Nitartha Digital Library
Tibetan
གསུང་འབུམ་པོད་བཅོ་ལྔ་པ། བསྟན་པའི་གསོ་སྨན་སོགས།


  expand section
  expand section
  collapse section
ཆོས་བརྒྱུད་རིས་མེད་བྱེད་ཕྱོགས་སྐོར་ལ་ཅུང་ཟད་གླེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   


 
previousཆོས་བརྒྱུད་རིས་མེད་བྱེད་ཕྱོགས་སྐོར་ལ་ཅུང་ཟད་གླེང་བ།next

ཆོས་བརྒྱུད་རིས་མེད་བྱེད་ཕྱོགས་སྐོར་ལ་ཅུང་ཟད་གླེང་བ།

ཆོས་བརྒྱུད་རིས་མེད་བྱེད་ཕྱོགས་སྐོར་ལ་ཅུང་ཟད་གླེང་བ།

ཞི་བདེ་དེད་དཔོན་ཆེན་པོ་སྟོན་པ་ཐུབ་པའི་དབང་པོ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །དེ་ལ་འདིར་ཆོས་བརྒྱུད་རིས་མེད་བྱེད་ཕྱོགས་སྐོར་ལ་ཅུང་ཟད་གླེང་བ་ལ། ང་ཚོ་བོད་གངས་རིའི་ལྗོངས་ཀྱི་ཆོས་བརྒྱུད་ཐམས་ཅད་ཕན་ཚུན་བྱམས་བརྩེ་དང་དག་སྣང་གུས་བཀུར་བྱེད་དགོས་པ་གལ་ཆེན་གྱི་གནས་ཡིན་ཏེ། བོད་ཀྱི་ཆོས་བརྒྱུད་ལ་བན་བོན་གཉིས་ཡོད་ལ། ད་སྐབས་སུ་གནས་པའི་གཡུང་དྲུང་བོན་གྱི་བསྟན་པ་ཡང་ཤཱཀ་ཐུབ་བསྟན་པའི་བཀའ་དང་དགོངས་འགྲེལ་དང་ཕར་ཆེར་འདྲ་བ་མང་པོ་ཡོད་པ་དང༌། གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་སོཊ་མིང་འདོགས་ཚུལ་མི་འདྲ་བ་ཙམ་ལས་ཁྱད་ཆེར་མེད་པར་སྣང་བ་དང༌། སྔོན་བྱོན་རིས་མེད་སྐྱེས་ཆེན་དུ་མས་བསྔགས་བརྗོད་མཛད་པས་སོ། །ཤཱཀྱ་ཐུབ་པའི་རྗེས་སུ་འཇུག་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་རྙིང་མ་དང༌། བཀའ་བརྒྱུད་པ་དང༌། ས་སྐྱ་བ་དང༌། ཇོ་ནང་པ་དང༌། དགེ་ལུགས་པ་དང་ལྔ་པོ་ཐམས་ཅད་ཀྱི་སྟོན་པ་གཅིག་དང༌། རྟེན་གཞིའི་བཀའ་དང་བསྟན་བཅོས་ཡང་ཕར་ཆེར་གཅིག་གྱུར་ཡིན་ལ། དེ་དག་ཐམས་ཅད་སངས་རྒྱས་ཀྱི་མདོ་སྔགས་ཀྱི་དགོངས་པར་གནས་པ་ཤ་སྟག་ཡིན་ཡང་གནས་སྐབས་སངས་རྒྱས་ཀྱིས་ཆོས་གསུང་པ་གདུལ་བྱའི་ཆེད་ཡིན་པས་སྒྲས་ཟིན་དང་མིང་འདོགས་ལུགས་དང་གཏན་ལ་ཕབ་ཚུལ་ཅུང་ཟད་མི་འདྲ་བ་ཡོད་ལ། འོན་ཀྱང་མཐར་ཐུག་མི་གནས་པའི་མྱང་འདས་ཀྱི་གྲོང་ཁྱེར་ལ་ཕྱིན་བྱེད་ཡིན་པ་ལ་ཁྱད་པར་མ་དམིགས་ཏེ། ས་དགེ་ཇོ་ནང་བཀའ་རྙིང་ཐམས་ཅད་ཀྱི་ཁྲོད་ན་བླ་མེད་བྱང་ཆུབ་ཀྱི་སར་གཤེགས་པའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་བྱུང་བ་གཟུར་གནས་ཀྱི་སྒོ་ནས་འདས་པའི་ལོ་རྒྱུས་ལ་བལྟས་ན་གསལ་བ་ལྟར་རོ། །རང་རང་གི་བཞེད་པའི་ལྟ་གྲུབ་དེ་དག་ཉམས་སུ་ལེན་ན་ཉམས་མྱོང་ཅན་གྱི་རྣལ་འབྱོར་བས་དཔྱད་ན་སྒྲིབ་གཉིས་ཀྱི་གཉེན་པོ་དང་ཐར་བ་ཐོབ་པའི་ཐབས་སུ་འགྱུར་བ་ལ་གཅིག་མཚུངས་ཡིན་ཏེ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ལྷན་ཅིག་སྐྱེས་སྦྱོར་གའུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང༌། །དབུ་མའི་ལྟ་གྲུབ་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང༌། །ངེས་དོན་ལུང་རིགས་ལ་མཁས་ཤིང༌། །ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་དང༌། ཤར་སྐལ་ལྡན་རྒྱ་མཚོའི་གསུང་སྒྲོས་ལས། གཞན་གྲུབ་མཐའ་ཆོས་ལུགས་སྣ་ཚོགས་ལ། །ཡིད་གཡོ་བའི་དད་པ་སྐྱེས་ན་རབ། །དེ་མིན་ནའང་དག་སྣང་སྦྱོང་བ་དང༌། །དོན་མེད་པར་མི་སྨོད་དམ་བཅའ་ཡིན། །ཞེས་པ་དང༌། །ཆོས་རང་རང་མོས་པའི་ངོ་ན་ཟབ། །མཆོག་སངས་རྒྱས་ཐོབ་པའི་ཐབས་དམ་པ། །ས་དགེ་ལྡན་གསར་རྙིང་ཀུན་ལ་ཡོད། །ཅེས་དང༌། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མའི་ལྟ་མགུར་མུན་སེལ་ལས། །ལར་རྫོགས་ཆེན་བློ་འདས་རིག་པ་དང༌། །དཔལ་དུས་འཁོར་རྒྱུད་སྡེ་རང་ལུགས་ཀྱི། །ལམ་མི་འགྱུར་བདེ་བའི་སྒྲུབ་གཞི་གཉིས། །མིང་འདོགས་ཚུལ་ཙམ་ལས་སོ་སོར་མེད། །ཅེས་གསུངས་པས་སོ། །འོན་ཀྱང་འཇུ་མི་ཕམ་གྱིས། དགེ་ལྡན་ལྟ་བ་མེད་དགག་དང༌། །གཞན་རྣམས་མ་ཡིན་དགག་ཏུ་འདོད། །ཅེས་པའི་དགེ་ལྡན་པའི་འདོད་པའི་མེད་དགག་དང་གཞན་རྣམས་ཀྱི་འདོད་པའི་མ་ཡིན་དགག་གཉིས་དོན་གཅིག་མ་ཡིན་པར་མཐར་ཐུག་ཐར་བ་ཐོབ་པའི་ཐབས་སུ་འགྱུར་བ་ལ་ཁྱད་མེད་པའི་དགོངས་པར་སྣང་ངོ༌། །བོད་ཀྱི་ཆོས་བརྒྱུད་ཀུན་གྱིས་ལུགས་ལ་རང་རང་དབུ་མ་པ་ཡིན་པ་དང་རང་གིས་བཞེད་པའི་ལྟ་བ་དེ་སྤྲོས་བྲལ་ཡིན་པ་དང་མཐའ་བྲལ་ཡིན་པར་དངོས་སུ་ཁས་ལེན་པ་འདྲ་ཡང་སྤྲོས་མཐའ་དང་བྲལ་ལུགས་ཅུང་ཟད་མི་འདྲ་བ་རེ་བཤད་ནས་རང་རང་གི་ལྟ་བ་དེ་སྤྲོས་བྲལ་ཡིན་པར་ཁས་བླངས་ནས་གཞན་ལ་དགག་བཞག་མཛད་པ་ཡོད་ལ། དེ་ལ་དགག་བཞག་བསྟན་པའི་མཛེས་རྒྱན་དུ་སོང་བ་དང་མ་སོང་བར་ཆགས་སྡང་དུ་འགྲོ་བ་ཅི་རིགས་སུ་སྣང༌། སྔོན་གྱི་ལོ་རྒྱུས་ལ་ཕྱིར་དྲན་ཞིག་བྱས་ན་སྔ་འགྱུར་གྱི་སྐབས་བན་བོན་ནས་བཟུང་ད་ལྟའི་བར་རྩོད་ཉོག་ལ་བསམ་ན་མི་རིགས་གཅིག་དང་སྟོན་པ་གཅིག་གི་རྗེས་འཇུག་གི་ནང་ལ་གང་ཟག་གི་ཆགས་སྡང་ཆོས་ལ་བསྲེས་ནས་རྩོད་ཉོག་ཧ་ལས་པ་བྱུང་བ་ནི། ངོ་ཚ་བ་དང་ངོ་གནོང་དགོས་པ་ཞིག་ཡིན་པ་ཀུན་གྱིས་ཤེས་དགོས་ཏེ། ནང་ཆོས་ནི་སྤྱོད་པ་འཚེ་བ་མེད་པ་ཡིན་པས། ད་ལྟའི་ཆར་ཡང་ཆོས་བརྒྱུད་ནང་ཕན་ཚུན་ཟུར་ཟ་བྱེད་མཁན་དང༌། རྒྱ་བླ་བསམ་བློ་མེད་པ་འགའ་ཞིག་གིས་རང་དགཽན་སོགས་ཀྱི་ནང་དུ་རྩོད་ཉོག་སློང་བ་ནི་ཧ་ཅང་ཐབས་སྐྱོ་བ་ཞིག་རེད་བསམ་བཞིན་ཡོད། དེས་ན། དེང་ཕྱིན་ཆད་ལྟ་བ་གུ་ཡངས་པོའི་ངང་བྱམས་བརྩེའི་དཔལ་ལ་གུས་བཀུར་དང་རང་དབང་དང་འདྲ་མཉམ་གྱི་དཔལ་ལ་ཕན་ཚུན་རྒྱུས་ལོན་དང་ཉམས་ཞིབ་བཅས་ནས་རབ་ཡིན་ན་ཐམས་ཅད་ལ་ཉམས་ལེན་བྱེད་རྒྱུ་དང༌། དེ་མ་ནུས་ན་ཆགས་སྡང་གི་སྒོ་ནས་གཞན་ལ་གནོད་པ་མི་བྱེད་པར་རང་རང་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ན་འཚེ་མེད་ཞི་བའི་ལམ་བཟང་རྙེད་པར་འགྱུར་བས་དེ་ལྟར་འབད་པར་རེ་བསྐུལ་ཞུ། བོད་ཀྱི་ཆོས་བརྒྱུད་དེ་རྣམས་ཀྱིས་སྲོལ་འབྱེད་དང་སྲོལ་འཛིན་ཀུན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ལུང་བསྟན་པ་ཡིན་པས་ཆགས་སྡང་བྱེད་མི་འོས་ལ། དེ་ཡང་ཆེ་བ་དྲུག་ལྡན་གྱི་སྔ་འགྱུར་རྙིང་མའི་སློབ་དཔོན་པདྨ་འབྱུང་གནས་རྒྱལ་བས་ལུང་བསྟན་པའི་ཚུལ་འདི་ལྟ་སྟེ། དབུས་གྱུར་ཚར་ལུང་བསྟན་པའི་མདོ་ལས། འདི་ནས་ལོ་ནི་བཞི་གཉིས་ན། །དྷ་ན་ཀོ་ཤའི་མཚོ་གླིང་ན། །རང་འཁྲུངས་པད་མའི་སྟེང་དུ་ནི། །པདྨ་འབྱུང་གནས་ཞེས་བྱ་བ། །གསང་སྔགས་བསྟན་པའི་བདག་པོ་འབྱུང༌། །ཞེས་དང༌། །བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལས། འདི་ནས་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་རུ་གཉིས་ཆད་ན། །འཇིག་རྟེན་ཀུན་ལས་རྒྱལ་བའི་མཆོག །ཨུ་རྒྱན་ཡུལ་དུ་ང་ཉིད་འབྱུང༌། །པདྨ་འབྱུང་གནས་ཞེས་བྱ་བ། །གསང་སྔགས་བསྟན་པ་ལུང་དུ་བསྟན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཕྱག་ཆེན་བསྟན་པའི་བརྒྱུད་འཛིན་དཔལ་ལྡན་འགྲོ་མགོན་བཀའ་བརྒྱུད་པའི་སྐྱེས་ཆེན་དམ་པ་དྭགས་པོ་ཟླ་འོད་གཞོན་ནུ་རྒྱལ་བས་ལུང་བསྟན་པའི་ཚུལ་འདི་ལྟ་སྟེ། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། ཀུན་དགའ་བོ་ང་འདས་ནས་མ་འོངས་པའི་དུས་ན་བྱང་ཕྱོགས་ཀྱི་རྒྱུད་ཆུ་བོ་རོ་ཧི་ཏའི་ཀླུང་འགྲམ་ན་དགེ་སློང་འཚོ་བྱེད་ཅེས་བྱ་བ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བསྐུར་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་འཛིན་པ། ཐེག་པ་ཆེན་པོའི་བསྔགས་པ་བརྗོད་པ། ཐེག་པ་ཆེན་པོ་ཡང་དག་པར་སྟོན་པ་ཞིག་འབྱུང་བར་གྱུར་ཏེ། ཞེས་གསུངས་སོ། །དེ་བཞིན་དུ་དཔལ་རྒྱལ་བ་ཀརྨ་པ་ལུང་བསྟན་པའི་ཚུལ་འདི་ལྟ་སྟེ། མདོ་ཏིང་འཛིན་རྒྱལ་བོ་ལས། ང་འདས་ལོ་ནི་ཉིས་སྟོང་ན། །གདོང་དམར་ཡུལ་དུ་བསྟན་པ་བྱུང༌། །སྤྱན་རས་གཟིགས་ཀྱི་འདུལ་བྱར་འགྱུར། །བྱང་ཆུབ་སེམས་དཔའ་སེང་གེའི་སྒྲ། །ཀརྨ་པ་ཞེས་བྱ་བ་འབྱུང༌། །ཏིང་འཛིན་དབང་ཐོབ་འགྲོ་བ་འདུལ། །མཐོང་ཐོས་དྲན་རེག་བདེ་ལ་འགོད། །ཅེས་དང༌། ལང་ཀར་གཤེགས་པའི་མདོ་ལས། རབ་བྱུང་ཆས་ལ་ཞྭ་ནག་ཅན། །སྟོང་གི་བསྟན་པ་མ་ནུབ་པར། །འགྲོ་བའི་དོན་ལ་རྒྱུན་མི་ཆད། །ཅེས་གསུངས་སོ། །དེ་ལྟར་གསལ་སྟོང་འཛིན་མེད་གྱི་བསྟན་པ་འཛིན་པ་དཔལ་ས་སྐྱ་བ་ཀུན་དགའ་སྙིང་པོ་དང་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གཉིས་རྒྱལ་བས་ལུང་བསྟན་པའི་ཚུལ་རིམ་བཞིན་འདི་ལྟ་སྟེ། ཕྱག་ན་རྡོ་རྗེ་འགྲོ་བཟང་གི་རྒྱུད་ལས། འཇམ་དབྱངས་ལ་སོགས་བྱང་སེམས་ཀུན་གྱིས་ནི། །ཐུགས་རྗེའི་བདག་ཉིད་འཁོན་གདུང་བསྟན་པ་ལ། །ཀུན་དགའ་སྙིང་པོའི་ནམ་མཁའི་སྒྲ་གཅན་ལྟར། །འཛམ་གླིང་སྐྱབས་མགོན་ས་སྐྱ་བ་ཞེས་འབྱུང༌། །ཞེས་དང༌། རྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། སྐྱེ་བ་དུ་མ་འཇམ་དཔལ་རྗེས་བཟུང་ཞིང༌། །རབ་འབྱོར་སྤྲུལ་བ་ཀུན་དགའ་རྒྱལ་མཚན་ཞེས། །འཆད་རྩོད་རྩོམ་གསུམ་ཐོགས་པ་མི་མངའ་བའི། །རྩོད་ལྡན་དུས་ན་ཟླ་བྲལ་འབྱུང་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བོད་གངས་རིའི་ལྗོངས་འདིར་སྤྲོས་བྲལ་དབུ་མ་གཞན་སྟོང་གི་བསྟན་པ་གསལ་བར་མཛད་པའི་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་རྒྱལ་བས་ལུང་བསྟན་པའི་ཚུལ་འདི་ལྟ་སྟེ། གཙུགས་ཏོར་རྣམ་པར་རྒྱལ་མའི་རྒྱུད་ལས། བདེ་གཤེགས་མྱ་ངན་འདས་འོག་ནས། །ལོ་ནི་སྟོང་ཕྲག་ཕྱེད་རིང་ཚེ། །གདོང་དམར་ཡུལ་དུ་ང་འདྲ་བའི། །བསྟན་པ་འཛིན་པའི་དགེ་སློང་ཞིག ། ཆུ་བོ་ལྗོན་ཤིང་ཕྲེང་མཛེས་སུ། །ཀ་ཡོ་རི་ཡི་གྲོང་ཁྱེར་དུ། །ཡབ་ནི་ཡེ་ཤེས་དབང་ཕྱུག་ཆེ། །ཡུམ་ནི་ཚུལ་ཁྲིམས་རྒྱན་ཞེས་གྲགས། །སྲས་ནི་སངས་རྒྱས་མིང་ཅན་འབྱུང༌། །ང་ཡི་བསྟན་པའི་རྒྱལ་མཚན་འཛུག །ཆོས་ཀྱི་དུང་འབུད་དར་ཕྱར་འགྱུར། །ཞེས་དང༌། ཨ་དྲ་ཤི་ལ་བཀོད་པའི་མདོ་ལས། ཨ་དྲ་ཤི་ལས་བཅོམ་ལྡན་འདས་ལ་ཞུས་ནས། ཆོས་ཀྱི་རྒྱལ་པོས་གསོལ་པ། རྟག་ཏུ་གཟིགས་པ་སྤྱན་རས་གཟིགས། །མ་འོངས་དུས་ཀྱི་ཐ་མ་ལ། །སྙིགས་དུས་སེམས་ཅན་སྐྱོབ་པའི་ཕྱིར། མ་ཧཱ་སུ་རའི་བྱང་ཕྱོགས་སུ། །ཁ་བ་ཅན་གྱི་ཡུལ་དབུས་ན། །གྲོང་ཁྱེར་ཆེན་པོ་ཀ་ཡོ་རི། །རྣམ་པར་གྲགས་པའི་ས་བདག་ནི། །ཡེ་ཤེས་དབང་ཕྱུག་ཡབ་སྨོས་པ། །དེ་ཡི་སྲས་སུ་བལྟམས་པར་མཐོང༌། །ཞེས་གསུངས་པ་དང༌། བྷི་རི་ཧ་རིའི་མདོ་ལས། ཁ་བ་ཅན་དུ་ཚེ་ལོ་བརྒྱད་ཅུ་ན། །བསྟན་པ་ཉམས་ཏེ་ཆོས་ཉིད་ཁྱད་དུ་སོད། །ལོག་ལྟར་ཞུགས་པའི་དུས་སུ་ལོ་ཙཱ་བི། །ཆོས་ཀྱི་སྒྲོན་མེ་ཐོགས་ནས་དོལ་པོ་ཞེས། །ངའི་མིང་དུ་འཛིན་པའི་གྱ་ནོམ་པ། །ལོ་བརྒྱར་ཆོས་ཀྱི་ཆར་བ་ཕབ། །ཐེག་ཆེན་ཆོས་ཀྱི་རྔ་ཆེན་བརྡུང༌། །ཆོས་ཀྱི་མཆོད་སྦྱིན་རྒྱལ་མཚན་བཙུགས། །ཞེས་གསུངས་པས་སོ། །དེ་ལྟར་རི་བོ་དགེ་ལྡན་པའི་བསྟན་པ་གསེར་སྦྱང་བཙོ་མ་ལྟ་བུའི་ཤིང་ལྟའི་སྲོལ་འབྱེད་ཆེན་པོ་རྗེ་བླ་མ་ཤར་ཙོང་ཁ་བ་བློ་བཟང་གྲགས་པ་རྒྱལ་བས་ལུང་བསྟན་པའི་ཚུལ་འདི་ལྟ་སྟེ།འཇམ་དཔལ་རྩ་རྒྱུད་ལས། འཇིག་རྟེན་ང་ནི་མྱ་ངན་འདས། །ས་ཡི་སྟེང་འདི་སྟོང་གྱུར་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ན་ཡོད་པ་ཡིན། །ཞེས་དང༌། མཁའ་འགྲོ་གསང་བའི་རྒྱུད་ལས། འཇམ་དཔལ་སྤྲུལ་བ་བློ་བཟང་གྲགས། །བསྟན་པ་རྒྱས་བྱེད་ངོ་མཚར་ཅན། །ཞེས་གསུངས་པས་སོ། །དེས་ན་ང་ཚོ་བོད་པ་ཚོས་གོམས་གཤིས་ངན་རིགས་ཆོས་ལུགས་འཐེན་ཁྱེར་བྱེད་པ་སོགས་དོར་ནས་རིས་མེད་བསྟན་པ་འཛིན་པར་གོམ་ཁ་མདུན་དུ་སྤོས་དགོས། གྲུབ་མཐའ་སྨད་ན་དཔལ་དུས་འཁོར་གྱི་རྒྱུད་ལས་བསྟན་པའི་རྩ་ལྟུང་དྲུག་པ་དང༌། མདོ་ལུགས་ལྟར་ན་ཆོས་སྤངས་ཀྱི་ལས་སུ་འགྱུར་བས་གནས་འདི་ལ་གཟབ་དགོས་སོ། །གནས་སྐབས་ཚིག་མང་དོགས་ནས་དེ་ཙམ་ལས་མ་སྤྲོས་སོ། །སྤྲང་འཁྱམ་པ་དངོས་གྲུབ་དཔལ་གྱིས་རབ་རྒྱན་ཤིང་རྟ་ལོའི་རྒྱལ་ཟླའི་ཚེས་༡༨ལ་བྲིས་པའོ། །

མཐུན་འབྲེལ།

མཐུན་འབྲེལ།

མཐུན་འབྲེལ་ལ་དག་རྫུན་གཉིས་ཡོད་པ་ལ། ཁ་ཅིག་གིས་རང་གི་ཆོས་ལུགས་དང་བསམ་བློ། ལྟ་སྤྱོད་སོགས་མི་མཐུན་པ་ཞིག་ཡིན་ན་མི་དེ་ལ་མཐུན་འབྲེལ་མེད་ཅེས་གླེང་བ་ནི་སྒེར་གཅོད་ཀྱི་མཐུན་འབྲེལ་ལས་མ་འདས། གཞན་གྱི་གནོད་འཚེ་བྱེད་པ་ལ་དེ་འདྲ་བྱེད་པ་ནི་འོས་པ་མ་ཡིན་པའི་གནས་ཚུལ་བཤད་ན། རྙོག་དྲ་བྱེད་ཅེས་གླེང་བ་ནི། བཙན་དབང་གི་སྒོ་ནས་དབང་སྡུད་ཡིན་པ་དང༌། རང་ཉིད་མིང་དང་གོ་ས་སོགས་ཡོད་ཚད་ནས་ཡོད་ཚད་ཀྱིས་གོང་དུ་མ་བཞག་ན་གདུག་རྩུབ་ཚེར་མ་ལས་རྩུབ་པར་བྱེད་པ་ནི། ཕུང་དཀྲུག་པ་ཆེན་པོ་ཡིན་ལ། དེས་ན་མཐུན་འབྲེལ་ཡང་དག་པ་ཞིག་ཡོང་བ་ལ་གནས་ལུགས་དྲང་བདེན་འདྲ་མཉམ་དོན་གནས་ཤིག་ཡོད་ན་དོན་གྱི་མཐུན་འབྲེལ་ཡོང་ཐུབ་ལ། དེ་ལྟ་མ་ཡིན་ན་མཐུན་པའི་གནས་མེད་དོ། །ཐ་ན་གཅིག་གིས་གཅིག་ལ་གནོད་པ་མ་བྱས་ན་མཐུན་འབྲེལ་གྱི་སྒོ་དང༌། དེའི་སྟེང་དུ་བྱམས་བརྩེ་དང་བཟོད་སྒོམ་འདྲ་མཉམ་ཡོད་ན་མཐུན་འབྲེལ་གྱི་སྒོ་ཆེན་ཡིན་ནོ། །མཐུན་འབྲེལ་དངོས་གནས་པ་ནི་གཡོ་སྒྱུས་དབུ་གཏུག་པ་ཙམ་མ་ཡིན་པར་གདེང་འཇོག་དང་ཡིད་ཆེས་ཀྱི་སྒོ་ནས་སེམས་མཐུན་པ་ཡིན་ནོ། །སྤྱིར་བོད་ཁ་བ་གངས་ཅན་པ་རྣམས་ཀྱིས་བོད་མི་སུ་ལ་ཡོན་ཏན་དང་འཇོན་ཐང་དང་ལྷག་བསམ་ཡོད་ན་དེ་ལ་བརྩི་བསྐུར་དང༌། རྒྱབ་སྐྱོར་དང་རོགས་རམ་བྱས་ན་མདུན་ལམ་ལ་འཕེལ་རྒྱས་ཀྱི་འོད་སྟོང་ལྡན་པར་འགྱུར་ལ། དེ་ལྟ་མ་ཡིན་པར། སློབ་དཔོན་པད་མས། བོད་ལ་དྲིན་ཆེར་བྱས་ཀྱང་དྲིན་མི་གོ། ཞེས་གསུངས་པ་ལྟར་དྲིན་ཅན་དྲིན་ལོག་བྱས་ནས་མགོ་གནོན་ཅི་ཐུབ་བྱེད་པ་ནི་རང་གི་མི་རིགས་དང་ཆོས་བརྒྱུད་ཀྱི་གྱོང་རྒུད་ཡིན་པ་ལས། ཡོན་ཏན་ཅན་གྱི་གང་ཟག་སོ་སོ་ལ་ཇི་ལྟར་མུན་པ་ཐུབ་ན་འོད་མདངས་གསལ་བ་ནི་སྒྲོན་མེ་བཞིན་ཡིན་ནོ། །དེས་ན་ང་ཚོ་བོད་པ་ཚོས་ཆོལ་ཁ་ཆོས་ལུགས་དགོན་སྡེ་བར་འཐེན་ཁྱེར་མི་བྱེད་པར་མ་འོངས་པའི་འཕེལ་རྒྱས་ཀྱི་བསམ་བློ་གཅིག་སྒྲིལ་བྱེད་དགོས་སོ། །རྒྱལ་ཁམས་པ་དངོས་གྲུབ་དཔལ་ནས། ཇོ་ནང་བའི་དགོན་ཆེན་མང་པོས་དུས་འཁོར་སྒྲུབ་མཆོད་ཀྱི་མདུན་བསྐྱེད་གསུང་དཀྱིལ་གྱི་ལྷ་རྣམ་གྱི་སྟེང་གི་རྣལ་འབྱོར་མ་ཡབ་དང་བཅས་པའི་ལྷར་བརྒྱད་ཅུའི་སྐབས་སུ། སྒྲུབ་ཐབས་དཔག་བསམ་འཇུག་པ་ལས། གཞོན་ནུ་མ་འཁོར་དང་བཅས་པ་ནི་གདོང་དྲུག་པའོ། །ཞེས་པ་ནས་སྐུའི་དཀྱིལ་འཁོར་གྱི་ལྷ་རྣམ་གྱི་མཚན་མ་རྣམས་ལྷ་གྱུར་བ་ནི། ཞེས་པར་མཆོང་འགྲོ་བ་ནི། ཆད་པའི་སྐྱོན་ཡོད་དེ། སྒྲུབ་ཐབས་དཔག་བསམ་འཇུག་པ་ལས། གཞན་རྣམས་ནི་གདོང་གཅིག་མ། ཐམས་ཅད་ཀྱང་ཞལ་རེ་རེ་སྤྱན་གསུམ་གསུམ་པ་སྟེ། རྣལ་འབྱོར་མའི་ཐབས་བརྒྱད་ནི་སྐུ་ལྷ་ཆེན་གྱི་སྐབས་རྣམས་དང་ཕྱག་མཚན་འདྲའོ། །ཞེས་པའི་བར་ཆད་ཡོད་པ་ཤེས་དགོས་སོ། །གལ་ཏེ་དཀྱིལ་ཆོག་གི་ཆོ་ག་ལས། གདོང་དྲུག་པའོ། །སྐུའི་དཀྱིལ་འཁོར་གྱི་ལྷ་རྣམ་ལ་གནས་པའི་མཚན་མ་རྣམས་ལྷར་གྱུར་པ་ནི། ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་པ་ཡིན་ཏེ། དེའི་གོང་དུ་དཀྱིལ་ཆོག་དེར་རང་དང་འདྲ་བའི་ཤེར་ཕྱིན་མས་འཁྱུད་པའི་བར་ལས་རྒྱལ་མཆོག་བཞིན། བདེ་གཤེགས་ཕར་མའི་མཚན་མ་ཞེས་གསུངས་ཀྱང་ནམ་མཁར་སྤྲོས་ནས་སེམས་ཅན་གྱི་དོན་བྱས་ཏེ་སླར་ཡང་བཅོམ་ལྡན་འདས་ལ་བདག་པོར་བཞུགས་པར་གྱུར། ཞེས་པའི་བར་འདོན་དགོས་པ་བཞིན་ཡིན་པ་སོགས་རྗེ་བཙུན་གྱི་གསུང་ལ་དེའི་རིགས་མང་བ་ཡིན་ནོ། །ཡང་སྐུ་དཀྱིལ་གྱི་ཚེས་ལྷ་སུམ་བརྒྱ་དྲུག་ཅུའི་སྐབས་སུ། སྒྲུབ་ཐབས་དཔག་བསམ་འཇུག་པ་ལས། གཞོན་ནུ་འཁོར་དང་བཅས་པ་ནི་གདོང་དྲུག་པའོ། །ཞེས་པ་ནས་སྐུའི་དཀྱིལ་འཁོར་གྱི་སྒོ་ལ་གནས་པའི་མཚན་མ་རྣམས་ལྷར་གྱུར་བ་ནི། ཞེས་པར་མཆོང་འགྲོ་བ་ནི། ཆད་པའི་སྐྱོན་ཡོད་དེ། སྒྲུབ་ཐབས་དཔག་བསམ་འཇུག་པ་ལས། གཞན་རྣམས་ནི་གདོང་གཅིག་པ། ཐམས་ཅད་ཀྱང་ཞལ་རེ་རེ་སྤྱན་གསུམ་གསུམ་པའོ། །ཞེས་པའི་བར་ཆད་ཡོད་པའོ། །དེའི་ནང་གི་གཞན་རྣམས་གདོང་གཅིག་པ། ཞེས་པ་གཅིག་པུའི་སྐབས་སུ་ཚེས་ལྷའི་ནང་དུ་གདོང་གཅིག་པ་སུམ་བརྒྱ་ཡོད་པས་སུམ་བརྒྱའི་ཞལ་སྒོམ་པ་ཆད་པ་སོགས་ཀྱི་སྐྱོན་ཡོད་དོ། །ལུང་རིགས་ཀྱི་སྤྲོས་པ་མང་ཡང་རེ་ཞིག་དེ་ཙམ་མོ། །གལ་ཏེ་ཁས་མི་ལེན་ན་ལྷ་དེ་དག་གི་ཞལ་ཕྱག་སྤྱན་རྣམས་སྒོམ་མི་དགོས་པའི་རྒྱུ་མཚན་གསུངས་བར་ཞུ། རང་གི་མི་ཤེས་པ་མ་ཤེས་ནས་མཆན་ནོར་རྒྱབ་པས་མང་པོ་འཁྲུལ་བའི་གཞིར་བཅས་སོ། །ཞེས་པ་འདི་གཙོ་བོར་ཇོ་ནང་གི་དབུ་ཆེན་པ་རྣམས་ལ་སྤྲང་འཁྱམ་དངོས་གྲུབ་དཔལ་ནས་ལྷག་བསམ་གྱིས་བསྐུལ་བའོ། །

དཀར་ཟས་གླེང་བ།

དཀར་ཟས་གླེང་བ།

སྐྱེ་འགྲོ་མཐོ་དམན་སུ་ཞིག་ཡིན་ཡང་རུང༌། འབྱོར་རྒུད་གང་གི་སྐབས་སུ་ཡིན་ཡང་ཆོག གཅིག་ཏུ་གཅེས་ཤིང་དམར་བ་ནི་ཚེ་སྲོག་འདི་ལས་ལྷག་ཅིག་སྲིད་ན་མེད་པས། ཚེ་སྲོག་གཅོད་པ་ལས་ཀྱང་ཐུ་བའི་མནར་གཅོད་གཏོང་སྟངས་ཤིག་དང༌། གནོད་པ་བྱེད་ཚུལ་ཞིག་མེད་པ་གསལ་བོ་རེད། དེས་ན་བོད་ཆོས་ལྡན་གྱི་ཞིང་ཁམས་བྱམས་སྙིང་རྗེའི་ཕ་ས་ཡིན་ཟེར་བ་ཞིག་ལ་མཚོན་ན་བྱམས་དང་སྙིང་རྗེའི་འཛིན་སྟངས་དང་སྤྱོད་པ་ལ་འགལ་བར་སོང་བའང་གཞན་གྱི་ཚེ་སྲོག་འཕྲོག་པའི་བྱ་སྤྱོད་ལས་ཐུ་བ་ཞིག་གང་ནས་ཡོད། བསམ་པའི་ནང་ནས་ཀྱང་གསོད་འདོད་ལྟ་བུའི་སྙིང་རྗེ་མེད་པ་མ་རུང་གཏུམ་པའི་བློ་ངན་ཞིག་ཇི་ལྟར་ཡོད་དེ་དཔེ་མི་སྲིད་པའི་ཚོད་རེད། དེས་ན་རང་དཔེ་གཞན་ལེན་གྱི་བསམ་པ་གཞིར་བཟུང་སྟེ་རྣམ་གསུམ་མ་དག་པའི་དམར་ཟས་སྤངས་བ་དང་སྤོང་བར་འགྱུར་བའི་ལས་དོན་ཅི་ལ་ཞུགས་ནུས་ན་དགེ་མཚན་དེ་ལས་ཆེ་བ་དང་སྤྱོད་པ་དེ་ལས་བཟང་བ་ཞིག་ལར་ནས་དཔེ་འཇོག་དཀའ་བ་རེད་ཅེས་བཤད་ནའང་ཐལ་མི་ཆེ་བའི་ངང་ཚུལ་དུ་ཆགས་འདུག ཆོས་དང་འཇིག་རྟེན་གང་ཞིག་སྒྲུབ་ཀྱང་རང་དཔེ་གཞན་འཇོག་གིས་སྒྲུབ་པ་དང༌། གཞན་སར་རང་འཇོག་གི་བསམ་མནོ་ཡོད་པ་འདི་ཅི་ནས་ཀྱང་མེད་མི་རུང༌། གལ་སྲིད་ཁ་ནས་བྱམས་སྙིང་རྗེ་དང་དྲང་བདེན་རིགས་ཞེན་སོགས་ཁ་ལབ་ནམ་རྒྱུན་ཆད་མེད་ཡིན་ནའང༌། དོན་ལག་ལེན་སྟངས་ནས་འགལ་བ་ལྟག་སྤྲོད་དུ་སོང་ཚར་ན་བཤད་པ་ཡོད་ཚད་སྟོང་བ་རེད་ལ། སྒྲུབ་པ་ཡོད་ཚད་འཁྱོག་པོ་རེད། ངག་ཐོག་ནས་བྱམས་དང་སྙིང་རྗེ་འགྲོ་བ་གཞན་ཁ་ཁྱེར་བྱེད་མཁན་ཞིག་ཡིན་ཕྱིན། སྤྱོད་པའི་སྟེང་ནས་ཀྱང་མཚོན་བྱེད་ཅིག་ངེས་པར་དུ་དགོས་པ་རེད་མ་གཏོགས། གཞན་དོན་དཀའ་སྤྱད་དང་བཟོད་པ་སྤུ་རྩེ་ཙམ་ཡང་མེད་པའི་སྟེང༌། རང་དོན་དུ་གཞན་གྱི་ཚེ་སྲོག་ལའང་མིག་མི་བཙུམ་མཁན་ཞིག་ཅི་ལ་རུང༌། དཀར་ཟས་རོལ་བ་འདིས་ཀྱང་མི་དེ་འགྲོ་བ་གཞན་ལ་བསམ་གཞིག་མི་གཏོང་བའི་སྲིན་པོ་ལྟ་བུ་ཞིག་མ་ཡིན་པར་མཚོན་ཡོད་པ་ཡིན་པས། དཀར་ཟས་བ་ནི་དགེ་ལས་པ་ཞིག་ཡིན་པར་བཤད་ཆོག་ཅིང༌། སེམས་དཀར་གཞུང་དྲང་ཞིག་ཀྱང་ཡིན་པར་མཚོན་ཡོད་པ་རེད། གལ་སྲིད་རང་གིས་དམར་ཟས་དང་ཁ་འབྲལ་མ་ཐུབ་ནའང་གཞན་གྱིས་རྣམ་གསུམ་དག་པའི་དམར་ཟས་སྤངས་པ་ལ་རྗེས་སུ་ཡི་རང་དགོས་པ་ལས། དེ་ལ་སྐྱོན་མེད་སྐྱོན་འདོགས་ཀྱི་བཤད་པ་མང་པོ་མི་བྱེད་པ་མ་མཐའི་ཚད་གཞི་རེད་བསམས་ནས་ཡོད། དམར་ཟས་གཏན་སྤངས་སམ། བསད་ཤ་གཏན་སྤངས་སམ། རྣམ་གསུམ་དག་པའི་ཤ་དུས་ཆེན་ཁག་ལ་སྤངས་བ། དམར་ཟས་ཟ་བ་ཇེ་ཉུང་དུ་གཏོང་བ་དག་གིས་མཚོན་ཏེ། དཀར་ཟས་ཀྱི་ལམ་རབ་འབྲིང་ཐ་མའི་རིམ་པ་སྐས་ཐེམ་འདྲ་བ་མང་བས། གང་རུང་ཅིག་ལ་འཇུག་ཨེ་ཐུབ་བལྟ་དགོས་པར་བསམ་མནོ་གཏོང་དགོས་པར་དངོས་གནས་དྲང་གནས་ཤིན་ཏུ་གལ་འགངས་ཆེ་བར་བསྙོན་མེད་རེད། དེ་བས་ན་འདིར་ཁོ་བོས་ཁ་བརྡ་ཐུང་ངུ་འདིར་ལུང་འདྲེན་དང་ཆོས་བཤད་འདྲ་བའི་རྒྱས་སྤྲོས་བྱས་མེད་ནའང༌། ཆོས་དང་འཇིག་རྟེན་ཆ་གང་ནས་བལྟས་ནའང་འདྲ། གཟུར་གནས་ཀྱི་མཁས་བླུན་གང་གིས་བསམ་ན་ཡང་ཆོག མངོན་སུམ་བསྙོན་མེད་ཀྱི་སྐད་ཆ་རྡོག་གཅིག་འདི་ལྷག་བསམ་ཕྱོགས་མེད་ཀྱིས་ཀུན་ནས་བསླངས་ཏེ་སྤེལ་བ་ཡིན། མཇུག་མཐར་འཇིག་རྟེན་འགྲོ་བ་ཚང་མས་གཅིག་ལ་གཅིག་ཟ་བའི་གཏུམ་སྤྱོད་རིང་དུ་སྤངས་ཏེ་འཚེ་མེད་ཞི་བདེའི་དཔལ་ལ་དུས་རྟག་ཏུ་རོལ་བར་བླ་མ་ལྷ་དང་བཅས་པའི་མདུན་སར་གསོལ་བ་བཏབ་པ་ལགས། གཞན་གྱིས་བསྐུལ་ངོར་དངོས་གྲུབ་དཔལ་གྱིས་བྲིས་པའོ། །བཀྲ་ཤིས། དགེའོ། །སློབ་གཉེར་བ་མང་རབ་ཞིག་གིས་དཔེ་ཆ་མི་ཤེས་པས་ད་དཔེ་ཆ་ལྟ་རྒྱུ་མིན་ཟེར་ནས་སློབ་སྦྱོང་འདོར་བ་ནི་ཧ་ཅང་ནོར་འཁྲུལ་རེད། དཔེ་ཆ་མི་ཤེས་པ་ནི་དཔེ་ཆ་ཤེས་པའི་ཆེད་དུ་སློབ་སྦྱོང་བྱེད་དགོས་པའི་རྒྱུ་མཚན་རེད་ལགས། དཔེར་ན་མུན་པས་སྒྲིབ་ཡོད་པའི་རྒྱུ་མཚན་གྱིས་སྣང་འོད་བསྐྱེད་ནས་མུན་པ་སེལ་དགོས་པ་བཞིན་ཡིན་ལ། སློབ་སྦྱོང་མ་བྱས་ན་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་རྨོངས་པ་མ་རིག་པའི་དབང་དུ་འགྲོ་བ་ལས་མ་འདས་སོ། །དེས་ན་ལེ་ལོའི་གཉེན་པོར་བརྩོན་དགོས་ཏེ། དཔེ་ཆ་ལ་བརྩོན་ན་གནས་སྐབས་ལོ་གཅིག་གཉིས་རེ་ཆེར་མི་ཤེས་པ་ཡོད་ཀྱང་བརྩོན་པ་ཡོད་ན་དབང་པོ་རྟུལ་པོ་སྦྱངས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ངོ་བོར་འགྲོ་རྒྱུ་ཡོད་པ་སེམས་ཅན་ཐམས་ཅད་སྤྱི་མཚུངས་ཡིན་པ་རེད། དེས་ན་དཔལ་ལྡན་ཟླ་བས། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང༌། །ཞེས་གསུངས་པས་སོ། །དེས་མཚོན་ནས་དམ་ཆོས་རྒྱུད་ལ་མེད་མཁན་ཚོས་དམ་ཆོས་བསྒྲུབ་དགོས་པ་རེད། དཔེར་ན་ཟ་རྒྱུ་མེད་མཁན་དག་གིས་ཟ་རྒྱུའི་ཕྱིར་འབད་དགོས་པ་དང་མཚུངས་སོ། །སྤྲང་འཁྱམ་པ་དངོས་གྲུབ་དཔལ་ནས།

སྐུ་རིམ་གྱི་མཆོག་སྙིང་སྟོབས།

སྐུ་རིམ་གྱི་མཆོག་སྙིང་སྟོབས།

སྤྱིར་བྱ་བ་གང་བརྩམ་ན་བསོད་ནམས་རེ་ལྡན་དགོས་པས་དཀོན་མཆོག་ལ་སྐྱབས་འགྲོ་སོགས་སྐུ་རིམ་ལ་བརྩོན་དགོས། འོན་ཀྱང་འཇིག་རྟེན་པའམ་སོ་སྐྱེ་ཡོད་པའི་གནས་སུ་བྱ་བ་གང་བརྩམ་པ་ན་ཕྲག་དོག་སོགས་ཀྱི་དབང་གིས་གནོད་འཚེ་སྒོ་དུ་མ་ནས་རྩོམ་མཁན་ཡོད་པ་ནི་འཇིག་རྟེན་གྱི་ངང་ཚུལ་ཡིན་པས་དེའི་སྐབས་སུ་སྙིང་སྟོབས་ནི་སྐུ་རིམ་གྱི ་མཆོག་ཡིན་ལ། བྱ་བ་དེ་རྩོམ་པའི་སྐབས་སུ་གཞན་གྱིས་སྒྲོ་འདོགས་དང་སྐུར་འདེབས་སོགས་གནོད་པ་ཡོང་བ་ནི་རང་གི་བྱ་བ་དེ་གཟི་བརྗིད་དང་རྒྱལ་ཁ་ཐོབ་པའི་སྔ་ལྟས་རེད། གཞན་གྱི་གནོད་པ་མེད་ན་རྒྱལ་ཁ་དང་བཟོད་སྒོམ་བྱ་བའི་གནས་མེད་ལ། འོན་ཀྱང་གནས་ལུགས་དང་བདེན་རྫུན་ལ་བརྟག་དཔྱད་མི་བྱེད་པར་ཧམ་རྒྱུགས་གཡམ་རྒྱུགས་བྱེད་པ་དང༌། གཞན་ལ་གནོད་ཐུབ་མི་ཐུབ་གང་ཡིན་ཀྱང་རུང་ལྷག་བསམ་ཅན་གྱི་བྱ་བ་འབུར་འཇོམས་བྱེད་པ་ལ་རྩོམ་པ་ནི་ཡར་རྒྱས་མི་འགྲོ་བའི་གནད་འགག་དང་རྗེས་ལུས་སུ་འགྲོ་བའི་སྐྱོན་ཆ་ཆེ་ཤོས་ཞིག་རེད་ལགས། བོད་རྗེས་ལུས་སུ་འགྲོ་བ་ཡང་ཕྱོགས་གཅིག་གི་གནད་འགག་ཡོན་ཏན་ཅན་ལ་ཕྲག་དོག་བྱེད་པ་འདིས་ལན་པ་རེད། དེས་ན་ང་ཚོ་གངས་ཅན་པ་རྣམས་ཀྱིས་གང་ལ་ཡོན་ཏན་དང༌། ལྷག་བསམ་དང༌། འཇོན་ཐང་ཡོད་ན་དེ་ལ་རོགས་རམ་དང་རྒྱབ་སྐྱོར། རྗེས་སུ་ཡི་རང་བྱེད་དགོས་ལ། སྤྱིར་བོད་པ་ཚོས་དྲིན་ཅན་གྱི་དྲིན་ཧ་མི་གོ་བ་མ་ཟད་ལོག་སྒྲུབ་བྱེད་པ་ཆེས་མང་ལ། དེས་ན་སློབ་དཔོན་པད་མ་འབྱུང་གནས་ཀྱིས། བོད་ལ་དྲིན་ཆེར་བྱས་ཀྱང་དྲིན་མི་གོ། །ཞེས་གསུངས་པ་རེད། འོན་ཀྱང་གཞན་དོན་རྣལ་མ་སྒྲུབ་པ་ལ་ལན་དང་དྲིན་དུ་ཧ་གོ་མིན་ལ་མི་ལྟོས་པར་ལྷག་བསམ་དྲི་མ་མེད་པའི་སྒོ་ནས་སྙིང་སྟོབས་བསྐྱེད་དེ་མི་ཞིག་ཡིན་པ་དང༌། སྟོན་པའི་རྗེས་འཇུག་ཞིག་ཡིན་པའི་ཆ་ནས་གཞན་དོན་བརྩོན་དགོས་སོ། །དངོས་གྲུབ་དཔལ་ནས།

བླ་སློབ་ཀྱི་དམ་ཚིག

བླ་སློབ་ཀྱི་དམ་ཚིག

རྗེ་བཙུན་ཏཱ་ར་ནཱ་ཐའི་ལྷན་ཐབས་འོད་བརྒྱ་འབར་བ་ལས། དེ་ཡང་དཔོན་སློབ་ཕན་ཚུན་འབྲེལ་བ་བརྟག་པ་ནི། ཆོས་ཀྱིས་མ་སྦྲེལ་གོང་དུ་བྱ་དགོས་ཀྱི། སྔར་བརྟགས་སམ་མ་བརྟགས་གང་ཡིན་ཡང༌། ཆོས་ཀྱི་འབྲེལ་བ་ཐོབ་ནས་སྐྱོན་མི་རྟོག་པར་གུས་པས་བསྟེན་དགོས་ཏེ། ཚིགས་བཅད་གཅིག་ཙམ་ཐོས་པ་ལའང༌། །གལ་ཏེ་བླ་མར་མི་འཛིན་ན། །ཁྱི་ཡི་སྐྱེ་བ་བརྒྱར་སྐྱེས་ཏེ། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས། དེས་ན་ཕྱིས་ཀྱི་སྐྱེ་བོ་མང་པོ་ཞིག་སྔགས་ཆོས་ལ་དམ་ཚིག་ཡོད་དོ་སྐད་པའི་ཁ་བཤད་བྱེད། སྲུང་ནི་དེ་ལའང་མི་སྲུང༌། མཚན་ཉིད་པ་ལ་དམ་ཚིག་མི་ཡོང་ཟེར་ཞིང༌། མདོ་ཆོས་མང་དུ་ཐོས་པའི་བླ་མ་ལའང་མ་གུས་པ་དང་བརྙས་པ་དང་བཀུར་སྟི་མ་ཡིན་པ་ཇི་ཙམ་བྱས་ཀྱང་ཉེས་པ་མེད་པ་སྐད་སྨྲ་བ་མང་དུ་སྣང་སྟེ། བདུད་ཀྱིས་བྱིན་གྱིས་བརླབས་པ་ཁོ་ནའོ། །ཞེས་པ་ནས། དེ་ཐེག་པ་ཆཻ་ཆུང་གི་སྡེ་སྣོད་གཉིས་སོ་སོར་ཐོས་པའི་བླ་མ་ལའང་དེས་རིགས་འགྲེ་སྟེ། མདོར་ན་སྡུག་གསོག་པ་པོ་སློབ་མ་ངན་པ་སྟེ། སྤྱིར་ནས་གསང་སྔགས་ཀྱི་དབང་བསྐུར་ཞུས་དམ་ཚིག་ཐོབ་པ་ཡིན་ན་ནི། དེས་༼བླ་མ་དེ་ལ་༽སྔགས་ཆོས་ཞུས་པ་མ་ཡིན་ལ། ༼བླ་མ་དེ་ལ་༽མདོ་ལུགས་ཐེག་པ་ཆེ་ཆུང་གང་ཡིན་ཡང་རུང་སྟེ། དེ་ལྟ་བུ་ཞུས་པའི་བླ་མ་དེ་ལ་སྡིག་བསགས་ན། སྤྱིར་ཉེས་པ་ཆེ་བར་མ་ཟད་སྔགས་ཀྱི་དམ་ཚིག་ཀྱང་ཉམས་པ་ཡིན་ཏེ། རྒྱུད་རྣམས་ལས་ཀྱང༌། སློབ་དཔོན་མི་སྨད། བླ་མའི་ཐུགས་མི་དཀྲུག་ཅེས་གསུངས་ཀྱི། རྩ་ལྟུང་དང་པོའི་ཡུལ་དུ་རྡོ་རྗེ་སློབ་དཔོན་ཁོ་ནའི་ངེས་གཟུང་མ་མཛད་པ་མང་པའི་ཕྱིར་རོ། །ཞེས་པ་ནས། རྩ་ལྟུང་གི་ཐ་སྙད་ཐོབ་པར་འགྱུར་བ་ལ་ལྟུང་བ་བྱེད་མཁན་རང་ཉིད་སྔགས་ལ་ཞུགས་པ་ཞིག་དགོས་ཀྱི། ལྟུང་བ་གསོག་པའི་ཡུལ་སྔགས་ཆོས་ཀྱིས་སྦྲེལ་བ་ཁོ་ན་མི་དགོས་པར་མ་ཟད་སྔགས་པ་ཡིན་ཡང་མི་དགོས་སོ། །གནད་འདི་མ་གོ་བས་དམ་ཚིག་ཉམས་པ་ནི། མཁས་པར་རློམ་པ་དང་ཆེན་པོར་རློམ་པ་ལ་ཡང་ཤིན་ཏུ་མང༌། ཞེས་རྗེ་གསང་བདག་སྒྲོལ་བའི་མགོན་པོའི་གསུང་འདི་ཐུགས་ལ་འཛིན་དགོས་སོ། །འདུལ་བ་རྒྱ་ཆེར་འགྲེལ་བ་ལས། སྤྱོད་ཡུལ་མ་ཡིན་པའི་གནས་ལྔ་ལ་འཇུག་པར་མི་བྱའོ། །ཞེས་གསུངས་པའི་རབ་བྱུང་བ་རྣམས་འཇུག་མི་རུང་བའི་གནས་ལྔ་ནི། འདུལ་བ་མདོ་རྩ་ལས། རོལ་མོ་མཁན་གྱི་གནས་དང༌། སྨད་འཚོང་མའི་གནས་དང༌། ཆང་འཚོང་གི་གནས་དང༌། རྒྱལ་པོའི་ཕོ་བྲང༌། གདོལ་བའི་ཁྱིམ་གྱི་གནས་དག་བསྟེན་པར་མི་བྱའོ། །ཞེས་གསུངས་ལ། དེ་འདྲའི་གནས་ལྔ་ལ་རབ་ཏུ་བྱུང་བ་རྣམས་འགྲོ་བ་དང་གནས་པར་མི་བྱའོ། །དེང་དུས་སུ་དགོན་པའི་ནང་དུ་\་གར་སོགས་རྩེད་མོའི་རིགས་བཙུགས་པ་ནི་ཆོས་འདུལ་བ་དང་འགལ་བར་མ་ཟད་རྣམ་གཡེང་གི་རྒྱུ་ཆེན་པོ་བསྒྲུབ་པ་ནི་བདུད་ལས་སོ། །འོ་ན་གར་འཆམ་ལ་ལ་ཕན་ཡོན་མང་པོ་གསུངས་པ་ཅི་ཡིན་ཞེ་ན། ཕལ་ཆེར་བའི་ཉིང་དགོས་ནི་མི་མང་འདུ་འཛོམ་གྱི་ཆེད་ཡིན་སྙམ་ལགས་སོ། །དངོས་གྲུབ་དཔལ་ནས། ཚུལ་གསུམ་གྲུབ་པའི་རྟགས་གསལ་གཅིག་ཙམ་སྨྲ་མི་སྤོབས་པ་དག་གིས་སྔོན་བྱོན་དམ་པའི་གསུང་རབ་ཁས་མི་ལེན་པ་དང༌། ལུང་རིགས་ཀྱི་འགྲོ་ཕྱོགས་ཙམ་ཡང་མི་ཤེས་ཀྱང་རང་འཁོར་དཔྱོད་ཤེས་མེད་པའི་ཁྱུ་ཚོགས་ཀྱི་ནང་དབང་ཆེ་བའི་ཚིག་གིས་ལོག་པར་བཤད་པའི་རིགས་ནི། རིགས་སྨྲ་མཁས་པའི་ཚོགས་རྣམས་རྒོད་ཤོར་བ་ལས་མ་འདས་ཏེ། དེ་ལ་རྩམ་པ་ཟན་ཆང་གཅིག་གི་རིན་ཐང་མེད་པས་ན་བལྟ་རིན་ཉན་རིན་གང་ཡང་མ་མཆིས་ལ། ཇི་སྐད་དུ། བླུན་པོ་སྨྲ་བ་ཉུང་ན་བསྟན་པ་ལ་ཕན་པ་ཡིན་ནོ། །ཞེས་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་གསུངས་པ་དེས་གང་ཟག་མང་པོ་ཞིག་ལུང་བསྟན་ཟིན་ཏོ།། རང་བཟོ་ཁོ་ན་ལས་དཔྱོད་ཤེས་མེད་རིགས་དག་གིས་མཁས་གྲུབ་དམ་པའི་གསུང་རབ་བོར་ནས་རང་བཟོས་བབ་བཅོལ་སྨྲ་བ་ལ་བརྟེན་ནས་སེམས་ཚོར་འདི་བྱུང་བའོ། །དངོས་གྲུབ་དཔལ་གྱིས། དུས་ཆེན་ཁྱད་པར་ཅན་ས་ག་ཟླ་བ་ནི། ༄༅། །ཨོཾ་སྭ་སྟི། ལྷ་དང་བཅས་པའི་འགྲོ་བའི་སྐྱབས་གནས་མཆོག ། སྟོབས་བཅུའི་མངའ་བདག་དམན་པའི་མགོན་གྱུར་བ། །རྣམ་འདྲེན་མཚུངས་མེད་ཤཱཀྱའི་དབང་བོ་ལ། །རྗེས་དྲན་དུས་མཆོད་ས་ག་ཟླ་བར་གཙོ། །དེ་ལ་འདིར་གང་ཞུ་བར་བྱ་བ་ནི། དུས་ཆེན་ཁྱད་པར་ཅན་ས་ག་ཟླ་བ་ནི། རང་ཅག་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་མཆོག་དང་པོར་སྐུ་བལྟམས་པ་དང༌། བར་དུ་མངོན་པར་རྫོགས་པ་སངས་རྒྱས་པ་དང༌། མཐར་གཟུགས་སྐུ་ཞི་བར་གཟིམ་པ་སྟེ་དུས་ཆེན་གསུམ་འཛོམས་ཀྱི་ཟླ་བ་ཡིན་ལ། དེས་ན་འདིར་སྟོན་པ་ཐུགས་རྗེ་ཅན་རྗེས་དྲན་གྱི་དུས་མཆོད་ས་ཟླའི་ཆོས་ཚོགས་རེ་ངེས་པར་ང་ཚོ་ནང་བ་སངས་རྒྱས་པ་ཡོངས་ཀྱིས་འཛུགས་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང༌། དེ་ཡང་འཛམ་གླིང་ཆོས་ལུགས་རང་རང་གི་སྟོན་པའི་འཁྲུངས་འདས་སོགས་ལ་རྩི་སྲུང་བྱེད་བཞིན་ཡོད་ལ། ང་ཚོ་ནང་བ་སངས་རྒྱས་པ་ཀུན་གྱིས་དུས་ཆེན་རྗེས་དྲན་མཆོད་འབུལ་བྱས་ན་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་བསགས་པའི་སྒོ་འཕར་ཡངས་བ་ཡིན་པ་དང༌། རྒྱལ་བསྟན་རིན་པོ་ཆེ་ཀུན་ཏུ་སྤེལ་བའི་ཐབས་ལམ་ཡིན་པས་ཆོས་བརྒྱུད་རིས་སུ་མ་མཆིས་པ་ཀུན་གྱིས་ས་ག་ཟླ་བའི་དུས་མཆོད་རྗེས་དྲན་རེ་ཆོས་སྡེ་ཀུན་གྱིས་བྱེད་པར་གསོལ་བ་ལན་བརྒྱར་ཞུས་པ་ལགས་ན་ཐུགས་ལ་འཛིན་པར་ཞུ་ཞུ། །སྟོན་པ་གང་དེའི་རྗེས་དྲན་ས་ག་ཟླ། །འཁྲུངས་འདས་སངས་རྒྱས་མཛད་ཆེན་དུས་བཟང་འདིར། །ས་ག་ཟླ་བར་རྗེས་དྲན་ཆོས་ཚོགས་ཏེ། །བརྒྱུད་ནས་འགྲོ་ལ་དགེ་སྐལ་དང་བཅས་པའི། །རླབས་ཆེན་ལས་ལ་ཡི་རང་གཙང་མ་ཡིས། །བཀྲ་ཤིས་སྨོན་པའི་མེ་ཏོག་མངོན་པར་ཕུལ། །ས་ག་ཟླ་བའི་དུས་མཆོད་ཚོགས་པའི་གཙོ་འགན་པ་མཁན་བློ་གྲོས་དཔལ་ལྡན་ལགས་ཀྱིས་བསྐུལ་ངོར་རྗེས་སུ་ཡི་རང་དང་བཅས་ངག་དབང་དངོས་གྲུབ་དཔལ་གྱིས་ཕུལ་བའོ། །

གསོ་སྦྱོང་བཅོ་ལྔ་དང་བཅུ་བཞི་པའི་ངོས་འཛིན།

གསོ་སྦྱོང་བཅོ་ལྔ་དང་བཅུ་བཞི་པའི་ངོས་འཛིན།

ཉིན་ཞག་ཡུན་ཚད། ཆུ་ཚོད། ༦༠ ངེས། ཚེས་ཞག་ཆུ་ཚོད། ༥༩ ཆུ་སྲང་༣དབུགས ༤ རི་མཁའ་རིའི་ཆ༡༦དེས་ན་ཉིན་ཞག་དང་ཚེས་ཞག་བར་ཁྱད་ནི། ཆུ་སྲང༌། ༥༦ དབུགས། ༡ རི་མཁའ་རིའི་ཆ༦༩༡ཡིན་ནོ། །འོན་ཀྱང་ཟླ་རྐང་གི་དབང་གིས་ཅུང་ཟད་ཞིབ་པར་བརྩི་རྒྱུ་ཡོད་ལགས། བར་ཁྱད་དེ་དག་གི་དབང་གིས་ཞིབ་རྩིས་ལ་ཉིན་ཞག་དང་ཚེས་ཞག་བར་ཁྱད་ལོ་གཅིག་ལ་ཉིན་ཞག་ལྔ་དང་ཆུ་ཚོད་བཞི་བཅུ་དང་ཆུ་སྲང་གཅིག་དང་དབུགས་གཉིས་དང་རི་མཁའ་རིའི་ཆ་༡༠༤ལས་མེད་ལ། ཚེས་ཞག་དང་ཁྱིམ་ཞག་བར་ཁྱད་ཉིན་ཞག་བཅུ་གཅིག་ལྷག་ལས་བཅུ་གཉིས་མེད་དོ། །དེས་དབང་གིས་ལོ་དུ་མའི་མཚམས་ནས་ལོ་འགོ་བཟུང་ཚུལ་སྐར་རྩིས་ལ་བསྟུན་དགོས་སྙམ། སྐུར་རྩིས་ཁོ་ན་ལ་བསྟུན་ན་གསོ་སྦྱོང་བཅོ་ལྔ་བ་དང་བཅུ་བཞི་བའི་ཁྱད་པར་གསུངས་པ་དོན་མེད་དུ་འགྱུར་བས་སྐར་རྩིས་ཀྱི་ལོ་འགོ་བཟུང་བ་ནས་གསོ་སྦྱོང་བཅོ་ལྔ་པ་ལ་ཞག་བཅོ་ལྔ་ལོན་པའི་ཉིན་དེར་གསོ་སྦྱོང་བྱེད་དགོས། ཡ་ཟླ་མར་ངོ་ལ་ཞག་བཅུ་བཞི་ལོན་པའི་ཉིན་དེར་གསོ་སྦྱོང་བཅུ་བཞི་པའོ། །བཅུ་བཞི་པ་དང་བཅོ་ལྔ་པ་ཞེས་པ་ཉིན་ཞག་གི་དབང་དུ་བྱས་པའོ། །བོད་ན་གསོ་སྦྱོང་བཅུ་བཞི་པ་དང་བཅོ་ལྔ་པའི་ངོས་འཛིན་མང་ན་ཡང་འདུལ་བའི་དཔྱད་པ་ཐ་སྙད་པ་ཡིན་པས་སྐྱོན་ཆེར་མེད་སྙམ། ཡང་དམིགས་བསལ་དུ། བརྗེད་པའི་དབང་གིས་གསོ་སྦྱོང་བཅོ་ལྔ་པ་དང་བཅུ་བཞི་ཡར་ངོ་མར་ངོའི་ཚེས་གཅིག་ལ་བྱས་པ་ཡོད་དེ། མདོ་རྩ་ལས། ལས་ལ་ནི་འདས་ན་ཉི་མ་ཤར་བའི་འོ། །ཞེས་གསུངས་སོ། །དངོས་གྲུབ་དཔལ་གྱིས་བྲིས་པའོ། །

སློབ་དཔོན་གྱིས་སློབ་མ་ལ་ཆོས་འཆད་མ་ཤེས་ན་འདྲ་སྐུ་ཞིག་དང་མི་མཚུངས་སམ།

སློབ་དཔོན་གྱིས་སློབ་མ་ལ་ཆོས་འཆད་མ་ཤེས་ན་འདྲ་སྐུ་ཞིག་དང་མི་མཚུངས་སམ།

རང་འཁོར་གྱི་ཆེད་གཞན་དུ་སློབ་སྦྱོང་འགྲོ་བ་ལ་དངོས་ཤུགས་ནས་བར་ཆད་བྱེད་ལ། འདྲ་སྐུས་དེ་འདྲ་བྱེད་མི་སྲིད། གཡོ་སྒྱུས་རང་སེམས་འདུལ་དགོས། སློབ་སྦྱོང་དགོས་པ་མེད་ཅེས་འཛེམ་མེད་དུ་སྨྲ་བར་བྱེད་མོད། རང་སེམས་འདུལ་དགོས་པ་བདེན་གྱི་ཆོས་མ་ཤེས་ན་འདུལ་བྱེད་ཅི་ཡིན་ཤེས་མ་སོང་ལགས། དེས་ན་སློབ་དཔོན་རྣམས་ཀྱིས་སློབ་མའི་ཚེ་སྔ་ཕྱིའི་མདུན་ལམ་ཐུགས་རྗེས་གཟིགས་པར་ལག་ཐལ་མོ་སྦྱར་ནས་ཞུ་བ་འབུལ་བཞིན་ཡོད། བློ་རྒྱ་བསྐྱེད་དགོས། རང་སྔོན་ཙམ་ལས་གཞན་མཐོང་དགོས། ཆབ་སྲིད་དང་ཆོས་གཉིས་མ་ནོར་བར་དགོས་སོ། །གཞན་ལ་གནོད་པའི་རྒྱུར་མི་འགྱུར་བར་ཕན་པའི་རྒྱུར་འགྱུར་བར་སྨོན། དངོས་གྲུབ་དཔལ་ནས་ངལ་གསོའི་དུས་ལ། སློབ་ཆེན་ནམ་གྲྭ་སར་བཀག་པའི་ནག་ཉེས། ལས་སྣ་བ་ཁ་ཅིག་གིས་རང་ལ་སློབ་སྦྱོང་མེད་པར་མ་ཟད་གཞན་ལ་དངོས་ཤུགས་བརྒྱུད་གསུམ་ནས་སློབ་སྦྱོང་གི་གོ་འགོག་པ་དང༌། དགོན་སྡེ་ཁ་ཅིག་གིས་རང་ལ་དགེ་རྒན་དང་སློབ་གྲོགས་སོགས་གང་གི་སྒོ་ནས་སློབ་ཆུང་ངམ་བསྡུས་ཆུང་ཞིག་གི་མཐུན་རྐྱེན་ལས་མེད་ཀྱང་གཞན་གྲྭ་སར་འགྲོ་བ་འགོག་པ་ནི་དགོན་སྡེ་རང་དང་སློབ་མ་རྣམས་ལ་གནོད་ཚབ་དེ་ལས་ཆེ་བ་མེད་པར་སྣང་ལ། དེས་ན་སློབ་མ་རྣམས་ཀྱི་ཚབ་བྱས་ནས་འཛམ་གླིང་གི་རང་བཞིན་ནམ་དུས་རབས་ཉེར་གཅིག་པ་དང་མཐུན་པར་སློབ་མ་རྣམས་སློབ་ཆེན་ནམ་གྲྭ་ས་ཆེན་པོར་གཏོང་རོགས་ཞུ་ཞུས་པ་ཡིན། སྤྱིར་སློབ་སྦྱོང་གི་གོ་སྐབས་ཤོར་བ་རྣམས་ལ་སློབ་སྦྱོང་གི་གོ་སྐབས་སྤྲད་དགོས་པ་ལས་སྒེར་གཅོད་ཀྱི་དབང་ཤུགས་ལ་བརྟེན་ནས་ཁོར་ཡུག་ཆེ་ས་ལ་སློབ་སྦྱོང་བྱེད་པ་བཀག་ནས་རང་གི་ཁོར་ཡུག་ལ་བཙུད་པ་ནི། དཔེར་ན་རྒྱ་མཚོའི་ཉ་ཞིག་བཟུང་ནས་ན་ཆུ་ཞིག་ཏུ་བཀག་པ་དང་འདྲ་ལ། སློབ་ཆུང་ཞིག་ལས་ལོ་བཅོ་ལྔར་སློབ་སྦྱོང་བྱས་ཀྱང་འཕེལ་རྒྱས་ཆེར་མི་འགྲོ་བ་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཐུབ་པ་རེད། དེས་ན་ཆོས་འཇིག་རྟེན་གང་གི་དབང་དུ་བྱས་ན་ཡང་བར་ཆད་ཆེན་པོ་ཡིན་པ་ཤེས་དགོས། དགོན་སྡེ་གཞན་ལ་མིག་གིས་ལྟོས་དང་གསལ་འོང་ལགས། དེ་ལྟར་མ་ཡིན་ན་བླ་མ་ཞིག་ལ་མཚོན་ན་རང་གི་སློབ་མ་རྣམས་ལུགས་གཉིས་ཀྱིས་དབེན་པའི་རང་མཐའ་ལ་གནས་པའི་དུད་འགྲོ་དང་གཉིས་སུ་མེད་པར་འགྱུར་རོ། །གྲྭ་བ་ཞིག་ལ་མཚོན་ན་སློབ་སྦྱོང་བཀག་པ་དེ་ཆོས་སྒྲུབ་པ་བཀག་པ་དང་གཅིག་མཚུངས་མ་ཡིན་ནམ་ལགས། སྤྲང་འཁྱམ་པ་དངོས་གྲུབ་དཔལ་ནས་གཞན་གྱི་དཀའ་ངལ་སེལ་ཕྱིར་བརྗོད་པའོ། །

ཐར་བ་ལ་ཤེར་རབ་དང་ཚུལ་ཁྲིམས་གལ་ཆེ།

ཐར་བ་ལ་ཤེར་རབ་དང་ཚུལ་ཁྲིམས་གལ་ཆེ།

ཐར་བ་ཐོབ་པ་ལ་ཉོན་མོངས་པའི་སྒྲིབ་པ་སྤང་དགོས། དེ་སྤང་བ་ལ་གཉེན་པོ་ཟག་པ་མེད་པའི་ཤེས་རབ་སོགས་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དགོས་ལ། དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་མཛོད་རྩ་བ་ལས། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཞེས་གསུངས་སོ། །ཤེས་རབ་བསྐྱེད་པ་ལ་གཞི་ཚུལ་ཁྲིམས་རྣམ་དག་གལ་ཆེ་སྟེ། མདོ་ལས། ཚུལ་ཁྲིམས་ལ་བརྟེན་ཚུལ་ཁྲིམས་ལ་གནས་ནས། །རིམ་གྱིས་འཕགས་པའི་བདེན་པ་བཞི་བོ་དག །ཡང་དག་ཇི་བཞིན་དུ་ནི་རྟོགས་པར་འགྱུར། །ཞེས་གསུངས་སོ། །དེས་ན་ཚུལ་ཁྲིམས་ཀྱི་མཆོག་དགེ་ཚུལ་སློང་གི་སྡོམ་པ་ལེགས་པར་བསྲུང་བར་བྱའོ། །ལ་ལ་ཐར་བ་ཐོབ་པ་ལ་ཤེར་རབ་མི་དགོས་པར་འདོད་པ་དང༌། ལ་ལ་ཐར་བ་ཐོབ་པ་ལ་ཚུལ་ཁྲིམས་མི་དགོས་པར་འདོད་པའི་ཉེས་སེལ་དུ་བསྟན་ལ་ལྷག་བསམ་གྱིས་བསྐུལ་ཏེ་བཙུན་པ་དངོས་གྲུབ་དཔལ་ནས་སྨྲས་པའོ། །དྲི་བ། མཁན་པོ་ཞིག་གིས་དེང་སང་གྲྭ་བ་དག་རྫུན་མང་པོས་རབ་བྱུང་ངུར་སྨྲིག་གི་གོས་གྱོན་འདུག་པ་དེ་རུང་ངམ་ཅི། དྲིས་ལན་ནི། གྲྭ་བ་དག་རྫུན་གྱི་ནང་ན་གྲྭ་གོས་གྱོན་པ་དང་མི་གྱོན་པ་མང་ལ། གྲྭ་བ་དག་མ་ཡིན་ན་གྲྭ་གོས་གྱོན་པས་ཁྱབ་པ་མེད་ན་གྲྭ་རྫུན་ལ་དེ་ལས་ཀྱང་མ་ཁྱབ་མོད། སྤྱིར་རབ་བྱུང་བ་རྣམས་ཀྱིས་གོས་ངུར་སྨྲིག་བགོ་དགོས་པ་དང་རབ་བྱུང་མ་ཡིན་པ་དག་གིས་བགོ་མི་རུང་བ་ནི། མདོ་ལས། གང་ཞིག་བསླབ་ལ་མི་གནས་པ། །བདེ་གཤེགས་རྒྱལ་མཚན་འཛིན་པ་ལས། །བསླབ་ལ་མི་གནས་སྐད་ཅིག་གི །གཟུགས་པོར་ཁྱིམ་པར་གནས་པ་བཟང༌། །ཞེས་གསུངས་པ་སོགས་འདུལ་ལུང་སྡེ་བཞི་སོགས་སུ་རྒྱ་ཆེར་གསུངས་པ་མང་མོད་ལུང་དེ་དག་སྐུ་ཉིད་ཀྱིས་མཁྱེན་པ་རེད་བསམ་ནས་མ་སྤྲོས། ཁ་ཅིག་རབ་བྱུང་མ་ཡིན་པ་དག་གིས་རབ་བྱུང་གི་གོས་གྱོན་རུང་བའི་རྒྱུ་མཚན་ལ་གོས་ངུར་སྨྲིག་གི་ཕན་ཡོན་བཤད་པའི་ལུང་མང་པོ་བཀོད་མོད། ལུང་དེ་དག་ནི་རབ་བྱུང་གི་གོས་ཀྱི་ཡོན་ཏན་བསྟན་པ་ཙམ་ལས་ཁྱིམ་པས་གྱོན་དགོས་པའི་ཤེས་བྱེད་དུ་མི་འགྲོའོ། །དཔེར་ན་སངས་རྒྱས་ཀྱི་སྐུ་གཟུགས་ལ་ཡོན་ཏན་ཡོད་ནའང་ལྷམ་ངོ་ལ་སྦྱར་ན་མི་རིགས་པ་ལྟར་ཡིན་ལ། དེས་ན་རབ་བྱུང་གི་གོས་ངུར་སྨྲིག་གྱོན་རུང་བ་དག་ནི་གྲྭ་བ་ངེས་པ་ལགས། དྲི་བ། འོ་ན་མཁན་པོ་བཙུན་མས་རབ་བྱུང་གོས་ངུར་སྨྲིག་གྱོན་མི་རུང་བ་ཡིན་ནམ། ལན། དེ་ནི་མ་ཡིན་ཏེ། བཙུན་མ་རྣམས་གྲྭ་བ་ཡིན་ཡང་གྲྭ་བ་བཙུན་མ་གཉིས་སུ་ཕྱེ་བའི་གྲྭ་བ་མ་ཡིན་པ་ཤེས་དགོས་ལ། དཔེར་ན་རྗེ་བཙུན་སྒྲོལ་མ་འཕགས་པའི་ས་ཐོབ་པས་ན་འཕགས་པ་ཡིན་ཡང་འཕགས་པ་དང་འཕགས་མ་གཉིས་སུ་ཕྱེ་བའི་འཕགས་པ་མ་ཡིན་པ་བཞིན་ཡིན་པར་སེམས་ལགས་སོ། །དངོས་གྲུབ་དཔལ་ནས་བྲིས་པའོ། །

རྒྱལ་བསྟན་ཚོང་རྫས་བྱེད་པ།

རྒྱལ་བསྟན་ཚོང་རྫས་བྱེད་པ།

དེང་དུས་སུ་བོད་མི་ཕལ་ཆེ་བ་ལ་རྒྱལ་བསྟན་ལ་དད་པ་མེད་པར་མ་ཟད་དམ་ཆོས་རིན་པོ་ཆེ་ནི་གཞན་མགོ་སྐོར་བའི་རིན་པོ་ཆེ་ཁོ་ནར་སྤྱད་ནས་ཚོང་རྫས་སུ་བྱེད། ཁ་ཅིག་ཤེས་ཡོན་མེད་པས་བསྟན་འགྲོར་དུང་ཞེན་ཙམ་ཡོད་ཀྱང་གནོད་པའི་བྱ་བ་ལས་ཕན་པ་སྒྲུབ་མི་ཤེས། ཁ་ཅིག་ཤེས་ཡོན་ཙམ་ཡོད་ཀྱང་ལྷག་བསམ་མེད་པས་རང་དོན་ཁོ་ན་ལས་བསྟན་འགྲོའི་དོན་བརྩོན་འདོད་མེད། ཁ་ཅིག་ཤེས་ཡོན་ལྷག་བསམ་ཙམ་ཡོད་ཀྱང་སྙིང་སྟོབས་སམ་སྤོབས་པ་མེད་པའི་དབང་གིས་བསྟན་འགྲོ་ལ་སྨན་པའི་རྣམ་དཀར་གྱི་ལས་ལ་གཞོལ་མི་ནུས་པས་བསྟན་པ་ནི་སྨྱོན་པའི་ལག་ཏུ་རལ་གྲི་བཞག་པ་ལྟར་བསྟན་པ་བསྟན་པའི་གནས་སུ་མ་བཞག་པར་ཚོང་རྫས་སུ་གྱུར་བས་ན་ཆོས་པའི་གཟུགས་ཀྱིས་བསྟན་པ་འདི་དཀྲུགས་པ་ལ་ཡིད་སྐྱོའོ། །དེས་ན་ལག་ཐལ་མོ་སྦྱར་ནས་ནང་བ་པ་ཀུན་གྱིས་མ་འོངས་པའི་རྒྱལ་བསྟན་ལ་ཐུགས་བསམ་གནང་བར་ཞུའོ། །སྤྲང་འཁྱམ་པ་བཙུན་པ་ངག་དབང་དངོས་གྲུབ་དཔལ་གྱིས་ཁམས་མི་ཉག་ནས་ཟླ་༡༢ པའི་ཚེས༡༩ ལ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་རྗེས་དྲན་གྱི་ཚོགས་འདུ་འདིར་ཕེབས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་དྲུག་དང་གདན་ས་གསུམ་དང་གཞུང་གི་འགོ་ཁྲིད་རྣམ་པ་དང༌། སློབ་ཆེན་ཁག་གི་མི་སྣ་དང་ལོ་རྒྱུས་པ་སོགས་མཁས་དབང་རྣམ་པ་ལྷན་རྒྱས་ལ་གུས་ཕྱག་དང་བཅས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། གུས་པ་བདག་ལ་མཚོན་ན་སྐྱེས་སྦྱང་གི་ཡོན་ཏན་མི་ལྡན་པའི་གྲྭ་རྐྱང་ཞིག་ཡིན་མོད་སྐབས་འདིར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་རྗེས་དྲན་གྱི་ཚོགས་ཆེན་འདིར་ཞུགས་པའི་གོ་སྐབས་བྱུང་བ་ལ་དགའ་སྤྲོ་ཡོད་ལགས། དེས་ན་རྗེས་དྲན་ཚོགས་ཆེན་འདི་གཙོ་སྒྲུབ་བྱེད་མཁན་གྱི་ཙོང་ཁ་བ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པ་སོགས་འབྲེལ་ཡོད་ཀྱི་མི་སྣ་ཡོངས་ལ་བཀའ་དྲིན་ཐུགས་རྗེ་ཆེ་ཞུ། བདག་གིས་དེ་རིང་ཞུ་རྒྱུའི་གཏམ་བཤད་ཀྱི་ཁ་བྱང་ནི་བོད་ཡར་རྒྱས་ཀྱི་ཐབས་ལམ་སློབ་གསོ་གླེང་བ་ཞེས་པ་དེ་ཡིན། དེ་ཡང་སྡེ་ཚན་གསུམ་གྱི་སྒོ་ནས་ཞུས་ན། ༡ དང་པོ་པཎ་ཆེན་རིན་པོ་ཆེའི་ཐུགས་ཀྱི་བཞེད་དོན་ཕྱོགས་ནས་ཞུས་ན། པཎ་ཆེན་མཆོག་གིས། བོད་རྗེས་ལུས་ཀྱི་རྣམ་པ་མ་བསྒྱུར་ན། ང་ཤི་ཡང་མིག་མི་བཙུམ། ཞེས་སྡོམ་ཚིག་གལ་ཆེན་གནང་བ་བཞིན་དམ་པ་གང་གི་སྐུ་ཚེ་གང་ལ་བོད་ཀྱི་རིག་གཞུང་དར་སྤེལ་གྱི་ཆེད་དུ། ཞིང་ལྗོངས་སོ་སོར་སློབ་གྲྭ་བཙུགས་པ་སོགས་འབད་བརྩོན་ཆེན་པོ་གནང་བ་ནི་བ་དེ་རིང་མཁས་དབང་རྣམ་པ་ཚོས་རབ་དང་རིམ་པ་གསུངས་ཟིན་པ་ལྟར་རེད་ལགས། ལྷག་པར་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་དྲུག་གི་མཁས་དབང་རྣམ་པ་གསོ་སྐྱོང་བྱེད་པའི་ལྟེ་གནས་པེ་ཅིན་དུ་བོད་བརྒྱུད་ནང་བསྟན་སློབ་གྲྭ་ཆེན་མོ་བཙུགས་ནས་སྔར་མེད་བོད་ཀྱི་ཆོས་བརྒྱུད་དྲུག་གི་གཅིག་མཐུན་གྱི་ཐོབ་ཐང་འདྲ་མཉམ་གྱི་སློབ་གྲྭ་ཆེན་མོ་གསར་འཛུགས་བྱས་པས་ཤེས་ཡོན་གྱི་གོ་སྐབས་བཟང་བོ་བྱུང་བ་ཚང་མས་མཁྱེན་གསལ་ལྟར་རེད་ལགས། སྐབས་དེ་དུས་ང་ཚོ་ཇོ་ནང་བ་ལ་མཚོན་ན་ཡང་སློབ་གྲྭ་དེར་སློབ་མ་བསྡུ་བ་དང༌། གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཅེས་པའི་ནང་དུ་ཇོ་ནང་གྲུབ་མཐའི་གཞུང་དཔེ་བཞག་པ་དང༌། དགེ་རྒན་གདན་ཞུ་བྱས་པ་སོགས་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཁེ་དབང་གནང་བ་ནི་ང་ཚོ་ཇོ་ནང་བ་ལ་མཚོན་ན་བསྟན་པ་ཉམ་ཆུང་ཞིང་ཉག་ཕྲ་བ་ལ་བརྩེ་གཟིགས་གནང་བ་ལྷག་པར་དུ་བཀའ་དྲིན་བླ་ན་མ་མཆིས་པ་ཡིན། དེ་ཡང་དམ་པ་ཁོང་གིས་ཐུགས་བཞེད་ལ། ཇོ་ནང་ཆོས་བརྒྱུད་ལ་མཚོན་ན་སངས་རྒྱས་ཀྱི་ཆོས་འཁོར་རིམ་པ་གསུམ་སྐོར་བའི་ནང་ནས་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གྱི་དགོངས་པ་རྩལ་འདོན་བྱེད་པ་དང༌། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པ་ཉམས་ལེན་གཙོ་བོར་བྱེད་པ་ནི་འཛམ་\ིང་གི་སྟེང་ན་ཇོ་ནང་བ་གཅིག་པུ་ཕལ་ཆེར་ཡིན་པས་དེ་ཉམས་ན་སངས་རྒྱས་ཀྱི་བསྟན་པ་ཕྱོགས་གཅིག་ཉམས་པར་དགོངས་ནས་དར་རྒྱས་སུ་བཏང་བ་ཡིན་པ་རེད། པཎ་ཆེན་མཆོག་གིས་ཇོ་ནང་བའི་བསྟན་པ་ལ་ཐུགས་རྗེས་བརྩེ་གཟིགས་གནང་བ་སོགས་མདོར་ན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཞེད་དགོངས་ནི་བོད་ཡར་རྒྱས་གཏང་རྒྱུ་དེ་ཡིན་པ་རེད་བསམ་བཞིན་ཡོད། ༢ དེས་ན་སྡེ་ཚན་གཉིས་པ་སློབ་གསོ་ལེགས་བཅོས་སྐོར་ནས་ཞུས་ན། ང་ཚོ་བོད་ཡར་རྒྱས་ལ་འགྲོ་དགོས་ན་ཤེས་ཡོན་པའི་སྡེ་ཁག་གི་སློབ་གསོ་ལ་རག་ལས་པ་རེད། འོན་ཀྱང་ད་ལྟའི་ཆར་ལྟ་བ་གསར་རྙིང་ངམ་རིག་གནས་གསར་རྙིང་བར་གྱི་སློབ་གསོ་ཕན་ཚུན་སྙོམས་སྒྲིག་བྱེད་མ་ཐུབ་པའི་དབང་གིས་གཅིག་མཐུན་གྱི་སློབ་གསོའི་ཁ་ཕྱོགས་ཅིག་མེད་པར་ཆགས་འདུག དེས་ན་ང་རང་སྒེར་གྱི་ལྟ་ཚུལ་ལ་ཡོངས་ཁྱབ་རིན་ཐང་གི་སློབ་གསོ་དང་བོད་ཀྱི་སྲོལ་རྒྱུན་ནང་ཆོས་དང་འབྲེལ་བའི་སློབ་གསོ་གཉིས་འགལ་བ་ལྟག་སྤྲོད་དུ་རེ་ཟུང་གིས་བཟུང་བ་ཆེས་ནོར་འཁྲུལ་རེད་བསམ་བཞིན་ཡོད། དཔེར་ན་ནུབ་ཕྱོགས་པའི་དམངས་གཙོ་འདྲ་མཉམ་སོགས་ནི་ཡེ་ཤི་མ་ཤིའི་ཆོས་དང་འབྲེལ་ནས་དར་སྤེལ་བྱས་པ་ཡིན་ལ། དེ་ནང་བཞིན་བོད་ལ་བོད་མིའི་ཁྲག་རྒྱུན་དུ་བཞུར་བའི་ནང་ཆོས་དང་འབྲེལ་ནས་བཤད་ན་འགལ་རྐྱེན་མེད་པར་མཐུན་རྐྱེན་དང་ལྡན་པར་འགྱུར་བ་བརྒྱ་ཆ་བརྒྱ་ཐམ་པ་རེད། དེ་ཡང་དགོན་སྡེའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོ་སོགས་ལ་སྙིགས་དོར་བཅུད་ལེན་བྱས་ནས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། དེ་ཡང་སྤྱི་ཚོགས་ཀྱི་སློབ་གསོ་དེ་ཡང་སྔོན་གྱི་སྲོལ་རྒྱུན་ལྟར་ཞིང་ལས་འབྲོག་ལས་ཀྱི་རིག་གནས་མི་ཉམས་པར་བཟུང་ནས་དེང་རབས་རིག་གནས་ཀྱི་ཁ་གསབ་གཏོང་དགོས་པ་ལས། གསར་བ་ཁོ་ན་ལ་ཞེན་པ། ཡང་ན་རྙིང་བ་ཁོ་ན་ལ་ཞེན་ན་ཕྱོགས་རེ་བཟུང་ན་རྗེས་ལུས་ལས་ལྡོག་མི་ནུས་པ་ཡིན་པས། སློབ་གསོ་འཐུས་སྒོ་ཚང་བ་བྱེད་དགོས་པ་གལ་ཆེན་རེད་བསམ། ཡང་བོད་ཀྱི་དགོན་སྡེ་དུ་མར་ནང་ཆོས་ལྟར་བྱས་ན། ཚུལ་དང་མི་མཐུན་པ་ཅི་ཡང་མེད་པར་མ་ཟད། ནང་བསྟན་ནི་རིགས་མི་གཙོ་རུས་མི་གཙོ་བསླབ་པ་རིན་པོ་ཆེ་འདི་གཙོ་ཞེས་གསུངས་པ་ལྟར་ཡིན་མོད། སྟོན་པའི་བཞེད་དགོངས་དང་མི་མཐུན་པར་སྒེར་གཅོད་རང་ལུགས་བྱས་ནས་འཆད་ཉན་ལ་བཀག་འགོག་བྱས་ཏེ། དགོན་སྡེ་བཟུང་བ་དང༌། རང་གི་དམ་ཚིག་སྡོམ་པ་སྲུང་མི་ནུས་ཚེ་སྔགས་ལ་ཞུགས་མདོག་སོགས་མདོར་ན་ཆོས་ལ་བརྟེན་ནས་དཔལ་འབྱོར་དང༌། ཐོབ་གོ་ས་དང༌། ཚོང་ལས་དང༌། གཞན་ལ་མགོ་སྐོར་གྱི་བྱ་བ་སྒྲུབ་པ་སོགས། ཆོས་ལ་བརྟེན་ནས་འཇིག་རྟེན་ཆོས་བརྒྱད་སྒྲུབ་པ་ལ་སློབ་གསོ་བ་ཐམས་ཅད་ཀྱི་བསམ་བློ་གཅིག་མཐུན་བྱས་ནས་སློབ་གསོ་གནང་ན་ལེགས་པའི་ལམ་དུ་བསྐྱོད་ཐུབ་རྒྱུ་རེད། དེ་ལྟར་མ་བྱས་ན་རྒྱ་བརྒྱུད་ནང་བསྟན་དང་ལྷོ་བརྒྱུད་ནང་པ་སོགས་ཀྱིས། བོད་ཀྱི་ཆོས་ནི་ནང་བསྟན་མ་ཡིན་པར་བླ་མའི་ཆོས་ཞེས་བརྗོད་བཞིན་པ་ནི་ཆོས་ཀྱི་སྐྱོན་མ་ཡིན་པར་ཆོས་པ་རེ་ཟུང་གི་སྐྱོན་རེད། ང་ཚོ་བོད་བརྒྱུད་ནང་བསྟན་གྱི་ངོས་ནས་གཞན་ལ་འཚེ་མེད་ཞི་བའི་ལམ་བཟང༌། བྱམས་སྙིང་རྗེ་བདག་མེད་གཉིས་གཏན་ལ་ཕབ་པའི་རིམ་པ་དང༌། བདེན་བཞི་བདེན་གཉིས། ལས་འབྲས་སོགས་གང་གི་ངོས་ནས་བསམ་ན་དངོས་པོའི་གནས་ལུགས་དང་མཐུན་པ། རང་གཞན་ལ་ཕན་བདེ་མ་ལུས་པ་འབྱུང་བའི་གཞི་གཅིག་པུར་གྱུར་བ་ཡིན་པར་ནི་ཟོལ་བསྟོད་དང་དུང་ཞེན་ཙམ་མ་ཡིན་པར་གནས་ལུགས་དང་ལྡན་པ་རེད། འོན་ཀྱང་གང་ཟག་གི་ཆགས་སྡང་ཆོས་ལ་བསྲེས་ནས་ཆོས་པའི་མིང་འཛིན་པའི་གང་ཟག་ལ་ནོར་འཁྲུལ་ཡོད་པ་གོང་དུ་ཞུས་ཟིན་པ་ལྟར་རེད། ཁ་ཅིག་གིས་གང་ཟག་གི་སྐྱོན་ཆོས་ལ་སྦྱར་ནས་སྐྱོན་བརྗོད་པ་དང༌། ཁ་ཅིག་གིས་ནང་ཆོས་ལ་ཞིབ་འཇུག་དང་རྒྱུས་ལོན་མེད་པར་འོལ་ཚོད་བྱས་ནས་སྐྱོན་བརྗོད་པ་ནི་མི་རིགས་པར་ཁོ་ན་རེད། དཔེར་ན་ཁང་བ་ཞིག་གི་ནང་ཅ་དངོས་ཅི་ཡོད་མི་ཤེས་བཞིན་དུ་དེའི་ནང་གི་ཅ་དངོས་ལ་སྐྱོན་བརྗོད་པ་ཀུན་ནས་མཚུངས་ལ། ཁ་ཅིག་གིས་རང་གིས་མ་ཤེས་མ་གོ་མ་རྟོགས་པ་རྒྱུ་མཚན་དུ་བྱས་ནས་ཆོས་ལ་སྐྱོན་བརྗོད་པ་སོགས་ནི་དུག་གསུམ་ཅི་རིགས་ཀྱི་དབང་དུ་སོང་བ་ལས་མ་འདས་པར་འདུག མི་སུ་ཡིན་ན་ནང་ཆོས་ལ་དད་པ་ཡོད་མེད་རང་དབང་ཡིན་མོད་རྒྱུ་མཚན་དང་གནས་ལུགས་མེད་པར་རང་གི་འདོད་བློ་དང་མི་མཐུན་པ་ཙམ་གྱིས། ནང་ཆོས་ལ་སྐྱོན་བརྗོད་བྱེད་པ་ནི་ནང་ཆོས་ཀྱི་ཁེ་དབང་འཕྲོག་པའམ་ནང་ཆོས་ལ་ཚུལ་མིན་ཐེ་གཏོགས་དང་དམའ་འབབ་བྱེད་པ་ཡིན་པས་མི་འོས་པར་སེམས། ཆོས་པའི་མིང་ཁུར་བ་ཞིག་ཡིན་ན་ཡང༌། ཇི་སྐད་དུ། ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས། །ཞེས་གསུངས་པ་བཞིན་ཆོས་དང་འགལ་བའི་བྱ་བ་མི་སྒྲུབ་པ་གལ་ཆེ་སྙམ་ལགས། ནང་སེམས་ཀྱི་དཔལ་ཡོན་དང༌། ཕྱི་དངོས་པོའི་དཔལ་ཡོན་གཉིས་ལས་ཕྱི་དངོས་པོའི་དཔལ་ཡོན་གཙོ་བོར་བྱེད་པ་དག་གིས་ཚོང་ལས་དང་ལག་རྩལ། ཚན་རིག་སོགས་དངོས་པོའི་དཔལ་ཡོན་དར་སྤེལ་གཏོང་དགོས། དགོན་པ་རྣམས་ཀྱིས་གཙོ་བོ་ཕྱི་དངོས་པོའི་དཔལ་ཡོན་ལས་ནང་སེམས་ཀྱི་དཔལ་ཡོན་ཤེས་རབ་ཀྱིས་བསྟན་པ་འཛིན་དགོས་པ་རེད། ༣ གསུམ་པ་དེང་སང་ཀུན་ཀྱིས་གླེང་བའི་ཡོངས་ཁྱབ་རིན་ཐང་གི་སྐོར་ནས་ཞུས་ན། ནང་ཆོས་ལས་བཤད་པའི་ཡོངས་ཁྱབ་རིན་ཐང་ནི། གཞན་གྱིས་བཤད་པའི་ཡོངས་ཁྱབ་རིན་ཐང་ལས་ཟབ་རྒྱས་ཡིན་ཚུལ་མདོར་མཚོན་པ་ཙམ་ཞུ་རྒྱུ་ཡིན། ནུབ་ཕྱོགས་པའི་ཡོངས་ཁྱབ་རིན་ཐང་གི་དམངས་གཙོ་འདྲ་མཉམ་རང་དབང་ལས་ལྷག་པའི་ནང་ཆོས་སུ་འདྲ་མཉམ་རང་དབང་དམངས་གཙོ་ཁྲིམས་སྲུང་ནི་གཏིང་ཟབ་པ་རྒྱ་ཆེ་བ་ཞིག་ཡོད་པ་རེད། དཔེར་ན་ནུབ་ཕྱོགས་པའི་འདྲ་མཉམ་ནི་འགྲོ་བ་རྣམས་ཀྱི་ནང་ནས་མི་གཅིག་པུ་ལ་འདྲ་མཉམ་ཞིག་གླེང་བ་ལས་སེམས་ཅན་ཐམས་ཅད་ཚེ་སྲོག་གི་འདྲ་མཉམ་གྱི་ལྟ་བ་དེ་མེད་པ་རེད། དེས་ན་འགྲོ་བ་མིའི་ཐོབ་ཐང་ཞེས་པ་ནུབ་ཕྱོགས་པའི་སྐད་ཆ་ཞིག་རེད། ང་ཚོའི་སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་ནང་ཆོས་ནི་མི་གཅིག་པུ་ཙམ་མ་ཡིན་པར་སེམས་ཅན་ཐམས་ཅད་བདེ་བ་འདོད་པ་འདྲ་མཉམ། སྡུག་བསྔལ་མི་འདོད་པ་འདྲ་མཉམ་ཡིན་པ་གཅིག་མཚུངས་ཡིན་པས་ཐེག་དམན་གྱི་སྡེ་སྣོད་སྐབས་སུ་གཞན་གནོད་གཞི་བཅས་སྤང་དགོས་པར་གསུངས་ནས་གཞན་ལ་སྡུག་བསྔལ་མི་བསྐྱེད་པ་དང༌། ཐེག་ཆེན་པའི་སྡེ་སྣོད་ཀྱི་སྐབས་སུ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་སོགས་མདོར་ན་གཞན་ལ་ཕན་འདོགས་པའམ་རོགས་རམ་བྱེད་དགོས་པ་སོགས་འདྲ་མཉམ་རྒྱ་ཆེ་བ་ཞིག་གསུངས་བཞིན་ཡོད་པ་རེད། ནང་ཆོས་ལས་རིགས་མི་གཙོ་རུས་མི་གཙོ་བསླབ་པ་རིན་པོ་ཆེ་འདི་གཙོ་གསུང་བ་ལྟར་རེད། དེས་ན་འདྲ་མཉམ་ཁྱད་པར་འཕགས་པ་རེད། རང་དབང་གི་ཕྱོགས་ནས་ཡིན་ན་ནུབ་ཕྱོགས་པ་སོགས་ཀྱིས་གཞན་དབང་དང་རང་དབང་གི་ཁྱད་པར་ནི་མི་གཅིག་པུས་ཚེ་འདིར་ལུས་ངག་གནོད་པ་བྱེད་པ་ཙམ་ལ་གཞན་དབང་བཞག་ནས་རང་དབང་ནི་གཞན་ལ་གནོད་མེད་ཀྱི་ལྟོས་བཅས་ལྟོས་མེད་ཀྱི་ཚེ་འདིའི་ལུས་ངག་གི་ཁེ་དབང་ངམ་རང་དབང་ཞིག་གླེང་བཞིན་ཡོད་པ་དེ་ཙམ་རེད། ནང་ཆོས་ཀྱི་རང་དབང་ནི་སྟོན་པ་ཐུགས་རྗེ་ཅན་གྱིས། གང་ལ་རང་དབང་མེད་པ་དེ་ནི་སྡུག་བསྔལ་བའོ། །ཞེས་གསུངས་པ་ལྟར་ལས་ཉོན་གྱི་གཞན་དབང་དུ་གྱུར་ནས། ན་མི་འདོད་བཞིན་དུ་ན་དགོས་པ། འཆི་མི་འདོད་བཞིན་དུ་འཆི་དགོས་པ་སོགས་སྡུག་བསྔལ་སྣ་ཚོགས་ཡོང་བ་ནི་རང་དབང་མེད་པར་ལས་ཉོན་གྱིས་གཞན་དབང་དུ་གྱུར་སོང་བའི་དབང་གིས་རེད། ནང་ཆོས་ལ་སྐྱེ་བ་འདི་ཁོ་ན་ཙམ་མ་ཡིན་པར་ཕུགས་རྒྱང་རིང་བ་དང་སྐྱེ་བ་གཏན་གྱི་རང་དབང་གི་ཐབས་ལམ་དང་སློབ་གསོ་ཡོད་པ་རེད། དེ་ཙམ་ལས་ཆུ་ཚོད་ཀྱི་དབང་གིས་ཞིབ་ཕྲ་མ་ཞུས་པ་ཡིན་ལགས། དམངས་གཙོ་ཡང་ནང་ཆོས་ལས་སྐབས་དུ་མར་ཚུལ་ཤིང་གང་མང་བྱེད་ཚུལ་སོགས་དམ་ཆོས་འདུལ་བ་སོགས་ལས་གསུངས་ཡོད་པ་རེད། ལྟ་བ་མཉམ་གནས་ཡིན་ན་ནང་ཆོས་ལས་སེམས་ཅན་རྣམས་ཁམས་དབང་མོས་པ་མི་འདྲ་བ་ཡིན་པར་གསུངས་པར་མ་ཟད་གདུལ་བྱ་འགའ་ཞིག་གི་ངོར་གང་ཟག་གི་བདག་ཡོད་པར་གསུངས་པ་སོགས་གང་ལ་གང་འདུལ་དེ་ལ་དེར་སྟོན་པའི་རྒྱུ་མཚན་གྱིས། ལྟ་བ་མཉམ་གནས་ཡང་གསུངས་ཡོད་པ་རེད། ཤེས་བྱ་སྣ་མང་ལ་སྦྱང་དགོས་པ་ཡང་རྒྱལ་ཚབ་བྱམས་པ་མགོན་པོས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །ཞེས་དང༌། ས་པཎ་གྱིས། རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལས་རིང༌། །ཞེས་དང༌། རྒྱལ་སྲས་ཞི་བ་ལྷས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་རེད། ནང་ཆོས་ལས་ཁྲིམས་སྲུང་ཡང་སངས་རྒྱས་ཀྱི་བཅས་པ་དང་དགེ་འདུན་གྱི་ནང་ཁྲིམས་སྲུང་དགོས་པར་གསུངས་པར་མ་ཟད་ཡུལ་གྱྀ་རྒྱལ་བོའི་ཁྲིམས་ཡང་སྲུང་དགོས་པར་གསུངས་པས་གྲུབ་པ་རེད་ལགས། དེས་ན་དམངས་གཙོ་འདྲ་མཉམ་རང་དབང་ཚད་ལྡན་ཞིག་ནང་ཆོས་ལས་བཤད་ཡོད་པ་དེ་དེང་རབས་ཀྱི་སློབ་གསོ་བ་སོགས་ཀྱིས་མཁྱེན་དགོས་པ་རེད་ལགས། སྤྱིར་མང་པོ་ཞུས་ན་མང་པོ་རེད་དེ། འོན་ཀྱང་དུས་ཚོད་ཀྱི་རྐྱེན་དབང་དང༌། མི་གཅིག་གིས་བསམ་ཚོད་ཀུན་ཞུ་དགོས་ན་ཆུ་ཚོད་ཐུང་ཐུང་ཞིག་ལ་རྣམ་རྟོག་གི་འཆར་སྒོ་གྲངས་མང་བས་ཞུ་བ་མི་རྫོགས་པས། དེ་ཙམ་གྱིས་མཇུག་བསྡུ་བར་བྱེད་རྒྱུ་ཡིན། མཇུག་མཐར་འཚེ་མེད་ཞི་བའི་ལམ་བཟང་ལ་བརྟེན་ནས་ཡངས་བའི་རྒྱལ་ཁམས་ཀུན་ཏུ་ཞི་བདེའི་དཔལ་ལ་རོལ་བར་སྨོན། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེའོ། །

རྒྱ་བླ་གཙོ་འཁོར་ལ་སྙན་ཞུ།

རྒྱ་བླ་གཙོ་འཁོར་ལ་སྙན་ཞུ།

སྤྱི་ཚོགས་ཀྱི་ཁོར་ཡུག་ན་རྒྱ་བླའི་ཉེས་སྐྱོན་ཆེར་གླེང་བ་ནི། རྒྱ་བླ་ཕལ་ཆེ་བའི་ཀུན་སྤྱོད་མ་ལེགས་པའི་དབང་གིས་རེད། འོན་ཀྱང་རྒྱ་བླའི་ནང་ན་རེ་ཟུང་ལྷག་བསམ་པ་དང་དྲང་བདེན་པ་ཡོད་པ་མཐོང་ཐོས་སུ་གྱུར་བ་ཡོད། ཕལ་ཆེར་གཡོ་སྒྱུས་དཔལ་འབྱོར་བསྡུ་ལེན་བྱེད་ཚུལ་གྱི་ཐབས་ལམ་ནི་ཇག་ཚོགས་ཀྱི་སྤྱོད་པ་དང་ཀུན་ནས་མཚུངས་སོ། །ངས་དེ་རིང་བཤད་འདོད་པ་གཙོ་བོ་རྒྱ་བླའི་རྒྱབ་རྟེན་བོད་བླ་དང་དེའི་རྒྱུག་ཁྱི་རྣམས་ཀྱི་རྐུན་མ་རྐུན་ཁུག་བྱས་ནས་ཁྲི་འདོན་དང་སེར་ཕྲེང་གིས་བསུས་ནས་རྒྱ་རིགས་མང་པོ་ལ་མགོ་འཐོམ་དུ་བཅུག་ནས་དཔལ་འབྱོར་ལེན་པ་ནི་དགེ་སློང་ཞིག་ཡིན་ན་མ་བྱིན་ལེན་གྱི་ཕམ་པས་གོས་པར་འགྱུར་རོ། །རྒྱ་བླའི་རྒྱུག་ཁྱི་རྣམས་ཀྱིས་སྐེ་ལ་པར་ཆས་ཞིག་ཁུར་ནས་ཚབ་ཚུབ་ངང་གྲྭ་རྐྱང་རྣམས་ཀྱིས་སྟེང་དུ་ཕར་མཆོང་ཚུར་མཆོང་བྱས་ནས་པར་དང་བརྙན་བླངས་བ་དེའི་དམིགས་ཡུལ་ནི། ཡུན་ཐུང་ཞིག་མིན་པར་མི་ཚེ་གང་ལ་ཚོང་རྫས་བྱེད་བཞིན་ཡོད་པ་རེད། ཚོང་རྫས་ལེགས་གྲུབ་བྱུང་བ་ནས་དགོན་པ་ལ་རོགས་སྐྱོར་ཆུང་ངུ་དེ་ཡང་ཆད་འགྲོ། སྤྲུལ་སྐུ་མ་ཡིན་པ་ལ་སྤྲུལ་སྐུ་ཡིན་པ་དང་དགོན་བདག་མ་ཡིན་པ་ལ་དགོན་བདག་གི་མིང་རྫུན་བཏགས་པ་སོགས་ནི་ང་ཚོ་དད་ལྡན་མང་ཚོགས་ཀྱི་སྐྱབས་གནས་ཡིན་པ་སོགས་ཀྱི་ཆ་ནས་ཧ་ཅང་བློ་ཕམ་དགོས་པ་དང་སྐྱོ་བའི་གནས་སུ་མཐོང༌། །སྐྱབས་གནས་རྣམས་ཀྱིས་དད་ལྡན་མང་ཚོགས་ཀྱི་མགོ་སྐོར་བ་ནི་མི་འོས་སོ། །རྒྱུག་ཁྱི་རྣམས་ཀྱིས་རྒྱུགས་དངུལ་གྱི་ཆེད་ཡིན་པས་སྙིང་རྗེའི་གནས་ཡིན་པར་མ་ཟད་རྒྱ་བླའི་ངོ་དཀར་ནག་ལ་བལྟས་ནས་ཡོན་ཏན་མེད་ཀྱང་བསྟོད་ར་དང་གཞན་ལ་ཕྲག་དོག་སོགས་བྱེད་པ་ནི་ཤ་ཁྱི་དང་ཀུན་ནས་མཚུངས་སོ། །རྒྱ་བླ་བྱོན་ཚེ་འཁོར་རྗེས་འབྲང་དང་བཅས་ཕེབས་ནས་མི་འདོད་པ་རྫུན་དང་ཕྲ་མ་ཕྲག་དོག་ནང་འཁྲུག་སོགས་རྩོད་རྙོག་གི་རྩུབ་འགྱུར་གྱི་ཚལ་ནང་དུ་བསླེབས་པ་དང་འདྲའོ། །རྒྱ་བླའི་ངག་ནས་གཞན་དོན་ཁོ་ན་བཤད་ནས་སེམས་ནས་བརྣབ་སེམས་ཁོ་ནས་འཁོར་ལོ་སྐོར་བར་མ་ཟད་བདག་ལ་རྒྱ་བླ་ཞིག་གིས་བཤད་དོན་ང་ཚོ་རྒྱ་བླ་རྣམས་ལ་རྒྱ་ཆ་དགུ་བཅུ་གོ་བརྒྱད་ལ་སྡོམ་པ་མེད་པར་འདུག་ཅེས་བཤད་སོང༌། རྒྱ་བླ་ལ་ཚོང་རྫས་ཀྱི་དགོས་མཁོ་གལ་ཆེན་ནི། རྒན་གསོ་དང་སློབ་གྲྭའི་མིང་ཙམ་དང༌། སྐུ་གསུང་ཐུགས་རྟེན་གྱི་ཚོང་ལས་དང༌། རྟེན་རྙིང་བཅས་ཡིན་འདུག འདོད་དོན་གཙོ་བོ་ནི། ཁང་བ་རླངས་འཁོར་རིགས་མ་ཐོབ་གོ་ས་སོགས་སོ། །འདིར་ཚིག་ཉུང་བསྡུས་བཤད་དགོས་དོན་ནི། དགོན་པར་རྒྱུན་སྡོད་བཅས་པའི་ཤེས་ཡོན་མེད་པའི་བླ་རྒན་རྣམས་ཀྱི་རྒྱ་བླའི་རྒྱབ་བརྟེན་བཅས་ནས་མ་བྱིན་ལེན་གྱི་ཕམ་པ་འབྱུང་བ་བཟློག་ཕྱིར་དང༌། རྒྱུག་ཁྱི་རྣམས་ཀྱིས་དཔལ་འབྱོར་གྱི་ཆེད་བསྟན་པ་ཚོང་རོགས་བྱས་ནས་ལས་ངན་བསགས་པ་བཟློག་པའི་ཆེད་དང༌། གྲྭ་རྐྱང་ཤེས་ཡོན་པ་རྣམས་ཀྱིས་རྒྱ་བླ་ཁྲི་འདོན་དང་སེར་ཕྲེང་གིས་བསུ་བ་མི་འདོད་ཀྱང་དབང་འཛིན་པ་དང་སྒེར་གཅོད་པ་རྣམས་ཀྱི་བཙན་དབང་གིས་དགོན་དོན་ཡིན་མདོག་བཤད་ནས་དབང་བསྒྱུར་བྱས། དོན་ལ་དབང་འཛིན་དང་སྒེར་གཅོད་པའི་ཁུག་མ་ནང་ལ་འབབ་ཡོང་བཟང་པོ་ཡོད་པས་རེད། དེ་ལྟར་འཇིག་རྟེན་གྱི་སྒྱུ་མའི་གཡོ་སྦྱོར་བརྗོད་མཐའ་བྲལ། དེ་འདྲའི་ཉེས་སྐྱོན་མེད་པའི་རྒྱ་བླ་ལ་ཞུས་པ་མ་ཡིན་པས་དགོངས་འགལ་མེད་པར་ཞུ། རྒྱལ་ཁམས་པ་དངོས་གྲུབ་དཔལ་གྱིས་སོ། །འཆད་ཉན་མེད་ན་ད་དུང་ཡང་རྗེས་ལུས་རེད། ཇོ་ནང་གི་སྡེར་གཏོགས་པ་ཀུན་ལ་ཞུ་གསོལ། དཔལ་ལྡན་རྒྱལ་བ་ཇོ་ནང་བའི་བསྟན་པ་དར་འཕེལ་མི་འགྲོ་བའི་གནད་འགག་ནི་འཆད་ཉན་མེད་པའམ་བསྟན་པ་ལ་འཇུག་རིམ་ཆ་མ་ཚང་བའི་དབང་གིས་རེད། ང་ཚོ་ཇོ་ནང་བའི་བླ་རྒན་རྣམས་ཀྱིས་སློབ་གསོ་ལ་བརྟེན་ནས་ཐོས་བསམ་སྒོམ་གསུམ་ལས་ཉམས་པར་འགྱུར་བའི་གནས་ཚུལ་མང་པོ་མཐོང་རྒྱུ་འདུག སྤྱིར་ཆོས་གང་སྒོམ་ན་དེ་ཤེས་དགོས་ཤིང༌། སྤང་བྱ་གང་སྤང་ནའང་དེ་ངོས་ཟིན་དགོས་པ་དང༌། བྱ་བ་གང་ཞིག་བསྒྲུབ་ནའང་བྱ་བའི་གནས་བབ་ལ་རྒྱུས་ལོན་པའམ་ལེགས་པར་རྟོགས་པ་དང༌། དེར་མ་ཟད་བསྟན་པ་གཞན་ལ་འཆད་ནའང་བསྟན་པ་ཤེས་དགོས་པ་དང༌། རང་གིས་ཉམས་སུ་བླང་ནའང་ཉམས་སུ་ལེན་བྱ་དེ་ཤེས་དགོས་པ་རེད། ཐ་ན་དམངས་ཚོགས་ལ་ནང་ཆོས་ངོ་སྤྲོད་ཙམ་བྱེད་པ་ལ་ཡང་རང་གིས་ནང་ཆོས་ཤེས་དགོས་པ་གཞིར་བཞག་རེད། འཇིག་རྟེན་ན་གཞན་གྱིས་དྲི་བ་ཞིག་དྲིས་ནས་ལན་ཙམ་ཞིག་བྱ་བ་ལའང་ཤེས་རབ་ལ་མ་བརྟེན་ཐབས་མེད་པ་རེད། མདོར་ན་སྤང་བྱ་མ་རིག་པ་སེལ་བ་དང་ཐམས་ཅད་གཟིགས་པ་ཐོབ་དགོས་པ་གང་ལ་བསམ་ནའང་ཤེས་རབ་གཤིས་ཕྱིན་པ་ཞིག་སློབ་དགོས་པར་སྨོས་མ་དགོས་པ་རེད། གལ་ཏེ་ཤེས་རབ་ཀྱི་སྤྱན་མེད་ན་གང་ལ་བརྩོན་ན་མིག་ལོང་གིས་ལས་ཀ་བྱས་པ་དང་འདྲ་བར་རང་མགོ་ཐོན་པ་ཞིག་ཡོང་མི་སྲིད་པ་རེད། རང་ཅག་ཇོ་ནང་བ་ལ་མཚོན་ན་དུས་འཁོར་གྱི་རྒྱུད་དོན་ཆ་ཚང་བ་ཞིག་བཤད་མཁན་ཉིན་སྐར་གྱི་དོད་དུ་སླེབས་ཡོད་པ་ཡིན་ནའང༌། རྡོ་རྗེ་སློབ་དཔོན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་དུས་འཁོར་གྱི་དབང་ལུང་མན་ངག་ཅུང་ཟད་རེ་བཞུགས་ཡོད་པས་དེ་ལ་འཆད་ཉན་སྒོམ་སྒྲུབ་བྱེད་དགོས་པ་ནི་ང་ཚོའི་ལས་འགན་གཙོ་བོ་ཞིག་ཏུ་ཆགས་འདུག་དྲན། སྔོན་བྱོན་དམ་པ་འགའ་ཞིག་གིས་ཐོས་བསམ་མ་བྱས་པར་ཉམས་རྟོགས་རྒྱུད་ལ་འཁྲུངས་སོང་བ་རེད། དེས་ན་ཐོས་བསམ་བྱེད་པ་ལ་དགོས་པ་མེད་པར་སྒོམ་བརྒྱབ་བཞག་ན་དེས་འགྲིག་པ་རེད་བཤད་མཁན་མ་མང་ན་མི་ཉུང་བ་ཞིག་ཡོད་པ་རེད། འདིར་དེ་ལ་གསལ་བཤད་མདོར་མཚོན་ཞིག་ཞུ་འདོད་སྐྱེས་བྱུང༌། སྤྱིར་ཐོས་བསམ་མ་བྱས་པར་སྒོམ་གྲུབ་པ་ནི་རྒྱུ་འབྲས་མི་བསླུ་བས་མི་སྲིད་མོད། ཚེ་འདིར་ཐོས་བསམ་གཙོ་ཆེར་མ་བྱས་ན་ཐོས་བསམ་གྱི་སྦྱངས་བ་སྔོན་དུ་སོང་ནས་ད་ལྟ་སྒོམ་ཉམས་རྟོགས་སྐྱེ་བ་ཡོད་པ་རེད། དེས་ན་སྤྱིར་བཏང་ཐོས་བསམ་དཔེ་ཀློག་མི་དགོས་བཤད་པ་ནི་སྒོམ་མི་དགོས་ཟེར་བར་དོན་གྱིས་སོང་འདུག་པ་ཡིན་ཏེ། མ་ཤེས་ན་སྒོམ་རྒྱུ་མེད་པའི་རིགས་པ་ཙམ་གྱིས་ཀྱང་གྲུབ་པས་སོ། །སྟོང་སྐད་པ་ཁ་ཅིག་གིས་མདོ་རྒྱུད་ཀྱི་ཁུངས་ཅི་ཡང་འདྲེན་དུ་མེད་པར་འདི་ཐོས་པ་ཙམ་གྱིས་གྲོལ་འགྲོ། འདི་སྒོམ་པ་ཙམ་གྱིས་འཚང་རྒྱ་འགྲོ་བ་རེད། འདི་ལས་གཞན་པའི་ཆོས་མེད། འདི་དང་བྲལ་ན་ཆོས་དང་བྲལ་བ་ཡིན་ཞེས་ཤར་ཚོད་དྲན་ཚོད་པོ་བཤད་འདུག་པ་ནི། ཆོས་ལ་བརྟེན་ནས་ཆབ་སྲིད་སྒྲུབ་པ་ཡིན་པས་དོར་བར་རིགས་སོ་ཞེས་བློ་གསལ་དག་ལ་གསལ་འདེབས་ཤིག་ཞུ། སངས་རྒྱས་བྱང་སེམས་ས་མཐོན་པོ་ལ་གནས་པ་འགའ་རེ་སེམས་ཅན་གྱི་དོན་བྱེད་པར་བསམ་བཞིན་དུ་བྱོན་པ་རེ་ཟུང་གིས་ཐོས་བསམ་མཛད་པའི་ཚུལ་མི་གནང་བ་སྲིད་ཀྱང༌། དེས་མཚོན་ནས་སོ་སྐྱེ་འཆང་བ་ཀུན་ལྡན་བདག་ལྟ་བུ་རྣམས་ཀྱིས་ཐོས་བསམ་བྱེད་མི་དགོས་པར་བཤད་པ་ནི་ཞྭ་དཔེ་ལྷམ་ལ་འགེབ་པ་དང་འདྲ་བར་བདོག སྔགས་བླ་ན་མེད་པ་ནི་དམ་ཆོས་ཀུན་གྱི་མཆོག་ཏུ་གྱུར་བ་ཡིན་པས་འདི་ཁོ་ན་སྒོམ་པས་འཐུས་ཀྱི། ཐུན་མོང་གི་གཞུང་ལ་སྦྱང་བ་གཏན་མི་དགོས་པར་བཤད་ཀྱིན་ཡོད་པ་ནི་དཔེར་བཞག་ཏེ་བཤད་ན། རིན་པོ་ཆེའི་མཆོག་ཏུ་གྱུར་བ་གསེར་ཡིན་ཡང༌། ཁྱི་ལ་གསེར་གོང་ཞིག་བྱིན་པས་ཕན་མི་ཐོགས་པ་རེད། དེ་ལས་གཞན་དུ་རང་ལ་འཚམས་པའི་ཁ་ཟས་འགའ་རེ་གཡུག་ན་ཏན་ཏན་ཕན་འགྲོ་བ་བཞིན་དུ། གང་ཟག་རང་རང་གི་རྒྱུད་ཚོད་དང་བསྟུན་ནས་ཆོས་བཤད་པ་དང་སྒྲུབ་པ་གལ་ཆེ་བ་ཁོ་ན་ཡིན། དེའང་ཇོ་བོ་རྗེ་བོད་དུ་ཕེབས་པ་ན་བླ་མ་སྐྱབས་འགྲོ་བ་དང་བླ་མ་ལས་འབྲས་པ་ཞེས་མིང་ཐོགས་སོང་བ་ཡང༌། ཇོ་བོ་ཆེན་པོས་གསང་སྔགས་བསྟན་མ་ཤེས་པ་ག་ལ་ཡིན། གསང་སྔགས་བླ་མེད་ཀྱི་བསྐྱེད་རྫོགས་བཤད་ན་རྒྱུད་ལ་སྐྱེ་བ་ཡོད་པ་དང་བག་ཆགས་འཇོག་པ་སོགས་དགོས་པ་བླ་ན་མེད་པ་ཡོད་པ་གཞིར་བཞག་རེད། འོན་ཏེ། གཞུང་ལུགས་ཆེན་པོ་དག་ལ་འཆད་ཉན་གང་ཡང་མི་དགོས་ཟེར་བ་དེ། གདུལ་བྱ་ཁམས་དབང་མི་འདྲ་བ་མང་པོར་སངས་རྒྱས་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་བ་དོན་མེད་དུ་སྨྲས་པར་འགྱུར་བས། རང་ཅག་ཇོ་ནང་གི་བསྟན་ལ་ལྷག་བསམ་ལྡན་པ་དག་གིས་ངེས་པར་དུ་བརྟག་དཔྱད་གཏོང་དགོས་པར་གྲུབ་འདུག ཐོས་པ་བ་རྣམས་ཀྱིས་སྒོམ་གྲྭ་བ་ལ་བླུན་སྒོམ་པ་ཞེས་འབོད་པ་དང༌། སྒོམ་གྲྭ་བ་རྣམས་ཀྱིས་ཐོས་པ་བ་དག་ལ་ང་རྒྱལ་ཅན་སོགས་སུ་འདོགས་པའི་སྒོ་ནས། ཕན་ཚུན་ངན་སྨོད་ཁོ་ན་བྱེད་པ་ནི་བདུད་སྡིག་ཅན་གྱིས་ཆོ་འཕྲུལ་རང་དུ་འདུག་པས་གཟབ་འཚལ་བ་གཅིག་ལགས། ཇོ་ནང་གི་འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ཡོང་ན་ཇོ་ནང་ཀུན་མཁྱེན་ཡབ་སྲས་དང་རྗེ་ཏཱ་ར་ནཱ་ཐའི་སྐུ་རིང་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་ཡོད་པའི་དབང་གིས་ཇོ་བསྟན་འདི་ཅུང་ཟད་དར་འཕེལ་བྱུང་བར་ཆགས་འདུག་མོད། དེའི་རྗེས་ནས་རིམ་གྱིས་མིང་ཙམ་ལ་ཕལ་ཆེར་ཆགས་སོང་བ་འདི། ཐོས་བསམ་སྒོམ་གསུམ་ཉམས་ཆགས་འདི་ཁོ་ན་ལས་བྱུང་འདུག་དྲན། འགའ་ཞིག་གིས་བཤད་པ་ལྟར། སྒོམ་པ་ལ་སྒོམ་རྒྱུ་དེ་ཤེས་མི་དགོས་པ་ཡིན་ན། དེའི་ཁུངས་བཀའ་འགྱུར་པོད་བརྒྱ་ལྷག་དང་བསྟན་འགྱུར་པོད་ཉིས་བརྒྱ་མཆིས་པ་དག་ལས་ལུང་ཚིག་གཅིག་ཙམ་རེ་ཡོད་ན་གསུངས་རོགས་ཞུ། དེ་མེད་ན་གཏེར་རྫུན་གྲུབ་རྫུན་སྒོམ་རྫུན་རེའི་ལུང་རྫུན་ཙམ་ལ་ཡིད་རྟོན་དང་བྲལ་བས་ཁུངས་སུ་མི་ཆེ། དེས་ན་ད་ནི་ང་ཚོ་ཇོ་ནང་བ་རྣམས་ཀྱིས་བཤད་སྒྲུབ་ཀྱི་བསྟན་པ་ཟུང་འབྲེལ་དུ་བསྐྱང་དགོས་པ་དང༌། དེ་ཡང་ཉམས་སུ་བླང་བྱ་རྣམས་ཤེས་ནས་ཉམས་སུ་ལེན་དགོས་པ་ཡིན་པས་ཇོ་ནང་གི་དགོན་བདག་དང་རྡོ་རྗེ་སློབ་དཔོན་དང་མཁན་པོ་དང་ཐོས་བསམ་སྒོམ་གསུམ་ལ་བརྩོན་པའི་གྲྭ་རྐྱང་དང་གྲོང་ཆོག་པ་སོགས་ཇོ་ནང་བར་གཏོགས་པ་ཀུན་ལ་ལག་ཐལ་མོ་སྦྱར་ནས་སྤྲང་འཁྱམ་པ་དངོས་གྲུབ་དཔལ་གྱིས་ཞུས་པའོ། །ཕྱིན་ཅི་ལོག་ཏུ་མི་འགྲེལ་བར་ཞུ། དངོས་གྲུབ་དཔལ་གྱིས། གཞན་གྱི་གཡོ་སྒྱུའི་གནོན་ཤུགས་ཇི་ལྟར་ཆེ་ཡང་ཀུན་སྤྱོད་གཙང་མའི་རང་ཚུགས་དགོས། རང་གི་ཀུན་སྤྱོད་ལེགས་ན་ཤེས་ཡོན་པ།དྲང་བདེན་པ། ལྷག་བསམ་པ་རྣམས་ཀྱི་བསྟོད་བསྔགས་ཀྱི་མེ་ཏོག་མངོན་པར་གཏོར་ལ། འོན་ཀྱང་ཀུན་སྤྱོད་ལེགས་ན་ཕྲག་དོག་ཅན་དང་གཡོ་སྒྱུ་ཅན་དང་གོ་ས་དང་མིང་ལ་འགྲན་རྩོད་པ་དག་གིས་ཆབ་སྲིད་ཀྱི་གཡོ་སྒྱུའི་མིག་འཕྲུལ་སྣ་ཚོགས་བསྟན་ནས་སྒྲོ་འདོགས་དང་བསྐུར་འདེབས་ཡོང་བ་ནི་དཔེར་ན་སྟོན་པ་ལ་ལྷས་སྦྱིན་བཞིན་ནོ། །ཀུན་སྤྱོད་མི་ལེགས་ན་དེ་ལས་ལྡོག་པའོ། །སྤྱིར་མི་སུ་ཡིན་ན་རང་ལ་ཡོན་ཏན་རེ་ཡོད་ན་གཞན་གྱིས་ཕྲག་དོག་བྱེད་ན་ཡང་རང་གི་གཟི་བརྗིད་ལས་མ་འདས་སོ། །འོན་ཀྱང་གཞན་གྱི་བསམ་སྦྱོར་ཇི་ལྟར་ངན་ཡང་གཞན་ལ་གནོད་པ་བྱེད་མི་རིགས་པ་མ་ཟད་གཞན་ལ་བྱམས་བརྩེས་བལྟ་དགོས་ཏེ། ཇི་སྐད་དུ། བདག་ལ་བརྟེན་ནས་ནམ་དུ་ཡང༌། །གཞན་ལ་གནོད་པར་མ་གྱུར་ཅིག །སྒོ་གསུམ་གང་དང་གང་བརྩམ་པ། གཞན་ལ་ཕན་པར་འགྱུར་བར་ཤོག །ཅེས་གསུངས་པ་ལྟར་རོ། །ཡིན་ན་ཡང་གཞན་གྱིས་དྲང་བདེན་མ་ཡིན་པའི་གནོན་ཤུགས་ཇི་ལྟར་སྤྲད་ཀྱང་གཞན་ལ་གསལ་བཤད་བྱེད་པའི་གོ་སྐབས་ཨེ་རྙེད་ལྟ་བ་ལས་གནས་ལུགས་དང་མ་འོངས་པའི་བསྟན་པ་དང་ལས་འབྲས་འདོར་མི་རུང་བར་དམ་བཅའ་འམ་ཁ་ཕྱོགས་བརྟན་དགོས་སོ། །སྤྲང་འཁྱམ་པ་ངག་དབང་དངོས་གྲུབ་དཔལ་ནས།

དེང་སང་ཁ་དང་ལག་ལེན་སོ་སོ། དེང་སང་གི་བྱ་བ།

དེང་སང་ཁ་དང་ལག་ལེན་སོ་སོ། དེང་སང་གི་བྱ་བ་ནི།

༡ ཁག་གཅིག་གིས་ཁ་ནས་བཟོད་སྒོམ་དང་གུ་ཡངས་དགོས་མདོག་བཤད་ནས་ཁོག་ནས་ཁོང་ཁྲོ་དང་འཁོན་འཛིན་གཞན་ལ་གནོད་འཚེ་ཁོ་ན་རྩོམ་བཞིན་པའི་ཁ་ཁོག་གི་རིམ་པ་གཉིས་ཡོད། ༢ ཁག་གཅིག་གིས་མཐུན་འབྲེལ་བཤད་ནས་རང་གི་འོག་ན་གནས་པ་རྣམས་ལ་མི་མཐུན་པའི་རྒྱུར་དབྱིན་དཀྲུག་ཕུང་སྦྱོར་སོགས་ལྐོག་ཏུ་སློང་བར་བྱེད་དུ་བཅུག་པའི་ཕྱི་ནང་གི་རིམ་པ་གཉིས་ཡོད། ༣ ཁག་གཅིག་གི་འདོད་ཆུང་ཆོག་ཤེས་དགོས་རབས་བཤད་ནས་དོན་ལ་དཔལ་འབྱོར་སོགས་འཇིག་རྟེན་ཆོས་བརྒྱད་ཁོ་ན་རྩོམ་པའི་ཁ་དང་ལག་ལེན་གྱི་རིམ་པ་གཉིས་ཡོད། ༤ ཁག་གཅིག་གིས་ངོ་ཐུག་ཚེ་ངོ་བསྟོད་ཀྱི་ཁུ་བྱུག་གྲགས་ནས་ལྐོག་ནས་བླ་བཙག་གི་འུག་པ་དགོད་པའི་མངོན་ལྐོག་གི་རིམ་པ་གཉིས་ཡོད། ༥ ཁག་གཅིག་གིས་བསྟན་འགྲོའི་དོན་བཤད་ནས་རང་གིས་སྤྱོད་ངན་སྣ་ཚོགས་བྱས་ནས་བསྟན་འགྲོ་ལ་གནོད་པར་བྱེད་པའི་བཤད་པ་དང་བྱ་བ་འགལ་བའི་རིམ་པ་གཉིས་ཡོད་འདུག ༦ ཁག་གཅིག་གིས་ཕྱི་ལ་རིས་མེད་དགོས་པར་བཤད་ནས་ནང་ནས་རིས་ནག་གི་ཆགས་སྡང་དགོས་པར་བཤད་པའི་ཕྱི་ནང་གི་རིམ་པ་གཉིས་ཡོད་འདུག ༧ ཁག་གཅིག་གིས་ཆོས་ལ་སྐྱབས་སུ་སོང་ནས་སྒོ་དུ་མ་ནས་ཆོས་ཚོང་ཁོ་ན་བྱེད་པའི་སྐྱབས་དང་ཚོང་རྫས་ཀྱི་རིམ་པ་གཉིས་འདུག མདོར་ན་དངོས་གནས་པ་དང་གར་འཁྲབ་པ་གཉིས་ཡོད་པར་ཤེས་དགོས། མ་ཤེས་ན་འདི་འདྲ་ལ་རྟེན་ནས་འཇིག་རྟེན་པ་མང་པོ་མགོ་རྨོངས་ནས་ཆོས་དང་ཆོས་མིན་ནོར། དམ་པ་དམ་མིན་ནོར། བདེན་རྫུན་ནོར། ཆོས་དང་འཇིག་རྟེན་ནོར། བཟང་ངན་ནོར། དོན་དངོས་ཡིན་མིན་ནོར་བ་སོགས་ནོར་བའི་འཕྲེང་བ་མཐའ་ཡས་སོ། །དེས་ན་ཁ་བཤད་ལ་མི་ལྟ་བར་བྱ་བའི་བརྒྱུད་རིམ་ལ་བལྟས་ནས་བཟང་ངན་དབྱེ་འབྱེད་དགོས་པར་སེམས་སོ། །མདོ་ལས། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པ་ལྟར་དཔྱད་ན་ཤེས་ནུས་པའོ། །འདི་ནི་ངག་དབང་དངོས་གྲུབ་དཔལ་ནས་མགོ་འཁོར་བའི་མི་དུ་མ་ལ་ཕན་ཕྱིར་དུ་བྲིས་པའོ། །བདག་ཉིད་ཆེན་མོ་རྒྱ་གར་གྱི་མ་ཧ་གན་དྷིས། ས་ཆེན་མོ་འདིས་འགྲོ་བ་མིའི་རིགས་ཀྱི་དགོས་མཁོ་སྐོང་ཐུབ་ལ། འོན་ཀྱང་མི་གཅིག་གི་ཧམ་སེམས་དེ་ནམ་ཡང་བསྐང་མི་ཐུབ། ཅེས་པའི་སྐད་ཆ་དེས་ཧམ་སེམས་ཅན་གྱི་འདོད་རྔམས་ནམ་ཡང་བརྐོང་མི་ཐུབ་པ་ཡིན་ལ། འདོད་རྔམས་ཅན་དང་བསྟུན་ན་རང་གི་མི་ཚེའི་བྱ་བཞག་དང་ཀུན་སྤྱོད་བརླག་པར་འགྱུར་བ་ཤེས་དགོས། སྤྱིར་རང་ཉིད་ཇི་ལྟར་བཟང་ན་ཡང་མི་ཐམས་ཅད་ཀྱི་འདོད་བློ་གང་བ་དང༌། མི་ཀུན་གྱིས་མཐོང་ཆེན་དུ་རྩི་མི་སྲིད། དེས་ན་མི་སུ་ཡིན་ན་ཡང་རང་གིས་ལྷག་བསམ་དང་འབྲེལ་བའི་བདེན་དྲང་གི་ཕྱག་ལས་གནང་བ་ལས་ཀུན་གྱིས་ཡིད་ནང་དུ་འཇོག་པའམ་འཐད་པའི་བྱ་བ་བསྒྲུབ་འདོད་པ་ནི་འགྲུབ་མི་སྲིད་པས་ནོར་འཁྲུལ་རེད། རང་གི་དོན་ཆེན་གྱི་བྱ་བ་བསྒྲུབ་པ་ལ་འགལ་རྐྱེན་བར་ཆད་སོགས་ཡོད་སྲིད་མོད། དེ་ལ་མགོ་མི་སྒུར་བར་བཟོད་སྒོམ་དང་སྤོབས་པ་དང་ཉམས་མྱོང་གི་རྒྱུ་རུ་བསྒྱུར་ཤེས་པ་གལ་ཆེ། བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་པའི་དཔེ་ལྟར་བྱ་བ་ཞིག་སྒྲུབ་པ་ལ་གཞན་གྱི་ཕྲག་དོག་སོགས་ཡོང་བ་ན་རང་གི་བྱ་བ་དེ་གཟི་བརྗིད་དང་ལྡན་པའི་དན་རྟགས་ཞིག་རེད། སྤྱིར་ཀུན་དང་མཐུན་པ་མི་ཆོས་ཀྱི་རྩ་བ་ཡིན་མོད། མཐུན་ལུགས་ནི་ཆོས་པ་ཞིག་ཡིན་ན་ཆོས་དང་མཐུན་པ་ལས་ཆོས་འགལ་དང་མཐུན་མི་རུང་ལ། ཆོས་དང་མི་འགལ་ས་ཞིག་ནས་འཇིག་རྟེན་པ་དང་མཐུན་ན་བཟང་ཀྱང་ཤན་པ་ཆང་འཐུང་སོགས་གཡོ་སྒྱུ་ཅན་དང་མཐུན་ན་འཕྲལ་ཕུགས་ཀྱི་བདེ་འབྲས་བརླག་པར་འགྱུར་རོ། །ཁ་ཅིག་སྙན་གྲགས་དང་དཔལ་འབྱོར་གྱི་ཆེད་ཆོས་མིན་དང་མཐུན་པར་བྱེད་པ་ནི་གླེན་པ་གཏི་མུག་ཅན་ཡིན་ནོ། །འོན་ཀྱང་དེང་སང་ཁ་ཙམ་གྱི་ལེགས་བཤད་བྱེད་པ་མང་ཡང་ལག་ལེན་གྱི་ཚེ་ཁྱིམ་པ་ཕལ་བ་ཞིག་དང་ཁྱད་མེད་པའི་ཆོས་རྫུ་མཁན་ཇེ་མང་དུ་འགྱུར་བཞིན་པས་གཟབ་གཟབ་བྱེད་དགོས་སོ། །རྒྱལ་ཁམས་པ་དངོས་གྲུབ་དཔལ་གྱིས་རབ་རྒྱན་མེ་སྤྲེལ་ལོའི་ཆུ་སྟོད་ཟླ་བའི་ཚེས་ཉེར་དགུའི་སྲོད་ཐུན་གྱི་དུས་སུ་བྲིས་པའོ། །

གནད་བསྡུས་ནི། ལྟ་སྤྱོད་ཀྱི་སྡེ་ཚན་གཉིས།

གནད་བསྡུས་ནི། ལྟ་སྤྱོད་ཀྱི་སྡེ་ཚན་གཉིས་ལས།

དང་པོ་ལྟ་བའི་སྐོར་ནས་རགས་ཙམ་གླེང་ན་དངོས་གཙོ་སྨྲ་བའི་ལྟ་གྲུབ་ནི་དབང་ཤེས་ཀྱི་མངོན་སུམ་གྱི་ཡུལ་ཙམ་ལས་གཞན་ཁས་མི་ལེན་པའི་ལུགས་ཞིག་རེད། ༡ ང་ཚོ་ནང་བ་སངས་རྒྱས་པའི་ལྟ་བ་ཐུན་མོང་བ་ནི་བཀའ་རྟགས་ཀྱི་ཕྱག་བརྒྱ་བཞི་ཡིན་པས་ཁྱད་པར་ཤེས་དགོས། ནུབ་ཕྱོགས་ཀྱི་སློབ་གསོ་ཕལ་ཆེར་ཡེ་ཤུའི་ཆོས་ལུགས་དང་འབྲེལ་བ་ཡིན་པས་ཁོ་ཚོས་ཚེ་སྔ་ཕྱི་ཁས་མི་ལེན་པས་ཚེ་འདི་དང་འགྲོ་བ་མི་གཅིག་པུའི་ཐོབ་ཐང་དང་འཚོ་གནས་སྒྲུབ་ཚུལ་གྱི་ཐབས་ཙམ་ཡིན་ལ། ནང་བསྟན་གྱི་སློབ་གསོ་ནི་ཚེ་སྔ་ཕྱི་ཁས་བླངས་བའི་སྟེང་ནས་འཁོར་བའི་བདེ་བ་མ་ཟད་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་བྱེད་ཀྱི་ཐབས་ལམ་ཞིག་ཡིན་པས་ནུབ་ཕྱོགས་ཀྱི་སློབ་གསོ་དང་ནང་བསྟན་གྱི་སློབ་གསོའི་ཁ་ཕྱོགས་ཕུགས་རྒྱང་རིང་ཐུང་སོགས་ཀྱི་ཁྱད་པར་ཡོད་པ་ཤེས་དགོས། དེང་དུས་སུ་ནུབ་ཕྱོགས་ཀྱི་མཁས་པའི་གསུང་རྩ་ཆེན་དུ་རྩིས་ཏེ་བདག་ཅག་གི་སྟོན་པ་ནས་བཟུང་ད་ལྟའི་བར་གྱི་ནང་བསྟན་གྱི་མཁས་པ་རྣམས་ལ་རྩ་ཆེན་མི་རྩི་བ་དག་ནོར་བུ་ནོར་བུར་མ་ཤེས་པ་རེད་ཅེས་སོགས་བཤད། ༢ རིས་མེད་ལ་རིམ་པ་གསུམ་ཙམ་ཡོད། དང་པོ་ཉེ་རིང་ཆགས་སྡང་བྲལ་བའི་བཏང་སྙོམས་ལ་གནས་པ་ཡིན། རིམ་པ་གཉིས་པ་ནི་རང་གི་གྲུབ་མཐའི་ལུགས་ལ་གཏད་སོ་དང་བཅས་པའི་སྟེང་ནས་གཞན་གྱི་གྲུབ་མཐའ་ལ་ཞིབ་འཇུག་དང་ཉམས་ལེན་བྱེད་པ་ལྟ་བུ་ཡིན། རིམ་པ་གསུམ་པ་རང་ལུགས་ཀྱི་གྲུབ་མཐའ་ལ་སྦྱངས་ནས་གཞན་ལ་སྡང་ཞེན་མི་བྱེད་པ་ཡིན། བོད་ཀྱི་འདས་པའི་ལོ་རྒྱུས་ལྟར་ན་གང་ཟག་གི་ཆགས་སྡང་ཆོས་ལ་བསྲེས་ནས་རྙོག་དྲ་མང་པོ་བྱུང་བ་དེའི་དབང་གིས་མཐུན་འབྲེལ་མེད་པར་གྱུར་ནས་རྗེས་ལུས་ཀྱི་གྲངས་སུ་ཞུགས། དེས་ན་ད་ཕྱིན་ཆད་རིས་མེད་བྱེད་རྒྱུ་གལ་ཆེ། ༣ ལྟ་བ་རྣམ་དག་ལ་ཤེས་ཡོན་གལ་ཆེ་བས་ངེས་པར་སློབ་སྦྱོང་ལ་བརྩོན་དགོས། སློབ་སྦྱོང་བརྩོན་ཚུལ་ཡང་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་ཐོས་བསམ་སྒོམ་གསུམ་དགོས། འཆད་རྩོད་རྩོམ་གསུམ་ཚང་བ་སྦྱོང་དགོས། དཔེར་ན་རྩོད་པ་ལྟ་བུ་ཡིན་ན་རང་གིས་མ་ཤེས་པ་གཞན་གྱིས་ཤེས་པ་ལས་བློ་བསྐྱེད་ལོན་པ་དང་རང་གིས་ཤེས་པ་ཡང་ལུང་རིགས་ཀྱི་རྒྱབ་རྟེན་དང་བཅས་གོ་རིགས་ཟུང་དུ་འབྲེལ་བའི་ཞིབ་ཕྲ་ཤེས་པ་དང༌། རང་གི་ནོར་བ་དེ་ནོར་བར་ཤེས་པ་དང་ཕྱིན་ཆད་མྱུར་དུ་མི་བརྗེད་པ་སོགས་རྩོད་པ་ལ་ཕན་ཡོན་མང་པོ་ཡོད་པ་རེད་ཅེས་སོགས་བཤད། སྡེ་ཚན་གཉིས་པ་སྤྱོད་པ་ནི། ཆོས་འདུལ་བ་ནས་གསུང་བའི་སྤྱོད་པ་ནས་གསང་སྔགས་ཀྱི་བར་རམ་སོར་བྱང་སྔགས་གསུམ་གྱི་སྤྱོད་པ་ཧ་ཅང་མང་པོ་རེད། མདོར་བསྡུས་ན་ཐེག་དམན་སྐབས་སུ་གཞན་གནོད་གཞི་དང་བཅས་པ་སྤངས་བ་དང་ཐེག་ཆེན་གྱི་སྐབས་སུ་སྦྱིན་སོགས་ཕ་རོལ་དུ་ཕྱིན་པ་དྲུག་སོགས་ཀྱིས་གཞན་ལ་ཕན་བཏགས་པ་སྟེ་གཞན་ལ་གནོད་པ་སྤངས་ནས་ཕན་བཏགས་པ་ནི་སྤྱོད་པ་ཡིན་ལ། སྤྱིར་ནང་བསྟན་ནི་སྙིང་རྗེས་རབ་ཏུ་ཕྱེ་བ་ཡིན་པས་འཚེ་མེད་ཞི་བའི་སྤྱོད་པ་དགོས། འོན་ཀྱང་བོད་ན་ཆོས་འདུལ་བའི་རྩ་བ་བཞི་ཙམ་ཡང་སྲུང་མ་ཐུབ་ཚེ་མདོ་ལས་རིམ་པ་མཐོ་བའི་སྔགས་པ་ཡིན་མདོག་བྱེད་མཁན་གྱི་རྫུན་མ་ཆེས་མང་བ་བྱུང་དང་འབྱུང་བཞིན་པ་རེད། དེ་དག་གིས་བསམ་བློ་གཏོང་དགོས་ཀྱི་འདུག རང་རང་སོ་སོའི་ཚུལ་འཆལ་དང་བརྟུལ་ཞུགས་ཀྱི་སྤྱོད་པ་ནོར་མི་རུང༌། དེ་བཞིན་དུ་འདོར་ཞིག་དང་འཁྲུལ་ཞིག་ནོར་མི་རུང། ནང་ཆོས་ཀྱི་རྩེད་ཆས་བྱས་ཀྱང་རྒྱལ་ཁྲིམས་ཀྱི་ཆད་པ་རྒྱབ་པ་སོགས་མེད་པས་རང་གིས་བྱེད་ནུས་ཀྱང་མ་འོངས་པའི་བོད་བརྒྱུད་ནང་བསྟན་གྱི་རྒྱུན་སོགས་ནང་བསྟན་ལ་ཐུགས་བསམ་བཞེས་ནས་བསམ་པ་དཀར་དགོས། ཡང་རྒྱ་བླ་མང་པོས་རྫུན་མང་རབས་བཤད་ནས་གཞན་མགོ་སྐོར་གཏོང་བ་ནི་ནང་བསྟན་ལ་ཆེས་གནོད་པར་གྱུར་ལ། རྒྱ་བླ་དང་སྤྲུལ་རྫུན་མང་པོ་བཟོ་མཁན་ནི་བོད་བླ་རྣམས་ཡིན་ལ། དེ་ཡང་འབྱོར་ལྡན་དང་མཐོན་པོ་ལ་སྤྲུལ་སྐུས་མིང་བཏགས་པ་དང༌། རྒྱ་བླ་འབྱོར་ལྡན་ལ་སེར་ཕྲེང་གིས་བསུ་བ་ཁྲི་སྟོན་བྱེད་པ་རྒྱབ་གཉེར་ཡི་གེ་འབྲི་བ་སོགས་བྱས་ནས་རྒྱ་མི་རིགས་ཀྱི་མགོ་སྐོར་བཏང་བ་མང་པོ་འདུག ཐུགས་བསམ་བཞེས་དགོས་ས་རེད་མ་གཏོགས་རྒྱ་མི་རྣམས་སེམས་ཅན་ཐམས་ཅད་ཀྱི་གྲལ་གཏོགས་པ་རེད་ད། རྒྱ་ནང་སོང་ནས་ཞིབ་འཇུག་ཅིག་གིས་དང་ཚད་ལས་བརྒལ་བའི་རྫུན་བཟོ་བྱེད་བཞིན་མཆིས། སྤྱིར་ང་ཚོའི་བོད་བརྒྱུད་ནང་བསྟན་ལ་གཞན་གྱིས་ནང་བསྟན་མ་ཡིན་པར་བླ་མའི་ཆོས་ཞེས་བརྗོད་བཞིན་ཡོད་པ་རེད། དེའི་རྒྱུ་མཚན་བོད་བླ་མང་པོས་བུད་མེད་བསྟེན་ན་དགོས་པ་ཡོད་རབས་སོགས་རང་ཉིད་མི་དགེ་བ་བཅུ་གང་ལ་ཞུགས་ཀྱང་དགོས་པ་ཡོད་མདོག་དང༌། བླ་ཆེན་གྱི་མིང་འཛིན་པ་ལ་ཁྱིམ་ཐབ་པ་མང་བ་དང༌། ཕ་སྤྲུལ་སྐུ་ཡིན་ན་བུ་སྤྲུལ་སྐུ་ཡིན་པ་སོགས་གཅིན་རྒྱུན་ལ་ནམ་རྒྱུན་སྤྲུལ་སྐུ་བྱུང་བ་དང༌། སྤྲུལ་སྐུའི་ཚ་བོ་དབོན་པོ་ཡིན་པ་དང༌། བླ་མའི་རྒན་མོ་མཁའ་འགྲོ་མ་ཡིན་པ་དང༌། བླ་མས་འདོད་ཆུང་ཆོག་ཤེས་མི་དགོས་པར་ཁང་བ་དང་རླངས་འཁོར་རྫིག་པོ་དང་འཁོར་ལ་མཛའ་ན་མོས་སྐོར་བ་སོགས་བྱས་ནས་ཁ་ནས་འདོད་ཆུང་ཆོག་ཤེས་ཁ་དོན་བྱེད་པ་དང༌། བོད་ཀྱི་བླ་མ་ཕལ་ཆེ་བས་དབང་ལུང་བསྙེན་ཚད་སོགས་གང་ཡང་མེད་པར་གསང་སྔགས་ཁྲོམ་བསྒྲགས་བྱེད་པ་དང༌། རང་གི་ཉམས་ལེན་མི་བྱེད་པར་མི་ཚེ་གོར་དང་ཐོབ་གོ་སའི་ཆེད་དུ་མི་གསོད་པ་ངན་སྨོད་བྱེད་པ། མ་ཉེས་ཁ་གཡོག་བྱེད་པ་སོགས་མདོར་ན་ཆོས་ཆོས་ཀྱི་ས་ལ་མ་བཞག་པར་ཆོས་ལ་བརྟེན་ནས་དཔལ་འབྱོར་བསྒྲུབ། ཆོས་ལ་བརྟེན་ནས་ཆབ་སྲིད་བསྒྲུབ། ཆོས་ལ་བརྟེན་ནས་འཇིག་རྟེན་ཆོས་བརྒྱད་བསྒྲུབ་པའི་དབང་གིས་སྐྱོན་བརྗོད་སྣ་ཚོགས་བྱུང་དང་འབྱུང་བཞིན་པ་ཡིན་ལ། འོན་ཀྱང་སྐྱོན་དེ་དག་ནི་གང་ཟག་གི་སྒེར་སྐྱོན་ལས་ཆོས་ཀྱི་སྐྱོན་མ་ཡིན། ནང་ཆོས་ལས་བཤད་པའི་བདེན་པ་བཞི། བྱམས་སྙིང་རྗེ་སྟོང་ཉིད་ཀྱི་ལྟ་བ། ཕར་ཕྱིན་དྲུག་སོགས་ལ་སྐྱོན་བརྗོད་མཁན་ཉུང་ལ་དོན་དངོས་ལ་སྐྱོན་མེད་དུ་གནས་པ་ཡིན་པ་རེད། ནང་བ་ཞིག་ཡིན་པ་ནས་བཟུང་ནང་བསྟན་གྱི་དོན་བསམ་ཕོད་པ། བཤད་ཕོད་པ། སྒྲུབ་ཕོད་པ་དགོས། སྒེར་ལ་བབས་ཚེ་ཅུང་ཟད་ཙམ་ཡང་བཟོད་སྒོམ་མི་ཐུབ་པ་དང༌། སྤྱིའི་དོན་རྣམས་རྩ་མེད་དུ་གཏོང་ཡང་བཟོད་པ་བརྟེན་པ་ནི་བཟོད་པ་གོ་ལོག་པ་དང་ལྷག་བསམ་མེད་པའི་དབང་གིས་རེད། གཞན་ཡང་ནང་ཆོས་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་རིག་གནས་ཀྱི་གྲལ་དུ་བཞག་མེད་པ་རེད། དེའི་རྐྱེན་གྱིས་ལོ་བཅོ་བརྒྱད་མན་ཆད་དགོན་སྡེར་ཞུགས་ནས་ནང་ཆོས་སྦྱང་བའི་གོ་སྐབས་མེད་པ་ཡིན་པས་ད་བཅའ་ཁྲིམས་ལ་བསྒྱུར་བཅོས་བཏང་ནས་ནང་བསྟན་རིག་གནས་ཀྱི་གྲལ་དུ་བཞག་རྒྱུ་དང་ལོ་བཅོ་བརྒྱད་མན་ཆད་དགོན་སྡེར་ཞུགས་ཆོག་པ་རེ་ཞུ་ཁུལ་ནང་བསྟན་དང་རྫོང་ནང་བསྟན་དང་དགོན་སྡེ་སོ་སོའི་ཀྲུང་དབྱང་ཐབས་ཕྱོགས་གཅིག་གྱུར་ཁང་ལ་འབུལ་ན་ད་ལོར་གོ་སྐབས་ཡག་ཤོས་ཞིག་རེད་ལགས། སྤྱིར་ནང་ཆོས་དང་སྐད་ཡིག་དང་རིག་གནས་སོགས་དར་སྤེལ་བྱེད་སའི་མི་རིགས་མེད་ན་རིག་གནས་གཏན་མེད་དུ་གྱུར་འགྲོ། བོད་ཀྱི་བུ་མེད་ཚོས་རང་གི་སྐྱེ་སྒོ་བཀག་ནས་མི་རིགས་རྩ་མེད་བྱེད་བཞིན་དུ་མི་རིགས་ཀྱི་སྐད་ཡིག་སོགས་གླེང་བ་ནང་འགལ་ཆེན་པོ་རེད་ཅེས་རྒྱུན་དུ་བསམ་བཞིན་ཡོད་པས་མི་རིགས་མེད་པར་མ་གཏོང་རོགས་བོད་ཀྱི་བུ་དང་བུ་མོ་ཚོ་ལགས། མཇུག་མཐར་ང་ཚོ་བོད་ཅིག་ཡིན་པའི་ཆ་ནས་ཁྲིམས་མཐུན་གྱི་མི་རིགས་དར་སྤེལ་རིག་གནས་དར་སྤེལ་བྱེད་རྒྱུ་དང༌། ནང་བ་པ་ཞིག་ཡིན་པའི་ངོས་ནས་ནང་བསྟན་དར་སྤེལ་དང་དག་བཅོས་གཙང་བཟོ་བྱེད་རོགས་ཞུ་བ་དང༌། གོང་དུ་ཞུས་པ་དེ་དག་ལས་གནས་ལུགས་དང་མི་མཐུན་པ་ཡོད་ན་བཟོད་གསོལ་ཞུ། ཐུགས་རྗེ་ཆེ།

གསེར་ལྡན་རྒྱལ་ཁབ་ནས་མཐོང་ཐོས་ཀྱི་གཏམ།

གསེར་ལྡན་རྒྱལ་ཁབ་ནས་མཐོང་ཐོས་ཀྱི་གཏམ།

ཐེ་གོའི་གྲྭ་བ་དང་བོད་ཀྱི་གྲྭ་བའི་ཀུན་སྤྱོད་ཅུང་མི་འདྲ་ས་ ༡ ཁོང་རྣམས་ལ་བརྒྱ་ཆ་དགུ་བཅུ་གོ་བརྒྱད་སྤྱོད་ལམ་ཡག་པོ་འདུག ང་ཚོ་བོད་ལ་མཚོན་ན་ཐོས་བསམ་སྒོམ་གསུམ་གྱི་ལས་ལ་གཞོལ་བའི་གྲྭ་བ་རྣམས་བརྒྱ་ཆ་དགུ་བཅུ་གོ་བརྒྱད་ཀུན་སྤྱོད་ལེགས་ཀྱང༌། གྲོང་དགེ་བ་རེ་ཟུང་དང་གཙོ་བོ་རབ་བྱུང་མ་ཡིན་ཀྱང་རབ་བྱུང་གི་ངུར་སྨྲིག་གི་གོས་གྱོན་པ་དག་གིས་བསྲེ་ལྷད་ཅན་དུ་བྱས་ནས་རགས་ཙམ་ཡིན་ན་བརྒྱ་ཆ་བཞི་བཅུ་ལྷག་ཀུན་སྤྱོད་མི་ལེགས་པ་ཆགས་ཡོད་པ་དང༌། ༢ ཁོང་རྣམས་རབ་བྱུང་བྱེད་པའི་ཡུན་ཚད་ཐུང་ཤོས་ཉིན་བདུན་ནས་ཇི་སྲིད་འཚོའི་བར་ཡིན་པ་དང་མི་སུ་ཡིན་ན་རབ་བྱུང་ལ་བག་ཆགས་རེ་འཇོག་པའི་སྲོལ་རྒྱུན་ཡོད། རབ་བྱུང་བྱེད་མི་ནུས་ཚེ་ཁྱིམ་པ་ཁོ་ན་བྱེད་རྒྱུ་རེད། ང་ཚོའི་དང་པོ་རབ་བྱུང་བྱས་ནས་རེ་ཟུང་གི་མཐར་མ་ཕྱིན་ཚེ་མདོ་ལས་གོང་མ་སྔགས་ཀྱི་མིང་བྱང་རྫུན་མ་ལེན་པའི་སྲོལ་ངན་ཡོད་དོ། །༣ ཁོང་རྣམས་ཀྱིས་ཟས་ལ་རྒྱ་མཚོའི་ནང་གི་འབུ་སྲིན་སོགས་ཤ་རིགས་ཀུན་བཞེས་ཀྱང་ཕྱི་དྲོའི་ཁ་ཟས་མི་གསོལ་བ་ཡིན་ལ། བོད་ཀྱི་གྲྭ་བས་འབུ་སྲིན་གྱི་རིགས་ཀྱི་ཤ་ཟ་བ་ཉུང་ཡང་སྤྱིར་ཤ་ཟ་བ་མང་བ་དང་ཕལ་ཆེར་གྱིས་ཕྱི་དྲོའི་ཁ་ཟས་ཟ་བཞིན་མཆིས་སོ། །༤ཁོང་རྣམས་ལ་སྔགས་གཞུང་ལ་ཐོས་བསམ་མེད་པར་མ་ཟད་མདོ་ལུགས་ལ་ལོ་མང་པོར་འཆད་ཉན་བྱེད་པའི་ཕྱག་སྲོལ་མེད་པ་འདྲ། འོན་ཀྱང་མདོ་ལུགས་ཀྱི་དྲན་པ་ཉེར་བཞག་སོགས་ལ་ཐོས་བསམ་བྱས་ནས་སྒོམ་པའི་ཕྱག་སྲོལ་ཡོད་པར་ཐོས་སོ། །བོད་ཀྱི་གྲྭ་བ་བརྒྱ་ཆ་སུམ་ཅུ་ཡས་མས་ལ་མདོ་སྔགས་ཀྱི་གཞུང་ལ་ལོ་མང་པོར་ཐོས་བསམ་བྱེད་པའི་གོམ་སྲོལ་བཟང་པོ་ཡོད་ཀྱང་བོད་ཀྱི་གྲྭ་བ་བརྒྱ་ཆ་མང་ཤོས་ལ་གྲོང་ཆོག་དང་ཚོང་ལས་ཁྱིམ་ལས་བྱེད་པའི་ལུགས་སྲོལ་ཡོད་དོ། །རེ་ཞིག་དེ་ཙམ་མོ། །དངོས་གྲུབ་དཔལ་ནས་རྒྱ་ནག་སྐད་དུ་ཐེ་གོ་དབྱིན་སྐད་དུ་ཐེ་ལན་བོད་སྐད་དུ་གསེར་ལྡན་ཞེས་པའི་རྒྱལ་ཁབ་ལ་སོང་བའི་མཐོང་ཐོས་ཀྱི་གཏམ་འདི་སྨྲས་སོ། །

འདྲ་མཉམ་ཡོད་ན་མཐུན་འབྲེལ་ཡོད།

འདྲ་མཉམ་ཡོད་ན་མཐུན་འབྲེལ་ཡོད།

འདྲ་མཉམ་གྱི་ཁོར་ཡུག་ཡོད་ན་རང་བཞིན་གྱི་མཐུན་འབྲེལ་ཡོང་ངེས། འདྲ་མཉམ་མེད་ན་ཇི་ལྟར་མཐུན་འབྲེལ་གླེང་ན་ཡང་རྒྱུ་མ་ཚོགས་པ་ལས་འབྲས་བུ་འབྱུང་བ་གནས་མེད་དོ། །འོ་ན་འདྲ་མཉམ་ཇི་ལྟར་བྱེད་དགོས་ན་མཐོན་པོ་དང་བཙན་པོ། དཔལ་འབྱོར་དང་གཡོ་སྒྱུ་སོགས་ཀྱིས་ནུས་ཤུགས་ལ་བརྟེན་ནས་གཞན་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཉམས་ཆག་ཅན་དུ་བཏང་བ་སོགས་གནོད་པ་མི་བྱེད་པ་གལ་ཆེན་རེད། ཐ་ན་མིང་འདོགས་ལུགས་ལ་སྤྱི་དང་བྱེ་བྲག་ལ་དབང་བསྒྱུར་གྱི་མིང་མ་ཡིན་པར་ཐད་ཀར་དྲང་བདེན་གྱི་མིང་དང་རང་ལ་འོས་པའི་མིང་གཅིག་ལས་གཞན་ལ་བེད་ཆོད་མི་བྱེད་པ་གལ་ཆེ་སྙམ། འདས་པའི་ལོ་རྒྱུས་ལ་གཞིག་ན་མིང་འདོགས་ལུགས་ཙམ་ལ་བརྟེན་ནས་དམག་འཁྲུག་སོགས་བྱས་ནས་གོད་ཆག་སྣ་ཚོགས་བྱུང་མྱོང་ཡོད་པ་རེད། དེས་ན་རྒྱུ་མཚན་དང་གནས་ལུགས་ཡོད་པའི་སྒོ་ནས་བྱ་བ་བསྒྲུབ་པ་ནི་མཁས་པའི་ལམ་ལུགས་ཞིག་རེད། འོན་ཀྱང་གནས་ལུགས་ཡོད་པ་དང་རྒྱུ་མཚན་ཡོད་པའི་སྒོ་ནས་བྱ་བ་བསྒྲུབས་ཀྱང་གཞན་གྱིས་གནོད་པ་ཡོང་མི་སྲིད་པ་མིན་ཀྱང་དེ་ནི་རང་སྐྱོན་མ་ཡིན་པར་གཞན་སྐྱོན་ཡིན་པས་ན་དེ་ལ་འགྱོད་སེམས་དང་དོགས་ཟོན་མི་དགོས་སོ། །དེས་ན་འདྲ་མཉམ་ཡོད་ན་ལྟ་བ་མཉམ་གནས་དང་མཐོ་དམན་མཉམ་གནས། འབྱོར་སྤྲང་མཉམ་གནས། དཔུང་ཆེ་ཆུང་མཉམ་གནས་ཡོང་ཐུབ་རྒྱུ་རེད། དེ་མིན་ཁྲིམས་མཐུན་ལྷིང་འཇགས་གྱི་ཞི་བདེའི་འཚོ་གནས་མེད་ན་བདེ་སྐྱིད་མེད་པར་འགྲོ་ལ། དེ་མེད་ན་འདྲ་མཉམ་གྱི་ཆེད་དུ་བྱ་བ་རྒྱབ་འགལ་མི་མཐུན་པ་མང་པོ་འབྱུང་བར་འགྱུར་བ་ལ་བརྟེན་ནས་མི་མཐུན་པའི་དཀྲུག་ཤིང་དུ་འགྱུར་ངེས་པས་ཀུན་གྱིས་ཡིད་གཟབ་གནང་དགོས་ལགས། སྤྱིར་རང་ཉིད་གནས་པའི་ཁོར་ཡུག་ཡར་རྒྱས་ལ་གཏོང་དགོས་ཀྱང་གཞན་གྱི་རང་དབང་དང་ཁེ་དབང་སོགས་ལ་རྩི་འཇོག་བྱེད་དགོས་ལ། ལྷག་པར་དུ་ང་ཚོ་ནང་བ་སངས་རྒྱས་པའི་ཆོས་ལུགས་པ་ཡིན་པའི་ངོས་ནས་ཐེག་དམན་ལས་བསྟན་པ་ལྟར་གཞན་གནོད་གཞི་དང་བཅས་པ་སྤང་དགོས་པ་དང་ཐེག་ཆེན་ལས་བཤད་པ་ལྟར་གཞན་ལ་ཕན་པ་བསྒྲུབ་དགོས་པ་ནི་རང་གི་དད་མོས་ཀྱིས་འདེམས་པའི་ལམ་ལུགས་ཞིག་ཡིན་ནོ། །བོད་བརྒྱུད་ནང་བསྟན་མཐོ་རིམ་ནས་དངོས་གྲུབ་དཔལ་གྱིས་ས་ཟླའི་ཚེས་༡༠ལ་བྲིས་པའོ། །དགེ་བར་གྱུར་ཅིག །

དཔལ་འབྱོར་འཚོལ་ལུགས་རིམ་པ་གཉིས།

དཔལ་འབྱོར་འཚོལ་ལུགས་རིམ་པ་གཉིས།

དཔལ་འབྱོར་འཚོལ་ལུགས་རིམ་པ་གཉིས་ཡོད། རིམ་པ་གཅིག་ནི་ཁྲིམས་མཐུན་གྱི་སྒོ་ནས་རང་གིས་ཚོང་ལས་སོགས་འབད་རྩོལ་བྱས་ནས་བོད་རང་ལ་ལྟོས་ན་ཅུང་ཟད་འབྱོར་ལྡན་དུ་ཡོད་པ་དེ་རེད། དེའི་ལམ་ལུགས་ལ་འཛམ་གླིང་གི་བསྔགས་བརྗོད་ཐོབ་བཞིན་ཡོད་པ་ཡིན་པས་དེ་དཔལ་འབྱོར་སྒྲུབ་ལུགས་ཡག་ཤོས་ཡིན་པ་རེད། རིམ་པ་གཉིས་པ་ལ་རིགས་གཉིས་ཡོད་པ་ལས། དང་པོ་ནི། ལ་ལས་སྐྱ་ཆས་གྱོན་ནས་གྲོང་ཁྱེར་སོགས་ནས་རླངས་འཁོར་འཕྲོག་བཅོམ་བྱེད་པ་དང་མིའི་ལག་ནས་བཅའ་ལག་སོགས་དངོས་སུ་འཕྲོག་བཅོམ་བྱེད་བཞིན་སོགས་ཡོད་པའི་སྡེ་ཁག་དག་རེད། རིགས་གཉིས་པ་ནི་ལ་ལས་སེར་ཆས་གྱོན་ནས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ལ་བརྟེན་ནས་དད་ལྡན་མང་ཚོགས་ཀྱི་མིག་ལམ་དུ་ཁྲི་འདོན་དང་སེར་ཕྲེང་གིས་བསུ་བ་དང་ལུགས་གཉིས་ཀྱི་བྱ་བཞག་ལ་རྨོངས་བའི་དགོན་དཔོན་དག་གིས་དད་ལྡན་གྱི་མི་རིགས་སོ་སོ་རྣམས་སེམས་ཅན་ཐམས་ཅད་ཀྱི་གྲལ་ཡོད་པ་མ་དགོངས་ནས་དང་པོ་ཇག་ཚོགས་ལ་རྒྱབ་གཉེར་གྱི་ཡི་གེ་སྦྱིན་པ་སོགས་མགོ་སྐོར་བའི་ལག་ཆ་མང་པོ་མཁོ་སྤྲོད་བྱེད་པ་དང༌། འགའ་ཞིག་ལ་མིང་རྫུན་རེ་བཏགས་ནས་མིང་སྟོང་དག་ལ་རྒྱབ་བརྟེན་དུ་བཅོལ་ནས་དད་ལྡན་མང་ཚོགས་ཀྱི་ལག་ནས་དཔལ་འབྱོར་བསྡུ་ལེན་བྱས་ནས་འབྱོར་ལྡན་ནམ་ཕྱུག་བདག་ཏུ་གྱུར་ནས་ས་ཆ་མང་པོ་ཉོས་ནས་བྱེ་མའི་ཚོང་ལས་དང་ཁང་བ་མང་པོ་འཛུགས་བསྐྲུན་བྱེད་པའི་དབང་གིས་ཉམ་ཆུང་འབུ་སྲིན་དུང་ཕྱིར་མང་པོའི་ཚེ་སྲོག་ཤོར་བཞིན་ཡོད་པ་དང༌། རླངས་འཁོར་ཁྲི་ཕྲག་མང་པོའི་རིན་ཐང་ཅན་བསྐོར་ནས་ཉམ་ཆུང་དུད་འགྲོའི་ཚེ་སྲོག་ལ་གནོད་བཞིན་ཡོད་པ་མངོན་གསལ་རེད། བོད་ནའང་སྔོན་དུས་ན་དགེ་སློང་དག་གིས་དབྱར་དུས་ན་སེམས་ཅན་གྱི་ཚེ་སྲོག་གི་རིན་ཐང་དམིགས་ནས་སྤང་ནང་ལ་འགྲོ་དགོས་ཚེ་ཞབས་རྗེན་དུ་བྱོན་ཀྱང་དེང་དུས་ན་ཁ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་བརྗོད་བཞིན་སེམས་ཅན་གཞན་གྱི་ཚེ་སྲོག་སོགས་ལ་གནོད་པ་བྱེད་པ་ནི་ནེ་ཙོའི་བྱ་བ་ལས་མ་འདས་སོ། །འདིའི་རིགས་ནི་གྲྭ་བ་མ་ཡིན་པར་གྲྭ་རྫུན་ཡིན་པ་མཁྱེན་དགོས། དེ་འདྲའི་རིགས་གཉིས་ཀ་འདོད་རྔམས་ཆེ་དྲག་པ་ལས་བྱུང་ལ། ལྷག་པར་དུ་ཕྱི་མ་ནི་དད་པ་བྱེད་མཁན་གྱི་ངོས་ནས་རྨོངས་དད་དང་ཆོས་པ་དག་རྫུན་མ་ཤེས་པའི་དབང་གིས་བྱུང་བ་ཡིན་པས་དད་ལྡན་མང་ཚོགས་ཀྱིས་ཆོས་ལ་སློབ་སྦྱོང་དགོས་གལ་ཆེའོ། །དད་པ་དད་པའི་ས་ལ་གནས་ཐུབ་དགོས། བོད་ཀྱི་དགོན་སྡེ་མང་ཕྱོགས་ལ་དཔལ་འབྱོར་གྱི་ནུས་ཤུགས་ལ་བརྟེན་ནས་རྙོག་དྲ་སྣ་མང་ཅན་དུ་གྱུར་ཡོད་ལ། ད་ནི་ལེགས་བཅོས་ཞིག་མ་ཐུབ་ན་ཆོས་ལ་བརྟེན་ནས་ངན་འགྲོར་འགྲོ་བའི་ཉེན་ཁ་ཆེའོ། །འདིའི་གཉེན་པོའི་སློབ་གསོ་ནི། འདོད་ཆུང་ཆོག་ཤེས་ཞེས་པ་ལས་ལྷག་མི་དགོས་སོ། །འོན་ཀྱང་ཁ་ནས་བཤད་མཁས་པའི་མི་ཆོག་པར་ལག་ལེན་ནམ་ཉམས་སུ་ལེན་དགོས། ཉམས་སུ་ལེན་པ་ལ་ཤེས་དགོས་སོ། །མདོར་ན་ཆོས་ལ་བརྟེན་ནས་ཐོབ་གོ་ས་དཔལ་འབྱོར་སོགས་འཇིག་རྟེན་ཆོས་བརྒྱད་མི་བསྒྲུབ་པར་དམ་ཆོས་ནི་དམ་ཆོས་ཀྱི་ས་ལ་བཞག་རོགས་ཞུ། འདི་འབྲི་བའི་དམིགས་ཡུལ་ནི། སྐྱོན་བརྗོད་ཀྱི་ཕྱིར་མ་ཡིན་པར་སྐྱོན་སངས་བའི་ཆེད་དུ་ཡིན་ལགས། ཁ་བཙུམ་ནས་འདུག་ན་སྔར་བཞིན་མུ་མཐུད་དུ་རྗེས་ལུས་སུ་འགྱུར་ངེས་སོ། །བཙན་བཤོལ་བ་དངོས་གྲུབ་དཔལ་ནས།

ལྟ་སྤྱོད་ཡར་སྐུལ་བདེན་གཏམ་ཚངས་པའི་སྒྲ་དབྱངས།

ལྟ་སྤྱོད་ཡར་སྐུལ་བདེན་གཏམ་ཚངས་པའི་སྒྲ་དབྱངས།

འཆད་མཁན། དངོས་གྲུབ་དཔལ། ཚོགས་ཆེན་འདིར་ཕེབས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་དྲུག་གི་མཁན་སྤྲུལ་དང་སྔ་འགྱུར་རྙིང་མའི་གདན་ས་ཁག་ལྔའི་སྐུ་ཚབ་དང་ཆོས་གྲྭ་ཆེན་པོ་གཉིས་ཀྱི་མཁན་སྤྲུལ་རྣམ་པ་དང་གཞན་ཡང་རྫོང་ཁག་དུ་མའི་དགེ་འདུན་མཐུན་ཚོགས་དང་རྒྱལ་བསྟན་དར་སྤེལ་དང་རིག་གཞུང་དར་སྤེལ་གྱི་ཚོགས་གཙོ་རྣམ་པ་སོགས་ཚོགས་ཞུགས་མི་སྣ་ཚང་མ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ངས་དེ་རིང་གཏམ་བཤད་ཀྱི་ཁ་བྱང་ལ་ལྟ་སྤྱོད་ཡར་སྐལ་བདེན་གཏམ་ཚངས་པའི་སྒྲ་དབྱངས་ཞེས་པ་དེ་ཡིན། དེ་ཡང་ནམ་རྒྱུན་རང་གི་སེམས་ཀྱི་དཀའ་ངལ་ལམ་ན་ཟུག་ཡོད་པའི་ནང་བསྟན་གྱི་ལྟ་སྤྱོད་ཀྱི་ནང་ནས་ཉུང་ངུ་ཞིག་དོན་ཚན་གསུམ་གྱི་སྒོ་ནས་ཞུས་ན། ༡ དང་པོ་ནང་བ་སངས་རྒྱས་པའི་རྒྱལ་བསྟན་ལ་རང་གིས་མགོ་བཟུང་ནས་ཞབས་ཞུ་བསྒྲུབ་དགོས། ང་ཚོ་ནང་བ་སངས་རྒྱས་པ་ཞིག་ཡིན་ན་ནང་བསྟན་གྱི་དོན་བསམ་ཕོད་པ། བཤད་ཕོད་པ། སྒྲུབ་ཕོད་པ་དགོས། དེ་ཡང་བོད་ཀྱི་ནང་བསྟན་གྱི་སྣེ་ཁྲིད་པ་མཁན་སྤྲུལ་ཚོས་འདོད་ཆུང་ཆོག་ཤེས་དགོས་པ་ལས། ངག་ནས་འདོད་ཆུང་ཆོག་ཤེས་ཞེས་བཤད་ནས་རང་ཉིད་ཁང་བ་རྫིག་པོ་རླངས་འཁོར་རྫིག་པོ་མཛའ་ན་མོ་མང་པོས་མཐའ་སྐོར་བ་ཡིན་ན་བསྡུ་བའི་དངོས་པོ་བཞི་ལས་དོན་སྤྱོད་པ་དོན་མཐུན་པ་ཞིག་མ་འོངས་པ་རེད། དེང་སང་སྐྱེས་བུ་ཆོས་ཅན་དང་རྒྱུ་ཅན་ནོར་བ། ཆོས་དང་ཆབ་སྲིད་དམ་གཡོ་སྒྱུ་ནོར་བ། བསྟན་པ་དང་ས་རྡོ་ནོར་བ་མང་བའི་དུས་ཚོད་ལ་རང་གིས་འདོད་ཆུང་ཆོག་ཤེས་བྱས་ནས་ཀུན་སྤྱོད་ཡག་པོ་བྱེད་དགོས། ཀུན་མཁྱེན་མཚོ་སྣ་བས། ཚངས་པར་སྤྱོད་པ་ཉམས་པའི་རྒྱུའི་གཙོ་བོ་ཡོ་སྤྱད་བསགས་པ་ཡིན་ལ། ཞེས་གསུངས་པ་ལྟར་ཡིན་པས་མང་ཚོགས་སོགས་གང་ཟག་སུ་ཡིན་ན་དཔལ་འབྱོར་ཁོ་ནས་ཆེད་དུ་བརྩོན་པ་ཡིན་ན་དེས་མི་གསོད་དགོས་ན་རྫུན་བཤད་དགོས་ན་རྙོག་དྲ་བྱེད་དགོས་ན་བྱེད་ངེས་ཡིན་པས་ཀུན་སྤྱོད་ཡག་པོ་རྩ་བ་ནས་མེད་འགྲོ་བར་མ་ཟད། ནང་བསྟན་ལ་བསམ་ན་འདོད་ཆུང་ཆོག་ཤེས་རྩ་བ་ནས་མེད་པར་འགྱུར་རོ། །དོན་ཚན་དང་པོ་འདི་གྲྭ་བ་སྤྱི་དང་བྱེ་བྲག་ཏུ་གཙོ་བོ་དགོན་སྡེའི་སྣེ་ཁྲིད་པ་མཁན་པོ་དང་སྤྲུལ་སྐུ་རྣམས་ལ་ཞུས་པ་ཡིན། དེ་ཡང་དགོན་དཔོན་སོགས་བླ་རྒན་མང་པོས་གནས་ལུགས་ཧ་མ་གོ་བའི་དབང་གིས་སྤྲུལ་སྐུ་དང་རྒྱ་བླ་རྣམས་ལ་རྒྱབ་བརྟེན་བྱས་ནས་ཁྲི་འདོན་དང་སེར་ཕྲེང་གིས་བསུ་བ་དང་རྒྱབ་གཉེར་གྱི་ཡི་གེ་འབྲི་བ་སོགས་རྫུན་མས་རྫུན་མ་བཟོ་བཞིན་པ་འདི་ནི་སྤྱིར་རྒྱལ་བསྟན་ལ་གནོད་ཚབས་ཆེན་པོ་ཡིན་པ་བླ་རྒན་དབང་འཛིན་པ་རྣམས་ཀྱིས་ཤེས་དགོས་སོ།། ༢ དོན་ཚན་གཉིས་པ་ལྟ་སྤྱོད་ཡང་དག་ཡོང་བ་ལ་ཤེས་ཡོན་ནམ་སློབ་སྦྱོང་ལ་རག་ལས་པ་རེད། གྲྭ་གྲོང་གཉིས་ཀ་གང་ཡིན་ན་ཤེས་ཡོན་གལ་ཆེ་ལ། ལྷག་པར་དུ་གྲྭ་བ་ཞིག་ཡིན་ན་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་དགོས་ལ། དེ་ཡང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས། ང་ཐོས་དུས་ཙ་ན་བསམ་སྒོམ་འདུག །ང་བསམ་དུས་ཙ་ན་ཐོས་སྒོམ་འདུག །ང་སྒོམ་དུས་ཙ་ན་ཐོས་བསམ་འདུག །ང་བཀའ་བརྒྱུད་ཕྱོགས་སུ་མ་ལྷུང་བ། །ཞེས་གསུངས་པ་ལྟར་དགོས་ལ། དེ་ལྟར་སློབ་སྦྱོང་ལེགས་པ་ཡོད་ན་ལྟ་སྤྱོད་ཡག་པོ་ཡོང་ལ། མེད་ན་ཆོས་པ་ཆོས་པའི་སར་མི་འདུག །དད་པ་དད་པའི་སར་མི་གནས་ལ། དེ་མ་གནས་ན་གང་ཟག་གི་ཆགས་སྡང་ཆོས་ལ་བསྲེས་ནས་བོད་བརྒྱུད་ནང་བསྟན་བསྲེ་ལྷད་ཅན་དུ་བྱེད་དང་བྱེད་བཞིན་པ་རེད། དེ་ཡང་རྒྱ་བརྒྱུད་ནང་བསྟན་སོགས་ཀྱིས་བོད་བརྒྱུད་ནང་བསྟན་ནི་ནང་བསྟན་མ་ཡིན་པར་བླ་མའི་ཆོས་རེད་ཅེས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད། དེའི་རྒྱུ་མཚན་ནང་ཆོས་ལས་བཤད་པའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་བདག་མེད་གཉིས་སོགས་ལ་མ་ཡིན་པར་ཆོས་ཆོས་ཀྱི་ས་ལ་མ་བཞག་ནས་སྐུ་གསུང་ཐུགས་བཞེངས་ནས་ཡོན་བདག་གི་ལག་ནས་དཔལ་འབྱོར་བསྡུ་ལེན་བྱེད་པ་དང༌། ཆོས་ལ་བརྟེན་ནས་ཆབ་སྲིད་སྒྲུབ་པ་དང༌། ཆོས་ལ་བརྟེན་ནས་ཆོས་བརྒྱད་སྒྲུབ་པ་དང༌། ཆོས་ལ་བརྟེན་ནས་དཔལ་འབྱོར་ཀླད་པ་ཅན་གྱི་དཔལ་འབྱོར་སྒྲུབ་པ་དང་བོད་ཀྱི་བླ་རྒན་ཚུལ་འཆལ་བ་རེ་ཟུང་གིས་ཆང་དུད་དང་བུད་མེད་བསྟེན་ན་དགོས་པ་ཡོད་ཚུལ་བཤད་ནས་གཞན་མགོ་སྐོར་བ་སོགས་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད། དེས་ན་སློབ་སྦྱོང་གལ་ཆེ་ལ། སློབ་སྦྱོང་མེད་ན་དགོན་སྡེ་འགའ་ཞིག་གི་དགོན་དཔོན་བཞིན་སྤྱིར་ཡར་རྒྱས་དང་དགོས་སུ་བསྟན་པའི་བཀག་རྡོ་ཆེན་པོ་ཆགས་ཡོད་ལ། དེས་ན་ད་ཕྱིན་ཆད་དགོན་དཔོན་ལ་སྡེ་སྣོད་འཛིན་པ་བསྟན་མཁས་གཉིས་ལྡན་གྱི་མཁས་དབང་ཞིག་མང་གཙོའི་ལམ་ནས་བཞག་ན་དགོན་སྡེའི་བྱ་བ་སྡེ་སྣོད་འཛིན་པ་དང་དགེ་འདུན་པའི་མང་གཙོ་བྱེད་དགོས་གསུངས་ཡོད་པས་དམ་ཆོས་འདུལ་བ་དང་མཐུན་ལ། དུས་རབས་ཉེར་གཅིག་པའི་འཛམ་གླིང་སྤྱིའི་འགྲོས་དང་མཐུན་པ་ཞིག་རེད། སྤྱིར་བྱ་བ་གང་སྒྲུབ་ན་ཤེས་ཡོན་དང་ལྷག་བསམ་ཉམས་མྱོང་དགོས་པའི་སྟེང་ནས་དགོན་བདག་ནི་ངེས་པར་ཚུལ་ཁྲིམས་དང་ལྡན་པ་དགོས་སོ། །དགོན་དཔོན་བླ་མ་མཚན་ཉིད་ཚང་བ་ཞིག་མེད་པའི་དབང་གིས་དགོན་སྡེ་འགའ་ཞིག་ལ་ཉོག་འཛིང་ཆེས་ཆེ་བ་ཡོང་གི་འདུག རང་གི་ཁོར་ཡུག་ན་བཤེས་གཉེན་ཚད་ལྡན་སོགས་སློབ་གཉེར་ཐོས་སྒོ་ཚང་བ་མེད་བཞིན་དུ་གྲྭ་ས་འགྲོ་བ་ལ་བཀག་སྡོམ་བྱེད་བཞིན་འདུག དེ་ལྟའི་བསམ་བློ་ནི་ཆེས་ངན་པ་ཡིན་པར་སྣང་སྟེ། རང་ལ་གཡོག་འཁོར་རེ་དང་བཤད་སྒྲུབ་ཀྱི་མིང་ཙམ་རེའི་ཆེད་དུ་གཞན་གྱི་མི་ཚེའི་མདུན་ལམ་བཀག་པས་ནའོ། །ལྟ་བ་ངན་པ་སློབ་སྦྱོང་མེད་པའི་དབང་གིས་བྱུང་སྟེ། ཟབ་པ་དང་རྒྱ་ཆེ་བའི་གནས་རྣམས་ལ་རྨོངས་བའི་དབང་གིས་རང་གིས་མི་ཤེས་པ་རྒྱུ་མཚན་དུ་བྱས་ནས་ཚེ་སྔ་ཕྱི་དང་ལས་འབྲས་ལ་བསྐུར་བ་བཏབ་མཁན་མང་པོ་ཉིན་རེ་ལས་ཉིན་རེ་ཇེ་མང་དུ་འགྲོ་བཞིན་པ་འདི་ཡང་ཤེས་ཡོན་མེད་པའི་དབང་གིས་ཡིན་པ་རེད། དེ་དག་ལ་ཤེས་ཡོན་མེད་པར་མ་ཟད་ཤེས་འཆལ་གྱི་རྒྱུ་རིག་གནས་གསར་རྗེའི་སྐབས་སུ་དངོས་གཙོ་སྨྲ་བའི་སློབ་གསོ་དེ་གཞུང་གི་སློབ་གྲྭའི་དགེ་རྒན་དང་སློབ་གྲྭ་སོགས་ལ་ཐེབས་ནས་རིམ་གྱིས་གྲྭ་བའི་ནང་བློ་གྲོས་དང་བསོད་ནམས་མི་ལྡན་པ་ལ་སློབ་གསོ་ངན་པས་མགོ་རྨོངས་བར་བྱས་པ་རེད། མདོར་ན་ལྟ་སྤྱོད་ཡར་རྒྱས་འགྲོ་བ་ལ་སློབ་སྦྱོང་དགོས་པ་རེད་ལགས། ༣ དོན་ཚན་གསུམ་པ་རབ་བྱུང་བའམ་དགེ་འདུན་པ་དག་རྫུན་ལས་བརྩམས་ནས་ཞུས་ན། ཕམ་པ་འཆབ་བཅས་བྱུང་བའམ་ཕམ་འདྲ་བྱུང་བ་སོགས་རབ་བྱུང་གི་སྡོམ་པ་མེད་པའི་རབ་བྱུང་གི་ཆ་ལུགས་ཅན་གྱི་གང་ཟག་དེ་དག་ནི་རབ་བྱུང་རྫུན་མ་ཡིན་ལ། རབ་བྱུང་གི་སྡོམ་པ་མེད་པ་དག་གིས་རབ་བྱུང་གི་གོས་ངུར་སྨྲིག་མ་གྱོན་ན་ཡག་པོ་འདུག རྒྱུ་མཚན་ནི་ལུང་ལས། བསླབ་ལ་མི་གནས་དེ་དག་ཀུན། །གཟུགས་པོར་ཁྱིམ་པར་གནས་པ་མཆོག །ཅེས་སྟོན་པ་ཐུགས་རྗེ་ཅན་གྱིས་བསླབ་པ་ལ་མི་གནས་པ་དག་གིས་རབ་བྱུང་བྱེད་པ་ལས་ཁྱིམ་པ་བྱེད་པ་མཆོག་ཡིན་པར་གསུངས་པ་དང༌། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས། ཚུལ་ཁྲིམས་འཆལ་བའི་ལུས་ཅན་གཞོན་ནུ་ཁྱོད། །དགེ་སློང་ཚུལ་དུ་མ་འཆོས་དཀར་པོ་གྱོན། །ཚུལ་ཁྲིམས་འཆལ་བའི་ཉེས་པའི་མི་ཆོག་པར། །ཚུལ་ཆོས་ཉེས་པའི་གོས་ན་མི་རུང་ངོ། །ཞེས་ཚུལ་ཁྲིམས་དང་མི་ལྡན་བཞིན་དུ་རབ་བྱུང་གི་གོས་གྱོན་ན་ཚུལ་འཆལ་གྱི་ཉེས་པས་གོས་པར་མ་ཟད་ཚུལ་ཆོས་ཀྱི་ཉེས་པས་གོས་པར་འགྱུར་བ་ནི་མི་རུང་བར་གསུངས་ལ། གཞན་ཡང་བླ་མ་མི་ཕམ་རྒྱ་མཚོས། གཏེར་སྟོན་པའམ་སྔགས་པར་ཁས་འཆེ་ན། །རབ་བྱུང་བསླབ་ལ་ལེགས་གནས་དེ་གཅིག་པུས། །གྲུབ་མཚན་མེད་ཀྱང་ཀུན་ཀྱི་མཆོད་འོས་ཡིན། །ཞེས་གསུངས་པ་ལྟར་གྲུབ་པའི་རྟགས་མཚན་མངོན་དུ་གྱུར་བའི་གང་ཟག་མ་ཡིན་ན་ཕྱི་རབ་བྱུང་གི་སྤྱོད་པས་ཞི་ཞིང་དུལ་བ་བྱེད་ན་ལེགས་པར་གསུངས་པ་དང༌། འདུལ་བ་ལུང་ལས། གང་ཞིག་རབ་ཏུ་བྱུང་ཡང་ཡོན་ཏན་སྣོད་མ་གྱུར། །སྐྲ་དང་ཁ་སྤུ་བྲེགས་ཀྱང་དགེ་སྦྱོང་ཚུལ་མ་ཞུགས། །རབ་བྱུང་དེ་ནི་རབ་བྱུང་མ་ཡིན་ཁྱིམ་པའང་མིན། །ཆུ་མེད་ཁྲོན་པ་རི་མོའི་མར་མེ་ཇི་བཞིན་ནོ། །ཞེས་གསུངས་པ་ལྟར་ཤེས་པ་གལ་ཆེ་བ་ལས་ལོང་བས་ལོང་བ་ཁྲིད་པའི་ངང་ཚུལ་ལྟར་བླ་མ་རེ་ཟུང་གིས་སློབ་སྟོན་ངན་པའམ་ཡུལ་སྲོལ་ངན་པ་སོགས་ཀྱི་དབང་གིས་རབ་བྱུང་གི་སྡོམ་པ་ཉམས་ཀྱང་སེར་མོའི་གོན་པ་གྱོན་ན་བཟང་མདོག་བཤད་པའི་དབང་གིས་སྐྱ་སེར་གཉིས་ཀའི་གཞི་མཐུན་ལྟ་བུར་བྱེད་པ་དང༌། ཁ་ཅིག་ཁ་ཟེར་ལ་འཛེམ་ནས་ཁྱིམ་པའི་གོས་གྱོན་མ་ནུས་པ་ཡང་ཉུང་ཤོས་སྲིད་ལ། གཙོ་བོ་ལས་ཀ་བྱས་ནས་རང་ཁ་གསོ་བ་དཀའ་ནས་ཆོས་ལ་བརྟེན་ནས་ལྟོ་རྒྱབ་ཚོལ་བའམ་དཀོར་ཟ་བའི་ཆེད་ཙམ་ལ་དམིགས་ནས་རབ་བྱུང་གི་གོན་པ་གྱོན་པ་ནི་དམ་ཆོས་འདུལ་བ་དང་མི་མཐུན་པ་མ་ཟད་རྒྱལ་སྤྱིའི་ཁྲིམས་ལུགས་ལ་རང་རང་གི་རྟགས་མཚན་ཆ་ལུགས་རང་ལ་དབང་བའམ་རང་ལ་ཁེ་དབང་དང་བདག་སྲུང་བྱེད་ན་ཆོག་པ་ཞིག་རེད། དེས་ན་བདག་ལེགས་སུ་འདོད་པ་རྣམས་ཀྱིས་གནས་དེ་ལྟ་བུ་ལ་གཟབ་དགོས་ཏེ། སྟོན་པ་ཐུགས་རྗེ་ཅན་གྱིས། ང་མིན་ང་འདྲ་གཅིག་གིས་བཤིག །ཅེས་གསུངས་པ་ལྟར་འགྱུར་བའི་གནས་སུ་སྣང་ངོ། །རྒྱུ་མཚན་དེས་ན་སྤྱིར་བསླབ་པ་ཕུལ་བ་དགག་བྱའི་བསླབ་བྱ་ཡིན་ཀྱང་སྡོམ་པ་གཏན་ནས་སྲུང་མ་ནུས་ན་བསླབ་པ་ཕུལ་བ་ལ་འདས་མ་ད་གསུམ་གྱི་དགོས་པ་ཡོད་དེ། སྔར་སྡོམ་པ་བསྲུངས་བའི་བསོད་ནམས་མི་ཉམས་པ་དང༌། ད་ལྟ་ཕམ་པ་མི་འབྱུང་བ་སོགས་དང༌། མ་འོངས་པ་ན་སྡོམ་པ་སླར་གསོ་བའི་སྐལ་བ་ཡོད་པ་རེད། སྤྱིར་ང་ཚོ་ནང་བ་སངས་རྒྱས་པ་ཞིག་ཡིན་པ་ནས་བཟུང་ནང་བསྟན་ལ་ཕན་མ་ཐོགས་ན་རང་ལ་བརྟེན་ནས་མི་གནོད་པ་བྱེད་དགོས། དེང་སང་བརྡ་ཕྲིན་གྱི་དུས་ཚོད་ཡིན་པས་གང་ཟག་སྒེར་བ་ཞིག་གིས་བྱ་བ་བྱེ་བྲག་པ་ཞིག་ལ་བརྟེན་ནས་ནང་བསྟན་དང་དགེ་འདུན་པ་སྤྱི་ལ་སྨོད་པ་འབྱུང་གིན་ཡོད་པ་ཁྱེད་རྣམ་པས་མཁྱེན་གསལ་ལྟར་རེད་ལགས། དད་ལྡན་མང་ཚོགས་རྣམས་ཀྱིས་གྲྭ་བ་དག་རྫུན་ཤེས་ནས་བླང་དོར་བྱེད་དགོས་པ་ལས་ཤི་གསོན་གྱི་ཆེད་འཁོར་བ་ཁ་གསོ་བའི་ཆ་རྐྱེན་དུ་ཡོན་སྦྱར་ན་ཡག་པོ་རྩ་བ་ནས་མི་འདུག སྐྱབས་གནས་གསུམ་ལས་བཞི་བ་མེད་པར་ཤེས་དགོས། འགལ་སྤོང་ངམ་སྐྱོན་སྤོང་ཞིག་བྱེད་ན་ཁ་ཅིག་གི་རང་སྐྱོན་འགེབ་པའི་ཕྱིར་སྔགས་ཀྱི་དམ་ཚིག་མི་སྲུང་བའི་ངུར་སྨྲིག་གྱོན་པ་དག་ལ་སངས་རྒྱས་མ་གཏོགས་གང་ཟག་གི་ཚོད་གང་ཟག་གིས་མི་ཟིན་པ་རེད་ཅེས་བཤད་པ་དེ་ནི་མི་རིགས་ཏེ། དེའི་དོན་མ་གོ་བ་ལས་བདག་ཅག་གི་སྟོན་པ་རང་གིས་ཚོད་བཟུང་ནས། ཇི་སྐད་དུ། ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་སྒྲུབ་པར་ནི་མ་གསུངས་ཏེ། །ཞེས་དང༌། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་སོགས་གསུངས་ཡོད་པ་དང༌། དེར་མ་ཟད་གང་ཟག་གི་ཚོད་གང་ཟག་གིས་མི་ཟིན་པ་ཡིན་ན་དེ་དག་བཟང་བ་ཡིན་པ་ཁྱེད་ཀྱིས་ཤེས་པ་འགལ་བར་འགྱུར་ལ། ཡང་ཁ་ཅིག་གིས་ཚུལ་འཆལ་བ་ལ་གོས་ངུར་སྨྲིག་གྱོན་དུ་མ་བཅུག་ན་གོས་ངུར་སྨྲིག་འཕྲོག་པའི་རྩ་ལྟུང་བྱུང་ཟེར་བ་དེ་ནི་ཧ་ཅང་བློ་རྩིང་བའི་སྐྱོན་ཡིན་ཏེ། གོས་ངུར་སྨྲིག་འཕྲོག་པའི་རྩ་ལྟུང་གཞན་ལ་ཕྲག་དོག་དང་ཞེ་སྡང་གི་དབང་གིས་གོས་ངུར་སྨྲིག་འཕྲོག་ན་རྩ་ལྟུང་བྱུང་བ་ཡོད་ཀྱང་བསྟན་པ་ལ་ལྷག་བསམ་གྱི་དབང་གིས་བསྟན་པའི་མིག་ལྟོས་ལ་མི་ཡག་པ་དང་བསྟན་པ་སྤྱིའི་མཚན་སྙན་གྱི་ཆེད་དུ་སློབ་གསོ་བྱེད་པ་ལ་རྩ་ལྟུང་བྱུང་བའི་གནས་མེད་ལ། སྟོན་པ་ཐུགས་རྗེ་ཅན་གྱིས། ཚུལ་ཁྲིམས་འཆལ་བ་གནས་ནས་སྤྲད་དགོས་པར་གསུངས་བ་དང༌། སངས་རྒྱས་གཉིས་པ་སློབ་དཔོན་དབྱིག་གཉེན་རྒྱ་གར་ནས་བལ་ཡུལ་དུ་ཕེབས་སྐབས་ངུར་སྨྲིག་གྱོན་པ་དག་གིས་ཞིང་རྨོ་བ་སོགས་གཟིགས་པས་ཐུགས་སྐྱོ་ནས་སྐུ་མྱ་ངན་ལས་འདས་པའི་ལོ་རྒྱུས་ཡོད་པས་ཚུལ་ཁྲིམས་འཆལ་བས་རབ་བྱུང་གི་གོས་ངུར་སྨྲིག་གྱོན་མི་རུང་བ་སངས་རྒྱས་སམ་དམ་ཆོས་འདུལ་བའི་དགོངས་པ་ཡིན་པ་རེད། ཁ་ཅིག་གིས་དེ་དག་ལ་དག་སྣང་སྦྱང་ཁུལ་བྱེད་པ་ནི་དག་སྣང་སྦྱང་ས་ནོར་བ་རེད། དཔེར་ན་དག་སྣང་སྦྱང་ཁུལ་བྱས་ནས་མི་གཙང་བ་ཟ་བ་དང་མཚུངས་སོ། །མ་དག་པ་མ་དག་པ་ཡིན་པར་སངས་རྒྱས་ཀྱིས་གཟིགས་པ་རེད་ལགས། སྤྱིར་ཁྱིམ་པ་རྣམས་ཀྱིས་རབ་བྱུང་ནང་བཞིན་མདོ་སྔགས་ཡོངས་རྫོགས་ལ་ཐོས་བསམ་བྱེད་མ་ནུས་ན་ཡང་ནང་ཆོས་ཀྱི་གོ་བ་རགས་རིམ་དང་དགེ་འདུན་པ་མཚན་ཉིད་པ་ཡིན་མིན་གྱི་ཁྱད་པར་ཤེས་དགོས། དཔེར་ན་ཚོང་ར་ཞིག་ལ་སོང་ན་བཅའ་ལག་དག་རྫུན་གྱི་ཁྱད་པར་ཤེས་ན་དག་མ་དེ་ཉོ་ཤེས་ལ་མ་ཤེས་ན་རྫུན་མས་མགོ་གཡོག་པ་མང་བ་ལྟར་ཡིན་པ་རེད། དེས་ན་ཁྱིམ་པ་ལ་ནང་ཆོས་ངོ་སྤྲོད་གལ་ཆེ། གྲྭ་བ་རྣམས་ཀྱིས་རང་ལ་ཡིད་ཆེས་བྱེད་པའི་དད་ལྡན་མང་ཚོགས་མི་བསླུ་བ་གལ་ཆེན་རེད་མ་གཏོགས་སྤྱིར་མི་སུ་ཡིན་ན་རང་ལ་ཡིད་ཆེས་བྱེད་མི་ཞིག་ཡིན་ན་བསླུ་ཐུབ་ལ་རང་ལ་ཡིད་ཆེས་མེད་པའི་གང་ཟག་ཞིག་བསླུ་མི་ཐུབ་པ་ཡིན་པས་ན་ང་ཚོས་རང་ལ་ཡིད་ཆེས་པའི་དད་ལྡན་མང་ཚོགས་མི་བསླུ་བ་དགོས། དེ་མི་བསླུ་བ་ལ་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་བསླབ་པ་གསུམ་ལ་ཉམས་ལེན་དགོས་པ་རེད་ལགས། ད་དེ་རིང་གི་ཆ་ལ་དེ་ཙམ་ལས་ཞུ་རྒྱུ་མིན། སྤྱིར་མང་པོ་ཞུས་ན་མང་པོ་རེད་ཏ། ད་རུང་མཁས་དབང་མང་པོས་གསུང་བཤད་རབ་དང་རིམ་པ་མང་པོ་གནང་དགོས་པས་དེ་ཙམ་གྱིས་ཞུ་བྱ་རྫོགས་པར་བྱེད་རྒྱུ་ཡིན། མཇུག་མཐར་བོད་ཀྱི་ཆོས་བརྒྱུད་ཆེན་མོ་དྲུག་པོ་ཐམས་ཅད་ཐུགས་མཐུན་ཞིང་ཁྲིམས་གཙང་བ་དང་རྒྱལ་བསྟན་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་སྨོན་འདུན་ཞུ། ཐུགས་རྗེ་ཆེ་ཞུ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་བསྡུས་གྲྭ་སྔ་འགྱུར་རྙིང་མས་ཆེད་སྦྱང་དང་གཙོ་བོ་མི་དགོས་གསུངས་པ་ནི་ཚིག་འཁྲི་ཁོ་ནས་དུས་འདའ་བ་དང་ཕ་རོལ་ལས་རྒྱལ་ཆེད་ཁོ་ནར་རྩོད་པ་ལྷུར་ལེན་ལྟ་བུར་མི་དགོས་པ་དང༌། མཚན་ཉིད་ཁ་རྐྱང་བ་མི་བྱེད་པར་ཆོས་སྦྱང་བ་རང་གཞན་ལ་ཕན་ཐོགས་པ་ཞིག་དགོས་པ་དེ་ཡིན་སྙམ། ང་རང་གི་བསམ་ཚུལ་ལ་ཚིག་འཁྲི་ཆེར་མི་དགོས་ཀྱང་སྤྱིར་བསྡུས་གྲྭ་སྦྱང་བ་གལ་ཆེ། རྒྱུ་མཚན་རྗེ་ཏཱ་ར་ནཱ་ཐས། རིགས་པའི་ཡན་ལག་ཚང་བས་འཇུག །ཅེས་དང། ཀརྨ་པ་ཞྭ་དམར་སྐུ་འཕྲེང་བདུན་པའི་བསྡུས་གྲྭ་རྩ་ཚིག་ལས། ཀུན་མཁྱེན་ཐོབ་པའི་དངོས་རྒྱུ་ཡིན། །ཞེས་གསུངས་པ་ལྟར་གཞུང་རིགས་པའི་རྗེས་འབྲང་ཡིན་པས་རིགས་ལམ་སྦྱང་དགོས། འཇུ་མི་ཕམ་གྱིས་བསྡུས་ཚན་རྩོད་རིག་སྨྲ་བའི་སྒོ་འབྱེད་བདག་གིས་རྒྱ་གར་རྣམ་གྲོལ་གླིང་ནས་མཇལ་མྱོང༌། འོན་ཀྱང་མི་ཚེ་རིགས་ལམ་རྐྱང་བ་ལ་འབད་ན་ཉིང་དགོས་ཆེར་མི་འགྲུབ་སྟེ། དཔེར་ན་བོད་ཡིག་ཤེས་པ་ལ་ཀ་ཁ་ག་ང་ཤེས་དགོས་ཀྱང་མི་ཚེ་གང་ལ་དེ་ཁོ་ན་ལ་འབད་ན་དོན་ཆེར་མ་མཆིས་པ་བཞིན་ཡིན་ནོ། །མཁན་ཆེན་དམ་པ་གང་གིས་བསྡུས་གྲྭ་ཞེས་པ་ཚིག་འཁྲི་ལ་ཐུགས་བསམ་བཞེས་ཡོད་པ་འདྲ། སྤྱིར་བོད་ཀྱི་བསྡུས་གཞུང་དུ་མར་མངོན་པ་གོང་འོག་དང་ཚད་མ་སྡེ་བདུན་སོགས་ཀྱི་བརྗོད་བྱ་གང་ལེགས་པ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ནས་མཛད་པའི་གཞུང་ལུགས་ལ་བསྡུས་གཞུང་དུ་གྲགས་པར་སེམས་སོ། །སྤྱིར་མི་སུ་ལ་ཤེས་འཇོན་ཡོད་ན་དེ་ལ་རྒྱབ་སྐྱོར་རོགས་རམ་བྱེད་པར་ཞུ། གཞན་གྱིས་དྲིས་ལན་དུ་དྲང་མོའི་གཏམ་འདི་ངག་དབང་དངོས་གྲུབ་དཔལ་ནས། འཇིག་རྟེན་ན་མི་ངན་པ་ཁྱི་ལྟ་བུ་ཞེས་བརྗོད་མོད། ངས་ལྟ་ན་ཁྱི་ལ་རྩམ་རིལ་ཙམ་སྦྱིན་ནའང་བཟང་ངོ་ངན་ངོ་ཡོད་མཁན་ཞིག་ཡིན་ལ། དེང་སང་མི་ཕལ་ཆེར་བ་ཁྱི་ལས་ཀྱང་བཟང་ངོ་ངན་ངོ་མེད་པ་མ་ཟད་ཕ་མ་དང་བླ་མ་ལ་དཔལ་འབྱོར་ཕྲན་བུའི་ཆེད་དུ་སྒྲོ་འདོགས་དང་སྐུར་འདེབས་མང་བ་མངོན་སུམ་དུ་གྲུབ། དེར་མ་ཟད་ཁྱི་རྣམས་ཀྱིས་མི་ཁྲོམ་མང་པོ་ཚོགས་སར་མིང་གོ་ས་ཇི་ལྟར་ཆེ་བ་མཐོང་ཡང་རང་གི་བདག་པོའི་རྗེས་སུ་འགྲོ་ཤེས་པ་ཡིན་ལ། མི་ཕལ་ཆེར་གང་མཐོ་གང་གཉན་གྱི་རྗེས་སུ་འབྲང་ནས་བཀའ་དྲིན་ཅན་གྱི་བླ་མ་དང་བྱམས་བརྩེ་ཅན་གྱི་དྲིན་ཅན་ཕ་མ་རང་གི་མི་རིགས་སོགས་བརྗེད་འགྲོ་བ་མཐོང་ཐོས་མངོན་གྱུར་བ་ཆེས་མང་ངོ། །རང་གི་མི་རིགས་དང་བཀའ་དྲིན་ཅན་གྱི་བླ་མ་སོགས་ལ་གཞན་གྱི་ཕྲག་དོག་གི་དབང་གིས་མི་སྙན་པ་བརྗོད་པ་གོ་ས་འཕྲོག་པ་སོགས་མ་ཟད་རང་གིས་རྙོག་དྲ་བཟོས་ནས་གཞན་གྱིས་རྙོག་དྲ་བཟོས་ཞེས་རང་ཁག་གཞན་ལ་འགེལ་བའི་རྗེས་སུ་འབྲང་བ་མང་རབ་ཡོད་པ་ཤེས་ལྡན་དག་གི་སེམས་ན་གསལ་ཡང་མི་སྨྲ་བའི་བརྟུལ་ཞུགས་སུ་གནས་ལ། བླུན་པོ་དག་ཆུ་སྣ་གར་ཁྲིད་དུ་རྒྱུག་བཞིན་དུ་མཆིས་པའོ། །ཆོས་ཕྱོགས་ནས་བསམ་ན་དེ་དག་སྙིང་རྗེ་རེད། རང་གི་དམ་ཚིག་ཉམས་ནས་གཡོ་སྒྱུའི་དབང་གིས་ཚེ་འདི་མེད་ཕྱི་མེད་དུ་བྱེད་པས་སོ། །སྐྱོན་བརྗོད་ཙམ་མ་ཡིན་པར་སྐྱོན་སངས་བའི་ཆེད་ཡིན་པས་གདམས་ངག་བླངས་ན་རང་གཞན་ལ་ཕན་ཐོགས་པ་སྲིད་ལ། ལོག་པར་འགྲེལ་ན་རང་གཞན་ལ་གནོད་པའི་རྒྱུ་རུ་འགྱུར་རོ། །ཞེས་གཡོ་སྒྱུའི་སྒྱུ་འཕྲུལ་སྣ་ཚོགས་མཐོང་བའི་དབང་གིས་སྤྲང་འཁྱམ་པ་དངོས་གྲུབ་དཔལ་གྱིས་བྲིས་པའོ། །

སྤྲུལ་སྐུའི་ཁྲི་འདོན་གྱི་གནད་དོན་བོད་ལ་ཐུག

སྤྲུལ་སྐུའི་ཁྲི་འདོན་གྱི་གནད་དོན་བོད་ལ་ཐུག

ཉེ་ཆར་རྒྱ་ནག་ནས་རྒྱ་མི་ཞིག་གིས་སྤྲུལ་སྐུའི་མཛད་སྒོ་སྤེལ་བ་ལ་བོད་མི་མི་ཉུང་བས་ལྟ་ཚུལ་སྣ་མང་བརྗོད་བཞིན་མཆིས། བདག་གི་རྣམ་རྟོག་གི་རི་མོ་ལ་དེ་ནོར་འཁྲུལ་རེད་མོད། དེའི་གནད་དོན་གཙོ་བོ་མི་རིགས་གཞན་ན་མེད་པའི་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་རྙིང་བ་དང་ལྷག་ཏུ་འབྱོར་ལྡན་ཁྲི་འདོན་གྱི་ལམ་ལུགས་ངན་པ་དེ་ལ་ཐུག དེ་ཡང་དེང་སྐབས་སུ་སྔར་ལས་ཀྱང་ལུགས་སྲོལ་ཇེ་ངན་དུ་སོང་ནས་ཕྱུག་པོའི་སྒོ་ཁྱི་ཡང་གྲལ་མགོ་ལ་བཞག་པའི་དུས་སྐབས་ཞིག་ཡིན་པ་རེད། དེས་ན་བོད་ན་རྫུན་མས་རྫུན་མ་མིང་བཏགས་ནས་ལོང་བས་ལོང་བ་ཁྲིད་པའི་འཁྲབ་སྟོན་འདི་ལ་སྐྱོ་བྱུང༌། དེའི་གནད་དོན་བླ་རྒན་རྣམས་ཀྱིས་ཡོད་ཚད་ནས་ཡོད་ཚད་དཔལ་འབྱོར་ཡིན་སྙམ་པའི་འདུ་ཤེས་ལས་བྱུང་ལ། དེའི་ཡང་གནད་དོན་ཤེས་ཡོན་མེད་པའི་དབང་གིས་རང་ཚོད་མ་ཟིན་པ་ཡིན་པར་བདག་གི་ཀུན་རྟོག་གི་རི་མོ་ལ་སྣང་ངོ༌། །ཡང་གཅིག་བརྗོད་ན་མིང་སྟོང་ཁུར་བའི་སྐྱབས་གནས་སུ་ཁས་ཆེ་བ་དག་གིས་དད་ལྡན་མང་ཚོགས་རྣམས་བསླུས་སོང༌། ཕམ་སོང༌། མགོ་སྐོར་བཏང་སོང༌། དཔལ་འབྱོར་འཕྲོག་བཅོམ་བྱས་སོང༌། རྙོག་དྲ་བཟོས་སོང༌། ཆོས་ཚོང་རྒྱབ་སོང༌། ཐོབ་གོ་ས་རྩོད་སོང༌། ད་འདི་ལྟར་འགྲོ་ན་ཡོད་ཚད་ནས་ཕམ་ཁ་ཁུར་དགོས་པས་དད་ལྡན་མང་ཚོགས་རྣམས་གཉིད་ལས་སད་དགོས། གྲྭ་བ་རྣམས་ལ་དད་ལྡན་མང་ཚོགས་ཀྱིས་ཡིད་ཆེས་བྱེད་པས་མི་བསླུ་བ་གལ་ཆེའོ། །བདག་གྲྭ་རྐྱང་ཞིག་ལ་ཁུར་མེད་ཀྱང་སེམས་ཀྱིས་མ་བཟོད་ནས་དངོས་གྲུབ་དཔལ་ཞེས་འབོད་པས་ངག་འདི་ཤོར་སོང༌། ནོར་བ་ཡོད་ན་བཟོད་གསོལ།

ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་འདས་ཚིགས།

ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་འདས་ཚིགས་དངོས་ནི།

ཆོས་རྗེ་ཀུན་མཁྱེན་གྱི་དངོས་སློབ་ཆོས་གྲགས་དཔལ་གྱིས་མཛད་པའི་རྣམ་ཐར་གསལ་སྒྲོན་དཔེ་རྙིང་ཐམས་ཅད་ལས། དགུང་ལོ་བདུན་ཅུ་ཐམ་པར་ལྕགས་མོ་གླང་ལ་སྐུའི་གཟི་བརྗིད་ཆེ་བར་ཀུན་གྱི་མཐོང་སྣང་དུ་ཁྲིད་སྣ་ཚོགས་པས་བུ་ཆེན་རྣམས་ཀྱི་ཆོས་སྐལ་ཡིན་གསུངས། ཞེས་པ་ནས། དེ་ནས་ཟླ་བ་བཅུ་གཅིག་པའི་ཚེས་བཞིར་ཚོགས་པ་རྣམས་ལ། ངེས་དོན་རྒྱ་མཚོ་ཁྱེད་རྣམས་ཀྱི་ཆོས་སྐལ་ཡིན་གསུངས་ནས། ཞག་གསུམ་དུ་གསུངས་པའི་ཚེ། སྔར་བས་གཟི་མདངས་ཆེ་ནས་ནམ་མཁའ་ལ་སྒྲ་འོད་གསལ་འཇའ་འོད་མེ་ཏོག་གི་ཆར་གཡོས་སོ། །ཚེས་དྲུག་གི་ཉིན་པར་ཆོས་གསུངས་པའི་དུས་སུ། སྔར་བས་ཕྱོགས་ཕྱོགས་སུ་རོལ་མོ་སྣ་ཚོགས་དང་མེ་ཏོག་འཇའ་ཚོན་སྣ་ཚོགས་པས་ཁེངས་ཏེ། ཞེས་པ་ནས། ཅུང་ཟད་ཀྱང་མེད་པའི་ངང་ལས་ཏིང་ངེ་འཛིན་དུ་བཞུགས་ནས། ཚེས་དྲུག་གི་དགོང་མོར་བདེ་བར་གཤེགས་སོ། །ཞེས་དང༌། བླ་མ་བློ་གྲོས་གྲགས་པའི་ཀུན་མཁྱེན་རྣམ་ཐར་ཚིགས་བཅད་མ་ལས། དེ་ནས་ལོ་དེའི་ཟླ་བ་བཅུ་གཅིག་པའི། །ཚེས་བཞིར་འཚོགས་པ་མང་བསྡུས་རྗེ་མཆོག་གིས། །ངེས་དོན་རྒྱ་མཚོ་ཁྱེད་རྣམས་ཆོས་སྐལ་ཡིན། །གསུངས་ནས་ཞག་གསུམ་བར་ལ་བརྩེ་ཆེན་གྱི། །ཞིབ་རྒྱས་ལེགས་གནང་ཚེ་ན་ཉིད་ཀྱི་{། །སྔར་བས་གཟི་མདངས་ཆེ་ཞིང་ནམ་མཁའ་ལས། །སྒྲ་དང་འཇའ་འོད་ཆེར་གསལ་མེ་ཏོག་ཆར། །ས་གཡོ་ལ་སོགས་རྟགས་མཚན་ཆེར་མངོན་བྱུང༌། །ཚེས་དྲུག་ཉིན་པར་ཆོས་གསུངས་དུས་སྐབས་ན། །སྔར་བས་ཕྱོགས་ཕྱོགས་རོལ་མོ་སྣ་ཚོགས་ལྡིར། །མེ་ཏོག་འཇའ་ཚོན་མང་པོས་བར་སྣང་ཁེངས། །རྗེ་ཉིད་སྤྱན་གྱིས་ནམ་མཁར་ཡང་ཡང་གཟིགས། །ཞེས་དང༌། དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ་ལས། བདུན་ཅུ་པ་ལྕགས་མོ་གླང་གི་ལོ་ཧོར་ཟླ་བཅུ་གཅིག་པའི་ཚེས་ལྔའི་ཉིན་ཁྲིད་གསར་བ་རྣམས་ལ། བླ་མའི་རྣལ་འབྱོར་རྒྱས་པ་ཅིག་གནང་ནས་འདི་ལ་རྟེན་འབྲེལ་ཐམས་ཅད་བསྒྲིག་དགོས། གལ་པོ་ཆེ་ཡིན་པས་སྒོམས་ཤིག དེ་ནས་གདན་ས་པས་གནང་ངོ་གསུང༌། ཚོགས་པ་ལ་ངེས་དོན་རྒྱ་མཚོའི་ཆོས་འཕྲོ་རེ་ཉིན་ཆེས་ཐུགས་གསལ་ཞིང༌། གཟི་མདངས་ཆེ་བའི་རྣམ་པས་ལྷག་པར་གསུང་ཆེ་བར་གསུངས་ཏེ། འུ་ཅག་གི་ཆོས་བཤད་མཚམས་དེ་ཀ་ལ་བྱེད་པ་ཡིན་ནོ་གསུངས་ནས་ཆོས་འཕྲོར་བཞག ཚེས་དྲུག་གི་ནམ་ལངས་མ་ཐག་འོད་གསལ་ལ་མཉམ་པར་གཞག་ནས་དགོང་མོ་མྱ་ངན་ལས་འདས་ཏེ། མཁའ་ཁྱབ་མཁའི་རྡོ་རྗེ་ཅན་ཡིན་མོད་ནའང༌། སྤྲུལ་པའི་སྐུ་ནི་ཞིང་བདེ་བ་ཅན་དུ་འབྱོན་པར་ཞལ་གྱིས་མཆིས་སོ་ཞེས་ཆག་ལོ་ཙཱ་བ་རིན་ཆེན་ཆོས་རྒྱལ་གྱིས་གསུངས་པས་ཀུན་མཁྱེན་དོལ་པོ་པ་འདས་དུས་དངོས་གནས་པ་ནི་བོད་ཟླ་བཅུ་གཅིག་ཡིན་པས་སོ། །ཆག་ལོ་ཙཱ་བ་རིན་ཆེན་ཆོས་རྒྱལ་མཆོག་ནི། བོད་རབ་བྱུང་བརྒྱད་པའི་མེ་ཡོས་༼༡༤༤༧༽ལོར་སྐུ་འཁྲུངས་ཤིང༌། མཚན་གྱི་རྣམ་གྲངས་ལ་ཆག་ལོ་ཙཱ་བ་རིན་ཆེན་ཆོས་རྒྱལ་དང༌། ཆག་ལོ་བཞི་བ་རིན་ཆེན་ཆོས་ཀྱི་རྒྱལ་པོ། ཏེའུ་ར་བ་རིན་ཆེན་ཆོས་ཀྱི་རྒྱལ་པོ་ཞེས་བརྗོད་དོ། །ཞེས་པ་འདི་ནི་དངོས་གྲུབ་དཔལ་གྱིས་བྲིས་པའོ། །

དུས་འཁོར་གྱི་སྒོམ་སྒྲུབ་ལ་སེམས་ཚོར་གྱི་གཏམ།

དུས་འཁོར་གྱི་སྒོམ་སྒྲུབ་ལ་སེམས་ཚོར་གྱི་གཏམ།

ན་མ་ཤྲཱི་ཀཱ་ལ་ཙཀྲ་ཡ། དཔལ་དུས་ཀྱི་འཁོར་ལོའི་གསང་སྔགས་ཀྱི་བསྟན་པ་འདི་བོད་གངས་རིའི་ལྗོངས་འདིར་འགྱུར་མཛད་མི་འདྲ་བ་ཉེར་བཞི་བྱུང་ནས་དར་རྒྱས་སུ་བྱུང་ལ། འགྱུར་མཛད་དེ་དག་ལས་གཙོ་བོ་ནི་རྭ་འབྲོ་གཉིས་ཡིན་ལ། རྗེས་ནས་དེ་གཉིས་ཀྱི་བརྒྱུད་པའི་ཆུ་བོ་གཅིག་ཏུ་གྱུར་པ་ཡིན་མོད་དཔལ་ལྡན་རྒྱལ་བ་ཇོ་ནང་བ་ནི་འབྲོ་ལུགས་དེ་གཙོ་ཆེར་བཟུང་བ་ཡིན་ལ། རི་བོ་དགེ་ལྡན་པའི་ཕྱོགས་ནས་མཁས་གྲུབ་རིན་པོ་ཆེས་བུ་སྟོན་རིན་ཆེན་གྲུབ་ཀྱི་རྗེས་སུ་འབྲང་ནས་རྭ་ལུགས་གཙོ་བོར་འཛིན་པ་ཡིན་ཀྱང་རྗེ་བླ་མ་ཤར་ཙོང་ཁ་པས་ཇོ་ནང་ཕྱོགས་རྒྱལ་བའི་མདུན་ནས་དུས་འཁོར་གསན་པར་རྗེའི་རྣམ་ཐར་དུ་མར་གསལ་ལ། སྔ་འགྱུར་རྙིང་མའི་མཁས་པ་དུ་མས་གསང་སྔགས་གསར་མའི་རྒྱུད་སྡེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་དུས་འཁོར་གྱི་རྒྱུད་འདི་ཡིན་པར་གསུངས་ཏེ། དཔེར་ན་འཇུ་མི་ཕམ་རིན་པོ་ཆེས། དུས་འཁོར་གྱི་རྒྱུད་སྡེ་ནི་རིན་པོ་ཆེ་ཟ་མ་ཏོག་ཁ་ཕྱེ་བ་ལྟར་ཡོན་ཏན་དུ་མ་དང་ལྡན་པས་ན་གསར་མའི་རྒྱུད་ཀུན་ལས་མཆོག་ཏུ་གྱུར་པ་ཡིན་པར་གསུངས་སོ། །ད་ལྟ་དུས་འཁོར་གྱི་སྒྲུབ་མཆོད་དང་དབང་ལུང་ཙམ་རེ་ཆོས་བརྒྱུད་དུ་མ་ལ་ཡོད་ཀྱང་བསྐྱེད་རྫོགས་རིམ་གཉིས་ཀྱི་ཉམས་ལེན་དང་དབང་ལུང་མན་ངག་སོགས་སྔོན་བྱོན་དམ་པས་ཕྱག་ལེན་མ་ཉམས་པར་འཛིན་སྐྱོང་གནང་བའི་ཆོས་བརྒྱུད་ནི་དཔལ་ལྡན་རྒྱལ་བ་ཇོ་ནང་བ་ཡིན་པར་གྲགས་ཤིང་ད་ལྟའི་གནས་སྐབས་སུ་གཞན་ལ་ལྟོས་ན་གྲུབ་པ་ཡིན་ཞེས་བརྗོད་ན་ཆོག་སྙམ། ཇོ་ནང་བ་ལ་མཚོན་ན་རྡོ་རྗེ་སློབ་དཔོན་རྣམས་ཀྱི་བཀའ་དྲིན་ལས་དབང་ལུང་མན་ངག་དང་མཐོང་བ་བརྒྱུད་པའི་ཕྱག་ལེན་རེ་ཅུང་ཟད་གནས་ཀྱང་དུས་འཁོར་བསྡུས་རྒྱུད་དང་འགྲེལ་ཆེན་དྲི་མེད་འོད་དང་ཕྱོགས་རྒྱལ་གྱི་རྒྱུད་མཆན་སོགས་ལ་ཐོས་བསམ་གནང་མཁན་ཉིན་སྐར་ལྟར་དཀོན་ལ། རྒྱུད་སྡེའི་དགོངས་སྙིང་དུས་འཁོར་གྱི་བསྐྱེད་རྫོགས་ཡང་སྒོམ་པའི་ཚུལ་འཛིན་མཁན་མང་ཡང་བཤད་ཤེས་མཁན་ནི་ལྐོག་གྱུར་དུ་ཡོད་ན་མ་གཏོགས་ང་ལྟ་བུའི་ཚུར་མཐོང་གི་ངོའམ་རྟོག་གེ་བའི་ངོ་ན་དཀོན་པར་སྣང༌། ང་འདྲའི་རྟོག་གེ་བས་བསམ་གཞིག་གནང་ན་མ་ཤེས་པར་སྒོམ་པའི་ཐབས་དང་བྲལ་སྙམ། དེས་ན་ད་ལྟའི་ཆར་དཔལ་དུས་ཀྱི་འཁོར་ལོའི་ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོ་དང་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་ཕྱག་ལེན་ལ་ལོ་གསུམ་བཞུགས་པའི་ཕྱག་སྲོལ་གནས་ལ། བཞུགས་མཁན་ཡང་ལོ་དགུ་དང་བཅུ་ཡས་མས་མང་དུ་སྣང༌། སྤྱིར་ལོ་ཆུང་དུས་ནས་བཞུགས་པ་ལ་རྩ་རླུང་ཐིག་ལེ་མ་ཉམས་པའི་གནས་སྐབས་ལ་ཉམས་རྟོགས་སྐྱེ་སླ་བ་ཡིན་ཡང་སྒོམ་མ་ཤེས་ན་ཉམས་རྟོགས་རང་བྱུང་དུ་སྐྱེ་བའི་གནས་མེད་དོ། །ད་ནི་གཞོན་སྐྱེས་དེ་དག་གི་དུས་ཚོད་དང་མི་ཚེ་རིན་ཐང་ཅན་ཞིག་ཏུ་འགྱུར་བའི་ཐབས་ལམ་ལ་མ་བརྩོན་ན་སྦྱོར་དྲུག་འདུག་པའི་མིང་ཙམ་ལས་དོན་སྙིང་མེད་པར་འགྱུར་བའི་ཉེན་ཁ་ཆེའོ། །བདག་གིས་ཐོས་པ་དུས་གཅིག་ན་རྒྱ་ཞིག་སྦྱོར་དྲུག་ལ་སྡད་རྗེས་༼没有意思༽དོན་སྙིང་མི་འདུག་ཅེས་བཤད་པ་ལྟར་མི་འགྱུར་བར་བྱ་དགོས། དེས་ན་རང་གི་རྣམ་རྟོག་ལ་སྔོན་འགྲོ་ལ་མ་འདུག་པའི་སྔར་ཐུན་མོང་གི་སྔོན་འགྲོའི་ཉམས་ལེན་དམིགས་པའི་གནད་ལ་ཟླ་གཅིག་ཙམ་ཐོས་བསམ་བྱས་ནས་འབུམ་ལྔ་ལ་བཞུགས། དེ་ནས་ཐུན་མིན་གྱི་སྔོན་འགྲོའི་འགོ་ནས་བསྐྱེད་རིམ་ལ་རབ་ན་དངོས་གྲུབ་ཉེར་འཚོ་ལྟ་བུའི་སྟེང་ནས་ཁྲིད་རྒྱས་པ་དང་ཐ་ན་མཐོང་དོན་དང་སྒོམ་རིམ་གྱི་གཞུང་ཁྲིད་ལ་གོ་བ་ཆགས་པར་བྱས་ནས་དུས་འཁོར་གྱི་བསྐྱེད་རིམ་བསྒོམ་ན་ལེགས་པའོ། །དེ་བཞིན་དུ་གནས་པ་རྩ་དང་གཡོ་བ་རླུང་དང་བཀོད་པ་བྱང་ཆུབ་སེམས་ཀྱི་ཐིག་ལེ་གསུམ་གྱི་གནད་དུ་བསྣུན་པའི་གཞིའི་གཙོ་བོ་དང༌། དབེན་གསུམ་དང༌། དངོས་གཞི་སྦྱོར་བ་ཡན་ལག་དྲུག་སོ་སོའི་སྐབས་སུ་ཉམས་ལེན་དམིགས་པའི་གནད་དང༌། སྒོམ་དོན་བློ་ལ་འགོད་པ་བཅས་ཐ་ན་ངག་ཐོག་ནས་བཤད་ཤེས་པར་བྱས་ནས་ད་གཟོད་བསྒོམ་ན་ལེགས་སོ། །སྤྱིར་གཞུང་བཀའ་པོད་ལྔ་གཟིགས་ཟིན་པའི་སློབ་གཉེར་བ་རྣམས་ཀྱིས་ངེས་པར་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལ་ཐོས་བསམ་བྱེད་རྒྱུ་བདག་གིས་ལག་ཐལ་མོ་སྦྱར་ནས་གྲོས་འདེབས་ཞུ་བ་ཕུལ་བ་ཡིན། དེའི་རྒྱུ་མཚན་ནི། ཆོས་རྗེ་ཀུན་མཁྱེན་དོལ་པོ་པས་དབུ་མ་གཞན་སྟོང་ནི་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་སོགས་སེམས་འགྲེལ་སྐོར་གསུམ་གྱི་མན་ངག་ལ་བརྟེན་ནས་བཀྲལ་བ་ཡིན་པ་དང༌། དེང་དུས་སུ་དུས་འཁོར་གྱི་འཆད་ཉན་འདི་ཇོ་ནང་བའི་བགོ་སྐལ་ལྟ་བུ་གྱུར་བས་སོ། །ཡང་ཞར་བྱུང་དུ་བླ་རྒན་ཁ་ཅིག་གིས་རྟགས་སྣང་རེ་ཤར་བ་ཙམ་གྱིས་ཉམས་རྟོགས་ཅན་ཡིན་ཞེས་བཤད་ཀྱང་སྤྱིར་རྟགས་སྣང་ཙམ་ཕྱི་རོལ་བ་དང་མདོ་ལུགས་ལ་ཡོད་པར་རྗེ་བཙུན་སོགས་ཀྱིས་གསུངས་པས་འོད་གསལ་གྱི་རྟགས་མཚན་ཉིད་པའི་ཉམས་རྟོགས་ཀྱི་རྟགས་སྣང་ཡིན་མིན་གྱི་ཁྱད་པར་ཤེས་དགོས་པ་དང༌། ཁ་ཅིག་གིས་སྤྲོས་བྲལ་དུ་མཉམ་པར་བཞག་པར་རློམ་ནས་སེམས་གསལ་རིག་ལ་སེམས་བཞག་པ་ནི་གསལ་ཞིང་རིག་པ་ཤེས་པའི་མཚན་ཉིད་ཅེས་པའི་སེམས་གསལ་རིག་ཙམ་ལ་མཉམ་པར་བཞག་པ་ཡིན་ལ། དེ་ཙམ་ནི་ཚོར་འདུ་རགས་པ་བཀག་པའི་འདུ་ཤེས་མེད་པའི་སྙོམས་འཇུག་ཙམ་ལ་རེག་ཐུབ་པའི་ངེས་པ་མེད་ལ། དེ་ཡང་བཀའ་བསྡུ་བཞི་བ་ལས། ཐལ་མོ་སྦྱར་ནས་གྲོས་འདེབས་ཞུ་བ་འབུལ། །རང་རིག་མེད་པའི་སེམས་ཅན་མི་སྲིད་ཅིང༌། །རང་རིག་ཡོད་ན་རང་ངོ་ཤེས་པ་ཡོད། །གལ་དེ་རང་གཞན་གང་ཡང་མི་རིག་ན། །རིག་པ་ཡིན་པར་འགལ་ཏེ་འབྱུང་ཆེན་བཞིན། །དེ་ཕྱིར་སེམས་ཅན་ཀུན་ལ་སེམས་ཡོད་ཅིང༌། །སེམས་ཡོད་ཀུན་ལ་རང་རིག་ཡོད་པའི་ཕྱིར། །རང་ངོ་ཤེས་པ་སྐྱེས་ཙམ་ཉིད་ན་ཡོད། །ཚུལ་འདི་ལུང་རིགས་མཁྱེན་པ་རྣམས་ལ་གྲགས། །ཞེས་དང༌། །དེ་ཕྱིར་རང་ངོ་ཤེས་པས་ཆོག་པ་ཡི། །ལྟ་ལོག་དེ་འདྲ་བདུད་ཀྱི་གསང་ཚིག་ཡིན། །དེ་ལྟར་རྟོགས་དང་མ་རྟོགས་པ་ལས་ནི། །ཡང་དག་ལམ་དང་ལོག་པའི་ལམ་དུ་འཇུག །དེ་ཕྱིར་རང་ངོ་ཤེས་པས་གྲོལ་ཞེས་པའི། །སྡིག་ལྟ་བདུད་ལས་དེ་འདྲ་སྤོང་གྱུར་ཅིག །ཅེས་གསུངས་སོ། །ཁ་ཅིག་གིས་ཚོར་འདུ་རགས་པ་བཀག་ཆ་དང༌། ཧད་དེ་སྡོད་པའམ་ཡིད་ཞབས་སུ་མྱོང་སྣང་ཙམ་ཡོད་པ་སོགས་སྒོམ་པ་ནི་ཀུན་རྫོབ་བློས་བྱས་ལས་མ་འདས་པར་བླ་སློབ་གཉིས་ཀས་མཁྱེན་དགོས་སོ། །དེ་ཙམ་ལས་གསང་སྒྲོག་གི་ཉེས་པ་ལ་འཇིགས་ནས་མ་སྤྲོས་སོ། །མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང༌།། རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་གྱི།། ལྟ་སྒོམ་འབྲེལ་བའི་ལམ་གྱིས་གནད་བཟུང་ནས།། ཆོས་སྒོ་མཐའ་དག་གསར་བར་བྱེད་པར་ཤོག། ཅེས་པ་འདི་ནི་དངོས་གྲུབ་དཔལ་གྱིས་གཞན་ངོར་ཤར་མར་དུ་བྲིས་པ་དགེའོ། །བདག་གི་ནང་བསྟན་གྱི་ཕྱོགས་ལ་སེམས་ཁྲལ་ཆེ་ཤོས་ནི། བླ་སྤྲུལ་མཁན་གསུམ་ཕལ་ཆེར་གྱིས་ཚེ་འདིའི་དཔལ་འབྱོར་ཁོ་ན་ལ་ཞེན་ནས་ཐབས་འཕྲུལ་སྣ་ཚོགས་ཀྱིས་དཔལ་འབྱོར་སྒྲུབ་པའི་ལམ་ཁ་འམ་གཡོ་སྒྱུའི་ཚོང་ལས་ངན་ཤོས་ཀྱི་ལམ་དུ་ཞུགས་ལ། དེ་ཡང་སྤྱི་ཚོགས་ཀྱིས་བླ་སྤྲུལ་མཁན་གསུམ་ལ་སྡེ་སྣོད་གསུམ་ལ་ཐོས་བསམ་དང་བསླབ་གསུམ་ལ་ཉམས་ལེན་གྱི་ཡོན་ཏན་གཅིག་ཀྱང་གླེང་རྒྱུ་མེད་པར་སྤྱིར་དཔལ་འབྱོར་དང་བྱེ་བྲག་རླངས་འཁོར་ཁང་བ་སོགས་རྫིག་པོ་ཡོད་མེད་ཁོ་ན་ལབ་པ་ནི་བསྟན་པ་འཇིག་པའི་སྔ་ལྟས་ཤིག་རེད། དེའི་དབང་གིས་གྲྭ་བཙུན་པ་མང་པོ་ཞིག་ཐོས་བསམ་བོར་ནས་རྒྱ་བོད་ཀྱི་མི་རིགས་མགོ་རྨོངས་བ་ལ་ཆོས་ཀྱི་རྒྱལ་བོ་དང་མཁན་ཆེན་སོགས་མིང་རྫུན་མ་དང༌། རང་ལ་ཁེ་ཁ་ཡོད་པའི་རྟེན་བཞེངས་དང་རྟེན་རྙིང་སོགས་ཀྱི་ཚོང་ལས་དང༌། མོ་ལུང་བསྟན་དང་གཡང་ཁུག་རྫུན་མ་དང༌། སློབ་གྲྭ་དང་རྒན་གསོ་ཁང་རྫུན་མ་སོགས་དྲང་བདེན་མེད་པའི་ཚོང་ལས་རྫུན་མ་བྱེད་ཕྱོགས་ལ་ཁ་ཕྱོགས་པ་ནི་གྲྭ་བའི་མདུན་ལམ་ནོར་བ་རེད་ལགས། དེ་ནོར་བ་མ་ཡིན་ན་བདག་ཅག་གི་སྟོན་པས་འཁོར་བསྒྱུར་གྱི་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་བ་དང་སྔོན་བྱོན་དམ་པ་རྣམས་ཀྱིས་མགྲིན་གཅིག་ཏུ་འདོད་ཆུང་ཆོག་ཤེས་གྲངས་མེད་གླེང་བ་ནོར་བར་འགྱུར་རོ། །སྤྱིར་དྲང་བདེན་དང་ལོག་འཚོ་མེད་པའི་སྒོ་ནས་དེང་དུས་སུ་བསྟན་པའི་སྦྱིན་བདག་རེ་དགོས་ཀྱང་བསྟན་འཛིན་དང་བསྟན་པའི་སྦྱིན་བདག་གཉིས་ནོར་ནས་མཁས་བཙུན་གྱི་ཡོན་ཏན་ཅི་རིགས་ལྡན་པའི་བསྟན་འཛིན་རྣམས་ཀྱིས་སྦྱིན་བདག་ལ་ཕྱག་འཚལ་བ་ནི་ནང་བསྟན་ལ་མཚོན་ན་ཧ་ཅང་མི་འོས་པས་རྗེས་ནས་སྐྱབས་འགྲོའི་ནང་བླ་མའི་ཚབ་ཏུ། འབྱོར་ལྡན་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པ་ལ་ཉེ་བར་གནས་སོ། །འོན་ཀྱང་དེའི་སྡེར་གཏོགས་པ་དག་ལ་སློབ་གསོ་མི་འགྲོ་བར་མ་ཟད་ཕྲག་དོག་དང་ཉོག་དྲ་བཟོ་བ་རེད་ཅེས་ལོག་འགྲེལ་བྱེད་པས་དེ་དག་ལ་སྨྲ་འདོད་ཡང་མེད། བདག་ལྟ་བུའི་གྲྭ་རྐྱང་ཞིག་གིས་ཕྲག་དོག་གི་གནས་མ་མཆིས་ལ། དེའི་རྒྱུ་མཚན་ཟ་རིགས་བཙོང་མཁན་ཞིག་གིས་ཟ་རིགས་བཙོང་མཁན་ལ་ཕྲག་དོག་བྱེད་པ་ལས་ལྕགས་རིགས་བཙོང་མཁན་ལ་ཕྲག་དོག་མི་བྱེད་པ་ལྟར་ཡིན་ལ། བདག་ལྟ་བུ་ལ་མཚོན་ན་དཔེ་ཁྲིད་ཙམ་རེ་བྱེད་མཁན་ཡིན་ན་ཚོང་ལས་བྱེད་མཁན་ལ་ཕྲག་དོག་བྱེད་དགོས་དོན་མེད་དོ། །འོན་ཀྱང་ཟེར་རྒྱུའི་ཕོང་བར་ངེས་སོ། །ངས་ཁ་བཟུང་མ་ཤེས་པ་ཙམ་མ་ཡིན་མོད་བསྟན་པ་ཉམས་ཀྱི་དོགས་ནས་ཡོན་ཏན་ནམ་ཤེས་ཡོན་པའི་སྡེ་ཁག་ལ་ནང་བསྟན་བདག་པོ་རྒྱག་རོགས་ཞེས་ལག་ཐལ་མོ་སྦྱར་ནས་འབོད་བསྐུལ་ཞུས་བཞིན་ཡོད་ལགས། གསལ་བཤད་ཅིག་ལ་འབྱོར་ལྡན་ཐམས་ཅད་ངན་པ་རེད་ཅེས་རྩ་བ་ནས་བཤད་ཀྱི་མེད། གཡོ་སྒྱུ་དང་འབྲེལ་དཔལ་འབྱོར་གྱིས་དོན་ལ་ནང་བསྟན་གནོད་པའི་རིགས་ནི་ངན་པར་བགྲང་བ་ཡིན། མ་ཟད་བསྟན་འཛིན་དང་སྦྱིན་བདག་མ་ནོར་དགོས་ཞེས་བཤད་པ་ཡིན། དེ་ཡང་བསྟན་པའི་སྒྲོན་མེས། ཇི་སྐད་དུ། མིང་ལ་མཐུན་རྐྱེན་ཟེར་ཡང་ཆོས་ཕྱོགས་ལས། །མཉམ་མེད་འདོད་ཡོན་བདུད་ཀྱི་ཡབ་མོ་སྟེ། །ཞེས་གསུངས་སོ། །མཇུག་བསྡུ་བ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། དཔའ་བོ་དུད་འགྲོའི་ཁྲོད་ན་ཡོད། །ཕྱུགས་པོ་ཀླ་ཀློའི་ཁྲོད་ན་ཡོད། །དོན་དང་ལྡན་པའི་གཏམ་སྨྲ་བ། །འཇིག་རྟེན་འདི་ན་ཤིན་ཏུ་དཀོན། །ཞེས་སོ། །ཆོས་མེད་སྤྲང་འཁྱམས་པ་དངོས་གྲུབ་དཔལ་ནས།

གཏེར་རྟེན་ཚོགས་མི་ཉོ་ཚོང༌།

གཏེར་རྟེན་ཚོགས་མི་ཉོ་ཚོང༌།

རྨ་ཆེན་གྱི་གཏེར་མཛོད་སོགས་གངས་ལྗོངས་ཀྱི་གཏེར་གནས་རྣམས་ཚོང་རྫས་སུ་གྱུར་བར་མ་ཟད་དེང་སང་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་སྐབས་སུ་སྐུ་གསུང་ཐུགས་རྟེན་ཉོ་ཚོང་ཁང་ཉིན་རེ་ལས་ཉིན་རེ་མང་དུ་འགྲོ་བཞིན་པ་དང༌། ལྷ་ཁང་གསེར་ཁང་མཆོད་རྟེན་སོགས་ཀྱི་ཚོང་ལས་འཕེལ་རྒྱས་འགྲོ་བ་དང༌། ད་རུང་དེ་ལས་ལྷ་ཁང་སོགས་རྟེན་གཅིག་ལ་བརྟེན་ནས་ལྷ་ཁང་སོགས་རྟེན་བཅུའི་སྦྱིན་བདག་བཙལ་ནས་བཅུ་འགྱུར་གྱི་ཁེ་ལས་བྱེད་བཞིན་མཆིས་པ་མ་ཟད་ལོ་ངོ་དུ་མར་འགོར་འགྱང་བྱས་པ་སོགས་གཡོ་སྒྱུ་ལ་ཆེད་མཁས་པ་ཡོད། ད་རུང་ས་ཁུག་ཀྱོག་ལ་བཤད་གྲྭའི་མིང་དང་རྒན་གསོའི་མིང་དང་སློབ་གྲྭ་བའི་མིང་བཏགས་ནས་འཐུས་སྒོ་མ་ཚང་བའི་མིའི་ཚོང་རྫས་ཡང་ཧ་ཅང་མང་བ་སོགས་མདོར་ན་རྟེན་བཞེངས་རེ་དང་ཚོགས་པ་རེ་དང་ངོས་སྦྱོར་རམ་རྒྱབ་གཉེར་རྫུན་མ་ཅི་རིགས་དད་ལྡན་མི་རིགས་ལ་མགོ་བསྐོར་གྱི་ཆ་རྐྱེན་དུ་དགོས་ཀྱི་ཡོད། དེས་ན་དེ་དག་མེད་ན་མགོ་སྐོར་གྱི་ཐབས་དང་བྲལ། ད་རུང་མེས་པོའི་ཤུལ་བཞག་གི་རྟེན་རྙིང་རྣམས་ཕྱི་ལོག་ཏུ་ཕལ་ཆེར་བ་ཕྱིན་ཟིན་ཏོ། །འདི་ནི་རྒྱ་བོད་ཀྱི་འབྱོར་ལྡན་རྣམས་ཀྱི་ལག་རྗེས་ཡིན་ནོ། །ད་རུང་རྒྱ་བླ་དང་དགོན་པའི་བར་གྱི་བར་ཁེ་བ་ཡང་ཡོད། གནས་ལུགས་དེ་འདྲ་མི་ཤེས་མཁན་ཚོས་རང་ཉིད་ཚོང་རྫས་ཡིན་པ་ཧ་མི་བ་མ་ཟད་དྲིན་ཆེ་རབས་ལུང་བ་གང་བཤད་པའི་གླེན་ལྐུག་ཡང་ཡོད་པར་མཐོང་ཐོས་སོ། །རྒྱལ་ཁབ་འདི་ལ་ཐང་ག་སོགས་ཆོས་ལུགས་ཀྱི་རྫས་ལ་བརྟེན་ནས་ཁ་གསོ་བའི་མིའི་གྲངས་འབོར་ཧ་ཅང་ཡོད་ཚོད་དུ་སྣང༌། ཚོགས་བསགས་པའི་རྟེན་ཙམ་ལས་རྟེན་ཧ་ཅང་མང་ན་ཚོགས་ངན་བསགས་པའི་རྒྱུ་མི་འགྱུར་རམ་ཤེས་ལྡན་རྣམས་ཀྱིས་དཔྱད་པར་བྱའོ། །འཇིག་རྟེན་གྱི་ཚུལ་ལུགས་རེ་འགའ་ལ་ཡིད་སྐྱོ་ནས་དངོས་གྲུབ་དཔལ་གྱི་ངག་ནས་ཤོར་སོང༌། གནས་ལུགས་དང་མི་མཐུན་པ་ཡོད་ན་བཟོད་གསོལ་ཞུ་ཞུ། ཕྱག་དར་བྱ། ཁང་བུ་བརྩེགས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཕྱག་དར་བྱས་པའི་ཕན་ཡོན་ནི་ལྔར་འགྱུར་ཏེ། ལྔ་གང་ཞེ་ན། ཀུན་དགའ་བོ་འདི་ལྟ་སྟེ། བདག་གི་སེམས་དང་བར་འགྱུར་བ་དང༌། གཞན་གྱི་སེམས་དང་བར་འགྱུར་བ་དང༌། ལྷ་རྣམས་དགའ་བར་འགྱུར་བ་དང༌། མཛེས་པའི་ལས་བྱས་ཤིང་བསགས་པ་དང༌། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པས་ན་ཕྱག་དར་གྱི་ལས་ལ་བརྩོན་པར་བྱའོ། །ལོ་སར་བའི་ནང་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། སྨྲ་ཤེས་པ་དང་དོན་གོ་བའི་འགྲོ་བ་མིའི་རིགས་ལ་ཞུ་གསོལ། ལོ་རྙིང་བའི་བྱ་བ་ལེགས་ཉེས་ཇི་ལྟར་ཡིན་ཡང་དེ་སྤྱི་སྡོམ་བྱས་ནས་དེ་ལས་ལྷག་པའི་བྱ་བ་ཞིག་ལོ་གསར་བར་སྒྲུབ་འདོད་དང་འཆར་གཞི་གལ་ཆེ། དེ་ཡང་བདེ་ཐང་ངང་མི་ཞིག་འཚོ་བ་ལ་འཚོ་ཐབས་གནས་མལ་ཟ་གོས་ཙམ་དགོས་མོད། མི་ཚེ་འདིར་འཚོ་བའི་དགོས་པ་ནི་ཟ་འཐུང་ཙམ་གྱིས་ཆེད་མ་ཡིན་པར་མི་ཚེ་དོན་ལྡན་གྱི་ཆེད་ཡིན་པས་ལོ་གསར་བ་འདི་ནས་འགོ་བརྩམས་ནས་དོན་ལྡན་གྱི་བྱ་བ་ལ་བརྩོན་དགོས། ཆོས་ལུགས་པ་ཞིག་གི་དབང་དུ་བྱེད་ན་དམ་ཆོས་བསྒྲུབས་ནས་མི་ཚེ་དོན་ལྡན་དགོས་སོ། །མདོར་ན་འདས་པའི་ལོ་ཟླ་དག་རྨི་ལམ་རྨིས་པ་ལྟར་སྐད་ཅིག་གིས་རྫོགས་པ་དེ་ཉམས་མྱོང་བྱས་ནས་མ་འོངས་པར་མི་ཚེ་དམ་འཛིན་ངང་མདུན་ལམ་ཕུན་སུམ་ཚོགས་པ་ཞིག་འཚོལ་དགོས་ལ། ལོ་མ་ཟད་སྐར་ཆ་རེ་རེ་ལ་མི་ཚེ་ཇེ་ཐུང་དུ་འགྲོ་བའི་འཆི་བ་མི་རྟག་པའི་ངང་ཚུལ་ངེས་པར་གཏན་ཁེལ་བ་ཡིན་ནོ། །དངོས་གྲུབ་དཔལ་ནས་ལོ་སར་ལ་ཉེ་བའི་སྐབས་སུ་ཕུལ། ཐོས་པས་འཁོར་རྩ་མ་རིག་པ་འཇོམས་ཐུབ་པར་སློབ་དཔོན་དཔའ་བོས་རྨོངས་བའི་དགྲ་བཅོམ་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །གནོད་པ་མེད་པའི་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོ་ཡི་ནི་དཔུང་འཇོམས་པ། །གྲགས་དང་དཔལ་གྱི་གཏེར་གྱི་མཆོག་ཀྱང་ཡིན། །ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་བོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་ཐོས་པའི་ཡོན་ཏན་དེ་ལྟར་ཡིན་ཀྱང་དེང་སང་རང་འཁོར་ནང་ན་དབང་ཆེ་བ་དག་གིས་ཐོས་པའི་སྐྱོན་མང་དུ་བགྲང་བ་ནི་ཐོས་སྒོམ་གང་ཡང་མེད་པའི་ཕོང་བའི་རྒྱུ་རུ་འགྱུར་རོ། །སངས་རྒྱས་ཀྱི་གསུང་ལས་རང་གི་ལོག་རྟོག་ཚད་མར་བྱེད་པ་དག་ཕན་དཀའ་ཡང་དངོས་གྲུབ་དཔལ་ནས་ཐོས་པ་མི་དགོས་པར་འཛིན་པ་རྣམས་ལ་སེམས་འཕྲང་ནས་སྨྲས་པའོ། །ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་དགོས་པ་ས་བཟང་མ་ཏི་པཎ་ཆེན་གྱི་མདོ་སྡེ་རྒྱན་གྱི་རྣམ་བཤད་ཐེག་མཆོག་རབ་གསལ་སྣང་བ་ལས། རྩ་བར། དེ་ལྟས་རྣལ་འབྱོར་ཅན་གྱི་སྒོམ་པ་གང་ཡིན་དེ་ཡང་དོན་མེད་མིན། །དེ་ལྟས་བདེ་བར་གཤེགས་ཀྱི་བསྟན་པ་གང་ཡིན་དེ་ཡང་དོན་མེད་མིན། །གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་སྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་སྒོམ་འཇུག་པར་འགྱུར་ན་བསྟན་པ་དོན་མེད་འགྱུར། །ཞེས་གསུངས་པ་ལྟར་རྟོགས་པའི་ཆོས་མཐར་ཐུག་འགོག་པའི་བདེན་པ་ནི་ལམ་ཟབ་མོ་བསྒོམས་པ་ལས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པ་དེ་ལྟ་བས་ན་ཞི་གནས་ལྷག་མཐོང་ཟུང་འཇུག་གི་རྣལ་འབྱོར་ཅན་གྱི་སྒོམ་པ་གང་ཡིན་པ་དེ་ནི་དོན་མེད་མིན་ཏེ། དོན་ཆེན་པོ་དང་ལྡན་པའོ། །ལུང་གི་ཆོས་རིགས་པ་དང་མཐུན་པར་ལེགས་པར་བཤད་པས་སྐྱེ་བོ་རྣམས་དོན་དམ་ཆོས་ལ་རིམ་གྱིས་འདྲེན་པ་དེ་ལྟ་བས་ན། བདེ་བར་གཤེགས་པ་རྣམས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་བསྟན་པ་གང་ཡིན་དེ་ཡང་དོན་མེད་མིན་ཏེ་དོན་ཆེན་པོ་དང་ལྡན་པ་ཉིད་དོ། །དེ་ལྟ་མ་ཡིན་པར་གལ་ཏེ་གསུང་རབ་ལུང་གི་ཆོས་ཐོས་པ་ཙམ་གྱིས་ཆོས་ཉིད་ཡང་དག་པའི་དོན་མངོན་སུམ་དུ་མཐོང་བར་འགྱུར་ན་ཏིང་ངེ་འཛིན་ཟབ་མོ་སྒོམ་པ་དོན་མེད་པ་ཧ་ཅང་ཐལ་བར་འགྱུར་བ་ལས་དོན་མེད་པ་མ་ཡིན་ཞིང། གལ་ཏེ་གསུང་རབ་ཟབ་མོ་མ་ཐོས་པར་ཡང་སྒོམ་པ་ལ་འཇུག་པར་འགྱུར་ན། ལུང་གི་ཆོས་རྒྱ་ཆེན་པོ་བསྟན་པ་རྣམས་དོན་མེད་པར་ཧ་ཅང་ཐལ་བར་འགྱུར་བ་ལས་དོན་མེད་པ་ནི་མ་ཡིན་ནོ། །དེ་བས་ན་ཐོས་བསམ་དང་སྒོམ་པ་གང་རུང་གིས་ཆོག་པར་མི་བཟུང་ཞིང༌། གཉི་ག་ཟུང་འཇུག་ཏུ་འཛིན་པའི་སྒོ་ནས་དམ་པའི་ཆོས་ལ་གནས་པར་བྱ་བ་སྟེ། ཀུན་ལས་བཏུས་པར་ཡང༌། སྒོམ་པ་ལ་མ་བརྟེན་པར་ཐོས་པ་དང་བསམ་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་ལ། ཐོས་པ་དང་བསམ་པ་ལ་མ་བརྟེན་པར་སྒོམ་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་གྱི་གཉི་ག་ལ་བརྟེན་ཏེ་གཉིས་ཀ་ལ་གནས་ན་ཆོས་ལ་གནས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ཞེས་གསུངས་སོ། །རྗེ་བཙུན་ཏཱ་ར་ནཱ་ཐའི་རང་རྣམ་མ་བཅོས་ལྷུག་པ་ལས། དེ་བདེན་ན་ཆོས་བརྒྱད་ཆུང་ཞིང་ཆོས་ལ་གནས་པའི་རྣམ་ཐར་དུ་འདུག་སྙམ་པ་བྱུང་དེང་སང་དེ་འདྲའི་རིགས་ལ་མི་ཆོས་མི་ཤེས་པ། དགོས་དུས་མི་ཕན་པ་ཟེར་ནས་ཐམས་ཅད་ཁ་གཏོང་བར་འདུག །ཆོས་དེ་མེད་ཁུངས་མེད་དུ་བཏང་ནས་འཇིག་རྟེན་གྱི་ཁེ་ཕོགས་ལ། ཆེ་བཞག་ཆུང་བཤོལ་གྱི་ཕན་ཐོགས་རྫུས་མ་རེས་མགོ་བོ་བསྐོར་དུ་ཕྱིན་ན། མི་ནག་པ་ཚོ་དགའ་བར་མ་ཟད། ཆོས་པ་ཚོ་ཡང་དེ་ཁ་རང་དགའ་བའི་ཁུངས་ཀྱིས་བསྟོད་ར་དིར་བྱེད་པར་འདུག །མི་ཆེན་སྐྱ་སེར་ཤེས་ལྡན་ཡིན་པའི་ཁུངས་ཚོ་ཡང་དེ་ཁ་རང་དགེ་བཤེས་བཟང་བར་འཛིན་པར་འདུག འཇིག་རྟེན་པ་རྣམས་དེ་སྐད་སྨྲ་བ་ནི་ཤིན་ཏུ་བླུན་མོད་དེ། སྐྱེ་བོ་མི་ནག་པ་ཆོས་མ་གོ་ཙ་ན་ཐབས་མེད། དགག་པའི་ཡུལ་དུ་མ་བྱུང༌། ཆོས་པ་རྣམས་ཀྱི་ཁ་ནས་དེ་བཞིན་སྨྲ། ཡིད་ནས་དེ་ལྟར་སེམས་པ་ནི་ཁོ་རང་བདུད་ཀྱི་དབང་དུ་སོང་བ་དེར་འདུག ཐབས་མེད་ཀྱང་ཆོས་སམ་བསྟན་པ་རང་དེ་རྩ་བ་ནས་ནུབ་པ་ཡིན་པར་འདུག་སྙམ་ཡིད་སྐྱོ་བའི་རྒྱུ་ཁོ་ནར་གདའ། ཞེས་དང༌། རྗེ་བཙུན་ཏཱ་ར་ནཱ་ཐའི་རང་རྣམ་མ་བཅོས་ལྷུག་པ་ལས། དེང་སང་ཕལ་ཅིག་རབ་གནས་བྱེད་ཟེར་ནས། བསྙེན་སྒྲུབ་གང་ཡང་མ་སོང་བའི་འཆོལ་པ་འགའ་ཞིག་འཚོགས། ཆོ་ག་མ་དག་པ་ཅིག་ལ་གསང་སྒྲོགས་གང་ཡོད་ཡོད་བྱས། དགའ་སྟོན་ཡིན་ཟེར་མི་འགའ་ཞིག་གིས་ལྐོག་ཟས་གྲུབ་པ་དང༌། རྟེན་བཞེངས་མཁན་རང་ལ་འབུལ་བ་འདྲ་ཡོང་ལ་རེ་ཞིང༌། རྟེན་མཇལ་གཏོང་ནའང་མི་རྣམས་ཁ་སྟོང་གྲོང་སྟོང་ལ་ཐལ་བ་ཕྱུ་རེ་གཏོང་མཁན་དུ་མང་བ་འདུག་སྟེ། ངེད་ཀྱིས་ནི་དེ་འདྲ་ཡེ་མ་བྱས། ཞེས་དང༌། རྗེ་བཙུན་ཏཱ་ར་ནཱ་ཐའི་རང་རྣམ་མ་བཅོས་ལྷུག་པ་ལས། ལར་བྱ་བ་ལས་ཀྱི་འཁོར་ལོའི་དགེ་བ་བརྒྱ་ཐམ་པ་ལས། ཚུལ་ཁྲིམས་རྣམ་པར་དག་པས་ཐོས་བསམ་གྱི་དགེ་བ་གཅིག་བཟང་བ་ཡིན། དེ་འདྲ་བརྒྱ་ཐམ་པ་ལས། བདེན་བཞི་སྟོང་ཉིད་བྱང་ཆུབ་སེམས་ཀྱི་དོན་ཡིད་ལ་བྱེད་པའི་དགེ་བ་གཅིག་དགའ་བ་ཡིན། དོན་འདི་ལ་ངེས་པ་རྙེད་པས་ངེད་ལ་རློམ་སེམས་མི་ཡོང་བའི་རྒྱུ་མཚན་ཡང་དེ་ལགས། འོན་ཀྱང་དེང་སང་ཚུལ་ཁྲིམས་དག་པ་དང་སྒོམ་ཡིད་བྱེད་དེ་ཉིན་མོའི་སྐར་མ་ལས་ཀྱང་དཀོན་ནོ། །དེས་ན་བྱ་བ་ལས་ཀྱི་འཁོར་ལོ་གཙོ་བོར་བྱས་པའི་རྒྱུ་མཚན་ཡང་དེ་ན་བདོག །སངས་རྒྱས་བྱང་སེམས་ཀྱི་དགོངས་པ་སེམས་ཅན་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་འགོད་པ་ཁོ་ནར་གདའ་ཡང༌། སེམས་ཅན་ལ་ཕན་པ་ལ་ཕན་འདོགས་ལུགས་ཅིག་དགོས།རབ་བྱུང་ཆོས་པའི་ཁུངས་ཀྱིས་སྐྱེ་བོ་མི་ནག་ལ་སྒུར་བ་དང། དད་རྫས་ཀྱི་ནོར་རྣམས་རྔན་པར་སྟེར་བ་དང། ནག་ཆང་ལོངས་སྤྱོད་ཀྱི་ཐེས་ལ་སྦྱོར་བ་ལ་འགྲོ་དོན་ཟེར་བ་མིན། གཞན་དོན་ཟེར་བ་ཡང་མིན། སེམས་ཅན་ལ་ཕན་པ་ཟེར་བ་ཡང་མིན། རང་དང་སྦྱིན་པ་བྱིན་པའི་ཡུལ་གཉིས་ཀར་ངན་སོང་གི་གཡང་སར་ལག་སྦྲེལ་བྱས་ནས། མཆོང་བ་ཟེར་བ་དེ་ཡིན། ཆོས་པ་ཤེས་ལྡན་འདྲ་ཡོད་ན་ཡང་གོ་ལས་ཆེ། འཇིག་རྟེན་སྐྱེ་བོ་ཤེས་ལྡན་འདྲ་ཡོད་ན་ཡང་གོ་ལས་ཆེ། ཞེས་སོ། །

པདྨ་རྫོང་གི་དགོན་སྡེ་ཉེར་བཞི་ལ་རེ་བསྐུལ།

པདྨ་རྫོང་གི་དགོན་སྡེ་ཉེར་བཞི་ལ་རེ་བསྐུལ་ཞུ་ཡིག

ང་ཚོ་པདྨའི་མཁས་དབང་ལྷག་བསམ་དང་ལྡན་པ་རྣམས་ཀྱིས་དཀའ་ངལ་འཛེམ་མེད་ཀྱི་སྒོ་ནས་པདྨའི་ཆོས་སྡེ་རྣམས་ཀྱི་ཀུན་སྤྱོད་དང་ཤེས་ཡོན་སོགས་ཡར་རྒྱས་ཡོང་བའི་ཆེད་དུ་པད་མ་རིག་གཞུང་དར་སྤེལ་ཆོས་ཚོགས་འདི་བཙུགས་ནས་ཐེངས་དགུ་བ་སོང་ཟིན་ལ། ད་ལོ་ཐེངས་བཅུ་བ་བོད་ཟླ་བརྒྱད་པའི་ཚེས་དགུ་ལ་ཡར་ཚོགས་དང༌། ཚེས་བཅུ་ནས་བཅུ་དྲུག་བར་དངོས་གཞི་ཡིན་པས་དགོན་སྡེ་སོ་སོའི་དགོན་བདག་བླ་མ་དང་མཁན་པོ་དང་དོ་དམ་ཁང་རྣམས་ཀྱིས་རྒྱབ་སྐྱོར་དང་ལམ་སྟོན་གནང་ནས་བཤད་གྲྭ་བ་གཙོ་བོར་གྱུར་བའི་འདུས་སྡེ་རྣམས་ཕེབས་རོགས་ཞུ། སྤྱིར་རིག་གནས་དང་སྒོས་སུ་ནང་ཆོས་དང་ཁྱད་པར་དུ་ང་ཚོ་པདྨའི་དགོན་སྡེ་རྣམས་འཛམ་གླིང་དང་དུས་རབས་ཉེར་གཅིག་གི་རང་བཞིན་ཅན་གྱི་ཤེས་ཡོན་གོང་འཕེལ་དུ་འགྲོ་བ་དང༌། མ་འོངས་པའི་འཕེལ་རྒྱས་དང༌། མཐུན་སྒྲིལ་དང་བདེ་འཇགས་སྲུང་སྐྱོབས་ཀྱི་ཆེད་དུ་མ་བསྐུལ་དང་བླངས་ངང་ཕེབས་པར་ཞུ། གལ་ཏེ་རྒྱུགས་ཀྱི་སྐོར་མེད་ན་ཡང་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་ཕེབས་པར་ཞུ་ཞུ། གཞན་ཡང་དགོན་བདག་བླ་མ་དང་མཁན་པོ་སྤྲུལ་སྐུ་རབ་སྔགས་གང་ཡིན་ན་ཤར་བྱོན་ཙམ་ཞིག་ཡིན་ན་ཡང་ཕེབས་རོགས་ཞུ། ད་ལྟའི་གནས་བབས་ལ་རང་ཚུགས་བཟུང་བའི་དུས་ཙམ་མ་ཡིན་པར་གང་ལ་ལྷག་བསམ་དང་ཤེས་ཡོན་འཇོན་ཐང་ཅན་རྣམས་ཀྱི་བྱ་བ་ལ་རྒྱབ་སྐྱོར་དང་མཐུན་སྒྲིལ་བྱེད་དགོས་པའི་གནས་སུ་སྣང་བས་ཞུས་པ་ཡིན་ལགས། རེ་བསྐུལ་དོན་སྙིང་ལྡན་པར་སྨོན། བོད་ཟླ་དྲུག་པའི་ཚེས་ཉེར་དྲུག་ལ་པདྨའི་རིག་གཞུང་དར་སྤེལ་ཚོགས་པའི་གཙོ་འགན་པའི་མིང་ཙམ་འཛིན་པ་དངོས་གྲུབ་དཔལ་ནས་གུས་ཕུལ།

རིགས་ལམ་ཕྱིན་ཅི་ལོག་ལ་ཡིད་མ་རྟོན།

རིགས་ལམ་ཕྱིན་ཅི་ལོག་ལ་ཡིད་མ་རྟོན།

དེང་སང་ཁ་ཅིག་གི་ངག་ནས་མགོ་སྔ་དང་གོ་རིམ་མེད་པའི་རྟགས་གསལ་དང་ལུས་ཀྱིས་ས་མཆོང་གནམ་མཆོང་བྱས་ནས་འཕག་འཚག་རེ་རྒྱབ་ནས་ཚ་སྟོང་དང་འཁོར་སྟོང་རེ་རྒྱབ་ན་བླུན་པོ་རིགས་ལམ་མི་ཤེས་པ་ཚོས་རྟགས་གསལ་ཡག་པོ་བཏང་སོང་ཞེས་བསྟོད་ར་བྱེད། རང་གིས་ཡང་གང་དྲན་དྲན་གྱི་སྨྱོན་པ་ལྟར་བྱས་ན་རྟགས་གསལ་ཡིན་སྙམ་པའི་མངོན་པའི་ང་རྒྱལ་ལ་གནས་པ་རྣམས་ས་ཁྱབ་རྡོ་ཁྱབ་འགྲོ་བ་འདིས་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་རིགས་པ་ལ་སྒྲིབ་པར་འགྱུར་ལ། ཚབས་ཆཻ་ཤོས་གཞོན་སྐྱེས་གསར་སློབ་རྣམས་རིགས་ལོག་གི་ལམ་དུ་ཁྲིད་པ་དང༌། རིགས་ལམ་མེད་པ་རྣམས་ཀྱིས་རྩོད་པ་ནི་གཞུང་དོན་ཕྱིན་ཅི་ལོག་ཏུ་འགྲེལ་བའི་མ་རིག་རྨོངས་པ་འཕེལ་བའི་རྒྱུ་ཡིན་ནོ། །གཞུང་དོན་དང་འབྲེལ་མེད་ཀྱི་རྩོད་པ་ངག་འཁྱལ་ཡིན་པས་མི་དགེ་བ་ལས་མ་འདས་སོ། །དེས་ན་ཐོག་མར་རིགས་ལམ་ལེགས་པར་ཤེས་པའི་དགེ་རྒན་རེ་བསྟེན་པ་གལ་ཆེའོ། །ཐོག་མར་བླ་མ་བརྟག་ལ་མཁས་དགོས་པའི་གནད་ཡང་དེ་ཡིན་ནོ། །ཞེས་བློ་གསར་མང་པོའི་མི་ཚེ་འཕྲོ་བརླག་ཏུ་འགྲོ་བར་མཐོང་ནས་དངོས་གྲུབ་དཔལ་གྱིས་བྲིས་པའོ། །

ལས་འབྲས་ལ་ཡིད་མ་ཆེས་ན་ཆོས་པ།

ལས་འབྲས་ལ་ཡིད་མ་ཆེས་ན་ཆོས་པ་མི་ཡོང༌།

ཆོས་པ་རྣམ་དག་ཡོང་བ་ལ་ངེས་པར་ལས་རྒྱུ་འབྲས་ལ་ཡིད་ཆེས་ཡོད་དགོས།ལས་འབྲས་ལ་ཡིད་ཆེས་བརྟན་པོ་ཞིག་ཡོད་ན་མངོན་ལྐོག་མེད་པའི་ལས་འབྲས་དང་སྡོམ་དམ་ཚིག་བསྲུངས་ནས་ཁ་ཙམ་མ་ཡིན་པའི་ཐོས་བསམ་སྒོམ་གསུམ་སོགས་ཆོས་ལ་བརྩོན་པ་ཡོང་ངེས་ལ། དེས་ན་ལས་འབྲས་ལ་ཡིད་ཆེས་འོང་བ་ལ་རབ་ན་དངོས་སྟོབས་རིགས་པས་སྤྱིར་རྒྱུ་ལས་འབྲས་བུ་སྐྱེ་ལ་རྒྱུ་མེད་ལས་མི་སྐྱེ་བ་བཞིན་ལས་དགེ་སྡིག་གི་འབྲས་བུ་བདེ་སྡུག་འབྱུང་བ་བསླུ་བ་མེད་པ་ཡིན་ལ། དེ་ཡང་རྒྱུ་ས་བོན་མངར་བ་བཏབ་པ་ལས་འབྲས་བུ་མངར་བ་འབྱུང་བ་དང༌། ས་བོན་ཁ་བ་བཏབ་པ་ལས་འབྲས་བུ་ཁ་བ་འབྱུང་བ་བཞིན་ལས་དགེ་བ་བྱས་པ་ལས་འབྲས་བུ་བདེ་བ་འབྱུང་བ་དང༌། ལས་མི་དགེ་བ་བསགས་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་མཐའ་གཅིག་ཏུ་ངེས་པ་སྟེ། དཀོན་བརྩེགས་ཀྱི་མདོ་ལས། ས་བོན་ཁ་བ་རྣམས་ཀྱི་ནི། །འབྲས་བུ་ཁ་བ་སྐྱེ་བར་འགྱུར། །ས་བོན་མངར་བ་རྣམས་ཀྱི་ནི། །འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེ་ཟླར་བྱ་བ་འདི་ཡིས་ན། །སྡིག་པའི་རྣམ་སྨིན་ཚ་བ་དང༌། །དཀར་པོའི་འབྲས་བུ་མངར་བ་དག །མཁས་པའི་མིས་ནི་ཤེས་པར་འགྱུར། །ཞེས་གསུངས་པ་ལྟར་ཤེས་དགོས་ལ། གལ་ཏེ་དངོས་སྟོབས་ཀྱིས་རྟོགས་པ་དེ་མ་བྱུང་ན་སངས་རྒྱས་ཀྱི་གསུང་མི་བསླུ་བ་ཡིན་པས་དེ་ལ་ཡིད་ཆེས་བྱས་ནས་ལས་འབྲས་བླང་དོར་ཚུལ་བཞིན་དུ་བྱེད་དགོས། མ་བྱས་ན་རང་ཉིད་བརླག་པར་གདོན་མི་ཟ་བའོ། །དེང་སྐབས་བླ་སྤྲུལ་མཁན་གསུམ་རེ་ཟུང་གིས་ཆོས་ལ་བརྟེན་ནས་ལྟོ་གོས་ཚོལ་བ་ལས་ལས་འབྲས་ཡིད་ཆེས་ཧ་ཅང་ཞན་ཏེ། ལས་འབྲས་བླང་དོར་མི་བྱེད་པའི་ཕྱིར། ཁྱབ་སྟེ། ཡིད་ཆེས་ན་དེ་ལུགས་ལྟར་ལག་ལེན་བྱེད་དགོས་པའི་ཕྱིར་རོ། །དངོས་གྲུབ་དཔལ་གྱིས། རང་ཚོད་རགས་པ་རང་གིས་ཟིན་པས། བདག་ནི་སྔོན་སྦྱང་ཅན་ཞིག་མིན། སྤྲུལ་བའི་སྐུ་ཡང་དེ་བས་ཀྱང་མིན། འོན་ཀྱང་སྔོན་གྱི་ལས་སྨོན་ལ་བརྟེན་ནས་ཚེ་འདིར་མཚན་ཉིད་དང་ལྡན་པའི་བླ་མ་དང་མཇལ། དཀའ་སྤྱད་ལ་བརྟེན་ནས་སློབ་སྦྱོང་ཅུང་ཟད་བྱས། དཔལ་ལྡན་བླ་མའི་བཀའ་དྲིན་ཁོ་ན་ལས་སློབ་འབྲས་ཅུང་ཟད་ཐོབ་པ་བྱུང༌། གྲྭ་རྐྱང་དངོས་གྲུབ་དཔལ་གྱིས། ༈ ཚད་མའི་མཛོད་ཆེན་ཉ་དབོན་ཀུན་དགའ་དཔལ་གྱིས་མཛད་པའི་མངོན་པར་རྟོགས་པའི་རྒྱན་གྱི་བཤད་སྦྱར་ཡིད་ཀྱི་མུན་སེལ་གྱི་ལུང་གི་བརྒྱུད་རིམ། མཁན་རབས་སོ་དགུ་པ་མི་ཕམ་སེངྒེ་རབ་རྒྱས། དེས་འཇམ་དབྱངས་བློ་གཏེར་དབང་པོ། དེས་རྫོང་སར་མཁན་རབས་གཉིས་པ་དབོན་སྟོན་མཁྱེན་རབ་ཆོས་ཀྱི་འོད་ཟེར། དེས་ཁ་བཏགས་མཁན་བློ་བཟང་ཤེས་རབ། དེས་སྡེ་དགེ་དགོན་ཆེན་གྱི་མཁན་ཆེན་བསོད་ནམས་གྲགས་པ། དམ་པ་གང་གི་ཞུ་ས་དེ་བློ་བཟང་ཤེས་རབ་ཡིན་ངེས་ལ། དམ་པ་གང་གི་བདག་དངོས་གྲུབ་དཔལ་ལའོ། །གཞན་རྣམས་ཕར་ཆེར་ཡིན་པ་ལས་ཡིག་ཆ་གསལ་བར་མི་འདུག དེ་ཡང་ཚལ་མིན་པ་བསོད་ནམས་བཟང་པོའི་དངོས་སློབ་རོང་སྟོན་སྨྲ་བའི་སེང་གེ་ལ་བརྒྱུད་ནས་ད་ལྟའི་བར་དུ་གནས་པ་འདྲའོ། །རང་གིས་མི་འཇོན་ན་གཞན་གྱིས་བསྒྲུབ་པ་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས། རང་གིས་མི་ནུས་གཞན་ལ་བསྒྲུབ་ཏུ་མ་བཅུག་ན་ནམ་ཡང་ཡར་རྒྱས་མེད། རྗེས་ལུས་ཡིན། བྱ་བ་གང་ཡིན་ན་བློ་མཐུན་པའི་མང་པོ་ལ་སྟོབས་ཤུགས་ཡོད་པས་མཐུན་སྒྲིལ་གལ་ཆེ། འོན་ཀྱང་ཁ་ཙམ་ནས་ཆབ་སྲིད་ཀྱི་ལག་ཆ་ལ་མཐུན་འབྲེལ་ཞེས་ཁ་ལ་འཁྱེར་ནས་རང་གིས་བྱ་བའི་ངོས་ནས་གཞན་ལ་དངོས་ཤུགས་ནས་གནོད་པ་བྱེད་ན་ཁ་དང་ལག་ལེན་འགལ་བ་ཡིན་ལ། དེང་སྐབས་དེ་ཧ་ཅང་མང༌། ལན་ལ་རེ་བ་མེད་པར་ཕན་བཏགས་ན་དོན་གྱི་མཐུན་འབྲེལ་དང་མཐུན་སྒྲིལ་ལགས་སོ། །དངོས་གྲུབ་དཔལ་ནས། ལོ་རེ་རེར་སྤུས་ཚད་ཇེ་ངན་དུ་འགྲོ་བའི་ཚོགས་འདུ། གཏོར་བླག་གི་རྣམ་པ་ཅན། སྒེར་གཅོད་ཀྱི་རྣམ་པ་ཅན། འདྲ་མཉམ་མེད་པ། མང་གཙོ་མེད་པ། འཐེན་འཁྱེར་ཅན། ལྷག་བསམ་ཅན་ལ་མགོ་གནོན། བསྟན་འགྲོ་ལ་གནོད་པ། དབང་བསྒྱུར་གྱི་རྣམ་པ། གོ་སའི་ཆེད་དུ་ཚང་ཁ་དང་ངོ་དགའ་ཁོ་ན་ལ་འབད་པ་ཆབ་སྲིད་ཀྱི་གཡོ་སྒྱུའི་རྣམ་པ་ཅན་ཞིག་ལས་ཚོགས་འདུ་དག་མ་ཚོགས་ན་དགའ། དངོས་གྲུབ་དཔལ་ནས།

གྲོན་ཆུང༌།

གྲོན་ཆུང༌།

དལ་འབྱོར་གྱི་མི་ལུས་ཐོབ་པ་ན་དཔལ་འབྱོར་འབད་བརྩོན་གྱིས་མི་ཚེ་འཛད་པར་བྱས་བཞག་ན་སྙིང་པོ་ཆེར་མེད་པ་རེད། ཡང་དགོས་སུ་གྲྭ་བ་ཞིག་གིས་ཐོས་བསམ་སྒོམ་པ་གང་ཡང་མི་བྱེད་པར་ལོངས་སྤྱོད་ཁོ་ན་ལ་ཁ་གདངས་འདུག་ན་དོན་དག་མེད་པ་རེད། འོན་ཀྱང༌། སྒོར་རྡོག་ཁ་ཤས་ཤིག་ཡོད་ན་གྲོན་ཆུང་མི་ཤཻས་པར་དགོས་མི་དགོས་མང་པོའི་སྟེང་བརླགས་བཞག་ན་རྩ་བ་ནས་ཡག་པོ་མི་འདུག ཁྱད་པར་དུ་སྒོར་མོ་ཁ་ཤས་དེ་ཆོས་མིན་དོན་མེད་པའི་ཕྱོགས་སུ་བཀོལ་བཞག་ན་ཡག་པོ་མེད་པ་རེད། དེའི་རྒྱུ་མཚན་ནི། ང་ཚོའི་སྒོར་མོ་འདི་ཤི་གསོན་མང་པོའི་ཤ་དང་ཁྲག་སྐྱབས་ཡོན་དུ་ཕུལ་བ་རེད། དེ་སེམས་ཀྱིས་བརྗེད་ཉན་གི་མ་རཻད། གྲྭ་ཆུང་རྣམས་ཀྱིས་དཔལ་འབྱོར་གྲོན་ཆུང་བྱེད་རྒྱུ་ཤེས་དགོས། ཡོང་འབབ་ཅུང་ཡོད་ན་ཡང་གྲྭ་བ་རེ་ཟུང་རྒྱུན་དུ་སྒོར་མོས་མ་འདང་བའི་དཀའ་ངལ་ཆགས་པ་ནི་གྲོན་ཆུང་བྱེད་མ་ཤེས་པ་རེད། དེས་ན་ངེས་པར་དགོས་མཁོ་ཡོད་ན་མ་གཏོགས་མཐོང་ཚད་མི་ཉོ་བར་དཔལ་འབྱོར་གྲོན་ཆུང་བྱེད་རིགས། དེང་ཐོག་འཛམ་གླིང་གི་དཔལ་འབྱོར་རྩོལ་སྒྲུབ་ཀྱི་རིག་གཞུང་ལས་དེ་འདྲ་བཤད་འདུག ཆོས་འདུལ་བ་ལས་ཐ་ན་གོས་རལ་ནས་གྱོན་ས་མི་འགྲོ་བར་གྱུར་ཚེ་གཙུག་ལག་ཁང་གི་གས་ཁ་སུབ་པར་བྱེད་པ་སོགས་དཔལ་འབྱོར་གྲོན་ཆུང་བྱས་ནས་ཡོན་བདག་གི་དཔལ་འབྱོར་ཆུད་ཟོས་སུ་མི་འགྲོ་བར་བྱེད་དགོས་པར་བཀའ་གནང་ཡོད་པ་སེམས་ལ་ལེགས་པར་འཛིན་དགོས་སོ།། དགེ་བཤེས་དངོས་གྲུབ་དཔལ་ནས། ༢༠༢༠ ༨ ༢༨ མིང་རེ་བཏགས་གོ་ཆོད་དོ་ཟེར་ན་དེ་ནི་ནོར་འཁྲུལ་ཡིན་ཏེ། གོ་བཀག་ན་གོ་ཆོད་པས་མ་ཁྱབ་པས་མཁན་སྤྲུལ་གྱི་མིང་འདོགས་མཁན་རྣམས་ཀྱིས་གཟབ་གཟབ་དགོས། ཡོན་ཏན་ཅན་ལ་གུས་བསྐུར་དང་བསྟོད་པ་ངེས་པར་བྱེད་དགོས་ལ། ཡོན་ཏན་ཆེར་མེད་ན་ཡང་དགོས་པ་རེ་ཡོད་ན་བསྟོད་འོས། འོན་ཀྱང་བསྟན་པ་ལ་གནོད་པའམ་སེམས་ཅན་ལ་མགོ་སྐོར་བའམ་ཁེངས་དྲག་གི་རྒྱུ་འགྲོ་ན་རྣམ་པ་ཀུན་ཏུ་བསྟོད་བསྔགས་མི་རིགས་སོ།། དངོས་གྲུབ་དཔལ་ནས། མཐོ་དམན་བར་མ་སུ་ཡིན་ན་རང་ལ་ཆོས་འཇིག་རྟེན་གྱི་དྲིན་ཆེ་ན་དྲིན་ལན་མཇལ་བ་ལུགས་གཉིས་གང་ལ་ཡང་དགོས་ལ། དེ་མ་ཟད་རང་ལ་ཆོས་འཇིག་རྟེན་གྱི་དགོས་མཁོ་རེ་ཡོད་ན་གཞན་ལ་རེ་བ་བྱེད་ཆོག གཞན་གྱིས་རང་ལ་དགོས་མཁོ་རེ་བསྒྲུབ་ན་དེ་ལ་དྲང་བདེན་ནམ་གནས་ལུགས་དང་མཐུན་པར་ལན་འཇལ་བ་དགོས་ལ། འོན་ཀྱང་དེའི་ཕྱོགས་བཟུང་ནས་ཆགས་སྡང་མི་བསགས་རྒྱུ་གལ་ཆེ་སྙམ། དངོས་གྲུབ་དཔལ་ནས། ཆོས་འབྲེལ་མ་ཐོབ་གོང་དུ་བླ་མ་གསེར་བཞིན་དུ་བརྟགས་དགོས། དེ་ལ་ཉེས་པ་ཡང་མེད་དེ། རིགས་ལྡན་པད་མ་དཀར་པོའི་དོན་དམ་བསྙེན་པ་ལས། འདོད་པའི་དངོས་གྲུབ་སློབ་དཔོན་ཞལ་གྱི་རྗེས་འབྲང་བར། །མ་ལུས་རྡོ་རྗེ་ཐེག་པར་ཐམས་ཅད་མཁྱེན་པས་གསུངས། །དེ་ཕྱིར་སློབ་མ་དམ་པ་རྣམས་ཀྱིས་བླ་མ་གསེར་བཞིན་དུ། །ཡོངས་སུ་བརྟགས་ན་སྡིག་པ་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་པས་སོ། །

བྱ་བ་ལས་འབྲས་དང་མཐུན་པར་སྨོན་པ།

བྱ་བ་ལས་འབྲས་དང་མཐུན་པར་སྨོན་པ།

ཇོ་ནང་ཏཱ་ར་ནཱ་ཐས་རང་རྣམ་མ་བཅོས་ལྷུག་པ་ལས། ངས་ནི་ཁྱི་ལུད་དེ་འདྲ་ནོར་བུ་རང་ཤིན་ཏུ་ཡིན་པ་གདའ་ལགས་ཧ་ཡི་ཕ་ཕ་ཟེར་བ་མཁས་འཇུག་ཀྱག་ཁྲམ་དེ་འདྲ་སྔར་ཡང་བྱེད་མ་མྱོང༌། ད་ཡང་མི་བྱེད། གཏམ་དྲང་ཐལ་ལེ་སྨྲ་མཁན་དེ་ཡིན། རི་གཟར་གྱི་རྦབ་ལྟར་འཕོག་ཐུག་མང་སེ་བ་ཅིག་ཡོང་སྟེ། འཕོག་ཐུག་བྱུང་བ་ཚོ་རང་འཕོག་ཐུག་ཡོང་སར་བཞུགས་པས་ལན། ཞེས་གསུངས་པ་ལྟར་བསྟན་པ་དང་འགྲོ་བའི་དོན་དུ་ཆོས་དང་གནས་ལུགས་བཞིན་སྨྲ་བའི་སྤོབས་པ་ཐོགས་པ་མེད་པ་ཐོབ་པར་གྱུར་ཅིག བསྟན་འགྲོའི་དོན་ལས་རང་དོན་དུ་མཚན་སྙན་ལ་ཞེན་པ་སྐད་ཅིག་ཙམ་ཡང་མི་སྐྱེ་བར་ཤོག་ཅིག ལས་འབྲས་དང་མཐུན་པའི་བྱ་བཞག་གང་ཡང་ལྡོག་པ་མེད་པར་གྱུར་ཅིག བྱ་བ་གང་ཡིན་ན་གཞན་ལ་ཕན་པ་རེ་འབྱུང་སྲིད་པར་བྱིན་གྱིས་བརླབ་ཏུ་གསོལ། གཞན་ལ་ཕན་མེད་གནོད་པའི་བྱ་བ་གང་ཡང་རྡུལ་ཙམ་ཡང་མ་གྲུབ་པར་གྱུར་ཅིག བྱ་བ་བཟང་ངན་གང་ལ་ཡང་ཧ་ཅང་ཞེན་ཆགས་མི་ཆེ་བར་བདེན་སྟོང་སྒྱུ་མ་ལྟ་བུར་སྒོམ་པར་གྱུར་ཅིག གཞན་གྱིས་སྣང་ཚུལ་ཇི་ལྟར་ཡིན་ཀྱང་ཐབས་མཁས་ཀྱི་བྱ་བ་རྣམས་འབད་མེད་དུ་འགྱུར་པར་གྱུར་ཅིག མདོར་ན་བྱ་བ་གང་ཡིན་ན་བསྟན་འགྲོ་ལ་ཕན་པར་འགྱུར་ན་དེ་ལྟར་དུ་འགྲུབ་པར་མཆོག་གསུམ་དང་ཆོས་ཉིད་ལས་འབྲས་བདེན་པས་འགྲུབ་པར་གྱུར་ཅིག དངོས་གྲུབ་དཔལ་ནས་བྱ་བའི་བར་གསེང་ནས་སྨོན་པའོ། །

བློ་ཕམ་མེད་པར་རྒྱུན་སྐྱོང་དགོས།

བློ་ཕམ་མེད་པར་རྒྱུན་སྐྱོང་དགོས།

རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ལས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་གསུངས་ལྟར་སློབ་ཆེན་ལ་རྒྱུགས་ཕུལ་ནས་མ་སྤྲོད་པའི་མཇུག་འབྲས་མཐོང་ཚེ་དེ་ལ་བསྒྱུར་བཅོས་བཏང་བ་མེད་པས་སེམས་སྡུག་བྱེད་པ་ལ་ཕན་འབྲས་གཏན་ནས་མེད། དེ་ནི་མི་ཚེའི་ནང་གི་ཉམས་མྱོང་ཞིག་ལ་བརྩིས་ནས་སློབ་གཉེར་གྱི་མཚོན་ནས་གཡུར་དུ་ཟ་བའི་བྱ་བའི་གྲུབ་འབྲས་ཐོབ་པ་ལ་འབད་བརྩོན་དགོས་པར་ངོས་ཟིན་བྱ། ད་ཡོད་ཚད་ནས་ཚར་བ་མ་ཡིན་པར་དོན་འབྲས་ཐོབ་རྒྱུ་ཡོད་པའི་བྱ་བ་ཆོས་འཇིག་རྟེན་གང་གི་དབང་དུ་བྱས་ན་ཧ་ཅང་མང་རབ་ཡོད་པའི་ནང་ནས་རང་ལ་འོས་འཚམ་གྱི་བྱ་བ་ལ་འབད་དགོས། དཀའ་ངལ་རེ་རེ་བརྒྱུད་ཚེ་ཉམས་མྱོང་གི་ཤེས་རབ་དང༌། མི་ཞུམ་པའི་སེམས་སྟོབས། སྤྲོ་བས་བརྩོན་པ་རེ་རེ་འཕེལ་བར་བྱ་དགོས། རིམ་གྲོའི་མཆོག་སྙིང་སྟོབས་དང་རྒྱུན་སྐྱོང་ཡིན། དངོས་གྲུབ་དཔལ་ནས་ཉིན་གུང་གི་ངལ་གསོ་ལ་བྲིས་པ་དགེའོ། །གྲོགས་པོ་སུ་ཡིན་ན་རང་འཇོན་དང་བསྟུན་ནས་བྱ་བ་ཆེ་ཆུང་གང་ཡིན་ན་འདྲ་དེར་བརྟེན་གྲོགས་ལ་ཕན་པའི་བྱ་བ་སྒྲུབ་མཁན་ཞིག་ཡིན་པ་ལ་ཡིད་ཆེས་ཐུབ་པའི་གྲོགས་ཡིན་ལ། རང་གི་ད་ལྟ་དང་མ་འོངས་པའི་ཁེ་ཁོ་ནའི་ཆེད་དུ་བྱ་བ་སྒྲུབ་མཁན་གྱི་མི་ཞིག་ཆགས་ཚར་བ་ནས་འཇིགས་སུ་རུང་བ་གྱུར་ཟིན། མི་གཞི་མེད་ན་ཕར་ཇི་ལྟར་རྩི་འཇོག་བྱེད་ན་ང་རྒྱལ་ཁེངས་དྲག་ཆེ་རུ་སོང་ནས་རང་ལ་དགོས་མཁོ་མེད་ཚེ་གྲོགས་པོ་མིག་ལམ་ནས་བོར་བའི་རིགས་ལ་གཟབ་དགོས། མདོར་ན་འབྱོར་རྒུད་གང་གི་སྐབས་ན་འགྱུར་བ་མེད་པར་རང་གི་ཐག་ཉེ་ན་ཡོད་མཁན་གྲོགས་པོ་ཡིད་ཆེས་ས་དེ་རེད་ཅེས་བརྗོད་ཆོག དངོས་གྲུབ་དཔལ་གྱིས།

ཆོས་དོན་དགོངས་པ་དབུལ་སེལ་རྒུད་སྐྱོབ་ལ་མཉམ་དུ་འཇུག་པ།

ཆོས་དོན་དགོངས་པ་དབུལ་སེལ་རྒུད་སྐྱོབ་ལ་མཉམ་དུ་འཇུག་པ།

ཆོས་དོན་དགོངས་པ་དབུལ་སེལ་རྒུད་སྐྱོབ་ལ་མཉམ་དུ་འཇུག་པ་ཞེས་པའི་ཁ་བྱང་སྟེང་ནས་ཞུ་ན་དོན་ཚན་གསུམ་ལས། དང་པོ། ནང་ཆོས་ཀྱིས་འཇིག་རྟེན་སྤྱིའི་དབུལ་སེལ་རྒུད་སྐྱོབ་ལ་ཕན་པ། འཛམ་གླིང་ས་སྒང་འདི་ཉིད་ནི་མི་རིགས་དང་རྒྱལ་མཚམས་ཀྱི་ཧེ་བག་མེད་པར་ཚང་མའི་རྟེན་གཞི་དང༌། འཚོ་བའི་འབྱུང་ཁུངས་གཅིག་པུ་དེ་ཡིན་པར་སྨོས་ག་ལ་དགོས། འོན་ཀྱང་ང་ཚོ་འགྲོ་བ་མིའི་ཚད་མེད་པའི་འཛད་སྤྱོད་དང༌། འཇིག་རྟེན་གྱི་བཅའ་དངོས་དག་གི་ཚད་ཅན་གྱི་འབྱུང་ཁུངས་གཉིས་དོ་མི་སྙོམས་པར་གྱུར་ཏེ། འཛམ་གླིང་སྤྱིའི་མ་འོངས་པ་ལ་ཉེན་ཁ་འཕྲད་བཞིན་པ་འདི། འཇིག་རྟེན་སྤྱིའི་དབུལ་ཕོངས་ཀྱི་དཀའ་ངལ་དུ་ངོས་འཛིན་གྱིན་ཡོད། དཔེར་ན། ད་ལྟའི་མི་རྣམས་ཀྱིས་བཟོ་བཞིན་པའི་མཁའ་དབུགས་ཀྱི་འབག་བཙོག་གིས། མ་འོངས་པར་ཉེན་ཁ་སྤྲོད་བཞིན་པ་དང༌། ད་ལྟ་ཡང་བདེ་ཐང་གི་འཚོ་བ་ལ་དངོས་སུ་ཤུགས་རྐྱེན་ངན་པ་བཞག་ཡོད་པ་ལྟ་བུས། འཇིག་རྟེན་སྤྱིའི་སྣོད་ལ་གས་ཆག་ཆེན་པོ་ཐེབས་བཞིན་ཡོད་པ་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་པ་དང་མཁས་པ་མང་བོས་གསུང་བཞིན་པ་ལྟར་ལགས་ལ། མི་རྣམས་ཀྱི་སྤྱོད་པ་དེ་དག་ཀྱང་མིའི་ཚད་མེད་པའི་འདོད་སྲེད་ལས་བྱུང་བ་ཤ་སྟག་ཡིན་པས། ནང་ཆོས་ཀྱི་བྱམས་བརྩེའི་ཉམས་ལེན་དང༌། ཚད་མེད་པའི་ཧམ་སེམས་ཚོད་འཛིན་བྱེད་པའི་ཐབས་ཚུལ་དག་གིས། འཇིག་རྟེན་སྤྱིའི་དབུལ་ཕོངས་སེལ་ཐུབ་ཀྱིན་ཡོད་པ་རེད། དེས་ན། འཇིག་རྟེན་ཐུན་མོང་གི་དབུལ་སེལ་རྒུད་སྐྱོབ་ཀྱི་ཕྱོགས་ལ་ནང་ཆོས་ཀྱིས་བླ་ན་མེད་པའི་དགོས་པ་དང་གྲུབ་འབྲས་གཟེངས་སུ་ཐོན་ཡོད་པ་ཞིག་ཡིན། གཉིས་པ། ནང་ཆོས་ཀྱིས་རྒྱལ་ཁབ་སོ་སོའི་དབུལ་སེལ་རྒུད་སྐྱོབ་ལ་ཕན་ནུས་ཐོན་ཚུལ། རྒྱལ་ཁབ་གཅིག་ལ་དགོས་པའི་འབྱོར་ཕྱུག་ནི་དཔལ་འབྱོར་གཞི་རྩ་བྱས་པའི་ཐོག་ནས།རིག་པའི་གཞུང་ལུགས་དང༌། སྔོན་ཐོན་གྱི་བསམ་བློ། ཚན་རིག་ལག་རྩལ་བཅས་སྣ་ཚོགས་ཡོད་པ་ལས། ནང་ཆོས་ནི་ལུགས་སྲོལ་ཙམ་དང་ལམ་ལུགས་ཙམ་ལས་བརྒལ་ཏེ། ཤིན་ཏུ་རྒྱ་ཆེ་བའི་རིག་གཞུང་གསོན་པོ་ཞིག་རེད། ནང་ཆོས་ཀྱིས་སྔོན་ཐོན་གྱི་བསམ་བློ་དང༌། ཚན་རིག་གི་ལག་རྩལ་ལ་ཡང་ཕན་ནུས་མི་དམན་པ་ཐོབ་ཐུབ་པ་རེད། ནང་ཆོས་ནི་ལྷག་པར་དུ་མི་རིགས་དང་སྤྱི་ཚོགས་རིས་སུ་མ་ཆད་ཅིང༌། ཆབ་དཔལ་རིག་གསུམ་གང་ལ་ཡང་རིས་སུ་མ་ཆད་པར་འཁྱེར་ཆོག་ཅིང༌། ནུས་པ་འདོན་བདེ་བའི་རིག་དངོས་གྱ་ནོམ་པ་ཞིག་ཡིན་པར་སྨྲོས་མི་དགོས་སོ། །གསུམ་པ། ནང་ཆོས་ཀྱིས་གང་ཟག་སྒེར་སོ་སོའི་དབུལ་སེལ་རྒུད་སྐྱོབ་ཐད་ལ་ནུས་པ་ཐོན་ཚུལ། སྤྱིར་བཏང་གང་ཟག་སོ་སོའི་དབུལ་ཕོངས་ལ། ནང་སེམས་དང་ཕྱི་དངོས་པོའི་འཚོ་བ་གཉིས་ཆར་ནས་འགྲེལ་བཤད་བྱེད་དུ་ཡོད་པ་སྨྲོས་མ་དགོས་ཤིང༌། འོན་ཏེ་སྐབས་འདིར་གཙོ་བོ་ཕྱི་དངོས་པོའི་འཚོ་བའི་མཐུན་རྐྱེན་ཐད་ནས་བཤད་ན། འཛམ་བུ་གླིང་གི་མི་ཚང་མའི་ནུས་ཚད་གཅིག་པ་མ་ཡིན་ལ། དེར་བརྟེན། མི་གཅིག་གིས་སྒྲུབ་ཐུབ་པ་དེ་མི་གཞན་གྱིས་བྱེད་ཐུབ་པའི་ངེས་པ་མེད་མོད། འོན་ཀྱང༌། ནང་ཆོས་ལས་ལེ་ལོ་ནི་མཐའ་གཅིག་ཏུ་དགག་བྱ་ཡིན་ཞིང༌། མི་རྣམས་ཀྱི་བརྩོན་འགྲུས་ལ་བསྟོད་པ་དང༌། བརྩོན་འགྲུས་ཀྱི་ཕྱོགས་ལ་སྐུལ་བྱེད་ཤིན་ཏུ་མང་བས། སོ་སོ་རང་རང་ལ་འགན་འཁྲིའི་འདུ་ཤེས་གསལ་འདེབས་ནུས་པ་དང༌། དེ་ཡང་མི་ཚེའི་ཁ་ཕྱོགས་ཀྱི་འཚོ་བ་དྲང་བདེན་དང༌། ཤེས་རིག་སྤྱི་ཕན། རོགས་རམ་སོགས་མེད་དུ་མི་རུང་བའི་ལམ་དུ་བསྒྱུར་བས་ན། དཔལ་འབྱོར་དང་འཚོ་བ་གང་ཅིའི་ཐད་ནས་ཡིད་རྟོན་རུང་བའི་མི་ཞིག་ཏུ་བསྐྱེད་བསྲིངས་བྱེད་པ་རེད།དབུལ་ཕོངས་ཀྱིས་མི་རྣམས་ཀྱི་འཚོ་བ་ལ་ཐད་ཀར་སྡུག་བསྔལ་སྦྱིན་གྱིན་ཡོད་ལ། ནང་ཆོས་ལས་མི་རེ་རེའི་དབུལ་ཕོངས་བའི་དཀའ་ངལ་སེལ་བའི་ཐབས་སུ་གང་ཟག་སོ་སོ་དང་མཐུན་པའི་བྱ་ཐབས་འདོན་དགོས་པར་གསུངས་ཤིང༌། ལྷག་པར་དུ་ནང་པའི་ཆོས་པ་དངོས་མ་ཞིག་ཡིན་ན། བཟོད་བསྲན་དང་གདོང་ལེན་གྱི་སྤོབས་པ་མཐའ་གཅིག་ཏུ་མེད་མི་རུང་བ་ཡིན་པས། དེས་འཚོ་བའི་བརྩོན་ལེན་ལ་ཡང་གཞོགས་འདེགས་ཚད་མེད་པ་འབྱུང་གིན་ཡོད་དོ། །མཐོ་རྒྱུགས་པ་སོགས་རྒྱུགས་སྤྲོད་པ་སུ་ཡིན་ན་རང་གིས་སློབ་སྦྱོང་ལེགས་པར་བྱས་ཡོད་ན་དཀོན་མཆོག་ལ་འཕྲིན་ལས་བཅོལ་བས་ཕྲལ་རྐྱེན་བར་ཆད་སེལ་ཐུབ་མོད། རང་ལ་སློབ་སྦྱོང་ངམ་ཉེར་ལེན་གྱི་རྒྱུ་མེད་ན་འཕྲིན་ལས་བཅོལ་ཡང་བྱེ་མ་ལས་སྣུམ་མི་འབྱུང་བའི་དཔེ་ལྟར་ཡིན་ལ། སྤྱིར་ལྷག་པའི་ལྷ་ལ་གསོལ་བ་བཏབ་ནས་སློབ་སྦྱོང་ཡག་པོ་བྱས་ན་ཕུན་སུམ་ཚོགས་པ་ཡིན་པ་རེད། དེ་མིན་གསོལ་བ་བཏབ་ནས་སློབ་སྦྱོང་མི་བྱེད་པར་འདུག་བསྡད་པ་ཡིན་ན་རྗེས་ལུས་སུ་འགྲོ་བར་བོད་ཀྱི་འདས་པའི་རྒྱབ་ལྗོངས་ལ་བསམ་གཞིག་གནང་བས་ཤེས་སོ། །དངོས་གྲུབ་དཔལ་ནས། དོན་ལ་བསམ་བློ་བཏང་ནས་ཁ་འདོན་བྱེད་ན་ཡག་པོ་འདུག

དེ་མིན་ཚིག་རྐྱང་ཙམ་འདོན་པ་ལས་དཔེ་ཆ་ལྟ་ན་གཞུང་དོན་ཤར་སྒོམ་བྱེད་པའི་གོ་ཆོད་པ་དང༌། དེའི་ཚེ་སེམས་ཀྱི་ཉོན་མོངས་པའི་རྣམ་རྟོག་འགོག་པ་དང་རྨོངས་བ་སེལ་བར་བྱེད་ནུས་པས་ན་དཔེ་ཆ་གཟིགས་པ་ནི། ཆོས་ཚུལ་ལ་རྨོངས་བ་བསལ་ནས་ཉོན་མོངས་པའི་རྟོག་ཚོགས་ཞི་ཞིང༌། ཡེ་ཤེས་ཀྱི་ཚོགས་ལ་གནས་པའི་དགེ་སྦྱོར་ཁྱད་འཕགས་ཡིན་པས་ལེགས་པར་སློབས་ཤིག འོན་ཀྱང་འཆད་ཉན་མ་དར་བའི་གནས་སུ་ཐོས་བསམ་གྱི་རིན་ཐང་གི་ལྟ་བའི་དབུལ་ཕོངས་པའི་ཚོགས་རྣམས་ཀྱིས་ཚིག་འདོན་ན་དགེ་བར་འཇོག་ཀྱང་དོན་བསམ་ན་དགེ་བ་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཕྱོགས་སུ་བསམ་མི་ཤེས། དེ་ཡང་ནང་ཆོས་ཀྱི་གནད་རགས་བསྡུས་ཙམ་ཡང་མ་ཤེས་པའི་ངན་རྟགས་མཁའ་ལ་འཕྱར་བའོ། །སྤྲང་འཁྱམ་པ་དངོས་གྲུབ་དཔལ་གྱིས་བྲིས་པའོ། །དགོན་སྡེའི་བསྟན་པ་བསང་བཏང་སྟེ་ཤོག་སྤག་བཀད་ནས་ཀི་སྒྲ་སྒྲོག

ཡུན་ཁ་རྒྱབ་ནས་མདུད་པ་ཡུག་ཆེན་རྐེ་ལ་ཕུལ་ནས་ངོ་སོ་བསྟོད་པ་ལ་བསམ་ན་ཁོར་ཡུག་ལ་དུག་གིས་མཁའ་དབུགས་མི་གཙང་བ་དང་འབག་བཙོག་བཟོ་བ་དང༌། དམ་ཆོས་ཀྱི་དྲི་ངད་ཅུང་ཟད་མེད་པའི་བླ་མའི་ཆོས་ལུགས་སམ་ལུགས་སྲོལ་དང༌། དཔལ་འབྱོར་ལ་གནོད་པ་ཆེན་པོ་ཆགས། དེར་མ་ཟད་རྨས་སྐྱོན་བཟོ་བ་སོགས་མཐུན་ལམ་དང་བདེ་འཇགས་ལ་གནོད། འགྲན་སེམས་ཀྱི་འཐབ་རྩོད་ཡོད་པས་དགོས་པ་མེད་པར་སེམས་སོ། །སྤྱིར་ས་ཕྱོགས་གང་ན་ཡང་བསང་གསོལ་དང་མགོན་ཁང་ལ་སྐོར་ཕྱག་དང་བསང་གཏོང་བ་ཙམ་མང་དུ་འགྲོ་བའི་གནས་དེར་བསྟན་པ་འཇིག་པའི་སྔ་ལྟས་སོ། །དངོས་གྲུབ་དཔལ་ནས།

ཤེས་དགོས་པའི་དོན་ངོ་སྤྲད་པ།

ཤེས་དགོས་པའི་དོན་ངོ་སྤྲད་པ།

གཞན་གྱིས་ཕྲག་དོག་མེད་པ་ཁྱོད་ལ་ཡོན་ཏན་མེད་པས་ཡིན། གཞན་གྱིས་སྐྱོན་བརྗོད་མེད་པ་ཁྱོད་ཀྱིས་བྱ་བཞག་སྒྲུབ་མ་ནུས་པས་ཡིན། བླུན་པོས་སྡང་བ་ནི་མཁས་པའི་ཡོན་ཏན་ལྡན་པས་ཡིན། རྒྱ་བླས་སྡང་བ་ནི་འདོད་ཆུང་ཆོག་ཤེས་ལ་དགའ་བས་ཡིན། ཆེན་པོས་ལྷག་པར་སྡང་བ་སྨྲ་བའི་སྤོབས་པ་ལྡན་པས་ཡིན། སྒྲོ་སྐུར་བྱེད་པ་ཁྱོད་ལ་འཇོན་ཐང་ལྡན་པས་ཡིན། རང་གི་ཡུལ་བས་གཞན་གྱིས་མཆོད་པ་མཁས་པ་ལྷག་བསམ་ལྡན་པས་ཡིན། རྐུན་མ་མེད་པ་ཁྱོད་ལ་དཔལ་འབྱོར་མེད་པས་ཡིན། མཁས་པས་བསྟོད་བསྐུར་བྱེད་པ་ཡོན་ཏན་མཐོང་བས་ཡིན། བླུན་པོས་བསྟོད་བསྐུར་བྱེད་པ་མིང་དང་གོ་ས་ཆེ་བས་ཡིན། སྤྱོད་ངན་ཀུན་གྱིས་སྨད་པ་ནི་བཙུན་པའི་ཡོན་ཏན་ལྡན་པས་ཡིན། ཡོན་ཏན་མེད་ཀྱང་མཚན་སྙན་རྒྱས་པ་གཡོ་སྒྱུའི་ཆོས་ལ་མཁས་པས་ཡིན། གཞན་གྱིས་ངོ་བསྟོད་མེད་པ་དཔལ་འབྱོར་མེད་པས་ཡིན། མངོན་ནས་ངོ་བསྟོད་ཡོད་པ་འབྱོར་ཕྱུག་ལྡན་པས་ཡིན། ཀུན་དང་མཐུན་པར་འདོད་པ་འཇིག་རྟེན་ངང་ཚུལ་རྨོངས་པས་ཡིན། ངལ་གསོ་ལ་དངོས་གྲུབ་དཔལ་ནས།

ནོར་བ་བཅོས་དགོས་པའི་བསྐུལ་མ།

ནོར་བ་བཅོས་དགོས་པའི་བསྐུལ་མ།

ལྷ་སྟ་གོན་གྱི་སྔོན་དུ་ལས་ཐིག་གམ་རློན་ཐིག་གདབ་པ་ནོར་བ་ཡིན་པས་བཅོས་དགོས། དེ་ཡང་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་རྣམ་པར་བཤད་པ་བདུད་རྩིའི་རྒྱ་མཚོ་ལས། རང་ལུགས་ལ་གཅིག་ཏུ་དགོས་པ་མ་ཡིན་ཡང་གཞན་ངོར་བྱེད་པ་དང་བླ་ཆོས་ལ་ནི་ཚད་མི་བཞག་གོ །དེས་ན་རྒྱ་བོད་ཀྱི་སྔགས་པ་འགའ་ཞིག་གིས་ཐིག་ཚོན་གྱི་ལས་བྱེད་པ་གླེན་བླུན་མང་པོ་དག་འཇུག་པ་བདེ་བའི་ཕྱིར། ལྷ་སྟ་གོན་གྱི་སྔོན་དུ་ཐིག་འདེབས་པར་བྱེད་ཅིང་ཡི་གེར་ཡང་འགོད་པ་ནི། ལྷག་གནས་མི་འཆོལ་བའི་ཕྱིར་སྐམ་ཐིག་ཙམ་འདེབས་པ་ལས་ཐིག་ཆོག་མི་བྱེད་ཅིང། ལས་ཐིག་ཕྱིས་འདེབས་པ་ཡིན་པ་ལ། བོད་པ་རྗེས་མ་རྣམས་ཀྱིས་ལས་ཐིག་འདེབས་ཐེངས་གཅིག་པོ་དེས་གོ་ཉིས་ཆོད་བྱེད་པའི་བླ་ཆོས་ཀྱི་ལག་ལེན་ནོར་བ་བྱས་པ་དེ། ལག་ལེན་ཡང་དག་ཏུ་སྒྲུབ་པའི་ངོ་བོའི་ཅི་ཞིག་བྱ། འདིས་ནི་ནོར་བ་དེ་ཡང་དག་ཏུ་འབད་པས་སྒྲུབ་པ་དང། མ་ནོར་པ་ལ་ནོར་རོ་ཞེས་གྱ་གྱུ་ཐམས་ཅད་ལས་ལྷག་གནས་ཀྱི་རྗེས་སུ་ཐིག་འདེབས་པ་ཁོ་ན་ཡོད་ཅིང༌། དེ་ཡང་ཡེ་ཐིག་འབའ་ཞིག་མ་ཡིན་ཏེ། དཀར་ཐིག་ངེས་པར་གདབ་དགོས་པའི་ཕྱིར་ན། དཀྱིལ་ཆོག་ཤིན་ཏུ་བསྡུས་པ་རེ་རེ་ཙམ་མ་གཏོགས། ལས་ཐིག་འཕྲོས་གླེང་མེད་པར་འཇོག་པའི་རྒྱུ་མཚན་ཡང་མེད་པའི་ཕྱིར། གསལ་ཁ་མ་གསུངས་པ་རྣམས་ནི་ལས་ཡེ་ལྷན་ཅིག་ཏུ་སྟོན་པ་ཡིན་ནོ། །དེས་ན་དཀྱིལ་ཆོག་གཞན་རྣམས་ཀྱི་ལུགས་ལ་སྔོན་ལ་ལས་ཐིག་བཏབ་ནས་ཡེ་ཐིག་གིས་བྱིན་གྱིས་རློབས་པའི་ལུགས་གཅིག་དང། སྔོན་ལ་ཡེ་ཐིག་ཡིད་ཀྱིས་ཕབ་ནས་དེའི་ཆ་དབྱེ་བའི་ཕྱིར་ལས་ཐིག་འདེབས་པ་གཉིས་ཡོད་ལ། འདིར་ནི་ལས་ཡེའི་དབྱེ་བ་མེད་དེ། རྡོ་རྗེའི་ཐིག་ཅེས་པ་ཁོ་ནར་ཟད་དོ། །དེས་ན་ལྷ་སྟ་གོན་གྱི་གོང་དུ་ཐིག་ཆོག་དགོས་པ་ལ་རྒྱུ་མཚན་མེད་ཅིང་གནོད་བྱེད་ཡོད་པས་ལོག་རྟོག་ལ་ཞེན་པར་མི་བྱའོ། །ཞེས་གསུངས་པ་འདི་མཐོང་ཐོས་བྱས་ནས་ཡིད་ལ་བཟུང་སྟེ་ནོར་བ་བཅོས་པར་བྱའོ། །སྤྲང་འཁྱམ་པ་དངོས་གྲུབ་དཔལ་གྱིས་ཕུལ། དེ་རིང་མ་ཡུམ་གྱི་དུས་ཆེན་ལ། བརྗོད་དཀའ་བའི་ཨ་མའི་བསམ་ཚུལ་ཞིག་མིག་ཆུ་དང་འདྲེས་ནས་ངུ་ངག་གི་ལམ་ནས་ཐོན་པ་ནི། བདག་རང་ལོ་ལྔ་བའི་དུས་ན་བདག་གི་མ་དྲིན་ཅན་མ་ནད་ཚབ་ཆེན་གྱིས་ཟིན་ནས་འཆི་ཁའི་གཏམ་ལ། མ་རང་ཤི་སོང་ན་སེམས་ཁྲལ་མེད། འོན་ཀྱང་སེམས་ཁུར་ཆེ་ས་ཤུལ་ན་ཡོད་པའི་བུ་བརྒྱུད་བུ་མོ་ལོ་གསུམ་ཅན་སོགས་བུ་བརྒྱུད་རྣམས་ཡིན་ཞེས་གླེང་བཞིན་འཇིག་རྟེན་འདིའི་སྣང་བ་ནུབ་སོང་ཞེས་བདག་གི་སྤུན་ཟླ་ཆེ་བའི་ངག་ལས་དངོས་སུ་ཐོས། ཀུན་གྱིས་བྱམས་བརྩེའི་སྒོ་ནས་མ་ཎི་བསྔོ་སྨོན་གནང་བར་ཞུ།

བོད་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས།

བོད་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས།

སྐྱ་སེར་ཕོ་མོ་ཕལ་ཆེར་དཔལ་འབྱོར་གྱི་བྲེལ་ཟིང་ལ་ངུ་ངག་གི་འོ་དོད་འབོད་བཞིན་ཀུན་སྤྱོད་ཀྱི་ངོ་ཚའི་གོས་ཕུད་ནས་གཅེར་བུར་རྒྱུག་བཞིན་ཡོད་ལ། དེའི་དབང་གིས་དཔལ་འབྱོར་རྫུན་མ་དང༌། ཆོས་རྫུན་མའི་སྡེ་ཚན་གཉིས་བྱུང་ལ། དེ་རྐྱེན་པས་དཔལ་འབྱོར་རྫུན་བཟོ་བ་དང༌། ཆོས་པ་རྫུན་མ་གཉིས་བྱུང༌། དེ་བྱུང་བ་ནི་སྤྱི་ཚོགས་ཆོས་འཇིག་རྟེན་ལ་རྨོངས་བའི་དབང་གིས་ཡིན་པས་ད་ནི་སྤྱི་ཚོགས་ཀྱིས་ནང་ཆོས་དང་དཔལ་འབྱོར་རིག་པ་ལ་སྦྱང་འོས་སོ། །དཔལ་འབྱོར་རྩོལ་སྒྲུབ་པ་ཁག་གཅིག་གིས་འཕྲོག་བཅོམ་གྱི་ལས་རིགས་ལ་འབད་ནས་རྐུན་མའི་ཚོགས་པ་བཙུགས་པ་དང༌། བདེ་ཐང་ལ་གནོད་པའི་ཟས་རིགས་སྣ་ཚོགས་བཟོས་ཏེ་སེམས་ཅན་མང་པོའི་ཚེ་སྲོག་འཕྲོག་ནས་དཔལ་འབྱོར་སྒྲུབ་པ་དང༌། ཆོས་ལ་བརྟེན་པའི་རྫུན་བཟོ་བ་ཁག་གཅིག་གིས་བླ་མ་སྤྲུལ་སྐུ་མཁན་པོ་རྫུན་མ་བཟོས་ནས་རྫུན་གྱི་འཁོར་ལོས་མིག་འཕྲུལ་གྱི་འཁྲབ་སྟོན་སྣ་ཚོགས་ཀྱི་སྒོ་ནས་དཔལ་འབྱོར་འཚོལ་བའི་སྡེ་ཚན་སོགས་ནི་རང་གི་དཀའ་ལས་མི་བྱེད་པར་གཡོ་སྒྱུས་དཔལ་འབྱོར་འཚོལ་བ་ཁྲིམས་ལུགས་དང་ལས་འབྲས་གང་དང་མི་མཐུན་པ་རེད། དེས་ན་སྐྱ་སེར་སུ་ཡིན་ན་རྫུན་དང་གཡོ་སྒྱུ་དང་མ་འདྲེས་པར་ལས་འབྲས་དྲང་བདེན་གྱིས་རང་གི་འབད་རྩོལ་བྱས་ནས་དཔལ་འབྱོར་འཚོལ་བ་འཇིག་རྟེན་པའི་ཡ་རབས་སྤྱོད་བཟང་དང་མཐུན་པ་རེད། སྤྱིར་ནང་ཆོས་ལས་འདོད་ཆུང་ཆོག་ཤེས་གསུངས་པ་དང་སྟོན་པ་ཐུགས་རྗེ་ཅན་གྱིས་རྒྱལ་བསྟན་དཔལ་འབྱོར་གྱིས་འཇིག་པར་བཤད་ན་ཆོས་ལུགས་པའི་མིང་ཁུར་བ་མང་པོས་གཉོམ་ཆུང་ཚུལ་མཐུན་གྱི་ངུར་སྨྲིག་གི་འདུས་སྡེ་ཚོང་རྫས་བྱས་ནས་དཔལ་འབྱོར་རྩོལ་སྒྲུབ་ཀྱི་ལས་ཁོ་ན་ལ་འཇུག་པ་དང་འཇུག་ནུས་རྒྱུ་ཅི་ཞེ་ན། སྤྱི་ཚོགས་མགོ་རྨོངས་ནས་བླ་མ་ཆེ་ཆུང་ནི་ཡོན་ཏན་ཆེ་ཆུང་དང་གཞན་ཕན་གྱི་བྱ་བ་སྒྲུབ་མིན་དང༌། རྒྱལ་བསྟན་དངོས་གནས་ལུང་རྟོགས་ཀྱི་བསྟན་པ་འཛིན་པ་ཡིན་མིན་ལ་མི་ལྟ་བར་སྤྲུལ་མིང་མཁན་མིང་ཆོས་རྒྱལ་གྱི་མིང་ཡོད་མེད་དང༌། ཁང་བ་དང་རླངས་འཁོར་རྫིག་པོ་ཡོད་མེད་དང༌། བསྟན་པའི་གཟུགས་བརྙན་རྟེན་བཞེངས་ཆེ་ཆུང་སོགས་ལ་ལྟོས་པ་ཡིན་པས་རེད། དེ་ནི་བསམ་པའི་དཔལ་ཡོན་མི་དགོས་པར་ཕྱིའི་དངོས་པོ་ཙམ་གྱིས་ཆོག་པའི་ཁ་འཁོར་ཕྱོགས་ཉེས་ཤོས་ཞིག་རེད། སྤྱི་ཚོགས་ཀྱིས་གཉོམ་ཆུང་ཚུལ་མཐུན། ཐོས་བསམ་སྒོམ་སྒྲུབ་བྱེད་པ་ལ་ཁ་ཙམ་གྱིས་ཡག་པོ་འདུག་ཅེས་བཤད་ནས་དོན་སྟེང་ནས་སམ་བྱ་བ་ལག་ལེན་ལ་དཔལ་འབྱོར་ཆེན་པོ་མིང་ཆེན་པོ་ལ་ལྟོས་པར་བྱེད་པ་མངོན་སུམ་རེད། བླ་རྫུན་གྱི་མིང་གི་འབྱུང་ཁུངས་ནི། བླ་ཆེན་གྱི་མིང་ཁུར་བའི་ཆབ་སྲིད་པ་རྣམས་ཀྱིས་རང་གི་རིགས་རུས་གྱི་སྲས་དང་ཚ་བོ་དང་ཚ་མོ་དང༌། འབྱོར་ལྡན་སོགས་ལ་ཀུན་བཟང་རྡོ་རྗེ་འཆང་མན་ཆད་དང་དྲིན་ཆེན་རྩ་བའི་བླ་མ་ཡན་ཆད་ཀྱི་རྣམ་འཕྲུལ་གྱི་མིང་བཏགས་ནས་སངས་རྒྱས་བྱང་སེམས་མགོ་གཡོག་པའི་ལག་ཆ་བྱས་པའི་རྐྱེན་ལས་བྱུང་བ་ཡིན་པས་སྤྲུལ་རྫུན་ངོས་འཛིན་བྱེད་པ་བསྟན་དང་བསྟན་འཛིན་ལ་གནོད་པ་དེ་ལས་ཆེ་བ་མེད་དོ། །བླ་མ་ཁ་ཅིག་གིས་སྤྲུལ་རྫུན་བཟོ་བ་དང་རྒྱ་བླ་ཁྲི་སྟོན་བྱེད་པ་དགོན་པ་དང་བསྟན་པའི་ཆེད་ཡིན་ཟེར་མཁན་འདུག དེ་ནི་ཧ་ཅང་ནོར་འཁྲུལ་རེད། བསྟན་དང་བསྟན་འཛིན་དཔལ་འབྱོར་དང་བརྗེ་བོ་བརྒྱབ་ནས་བསྟན་པ་གད་སྙིག་ཏུ་བྱས་པ་རེད། དེང་སྐབས་དགོན་པ་གཞུང་ལ་དཔལ་འབྱོར་ཅུང་ཟད་དགོས་ན་ཡང་ཁྲིམས་མཐུན་ལུགས་མཐུན་བྱས་ནས་ལས་འབྲས་དྲང་བཞག་བཅས་ནས་སྒྲུབ་པ་ལས་ཁ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་བརྗོད་ནས་དོན་ལ་དཔལ་འབྱོར་དང་སྙན་གྲགས་སོགས་ཀྱི་ཆེད་མགོ་སྐོར་གྱི་བྱ་བ་སྣ་ཚོགས་སྒྲུབ་པར་མི་འོས་སོ། །གནད་འགག་དེ་སེལ་ཐབས་སྤྱི་ཚོགས་ཀྱི་ནང་ཆོས་ལ་སློབ་སྦྱོང་བྱས་ནས་བསྟན་པའི་གཟུགས་བརྙན་དང་དངོས་གནས་པའི་ཁྱད་པར་དང༌། བསྟན་འཛིན་དག་རྫུན་གྱི་ཁྱད་པར་ཤེས་དགོས་སོ། །འོན་ཀྱང་སྤྱི་ཚོགས་ཀྱིས་ནང་ཆོས་སློབ་པ་ལ་ནང་ཆོས་ལ་མཁས་པའི་སྐྱེས་བུ་ཞིག་ལས་སློབ་དགོས་པ་ལས་དེང་དུས་སུ་སྤྱི་ཚོགས་སུ་ཆོས་དཔོན་གྱི་ཁྲོད་ན་བརྒྱ་ཆ་བདུན་ཅུ་ཡས་མས་ཀྱི་ཆོས་མི་ཤེས་པར་ཁ་བདེ་ལྕེ་བདེ་བྱས་ནས་འོལ་ཚོད་ཀྱི་བཤད་པ་མང་བོ་བཤད་བཞིན་པ་ནི་མངོན་སུམ་རེད། སྤྲུལ་མིང་བླ་མིང་མཁན་མིང་ཁ་བདེ་ཡིན་ན་ཆོས་ཤེས་པས་ཁྱབ་བ་གཏན་ནས་མེད་དོ། །དེས་ན་སྤྱི་ཚོགས་ཀྱིས་ཆོས་དག་རྫུན། བླ་མ་དག་རྫུན། སྤྲུལ་སྐུ་དག་རྫུན། གཏེར་སྟོན་དག་རྫུན། སྔགས་པ་དག་རྫུན། གྲྭ་བ་དག་རྫུན། ཆོས་པ་དག་རྫུན་ཤེས་དགོས། རང་དག་སྣང་ཅན་དུ་རློམས་ནས་ཐམས་ཅད་ལ་དག་སྣང་བྱེད་ཁུལ་བྱེད་པ་ནི་རང་གཞན་གྱི་གཡོ་འོག་ཏུ་ཆུད་པའི་སྔ་ལྟས་ཡིན་ནོ། །སྤྱིར་བྱ་བ་གང་བསྒྲུབ་ན་ཐོག་མར་བརྟག་དཔྱད་དགོས་སོ། །འདི་ནས་གསལ་བཤད་ལ། གཡོ་སྒྱུ་དང་མ་འདྲེས་པར་ལྷག་བསམ་གྱིས་བསྟན་ལ་བྱ་ར་བྱེད་མཁན་གྱི་བསྟན་པའི་སྦྱིན་བདག་དང༌། ཐུགས་རྒྱུད་ལ་ལུང་རྟོགས་ཀྱི་བསྟན་པ་ཡོད་པའི་སྤྲུལ་སྐུ་དང་མཁན་པོ་སོགས་མདོར་ན་དག་མའི་རིགས་ལ་དད་གུས་ཡོད་ཅེས་ཞུས་པ་ཡིན། དེས་ན་དག་མའི་རིགས་ཀྱིས་བདག་འཛིན་མངོན་དུ་མ་གྱུར་བར་བསྟན་དོན་དུ་བསམ་ཕོད་པ། བཤད་ཕོད་པ། སྒྲུབ་ཕོད་པ་དགོས་སོ། །རྫུན་མའི་རིགས་ཀྱིས་རང་ལ་བརྟེན་ནས་བསྟན་པ་ཕན་མ་ཐོགས་ན་གནོད་པ་མི་བྱེད་པར་རེ་བ་ཞུས་པ་ལས་གནོད་སེམས་གྱིས་བཤད་པ་མིན་ལགས། མདོར་ན་རྫུན་མའི་རིགས་ཀྱིས་བག་ཡོད་པར་མ་བྱས་རྒྱལ་བསྟན་རྨང་ནས་བཤིག་པར་འགྱུར་དུ་དོགས་ནས་བྲིས་པ་ལས་རང་གི་དགོས་མཁོ་དང་གནོད་འཚེའི་བསམ་པ་ནམ་ཡང་མེད་པར་མ་ཟད་ཐམས་ཅད་ལ་བྱམས་བརྩེ་ཡོད། ངས་འདི་རྫུན་མའི་རིགས་ལ་ཞུས་པ་ཡིན་ཡང་ཐུགས་ལ་གནོད་པའི་ཆེད་མ་ཡིན་པར་བསྒྱུར་བཅོས་བྱེད་པའི་ཆེད་ཁོ་ན་ཡིན་ལགས་སོ། །ཁ་ཅིག་གིས་ཆོས་པ་སྤྱི་ལ་རྒོལ་བ་གནས་ལུགས་གང་ཡང་མེད་ལ་དག་རྫུན་ཕྱེས་ནས་དགག་པ་བཏང་ན་བདེན་པ་ར་སྤྲོད་བྱེད་ཐུབ་པའོ། །དུས་རྒྱུན་དཔོན་ངན་ལམ་ལུགས་ཀྱི། །ཡོན་ཏན་མེད་པའི་ཆོས་དཔོན་དང༌། །དགོན་སྡེའི་ཕན་མེད་ཁྲིམས་ལུགས་ལ། །སྐད་ཅིག་འཕྲད་པར་མ་གྱུར་ཅིག ། དཔོན་ངན་ལམ་ལུགས་ལ་སོགས་པའི། །རྫུན་མའི་རིགས་ལ་བཀུར་བ་རྣམས། །རིང་མིན་རྨོངས་བ་ཆེ་ལས་གྲོལ། །ཡང་དག་གནས་ལུགས་བཀུར་བར་ཤོག ། ཅེས་པ་འདི་ནི་རྫུན་མའི་རིགས་ཀྱིས་སྒྲོག་གཏམ་དང་སྒྲོ་བསྐུར་སྣ་ཚོགས་སྡང་བར་བྱེད་སྲིད་ན་ཡང་བསྟན་པ་དང་འགྲོ་བ་ལ་ལྷག་བསམ་ཕྲ་མོའི་བསེར་བུས་གཡོས་ནས་ཀུན་རྟོག་གི་རི་མོ་འདི་སྤྲང་འཁྱམ་པ་ཆོས་མེད་བཙུན་གཟུགས་པ་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པའོ། །

ང་རང་གི་དགའ་ཕྱོགས།

ང་རང་གི་དགའ་ཕྱོགས།

ང་རང་དགའ་ཕྱོགས་ནི། གྲྭ་རྐྱང་དཀྱུས་མའི་འཚོ་བ་རོལ་ནས་དྲང་བདེན་ལ་གནས་པ་ཡིན། བྱ་བ་ལེགས་ཉེས་གང་སྒྲུབ་ན་མངོན་ལྐོག་མེད་པར་ཕྱི་གསལ་ནང་གསལ་གྱི་སྒོ་ནས་རང་གིས་དངོས་སུ་སྒྲུབ་འདོད་པའི་སེམས་ཁམས་ཅན་ཡིན་པ་རང་བློ་རགས་པ་རང་ལ་མངོན་དུ་གྱུར་པ་ཡིན། དེས་ན་དེང་སྐབས་བླ་སྤྲུལ་མིང་འཛིན་པ་མང་དག་གིས་ཆེ་ཆེ་རྫིག་རྫིག བླ་དཔོན་ཚུགས་བཟུང་ནས་རང་གིས་ལྐོག་ནས་བཀོད་འདོམས་བཞག་ནས་རང་འཁོར་ལ་དངོས་སུ་བྱ་བ་འདྲ་མིན་བསྒྲུབ་ཏུ་བཅུག་པ་གཡོ་སྒྱུ་ལས་མ་འདས་རེད། མི་ཞིག་ལ་ཁ་བརྡ་བཤད་ན་འདྲ། ཟ་མ་ཟ་ན་འདྲ། མདོར་ན་བྱ་བ་གང་སྒྲུབ་ན་གཅིག་གིས་གཅིག་ལ་འདྲ་མཉམ་གྱི་ལྟ་ཚུལ་གྱི་སྒོ་ནས་འཚོ་བ་རོལ་འདོད་ཡོད། སློབ་མ་དང་ཆོས་གྲོགས་སོགས་གཞན་གྱིས་ཟ་མ་ཟ་རུ་སྐད་བཏང་ན་འདྲ་མཉམ་མ་ཡིན་པའི་ཟ་མ་ལྷག་པོ་བཟོ་བཀོད་བྱས་པ་དང་དོགས་འཛེམ་བྱས་ནས་ཁ་བརྡ་མི་གནང་བ་སོགས་ལ་སེམས་ཚོར་སྐྱིད་པོ་མི་འདུག དེ་ལས་ཟ་མ་ངན་ངོན་ཙམ་ལས་མེད་ན་ཡང་ཐམས་ཅད་ཟ་མ་གཅིག་གྱུར་ཡིན་ན་སེམས་ལ་སྤྲོ་སྣང་ཡོད། དེས་མཚོན་ནས་བྱ་བཞག་གང་ལ་ཡང་འདྲ་མཉམ་ཡོད་ན་སྤྲོ་བ་ཡོད། འདྲ་མཉམ་མེད་པའི་བྱ་བ་སུས་བསྒྲུབ་ན་སེམས་ཚོར་སྐྱིད་པོ་མི་འདུག སློབ་མ་ཞིག་ལ་མཚོན་ན་བརྩི་བཀུར་ཡོད་ན་དགེ་འདུན་པ་དང་ཆོས་འདུལ་བའི་བཅས་ཁྲིམས་སྲུང་བ་དང༌། སོ་སོའི་དོན་བཤད་པའི་ཆོས་ལ་ཉམས་ལེན་བྱེད་རྒྱུ་ཧ་ཅང་རེ་བ་ཆེ། ཡུལ་ལུང་ཁ་ཅིག་དཔོན་ངན་རང་ལུགས་ད་རུང་ཤུགས་དྲགས་འདུག སྤྱི་ཚོགས་རྨོངས་བ་ལ་མངོན་ལྐོག་གི་བྱ་བཞག་གཙིགས་སུ་འཛིན་པ་ཆེས་མང་ན་ཡང་རེ་ཞིག་མི་ལ་མགོ་སྐོར་བ་ཙམ་ལས་མཐར་ལས་རྒྱུ་འབྲས་ཀྱིས་ཐག་གཅོད་ཡོད་ངེས་པས་དྲང་བདེན་ལ་འབད་རིགས་སོ། །རང་ང་རྒྱལ་ཆེ་བས་ཡིན་ན་འདྲ་གང་ཡིན་ཡང་མཐོན་པོ་དང་བཙན་པོ་ཕྱུག་པོ་ལ་ཞབས་ཕྱི་སྒྲུབ་ནུས་པའི་རེ་བ་མེད་མོད། སྟོང་ཆ་དང་རྗེས་ལུས་ཡོད་པའི་ཆོས་བརྒྱུད་དང་ཡུལ་ལུང༌། མི་རིགས་ལ་ལྷག་སེམས་ཅུང་ཟད་རེའི་སྒོ་ནས་ཞབས་ཕྱི་རེ་སྒྲུབ་འདོད་ཡོད་པ་ནི་རང་གིས་རང་ལ་བཅང་བའི་རེ་བ་ཡིན་ནོ། །དེས་ན་འདྲ་མཉམ་ནི་དགའ་ཕྱོགས་ཡིན་མོད་ཆོས་ཁྲིད་སོགས་ཀྱི་སྐབས་ནང་ཆོས་ལས་བཤད་པ་ལྟར་བསླབ་པ་རྒན་པ་དང་བླ་མ་དང་དམ་པའི་ཆོས་སོགས་ཀྱི་ཆེ་བ་ཡོད་ཀྱང་འདྲ་མཉམ་མ་ཡིན་པར་མི་གཏོགས་པར་སེམས་སོ། །སྐྱེ་བ་ཀུན་ཏུ་དམན་ལ་བརྩེ་བས་གཞན་ཕན་སྒྲུབ་པར་སྨོན། ཤར་མར་ངང་དངོས་གྲུབ་དཔལ་ནས། འདོད་རྔམས་ཆེ་བའི་མཁས་བླུན་མང་པོ་དངུལ་གྱིས་སྣ་ཐག་གིས་ཡར་མར་འཁྱམ་འཁྱམ་རེ་ཁྲིད་དེ་ལྕགས་ཕུར་ལ་བཏག་ཚེ་ཀུན་སྤྱོད་དོར་ཏེ་མདུན་ལམ་དང་བསྟན་འགྲོར་མི་ལྟ་བར་འོས་འཚམས་མ་ཡིན་པའི་གཅམ་བུའི་བསྟོད་པས་རྔ་མ་གཡུགས་ནས་དངུལ་གྱི་ཟན་ཆང་ལ་རེ་བའི་ངང་ལྟོགས་སྐོམ་གྱིས་མི་ཚེ་རྫོགས་ཚིག་འབྲི་བ་རྣམས་ཀྱིས་བསམ་གཞིག་རེ་གནང་ན་མི་ལེགས་སམ།

སྲོལ་རྒྱུན་རིག་གནས་རྒྱུན་སྐྱོང༌།

སྲོལ་རྒྱུན་རིག་གནས་རྒྱུན་སྐྱོང༌།

ཁོར་ཡུག་སྲུང་སྐྱོབ་ཀྱི་སྲོལ་རྒྱུན་ནི། ས་གཉན་རྐོ་བ་དང་ཆུ་གཉན་དཀྲུག་པ་དང༌། ཤིང་གཉན་བཅད་པ་དང༌། བྲག་གཉན་བཤིག་པ་རྣམས་མི་རུང་བ་དང༌། རི་དྭགས་བསད་པ། ཁོར་ཡུག་འབག་བཙོག་སོགས་བྱས་ན་ཡུལ་ལྷ་སོགས་ལ་ཕོག་ཐུག་སོང་ནས་ནད་གདོན་འབྱུང་བར་སྔོན་གྱི་སྲིད་པ་རྒན་པོའི་ཞལ་རྒྱུན་ལྟར་ཡིན་ལ། ཤིང་ཚེ་རིང༌། བྲག་ཚེ་རིང༌། ཆུ་ཚེ་རིང༌། ཤ་ཚེ་རིང༌། བྱ་ཚེ་རིང༌། མི་ཚེ་རིང༌། ཞེས་ཚེ་རིང་རྣམ་དྲུག་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་རིགས་མང་པོ་བསྟན་ཡོད་པ་ལྟར་ལག་ལེན་བྱེད་དགོས། སྲོལ་རྒྱུན་གྱི་རིག་གནས་ནི། བོད་ཀྱི་མི་རབས་ཆགས་ནས་ཞིང་ལས་དང་འབྲོག་ལས་ཀྱི་སྲོལ་རྒྱུན་གྱི་རིག་གནས་བཟུང་ནས་འཚོ་བ་རོལ་འོང་བ་ལྟར་ད་ལྟའི་དུས་རབས་ཉེར་གཅིག་པའི་བྲེལ་ཟིང་གི་འཚོ་བ་རོལ་བའི་སྐབས་འདིར་རོང་འབྲོག་གི་འཚོ་བ་འདི་ལྷིང་འཇགས་ངང་ང་ཚོ་ལ་འོས་འཚམ་ཞིག་ཡིན་པ་གོར་མ་ཆགས་པ་ཡིན་པས། རོང་འབྲོག་གི་འཚོ་བ་འདི་ཁེ་ལས་ཅན་དུ་བསྒྱུར་ནས་རྒྱུན་སྐྱོང་བྱས་ན་ཕྱི་རྒྱལ་གྱི་ཡུལ་ཁམས་མང་པོར་ཞིང་འབྲོག་གི་ཁེ་ལས་ཀྱི་འཚོ་བ་ཡག་པོ་རྩི་བཞིན་ཡོད་པ་ཤེས་དགོས། དེ་བཞིན་དུ་མི་རིགས་གཞན་གྱིས་གྱོ་འགེབས་བྱེད་པ་སོགས་ཀྱི་ཁང་བ་དང་མི་འདྲ་བའི་རྩིགས་པ་རྩིགས་ལུགས་དང༌། ཀ་གདུང་དང་ཐོག་ཕུབ་སྟེང་སོགས་གཞན་དང་མི་འདྲ་བའི་བོད་ཀྱི་སྲོལ་རྒྱུན་མི་ནུབ་པར་འཛིན་སྐྱོང་བྱེད་དགོས། དགོན་སྡེ་རྣམས་ཀྱིས་གསེར་གྱི་རྒྱ་ཕིབས་མང་པོས་སེར་ལྷང་ལྷང་བཅས་ན་ཆོས་འཇིག་རྟེན་གང་ལ་བསམ་ན་ལེགས་པར་མ་མཐོང་ངོ༌། །འཛམ་གླིང་གི་ཡུལ་གྲུ་ཁག་ན་ཡང་རང་གི་སྲོལ་རྒྱུན་གྱི་སྐད་དང་ཡི་གེ། ཁང་བ་དང༌། གྱོན་ཆས། ཟ་མ་སོགས་སྲོལ་རྒྱུན་བཟང་པོ་རྒྱུན་སྐྱོང་བྱེད་དང་བྱེད་བཞིན་པའི་དུས་རབས་འདིར་ང་ཚོ་བོད་མི་རྣམས་ཀྱི་རང་རང་གི་ཁེ་དབང་ཡོད་པའི་སྲོལ་རྒྱུན་མི་ནུབ་རྒྱུན་སྐྱོང་གནང་རོགས་ཞུ། པཎ་ཆེན་རིན་པོ་ཆེའི་ཞལ་སྔ་ནས། བོད་ཡིན་ན་བོད་ལྭ་གྱོན་དགོས་བ་དང་བོད་སྐད་བཤད་དགོས། ཞེས་གསུངས་པ་ལྟར་བོད་ཡིན་ན་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་འཛིན་དགོས། རང་ཉིད་ནས་འགོ་བརྩམ་དགོས་སོ། །ཞེས་སྲོལ་རྒྱུན་ལ་བཅང་བའི་བསམ་པས་ཀུན་ནས་བསླངས་ནས་དངོས་གྲུབ་དཔལ་གྱིས་བྲིས་པའོ། །མདོ་སྡེ་༼ཨཾ༽ལས། ཡང་དུས་དེའི་ཚེ་རྒྱལ་པོ་ཀྲྀ་ཀིས་མཚན་གཅིག་ལ་རྨི་ལམ་བཅུ་རྨིས་ཏེ། དེས་སྨྲས་པ། གླང་པོ་ཆེའི་རྒྱལ་པོ་སྐར་ཁུང་ནས་བྱུང་བ་ན་མཇུག་མ་ཕྲ་མོ་ཐོགས་པ་དང༌། སྐོམ་པའི་ཕྱི་ནས་ཁྲོན་པ་སྙེག་པར་རྨི་བ་དང༌། ཕྱེ་བྲེ་གང་དང་མུ་ཏིག་བྲེ་གང་ཚོང་བྱེད་པ་དང༌། ཙན་དན་དང་ཤིང་རིན་མཉམ་པར་བྱེད་པ་དང༌། ཀུན་དགའ་ར་བ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་མ་བྱིན་པར་ལེན་པ་རྣམས་ཀྱིས་ཕྲོགས་པ་དང༌། གླང་པོ་ཆེ་ཕྲུ་གུས་སྤོས་ཀྱི་གླང་པོ་འཇིགས་པར་བྱེད་པ་དང༌། སྤྲེའུ་མི་གཙང་བས་གོས་པས་གཞན་ལ་སྐུད་པ་དང༌། སྤྲེའུ་རྒྱལ་པོར་དབང་བསྐུར་བར་མཐོང་བ་དང༌། རས་གཅིག་མི་བཅྭ་བརྒྱད་ཀྱིས་དྲས་ཀྱང་མ་རལ་བ་དང༌། སྐྱེ་བོའི་ཚོགས་ཆེན་པོ་གཅིག་ཏུ་འདུས་ནས་འཐབ་པ་དང༌། རྩོད་པ་དང་གཡུལ་འགྱེད་པ་དང་མཚང་འདྲུ་བར་གྱུར་པས་འཇིགས་པ་མཐོང་ངོ༌། །ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་རྨི་ལམ་དེའི་འབྲས་བུ་འདིར་བདག་ལ་ལུང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་མ་འཇིགས་ཤིག ཁྱོད་ཀྱི་ཡུལ་འཁོར་ཉམས་པར་མི་འགྱུར་ལ། སྲོག་གི་བར་ཆད་དུ་ཡང་མི་འགྱུར་གྱིས། རྒྱལ་པོ་ཆེན་པོ་གཞན་དུ་ན་མ་འོངས་པའི་ཚེ་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་སྟེ། དེའི་ཕྱི་མའི་དུས་ན་ཉན་ཐོས་རྣམས་ལུས་མ་བསྡམས་པ། སེམས་མ་བསྡམས་པ། ཚུལ་ཁྲིམས་མ་བསྡམས་པ། ཤེས་རབ་མ་བསྡམས་པ་འབྱུང་བར་འགྱུར་ཏེ། དེ་རྣམས་གཉེན་གྱི་ཚོགས་སྤངས་ནས་རབ་ཏུ་འབྱུང་བར་འགྱུར་ཏེ། དེ་ནས་གཙུག་ལག་ཁང་རྣམས་སུ་ཁྱིམ་གྱི་འདུ་ཤེས་འཇོག་པས་ཆགས་པར་འགྱུར་ཏེ། གླང་པོ་ཆེ་སྐར་ཁུང་ནས་བྱུང་བ་ན་དེའི་མཇུག་མ་ཐོགས་པ་ནི་དེའི་སྔ་ལྟས་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྐོམ་པའི་ཕྱི་ནས་ཁྲོན་པ་སྙེག་པར་རྨི་ལམ་དུ་མཐོང་བ་གང་ཡིན་པ་དེ་ནི་དེ་རྣམས་གཙུག་ལག་ཁང་གི་ནང་ན་ལྷན་ཅིག་གནས་པ་རྣམས་ལ་ཆོས་སྟོན་པར་འགྱུར་ཡང་དེ་རྣམས་ཉན་པར་འདོད་པར་མི་བྱེད་ཅིང་ཡིད་ལ་མི་འཇོག་སྟེ། དེའི་སྔ་ལྟས་ནི་འདི་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཕྱེ་བྲེ་གང་དང་མུ་ཏིག་བྲེ་གང་ཚོང་བྱེད་པར་རྨི་ལམ་དུ་མཐོང་བ་གང་ཡིན་པ་དེ་ནི་དེ་ཉིད་ཀྱི་ཉན་ཐོས་རྣམས་ཏེ། གང་བཟའ་བ་ཙམ་གྱི་དོན་དུ་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་རྣམས་ཡང་དག་པར་སྟོན་པར་འབྱུང་བར་འགྱུར་ཏེ་དེའི་སྔ་ལྟས་ནི་འདི་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཙན་དན་དང་ཤིང་མཉམ་པོར་ཚོང་བྱེད་པར་རྨི་ལམ་དུ་མཐོང་བ་གང་ཡིན་པ་དེ་ནི་དེ་ཉིད་ཀྱི་ཉན་ཐོས་རྣམས་མུ་སྟེགས་ཀྱི་ཚིག་གང་ཡིན་པ་རྣམས་བཟུང་ནས་སངས་རྒྱས་ཀྱི་བཀའ་དང་སྙོམས་པ་འབྱུང་བར་འགྱུར་ཏེ་དེའི་སྔ་ལྟས་ནི་འདི་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཀུན་དགའ་ར་བ་འབྲས་བུ་ཕུན་སུམ་ཚོགས་པ་མ་བྱིན་པར་ལེན་པ་རྣམས་ཀྱིས་ཕྲོགས་པར་རྨི་ལམ་དུ་མཐོང་བ་གང་ཡིན་པ་དེ་ནི་དེ་ཉིད་ཀྱི་ཉན་ཐོས་ལུས་མ་བསྡམས་པ། སེམས་མ་བསྡམས་པ།ཚུལ་ཁྲིམས་མ་བསྡམས་པ། ཤེས་རབ་མ་བསྡམས་པ་རྣམས་འབྱུང་བར་འགྱུར་ཏེ། དེ་རྣམས་དགེ་འདུན་རྣམས་ཀྱི་མེ་ཏོག་གི་མཆོག་དང༌། འབྲས་བུའི་མཆོག་རྣམས་འཚོ་བའི་ཕྱིར་དགེ་འདུན་ལས་བཅད་ནས་ཁྱིམ་པ་རྣམས་ལ་སྟེར་བར་འགྱུར་ཏེ། དེའི་སྔ་ལྟས་ནི་འདི་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་གླང་པོ་ཕྲུ་གུས་སྤོས་ཀྱི་གླང་པོ་འཇིགས་པར་བྱེད་པར་རྨི་ལམ་དུ་མཐོང་བ་གང་ཡིན་པ་འདི་ནི་དེ་ཉིད་ཀྱི་ཉན་ཐོས་རྣམས་ཚུལ་ཁྲིམས་འཆལ་བ། སྡིག་པའི་ཆོས་ཅན་དེ་རྣམས་གང་དགེ་སློང་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན་རྣམས་ཟིལ་གྱིས་གནོན་པར་བྱེད་པར་འགྱུར་ཏེ་དེའི་སྔ་ལྟས་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྤྲེའུ་མི་གཙང་བས་གོས་པས་གཞན་ལ་སྐུད་པར་རྨི་ལམ་དུ་མཐོང་བ་གང་ཡིན་པ་འདི་ནི་དེ་ཉིད་ཀྱི་ཉན་ཐོས་ཚུལ་ཁྲིམས་འཆལ་བ། སྡིག་པའི་ཆོས་ཅན་རྣམས་འབྱུང་བར་འགྱུར་ཏེ། དེ་རྣམས་ཀྱིས་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་སྐུར་པ་འདེབས་པར་འགྱུར་ཏེ་དེའི་སྔ་ལྟས་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྤྲེའུ་རྒྱལ་པོར་དབང་བསྐུར་བར་མཐོང་བ་གང་ཡིན་པ་དེ་ནི་དུས་དེའི་ཚེ་རྨོངས་པ་རྣམས་རྒྱལ་པོར་དབང་བསྐུར་བར་འགྱུར་ཏེ་དེའི་སྔ་ལྟས་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་རས་གཅིག་མི་བཅྭ་བརྒྱད་ཀྱིས་དྲས་ཀྱང་མ་རལ་བར་རྨི་ལམ་དུ་མཐོང་བ་གང་ཡིན་པ་དེ་ནི་དེ་ཉིད་ཀྱི་བསྟན་པ་སྡེ་བཅྭ་བརྒྱད་དུ་གྱེས་པར་གྱུར་ཀྱང་རྣམ་པར་གྲོལ་བའི་རས་ནི་རལ་བར་བྱ་བར་མི་ནུས་ཏེ་དེའི་སྔ་ལྟས་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་གཅིག་ཏུ་འདུས་ནས་འཐབ་པ་དང་རྩོད་པ་དང་གཡུལ་འགྱེད་པ་དང༌། མཚང་འདྲུ་བར་རྨི་ལམ་དུ་མཐོང་བ་གང་ཡིན་པ་དེ་ནི་དེ་ཉིད་ཀྱི་བསྟན་པ་རྩོད་པས་ནུབ་པར་འགྱུར་ཏེ་དེའི་སྔ་ལྟས་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་ལྟར་མི་བཟད་པ་རྣམས་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རོ། །ཞེས་གསུངས་པ་ལ་ཞིབ་ཏུ་གཟིགས་ནས་བག་ཡོད་པར་བྱའོ། །དངོས་གྲུབ་དཔལ་ནས། དྲི་བ། དགེ་བཤེས་ལགས། དྲིན་ཅན་དེ་སུ་ཞིག་ཡིན་ལགས། ལན་ནི། འཇིག་རྟེན་གྱི་དབང་དུ་བྱས་ན་རང་ལ་བྱམས་བརྩེས་བསྐྱང་བའི་མི། དཔེར་ན་ཕ་མ་ལྟ་བུ། དེ་ལ་དྲིན་ལན་འཇལ་བ་ནི། ལྷག་བསམ་གྱིས་ཟས་གོས་སོགས་ཕན་ཐོགས་ལ་བརྩོན་པ། ཆོས་ཀྱི་དབང་དུ་བྱས་ན་ཐར་བའི་ལམ་ཚུལ་བཞིན་དུ་སྟོན་པའི་སློབ་དཔོན། མདོ་སྔགས་ལ་མཁས་པའི་བླ་མ་ལྟ་བུ། དེ་ལ་དྲིན་ལན་བཀའ་བཞིན་དུ་ཆོས་སྒྲུབ་པ་སོགས་ཡིན་ནོ། །དངོས་གྲུབ་དཔལ་ནས།

ཀུན་སྤྱོད་བཟང་པོས་སློབ་གསོ་ཐེབས་པ་ཡིན།

ཀུན་སྤྱོད་བཟང་པོས་སློབ་གསོ་ཐེབས་པ་ཡིན།

སློབ་མ་མང་བའི་དགེ་རྒན་ཅིག་ལ་མཚོན་ན་ཀུན་སྤྱོད་ལ་ཧ་ཅང་གཟབ་གཟབ་བྱེད་དགོས། རང་གི་ཆོས་བཞིན་འདུལ་བཞིན་བྱེད་དགོས། ཐོས་བསམ་སྒོམ་གསུམ་ལས་ལ་བརྩོན་དགོས། དེ་ལས་ལྡོག་སྟེ་གྲོང་ཁྱེར་སྣ་ཚོགས་ཀྱི་མཛེས་ལྗོངས་ལ་འཁྱམ་འཁྱམ་བྱས་ནས་དྲྭ་ཐོགས་སོགས་སུ་བཀྲམ་ན་སློབ་མའི་ཚོགས་ལ་ཤུགས་རྐྱེན་ངན་པ་བཞག་པ་དང༌། སྤོ་ལོ་རྩེ་བའམ་རྩེ་བའི་མཐུན་རྐྱེན་སྒྲུབ་ན་མི་གཞི་ངན་པ་དང་ཀུན་སྤྱོད་རྩུབ་རགས་ཅན་དང༌། སློབ་སྦྱོང་ལ་མི་དགའ་བར་བསྒྱུར་བ་སོགས་དགེ་རྒན་གྱི་ཀུན་སྤྱོད་ཀྱིས་སློབ་ཚོགས་ལ་སློབ་གསོའི་ཤུགས་རྐྱེན་ཆེར་ཐེབས་བཞིན་ཡོད་པ་སེམས་ལ་འཛིན་དགོས། སྤྱིར་བཏང་གི་ཁ་ནས་མང་དུ་སྨྲས་པ་ལས་ཀུན་སྤྱོད་བཟང་པོས་སློབ་གསོ་ཐེབས་པ་ཡིན་པར་སེམས་སོ། །དེ་རིང་ངལ་གསོ་ལ་དངོས་གྲུབ་དཔལ་ནས། དཔེ་ཆ་བ་རྣམས་ལ་མཚོན་ན་ཁོར་ཡུག་ཕུན་སུམ་ཚོགས་པ་ཡིན་ན་འགྲིག་ལམ་ཡག་པོ་ཡོད་དགོས་མོད་ཁོར་ཡུག་ལ་དགེ་རྒན་དང་རྩོད་རོགས་རྒྱ་ཆེ་བ་མེད་ན་གྲྭ་ས་ཆེ་ཁག་ལ་བཏང་དགོས་པ་རེད་མ་གཏོགས། མི་ཚེ་ཐུང་ཐུང་ཡིན་པས་སློབ་སྦྱོང་གི་དུས་ཚོད་ཡོལ་འགྲོ་ལ། དེ་ཡོལ་བར་བྱས་ན་ཚེ་འདི་ཕྱི་ལ་གནོད་སྐྱོན་དེ་ལས་ཆེ་བ་མེད་པ་ཡིན་པར་ཤེས་དགོས། གཞོན་སྐྱེས་རྣམས་ཀྱི་སློབ་སྦྱོང་གི་གོ་སྐབས་ལས་སྣེ་བས་དམ་འཛིན་བྱེད་དགོས་སོ། །འདས་པའི་གནས་ཚུལ་ལ་གཞིག་ན་གཞོན་སྐྱེས་རིགས་སྨྲ་བའི་མི་ཚེ་འཕྲོ་བརླག་འགྲོ་བར་མཐོང་ནས་དངོས་གྲུབ་དཔལ་གྱིས། ཤེས་ཡོན་མེད་པའི་མི་ལ་མཁན་པོའི་མཚན་བཏགས་པ་དང༌། མི་ནོར་ཅན་ལ་སྤྲུལ་མིང་བཏགས་པ་ནི། ཆོས་ལ་བརྟེན་ནས་མི་སེར་ལ་མགོ་སྐོར་བར་མ་ཟད་བསྟན་པ་ཚོང་རྫས་སུ་བསྒྱུར་བ་ཡིན་པས་དེ་འདྲ་མིང་འདོགས་མཁན་ལ་ཆོས་ཀྱི་དྲི་ཙམ་མེད་པར་འཇིག་རྟེན་གྱི་གཡོ་སྒྱུ་ཁོ་ན་ཅན་ཡིན་པས་དོགས་ཟོན་བྱེད་དགོས། བསྟན་པ་ལ་སེམས་ནས་དངོས་གྲུབ་དཔལ་གྱིས་བྲིས་པའོ། །

རང་སྣང་ཅན་གྱི་དྲི་བ།

རང་སྣང་ཅན་གྱི་དྲི་བ།

རང་སྣང་ཅན་གྱི་དྲི་བ། ཐོས་པ་ཆུང་ཆུང་ང་རྒྱལ་ཅན་ཟེར་བ་བདེན་པ་ཡིན་ནམ། རིས་མེད་པའི་ལན། བདེན་པ་རེད། ཐོས་པ་ཆུང་ཆུང་ཟེར་བ་ནི་ཁ་བཤད་ཙམ་ལས་དོན་དང་ལག་ལེན་ལ་རྨོངས་བ་ཞིག་ལ་བརྗོད། དེ་ལ་ང་རྒྱལ་ཆེ་བའི་རྒྱུ་མཚན་མང་དུ་ཡོད་ཀྱང་རེ་ཟུང་ཙམ་སྨོས་ན་དེང་སྐབས་ལྟ་ལོག་པ་ཡང་དེའི་རིགས་ཀྱིས་ལྐོག་གྱུར་གྱི་གནས་དང་ཟབ་རྒྱས་ལ་རྨོངས་པའི་དབང་གིས་རང་གིས་མི་ཤེས་པ་རྒྱུ་མཚན་དུ་བྱས་ནས་ཟབ་མོའི་གནས་དང་རང་ལ་ལྐོག་གྱུར་དུ་གྱུར་བའི་གནས་ལ་སྐུར་འདེབས་མང་དུ་བྱུང་བ་ལྟ་བུ་རེད། མདོ་ལས། ཤེས་རབ་ཡོད་ཀྱང་དད་པ་མེད་པ་ནི། །ལོག་པར་ལྟ་བ་འཕེལ་བའི་རྒྱུ། །ཞེས་གསུངས་པ་བཞིན་རང་ལ་ཤིན་ལྐོག་ཏུ་གྱུར་བའི་གནས་ལ་སངས་རྒྱས་ཀྱི་ལུང་ལས་གསུང་བ་ལ་ཡིད་ཆེས་ཀྱི་དད་པའམ་ཡིད་ཆེས་རྗེས་དཔག་གི་སྒོ་ནས་འཇུག་དགོས་མོད་ཡིད་ཆེས་མེད་པས་ལྡོག་དེ་བསྐུར་བ་བཏབ་པའོ། །ཡང་ཐོས་ཆུང་དེ་འདྲའི་ནང་ན་རང་གི་བླ་མ་ལ་དད་པ་མེད་པར་མ་ཟད་ཞེ་སྡང་བའི་ཐོས་ཆུང་ཧ་ཅང་མང་བར་མངོན་སུམ་གྱིས་གྲུབ་ལ། འདིའི་རིགས་ལ་བླ་སློབ་བར་སེལ་སོང་བ་མཆིས་པས་གཟབ་འཚལ། མདོར་ན་ཐོས་ཆུང་དེ་འདྲ་ལ་ང་རྒྱལ་ཆེ་བས། ཇི་སྐད་དུ། ང་རྒྱལ་གྱི་ལྒང་བུ་ལ། །ཡོན་ཏན་གྱི་ཆུ་མི་རྡོལ། །ཞེས་གསུངས་པ་བཞིན་རྒྱུད་ལ་ཡོན་ཏན་མི་ཆགས་པའོ། །ཡང་རང་སྣང་ཅན་གྱི་དྲི་བ། སྒོམ་པ་བ་ལ་དེའི་རིགས་མཆིས་སམ་ལགས། རིས་མེད་པའི་ལན། སྒོམ་པ་བ་སྤྱིར་ཧ་ཅང་ཡག་པོ་འདུག འོན་ཀྱང་སྒོམ་པ་བ་ངན་ངོན་ལ་ང་རྒྱལ་ལས་ཕྲག་དོག་དང་རྨོངས་བ་ཧ་ཅང་ཆེ་ལ། སྒོམ་པ་ངན་པ་ཞིག་ཡིན་ན་ཕལ་ཆེར་ལུང་གི་བསྟན་པ་འཛིན་པ་ལ་ཕྲག་དོག་གིས་སྐུར་འདེབས་བྱེད་དེ། ས་སྐྱ་གྲགས་པ་རྒྱལ་མཚན་གྱི་ཞལ་ནས། ཚེ་འདི་ལ་དམིགས་པའི་བསྒོམ་པ་དེ། །དབེན་པར་བསྡད་ཀྱང་འདུ་འཛི་ཅན། །ལོང་གཏམ་སྨྲ་བའི་ཁ་ཏོན་ཅན། །ཐོས་བསམ་བྱེད་ལ་བསྐུར་པ་ཅན། །སྒོམ་པ་གཞན་ལ་ཕྲག་དོག་ཅན། །རང་གི་སྒོམ་པ་རྣམ་གཡེང་ཅན། །ཆོས་བརྒྱད་ཀྱི་བསམ་གཏན་བཤོལ་ལ་ཞོག །ཅེས་གསུངས་པ་ལྟར་རོ། །ཡང་དེ་འདྲ་ལ་རྨོངས་བ་ཆེ་བས་བླུན་སྒོམ་ཕལ་ཆེར་དུད་འགྲོའི་རྒྱུར་འགྱུར་བ་དང་གང་ཟག་གཞན་པ་ཡང་རྨོངས་བས་ལོག་ལམ་ཁྲིད་པར་བྱེད་དོ། །སྤྱིར་ཐོས་བསམ་སྒོམ་གསུམ་གྱི་ནང་ནས་སྒོམ་བཟང༌། འོན་ཀྱང་བསྒོམ་བྱ་ཐོས་བསམ་གྱི་གཏན་ལ་བབས་ནས་བསྒོམ་དགོས་སོ། །རིས་མེད་པས་ལན་དུ་སྨྲས་སོ། །སློབ་མ་ཡིན་པས་ཆ་ནས་བླ་མར་སྐྱོན་རྟོག་གི་བློ་འགོག་དགོས་མོད་ཡོན་ཏན་ཡོད་མེད་ལེགས་པར་བརྟག་དགོས།དེའི་རྒྱུ་མཚན་སྤྱིར་མདོ་རྒྱུད་དུ་མར་བླ་མར་སྐྱོན་རྟོག་གི་བློ་འགོག་དགོས་པར་གསུངས་པ་དང༌། རྒྱུད་ལས། རྩོད་ལྡན་དུས་ཀྱི་སློབ་དཔོན་སྐྱོན་དང་ཡོན་ཏན་འདྲེས། །སྐྱོན་མེད་སྡིག་པ་མེད་པ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་དང༌། དཔེར་ན་མི་ཞིག་ལ་སྐྱོན་དང་ཡོན་ཏན་གཉིས་ལས་བརྒྱ་ཆ་གོ་དགུ་ཡོན་ཏན་གྱིས་ཟིན་ན་ཡང་རྒྱ་ཆ་གཅིག་ཙམ་གྱི་སྐྱོན་དེ་མཐོང་བ་རེད། ཡི་གེ་ཞིག་འབྲི་ན་བརྒྱ་ཆ་གོ་དགུ་དག་ནའང་མ་དག་པ་གཅིག་ཡོད་ན་དེའི་ཆ་ནས་སྐྱོན་གཏོང་བ་ལས་བརྒྱ་ཆ་གོ་དགུ་དག་པའི་ཆ་ནས་ཡོན་ཏན་མི་བརྗོད་པ་བཞིན་རེད། ཡོན་ཏན་ཡོད་མེད་བརྟག་དགོས་པའི་རྒྱུ་མཚན་དེང་དུས་ཡོན་ཏན་གང་ཡང་མེད་པར་མིང་ཙམ་གྱི་རྨུ་ཐག་ལ་བརྟེན་ནས་གནས་པ་མང་དག་གིས་སློབ་མ་ཡར་རྒྱས་བཏང་མ་ཐུབ་པ་མ་ཟད་ཆོས་བརྒྱུད་ནང་དུ་མགོ་འཁོར་བར་བྱེད་པ་ཡོད་པ་སོགས་མདོར་ན་སློབ་མའི་མདུན་ལམ་ལ་གནོད་པ་མང་དུ་ཡོད་དོ། །འོན་ཀྱང་ཡོན་ཏན་མེད་ན་ཡང་དད་ལོག་མི་བྱ་བར་ཟས་ནོར་སོགས་ཟང་ཟིང་གི་ཐུགས་དགྱེས་པར་བྱས་ནས་ཡོན་ཏན་ལྡན་པའི་བླ་མ་གཞན་ལ་བསྟེན་ཆོག་པར་ཆོས་རྗེ་ཀུན་མཁྱེན་ཆེན་པོས་གསུངས་སོ། །བདག་ལས་སྣང་མ་དག་པ་ཡིན་པར་སྲིད་དོ། །ངག་དབང་དངོས་གྲུབ་དཔལ་གྱིས་རང་སྣང་མ་དག་པ་འདི་ཤོར་སོང་ངོ༌། །

རྨོངས་དད་དང་དད་པ་གླེང་བ།

རྨོངས་དད་དང་དད་པ་གླེང་བ།

མཐའ་དཔྱོད་ཆོས་ཁྲིད་སྐབས་གསུངས་པ། ཐུབ་པའི་རྗེས་རབས་ཀྱིས་ཟིན་བྲིས་བཏབ། བླ་མ་དང་དགེ་བའི་བཤེས་གཉེན་ལ་ཡིད་ཆེས་པའི་དད་པ་དང་དང་བའི་དད་པ་འོང་པ་ཡོད་པ་རེད། རེད་དེ་ང་ཚོས་བླ་མ་ཡོན་ཏན་ཅན་དུ་མཐོང་ནས་བླ་མ་ལ་དང་བའི་དད་པ་བསྐྱེད་དགོས་པ་རེད་མ་གཏོགས། གཞུང་ལུགས་མ་སྦྱངས་པ་འགའ་ཞིག་གིས། ང་རང་གི་དགེ་བའི་བཤེས་གཉེན་དེ་རང་ལ་ཐོབ་ན་སྙམ་དུ་སྨོན་ལམ་བྱེད་བཞིན་འདུག་སྟེ། དེ་ཐོབ་པ་ཡོད་པ་མ་རེད། དགེ་བའི་བཤེས་གཉེན་དེ་རྒྱུད་ཐ་དད་པ་ཡིན་པས་རང་ལ་ཐོབ་མི་ནུས་ཀྱང༌། ཇི་སྐད་དུ། འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང༌། །ཁྱེད་ཀྱི་མཆོག་བཟང་བོ་ཅི་འདྲ་བར། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཅེས་དེ་དང་འདྲ་བ་ཞིག་བདག་ལ་ཐོབ་པར་ཤོག་ཅིག་ཞེས་སྨོན་ལམ་བཏབ་པ་ན་འགྲུབ་ཀྱི་རེད་མ་གཏོགས། རང་དང་རྒྱུད་ཐ་དད་པའི་གང་ཟག་ཅིག་རང་ལ་ཐོབ་པ་ཡོད་པ་མ་རེད། དེའི་རྒྱུ་མཚན་གྱིས་ཐར་བ་དང་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་དད་པ་དེ། ཐོབ་ནུས་པ་ལ་འཐོབ་འདོད་པའི་དད་པ་རེད། དང་འདོད་ཡིད་ཆེས་གང་རུང་གི་རྣམ་པ་ཅན་གྱི་སེམས་བྱུང་དེ་ལ་དད་པ་ཟེར་བ་རེད། དད་པའི་ཡུལ་དེ་ཡང་བདེན་པ་ཡོད་པ་མི་བསླུ་བ་ཞིག་ལ་དམིགས་དགོས་པ་ཞིག་ཆགས་འདུག་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་དད་པ་རྣམ་དག་ཡིན་མིན་དེ་དེའི་སྟེང་ནས་ཤེས་དགོས་འདུག དེ་མ་གཏོགས། སངས་རྒྱས་མིན་པའི་ཕྱི་རོལ་བ་གཅིག་ལ་སངས་རྒྱས་ཡིན་པར་དད་པ་བྱས་སོང་ན་རྨོངས་དད་རེད། དེ་ཁོ་རང་ཡིད་ཆེས་པའི་གནས་ཆགས་འདུག་ཡོད་པ་མ་རེད། དེ་བས་ང་ཚོས་ལེགས་པར་མ་ཤེས་ན་ཡང་སངས་རྒྱས་ཀྱིས་གསུངས་པ་དེ་ཡིད་ཆེས་བྱས་ནས་ལས་རྒྱུ་འབྲས་མི་བསླུ་བ་ཡིན་ནོ་བསམ་ནས། རང་གིས་དེ་ལ་ཡིད་ཆེས་བྱེད་པའི་དད་པ་དེ་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་རེད། དེ་ལྟར་དད་པ་བྱས་པ་དེ་མི་བསླུ་བ་ཞིག་ལ་དད་པ་བྱས་པས་ན་དད་པ་རྣམ་དག་ཀྱང་ཡིན་པ་རེད། རྨོངས་དད་ཟེར་བ་དེ། བླ་མ་མ་ཡིན་པ་ཞིག་ལ་བླ་མར་བཟུང༌། ཆོས་མ་ཡིན་པ་ལ་ཆོས་སུ་བཟུང༌། དགེ་བ་མ་ཡིན་པ་ཞིག་ལ་དགེ་བར་བཟུང༌། དགེ་བ་ཡིན་པ་ལ་དགེ་བ་མིན་པར་བཟུང་བའི་དད་པ་བྱེད་པ་རྣམས་ལ་རྨོངས་པ་ཧ་ཅང་ཤུགས་ཆེ་ཀི་རེད། ཐོས་བསམ་བྱས་པ་དེ་དགེ་བ་ཁྱད་འཕགས་ཞིག་ཡིན་ན་ཡང་དེ་དགེ་བ་མིན་པར་བཟུང༌། གསུང་རབ་ལུང་གི་ཆོས་དེ་རྒྱལ་བའི་བསྟན་པ་ཡིན་ན་ཡང་དེ་ལ་ཐོས་བསམ་བྱ་མི་དགོས་པར། ཐོས་བསམ་བྱེད་པ་དེ་ཆོས་མིན་ཞིག་བཟུང་ཡོང་གི་ཡོད་པ་རེད། དེ་འདྲའི་རིགས་དེ་ལ་རྨོངས་དད་ཟེར་བ་རེད། ད་རུང་རང་རང་གི་ཆོས་མི་སྒྲུབ་པར་གཞན་བླ་མ་ཞིག་གིས་འདྲེན་འགྲོ་གི་རེད་བསམ་ན། དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་མ་རེད། རང་གི་ཆོས་མ་སྒྲུབ་པར་འདྲེན་པའི་ཐབས་ཡོད་པ་མ་རེད། དེའི་རྒྱུ་མཚན་གྱིས། དེ་འདྲའི་རིགས་ལ་རྨོངས་དད་ཟེར་བ་རེད། སྐབས་རེ་རང་གིས་ལེགས་པར་མ་ཤེས་ཀྱང་ཡིད་ཆེས་བྱས་ནས་འཇུག་དགོས་པ་མང་པོ་ཡོད་པ་རེད། དཔེར་ན། གཞུང་རྣམས་སུ་དབང་རྟུལ་དད་པའི་རྗེས་འབྲང་ཟེར་བ་ཞིག་འོང་གི་ཡོད་པ་རེད། ཡིན་ན་ཡང༌། དེ་དོན་ལ་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་ཡིན་པ་ལ། དད་པ་བྱེད་པོ་རང་གིས་མ་རྟོགས་ཀྱང་སངས་རྒྱས་ཀྱིས་གསུངས་པ་རྒྱུ་མཚན་དུ་བྱས་ནས་དད་པ་བྱེད་ན་འགྲིག་གི་ཡོད་པ་རེད། ཁ་སང་དེ་རིང་མང་པོ་ཞིག་གིས་ནང་ཆོས་ལ་སློབ་སྦྱང་མ་བྱས་པས་ན་ནང་ཆོས་ཤེས་ཀི་ཡོད་པ་མ་རེད། ད་རུང་མོ་ལུང་བསྟན་རྫུན་མ་རེ་བཤད་ན་ཁེད་འགྲོ་རྒྱུ་མང་པོ་ཡོད་པ་རེད། དེ་བཞིན་ཁ་སང་དེ་རིང་གི་སྨན་པ་ཚོ་ཡང་དེ་འདྲ་ཆགས་ཡོད་པ་རེད། སྨན་པ་མང་ཆེ་བས་སྨན་མ་ཤེས་ན་ཡང་ལག་རྩ་འདྲ་བལྟ་ཁུལ་བྱས་ནས་ཧ་མ་གོ་རུང་སྨན་རེ་སྦྱིན་ན་མཚམས་རེ་ཕན་ཐོགས་ཀྱིན་ཡོད་པ་རེད། ནད་པ་ཁོ་རང་ཚོར་ནད་རེ་དྲིས་ནས་འཁྲིས་ནད་རེ་བསམ་ན་འཁྲིས་སྨན་རེ་སྦྱིན། ང་ལ་ཕོ་ཁ་ན་གི་ཟེར་ན་ཕོ་ཁའི་སྨན་རེ་སྦྱིན་བཞག་དུས། སྨན་པས་ནད་ངོ་ཅང་མ་ཤེས་རུང་མཚམས་རེ་ཕན་ཐོགས་འགྲོ་གི་ཡོད་པ་རེད། དེ་ནང་བཞིན་ལུང་བསྟན་པ་ཚོས་ཡང༌། དེ་འདྲ་རེ་བཤད་བཞག་དུས་མང་པོ་ཞིག་གིས་སྐྱབས་བསུ་མཆི་ཟེར་ནས་རྨོངས་དད་བྱས་ཏེ་འགྲོ་གི་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་རྨོངས་དད་དང་དད་པའི་ཁྱད་པར་འབྱེད་ཤེས་དགོས་པར་འདུག ཡིན་ན་ཡང༌། དེང་སང་རྨོངས་དད་དང་དད་པ་བཤད་འོང་དུས་རྒན་མོ་ཁྱི་སོས་སངས་རྒྱས་ཟེར་བ་ཞིག་འོང་གི་ཡོད་པ་རེད། འོན་ཀྱང་བྱུང་བ་དེ་དངོས་ཡོད་གནས་ཚུལ་ཡིན་མིན་དཔྱད་པ་དགོས། བོད་ཀྱི་བླ་མ་ཚོས་གསུངས་བཞག་པ་ལ་ཡིན་མིན་ཅི་རིགས་འོང་གི་ཡོད་པ་རེད། ཡིན་ན་ཡང༌། ཁྱི་སོ་སངས་རྒྱས་རེད་བསམ་འདུག་ན་དེ་རྨོངས་དད་ཡིན་མིན་དང་དེ་དད་པ་རྣམ་དག་ཞིག་ཡིན་མིན། དེ་ཡིན་ན་ཕྱི་རོལ་བ་ཚོས་ཁོ་རང་ཚོའི་སྐྱབས་གནས་དེ་སྐྱབས་གནས་མཐར་ཐུག་ཞིག་ཡིན་པ་དང༌། སྐྱོན་མཐའ་དག་ལས་གྲོལ་བ་ཡིན་བསམ་གྱིན་ཡོད་པ་དེ་ཡང་དད་པ་རྣམ་དག་ཡིན་ཆོག་མི་ཆོག་སོགས། རིགས་པས་དཔྱད་ན་དཀའ་མོ་འདྲ་འདུག དེས་ན་རང་རང་སོ་སོ་དོན་དངོས་དང་མཐུན་པ་ཞིག་གི་སྟེང་ནས་འགྲོ་དགོས་པར་འདུག

མིའི་རོ་ལས་མི་ལ་སྐྲག

མིའི་རོ་ལས་མི་ལ་སྐྲག

དུད་འགྲོ་ལས་མི་ངན། མི་ཁ་ཤས་ཀྱིས་མི་རོ་དེ་སྐྲག་ས་ཞིག་རེད་ཅེས་བཤད་འདུག བདག་གི་རྣམ་པར་རྟོག་པ་ལ་མི་རོས་གཡོ་སྒྱུ་ཁྲམ་གསུམ་གྱིས་བསམ་སྦྱོར་ངན་པ་མི་བྱེད་ལ། མིས་དེ་ལྟར་བྱེད་པས་རོ་ལས་མི་དེ་སྐྲག་ས་ཡིན་པ་རེད། དཔེར་ན་དུད་འགྲོ་ཞིག་ལ་ཟས་ཅུང་ཟད་སྦྱིན་པ་སོགས་ཀྱིས་ཕན་བཏགས་ན་ཕྱི་ནང་ནོར་བ་མེད་པར་ཚུར་བརྩེ་བ་འཆང་གི་རེད། རང་གི་ཁྱི་དེས་མཐོ་དམན་འབྱོར་ཕྱུག་སུ་དང་འཕྲད་ཀྱང་བདག་པོའི་རྗེས་སུ་བསྙེགས་པ་ལས་གཞན་གྱི་རྗེས་སུ་འབྲང་བ་སོགས་འགྱུར་ལྡོག་མེད། མི་ནི་དེ་ལྟ་བུ་མ་ཡིན་པར་ཕར་ཁ་ཁོག་མི་བཟུང་བར་སྐད་ཆ་དྲང་མོ་བཤད་ནས་སེམས་ཀྱི་དཀྱིལ་དུ་བཟུང་ན་ཚུར་སྐྱོན་ཅན་དང་བརྙས་བཅོས་དང་གུས་མེད་ཀྱིས་བྱ་བ་བསྒྲུབ་འོང༌། རིང་དུ་བཀྱེད་ན་ཁེངས་ར་བྱེད་འོང་བ་རེད། གཅེས་སྐྱོང་བྱེད་ན་མགོ་འཕང་མཐོ་བ། དྲིན་ཅན་ལ་དྲིན་ལན་ལོག་འཇལ་བྱེད་པ། མངོན་དུ་ངོ་བསྟོད་ཀྱི་ཁུ་ཕྱུག་གྲག་ཀྱང་ལྐོག་ནས་བླ་བཙག་གི་འུག་པ་དགོད་པའི་མངོན་ལྐོག་མི་མཉམ་པ་སོགས་འཁུ་ལྡོག་མང༌། དཔེར་ན་མི་ཞིག་ལ་ཕན་བརྒྱ་བཏགས་པའམ་ལོ་ངོ་དུ་མར་ལྟོ་གོས་ཆོས་གསུམ་ཅི་རིགས་ཀྱིས་བསྐྱངས་ན་ཡང་ཐེངས་གཅིག་ཁོ་རང་གི་རེ་འདོད་ལྟར་མ་བསྒྲུབས་པ་ཡིན་ན་སྔར་གྱི་ཕན་བཏགས་པ་དྲིན་མེད་དུ་སོང་བར་མ་ཟད་གནོད་སེམས་ཡང་འཆང་གི་རེད། དེར་མ་ཟད་རང་དོན་ནམ་རང་འདོད་དང་མ་མཐུན་ན་ཕ་མ་དང་དགེ་རྒན་ལ་དྲིན་ལན་ལོག་འཇལ་བྱེད་པ་མཐོང་ཐོས་སུ་སྣང༌། དེས་ན་མི་ནི་ཆེས་འགྲོག་ས་དཀའ་བ་དང་ཆེས་སྐྲག་ས་རེད། དེས་ན་ཕར་ཕན་བཏགས་པ་དང་ཚུར་གནོད་པ་བྱས་པ་གང་ལ་ཡང་བྲག་ཆ་ལྟ་བུར་བལྟས་ཏེ་བཟོད་སྒོམ་བྱེད་པ་ལས་གཉེན་པོ་གཞན་མེད། མི་ལ་ཕན་བཏགས་པ་ཡིན་ན་ཚུར་ལན་ལ་རེ་བ་ནི་ཕལ་ཆེར་སྟོང་བསམ་ཡིན། དེས་ན་ལན་ལ་མ་རེ། བསྟན་འགྲོའི་དོན་བསྒྲུབ་ན་ལྷག་བསམ་གཙང་མའི་སྤོབས་པ་དང་སྙིང་སྟོབས་ཀྱིས་བསྒྲུབ་དགོས་པ་ལས་འཁོར་གྱིས་ལོག་སྒྲུབ་སོགས་ཡོད་པས་དཀའ་ངལ་གྱི་ལམ་རིང་བོ་ཡོད། ལྷག་པར་ཡར་རྒྱས་མ་སོང་བའི་ཡུལ་ལུང་ལ་མ་བཤད་ན་ཡར་རྒྱས་མི་འགྲོ། བཤད་ན་མི་སྐྱོན་ཅན་ཁྲོ། རྟ་རྒྱབ་བཅད་འཕག་ཟེར་བ་ལྟར་ཕྲག་དོག་གདུག་རྩུབ་དང་ལོག་འགྲེལ་གྱི་ཆབ་སྲིད་ངན་པ་ཡོང་བ་ཆོས་ཉིད་ཡིན། མི་བཟང་བོ་ཞིག་བྱེད་ན་སོ་གའི་གནམ་ངོ་དང་ཆུ་ལ་རི་མོ་བྲིས་པ་ལྟར་འགྱུར་ལྡོག་མི་བྱེད་པར་རྡོ་ལ་རི་མོ་བྲིས་པ་ལྟར་བརྟན་དགོས་སོ། །ཞེས་དེ་རིང་ངལ་གསོ་ལ་དངོས་གྲུབ་དཔལ་གྱིས།

གཞན་སྟོང་དབུ་མ་ཆེན་མོའི་བགྲོ་གླེང་ཐེངས་བཅུ་དྲུག་པར་གནང་བའི་བཀའ་སློབ།

གཞན་སྟོང་དབུ་མ་ཆེན་མོའི་བགྲོ་གླེང་ཐེངས་བཅུ་དྲུག་པར་གནང་བའི་བཀའ་སློབ།

གསུང་བ་པོ། ཇོ་ནང་དགེ་བཤེས་དངོས་གྲུབ་དཔལ། ཟིན་བྲིས་པ། ཝ་ཤུལ་བསོད་ནམས་རྒྱས་པ། བསླབ་གསུམ་ནོར་གྱིས་ཕྱུག་པའི་དགེ་འདུན་འདུས་པ་རྒྱ་མཚོའི་སྙན་ལམ་དུ་སྒོ་གསུམ་གུས་ཕྱག་དང་བཅས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ང་རང་ལ་མཚོན་ན་སྐྱེས་སྟོབས་ཀྱི་ཤེས་རབ། སྦྱང་སྟོབས་ཀྱི་ཡོན་ཏན། ཕྱོགས་གང་གི་ཆ་ནས་དམན་པ་ཞིག་རེད། དེ་འདྲའི་རྒྱུ་མཚན་ལ་བསམ་བློ་བཏང་ན། ཁྱེད་གྲྭ་ཚང་འདུས་པ་རྒྱ་མཚོ་ལ་སློབ་གསོ་མ་ཟད། ཚིག་ཁ་ཤས་ཞུ་དགོས་ན། ཞུ་འོས་པ་ཞིག་དང་ཞུ་འཚམས་པ་ཞིག་མ་རེད། འོན་ཀྱང༌། དེང་སང་འཛམ་གླིང་རང་བཞིན་ནམ་དུས་རབས་ཉེར་གཅིག་པར་བསམ་བློ་བཏང་ན། མི་ཚང་མས་བསམ་ཚུལ་བཤད་ན། བཤད་ཆོག་པ་དང་བཤད་པའི་ཐོབ་ཐང་ངམ་ཁེ་དབང་ཡོད་པ་ཞིག་ཆགས་ཡོད་པ་རེད། དེས་ན་དེ་རིང་ང་རང་གི་བསམ་ཚུལ་ཉུང་བསྡུས་ཤིག་ཁྱེད་རྣམ་པར་ཞུ་འདོད་པ་ཡིན། དེ་རིང་གི་ཞུ་བྱ་དེ། ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་བཤད་སྒྲུབ་ཀྱི་བསྟན་པའི་སྙིང་པོ་ལ་འབད་བརྩོན་བྱེད་དགོས། ཞེས་པའི་ཁ་བྱང་ཟེར་ན་འདྲ། གླེང་གཞི་ཞིག་གཏན་ཁེལ་བྱས་ཏེ་ཞུ་རྒྱུ་དེ་ཡིན།ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་བཤད་སྒྲུབ་ཀྱི་བསྟན་པ་འཛིན་དགོས་པ་ཡིན་ན། དང་པོ། ཐུགས་མཐུན་པ་དེ་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང༌། ཐུགས་མཐུན་ཞེས་པ། དེང་སང་རང་རང་སོ་སོའི་ལས་འབྲས་དྲང་བདེན་དང༌། གནས་ལུགས་གཙིགས་སུ་བཟུང་ནས་གཞན་ལ་ཕན་མ་ཐོག་ན་གནོད་མི་བྱེད་རྒྱུ་དེ་རེད། དེ་ཡང༌། ལས་འབྲས་དང་མཐུན་པ། ཆོས་འདུལ་བའི་བཅའ་ཁྲིམས་དང་མཐུན་པ། འཇིག་རྟེན་མི་ཆོས་ཟེར་ན་འདྲ། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་པ་ཞིག་གི་སྟེང་ནས་འགྲོ་དགོས་པ་རེད་མ་གཏོགས། "ཀུན་དང་མཐུན་པ་མི་ཆོས་ཀྱི་རྩ་བ།" ཞེས་པ་དེ། རྐུན་མ་དང་མཐུན་པ། གཡོ་སྒྱུ་ཁྲམ་གསུམ་དང་མཐུན་པ། ཆབ་སྲིད་ཀྱི་གཡོ་སྒྱུ་ཅན་དང་མཐུན་པ་ཞིག་ལ་གོ་བ་མ་རེད། དེས་ན་རང་རང་སོ་སོའི་རང་ཚུགས་མ་ཤོར་བའི་ངང་ནས། གནས་ལུགས་དང་དྲང་བདེན་གལ་ཆེན་རང་བཞིན་དུ་བཟུང་ནས་འགྲོ་དགོས་པ་རེད་མ་གཏོགས་མི་ཐམས་ཅད་དང་མཐུན་པ་ཞིག་ཡོང་ཐབས་བྲལ་བ་རེད། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ཡང་འཛམ་བུ་གླིང་འདིར་བྱོན་པ་རེད་ཏ། ཐམས་ཅད་དང་མཐུན་པ་ཞིག་མ་ཡོང་པ་རེད། ཁོང་ཐབས་ལ་མ་མཁས་པ་དང༌། བྱམས་སྙིང་རྗེ་མེད་པ་མ་རེད་ཏ། སེམས་ཅན་སོ་སོའི་ཁམས་དང་མོས་པ་སོ་སོ་བ་ཡིན་པ་དང༌། བསོད་ནམས་དང་སྨོན་ལམ་ཡོད་མེད་སྣ་ཚོགས་ཤིག་གིས་ཀུན་དང་མཐུན་པ་ཞིག་ཡོང་ཐབས་བྲལ་བ་རེད། སངས་རྒྱས་ཀྱིས་ནི་མི་མགུ་ན། །བདག་འདྲ་ངན་པའི་སྨོས་ཅི་དགོས། །ཞེས་རྒྱལ་སྲས་ཆེན་པོའི་གསུངས་པ་བཞིན། ང་རང་ལྟ་བུར་མཚོན་ན་ཐམས་ཅད་དང་མཐུན་པ་ཞིག་དགོས་བསམ་ཀྱང་དེ་ནི་སྟོང་བསམ་ཁོ་ན་མ་གཏོགས་ཀུན་དང་མཐུན་པ་ཞིག་ཆགས་ཡོང་བའི་ཐབས་ཡོད་པ་མ་རེད། འོན་ཀྱང༌། གོང་དུ་ཞུས་པ་ནང་བཞིན། གནས་ལུགས་དང་དྲང་བདེན། ལྷག་ཏུ་ང་ཚོ་རབ་བྱུང་བ་ཞིག་ལ་མཚོན་ན། ཆོས་འདུལ་བའི་བསྟན་པ་ཡང་སྙིང་དུ་བཟུང་དགོས་པ་གལ་ཆེན་པོ་རེད་བསམ། རང་གི་ངོས་ནས་བསམ་བློ་བཏང་ན་ད་སྔ་ཡན་ལ། ཆོས་བརྒྱུད་རིས་སུ་མེད་པའི་མཁས་དབང་རྣམས་ཀྱི་མདུན་ནས་དབང་ལུང་ཁྲིད་གསུམ་ཞུས་ཏེ། གང་ལ་གང་འཚམས་ཀྱི་གཞུང་ལུགས་ལ་ཡང་བལྟས། ཆོས་བརྒྱུད་དག་ལ་རང་ནུས་གང་ཡོད་ཀྱིས་ཞབས་ཕྱི་བསྒྲུབས་ནས་ཡོང་བ་ཡིན་མ་གཏོགས། ཁ་རྐྱང་བ་ཙམ་གྱིས་མཐུན་སྒྲིལ་དང་རིས་མེད་ཟེར་ནས་ཞུས་པ་མེད། བྱ་བ་ཆེ་ཆུང་གང་བསྒྲུབ་ན། དེ་ལ་འགལ་ཟླ་ཟེར་ན་འདྲ། ལྡོག་ཕྱོགས་ཤིག་ཡོད་པ་རེད། ལྷ་ཟབ་སར་བདུད་ཟེར་བ་རེད། སྤྱིར་བཏང༌། ཐང་བདེ་མོའི་སྟེང་གི་རི་མཐོན་པོ་ལ་རླུང་རྒྱབ་པ་དེ་དངོས་པོའི་ཆོས་ཉིད་ཅིག་ཡིན་པས་བྱ་བ་གང་བསྒྲུབ་ན་རང་ལ་གནས་ལུགས་དང་དྲང་བདེན་ཡོད་ན། གཞན་གྱི་བར་ཆད་དང་འགལ་བ་ཡོད་ན་ཡང་རང་གི་གཟི་བརྗིད་ཅིག་རེད། གནས་ལུགས་ཡོད་པའི་རྟགས་མཚན་ཞིག་ཀྱང་རེད། ང་རང་གྲྭ་བ་གྲྭ་རྐྱང་ཟླ་གམ་ཁེར་རྐྱང་ཞིག་རེད། ངའི་མི་ཚེའི་བརྒྱུད་རིམ་ལ་བསམ་བློ་བཏང་ན། ལོ་བཅུ་ཕྲག་ཁ་ཤས་ལ་དཔེ་ཆ་ཞིག་ལྟ་ཁུལ་བྱས་པས། གཞན་ལ་གཡོ་སྒྱུའི་སྒོ་ནས་མགོ་གཡོག་དང་མགོ་སྐོར་དང་དེའི་རིགས་ལ་བྱ་བ་སྒྲུབ་རོགས་གང་ཡང་མ་བྱས་པ་ཡིན། རང་ནུས་གང་ཡོད་ཀྱིས་ལས་འབྲས་གཙིགས་སུ་འཛིན་ཁུལ་བྱས་ཏེ་ཡོང་བ་ཡིན། ང་ཚོ་རབ་ཏུ་བྱུང་བ་ཞིག་ན། ལས་འབྲས་གཙིགས་སུ་བཟུང་ནས། རང་ལ་དྲིན་ཆེ་བ་དེ་དྲིན་ཆེན་ཡིན་པ་ངོ་ཤེས་དགོས་པ་ཞིག་རེད། ང་ཚོའི་ལྟོ་གོས་ཆས་གསུམ་ནང་པ་སངས་རྒྱས་པའི་བསྟན་པ་ལ་བརྟེན་ནས་ཡོང་གི་ཡོད་པས། ནང་ཆོས་དེ་རྩ་ཆེན་དང་མཐོང་ཆེན་བྱེད་རྒྱུ་ནི་གལ་ཆེན་པོ་རེད། ཐུགས་མཐུན་ཁྲིམས་གཙང་ཞེས་པ་ལས། ཁྲིམས་གཙང་བ་དེ་བཤད་ན། ཚུལ་ཁྲིམས་ལ་རིགས་མང་པོ་ཡོད་པ་རེད། ཡིན་ན་ཡང་དེ་རིང་འདིར་འདུས་པ་ཐམས་ཅད་ནི་དགེ་འདུན་པ་ཤ་སྟག་ཡིན་པས་དགེ་ཚུལ་སློང་གི་སྡོམ་པའི་ཕྱོགས་ནས་ཉུང་ཙམ་ཞུ་རྒྱུ་ཡིན།འདིར་འདུས་པ་ཐམས་ཅད་རབ་ཏུ་བྱུང་བའི་སྡེ་ཡིན་པས། རབ་ཏུ་བྱུང་བའི་སྡེ་ཞིག་ལ་མཚོན་ན་རང་རང་སོ་སོ་དགེ་ཚུལ་སློང་གང་ཡིན་ན་དེའི་ཚུལ་ཁྲིམས་དེ་བསྲུང་དགོས་པ་རེད། སྲུང་པ་དེ་ཡང༌། དང་པོ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བྱེད་པ་སོགས་ཡོད་པ་རེད། དེ་རིང་ངས་འདི་ནས་ཞུ་རྒྱུ་ནི་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་ཡོད། ང་རང་གི་བསམ་ཚུལ་འདི་འདྲ་ཞིག་རེད། དགེ་སློང་ཞིག་བསྒྲུབ་པ་ཡིན་ན། ལོ་ཉི་ཤུ་མ་ལོན་སྔོན་ནས་དགེ་སློང་སྒྲུབ་མཁན་དེ་ང་ཚོ་ཇོ་ནང་གི་དགོན་སྡེ་མང་པོ་ན་ཡོང་གི་ཡོད་པ་རེད། འོན་ཀྱང་ལོ་ཉི་ཤུ་མ་ལོན་ནས་དགེ་སློང་གི་སྡོམ་པ་དེ་ཆགས་ཀི་ཡོད་པ་མ་རེད། འདུལ་བ་མདོ་རྩའི་སྤྱི་བསྟན་གྱི་མདོ་ཚན་དྲུག་ཅུ་རེ་ལྔ་ལས་དང་པོའི་སྐབས་སུ།"ཉམས་པ་དང་མ་ཆགས་པ་གཉིས་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སོ། །ཞེས་གསུངས་པ་ལྟར། མ་ཆགས་པ་ཞིག་ཡོང་གི་ཡོད་པ་རེད། དེས་ན་ང་ཚོས་དགེ་སློང་སྒྲུབ་པ་ལ་ཆ་རྐྱེན་རྣམས་ཚང་དགོས་པ་གལ་ཆེན་པོ་རེད། དགེ་ཚུལ་སློང་སྒྲུབ་པ་ལ་དགེ་སློང་ལྔ་ཚོགས་ངེས་པར་དུ་དགོས་པ་རེད་དང༌། ང་ཚོས་ལྔ་མ་ཚོགས་པར། སྔོན་དུས་སུ་གསེར་སྐུ་ཡི་ཚབ་བྱས་པ་དང་མི་གཅིག་ཙམ་གྱིས་བསྒྲུབས་པ་སོགས། མང་པོ་ཞིག་ལོ་རྒྱུས་སུ་ཡོད་པ་རེད། དེའི་དབང་གིས་སྡོམ་རྒྱུད་ཆད་འགྲོ་བ་དེ་ཡང་ཡོང་གི་ཡོད་པ་རེད། ཕྱོགས་གཞན་ཞིག་ཏུ། མི་ཚངས་སྤྱོད་ཀྱི་ཕམ་པས་མ་གོས་ན་ཡང་བླ་མ་ཁ་ཡག་ཚོས་སྤྱི་ཚོགས་ལ་མགོ་གཡོགས་མགོ་སྐོར་བྱེད་མཁན་སོགས་དང་བསྟུན་ཆེད་དུ་མི་ཆོས་སུ་རློམ་པའི་སྐད་ཆ་བཤད་པ་སོགས་ཀྱིས། མི་ཆོས་བླ་མའི་རྫུན་གྱི་ཕམ་པ་བྱུང་བ་དང༌། དེང་སང་དཔལ་འབྱོར་རྩ་ཆེན་དུ་བརྩི་བས་བླ་མ་ཁ་ཤས་ལ་མ་བྱིན་ལེན་པའི་ཕམ་པ་བྱུང་ནས་སྡོམ་རྒྱུད་ཆད་པ་སོགས་ཡོང་གི་ཨེ་ཡོད་བསམ་གི་ཡོད། མང་པོ་ཞུ་ན་མང་པོ་རེད་དང༌། སྒྲུབ་པ་པོ་གང་ཟག་གིས་ཐོབ་བློ་སྐྱེས་མ་ཤེས་པ་སོགས་མང་པོ་ཞིག་གིས་སྡོམ་རྒྱུད་ཆད་འགྲོ་གི་ཨེ་ཡོད་བསམ་ནས་ཁྱེད་རྣམས་ཀྱིས་ཐུགས་བསམ་རེ་གཏོང་རོགས་ཞུ་ཞུས་པ་ཡིན། དེས་ན། ང་ཚོས་དང་པོ་ནས་ཆོས་འདུལ་བ་ལ་སློབ་སྦྱོང་ཡག་པོ་ཞིག་བྱེད་རྒྱུ་གལ་ཆེན་པོ་རེད། ཚུལ་ཁྲིམས་སྲུང་བའི་སྐབས་སུ། རང་ཉིད་དགེ་ཚུལ་སློང་ཡིན་པའི་འདུ་ཤེས་ཡོད་རྒྱུ་དང༌། ཕམ་པས་མ་གོས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམ་པ་ཡིན་ན་དགེ་སློང་རྣམ་དག ཅེས་ཆོས་འདུལ་བའི་སྐབས་སུ་གསུངས་པ་བཞིན། རང་རང་སོ་སོ་དགེ་ཚུལ་སློང་རྣམ་དག་ཡིན་པའི་འདུ་ཤེས་ཡོད་པའི་སྒོ་ནས། ནམ་རྒྱུན་སྲུང་སེམས་ཡོད་རྒྱུ་གལ་ཆེན་པོ་རེད་མ་གཏོགས། དགེ་བ་ཟེར་ནས་སྡོམ་པ་ལེན་ཀྱང་དགེ་བ་ཞིག་ཡོང་གི་ཡོད་མེད། དམ་ཆོས་འདུལ་བ་ཡིན་ན་འདྲ། ནང་བའི་བསྟན་པ་སྤྱིའི་དབང་དུ་བྱས་ན་དེ་ཙམ་དཀའ་མོ་འདྲ་ཞིག་རེད། དེས་ན་རང་རང་སོ་སོས་ཚུལ་ཁྲིམས་བསྲུང་རྒྱུ་དང་དེ་ལ་སྲུང་སེམས་ཡོད་རྒྱུ་གལ་ཆེན་པོ་རེད་ཞུས་པ་ཡིན། ལྷག་ཏུ། བསླབ་ལ་མི་གནས་དེ་དག་ནི། །ཟོག་པོ་ཁྱིམ་པར་གནས་པ་མཆོག །ཅེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུང་པ་བཞིན། ཕམ་པས་གོས་པ་ནས་བཟུང༌། དངོས་གནས་རབ་བྱུང་ངུར་སྨྲིག་གི་གོས་མི་གྱོན་རྒྱུ་གལ་ཆེན་རེད། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེས། ཚུལ་ཁྲིམས་འཆལ་བའི་ལུས་ཅན་གཞོན་ནུ་ཁྱོད། །དགེ་སློང་ཚུལ་དུ་མ་འཆོས་དཀར་པོ་གྱོན། །ཚུལ་ཁྲིམས་འཆལ་བའི་ཉེས་པས་མི་ཆོག་པར། །ཚུལ་འཆལ་ཉེས་པའི་གོས་ན་མི་རུང་ངོ༌། །ཞེས་གསུངས་པ་ནང་བཞིན་རེད། དིང་སང་དགོན་སྡེ་མང་པོའི་ནང་དུ་རྒྱུད་ལ་སྡོམ་པ་མེད་ཀྱང་ངུར་སྨྲིག་གི་གོས་གྱོན་མཁན་དང༌། རབ་བྱུང་གི་སྡེར་ཞུགས་ཡོད་མཁན་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེའི་རིགས་ཀྱིས་ཁེ་བཟང་རག་གི་ཡོད་བསམ་ན་ཐང་ཏ། དོན་དངོས་སུ་ཚུལ་ཁྲིམས་འཆལ་བ་དེས་དགེ་འདུན་པའི་གནས་མལ་སྐད་ཅིག་ཙམ་ལ་ཡང་ལོངས་སུ་སྤྱད་ན་དམྱལ་བ་འགྲོ་བའི་རྒྱུ་ཡིན་པ་རེད། དེས་ན་ཚང་མས་དེའི་རིགས་ལ་གཟབ་དགོས་པ་དང༌། བསྟན་པ་དག་ཐེར་གྱི་ཕྱོགས་ལ་ང་ཚོས་འབད་འབུང་བྱེད་དགོས་པ་དང༌། གཞི་གསུམ་ལག་ལེན་དང༌། རྒྱུད་ལ་ཚུལ་ཁྲིམས་ཡོད་རྒྱུ་དེ་གལ་ཆེན་པོ་རེད། དེས་ན་གོང་དུ་ཞུས་པ་བཞིན། ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་ལུང་རྟོགས་གཉིས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་ཆགས་འདུག་ཡོད་པ་རེད། དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་དེ། །ལུང་དང་རྟོགས་པའི་སྡེ་སྣོད་དོ། །དེ་འཛིན་སྒྲུབ་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་འོ། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་ལུང་རྟོགས་གཉིས་ཡིན་པ་ངོས་ཟིན་དགོས་པ་དང༌། ས་རྡོ་རི་བྲག་གི་ལས་ཀ་ལྟ་བུའི་ཕྱི་ཡི་རྣམ་པ་ཞིག་གིས་སངས་རྒྱས་ཀྱི་བསྟན་པ་འཛིན་མི་ཐུབ་པ་དང༌། ལྷ་ཁང་གསེར་ཁང་སོགས་ཀྱིས་འཆད་ཉན་མི་བྱེད་པ། ཐོས་བསམ་སྒོམ་གསུམ་མི་བྱེད་པ། མཁྱེན་གསལ་ནང་བཞིན་རེད། དེས་རྒྱུ་མཚན་གྱིས། ང་ཚོས་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་གང་ཡིན་ངོས་ཟིན་དགོས་པ་གལ་ཆེན་རེད། དགེ་འདུན་པའི་བཞུགས་གནས་ཤིག་དང༌། གཙུག་ལག་ཁང་ཞིག་དགོས་ཀི་ཡོད་པ་རེད་མ་གཏོགས། དིང་སང་ང་ཚོས་ལྷ་སའི་ཕྱོགས་ཡིན་ན་འདྲ། གཞན་དག་ལ་བསམ་བློ་བཏང་ན། སྔོན་གྱི་སྒྲུབ་གནས་ཆེན་མོ་ཁ་ཅིག་མར་ཉམས་ནས་ནང་དུ་བཙུན་མ་གཅིག་གཉིས་ཙམ་ལས་མེད་པ་ལྟ་བུ་རེད། ཡང་ཁ་ཅིག་གིས་འཛུགས་སྐྲུན་རྒྱ་ཆེན་པོ་བྱས་པས་རྐྱེན་གྱིས་བསྟན་པ་འཛིན་སའི་གནས་དེ་ཡུལ་སྐོར་ལྟེ་གནས་སམ་སྒྲུབ་གནས་ཆེན་པོ་དག་ཡུལ་སྐོར་ལྟེ་གནས་སུ་བསྒྱུར་བ་ཧ་ཅང་ཡིད་ཕངས་པ་མང་པོ་ཡོང་གི་ཡོད་པ་རེད། དེ་ལྟར་ཡིན་ན། སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་ལུང་རྟོགས་གཉིས་ལ་འཆད་ཉན་ཐུབ་ཀི་མ་རེད། ལུང་གི་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་བྱས་ཏེ་འགྲོ་དགོས་པ་དང༌། ཐོས་བསམ་སྒོམ་གསུམ་པོ་རྒྱུ་འབྲས་ཀྱི་གོ་རིམ་ཞིག་ཡིན་པ་དང༌། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ལ། ཐམས་ཅད་སྦྱང་དགོས་པར་གསུངས་ཀི་ཡོད་པ་རེད། དེ་མ་ཟད། སྔགས་བླ་མེད་ཀྱི་སྐབས་སུ་ཡང༌། པདྨའི་རིགས་ཀྱི་དམ་ཚིགས་གསུངས་ཡོང་དུས། ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་རྣམས་མ་ལུས་བཟུང༌། །ཞེས་གསུངས་པ་རེད། ཕྱི་ནང་གསང་བ་ཞེས་པ། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་གྱི་རྒྱུད། གསུམ་དང༌། ཐེག་པ་གསུམ་ཞེས་མདོ་ལུགས་ཀྱི་ཐེག་པ་གསུམ་གསུངས་པ་རེད་བ། དེ་མ་ལུས་པར་ཡོངས་སུ་བཟུང་ཞེས། དམ་ཚིགས་ཀྱི་གྲངས་སུ་བཞག་གི་ཡོད་པ་རེད། དེ་དགོས་ཡང་དགོས་རྒྱུ་རེད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་པ་ཡིན་ན། སེམས་ཅན་ཐམས་ཅད་རྗེས་སུ་བཟུང་དགོས་པ་རེད། རྗེས་སུ་བཟུང་བ་ལ། གདུལ་བྱ་རིགས་ཅན་གསུམ་ཡིན་ན་འདྲ་གི །གདུལ་བྱ་རིགས་ཅན་གསུམ་པོ་རྗེས་སུ་བཟུང་བའི་བསྐལ་བ་མེད་པ་ཞིག་ཡིན་ན་ཡང༌། འཇིག་རྟེན་པའི་ཆོས་བསྟན་ཏེ། འཇིག་རྟེན་གྱི་དགེ་རྩ་ཞིག་བསྐྲུན་པ་ལ། འཇིག་རྟེན་གྱི་ཆོས་དེ་བཤད་དགོས་པར་ཆགས་ཡོད་པ་རེད། དེས་རྒྱུ་མཚན་གྱིས་ཐོས་བསམ་དེ་ཧ་ཅང་གལ་ཆེན་པོ་རེད། དིང་སང་ང་ཚོས་འཆད་ཉན་བྱེད་ཡོང་དུས། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཛིན་གི་ཡོད་པ་རེད། ང་ཚོས་འཆད་པའི་སྐབས་དེར། དིང་སང་ང་རང་ལས་སྣང་མ་དག་པ་ཡིན་ན་འདྲ། རང་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་མེད་པའི་དབང་གིས་ཡིན་ན་ཡང་ཐང༌། མང་པོ་ཞིག་གིས། མ་བརྟག་མ་དཔྱད་པར་བྱུང་རྒྱལ་དུ་རང་བཟོ་བྱས་ཏེ། རང་རང་སོ་སོའི་ཡིག་ཆ་ན་ཡོད་པ་དེ་མི་ལབ་པར། མེད་པ་དེ་ལབ་འགྲོ་བ་ཧ་ཅང་མང་པོ་ཡོང་གི་འདུག །དེ་ཧ་ཅང་ཉེན་ཁ་ཚ་བོ་ཞིག་ཆགས་འདུག བླ་མ་དགེ་བའི་བཤེས་གཉེན་ཚོས། ཆོས་འཆད་ཉན་སྐབས་སུ་བརྟག་དགོས་རེད་མ་གཏོགས། བདུད་ཀྱི་བཤེས་གཉེན་ཞེས་པ་མགོ་ལ་རྭ་སྐྱེས་འདུག་ཡོད་པ་ཞིག་ལོགས་སུ་ཡོད་པ་མ་རེད། རང་གི་སློབ་མ་ཚོ་ལོག་པའི་ལམ་དུ་ཁྲིད་འགྲོ་ན། བདུད་ཀྱི་བཤེས་གཉེན་ཆགས་སོང་བ་རེད། དེས་ན་འཆད་པའི་སྐབས་སུ་བསམ་བློ་གཏོང་དགོས་པ་རེད་བསམ། རྩོད་པའི་སྐབས་སུ། དམ་བཅའ་འདུག་པ་ཡིན་ན། ལྷག་པ་ལྷག་ཏུ་འདིའི་གཞན་སྟོང་བགྲོ་གླེང་ལྟ་བུ་དམ་བཅའ་ཆེན་མོའི་ཁག་འཚོགས་ཡོང་དུས། ཆོས་ཀྱི་གནད་དྲིལ་བ་ཞིག་དང༌། གྲུབ་མཐའ་སྤྱི་དང་གཞུང་སྤྱིའི་བབ་དང་མཐུན་པའི་དཀའ་གནས་ཤིག་གི་ཐོག་ནས་རྟགས་གསལ་གཏོང་དགོས་པ་རེད་མ་གཏོགས། ངག་སྒོ་ཡངས་པ་ཙམ་གྱི་སྒོ་ནས། ཡིན་ཏེ། མིན་ཏེ། ཟེར་བ་ཙམ་ཆོས་ར་ནས་བསྡུས་གྲྭ་ཅུང་ཙམ་སྦྱངས་ཟིན་པ་ཡིན་ན་དངོས་འགལ་ཞིག་གཏོང་ཐུབ་ཀི་ཡོད་པ་རེད། དཔེར་ན། ནས་ཀྱི་རྩམ་པ་ཆོས་ཅན། རྩམ་པ་ཡིན་ཏེ། ཟེར་ན་རྟགས་བཀོད་དཀའ་བ་དང༌། མེ་ཡིན་ན་ཚ་བ་ཡིན་དགོས་ཏེ་ཟེར་ན་ཡང་རྟགས་བཀོད་ཁག་པོ་འདྲ་ཆགས་རྒྱུ་རེད་དང༌། དེ་འདྲ་ཞིག་ལ་གནད་འགག་བཏང་ཟེར་བ་མ་རེད། འཇིག་རྟེན་གྱི་ཁ་དཔེར། ཉི་མ་འགྲོ་ཐབས། ཐང་མ་སྐམ་ཐབས། ཟེར་བ་ལྟ་བུ་ཞིག་ཡོང་གི་ཡོད་པ་རེད། ངག་སྒོ་ཡངས་བ་རེ་ཡིན་ན། སྐད་མཐོན་པོ་ཅན་ཚོས་མཆོང་ལྡིང་བྱས་པ་ཡིན་ན། དཔེ་ཆ་ཡག་པོ་མ་བལྟས། སློབ་སྦྱོང་གནད་དྲིལ་བ་ཞིག་མ་བྱས་པ་ཡིན་ན། ཚང་མས་མཁས་པ་རེད་ཟེར་བ་ཞིག་ཡོང་གི་ཡོད་ན་ཐང་དང༌། དོན་གྱི་མཁས་པ་དེ་ཡོང་ཐུབ་ཀི་མི་འདུག། གདན་ས་ཁག་ཏུ་འདི་འདྲ་ཞིག་རེད། ཚང་མས་འཚང་ཁ་མི་རྒྱབ་པར། དཔེ་ཆ་ཡག་པོ་ཅན། གོ་རྒྱུ་ཡོད་པར་གཏོང་མཁན་ཚོས་དོགས་དཔྱོད་ཡག་པོ་གཏོང་དུས་ཚང་མས་དེ་ལ་གསན་ནས། དེ་ལ་རྟགས་གསལ་གཏོང་ག་འཇུག་གི་ཡོད་པ་རེད།དེ་ལས་གཞན། ཡིན་ཏེ། མིན་ཏེ། ཟེར་ནས་དངོས་འགལ་ཙམ་གཏོང་བ་ལ། ཉི་མ་འགྲོ་ཐབས་ཙམ་ལས་ཕན་པ་ཆེན་པོ་ཡོད་པ་མ་རེད། དེས་ན་ངས་གང་ཞུ་གི་ཡོད་ཞུ་ན། རྩོད་པ་རྩོད་པའི་སྐབས་སུ། ལུང་རིགས་ཀྱི་རྒྱབ་ལྗོངས་ཡོད་པའི་སྟེང་ནས། གཞུང་སྤྱིའི་བབ། གྲུབ་མཐའ་སྤྱིའི་བབ། མདོར་ན། ཆོས་གཞུང་གི་དཀའ་གནས་ཤིག་གོང་འོག་བསྒྲིགས་ཏེ། འདི་འདྲའི་མཁས་དབང་མང་པོ་འཛོམས་ས་དེ་རྩོད་པ་རྩོད་དགོས་ཀི་འདུག་ཞུས་པ་ཡིན། རྟོགས་པའི་བསྟན་པ་ཡིན་ན། བསླབ་གསུམ་ཉམས་ལེན། ལྷག་པ་ལྷག་ཏུ། ང་ཚོ་དཔལ་ལྡན་རྒྱལ་བ་ཇོ་ནང་པར་མཚོན་ན། དུས་འཁོར་གྱི་སྒྲུབ་བརྒྱུད་དེ་ཧ་ཅང་ཡག་པོ་ཞིག་ཡོད་ཀི་ཡོད་པ་རེད། དེ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་གལ་ཆེན་པོ་རེད། སྤྱིར་བཏང་ཡིན་ན། བཤད་སྒྲུབ་གཉིས་པོ་འགལ་མེད་གྲོགས་སུ་བརྟེན་ནས་འགྲོ་དགོས་པ་རེད། ཁ་ཅིག་གིས། བཤད་གྲྭ་དགོས་མདོག་བྱས་ཏེ་སྒྲུབ་པ་མི་དགོས་པར་བསམ་མཁན་སྲིད་ཀྱི་རེད་དང༌། ད་སྔར་བཤད་གྲྭ་བ་ཞིག་གིས་སྒོམ་མི་དགོས་ཟེར་མཁན་ཞིག་མ་ཚོར་དང༌། བཤད་གྲྭ་བ་ཚོས། མ་ཤེས་པར་སྒོམ་ཐུབ་པ་མ་རེད་ཟེར་བ་ཞིག་ཡོང་གི་ཡོད་པས། དེའི་བར་ལ་གོ་ལོག་འདྲ་ཞིག་ཡོང་གི་ཡོད་པ་རེད། ཡང་སྒོམ་སྒྲུབ་ལ་རྩོམ་མཁན་ཚོས། བཤད་པ་མི་དགོས་པར་མང་པོ་བཤད་ཀི་ཡོད་པ་རེད། སྒོམ་ཤེས་མཁན་ཞིག་གིས་དེ་ཟེར་སྲིད་རྒྱུ་མ་རེད་དང༌། སྒོམ་མ་ཤེས་ཀྱང་ཤེས་མདོག་ཅན་ཟེར་ན་འདྲ། སྒོམ་པར་ཁས་འཆེས་པའི་མི་མང་པོ་ཞིག་གིས། རྩོད་པ་དེ་ཆགས་སྡང་འཕེལ་བའི་རྒྱུ་དང་གཞན་ལ་ཟེར་སྤྱད་ཙམ་རེད་ཟེར་ནས། དེའི་ཐོག་ལ་ཚིག་འདྲ་མི་འདྲ་མང་པོ་བཤད་རྒྱུ་ཡོད་པ་དེ། ང་ཚོར་ད་རུང་དེའི་བག་ཆགས་ཤིག་བཞག་འདུག །འོན་ཀྱང་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱེད་རྒྱུ་གལ་ཆེན་པོ་རེད། གང་ཤེས་པ་དེ་སྒོམ། གང་མ་ཤེས་པ་དེ་ཐོས་བསམ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་བཏང༌། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ལ། ཐམས་ཅད་སྦྱང་དགོས་པ་རེད་དང༌། སྔོན་གྱི་གོ་རིམ་ཞིག་ཡོད་པ་རེད། མི་ཚེ་ཐུང་ཐུང་ཞིག་ལ་ཐམས་ཅད་ཤེས་མི་ཐུབ་ན་ཡང༌། བློ་ལྡོག་རྣམ་བཞི་ཡིན་ན་འདྲ། གང་སྒོམ་དགོས་ན་དེ་ལ་སློབ་སྦྱོང་དགོས་པ་རེད། ལས་འབྲས་ལ་ཡིད་ཆེས་ཡོད་པའི་སྟེང་ནས། ཟག་བཅས་ཉེར་ལེན་་གྱི་ཕུང་པོ་འདི་མི་རྟག་པ་ཡིན་པར་ཤེས། སྡུག་བསྔལ་བ་དེ་སྡུག་བསྔལ་བ་ཡིན་པར་ཤེས། དེའི་སྟེང་དུ་འཆི་བ་མི་རྟག་པ་དེ་རྒྱུད་ལ་སྐྱེས་སོང་བ་ཡིན་ན། ཆོས་མ་བསྒྲུབ་རང་བསྒྲུབ་ཡིན་པ་ཆགས་འདུག་ཡོད་པ་རེད། ལས་འབྲས་ལ་ཡིད་ཆེས་ཡོད། རྒྱུ་མི་དགེ་བ་བྱས་པ་ལས། འབྲས་བུ་སྡུག་བསྔལ་བ་འབྱུང༌། དགེ་བ་བྱས་པ་ལས་འབྲས་བུ་བདེ་བ་འབྱུང་གི་ཡོད་པ་རེད། སྡུག་བསྔལ་ནི་མི་འདོད། བདེ་བ་ནི་འདོད་པ་དེ་ཆགས་ཡོད་པ་རེད། ཡུན་རིང་པོ་ཞིག་ལ་བསྡད་དབང་མེད་པར་འཆི་བ་མི་རྟག་པ་ཡིན་པར་ཧ་གོ་འདུག་ཡོད་པ་རེད། དེ་འདྲ་ཞིག་ལ་བསམ་བློ་གཏོང་ཡོང་ན་ད་གཟོད་ང་ཚོས་ཆོས་མ་བསྒྲུབ་རང་བསྒྲུབ་ཡིན་པ་ཆགས་འདུག་ཡོད་པ་རེད། མདོར་ན་ང་ཚོས་ཐོས་བསམ་སྒོམ་གསུམ་གྱི་བསྟན་པ་བཤད་སྒྲུབ་གཉིས་པོ་འགལ་མེད་དུ་བཟུང་དགོས་པ་རེད།དེས་ན། ང་ཚོས་བཤད་སྒྲུབ་ཀྱི་བསྟན་པ་འཛིན་ཡོང་དུས། ཆོས་རྒྱུད་རང་རང་སོ་སོའི་དགོན་སྡེར་རང་གི་ཡིག་ཆ་མ་གཏོགས་གཞན་ཁྲིད་དགོས་དོན་མེད་པ་ལྟ་བུ་ཞིག་ཆགས་འདུག་ཡོད་པ་རེད། ཡིན་ན་ཡང༌། ཆོས་རྒྱུད་གཞན་པ་ཚོའི་སྐྱེས་བུ་དམ་པ་གོང་མ་ཚོའི་དཔེ་ཆ་ལ་དཔེ་ཀློག་བརྒྱབ་ནས་ལེགས་བཤད་ལེན་དགོས་པ་རེད། དེ་ནང་བཞིན། གང་ལ་གང་འཚམ་གྲྭ་ས་ཁག་ཏུ་ཡང་གྲྭ་སར་འགྲོ་དགོས་པ་རེད།དིང་སང་གྲྭ་རྐྱང་ཚོ་ཉམ་ཆུང་བ། ཁེ་དབང་མེད་པ། བཤད་དབང་མེད་པ། འགྲོ་དབང་འདུག་དབང་མེད་པ། ཐ་ན་དཔེ་ཆ་ཞིག་ལྟ་འདོད་ཀྱང་ལྟ་དབང་མེད་པ་ལྟ་བུའི་ཉམ་ཆུང་བ་ཞིག་ཆགས་འདུག། དེ་འདྲ་དག་གིས་དཔེ་ཆར་ལྟ་བའི་དུས་ཚོད་དེ་ཕལ་ཆེར་ལོ་བཅོ་ལྔ་ནས་ཉི་ཤུའི་ནང་བར་ཙམ་ལས་ཡོང་གི་ཡོད་པ་མ་རེད། དེ་འདྲའི་དུས་ཚོད་རྩ་ཆེན་པོ་ཞིག་ཁོར་ཡུག་ཆུང་ས་ཞིག་ལ་འདུག་བཞག་པ་ཡིན་ན་གྱོང་གུད་རེད། འཛམ་གླིང་གི་སློབ་གྲྭ་ཆེ་ཆུང་གང་ཡིན་ན། དང་པོ། སློབ་ཆུང་ལ་འགྲོ་དགོས་པ་དང༌། དེ་ནས་སློབ་འབྲིང༌། དེ་ནས་སློབ་ཆེན་དང་ཞིབ་འཇུག་སློབ་མར་འགྲོ་གི་ཡོད་པ་རེད། རབ་ན། ཕྱི་རྒྱལ་གྱི་སློབ་གྲྭ་ཆེ་ཁག་ཏུ་ཡང་སློབ་སྦྱོང་ལ་འགྲོ་གི་ཡོད་པ་དེ་ཚང་མར་མཁྱེན་གསལ་ལྟར་རེད། དེས་ན། རང་གི་འཁོར་གཡོག་ཙམ་གྱི་ཆེད་དང༌། རང་གི་བསམ་བློ་ཙམ་ལ་ཤེས་རྟོགས་བཅོལ་ནས། རང་ལ་ཚེ་འདི་ཕྱིའི་རེ་ལྟོས་ཆེ་བའི་སློབ་མ་ཚོའི་མི་ཚེ་འཕྲོ་བརླག་བཏང་བཞག་པས། ཧ་ཅང་དཀའ་ངལ་ལ་འཕྲད་ཀི་འདུག དེས་ན། རང་རང་སོ་སོའི་བསམ་བློ་བཏང་ནས། གྲྭ་ས་ཁག་ཏུ་མངག་ན་འགྲིག་གི་བསམ་གི་ཡོད། གྲྭ་ས་ནས་རང་དགོན་དུ་ཕེབས་པའི་སྐབས་སུ་རང་གི་ཡིག་ཆ་ལ་འཆད་རྩོད་རྩོམ་གསུམ་བྱས་ཏེ་འཛིན་དགོས་པ་རེད། ཐོས་བསམ་སྒོམ་གསུམ་གང་ཡིན་ན་ཐོག་མར་བླ་མ་ཚུལ་བཞིན་དུ་བསྟེན་རྒྱུ་གལ་ཆེན་པོ་རེད། བླ་མ་དགེ་བའི་བཤེས་གཉེན་གྱི་ཚད་དུ་ཡང་ཆོས་ཚིགས་སུ་བཅད་པ་གཅིག་ཙམ་ནས། བླ་མ་རྟག་ཏུ་མ་བཟུང་ན། ཁྱི་ཡི་སྐྱེ་བ་ལྔ་བརྒྱ་བླངས། དེ་ནས་སྨེ་ཤ་ཅན་ཏུ་འགྱུར་ཞེས་པ་ལྟར་རེད། ཆོས་ཚིགས་སུ་བཅད་པ་གཅིག་ཙམ་ཐོས་པ་ནས་བཟུང་བླ་མ་རྟག་ཏུ་བསྟེན་དགོས་པ་ལྟ་བུར་ཆགས་འདུག །རང་ལྟ་བུར་མཚོན་ན། ཧ་ཅང་གི་སློབ་མ་མང་པོ་ཡོན་ཏན་མེད་པར་ཆགས་སོང་བ་ཡིན་ན། སེམས་ཁྲལ་ཆེན་པོ་འདུག །ནམ་རྒྱུན་དད་པ་དང་མོས་པ་ཡོད་མཁན་གྱི་རང་ལ་རེ་ལྟོས་ཆེ་བའི་སློབ་མ་ཚོར་ཕན་ཐོག་པ་དང༌། ཆོས་དམ་ཚིག་གི་འབྲེལ་བ་གཙང་མ་ཞིག་ཡོང་ཆེད་དུ་སྨོན་ལམ་རྒྱག་གི་ཡོད། དགོན་སྡེ་ཚོས་རང་རང་སོ་སོའི་ཁོར་ཡུག་ན་བཤད་སྒྲུབ་ཀྱི་བསྟན་པ་བཟུང་དགོས་པ་རེད། ཆོས་རྗེ་ཚང་ལྟ་བུར་མཚོན་ན། སྤྱིར་ན་བཤད་སྒྲུབ་གཉིས་ཡོད་པ་རེད་དང༌། ད་ལོར་དམིགས་བསལ་གྱིས་ཞུ་རྒྱུ། ང་ཚོའི་ཁོར་ཡུག་ཏུ་ཆོས་རྗེ་དགོན་པའི་གྲྭ་བ་ཚོ་དཔེ་ཆ་ཡར་རྒྱས་སུ་ཧ་ཅང་འགྲོ་གི་འདུག །ཡིན་ན་ཡང༌། རང་གི་དགོན་པར་བཤད་གྲྭ་འཛུགས་རྒྱུ་དང༌། དེ་རུ་འཆད་རྩོད་རྩོམ་གསུམ་བྱས་ཏེ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་རེ་བ་རྒྱབ་ཀི་ཡོད། དེའི་ནང་ནས། ཤེས་རབ་བཟང་པོ་ཅན་དང༌། མི་བརྩོན་འགྲུས་ཅན་ཚོ་གྲྭ་སར་འགྲོ་ན་ཡོན་ཏན་རྒྱ་ཆེན་པོ་འཛོམས་ཐུབ་པ་རེད། དཔེར་ན། ན་ཆུ་ལྟ་བུའི་ཆུ་ཆུང་ངུ་ཞིག་ཏུ་ཉ་ཆེན་པོ་ཞིག་ཡོད་མི་ཐུབ་པ་དང༌། རྒྱ་མཚོ་དང་ཆུ་ཆེན་པོའི་ནང་དུ་ཉ་ཆེན་པོ་ཡོང་གི་ཡོད་པ་ནང་བཞིན་རེད། རང་དགོན་གཅིག་པུར་བསྡད་ནས་མཁས་པ་ཆེན་པོ་ཆགས་སོང་བའི་ལོ་རྒྱུས་མེད་པ་ལྟ་བུ་ཞིག་རེད། རང་དགོན་དུ་དགོན་པ་ཆེ་ཆུང་ཚང་མས་བཤད་སྒྲུབ་ཀྱི་སྡེ་འཛུགས་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་རང་དགོན་དུ་བཤད་གྲྭ་ཡོད་པ་ཙམ་གྱིས་གྲྭ་སར་འགྲོ་ཀ་མ་བཅུག་ན་མ་འོངས་པའི་རེ་བ་རྒྱབ་ས་དང༌། མ་འོངས་པའི་མདུན་ལམ་མེད་པ་ལྟ་བུ་ཞིག་ཆགས་ཨེ་འགྲོ་བསམ་པའི་ལྟ་ཚུལ་ཡོད། སྤྱིར་བཏང༌། གྲྭ་སར་མངག་ན་རང་དགོན་དུ་བཤད་གྲྭ་འཛིན་མི་ཐུབ་པའི་དཀའ་ངལ་ཡོང་གི་རེད་དང༌། ང་ཚོས། གསེར་ནག་གི་འཕེལ་ཁ་མི་ལྟ་བར། རམ་ནག་གི་འཕེལ་ཁ་ལྟ་སོང་བ་ཡིན་ན། ཅུང་འགྲིག་གི་མེད་པ་ཨེ་ཡིན་བསམ་ནས་ཅིག་ཞུས་པ་དེ་ཡིན། དེ་རིང་ཡིན་ན། ང་འདིར་ཡོང་པ་རེད། ད་ལོར། མཆོག་སྤྲུལ་འཇིགས་མེད་རྡོ་རྗེས། ཡོང་རྒྱུའི་རེ་བ་རྒྱབ་པ་ཡིན། སྔོན་མ་ང་རྒྱ་གར་ནས་མར་ཡོང་བའི་སྐབས་དེར། ཡར་ཐང་དང༌། མགོ་ལོག་ལུང་སྐྱ་ལ་ཚོགས་པའི་སྐབས་སུ་ཁོང་གིས་སློབ་མ་བཞི་བཅུ་ལྔ་བཅུ་བསྒྲིགས་ནས་དཔེ་ཆ་ལྟ་རུ་མངགས་ནས་རྒྱབ་སྐྱོར་བྱས་ཡོད་རེད། དེ་ནས་མདོ་སྔགས་སློབ་གླིང་དུ་ལོ་གཉིས་ལ་བསྡད་པའི་རིང་ལ་ཡང་རྒྱབ་སྐྱོར་བྱས་ཡོད་པ་རེད། ད་ལྟ་ཡང་རྒྱབ་སྐྱོར་བྱེད་དང་བྱེད་བཞིན་ཡོད་པ་རེད། ཁོང་གིས་ད་ལོར་འདི་རུ་ཡིན་གཅིག་མིན་གཉིས་ཡོང་དགོས་ཀི་འདུག །གནང་བ་རེ་ཞུས་ཡོད་གསུངས་ཀི །ང་ཚོ་ལ་ཐོག་མཐའ་བར་གསུམ་དུ་ཁོང་ཡིན་ན་རྒྱབ་སྐྱོར་རོགས་རམ་བྱེད་མཁན་དང༌། སྤྱི་ཡོང་གི་ཆ་ནས། རང་གིས། མཆོག་སྤྲུལ་འཇིགས་མེད་རྡོ་རྗེ་དང༌། ལྕམ་མདའ་མཁན་པོ་ཀུན་དགའ་ཤེས་རབ་གསལ་བྱེད། བླ་མ་དཀོན་གསལ་སོགས་ཀྱིས་མཚོན་པས། རྒད་པོ་ཚོའི་ངག་རྒྱུན་དུ། སྐྱེས་སྐྱེས་ཀི་མགོ་མ་མིན་རུང༌། ཤི་ཤི་གི་རྟིང་མ་ཟེར་བ་བཞིན། ང་ཚོ་ཇོ་ནང་ཚང་གི་དངོས་གནས་བརྩི་འཇོག་དང་གུས་བཀུར་དགོས་རྒྱུ་རེད། ཁ་ཞེ་གཉིས་ཀྱིས་བསམ་པ་ཡིན། དེ་རིང་ངས་ཉ་ཉོག་མང་པོ་ཞུས་པ་ཡིན། གནས་ལུགས་དང་མི་མཐུན་པ། རྒྱལ་བའི་བཀའ་དང་འགལ་བ་གང་ཞིག་ཞུས་ཡོད་ན། སྤྱིར་བཏང༌། དེ་རིང་གི་སྐད་ཆ་ཡིན་ན་འདྲ། ད་སྔར་བསྒྲུབས་ཟིན་པའི་བྱ་བ་གང་ཡིན་ན། གནས་ལུགས་དང་རྒྱལ་བའི་བཀའ་དང་མི་མཐུན་པ་ཡོད་ན། དགེ་འདུན་འདུས་ཚོགས་རིན་པོ་ཆེ་ལ་མཐོ་ལོ་བཤགས། བཟོད་པར་གསོལ་ཞུ་དང༌། གནས་ལུགས་དང་མཐུན་པ་རེ་ཡོད་ན། ཕ་རོལ་བོར་སྐད་ཆ་བཤད་ན་ཕོག་ཐུག་འགྲོ་ས་ཡོད་པ་རེད། འོན་ཀྱང༌། ཕོག་ཐུག་འགྲོ་དགོས་ས་ཞིག་ལ་འགྲོ་དགོས་པ་རེད། སྤྱིར་བཏང༌། མེ་འབུད་སར་ས་འཚིགས་དགོས་པ་ཞིག་ཆགས་ཡོད་པ་ནང་བཞིན་རེད། ཆོས་ཕྱོགས་ཀྱི་དབང་དུ་བྱས་ན། གདམས་ངག་མཚང་ཐོག་ཏུ་རྒོལ་བ་ཞིག་དང༌། འཇིག་རྟེན་གྱི་དབང་དུ། ཤ་ཚ་བའི་གཏམ་ལ་སྙན་པོ་མེད་ཟེར་བ་ཞིག་ཡོང་སྲིད་ཀྱི་རེད། དེ་ནས། རང་གིས་ཡིན་ན། མ་འོངས་པར་གནས་ལུགས་དང་རྒྱལ་བའི་བཀའ་དཔང་པོར་བཞག་ནས་རང་གི་ཚེ་ཇི་སྲིད་དུ་གནས་པ་དེ་སྲིད་དུ་བསྟན་འགྲོའི་དོན་རེ་བསྒྲུབ་རྒྱུ་དང༌། དེའི་དོན་དུ་རང་གི་ཚེ་སྲོག་གཏོང་དགོས་ཀྱང་བློ་འགྱོད་མེད་པའི་སྨོན་ལམ་རྒྱབ་ཀི་ཡོད། དེས་ན། སྐྱབས་གནས་འདུས་ཚོགས་རིན་པོ་ཆེས། དེ་དེ་བཞིན་དུ་འགྲུབ་པའི་ཐུགས་སྨོན་སྐྱབས་འཇུག་ཞུ་ཞུ་ལགས། བདག་ནི་ཚེ་རབས་ཐམས་ཅད་དུ། །བསྟན་པ་གསལ་བར་བྱེད་པར་ཤོག །བསྟན་པ་གསལ་བར་མ་ནུས་ན། །བསྟན་པའི་ཁུར་ཆེན་ཁུར་བར་ཤོག །ཁུར་ཆེན་ཁུར་བར་མ་ནུས་ན། །བསྟན་པ་སེམས་ཁྲལ་བྱེད་པ་དང༌། །བསྟན་པ་ཉམས་ཀྱི་དོགས་པ་ཡིས། །བྱ་ར་ཙམ་ཡང་བྱེད་པར་ཤོག །ཇོ་ནང་ཡང་དར་བསྟན་པའི་སྲོལ་འབྱེད་དགེ་བའི་བཤེས་གཉེན་ཆེན་མོ་ངག་དབང་དངོས་གྲུབ་དཔལ་གྱི་གསུང་ཚན་ཞིག་ལ་ཉན་རྗེས་ཁོང་གི་སློབ་བུར་གཏོགས་པ།ཝ་ཤུལ་བསོད་ནམས་རྒྱས་པས་ནུབ་བྱང་མི་རིགས་སློབ་གླིང་ནས་ཡི་གེར་ཕབ།

རང་དབང་གི་ཁོར་ཡུག་བསྐྲུན་དགོས།

རང་དབང་གི་ཁོར་ཡུག་བསྐྲུན་དགོས།

བྱ་བ་གང་ཞིག་ལ་བརྩོན་ན་སྤོབས་པ་དང་ལྷག་བསམ། དྲང་བདེན་དང་གནས་ལུགས་གཙིགས་སུ་བཟུང་སྟེ་རྣམ་དཔྱོད་ལ་བརྟེན་ནས་བསྒྲུབ་དགོས། འཛེམ་དོགས་ཀྱི་འཆང་རྒྱའི་སྦུབས་སུ་གནས་ན་གཞན་གྱིས་བཟང་ངན་ཇི་ལྟར་གླེང་ཡང་དོན་ལ་བྱ་བ་གང་ཡང་སྒྲུབ་མི་ནུས་པ་མ་ནིང་དང་མཚུངས་སོ། །གལ་ཏེ་བྱ་བ་ཁྱད་འཕགས་སམ་གཟི་བརྗིད་ཅན་ཞིག་བྱུང་ན་ཕྲག་དོག་ཅན་གྱིས་མིག་ནང་གི་ཚེར་མ་གྱུར་སྲིད་མོད། དེ་གཞན་སྐྱོན་དུ་ངེས་པ་མ་ཟད་དེ་གཞན་གྱི་ཉོན་མོངས་ཕྲག་དོག་མ་ལྡོག་བར་དུ་སངས་རྒྱས་ཀྱིས་ཀྱང་བྱ་ཐབས་མེད། དེས་ན་རང་ངོས་ནས་སེམས་གཙང་བས་གཞན་ཕན་གྱི་བྱ་བ་བསྒྲུབ་དགོས་པ་གལ་ཆེ། ལྷག་པར་དུ་རྗེས་ལུས་ཀྱི་ཁོར་ཡུག་ཡར་རྒྱས་འགྲོ་བ་ལ། སྲོལ་རྒྱུན་ངན་པ་དག་དོར་དགོས་ན་དཀའ་ངལ་དང་ཉོག་གྲ་སྣ་མང་ཡོད་ཀྱང་ལྷག་བསམ་རྣམ་དག་གིས་བསམ་ཕོད་པ། བཤད་ཕོད་པ། སྒྲུབ་ཕོད་པ་བྱས་ནས་མདུན་བསྐྱོད་དགོས། དེ་ལྟར་མ་བྱས་ན་སྒེར་གཅོད་མཁྲེགས་འཛིན། རང་འདོད་ཁོ་ནའི་ཁོར་ཡུག་ལས་དུས་ནམ་ཡང་བརྒལ་བའི་ཡར་རྒྱས་མེད། བཟང་ངན་གང་ཡང་མེད་པར་ཤི་ཐུབ་པ་རྩྭ་ཟན་གྱིས་འགྲུབ་ཐུབ་པ་རེད། དེས་ན་གཞན་གྱིས་ཚོད་འཛིན་གྱིས་དབང་དུ་མི་འགྲོ་བར་ཁྲིམས་མཐུན་གྱི་ཁེ་དབང༌། རང་དབང་གི་བདེ་སྐྱིད། རང་དབང་གི་འཚོ་བ། རང་དབང་གི་ཁོར་ཡུག་བསྐྲུན་དགོས། ལས་འབྲས་ལ་ཡིད་ཆེས་དང་ལྷག་བསམ་ཅན་ལ་ཤེས་ཡོན་གྱི་རྒྱབ་ལྗོངས་ཅན་མང་དུ་འཚར་ལོངས་བྱུང་ན་ཡར་རྒྱས་ཡོད་དོ། །ངལ་གསོ་ལ་དངོས་གྲུབ་དཔལ་གྱིས།

ལན་མ་བཏབ་པའི་གསལ་བཤད།

ལན་མ་བཏབ་པའི་གསལ་བཤད།

ཁ་སང་མང་པོ་ཞིག་གིས་འཕྲིན་སྟེགས་ཤིག་ཏུ་སྤེལ་བའི་རྩོམ་ཞིག་བསྟུད་མར་ཐེངས་གང་མང་ལ་བསྐུར་བྱུང་བས། སྐྱེ་དགུ་ཁུལ་ནས་ཉལ་ཁར་འགོ་ནས་ཡིག་ཕྲེང་ཁ་ཤས་ལ་བལྟས། དེའི་རྗེས་འོག་མ་རྣམས་ལ་མཚམས་མཚམས་སུ་རགས་ཙམ་ཞིག་བལྟས་པ་ཡིན། ཉེ་ཆར་ཁོ་བོས་ཀུན་མཁྱེན་ཀློང་ཆེན་དང་འཇུ་མི་ཕམ་གཉིས་ཀྱི་དགོངས་པའི་སྐོར་ནས་ཚིག་ཁ་ཤས་བྲིས་པ་ཡིན་ལ། དེར་མུ་ར་ཀུན་བཟང་ཞེས་འབོད་པ་ཁོས་རིགས་ལམ་གྱི་འགྲོས་མེད་ཅིང་རང་ཚིག་ནང་འགལ་ཁོ་ནས་སྙིང་པོ་མེད་པའི་དགག་པ་བརྗོད་ཁུལ་གྱིས་ལྐོག་ལབ་ཀྱི་རྩོམ་ཡིག་ཅིག་བྲིས་འདུག རིགས་ལམ་རྣམ་དག་གིས་ལན་འདོན་འོས་ཤིག་ཡིན་ན་ནི་གླེང་བར་སྤྲོ་མོད། ངེད་རང་གཉིས་སྔོན་ནས་དངོས་སུ་ཐེངས་གསུམ་ཙམ་ཅུང་ཟད་བགྲོ་མྱོང་བས། ཇ་ཕོར་གང་རིན་པའི་བློ་སྐྱེད་མེད་པར་མ་ཟད་སྐར་ཆ་ཁ་ཤས་ནང་ཁ་སླ་བ་མངོན་སུམ་གྱིས་གྲུབ་ཟིན། ད་སྐབས་ཁོས་ཚོན་རྩིའི་མར་མེ་ཞིག་བཟུང་ནས་འོད་སྟོང་བདག་པོ་ལ་གསལ་བྱེད་དུ་ཕུལ་བ་ཧེ་ཧེ། རིགས་པ་དྲི་མ་མེད་པ་གོ་བའི་སྙན་གྱི་དབང་བོ་མི་གསལ་བ་གླེང་སློང་བའི་སྐབས་ཙམ་ནས་རྟོགས་ཚར་ཞིང༌། ད་རེབ་ཡང་ཅུང་ཟད་བལྟས་ཀྱང་ལུང་དྲངས་པ་དག་ནི་བདག་གིས་བཤད་པའི་རྒྱབ་རྟེན་ཁོ་ན་བཀོད་པ་ལྟ་བུ་ལས་གཞན་ཅི་ཡང་མ་གོ། བདག་གིས་ཞིབ་ཆ་བྱས་པ་གཅིག་ཀྱང་གོ་མི་འདུག་པས་ཕྱོགས་སྔའི་འདོད་པ་གཏན་མ་གོ་བར་འདུག ཁོས་ཉིན་མང་པོར་འབད་པའི་རིགས་པ་ནི། ཀློང་འཇུ་རྣམ་གཉིས་ཞེས་བརྗོད་ན་འཇུ་ཞེས་པ་མི་ཕམ་གྱི་མིང་མ་ཡིན་པས་མི་ཕམ་ལ་མི་གོ་བས་མི་རིགས་ཟེར་བ་ལ། ཀ་བུམ་གཉིས་ཞེས་བརྗོད་པས་ཀ་བ་ལ་གོ་མི་ནུས་པར་ཐལ། ཁྱེད་ཀྱི་རྟགས་རྒན་དེའི་ཕྱིར་རམ་ཀ་ཞེས་པ་ཀ་བའི་མིང་མ་ཡིན་པའི་ཕྱིར། འཁོར་གསུམ། ཧེ་ཧེ། གཞན་ཡང་སོ་ཟུར་གནུབས་གསུམ་དང༌། བུ་དོལ་སོགས་སྤྲོ་བ་གྲངས་ལས་འདས་ཀྱང༌། དེ་ཙམ་ཁ་དོག་དཀར་དམར་རྩོད་པའི་བྱིས་པ་ཡན་གྱིས་ཤེས་ནུས། ལྷག་ཏུ་རྨོངས་པས་བལྟས་ཚོད་དུ་གྲུབ་མཐའི་ཞེན་ཕྱོགས་རྩོད་པ་འདྲ་བ་ལ། མང་པོ་ཞིག་ཆོས་བརྒྱུད་ཀྱི་ཆགས་སྡང་གི་ལག་ཆ་ངན་པར་འགྱུར་དོགས་པས་ལན་འདོན་འདོད་མེད། ལན་འདོན་དགོས་ཀྱི་རིན་ཐང་ཡང་ཅི་ཡང་ཡོད་པར་མ་གོ། སྔ་འགྱུར་གྱི་མདོ་སྔགས་མན་ངག་རྒྱ་མཚོ་ལྟ་བུའི་མངའ་བདག་རིགས་པ་དྲི་མ་མེད་པ་སྨྲ་བའི་སྐྱེས་བུ་དམ་པ་རེའི་བློ་སྐྱེད་དང་གསལ་ཁ་རེ་གནང་ན་དད་གུས་དང་བཅས་རེ་བ་ལས། གདན་ས་ཆེན་པོ་དང་དཔལ་ནཱ་ལེནྜའི་རིགས་པ་གསེར་སྦྱངས་བཙོ་མ་ལྟ་བུ་དེ། རིགས་པ་མི་ཤེས་པ་ཞིག་གིས་སྐད་གཟེངས་མཐོ་བ་ཁོ་ནས་རིགས་ལམ་པར་བརྩི་བ་ཞིག་ལ་ཕུལ་ཡང་གོ་བརྡ་འཕྲོད་པའི་རེ་བ་གཏན་ནས་མེད། རིགས་ལམ་རྒྱ་མཚོ་ལྟ་བུ་ལས་འོངས་པའི་ལེགས་བཤད་དེ་རྫ་བུམ་ཞིག་ཏུ་ག་ལ་ཤོང༌། ངོ་མ་བཤད་ན་ངས་སྔོན་དུ་གསལ་བར་བཤད་ཟིན་པ་ལས་ལན་གསར་བ་གདབ་དགོས་པའི་ཚིག་གཅིག་ཙམ་ཡང་མ་མཐོང༌། གསལ་བཤད་སྒུག་ཡོད་པ་དག་ལ་གསལ་བཤད་ཙམ་ཡིན། བདག་གིས་ཀུན་མཁྱེན་ཀློང་འཇུ་རྣམ་གཉིས་ཀྱི་དགོངས་པ་ཅུང་ཟད་བཤད་པ་སྔ་འགྱུར་གྱི་གཞུང་ལ་རྒྱུས་མངའ་མེད་ཀྱང་ཡོད་པ་སྐད་དུ་འདོན་པ་ཚོས་བླུན་པོ་རྣམས་ཁ་སྟབས་ཀྱིས་བསྒྱུར་བ་མཐོང་ནས་བརྩེ་བས་ཡིད་སེམས་བསྐྱོད་པའོ། །བདག་ནི་ནང་པ་སངས་རྒྱས་པ་ཡིན་པས་ལས་འབྲས་དང་མཆོག་གསུམ་མཐའ་གཅིག་ཏུ་ཁས་ལེན་མཁན་དེ་ཡིན་ནོ། །ཁོས་ཐོག་མར་གླེང་སློང་གི་འགོ་བཟུང་ཚེ་ཆོས་ཀྱི་གནས་ཚུལ་འདི་ཡིན་ཞེས་སྨྲ་རྒྱུ་གང་ཡང་མེད་པར་ཡིད་བརྟན་མེད་པའི་རྐང་མང་བཙུགས་ནས་ངེས་བཟུང་གང་ཡང་མེད་པར་འགྲོ་བཞིན་འདུག ཁོས་ཀུན་རྫོབ་དང་ལས་འབྲས་མེད་པར་སྨྲ་བའི་ཁས་ལེན་རིལ་གྱིས་བཏང་ནས་ཁས་ལེན་ཡོད་མེད་སོགས་རྐང་བ་གསུམ་ཙམ་བཙུགས་ནས་སྨྲས་འདུག ལས་འབྲས་མེད་པར་སྨྲ་བའི་ཁས་ལེན་བཏང་ཟིན་པས་བདག་གིས་བཤད་པའི་དགོས་པ་གཅིག་གྲུབ་ཟིན་ཏོ། །ད་སྔར་ལས་འབྲས་མེད་པར་བཤད་མ་མྱོང་ཞེས་མངོན་སུམ་དུ་སྨྱོན་པ་ལས་མེད་དོ། །ཇོ་ནང་གཞུང་ལུགས་ལ་རྒྱུས་མངའ་གཏན་ནས་མེད་པར་འཁོར་ལོ་བར་བའི་དགོངས་པ་མེད་དགག་འདོད་པར་བཤད་པ་ནོར་ཏེ། ཇོ་ནང་བ་ཆེན་པོའི་བཀའ་བསྡུ་བཞི་བ་ལས། ཆོས་འཁོར་གཉིས་པའི་དོན་ཡང་དེ་བཞིན་ཉིད། །ཡོན་ཏན་དཔག་ཡས་ཚང་བ་ཡིན་པའི་ཕྱིར། །མེད་དགག་མ་ཡིན་དེ་ཕྱིར་རང་སྟོང་དང། །ཅང་མེད་སྟོང་པ་ཆད་པའི་སྟོང་པ་མིན། །རྣམ་ཀུན་མཆོག་ལྡན་སྟོང་གཞི་ཡིན་ཕྱིར་དང། །འགྱུར་མེད་མཆོག་གི་བདེ་ཆེན་ཡིན་ཕྱིར་དང། །ཞེས་སོགས་གསུངས་པས་སོ། །ནོར་བ་འདི་ནི་ཇོ་ནང་ཀུན་མཁྱེན་ཆེན་པོའི་འདོད་པ་མི་ཤེས་པ་མང་པོས་ལོག་པར་བཤད་པས་གསལ་བཤད་ཕུལ་བ་ཙམ་ཡིན། ཨུ་ཚུགས་ཀྱི་རིགས་འདི་ལྟ་བུ་ལ་གཞན་གྱིས་ལན་མ་གནང་ན་ལེགས། རང་བཞིན་བརྗོད་པ་འདི་ཐུགས་ལ་མི་འགྲོ་བ་ཡོད་ན་དགོངས་དག་ཞུ། བདག་གི་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་མདུན་ནས་སྙིང་ཐིག་ཡ་བཞིའི་དབང་སོགས་ཞུ་སྐབས་ཁོང་ཡང་ཨེ་ཡོད་སྙམ། གང་ལྟར་བླ་མ་གཅིག་པའི་རྡོ་རྗེ་སྤུན་གྲོགས་ཡིན་པས་ཐུགས་ལ་མི་གནོད་པར་ཞུ། ཞེས་སྔ་འགྱུར་བའི་བསྟན་ལ་རིང་ནས་འདྲིས་ཤིང་དད་པ་ཐོབ་པའི་ངག་དབང་དངོས་གྲུབ་དཔལ་གྱིས་སྐྱེ་དགུ་ནས་ཟི་ལིང་གི་བར་གྱི་མཁའ་ལམ་ནས་རིགས་ལམ་མི་ཤེས་པས་ཆོས་ལ་དབང་ཟ་བ་ལ་གྲོང་བའི་གོ་བ་ནག་རྡིབ་མའི་ཚུལ་གྱིས་གསལ་བཤད་འདི་བྲིས་པའོ། །

མི་གཞིའི་སློབ་གསོ།

མི་གཞིའི་སློབ་གསོ།

༡ མི་གཞི་བརྟན་པ། གྲོགས་པོ་བར་བརྟན་པ། བྱ་བ་བརྟན་པ། ཁ་ཕྱོགས་བརྟན་པ། རང་ཚུགས་དགོས། ༼མི་ཆོས་གཙང་མ་བཅུ་དྲུག་ལས། ཉེ་འདུ་མཛའ་བཤེས་ལ་གཞུང་རིང་བ༽༼ངན་པའི་གྲོས་ལ་མི་ཉན་པར་རང་ཚུགས་འཛིན་པ།༽བློ་ཁོག་ཡངས་པ་དགོས་པ་ལས་ཡོན་ཏན་ཡོད་ན་གཞན་གྱིས་སྐྱོན་བརྗོད་འོང་བ་རེད། དོན་ཆུང་ལ་ཁོང་ཁྲོ་མི་བྱེད་པ། ཐག་གཅོད་སྔ་མི་ཉན་པའོ། །༢ དྲང་བདེན། ལས་འབྲས། འདྲ་མཉམ། གཞུང་དྲང་བ། ཚོད་ཟིན་པ། ༣ ཀུན་སྤྱོད། ཡ་རབ་སྤྱོད་བཟང༌། ཤེས་ཡོན་ལ་དགའ་བ། རྒན་གཞོན་བརྩི་བཀུར། འདིའི་བྱེ་བྲག་ཡོན་ཏན་ཅན་ལ་གདེང་འཇོག་གམ་ཆེ་མཐོང༌། ༼མི་ཆོས་ལས། རིགས་མཐོ་བ་དང་རྒན་པ་བརྩི་བཀུར༽ཁྱིམ་པ་སུན་འབྱིན་མི་བྱེད་པ། ཚུལ་ཁྲིམས་སྲུང་བ། འདོད་རྔམས་ཆུང་བ། རྫུན་དང་ཕྲ་མ་མི་བྱེད་པ། གྲོན་ཆུང༌། ༼ཟས་ནོར་ལ་ཚོད་ཟིན་པ༽༼ཀུན་ལ་ཕྲག་དོག་ཆུང་བ། ༽བསྟན་འགྲོ་ལ་གནོད་པའི་ལས་མི་བྱེད་པ། གཤིས་ཀ་རྩུབ་མོ་མི་བྱེད་པར་ཚིག་འཇམ་པོ་ངང་ཞེ་ས་དང་བཅས་དགོས། ༤ ལྷག་བསམ། རང་འདོད་མི་ཆེ་བར་གཞན་གྱི་བྱ་བའམ་དགེ་ལས་ལ་བརྩོན་པ། ༼མི་ཆོས་ལས། ཡུལ་མི་ཁྱིམ་མཚེས་ལ་ཕན་ཐོག་ལ་བརྩོན་པ༽གཞན་ལ་ཕར་གནོད་བྱས་ན་ཚུར་ཡང་གནོད་པ་བྱེད་པ་རེད། ༥ དྲིན་ཤེས། ༼སྔར་གྱི་དྲིན་ཅན་གྱི་མི་རྩད་གཅོད་པ༽ལོག་སྒྲུབ་མི་བྱེད་པ་གལ་ཆེའོ། །དངོས་གྲུབ་དཔལ་གྱིས།

གངས་ལྗོངས་རིས་མེད་རྒྱལ་བསྟན་མཐོ་རིམ་བགྲོ་གླེང་གི་སྲོལ་ཡིག

གངས་ལྗོངས་རིས་མེད་རྒྱལ་བསྟན་མཐོ་རིམ་བགྲོ་གླེང་གི་སྲོལ་ཡིག

༡ ཚོགས་གཙོ་རྒན་པ་ནི། ཚོགས་པ་དེར་དངོས་ཞུགས་ཀྱི་དགོན་སྡེ་རེ་རེས་འདེམས་ཐག་གཅོད་རྒྱུ་ཡིན། དུས་ཡུན་ལོ་གཅིག་ཡིན། ཚོགས་གཙོ་ཐེངས་གཅིག་ལས་བསྐྱར་འདེམས་གནས་སྐབས་ལོ་གཉིས་ཙམ་གྱི་རྗེས་སླར་འདེམས་ན་ཆོག ཐེངས་གཉིས་ལས་དེ་ཕན་ཆད་ཚོགས་གཙོ་འགན་ཁུར་མི་ཆོག ༢ཚོགས་གཙོ་གཞོན་པ་ནི་དེ་བཞིན་འདེམ་རྒྱུ་ཡིན། རྗེས་སོར་ཚོགས་གཙོ་གཞོན་པ་ཚོགས་གཙོ་རྒན་པ་ལ་སྟབས་མི་བདེ་བས་དགོངས་གནང་ཞུས་ན་མ་གཏོགས་འཇོག་རྒྱུ་ཡིན། གལ་ཏེ་ཚོགས་གཙོ་གཞོན་པ་ཚོགས་གཙོ་འདུག་མ་ཐུབ་ན་སླར་འདེམས་སྐོས་བྱ་རྒྱུ། ཚོགས་གཙོ་མཁན་པོ་དང་རྡོ་རྗེ་སློབ་དཔོན་དང་དགོན་བདག་སོགས་སྤེལ་ནས་རིམ་བཞིན་འདེམས་ཐོན་བྱུང་ན་ལེགས། དེ་ལྟར་ངེས་པར་མི་དགོས། ༣ རྒྱུན་ལས་མི་གསུམ་འདེམས་དགོས། ༤ ལོ་རེ་ལ་བགྲོ་གླེང་ཉིན་གཉིས་ལ་ཚོགས་རྒྱུ་ཡིན། ཉིན་རེ་སྔ་དགུང་ལ་ཆུ་ཚོད་བརྒྱད་དང་ཕྱེད། དེ་ཡང་སྔ་དགུང་སོ་སོ་ལ་ཆུ་ཚོད་བཞི་དང་སྐར་བཅོ་ལྔ་ལས་སྐར་བཅོ་ལྔ་བར་གསེང་ཡིན་ལགས། དམ་བཅའ་རེ་ལ་ཡུན་ཚད་སྐར་ཉེར་ལྔ། ཐོག་མའི་གསལ་བཤད་སྐར་བརྒྱད། དྲི་བ་དང་ལན་སྐར་བཅུ་བདུན་ཡིན། དྲིས་པ་ལ་ལན་འདེབས་ལས་གཡོ་སྒྱུས་མ་དྲིས་པ་ལ་ཆུ་ཚོད་འགྲོ་ཐབས་མི་བྱེད་པ་དང༌། གལ་ཏེ་བྱེད་ན་སྟངས་འཛིན་ཚོགས་གཙོ་རྒན་གཞོན་གྱིས་གནང་དགོས། དྲི་བ་འདྲི་མཁན་ནས་དང་པོ་དྲི་བ་ཁ་གསལ་ཉུང་ཉུང་དྲིས་ནས་ལན་མ་འགྲིག་པ་ཡོད་ན་སླར་ལུང་རིགས་ཀྱིས་གནོད་བྱེད་ཡོད་ན་མདོར་བསྡུས་ཞུས་ན་ཆོག་མོད་སྐར་བཞི་ཙམ་ནས་རྫོགས་དགོས། ཉིན་རེ་ལ་དམ་བཅའ་བ་བཅོ་བརྒྱད་ཡོད། རྒྱུན་ལས་རྣམ་པས་དྲི་ཤོག་གནང་ནས་དམ་བཅའ་བཞུགས་མི་རྣམས་ཀྱིས་ལན་ཤོག་དངོས་གསུམ་ནས་ལྔ་བར་ཡིན། རང་གི་ཁས་ལེན་འཛིན་མཚམས་གསལ་བར་བཀོད་པ་མ་ཟད་ཁུངས་ཐུབ་ཀྱི་ལུང་དགོད་དགོས། དྲི་ཤོག་སོགས་རྒྱུན་ལས་བས་གནང་དགོས། དམ་བཅའ་བཞུགས་ཐེངས་གཅིག་ལ་མི་གཅིག་གིས་དྲི་གཞི་གཅིག་ལས་ཡང་ཡང་དྲི་བ་གནང་མི་ཆོག ༥ ཚོགས་མི་མཁན་པོ་དང་དགེ་བཤེས། གྲངས་སུམ་ཅུ་ནས་ལྔ་བཅུ་བར་ཡིན། དེ་ཡང་བཀའ་པོད་ལྔ་ཆ་ཚང་སྦྱང་ཟིན་པ་ལ་དགོས། ༦ དམིགས་བསལ་གདན་ཞུའི་སྐུ་མགྲོན་བོད་སྤྱིའམ་ཆོས་བརྒྱུད་སྤྱི་ལ་མཁས་པའི་གྲགས་པ་ཡོད་པ་གཅིག་ནས་གསུམ་བར་ཅི་རིགས་ཡིན། ༧ ཚོགས་གནས་ཀྱི་དགོན་པའི་གྲྭ་བ་ཟུར་ཞུགས་གང་མང་བྱས་ན་འགྲིག ༨ སྦྱིན་བདག་ཡོད་ན་བཞུགས་ཁང་དང་ཟ་མ་བཀོད་བསྒྲིག་དགོས། ༩ བགྲོ་གླེང་ལོ་རེ་རེ་ལ་རེས་མོས་བྱས་ཏེ་དབུ་མའི་གཞུང་གཙོ་བོར་བྱས་ནས་བཀའ་པོད་ལྔ་དང་བསྔགས་བཅས་ལས་དྲི་བ་གནང་རྒྱུ་ཡིན། ༡༠ དྲི་ལན་གང་གི་སྐབས་ཡིན་ན་འཇོག་བརྡ་གཏོང་ཚེ་མཚམས་འཇོག་དགོས། ༡༡ ཚོགས་གཙོ་ཁུར་ཟིན་པ་རྣམས་མ་འོངས་འཛུམ་སྟོན་ཚོགས་པའི་ནང་དུ་འཇོག་རྒྱུ་ཡིན་ལགས། ལོ་དང་པོ་ལས་གཞན་པའི་སྐབས་སུ་ཚོགས་གཙོ་འདེམ་རྒྱུ་བློ་འདྲི་སང་དང་ཚོགས་གཙོ་སོགས་ཀྱི་འགན་བཞེས་འདེམ་རྒྱུ་ཡིན། བློ་འདྲི་ལྷན་ཚོགས་ཀྱི་ཚོགས་གཙོ་ལོ་ལྔ་ནས་འདེམས་སྐོ་དགོས། རྒྱུན་ལས་བ་དམིགས་སེལ་གྱི་དགོངས་གནང་ཞུ་མཁན་མ་གཏོགས་ལོ་གསུམ་ནས་རྗེས་ན་ཆོག སྐབས་གཉིས་ལས་ལྷག་བཞུགས་མི་ཆོག ༡༢ ཚོགས་གནས་དགོན་པ་སུ་ལ་ཚོགས་འདོད་ཡོད་པ་དག་ཡིན། ༡༣ དགོན་པ་རེའི་དམ་བཅའ་གཉིས་ཡིན། དམ་བཅའ་ལ་བཞུགས་མི་མེད་ཚེ་གསུམ་ཙམ་འདུག་ན་ཆོག ༡༤ ཆོས་ལུགས་རིས་མེད་ཀྱི་དགོན་སྡེ་སུ་ཡིན་ན་ཚོགས་པ་འདིའི་ནང་རྒྱུན་ཞུགས་བྱེད་ན་ཐོབ་ཐང་འདྲ་མཉམ་ཡིན། དེ་བཞིན་དུ་སྒེར་ངོས་ནས་མཁན་པོ་དང་དགེ་བཤེས་སུ་རྒྱུན་ཞུགས་བྱེད་ན་ཐོབ་ཐང་འདྲ་མཉམ་ཡིན། ཟུར་མཆན། དྲི་བའི་སྐབས་སུ་དེ་ཡིན་ནམ་ཞེ་ན་ཡིན་ཟེར་བའམ་མ་ཡིན་ཞེས་པའི་ལན་ཙམ་གྱིས་ཆོག རྒྱུ་མཚན་དགོད་ཟེར་ན་རྒྱུ་མཚན་ཙམ་འགོད་རོགས། གོ་རྒྱུ་གང་ཡིན་ཟེར་ན་གོ་བ་ཁ་གསལ་ཉུང་བསྡུས་གནང་རྒྱུ་དང༌། ཁུངས་ལུང་ཨེ་ཡོད་ཟེར་ན་འཐད་གར་ཡོད་མེད་གང་ཡིན་མདོར་བསྡུས་གསུང་བ་དགོས། ཚོགས་གཙོ་རྒན་གཞོན་དང་རྒྱུན་ལས་བ་རྣམས་ལ་ཁྲི་རྒྱབ་པ་སོགས་མི་དགོས་པར་མཐོ་དམན་གཅིག་མཚུངས་ཡིན། འོན་ཀྱང་གྲ་མགོའམ་གྲ་དཀྱིལ་ན་བཞུགས་ས་བཀོད་བསྒྲིག་བྱས་ན་ལེགས། ཚོགས་གཙོའི་ལས་འགན་སྲོལ་ཡིག་འདི་དང་མཐུན་པར་དངོས་གཞི་བཀོད་བསྒྲིག་བྱེད་རྒྱུ་ཡིན། མ་འོངས་འཛིན་སྐྱོང་ཚོགས་པས་འདེམས་སྐོས་རིམ་པ་དང༌། བགྲོ་གླེང་གི་རིམ་པ་སྲོལ་ཡིག་ལྟར་ཡོང་གི་མེད་ན་སྲོལ་ཡིག་ལྟར་མཐུན་པར་བྱེད་དགོས་པར་འབོད་བསྐུལ་ཞུ་དགོས། ཚོགས་གཙོ་ཟུར་བ་རྣམས་བགྲོ་གླེང་འདིར་ཕེབས་གང་ཐུབ་བྱས་ན་ལེགས། ཇོ་ནང་གཅིག་པུ་མ་ཡིན་པར་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་སུ་ཞུགས་ན་ཆོག་པ་རེད། ཚོགས་པ་འདིར་གདན་འདྲེན་ཞུ་བ་ལ་བཀའ་པོད་ལྔ་འཛིན་གྲྭ་རིམ་བགྲོད་སོང་ཟིན་པའི་མཁན་པོའམ་དགེ་བཤེས་ཀྱི་མཚན་རྟགས་བཞེས་པ་དགོས། དགེ་བའི་བཤེས་གཉེན་དང་དགོན་སྡེ་དང་འགལ་བ་མ་སོང་བ་དང༌། ནང་ཆོས་སྤྱི་དང་བྱེ་བྲག་ཆོས་བརྒྱུད་སོ་སོ་ལ་ལོག་ལྟ་བྱེད་ནས་ངན་སྨྲ་མཁན་མ་ཡིན་པ་དགོས། སྐབས་བསྟུན་ནས་དམིགས་བསལ་ཡོད་ལགས། ཐེངས་དང་པོའི་ཚོགས་གཙོ་མཁན་དངོས་གྲུབ་དཔལ། མ་འོངས་འཛུབ་སྟོན་ཚོགས་པའི་གཙོ་འགན་ཞོར་ཁུར་ཡིན། ཚོགས་གཙོ་གཞོན་པ་སྤྲུལ་འཇམ་དབྱངས་སྦྱིན་པ། རྒྱུན་ལས་རྒྱལ་རོང་བ་ནས་མཁན་རབ་གསལ། རྒྱུན་ལས་བ་སྡེ་དགེ་ཀུན་དགའ་བློ་གྲོས། རྒྱུན་ལས་བ་རྔ་བ་ནས་མཁན་ཚུལ་ཁོ། རྒྱུན་ལས་བ་མི་ལྔ་ཡིན། དྲུང་ཡིག་པ་ཚུལ་ཁོ་ཡིན་ལགས། འདེམས་སྐོས་དགོན་པ་བཞི་བཅུ་ཞེ་གཅིག་གི་མི་སྣ་ཞེ་གཅིག་གིས་འདེམས་པ་ཡིན་ལགས་སོ། །དངོས་གྲུབ་དཔལ་གྱིས།

རྗེས་ལུས་ཀྱི་དགོན་སྡེ།

རྗེས་ལུས་ཀྱི་དགོན་སྡེ།

མི་དགའ་བ་གསུམ། སློབ་གཉེར་ལ་མི་དགའ་བ། ཡོན་ཏན་ཅན་ལ་མི་དགའ་བ། འདུལ་ཁྲིམས་ལ་མི་དགའ་བ། དགའ་བ་གསུམ། ཡོན་ཏན་མེད་པ་ལ་དགའ་བ། དངུལ་ལོ་ཁོ་ན་ལ་དགའ་བ། རྗེས་ལུས་ལ་དགའ་བ། ངོ་མི་ཤེས་པ་གསུམ། དགོན་སྡེ་འཛུགས་པ་བཤད་སྒྲུབ་ཀྱི་ཆེད་ཡིན་པ་མི་ཤེས་པ། སློབ་གཉེར་བསྟན་འགྲོའི་དོན་ཡིན་པར་མི་ཤེས་པ། དགོན་སྡེའི་ཁྲིམས་བསླབ་གསུམ་གྱི་གྲོགས་སུ་འགྱུར་དགོས་པ་མི་ཤེས་པ། རྒྱབ་སྐྱོར་མེད་པ་གསུམ། ཁོར་ཡུག་གཅིག་ལ་འདྲ་མཉམ་གྱི་རྒྱབ་སྐྱོར་མེད་པ། བཤད་གྲྭ་འདུག་མཁན་ལ་རྒྱབ་སྐྱོར་མེད་པ། བསྟན་པ་དངོས་གནས་ལ་རྒྱབ་སྐྱོར་མེད་པ། རྒྱབ་སྐྱོར་ཡོད་པ་གསུམ། རྩེད་མོ་རྩེ་བ་ལ་རྒྱབ་སྐྱོར་ཡོད། གྲོང་ཆོག་གི་སྐོར་ལ་རྒྱབ་སྐྱོར་ཡོད། སློབ་གཉེར་ཐེར་གཏོག་ལ་རྒྱབ་སྐྱོར་ཡོད། དགེ་འདུན་གྱི་བྱ་བ་མ་ཡིན་པ་དང༌། འདུལ་ཁྲིམས་མ་ཡིན་པའི་ཁྲིམས་ལ་རྩ་ཆེན་དུ་བཟུང་བ་སོགས་རྗེས་ལུས་ཀྱི་དགོན་སྡེའི་རང་བཞིན་དེ་ལྟར་ཡིན་པས་དེ་འདྲ་ལ་ཡར་རྒྱས་ཐག་རིང༌། རྗེས་ལུས་ཡོད་པ་ཙམ་ནོར་འཁྲུལ་ཆེ་བ་མ་ཡིན་པར་རྗེས་ལུས་ཡོན་ཏན་ཅན་དུ་བཟུང་བ་ཧ་ཅང་ནོར་འཁྲུལ་ཚབ་ཆེ་ཤོས་སོ། །འཐུས་མིའི་བྱ་བ་ནི་མི་མང་གི་དཀའ་ངལ་ཞུ་དགོས་པའམ་སྲིད་ཞུགས་སྲིད་གླེང་བྱེད་དགོས་པ་ཞིག་རེད། ང་རང་གི་བསམ་ཚུལ་ལ་མི་མང་བཀའ་དྲིན་ཆེན་པོ་རེད་བསམ་བཞིན་ཡོད། གཞུང་ཞབས་པའི་ཟླ་ཕོགས་དང་དབུལ་ཕོངས་ལ་གནང་སྦྱིན་རྣམས་མཐར་གཏུག་ན་མང་ཚོགས་ལས་བྱུང་བ་ཁོ་ན་རེད། ཁེ་ལས་ཀྱི་བཟོ་གྲྭ་ཞིག་ལ་མཚོན་ན་བརྒྱ་ཆ་མང་པོ་ཞིག་རྒྱལ་ཁབ་ལ་ཁྲལ་འཇལ་དགོས་པ་རེད། ཁེ་ལས་བ་དེས་ཡང་བཅའ་ལག་དེ་ཉོ་མཁན་གྱི་མི་མང་གི་ལག་ནས་དངུལ་ལེན་འགྲོ་བ་དང༌། ཁ་པར་གྱི་ཟླ་ཁྲལ་ལྟ་བུ་ཡང་མི་མང་གི་ལག་ནས་ཡོང་གི་ཡོད་པ་རེད། དེ་བཞིན་སྨན་རིན་ཁ་གསབ་དང༌། ལོ་ལོན་གྱི་རོགས་དངུལ་སོགས་མང་པོ་ཞིག་མང་ཚོགས་ཀྱི་ལག་ནས་ཡོང་བ་ཡིན་པས་རྒྱལ་ཁབ་ཀྱི་དངུལ་ནི་མི་མང་གི་རྔུལ་ཆུ་བསགས་པའི་ཤ་ཁྲག་ཡིན་པས་གཞུང་ཞབས་ཀྱི་ལས་བྱེད་པ་རྣམས་ཀྱིས་མི་མང་བཀའ་དྲིན་ཆེ་བ་ཤེས་ནས་དམངས་ཕན་གྱི་བྱ་བ་དྲང་བདེན་གྱི་སྒོ་ནས་འབད་དགོས། གོང་རིམ་ནས་གནང་སྦྱིན་ཆེ་ཆུང་ཐོབ་མཁན་ཚོས་ཁེ་ཐོབ་བ་མ་ཡིན་པར་རང་མགོ་མ་ཐོན་པར་གཞན་གྱིས་རོགས་རམ་བྱེད་དགོས་བྱུང་བ་རེད། མི་མང་པོ་ཞིག་གིས་རང་གི་ཁྱིམ་མི་གནང་སྦྱིན་མེད་པས་དཀའ་ངལ་འདོན་མོད། རང་གི་བསམ་ཚུལ་ལ་གནང་སྦྱིན་ལ་བརྟེན་ནས་ཁ་གསོ་དགོས་པ་རྣམས་རང་གི་རྐང་བའི་མགོ་རང་ཡར་ལངས་ནས་འགྲོ་མ་ཐུབ་པའི་གཞན་ལ་སྐྱབས་བཅོལ་ནས་མི་ཚེ་བསྐྱལ་དགོས་བྱུང་བ་རེད། གནང་སྦྱིན་མེད་རིགས་ནི་རང་གི་ཁ་རང་གིས་གསོ་ཐུབ་པའམ་གཡོ་སྒྱུ་མ་བྱས་པར་དྲང་བདེན་ལ་གནས་པ་རེད། དེས་ན་གཞུང་ཞབས་པ་ལས་ཁེ་ལས་བ་བཟང་བ་ནི་ཁེ་ལས་བས་མི་མང་པོ་དང་རྒྱལ་ཁབ་ལ་ཞབས་ཕྱི་སྒྲུབ་ཐུབ་པས་སོ། །གནང་སྦྱིན་མི་དགོས་པའི་རིགས་ནི་རང་གི་འཚོ་བ་རང་གིས་ཐག་གཅོད་ཐུབ་ཀྱི་ཡོད་པ་རེད། སྤྲང་བོ་ལས་སྤྲང་བོ་མ་ཡིན་པ་ཞིག་རང་གིས་འབད་བརྩོན་བྱེད་འོས་སོ། །དངོས་གྲུབ་དཔལ་གྱིས་སྲིད་གྲོས་ཚོགས་ཞུགས་ཀྱི་མྱོང་ཚོར་དུ་བྲིས་པའོ། །

དཔལ་འབྱོར་གྱིས་མི་གཞི་བརླག

དཔལ་འབྱོར་གྱིས་མི་གཞི་བརླག

༡ བླ་མ་རྣམས་ཀྱིས་དཔལ་འབྱོར་ཅན་ཞིག་རིག་ན་སྤྲུལ་མིང་དང་མཁན་མིང་བཏགས་ནས་རྒྱབ་གཉེར་གྱི་ཡི་གེ་རྫུན་མ་སྦྱིན། དམངས་སྒོར་དམར་པོ་ཆག་ཐོ་གཅིག་གཉིས་རེ་ཕུལ་ཚེ་ཐུགས་དགྱེས་སྙམ་བསྟན་ཏེ་སེམས་ཅན་ལ་མགོ་སྐོར་དང་བསྟན་པ་ལ་རྨ་འབྱིན་པར་བྱེད། ངོ་ཚ་མེད་པ་ཁྲེལ་མེད་པའི་སྒོ་ནས་བསྟན་པའི་སྙིང་པོ་དེ་འདྲ་བཟུང་ནས་བྱ་བཞག་སྒྲུབ། དེ་ལ་བླུན་པོ་རྣམས་ཀྱིས་རྨོངས་དད་བྱེད་པ་མངོན་གསལ་རེད། ༢ དཔོན་པོ་ཡིན་ན་ཡང་རྩ་ཁྲིམས་དང་བཅའ་ཁྲིམས་གཞུང་ལས་ཁང་དུ་ཉར་ཚགས་བྱས་ཏེ་དཔལ་འབྱོར་གྱི་ལྐོག་དངུལ་ལ་བརྟེན་ནས་འཚོ་བ་སྐྱེལ་གྱིན་ཡོད། དེ་ཡང་དྲང་བདེན་མ་ཡིན་པའི་བྱ་བཞག་སྣ་ཚོགས་སྒྲུབ་པས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ཀྱི་རྗེས་སུ་འཇུག་པ་ལས་བཟློགས་ནས་མ་རྩ་རང་ལུགས་ནག་པོ་ནག་རྐྱང་གི་བྱ་བ་སྣ་ཚོགས་སྒྲུབ་པའི་དཔོན་ངན་ཧ་ཅང་མང་པོ་རེད། ༣ གྲྭ་རྐྱང་ཕལ་ཆེར་རྒྱ་བླའི་རྗེས་སུ་བསྙེགས་ནས་རང་ཉིད་ཞར་དང་ཞོར་ལ་བཙོང་ནས་གཞན་ལ་མགོ་སྐོར་བཏང༌། རང་གིས་རིན་པ་ཟོས་ཟིན་པ་བསམ་བློ་མི་བཏང་བར་རང་ཉིད་ལ་སྒོར་ཅུང་ཟད་རེག་པ་ཡིན་ན་དེའི་ཡིད་ཚིམས་ཏེ་དྲིན་ཅན་ཡིན་ཞེས་ངག་ཏུ་གྱེར་འདོན་བྱེད། ༤ དད་ལྡན་མང་ཚོགས་ཀྱི་བློ་ངོར་གྲྭ་རྐྱང་ཐོས་བསམ་ཚུལ་བཞིན་དུ་བྱེད་བཞིན་པ་མཐོང་གི་མེད་ལ། སྤྱི་ཚོགས་ཀྱི་སྟེང་རྟག་ཏུ་ཉུལ་བའི་རིགས་ཀྱི་ནང་ན་རླངས་འཁོར་རྫིག་པོ་དང་འཁོར་གཡོག་མང་པོ། སྟོད་གོས་སེར་པོ་ཕུ་རུང་ཆེན་པོ། ཁ་ནས་མི་ཆོས་བླ་མའི་རྫུན་གྱི་གསར་འགྱུར་ཆད་མེད་དུ་སྨྲ་བའི་རིགས་ལ་སྐྱབས་སུ་འཆི་ཟེར་ནས་རང་གི་རྔུལ་ཆུའི་བསགས་པའི་ཤ་ཁྲག་གི་དཔལ་འབྱོར་དག་དོན་མེད་ཆུད་ཟོས་སུ་བཏང་བ་སྙིང་རྗེ་ཡང་བསམ་བཞིན་ཡོད་ལགས། སྤྱིར་གཡོ་སྒྱུ་ཅན་གྱི་མོ་ལུང་བསྟན་བཤད་ཚེ་མངོན་ཤེས་ཅུང་ཟད་མེད་ན་ཡང་སྐབས་དོན་ཚོད་དཔག་གིས་བརྒྱ་ཆ་བརྒྱད་ཅུ་ཁེད་པའམ་ཐོག་ཏུ་འགྲོ་བ་སྲིད་པས་དེ་ལྟ་བུའི་གནས་ལ་གཟབ་འཚལ། ༥ མི་སྐྱ་མང་བོ་ཞིག་གིས་རྐུ་བྱེད་པ། ཚོང་ལོག་རྒྱབ་པ། བཤས་ཚོང་བྱེད་པ། ཉེས་མེད་རི་དྭགས་གསོད་པ། བུ་ལོན་བླངས་ནས་ཕྱིར་མི་སྤྲད་པར་རང་ལ་ཡོད་པ་སྦེད་ནས་བུ་ལོན་སྟོན་མོ་བྱེད་པ་སོགས་སྒོར་ཕྱིར་མི་སྤྲོད་པའི་རིགས་ཧ་ཅང་མང་བ་ནི་མངོན་དུ་རྐུན་ཇག་བྱེད་པ་སོགས་དྲང་བདེན་མེད་པའི་བྱ་བ་ཡིན་ལ། དེ་ཡང་དཔལ་འབྱོར་གྱིས་མི་གཞི་བརླག་པ་ཡིན་པས་གཟབ་པར་ཞུ། ༦ དགོན་སྡེ་རེ་ཟུང་གིས་མང་ཚོགས་ཀྱི་ལག་ནས་འདོན་ཡོན་ལེན་ཏེ་ཆོས་མི་འདོན་པ་དང་བསྔོ་བ་སྨོན་ལམ་ཡང་མི་བྱེད་པར་སྒོར་མོ་རེག་སོང་ན་ཁེ་ཆེན་པོ་ཐོབ་སྙམ་པ་ཧ་ཅང་ནོར་འཁྲུལ་ཡིན་པར་མ་ཟད་ཁ་ནས་ལས་འབྲས་བཤད་ཀྱང་དོན་གྱིས་ལས་འབྲས་བརྩི་སྲུང་མེད་པ་ཆགས་ཟིན་པ་རེད། རྗེས་ནས་ཚེ་འདི་ཕྱི་ཅི་རིགས་ལ་ཤ་ཁྲག་གི་བུ་ལོན་འཇལ་དགོས་པར་རྒྱལ་བས་གསུངས་པ་ལྟར་རེད། དགོན་ཆེན་ཁ་ཤས་ལ་འབྱུང་ཉེ་བར་སྣང༌། དེས་ན་བསྔོ་བ་སྨོན་ལམ་དང་སྐྱབས་འཇུག་ཞུ་བ་ཧ་ཅང་གལ་ཆེ། ༧ གཞན་ཡང་མོ་བ་ཚོས་ཚོད་དཔག་བྱས་ནས་སྨན་པར་མ་བསྟེན་ཟེར་བ་དང༌། དབུལ་ཕོངས་ལ་རིམ་གྲོ་ཆེན་པོ་སྒོར་ཁྲི་ཕྲག་གི་རིན་གྱི་འདོན་པ་བཅོས་དགོས། དེ་བདག་གི་དགོན་པའམ་བཤད་སྒྲུབ་འདི་ལ་ངེས་པར་བཅོས་དགོས་ཞེས་སྨྲ་བ་དང༌། སྨན་པ་ཁ་ཅིག་གིས་རང་གི་ནད་ངོས་མ་ཟིན་པ་དང༌། ནད་དེ་བཅོས་ཐབས་མི་ཤེས། ཉམས་མྱོང་མེད་ན་ཡང་སྨན་གོང་ཆེན་བཙོང་བ་དང༌། ཚོང་བ་རྣམས་ཀྱིས་བཅའ་ལག་རྫུན་མ་བཙོང་བ་དང༌། བཟོ་གྲྭ་རྣམས་ཀྱིས་དངོས་རྫས་རྫུན་བཟོ་བྱེད་པ། བདེ་ཐེངས་ལ་གནོད་པའི་ཟས་དང་འཐུང་ཆུའི་རིགས་བཙོང་བ་སོགས་ནི་དམིགས་ཡུལ་རང་ལ་སྒོར་གྱི་ཆེད་གཅིག་པུ་མ་གཏོགས་གཞན་གྱི་ཚེ་སྲོག་དང་དཔལ་འབྱོར་ལ་གནོད་པའི་ཕྱོགས་ནས་འཛེམས་དོགས་མེད་པར་ཐམས་ཅད་དཔལ་འབྱོར་ལ་འདོད་རྔམས་ཆེ་བ་ཁོ་ནས་ཡིན་པས་བསམ་གཞིག་གནང་རོགས། དེ་དག་ཐམས་ཅད་རྒྱུ་འབྱོར་ལ་བརྟེན་ནས་མི་གཞི་བརླག་པ་ཁོ་ན་ཡིན་པས། སྤྱིར་མི་རང་གི་འཚོ་བ་ལ་དཔལ་འབྱོར་དགོས་ཀྱང་དཔལ་འབྱོར་གྱིས་ཡོད་ཚད་ཐག་གཅོད་མི་ནུས་པས་ཡོད་ཚད་ནས་གཡོ་སྒྱུས་དཔལ་འབྱོར་ལ་མི་བརྩོན་པར་ཕྱི་དངོས་པོའི་དཔལ་ཡོན་ལས་ནང་སེམས་ཀྱི་དཔལ་ཡོན་དང་ཞི་བདེ་གལ་ཆེ་བ་ཡིན། ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ལས། ཇི་སྲིད་འདོད་ཆེན་མ་གྱུར་པར། །དེ་སྲིད་ཡོན་ཏན་ཆེ་ཉིད་ཡིན། །འདོད་ཆེན་ཉིད་ལ་ཞུགས་གྱུར་ན། །ཡོན་ཏན་བཙུན་པར་ག་ལ་འགྱུར། །ཇི་སྲིད་སུ་ལའང་མི་སློང་བ། །དེ་སྲིད་དཀའ་ཐུབ་གཟི་བརྗིད་ཅན། །དཔའ་ཞིང་ཤེས་ལྡན་རིགས་མཐོ་དག །སྐྱེས་བུ་ཞེས་ཀྱང་དེ་སྲིད་བརྗོད། །ཅེས་གསུངས་པ་ལྟར་ཡིན་པས་ལག་ལེན་ལ་འབད་པར་འོས་སོ། །འདི་སྤྲང་འཁྱམ་པ་དངོས་གྲུབ་དཔལ་གྱིས་སྤྲང་ཉུལ་ལམ་གྱི་ཚོར་སྣང་ཡིན་ནོ། །

ཕྱིན་ཆོད་གཞན་ལ་འདྲི་རྟོག་བྱེད་པའི་ཆེད་དུ་བཤད་པ།

ཕྱིན་ཆོད་གཞན་ལ་འདྲི་རྟོག་བྱེད་པའི་ཆེད་དུ་བཤད་པ།

དེ་རིང་རང་དགོན་གྱི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་འདོན་སར་སོང་བ་ཡིན། སྔོན་གྱི་ལུགས་སྲོལ་གཅིག་ཡིན་ས་རེད། ཚེ་དབང་རྒྱས་བསྡུས་གང་འདོན་ན་ཆོག་པ་ལ་རྒྱས་བསྡུས་གཉིས་ཀའི་ཚེ་རིལ་མན་ཆད་འདྲ་བ་ལ། རྒྱས་བསྡུས་ཀྱི་དབང་མ་ཚར་བའམ་བུམ་པའི་བདུད་རྩིའི་དབང་གི་མགོར་ཁོག་ན་མེད་རྒྱུའི་ཆེས་བསྡུས་པ་ཞིག་མགོ་ནས་འདོན་འདུག སྤྱིར་དབང་གང་ཡིན་ན་གྲངས་ཀ་བསོག་པ་ཡོད་ཀྱང་གཅིག་མ་ཚར་བའི་དཀྱིལ་ན་དབང་གཅིག་གི་མགོ་བཟུང་བ་མི་འགྲིག་སྙམ། དཔེར་ན་མི་འཁྲུགས་པ་ལྟ་བུ་ལ་མཚོན་ན་ཆུ་དབང་བསྐུར་ནས་ཅོད་པན་གྱི་དབང་གི་མགོར་དབང་བསྡུས་པ་གཞན་ཞིག་འདོན་པ་དང་འདྲ་སྙམ། དེར་མ་ཟད་དེ་རིང་གཅིག་པུ་མ་ཡིན་པར་བུམ་པའི་བདུད་རྩིའི་དབང་གི་སྐབས་བུམ་པ་ལས་གཞན་ཚེ་གཏོར་ཞིག་བཟུང་ནས་འོང་གི་མོད། ཆོ་ག་ལས། སྤྱི་བོར་རྒྱལ་བ་ཚེ་དཔག་མེད་དཀར་པོའི་ཕྱག་གི་བུམ་པ་ལས་བདུད་རྩི་དཀར་པོ་ལུད་པ་དབུ་མའི་ལམ་བརྒྱུད་ཅེས་སོགས་ནས་འཆི་མེད་བདུད་རྩིའི་བུམ་པས་སྤྱི་བོ་ནས་དབང་བསྐུར་ཞིང། ཞེས་གསལ་བར་འདུག རྒྱུན་གྱི་ལག་ལེན་ཡིན་པ་འདྲ། མཚམས་རེ་ནོར་བ་སོ་སྐྱེས་ལ་ཡོད་པ་རེད་ང་རང་ནང་བཞིན་རེད་ལགས། འདི་འབྲི་དགོས་དོན་ཕྱིན་ཆོད་གཞན་ལ་འདྲི་རྟོག་བྱེད་པའི་ཆེད་ཡིན་ལགས།

སློབ་ཆེན་ནམ་གྲྭ་སར་བཀག་པའི་ནག་ཉེས།

སློབ་ཆེན་ནམ་གྲྭ་སར་བཀག་པའི་ནག་ཉེས།

ལས་སྣེ་བ་ཁ་ཅིག་གིས་རང་ལ་སློབ་སྦྱོང་མེད་པར་མ་ཟད་གཞན་ལ་དངོས་ཤུགས་བརྒྱུད་གསུམ་ནས་སློབ་སྦྱོང་གོ་འགོག་པ་དང༌། དགོན་སྡེ་ཁ་ཅིག་གིས་རང་ལ་དགེ་རྒན་དང་སློབ་གྲོགས་སོགས་གང་གི་སྒོ་ནས་སློབ་ཆུང་ངམ་བསྡུས་ཆུང་ཞིག་གི་མཐུན་རྐྱེན་ལས་མེད་ཀྱང་གཞན་གྲྭ་སར་འགྲོ་བ་འགོག་པ་ནི་དགོན་སྡེ་རང་དང་སློབ་མ་རྣམས་ལ་གནོད་ཚབ་དེ་ལས་ཆེ་བ་མེད་པར་སྣང་ལ། དེས་ན་སློབ་མ་རྣམས་ཀྱི་ཚབ་བྱས་ནས་འཛམ་གླིང་གི་རང་བཞིན་ནམ་དུས་རབས་ཉེར་གཅིག་པ་དང་མཐུན་པར་སློབ་མ་རྣམས་སློབ་ཆེན་ནམ་གྲྭ་ས་ཆེན་པོར་གཏོང་རོགས་ཞུ་ཞུས་པ་ཡིན། སྤྱིར་སློབ་སྦྱོང་གི་གོ་སྐབས་ཤོར་བ་རྣམས་ལ་སློབ་སྦྱོང་གི་གོ་སྐབས་སྤྲད་དགོས་པ་ལས་སྒེར་གཅོད་ཀྱི་དབང་ཤུགས་ལ་བརྟེན་ནས་ཁོར་ཡུག་ཆེ་ས་ནས་སློབ་སྦྱོང་བྱེད་པ་བཀག་ནས་རང་གི་ཁོར་ཡུག་ལ་བཙུད་པ་ནི། དཔེར་ན་རྒྱ་མཚོའི་ཉ་ཞིག་བཟུང་ནས་ན་ཆུ་ཞིག་ཏུ་བཀག་པ་དང་འདྲ་ལ། སློབ་ཆུང་ཞིག་ལས་ལོ་བཅོ་ལྔར་སློབ་སྦྱོང་བྱས་ཀྱང་འཕེལ་རྒྱས་ཆེར་མི་འགྲོ་བ་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཐུབ་པ་རེད། དེས་ན་ཆོས་འཇིག་རྟེན་གང་གི་དབང་དུ་བྱས་ན་ཡང་བར་ཆད་ཆེན་པོ་ཡིན་པ་ཤེས་དགོས། དགོན་སྡེ་གཞན་ལ་མིག་གིས་ལྟོས་དང་གསལ་འོང་ལགས། དེ་ལྟ་མ་ཡིན་ན་བླ་མ་ཞིག་ལ་མཚོན་ན་རང་གི་སློབ་མ་རྣམས་ལུགས་གཉིས་ཀྱིས་དབེན་པའི་རང་མཐའ་ལ་གནས་པའི་དུད་འགྲོ་དང་གཉིས་སུ་མེད་པར་འགྱུར་རོ། །གྲྭ་བ་ཞིག་ལ་མཚོན་ན་སློབ་སྦྱོང་འགོག་པ་དེ་ཆོས་སྒྲུབ་པ་བཀག་པ་དང་གཅིག་མཚུངས་མ་ཡིན་ནམ་ལགས། དགོན་སྡེ་ཁ་ཅིག་ངོ་ཆུང་དག་གྲྭ་ས་མི་གཏོང་བར་ཐབས་བཀོད་ཡོད་མཁན་བཏང་བའི་ལམ་ལུགས་ཐོས་པ་ཡོད་པས་ངོ་ཆུང་ངོ་ཆེན་གཉིས་སློབ་སྦྱོང་བྱེད་པ་འདྲ་མཉམ་དགོས། ཁོར་ཡུག་ཚད་ལྡན་མ་ཡིན་པའི་ས་ཆུང་ས་ནས་སློབ་སྦྱོང་བྱས་པའི་འབྲས་བུ་དང་དགེ་རྒན་དང་ཆོས་གྲོགས་འགྲིག་ལམ་སོགས་ཚད་ལྡན་ཡོད་པའི་ཁོར་ཡུག་ལས་སློབ་སྦྱོང་བྱེད་པའི་འབྲས་བུ་གཉིས་བསྡུར་ན་བ་རྗེས་ཆུ་དང་རྒྱ་མཚོ་གཉིས་ལྟར་ཁྱད་པར་ཆེ། སློབ་སྦྱོང་བྱེད་ལ་རང་དབང་དང་འདྲ་མཉམ་མེད་ན་དོན་གྱི་རང་དབང་དང་འདྲ་མཉམ་མེད་པ་རེད། རང་སྟེང་ནས་ཡིན་ན་རང་ཉིད་གྲྭ་ས་ལ་སོང་གཞན་གྲྭ་ས་ཆེ་ཁག་ལ་བཏང་བ་མ་ཟད་སོང་ན་ཡག་པོ་ཡོད་པ་རེད་ཅེས་བཤད་གྱི་ཡོད། གྲྭ་ས་ཆེན་པོ་ལ་མི་གཏོང་ན་གནས་སྐབས་བཤད་གྲྭའི་མིང་དང་མཁན་མིང་རེ་བཏགས་པ་ཙམ་ཡོད་ཀྱང་མ་འོངས་པའི་རེ་བ་མེད་པ་མ་ཟད་ལོ་རྒྱུས་ཀྱི་ནག་ཉེས་ཅན་དང་གྲྭ་ཆུང་རྣམས་ཀྱི་མི་ཚེ་འཕྲོ་བརླག་ཏུ་འགྱུར་ངེས་པས་བསམ་གཞིག་གནང་རོགས། རྒྱ་མཚོ་ལས་ན་ཆུ་ཞིག་ནས་ཉ་ཆེན་པོ་བྱུང་མི་ཐུབ་པ་ཤེས་དགོས། འཛམ་གླིང་ན་ལྟོས་དང༌། ཞིང་ཆེན་ནས་ཞིང་ཆེན། རྒྱལ་ཁབ་ནས་རྒྱལ་ཁབ་ཏུ་སོང་ནས་སློབ་ཆེན་བྱུང་བ་ལས་ཡུལ་འཚོ་གཅིག་ཏུ་བསྡད་ནས་བྱུང་བའི་སློབ་ཆེན་མཐར་ཕྱིན་ཡོད་དམ་ལགས། རང་ས་ན་དཀའ་འགག་རེ་ཡོད་ཀྱང་དེ་བརྒལ་དགོས། ཁ་ཅིག་གིས་དགོན་ཆུང་ནས་སློབ་སྦྱོང་བྱེད་ན་ལོ་གཉིས་གསུམ་སོགས་ནས་མཁན་མིང་དང་དགེ་བཤེས་མིང་བཏགས་ཡོང་བ་བསམ་ནས་དེ་ལ་རེ་ནས་འདུག་པ་ནི་རང་གི་མགོ་རང་གི་སྐོར་བ་རེད། ཚད་གཞི་མེད་པའི་མཁན་མིང་བཏགས་པ་དང་འདོགས་མཁན་མང་མོད་དེ་ནི་བསྟན་པ་ལ་རྨ་འབྱིན་པ་དང་འགྲོ་བ་མགོ་སྐོར་བཏང་ནས་མཁན་རྫུན་བཟོས་པ་རེད། དེ་ལ་རིན་ཐང་མེད། དེས་ན་མཁན་པོའི་ལམ་ལུགས་ལ་གཞུང་ཆེན་བཀའ་པོད་ལྔ་སོགས་ལ་ཁྲིད་ལུང་ཙམ་ཐོབ་པ་མ་ཡིན་པར་བཀའ་པོད་ལྔའི་འཆད་ཉན་ཚད་ལྡན་ཡོད་ས་ཞིག་ནས་དཀའ་སྤྱད་སྡུག་རུས་བྱས་ནས་སྦྱང་འབྲས་ལེགས་པོ་ཐོབ་པ་ངེས་པར་དགོས། འདས་པའི་ལོ་རྒྱུས་ནང་སྤྲུལ་སྐུས་ཕན་ཐོག་རྒྱ་ཆེན་བྱུང་བ་མང་པོ་ཡོད་པ་རེད། འོན་ཀྱང་ད་ལྟ་ཅི་འདྲ་འདུག་འཛམ་གླིང་ལ་ལྟོས་དང་ཤེས་གསལ་ལྟར་རེད། དེ་བཞིན་དུ་མཁན་པོ་ཡང་འགྲོ་བ་ལ་ཉེན་ཁ་སླེབས་ཚར་བ་རེད། དེང་སྐབས་བཀའ་པོད་ལྔའི་ལུང་ཙམ་མ་ཐོབ་པའི་མཁན་པོ་དགེ་བཤེས་ཡོད་པས་ལེགས་བཅོས་དགོས། ལེགས་བཅོས་ཀྱི་ཆེད་དུ་སྤེལ་བ་ཡང་ཡིན། ཡང་ཁ་ཅིག་རང་དགོན་ན་བཤད་གྲྭ་མི་བཞུགས་པར་གྲྭ་ས་གཞན་དུ་སོང་ནས་དཔེ་ཆ་ཡག་པོ་མི་ལྟ་བ་མ་ཟདའགྲིག་ལམ་བརྩི་མི་ཐུབ་པའི་རིགས་ནི་གྲྭ་ས་མ་སོང་ན་ལེགས། གྲྭ་ས་འགྲོ་མཁན་གྱི་ཆ་རྐྱེན་ལ་བརྩོན་འགྲུས་ཡོད་པ། མི་གཞི་བརྟན་པ། འགྲིག་ལམ་བརྩི་བ་གསུམ་མ་མཐའ་དགོས། རབ་ན་ཤེས་རབ་ཡོད་ན་ལེགས། ཐུགས་ལ་མི་འགྲོ་བ་ཡོད་ན་དགོངས་དག་ཞུ། སྤྲང་འཁྱམ་པ་དངོས་གྲུབ་དཔལ་ནས་གཞན་གྱི་དཀའ་ངལ་སེལ་ཕྱིར་བརྗོད་པའོ། །

བསླུ་རྡོ་ངོས་འཛིན།

བསླུ་རྡོ་ངོས་འཛིན།

ཞིབ་ཏུ་བལྟ་བར་བྱ། རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་ལས། ཉམས་རྟོགས་མཐོན་པོར་གྲགས་པ་མང་པོ་ཡང། །སྙིང་རྗེ་མེད་པས་ངན་པའི་ལམ་དུ་གོལ། །ཐེག་ཆེན་ཟེར་ཡང་ཐེག་པ་དམན་པར་ལྷུང། །རང་དོན་གཞན་ཕན་གཉིས་ཀ་ཤོར་བ་མང། །བདག་པས་གཞན་གཅེས་སྙིང་རྗེའི་བསམ་པ་ཅན། །ཐབས་ལ་མཁས་པ་ཐེག་པ་ཆེན་པོའི་ཆོས། །ཐེག་པ་ཆེ་ཆུང་ལྟ་བས་ཁྱད་མི་འབྱེད། །བྱང་ཆུབ་སེམས་དང་སྙིང་རྗེ་སྤྱོད་པའི་ཁྱད། །ཕྲག་དོག་ཆེ་ཞིང་ཁ་རྒོད་བསམ་པ་ངན། །ཆོས་རྒྱུད་བུ་རྒྱུད་བཟང་ཡང་ག་ལ་ཕན། །དཀའ་སྤྱད་འདུག་ཚུལ་བཟང་ཡང་བསླུ་རྡོ་༼འདིས་མང་པོ་བསླུ་བཞིན་འདུག༽ཡིན། །བྱ་བཏང་དམ་བཅའ་ཆེ་ཡང་ཚིག་སྐམ་ཡིན། །ཁྱོད་ནི་གནས་ལུགས་རྟོགས་པ་ཡིན་ནོ་ཞེས། །ཁ་འཇམ་ཞེ་གདུག་བླ་མ་གཡོ་ཅན་གྱིས། །བསྟོད་ར་བཏང་བས་རང་རྒྱུད་མ་ཐུལ་པའི། །བླུན་པོ་ཕལ་ཆེར་བླུན་དད་སྐྱེད་དུ་༼བསྟོད་ར་བྱེད་ན་རྨོངས་དད་བྱེད། ཕན་སེམས་ཀྱི་སྐྱོན་བརྗོད་ན་དད་པ་ལོགས་ནས་སྨོད་པ་བྱེད༽འཇུག །རྨོངས་པ་ཕལ་ཆེར་རང་ལ་བསྟོད་ན་དགའ། །དམ་པ་རྣམས་ནི་དྲང་པོར་སྨྲས་ན་མགུ། །ཕྱོགས་ཞེན་ཀོ་ལོང་དམ་ལ་བཟང་འདོད་ཅན། །རང་རྒྱུད་མ་ཐུལ་སྒྲུབ་པའི་དགོས་པ་སྟོར། །རང་ཉིད་བཟང་འདོད་གཞན་ལས་ངན་མི་འདོད། །ལྐོག་ཏུ་ཆོས་མིན་སྤྱོད་པ་སྣ་ཚོགས་བྱེད། །རི་ཁྲོད་འགྲིམས་ན་གྲགས་པ་ཆེ་རུ་རེ། །འདུ་འཛི་སྦངས་ཀྱིན་དད་ཅན་འདུ་ལ་རེ། །བྱ་བཏང་བྱས་ཀྱིན་ཟས་ནོར་ཡོང་དུ་རེ། །ཕམ་ཁ་བླང་གིན་ཕུགས་སུ་རྒྱལ་འདོད་ཅིག །གཞན་ལ་བསྟོད་ན་རང་ལ་བྱམས་སུ་རེ། །དག་སྣང་བྱས་ནས་དབང་དུ་བསྡུ་འདོད་དང། །གཞན་ཕྱོགས་ནུབ་ཅིང་རང་ཕྱོགས་དར་ཕྱིར་རམ། །གྲགས་པ་སྒྲོག་ཕྱིར་ཆོས་རྫུ་བྱེད་པ་ནི། །སེམས་ཅན་ཐམས་ཅད་བསླུ་བའི་སྡིག་པོ་ཆེ། །དེ་ཕྱིར་རྫུན་མེད་ཕྱི་ནང་མེད་པར་གཅེས། །སྙན་གྲགས་འདོད་པས་སློབ་མ་བསླུ་བ་དང། །རྙེད་བཀུར་འདོད་པས་དད་ཅན་བསླུ་བ་དང། །མ་རྟོགས་བཞིན་དུ་གནས་ལུགས་རྟོགས་སོ་ཞེས། །ང་རྒྱལ་བྱེད་པ་སྙིང་རྗེའི་འགལ་ཟླ་ཡིན། །བདེན་པའི་ངག་དང་དྲང་པོའི་བསམ་པ་དང། །ང་རྒྱལ་སྤངས་ནས་འགྲོ་ཀུན་གོང་དུ་འཁུར། །གཞན་སྐྱོན་མི་བསམ་རང་གི་སྐྱོན་ལ་རྟོག །བྱང་ཆུབ་སེམས་དང་སྙིང་རྗེ་རྒྱས་པར་འགྱུར། །དགྲ་གཉེན་ཚེ་འདིར་བློ་ཡིས་བཏགས་པ་ཡིན། །ཉེ་རིང་མེད་པར་ཕན་སེམས་སྙིང་རྗེ་སྒོམས། །ཞེས་པ་འདིའི་ཚིག་དོན་ལ་ཞིབ་དུ་བསམ་གཞིག་གནང་དང་གདམས་ངོ་མ་ཞིག་ཡོད་དོ། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ་མ་བཅོས་ལྷུག་པའི་རྟོགས་བརྗོད་ལས། ཇི་སྐད་དུ། ཀྱེ་མ་བསོད་ནམས་ཟད་པའི་མི། །ལྷ་སྐལ་ཆད་ནས་འབྱུང་པོ་སྒྲུབ། །ཅེས་པ་ནས། སྔར་མི་བསྟེན་པ་ཅིག་གིས་འདྲེ་ཆེན་པོ་རེ་གསར་དུ་བསྟེན་དགོས་ན། ཁོ་རང་གི་དམ་ཚིག་བསྲེ་ལུགས་དང། ཁོ་དབང་དུ་བསྡུ་ལུགས་དང། རྟེན་འབྲེལ་བསྒྱུར་ཕྱོགས་མང་པོ་དང། སྔར་གྱི་ལྷ་དང་འཁོན་སེལ་དང། ཕྱི་འབྲང་གི་བགེགས་སེལ་ཚུལ་ཐབས་མང་པོ་ཅིག་བླ་མ་ནུས་པ་ཅུང་ཟད་ཡོད་པ་ཅིག་གིས་བྱེད་དགོས། དེ་མིན་འདྲེ་དྲག་ཤས་ཁོ་རང་དང་མུ་མ་འབྱོར་བའི་སྔོན་ལ། འཁོར་གདུག་པ་ཅན་རྣམས་ཀྱིས་གོང་ཁའི་སྒོ་ཉལ་གཏོང་བ་ཡིན། ལྷ་རྙིང་པ་ཡང་དང་འགྲས་འགྲོ་བ་ཡིན། དང་པོའི་གྲུབ་ཐོབ་ཡིན་ཟེར་བ་དེ་འདྲས་ཀྱང། གཙང་བཙན་སོགས་འཇིག་རྟེན་རང་རྒྱུད་པ་མིན། ཡེ་ཤེས་པའི་སྤྲུལ་པ་ཡིན་ཟེར་ཏེ། གནས་ཚུལ་ལ་འཇིག་རྟེན་འདས་པའང་ཡིན་སྲིད། སངས་རྒྱས་མིན་པ་སུས་ཤེས། འཕྲལ་འཇིག་རྟེན་པའི་ཚུལ་བསྟན་པ་རང་གིས། ཡེ་ཤེས་པའི་ཁྱུ་ནས་བུད། ལམ་སྣ་འདྲེན་མཁན་ཡིན་ན་འཇིག་རྟེན་པའི་ཚུལ་སྟེན་དོན་རང་མེད། སངས་རྒྱས་བྱང་སེམས་ཅིག་བཤན་པའི་ཚུལ་བསྟན་ཡོད་ན། ཁོང་བཤན་པ་དངོས་ཀྱི་བྱ་བ་བྱེད་ཀྱི། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་བཟུང་ཤིག་དང་ཟེར་ཆོས་བཤད་མི་ཡོད། འོ་འཇིག་རྟེན་པའི་ཚུལ་བཟུང་བ་དེ་ཀ་ཁོ་འཇིག་རྟེན་པའི་ཚུལ་འཛིན་དགོས་ཙ་ན། གསོད་གཅོད་བརྡུང་འཕྲོག་རྫུན་གཏོང། མ་རུངས་པའི་ལས་བྱེད་ཀྱི། ཞིང་ཁམས་བདེ་བ་ཅན་དུ་འཁྲིད་རོགས་མི་བྱེད། དེ་རུ་དངོས་སུ་འཁྲིད་རོགས་བྱེད་པ་ལ། ཚུལ་ཡང་འཇིག་རྟེན་ལས་འདས་པའི་ཚུལ་ཅིག་ཀ་སྟོན་དགོས་པ་ལགས་མོད། དེས་ན་རང་རྒྱུད་པ་ཡིན་ཡང་འདྲ། སྤྲུལ་པ་ཡིན་ཡང་འདྲ། ཚུལ་དེ་འཇིག་རྟེན་པ་རང་དུ་འདུག་ན། འཇིག་རྟེན་པ་རང་གི་འགྲོགས་ལུགས་དང། བསྟེན་ལུགས་བྱེད་དགོས། དེ་ཡང་འཇམ་པོ་ལ་འཇམ་པོའི་འགྲོགས་ལུགས་དང། མ་རུངས་པ་ལ་མ་རུངས་པའི་བསྟེན་ལུགས་བྱེད་དགོས་པ་ཡིན། དེས་ན་འཇིག་རྟེན་འདས་པ་རང་དང། འཇིག་རྟེན་པ་ཡིན་ཀྱང་དབང་ཕྱུག་ཁྱབ་འཇུག་སོགས་ལྷའི་རྒྱལ་པོ་ཆེན་པོ་དང། མི་ཡུལ་ན་ཡོད་པའི་སྡེ་བརྒྱད་དྲག་རྩལ་ཅན་ཏེ། སྡེ་གསུམ་པོ་འདི་ལ་ཁྱད་ཆེན་པོ་རང་ཡོད་ལགས། བཅོམ་ལྡན་འདས་ཀྱི་ཞལ་མཐོང་མ་མཐོང་སོགས་ལའང་ཤིན་ཏུ་ཁྱད་ཆེ་བ་གོ་དགོས། ཞེས་གསུངས་པ་ལྟར་འཇིག་རྟེན་པའི་ཚུལ་བཟུང་བ་ཡིན་ན་འཇིག་རྟེན་པ་བཞིན་བསྟེན་དགོས་པ་ཤེས་དགོས་སོ། དངོས་གྲུབ་དཔལ་ནས།

དཔེ་ཆ་བ་ལ་ཕྲག་དོག

དཔེ་ཆ་བ་ལ་ཕྲག་དོག

ལ་ལས་དཔེ་ཆ་བའམ་ཐོས་བསམ་པ་ཚོ་ང་རྒྱལ་ཆེ། ཕྲག་དོག་འགྲན་སེམས་ཆེ། གཞན་གྱི་སྐྱོན་བརྗོད། རང་གི་སྐྱོན་མི་གོ། དཔེ་ཆ་བལྟས་ན་ཕན་ཐོགས་ཅི། ལག་ལེན་ནི་མི་བྱེད་ཁ་བཤད་རྐྱང་རྐྱང་རེད། བརྒྱ་བཤད་སྟོང་བཤད་ཀྱང་ཚིག་གཅིག་གི་དོན་ཉམས་ལེན་མི་བྱེད་པས་མ་ཤེས་པ་དང་གཅིག་པ་རེད། དཔེ་ཆ་བ་འདི་ཚོས་ཁ་སྦྱོང་བ་རེད་མ་གཏོགས། བློ་སྦྱོང་མི་འདུག་ཟེར་བ་དང༌། དེས་ན་དཔེ་ཆ་མ་བལྟས་ན་བཟང་བ་རེད་ཅེས་སློབ་གཉེར་བ་ལ་གཡོ་སྒྱུ་དང་འདྲེས་མའི་ཕྲག་དོག་གི་ཚིག་སྨྲ་བ་རྨོངས་བ་ཁ་ཅིག་གིས་ཕྲག་དོག་གི་གཡོ་ཚིག་ཡིན་པ་ཧ་མ་གོ་བར་བདེན་དུ་བཟུང་ནས་ཐོས་བསམ་ལས་བྱོལ་བ་མང་དུ་སྣང༌། ངོ་མ་བཤད་ན་མཁས་པའི་ཁྲོད་ན་གཞན་སྐྱོན་བརྗོད་པ་ཅུང་ཟད་བྱུང་བ་བདེན་མོད། ཕལ་ཆེ་བས་སྐྱོན་དང་ཡོན་ཏན་ཤེས་ནས་ལྷག་བསམ་གྱིས་སྐད་ཆ་ལབས་པ་མང་ལ། མིག་ཡོད་པ་ཞིག་ཡིན་ན་མ་མཐའ་གད་ཁ་གཡང་ཁ་ནས་འགག་མི་དགོས་པ་ཤེས་པ་བཞིན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་མིག་ཡོད་ན་དཀའ་སྤྱད་སྡུག་རུས་བྱས་ནས་ལམ་ཉམས་ལེན་གལ་ཏེ་མ་ཐུབ་ན་ཡང་སྡིག་པ་མི་དགེ་བའི་ལས་ལ་ཅི་ནས་ཀྱང་འཛེམ་པ་རེད། དོན་ངོ་མ་བཤད་ན་ནང་ཆོས་ལ་སློབ་སྦྱོང་མ་བྱས་ན་སངས་རྒྱས་ལ་སྐྱབས་འགྲོ་དོན་མཐུན་དུ་མི་འགྲོ་སྟེ། སངས་རྒྱས་ནི་སྐྱབས་སྟོན་པ་པོར་སྐྱབས་སུ་འགྲོ་དགོས་ན་དེས་བསྟན་པའི་ལུང་ཆོས་ལ་ཐོས་བསམ་མ་བྱས་ན་སངས་རྒྱས་ལ་སྐྱབས་འགྲོ་ཡང་དག་ཏུ་བྱེད་པར་མི་འགྱུར་རོ། །ཚིག་ཙམ་འདོན་པ་ལ་ཕན་ཡོན་ཡོད་ཀྱང་དོན་བསམ་པ་དེ་ལས་བརྒྱ་འགྱུར་གྱི་ཕན་ཡོན་ཡོད་པར་གསུངས་པ་ལྟར་གྲུབ། ཚིག་དོན་གང་ཡང་མི་སེམས་པར་འཁོར་ལོ་བསྐོར་ན་ཆོས་པ་ཡིན་ན་ཚིག་མ་ཟད་དོན་ལ་བསམ་གཞིག་གནང་པ་ཡིན་ན་ཆོས་པ་མ་ཡིན་པའི་རྒྱུ་མཚན་ཅི། དེས་ན་སློབ་གཉེར་བྱེད་ཚེ་ཆོས་སྒྲུབ་པའི་རིན་ཐང་གི་ལྟ་བ་དང༌། རང་གིས་ཆོས་སྒྲུབ་བཞིན་ཡོད་པ་ངོས་ཟིན་ཡོད་དགོས། ངོ་མ་བཤད་ན་དེང་དུས་སུ་ཐུན་མོང་གི་སྣང་ཚོད་ལ་དཔེ་ཆ་ཡིན་མིན་ཐམས་ཅད་ལ་ཉམས་ལེན་བྱེད་པ་ཉུང་ཉུང་རེད། འོན་ཀྱང་ཤེས་མ་ཤེས་གཉིས་ལས་ཤེས་པ་བཟང་བ་འཛམ་གླིང་གི་དཔྱོད་ལྡན་ཀུན་ལ་དྲིས་ན་ལན་གསལ་བོར་འདེབས་ངེས་རེད། ཁ་ཅིག་སློབ་གཉེར་དར་ན་ཞེ་བློ་མི་བདེ་བ་ཕུགས་སུ་བཅང་ནས་དཔེ་ཆ་དར་ན་སྒྲུབ་གྲྭ་ཉམས་འགྲོ་ཟེར་ནས་སྒྲུབ་གྲྭ་ལ་ཤ་ཞེན་ཡོད་པའི་ཟོལ་བསྟན་པ་ཡོད་མོད། དེ་ནི་མི་རིགས་ཏེ། སྒོམ་གྱི་རྒྱུ་ཐོས་བསམ་ཇི་ལྟར་དར་ན་སྒོམ་པ་འཕེལ་ཐུབ། ད་ལྟ་རང་དགོན་གྱིས་མཚོན་དགོན་སྡེ་རེ་ཟུང་གི་བརྒྱ་ཆ་བདུན་ཅུ་ནས་དགུ་བཅུ་བར་སྤོང་ཀློག་རིང་དུ་དོར་ནས་དཔལ་འབྱོར་སོགས་ལ་གཡེང་བ་དེས་སྒྲུབ་གྲྭ་མ་ཉམས་ན་སློབ་གཉེར་བྱས་པས་སྒྲུབ་གྲྭ་ལ་མི་གནོད་པ་ཐག་གཅོད་ནུས། ཁ་ཅིག་ཐོས་བསམ་བྱེད་མི་དགོས་པར་ཚུལ་ཁྲིམས་མ་ཉམས་པ་དང༌། གྲངས་ཀ་རེ་བསོག་ན་ཆོག་པར་སྨྲ་བ་སོགས་ཧ་ཅང་མང་བ་ལ་གོ་བརྡ་རེ་སྤྲད་དགོས་མོད་ཚིག་མང་བས་རེ་ཞིག་དེ་ཙམ་ཡིན། ཁ་ཅིག་དཔེ་ཆ་ལ་ལྟ་བ་དེ་ཚེ་ཕྱི་མ་ལ་ངེས་པར་དགོས་པ་མ་ཤེས་པ་མ་ཟད་རང་དོན་ཆོས་སྒྲུབ་པ་ལ་དགོས་པ་ཧ་མི་གོ་བར་མི་གྲལ་འགྲོ་བསྐྱེད་དང་གཞན་ལ་བཤད་ཐབས་ཙམ་དུ་བཟུང་བ་ནོར་བའི་ཕྲེང་བ་མང་དུ་སྣང་ངོ། །སྤྱིར་སྒོམ་ཧ་ཅང་གལ་ཆེ་བས་འཐུས་སྒོ་ཚང་བ་ལ་འབད་རིགས། ད་ནས་བཟུང་སློབ་གཉེར་བ་ལ་ཕྲག་དོག་གིས་སྐྱོན་བརྗོད་པ་དམིགས་ཡུལ་གཞན་ཡོད་པ་ཤེས་ནས་རྣམ་མཁྱེན་སྒྲུབ་འདོད་ན་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ལ་འབད་རོགས་ཞུ། མ་ཤེས་ཤེས་པའི་ཟོལ་བསྟན་པའི་ཁ་སྟོང་བ་འབའ་ཞིག་སྨྲ་བ་བདག་འདྲ་བ་དག་ལ་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པའོ། །རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱིའི་རྣམ་བཞག་ལས་འཕྲོས་པའི་དཔལ་ལྡན་ཤངས་པའི་ཆོས་སྐོར་གྱི་འབྱུང་ཁུངས་ཡིད་ཀྱི་མུན་སེལ་ལས། ཁྱེད་རང་རྣམས་སྒོ་གསུམ་ཆོས་དང་བསྟུན། ངའི་རྣམ་ཐར་སྐྱོངས། བདག་བསྟོད་སྨད་ཅི་བྱེད་པ་ལ་ཆགས་སྡང་མ་བྱེད། སྐྱེས་བུ་དམ་པ་སུ་དང་མཇལ་ཡང་གུས་འདུད་ཀྱིས། རང་ལུགས་མ་སྤོང། གཞན་ལ་མ་སྨོད། ཐེག་པ་གསུམ་པོ་རང་རང་གི་བསམ་སྦྱོར་སྒྲུབ་ཐབས་གོ་རིམ་ཤེས་པའི་བླང་དོར་མ་འཁྲུལ་པར་གྱིས། ཞེས་གསུངས་པ་ལྟར་ཐུགས་ལ་བཞག་པར་ཞུ།

ནང་བསྟན་ལ་གོ་བ་མ་ཆགས་པའི་སྐྱོན།

ནང་བསྟན་ལ་གོ་བ་མ་ཆགས་པའི་སྐྱོན།

སྙིགས་མའི་དུས་ལ་ཚུལ་ཁྲིམས་བསྲུང་དགོས་པར་མི་སྨྲ་བར་མི་སྐྱོན་མི་སྐྱོན་སྨྲ་བ་ནང་བསྟན་ལ་གོ་བ་མ་ཆགས་པའི་སྐྱོན། ནང་བསྟན་འཛིན་པ་ལ་ཐོས་བསམ་གལ་ཆེ་བར་མི་སྨྲ་བར་གཞན་སྐད་གལ་ཆེ་བར་སྨྲ་བ་ནང་བསྟན་ལ་གོ་བ་མ་ཆགས་པའི་སྐྱོན། དགོན་སྡེ་འཛིན་པ་མང་གཙོ་གལ་ཆེ་བར་མི་སྨྲ་བར་སྒེར་གཅོད་སྨྲ་བ་ནང་བསྟན་ལ་གོ་བ་མ་ཆགས་པའི་སྐྱོན། ཆོས་སྡེ་དད་ཤེས་ཀྱིས་འཛིན་དགོས་པར་མི་སྨྲ་བར་དཔལ་འབྱོར་གྱིས་འཛིན་དགོས་པར་སྨྲ་བ་ནང་བསྟན་ལ་གོ་བ་མ་ཆགས་པའི་སྐྱོན། བསྟན་པའི་སྙིང་པོ་བཤད་སྒྲུབ་ཡིན་པར་མི་སྨྲ་བར་ནང་བསྟན་ཆོས་ཚོང་སྨྲ་བ་ནང་བསྟན་ལ་གོ་བ་མ་ཆགས་པའི་སྐྱོན། ལུས་ཀྱི་རྩལ་སྦྱང་ལ་ཕྱག་སོགས་མི་སྨྲ་བར་ལྒང་ལི་སོགས་རྩེད་མོར་སྨྲ་བ་ནང་བསྟན་ལ་གོ་བ་མ་ཆགས་པའི་གཏམ། དད་ལྡན་འདུལ་བྱར་དམ་ཆོས་མི་སྨྲ་བར་སྲིད་ཀྱི་བདེ་འབྱོར་སྨྲ་བ་ནང་བསྟན་ལ་གོ་མ་ཆགས་པའི་སྐྱོན། རྒྱལ་བསྟན་འཆད་ཉན་གྱིས་འཛིན་དགོས་པར་མི་སྨྲ་བར་གསེར་ཁང་ཐོག་རྩེགས་དགོས་པར་སྨྲ་བ་ནང་བསྟན་ལ་གོ་བ་མ་ཆགས་པའི་སྐྱོན། བསྡུ་དངོས་བཞི་ཡིས་གདུལ་བྱ་རྗེས་སུ་འཛིན་དགོས་པར་མི་སྨྲ་བར་མགོ་སྐོར་སྣ་ཚོགས་སྨྲ་བ་ནང་བསྟན་ལ་གོ་བ་མ་ཆགས་པའི་སྐྱོན། ཤེས་འཇོན་ལྷག་བསམ་ཅན་ལ་རྒྱབ་སྐྱོར་མི་སྨྲ་བར་གཡོ་སྒྱུས་མ་ཉེས་ཁ་གཡོག་སྨྲ་བ་ནང་བསྟན་ལ་གོ་བ་མ་ཆགས་པའི་སྐྱོན། གཞན་ལ་བླ་མར་ཚུལ་བཞིན་དུ་བསྟེན་དགོས་པར་སྨྲ་ཡང་རང་གིས་ཚུལ་བཞིན་བསྟེན་པར་མི་བྱེད་པ་ནང་བསྟན་ལ་གོ་བ་མ་ཆགས་པའི་སྐྱོན། འདི་ཕྱིའི་སྐྱབས་གནས་བླ་མར་སྨྲ་ན་ཡང་བདེན་ཁ་རང་གིས་བཟུང་ནས་སྨྲ་བ་ནང་བསྟན་ལ་གོ་བ་མ་ཆགས་པའི་སྐྱོན། ཐོས་སྒོམ་གྱི་ཕན་ཡོན་མི་སྨྲ་བར་གླུ་གར་མཐོང་ཐོས་ཀྱི་ཕན་ཡོན་སྨྲ་བ་ནང་བསྟན་ལ་གོ་བ་མ་ཆགས་པའི་སྐྱོན། བསྟན་འཛིན་སྐྱེས་བུར་གསོ་སྐྱོང་དགོས་པར་མི་སྨྲ་བར་མིང་བཏགས་རྫུན་མ་གསོ་སྐྱོང་སྨྲ་བ་ནང་བསྟན་ལ་གོ་བ་མ་ཆགས་པའི་སྐྱོན། གང་དྲན་དུ་ཚིག་ནག་གཏམ་ནག་འདི་རིས་མེད་པའམ་དངོས་གྲུབ་དཔལ་གྱིས་སྨྲས་སོ། །

ནང་བསྟན་གྱི་རིག་གཞུང་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་དང་ཆ་མཐུན་ཡོད་པ།

ནང་བསྟན་གྱི་རིག་གཞུང་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་དང་ཆ་མཐུན་ཡོད་པ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནང་བསྟན་ཚོགས་ཆེན་འདིར་ཕེབས་པའི་གུས་པར་འོས་པའི་དབུ་ཁྲིད་རྣམ་པ་དང་ཚོགས་མི་རྣམས་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ། ངས་དེ་རིང་གཏམ་བཤད་ཀྱི་ཁ་བྱང་ངམ་མིང་ལ་ནང་བསྟན་གྱི་རིག་གཞུང་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་དང་ཆ་མཐུན་ཡོད་ཚུལ་ཞེས་བྱ་བ་དེ་ཡིན། ཞུ་བའི་རིམ་པ་དེ་ཡང་ནང་བསྟན་ཀྲུང་ཧའི་རིག་གནས་དང་ཆ་མཐུན་པ་བདུན་དང་རེ་བ་གཉིས་ཀྱི་སྒོ་ནས་ཞུ་རྒྱུ་ཡིན། ༡ ནང་བསྟན་ཀྲུང་ཧའི་རིག་གནས་གཉིས་འདྲ་མཉམ་ཡིན་པར་མཐུན་པའི་ཆ་ཡོད་ཚུལ་ནི། ནང་བསྟན་རིག་གཞུང་དུ་བདག་ཅག་སྟོན་པ་འཕགས་ཡུལ་དུ་བྱོན་པའི་སྐབས་དེ་དུས་སུ་རྒྱ་གར་ན་རྒྱལ་རིགས་དང་བྲམ་ཟེའི་རིགས་དང༌། དམངས་རིགས་དང་གདོལ་བའི་རིགས་སོགས་ལ་རིགས་རུས་མཐོ་དམན་གྱི་ལྟ་ཚུལ་ཧ་ཅང་ཆེ་མོད། སྟོན་པ་ཐུགས་རྗེ་ཅན་གྱིས། ཇི་སྐད་དུ། རིགས་མི་གཙོ། རུས་མི་གཙོ། བསླབ་པ་རིན་པོ་ཆེ་གཙོ། ཞེས་སོགས་ཀྱིས་ཤེས་རབ་ཀྱི་བསླབ་པ་སོགས་བསླབ་པ་གང་ལ་ཕུན་སུམ་ཚོགས་པ་དེ་རྩ་ཆེན་དང་ཡོན་ཏན་ཅན་དུ་བསྔགས་བརྗོད་གནང་ནས་ཡོན་ཏན་ཡོད་མེད་ཀྱི་མཆོག་དམན་ཡོད་པ་ལས་རིགས་རུས་དང་དཔལ་འབྱོར་གྱི་རྫོང་མཐུག་མིན་མི་ལྟོས་པར་ནང་སེམས་ཀྱི་དཔལ་ཡོན་གལ་ཆེ་བར་གསུངས་ནས་འདྲ་མཉམ་གྱི་ཁོར་ཡུག་བཟང་བོ་བསྐྲུན་པར་མཛད་དོ། །༢ སྟོན་པ་ཐུགས་རྗེ་ཅན་གྱིས་ཐུགས་བརྩེ་བའི་སྒོ་ནས་སྒེར་གཅོད་མེད་པར་འཛམ་གླིང་འདིར་མང་གཙོ་ཚད་ལྡན་ཐོག་མར་བསྐྲུན་པ་རེད། དེའི་ཚུལ་ནི། གྲོས་བསྡུར་གྱི་སྒོ་ནས་སྤྱི་མོས་དང་མང་མོས་ཀྱི་མང་གཙོ་སྲོལ་ཕྱེས། དེ་ཡང་ཆོས་འདུལ་བ་ལུང་གི་སྐབས་སུ་ལས་བརྒྱ་རྩ་གཅིག་གི་སྐབས་སུ། ཇི་སྐད་དུ། དགེ་འདུན་པ་རྣམས་དེ་ལ་མི་བཟོད་པ་མེད་ན་ཅང་མ་གསུངས་ཤིག ཡོད་ན་གསུངས་ཤིག ཅེས་བརྗོད་ནས་ཅང་གསུང་མཁན་མེད་ན་སྤྱི་མོས་ཀྱིས་གྲོས་ཐག་བཅད་ལ། དགེ་འདུན་དབྱེན་གྱི་སྐབས་སོགས་སུ་ཚུལ་ཤིང་བཀྲམ་ནས་གང་མང་བལྟས་ནས་མང་བ་ལ་བརྡས་ཐག་བཅད་པ་སོགས་ཀྱིས་དཔེར་མཚོན་ནས་ཤེས་པར་བྱའོ། །༣ སྟོན་པ་ཐུགས་རྗེ་ཅན་གྱིས་རྨོངས་དད་ཙམ་གྱིས་མི་ཆོག་པར་ཤེས་རབ་ཀྱི་མིག་བསྐྲུན་ནས་འཇིག་རྟེན་རྒུད་པ་ལས་སྐྱོབས་དགོས་པར་ཡང་ཡང་གཏན་ལ་བབ་པ་རེད། དེ་ཡང་འཇིག་རྟེན་གྱི་དཀའ་ངལ་ཅི་སྙེད་ཡོད་པ་ཐམས་ཅད་ཀྱི་རྩ་བ་ནི་མ་རིག་པ་ཡིན་ལ། དེ་སེལ་བ་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ལ་རེག་ལས་པར་གཏན་ལ་ཕབ། དེ་ཡང་སློབ་དཔོན་སངས་རྒྱས་གཉིས་པ་དབྱིག་གཉེན་གྱི་མཛོད་རྩ་བ་ལས། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བའི་ཐམས་མེད་ལ། །ཉོན་མོངས་པས་ནི་འཇིག་རྟེན་སྲིད་མཚོ་འདིར་འཁྱམ་སྟེ། །དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ། །ཞེས་སོགས་ཀྱིས་གསུངས་ལ། འཁོར་རྩ་བདག་འཛིན་སྤངས་པ་ལ་བདག་མེད་རྟོགས་པའི་ཤེས་རབ་ལ་རེག་ལས་པ་ཡིན། དེ་ཡང་ཇི་སྐད་དུ། བདག་སྲིད་མ་ལུས་ཤེས་རབ་ཀྱིས་བཅད་དེ། །ཅེས་སོགས་རྒྱ་ཆེར་གསུངས་པས་སོ། །༤ སྒེར་སེམས་དང་གཞན་ལ་གནོད་པ་མེད་པར་དམངས་ཕན་དང་སྤྱི་ཕན་གྱི་བྱ་བ་སྒྲུབ་དགོས་པར་ནང་བསྟན་རིག་གཞུང་ལས་བཤད་ལ། དེ་ཡང་རང་གཅེས་འཛིན་དང་བདག་འཛིན་དང་གནོད་སེམས་ལ་ཁ་གཏད་བྱས་ནས་དེའི་གཉེན་པོ་བྱམས་བརྩེ་དང་བདག་གཞན་མཉམ་བརྗེ་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་བདག་མེད་རྟོགས་པའི་ཤེས་རབ་གལ་ཆེ་བར་གསུངས་པ་མ་ཟད་ཐེག་པ་དམན་པའི་སྡེ་སྣོད་ཀྱི་སྐབས་སུ་སྤྱོད་པ་འཚེ་བ་མེད་པར་གསུངས་ནས་ཐེག་ཆེན་གྱི་སྡེ་སྣོད་ཀྱི་སྐབས་སུ་གཞན་ཕན་སྒྲུབ་དགོས་པར་གསུངས། དེའི་ཐབས་ཡང་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞིའི་སྒོ་ནས་སྒྲུབ་ཚུལ་ཞིབ་རྒྱས་བཀའ་སྩལ་ཡོད་དོ། །༥ དྲང་བདེན་དང་གནས་ལུགས་གཙུག་འཛིན་དགོས་པར་ནང་བསྟན་ལས་བཤད་ཚུལ་ནི། ལས་དགེ་བ་བྱས་པ་ལས་འབྲས་བུ་བདེ་བ་འབྱུང་བ་མི་བསླུ་བ་དང༌། ལས་མི་དགེ་བ་བྱས་ན་འབྲས་སྡུག་བསྔལ་འབྱུང་བ་མི་བསླུ་ཡིན་པར་ཇི་སྐད་དུ། ས་བོན་མངར་བ་བཏབ་པ་ལས། །འབྲས་བུ་མངར་བ་ཉིད་དུ་འགྱུར། །ས་བོན་ཁ་བ་བཏབ་པ་ལས། །འབྲས་བུ་ཁ་བ་ཉིད་དུ་སྨིན་པར་འགྱུར། །ཞེས་སོགས་དང༌། བདེན་བཞིའི་ཆོས་འཁོར་ལས། སྡུག་བསྔལ་ཤེས་པར་བྱའོ། །ཀུན་འབྱུང་སྤང་བར་བྱའོ། །འགོག་པ་མངོན་དུ་བྱའོ།། ལམ་བསྒོམ་པར་བྱའོ། །ཞེས་སོགས་ཀྱིས་བདེན་བཞི་མཇུག་ལྡོག་གི་རིམ་པ་སོགས་ཕྲ་ཞིབ་ནས་གསུངས་པས་དྲང་བདེན་དང་གནས་ལུགས་གསལ་བར་མཛད་དོ། །༦ འདོད་རྔམས་དང་རུལ་སོང་མེད་པར་གྲོན་ཆུང་བསྟན་པ་ནི། འདོད་ཆུང་ཆོག་ཤེས་དང་མ་བྱིན་ལེན་བཀག་པ་དང་སྦྱིན་བདག་གི་དཔལ་འབྱོར་གྲོན་ཆུང་དགོས་པར་འདུལ་ལུང་སྡེ་བཞི་ལས་རྒྱ་ཆེར་གསུངས་ལ། དཔེར་ན་ཆོས་གོས་རལ་ནས་བཙེམ་དུ་མི་རུང་ཚེ་གཙུག་ལག་ཁང་གི་གས་ཁ་གསུབ་བྱེད་དུ་བྱས་ནས་ཆུད་ཟོས་བྱེད་མི་རུང་བར་གསུང་པ་ལྟ་བུའོ། །༧ ནང་བསྟན་ནི་རྒྱལ་ཁབ་གཅེས་པ་དང༌། ཆོས་གཅེས་དང་མཐུན་པའི་ཆ་ཡོད་པ་རེད། དེའི་རྒྱུ་མཚན་ནི་འདུལ་བ་ལུང་གི་སྐབས་སུ་རྒྱལ་ཁྲིམས་བརྩི་འཇོག་དང༌། ཤོ་གམ་ཡང་རྒྱལ་ཁྲིམས་ལྟར་གཞལ་དགོས་པ་དང༌། དགེ་འདུན་པའི་གཙུག་ལག་ཁང་བཞེངས་པ་དང་རབ་ཏུ་བྱུང་བ་ལ་རྒྱལ་པོ་ལས་གནང་པ་ཐོབ་དགོས་པ་སོགས་འདུལ་བའི་བཅས་མང་པོ་སྤྱི་ཚོགས་ཀྱི་ཁ་ཟེར་ལ་བརྟེན་ནས་བཅས་པ་མཛད་བཞག་པ་རྒྱ་ཆེར་ཡོད། ཆོས་གཅེས་དགོས་པ་ནི་གཞན་གྱིས་དད་མོས་ལ་རྩི་འཇོག་དང་གྲུབ་མཐའ་སྨད་ན་རྩ་བའི་ལྟུང་བ་དྲུག་པ་ཡིན་པ་དང༌། ཆོས་སྤོང་གི་ལས་སྤངས་དགོས་པར་བཤད་ཡོད་པ་སོགས་ཀྱིས་གྲུབ་ལ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་དད་མོས་རང་དབང་དང་ཆོས་སྒྲུབ་པའི་ཁེ་དབང་ཡོད་པས་ཀྲུང་གོ་ཅན་དང་མཐུན་པའི་ཆ་ཧ་ཅང་མང་དུ་ཡོད་པ་ལྟར་རོ། །གཉིས་པ་རེ་བ་གཉིས་ལས། དང་པོ། ཆོས་པ་རྫུན་མ་རྣམས་ཀྱིས་ནང་བསྟན་ལ་བརྟེན་ནས་ཚོང་ལས་དང་དད་ལྡན་མང་ཚོགས་ལ་མགོ་སྐོར་བ། དཔལ་འབྱོར་གཡོ་ལེན་མི་བྱེད་པ་སོགས་མདོར་ན་དད་པ་དད་པའི་ས་ལ་བཞག་རྒྱུ་དང༌། ཆོས་ཆོས་ཀྱི་ས་ལ་བཞག་ནས་ནང་ཆོས་ཡང་དག་པ་ལ་བརྟེན་པ་གལ་ཆེའོ། །རེ་བ་གཉིས་པ་རིག་གནས་ཕྲན་ཚེགས་ཙམ་ཤེས་པའི་གཞོན་སྐྱེས་རྣམ་པ་ཚོས་ནང་ཆོས་ཀྱི་སྙིང་དོན་ལ་ཞིབ་འཇུག་དང་རྒྱུས་ལོན་གཏན་ནས་མེད་པར་གང་ཟག་རེ་ཟུང་གི་སྒེར་སྐྱོན་དེ་ནང་ཆོས་ཀྱི་སྐྱོན་ལ་སྦྱོར་ནས་སྐྱོན་བརྗོད་པ་ནི་རྒྱུས་ལོན་མེད་པའི་སྐད་ཆ། ཞིབ་འཇུག་མེད་པའི་སྐད་ཆ། ཆོས་དད་མང་ཚོགས་ལ་ཐེར་གཏོགས་དང་ཁེ་དབང་འཕྲོག་པ་འང་འགྱུར་བས་དེ་ལྟར་མི་བྱེད་པར་རེ་བ་ཞུ། འོན་ཀྱང་ཆོས་ལ་དད་མིན་དང་ཁས་ལེན་མིན་སྒེར་ལ་རག་ལས་པ་ཞིག་རེད་ལགས། མདོར་ན་ནང་བསྟན་རིག་གཞུང་འདི་བརྗོད་བྱ་ཆ་ནས་གཞི་བདེན་གཉིས་བདེན་བཞི་མི་རྟག་སོགས་བདག་མེད་གཉིས་དང༌། ལམ་ཚོགས་གཉིས་ཟུང་འཇུག་ས་བཅུ་ལམ་ལྔ་སོགས་དང༌། འབྲས་བུ་སྐུ་གཉིས་གཟུང་འཇུག་སྐུ་བཞི་མཛད་པ་འཕྲིན་ལས་སྟོན་པ་སོགས་ནང་ཆོས་ཀྱི་རིག་གཞུང་ནི་བརྗོད་བྱ་ཆ་ནས་རྒྱ་ཆེ་བ། དོན་དངོས་སམ་གནས་ལུགས་དང་མཐུན་པ། སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་རིག་གཞུང་འདིའི་རིན་ཐང་ངོ་ཤེས་རྒྱུ་གལ་ཆེའོ། །བཀྲ་ཤིས་བདེ་ལེགས་ཞུ། ཐུགས་རྗེ་ཆེ། དགེའོ། །

དྲིན་ཆེན་ལ་དྲིན་ཅན་དུ་ངོས་ཟིན་དགོས།

དྲིན་ཆེན་ལ་དྲིན་ཅན་དུ་ངོས་ཟིན་དགོས།

རང་ལ་དྲིན་ཆེ་བའི་མི་བུ་དག་ལ་དྲིན་ལན་མེད་པ་ནི་ཧ་ཅང་ཐ་ཤལ་བའི་སྤྱོད་པ་ཡིན་པ་ཤེས་དགོས། མཐོན་པོ་ཞིག་ཡིན་ཀྱང་དམན་པ་ལ་བརྙེས་བཅོས་མི་བྱེད་པར་ནུས་ཚད་ཀྱིས་ཞབས་ཕྱི་སྒྲུབ་འོས། རང་ཉིད་ཀྱི་ཐོབ་ཐང་དང་ཡོན་ཏན་འབྱོར་ཕྱུག་ཅི་རིགས་ནས་ཁྱད་པར་ཞིག་ཡོད་ན་ཡང་རང་ཉིད་ལས་དམན་པ་ཚོར་རོགས་སྐྱོར་རེ་གནང་བ་ནི་ཀུན་སྤྱོད་ཡག་པོ་ཞིག་ཡིན་པ་ཤེས་དགོས། སྤྱི་ཚོགས་ཀྱི་གནས་བབ་ལ་བཙན་པོ་ཞིག་གིས་ཇི་ལྟར་གནོད་པ་བྱས་ན་ཁོང་ཁྲོ་མི་ནུས་པར་སླར་གུས་ཞབས་བྱེད་ལ། ཉམ་ཆུང་སྟེང་ལ་དོན་མེད་ན་ཡང་ཁོང་ཁྲོ་ཟ་བ་དང་ཕྲག་དོག་བྱེད་པ་མི་གཞིའི་ཀུན་སྤྱོད་ཧ་ཅང་ངན་པར་ངེས། དེང་དུས་དགེ་བའི་བཤེས་གཉེན་ཞིག་བསྟེན་དུས་བླ་མ་དེ་སློབ་མ་ལ་ངོ་བསྟོད་ཁོ་ན་བཤད་མཁན་ཡིན་ན་དགའ་ལ། བླ་མ་དེས་སློབ་མའི་དམ་པའི་ཆོས་ཀྱི་བྱ་བ་ལ་བསམ་ཞིག་གནང་ནས་མདུན་ལམ་དང་ཀུན་སྤྱོད་དང་སྤོང་ཀློག་གི་ལས་ལ་བརྩོན་ཕྱིར་བཀའ་སྐྱོན་གནང་བ་སོགས་རང་དོན་ཡིན་པ་ཧ་མི་གོ་བ་དང༌། འཇིག་རྟེན་གྱི་ཆེ་ཐང་རྫུན་མ་རེ་བཀོད་པ་དང༌། མངོན་ནས་ངོ་བསྟོད་ཙམ་བཤད་ནས་སེམས་ལ་རང་ལ་འཁོར་གཡོག་ཙམ་གྱིས་ཆོག་པར་འཛིན་པ་ལ་བརྟག་དཔྱད་ཙམ་མི་བྱེད་པར་རང་གི་སྐྱབས་མགོན་དུ་རློམ་པ་དང༌། མིང་དང་གོ་ས་ཆེ་བ་ཡིན་ན་ཆོས་ཀྱི་དྲིན་ཆེ་ཆུང་ཆོས་འབྲེལ་ཡོད་མེད་དང་རང་ལ་ཕན་ཐོགས་མིན་ལ་མ་ལྟོས་པར་དེ་རང་གི་བླ་མ་རུ་བཟུང་ལ། གྲྭ་རྐྱང་རྣམས་ཀྱིས་གཞན་དོན་ཁོ་ན་ཐུགས་ལ་བཟུང་ནས་ཉིན་མ་རེ་རེ་འབད་པ་བྱས་ནས་རང་གི་དོན་དུ་མི་ཚེ་ཟད་པར་བྱས་ནས་དཀའ་ངལ་སྤྱོད་བཞིན་པ་འདི་མི་ཤེས་པ་ནི་འཇིག་རྟེན་ན་རང་གི་ཕ་མ་ཁྱིམ་མི་རྣམས་དྲིན་ཆེ་བ་མི་ཤེས་པར་སྡིག་གྲོགས་རེ་རྩ་ཆེན་དུ་འཛིན་མཁན་ཡོད་པ་ལྟར་རེད། མི་གཞི་ངན་པ་ཞིག་ཡིན་ན་ལོ་མང་པོར་ཆོས་འཇིག་རྟེན་གྱིས་བསྐྱངས་ན་ཡང་བླ་མའི་བཀའ་སྐྱོན་ལན་གཅིག་ཙམ་ལ་བརྟེན་ནས་ངོ་རྒོལ་བྱེད་པ་སོགས་འཇིག་རྟེན་འདི་ཆེས་འཇིགས་སུ་རུང་བའི་གནས་ཡིན་པས་གཞན་ལ་ཕན་རེ་བཏག་ན་ལན་ལ་མི་རེ་བར་གཞན་ལ་ལྷག་བསམ་གཙང་མ་དགོས། འཇིག་རྟེན་མི་འདི་མགོ་རྨོངས་བ་ཞིག་རེད། ཁྱི་ཞིག་ཡིན་ན་ཡིན་རེ་རེ་ཟས་སྦྱིན་ན་ངོས་ཟིན་ཡོད་པ་མ་ཟད་ལན་ཅིག་ཙམ་ཟས་སྦྱིན་ན་ངོ་ཤེས་ལ། དྲིན་ལན་ལོག་འཇལ་མི་བྱེད། མི་ནི་དེ་ལྟ་མ་ཡིན་པས་མིའི་བསམ་བློ་ཡར་རྒྱས་གཏོང་དགོས། བཤེས་གཉེན་རེ་ཟུང་གིས་སློབ་མ་རྣམས་ལ་ཆོས་ཚིག་བཞི་ཙམ་ཉན་ན་བླ་མར་འཛིན་དགོས་པ་ནི། མདོ་ལས། ཚིགས་བཅད་གཅིག་ཙམ་སྟོན་པ་ནས། །བླ་མ་དག་ཏུ་མ་བཟུང་ན། །ཁྱི་ཡི་སྐྱེ་བ་ལྔ་བརྒྱ་བླངས། །དེ་ནས་རྨེ་ཤ་ཅན་དུ་སྐྱེ། །ཞེས་བཤད་པ་དོན་ལ་གནས་པ་ཡིན་མོད། རང་གི་ཁ་ནས་དེ་བཤད་ནས་རང་གིས་བཤེས་གཉེན་བསྟེན་ཚུལ་མི་ལེགས་པ་མང་དུ་སྣང༌། ང་རྒྱལ་ཁེངས་དྲག་ཅན་ལ་དྲིན་ཅན་གྱི་འདུ་ཤེས་འབྱུང་དཀའ་འོ། །དངོས་གྲུབ་དཔལ་གྱིས། ངོ་བསྟོད་ལ་དགའ་བའི་མི་ལ་དོན་ལ་དྲིན་ཆེ་བ་ལས་ངོ་བསྟོད་ཀྱི་ཚིག་གམ་གཅམ་བུའི་ཚིག་རེ་བཤད་ན་སེམས་དགའ། དོན་གྱི་དྲིན་ཤེས་མཁན་ཞིག་ཡིན་ན་ངོ་བསྟོད་ཁྲི་མ་འབུམ་བཤད་པ་ལས་བསམ་བཟང་གི་སྐྱོན་ནས་བརྗོད་ན་དྲིན་ཤེས། དངོས་གྲུབ་དཔལ་གྱིས།


previousཆོས་བརྒྱུད་རིས་མེད་བྱེད་ཕྱོགས་སྐོར་ལ་ཅུང་ཟད་གླེང་བ།next