Nitartha Digital Library
Tibetan
གསུང་འབུམ་པོད་བཅོ་ལྔ་པ། བསྟན་པའི་གསོ་སྨན་སོགས།


  expand section
  expand section
  expand section
  expand section
  expand section
   
གཏམ་ཚོགས་མ་བཅོས་ལྷུག་པ།
   
   
   
   


 
previousགཏམ་ཚོགས་མ་བཅོས་ལྷུག་པ། next

གཏམ་ཚོགས་མ་བཅོས་ལྷུག་པ།

གཏམ་ཚོགས་མ་བཅོས་ལྷུག་པ་ཞེས་བྱ་བ་བཞུགས་སོ། །

དེ་ལ་གང་གླེང་བར་བྱ་བ་ནི་གངས་ཅན་སཱ་ལའི་སྨན་ལྗོངས་ཀྱི་སྲིད་འདིར་མཉམ་མེད་ཐུབ་པའི་དབང་པོའི་ལུང་རྟོགས་ཀྱི་བསྟན་པ་འཛིན་པའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དམ་སྔ་འགྱུར་རྙིང་མ་བ། ས་སྐྱ་བ། བཀའ་བརྒྱུད་པ། ཇོ་ནང་པ། དགེ་ལུགས་པ་དང་ལྔ་ཡོད་ལ། དེ་དག་ཐམས་ཅད་རྣལ་འབྱོར་ཅན་གྱིས་ཉམས་མྱོང་གིས་དཔྱད་ན་དགོངས་པ་གཅིག་དུ་འབབ་ངེས་དེ། དགེ་ལྡན་སྙན་བརྒྱུད་ལས། ལྷན་གཅིག་སྐྱེས་སྦྱོར་གའུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང༌། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང༌། །ངེས་དོན་ལུང་རིགས་ལ་མཁས་ཤིང༌། །ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་གསུངས་པ་ལྟར་ཡིན་མོད་ཀྱང༌། རང་ཅག་རྣམ་ཀྱི་ལས་སྨོན་གྱི་ཐེབས་པའི་ཆོས་བརྒྱུད་ནི། དཔལ་རྒྱལ་བ་ཇོ་ནང་བ་དེ་ཉིད་ཡིན་ལ། གསེར་སྦྱང་བཙོ་མ་ལྟ་བུའི་ཆོས་བརྒྱུད་འདི་ཉིད་ཀུན་མཁྱེན་ཡབ་སྲས་སོགས་ཀྱི་དུས་སུ་འཆད་རྩོད་རྩོམ་གསུམ། ཐོས་བསམ་སྒོམ་གསུམ། བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་ཆེས་ཆེར་འཕེལ་ཡོད་མོད་ཀྱང༌། ཉེ་བའི་དུས་རབས་ཀྱི་ནང་རྐྱེན་དབང་གིས་ཆོས་བརྒྱུད་འདིའི་བཤད་སྒྲུབ་སོགས་ལ་ཉམས་ཆག་ཆེར་སོང་བ་དང་འགྲོ་བཞིན་པའོ། །དེ་ལྟར་འགྲོ་བའི་རྐྱེན་ནི། ཕྱིའི་རྐྱེན་སྐྱེས་བུའི་བསམ་སྦྱོར་ངན་པ། ནང་སྐྱེས་བུའི་བསོད་ནམས་དམན་པ། གྲྭ་རྒྱུན་བདག་སྐྱོང་ལ་མ་མཁས་པ། བསྟན་འཛིན་གྱི་མིང་འཛིན་པ་རྣམས་ཀྱིས་ཐོབ་གོ་སའི་དུས་འདའ་བ་མ་གཏོགས་ལུང་རྟོགས་ཀྱི་བསྟན་པའི་མིང་ཙམ་ཤེས་པ་ལས་བཤད་སྒྲུབ་ཀྱི་སྒོ་ནས་བསྟན་པ་འཛིན་པ་ལུགས་གཉིས་བྱ་བཞག་མ་ཤེས་པ་སོགས་ནི་བསྟན་པ་ཉམས་པའི་རྒྱུ་འདས་ཟིན་པ་དེ་གའོ། །དེ་ནི་ངེས་དོན་སྙིང་པོའི་བསྟན་པ་ལ་ཐུགས་ཁྲལ་གནང་བ་རྣམས་ཀྱིས་རང་འདོད་གཅེས་འཛིན་དེ་ཅུང་ཟད་བཞག་ནས། སློབ་དཔོན་དབྱིག་གཉེན་གྱི་ཞལ་ནས། སྟོན་པའི་དམ་ཆོས་རྣམ་གཉིས་དེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་དང་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་བསྟན་པ་ལུང་རྟོགས་གཉིས་སུ་ངེས་ལ། དེ་འཛིན་པར་བྱེད་པ་ཡང་ལུང་གི་བསྟན་པ་ལ་དད་པའི་སྒོ་ནས་ཐོས་བསམ་སྒོམ་གསུམ་བྱས་ནས་གཞན་ལ་སྟོན་པར་བྱེད་པ་དང༌། རང་གིས་ཚུལ་བཞིན་དུ་སྒྲུབ་པར་བྱས་ན་སངས་རྒྱས་ཀྱི་བསྟན་པ་འཛིན་པ་ཡིན་པ་ལས་ཕྱིའི་ས་རྡོ་ཞིག་གི་སྟེང་དུ་མི་གནས་པ་ཤེས་དགོས། རྟེན་བཞེངས་བྱས་ན་ཀུན་སློང་རྣམ་པར་དག་ན་ཚོགས་ཅུང་ཟད་བསག་སྲིད་ཀྱང་ལུང་རྟོགས་ཀྱི་བསྟན་པ་འཛིན་པ་དང་བྱ་ར་བྱེད་པ་བྱེ་བ་བརྒྱ་སྟོང་གི་ཆར་ཙམ་ཡང་མེད་དོ། །དེས་ན་བསྟན་པའི་གཞི་མ་དགེ་འདུན་ཡིན་པས་དགེ་འདུན་གྱི་སྡེ་བཙུགས་ནས་བཤད་སྒྲུབ་ལ་ངེས་པར་བརྩོན་པ་གལ་ཆེའོ། །དེ་ཡང་དགེ་འདུན་གྱི་སྡེ་འཕེལ་བ་ལ་གྲྭ་རྒྱུན་ལ་རག་ལས་པའི་དེ་འཚོལ་སྡུད་བྱས་ན་བསྟན་འགྲོ་གཉིས་ཀའི་དོན་དུ་འགྱུར་བ་ཡིན་ལ། དགེ་འདུན་བསྡུས་ནས་ཆོས་འདུལ་བའི་ལག་ལེན་བཞིན་འགྲིག་ལམ་ལེགས་པ་ཞིག་ངེས་པར་དགོས་ཏེ། དེ་མེད་ན་མི་རྒོད་ཀྱིས་ལུང་བ་གང་བར་འགྱུར་སྲིད། དེ་ལྟར་བསྟན་གཞི་དགེ་འདུན་གྱི་སྡེ་བཙུག་ནས་དགེ་འདུན་པ་རྣམས་ཀྱིས་དགྲ་འདུལ་གཉེན་སྐྱོང་ཚོང་ཁེ་སོགས་བྱས་ན་ཚེ་འདིར་ཡང་མི་བདེ་བ་དང༌། ཐར་བའི་སྲོག་རྩ་གཅོད་པར་འགྱུར་ཏེ། ཇི་སྐད་དུ། མ་ཤེས་འཁོར་བ་བདེན་པར་བཟུང༌། །དགྲ་འདུལ་གཉེན་སྐྱོང་བྱེད་པ་དེ། །གདུག་རྩུབ་ཚེར་མའི་གདན་དང་འདྲ། །དེ་ནི་ནམ་ཡང་བདེ་དུས་མེད། །ཐར་བ་ཐོབ་པ་ག་ལ་སྲིད། །ཅེས་གསུངས་པའི་ཕྱིར། ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱྀ་ཞལ་ནས། ཟ་དང་གཉིད་ལོག་འཇིག་དང་འཁྲིག་པ་སྤྱོད། །མི་དང་ཕྱུགས་རྣམས་དེ་དག་མཉམ་པ་ཡིན། །ཆོས་ཀྱི་སྤྱོད་པའི་མི་རྣམས་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་འདོད་ཆུང་ཆོག་ཤེས་ཀྱི་སྒོ་ནས་རྣམ་དཀར་ཐོས་བསམ་གྱི་ལས་ལ་གཞོལ་དགོས། བསྟན་རྩ་དགེ་འདུན་རྣམས་ཁྱིམ་པའི་འདུག་གནས་སུ་གནས་ན་ཉེས་པ་དུ་མས་རྟག་ཏུ་གོས་པར་གསུངས་པས་འདུག་གནས་ཁྱིམ་པ་དང་མི་འདྲ་བར་དབེན་ཞིང་ཉམས་དགའ་བའི་དགོན་སྡེ་ལ་གནས་དགོས་ལ། དེ་ཡང་དགོན་སྡེ་རྣམས་ཀྱི་བླ་སྤྲུལ་བསྟན་བདག་རྣམས་ཀྱིས་ཆོག་ཤེས་བྱེད་དགོས་པ་དང་མི་དགོས་པའི་མཚམས་ལེགས་པར་ཤེས་ནས་གྲྭ་རྒྱུན་དང་ཐོས་བསམ་སྒོམ་གསུམ་སོགས་ལ་ཆོག་ཤེས་མི་བསྟེན་པ་གལ་ཆེ། གལ་ཏེ་ཆོག་ཤེས་བྱས་ནས་བཞུགས་ན་བསྟན་པའི་ཉིན་བྱེད་སྒྲིབ་པའི་བདུད་ཀྱི་བྱེད་ལས་སྙིང་ལ་ཞུགས་པ་ཡིན་ནོ། །དེས་ན་བསྟན་འཛིན་སྐུ་སྐྱེས་རྣམས་ཕྲག་དོག་འགྲན་སེམས་ཀྱི་གཡོ་འོག་མི་འགྲོ་བར་བཤད་སྒྲུབ་ལ་སྒོ་གང་ཐད་ནས་ལག་རྗེས་རེ་འཇོག་དགོས། མཁན་པོ་རྣམས་ཀྱིས་འདོད་ཡོན་བདུད་ཀྱི་གཡབ་མོ་ཡིན་པས་དཔལ་འབྱོར་འཚོལ་སྡུད་སོགས་རང་དོན་ཁོ་ན་སེམས་ལ་མི་བཟུང་བར་ཆོས་སྦྱིན་གྱི་བསོད་ནམས་དང་བསྟན་འགྲོ་ཐུགས་ལ་བཞག་ནས་རྟག་ཏུ་བཀའ་པོད་ལྔ་སོགས་མདོ་སྔགས་རིག་གནས་དང་བཅས་པར་འཆད་རྩོད་རྩོམ་གསུམ་བྱེད་དགོས། ལྷ་ལས་ཕུལ་བྱུང་བསྟོད་པ་ལས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང༌། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ནི་སྟོན་པར་ཡོངས་སུ་འཛིན། །ཞེས་གསུངས་པ་ལྟར་རང་གི་ལྟ་གྲུབ་དེ་ཡང་གཞན་གྱིས་ཟེར་སྒྲོས་དང་ཕྱོགས་འཛིན་གྱི་གདོན་གྱིས་མ་བསླད་པར་ཀུན་མཁྱེན་རིན་པོ་ཆེ་དང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་སོགས་ཀྱིས་ཇི་ལྟར་བཀའ་སྩལ་བ་བཞིན་ལུང་རིགས་ཀྱིས་སྒྲུབ་པ་ལ་འབད་པར་རིགས་སོ། །དེང་དུས་སུ་རང་ལུགས་ཀྱི་དབང་ལུང་མན་ངག་བཤད་སྒོམ་སོགས་མ་ཉམས་པར་གནས་པ་གོང་འཕེལ་བྱེད་རྒྱུ་དང༌། ཉམས་པ་སོར་ཆུད་པའི་ཐབས་ལམ་ལ་དཔེར་ན་རྒྱལ་ཁབ་ཞིག་ཡར་རྒྱས་འགྲོ་བ་ལ་གཞན་དང་གཞན་ལ་བརྟེན་ནས་ཚན་རིག་ལག་རྩལ་སོགས་སྦྱང་ནས་ཡར་རྒྱས་གཏོང་དགོས་པ་ལྟར་ང་ཚོས་གཟུར་གནས་མཁས་དབང་གདན་འདྲེན་ཞུ་བ། གྲྭ་སར་ཕེབས་པ། བཤད་གྲྭ་འཛུགས་པ། དེ་ལ་མཐུན་རྐྱེན་ལེགས་སྒྲུབ་བྱེད་པ། དགོན་སྡེ་དེའི་བློ་གསལ་གཞོན་ནུ་ཐམས་ཅད་ཀྱིས་ཐོས་བསམ་ལ་ཡུན་རིང་བརྩོན་པ། བླ་སྤྲུལ་རྣམས་ཀྱིས་དབང་ལུང་སྤེལ་བ། ཆོས་བརྒྱུད་རིས་མེད་ལ་མཐུན་ལམ་བཟུང་བ། ཁྱད་པར་རང་ཅག་གི་དགོན་སྡེ་རྣམས་ཀྱིས་ཐུགས་རྩེ་གཅིག་དྲིལ་ངང་ཚོགས་འདུ་དང་བགྲོ་གླེང་སོགས་ལ་དཀའ་ངལ་འཛེམ་མེད་དུ་བྱོན་ནས་བསྟན་པ་འཛིན་སྐྱོང་གནང་བ་སོགས། མདོར་ན་བླ་སྤྲུལ་དང་མཁན་པོ་ཀྲུས་རིན་རྒན་དགེ་བསྐོས་གྲྭ་བཙུན་ལྷ་འབངས་དང་བཅས་པའི་རང་རང་གི་འོས་བབ་ཀྱི་ལས་འགན་རྣམས་ཐོས་ཤོལ་མེད་པར་འབད་བརྩོན་བྱས་ན་ངེས་དོན་དབུ་མའི་ལུགས་བཟང་མི་ནུབ་དར་རྒྱས་སུ་འགྲོ་བའི་རྒྱུར་འགྱུར་རོ། །


previousགཏམ་ཚོགས་མ་བཅོས་ལྷུག་པ། next