདི་གང་གི་སློབ་བུ་སྦྱིན་པ་དཔལ་ནས་འདོད་ཆུང་ཆོག་ཤེས་ཀྱི་ངང་སྒྲུབ་པ་ཉམས་ལེན་བརྩོན་པ་ལྷོད་མེད་མཛད་པའི་སྐྱེས་བུ་དམ་པ་གཙང་གོང་རྡོ་རྗེ་སློབ་དཔོན་ངག་དབང་བསམ་གཏན་བཟང་པོའི་ཞབས་བརྟན་གསོལ་འདེབས་ཞིག་རྩོམ་བསྐུལ་གནང་བ་ལ་བརྟེན་ནས་དངོས་གྲུབ་དཔལ་གྱིས་དད་གུས་དང་བཅས་བྲིས་པའོ། །སརྦ་མངྒ་ལཾ། ཨོཾ་སྭ་སྟི། སྲིད་གསུམ་མཉམ་མེད་ཤཱཀྱའི་དབང་པོ་དང༌། །ཚེ་ལྷ་རྣམ་གསུམ་སངས་རྒྱས་སྟོང་རྩ་སོགས ། རབ་འབྱམས་ཞིང་གི་འཕགས་ཚོགས་ཐམས་ཅད་ཀྱིས། །དེང་འདིར་སྨོན་པའི་མཐུན་འགྱུར་སྤེལ་བར་མཛོད། །མང་ཐོས་མཁས་པའི་ཡལ་ག་ཡངས་བའི་རྩེར། །སྒྲུབ་པའི་ལོ་འབྲས་ཁུར་གྱིས་ཉེར་དུད་པའི། །འགྲོ་མང་དགེ་ལེགས་འབྱུང་བའི་དཔག་བསམ་ཤིང༌། །ལྔ་བདོའི་ལུས་ཅན་གསོས་སུ་རྟག་བཞུགས་གསོལ། །འདོད་སྡང་རྨོངས་པའི་ནགས་ཀླུང་སྟུག་པོའི་ནང༌། །དབང་མེད་ལས་ཀྱིས་རླུང་གིས་རབ་བདས་པའི། །མགོན་མེད་ཉམ་ཐག་ཀུན་གྱི་སྤྱི་དཔལ་ཆེ། །སེམས་དཔའ་མཆོག་གི་ཞབས་པད་བརྟན་གྱུར་ཅིག ། ནང་དུ་རྡོ་རྗེ་ཐེག་པ་མཆོག་བསྒྲུབས་ཏེ། །ཐུན་མོང་བཀའ་གདམས་ལམ་གྱིས་རྒྱུད་སྦྱངས་པས། །ཀུན་རྟོག་དགྲ་ཆེན་ནང་ནས་རབ་འདུལ་ཁྱེད། །བདག་ཅག་ལྟོས་བཅས་མགོན་དུ་འཚོ་བཞུགས་གསོལ། །ཞེས་མཁན་དཀོན་མཆོག་དཔལ་དང་རིན་དཔལ་གཉིས་ཀྱིས་ཞུ་རྟེན་དང་བཅས་ངེས་དོན་གྱི་བླ་མ་སྤྲུལ་རྡོ་རྗེ་དགྲ་འདུལ་གྱི་ཞབས་བརྟན་གསོལ་འདེབས་ཞུས་པའི་ངོར་དངོས་གྲུབ་དཔལ་གྱིས་དད་གུས་དང་བཅས་བྲིས་པའོ། །མཁན་ཆེན་བསྟན་པ་རབ་རྒྱས་ཀྱི་ཞབས་བརྟན་སྨོན་ཚིག

ཨོཾ་སྭ་སྟི། གང་ཐུགས་འདུལ་བའི་བསླབ་ཁྲིམས་དག་པའི་གཞིར། །གཞན་ཕན་སྤྱོད་པའི་རྒྱལ་སྲས་སེམས་དཔའ་ཆེ། །རིམ་གཉིས་རྣལ་འབྱོར་མཆོག་གིས་རྒྱུད་གྲོལ་བ། །གསུམ་ལྡན་རྡོ་རྗེ་འཛིན་དེར་དད་པས་འདུད། །འགྲོ་བའི་བསོད་ནམས་རིན་ཆེན་སྤུངས་པའི་སྤོར། །ཕན་བདེའི་དྲི་བཞོན་བསིལ་བསིལ་ལྡང་དང་ལྷན། །ལུང་རྟོགས་བསྟན་པ་རབ་ཏུ་རྒྱས་བྱེད་པའི། །མཁས་གྲུབ་བཤེས་གཉེན་དམ་པའི་ཞབས་བརྟན་ཤོག ། རིན་ཆེན་རྣམ་གསུམ་བདེན་པའི་བྱིན་རླབས་དང༌། །བདག་ཅག་སྨོན་འདུན་བཟང་པོའི་ནུས་པ་ཡིས། །བསྟན་པའི་གཉེན་གཅིག་མདོ་སྔགས་བདག་པོ་ཁྱེད། །སྐུ་ཚེ་བསྐལ་བ་རྒྱ་མཚོར་ཞབས་བརྟན་ཤོག ། ཡིད་བྱེད་མཚན་མའི་མདུད་པ་རང་སར་གྲོལ། །འོད་གསལ་སྣང་བའི་གཏུམ་མོ་རབ་འབར་བ། །གནས་ལུགས་ཕྱག་རྒྱ་ཆེན་མོའི་བདེན་མཐུ་ཡིས། །གང་སྐུ་འགྲོ་བའི་མོས་ངོར་རྟག་བརྟན་ཤོག། ཅེས་པ་འདི་ནི་ངག་དབང་དངོས་གྲུབ་དཔལ་གྱིས་མཁན་ཆེན་བསྟན་པ་རབ་རྒྱས་ཀྱི་ཞབས་བརྟན་སྨོན་ཚིག་ཏུ་སྨྲས་པའོ། །ཨོཾ་སྭ་སྟི། བླ་མ་ཡི་དམ་སངས་རྒྱས་ཆོས་ཚོགས་དང༌། །ཚེ་ཡི་ལྷ་མཆོག་རྣམས་ཀྱི་ནུས་མཐུ་ཡིས། །སྐྱེས་བུ་དམ་པའི་སྐུ་ཚེ་རབ་བརྟན་ཅིང༌། །བཀྲ་ཤིས་དཔལ་འབར་སྲིད་གསུམ་མཛེས་པར་ཤོག ། དཔལ་ལྡན་བླ་མའི་ངག་གི་དབང་བསྒྱུར་བའི། །འགྲོ་ལ་ལྷག་བསམ་རྒྱ་མཚོའི་བདུད་རྩི་ཡིས། །སྲིད་པའི་ཚ་གདུང་མ་ལུས་ཞི་མཛད་པའི། །དཔལ་ལྡན་བླ་མའི་ཞབས་པད་རྟག་བརྟན་ཤོག ། ཅེས་བླ་མ་ངག་དབང་ལྷག་བསམ་རྒྱ་མཚོ་མཆོག་ལ་ཞབས་བརྟན་གསོལ་འདེབས་ཞིག་དགོས་ཞེས་གང་གི་ཚ་བོ་ཆོས་འབྱོར་རྒྱ་མཚོས་བསྐུལ་ངོར་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པ་དགེའོ། །ངག་དབང་བསམ་གཏན་བཟང་པོའི་ཞབས་བརྟན་སྨོན་ཚིག ཨོཾ་སྭ་སྟི། དགེ་མཚན་བགྲང་བྱའི་རིན་ཆེན་ལྟེ་བ་རུ། །བཅུ་གཉིས་ཟླ་བའི་རྩིབས་ཀྱི་དྲ་བ་ཅན། །སུམ་བརྒྱ་དྲུག་ཅུའི་མུ་ཁྱུད་ངོམས་པ་འདི། །སྨོན་འདུན་ཤིས་ཚིག་སྒྲོག་བཞིན་བསུ་མ་བྱེད། །ངག་དབང་ལྷ་མོའི་མཁྱེན་གཉིས་འོད་དཀར་དང༌། །པད་དཀར་འཆང་བའི་བརྩེ་བའི་བསམ་གཏན་གཉིས། །བསོད་ནམས་སྐལ་པ་བཟང་པོའི་སྤྱི་དཔལ་དུ། །གཅིག་ཏུ་ཡོངས་བཟླུམས་བླ་མའི་ཞབས་ཟུང་བརྟན། །ཞེས་པ་འདི་གཙང་གོང་སྦྱོར་དྲུག་བའི་ཆོས་ཚན་གཅིག་གིས་བསྐུལ་ངོར་ངག་དབང་དངོས་གྲུབ་དཔལ་གྱིས་སྒྲུབ་པ་ཉམས་ལེན་ལ་ལོ་བཅུ་ཕྲག་གསུམ་ལ་བརྩོན་པའི་༧ ངག་དབང་བསམ་གཏན་བཟང་པོའི་ཞབས་བརྟན་སྨོན་ཚིག་ཏུ་དད་གུས་དང་བཅས་ཕུལ་བའོ། །དགེའོ། །བླ་མ་ཀུན་དགའ་ཚུལ་ལྡན་གྱི་ཞབས་བརྟན་སྨོན་ཚིག

ཨོཾ་སྭ་སྟི།ཏིང་འཛིན་གཡོ་མེད་ལྷུན་པོའི་དཔལ་ལ་རོལ། །ཐབས་ཤེས་ཉི་ཟླའི་ཟེར་བརྒྱ་ངོམས་པ་ཡི། །རྡོ་རྗེ་འཛིན་པ་ཀུན་དགའ་ཚུལ་ལྡན་གྱི། །ཞབས་ཟུང་འཁོར་ལོ་རྩིབས་སྟོང་དྲྭ་བ་ཅན། །འགྲོ་བའི་བསོད་ནམས་རིན་ཆེན་སྤུངས་པའི་རྩེར། །འགྱུར་མེད་རྡོ་རྗེའི་ཁམས་སུ་བརྟན་པ་ལ། །མཆོག་གསུམ་བདེན་པའི་བྱིན་རླབས་བསྩལ་དུ་གསོལ། །ཞེས་མཁན་ཤེས་རབ་རིན་ཆེན་གྱི་བསྐུལ་ངོར་ངག་དབང་དངོས་གྲུབ་དཔལ་གྱིས་བླ་མ་ཀུན་དགའ་ཚུལ་ལྡན་གྱི་ཞབས་བརྟན་སྨོན་ཚིག་ཏུ་བྲིས་པའོ། །ཞབས་བརྟན་སྨོན་ཚིག

ཨོཾ་སྭ་སྟི། གསང་ཆེན་རྩོལ་བྲལ་གཉུག་མའི་རྣལ་འབྱོར་ལས། །ལྷུན་འགྲུབ་སྤྲོས་བྲལ་དཀྱིལ་འཁོར་རབ་འབྱམས་ཀྱི། །ལྷན་སྐྱེས་དོན་དམ་འཁོར་འདས་སྲོག་ཆེན་དེར། །འོད་གསལ་བསལ་བཞག་མེད་པར་སྐྱབས་སུ་བསྟེན། །ཚེ་དཔག་མེད་མགོན་རྣམ་པར་རྒྱལ་མ་དང༌། །ཡིད་བཞིན་འཁོར་ལོ་རིགས་གསུམ་མགོན་པོ་སོགས། །མ་ལུས་རྒྱལ་དང་སྲས་བཅས་སེམས་དཔའི་ཚོགས། །དེང་འདིར་སྨོན་པའི་མཐུན་འགྱུར་བསྩལ་ཏུ་གསོལ། །སྲིད་གསུམ་སྒྱུ་མའི་གྲོང་ཁྱེར་ཆེན་པོ་རུ། །ཀུན་ཉོན་ལས་དང་རྐྱེན་གྱིས་འཁྱམས་པ་ཡི། །མགོན་མེད་འགྲོ་བ་ཀུན་ཀྱི་མགོན་གཅིག་པུ། །རྣལ་འབྱོར་དབང་ཕྱུག་མཆོག་གི་ཞབས་བརྟན་ཤོག ། འཇིགས་མེད་མི་ཤིགས་བདེ་སྟོང་ཟབ་མོའི་ལམ། །ཚེ་རབས་གོམས་པའི་འབྲས་བཟང་ཕུན་སུམ་ཚོགས། །བསམ་བཞིན་སྤྲུལ་བའི་ཟློས་གར་ཉེར་བཟུང་བའི། །འདྲེན་མཆོག་གང་དེའི་འཕྲིན་ལས་གེགས་མེད་ཤོག ། ཅེས་བསེ་སྤྲུལ་འཇིགས་མེད་ཕུན་ཚོགས་ཀྱི་ཞབས་བརྟན་སྨོན་ཚིག་འདི་དངོས་གྲུབ་དཔལ་གྱིས་གང་གི་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་བཅས་ཕུལ་བ་དགེའོ། །ཞབས་བརྟན་འཕྲིན་ལས་རབ་བརྟན་ཞེས་བྱ་བ་བཞུགས། ཨོཾ་སྭ་སྟི། དོན་དམ་བདེ་གཤེགས་སྙིང་པོའི་བདེན་པའི་མཐུ། །རྨད་བྱུང་མཆོག་གསུམ་བདེན་པའི་ཐུགས་རྗེའི་དཔལ། །ཚེ་ཡི་ལྷ་མཆོག་གསུམ་གྱི་ཐུགས་བསྐྱེད་ཀྱིས། །ཀརྨ་རྡོ་རྗེའི་ཞབས་པད་བརྟན་དུ་གསོལ། །གཞོན་ནུའི་དུས་ནས་སྔོན་སྦྱང་སད་སྟོབས་ཀྱིས། །མཁས་ཤིང་གྲུབ་པའི་རྣམ་ཐར་རྨད་དུ་བྱུང༌། །བཤེས་གཉེན་དམ་པའི་སྐུ་ཚེ་རབ་བརྟན་ཅིང༌། །ས་གསུམ་འགྲོ་བའི་དཔལ་དུ་འགྱུར་བར་ཤོག ། ཅེས་ཞབས་བརྟན་འཕྲིན་ལས་རབ་བརྟན་འདི་ནི་དད་གུས་དང་བཅས་སྟེ་དངོས་གྲུབ་དཔལ་གྱིས་སྨོན་པའོ། །དགེའོ། །ཞབས་བརྟན་གསོལ་འདེབས་འདོད་འཇོའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། དཔལ་ལྡན་སྐུ་བཞིའི་མི་འཇིགས་ལྷུན་པོ་ལ། །འཆི་མེད་ཚེ་ཡི་དཔལ་ན་མངོན་མཐོ་བའི། །ཚེ་ཡི་ལྷ་མཆོག་རྣམས་ཀྱི་དགེ་ལེགས་ཀྱིས། །འགྲོ་བའི་མགོན་པོ་ཞབས་པད་བརྟན་དུ་གསོལ། །གསང་བདག་སྒྱུ་འཕྲུལ་མར་མེ་གཅིག་ཉིད་ལས། །རང་འདྲ་ཆད་པའི་ངུར་སྨྲིག་རྣམ་རོལ་བའི། །དམ་ཆོས་བདུད་རྩིའི་རྩེ་དགའ་འགྱེད་པ་ཡི། །འགྲོ་བའི་དཔལ་གྱུར་ཞབས་པད་བརྟན་དུ་གསོལ། །བསོད་ནམས་འོ་མའི་རྒྱ་མཚོ་འཕྱུར་བ་ལས། །རྒྱལ་བསྟན་རྒྱ་མཚོའི་གསང་མཛོད་འཛིན་པ་ལ། །རླབས་ཆེན་མཛད་པའི་ནོར་བུའི་གཏེར་བརྡོལ་བའི། །དམ་པའི་སྐྱེས་བུའི་ཞབས་པད་བརྟན་དུ་གསོལ། །འཇིགས་མེད་བདེན་གསུང་དམ་ཆོས་ནཱ་དའི་གླུ། །སྙན་དགུར་ལེན་པས་རྒྱལ་བ་རྒྱ་མཚོ་ཡི། །ཟབ་ལམ་རྡོ་རྗེའི་སྙིང་བོ་ཐང་མལ་བརྡལ། །འགྲོ་བའི་མགོན་པོའི་ཞབས་པད་བརྟན་དུ་གསོལ། །དབང་ལུང་མན་ངག་བདུད་རྩིའི་ཆུ་རྒྱུན་གྱིས། །སྐལ་བཟང་གདུལ་བྱའི་རེ་སྐོང་དཔག་བསམ་ཤིང༌། །དགོས་འདོད་ཀུན་འབྱུང་རྗེ་བཙུན་མཁས་གྲུབ་ཀྱི། །སྐུ་ཚེ་མི་འགྱུར་བསྐལ་བརྒྱར་ཞབས་བརྟན་ཤོག ། གདམས་ངག་ཆོས་ཀྱི་དཔལ་ལ་དབང་བསྒྱུར་བ། །འཇིགས་མེད་རྒྱལ་བསྟན་འཛིན་པའི་མངའ་བདག་ཆེ། །གསང་གསུམ་མི་འགྱུར་རྡོ་རྗེའི་ཁམས་བརྟན་ནས། །མཛད་འཕྲིན་འོད་སྣང་ཕྱོགས་བཅུར་རྒྱས་པར་ཤོག ། ཅེས་པ་འདི་བརྟན་ཞུགས་ཆེད་དེབ་རྩོམ་སྒྲིག་ཁང་ནས་འབྲི་བསྐུལ་གནང་བའི་ངོར་དངོས་གྲུབ་དཔལ་གྱིས་བྲིས་པ་དགེའོ།། །།

ཤིས་ཚིག་དང་སྨོན་ཚིག

ཤིས་ཚིག་དང་སྨོན་ཚིག

སྐུ་གསུམ་ཐོབ་ཕྱིར་སྨོན་པ། ཚོང་རའི་མི་ཚོགས་འདྲ་བའི་གྲྭ་སློབ་ཚོགས། །འདུས་ཀྱང་རུང་ལ་འབྲལ་ཡང་ཞེན་དོན་མེད། །རང་སེམས་ཕན་པའི་ཐོས་བསམ་སྒོམ་པ་ཡི། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་སྨོན། །འཇིག་རྟེན་ཆོས་བརྒྱད་སྟོན་གྱི་སྤྲིན་ཚོགས་འདྲ། །དེ་སླད་སྲིད་འབྱོར་བདེ་བས་ཡིད་མ་ཚིམ། །གཏན་བདེའི་ཐར་བའི་ལམ་སྣ་ཟིན་པའི་ཕྱིར། །ངེས་འབྱུང་བསམ་པས་རང་རྒྱུད་གཏམ་པར་སྨོན། །མ་རྒན་འགྲོ་རྣམས་སྲིད་མཚོར་རྟག་འཁྱམ་ན། །བཅོས་མིན་བརྩེ་བས་སེམས་མཆོག་བསྐྱེད་བྱས་ཏེ། །ཡང་དག་ལྟ་བས་ལྟ་ངན་མུན་བཅོམ་ནས། །དོན་གཉིས་མཐར་ཕྱིན་སྐུ་གསུམ་ཐོབ་ཕྱིར་སྨོན། །ངག་དབང་དངོས་གྲུབ་དཔལ་གྱིས་སྨྲས་སོ། །ཕུན་ཚོགས་དགེ་ལེགས་ལྡན་པའི་དཔལ་མངའ་བ། །རྣམ་དཔྱོད་ལོ་འདབ་ཡོན་ཏན་འབྱོར་བའི་དཔྱིད། །ཆུ་བོའི་རྒྱུན་བཞིན་ཚེ་རིང་རྟག་བརྟན་ཅིང༌། །དམ་ཆོས་བདུད་རྩིའི་དཔལ་ལ་རོལ་བར་སྨོན། །ལུགས་གཉིས་ཀྱི་མཁྱེན་དཔྱོད་ཡངས་བ་གང་གི་སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། ཐོག་མར་རྒྱ་ཆེན་གཞུང་ལ་ཐོས་བསམ་གནང༌། །བར་དུ་སྤང་བླང་འཇུག་ལྡོག་མ་ནོར་བྱ། །མཐའ་མར་གཡེང་མེད་སྒོམ་པས་ཉམས་ལེན་བརྩོན། །བྱ་བཞག་གང་བྱེད་བསྟན་འགྲོའི་དོན་ཆེན་སྨོན། །ཅེས་མི་ཚེ་གཅིག་གི་མདུན་ལམ་འདི་ལྟར་འཚོལ་བར་སྨོན་པ་དང་བཅས་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པ་དགེའོ། །ལྷག་བསམ་གསེར་གྱི་མཎྡྲྲལ་གཙང་མའི་གཞིར། །ཚུལ་ཁྲིམས་བཀྲ་ཤིས་སྡུག་གུའི་རེ་ཁཱ་ཅན། །བསྟན་གཉིས་ཅོད་པན་ཐོགས་པའི་ངུར་སྨྲིག་འཛིན། །སྡེ་སྣོད་འཛིན་པའི་མཁན་པོར་མངའ་གསོལ་ལོ། །སྡེ་སྣོད་འཛིན་པ་ལྷ་རམས་པ་མཁན་པོ་ཚུལ་ཁྲིམས་མཆོག་འབུམ་རྙིང་དགོན་གྱི་མཁན་ཁྲིར་མངའ་གསོལ་ལ་དགའ་གུས་བཅས་ངག་དབང་དངོས་གྲུབ་དཔལ་ནས་གུས་ཕུལ། ཐུབ་པའི་གསུང་རབ་ཆོས་སྒོ་བྱེ་བའི་ཁྲོད། །ཀླུ་དབང་གཙུག་གི་ནོར་བུའི་དོ་ཀེར་བཞིན། །ཡུམ་གྱི་དགོངས་ཆེན་ཐོས་སྒོམ་བྱེད་པ་ཡི། །བློ་གྲོས་བཟང་པོའི་སློབ་མཐར་ཕྱིན་ལ་རངས། །ཞེས་པ་འདི་དངོས་གྲུབ་དཔལ་གྱིས་ཕུལ་བའོ། །ཨོཾ་སྭ་སྟི། བགྲང་ཡས་བསོད་ནམས་རྡུལ་མང་བརྩེགས་པའི་སྤོར། །མཁྱེན་གཉིས་འོད་བརྒྱས་ཤེས་བྱ་ཀུན་གསལ་ཞིང༌། །བརྩེ་ཆེན་སྟོན་པ་འགྲོ་བའི་གསོས་གྱུར་དེས། །བཀྲ་ཤིས་སྟོབས་བཅུས་སྲིད་འདི་ཡོངས་བཟླུམ་ཤོག ། སྐྱཻས་པའི་སྐྲ་དང་བཏགས་པའི་ཕུ་ཐུང་ལྷན། །སྲིད་འདུན་སེམས་པ་མཆིལ་མ་བཞིན་བོར་ཏེ། །ཐུབ་པའི་རྟུལ་ཞུགས་གཙང་མས་རབ་བརྒྱན་པའི། །ཉིང་དོན་ཐོས་བསམ་སྒོམ་ལ་འབད་འདི་རྨད། །ཐུབ་པའི་ཞལ་སྐྱིན་ཆོས་སྒོ་བྱེ་བའི་ཁྲོད། །ཀླུ་དབང་གཙུག་གི་ནོར་བུའི་དོ་ཀེར་བཞིན། །རྒྱལ་ཡུམ་དོན་ཀུན་ལྷམ་མེར་གསལ་བྱེད་ཀྱི། །རྣམ་དཔྱོད་ཉི་མའི་འོད་སྟོང་སྤྲོ་ལ་རངས། །ཞེས་པ་འདི་ནི་ངག་དབང་དངོས་གྲུབ་དཔལ་གྱིས་གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་ཐེངས་དགུ་བའི་ཕར་ཕྱིན་མཐར་ཕྱིན་འཛིན་གྲྭའི་དཔྱད་རྩོམ་ཡུམ་དོན་ཀུན་གསལ་གྱི་ཤིས་ཚིག་ཏུ་རྗེས་སུ་ཡི་རང་བཅས་ཕུལ་བ་དགེའོ། །ཨོཾ་སྭ་སྟི། ཀུན་རྟོག་སྤྲིན་རིས་དབྱིངས་སུ་དག་པ་ལས། །ཐུགས་རྗེའི་ཆུ་འཛིན་ཕན་པའི་ཆབ་རྒྱུན་གྱིས། །སྐྱེ་དགུའི་བསམ་པའི་ལོ་འབྲས་སྨིན་བྱེད་པ། །ཐུབ་དབང་ལྷ་ཡི་ལྷ་དེར་ལན་བརྒྱར་འདུད། །ཐོག་མེད་དུས་ནས་ད་ལྟའི་སྲིད་འདི་བར། །སྐྱེ་ཤིའི་འཁོར་བ་རེས་མོས་བསྐོར་ན་ཡང༌། །དལ་བའི་རྟེན་ལ་ངུར་སྨྲིག་རྒྱན་འཆང་བ། །འདི་ཙམ་ཞིག་ཅེས་ཉིང་དོན་སྒྲུབ་པ་གལ། །དེ་སླད་འདས་པའི་བགྲང་བྱའི་རྡོག་པོ་འགར། །ཉིན་དང་ཞག་ལ་བརྩོན་པའི་ཁུར་བསྐྱེད་དེ། །ཕ་རོལ་ཕྱིན་གཞུང་ཐོས་བསམ་གོམས་པ་ལ། །བདག་ཀྱང་ཡི་རང་བསམ་པ་རབ་ཏུ་སྐྱེས། །ད་ལྟར་ཐོབ་པའི་མི་ཚེའི་ལམ་ཁ་འདི། །ཚེ་འདི་བདེ་ཞིང་ཕྱི་མར་ཕན་པ་དང༌། །རང་གྲོལ་གཞན་འདྲེན་ལམ་གྱི་མཆོག་རིག་སྟེ། །བློ་སེམས་གཅིག་གིས་ཡུན་དུ་འབད་པར་རེ། །བག་ཡོད་རྟུལ་ཞུགས་ཁྲིམས་ཀྱི་གཞི་བརྟན་ཞིང༌། །གཡོ་མེད་དད་དམ་བརྩོན་པའི་ཏིང་འཛིན་ལས། །ཟབ་རྒྱས་ཆོས་རབ་རྣམ་པར་འབྱེད་པ་ཡི། །བསླབ་གསུམ་ནོར་གྱིས་ཡིད་རབ་འགེངས་གྱུར་ཅིག ། ཅེས་ཕར་ཕྱིན་ཐེངས་བདུན་པའི་འཛིན་གྲྭའི་དཔྱད་རྩོམ་གྱི་ཤིས་ཚིག་ཏུ་དངོས་གྲུབ་དཔལ་གྱིས་བྲིས་པ་དགེའོ། །བསོད་ནམས་རྡུལ་མང་བརྩེགས་པའི་ས་འཛིན་སྤོར། །གཟུགས་སྐུའི་མེ་ཏོག་སྨིན་པའི་དུས་བཟང་ལ། །སྐུ་ཚེ་བསྐལ་བརྒྱར་ཞབས་པད་བརྟན་པ་དང༌། །མཛད་འཕྲིན་མཐར་རྒྱས་ཡོང་བའི་འཁྲུངས་སྐར་བསུ། །དངོས་གྲུབ་དཔལ་གྱིས་བྲིས་པའོ། །རྣམ་པར་རྒྱལ་དང་ཡིད་བཞིན་འཁོར་ལོ་དང༌། །ཚེ་དཔག་མེད་མགོན་ལ་སོགས་སྐྱབས་མཆོག་གི། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཆོས་ཆེན་གྱིས། །གང་སྐུ་འགྲོ་བློའི་ཉི་མར་རྟག་བརྟན་ཤོག། ཅེས་པ་འདི་ནི་གཞན་གྱི་ངོར་དངོས་གྲུབ་དཔལ་གྱིས་བྲིས་པའོ། །ངག་གི་དབང་ཕྱུག་ཐུབ་དབང་ཉི་མའི་གཉེན། །ལུང་རྟོགས་བསྟན་འཛིན་འཕགས་བོད་མཁས་གྲུབ་སོགས། །ཤེས་རབ་སྤྱ ན་ལྡན་སྐྱབས་གནས་རྒྱ་མཚོ་ཡིས། །གང་སྐུ་བརྟན་ཞིང་མཛད་འཕྲིན་མཐར་རྒྱས་ཤོག ། ཅེས་པ་འདི་ནི་གང་གི་སློབ་ཚོགས་ཀྱི་ངོར་དངོས་གྲུབ་དཔལ་གྱིས་བྲིས་པའོ། །ལུང་དང་རིགས་ལམ་མེད་པའི་དཔེ་ཆ་བ། །ལག་སྡོམ་དཔའ་བོ་གཡུལ་ལ་ཆས་པ་འདྲ། །རང་གི་ནང་འགལ་རང་གིས་མི་ཤེས་པར། །འཁོར་གསུམ་མགོ་བོ་འཁོར་བ་ཤེས་པར་གྱིས། །དངོས་གྲུབ་དཔལ་གྱིས། མི་ལུས་ཡིད་བཞིན་ནོར་བུ་གཏེར་བའི་བདག། དྲིན་ཆེན་མ་ཡི་བརྩེ་སེམས་ལྷད་མེད་པར། །དྭངས་གཙང་ཆུ་བོའི་རྒྱུན་འབབ་ལོ་བརྒྱ་ཚོ། །དམ་ཆོས་བདུད་རྩིའི་དཔལ་ལ་སྤྱ ོད་པར་སྨོན། །ཞེས་པ་འདི་ཆོས་གྲོགས་དམ་པ་མཁན་ཆོས་དར་གྱི་མ་དྲིན་མོ་ཆེ་ལོ་གྲངས་བརྒྱད་ཅུར་ཕེབས་པའི་དུས་བཟང་ལ་དངོས་གྲུབ་དཔལ་གྱིས་ཕུལ་བ་དགེའོ། །བོད་ཀྱི་ཟོ་དོར་རྨ་ཆེན་གྱི། །གངས་རིའི་འདབས་ཀྱི་གསེར་ལྡན་གཞིར། །འཚར་ལོངས་བྱུང་བའི་དུས་བཟང་ལ། །བཀྲ་ཤིས་བདེ་ལེགས་འབྱུང་བར་ཤོག། ཅེས་ཡེ་ཤེས་ཤེས་རབ་ཀྱི་སྐྱེས་སྐར་ལ་སིདྡྷི་ཤྲཱི་ནས་ཕུལ་བའོ། །ཨོཾ་སྭ་སྟི། ངོ་མཚར་སྐྱེ་རབས་སྤྲུལ་བའི་བཀོད་པ་དང༌། །ས་ལམ་སྤངས་རྟོགས་ལམ་གྱི་རྩལ་རྫོགས་པའི། །རང་བྲིས་ཕྱི་ནང་གསང་བའི་ལེགས་གསུང་གིས། །ཡིད་བློ་བརྟན་པ་འཕྲོག་པའི་རྣམ་ཐར་ཅན། །བྱིས་པའི་དུས་ནས་གཞན་ལ་མ་བསླབས་པར། །འཕགས་ཡུལ་བརྡ་སྤྲོད་ཅི་དགར་སྨྲ་བ་ཡི། །སྐད་གཉིས་སྨྲ་བ་ཏཱ་ར་ནཱ་ཐ་ཞེས། །གངས་ཅན་མཁས་གྲུབ་ཁྲི་མ་འབུམ་གྱི་དབུས། །མཚན་གྱི་སྙན་པ་ཉི་ཟླ་བཞིན་འབར་བ། །གསུམ་ལྡན་རྡོ་རྗེ་འཛིན་པའི་གཙོ་བོ་དེས། །འཕགས་ཡུལ་ཆོས་ཀྱི་ཆུ་གཏེར་འཁྲིགས་པ་ལས། །གངས་ཅན་སྐྱེ་འགྲོའི་དཔལ་དུ་ལེགས་དྲངས་པ། །ད་ལྟར་ཉམས་མེད་ཇི་སྙེད་ཐོབ་པ་ཀུན། །ལྷག་བསམ་དྲི་མེད་འབད་པའི་ཁུར་བཞེས་ཏེ། །རིག་པའི་རྡོ་རྗེས་ཕྱོགས་བསྡུས་སྤེལ་བའི་དགེས། །རྒྱལ་བསྟན་དར་རྒྱས་སྐྱེ་རྒུ་ཀུན་བདེ་ཞིང༌། །ཁྱད་པར་ངེས་དོན་སྙིང་པོའི་རང་ལུགས་འཛིན། །ཀུན་མཁྱེན་ཆེན་པོ་ཤེས་རབ་རྒྱལ་མཚན་གྱི། །ཆོས་བརྒྱུད་མི་ནུབ་ཕྱོགས་མཐར་དར་རྒྱས་ཤོག། ཅེས་པ་འདི་ནི་སྨྲ་བའི་སྤོབས་བ་གཟེངས་སུ་མཐོ་བའི་རིག་པའི་རྡོ་རྗེས་རྗེ་བཙུན་ཏཱ་ར་ནཱ་ཐའི་མདོ་རྒྱུད་ཀྱི་གཞུང་ལུགས་བསྒྱུར་བ་ཕྱོགས་བསྡུས་མཛད་སྐབས་ཆེད་བརྗོད་དུ་ངག་དབང་དངོས་གྲུབ་ཀྱིས་ཕུལ་བའོ། །བཀྲ་ཤིས་གང་ཞིག་གནམ་ལོ་ལྕགས་གླང་ཤར། །བཀྲ་ཤིས་གང་ཞིག་ནད་མེད་བདེ་ལྡན་ཞིང༌། །བཀྲ་ཤིས་གང་ཞིག་བསམ་དོན་ཡིད་བཞིན་འགྲུབ། །བཀྲ་ཤིས་གང་ཞིག་རྒྱལ་ཁམས་བདེ་ལེགས་ཤོག། ངག་དབང་དངོས་གྲུབ་དཔལ་གྱིས་སྨོན་པའོ། །ཐུབ་མཆོག་དགོངས་པ་རྡོ་རྗེ་ཐེག་པའི་ཚུལ། །རིག་འཛིན་དུ་མས་ཤིང་རྟས་ལེགས་དྲངས་པ། །དངོས་གྲུབ་རླབས་ཕྲེང་འབུམ་གྱིས་ལེགས་བརྒྱན་ཏེ། །ཕྱི་མཐའ་བར་དུ་ནམ་ཡང་ཉམས་མེད་ཤོག ། དངོས་གྲུབ་དཔལ་གྱིས་སྨོན་པའོ། །འགྲོགས་ཡུན་རིང་ན་འཁོར་བའི་ཆོས་ཀུན་ལ། །སུན་སྣང་མི་སྐྱེ་གཅིག་ཀྱང་མི་སྲིད་པས། །དོན་གྱི་ངལ་གསོ་ཐར་བ་རིན་པོ་ཆེ། །རང་སེམས་ཆོས་ཀྱི་དྲི་ངད་ལྡང་བར་སྨོན། །ཞེས་དངོས་གྲུབ་དཔལ་ནས་དུས་འཁོར་གྱི་རྒྱུད་གསུང་བའི་ནག་ཟླའི་ཚེས་༡༥དུས་ཆེན་ལ། སྡིག་ཟས་ཕྱིར་དུ་གཞན་སྲོག་ཟ་བ་སོགས། །གཞན་ལ་གནོད་པའི་སྒོ་གསུམ་རབ་འདུལ་ནས། །བྱམས་དང་བརྩེ་བས་མ་རྒན་འགྲོ་རྣམས་དོན། །འཁོར་བ་སྲིད་མཐའི་བར་དུ་འབད་པར་སྨོན། །བདག་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ལ། །ནམ་ཡང་གང་དུ་གནོད་པ་མེད་པ་དང༌། །བདག་གིས་བྱ་བ་གང་དང་གང་རྩོམ་པ། །ཐམས་ཅད་ཕན་བདེའི་དཔལ་དུ་འགྱུར་བར་ཤོག ། ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པ་དགེའོ། །

སློབ་གསོའི་སྐོར།

སློབ་གསོའི་སྐོར།

གྲྭ་བས་ལྒང་ལི་རྩེ་བའི་ཉེས་སྐྱོན། དགེ་བཤེས་དངོས་གྲུབ་དཔལ། འདུལ་བ་ལུང་གཞི་ལས། རྩེད་མོ་དག་ལས་དབེན་པར་བྱའོ། །ཞེས་རབ་ཏུ་བྱུང་བ་རྣམས་རྩེད་མོ་ལས་དབེན་དགོས་པར་གདམས་ཡོད་ལ། ལུས་དབེན་པ་ནི་མ་བསྟེན་ན། །སེམས་དབེན་པ་ནི་རྙེད་མི་འགྱུར། །ཞེས་ལུས་རྩེད་མོ་སོགས་ཀྱིས་དབེན་པར་མ་བྱས་ན་སེམས་ཉོན་མོངས་པ་སོགས་ཀྱིས་དབེན་པའི་ཐབས་མེད་པ་རེད། སྤོ་ལོ་རྩེ་བའི་ཚེ་ལུས་མི་དབེན་པར་མ་ཟད་ངག་ནས་ཀི་སྐད་དམག་སྐད་རྒྱབ་པ་དང་མནའ་སྐྱེལ་བ་དང༌། སེམས་ནས་ཁོང་ཁྲོ་ཕྲག་དོག་འགྲན་སེམས་སོགས་ཀྱང་སྐྱེ་ཡོང་གི་ཡོད་པ་རེད། དེའི་དབང་གིས་ཆོས་གྲོགས་རྣམས་དང་ཕན་ཚུན་བར་འཛིང་རྩོད་བརྒྱབས་ནས་མཐུན་འབྲེལ་གཏོར་བརླག་དང་རྡོ་རྗེ་སྤུན་ལ་ཁྲོས་པའི་རྩ་ལྟུང་འབྱུང་བ་སོགས་ལས་ངན་མི་བཟད་པ་གསོག་པ་དང༌། རིན་ཐང་དང་བྲལ་བའི་དུས་ཚོད་འཕྲོ་བརླག་གཏོང་བ། སྤོ་ལོ་རྩེ་བར་ཧ་ཅང་དགའ་བ་རྣམས་ཐོས་བསམ་སྒོམ་གསུམ་ལ་མོས་པ་མེད་པར་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཆོས་དང་མ་འདྲེས་པ་དང༌། བག་མེད་པའི་སྤྱོད་པའི་གྲངས་སུ་ཞུགས་པར་འགྱུར་བ་མངོན་སུམ་གྱིས་གྲུབ་པ་ཡིན་ལ། ཁྱིམ་པ་སུན་འབྱིན་གྱི་ལས་བསགས་ནས་བྱ་ནག་གི་གྲིབ་མ་བྱ་དཀར་ལ་ཕོག་པས་དགེ་འདུན་པ་སྤྱི་དང་བོད་བརྒྱུད་ནང་བསྟན་སྤྱི་ལ་གནོད་པ་ལྟ་བ་ཐད་ཤར་རེད། དེང་སང་གི་གྲྭ་བ་དག་གིས་སྤོ་ལོ་རྩེས་བའི་རྐྱེན་གྱིས་མ་འོངས་བའི་བསྟན་དགོན་གྱི་མིག་དཔེ་གྲྭ་ཆུང་རྣམས་ལའང་ལྒང་ལི་རྩེ་བའི་གོམས་གཤིས་ངན་པ་ཞིག་སེམས་སུ་འཇོག་པར་བྱེད་པས། གྲྭ་ཆུང་དག་གི་མ་འོངས་བའི་འགྲོ་ཕྱོགས་དང་ཀུན་སྤྱོད་ཚང་མར་གནོད་པ་སྐྱེལ་བར་མ་ཟད། ལྒང་ལི་རྩེ་སྐབས་ཕལ་ཆེ་བས་ཁྱིམ་པའི་ཆས་བྱེད་བཞིན་ཡོད་པས་བར་མ་རབ་བྱུང་ལས་ཉམས་པ་སོགས་ཆོས་འཇིག་རྟེན་གང་ལ་བསམ་ན་སྐྱོན་ཁོ་ན་ལས་མ་འདས། ཁ་ཅིག་གིས་ལུས་ཀྱི་བདེ་ཐང་དང་ལུས་རྩལ་གྱི་ཆེད་སྤོ་ལོ་རྩེས་ན་བཟང་རབས་བཤད་པ་ཡོད་ཀྱང་དེ་ནི་གནས་ལུགས་ཞིབ་ཕྲ་ནས་བསམ་བློ་མ་བཏང་བ་ཞིག་རེད། དེའི་རྒྱུ་མཚན་ནི། སྤྱིར་སྤོ་ལོ་རྩེ་བ་དེ་འཛམ་གླིང་གི་རྩེད་མོ་ཞིག་ཡིན་ཀྱང་ཤུགས་དྲག་པའི་ལུས་ཀྱི་རྩེད་མོ་ཡིན་པས་ལུས་ཀྱི་རྩ་དང་རུས་པ་ལ་གནོད་པ་རེད། ཞིང་ཆེན་སོགས་ན་རུས་པའི་སྨན་ཁང་རྣམས་ན་གཙོ་བོ་སྤོ་ལོ་རྩེ་མཁན་དག་གི་སྨན་ཁང་ཡོད་པ་རེད། རྒྱུན་དུ་སྤོ་ལོ་རྩེ་མཁན་རྣམས་ཀྱི་རུས་པ་དང་རྩ་རྒྱུས་ལ་སྐྱོན་ཤོར་བ་དང༌། རྐང་ལག་ཆག་ཀྲུམ་བྱུང་བ་སོགས་ལུས་ལ་རྨས་སྐྱོན་མང་དུ་འབྱུང་བཞིན་ཡོད་པ་མངོན་གསལ་ཡིན་པ་རེད། སྤྱིར་འཛམ་གླིང་ན་ལུས་ཀྱི་བདེ་ཐང་གི་ཆེད་ལུས་རྩལ་མང་ན་ཡང་ང་ཚོ་ནང་བ་སངས་རྒྱས་པ་ཞིག་ལ་མཚོན་ན་ལུས་ཀྱིས་ཕྱག་སྐོར་དང་ངག་གིས་ཁ་འདོན་དང་སེམས་ཀྱིས་བྱམས་བརྩེ་སོགས་བསྒོམ་ན་ལུས་སེམས་གཉིས་ཀ་ལ་བདེ་ཐང་ཡོང་ཐུབ་པར་མ་ཟད་དགེ་བ་ཡང་འགྲུབ་པ་རེད། ལྷག་པར་གྲྭ་བ་ཞིག་ལ་མཚོན་ན་རྩ་རླུང་དང་ལུས་སྦྱོང་འཁྲུལ་འཁོར་སོགས་ལ་སྦྱང་ན་ལུས་སེམས་བདེ་ཞིང་ཚེ་རིང་བར་འགྱུར་བ་རེད། ལྒང་ལི་རྩེ་བ་ལ་བརྟེན་ནས་རང་དང་རང་གྲོགས་ཀུན་སློབ་གཉེར་སོགས་ཡལ་བར་དོར་ནས་བག་མེད་པའི་སྤྱོད་པ་ལ་ཞུགས་པར་འགྱུར་བ་སོགས་རང་གཞན་གཉིས་ཀ་ལ་གནོད་པས་བླ་མ་དང་དགོན་དཔོན་སོགས་ཆོས་ཀྱི་སྣེ་ཁྲིད་རྣམས་ཀྱིས་བསྟན་དོན་དུ་བསམ་པ་དང་བཤད་པ་དང་སྒྲུབ་ཕོད་པ་མཛད་པར་ཞུ། ལོ་དུ་མའི་རིང་གི་སེམས་ཁྲལ་འདི་ལོ་སར་ལ་ཉེ་བའི་སྐབས་འདིར་བདག་ལ་རེ་ལྟོས་བྱེད་པའི་འབྲེལ་ཡོད་རྣམས་ལ་དངོས་གྲུབ་དཔལ་ནས་གུས་ཕུལ།

ནང་བསྟན་རིག་གཞུང་གིས་སྤྱི་ཚོགས་འདྲ་མཉམ་ཐད་ལ་ནུས་པ་གང་འདྲ་ཐོན་ཞེས་པའི་གླེང་གཞིའི་ཐད་ནས་ཅུང་ཟད་བརྗོད་པ།

ནང་བསྟན་རིག་གཞུང་གིས་སྤྱི་ཚོགས་འདྲ་མཉམ་ཐད་ལ་ནུས་པ་གང་འདྲ་ཐོན་ཞེས་པའི་གླེང་གཞིའི་ཐད་ནས་ཅུང་ཟད་བརྗོད་པ།

༼༡ནང་བསྟན་ཐོག་མར་བྱུང་རིམ་གྱི་ཡུལ་དུས་ཀྱི་གནས་བབས་བརྗོད་པའི་སྒོ་ནས་སྤྱི་ཚོགས་འདྲ་མཉམ་བསྐྲུན་པ།༽ནང་བསྟན་རིག་གཞུང་ཐོག་མར་བྱུང་རིམ་གྱི་དབང་དུ་བྱས་པ་ཡིན་ན་ཡང་རིགས་རུས་མཐོ་དམན་དང་དྲང་བདེན་མ་ཡིན་པའི་སྤྱི་ཚོགས་ལ་ཁ་གཏད་ཅིང་ངོ་རྒོལ་བྱས་ནས་འོང་བ་ཞིག་རེད།ནང་བསྟན་གྱི་སྟོན་པ་ཁོང་ཐོག་མར་སེར་སྐྱ་གྲོང་ཁྱེར་གྱི་རྒྱལ་བོའི་སྲས་སུ་འཁྲུངས་ཤིང༌། དེའི་སྐབས་ཀྱི་རྒྱ་གར་གྱི་གནས་བབ་ནི་འཆམ་མཐུན་མ་ཡིན་པའི་སྤྱི་ཚོགས་ཤིག་སྟེ། བྲམ་ཟེ་རྣམས་ཚངས་པའི་དབུ་ལས་བྱུང་བས་རིགས་དང་གོ་ས་མཐོན་པོར་བཞག་ནས། རིག་བྱེད་རྣམ་པ་བཞིའི་གཞུང་ལུགས་དག་གི་བདག་དབང་ཁོང་ཅག་ལས་གཞན་ལ་མེད་པ་དང༌། རིགས་རུས་གཞན་པ་རྣམས་ཀྱིས་དེ་ལ་བྲམ་ཟེ་རྣམས་ཀྱི་འགྲེལ་ཚུལ་ལས་ལོག་པ་འགྲེལ་བཤད་མི་ཆོག་པ་རེད། ད་དུང་དབྱར་དགུན་སྟོན་དཔྱིད་ཀྱི་བྱུང་རིམ་ཐམས་ཅད་བྲམ་ཟེ་རྣམས་ཀྱིས་ཆོ་ག་དང་མཆོད་སྦྱིན་སྤེལ་བ་ལྟ་བུའི་མཐུ་ལས་བྱུང་བར་མ་ཟད། དབུལ་བོ་དང་དམན་པ་སུ་ཞིག་ཡིན་ཡང་མི་ཤི་བ་ལྟ་བུའི་སྐབས་སུ་ཅི་ལྟར་བྱས་ཀྱང་བྲམ་ཟེ་རྣམས་ལ་ཡོན་མང་དུ་ཕུལ་དགོས་པའི་གནས་བབས་ཤིན་ཏུ་སྐྱོ་བ་ཞིག་རེད། རྒྱལ་རིགས་ཚངས་པའི་ལག་ལས་བྱུང་བས་ཆབ་སྲིད་ཀྱི་བདག་དབང་ཁོང་ཅག་ལས་གཞན་ལ་མེད། རྒྱལ་རིགས་ལ་བྲམ་ཟེའི་མདུན་ནས་རིག་བྱེད་བསླབ་པའི་བདག་དབང་ཡོད་ཀྱང༌། དེ་ལ་འགྲེལ་བཤད་བྱས་ཏེ་གཞན་ལ་སྟོན་པའི་དབང་མེད་ལ། བྲམ་ཟེ་རྣམས་ལ་རྒྱལ་བོའི་མཆོད་གནས་སུ་བཞུགས་ཏེ་དབུ་བླ་བྱེད་པའི་གོ་ས་ཡོད་ཀྱང་སྲིད་དབང་བདག་འཛུགས་བྱེད་པའི་དབང་ཆ་མེད། རྗེ་རིགས་རྣམས་ནི་ཚངས་བའི་བརླ་གཉིས་ལས་སྐྱེས་པ་ཡིན་པས་ཚོང་ལས་ཚེམ་བཟོ་སོགས་སྤྱི་ཚོགས་ཀྱི་ལས་གཉེར་མཐོ་རིམ་མང་བོ་ཁོང་ཅག་ལ་གཉེར་བའི་དབང་ཆ་ཡོད། དམངས་རིགས་རྣམས་ནི་ཚངས་པའི་རྐང་བ་གཉིས་ལས་སྐྱེས་པ་ཡིན་པས་གོང་གི་རིགས་གསུམ་གྱིས་སྒྲུབ་པར་མི་འདོད་པའི་གད་སྙིགས་བསལ་བ་དང་བ་གླང་འཚོ་སྐྱོང་སོགས་ཀྱི་བྱ་བ་བྱེད་དགོས། ད་དུང་རིགས་བཞི་བོ་གང་དུའང་མ་གཏོགས་པའི་རྡོལ་བའི་རིགས་ལྟ་བུ་རིགས་ཐོར་བུ་འགའ་ཡོད་ལ། དེ་དག་ཀྱང་ཚངས་པའི་རྐང་བ་ལས་བྱུང་བ་ཡིན་ཞིང༌། རིགས་དམན་རྡོལ་བ་དང་ཉ་བའི་རིགས་ལྟ་བུ་རྣམས་ཀྱི་ཁང་བའང་གྲོང་ཁྱེར་དུ་མཉམ་གཅིག་ཏུ་བྱེད་མི་ཆོག་པར་གྲོང་ལས་ཕྱི་རོལ་ཏུ་བྱེད་དགོས་པ་རེད། གལ་སྲིད་རིགས་དམན་པ་ཞིག་གིས་རིགས་མཐོན་པོ་ཞིག་ལ་ལག་པས་འཆང་ཙམ་བྱས་ཚེ། རིགས་མཐོན་པོ་དེས་རང་ལ་གྲིབ་ཕོག་པར་འདོད་ནས་གྲིབ་སེལ་གྱི་ཆོ་ག་འདོན་པ་དང༌། མཚམས་རེར་རིགས་དམན་པ་དེར་གཅར་རྡུང་བཅས་གཏོང་གི་ཡོད། འོན་ཀྱང་རིག་བྱེད་ཀྱི་གཞུང་ལུགས་ཁག་དང༌། ཡུལ་དེའི་མི་བྱིངས་ཀྱི་འདོད་ཚུལ་ལ་རིགས་སོ་སོ་ལ་དང་པོ་ཉིད་ནས་རང་ཉིད་ཀྱི་དབང་ནུས་ལ་ཚད་བཟུང་ཡོད་པ་དང༌། མི་སོ་སོའི་ངོས་ནས་ཀྱང་དེ་ལྟར་ངོས་ལེན་ལེགས་པར་བྱས་ཏེ་འཚོ་བ་ནི་བདེ་སྐྱིད་ཅིག་ཡིན་པར་བཤད་ཀྱིན་ཡོད། དེ་ལྟ་ནའང་མི་ཐམས་ཅད་དང་པོ་ཉིད་ནས་གཞུང་ལུགས་དང་རིག་པའི་གནས་ལ་མཁས་པ་མ་ཡིན་པར། རིམ་གྱིས་སྦྱང་ན་མཁས་པར་འགྱུར་འགྲོ་བ་དང༌། བྱིས་པ་ཆུང་ཆུང་ཞིག་ལ་དང་ཐོག་རང་ཉིད་སྐྱེས་མ་ཐག་པ་ན་ལས་ཀ་གཉེར་བའི་ནུས་པ་མེད་ཀྱང༌། ན་ཚོད་རིམ་གྱིས་སྨིན་པ་ན་ཤེད་ཤུགས་རྒྱས་པ་སོགས་ཆོས་ཉིད་ཀྱིས་གྲུབ་སྟངས་དང་གཏན་ནས་མི་མཐུན་པ་ཞིག་ཡིན་པར་མ་ཟད། རིགས་རུས་ཟེར་བ་དེར་མཐའ་གཅིག་ཏུ་ཡིད་རྟོན་རུང་བ་ཞིག་མ་ཡིན་པར། ཕོ་མོ་དག་གི་འབྲེལ་ལམ་མངོན་ལྐོག་མི་མཐུན་པའི་བྱ་བ་ལ་བརྟེན་ནས། རིགས་དམན་པའི་སྐྱེས་པའི་བརྒྱུད་པ་རིགས་མཐོ་བའི་ཆུང་མ་དག་ལ་སྐྱེ་བ་ཡོད་པར་མ་ཟད། དེ་འདྲའི་བུ་ཕྲུག་དག་རིགས་མཐོན་པོ་ཡིན་པར་བྱས་པའང་གྲངས་ཀ་མང་པོ་བྱུང་མྱོང་ཡོད་པས། རིགས་ཞེས་པ་ལ་མཐའ་གཅིག་ཏུ་ཁ་ཚོན་གཅོད་ནུས་པ་སུ་ཞིག་ལ་ཡོད། འོན་ཀྱང་རིགས་དམན་པར་སྐྱེས་པའི་བུ་ཕྲུག་དག་ལ་སློབ་སྦྱོང་གི་གོ་སྐབས་མེད་པས། རང་གི་རྟོག་པ་སད་དེ་གནས་ལུགས་དང་མཐུན་པའི་སྐད་ཆ་བཤད་ཐུབ་པ་དང་གནས་ལུགས་ལ་འཆམ་པའི་ངོ་རྒོལ་བྱེད་ནུས་པ་བྱུང་ཐུབ་ཀྱིན་མེད་ལ། ལྷག་པར་དུ་རིགས་དམན་པར་བརྩི་བའི་མི་ཞིག་གིས་སྐད་ཆ་བཤད་པ་ལ་ཡིད་རྟོན་བྱེད་མཁན་དཀོན་པར་མ་ཟད། རིགས་དམན་པའི་མི་རྣམས་ཀྱིས་ནང་ཕན་ཚུན་ལ་ཡང་གདེང་འཇོག་མི་བྱེད་པར། རང་གི་གཉའ་ནས་གནོན་མཁན་གྱི་རྒྱལ་བོ་དང་བྲམ་ཟེའི་མི་རྣམས་ལ་སེམས་ནས་ལྷ་བཞིན་དུ་བཀུར་བཞིན་ཡོད། དུས་སྐབས་དེ་ལྟ་བུའི་འདྲ་མཉམ་དང་འཆམ་མཐུན་མ་ཡིན་པའི་གནས་བབས་འོག་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ནི། སེམས་ཅན་སྤྱི་དང་ལྷག་པར་དུ་འཁོས་དམན་པ་སྡུག་བསྔལ་མནར་གཅོད་འོག་གི་འགྲོ་བ་རྣམས་ལ་གདུང་བ་སེལ་བྱེད་ཀྱི་སྨན་དཀར་བོ་ཆིག་ཐུབ་ལྟ་བུ་ཞིག་ཏུ་བྱུང་བ་རེད། བཅོམ་ལྡན་འདས་ཀྱིས། རིགས་མི་གཙོ། རུས་མི་གཙོ། བསླབ་པ་རིན་པོ་ཆེ་གཙོ་བོ་ཡིན། ཞེས་མཆོད་གནས་དང་ཡོན་ཏན་གྱི་མཐོ་དམན་ཚང་མ་བསླབ་པ་ཤེས་རབ་ཡོད་མེད་དང༌། ཏིང་ངེ་འཛིན་བརྟན་མིན་དང༌། ཚུལ་ཁྲིམས་གཙང་མིན་བཅས་ཀྱིས་མིའི་རིན་ཐང་གི་མཐོ་དམན་ཕྱེ་བའི་སྲོལ་བཞག་པ་དེ། དོན་དངོས་ཐོག་ནས་འཇིག་རྟེན་འདྲ་མཉམ་གྱི་སྤོབ་པ་བསྐྱེད་དུ་བཅུག་པ་རེད་ལ། འདྲ་མཉམ་ལ་བྱ་བ་བྱས་ཤིང་བྱས་རྗེས་བཞག་པའང་རེད། དཻར་མ་ཟད་ཡུལ་དེ་ག་ན་རླབས་ཕྲེང་ལྟར་འཕྱུར་བཞིན་པའི་སྤྱི་ཚོགས་ཀྱི་གོམས་གཤིས་དང་གཞུང་ལུགས་ཀྱི་ཐོག་ལ། འདྲ་མཉམ་གྱི་ལྟ་བ་གཞི་བཟུང་ནས་རྒོལ་བ་ཤུགས་ཆེན་པོ་ཞིག་ཀྱང་བཏང་རེད། དེས་ན་བསླབ་ན་སུ་ཡིན་ཡང་བཟང་པོར་འགྱུར་ཆོག་པའི་གནས་ལུགས་ནི་རིགས་པ་དང་ཉམས་མྱོང་གིས་གྲུབ་ཆོག་པ་ཞིག་ཡིན་པས། སངས་རྒྱས་ཀྱིས་རིགས་དམན་པ་ཞེས་ཐ་མར་བཅད་དུ་མེད་པའི་འདྲ་མཉམ་གཅིག་བཞག་པའོ། །༢དེར་མ་ཟད་ནང་བསྟན་པས་འགྲོ་བ་སེམས་ཅན་ཡོངས་རྫོགས་ལ་བྱམས་བརྩེས་ཁྱབ་པའི་འདྲ་མཉམ་བཟུང་བ། ད་དུང་འགྲོ་བ་མི་ཙམ་ལས་བརྒལ་བའི་སྲོག་ཆགས་ཆེ་ཕྲ་ཡོད་ཚད་ལའང་འདྲ་མཉམ་གྱི་གནས་ལུགས་རིགས་པ་དང་མཐུན་པའི་འགྲེལ་བཤད་དང༌། རིགས་པ་དང་མཐུན་པའི་ལག་ལེན་བྱས་ཤིང་དེའི་སྲོལ་བཏོད་པ་རེད། སེམས་ཅན་ཆུང་ངུ་དང་ཆེན་པོ་སུ་ཡིན་ཡང་རྣམ་དཔྱོད་ཡོད་མེད་ཀྱི་ཁྱད་འགྱུར་ཙམ་ལས། ལུས་སྟེང་ལ་ན་ཚ་དང་སྡུག་བསྔལ་འབྱུང་བཞིན་ཡོད་པ་དང༌། སེམས་སྟེང་ནས་བདེ་བར་འདོད་བཞིན་ཡོད་པ་གཅིག་མཚུངས་རེད། དཔེར་ན་མི་ཞིག་ལྟོགས་སྐོམ་གྱིས་མནར་བ་ན་ཟས་རག་འདོད་ཀྱི་འདུན་པ་མཆེད་པ་དང༌། དུད་འགྲོ་ཞིག་ལྟོགས་སྐོམ་གྱིས་མནར་བ་ན་ཟས་རག་འདོད་ཀྱི་འདུན་པ་སྐྱེ་བ་འདྲ་འདྲ་རེད་ལ། དེ་བཞིན་དུ། མཚོན་གྱིས་བསྣུན་པའམ། ནད་ཀྱིས་གཟིར་བའམ། གཞན་གྱིས་མནར་གཅོད་གཏོང་བ་སོགས་ཆ་གང་ཐད་ནས། མི་དང་སྲོག་ཆགས་གཞན་གྱི་བར་ལ་འདྲ་མཉམ་གྱི་གནས་ལུགས་དེ་དོགས་པ་མེད་པར་གཟིགས་ཏེ། མི་དང་འགྲོ་བ་གཞན་ལ་འདྲ་མཉམ་གྱི་སེམས་པ་སྐྱེ་དགོས་ཚུལ་དང༌། ཉམ་ཆུང་སེམས་ཅན་སུ་ལའང་གནོད་པར་བྱེད་མི་འོས་ཚུལ་གསལ་བར་གསུངས་པར་མ་ཟད། འགྲོ་བ་གཞན་གྱི་བདེ་སྡུག་རང་གི་བདེ་སྡུག་ལ་དཔེ་སྦྱར་ནས་བསམ་དགོས་ཚུལ་དང༌། དེ་ལྟར་བསམ་ན་བརྩེ་བ་དང་འདྲ་མཉམ་གྱི་བསམ་སྤྱོད་སྐྱེ་ཚུལ་བཅས་བསྟན་པ་རེད། དེའང་ཕྱོགས་གཅིག་ནས་བལྟས་ན། དུད་འགྲོ་གསོད་པ་ཆོས་སུ་འཛིན་པ་དང་དགེ་ལས་སུ་ལྟ་བ་ལ་རིགས་པ་ཡང་དག་གི་ཤགས་འགྱེད་ཅིག་ཀྱང་བྱས་པ་རེད། ཉམ་ཆུང་ལ་བརྩེ་བ་དང་འདྲ་མཉམ་གྱི་ལྟ་བ་ནི། སངས་རྒྱས་ཀྱི་གསུང་གང་ཞིག་ལ་མཇལ་ནའང་ཐམས་ཅད་ཀྱི་ནང་དུ་གཞི་རྩའི་ལྟ་གྲུབ་ཁོ་ན་བྱས་ཏེ་མ་གསུངས་པ་གཅིག་ཀྱང་མེད། བཅོམ་ལྡན་འདས་ནི་ཁ་ཙམ་ཚིག་ཙམ་མ་ཡིན་པའི་དོན་དངོས་བདེན་འཚོལ་ཐོག་ནས་བལྟས་ན། གཞན་ཕན་ཁོ་ན་བྱས་ཏེ་རང་ཉིད་ཡལ་བར་དོར་ཞིང༌། རང་ལ་འགྲོ་བ་གཞན་གྱི་ཞབས་ཕྱི་བ་དང་ལམ་སྟོན་བྱེད་མཁན་ཞིག་གི་ཐུགས་དགོངས་བཞག་པ་ལས། སློབ་མ་མང་བོའི་ནང་ནས་ཆེ་ཚུགས་དང་ང་རྒྱལ་བྱས་ཏེ། རང་ཉིད་ཀྱི་ལས་དོན་གཉེར་མཁན་ཞིག་མ་ཡིན་པར་གསལ་བོར་རྟོགས་ཐུབ། ཁོང་གིས་ནམ་ཡང་ལས་ཀ་ཐམས་ཅད་ལ་ཤེས་རབ་དང་ལྡན་པའི་ལྟ་གྲུབ་གཞིར་བཟུང་ནས་བྱེད་པ་ལས། ཟེར་སྲོལ་དང་སྔོན་བྱུང་གི་ལྷ་སྒྲུང་ཙམ་ལ་རྩ་བ་ནས་ཡིད་རྟོན་བྱེད་ཀྱིན་མེད། ཁོང་གི་ལྟ་གྲུབ་ཀྱི་རིགས་ལམ་ནི་སེམས་ཅན་གཞན་ལ་ཕན་བདེ་སྒྲུབ་ཐབས་དང་མ་འབྲེལ་བ་གཅིག་ཀྱང་མེད་པར་མ་ཟད།རང་གི་བདེ་སྐྱིད་ཀྱང་གཞན་ཕན་གྱི་ལས་དོན་ལས་རྙེད་ཐུབ་པའི་རླབས་ཆེན་གྱི་ལས་རིགས་བླ་ན་མེད་པ་དེ་ཡིན། དེས་ན་སུ་ཞིག་གི་རྒྱུད་ལ་བཅོམ་ལྡན་འདས་ཀྱི་གསུང་གི་ཉིང་དོན་རྟོགས་པའི་བློ་མིག་འཁྲུངས་སྲིད་ན། དེ་ནི་བརྩེ་བའི་མ། བང་མཛོད་ཆེན་པོ་ཡིན་ལ། གུ་ཡངས་ཀྱི་ལས་གཉེར་བ་ཆེན་པོ་ཡིན། སུ་ཞིག་གི་རྒྱུད་ལ་བཅོམ་ལྡན་འདས་ཀྱི་གསུང་གི་ཉིང་དོན་རྟོགས་པའི་བློ་མིག་འཁྲུངས་སྲིད་ན། དེ་ནི་མི་ཚེ་གཞན་དོན་དུ་སྐྱེལ་མཁན་ཡིན་ལ། འགྲོ་བ་ལ་ཞི་བདེ་བསྐྲུན་མཁན་ཡིན། སུ་ཞིག་གི་རྒྱུད་ལ་བཅོམ་ལྡན་འདས་ཀྱི་གསུང་གི་ཉིང་དོན་རྟོགས་པའི་བློ་མིག་འཁྲུངས་སྲིད་ན། དེ་ནི་འཁོས་དམན་ཉམ་ཆུང་རྣམས་ཀྱི་མགོན་དང་དཔུང་གཉེན་ཡིན་ལ། སྤྱི་ཚོགས་ལ་ཤེས་རབ་སྩོལ་བའི་སྟོན་པ་བཟང་པོ་ཞིག་ཡིན། ནང་ཆོས་ནི་ཡུལ་གྱི་རྒྱལ་ཁྲིམས་སྲུང་དགོས་པ་སོགས་ཡུལ་ཆོས་དང་བསྟུན་དགོས་པར་འདུལ་བ་ལུང་ན་གསུངས་ཡོད་པས་སྤྱི་ཚོགས་རང་ལུགས་དང་འགལ་བའི་ལྟ་གྲུབ་མེད་པ་དང༌། སྲིད་ལ་ཐེ་གཏོགས་མེད་པར་གང་ཟག་རང་ཉིད་ཆོས་ལ་དད་མོས་ཀྱི་རང་དབང་གཙང་མ་ཡོད་ལ། གང་ཟག་གཞན་ཆོས་ལ་དད་མོས་བྱེད་མིན་ཁོ་རང་ལ་རང་དབང་ལྡན་པར་ནང་ཆོས་ལས་གསུངས་ལ། ཇི་སྐད་དུ། ངས་ནི་ཁྱོད་ལ་ཐར་བའི་ལམ་སྟོན་ནོ། །ཐར་བ་ཐོབ་པ་རང་ལ་རག་ལས་ཀྱིས། །ཞེས་གསུངས་ལ། སེམས་ཅན་སོ་སོ་ཁམས་དབང་མོས་པ་སྣ་ཚོགས་པ་ཡིན་པས་ནང་ཆོས་ལ་དད་མིན་རང་ལ་རང་དབང་ལྡན་པ་ཡིན། འོན་ཀྱང་གང་ཟག་སུ་ཡིན་ཀྱང་རང་ལ་མོས་པ་ཡོད་ན་ནང་ཆོས་ལ་སློབ་སྦྱོང་འགོག་པ་ནམ་ཡང་རིགས་པ་མ་ཡིན། ནང་ཆོས་ལ་སློབ་སྦྱོང་གལ་ཆེ་བ་ཡིན་པ་ནི། སློབ་དཔོན་དབྱིག་གཉེན་གྱིས། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་པའི་ཐབས་མེད་ལ། །ཞེས་སོགས་གསུངས་ལ། ནང་ཆོས་དད་པ་དང་ཤེས་རབ་ཟུང་འབྲེལ་དུ་བྱས་ནས་འཛིན་སྐྱོང་གནང་དགོས་པའོ།་ ། ༼༣ནང་བསྟན་གྱི་ལྟ་གྲུབ་དང་འདྲ་མཉམ་ལ་མང་ཚོགས་ཁྲོད་མི་གང་མང་ཤིག་གིས་སངས་རྒྱས་ཆོས་ལུགས་སློབ་རྒྱུ་ཟེར་ནས་རྨོངས་དད་རྐྱང་བའི་གནས་སུ་ལྷུང་གིན་འདུག འཇིག་རྟེན་པ་དག་མ་ཟད་རབ་བྱུང་གི་སྡེ་མི་ཉུང་བ་ཞིག་ཀྱང་དེ་བཞིན་རྨོངས་ནས་འདུག དེ་འདྲ་ཡིན་ཕྱིན་ཆོས་སློབ་པ་དག་གིས་ཀྱང་སངས་རྒྱས་ཀྱིས་བསྟན་པའི་ཆོས་དང་ཆོས་དེ་ཇི་ལྟར་སློབ་དགོས་མ་ཤེས་པར་མགོ་འཁོར་ནས་རྒྱུན་པར་ར་མིན་ལུག་མིན་ཅིག་མ་གཏོགས་ཤེས་བཞིན་མེད་པའི་རྒྱུ་རྐྱེན་གཙོ་བོ་དེ། སངས་རྒྱས་ཀྱི་གསུང་རབ་ལ་ནན་གྱིས་མ་བཀླགས་པས་སྐྱོན་རེད། གལ་ཏེ་རྡོ་རྗེ་གཅོད་པ་ལྟ་བུའི་གསུང་རིན་ཐང་དང་ལྡན་པ་གཅིག་ལ་ཉམས་ཞིབ་བྱེད་ཐུབ་ན་ད་གདོད་ཆོས་སློབ་པའི་ཉིང་དགོས་སོགས་གནད་འགག་དག་ཡོངས་སུ་རྟོགས་སྲིད། སྤྱི་ཚོགས་རང་ལུགས་ཀྱི་ཆེས་གཏིང་ཟབ་པའི་འདུ་ཤེས་འཛིན་སྟངས་ཀྱང་འཛམ་གླིང་ཆ་མཐུན་དང་མི་སོ་སོའི་ལྟོ་གོས་གནས་མལ་སོགས་འདྲ་མཉམ་འཛུགས་རྒྱུ་དེ་རེད། དེ་མིན་དཀོན་མཆོག་དང་འཇིག་རྟེན་བྱེད་པོ་ཁོ་ན་ལ་རེ་ལྟོས་མི་འཛིན་པར། མི་སོ་སོའི་རང་རང་གི་འཇིག་རྟེན་རང་གིས་འབད་པ་དང་གསར་བཏོད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གྲུབ་དགོས་པའི་གནས་ལུགས་ཤིག་ཀྱང་བསྟན་ཡོད་པ་ཡིན། འདི་དག་ནི་སྟོན་པ་ཤཱཀྱ་ཐུབ་པས་ཀྱང་ལོ་སྟོང་ཁ་ཤས་ཀྱི་ཡར་སྔོན་ནས་སེམས་ཅན་རྣམས་ལ་གསལ་བོ་གསུངས་འདུག་པ་ནི། རྒྱུ་ས་བོན་ཅི་ཞིག་བཏབ་པ་ཡིན་ན་འབྲས་བུ་དེ་ལྟར་འབྱུང་རྒྱུ་ཡིན་པ་གསལ་བོ་བརྗོད་འདུག ད་དུང་ལས་དབང་ལ་བསྒྱུར་བཀོད་གཏོང་བ་ནི་གཙོ་བོ་རང་ཉིད་ལ་རག་ལས་ཡོད་པས། རང་ཉིད་ཀྱིས་སྒོམ་སྒྲུབ་སོགས་ལ་ནན་ཏན་བྱ་དགོས། དེ་མིན་སངས་རྒྱས་ཀྱིས་ནི་ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པའི་གནས་ལུགས་འདོད་བཞིན་ཡོད་པ་རེད། ༼༤ནང་བསྟན་གཞུང་ལུགས་གཞིར་བཟུང་གི་ཀུན་སྤྱོད་ཀྱིས་སྒོ་མང་བོ་ནས་ཕན་པ་རླབས་ཆེན་ལྡན་ཚུལ།༽

ནང་བའི་གཞུང་ལུགས་ནི་མི་ཚེའི་ཁ་ཕྱོགས་སྟོན་པའི་གསུང་རྩོམ་རྐྱང་བ་ལས་གྲུབ་པ་ཞིག་ཡིན་པ་ལས། ལྷས་སྤྲིངས་བའི་བཅའ་ཡིག་དང་སྒྲིག་ཡིག་ལྟ་བུ་གཅིག་ཀྱང་མེད། སྟོན་པ་ཁོང་ཉིད་ཀྱང་བདེ་སྡུག་འདོར་ལེན་གྱི་ཐབས་ཚུལ་མི་ཤེས་མཁན་ལ་ལམ་སྟོན་གྱི་དགེ་རྒན་ནམ་གནས་ལུགས་སྟོན་པ་པོ་ཙམ་ཞིག་ཡིན་པ་ལས། བདེ་བ་དང་སྡུག་བསྔལ་གྱི་བྱེད་པ་པོ་གཏན་ནས་མིན། དེ་འདྲའི་བྱེད་པ་པོ་ཞིག་དོན་ལའང་ཁས་ལེན་པ་མ་ཡིན་པར། མཆོག་སངས་རྒྱས་ནས་དམན་པ་གྲོག་འབུ་ཡན་ཆད་རང་རང་གིས་རང་རང་ཁ་ལོ་བསྒྱུར་ཆོག་པ་དང་སྒྱུར་བཞིན་པའི་གནས་ལུགས་རྣམ་དག་སྨྲ་ཞིང༌། རང་གིས་རང་ཉིད་ལེགས་པ་དང་ཉེས་པའི་གནས་སུ་ཁྲིད་པ་དང༌། ལེགས་ཉེས་བླང་དོར་གྱི་ནུས་པ་ཡང་རང་རང་སོ་སོ་ལ་ཡོད་པ་འདི་ཡང་ནང་བ་སངས་རྒྱས་པའི་འདྲ་མཉམ་གྱི་གཞི་རྩའི་ལྟ་གྲུབ་གྱི་རྨང་གཞི་གཅིག་རེད། ཀུན་སྤྱོད་ཀྱི་ཐད་ནས་བསམ་ན་ཡང༌། གལ་ཏེ་འཇིག་རྟེན་འདིར་མི་ཞིག་གིས་འདུལ་བ་ནས་གསུངས་པའི་བསླབ་པའི་སྒོ་ཀུན་ལ་བག་ཟོན་བྱས་ཏེ་བསྲུང་ནུས་ན་ལྟ་ཅི། ཕལ་ཆེར་རམ་ཕྱེད་ཉུང་ཤོས་ཤིག་ལེགས་པར་སྤྱོད་ན་ཡང་འཇིག་རྟེན་མི་ཆོས་དཔེ་སྟོན་བྱ་ཡུལ་གྱི་དམ་པ་རྣལ་མ་ཞིག་ཡིན་པར་གདོན་མི་ཟ་སྟེ། ཕམ་པ་བཞི་ལས་ཚུལ་བཞིན་བག་ཡོད་པར་གནས་པའི་གང་ཟག་ཞིག་ལ་མཚོན་ན། མི་ཚངས་སྤྱོད་སྤངས་པས་བཟའ་ཚང་དང་བུ་ཕྲུག་གི་ཆེད་དུ་འདུར་རྒྱུག་གི་ལས་ཀ་སྣ་ཚོགས་ཀྱི་གསེབ་ལས་བྱུང་བའི་ཀུན་སྤྱོད་ཉམས་པའི་སྤྱོད་ལམ་དག་གི་བྱིང་ལས་ཐར་བས་ན། འཇིག་རྟེན་འདིར་ལས་ཀ་ཉོག་འཛིང་ཅན་ཤིན་ཏུ་ཡ་ང་བ་མང་བོ་བུ་ཕྲུག་དང་བཟའ་ཚང་གི་ལས་དོན་ཁོ་ན་ལས་མཆེད་པ་མ་ཡིན་ནམ། མ་བྱིན་ལེན་དང་མི་ཆོས་བླ་མ་སྨྲ་བ་དང་སྲོག་གཅོད་སྤངས་པས་བརྐུ་འཕྲོག་དང་མགོ་སྐོར་གྱི་སྒོ་ནས་ལོངས་སྤྱོད་གཡོ་ལེན་རྩ་བ་ནས་དོར་བ་འདིས་ཀྱང་ཉེས་སྤྱོད་ཀྱི་མ་ཡུམ་མེད་པར་བྱས་པ་ཡིན་ཏེ། དེང་དུས་སུ་མཚོན་ནས་བཤད་ན། མི་རྣམས་དཔལ་འབྱོར་གྱི་རྗེས་སུ་ཁ་གདངས་ཞིང་ལག་བཟེད་དྲགས་པས་གཡོ་འཁྲུལ་གྱི་གར་འཆམ་ཇི་འདྲ་ཞིག་སྤྲུལ་དགོས་ནའང་ཚམ་ཚོམ་མེད་པའི་ཚད་དུ་སླེབས་ཡོད་པས་སོ། །ཁྲ་ཁྲ་འུར་འུར་གྱིས་འགེངས་བའི་ཞིང་ཁམས་འདི་ནས་མི་ཞིག་གིས་ལོངས་སྤྱོད་ཀྱི་ཆེད་དུ་གཡོ་ཁྲམ་མི་བྱེད་ཅིང་བཟའ་ཚང་གི་ཆེད་དུ་བདེན་དོན་མི་འདོར་བ་ཞིག་ཡོང་ན་དེ་ག་ཙམ་ཡང་འཇིག་རྟེན་ཕུལ་བྱུང་གི་སྐྱེས་བུར་འབོད་ན་མི་མཐུན་པ་ཅི་ཞིག་ཡོད་སྲིད་ཨང༌། ད་དུང་རྩྭ་ཉག་མ་གཅིག་ཀྱང་མི་གཅོད་པར་མ་ཟད་རྩྭ་སྔོན་དུ་གཤང་གཅིའི་རིགས་ཙམ་ཡང་མི་འདོར་བར་གསུངས་པས་སྐྱེ་དངོས་སྲུང་སྐྱོབ་ལ་ཡང་འདི་ལས་ཕྲ་བ་ཞིག་སུས་ཀྱང་ཁྲིམས་སུ་བྱས་མྱོང་མེད་ལ། རིགས་དང་རུས་ཀྱི་མཐོ་དམན་སོགས་མིང་རྐྱང་གིས་ལམ་ལུགས་ལས་བརྒལ་ཏེ་སོ་སོའི་ཤེས་རབ་དང་ཏིང་འཛིན་སོགས་ནང་གི་ཡོན་ཏན་བསླབ་པས་དབྱེ་བ་འབྱེད་པའི་ཕྱིར་ན་འདྲ་མཉམ་ཡང་འདི་ལས་སྔ་ཤོས་སུ་གང་གིས་ཀྱང་ཕྱེས་མེད་ཅིང༌། བསྐོ་བཞག་སོགས་ལ་ཚུལ་ཤིང་འགྲེམ་པ་དང་སྤྲོ་བ་འདྲི་བ་སོགས་ཀྱིས་མང་གཙོ་ཁོ་ནར་མ་ཟད། གསོ་སྦྱོང་གི་གནས་གཏན་ཁེལ་བྱེད་པ་ལྟ་བུར་ཡང་གང་ཟག་གཅིག་གིས་ཐག་གཅོད་རྐྱང་མིན་པར་བློ་མཐུན་བྱ་དགོས་པར་གསུངས་པས་འདི་ལས་སྔ་བའི་མང་གཙོའི་ལམ་ཁ་ཡང་སྤུས་དག་ཅིག་གང་ན་དབྱེ་མྱོང༌། གཞན་ཡང་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཚུལ་མཐུན་བག་ཡོད་པའི་ཞི་དུལ་གྱི་སྤྱོད་ལམ་བྱེད་སྟངས་སྐོར་དང༌། ཆོས་གོས་གསུམ་གྱིས་མཚོན་ཏེ་དགེ་སྦྱོང་གི་གོས་བཅུ་གསུམ་སོགས་གྲ་འགྲིག་དག་གཙང་གི་སྒོ་ནས་ནབ་ཚུལ། ཟས་ཁམ་གང་ངམ་གོས་ལག་མཐིལ་ཙམ་ཡང་སྦྱིན་བདག་གི་རྒྱུ་ཆུད་ཟོས་པར་བྱེད་མི་ཆོག་པ་རྣམས་ཀྱིས་མཚོན་ཏེ་ཆད་ལྷག་དང་མ་འཐུས་པ་ཅུང་ཟད་ཀྱང་མི་མངའ་བ་འདུལ་བ་འདི་ཉིད་ལས་གཞན་སྲིད་པའི་ཁྱོན་ཀུན་ན་ཡོད་རེ་སྐན་ནོ། །དེས་ན་ཀུན་སྤྱོད་ཀྱིས་གཞན་གྱི་ཡིད་ལ་དང་བ་སྐྱེ་བར་བྱེད་པའོ། །ཆོས་འདུལ་བ་ལ་གནས་པའི་གང་ཟག་རྣམས་ཀྱིས་ཉེས་པ་རང་སེལ་དང་ཡོན་ཏན་རང་ལེན་བྱེད་པའི་ལམ་ལས་མ་བསྐུལ་རང་བཞིན་གྱིས་ཚུལ་མཐུན་དུ་བག་ཡོད་བྱེད་པ་ལས། འདི་ལ་རྒྱལ་བོའི་ཁྲིམས་དང༌། དབྱུག་པའི་སྟེང་མ་གནོན་མཁན་གང་ཡང་མེད་པ་མངོན་གསལ་སྨྲ་མི་དགོས་ཤིང༌། ཀུན་སྤྱོད་དང་ཤེས་རིག་ཡར་རྒྱས་སོགས་ཚད་མཐོ་བའི་མི་རིགས་ཤིག་གི་སྒྲིག་ལམ་དང་གནས་སྟངས་རྣམས་ཀྱང་ཆ་གང་ཐད་ནས་རྒྱལ་ཁྲིམས་དང་དབྱུག་གནོན་ཁོ་ནས་འཇིགས་སྐལ་འོག་ཏུ་གནས་མི་དགོས་པར་རང་བསམ་རང་ཤེས་ཀྱིས་གནས་ཐུབ་པ་ཡིན་ནོ། །སྤྱིར་བཏང་ནས་བཤད་ན་ཉེས་སྤྱོད་ཡོད་ཚད་ཆོས་ཀྱི་གནས་ཚུལ་དེ་གང་ཡིན་མི་ཤེས་པའི་དབང་གིས་སམ། ཤེས་ཀྱང་སྲེད་པ་ཤུགས་དྲགས་པས་འདོར་ལེན་མི་ནུས་པའམ། འདོད་ཐོག་ཏུ་མ་འཁེལ་བའི་དབང་གིས་སེམས་འཁྲུགས་པ་གསུམ་པོ་གང་རུང་ལས་བྱུང་བར་ངེས་པས། འདི་དག་ལ་ནང་ཆོས་སུ་དུག་གསུམ་ལས་ཉེས་ཚོགས་ཀུན་འབྱུང་བར་གསུངས་པ་དེ་ཉིད་ཡིན། འདི་རྣམས་ཐག་གཅོད་དགོས་ཚེ་འཚེ་མེད་ཞི་བདེའི་གན་མཛོད་ནང་བསྟན་སེམས་འདུལ་བའི་གཞུང་ལུགས་དག་ལས་ཁྱད་པར་དུ་འཕགས་པའི་རིན་ཐང་ཅན་ཞིག་སྲིད་ན་དཀོན་པ་ཡིན། ༼༥ནང་བསྟན་དངོས་མ་དང་རྫུས་མའི་དབྱེ་འབྱེད་བྱ་དགོས་པ།༽

ནང་བསྟན་རང་ངོས་ནས་འཇིག་རྟེན་འདྲ་མཉམ་དང་སྤྱི་ཕན་ཞབས་ཕྱི་སོགས་འཇིག་རྟེན་མི་ཆོས་དང་མིའི་འདོད་བློ་དང་འཚམ་པ། རྒྱལ་ཁབ་ཀྱི་སྲིད་དང་ཚན་རིག་གི་ལྟ་གྲུབ་ལ་འོས་པའི་རིན་ཐང་གཞལ་དུ་མེད་པ་ཞིག་ཡིན་ཡང༌། དེང་སང་ས་ཆ་ག་ས་གང་དུ་བླ་མ་དང་སྤྲུལ་སྐུ་དང་གྲྭ་བ་རྫུན་མ་མང་བོ་ཡོད་པ་དང༌། དེ་དག་གི་སྤྱོད་ལམ་དང་ལས་ཀ་གནོད་འཚེ་ལྡན་པ་མང་བོ་ཡོད་ཀྱང༌། དེ་དག་གིས་ནང་བསྟན་སྤྱི་དང་ནང་བསྟན་པའི་ཀུན་སྤྱོད་ཀྱི་ཚབ་ལྟ་བུར་གཏན་ནས་བྱེད་མི་རུང་ལ། དེ་ནི་ནང་བསྟན་གྱིས་འཇིག་རྟེན་ལ་བཞག་པའི་ལས་ཀ་དང་གྲུབ་འབྲས་ཤིག་ཏུ་དེ་བས་ཀྱང་ལྟ་མི་རུང༌། མི་སོ་སོའི་ལས་ཀ་བྱེད་སྟངས་ལ་འདྲ་མཉམ་མ་ཡིན་པ་དང༌། རྒྱུ་འབྱོར་འཚོལ་བའི་ལས་རིམ་དང༌། དད་པ་བེད་སྤྱད་ནས་དམངས་མགོ་སྐོར་བ་སོགས་རྣམ་པ་སྣ་ཚོགས་ཡོད་ཀྱང༌། དེ་དག་ཤཱཀྱ་ཐུབ་པའི་དགོངས་པ་མ་རེད་ལ། ནང་བའི་གཞུང་ལུགས་ཁག་ནས་བཤད་པའི་སྤྱོད་པ་མ་རེད། དེ་བཞིན་དུ་ནང་བའི་བླ་མ་དང་གྲྭ་བ་ཚད་ལྡན་དག་གི་ཚད་འཇལ་བྱེད་དེ་བས་ཀྱང་ག་ལ་ཡིན། དེས་ན་ནང་བསྟན་དངོས་ནི་ཁ་ཞེ་གཉིས་མེད་ཀྱི་གཞན་ཕན་སྒྲུབ་མཁན་ཞིག་དང༌། སྲིད་དང་དམངས་ཀྱི་བདེ་བ་ལ་ནམ་ཡང་གྲོགས་ལས་དགྲ་རུ་མི་འགྱུར་བ་ཞིག་དང༌། རྫུན་དང་རྐུ་འཕྲོག་གི་གཡོ་ཆས་ཐམས་ཅད་རིང་དུ་དོར་བ་དང༌། ཉམ་ཆུང་དང་འཁོས་དམན་རྣམས་ནམ་ཡང་རོགས་སྐྱོར་བྱེད་པའི་གནོད་མེད་ཕན་པའི་རིག་གཞུང་ཞིག་ཡིན་པའོ། །པེ་ཅིང་མཐོ་རིམ་ནང་བསྟན་སློབ་གླིང་གིས་རྩོམ་བསྐུལ་གནང་བར་བརྟེན་ནས་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པའོ། །སརྦ་མངྒ་ལཾ།

བསྟན་པ་དག་བཅོས།

བསྟན་པ་དག་བཅོས།

སེར་སྐྱ་མང་ཚོགས་རྣམས་ལ་ཞུ་གསོལ། སྤྱིར་རྒྱལ་བསྟན་དང་བྱེ་བྲག་བོད་ཀྱི་ནང་བསྟན་དངོས་གནས་ལ་དག་བཅོས་མི་དགོས་མོད་དེང་དུས་སུ་བོད་ཀྱི་ནང་བསྟན་ལ་གང་ཟག་སོ་སོའི་ཆགས་སྡང་གིས་བསྲེ་སླད་ཅན་དུ་གྱུར་དང་འགྱུར་བཞིན་པ་མངོན་གསལ་ཞིག་རེད། དེས་ན་དག་བཅོས་ཞིག་བྱེད་མ་ཐུབ་ན་རྒྱལ་བསྟན་ལས་ཕྱི་རོལ་ཏུ་གྱུར་པར་མ་ཟད་མང་ཚོགས་ཀྱི་མགོ་བསྐོར་གྱི་ཆ་ལག་དང་བསླུ་བྲིད་དང་ཁུར་བོ་ཞིག་དང༌། ཤི་གསོན་མང་པོའི་དཔལ་འབྱོར་ཆུད་ཟོས་སུ་འགྱུར་བ་དང་དཔལ་འབྱོར་བསྡུ་བའི་ལོག་འཚོའི་རྒྱུར་གྱུར་འདུག རྒྱུ་མཚན་དེས་ན་ངེས་པར་དག་བཅོས་དགོས་ལ། དག་བཅོས་བྱེད་ལུགས། ཆེ་ལོང་ཙམ་ཞུས་ན་དགེ་འདུན་པ་དག་བཅོས་དང༌། རྒྱལ་བསྟན་རྣམ་དག་ངོས་ཟིན་པ་གཉིས་ལ་རག་ལས་ལ། དང་པོ་དགེ་འདུན་པ་ནི་གོས་དམར་སེར་གྱོན་ཤེས་པ་ཙམ་དང་གྲོང་ཆོག་འགྲོ་ཤེས་པ་ཙམ་གྱིས་མི་ཆོག་པར་རྒྱུད་ན་མ་མཐའ་རབ་བྱུང་གི་སྡོམ་པ་ཡོད་པའི་སྟེང་ནས། ཇི་སྐད་དུ། རབ་ཏུ་བྱུང་བའི་བྱ་བ་ནི་གཉིས་ཏེ་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ནོ། །ཞེས་གསུངས་པ་ལྟར་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་བརྩོན་པ་ཞིག་དགོས་པ་ནི་མི་སྐྱ་དང་གྲྭ་བ་གཉིས་ཀྱིས་ཤེས་དགོས། མི་སྐྱ་ཚོས་རྟོགས་པ་ལ་བརྟེན་ནས་གྲྭ་བ་དག་རྫུན་ཤེས་ནས་དག་མ་ལ་མཆོད་ཡུལ་བྱས་ན་ཚོགས་བསགས་པ་དང༌། རྫུན་མ་མཆོད་ཡུལ་ལམ་སྐྱབས་ཡུལ་བྱས་ན་ངན་སོང་དུ་འགྲོ་བའི་རྐྱེན་དུ་གྱུར་བ་ཡོད་པ་སོགས་སྤྱི་སྒེར་གཉིས་ཀ་ལ་གནོད་པའི་རྒྱུ་ཡིན་པར་ཤེས་པར་བྱས་ནས་སྤང་ན་དེ་དག་གིས་ངུར་སྨྲིག་གྱོན་པའི་ཆ་རྐྱེན་མེད་བཞིན་དུ་རབ་བྱུང་ངུར་སྨྲིག་གི་གོས་གྱོན་པའི་དམིགས་ཡུལ་ཚོ་བའི་ཆེད་དུ་རང་གི་འབད་རྩོལ་བྱས་ནས་དཔལ་འབྱོར་བསྒྲུབ་མ་འདོད་ནས་གཞན་གྱི་དཔལ་འབྱོར་གཡོ་ཐབས་ཀྱིས་ལེན་པའི་ཆེད་དམ་དམིགས་ཡུལ་དེ་ཡིན་པས་དེའི་རིགས་ལ་སྡང་སེམས་མེད་པར་བསྟན་པ་ལ་ལྷག་བསམ་གྱི་སྒོ་ནས་གྲོང་ཆོག་ལ་མ་མངག་ན་རང་ཤུགས་ཀྱིས་མེད་འགྲོ། དེའི་རིགས་རྩ་ཆེན་དུ་གཟུང་ན་ཉིན་རེ་ལས་ཉིན་རེ་ཇེ་མང་དུ་འཕེལ་ནས་ཕན་བདེ་ལ་གནོད་པའི་རྒྱུར་འགྲོའོ། །མི་ཞིག་ཤི་ན་ཁྲལ་ཙམ་མ་ཡིན་པའི་ཆོས་རྣམ་དག་ཅིག་བསམ་ན་ཚུལ་ཁྲིམས་དང་ལམ་བསྐྱེད་རྫོགས་ཀྱི་ཉམས་ལེན་དང་ལྡན་པའམ། བཤད་སྒྲུབ་ལ་བརྩོན་པ་ལ་འབྲེལ་བ་འཇོག་ན་རང་གཞན་གཉིས་ཀའི་དོན་དུ་འགྱུར་ཏེ། ལུང་ལས། ཚུལ་ཁྲིམས་ལྡན་པས་སྨོན་ལམ་འགྲུབ། །ཞེས་དང༌། རྗེ་མི་ལས། རི་ལ་སྒོམ་པའི་སྒོམ་ཆེན་དང༌། །འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །སངས་མཉམ་པོར་རྒྱ་པའི་རྟེན་འབྲེལ་ཡོད། །ཅེས་གསུངས་སོ། །གཉིས་པ་རྒྱལ་བསྟན་རྣམ་དག་ངོས་ཟིན་པ་ལ། སངས་རྒྱས་གཉིས་པས། སྟོན་པའི་བསྟན་པ་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་དང་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་པ་ལྟར་ནང་བསྟན་ལ་ལུང་རྟོགས་གཉིས་སུ་ངེས་པ་དང་ནང་བསྟན་འཛིན་པ་ལ་ལུང་ལ་ཐོས་བསམ་དང་དེའི་དོན་སྒོམ་པ་ཁོ་ན་ངེས་པར་ཤེས་དགོས། འོན་ཀྱང་བོད་ཀྱི་རང་བཟོ་མཁན་རྣམས་ཀྱིས་ཐོས་བསམ་བྱེད་མཁན་ལ་ཆོས་པའི་མིང་ཙམ་མེད་པ་ནི་ཆོས་མ་ཤེས་པའི་ངན་རྟགས་ཞིག་ཡིན་ནོ། །ཐོས་བསམ་སྒོམ་གསུམ་ནི་ཚོགས་གཉིས་ལས་ཡེ་ཤེས་ཀྱི་ཚོགས་ཡིན་པར་ལམ་རིམ་བདུད་རྩིའི་ཉིང་ཁུ་ལས་བཤད་པ་ལྟར་རོ། །འོ་ན་བྱ་བ་ལས་ཀྱི་འཁོར་ལོ་ཞེས་རྒྱ་གར་ན་མ་གྲགས་ཀྱང་བོད་ན་གྲགས་པ་དང་གསུང་རབ་ལས་སྐུ་གསུང་ཐུགས་རྟེན་བཞེངས་ན་ཕན་ཡོན་བསམ་མི་ཁྱབ་པ་ཡོད་པར་བཤད་པ་ཅི་ཞེ་ན། བསོད་ནམས་ཀྱི་དགེ་བ་ཙམ་ཡོད་པ་དང་དུས་གཞན་ལ་དགོངས་པ་སོགས་ལྡེམ་དགོངས་ཀྱི་མདོ་དུ་མ་ཡོད་པར་སྣང་བ་དང༌། གསུང་རབ་ལ་ཐོས་བསམ་བྱེད་པའི་སྐལ་བ་མེད་མཁན་གྱི་ཆེད་དུ་ཡིན་པ་དགོངས་པ་གསལ་ལ། འོན་ཀྱང་སྐྱེས་བུ་དམ་པའི་ཁྲོད་ན་གདུལ་བྱའི་དབང་གིས་རྟེན་བཞེངས་བྱེད་མཁན་བྱུང་བ་ཡོད་མོད་ཉོན་མོངས་འདུལ་བ་ལ་བདག་མེད་མ་སྒོམ་ན་གྲོལ་བའི་ཐབས་མེད་དེ། རྗེ་ཏཱ་ར་ནཱ་ཐས། གང་ཟག་བདག་མེད་སྒོམ་པ་ཡོད་མེད་ལས། །སྲིད་ལས་གྲོལ་བ་ཡོད་མེད་རྗེས་སུ་དཔོག །ཅེས་གསུངས་པ་ལྟར་རོ། །གསལ་བཤད་ཅིག་ལ་གཞན་གྱིས་སྐྱོན་བརྗོད་པའི་ཕྱིར་མ་ཡིན་པར་སྐྱོན་སངས་བའི་ཕྱིར་བྲིས་པ་དང༌། ལྷག་པར་གྲྭ་གཞོན་ཚོགས་ཀྱིས་རང་གི་མདུན་ལམ་མི་ནོར་བའི་ཆེད་ལས་གཞན་སྐྱོན་བརྗོད་པ་ལ་དགོས་པ་མེད་དེ། དཔེར་ན་མི་གཙང་བ་སློག་ན་དྲི་ངན་འཐུལ་བ་ལས་དགོས་པ་མེད་པ་བཞིན་སྙོག་དྲྭ་ལས་གཞན་མེད་དོ། །མདོར་ན་ཕན་བདེ་འབྱུང་བའི་གནས་གཅིག་པུ། །ཞེས་གསུངས་པ་བཞིན་ནང་བསྟན་ནི་གཞན་ལ་ཕན་བདེ་བསྐྲུན་པའི་ཐབས་ལམ་དུ་འགྲོ་བ་ལས་གཞན་ལ་གནོད་པའི་རྐྱེན་དུ་མི་བསྒྱུར་བར་ལག་ཐལ་མོ་སྦྱར་ནས་རེ་བ་ཞུས་པ་ཡིན་ནོ། །ཞེས་པ་འདི་སྤྲངས་འཁྱམས་པ་ངག་དབང་དངོས་གྲུབ་དཔལ་ནས།

ཞི་བའི་སློབ་གསོ་ཁོ་ནས་ཡར་རྒྱས་ཕྱིན་དཀའ།

ཞི་བའི་སློབ་གསོ་ཁོ་ནས་ཡར་རྒྱས་ཕྱིན་དཀའ།

སེམས་ཅན་ཁམས་དབང་མོས་པ་སྣ་ཚོགས་ཡོད་པའི་དབང་གིས་ཞི་བས་སློབ་གསོ་ཁོ་ནས་ཀུན་སྤྱོད་དང་རིག་གནས་བསམ་བློ་ཡར་རྒྱས་འགྲོ་དཀའ་ལ། དེས་ན་ནང་ཆོས་ཀྱི་དབང་དུ་བྱས་ན་སྟོན་པ་ཐུགས་རྗེ་ཅན་གྱིས་གདུལ་བྱའི་ཁམས་དབང་དང་མཐུན་པར་ཞི་རྒྱས་དབང་དྲག་གི་ལས་དུ་མ་གསུངས་པ་དང༌། རྒྱལ་ཁབ་ཅིག་སྐྱོང་བ་ལ་ཞི་དྲག་སྣ་ཚོགས་ཅན་གྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོས་ཡོད་པ་རེད། གཞན་སློབ་གྲྭ་སོགས་ཚོགས་པ་ཆེ་ཆུང་གང་ཡིན་ཡང་སྒྲིག་འཛུགས་ཅན་ཞིག་ཡིན་ན་ནི་ཞི་དྲག་སྣ་ཚོགས་ཀྱི་ཁྲིམས་ཡོད་པ་རེད། ཁྲིམས་མེད་ན་མགོ་མེད་མཇུག་མེད་ཆགས་ནས་རྗེས་ལུས་དང་འཐོར་ཞིག་གི་རྣམ་པ་ཅན་ཞིག་ཏུ་འགྱུར་ངེས། དེས་ན་ཐོག་མར་ཞི་བའི་སྒོ་མང་པོ་ནས་སློབ་གསོ་དང༌། དེས་མི་འདུལ་བའི་རིགས་ལ་ཆད་ལས་ཡང་ལྕི་དུ་མས་འདུལ་དགོས། གལ་ཏེ་མ་འདུལ་ན་བཟང་བོ་དག་ལ་ངན་པས་གྲིབ་མ་ཕོག་ནས་བཟང་བོ་དག་ཀྱང་ངན་པར་འགྲོ་བས་བཟང་ངན་གཉིས་ཀ་ལ་ཡར་རྒྱས་མེད་འགྲོ །ངག་གི་སློབ་གསོ་ལ་ཡང་ངོ་བསྟོད་རྐྱང་བ་ཙམ་གྱིས་མི་འགྲིག་སྟེ། འཇིག་རྟེན་པའི་ངག་རྒྱུན་ལ། ཤ་ཚ་བའི་གཏམ་ལ་སྙན་པོ་མེད། ཅེས་པ་དང༌། ཆོས་ཕྱོགས་ནས། གདམས་ངག་མཚང་ཐོག་ཏུ་རྒོལ་བ། ཞེས་པ་ལྟར་ཡིན་པས་སོ། །ཁ་ཅིག་ཆད་ལས་དང་རྡུང་རྡེག་མི་དགོས་པར་སློབ་གསོ་ཁོ་ནས་འདུལ་དགོས་ཟེར་མཁན་དག་ནི་ཉམས་མྱོང་མེད་པའི་སྐད་ཆ་བབ་ཅོལ་དུ་སྨྲ་བ་ཁོ་ན་རེད། འདས་པ་དང་ད་ལྟའི་ལོ་རྒྱུས་ལ་དེ་སྟར་ལག་ལྟར་བཏབ་ནས་གྲུབ་འབྲས་ཐོན་པ་དཔེ་ཙམ་ཡང་མེད་པ་རེད། སློབ་གསོ་ཁོ་ནས་ཡར་རྒྱས་གཏོང་དགོས་པ་སོགས་མིང་སྙན་སྙན་ཡོད་པ་དང་ཆད་ལས་དང་ཁྲིམས་ཞེས་པ་མིང་མི་སྙན་པ་ལྟར་སྣང་ན་ཡང་ལག་ལེན་ལ་ཡར་རྒྱས་བཏང་བ་ལ་ཁྲིམས་ཆད་མེད་དུ་མི་རུང༌། སྔོན་ཆད་ཡང་དགེ་སྐོས་སོགས་ལས་སྣ་ཐོག་ཏུ་བབ་ཚེ་ལག་ལེན་སློབ་གསོ་ཁོ་ན་དགོས་ཞེས་བཤད་ནས་འགྲིག་ཁྲིམས་འཐོར་ཞིག་སོང་ནས་མཐའ་མ་འཁྱོལ་བ་དང༌། དགོན་པ་རེ་ཟུང་གི་བཤད་སྒྲུབ་ཐོར་ཞིག་སོང་བ་སོགས་མངོན་སུམ་གྱིས་གྲུབ་པ་ཡིན་པས་ཧམ་རྒྱུགས་དང་གཡམ་རྒྱུགས་མི་བྱེད་པར་དགེ་འདུན་ཁྲིམས་ཀྱིས་འཚོ། །ཉ་མོ་ཆུ་ཡིས་འཚོ། །ཟེར་བ་ལྟར་དགོས་ལ། སྟོན་པས་ཀྱང་དགེ་སློང་ཕ་ཁྲིམས་ཀྱི་དབང་དུ་བྱས་ནས་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གསུང་པ་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོས་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅས་ནས་རྒྱལ་ཁྲིམས་ཆོས་བཞིན་དུ་བསྐྱང་བ་ཡིན་པ་སོགས་རེད། ལུགས་གཉིས་ལ་རྨོངས་བའི་མི་འགའ་ཞིག་ལ་དགེ་རྒན་སོགས་ཀྱིས་རང་ལ་སློབ་གསོ་ལེགས་པར་མི་གནང་བར་བག་མེད་བྱེད་དུ་བཅུག་སྟེ་གཡོ་སྒྱུ་བྱས་པ་ལ་མི་ཐབས་ཅན་དང་མི་བཟང་བོའི་མིང་བཏགས་པ་དང༌། རང་ལ་བྱམས་བརྩེས་བསྐྱངས་ནས་སློབ་གསོ་གནད་ཐོག་ཏུ་ཁེལ་བ་གནང་བ་ལ་སྒྲོ་འདོགས་དང་སྐུར་འདེབས་བྱེད་པ་དང་མི་ངན་དང་ཐབས་མེད་ཅེས་སྨྲ་བ་ནི་རྨོངས་བ་ལས་ཀྱང་ཆེས་རྨོངས་བའོ། །ཆོས་འདུལ་བ་ལས་མཁན་པོས་སློབ་བུ་རྒོད་བག་ཅན་དུ་བཏང་ན་ཤན་པ་བྱས་པ་ལས་ཉེས་པ་ཆེ་བར་ གསུངས་བའི་གནད་ཅིག་ཡོད་དོ། །ངག་དབང་དངོས་གྲུབ་དཔལ་གྱིས་གསར་སྐྱེས་ཀྱི་གྲྭ་བ་མང་པོ་སློབ་གསོ་ངན་པས་མགོ་འཁོར་བ་ལ་བསམ་ནས་ཉིན་གུང་གི་ཇ་འཐུང་ཞོར་ལ་ཁམས་ནང་ཆེན་གོ་ཆེ་དགེ་འཕེལ་དགོན་ནས་བྲིས་པའོ། །

དགོན་སྡེ་ནི།

དགོན་སྡེ་ནི།

རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་གནས་ཡིན་ལ། དེ་ཡང་བསྟན་པ་རྣམ་དག་དེ་ཐོས་བསམ་སྒོམ་གསུམ་གྱིས་བདག་སྐྱོང་གནང་མཁན་ནི་གཙོ་བོ་རབ་ཏུ་བྱུང་བ་རྣམས་རེད། དེས་ན་དགོན་སྡེ་ནི་རང་ལུགས་དྲི་མ་མེད་པའི་བསྟན་པ་རྣམ་དག་ཅིག་འཛིན་སྐྱོང་སྤེལ་གསུམ་བྱེད་སའི་རྟེན་གཞི་ཞིག་ཡིན་པ་ལས། དད་ལྡན་མང་ཚོགས་ཀྱི་ལག་ནས་གཡོ་ཐབས་ཀྱིས་དཔལ་འབྱོར་བསྡུ་ལེན་བྱེད་རྒྱུ་དང༌། ལྷ་ཁང་དང་གསེར་སྐུ་གང་མང་གང་ཆེ་གང་ལེགས་ལྟ་རྒྱུ་ནི་གལ་ཆེན་ཞིག་མ་ཡིན་ལ། ལྷ་སྐུ་སོགས་ནི། བསྟན་པ་ལ་མཛད་རྗེས་བླ་མེད་བཞག་མྱོང་བའི་སྐྱེས་ཆེན་དམ་པ་ཞིག་གི་མཚོན་བྱེད་དང་དེ་ཡི་བཀའ་དྲིན་གྱི་དྲན་གསོ་དང་བསོད་ནམས་བསགས་པའི་ཞིང་ངམ་རྟེན་དུ་བཞག་པ་ལས། བསྟན་པ་དངོས་མ་ཡིན་པ་ལ། དཔེར་ན་ཡུལ་ལུང་སོ་སོར་བྱས་རྗེས་ཆེ་བའི་མི་རྣམས་ལ་འདྲ་སྐུ་དང་རྡོ་རིང་བསླང་པ་ལྟ་བུ་རེད། དེས་ན་ལྷ་སྐུ་ལ་དད་རྟེན་དང་ཚོགས་བསགས་པའི་ཞིང་ཙམ་ལས། དེ་ལ་ཆེས་རིན་ཐང་ཅན་དང༌། གྲངས་མང་དགོས་དོན་མེད་པར་མ་ཟད། ཚོགས་ངན་བསགས་པའི་རྒྱུ་རུ་འགྲོ་བ་ལ་ཉེ་བས་རེ་ཟུང་ཙམ་གྱིས་ཆོག་སྙམ། ལྷ་སྐུ་ཅི་འདྲ་བཟང་ཞིང་སྤུས་ཚད་ཇི་ལྟར་མཐོ་ཡང་ཕན་ཚུན་འགྲན་རྩོད་ཀྱི་རྣམ་པ་དང་གཡོ་སྒྱུས་དང་ལོག་འཚོས་དཔལ་འབྱོར་འཚོལ་སྡུད་བྱས་ནས་ཚོགས་བསགས་ཀྱི་ཞིང་དུ་མི་འགྱུར་བ་ཡང་ཆེས་མང་བ་རེད་འདུག ལྷ་སྐུ་དེ་དག་གིས་ཆོས་ཚིག་གཅིག་ཀྱང་འཆད་ཉན་སྤེལ་གསུམ་བྱེད་ཀྱི་མེད་ལ། དོན་ལ་རིགས་གཞུང་ལྟ་བུའི་གོ་བ་ཟབ་མོའང་ཅི་ཡང་ལེན་རྒྱུ་མེད། ཚོགས་བསགས་ཀྱི་དམིགས་རྟེན་ཙམ་ལ་དོན་ངོ་མར་ཕྱི་དངོས་པོ་བཟང་ངན་ཆེ་ཆུང་མེད་པར་ནང་སེམས་ཀྱི་དད་མོས་ལ་རག་ལས་པ་ཡིན་ཏེ། གང་གི་མོས་པ་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་པས་སོ། །རྒྱུ་མཚན་དེས་ཆོས་གང་བསྒྲུབས་ཀྱང་ནང་བསམ་པའི་ཤེས་རབ་ཀྱི་སྐྱེ་སྟོབས་ལ་རག་ལས་པ་ལས་ཕྱི་དངོས་པོ་གཙོར་མི་ཆེ་བར་བསྟན་པ་རེད། སངས་རྒྱས་བསྟན་པ་ལུང་རྟོགས་གཉིས་སུ་ངེས་ལ། དེ་གཉིས་ནི་སེམས་སྟེང་ཁོ་ནར་གནས་པ་མ་གཏོགས་གཞན་ཕྱི་རོལ་ས་རྡོ་ཞིག་ལ་གནས་ཐབས་མེད་པ་རེད། དེས་ན་དགོན་སྡེ་ནི་འཐུས་སྒོ་ཚང་བའི་མདོ་སྔགས་རིག་གནས་སམ་གཙུག་ལག་སློབ་གཉེར་གནང་ས་ཆེན་པོ་ཞིག་ཡིན་དགོས་པ་ལས་ལྷ་སྐུ་གསེར་སྐུ་རྐྱང་རྐྱང་བཤམས་སྟོན་བྱེད་ས་དཔེར་ན་དེང་དུས་ཀྱི་ལྷ་སྐུའི་ཚོང་ཁང་ལྟ་བུ་ཞིག་གཏན་མ་ཡིན། འདས་པའི་ལོ་རྒྱུས་ལ་བསམ་ན་དགོན་སྡེ་ནི་བོད་ཀྱི་སློབ་གྲྭ་ཆེན་པོ་ཞིག་ཡིན་ལ། དེ་ལས་བོད་ཀྱི་ཤེས་ཡོན་པ་རྣམས་འཚར་ལོངས་སུ་བྱུང་བ་རེད། དགོན་པ་ནི་དགོན་བདག་འཇིག་རྟེན་ལ་མཁས་པ་ཞིག་གིས་བྲན་གཡོག་ལམ་ལུགས་དར་ཁྱབ་བྱེད་སའི་གནས་གཞི་མ་ཡིན་པར་ཤེས་ཡོན་ལྡན་པའི་ནང་བའི་རབ་བྱུང་བ་གསོ་སྐྱོང་བྱེད་ས་ཞིག་དགོས། མདོར་ན་དགོན་པ་ནི་མི་སྐྱེད་སྲིང་བྱེད་ས་ལས་ས་རྡོ་སྐྱེད་སྲིང་བྱེད་སའི་གཞི་ཞིག་མ་ཡིན་པ་ཤེས་དགོས། དངོས་གྲུབ་དཔལ་ནས། རྒྱ་བླའི་མཚན་ཉིད། རྒྱ་ནང་དུ་སོང་ནས་རྫུན་གྱིས་མགོ་སྐོར་སྣ་ཚོགས་བྱེད་པའི་ངོ་ཚ་ཁྲེལ་མེད་ཀྱི་གྲྭ་བ་རྫུན་མ་དེ། རྒྱ་བླའི་མཚན་ཉིད། དེ་ལ་མ་ཁྱབ་པ་དང་ཁྱབ་ཆེས་པ་དང་དོན་ལྡོག་ཏུ་མི་སྲིད་པའི་སྐྱོན་གང་ཡང་མེད་དོ། །འོ་ན་རྒྱ་ནང་དུ་བྱོན་པའི་མཁན་བླ་སྤྲུལ་དག་མ་རྣམས་ཆོས་ཅན། རྒྱ་ནང་དུ་སོང་ནས་རྫུན་གྱིས་མགོ་སྐོར་སྣ་ཚོགས་བྱེད་པའི་ངོ་ཚ་ཁྲེལ་མེད་ཀྱི་གྲྭ་བ་རྫུན་མ་ཡིན་པར་ཐལ། རྒྱ་བླ་ཡིན་པའི་ཕྱིར་ཟེར་ན། རྟགས་མ་གྲུབ་སྟེ། རྒྱ་ནང་དུ་འགྲོ་བའི་བླ་མ་ཡིན་ན་རྒྱ་བླ་ཡིན་པས་མ་ཁྱབ་སྟེ། དཔེར་ན་ལག་པ་དང་ལྡན་ན་ལག་ལྡན་ཡིན་པས་མ་ཁྱབ་པ་བཞིན་ནོ། །ལག་ལྡན་ཞེས་པ་ནི་གླང་བོ་ཆེའི་མིང་ཡིན་ནོ། །རྒྱ་བླ་རྫུན་མ་ཡིན་ན་མཁན་པོ་དང་སྤྲུལ་སྐུ་རྫུན་མ་ཡིན་པས་ཁྱབ་ལ། སྤྲུལ་སྐུ་རྫུན་མ་ཡིན་ན་རྒྱ་བླ་ཡིན་པས་མ་ཁྱབ་སྟེ། བླ་རྒན་བསྟན་པ་དང་འགྲོ་བ་ལ་མི་སེམས་པ་རྣམས་ཀྱིས་ཆབ་སྲིད་ཀྱི་དབང་གིས་མི་ཚེ་ལ་སྤྲུལ་སྐུ་རྫུན་མ་བརྒྱ་ཕྲག་ལྷག་རེ་ངོས་འཛིན་བྱེད་བཞིན་ཡོད་པ་ནི་མངོན་སུམ་རེད། དེའི་ནང་ན་རྒྱ་ནང་དུ་མི་འགྲོ་བ་ཡང་ཡོད་དོ། །བོད་ཀྱི་ཆོས་དང་རིག་གཞུང་དང༌། ཐང་ག་དང་གསེར་སྐུ་སོགས་སྐུ་གསུང་ཐུགས་རྟེན་དང༌། སློབ་གྲྭ རྒན་གསོ་ཁང་དང༌། ཆུ་ཁའི་བྱེ་མ་དང༌། ཚོགས་དུས་མཆོད་སོགས་ནི་རྒྱ་བླ་རྣམས་ཀྱི་ཚོང་རྫས་ཡིན་པ་རེད། ད་ནི་ཚོགས་ཞིག་འཚོགས་ན་འདྲ། དར་ཆོག་རེ་འཛུགས་ནའང་རྒྱ་བླ་དང་དེའི་འཁོར་གཡོག་ལ་དོགས་འཛེམ་མ་བྱས་ན་པར་རེ་བླངས་ནས་གཡོ་སྒྱུས་གར་འཆམ་རྒྱུ་རེད། ཤེས་ཡོན་མེད་པའི་དགོན་སྡེ་དང་བླ་མ་རྣམས་བཙོང་ཟིན་ནའང་ད་དུང་རྒྱ་བླ་བཀའ་དྲིན་ཅན་ཞེས་མཐེ་བོང་གནམ་ལ་བསྟན་ནས་གནས་སོ། །དེར་མ་ཟད་ཤེས་ཡོན་ཕྲ་མོ་རེ་ཡོད་ན་ཡང་དངུལ་ལ་དུང་ཞེན་གྱིས། རྒྱ་བླས་མཐོང་ཐོས་ཀྱི་སར། རྒྱ་བླ་བཟང་རབས་དང་དྲིན་ཆེ་རབས་ཀྱི་ཁ་ཏོན་བྱེད་མཁན་ཡང་ཡོད་དོ། །དགོན་པ་དེ་ན་རྒྱ་བླ་མང་ན་རྙོག་དྲ་རྒྱུན་མི་ཆད་པ་བསམ་ཤེས་ཀུན་ལ་གསལ་བ་ལྟར་རོ། །རྒྱ་བླའི་ཚད་ཤིང་ཞེས་པའི་ཚིག་ནག་འདི་ཁམས་མི་ཉག་གི་ཡུལ་ནས་བོད་པ་མགོ་སྐོར་འོག་ཏུ་ལྟུང་བ་རྣམས་སེམས་ཀྱིས་མ་བཟོད་ནས་སྤྲང་འཁྱམ་པ་དངོས་གྲུབ་དཔལ་གྱི་ཁ་ནས་ཤོར་སོང༌། དགོན་བདག་གི་ལམ་ལུགས་ནི། དམངས་གཙོའི་ལམ་ནས་བསྐྱོད་པ་ཤིན་ཏུ་གལ་ཆེ་ལ། དེ་ཡང་དམ་པའི་ཆོས་འདུལ་བ་ལྟར་སྡེ་སྣོད་འཛིན་པ་དག་གིས་བསྟན་པའི་དབུ་ཁྲིད་ན་བསྟན་པ་དག་གཙང་དཔལ་ཡོན་ཅན་གྱི་ཁོར་ཡུག་ཅིག་ཏུ་ཆགས་ཐུབ་པ་རེད། དེ་ལྟ་མ་ཡིན་ན་སྔོན་གྱི་ལུགས་སྲོལ་ལྟར་འབྱོར་ལྡན་དང་དཔོན་རིགས་ཀྱི་སྤྲུལ་སྐུའི་ལམ་ལུགས་དང་གདུང་བརྒྱུད་དུ་སྐྱེས་པའི་མི་བུ་དག་གིས་དགོན་དཔོན་བྱེད་པའི་ལམ་ལུགས་ལྟར་མུ་མཐུད་དེ་རྒྱུན་བསྐྱང་ན། དེའི་ནང་ན་ཤེས་ཡོན་དང་ལྷག་བསམ། འཇོན་ནུས་མེད་པ་ཆེས་མང་བས་གྲྭ་བཙུན་གྱི་དགོན་སྡེའི་སྣེ་ཁྲིད་བྱེད་མི་ནུས་པས་ན་ཡར་རྒྱས་ཀྱི་བཀག་རྡོ་རུ་འགྲོ་བར་ཡང་ཅིས་ཀྱང་མང་པོ་བྱུང་དང་འབྱུང་བར་འགྱུར་བ་རེད། དགོན་དེར་རེ་ལྟོས་འཆའ་བའི་སྐྱེས་བུ་རྣམས་རྗེས་ལུས་སུ་འགྱུར་བ་འདས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བལྟས་ན་ཤེས་པ་རེད། སྤྱིར་དགོན་སྡེ་ཞིག་ལ་མཚོན་ན་དཔལ་འབྱོར་དང་ལྷ་ཁང་གསེར་ཁང་སོགས་ཀྱིས་དགོན་སྡེ་བཟུང་ན་རིན་ཐང་ཆུང་བ་མ་ཟད་རྩོད་ཉོག་ཅན་ལས་མི་འདའ་འོ། །དེ་ལས་ཐོས་བསམ་སྒོམ་གསུམ་མམ་བཤད་སྒྲུབ་ཀྱི་སྒོ་ནས་དགོན་སྡེ་བཟུང་ན་གཟི་དཔལ་གྱི་འོད་སྟོང་དང་ལྡན་པར་མ་ཟད་ལྷིང་འཇགས་ཀྱི་ཁོར་ཡུག་ཀྱང་ལྡན་ངེས་པ་ཞིག་རེད་ཅེས་སྒེར་གྱི་ལྟ་ཚུལ་ཙམ་སྤྲང་འཁྱམ་པ་ངག་དབང་དངོས་གྲུབ་དཔལ་ནས། རང་གི་ཀུན་སྤྱོད་ལེགས་ན་ཤེས་ཡོན་པ། དྲང་བདེན་པ། ལྷག་བསམ་པ་རྣམས་ཀྱིས་བསྟོད་བསྔགས་ཀྱི་མེ་ཏོག་མངོན་པར་གཏོར་ལ། འོན་ཀྱང་ཀུན་སྤྱོད་ལེགས་ན་ཕྲག་དོག་ཅན་དང་གཡོ་སྒྱུ་ཅན་དང་གོ་ས་དང་མིང་ལ་འགྲན་རྩོད་པ་དག་གིས་ཆབ་སྲིད་ཀྱི་གཡོ་སྒྱུས་མིག་འཕྲུལ་སྣ་ཚོགས་བསྟན་ནས་སྒྲོ་འདོགས་དང་སྐུར་འདེབས་ཡོང་བ་ནི་དཔེར་ན་སྟོན་པ་ལ་ལྷས་སྦྱིན་བཞིན་ནོ། །ཀུན་སྤྱོད་མི་ལེགས་ན་དེ་ལས་ལྡོག་པའོ། །སྤྱིར་མི་སུ་ཡིན་ན་རང་ལ་ཡོན་ཏན་རེ་ཡོད་ན་གཞན་གྱི་ཕྲག་དོག་བྱེད་ན་ཡང་རང་གི་གཟི་བརྗིད་ལས་མ་འདས་སོ། །འོན་ཀྱང་གཞན་གྱི་བསམ་སྦྱོར་ཇི་ལྟར་ངན་ཀྱང་གཞན་ལ་གནོད་པ་བྱེད་མི་རིགས་པར་མ་ཟད་གཞན་ལ་བྱམས་བརྩེས་བལྟ་དགོས་ཏེ། ཇི་སྐད་དུ། བདག་ལ་བརྟེན་ནས་ནམ་དུ་ཡང༌། །གཞན་ལ་གནོད་པར་མ་གྱུར་ཅིག །སྒོ་གསུམ་གང་དང་གང་བརྩམ་པ། གཞན་ལ་ཕན་པར་འགྱུར་བར་ཤོག །ཅེས་གསུངས་པ་ལྟར་རོ། །ཡིན་ན་ཡང་གཞན་གྱིས་དྲང་བདེན་མ་ཡིན་པའི་གནོན་ཤུགས་ཇི་ལྟར་སྤྲད་ཀྱང་གསལ་བཤད་བྱེད་པའི་གོ་སྐབས་ཨེ་རེག་ལྟ་བ་ལས་གནས་ལུགས་དང་བསྟན་པ་མ་འོངས་པའི་མདུན་ལམ་དང་ལས་འབྲས་དོར་མི་རུང་བར་དམ་བཅའ་འམ་ཁ་ཕྱོགས་བརྟན་དགོས་སོ། །སྤྲང་འཁྱམ་པ་ངག་དབང་དངོས་གྲུབ་དཔལ་ནས། ཐར་བ་ཐོབ་པ་ལ་ཉོན་མོངས་པའི་སྒྲིབ་པ་སྤོང་དགོས། དེ་སྤོང་བ་ལ་གཉེན་པོ་ཟག་པ་མེད་པའི་ཤེས་རབ་སོགས་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དགོས་ལ། དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་མཛོད་རྩ་བ་ལས། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཞེས་གསུངས་སོ། །ཤེས་རབ་བསྐྱེད་པ་ལ་གཞི་ཚུལ་ཁྲིམས་རྣམ་དག་གལ་ཆེ་སྟེ། མདོ་ལས། ཚུལ་ཁྲིམས་ལ་བརྟེན་ཚུལ་ཁྲིམས་ལ་གནས་ནས། །རིམ་གྱིས་འཕགས་པའི་བདེན་པ་བཞི་བོ་དག །ཡང་དག་ཇི་བཞིན་དུ་ནི་རྟོགས་པར་འགྱུར། །ཞེས་གསུངས་སོ། །དེས་ན་ཚུལ་ཁྲིམས་ཀྱི་མཆོག་དགེ་ཚུལ་སློང་གི་སྡོམ་པ་ལེགས་པར་བསྲུང་བར་བྱའོ། །ལ་ལ་ཐར་བ་ཐོབ་པ་ལ་ཤེས་རབ་མི་དགོས་པར་འདོད་པ་དང༌། ལ་ལ་ཐར་བ་ཐོབ་པ་ལ་ཚུལ་ཁྲིམས་མི་དགོས་པར་འདོད་པའི་ཉེས་སེལ་དུ་བསྟན་ལ་ལྷག་བསམ་གྱིས་བསྐུལ་ཏེ་བཙུན་པ་དངོས་གྲུབ་དཔལ་ནས་སྨྲས་པའོ། །སྟོན་པ་ཐུགས་རྗེ་ཅན་གྱིས། བག་ཡོད་པར་གྱིས་ཤིག ཅེས་གདམས་པ་ལྟར་ཐོས་བསམ་སྒོམ་གསུམ་སོགས་དམ་ཆོས་གང་བསྒྲུབ་པ་ཡིན་ན་བག་ཡོད་པར་བྱས་ན་དམ་ཆོས་དངོས་གནས་སུ་འགྱུར་ཐུབ་ལ། དེ་ལྟ་མིན་ན་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་བྱེད་པ་ཡིན་ན་འདྲ། མདོ་སྔགས་ཀྱི་ཟབ་མོའི་དོན་བསྒོམ་ན་འདྲ་བདག་འཛིན་དང་ཉོན་མོངས་པའི་དབང་དུ་འགྲོ་བ་ལས་མ་འདས་ལ། དེ་ལྟར་ན་ཀུན་ཉོན་འཁོར་བའི་ཆོས་ལས་གཉེན་པོ་རྣམ་བྱང་གི་ཆོས་སུ་མི་འགྱུར་རོ། །དེས་ན་རབ་ཏུ་བྱུང་བ་ཞིག་ཡིན་ན་རྟགས་དང་ཆ་ལུགས་བརྗེ་བ་དང༌། མིང་བརྗེ་བ། བསམ་པ་བརྗེ་བ་སྟེ་བརྗེ་བ་རྣམ་པ་གསུམ་བརྗེས་ནས་རབ་ཏུ་བྱུང་བ་ཐུགས་ལ་ངེས་པར་བྱས་ནས་རབ་བྱུང་གི་བྱ་བ་སྤོང་ཀློག་གི་ལས་ལ་བརྩོན་པར་ཞུ། དངོས་གྲུབ་དཔལ་ནས།

གཞུང་གི་གོ་བ།

གཞུང་གི་གོ་བ།

གཞུང་གི་གོ་བ་ནི། གནས་ལུགས་དང་མཐུན་པ་ལུང་རིགས་ཀྱི་རྒྱབ་རྟེན་ཡོད་པ་ཞིག་དགོས། ལུང་དེ་རྒྱལ་བ་སངས་རྒྱས་ཀྱི་བཀའ་འམ་འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ལུང་ལྟ་བུའི་ལུང་ཚད་མ་ཞིག་དགོས་པ་ལས། བོད་ན་མཁས་པར་གྲགས་པའི་ཁྲོད་ན་མདོ་རྒྱུད་ཀྱི་གཞུང་དང་མི་མཐུན་པར་རང་རང་གི་འདོད་ཕྱོགས་ལ་ཉེ་བར་འཁྱམ་པ་མང་དུ་མཆིས། ཇི་སྐད་དུ། ཀུན་ཀྱང་སོ་སོར་ལས་ཀྱི་རླུང་ཆེན་གྱིས། །འདོད་ཕྱོགས་ཉེ་བར་འཁྱམས་ལ་འཕགས་པས་ཀྱང༌། །བཟློག་མིན་བདག་འདྲའི་ཚིག་ཀྱང་དབྱུང་མི་ནུས། །འོན་ཀྱང་དམ་པའི་གསུངས་པ་སྨྲས་པ་ཡིན། །ཞེས་གསུངས་པ་ལྟར་ཡིན་ལ། ལུང་རིགས་དང་མ་མཐུན་ན་རང་གི་བློ་ངོར་འཆར་བ་ཙམ་དང་འདྲ་འདྲ་འགྲིག་འགྲིག་གི་རྒྱ་བསྐྱེད་པ་ནི་གོ་བ་མ་ཡིན་ལ། དེ་ལ་ཡིད་རྟོན་མ་མཆིས་པ་ནི། དཔེར་ན་རི་བོང་གི་རྭའོ་སྙམ་ན་བློ་ངོར་རྩ་རྩེ་མོ་དང་བཅས་འཆར་རྒྱུ་ཡོད་པས་སོ། །ཡང་ལུང་དུམ་རེ་ལ་བརྟེན་པའམ་རང་བློ་ལ་འཆར་བ་རྒྱུ་མཚན་དུ་བྱས་ནས་ཐག་གཅོད་མི་སྔ་བར་གཞུང་ཆེན་གྱི་དགོངས་པ་མཐའ་ཆོད་པར་དཔྱད་པར་བྱ་དགོས། ཇི་སྐད་དུ། ཆོས་ཚུལ་ཟབ་པས་ཐག་ཆོད་མི་སྔ་བར། །ཞེས་གསུངས་ལ། དེ་ཡང་གང་ཟག་སུ་འདྲ་ཞིག་ཡིན་ཀྱང༌། གང་ཟག་ལ་དག་སྣང༌།ཆོས་ལ་བརྟག་དཔྱད་བྱེད་དགོས་པ་ནི། སྟོན་པ་ཐུགས་རྗེ་ཅན་གྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་སོ།།བོད་ཀྱི་དགོན་སྡེ་འགའ་ཞིག་གི་ཀུན་སྤྱོད་དང་ཕྱག་སྲོལ་མང་པོ་ནི་མདོ་རྒྱུད་གང་དང་མི་མཐུན་པ་དག་སངས་རྒྱས་ཀྱི་དགོངས་པ་མ་ཡིན་པར་བླ་མའི་ཆོས་ཞེས་གཞན་གྱིས་གླེང་བ་ལྟར་རེ་ཟུང་བདེན་པ་ཡོད་སྙམ། སྤྱིར་དམ་ཆོས་རྣམ་དག་ནི། ཇི་སྐད་དུ། འགྲོ་བའི་སྡུག་བ}ལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །ཞེས་གསུངས་པ་ལྟར་ཡིན་པ་གདོན་མི་ཟ་བ་ཡིན་མོད། མང་པོ་ཞིག་གིས་ཆོས་ལ་སློབ་སྦྱང་མ་བྱས་པའི་རྐྱེན་གྱིས་སྡིག་བཤེས་དང་ཆོས་ལོག་དང་འཕྲད་ནས་ཆོས་མིན་ཆོས་སུ་བཟུང་བ་སྐྱ་སེར་དབང་པོ་རྣོ་རྟུལ་ཐམས་ཅད་ཀྱི་ནང་ན་འདུག དེས་ན་ནང་ཆོས་ནི་དད་ཤེས་གཉིས་ལ་བརྟེན་ནས་འཛིན་དགོས་ཏེ།མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་བོའི་ཆོས་ནི་མི་འབྱུང་སྟེ། །ཞེས་དང༌། མཛོད་ལས། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱེད་པའི་ཐབས་མེད་ལ། །ཞེས་གསུངས་སོ། །སྒོམ་མམ་ཉམས་ལེན་བྱེད་པ་ལ་ཉམས་སུ་ལེན་བྱ་ཤེས་དགོས་ལ། ཚུལ་ཁྲིམས་བསྲུང་བ་ལ་དགག་སྒྲུབ་ཀྱི་བསླབ་བྱ་སོགས་ཤེས་ནས་བསྲུང་དགོས་པ་དང༌། གདུལ་བྱ་རྗེས་སུ་འཛིན་ཚུལ་ལ་ཆོས་བསྟན་པ་ལས་གཞན་མེད་ལ། དེ་ཡང་ཆོས་ཤེས་ནས་བསྟན་པ་ལས་མ་ཤེས་ན་སྟོང་གཏམ་མང་པོས་ཕན་པ་དང་བྲལ་བ་སོགས་ཤེས་པར་བྱས་ནས་གཞུང་གི་གོ་བ་གལ་ཆེའོ། །ངག་དབང་དངོས་གྲུབ་དཔལ་ནས། ལོ་ཉི་ཤུ་མ་ལོན་པ་ཤེས་བཞིན་དུ་སྔར་ལོ་བཅུ་གསུམ་ཡས་མས་ལ་དགེ་སློང་སྒྲུབ་ཁུལ་བྱས་པ་དག་དང་གསུམ་ལས་ལྷག་ཚོགས་ཀྱིས་དགེ་སློང་སྡོམ་པ་མཉམ་དུ་ལེན་ཁུལ་བྱས་པ་རྣམས་ལ་དགེ་སློང་གི་སྡོམ་པ་ཐོབ་མེད་པས་དགེ་ཚུལ་སློང་སྒྲུབ་སྐབས་སུ་ལས་གྲལ་བའི་ནང་དུ་འགྲོ་ན་ལས་ཆགས་དཀའ་བས་སྒྲུབ་ཡུལ་ལ་དགེ་སློང་གི་སྡོམ་པ་ཐོབ་དཀའོ།། ཡུལ་ལུང་འགའ་ཞིག་ལ་མངལ་བཤོལ་དང་བཅས་ཀྱང་ལོ་ཉི་ཤུ་མ་ལོན་པའི་སྔར་དགེ་སློང་སྒྲུབ་ཁུལ་བྱས་པ་དང་མི་བཅུ་བཅོ་ལྔས་མཉམ་དུ་དགེ་སློང་གི་སྡོམ་པ་བླངས་ནས་རྗེས་སོར་ལས་གྲལ་དུ་འགྲོ་བ་མཐོང་ཐོས་སུ་ཡོད་པས་ལས་ཆགས་དཀའ་བས་གཟབ་འཚལ། དེ་འདྲ་དག་ནི་འདུལ་བསྟན་རྨ་འབྱིན་པ་དང་ཕྱག་རྗེས་མ་དག་པ་ཡིན་ལ། ཁ་ཅིག་གིས་ཧ་གོ་བཞིན་དུ་རང་ལས་གྲལ་དུ་འགྲོ་བ་ནི་མི་གཞི་ཡང་མི་ལེགས་པར་སེམས་སོ། །དངོས་གྲུབ་དཔལ་ནས།

པཎ་ཆེན་སྐུ་ཕྲེང་བཅུ་བའི་རྗེས་དྲན་ཚོགས་འདུའི་སྐབས་ཀྱི་གཏམ་བཤད།

པཎ་ཆེན་སྐུ་ཕྲེང་བཅུ་བའི་རྗེས་དྲན་ཚོགས་འདུའི་སྐབས་ཀྱི་གཏམ་བཤད།

པཎ་ཆེན་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །ཐུགས་རྩེ་བ་ཆེན་པོས་རྗེས་སུ་གཟུང་དུ་གསོལ། འདིར་སྐབས་སུ་བབ་པའི་ཞུ་བྱ་ནི། པཎ་ཆེན་རིན་པོ་ཆེ་རྗེས་དྲན་ལས་བརྩམས་ཏེ་ཞུ་རྒྱུ་ཡིན་པས། དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། རྗེས་སུ་དྲན་པའི་དོན་ནི་དངོས་པོ་ལ་ཡོན་ཏན་ཇི་ལྟར་ཡོད་པ་ལྟར་མ་ནོར་ཞུགས་པ། ཞེས་གསུངས་པ་ལྟར་གངས་ཅན་ལྗོངས་ཀྱི་འགྲོ་བ་སྤྱིའི་སྐྱབས་མགོན་ལུགས་གཉིས་ཀྱི་བདག་པོ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་པཎ་ཆེན་སྐུ་ཕྲེང་བཅུ་བ་ཨེར་ཏི་ནི་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ཅེས་བྱ་བ་སྲིད་པ་གསུམ་ན་མངོན་པར་མཐོ་བ་གང་ཉིད་ནི། སྤྱི་ལོ་༡༩༣༨ལོའི་ཟླ་༢ཚེས་༣ཉིན་ཡབ་བིས་མདོ་སྟོང་དཔོན་ གུར་མགོན་ཚེ་བརྟན་དང༌། ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས། སྤྱི་ལོ་༼༡༩༤༡༽ལ་པཎ་ཆེན་ཐམས་ཅད་མཁྱེན་པའི་ཡང་སྤྲུལ་དུ་ངོས་འཛིན་གནངས་ནས། སྤྱི་ལོ་༡༩༨༩ལོའི་ཟླ་༡ཚཻས་༢༨ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པ་རེད། ཁོང་རིན་པོ་ཆེ་ནི་སྐུ་ཚེ་གང་བོར་སྐྱེ་དགུ་མ་ལུས་པ་ཐམས་ཅད་ལ་བྱམས་དང་བརྩེ་བའི་མཛད་པ་སྐྱོང་མཁན་ཞིག་ཡིན་པར་མ་ཟད། འཛམ་གླིང་གི་མི་རིགས་སྤྱི་ལ་དབང་བའི་ཞི་བདེའི་རྒྱལ་སྲས་ཆེན་པོ་ཞིག་ཡིན་པར་ཡང་ཁོང་གི་མཛད་རྣམ་ལས་གསལ་བར་རྟོགས་ཐུབ། རླབས་ཆེན་གྱི་མི་ཞཻས་པ་ནི། མི་ཚེ་གཞན་དོན་དུ་ཕུལ་བའི་སྐྱེས་བུ་ཞིག་གི་མིང་ཡིན་པ་ལས། རང་དོན་གཙོ་བོར་འཛིན་མཁན་ཞིག་ལ་མིང་དང་གོ་ས་ཇི་ལྟར་ཡོད་ཀྱང་རླབས་ཆེན་གྱི་མཚན་དེ་ཐོགས་པར་མི་འོས། དེས་ན་རླབས་ཆེན་གྱི་མི་ནི་ཤིན་ཏུ་དཀོན་ཞིང་རྙེད་པ་རེ་འགའ་ཙམ་ཞིག་ཡིན། པཎ་ཆེན་བཅུ་བ་མཆོག་ནི་ཁ་ཞེ་གཉིས་མེད་ཕྱི་གསལ་ནང་གསལ་གྱི་སྒོ་ནས་སྐུ་ཚེའི་དབུ་རྫོགས་གཞུང་གསུམ་ག་གཞན་དོན་དུ་ཕུལ་བའི་སྐྱེས་བུ་རླབས་ཆེན་ཞིག་ཡིན་པས། ང་ཚོས་ཁོང་ལ་ནམ་ཡང་རྗེས་དྲན་དང་མྱ་ངན་ཞུ་དགོས་ཤིང༌། ཁོང་ལ་རྗེས་དྲན་ཞུ་བ་དེ་རང་ཅག་གི་བསོད་ནམས་རྒྱ་ཆེན་པོ་ཞིག་ཏུ་བརྩི་བར་འོས། སྤྱིར་བཏང་ཁོང་གི་མཛད་སྤྱོད་ཆེ་ལོངས་ཀྱི་གྲངས་ཙམ་ཡང་མཐའ་མེད་ཅིག་ལགས་ན། ཞིབ་ཕྲར་བརྗོད་པ་སུ་ཞིག་གིས་མི་ནུས་མོད། འོན་ཀྱང་ད་ཐེངས་རང་ལ་བགོ་སྐལ་ལྟ་བུར་བཞག་པ་དེ། ཚོགས་ཆུང་གིས་བཀོད་སྒྲིག་ལྟར་པཎ་ཆེན་བཅུ་བ་མཆོག་གིས་ཇོ་ནང་བའི་ཆོས་བརྒྱུད་ལ་མཛད་འཕྲིན་བསྐྱང་བའི་ཕྱོགས་ནས་ཡིན་འདུག་པས། དེའི་ཐད་ནས་རང་གིས་གོ་ཐོས་དྲན་གསུམ་དུ་ཡོད་པ་ཙམ་ཞིག་མདོར་བསྡུས་ཤིག་བརྗོད་པར་བྱེད་འདོད་དེ། ༡༩༨༢ལོའི་སྟོན་ཁར་པཎ་ཆེན་ཐམས་ཅད་མཁྱེན་པ་མདོ་སྨད་རྔ་ཁོག་ཏུ་ཆིབས་བསྒྱུར་གནང་ཞིང༌། མི་དམངས་ལ་མཇལ་ཁ་དང་བཀའ་སློབ་བརྩེ་གཟིགས་ཀྱི་མཛད་ཆེན་ཁུར་དུ་བཞེས་པ་ཡོངས་སུ་གྲགས་པ་ལྟར་རེད་འདུག་ལ། དེའི་སྐབས་སུ་ཁོང་ཉིད་རྔ་ཡུལ་ཇོ་ནང་བསྭེ་དགོན་པའི་དགོན་བདག་བསྭེ་མཁར་གཉིས་གྲྭ་མང་འདུས་སྡེ་ལྷ་འབངས་དང་བཅས་པས་བཀྲ་ཤིས་མེ་ལོང་ཐང་ངམ་སྔར་གྱི་བསྭེ་དགོན་པའི་དགོན་ཤུལ་གྱི་ཐང་དུ་ཇ་ཞུས་གནང་བ་བཞིན་ཕེབས་ཤིང༌། དགོན་དེའི་སྐྱ་སེར་སྟོང་ཕྲག་ལྷག་གིས་ཕེབས་བསུ་བྱས་ཏེ། དགོན་བདག་མཁར་སྤྲུལ་རིན་པོ་ཆེ་ནས་མནྜལ་ཟབ་རྒྱས་ཕུལ། ཇོ་ནང་བའི་དབང་ལུང་མན་ངག་གི་བདག་པོ་གཅིག་པུར་གྱུར་བ་བླ་མ་ཐུགས་རྗེ་དཔལ་དང་ཡང་མཇལ་འཕྲད་བྱས། སྐབས་དེར་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་ནས། དགོན་དེར་རྟེན་གསུམ་བསྐྱར་བཞེངས་དང༌། དགོན་པ་བསྐྱར་གསོ་ཆོག་པའི་བཀའ་ལུང་བྱིན་པར་མ་ཟད། མི་རིགས་རང་སྐྱོང་དང༌། ཆོས་དད་རང་མོས་བྱ་བའི་སྐོར་ནས་ཀྱང་བཀའ་གསུང་གང་མང་བསྩལ་བར་འདུག ཇོ་ནང་རྔ་སྟོད་རྩི་ནང་དགོན་གྱི་གྲྭ་མང་སྡེ་འབངས་གཉིས་ནས་ཀྱང་ཕེབས་བསུ་དང་ཇ་ཞུས་ཕུལ་བ་བཞིན་ཕེབས་གནང་མཛད་དེ། བྱང་སེམས་བདག་ཉིད་ཆེན་པོ་ཇོ་ནང་བའི་བླ་མ་མཁས་བཟང་རིན་པོ་ཆེ་མཆོག་ལ་ཤིན་ཏུ་ཐུགས་མཉེས་པའི་མཇལ་འཕྲད་གནང་ཞིང༌། དབུ་ཐོད་གཏུག་ནས་དད་གུས་དཔེ་མི་སྲིད་པ་གནང་བ་དང༌། རྗེས་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་གིས། བླ་མ་མཁས་བཟང་ལ་བསྟོད་སྔགས་མང་དུ་གནང་བའི་བཀའ་གསུང་དེ་རྔ་ཡུལ་སོགས་ས་ཆ་སྟོད་སྨད་མང་བོ་ལ་ཡོངས་གྲགས་རྩོད་མེད་རླུང་ལྟར་དུ་ཁྱབ་པ་བྱུང༌། དེར་བརྟེན་ནས་རྔ་བའི་ཆོས་བརྒྱུད་རིས་མེད་ལ་བླ་མ་མཁས་བཟང་གི་མཛད་ཕྲིན་ཧ་ཅང་དར་བར་བྱུང༌། སྐབས་དེར་ལྕམ་མདའ་དགོན་པའི་མཁན་ཆེན་ཤེས་རབ་གསལ་བྱེད་ལ་མཇལ་ཁ་གནང༌། ཡང་ནོར་སྦྱིན་གཏེར་བདག་ཨརྱ་ཛམ་བྷ་ལའི་གནས་རིའི་མདུན་དུ་གནས་འཆའ་ཞིང་གཞིས་སྡོད་བྱེད་པའི་ཇོ་ནང་བའི་ཆོས་སྡེ་ཆེན་པོ་ཤར་ཛམ་ཐང་ཆོས་རྗེ་དགོན་བསམ་འགྲུབ་ནོར་བུའི་གླིང་འདི་ནི་མདོ་སྨད་ཀྱི་ཇོ་ནང་བའི་དགོན་པ་ཡོངས་ཀྱི་ཐོག་མ་དེ་ཡིན། ཆོས་རྗེ་དགོན་འདིའི་ཐོག་མར་ཕྱག་འདེབས་མཛད་པ་པོ་ནི་༡༣༥༠ - ༡༤༢༥དྲུང་རཏྣ་ཤྲཱི་ཡིན་ཞིང༌། ༡༣༨༥ལོར་ཛམ་ཐང་དགོན་ཆེན་བཏབ། དེ་རྗེས་དྲུང་རཏྣ་ཤྲཱིས་ཁོང་གི་དངོས་སློབ་ཆོས་རྗེ་སྐུ་ཕྲེང་དང་བོ་རྒྱལ་བ་བཟང་ལ་གདན་ས་གཏད་ཅིང༌། དེ་ནས་རིམ་གྱིས་ཆོས་རྗེ་སྐུ་ཕྲེང་གཉིས་པ་དཔལ་འབྱོར་བཟང་བོའམ་རྒྱལ་བ་སེང་གེ་དང༌། འདིའི་སྐུ་དུས་སུ་ཆོས་རྗེ་ཞེས་པའི་མིང་དེ་རྒྱ་ནག་གོང་མས་ཧ་ཝང་ཞེས་པའི་མཚན་གནང་བ་ལ་བརྟེན་ནས་མིང་དེ་བྱུང་བ་རེད། དེ་ནས་བཟུང་ཆོས་རྗེ་སྐུ་ཕྲེང་བཅུ་བ་བདུད་འདུལ་རྡོ་རྗེའི་བར་ཆོས་རྗེ་དགོན་པ་འདི་མ་ཉམས་པར་བྱུང་ལ། དགོན་པ་དེའི་དབོན་སྤྲུལ་རྗེ་དྲུང་ནམ་མཁའ་འཇིགས་མེད་ཀྱི་ཡང་སྤྲུལ་ཀརྨ་བསོད་ནམས་མཆོག་པཎ་ཆེན་བཅུ་བ་རིན་པོ་ཆེ་མཆོག་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོར་བྱོན་སྐབས་པཎ་ཆེན་རིན་པོ་ཆེ་དང་མཇལ་ནས་པཎ་ཆེན་རིན་པོ་ཆེ་ནས་ཐུགས་བརྩེ་གཟིགས་ཀྱིས་མ་འོངས་པའི་བསྟན་སྲིད་ལ་བཀའ་སློབ་ཟབ་རྒྱས་གནང༌། ཛམ་ཐང་ན་མཉམ་དུ་དགོན་པ་གསུམ་ཡོད་པའི་ནང་གི་གཉིས་པ་ཚེས་བཅུ་དགོན་ནི། ཚེས་བཅུ་རཏྣ་ཀིརྟིས་ཕྱག་བཏབ་པ་ཡིན་ནོ། །གསུམ་པ་གཙང་བ་དགོན་ནི། ཛམ་ཐང་ཆོས་རྗེ་སྐུ་ཕྲེང་ ལྔ་བ་རྒྱལ་བ་ལྷུན་གྲུབ་གྲགས་པས་སྤྱི་ལོ་༡༧༡༧ལ་གཙང་བ་ངག་དབང་བསྟན་འཛིན་རྣམ་རྒྱལ་ཛམ་ཐང་ལ་ཕེབས་སྐབས་དགའ་བསུ་བྱས་ནས་ཆོས་རྗེ་ཁོང་གི་གཟིམ་ཆུང་གནངས་ཏེ་བཞུགས་སུ་གསོལ་བས་རིམ་གྱིས་གཙང་བ་དགོན་པ་བྱུང་ནས་ད་ལྟའི་བར་དུ་འཕེལ་རྒྱས་བྱུང་ལ། དགོན་པ་དེའི་གསེར་ཁྲི་བརྒྱད་པ་གཙང་སྤྲུལ་འཇིགས་མེད་རྡོ་རྗེ་དང༌། ཛཾ་ཐང་ཆོས་རྗེ་དགོན་པའི་དབོན་པོ་དཔལ་འཛིན་གཉིས་མདོ་སྨད་རྔ་ཡུལ་དུ་པཎ་ཆེན་རིན་པོ་ཆེ་ཕེབས་སྐབས་ཆེད་དུ་མཇལ་ཁ་ཞུས་ནས་ཛམ་ཐང་དུ་ཕེབས་པར་ཞུ་བ་ནན་གྱིས་ཕུལ། པཎ་ཆེན་རིན་པོ་ཆེ་ཁོང་གི་ཞལ་ནས་ཕེབས་པ་ལ་དགའ་སྤྲོ་ཡོད་ཚུལ་སོགས་བཀའ་སློབ་ཟབ་རྒྱས་གནང༌། རྗེས་སོར་འབར་ཁམས་ཁུལ་ནས་གནང་བ་མ་ཐོབ་པས་ཕེབས་མ་ཐུབ་པ་རེད། དེ་ནས་༡༩༨༧ལོར་ཛམ་ཐང་གཙང་ཆེན་དགོན་གྱི་རྡོ་རྗེ་སློབ་དཔོན་ལུགས་གཉིས་ཀྱི་མཁྱེན་དཔྱོད་ཡངས་བ་ངག་དབང་ཡོན་ཏན་བཟང་བོ་མཆོག་རྒྱ་ནང་པེ་ཅིང་དུ་ཕེབས་ཏེ་ཇོ་ནང་པའི་གནས་བབ་དང་དཀའ་ངལ་གྱི་རྒྱུ་མཚན་རྣམས་ཞུས་ཚེ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཐུགས་དགྱེས་དགྱེས་མཛད་ནས། ཇོ་ནང་པའི་གཞི་ལམ་འབྲས་བུའི་ལྟ་གྲུབ་ཀྱི་ངོ་སྤྲོད་གནད་བསྡུས་ཤིག་སྐུར་ཤོག་གསུངས་ནས་བཀའ་བསྩལ། རྗེས་སུ་སླར་ཡང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་སྤྲུལ་སྐུའི་སློབ་གྲྭ་གསར་དུ་འཛུགས་སྐབས་སུ། པཎ་ཆེན་རིན་པོ་ཆེས་བཀའ་སློབ་འོག་མཐོ་རིམ་ནང་བསྟན་སློབ་གླིང་ནས་གཟན་དཀར་སྤྲུལ་སྐུ་ཚང་ལ་བརྒྱུད་ནས་ཕྱག་ཡིག་དང་སློབ་བསྡུས་དཔང་ཡིག་སོགས་བསྐུར་ནས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གྲྭའི་ནང་དུ་ཇོ་ནང་པའི་སྤྲུལ་སྐུའི་སློབ་མ་ཞིག་དང་ཡང་བསྐྱར་ཇོ་ནང་པའི་ལྟ་གྲུབ་རྒྱས་བསྡུས་འཚམ་པ་ཞིག་དགོས་གསུངས་པ་སོགས་ཐུགས་ཁུར་བརྩེ་གཟིགས་བླ་མེད་གནང་ཞིང༌། བཀའ་གསུངས་ལྟར་ལུགས་གཉིས་ཀྱི་མཁྱེན་དཔྱོད་ཡངས་བ་བླ་མ་ཡོན་ཏན་བཟང་པོ་མཆོག་གིས་བླ་མ་བློས་གྲགས་ཀྱི་གཞན་སྟོང་འཇིགས་མེད་གདོང་ལྔའི་ང་རོ་ལས་ཅུང་ཟད་བསྡུས་ཏེ་བསྐུར་བས། དེ་ཉིད་གངས་ཅན་རིག་པའི་སྒོ་འབྱེད་ལྡེ་མིག་གི་དཔེ་ཚོགས་སུ་དཔར་བསྐྲུན་བྱས་ཤིང༌། སྤྲུལ་སྐུའི་འཛིན་གྲྭ་དེར་ཡང་ཇོ་ནང་བའི་ཆོས་བརྒྱུད་ངོས་ནས་དངོས་ཞུགས་བྱེད་པའི་ཐོབ་སྐལ་གནང༌། བོད་ཀྱི་ཆོས་བརྒྱུད་དྲུག་སྤྱི་མཚུངས་ཀྱི་སྒོ་ནས་ཐམས་ཅད་ལ་ནང་ཆོས་མཉམ་དུ་སློབ་སྦྱོང་བྱེད་སའི་ཁོར་ཡུག་ཀྲུང་གོ་པེ་ཅིན་ནང་བསྟན་སློབ་གླིང་འདི་ཉིད་པཎ་ཆེན་རིན་པོ་ཆེའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་དང༌། ཁྱད་པར་དུ་ཇོ་ནང་བ་ལ་མཚོན་ན་ད་བར་དུ་ནང་བསྟན་སློབ་གྲྭ་དེའི་ནང་དུ་སློབ་མ་དང་དགེ་རྒན་ཕྱོགས་གང་ཐད་ནས། སྐལ་བཟང་མི་དམན་པ་ཞིག་ཤར་ཡོད་པ་འདི་ཐམས་ཅད་གཟིགས་པ་པཎ་ཆེན་རིན་པོ་ཆེ་བཅུ་བ་མཆོག་གི་བཀའ་དྲིན་ཡིན་པ་སྨོས་ག་ལ་དགོས། དེའི་རྗེས་སུ་ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པས་ནང་བསྟན་སློབ་གྲྭ་དེར་ཇོ་ནང་བ་ལ་ཆོས་བརྒྱུད་སྤྱི་མཚུངས་ལྟར་སློབ་བསྡུ་སོགས་ཀྱི་ཐོབ་སྐལ་གནང་ནས་བཀའ་དྲིན་སྐྱོང་བཞིན་པ་ནི་ཇོ་ནང་བ་རྣམས་ལ་བླ་ལྷག་ཏུ་བཀའ་དྲིན་ཆེ། ཀུན་གཟིགས་རིན་པོ་ཆེ་ནི། ཆོས་བརྒྱུད་བྱེ་བྲག་པ་དང་ཆོལ་ཁ་ཕྱོགས་རེ་བ་ཙམ་མ་ཡིན་པར། བོད་མདོ་དབུས་ཁམས་གསུམ་སྤྱི་དང༌། ཆོས་བརྒྱུད་གྲུབ་མཐའ་ཐམས་ཅད་ཀྱི་བསྟན་པའི་བདག་པོ་ཡང་རེད་ལ། བདག་པོ་ཡིན་པ་བཞིན་དུ་ཕྱོགས་མེད་རིས་མེད་ཀྱི་སྒོ་ནས་གཟིགས་སྐྱོང་ཡང་སུ་ལ་ཡིན་ན་གནང་ཡོད་པ་ཞིག་རེད། ཁོང་གི་ཞལ་ནས། ང་ཨུ་ཡོན་ཀྲང་གི་གོ་གནས་ལ་བསྡད་མྱོང་ལ། ལོ་དགུ་ཟླ་བརྒྱད་ལ་མུན་ནག་ཁྲིམས་ཁང་ནས་ཉེས་མེད་བཙོན་པ་ཡང་བྱས་པ་ཡིན། འོན་ཀྱང་ངས་ཐོབ་ཤོར་དེ་ཙམ་ལ་སྣང་དོགས་རྩ་བ་ནས་བྱས་མ་མྱོང༌།ངས་སྣང་དོགས་བྱེད་ས་ནི། བོད་ཀྱི་སྐད་དང་ཡི་གེ། ཆོས་དང་རིག་གཞུང༌། ཡུལ་སྲོལ་གོམས་གཤིས་རྣམས་ལ་ང་རང་འདོད་པ་ཚིམས་པའི་བྱ་བ་ཞིག་བསྒྲུབ་མ་ཐུབ་པ་དེ་ཡིན། ཞེས་གསུངས་པ་བཞིན། ང་ཚོའི་ད་ལྟའི་ཉི་མ་འདི་ཁོང་ཐམས་ཅད་མཁྱེན་པ་མཆོག་གི་སྐུ་སྲོག་གིས་ཉོས་པའི་རིན་པ་ཞིག་རེད་འདུག་ལ། དེས་ན་ཁོང་གི་མཛད་པ་གང་ཞིག་མཛད་ཀྱང། བོད་པའི་བག་ཆགས་རྙིང་བ་ལྟ་བུ་ཆོས་ལུགས་དང་མདོ་དབུས་ཁམས་གསུམ་ལྟ་བུ་རིས་བཅད་ཀྱི་བསམ་བློའི་དབང་དུ་སོང་བ་གཅིག་ཀྱང་གཏན་ནས་མེད། བོད་རྗེས་ལུས་ཀྱི་རྣམ་པ་མ་བསྒྱུར་ན་ང་ཤི་ཡང་མིག་མི་བཙུམ། གསུངས་པ་བཞིན། ང་ཚོའི་ཁོང་གི་རྗེས་དྲན་གྱི་མཆོད་པ་རུ་བླ་ན་མེད་པའི་རིག་གཞུང་སྲུང་སྐྱོབ་དང༌། བྱམས་སྙིང་རྗེ་དང་སྤོབས་པ་ལྡན་པ་ཞིག་བཟོ་རྒྱུ་དེ་རེད་བསམས་སོང༌། ཁོང་གི་ཞལ་ནས། ཁྱེད་ཅག་གིས་ངའི་འདྲ་པར་ལྷ་ཁང་དུ་བཤམས་ནས་དད་པ་ཡོད་མདོག་གིས། སྤོས་བདུག་ཕྱག་འཚལ་བ་ལས། ངའི་ཁར་ཉོན་ལ་བོད་ཡིག་སྦྱོངས། ཚིག་བརྩིས་ཏེ་བོད་སྐད་ཤོད། གསུངས་པ་བཞིན་རེད། ཁོང་གི་མི་རིགས་སློབ་གསོའི་ཚིག་མདོར་བསྡུས་ཤིག་འདིར་ལུང་འདྲེན་དུ་འགོད་ན། ༡༩༨༦ལོར་མཚོ་སྔོན་དཔའ་ལུང་དུ་ཕེབས་ནས་སྐྱ་སེར་སོ་སོའི་ལས་ཀ་དང་མི་རིགས་ཀྱི་སྐད་ཡིག་སྐོར་གསུང་དོན། གྲྭ་བ་ཚང་མས་བསླབ་གསུམ་གྱི་ཉམས་ལེན་དང༌། མདོ་སྔགས་ཀྱི་འཆད་ཉན། སྒྲིག་ལམ་ཀུན་སྤྱོད་སོགས་མཉམ་པར་འཇོག་རྒྱུ་ཧ་ཅང་གལ་ཆེན་པོ་འདུག དེང་སང་དགོན་པ་དང་གྲྭ་བ་མཐའ་དག་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་འདི་རེད། ཚང་མ་དེ་བཞིན་རེད། འོན་ཀྱང་གྲྭ་བ་མཐའ་དག་རྣམ་པར་དག་པ་ཡིན་ན་གྲྭ་བ་མང་ན་ཡག་པོ་འདུག གྲྭ་བ་བྱས་ཀྱང་དམ་པའི་ཆོས་ཡག་པོ་མ་སྦྱངས། སྡོམ་ཁྲིམས་ཀྱང་ཡག་པོ་མ་བསྲུང་བར་བསྡད་ན་བསྟན་པ་ལ་གནོད་རྒྱུ་མ་གཏོགས་མེད་པས། འདིའི་སྐོར་ལ་དགོན་པ་སོ་སོའི་ལས་སྣ་ཚོས་ཀྱང་གྲྭ་བ་རྣམས་ལ་སློབ་གསོ་གཏོང་དགོས་ལ། གཏོང་ཡང་ངེས་པར་ཡོད་རྒྱུ་རེད། དགེ་རྒན་ཚོས་ཀྱང་རང་གི་དགེ་ཕྲུག་ལ་རིག་གནས་ཡག་པོ་སྦྱོངས་དང༌། སློབ་གཉེར་ཡག་པོ་བྱོས་ཞེས་སློབ་གསོ་ནན་མོ་གནང་དགོས་གྲོང་བ་ཚང་མ་ཡིན་ནའང་དེང་སང་ཏང་གི་སྲིད་ཇུས། ཆོས་ལྡན་རང་ལུགས་ཀྱི་སྲིད་ཇུས་ཚང་མ་ཡག་པོ་འདུག དཔལ་འབྱོར་སྲིད་ཇུས་ཡིན་ནའང་ཚང་མ་ཡང་མོ་བྱས་ནས་བསྡད་ཡོད་པ་འདི་རེད། ད་གཟོད་ཚང་མས་མཐུན་སྒྲིལ་ཡག་པོ་བྱས་ཏེ་རང་རང་ཕྱུག་པོ་ཡོང་རྒྱུར་འབད་འབུངས་བྱོས། དེ་མིན་ན་རང་རང་འདོད་པ་ལྟར་དུ་ཆོས་ཕྱོགས་ཀྱི་བྱ་བ་བཅའ་དགོས་པ་རང་རེད། དགེ་བའི་ཚོགས་གང་སྒྲུབ་ཀྱང་རང་རང་གི་འདོད་པ་ལྟར་བྱས་ཏེ་སྒྲུབ་ན་ཆོག་པ་རེད། དེ་ཡང་ང་ཚོའི་ས་ཆ་འདིར་ཆ་མཚོན་ན་རྒྱ་རིགས་དང་ཧེ་རིགས་ཚང་མ་འདྲེས་ཏེ་བསྡད་ཡོད་པ་རེད། ཁྱོད་ཚོ་ཚང་མས་ཀྱང་སངས་རྒྱས་ཀྱི་ཆོས་ལ་དད་པ་ཡག་པོ་བྱོས། བོད་རང་གི་ལ་རྒྱ་ཡག་པོ་ཟུངས། བོད་ཡིག་ཡག་པོ་སློབས། བོད་སྐད་དག་མོ་ཤོད། བོད་རང་གི་ཆ་ལུགས་ཀྱང་མ་འགྱུར་བ་དེ་འདྲ་རང་བྱོས། དེ་འདྲ་མ་བྱས་ཚེ་ཉེན་ཁ་ཆེན་པོར་ལྷུང་ཡོད་པ་རེད། ཁྱོད་ཚོས་ཀྱང་མཉམ་འཇོག་དང་དོགས་ཟོན་ཡག་པོ་མ་བྱས་ཚེ་མྱུར་དུ་མི་རིགས་ཕུང་སུམ་པ་རུ་འགྱུར་ངེས་རེད། སྤྱིར་ང་ཚོ་བོད་རིགས་འདི་ལ་མི་གྲངས་ཉུང་ཞིང༌། ཡོན་ཏན་ཀྱང་དེ་འདྲ་འཛོམས་པོ་མེད་པས་གང་ཕྱོགས་ནས་གྱོང་གུད་ཆེན་པོ་ཞིག་རེག་གི་ཡོད། འོན་ཀྱང་ཏང་གི་སྲིད་ཇུས་བཟང་བོས་མི་རིགས་རང་སྐྱོང་ལག་བསྟར་བྱས་པ་བརྒྱུད་དེ་མི་རིགས་སོ་སོས་རང་ཁྱིམ་རང་བདག་གི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་རེད། ཡིན་ནའང༌། ཡོན་ཏན་མེད་ན་ཁེ་ལས་སོགས་བྱ་བ་གང་ཡང་སྒྲུབ་མི་ཐུབ་པས་ན། ཆུང་དུས་ནས་བྱིས་པ་ཚོར་ཡོན་ཏན་སྦྱང་དུ་ཆུགས། དེ་ཡང་དང་པོ་བོད་ཀྱི་སྐད་ཡིག་ཤེས་དགོས་པ་རེད། བོད་ཡིག་ཤེས་པའི་ཐོག་ནས་གཞན་གྱི་ཡིག་རིགས་སོགས་སྦྱངས་ནས་ཤེས་དགོས་པ་ཡིན། དེ་འདྲ་བྱས་ཚེ་མི་རིགས་འཕེལ་རྒྱས་དང་སྐད་ཡིག་སློབ་གསོ་གང་ཕྱོགས་ནས་ཡར་རྒྱས་འགྲོ་ངེས་རེད། ཅེས་གསུངས་བ་བཞིན་དུ། ཁོང་ནི་རྒྱལ་གཅེས་ཆོས་གཅེས་དང༌། རྒྱལ་ཁབ་ལ་དགའ་བ། ཏང་ལ་དགའ་བ། མི་རིགས་ལ་དགའ་བ་ཡོད་པའི་རྒྱལ་གཅེས་དཔའ་བོ་ཡིན་པས། སྤྱིར་སྐྱེ་འགྲོ་ཡོངས་དང༌། ང་ཚོའི་རྒྱལ་ཁབ་དང༌། སྒོས་ཁ་བ་རི་བའི་སྐྱབས་མགོན་ཉག་གཅིག་ཡིན་པར་མ་ཟད། པཎ་ཆེན་སྐུ་ཕྲེང་རིམ་བྱོན་ཡོངས་རྫོགས་ཀྱི་ནང་ནས། དབུ་ནག་བོད་པའི་དོན་དུ་དཀའ་ངལ་ཚད་མེད་མྱངས་ཡོད་པའི་བླ་ན་མེད་པའི་དབུ་ཁྲིད་དེ་རེད། དེས་ན་ང་ཚོས་སྙིང་ནས་ཁོང་ལ་རྗེས་དྲན་གྱི་དད་གུས་མི་བྱ་བའི་ཐབས་མེད་ལ། ཁོང་གི་རེ་བའི་ལྷག་མ་རྣམས་ལ་འབད་འབུངས་ཀྱིས་མི་བསྒྲུབ་པ་འོས་མེད་ཡིན་པས་རང་ནུས་གང་ཡོད་ཀྱིས་འབད་པར་རེ་ཞུ་བྱེད་བཞིན་ཡོད། དེ་ཙམ་ལས་དེ་རིང་ཆ་ལ་ཞུ་རྒྱུ་མེད་ལགས། མཇུག་མཐར་པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་བཅུ་བ་མཆོག་གིས་ཐུགས་ཀྱི་བཞེད་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ། ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས་ཞུ། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་སློབ་མ་ལ་སྤྲིང་བ་ནོར་བུའི་ཕྲེང་བ་ལས། ཚུལ་ཁྲིམས་འཆལ་བའི་ལུས་ཅན་གཞོན་ནུ་ཁྱོད། །དགེ་སློང་ཚུལ་དུ་མ་འཆོས་དཀར་པོ་གྱོན། །ཚུལ་ཁྲིམས་འཆལ་བའི་ཉེས་པས་མི་ཆོག་པར། །ཚུལ་འཆོས་ཉེས་པས་གོས་ན་མི་རུང་ངོ༌། །ཞེས་གསུངས་པ་ལྟར་ཚུལ་ཁྲིམས་འཆལ་བའི་ལུས་ཅན་གྱི་གང་ཟག་གིས་དགེ་སློང་མ་ཡིན་ན་དགེ་སློང་ཚུལ་དུ་མ་འཆོས་པར་ཁྱིམ་པའི་གོས་དཀར་བོ་སོགས་གྱོན་རོགས་ཞུ། རྒྱུ་མཚན་ཕམ་པ་བཞི་ཅི་རིགས་བྱུང་བའི་ཚུལ་ཁྲིམས་འཆལ་བའི་ཉེས་པས་མི་ཆོག་པའམ་དེས་གོས་པ་མ་ཟད་ཚུལ་ཁྲིམས་ཉམས་ཀྱང་ཚུལ་ཁྲིམས་དང་ལྡན་པ་ལྟར་འཆོས་པའི་ཉེས་པས་གོས་ན་ངན་སོང་གི་སྡུག་བསྔལ་མྱོང་བར་འགྱུར་བས་མི་རུང་བས་སོ། །དེ་ལྟར་མདོ་ལས། གང་ཞིག་བསླབ་ལ་མི་གནས་པ། །བདེ་གཤེགས་རྒྱལ་མཚན་འཛིན་པ་ལས། །བསླབ་ལ་མི་གནས་སྐད་ཅིག་གི །གཟུགས་པོར་ཁྱིམ་པར་གནས་པ་བཟང༌། །ཞེས་གསུངས་སོ། །རབ་བྱུང་གི་སྡོམ་པ་མི་ལྡན་བཞིན་དུ་རང་ལ་ལྟོས་པའི་དད་ལྡན་མང་ཚོགས་ཀྱི་མགོ་སྐོར་ན་ཆོས་དང་འཇིག་རྟེན་གང་དང་མི་འཚམས་ཏེ། སློབ་མ་ལ་སྤྲིང་བ་ནོར་བུའི་ཕྲེང་བ་ལས། ལྟོས་པའི་མི་རྣམས་བསླུ་བར་མ་བྱེད་ཅིག །ཅེས་སོ། །དེར་མ་ཟད་ཐོས་བསམ་སྒོམ་གསུམ་གང་ཡང་མི་བྱེད་ན་རབ་ཏུ་བྱུང་བའི་དགོས་པ་མི་འགྲུབ་སྟེ། འདུལ་བ་ལུང་ལས། གང་ཞིག་རབ་ཏུ་བྱུང་ཡང་ཡོན་ཏན་སྣོད་མ་གྱུར། །སྐྲ་དང་ཁ་སྤུ་བྲེགས་ཀྱང་དགེ་སྦྱོང་ཚུལ་མ་ཞུགས། །རབ་བྱུང་དེ་ནི་རབ་བྱུང་མ་ཡིན་ཁྱིམ་པའང་མིན། །ཆུ་མེད་ཁྲོན་པ་རི་མོའི་མར་མེ་ཇི་བཞིན་ནོ། །ཞེས་དང༌། རབ་ཏུ་བྱུང་བའི་བྱ་བ་ནི་གཉིས་ཏེ་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ནོ། །ཞེས་གསུངས་སོ། །དེས་ན་ཚུལ་ཁྲིམས་དང་ལྡན་པའི་སྟེང་དུ་སྤོང་ཀློག་གི་ཡོན་ཏན་ལྡན་པར་བྱའོ། །དེ་ལྟར་བྱེད་ན་ཇི་སྐད་དུ། ཁྲིམས་ལྡན་ཡུན་རིང་འཚོ་བས་ནི། །དེ་བས་བསོད་ནམས་ཆེན་པོ་བྱེད། །ཅེས་གསུངས་སོ། །སྤྱིར་རབ་བྱུང་བ་ཐོས་བསམ་སྒོམ་གསུམ་བརྩོན་པ་རྣམས་ལ་བདག་དད་གུས་ཡོད་མོད་རབ་བྱུང་གི་སྡོམ་པ་ཙམ་བླངས་ནས་གནས་པ་རྣམས་ཀྱིས་འདོད་ཡོན་ལ་ཆོག་ཤེས་མི་བྱེད་པར་མ་ཟད་ཁྱིམ་པ་ལས་ལྷག་གི་འདོད་སེམས་ཆེ་བའི་དབང་གིས་ཐོབ་གོ་ས་དང་ལོག་པར་འཚོ་བའི་དཔལ་འབྱོར་ལ་ཆེར་བརྩོན་ན་རབ་ཏུ་བྱུང་བ་ལ་དགོས་པ་ཆེར་མ་མཐོང་ངོ༌། །དེང་དུས་ཀྱི་རབ་བྱུང་རྫུན་མའི་ངང་ཚུལ་ལ་བསམ་ནས་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པའོ། །

དགེ་བཤེས་དངོས་གྲུབ་དཔལ་གྱི་གཏམ་བཤད།

དགེ་བཤེས་དངོས་གྲུབ་དཔལ་གྱི་གཏམ་བཤད།

ཇོ་ནང་བ་ལ་མཚོན་སོང་ན་ཧ་ཅང་ཁྱབ་ཆུང་ཆུང་རེད། དེས་ན་དགོན་སྡེ་གསར་འཛུགས་ཀྱི་བྱ་བ་འདི་གལ་ཆེན་རེད། གལ་སྲིད་དགོན་པ་དེའི་ནང་གནས་སྐབས་གྲྭ་བ་སྤུས་དག་པོ་གཅིག་མ་གཏོགས་མེད་ནའང་ཆོག ཡང་ན་དགེ་བསྙེན་གྱི་དགོན་པ་ཞིག་ཡིན་རུང་མ་འོངས་པ་རྒྱ་ཆེན་པོར་ཡང་འགྱུར་མི་སྲིད་པ་མ་རེད། ཆུང་ངུ་ནས་ཆེན་པོ། ཆེན་པོ་ནས་ཆུང་ངུར་འགྱུར་བ་རྒྱུན་ལྡན་ཡིན་པ་ལྟར་རེད། ཡང་སྒོས་སུ་དབུས་གཙང་ཕྱོགས་ལ་སྔོན་མ་དར་མྱོང་བའི་ཇོ་ནང་བའི་ཆོས་གཞི་ཐར་ཐོར་མང་བོ་ཡོད་པ་རེད། དེ་དག་ལ་མཚོན་ན་ད་ལྟ་ཡང་ཇོ་ནང་བར་དད་འདུན་ཡང་ཆེ་ཤོས་དང༌། དཔལ་འབྱོར་གྱི་ཕྱོགས་ནས་ཡང་ཞན་ཤོས་རེད། དངོས་གནས་རྒྱ་བླ་རྣམ་པ་ཚོར་ལྷག་བསམ་ཡོད་ན། དེ་དག་གི་ཆོས་གཞི་རྣམས་ཉམས་གསོ་དང༌། ཡང་ན་གསར་འདེབས་བྱ་རྒྱུ་གལ་ཆེན་རེད་མ་གཏོགས། དགོན་སྡེ་ཁ་ཤས་ན་གསེར་སྐུ་དང་ལྷ་ཁང་མང་དྲགས་སོང་བར་མ་ཟད། ཚོགས་གསོག་པའི་ཞིང་དུ་མི་འགྱུར་བར་ཚོགས་ངན་གསོག་ས་རུ་འགྱུར་བཞིན་ཡོད་པ། དཔེར་ན། ས་ཆ་འགའ་ཞིག་ན་དར་ལྕོགས་མང་དྲགས་ཀྱིན་ཡོད་པ་ནང་བཞིན་རེད། རྒྱ་ནང་གི་སྔོན་གྱི་ལོ་རྒྱུས་ལྡན་པའི་དགོན་གཞི་མང་པོ་ད་ལྟ་ཡུལ་སྐོར་མཛེས་ལྗོངས་དང༌། དེའི་ནང་གི་གྲྭ་ལྭ་གྱོན་པ་རྣམས་ཀྱང་འཛིན་བྱང་བཙོང་མཁན་དུ་གྱུར་འདུག་པ་ནང་བཞིན་དུ། ང་ཚོ་བོད་ནས་ཀྱང་འཛུགས་སྐྲུན་ཁོ་ནར་འབད་ན་ཉེན་ཁ་དེར་ཏག་ཏག་སླེབས་རྒྱུ་རེད། གལ་སྲིད་གསེར་སྐུ་སོགས་བཞེངས་ན་རྒྱ་ཡུལ་དང༌། ཕྱི་རྒྱལ་སོགས་ཇོ་ནང་བའི་སྐུ་གསུང་ཐུགས་རྟེན་མེད་པའི་ཡུལ་རྣམས་སུ་བཞེངས་ན་ཕན་ཁེ་ཡོད་པ་རེད། རྒྱལ་ཕྱི་ནང་གང་སར་ཕྱིན་ཡང་ང་ཚོའི་དགོན་པ་ཁ་ཤས་ལས་གཞན་ན་ཀུན་མཁྱེན་དུས་གསུམ་སངས་རྒྱས་ཀྱི་འདྲ་སྐུ་གཅིག་ཀྱང་མཐོང་རྒྱུ་མེད་ཚོད་རེད། དེ་དག་ཏུ་སྐུ་གཅིག་འཇོག་ཐུབ་ནའང་གལ་ཆེན་དོན་སྙིང་ཅན་རེད། དེ་ལས་གཞན་ང་ཚོའི་དགོན་པ་དག་གི་ནང་ལ་བཤད་སྒྲུབ་སྤུས་དག་འོང་བ་གལ་ཆེན་རེད། གོང་ས་རྒྱལ་བའི་དབང་བོས་ཀྱང་ནམ་ཡིན་ན་ཡང༌། མང་ཉུང་ལ་རག་ལས་པ་མིན་པར་སྤུས་དག་མིན་ལ་རག་ལས་པར་གསུང་བཞིན་ཡོད་པ་རེད། གལ་སྲིད་སྔགས་པ་ཡིན་ནའང་སྔགས་པའི་དགོན་པ་རྐྱང་བ་ཞིག་འཛུགས་ཐུབ་ན་ཧ་ཅང་ཡག་པོ་ཡོད་པ་རེད། འོན་ཀྱང་རབ་བྱུང་བ་རྣམས་དང་ལྷན་དུ་ཉ་དང་ཉོག་མ་བསྲེས་བཞག་ན་ཡག་པོ་མི་འདུག ལྷག་ཏུ་གྲྭ་ཇོ་མཉམ་དུ་གནས་བཅས་ན་བསྟན་པའི་ཕུང་དཀྲུག་ཆེན་པོར་འགྲོ་བ་གདོན་མི་ཟ་བ་རེད་བསམ་གྱིན་ཡོད། དགོན་པ་ཞིག་ལ་མཚོན་ན་འདུ་ཁང་རེ་དང༌། བཤད་སྒྲུབ་ཀྱི་གནས་གཞི་རེ་མེད་ཐབས་མེད་པ་ལྟ་བུ་རེད་མ་གཏོགས། རྟེན་བཞེངས་དང་གསེར་འགེབས་མང་པོ་ལ་དགོས་པ་དེ་ཙམ་མི་འདུག མདོར་ན། སྔར་ཆོས་གཞི་མེད་པའི་ཕྱོགས་སུ་ཆོས་གཞི་གསར་འདེབས་དང༌། སྔོན་གྱི་ཆོས་གཞི་གནས་པ་རྣམས་སུ་བཤད་སྒྲུབ་ཀྱི་སྒོ་ནས་སྤུས་ཇེ་དག་ཇེ་རྒྱས་སུ་བྱེད་དགོས་པ་རེད། རྗེ་བཙུན་རིན་པོ་ཆེའི་སྨོན་ལམ་ནང་དུ། མ་དར་བ་རྣམས་སུ་དར་བར་བྱེད་ཅིང༌། དར་བ་རྣམས་དག་ཅིང་འཕེལ་བ་དང༌། ཉམས་པ་རྣམས་གསོ་ནུས་པར་གྱུར་ཅིག ཅེས་པ་ནང་བཞིན་བྱ་བ་གལ་ཆེན་དོན་སྙིང་རེད། ༢༠༡༥ཇོ་ནང་ཀུན་ཕན་ལྷན་ཚོགས་སྟེང་ནས་ཇོ་ནང་བའི་དགོན་གཞི་གསར་འཛུགས་ཞེས་པའི་གྲོས་གཞིའི་ཐོག་བསྩལ་བ་སྒྲ་ལས་བཤུས་པའོ།། །།

དཔེ་ཆ་ལྟ་དགོས།

དཔེ་ཆ་ལྟ་དགོས།

སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱི་ཞལ་དངོས་སུ་མཇལ་ཡང་ཁོང་རྣམས་ཀྱི་གསུང་རབ་ལས་བཤད་པ་མ་གཏོགས་དཔེ་མཁྱུད་བྱས་ནས་མ་བསྟན་པ་མེད་པས། སྟོན་པ་ཐུགས་རྗེ་ཅན་དང་རྒྱན་དྲུག་མཆོག་གཉིས་སོགས་བླ་མ་དམ་པ་རྣམས་ལ་དངོས་སུ་མཇལ་བ་དང་ཁྱད་མེད་པའི་གསུང་རབ་ཤུལ་བཞག་འདི་རྩ་ཆེན་ཡིན་པ་ནི། སྔོན་བྱོན་དམ་པས་གསུང་གི་ཚབ་ཏུ་ཕྱི་རབས་པ་རྣམས་ལ་བཞག་པ་ཡིན། དམ་པ་ཁོང་རྣམས་ཀྱིས་མི་ཚེ་གང་ལ་ཐོས་བསམ་མཛད་པའི་རྙེད་དོན་དེ་བསྒོམས་ནས་མཐར་མངོན་སུམ་དུ་རྟོགས་ཏེ་དཔྱད་འབྲས་ཡི་གེར་བཀོད་པ་ཡིན་པས་ཚད་མའི་ལུང་གི་རྗེས་སུ་འབྲང་བ་གལ་ཆེའོ། །དེས་ན་གསུང་རབ་དེ་དག་རྡུལ་ཁྲོད་དུ་གཟིམས་སུ་བཞག་མི་འཇོག་པར། དེ་དག་ལ་བརྩོན་པ་ཤུགས་ཆེན་པོས་སློབ་སྦྱོང་དད་པ་དག་སྣང་ལྡན་པའི་སྒོ་ནས་བྱེད་དགོས་པ་རེད། དེ་ཡང་དཔེ་ཆ་གང་ཡིན་ལ་ལྟ་ན་ཤེས་རབ་འཆལ་བའི་རྒྱུ་ལ་འགྲོ་བ་ཡོད་པས་འདུལ་ལུང་ལས་དགོས་མེད་དུ་ཕྱི་རོལ་བའི་བསྟན་བཅོས་ལྟ་བ་བཀག་པ་རེད། རྗེ་བཙུན་གྱིས། ཚད་མའི་ལུང་གི་རྗེས་འབྲང་ཞིང༌། །ཞེས་གསུངས་པ་ལྟར་སྔོན་བྱོན་དམ་པའི་གསུང་ལ་བལྟས་ན། ཇི་སྐད་དུ། འཆང་བ་དང་ནི་སྟོན་ཏམ་ཀློག་ན་ཡང། །དེ་ཡི་རྣམ་པར་སྨིན་པའང་སངས་རྒྱས་མཁྱེན། །ཞེས་གསུངས་ལྟར་གསུང་རབ་དག་ནི་ཏིང་ངེ་འཛིན་སྒོ་མང་པོས་བྱིན་གྱིས་རླབས་པའི་གཟུངས་ཁྱད་པར་ཅན་ཡིན་པས་ཆོས་སྤྱོད་བཅུའི་སྒོ་ནས་བསླབ་པར་ཞུ། འཛམ་གླིང་དཔེ་ཆའི་དུས་ཆེན་ལ་དངོས་གྲུབ་དཔལ་ནས།

ས་ཇོ་གཉིས་ལ་རེ་ཞུ།

ས་ཇོ་གཉིས་ལ་རེ་ཞུ།

༡ བོད་མི་མང་གི་ཆོས་བརྒྱུད་སྤྱི་འཐུས་དགོས་པ་མེད་པར་མ་ཟད་འཐེན་འཁྱེར་གྱི་སྒོ་ནས་གནོད་ཚབས་ཆེན་པོ་ཡོད་པ་མངོན་གསལ་རེད། མ་འོངས་པ་ན་ཆོས་ལུགས་ཆེ་ཆུང་གི་སྒོ་ནས་འཇོག་ན་དགེ་ལུགས་པ་དང་རྙིང་མའི་བརྒྱ་ཆ་ཉུང་ཤོས་མ་གཏོགས་ཇོ་ནང་བཀའ་བརྒྱུད་ས་སྐྱ་བ་བོན་པོ་དག་ལ་མེད་ལ། ད་རུང་འཛམ་གླིང་འདིར་ཆོས་ལུགས་སྣ་མང་ཅན་ཡིན་པ་བཞིན་དུ་བོད་འདིར་ཡང་ཆོས་ལུགས་སྣ་མང་ཅན་དུ་གྱུར་དང་འགྱུར་བཞིན་པ་ཡིན་པས་རྙོག་གྲ་ཆེ་རུ་འགྲོ་བར་སྣང༌། དེས་ན་ཆོས་དོན་ལས་ཁུངས་ལ་ཆོས་བརྒྱུད་རང་རང་གི་ཚབ་མཚོན་གྱི་མི་སྣ་ཡོད་པ་ལས་མི་མང་སྤྱི་འཐུས་ལ་ཆོས་ལུགས་དང་མི་མང་གི་ཉིས་སྐལ་གྱི་སྤྱི་འཐུས་གཏན་ནས་དགོས་དོན་མེད། དེ་འཛམ་གླིང་གི་མང་གཙོ་གང་དང་ཡང་མི་མཐུན་པ་རེད། ༢ འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་སུ་ཡིན་ན་སྤྱི་མཚུངས་ཀྱི་ཐོབ་ཐང་ངམ་ཁེ་དབང་ཡོད་པ་བཞིན་ཇོ་ནང་བ་ལ་ངེས་པར་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་ངེས་པ་ཅན་རེད། དེར་མ་ཟད་རྒྱ་ནག་ནས་བོད་ཀྱི་ཆོས་བརྒྱུད་དྲུག་འདྲ་མཉམ་ཞིག་པཎ་ཆེན་རིན་པོ་ཆེ་ནས་གནང་ཡོད་པ་རེད། དེ་བཞིན་དུ་༧གོང་ས་མཆོག་གིས་ལན་དུ་མར་ཡིག་ངག་གཉིས་ཀའི་སྒོ་ནས་ཇོ་ནང་བ་ལ་ཆོས་བརྒྱུད་ཆེན་པོ་གནང་བ་ལ་བདེན་པ་དང་ཐོབ་ཐང་ཡོད་པ་རེད་ཅེས་འབོད་བསྐུལ་ཞུ་བཞིན་ཡོད་པ་བརྙན་དང་སྒྲ་དང་ཡི་གེའི་བརྒྱུད་ལམ་ནས་མངོན་སུམ་ཡིན་པ་རེད། འོན་ཀྱང་བོད་ཀྱི་ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར་ལ་གནས་པའི་མགོ་རྒན་དག་གིས་སྒེར་གཅོད་དང་ཕྱོགས་རིས་སུ་གནས་ནས་བོད་གཞི་བྱེས་གཉིས་ཀའི་རྡོག་རྩ་གཅིག་སྒྲིལ་བྱེད་པ་ལ་སྣང་མེད་རྩ་གཏོར་དུ་བཏང་བར་མ་ཟད་ཇོ་ནང་བ་སེར་སྐྱ་འབུམ་ཕྲག་དུ་མས་རྒྱུ་མཚན་དང་གནས་ལུགས་ཡོད་པ་དག་རྡོག་རྫིས་སུ་བཏང༌། བོད་སྤྱིའི་གཟུར་གནས་མཁས་དབང་རྣམས་ཀྱིས་བོད་གཞུང་དབང་འཛིན་པ་འགའ་ཞིག་རུལ་སོང་ཅན་དུ་གྱུར་ནས་འཐེན་འཁྱེར་བྱེད་བཞིན་པའི་གནས་སུ་ངོས་འཛིན་བྱེད་བཞིན་འདུག སྤྱིར་འདྲ་མཉམ་མེད་ན་མཐུན་འབྲེལ་མེད་ལ། འདྲ་མཉམ་ནི་མཐུན་འབྲེལ་གྱི་མ་རྩ་རེད། ༣ ས་ཇོ་གཉིས་ལོ་ངོ་སྟོང་ཕྲག་ལ་ཉེ་བའི་བར་ཆོས་དམ་ཚིག་གི་འབྲེལ་བ་ཧ་ཅང་ཟབ་རྒྱས་ཡོད་པ་དང་ལོ་རྒྱུས་ནང་ས་ཇོའི་བར་ཆབ་སྲིད་ཀྱི་རྙོག་གྲ་གཏན་ནས་བྱུང་མ་མྱོང་ན་ང་ཚོའི་མི་རབས་ཀྱི་སྐབས་འདིར་ཐུགས་བསམ་རྒྱ་ཆེར་བཞེས་ནས་གུ་ཡངས་དང་བཟོད་སྒོམ་ངང་གནས་ལུགས་དང་ཆོས་དམ་ཚིག་གི་འབྲེལ་བ་ལ་བསམ་ནས་མཐུན་འབྲེལ་བྱེད་པར་འབོད་བསྐུལ་ཞུ་བཞིན་ཡོད། ས་ཇོའི་དབུ་ཁྲིད་རྣམ་པ་དང་སེར་སྐྱ་སྤྱི་ཡོངས་ནས་སྔར་ལྟར་ཕན་ཚུན་དད་གུས་བཅས་འགྱུར་མེད་དུ་གནས་པ་གུས་པ་བདག་གིས་རྗེས་སུ་ཡི་རང་ཡོད། ད་ལྟ་དང་མ་འོངས་གང་ཡིན་ན་ས་ཇོའི་མི་རེ་ཟུང་གིས་རྩོད་ཉོག་སློང་བ་སྲིད་ན་ཡང་མི་དེས་ས་ཇོ་གང་གི་ཚབ་མཚོན་མི་ནུས་པ་བོད་སྤྱིས་ཤེས་དགོས། རི་བོང་ཅལ་འདྲོགས་མི་བྱེད་རྒྱུ་གལ་ཆེ་སྙམ། རང་སྟེང་དུ་སླེབས་ཚེ་མཐུན་འབྲེལ་དགོས། བདག་ལྟ་བུ་ལ་མཚོན་ན་མགོ་བདེ་ཙམ་མ་ཡིན་པར་ས་སྐྱའི་བསྟན་དང་བསྟན་འཛིན་ལ་དགའ་གུས་དད་གསུམ་དང་ལྡན་པ་ཡིན། མདོར་ན་ས་ཇོའི་ཆོས་དམ་ཚིག་གི་འབྲེལ་བ་སྲ་བརྟན་ཅན་དུ་བྱེད་པ་ལ་རེ་ཞུ། ༤ གསལ་བཤད་ཞིག་ལ་ང་ཚོ་ཇོ་ནང་བ་རྣམས་ཀྱིས་བོད་ཀྱི་སྐྱབས་མགོན་གྱི་དགོངས་པ་དང་གནས་ལུགས་གཞིར་བཞག་ནས་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་བ་ལ་ཞི་བའི་སྒོ་ནས་འབོད་བསྐུལ་ཞུ་བཞིན་འདུག་ལགས། གཞན་དག་ཆབ་སྲིད་ཀྱིས་ལོག་འགྲེལ་ཡིན་པ་མཁྱེན་དགོས། མདོར་ན་མཐུན་འབྲེལ་དང་བོད་སྤྱི་ལ་བསམ་གཞིག་གནང་རོགས་ཞུ་ཞུ། དོན་ཚན་བཞི་བོ་འདི་ནི་ངག་དབང་དངོས་གྲུབ་དཔལ་ནས་མཐུན་འབྲེལ་དང་འདྲ་མཉམ་གྱི་ཆེད་བོད་སྤྱི་ལ་༢༠༡༥་༩་༢༤་ལ་གུས་པས་ཕུལ་བའོ། །

ཇོ་ནང་གི་༧རྡོ་རྗེ་སློབ་དཔོན་རྣམས་ལ་གུས་ཕྱག་གྲངས་མེད་དང་བཅས།

ཇོ་ནང་གི་༧རྡོ་རྗེ་སློབ་དཔོན་རྣམས་ལ་གུས་ཕྱག་གྲངས་མེད་དང་བཅས་ཏེ་ཞུ་གསོལ།

དཔལ་ལྡན་ཇོ་ནང་བ་ལ་དབང་ལུང་ཁྲིད་གསུམ་གྱི་བརྒྱུད་པ་མ་ཉམས་པར་གནས་ཡོད་པ་ཀུན་ཁྱེད་རྣམས་ཀྱི་བཀའ་དྲིན་ཡིན་པས་ངེད་ཇོ་ནང་བ་རྣམས་ཀྱིས་བརྗེད་མི་སྲིད་པའི་བཀའ་དྲིན་གྱི་ཁུར་ཤིན་ཏུ་ལྕི། ད་ལན་བདག་གིས་རེ་ཞུ་ཆུང་ཆུང་ཞིག་ཞུས་ན། ༡ དགོན་སྡེ་སོ་སོར་དབང་ལུང་གི་བརྒྱུད་པ་སྤེལ་ནས་ཕྱི་རབས་པ་རྣམས་ལ་འཕྲོད་པར་བྱེད་རྒྱུ་དང༌། ༢ཡོན་ཏན་ཀུན་གྱི་རྩ་བ་ཚུལ་ཁྲིམས་ཡིན་པས་སྦྱོར་དྲུག་པ་རྣམས་ལ་རྩ་བ་བཞིའི་གཞི་བསམ་པ་སྦྱོར་བ་མཐར་ཐུག་གི་ངོ་སྤྲོད་ཡག་པོ་གནང་རྒྱུ་ཧ་ཅང་གལ་ཆེ། ད་སྐབས་སྦྱོར་དྲུག་བཞུགས་མི་རྣམས་ལོ་ཧ་ཅང་ཆུང་བས་སྡོམ་པ་སྲུང་མ་ཤེས་ནས་རྐུས་སོགས་བྱས་ན་ཚུལ་འཆལ་དུ་འགྱུར་བ་སོགས་རྒྱུ་མཚན་མང༌། ༣ སྦྱོར་དྲུག་ཁྲིད་སྐབས་ལྷན་ཐབས་འོད་བརྒྱ་འབར་བ་ཁྲིད་རྒྱུ་ཧ་ཅང་གལ་ཆེ་སྟེ། མཐོང་དོན་དང་སྒོམ་རིམ་ཁྲིད་ནའང་སྔོན་འགྲོའི་སྐབས་སུ་དམིགས་གནད་ཙམ་ལས་མ་གསུངས་པས་ལས་དང་པོ་ལ་སྔོན་གྱི་ཕྱག་ལེན་ལྟར་ལྷན་ཐབས་ཁྲིད་ན་བཟང་སྙམ། དཔེར་ན་སྐྱབས་འགྲོའི་སྐབས་ལྷན་ཐབས་ལས། ༡ སྐྱབས་ཡུལ་མཆོག་གསུམ་ངོ་སྤྲོད། ༢ སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན། ༣ ཇི་ལྟར་སྐྱོབ་ཚུལ། ༤ སྐྱབས་སུ་སོང་བའི་ཚད། ༥སྐྱབས་སུ་སོང་བའི་ཕན་ཡོན། ༦ སྐྱབས་འགྲོའི་བསླབ་བྱ། ༧ ཐེག་པ་ཆེ་ཆུང་གི་སྐྱབས་འགྲོའི་ཁྱད་པར་རྣམས་བཤད་པ་མཐོང་སྒོམ་གཉིས་ན་མེད་པ་བཞིན་འོག་མ་རྣམས་ཀྱི་སྐབས་སུ་བཤད་དགོས་པ་གལ་ཆེ་བ་མང་པོ་ཡོད་པས་ཧ་ཅང་གལ་ཆེ་སྙམ། ཁྱེད་རྣམས་ཀྱིས་མ་ཤེས་པ་ག་ལ་ཡིན་མོད་བར་སྐབས་ཤིག་ནས་ཕྱག་སྲོལ་ཆད་སོང་བའི་དབང་གིས་ཡིན་སྙམ། མདོར་ན་གང་ལྟར་ཐུགས་བསམ་གནང་བར་བདག་གིས་ལག་ཐལ་མོ་སྦྱར་ནས་རེ་ཞུ་འབུལ་བའོ། །ཆོས་མེད་སྤྲང་འཁྱམ་པ་དངོས་གྲུབ་དཔལ་གྱིས་གུས་ཕུལ། ཇོ་ནང་གི་རྡོ་རྗེ་སློབ་དཔོན་དང་མཁན་པོ་དགོན་བདག་བླ་མ་རྣམས་ལ་རེ་ཞུ། བཤད་སྒྲུབ་ལ་གནོད་ཚབ་ཆེ་བའི་འགལ་རྐྱེན་ཁ་པར་བཀོལ་སྤྱོད་ཉུང་དུ་འགྲོ་བའི་ཐབས་ལམ་ཞིག་འགྲོ་བ་མིས་མ་འབད་ན་ཆོས་སྐྱོང་རྣམས་ལ་ཆོས་བསྲུང་བར་འཕྲིན་བཅོལ་མཛད་པ་ཙམ་གྱིས་འཐུས་ཤོར་ཆེན་པོ་འགྲོ་བཞིན་འདུག བཤད་སྒྲུབ་ལ་འདུག་ཡོད་ཅེས་མིང་བཏགས་ནས་དོན་ལ་དྲྭ་བའི་རྩེད་ར་ཞིག་དང་ཁྱད་མེད་ན་དོན་འབྲས་ཡོད་མེད་བསམ་གཞིག་གནང་དགོས། བྱ་བ་གང་སྒྲུབ་དགོས་ན་དཀའ་ངལ་རེ་ངེས་པར་ཡོད་ཀྱང་བསྟན་པ་སྤུས་གཙང་གི་ལག་ལེན་དངོས་ལ་འབད་དགོས་པ་ལས་སྨོན་ལམ་ཙམ་བཏབ་ནས་འདུག་ན་འགྲུབ་པའི་དུས་རི་བོང་རྭའི་སྤུན་ཟླ་ཡིན་ནོ། །ཆོས་སྡེ་གཞན་གྱིས་དེའི་ཕྱོགས་ལ་འབད་རྩོལ་ཇི་ལྟར་བྱེད་བཞིན་གཟིགས་རོགས་ཞུ། འདོད་ལྷ་རྣམས་འདོད་ཡོན་ལ་རྟག་ཏུ་གཡེང་བས་ཆོས་སྒྲུབ་མི་ཁོམ་པ་ལྟར་ང་ཚོ་ཁ་པར་ལ་རྟག་ཏུ་གཡེང་ནས་ཆོས་སྒྲུབ་མི་ཁོམ་པ་ཆགས་འགྲོ་འདུག དེས་ན་བསྟན་འཛིན་རྣམས་ལ་ཆོས་བསྲུང་བར་དངོས་གྲུབ་དཔལ་ནས་འཕྲིན་ལས་བཅོལ་བའོ། །

གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་ཀྱི་ཉིན་གཅིག་གི་ཆོས་སྤྱོད་ཉམས་ལེན།

གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་ཀྱི་ཉིན་གཅིག་གི་ཆོས་སྤྱོད་ཉམས་ལེན་གྱི་རིམ་པ།

ཞོགས་ཀ་ཆུ་ཚོད་དྲུག་པ་ཡས་མས་སུ་ཡར་བཞེངས་ནས། འབྱོར་ཚོད་ཀྱི་མཆོད་པ་བསྡུས་ཙམ་བཤམ་པའམ་ཡང་ན་སྤོས་ཙམ་མཆོད་དེ། སངས་རྒྱས་ཆོས་ཚོགས་མ་སོགས་ཁ་ཏོན་ཅི་རིགས་དང་སྦྲགས་ནས། འཁོར་བའི་སྡུག་བསྔལ་ལ་བསམ་གཞིག་ལེགས་པར་བཏང་ནས་འཁོར་བ་ལ་སྐྱོ་བ་ལྷང་ལྷང་བ་བསྐྱེད་ཅིང༌། སྡུག་བསྔལ་དེ་ལས་སྐྱོབ་པའི་ནུས་པ་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པའི་སྒོ་ནས་སེམས་ཅན་རྣམས་སྲིད་ཞིའི་འཇིགས་པ་ལས་བསྐྱབ་པའི་ཕྱིར་མཆོག་གསུམ་ལ་སྐྱབས་འགྲོ་སྙིང་ཐག་པ་ནས་བྱ། དེ་ནས་མར་གྱུར་འགྲོ་བ་ཀུན་རྫོགས་པའི་སངས་རྒྱས་ཐོབ་ཕྱིར་དུ་ཐོས་བསམ་སྒོམ་གསུམ་སོགས་དམ་པའི་ཆོས་ལ་བརྩོན་པར་བྱ་སྙམ་པའི་ངེས་འབྱུང་གི་བསམ་པ་དང་ཐེག་ཆེན་སྐྱབས་འགྲོ་སེམས་བསྐྱེད་སྦྲགས་ནས་སྐར་བཅུ་ལྷག་ལ་བསྒོམ། དེ་ནས་མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་སོགས་ཀྱིས་སྤྱན་འདྲེན་བྱས་ཏེ། ས་གཞི་སྤོས་ཀྱི་མ་སོགས་ཅི་རིགས་ཀྱིས་མཆོད་པ་སྐར་གཅིག་གཉིས་ཙམ་བྱ། དེ་ལྟར་གྲུབ་པ་དང་ངེས་འབྱུང་གི་བསམ་པ་དང་ཐེག་ཆེན་སྐྱབས་འགྲོ་སེམས་བསྐྱེད་རྣམས་ཀྱིས་རྩིས་ཟིན་པར་བྱས་ནས་ཐོས་བསམ་གྱི་ལས་ལ་འཇུག་པ་ཡིན། ཆུ་ཚོད་བདུན་ནས་བཅུ་བར་དཔེ་ཁྲིད་ཡོད་པ་རྣམས་དཔེ་ཁྲིད་ལ་ཕེབས་ཤིང༌། སྐབས་དེར་དཔེ་ཁྲིད་ཁེལ་མེད་པ་རྣམས་ཀྱིས་རང་ཤག་ཏུ་ཐོས་བསམ་སྒོམ་པ་ལ་འབད་པ་ལས། རྣམ་གཡེང་དང་ལོང་གཏམ་སོགས་ཀྱིས་འདའ་བར་མི་བྱེད་པར་ཆོས་སྤྱོད་ལ་བརྩོན་པར་བྱ་དགོས། ཆུ་ཚོད་བཅུ་བ་ནས་དུས་འཁོར་འཛིན་གྲྭ་སོགས་ལ་དཔེ་ཁྲིད་ཡོད་པ་རྣམས་ལས། གྲྭ་མང་ལྷག་མ་རྣམས་ཀྱིས་ཚོགས་ཁང་ནས་ངེས་འབྱུང་གི་བསམ་པ་དང་ཐེག་ཆེན་སྐྱབས་འགྲོ་སེམས་བསྐྱེད་ཀྱིས་ཀུན་ནས་བསླངས་ཏེ། བསྟན་བཅོས་མངོན་རྟོགས་རྒྱན་འདོན་དགོས། ཆུ་ཚོད་བཅུ་དང་ཕྱེད་ནས་ཀུན་སློང་ཀུན་སྤྱོད་ལེགས་པར་བཅོས་ནས། ཆོས་རར་ཕེབས་ཤིང་རྩོད་ཟླ་བསྒྲིག་རྒྱུ་དང༌། ཆུ་ཚོད་བཅུ་གཅིག་མ་ཟིན་ཙམ་ན་འཛིན་གྲྭ་བཅུ་གསུམ་པོ་སོ་སོར། སྐྱོར་དཔོན་རྣམས་ནས་སྐྱོར་སྦྱང་དང༌། དེ་ནས་ཆུ་ཚོད་བཅུ་གཅིག་དང་སྐར་ཉི་ཤུའི་སྟེང་སླར་ཡང་རྩོད་ཟླ་བསྒྲིགས་ཏེ། བཅུ་གཅིག་དང་ཕྱེད་ཀ་ནས་རིམ་གྱིས་རྩོད་པ་གྲོལ། རྩོད་པ་རྒྱུན་རིང་བྱེད་མི་རྣམས་ཀྱིས་ད་དུང་རྩོད་པ་གནང་རྒྱུ་ཡིན། ཉིན་གུང་ཇ་གསོལ་བ་སོགས་བྱ་བ་ཕྲན་ཚེགས་ཡོད་ན་སྒྲུབ་ཆོག འོན་ཀྱང་གྲྭ་མང་ཕལ་ཆེ་བས་དཔེ་ཁྲིད་དཔེ་ཀློག་སོགས་ལ་འབད་པར་བྱ་བ་ཡིན། ཆུ་ཚོད་གསུམ་པར་ངེས་འབྱུང་གི་བསམ་པ་དང་ཐེག་ཆེན་གྱི་སྐྱབས་འགྲོ་སེམས་བསྐྱེད་སྦྲགས་མ་ཀུན་སློང་གཞི་བྱས་ཏེ། སྡིག་སྒྲིབ་སྦྱོང་བ་ཡིག་བརྒྱ། སྦྱོར་དྲུག་གསོལ་འདེབས། བཟང་སྤྱོད་སྨོན་ལམ། མདོ་གདུགས་སྒྲོལ་གསུམ་སོགས་འདོན་དགོས། ཆུ་ཚོད་གསུམ་དང་སྐར་བཞི་བཅུ་ནས་གྲྭ་མང་འཛིན་གྲྭ་སྤྱི་ལ་ཐུན་མོང་དུ་ལམ་རིམ་བློ་སྦྱོང་གི་ཆོས་ཁྲིད་སྐར་ཉི་ཤུ་ཙམ་ཡོད་པ་ལེགས་པར་གསན་ཞིང༌། ཆུ་ཚོད་བཞི་བ་ཙམ་ནས་ཉི་མ་རེས་མོས་ཀྱིས།བསྡུས་གྲྭ་དང༌། རྟགས་རིགས་སོགས་དཔེ་ཁྲིད་ཡོད། གཞུང་གསར་ཡན་ཆད་ཀྱི་འཛིན་གྲྭ་རྣམས་ཀྱིས། ཆུ་ཚོད་བཞི་དང་སྐར་མ་ལྔ་བཅུ་བར་དཔེ་ཀློག་སོགས་བྱ། དེ་ནས་ཆོས་རར་རྩོད་ཟླ་བསྒྲིགས་ནས་རྩོད་པ་གནང་རྒྱུ་དང༌། ཆུ་ཚོད་ལྔ་དང་སྐར་བཅོ་ལྔ་ནས་འཛིན་གྲྭ་སོ་སོ་སྐོར་ཚོགས་བྱས་ཏེ་སྐྱོར་སྦྱང་བྱེད་རྒྱུ། ཆུ་ཚོད་ལྔ་དང་སྐར་མ་སོ་ལྔ་ནས་འཛིན་གྲྭ་སོ་སོས་དམ་བཅའ་བཙུགས་ནས་རྩོད་པ་གནང་རྒྱུ་དང༌། ཆུ་ཚོད་ལྔ་དང་སྐར་མ་ལྔ་བཅུ་ནས་རྩོད་ཟླ་ཆུ་ཚོད་དྲུག་པར་བྱ་དགོས། དེ་ནས་རྩོད་པ་རྒྱུན་རིང་བྱེད་མི་རྣམས་ལས་ལྷག་རྣམས་གྲོལ། དགོང་ཇ་གསོལ། ཆུ་ཚོད་བརྒྱད་པའི་སྟེང་རང་མོས་ཀྱིས་དགེ་རྒན་སོ་སོའི་ནང་དཔེ་ཁྲིད་ཕེབས་རྒྱུ་དང༌། དགེ་རྒན་སོ་སོས་ཀྱང༌། རྩོད་རྒྱུགས། འཆད་རྒྱུགས། བློ་འཛིན་རྣམས་རེས་མོས་བྱས་ནས་རྒྱུགས་ལེགས་པར་ལེན། ཆུ་ཚོད་དགུ་ལྷག་ནས་བཅུ་ལྷག་བར་བློ་འཛིན་བྱེད་རྒྱུ་ཡིན། དེ་ནས་རང་ཤག་ནས་དཔེ་གཟིགས་དང་ཉིན་དེར་དཔེ་ཁྲིད་གནང་བའི་དོན་དང༌། བློ་ལྡོག་རྣམ་བཞི། བྱམས་སྙིང་རྗེ། སེམས་བསྐྱེད། བདག་མེད་སོགས་བློ་ཚོད་དང་བསྟུན་ནས་སྒོམ་པར་བྱ་དགོས། ཆུ་ཚོད་བཅུ་གཅིག་ནས་གཟིམ་ན་ཡང་སྒྲིག་ལམ་གྱི་ངོས་ནས་མི་ཆོག་པ་མེད། ཉལ་ཁར་ལྟུང་བཤགས་དང་སྤྱི་བཤགས་འདོན་ཞོར་ཕྱག་ཅི་ཐུབ་རེ་འཚལ། བསྔོ་བ་སྨོན་ལམ་བཟང་བོ་བྱ་བ་རྣམས་སོ། །སྤྱིར་བཏང་སློབ་གཉེར་གྱི་བར་གསེང་དུ། སྔོན་བྱོན་སྐྱེས་བུ་དམ་པའི་རྣམ་ཐར་ལ་བལྟ་བར་བྱ་རྒྱུ་དང༌། དཔེ་ཁྲིད་དང༌། དཔེ་ཀློག རྩོད་པ། བློ་འདོན་སོགས་ཀྱི་སྐབས་སུ། ཀུན་སློང་ཡག་པོ་དང༌། རྒྱུན་དུ་རང་སེམས་ལ་བརྟག་པ་ཧ་ཅང་གལ་ཆེ་བ་ཡིན། རིམ་པ་འདི་ནི་ཉིན་བཅོ་ལྔའི་མཚམས་ནས་ངལ་གསོ་ཉིན་གཅིག་ཡོད་པ་མ་གཏོགས་རྒྱུན་གྱི་ཆོས་སྤྱོད་ཀྱི་བྱ་བའི་རིམ་པ་ཡིན་ནོ། །རིས་མེད་སློབ་གླིང་གི་སློབ་མ་རྣམས་ཀྱིས་ཀུན་སློང་ཀུན་སྤྱོད་ཀྱིས་ཐར་བའི་རྒྱུ་ལ་འགྲོ་བའི་ཆོས་ལ་བརྩོན་པར་ཞུ། བཅའ་ཡིག་ཆེན་མོ་ན་གསལ་བའི་འགྲིག་ལམ་གཞིར་བཅས་ནས་སྒེར་སོ་སོས་ཉིན་ཞག་གཅིག་གི་ཆུ་ཚོད་ཉེར་བཞི་ལ་ཆོས་སྤྱོད་སོགས་ཀྱི་རིམ་པ་རེ་མིག་ཞིག་བཟོས་ནས་དུས་ཚོད་དམ་འཛིན་གནང་བར་ཞུ་ཞུ། སློབ་གླིང་འདི་ལ་མཚོན་ན་གྲྭ་བ་ཆེས་མང་བ་མ་ཟད་སློབ་སྦྱོང་ཡར་རྒྱས་འགྲོ་བ་ལ་བསམ་ན་ཕུལ་བྱུང་ཡིན་མོད། དེང་སང་དུས་དབང་གིས་བསྟན་འཛིན་ཡོང་མིན་སེམས་ཁྲེལ་ཆེར་ཡོད་པས་ངག་དབང་དངོས་གྲུབ་དཔལ་གྱིས་སློབ་ཚོགས་ལ་རེ་ཞུ་དང་བཅས་ཏེ་གུས་ཕུལ། དབུས་གཙང་ཕྱོགས་སུ་ཇོ་ནང་གི་དགོན་སྡེ་ཉེར་དགུ་ཙམ་ཡོད་པ་རྣམས་ལ་ཇོ་ནང་གི་བླ་སྤྲུལ་དང་འབྱོར་ལྡན་རྣམས་ཀྱིས་བཤད་སྒྲུབ་ལས་གསུམ་གྱི་བྱ་བ་ལ་རྒྱབ་སྐྱོར་རོགས་རམ་མཛད་པར་ཞུ། མདོ་སྨད་ཀྱི་ཇོ་ནང་གི་དགོན་སྡེ་རྣམས་ལ་མཚོན་ན་ཕལ་ཆེ་བ་བཤད་སྒྲུབ་ལས་རྟེན་བཞེངས་ཀྱི་རྒྱས་སྤྲོས་མང་ཆེ་བའི་སྐྱོན་ལས་ཉུང་བའི་སྐྱོན་མེད་པས་མ་དར་བ་རྣམས་སུ་དར་བར་བྱེད་རྒྱུ་གནད་དམ་པའོ། །ཉེ་ཆར་བདག་དབུས་གཙང་གི་ཇོ་ནང་གི་དགོན་སྡེ་བཅུ་ཕྲག་ལྷག་ལ་ཁོང་རྣམས་ཀྱི་རེ་བ་ལྟར་སོང་བ་ཡིན། བདག་གི་ཚོར་སྣང་ལ་རྟེན་བཞེངས་དང་བཤད་སྒྲུབ་གྲྭ་རྒྱུན་གང་གི་ཕྱོགས་ནས་བསྟན་པ་ལ་ལྷག་བསམ་ལྡན་པ་རྣམས་ཀྱིས་གཟིགས་སྐྱོང་གནང་ན་ཧ་ཅང་ཡག་པོ་འདུག་བསམ་པའི་སེམས་ཚོར་བྱུང་སོང་བས་ཀུན་ལ་ཐོས་པར་དྲྭ་སྟེང་ནས་རེ་བ་ཞུས་པ་ཡིན། བདག་ལྟ་བུ་ལ་མཚོན་ན་ནང་བསྟན་ཐམས་ཅད་ལ་འདྲ་བར་དགའ་དད་ཡོད་མོད་ཧ་ཅང་ཉམ་དམའ་བའི་ཇོ་ནང་འདིའི་བསྟན་པ་སླར་གསོའི་ཆེད་དུ་དྲྭ་སྟེང་ནས་གསར་ཁྱབ་མང་དུ་སྤེལ་བ་ཡིན། དར་རྒྱས་སོང་པའི་ཆོས་བརྒྱུད་སོགས་ཀྱིས་གསར་ཁྱབ་སྤེལ་མི་དགོས་ལ། དངོས་གནས་ཀྱི་ལོ་རྒྱུས་ཡིན་ཡང་གཞན་གྱིས་རང་དོན་ཙམ་ཞེན་པར་དོགས་སྲིད་མོད་དེ་ཙམ་མིན་ལགས། དངོས་གྲུབ་དཔལ་ནས།

ཇོ་ནང་དགེ་བཤེས་ངག་དབང་དངོས་གྲུབ་དཔལ་ལགས་ཀྱིས་གངས་ལྗོངས་བཀའ་བརྒྱུད་བགྲོ་གླེང་ཆེན་མོ་ཐེངས་བཅོ་ལྔ་པར་གནང་བའི་བཀའ་སློབ།

ཇོ་ནང་དགེ་བཤེས་ངག་དབང་དངོས་གྲུབ་དཔལ་ལགས་ཀྱིས་གངས་ལྗོངས་བཀའ་བརྒྱུད་བགྲོ་གླེང་ཆེན་མོ་ཐེངས་བཅོ་ལྔ་པར་གནང་བའི་བཀའ་སློབ།

ཟིན་བྲིས་པ་སློབ་བུ་ཡེ་ཤེས་རྣམ་རྒྱལ། གངས་ལྗོངས་བཀའ་བརྒྱུད་བགྲོ་གླེང་ཆེན་མོ་ཐེངས་བཅོ་ལྔ་པ་འདིར་ཕེབས་པའི་མཁན་བླ་སྤྲུལ་རྣམས་ཀྱི་གཙོས་སྐྱབས་གནས་འདུས་ཚོགས་རིན་པོ་ཆེའི་སྙན་ལམ་དུ་ཚིག་ཁ་ཤས་ཤིག་ཞུ་རྒྱུ་དེ་ཡིན། ཞུ་དགོས་པའི་རྒྱུ་མཚན་གོང་གི་བཀའ་བརྒྱུད་བགྲོ་གླེང་ཆེན་མོའི་ཚོགས་ཆུང་གིས་གོ་སྒྲིག་དང་རེ་འབོད་བྱས་ནས་དེ་རིང་ཚིག་ཁ་ཤས་ཤིག་ཞུ་རོགས་གྱིས་ཟེར་ནས་རེ་བ་བརྒྱབ་སོང༌། དེའི་རྒྱུ་མཚན་གྱིས་རང་གི་བསམ་ཚུལ་ཟེར་ན་འདྲ་རང་གི་ཚོར་སྣང་གི་སྐད་ཆ་མདོར་བསྡུས་ཤིག་ཞུ་རྒྱུ་དེ་ཡིན། ཡིན་ནའང་ངས་སྐར་མ་ཁ་ཤས་ནང་ལ་ཞུ་རྒྱུ་དེ་དགོས་པ་ཡོད་པས་ཆེད་དུ་ཁྱེད་རྣམ་པ་ཚོས་ཡག་པོ་ཞིག་གསན་རྒྱུ་གལ་ཆེ། མ་གསན་ན་ཁྱེད་རྣམ་པ་ཚོའི་དུས་ཚོད་འཕྲོག་བརླག་དང་ཕན་པ་གང་ཡང་འགྲུབ་རྒྱུ་མ་རེད། ཡིན་ནའང་ང་རང་གང་ཟག་སྒེར་ལ་མཚོན་ན་སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱང་སྟོབས་ཀྱི་ཡོན་ཏན་ཕྱོགས་གང་གི་ཐད་ནས་ཁྱེད་རྣམ་པ་ཚོ་ལ་བཀའ་སློབ་ལམ་སྟོན་གནང་ནི་ཞིག་མ་རེད། འོན་ཏེ་རང་གི་ལྷག་བསམ་རྣམ་དག་གི་སྒོ་ནས་སྐད་ཆ་ཚིག་ཁ་ཤས་ཤིག་ཞུ་རྒྱུ་དེ་ཡིན། དེ་གང་ཡིན་ཟེར་ན་སྤྱི་ཡོངས་ནས་བཀའ་བརྒྱུད་བགྲོ་གླེང་ཆེན་མོ་འདི་བཙུགས་ནས་ད་ལྟའི་བར་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་ཧ་ལས་པའི་ཡར་རྒྱས་ཕུན་སུམ་ཚོགས་པ་འགྲོ་དང་འགྲོ་བཞིན་འདུག རང་གི་ངོས་ནས་ཡིན་ན་དགའ་བ་དང་རྗེས་སུ་ཡི་རང་ཧ་ལས་པ་ཡོད་ཞུ་རྒྱུ་དེ་ཡིན། དེའི་ཐོག་ནས་ཐམས་ཅད་ཀྱི་རིགས་ལམ་ཕྱོགས་ནས་ཡིན་ན་འཕེལ་རྒྱས་ཧ་ལས་པ་འགྲོ་ཡི་འདུག སྤྱིར་བཏང་གཞུང་ཟེར་བ་དེ་རིགས་པའི་རྗེས་སུ་འབྲང་བ་ཡིན་པའི་རྒྱུ་མཚན་གྱིས་རིགས་པ་དེ་ཧ་ཅང་གལ་ཆེན་པོ་ཞིག་ཏུ་ཆགས་འདུག་ཡོད་པ་རེད། ང་ཚོ་བོད་ཁ་བ་གངས་ཅན་པ་ལ་བསམ་བློ་བཏང་ན་སྔོན་མ་འདས་པའི་ལོ་རྒྱུས་སྟེང་ལ་གསང་ཕུའི་ཆོས་གྲྭ་དེ་རྔོག་ལེགས་པའི་ཤེས་རབ་ཀྱིས་བཏབ། དེའི་རྗེས་སུ་རྔོག་ལོ་ཙྪ་བ་བློ་ལྡན་ཤེས་རབ་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་ནས་ལོ་ངོ་བཅུ་དྲུག་ལྷག་ལ་རིག་གཞུང་མ་ལུས་པ་སྦྱངས་ནས་ཕྱིས་གསང་ཕུའི་ཆོས་གྲྭར་བྱོན་ནས་རྩོད་གྲྭ་བཙུགས་ཏེ་རྩོད་གྲྭ་དེ་ཧ་ཅང་དར་ཁྱབ་ཏུ་སོང་བ་རེད། དེའི་ཕྱིས་བོད་ཁ་བ་གངས་ཅན་གྱི་ཆོས་བརྒྱུད་གཅིག་ཙམ་མ་ཡིན་པར་ཆོས་བརྒྱུད་མང་ཆེ་བའི་མཁས་དབང་མང་བོ་ཞིག་གསང་ཕུའི་ཆོས་གྲྭ་ཆེན་མོར་བྱོན་ཏེ་རིགས་ལམ་ཧ་ཅང་སྦྱངས་ནས་དར་ཁྱབ་ཏུ་ཕྱིན་པ་རེད། དཔེར་ན་རྒྱལ་བ་བཀའ་བརྒྱུད་པར་མཚོན་ན་བཀའ་བརྒྱུད་པ་རང་གི་མཁས་དབང་མང་པོ་ཞིག་གསང་ཕུའི་ཆོས་གྲྭ་བྱོན་ནས་མཁས་པའི་མཚན་སྙན་ཐོབ་པ་ཞིག་རེད། དེ་ཡིན་ན། དཔལ་ལྡན་བླ་མའི་རྣམ་ཐར། །རྗེས་འཇུག་སློབ་མས་ཉམས་ལེན། །ཟེར་བ་ནང་བཞིན་དུ་ཐམས་ཅད་ཀྱིས་རིགས་ལམ་ཡག་པོ་ཞིག་བསླབ་དགོས་རྒྱུ་དེ་གལ་ཆེན་པོ་རེད། སྤྱིར་བཏང་ཆོས་བརྒྱུད་སོ་སོའི་ནང་ན་ཁ་ཅིག་གིས་ང་ཚོ་ནི་སྒྲུབ་པའི་བཀའ་བབ་ཡིན་གྱི་བཤད་པའི་བཀའ་བབ་མ་ཡིན་ནོ་ཞེས་ཟེར། ཁ་ཅིག་གིས་ང་ཚོ་བཤད་པའི་བསྟན་པ་འཛིན་མཁན་ཡིན་གྱི་སྒྲུབ་པའི་བསྟན་པ་འཛིན་མཁན་མ་ཡིན་ནོ་ཞེས་བཤད་མཁན་ཡོད་པ་རེད། འོན་ཀྱང་བཤད་སྒྲུབ་ཟུང་འབྲེལ་དང་བཀའ་མདོ་རྒྱུད་ཀུན་ལ་ཐོས་བསམ་དང་ཉམས་སུ་ལེན་དགོས་པ་གལ་ཆེན་པོ་རེད། ང་ཚོ་བདག་ཅག་གི་སྟོན་པའི་རྗེས་འཇུག་ཡིན་པའི་ཆ་ནས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས། ང་ཚོ་བཤད་པའི་བསྟན་པ་དང་སྒྲུབ་པའི་བསྟན་པ་གཉིས་ཀ་བཀའ་བབ་ཡོད་པ་རེད་མ་གཏོགས་རབ་ཏུ་བྱུང་བ་ལ་བྱ་བ་གཅིག་ལས་མེད་མ་གསུངས་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། རབ་ཏུ་བྱུང་བའི་བྱ་བ་ནི་གཉིས་ཏེ། ཀློག་པ་ཐོས་བསམ་དང༌། སྤོང་བ་བསམ་གཏན་ནོ། །ཞེས་ང་ཚོ་དགེ་འདུན་པ་ཡོངས་སུ་རྫོགས་པ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་བྱེད་དགོས་པའི་བཀའ་སློབ་ཟབ་མོ་གནང་འདུག རྒྱུ་མཚན་དེའི་དབང་གིས་ཐམས་ཅད་ཀྱིས་བཤད་སྒྲུབ་ཟུང་འབྲེལ་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེའི་ཆ་ནས་དེ་རིང་ཞུ་བསམ་པ་ནི་གང་ཡིན་ཟེར་ན་རིགས་ལམ་ཧ་ཅང་ཡར་རྒྱས་འགྲོ་དང་འགྲོ་བཞིན་པ་རེད། ཡིན་ཡང་ཡར་རྒྱས་ལ་མཐའ་མེད་པས་ད་དུང་ཡར་རྒྱས་ལ་འགྲོ་དགོས་ཀི་རེད། ད་ལྟ་ཡིན་ནའང་གཞུང་རིགས་པའི་རྗེས་འབྲང་ཡིན་པའི་རྒྱུ་མཚན་གྱིས་ངེས་པར་དུ་རིགས་པ་དེ་གོང་ནས་གོང་འཕེལ་དུ་གཏོང་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་དེ་རེད། རིགས་པའི་རྒྱབ་རྟེན་ལ་ལུང་དེ་གལ་ཆེན་པོ་དང་ལུང་དེ་རབ་ཡིན་ན་ང་ཚོ་འོ་སྐོལ་གྱི་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུག་ཡིན་པས་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་ཤིང་དེའི་ནང་གི་ང་ཚོ་བོད་ཁ་བ་གངས་ཅན་པའི་བགོ་སྐལ་དུ་གྱུར་བ་བཀའ་པོ་ཏི་བརྒྱ་ལྷག་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཡོད་པས་དེ་ལ་ཐམས་ཅད་ཀྱིས་སྦྱང་བ་ཕུན་སུམ་ཚོགས་པར་བྱེད་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད། དེའི་ནང་དགོས་སུ་རྒྱལ་བ་བཀའ་བརྒྱུད་པ་ལ་མཚོན་ན་རང་རང་སོ་སོའི་མེ་ཏོག་ལྷ་བབས་ཀྱི་ལྷ་སྐལ་དེ་རྒྱལ་བ་བཀའ་བརྒྱུད་པའི་སྔོན་བྱོན་མར་མི་དྭགས་གསུམ་ནས་བཟུང་སྟེ་མཁས་དབང་རིམ་བྱོན་རྣམས་ཀྱི་སྐུའི་ཚབ་གསུང་གི་དོད་གསུང་རབ་པོ་ཏི་མང་པོ་བརྩམས་གནང་མཛད་ཡོད་པ་རེད། དེ་ཅིའི་དོན་དུ་མཛད་པ་ཡིན་ཟེར་ན་ཁྱེད་རྒྱལ་བ་བཀའ་བརྒྱུད་པའི་ཕྱི་རབས་པ་དག་གི་གདུལ་བྱ་རྣམས་ཀྱི་དོན་དང་ཆེད་དུ་ཡིན་པ་ཐམས་ཅད་ལ་ཞུ་མི་དགོས་པར་མཁྱེན་གསལ་ལྟར་རེད། དེ་ཡིན་ན་ཁྱེད་རྣམ་པས་རྒྱལ་བ་བཀའ་བརྒྱུད་པའི་མར་མི་དྭགས་གསུམ་གྱི་བསྟན་པ་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་པ་རང་རང་སོ་སོའི་ཕྲག་ན་བབས་བའི་ལས་འགན་ཞིག་ཡིན་པ་ངེས་པར་དུ་ངོས་འཛིན་གསལ་བོར་ཐོབ་དགོས། དེང་སང་དུས་རབས་ཉེར་གཅིག་གི་ནང་དུ་མི་མང་བོ་ཞིག་གིས་འགན་འཁྲི་ཟེར་བའི་ཐ་སྙད་དེ་གླེང་གིན་འདུག དེས་ན་ཁྱེད་རྣམ་པའི་འགན་ཁྲི་གཙོ་བོ་དེ་གང་ཡིན་ཟེར་ན་རང་རང་སོ་སོའི་རང་གཞུང་དེ་སྦྱང་རྒྱུ་དེ་གལ་ཆེན་ནང་གི་དོན་སྙིང་ཅན་ཞིག་ཡིན་ལ་གྲུབ་འབྲས་ཡོད་པ་ཞིག་དང་རང་རང་སོ་སོའི་ལས་འགན་ཞིག་ཏུ་ཆགས་འདུག་ཡོད་པ་དེ་འདྲ་ཞིག་རེད།སྔོན་བྱོན་རྒྱལ་བ་བཀའ་བརྒྱུད་པའི་མཁས་དབང་རྣམ་པ་ཚོ་དང་དངོས་སུ་ཞལ་མཇལ་བ་ཡིན་ནའང་ཁོང་རྣམས་ཀྱིས་བརྩམས་གནང་མཛད་པའི་གསུང་པོད་དེར་ལེགས་བཤད་དག་གི་བརྗོད་བྱའི་དོན་གྱི་སྙིང་བོ་དག་དྲིལ་ནས་གསུངས་པ་ལས་ལྷག་གི་དཔེ་མཁྱུད་བྱས་ཏེ་མ་གསུངས་པ་གཅིག་ཀྱང་ཡོད་པ་མ་རེད། ཁོང་རྣམས་དངོས་སུ་མཇལ་ན་ཡང་གདུལ་བྱ་ལམ་སྟོན་བྱེད་ཚུལ་ལ་ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་ཆོས་ཀྱི་གནས་ཚུལ་ཚུལ་བཞིན་དུ་བསྟན་ནས་འཁོར་བའི་སྡུག་བསྔལ་དང་ངན་སོང་ལས་གྲོལ་དགོས་པ་ཞིག་རེད། དེ་ནང་བཞིན་སངས་རྒྱས་གཉིས་པ་སློབ་དཔོན་དབྱིག་གཉེན་གྱིས། འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ། །ཞེས་གསུངས་པ་ནང་བཞིན་ཆོས་ཀྱི་གནས་ཚུལ་ཇི་བཞིན་དུ་བསྟན་ནས་འགྲོ་བ་སེམས་ཅན་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་དྲངས་དགོས་པ་རེད། དེས་ན་ཆོས་ཀྱི་གནས་ཚུལ་བཞིན་དུ་བསྟན་ཡོད་པ་དེ་སྔོན་བྱོན་རྒྱལ་བ་བཀའ་བརྒྱུད་པའི་མཁས་དབང་གོང་མ་རིམ་བྱོན་གྱིས་གསུང་པོད་ལས་བསྟན་ཡོད་པ་ལས་ལྷག་གི་ཁོང་རྣམ་པ་དངོས་སུ་ཞལ་མཇལ་ཡང་དེ་ལས་ལྷག་པའི་ང་ཚོར་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཐབས་གཞན་མེད་པ་ཞིག་རེད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་དང་གང་གི་མཛད་པ་རྣམས་ཀྱི་ནང་གི་མཆོག་ཏུ་གྱུར་བ་ནི་གསུང་གི་མཛད་པ་ཉིད་ཡིན་པར་རྗེ་བདག་ཉིད་ཆེན་པོས་གསུངས་ཡོད་པ་རེད། དེ་ནང་བཞིན་དུ་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱིས་མཛད་པའི་ཡང་སྙིང་ངམ་མཆོག་ཏུ་གྱུར་པ་ནི་གསུང་གི་མཛད་པ་ཡིན། དེ་ལ་ཁྱེད་རྣམས་ཀྱིས་ཐོས་བསམ་སྒོམ་གསུམ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཕུན་སུམ་ཚོགས་པ་ཡིན་ན་རང་རང་གི་རང་ལུགས་གཞིར་བཞག་ནས་དེ་མ་ནོར་བར་ཤེས་པའི་ཐོག་ནས་གཞན་ཕྱོགས་ཀྱི་ཆོས་བརྒྱུད་རིས་སུ་མ་ཆད་པའི་མཁས་དབང་རྣམས་ཀྱིས་གསུངས་པའི་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་བྱེད་ཐུབ་ན་ད་གཟོད་ཕུན་སུམ་ཚོགས་པའི་རྒྱུ་རེད། དེ་ཡིན་ན་རང་རང་སོ་སོའི་གཞུང་ལུགས་དེ་མ་ཤེས་ནས་ཁོ་རྒྱལ་བ་བཀའ་བརྒྱུད་པ་ཡིན་ཟེར་ན་མིང་ཙམ་མ་གཏོགས་པའི་དོན་གྱི་ཐོག་ནས་རྒྱལ་བ་བཀའ་བརྒྱུད་པ་མ་ཡིན་པར་ཆགས་འགྲོ་བ་རེད། ཐམས་ཅད་ཀྱིས་བསམ་བློ་ཐོངས་དང༌། དཔེར་ན་ཡེ་ཤུ་མ་ཤུ་ཀའི་ཆོས་ལུགས་ཡིན་ན་འདྲ་ཕྱི་རོལ་བའི་གཞུང་ལུགས་རྐྱང་རྐྱང་སྦྱངས་ནས་གང་ཟག་ཅིག་གིས་ཁོ་ནང་པ་སངས་རྒྱས་པ་ཡིན་ཟེར་བ་ཙམ་ཞིག་གིས་ནང་པ་སངས་རྒྱས་པ་འགྱུར་རྒྱུ་མ་རེད། ནང་པ་སངས་རྒྱས་པའི་ལྟ་སྒོམ་སྤྱོད་གསུམ་གཞི་ལམ་འབྲས་གསུམ་གང་ཡང་མི་ཤེས་མཁན་ཞིག་གིས་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ཡིན་ཟེར་ན་ད་དཀའ་མོའི་གནས་ཤིག་ཏུ་ཆགས་འགྲོ་ཡི་འདུག དེ་ནང་བཞིན་ཁྱེད་རྣམ་པ་རྒྱལ་བ་བཀའ་བརྒྱུད་པ་ཡིན་ཟེར་ན་རྒྱལ་བ་བཀའ་བརྒྱུད་པའི་གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད་གསུམ་དེ་ངེས་པར་ཤེས་དགོས་པ་ཧ་ཅང་གལ་ཆེན་ནང་གི་རྩ་ཆེན་དོན་གྱི་སྙིང་པོ་ཞིག་རེད་རང་གིས་བསམ་སོང༌། ནང་དགོས་སུ་རྒྱལ་བ་བཀའ་བརྒྱུད་པ་ལ་ནང་གསེས་ཀྱི་གྲུབ་མཐའ་ཟེར་ན་ཆོས་བརྒྱུད་མང་པོ་ཞིག་ཡོད་པ་རེད། དཔེར་ན་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཟེར་བ་ཞིག་ཡོང་གི་འདུག་དེ་དག་ཐམས་ཅད་རང་རང་སོ་སོའི་གཞུང་ལུགས་ཁ་མ་ཚང་བ་ཡིན་ན་གཅིག་གི་གཅིག་ལ་ཕན་ཚུན་ཁ་སྐོང་བྱས་ནས། མདོར་ན་ཐམས་ཅད་ཀྱིས་མིང་ཙམ་ལ་མ་ཞེན་པའི་སྒོ་ནས་རྒྱལ་བ་བཀའ་བརྒྱུད་པ་ཐམས་ཅད་ཀྱིས་ཕན་ཚུན་གཅིག་གི་འདུ་ཤེས་ཡོད་ན་རྒྱལ་བ་བཀའ་བརྒྱུད་པའི་ནང་ལ་མཐུན་འབྲེལ་ཟབ་རྒྱས་ཡོང་བ་དང་ཡར་རྒྱས་ཚད་མེད་པ་ཡོང་ཐུབ་པས་དེ་ནང་བཞིན་ཨེ་ཡོང་ལྟ་རྒྱུ་ཐུགས་ངེས་མཛད་དགོས་པ་རེད་མ་གཏོགས། དེ་མིན་སོ་སོས་རང་རང་གི་མིང་ཙམ་ལ་ཞེན་ནས་རིས་སུ་བཅད་སོང་བ་ཡིན་ན་ཆགས་སྡང་དབང་དུ་འགྲོ་བ་རེད། ཆགས་སྡང་གི་དབང་གིས་བསྟན་པ་འཛིན་ཐུབ་ཀི་མ་རེད། དེའི་རྒྱུ་མཚན་གང་ཞེ་ན་བསྟན་པ་ཟེར་བ་དེ་ཆགས་སྡང་གི་གཉེན་པོ་ཡིན་པ་ལས་བསྟན་པ་ཟེར་བ་དེ་ཆགས་སྡང་དར་སྤེལ་འགྲོ་བའི་རྐྱེན་མ་རེད། དེའི་ཕྱིར་ན་ཁྱོད་དང་ང་ཟེར་ནས་ཕྱོགས་རིས་ཆགས་སྡང་བྱས་ན་བསྟན་པ་དེ་འགྲིབ་ཀི་རེད་མ་གཏོགས་བསྟན་པ་འཕེལ་རྒྱས་ལ་འགྲོ་ཐུབ་པ་མ་རེད། རྒྱུ་མཚན་དེའི་དབང་གིས་མདོར་ན་ཕྱོགས་རིས་འཐེན་འཁྱེར་མེད་པའི་ཐོག་ནས་ཐམས་ཅད་ཀྱིས་མར་མི་དྭགས་གསུམ་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དེ་ཁྱེད་རྣམ་པའི་ཕྲག་ཏུ་བབས་པའི་འོས་འགན་དང་འགན་ཁྲི་ཞིག་རེད་བསམ་གྱིན་ཡོད། རྒྱུ་མཚན་དེ་བས་ན་ཐམས་ཅད་ཀྱིས་རང་གཞུང་དེ་སྦྱང་རྒྱུ་ཧ་ཅང་གལ་ཆེན་རེད། ཡིན་ནའང་རང་རང་སོ་སོས་གཞུང་སྦྱངས་དུས་སུ་ཆོས་རའི་ནང་དུ་ཡོང་ནས་ལུང་དྲངས་པ་ཡིན་ན་མ་ཁྱབ་རྐྱང་རྐྱང་ལབ་ནས་ཁྱབ་ཟེར་བ་གཅིག་ཀྱང་མེད་པ་ཡིན་ན་གཞུང་ལ་སྒྲོ་འདོགས་དང་སྐུར་འདེབས་བྱས་པའི་ཉེས་པ་བསགས་པ་མ་གཏོགས་ཚོགས་བསགས་ཐུབ་པ་མ་རེད། དེས་ན་ཐམས་ཅད་ཀྱིས་གཞུང་ལུགས་ལ་བརྟགས་དཔྱད་ཡག་པོ་བྱས་ནས་ཞིབ་པར་ཐག་གཅོད་པར་འདོད་ན་ཆོས་ཚུལ་ཟབ་པའི་ཐག་གཅོད་མི་སྔ་བར། །ཞེས་གསུངས་པ་ནང་བཞིན་ཐམས་ཅད་ཀྱིས་མ་ཁྱབ་རྐྱང་རྐྱང་ཟེར་ནས་ལུང་ཞིག་ལ་ཁྱོན་ནས་ནུས་པ་མེད་ནི་བྱས་ན་ལུང་ཞིག་ལ་སྒྲོ་འདོགས་རྐྱང་རྐྱང་བྱས་ནས་ཅིག་ཅིག་ལ་དགོངས་པ་རེད་ཉུག་ཉུག་ལ་དགོངས་པ་རེད་ཟེར་ནས་གསུང་བ་བོ་ཁོ་རང་གི་དགོངས་པ་མ་ཡིན་པ་ཞིག་དགོངས་པ་རེད་ཟེར་ན་སྒྲོ་འདོགས་དང༌། ཁོའི་དགོངས་པ་ཡིན་པ་ཞིག་མ་ཡིན་ཞེས་ལབ་སོང་བ་ཡིན་ན་སྐུར་འདེབས་སུ་ཆགས་འགྲོ་བ་རེད། སྐུར་འདེབས་དང་སྒྲོ་འདོགས་བྱས་ན་ཚོགས་བསགས་མི་ནུས་པར་ཚོགས་ངན་བསགས་ཀི་རེད། སྤྱིར་ན་ང་ཚོས་དཔེ་ཆ་ལྟ་སྐབས་སུ་ཚོགས་གསོག་གིན་ཡོད་པ་རེད། དེ་ཡང་གཙོ་བོ་ཐོས་བསམ་སྒོམ་གསུམ་དེ་ཡེ་ཤེས་ཀྱི་ཚོགས་ཡིན་པས་ཡེ་ཤེས་ཀྱི་ཚོགས་བསགས་ས་ནས་རང་གིས་ཚོགས་ངན་བསགས་ན་ཡག་པོ་ཡོང་གི་མ་རེད། དེའི་ཕྱིར་ན་རང་རང་སོ་སོས་གཞུང་ལུགས་ལ་ཡིད་ཆེས་ནས་ཚིག་ཟིན་ལྟར་ཁས་ལེན་ཨེ་ཐུབ་ལྟ་རྒྱུ་དེ་རིགས་པའི་སྒོ་སྣ་ཚོགས་ཀྱིས་དཔྱད་པ་བཏང་ན་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱིས་དཔྱད་པ་མཐར་ཕྱིན་ཏེ་བརྩམས་བཞག་པ་ཞིག་ཡིན་རྒྱུ་རེད། རང་རང་སོ་སོས་ཁས་ལེན་གྱི་འཛིན་མཚམས་དང་ཐུགས་དགོངས་གཏད་ས་གཞུང་གི་ཁུངས་བཅོལ་ས་ལུང་རིགས་ཀྱི་རྒྱབ་རྟེན་འཚོལ་ས་དེ་གང་ཡིན་པ་ཞིབ་པར་དཔྱད་ན་ལུང་དོན་མང་པོ་བཞག་དགོས་ཀི་མ་རེད། དེའི་དབང་གིས་ཐམས་ཅད་ཀྱིས་རང་གཞུང་དེ་རྩ་ཆེན་པོ་དང་མཐོང་ཆེན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཞིག་རེད་བསམ་འདུག །དེ་མ་ཡིན་ན་རྒྱལ་བ་བཀའ་བརྒྱུད་པའི་རང་གི་བསྟན་པ་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་རྒྱུ་མ་རཻད། སྔར་འདས་པའི་རྒྱབ་ལྗོངས་ཟེར་ན་འདྲ་འདས་པའི་ལོ་རྒྱུས་ཐོག་ཡར་བལྟས་ན་དགོན་སྡེ་ཟེར་ན་འདྲ་ཆོས་བརྒྱུད་སོ་སོ་ཉམས་ཆག་ཏུ་སོང་བ་དེ་རྐྱེན་གང་གི་རེད་ཅེ་ན། གཅིག་ཕྱོགས་ནས་ཆབ་སྲིད་ཀྱི་དབང་གིས་བསྟན་པ་དེ་ཆབ་སྲིད་ལ་བསྲེས་ནས་ཉམས་ཆག་ལ་སོང་བ་དང༌། གཅིག་ཕྱོགས་ནས་གཡོ་སྒྱུའི་དབང་གིས་དགེ་རྒན་དང་དཔེ་ཁྲིད་ཡིག་ཆ་གཞན་དང་གཞན་བཙུགས་ནས་བསྒྱུར་སོང་བ་རེད་འདས་པའི་ལོ་རྒྱུས་ནང་ལ་ཧ་ཅང་རྙོག་འཛིང་རེད། དེ་འདྲ་ཡིན་ན་རང་རང་སོ་སོའི་རང་ཚུགས་བཟུང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། མི་སུ་དང་སུ་ཡིན་ན་གཞན་དང་བསྟུན་དགོས་པ་དང་རང་ལ་རང་ཚུགས་ཡོད་དགོས་པ་ཧ་ཅང་གལ་ཆེན་རེད་བསམ་རྒྱུའི་རང་གི་ཚོར་སྣང་གི་སྐད་ཆ་ཞིག་རྣམ་པ་ཚོ་ལ་ཞུས་པ་ཡིན། དེ་མ་གཏོགས་དམིགས་གསལ་གྱི་ཞུ་བྱ་མེད། ང་ལ་མཚོན་ན་གོ་ཆེ་དགོན་པ་ལ་སྔོན་ནས་དགེ་རྒན་དུ་ཐེངས་ཁ་ཤས་ལ་ཡོང་བ་ཡིན། དེའི་འབྲེལ་བའི་དབང་གིས་ད་རེབ་ཡོང་རོགས་ཀྱིས་ཟེར་ནས་ཐེངས་ཁ་ཤས་ཞུ་བ་བྱས་ནས་ད་ཐེངས་ཡོང་པ་ཡིན། ཡིན་ནའང་སྐད་ཆ་ཞུ་རྒྱུའི་འཆར་གཞི་མེད་ད་དེ་རིང་ཁོང་རྣམ་པས་སྐད་ཆ་ཞིག་བཤད་རོགས་ཀྱིས་གསུངས་སོང༌། དེའི་དབང་གིས་གོང་དུ་ས་བཅད་མ་སྟོང་བ་ཙམ་ཞིག་ཞུས་པ་ཡིན། མ་འོངས་པ་ཡིན་ན་འདྲ་འདས་པའི་ལོ་རྒྱུས་ཐོག་ལ་ང་ཚོ་དཔལ་ལྡན་རྒྱལ་བ་ཇོ་ནང་པ་དང་རྒྱལ་བ་བཀའ་བརྒྱུད་གཉིས་ཀར་མཚོན་ན་གཅིག་གཅིག་ལ་ཕན་ཚུན་ཉམས་རྒུད་གང་གི་སྐབས་སུ་ཡིན་ན་གདུང་སེམས་མཉམ་བསྐྱེད་བྱས་ནས་ཡོང་བཞག་པ་ཞིག་ཡིན་པ་ཁྱེད་རྣམ་པ་ཚང་མས་འདས་པའི་ལོ་རྒྱུས་ནང་ལ་ཡོད་པ་མཁས་དབང་རྣམ་པའི་ཐུགས་ལ་ཡོད་པ་ནང་བཞིན་རེད། བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཕྱོགས་ནས་ཡིན་ན་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་བོའི་སྐུ་དུས་སུ་ཀརྨ་བ་རང་བྱུང་རྡོ་རྗེ་དང་ཁོང་རྣམ་པ་གཉིས་ནས་བཟུང་ད་བར་དུ་ཆོས་བརྒྱུད་ཕན་ཚུན་གཅིག་གིས་གཅིག་ལ་དབང་ལུང་ཁྲིད་གསུམ་གྱི་བརྒྱུད་པ་སྤེལ་ནས་ཡོང་བ་ཞིག་རེད། རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གསུང་འབུམ་གྱི་མཇུག་བྱང་ནང་དུ་ཤངས་པ་བཀའ་བརྒྱུད་པའི་ཆོས་བརྒྱུད་དུ་གཏོགས་པ་ཞེས་ཁོང་ཤངས་པ་བཀའ་བརྒྱུད་ཡིན་ཞེས་གསུངས་འདུག །དེའི་རྒྱུ་མཚན་གྱིས་ང་ཚོ་ཡིན་ན་གཅིག་གི་གཅིག་ལ་ཆོས་དམ་ཚིག་དང་དགོན་སྡེ་སྤྱི་དང་བྱེ་བྲག་གང་ཡིན་ཡང་ཕན་ཚུན་དམ་ཚིག་ལ་སེལ་བྱུང་མ་མྱོང་བ་དང་གཅིག་གི་གཅིག་ལ་མཐུན་འབྲེལ་ཟབ་མོ་དང་རྒྱ་ཆེ་བ་ཡིན་ན། ད་ལྟ་ང་ཚོའི་དུས་སུ་ཕན་ཚུན་གཅིག་གི་གཅིག་བར་ལ་མཐུན་འབྲེལ་དང་རྒྱབ་སྐྱོར་རོགས་རམ་བྱེད་རྒྱུ་ངས་འདི་ནས་ཁྱེད་རྣམ་པ་ཚོ་ལ་གསོལ་བ་འདེབས་པ་དང་རེ་བ་ཞུས་པ་ཡིན། དེ་མ་གཏོགས་དེ་རིང་གི་ཆ་ལ་ཞུ་རྒྱུ་མེད། མཇུག་མཐར་ཐམས་ཅད་ཀྱིས་ང་ཚོ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ངེས་དོན་གྱི་རྒྱལ་བ་བཀའ་བརྒྱུད་པའི་བསྟན་པ་འདི་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་བཀྲ་ཤིས་སྨོན་འདུན་ཞུ། ཐལ་མོ་རྡེབ་སྒྲ།


previousདད་གུས་སྐྱོ་གདུང་དྲག་པོས་གསོལ་བ་བཏབ་པ། next