Nitartha Digital Library
Tibetan
གསུང་འབུམ་པོད་བཅོ་ལྔ་པ། བསྟན་པའི་གསོ་སྨན་སོགས།


  expand section
  expand section
  expand section
  expand section
  collapse section
ནང་ཆོས་ངོ་སྤྲོད་མདོར་བསྡུས།
   
   
   
   
   
   
   


 
previousནང་ཆོས་ངོ་སྤྲོད་མདོར་བསྡུས། next

ནང་ཆོས་ངོ་སྤྲོད་མདོར་བསྡུས།

ནང་ཆོས་ངོ་སྤྲོད་མདོར་བསྡུས་བཞུགས་སོ། །

འཛམ་གླིང་ཞི་བདེའི་ལམ་སྟོན་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །དང་པོ་ཐུགས་བསྐྱེད་བར་ཏུ་ཚོགས་གཉིས་བསགས། །ཐ་མ་རྟེན་འབྲེལ་ཟབ་གནད་མངོན་སུམ་གཟིགས། །ཐུགས་རྗེ་ཆེན་པོས་འགྲོ་ལ་རྟག་ཏུ་དགོངས། །མ་ནོར་ལམ་བཟང་སྟོན་ལ་གུས་ཕྱག་འཚལ། །དེ་ལ་འདིར་ནང་པ་སངས་རྒྱས་པའི་བསྟན་པ་འདི་ལ་བརྟེན་ནས་སྐྱེ་འགྲོ་སེམས་ལྡན་རྣམས་ལ་ཕན་བདེའི་འབྱུང་གནས་སུ་འགྱུར་ཚུལ་མཚོན་ཙམ་ཞིག་བརྗོད་པ་ལ་གཉིས། དང་པོ་ནང་ཆོས་ཀྱི་ངོ་སྤྲོད་དང༌། དེ་ལ་བརྟེན་ནས་ཕན་འདོགས་ཚུལ་དང་གཉིས། དང་པོ་ནང་བསྟན་ངོས་འཛིན་ནི། སྤྱིར་ནང་པ་སངས་རྒྱས་པའི་བསྟན་པ་ལ་ལུང་རྟོགས་ཀྱི་བསྟན་པ་གཉིས་སུ་ངེས་ཏེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་པས་སོ། །ལུང་གི་ཆོས་ནི། ཞི་བདེའི་གནས་ལ་ཕྱིན་བྱེད་ཀྱི་ཐབས་མ་ནོར་བར་སྟོན་པའི་སྡེ་སྣོད་གསུམ་རྣམས་སོ། །རྟོགས་པའི་ཆོས་ནི། བསླབ་གསུམ་ཉམས་ལེན་ནས་བརྩམས་ཏེ་མཐར་ཐུག་སངས་རྒྱས་ཀྱི་བར་གྱྀ་ཉེས་སྐྱོན་སྤངས་པ་དང་དེ་སྤོང་བྱེད་ལམ་མམ་ཐབས་རྣམས་ཡིན་ནོ། །དེ་ཉམས་སུ་ལེན་ཚུལ་ནི། མཛོད་ལས། དེ་འཛིན་བྱེད་དང་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་པ་ལྟར་ཞིབ་འཇུག་བྱེད་པ་ཙམ་མ་ཡིན་པར་ལུང་གི་ཆོས་ལ་དད་པ་དང་ལྡན་པའི་སྒོ་ནས་ཐོས་བསམ་སམ་གསན་བསམ་བྱེད་པ་དང༌། རྟོགས་པའྀ་བསྟན་པ་ལ་བསླབ་གསུམ་ཉམས་ལེན་བྱས་ནས་གཞན་ལ་གནོད་འཚེའི་རིགས་སྲོག་གཅོད་པ་སོགས་སྡིག་པ་མི་དགེ་བ་བཅུ་སོགས་མི་བྱ་བར་འཛེམ། བྱམས་སྙིང་རྗེ་སོགས་དགེ་བ་རྣམས་རང་རྒྱུད་ལ་བསྐྱེད་པར་བྱས་ནས། རང་གི་རྒྱུད་ཀྱི་ཉོན་མོངས་སོགས་ཉེས་སྐྱོན་ནམ་བསམ་པ་ངན་པ་ཞི་བར་བྱེད་པ་དེ་ཡིན་ཏེ། ཤཱཀྱ་ཐུབ་པའི་ཞལ་སྔ་ནས། སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་སོ། །མདོར་ན་ནང་བསྟན་ནི་ཕྱིའི་གཟུགས་བརྙན་ཙམ་མ་ཡིན་པར་ནང་གི་བསམ་པ་བཟང་པོ་ཞིག་དགོས་ཏེ། ཇི་སྐད་དུ། བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །དགེ་སྡིག་ཆེ་ཆུང་གཟུགས་བརྙན་རྗེས་མི་འབྲང༌། །ཞེས་གསུངས་པས་སོ། །མདོར་ན་དམ་པའི་ཆོས་ནི་གནོད་འཚེ་སྤངས་དགོས་ཏེ། མདོ་ལས། དམ་པའི་ཆོས་ལ་སྐྱབས་སོང་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །ཞེས་དང༌། དབུ་མ་བཞྀ་བརྒྱ་བ་ལས། མདོར་ན་ཆོས་ནི་མི་འཚེ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་གསུངས་པའི་ཕྱིར་རོ། །དེང་དུས་སུ་སྤྱི་ཚོགས་ཀྱི་ཁྲོད་ན་གོང་དུ་བཤད་པ་བཞིན་ཆོས་ལ་བརྩོན་པ་ནི་ཆོས་པ་རྣམ་དག་ཡིན་མོད་ཀྱང་དཔེར་ན་ཁྲོམ་ར་ན་ཚོང་ནོར་དག་རྫུན་དུ་མ་ཡོད་པ་བཞིན་ཆོས་པའི་གཟུགས་ཀྱིས་གཡོ་སྒྱུ་དང་སེམས་ཅན་གྱི་བདེ་སྐྱིད་ལ་གནོད་པ་བྱེད་པ་སོགས་ཆོས་མིན་བྱེད་པ་དག་ནི་ཆོས་རྫུན་ཡིན་པར་ཤེས་པ་གལ་ཆེན་དུ་སྣང་ངོ༌། །དེས་ན་ཆོས་པ་རྣམ་དག་ལ་ཆོས་རྫུན་གྱི་ཉེས་པ་མི་བགོ་བར་ཞུའོ། །གཉིས་པ་དེ་ཉམས་སུ་ལེན་པ་ལ་བརྟེན་ནས་ཕན་འདོགས་ཚུལ་ནི། ཇི་སྐད་དུ། ཕན་བདེ་འབྱུང་བའི་གནས་གཅིག་པུ། །ཞེས་གསུངས་པ་ལྟར་གནས་སྐབས་ཀྱི་འཇིག་རྟེན་འདིའི་བདེ་བ་སོགས་དང༌། སྡུག་བསྔལ་ལས་ཐར་བའི་བདེ་བ་དང༌། མཐར་ཐུག་སངས་རྒྱས་ཀྱི་བདེ་བ་མ་ལུས་པ་འབྱུང་བ་ཡིན་མོད་ཀྱང་དེ་འདྲའི་རྒྱུ་འབྲས་ཀྱི་འབྲེལ་བ་ཞིབ་པར་ནང་ཆོས་ལ་སློབ་སྦྱང་མ་སོང་བ་ཞིག་གི་རྟོགས་དཀའ་བས་མ་སྤྲོས་ལ། སྐབས་འདིར་རྟོགས་སླ་བ་ཕྱོགས་ཙམ་གླེང་ན་སྡིག་པ་མི་དགེ་བ་བཅུ་ལུས་ཀྱི་སྒོ་ནས་སྲོག་གཅོད་པ། མ་བྱིན་པར་ལེན་པ། འདོད་པའི་ལོག་པར་གཡེམ་པ་གསུམ་དང༌། ངག་གི་སྒོ་ནས་རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་བཞི་དང༌། ཡིད་ཀྱི་སྒོ་ནས་བརྣབ་སེམས་གནོད་སེམས་ལོག་ལྟ་གསུམ་སྟེ་དེ་དག་སྤངས་ན་རང་གི་སེམས་ཡང་ཞི་བདེ་ལ་གནས་ཐུབ་པ་དང༌། གཞན་ལ་བདེ་སྐྱིད་ལ་གནས་པར་བྱེད་པའི་ཐབས་ལམ་རྨད་དུ་བྱུང་བའོ། །དེ་ཡང་དཔེར་ན་སྲོག་གཅོད་པ་སྤངས་ན་རང་ཡང་གནོད་སེམས་ལས་ལོག་པ་དང་འཁྲུག་དེར་རྟེན་རྡུང་རྡེག་སོགས་མེད་པར་རང་ཡང་བདེ་འཇགས་ལ་གནས་ཐུབ། གཞན་ལ་འགྲོ་བ་མི་ཙམ་མ་ཡིན་པར་སེམས་ཅན་ཐམས་ཅད་སྲོག་གི་གནོད་པ་ལས་ལྡོག་པའི་ཕན་འབྲས་ཡོད། དེ་བཞིན་དུ་མ་བྱིན་ལེན་པ་སྤངས་པ་སོགས་གཞན་ལ་རིགས་འདྲ་སྦྱར་ན་ཤེས་ནུས། ཡང་དཔེར་ན་དགྲ་ལྟ་བུ་ལ་བྱམས་པ་ཞིག་སྒོམ་ན་སྐབས་དེར་རང་རྒྱུད་ཀྱི་ཞེ་སྡང་ཞི་བ་དང་གཞན་ལ་གནོད་འཚེ་མི་འབྱུང་བའི་ཕན་པ་སྒྲུབ་ནུས་པ་མྱོང་བས་གྲུབ་པའོ། །སྤྱིར་ནང་ཆོས་ལས་ཞི་བདེའི་རྩ་བ་ནི་ཕྱིའི་དཔལ་འབྱོར་ཡར་རྒྱས་ཙམ་མ་ཡིན། དེའི་རྒྱུ་མཚན་ནི་ཕྱིའི་དཔལ་འབྱོར་ཇི་ལྟར་ཡོད་ན་ཡང་ནང་གི་སེམས་ལ་སྡུག་བསྔལ་གྱིས་མནར་བ་ཡོད་པ་མངོན་སུམ་གྱིས་གྲུབ་ལ། དེས་ན་བྱམས་བརྩེ་ལ་གནས་ན་རང་སེམས་བདེ་ལ་གཞན་ལ་བདེ་སྐྱིད་བསྐྲུན་ནུས། ནང་བསྟན་ནི་ཐེག་དམན་གྱི་སྐབས་སུ་ལུས་ངག་ཡིད་ཀྱི་ཉེས་སྤྱོད་ལས་ལྡོག་ནས་གཞན་ལ་གནོད་པ་སྤངས་པ་ཡིན། ཐེག་ཆེན་གྱི་སྐབས་སུ་རང་ཉིད་བྱམས་བརྩེ་ལ་གནས་ནས་གཞན་ལ་སྦྱིན་པ་བྱིན་པ་སོགས་གཞན་དོན་ཆེ་ཆུང་ཐམས་ཅད་སྒོ་དུ་མ་ནས་སྒྲུབ་པ་ཡིན་པས་རང་གཞན་ལ་ཕན་བདེ་བསྐྲུན་ནུས། དེས་ན་ཞི་བདེའི་རྩ་བ་ནང་སེམས་ཀྱི་ཞི་བདེ་ཡིན། སྤྱིར་ནང་ཆོས་ནི་ཚེ་འདིའི་བདེ་བ་ཙམ་མ་ཡིན་པར་ཚེ་ཕྱི་མའི་དོན་དང༌། དེ་ཡང་ཚེ་ཕྱི་མའི་འཁོར་བའི་བདེ་འབྱོར་གཙོ་བོ་སྒྲུབ་པ་མ་ཡིན་པར་སྡུག་བསྔལ་མ་ལུས་པ་ཞི་བའི་ཐར་བ་དང་ཤེས་བྱའི་གནས་ཀུན་མཁྱེན་པའི་མཁྱེན་པ་སྒྲུབ་པ་ནི་གཙོ་བོ་ཡིན་ནོ། །དེ་ཡང་དཔེར་ན་འཇིག་རྟེན་ན་ཞིང་ནང་དུ་ས་བོན་ནས་འབྲས་སོགས་རྒྱུ་སོ་སོ་ལས་འབྲས་བུ་སོ་སོར་འབྱུང་ལ། ཆུ་ལུད་དྲོ་གཤེར་སོགས་ཚོགས་ལུགས་ཀྱིས་འབྲས་བུ་ལ་བཟང་ངན་དུ་མ་འབྱུང་བ་བཞིན་ཚེ་འདིའི་སེམས་ཀྱི་དགེ་སྡིག་གམ་བཟང་ངན་སྣ་ཚོགས་ཀྱི་དབང་གིས་ཚེ་ཕྱི་མའི་བདེ་སྡུག་སྣ་ཚོགས་འབྱུང་བ་གདོན་མི་ཟ་བ་ཡིན་ལ། དེ་དཔེ་གང་ལས་ཤེས་ན་དཔྱིད་དུས་སུ་ས་བོན་བཏབ་དུས་སུ་འབྲས་བུ་སྣ་ཚོགས་ཡོད་པ་མངོན་སུམ་གྱིས་མ་གྲུབ་ཀྱང་སྟོན་དུས་ལྟ་བུ་འབྲས་བུ་གྲུབ་ཚེ་རྟོགས་ཐུབ་པ་བཞིན་ཚེ་འདིར་ལས་དགེ་མི་དགེ་སྣ་ཚོགས་བསགས་དུས་སུ་འབྲས་བུ་བདེ་སྡུག་མངོན་སུམ་གྱིས་མ་གྲུབ་ཀྱང་དེའི་འབྲས་བུ་བདེ་སྡུག་སྣ་ཚོགས་སེམས་ཅན་རྣམས་ཀྱི་སྟེང་དུ་བྱུང་བའི་ཚེ་ན་མངོན་སུམ་ཀྱིས་གྲུབ་ཐུབ་པའོ། །ནང་ཆོས་ཀྱི་སྐབས་རྒྱུ་རྐྱེན་མང་པོ་ཚོགས་པའི་འབྲས་བུ་སྣ་ཚོགས་འབྱུང་བར་འདོད་པ་ལས། ཆོས་ལུགས་པ་མང་པོས་བདེ་སྡུག་སོགས་འབྲས་བུ་འདི་དག་བྱེད་པ་པོ་ལྷ་གཞན་གྱིས་བྱས་པ་སོགས་ལྟར་མི་འདོད་དོ། །དེ་དག་ལེགས་པར་ཤེས་ན་ནང་བསྟན་གྱིས་ཕན་བདེ་སྒྲུབ་ཚུལ་ཤེས་ལ། འོན་ཀྱང་དེ་སྒྲུབ་ཚུལ་ནང་ཆོས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ལམ་རིམ་སོགས་གཤིས་ཕྱིན་པར་མ་ཤེས་ན་དེ་རྟོགས་དཀའ་བ་དང༌། ཚིག་ཚོགས་ཡང་མང་བོས་སྒོ་ནས་བཤད་དགོས་པས་ན་རེ་ཞིག་དེ་ཙམ་ལས་མ་སྤྲོས་སོ། །སྨྲས་པ། རྟེན་འབྲེལ་ཟབ་མོའི་གནད་རྣམས་ཚུལ་བཞིན་དུ། །མ་འདྲེས་གསལ་བར་གཟིགས་པ་སྲིད་མཐའ་ཙམ། །ལེགས་གསུང་ཟབ་མོའི་གསུང་རབ་དགོངས་དོན་ལ། །ཡིད་ཆེས་དད་པས་ཡང་དག་འཇུག་འཚལ་ལོ། །ཞེས་པ་འདི་ནི་པེ་ཅིན་ནང་བསྟན་སློབ་གླིང་གིས་རྩོམ་བསྐུལ་གནང་བ་ལ་བརྟེན་ནས་ངོ་མི་ལྡོག་ཙམ་དུ་ཛ་འགོའི་རི་ཁྲོད་བྱང་ཆུབ་ཆོས་རྫོང་ནས་ཆུ་སྟོད་ཟླ་བའི་ཚེས་བཅུ་གསུམ་གྱི་སྔ་དྲོའི་ཐུན་གསང་ལ་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པའོ། །སརྦ་མངྒ་ལཾ། ༄༅། །འཇིག་རྟེན་སྲིད་པའི་བདེ་འབྱོར་མ་ཆགས་ཤིང༌། །འཚེ་མེད་བསྟན་པའི་གཞི་མ་ངུར་སྨྲིག་སྡེ། །རང་གི་ལས་འགན་རང་མདུན་བཞག་པ་དེ། །ལུང་རྟོགས་བཤད་སྒྲུབ་བསྟན་པ་མ་ཡིན་ནམ། །སྟོན་པའི་བསྟན་ལ་སོམས་ཤིག་ཤེས་ལྡན་འབུམ། །གཞན་ལ་ཕྲག་དོག་བསམ་པ་རིང་དོར་ནས། །མ་གཡེང་གསོན་དང་ཀུན་མཁྱེན་དབྱིག་གཉེན་གྱིས། །སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང༌། །དབང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །རང་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས། །མཆོག་ཏུ་ཞིར་གཤེགས་འགྲོ་མགོན་མེད་པ་ན། །འདོམས་མེད་ཡོན་ཏན་འཇོམས་པར་བྱེད་པ་ཡི། །དྲི་མས་དགའ་མགུར་དེང་སང་འདི་ན་སྤྱོད། །དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། །ལྐོག་མར་སྲོག་ཕྱིན་འདྲ་དང་དྲི་མ་རྣམས། །སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི། །ཐར་བ་འདོད་པ་དག་གིས་བག་ཡོད་ཀྱིས། །ཞེས་པའི་ལེགས་གསུང་དྲི་མ་མེད་པ་འདི། དེང་དུས་བདག་ཉིད་ལེགས་པར་འདོད་པ་ཡི། །སེམས་ཡོད་རྣམས་ཀྱིས་སེམས་ལ་བཞག་དགོས་སོ། །ཞེས་པ་འདི་ནི་དངོས་གྲུབ་དཔལ་གྱིས་དབྱིག་གཉེན་གྱི་ཞལ་གདམས་ཀྱི་ལུང་འདི་དེང་དུས་ལ་ཤེས་པ་གལ་ཆེ་བར་བསམ་ནས་བྲིས་པའོ། །

བོད་གངས་ཅན་གྱི་ཤེས་ལྡན་ཀུན་ལ་མཐུན་འབྲེལ་གྱི་ཞུ་ཡིག

བོད་གངས་ཅན་གྱི་ཤེས་ལྡན་ཀུན་ལ་མཐུན་འབྲེལ་གྱི་ཞུ་ཡིག

ཤེས་ལྡན་རྣམས་ལ་མཐུན་འབྲེལ་གོང་འཕེལ་དུ་འགྲོ་བའི་བྱེད་ཐབས་ལས་བརྩམས་ནས་མཐུན་ལམ་གྱི་སྐོར་ཅུང་ཟད་གླེང་ན་ཆོས་འཇིག་རྟེན་གང་གི་ཕྱོགས་ནས་ཡར་རྒྱས་འགྲོ་བ་ལ། མཐུན་འབྲེལ་ལམ་ཆིག་སྒྲིལ་འདི་ངེས་པར་གལ་ཆེ། དེ་ཡང་འདས་པའི་གནས་སྟངས་སམ་རྒྱབ་ལྗོངས་ལ་བལྟས་ན་མཐུན་འབྲེལ་ཡོད་པའི་སྐབས་སྤྱི་སྒེར་སུ་ཡིན་ན་ཡང་ཡར་རྒྱས་ཀྱི་རྣམ་པ་ཡོད་ལ། མཐུན་འབྲེལ་མེད་དུས་སུ་བོད་རང་ཉིད་ཀྱི་ལོ་རྒྱུས་ལ་གཞིག་ན་རྗེས་ལུས་ཀྱི་རྣམ་པའམ་ཐོར་ཞིག་གི་རྣམ་པ་དང༌། ཁྱད་པར་དུ་གང་ཟག་གི་ཆགས་སྡང་ཆོས་ལ་བསྲེས་ནས་ཆོས་བརྒྱུད་ཕན་ཚུན་ཆགས་སྡང་རྩོད་ནས་བསྟན་པ་ལ་ཉམས་ཆགས་མང་པོ་སོང་བ་དང༌། དེར་མ་ཟད་གཞན་གྱི་ལག་བརྐྱངས་ནས་དབང་བསྒྱུར་སྣ་ཚོགས་བྱེད་པ་བྱུང་བ་སོགས་གསལ་བོ་ཆགས་ཡོད་པ་རེད། དེ་ཡིན་ན་མཐུན་འབྲེལ་ལ་དོ་སྣང་དང་གཅེས་སྤྲས་བྱེད་རྒྱུ་གལ་ཆེ། མཐུན་འབྲེལ་ཞེས་པ་ཡང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མཛའ་མཐུན་བྱེད་པ་ལས་ཁ་ཙམ་གྱིས་མཐུན་འབྲེལ་བྱེད་པ་ནི་ཁ་དང་ལག་ལེན་འགལ་བས་ན་མཐུན་འབྲེལ་རྣལ་མ་དང་དོན་འབྲས་དང་ལྡན་པ་མ་ཡིན་པར་བཅོས་མ་དང་རྫུན་མ་ལས་འོང་མི་ཐུབ། དེས་ན་དཔལ་འབྱོར་སོགས་གཡོ་ཐབས་སྣ་ཚོགས་ཀྱིས་བསླུ་བྲིད་ཙམ་བྱས་ན་ཡང༌། དོན་ལ་གཞན་ལ་ལུས་ངག་ཡིད་གསུམ་གྱིས་མི་མཐུན་པ་ཁོ་ན་བྱས་ན་རང་གི་བདེ་སྐྱིད་སོགས་བྱ་བ་གང་ཡང་སྒྲུབ་མི་ནུས། དེས་ན་བྱམས་བརྩེའི་ངང་ལུས་ངག་ཡིད་གསུམ་མཐུན་པར་བྱེད་དགོས། དེ་ཡང་ཇི་སྐད་དུ། བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །དེ་དག་དང་ནི་རྟག་ཏུ་འགྲོག་པར་ཤོག།ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང༌། །སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག།བཟང་པོ་སྤྱོད་པ་རབ་ཏུ་སྟོན་པ་རྣམས། །དེ་དག་དང་ཡང་རྟག་ཏུ་འཕྲད་པར་ཤོག །ཅེས་གསུངས་པ་བཞིན་གཞན་ལ་བྱམས་བརྩེ་བསྒོམས་ནས་ཡིད་འོང་གཅེས་འཕང་གི་སེམས་ལ་བརྟེན་ན། དེའི་འབྲས་བུ་ལུས་ངག་ཞི་འཇམ་དང་གཡོ་སྒྱུ་མེད་པའི་བྱ་བ་ཞིག་སྒྲུབ་ཐུབ། དེ་ལྟར་ཐུབ་ན་ཀུན་དང་མཐུན་པ་སྤུན་ཟླ་ལྟ་བུའི་དགའ་ཞེན་ཞིག་བསྐྲུན་ནུས་པ་ནི་ངེས་ཅན་ཡིན། མཐུན་སྒྲིལ་གྱི་ཁེ་ཕན་དང་ནུས་པ་ནི། མི་སུ་ཡིན་ཀྱང་རུང་སྒེར་གཞུང་གང་གི་བདེ་ཐང་གི་བྱ་བ་བསྒྲུབ་ན་གཞན་ལ་མ་བརྟེན་ན་སྒྲུབ་མི་ནུས། གཞན་ལ་བརྟེན་དགོས་ན་མཐུན་འབྲེལ་གལ་ཆེ། ཆུང་ས་ནས་རང་དོན་དུ་བདེ་སྐྱིད་འཚོལ་བ་ལ་གཞན་གྲོགས་མཛའ་བཤེས་དུ་མ་ལ་བརྟེན་ནས་བདེ་སྐྱིད་ཚོལ་དགོས་པ་རེད། དེས་ན་མཐུན་འབྲེལ་ནི་ཤེས་ཡོན་དང་དཔལ་འབྱོར་ཐོབ་ཐང་ཉམས་ལེན་དམ་ཆོས་སོགས་འདོད་དོན་ཐམས་ཅད་ཀྱི་རྒྱལ་ཁའི་རྟེན་གནས་དང་རྟེན་གཞི་ཡིན་པ་འཛམ་གླིང་གི་མཁས་པ་དུ་མས་སྡོམ་ཚིག་བྱས་པ་ལྟར་ཡིན། ཐ་ན་རང་རང་གི་ཁེ་ཕན། རང་རང་གི་བདེ་ཐང་གི་ཆེད་ཡང་མཐུན་འབྲེལ་དགོས། དུས་རབས་ཉེར་གཅིག་པའི་སྐབས་འདིར་འཛམ་གླིང་གི་དཔྱད་ཞིབ་པ་དང༌། ཆེད་མཁས་རྣམ་པ་ཚོས་རྒྱུས་ལོན་དང་དཔྱད་ཞིབ་བྱས་ནས་སྡོམ་རྩིས་ལ་ཞི་བདེ་དང་མཐུན་འབྲེལ་གལ་ཆེ་བར་བཤད་བཞིན་པའི་དུས་ཚོད་ཞིག་ཆགས་ཡོད་པ་རེད། དེ་སྐད་དུ་ནང་ཆོས་ལས། དགེ་འདུན་མཐུན་པ་བདེ་བ་སྟེ། །ཞེས་གསུངས་པ་སོགས་ལ་ཐུགས་ངེས་མཛད་དགོས། གལ་ཏེ་མཐུན་འབྲེལ་དང་མཛའ་མཐུན་བདེ་འཇགས་སོགས་གཏོར་བཤིག་བྱས་ན་རྗེས་ནས་དེའི་ཁུར་དེ་འཁུར་མི་ནུས་པར་མཐུན་པའི་ལམ་ཚོལ་དགོས་པ་རེད། དེ་ཡང་འདས་པའི་ལོ་རྒྱུས་ནང་ལ་མི་བསད་པ་སོགས་ཇི་ལྟར་བྱས་ཀྱང་ཐམས་ཅད་རྗེས་ནས་མཐུན་ལམ་ཚོལ་དགོས་བྱུང་བ་གསལ་བོ་རེད། དེང་དུས་སུ་བརྡ་འཕྲིན་གྱི་དུས་རབས་ལ་འཛམ་གླིང་ཧྲིལ་བོ་ཁྱིམ་ཚང་གཅིག་བཞིན་མཐུན་འབྲེལ་དང་གཏོར་བཤིག་གང་བྱས་ན་ཆེས་སླ་བའི་སྐབས་འདིར་མཐུན་འབྲེལ་དང་ཞི་བདེ་དང་ལྷག་བསམ་འདི་དག་ཧ་ཅང་གལ་ཆེ། དེ་ཡང་མི་མཐུན་པའི་རྒྱུ་རྫུན་ཕྲ་མ་ཚིག་རྩུབ་དང་ལྟ་བ་མི་མཐུན་པ་སོགས་ཡིན་ལ། དེ་ནི་རབ་དང་རིམ་པས་རྣམ་པར་དཔྱད་ན་དམིགས་ཡུལ་ངེས་ཅན་ཞིག་ཡོད་ནས་ཕལ་ཆེར་ཐོག་མར་མ་བྱུང་བར་ངེས་པས་དོན་ཆུང་བ་ཞིག་ཆེ་བསྒྱུར་མི་བྱེད་པ་དང་ལུས་ངག་གི་བྱ་བ་སོགས་མི་འཇུག་པར་བཟོད་སྒོམ་དགོས། དེ་མ་ནུས་ན་མེ་སྟག་ཙམ་གྱིས་རི་བོ་བསྲེག་པ་བཞིན་རང་གཞན་གཉིས་ལ་བདེ་སྐྱིད་ཀྱི་རྩ་བ་གཏོར་བའི་རྒྱུ་ཆེས་དཀའ་ངལ་ཆེ་བ་ཡིན། དེས་ན་བདག་ཅག་གི་སྟོན་པ་ནས་བཟུང་འཛམ་གླིང་གི་ཤེས་ཡོན་གྱི་དཔལ་ལ་གནས་པ་རྣམས་ཀྱིས་མཐུན་འབྲེལ་ལ་བསྔགས་བརྗོད་ཡང་ཡང་གནང་བས་དེ་ལྟར་མཐུན་འབྲེལ་ལ་གཅེས་སྤྲས་བྱེད་རྒྱུ་ལ་འབོད་བསྐུལ་དང་རེ་ཞུའོ། །ཞེས་སྤྲང་འཁྱམས་པ་དངོས་གྲུབ་དཔལ་གྱིས་ཛ་མགོའི་རི་ཁྲོད་བྱང་ཆུབ་ཆོས་རྫོང་གི་བཤད་གྲྭ་ཇོ་ནང་བརྩེ་ཆེན་མཐོ་སློབ་ནས་ནག་ཟླའི་ཚེས༡༦གི་ཐུན་བར་ལ་བྲིས་པའོ། །ཤེས་ཡོན་གྱི་དཔལ་ཡོན་འཚོ་ཐབས། ཤེས་ཡོན་དང་སློབ་སྦྱོང་ཚད་འཕེལ་བའི་བྱེད་ཐབས་ལས་བརྩམས་ནས་ཅུང་ཟད་གླེང་ན། ཤེས་ཡོན་དང་སློབ་སྦྱོང་འཕེལ་རྒྱས་དང་སྤུས་ཚད་དང་ལྡན་པར་འགྲོ་བ་ལ་ཤེས་ཡོན་དོ་སྣང་དང༌། འཆར་གཞི་ཡག་པོ་དང་སྒྲིག་འཛུགས་སྤུས་ལེགས་དང་ལྡན་པ་དགོས། དེ་ལྟར་ཡོད་ན་ཕན་འབྲས་ལྡན་པ་དང་དོན་འབྲས་དང་ལྡན་པ་ངེས་པར་འོང་ངེས་པ་རེད། སློབ་སྦྱོང་གི་བྱེད་ཐབས་དེ་དག་མ་ལྡན་ན་སློབ་སྦྱོང་ལ་དགའ་བ་ཙམ་གྱིས་ཕན་འབྲས་དང་ལྡན་པ་མི་ཡོང༌། སྔོན་གྱི་ལོ་རྒྱུས་དང་ཡིག་ཆ་ལ་བལྟས་ན་འཆར་གཞི་དང་གཅིག་སྡུད་ཀྱི་རྣམ་པ་མེད་པའི་དབང་གིས་བྱ་བ་དུ་མ་མཇུག་ལེགས་པར་མ་བྱུང་བ་གསལ། དེས་ན་འཆར་བཀོད་ཀྱི་གཞི་བཟང་བོ་བྱ་བ་ལ། རྒྱུས་ལོན་བྱེད་དགོས། དེའི་བྱེད་སྟངས་ཡང་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱིས་བྱ་བ་གང་བྱས་ནས་སྐྱེས་བུ་དམ་པ་འོང་བ་དང༌། དེང་སང་འཛམ་གླིང་གི་མི་འཇོན་ཐང་ཅན་དང་ལྷག་བསམ་པ་དང་ཤེས་ཡོན་པ་དག་གིས་ལས་གང་བྱ་བ་ཅི་བྱས་ནས་རླབས་ཆེན་གྱི་བྱ་བ་བསྒྲུབས་པ་སོགས་ལ་དཔྱད་ཞིབ་བྱེད་དགོས། རང་ཉིད་དེ་དག་གི་བྱེད་སྟངས་དང་མཐུན་མིན་སོགས་རང་ལ་ཞིབ་འཇུག་དགོས། རང་གི་གནས་བབས་དང་གནས་སྟངས་འཕེལ་ཕྱོགས་ཤེས་པ་ནི་ཡར་རྒྱས་ཀྱི་རྨང་གཞི་ཞིག་ཡིན། མདོར་ན་སེམས་ནང་དུ་འཆར་གཞི་ལེགས་པ་དགོས། སྒྲིག་འཛུགས་ནི། འཁོར་ཡུག་བཟང་པོ་བསྐྲུན་རྒྱུ་དེ་ཡིན། དེ་ཡང་སྒྲིག་ལམ་དང་སྦྱང་གྲོགས་ཆ་རྐྱེན་སྤྱོད་ལམ་སོགས་ཕུན་སུམ་ཚོགས་པ་བྱེད་དགོས་རྒྱུ་དང༌། བསྐྱར་སྦྱང་དང་ཡང་སྦྱོང་བྱེད་པ་སློབ་སྦྱོང་གི་གཞི་རྩ་དང་འཕེལ་བའི་ཐབས་མཁས་ཞིག་ཡིན། སློབ་སྦྱོང་སོགས་བྱ་བ་གང་བྱས་ན་ཡང་དུས་ཚོད་དམ་འཛིན་གལ་ཆེ་བ་རེད། སྤྱིར་དུས་ཚོད་ཀྱི་རྫོགས་ལྡན་ཡིད་འོང་གི་ལང་ཚོ་འདི་རྫོགས་པར་བྱེད་པ་དང༌། མི་འདོད་པའི་ཐོད་པའི་གཉེར་མ་དང༌། སྐྲ་དཀར་བ་སོགས་འདིས་བྱས་པ་རེད། དེ་མ་ཟད་འཇིག་རྟེན་གྱི་རྩ་ཆེའི་ནོར་བུ་དང་ལྷུན་གྲུབ་ཀྱི་བྱ་དངོས་སོགས་དུས་ཚོད་ཀྱིས་རྫོགས་པར་བྱེད་པ་རེད། འདས་མ་འོངས་ད་ལྟ་དུས་གསུམ་གྱི་ནང་ནས་ད་ལྟའི་དུས་ཚོད་མྱུར་དུ་འགག་བཞིན་པ་ཞིག་ཡིན། ཉིན་གཅིག་གི་དུས་ཚོད་ཉེར་བཞིའི་ནང་ནས་ཆུ་ཚོད་དྲུག་ཙམ་གཉིད་ལོག་དགོས་ལ་དེ་མིན་གཉིད་མ་ལོག་ནའང་ལུས་སྲོག་ལ་མི་གནོད་པར་ཚན་རིག་ཆེད་མཁས་རྣམས་ཀྱིས་བཤད་ལ། བདག་ཅག་གི་སྟོན་པའི་ཞལ་ནས་མཚན་སྟོད་སྨད་ལ་མི་ཉལ་བར་དགེ་སྦྱོང་ལ་བརྩོན་དགོས་པར་གསུངས་པ་ལྟར་དང༌། དེའི་ལྷག་མའི་ཆུ་ཚོད་བཅོ་བརྒྱད་པོ་ཟས་ཟ་བ་སོགས་མ་གཏོགས་ཕལ་ཆེར་སློབ་སྦྱང་ལ་བརྩོན་ཐུབ་ན་སློབ་སྦྱོང་ཕུན་སུམ་ཚོགས་པ་ཞིག་འགྲུབ་ངེས། སང་ཉིན་སང་ཉིན་ཞེས་ཕྱི་བཤོལ་གྱི་ལེ་ལོའི་དབང་དུ་སོང་ན་སང་ཉིན་གྱིས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་རེད། སང་ཉིན་ནི་སློབ་སྦྱོང་སོགས་བྱ་བ་ཐམས་ཅད་ཀྱི་ཆེས་དགྲ་བོ་ཞིག་ཡིན། དེས་ན་དུས་ཚོད་དེ་སློབ་སྦྱོང་སྐབས་སུ་ཆེས་ཐུང་ཐུང་ཞིག་དང་ཆེས་རྩ་ཆེན་དུ་རྩིས་ནས་གོ་སྐབས་མི་ཤོར་བར་བྱེད་དགོས། སློབ་སྦྱོང་དེ་ཆེས་སྤྲོ་སྣང་གི་བལྟས་ན་དགའ་སྣང་གི་སྒོ་ནས་བྱ་བ་དེ་སྒྲུབ་ཐུབ་པ་ནུབ་ཕྱོགས་ཀྱི་མཁས་པ་དུ་མས་བཤད་ལ། ནང་ཆོས་ལས། བརྩོན་གང་དགེ་ལ་སྤྲོ་བའོ། །ཞེས་དང༌། རིག་པ་ཆུང་ངུའི་དུས་ན་བསླབ། །བ་ནི་དགུན་གྱི་དུས་ན་གསོ། །ཞེས་དང༌། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང༌། །ཞེས་གསུངས་པ་བཞིན་ནོ། །ཉི་མ་རེ་རེ་ལ་རྩིས་ཞིབ་བྱས་ནས་རང་གིས་ཤེས་མ་ཤེས་སོགས་དབྱེ་ཞིབ་དང༌། ཤེས་པ་རྣམས་དྲན་ཤེས་ཀྱིས་བྱ་ར་བྱས་ནས་གཅེས་སྐྱོང་དང་བདག་གཉེར་བྱེད་དགོས། ཟ་གཉིད་སོགས་བདེ་བ་ཆུང་བ་ཙམ་ལ་མི་ཆགས་པའི་ངང་ནས་དཀའ་སྤྱད་སྡུག་རུས་བྱེད་དགོས། དེ་སྐད་དུ། མཁས་པ་སློབ་པའི་དུས་ན་སྡུག། བདེ་བར་སྡོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལ་ཆགས་པ་ཡི། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །ཅེས་པ་བཞིན་ནོ། །དེ་ལྟར་བྱས་ན་རང་ཉིད་མདུན་ལམ་ཅན་དང༌། ཕན་འབྲས་ཅན་དང༌། བདེ་སྐྱིད་དང་ལྡན་པ། མི་རིན་ཐང་ཅན་དང༌། གཟི་བརྗིད་དང་ལྡན་པ་ཞིག་འོང༌། ཡང་ཤེས་ཡོན་དང་ལྡན་པ་ཙམ་གྱིས་མི་ཆོག་པར་ཉམས་ལེན་དགོས། ཉམས་ལེན་མེད་ན་ཀུན་སྤྱོད་ལ་སྐྱོན་ཞུགས་ནས་མི་ཚད་ལྡན་ཞིག་འོང་མི་ཐུབ། དེས་ན་ཤེས་ཡོན་དང་ཉམས་ལེན་ཟུང་འབྲེལ་དུ་ལྡན་ན་མི་ཡང་དག་དང་ཚད་ལྡན་ཞིག་འོང་ཐུབ། ཤེས་ཡོན་གོང་འཕེལ་སོང་བ་བཞིན་སྤྱོད་ལམ་ཡར་རྒྱས་ཀྱི་རྣམ་པ་དང་ལྡན་པ་ཞིག་བསྒྱུར་དགོས། དེ་སྐད་དུ། ཐོས་རྟགས་ཞི་ཞིང་དུལ་བ། །སྒོམ་རྟགས་ཉོན་མོངས་ཆུང་བ། །ཞེས་པ་ལྟར་རོ། །དེ་ལྟར་ན་འཆར་གཞི་སྒྲིག་འཛུགས། གཅིག་སྡུད་ཡོད་ན་སློབ་སྦྱོང་སོགས་ལེགས་འགྲུབ་འོང་ངེས། མེད་ན་བྱ་བ་མཇུག་མཐར་མི་རྫོགས་པར་གསལ། དེ་ལྟར་མདོར་མཚོན་པ་ཙམ་བཤད་པ་ནི། རྟགས་དཔྱད་ཞིབ་འཇུག་བྱས་ནས་ཤེས་ཡོན་བྱེད་སྟངས་དང༌། དེའི་གྲུབ་འབྲས་སམ་ཕན་འབྲས་ཕུན་སུམ་ཚོགས་པ་ཡོད་མེད་དཔྱད་གཞིར་བཀོད་པའོ། །ཞེས་སྤྲང་འཁྱམས་པ་དངོས་གྲུབ་དཔལ་གྱིས་ཛ་འགོའི་རི་ཁྲོད་བྱང་ཆུབ་ཆོས་རྫོང་གི་བཤད་གྲྭ་ཇོ་ནང་མཐོ་སློབ་ནས་ནག་ཟླའི་ཚེས༡༧གྱི་ཐུན་བར་ལ་བྲིས་པའོ། །

དུས་རབས་དང་བསྟུན་ནས་སྤྱོད་ལམ་གྱི་ལམ་སྟོན།

དུས་རབས་དང་བསྟུན་ནས་སྤྱོད་ལམ་གྱི་ལམ་སྟོན།

ཀུན་སྤྱོད་བཟང་པོ་བྱེད་ཐབས་ལས་བརྩམས་ནས་ཅུང་ཟད་གླེང་ན། ཀུན་སྤྱོད་བཟང་པོ་ཞེས་པ་ནི། ཀུན་སློང་བཟང་པོ་དང༌། ལུས་ངག་གི་སྤྱོད་པ་བཟང་པོ་ཞིག་ཡིན། དེ་ཡང་ཐོག་མར་འཇིག་རྟེན་འདིར་སྤྱོད་ཤེས་ཀྱི་སེམས་འདི་སྐྱེས་པ་རེད། དེ་ཡང་བཟང་ངན་སྐོར། བདེན་རྫུན་སྐོར། ལེགས་ཉེས་ཀྱི་སྐོར་དབྱེ་ཞིབ་བྱེད་པའི་ལྟ་ཚུལ་གྱི་སེམས་ཤེས་སྐྱེས། དེ་ནས་ཆོས་དང་འཇིག་རྟེན་གྱིས་ཕན་བཏགས་པ་ལ་བཟང་ལན་དང་དྲིན་འཇལ་བ་ལ་མི་བཟང་པོ་དང༌། དེ་མི་འཇལ་བ་ལ་སྙིང་རྗེ་སོགས་མེད་པའི་མི་ངན་པ་ཞེས་གླེང་བ་བྱུང་པ་ནས་ཀུན་སྤྱོད་ཀྱི་ལྟ་སྤྱོད་འདི་བྱུང་བར་གྲགས། ཀུན་སྤྱོད་བཟང་པོ་ཞེས་པ། འཆལ་སྤྱོད་སྡོམ་པའི་བྱ་སྤྱོད་དམ་དེ་སྡོམ་པའི་རང་བྱུང་གི་ཁྲིམས་ལ་གནས་པ་ལ་ཟེར། དེ་ཡང་ཀུན་སྤྱོད་ཚད་ངེས་ཅན་ཞིག་དགོས་པ་ལ། དང་པོ་ཆོག་ཤེས་དགོས། ཆོག་ཤེས་བསྟེན་པ་ལ་འདོད་རྔམ་ཆུང་བ། དགོས་མེད་སྟོང་གཏམ་གྱི་རིགས་ལ་ཁ་ཚོད་ཟིན་པ་དགོས། རང་གིས་དུས་རྣམ་ཀུན་ཏུ་བྱ་བ་ཅི་བྱེད་ན་ཡང་ཀུན་སྤྱོད་འཛིན་ཚུལ་དང༌། རང་གི་སྐྱོན་ཡོན་འཛིན་བཏང་ཚོད་ཟིན་པ་དགོས། ཀུན་སྤྱོད་ངན་པ་བཀག་སྡོམ་བྱེད་མ་ནུས་ན་ཀོ་ལོང་རུ་ང་ཕྲག་དོགམཁོན་འཛིང་དང་འཁྲུག་པ། ནང་དམེ་བྱེད་པ། དབྱེན་སྦྱོར། ཕྱོགས་རིས། ང་རྒྱལ་གྱི་དུས་འདའ་བའི་བསྐལ་ངན་དར། དེ་ལྟར་ཆོག་ཤེས་ཀྱི་སྟེང་ནས་ཀུན་སྤྱོད་འཕེལ་རྒྱས་འགྲོ་དགོས། །གཉིས་པ་བྱ་བ་ཆེ་ཆུང་གང་བརྩམ་པར་ཁས་བླངས་ན་འཆར་གཞི་ལྡན་པའི་སྒོ་ནས་བྱ་བ་དེ་འགྲུབ་པ་ལ་བརྩོན་དགོས། དེ་ལྟར་མ་བརྩོན་ན་ཁ་དོན་ཚིག་ལ་མ་གནས་པ་ཡིན། དེ་མ་གནས་ན་བྱ་བཞག་དེ་ལས་ཉམས་འགྲོ་བ་རེད། བྱ་བཞག་གང་བསྒྲུབ་ན་གཡོ་སྒྱུ་དང༌། མགོ་སྐོར། སླུ་བྲིད། ཁ་དཀར་སྙིང་ནག་སོགས་བྱས་ན་ཀུན་སྤྱོད་མ་དག་པའམ་མ་གཙང་བ་ཡིན། དེས་ན་བྱ་བ་གང་སྒྲུབ་དུས་ཁ་ཞེ་གཉིས་མེད། ལྷག་བསམ་རྣམ་དགདུས་ཚོད་དམ་འཛིན། བདེན་པ་དྲང་མོ་དྲང་རྐྱང་གི་ལམ་ལས་གོལ་མི་རུང༌། དེ་ལྟར་བྱས་ན་ཀུན་སྤྱོད་ཚད་མཐོན་པོར་འགྲོ་ཐུབ་ངེས། གསུམ་པ་ཀུན་སྤྱོད་ཚད་འཕེལ་ཐབས་ལ་སེམས་རྒྱ་ཆེར་བསྐྱེད་པ་གལ། དེ་ཡང་བྱ་བ་འགྲུབ་མ་འགྲུབ་ལ་བརྟེན་ནས་ཡི་ཆད། ཡི་མུགབློ་ཕམ་སོགས་མི་བྱེད་པར་བཟོད་སྒོམ་བྱེད་དགོས། གཏམ་སྤྱོད་ཡིད་འོང་གི་བྱ་བ་གྲུབ་འབྲས་ལྡན་པ་གལ། ད་དུང་རྒན་གཞོན་དང་ཡོན་ཏན་དང་ཡོན་ཏན་ཅན་ལ་གུས་ཞབས། མི་སུ་ལ་ལྷག་བསམ་ཡོད། མི་སུ་ལ་འཇོན་ཐང་ཡོད། མི་སུས་བསྟན་འགྲོའི་དོན་བསྒྲུབ་ནུས་པ་ལ་རྒྱབ་སྐྱོར་རོགས་རམ་དང་བསྔགས་བརྗོད་བྱ་དགོས། དེའི་སྟེང་ནས་ནང་བའི་ཀུན་སྤྱོད་དང་དུས་རབས་ཉེར་གཅིག་པའི་ཀུན་སྤྱོད་གང་གི་དབང་དུ་བྱས་ན་གཙང་སྦྲ་བྱེད་དགོས། སྔོན་སྲོལ་རྗེས་ལུས་ཀྱི་ལྟ་བ་མཆོག་ཏུ་བཟུང་ནས་ཚི་དྲེག་གིས་གདོང་དང་གོས་གཡོག་ན་རྗེས་ལུས་ཀྱི་རྣམ་པའི་དན་རྟགས་ཡིན་པར་མ་ཟད། འཕྲོད་རྟེན་ལ་གནོད་ཚབས་ཆེ་ཤོས་སུ་གསལ། ལུས་དང་གོས་ལ་གཙང་སྦྲ། མཛེ་དང་མཆིན་ནད་སོགས་འགོས་ནད་རིགས་ལ་དོགས་འཛེམ། ནང་ཆོས་ལས་བཤད་པ་ལྟར་བླ་མ་དང་འགལ་བའི་དམ་ཉམས་སོགས་དང་འགྲོགས་འདྲིས་མི་བྱེད། དེ་ལྟ་བུའི་སྒོ་ནས་ཀུན་སྤྱོད་ཚད་ལྡན་དགོས། ཀུན་སྤྱོད་ཚད་ལྡན་ཡོད་ན་ཁེ་ཕན་དང་བདེ་སྐྱིད་དང་དབང་ཐང་དང་མངའ་ཐང་སྟོབས་འབྱོར་ལྡན་པ། སྤྱི་ཚོགས་ཁྲོད་ན་ཀུན་གྱི་རེ་སྨོན་བྱེད་ས་དང༌། མིག་དཔེར་ལྟ་ས། སེམས་མགུལ་ཐེབས་ཐུབ། དཔེར་ན་སྤོས་དྲི་ཞིམ་པ་ཞིག་ཡོད་ན་དྲི་ངད་དེས་ཁྱབ་ནས་གཞན་ལ་དགའ་ཚོར་སྐྱེ་བ་ལྟར་ཀུན་སྤྱོད་དེས་གཞན་ལ་སྤྲོ་སྣང་དགའ་བ་ཡིད་འོང་གི་བསམ་བློ་སྐྱེ་ཐུབ། ཇི་སྐད་དུ། སྤྱོད་ལམ་གཙང་བས་ཀུན་གྱིས་ཡིད་དུ་འཐད། །སྨྲ་བ་ཉུང་བས་ཕོག་ཐུག་གཡེང་བ་མེད། །ཅེས་སོ། །ཀུན་སྤྱོད་ཚད་ལྡན་མེད་ན་གཞན་གྱིས་ཡིད་ཆེས་མི་བྱེད། གཞི་རྩའི་མདུན་ལམ་དང་ཤེས་རིག་སོགས་གང་ཡང་འགྲུབ་བྱེད་དང་བྲལ་བ་རེད། དེས་ན་ཀུན་སྤྱོད་བཟང་པོ་ལ་འབད་པར་རིགས། སྔོན་གྱི་ལོ་རྒྱུས་ཕྱིར་དྲན་ནམ་དེ་ལ་གཞིག་ན་རྒྱལ་བོ་དང་དམག་དཔོན་བླ་དཔོན་འགའ་ཞིག་རང་ཉིད་ཆེ་ཐང་དང་མཚན་སྙན་གྲགས་དང་སྟོབས་འབྱོར་མངའ་ཐང་གི་ཆེད་ཁོ་ན་སྒྲུབ་པའི་དབང་གིས་དེང་སྐབས་སུ་མིང་ཙམ་ལས་རྟོག་དཔྱོད་བྱེད་པ་ཆེས་ཉུང་ངུར་གནས། བོད་གངས་རིའི་ལྗོངས་ཀྱི་མཁན་སློབ་ཆོས་གསུམ། ས་སྐྱའི་གོང་མ་རྣམ་ལྔ། བཀའ་བརྒྱུད་པའི་མར་མི་དྭགས་གསུམ། ཇོ་ནང་ཡབ་སྲས་བཅོ་ལྔ། རྗེ་ཡབ་སྲས་གསུམ་སོགས་ཀུན་སྤྱོད་ཁུར་སྟངས་ལེགས་པའི་དབང་གིས་ད་ལྟའི་ཆ་ལ་ཡང་དགའ་བ་དང་སྤྲོ་ཤུགས་མ་ཉམས་པར་གནས་པ་དང༌། དེ་དག་གི་རྗེས་དྲན་དང་རྟོག་དཔྱོད་ཞིབ་འཇུག་བྱེད་བཞིན་པའོ། །དེང་སང་གི་དུས་བཞིན་སྤྱི་ཚོགས་ནང་མགོ་སྐོར་སླུ་བྲིད། གཡོ་སྒྱུ་ཁྲམ་གསུམ། ངོ་ཚ་ཁྲེལ་མེད། རང་མཐོང་ངམ་རང་སྣང་ཆེན་པོ། རང་ལྟ་མཆོག་འཛིན། གཞན་རྨ་འབེབས། རང་བསྟོད། ཕྲག་དོག་ཞེ་སྡང་ཧ་ཅང་དར་རྒྱས་ཀྱི་སྐབས་སུ། སྤྱི་ཚོགས་ཀྱི་མིའི་སེམས་ནང་ལ་རྟག་ཏུ་སྐྱོ་གདུང་དང༌། ཚོར་གདུང༌། དོགས་ཟོན། ཞེན་ལོག་ངང་གནས་དགོས་པ་འབྱུང་ངེས་ལ། དེ་སྐབས་སུ། ཀུན་སྤྱོད་བཟང་པོ་སེམས་དཀར་གཞུང་དྲང་གི་གཤིས་ཀབབ་ཆགས་བརྟན་རླིང་གི་སྤྱོད་པ། གཉེན་དང་གྲོགས་དང་བཤེས་གཉེན་ལ་ཕྱི་ཐག་རིང་བ། གྲོས་ངན་ལ་མི་ཞུགས་པའི་མི་ཞིག་ཡོད་ན་ཆེས་མངོན་གསལ་ཅན་ཞིག་དང༌། ཡིད་སྨོན་དང་རེ་སྨོན་གྱི་གནས་དང༌། དཔལ་ཡོན་དང་རིག་གནས་ལ་ཕན་ཐོགས་གི་གྲུབ་འབྲས་བླ་ན་མེད། དཔེར་ན་འཇིག་རྟེན་ན་མི་ཞིག་ཚོད་བགམ་པའམ་བརྟག་དཔྱད་བྱེད་སྐབས་བྱ་སྤྱོད་ལ་གས་དགོས་པ་ལས་ཁ་ཡིས་བཤད་ཚོད་ལ་མི་ལྟོས་པར་འཛམ་གླིང་གི་མཁས་དབང་དུ་མས་གཏམ་དུ་བཤད། ཀུན་སྤྱོད་ལེགས་པ་མེད་ན་མི་སྣ་རླབས་ཆེན་འབྱུང་མི་སྲིད། ཐ་ན་སྒྱུ་རྩལ་ལ་མཁས་པ་སོགས་དཔྱད་སྒོ་ཅན་གྱི་མཁས་ཆེན་མི་འབྱུང་བར་གསལ། གོང་ཞུས་ཀྱི་ཀུན་སྤྱོད་དེ་དག་ཆོས་འཇིག་རྟེན་གཉིས་ཀ་ལ་མཁོ་དགོས་དག་ཡིན། ཆོས་ཀྱི་ཀུན་སྤྱོད་ཡང་ནང་བ་སངས་རྒྱས་པ་ཞིག་ཡིན་ན་དེའི་སྟེང་དུ་སངས་རྒྱས་ཀྱི་གསུངས་པའི་མི་དགེ་བཅུ་སྤངས་བའི་དགེ་བཅུ་ལ་གནས་པ་དང༌། སྐྱབས་འགྲོའི་བསླབ་བྱ་ལ་སློབ་དགོས་པ་དང༌། རབ་བྱུང་ཞིག་ཡིན་ན་རང་རང་གི་བཅས་ཁྲིམས་ལས་མི་འདའ་བར་སྲུང་དགོས། ཇི་སྐད་དུ། ལུས་ཀྱི་སྡོམ་པ་ལེགས་པ་དང༌། །ངག་གི་སྡོམ་པ་ལེགས་པ་དང༌། །ཡིད་ཀྱི་སྡོམ་པ་ལེགས་པ་ཡིས། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཞེས་པ་དགེ་སློང་གིས་ལུས་ངག་གི་སྤོང་བདུན་འཁོར་བཅས་སྤངས་དགོས་པ་སོགས་སོར་བྱང་སྔགས་ཀྱི་བསླབ་བྱ་མང་པོ་ཡོད་ཀྱང་སྐབས་འདིར་དགོས་གལ་ཆེར་མེད་པས་མ་སྤྲོས། སྐབས་འདིར་དགེ་འདུན་པ་རྣམས་ལ་ཞུ་བ་ནི། སྤྱོད་ལམ་འདྲ་མིན་མང་བོ་བྱས་ན་རང་གི་མདུན་ལམ་མ་ཟད་དགེ་འདུན་པ་སྤྱི་དང༌། ནང་བསྟན་སྤྱི་ལ་གནོད་སྐྱོན་ཐེབས་པས་ན་ཐུགས་བསམ་གནང་དགོས། རྒྱུད་ཀྱི་ཡོན་ཏན་མཐོང་བ་དཀའ་ན་གྲྭ་བ་ཚད་ལྡན་ཡིན་མིན་སྤྱོད་ལམ་གྱི་སྒོ་ནས་རྗེས་སུ་དཔག་དགོས། དེས་ན་གྲྭ་བ་ཀུན་གྱིས་ཐུགས་ངེས་མཛད་དགོས། འོན་ཀྱང་དེང་སང་གྲྭ་བ་མ་ཡིན་ཀྱང་གྲྭ་ཆས་བྱས་ནས་རྐུས་དང་མི་བསད་པ་སོགས་བྱ་བ་དཔྱད་མི་བཟོད་པ་བྱེད་མི་དག་ནི་གྲྭ་བ་མ་ཡིན་པར་གྲྭ་བ་རྫུན་མ་ཡིན་པར་སྤྱི་ཚོགས་ལ་ར་འཕྲོད་དགོས། དེ་དག་གྲྭ་བ་མ་ཡིན་པས་དེའི་བྱ་བ་གྲྭ་བའི་བྱ་སྤྱོད་དང་གྲྭ་བའི་ནོར་འཁྲུལ་དུ་རྩི་མི་རུང༌། དེས་ན་ནོར་འཁྲུལ་དབྱེ་ཞིབ་དགོས། ཡང་ཁ་ཅིག་འདོད་རྔམ་གྱི་དབང་གིས་ཁང་པ་རྫིག་པོ། རླངས་འཁོར་རྫིག་པོ། འཁོར་གཡོག་མོ་རིགས་མཛའ་མོ་ཁོ་ན་ལ་སྤྱོད་པ་ནི་ཆོས་པ་སྤྱིའི་མཚན་སྙན་ལ་གནོད་ངེས་པས་དེ་དག་ནི་བོད་དང་སྤྲུལ་རིགས་སྤྱི་ལ་གནོད་ཚབས་ཆེ་བ་ཡིན་པར་ངོ་འཕྲོད་དགོས། སྟོན་པའི་རྗེས་འབྲང་རྣམས་བྱ་བ་ཉུང་བ་དོན་ཉུང་བ་ཆོག་ཤེས་པ། ཀུན་སྤྱོད་གཙང་བ་ཡིན་པས་ན་དེའི་རྗེས་སུ་སློབ་དགོས། དཔེར་ན་ཆོས་སྡེ་ཞིག་ཡིན་ན་ཀུན་སྤྱོད་མི་གཙང་ན་ཡིད་ཆེས་ཀྱི་དད་མོས་ལོག་ནས་རྒྱབ་སྐྱོར་རོགས་རམ་དང་བསྙེན་བཀུར་བྱེད་མི་མེད་ན་ཆོས་སྡེ་རིམ་གྱིས་སྟོང་འཇིག་འགྲོ་ཉེན་ཆེ། འཆལ་སྤྱོད་སྡོམ་ནས་ཀུན་སྤྱོད་བཟང་ངན་ཤེས་པ་གལ། ཀུན་སྤྱོད་བཟང་བོ་དགོས་པ་གལ་ཆེན་གནད་རྩ་ཆེ་བས་དེང་དུས་སུ་འཛམ་གླིང་གི་མཁས་དབང་དུ་མས་ཀུན་སྤྱོད་ལས་བརྩམས་ནས་དཔྱད་བརྗོད་སྤེལ་བཞིན་མཆིས། བརྗོད་དགོས་མང་ཡང་རེ་ཞིག་དེ་ཙམ་མོ། །ཞེས་སྤྲང་འཁྱམས་པ་དངོས་གྲུབ་དཔལ་གྱིས་ཛ་འགོའི་རི་ཁྲོད་བྱང་ཆུབ་ཆོས་རྫོང་གི་བཤད་གྲྭ་ཇོ་ནང་བརྩེ་ཆེན་མཐོ་སློབ་རྟག་བརྟན་ལྔ་རིག་དར་རྒྱས་གླིང་ནས་ནག་ཟླའི་ཚེས ༡༩ཐུན་བར་ལ་བྲིས་པའོ། །


previousནང་ཆོས་ངོ་སྤྲོད་མདོར་བསྡུས། next