Nitartha Digital Library
Tibetan
གསུང་འབུམ་པོད་བཅོ་ལྔ་པ། བསྟན་པའི་གསོ་སྨན་སོགས།


  expand section
  expand section
  expand section
  expand section
  expand section
   
   
༢༠༡༣ལོའི་ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཐེངས་དགུ་བའི་སྐབས་སུ་དོན་ཚན་ཉེར་གཅིག་གི་སྙན་ཞུ།
   
   
   


 
previous༢༠༡༣ལོའི་ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཐེངས་དགུ་བའི་སྐབས་སུ་དོན་ཚན་ཉེར་གཅིག་གི་སྙན་ཞུ། next

༢༠༡༣ལོའི་ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཐེངས་དགུ་བའི་སྐབས་སུ་དོན་ཚན་ཉེར་གཅིག་གི་སྙན་ཞུ།

༢༠༡༣ལོའི་ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཐེངས་དགུ་བའི་སྐབས་སུ་དོན་ཚན་ཉེར་གཅིག་གི་སྙན་ཞུ།

དགེ་བཤེས་དངོས་གྲུབ་དཔལ། ༡ ཡོན་ཏན་ཐམས་ཅད་ཀྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ལེགས་པ་ཞིག་དགོས་པ་ནི་བཀའ་མདོ་རྒྱུད་ཐམས་ཅད་ལས་ཡང་ཡང་གསུངས་པས་བླ་མ་བསྟེན་ཚུལ་མ་ལེགས་ན་ཚེ་འདིར་ཡང་རྐྱེན་ངན་ཐམས་ཅད་ཐོག་ཏུ་བབ་པ་ཞིག་ཡོང་བ་མཐོང་ཆོས་ཡིན་པས་གཟབ་དགོས། ཆོས་ཚིགས་སུ་བཅད་པ་གཅིག་ཙམ་ཞུས་པ་ནས་བླ་མར་གྱུར་བ་ཡིན་པ་དང༌། དེར་མ་ཟད་དེ་དང་འགལ་བར་བྱས་ན་དམ་ཉམས་ཡིན་ཏེ། ལྷན་ཐབས་འོད་བརྒྱ་འབར་བ་ལས། དཔོན་སློབ་ཕན་ཚུན་འབྲེལ་བ་བརྟག་པ་ནི། ཆོས་ཀྱིས་མ་སྦྲཻལ་གོང་དུ་བྱ་དགོས་ཀྱི། སྔར་བརྟགས་སམ་མ་བརྟགས་གང་ཡིན་ཡང༌། ཆོས་ཀྱི་འབྲེལ་བ་ཐོབ་ནས་སྐྱོན་མི་རྟོག་པར་གུས་པས་བསྟེན་དགོས་ཏེ། ཚིགས་བཅད་གཅིག་ཙམ་ཐོས་པ་ལའང༌། །གལ་ཏེ་བླ་མར་མི་འཛིན་ན། །ཁྱི་ཡི་སྐྱེ་བ་བརྒྱར་སྐྱེས་ཏེ། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས། དེས་ན་ཕྱིས་ཀྱི་སྐྱེ་བོ་མང་པོ་ཞིག་སྔགས་ཆོས་ལ་དམ་ཚིག་ཡོད་དོ་སྐད་པའི་ཁ་བཤད་བྱེད། སྲུང་ནི་དེ་ལའང་མི་སྲུང༌། མཚན་ཉིད་པ་ལ་དམ་ཚིག་མི་ཡོང་ཟེར་ཞིང༌། མདོ་ཆོས་མང་དུ་ཐོས་པའི་བླ་མ་ལའང་མ་གུས་པ་དང་བརྙས་པ་དང་བཀུར་སྟི་མ་ཡིན་པ་ཇི་ཙམ་བྱས་ཀྱང་ཉེས་པ་མེད་པ་སྐད་སྨྲ་བ་མང་དུ་སྣང་སྟེ། བདུད་ཀྱིས་བྱིན་གྱིས་བརླབས་པ་ཁོ་ནའོ། །ཞེས་དང༌། མདོ་ལུགས་ཐེག་པ་ཆེ་ཆུང་གང་ཡིན་ཡང་རུང་སྟེ། དེ་ལྟ་བུ་ཞུས་པའི་བླ་མ་དེ་ལ་སྡིག་བསགས་ན། སྤྱིར་ཉེས་པ་ཆེ་བར་མ་ཟད་སྔགས་ཀྱི་དམ་ཚིག་ཀྱང་ཉམས་པ་ཡིན་ཏེ། རྒྱུད་རྣམས་ལས་ཀྱང༌། སློབ་དཔོན་མི་སྨད། བླ་མའི་ཐུགས་མི་དཀྲུག་ཅེས་གསུངས་ཀྱི། རྩ་ལྟུང་དང་པོའི་ཡུལ་དུ་རྡོ་རྗེ་སློབ་དཔོན་ཁོ་ནའི་ངེས་གཟུང་མ་མཛད་པ་མང་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །༢ རང་ལུགས་སྒྲུབ་བརྒྱུད་ཀྱི་བསྟན་པ་སྐྱོང་ཚུལ་ནི། སྒྲུབ་གྲྭ་ལེགས་པ་ཞིག་ཡོང་བ་ལ་ཐོས་བསམ་སྔོན་འགྲོ་ཅན་གྱི་སྒྲུབ་གྲྭ་ཚད་ལྡན་དགོས། དེ་ཡང་ཟས་ནོར་སོགས་དཔལ་འབྱོར་གྱིས་འགྲན་བསྡུར་མེད་པར་སྒོམ་སྒྲུབ་བྱེད་པ་ལ་འགྲན་བསྡུར་བྱས་ནས་སྒོམ་རྟགས་ཉོན་མོངས་ཆུང་བ་ཞིག་དགོས་ལ། རྡོ་རྗེ་སློབ་དཔོན་རྣམས་ནི་ཇོ་ནང་གི་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ཡིན་པ་དང་རང་གི་ཤེས་རྟོགས་ལ་ཕྲག་དོག་ཆུང་བ་སོགས་བླ་ན་མེད་པའི་ཡོན་ཏན་ལྡན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་བཀའ་དྲིན་གཞལ་མཐའ་བྲལ། འོན་ཀྱང་ངེས་པར་དུ་སྦྱོར་དྲུག་པ་རྣམས་ལ་སྦྱོར་དངོས་རྗེས་གསུམ་དང་བློ་ལྡོག་རྣམ་བཞི་རིམ་གཉིས་ཀྱི་ལམ་གྱི་རིམ་པ་རགས་ཙམ་སོགས་ཉམས་ལེན་དམིགས་པའི་གནད་རེ་ཤེས་དགོས་པ་ལས། ལོ་གསུམ་རྫོགས་སྐབས་སུ་བསྲུང་བྱ་མ་ཤེས་པའི་དབང་གིས་མ་བྱིན་པ་ལེན་པ་སོགས་བྱས་ནས་སྡོམ་པ་མེད་པ། ཤེས་ཡོན་མེད་པ། ཡོན་ཏན་མེད་པ། སློབ་གསོ་མེད་པ། ཆོས་ཕྱོགས་ལ་འཇིག་རྟེན་ཕལ་བ་ལས་ངན་པ། དཔལ་འབྱོར་སོགས་འདོད་རྔམ་མི་ནག་པ་ཞིག་ལས་ཆེ་བ་ཡིན་ན་མི་འཕྲོ་བརླག་བཏང་བ་ཡིན་པས་ཐོག་མའི་སློབ་གསོ་ལེགས་པར་གནང་བ་གལ་ཆེའོ ། ༢ དགོན་པ་སོ་སོ་ན་བཤད་གྲྭའི་ཁོར་ཡུག་བཟང་པོ་དགོས། རྒྱུ་མཚན་ནི། དུས་རབས་ཉེར་གཅིག་པའི་སྐབས་འདིར་ཤེས་ཡོན་གྱི་དུས་རབས་ཡིན་པ་དང༌། ནང་བ་སངས་རྒྱས་པའི་ཐོབ་བྱའི་དབང་དུ་བྱས་ན་རྣམ་པ་ཐམས་ཅད་ཤེས་པའི་ཡེ་ཤེས་ཡིན་པས་དེ་ཐོབ་པ་རིགས་མཐུན་གྱི་རྒྱུ་ཐམས་ཅད་ལ་སྦྱང་དགོས་པ་དང༌། སྤང་བྱའི་དབང་དུ་བྱས་ན་མ་རིག་པ་སྤང་བྱ་ཀུན་གྱི་རྩ་བ་ཡིན་པས་དེ་སྤང་བ་ལ་རིག་པ་ཡེ་ཤེས་བསྐྱེད་ནས་སྤང་དགོས་པས་ན་ཤེས་བྱའི་གནས་ལ་འབད་པ་གལ་ཆེ།དེས་ན། རྒྱན་ལས། རིག་པའི་གནས་ལྔ་དག་ལ་སྦྱང་བ་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །ཞེས་དང༌། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱི་མི་སློབ་པའི། །དངོས་ཏེ་གང་ཡང་ཡོད་མ་ཡིན། །ཞེས་དང༌། ས་པཎ་གྱིས། ཤེས་བྱ་ཀུན་ལ་མ་སྦྱང་ན། ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལས་རིང༌། །ཞེས་དང༌། མ་སློབ་པ་ལ་ཀུན་མཁྱེན་དུ། །འགྲོ་ན་རྒྱུ་འབྲས་ག་ལ་བདེན། །ཞེས་སོ། །ཤེས་ཡོན་མེད་ན། ཇི་སྐད་དུ། ཤེས་རབ་མེད་ན་ཡུལ་འཁོར་ལ། །བྱམས་པ་ཙམ་གྱིས་སྐྱོང་མི་ནུས། །ཞེས་པ་ལྟར་དགེ་རྒན་སོགས་སྤུས་ཚད་ལྡན་པའི་བཤད་གྲྭ་དགོས་པ་ལས། མི་འཕྲོ་བརླག་བཏང་བའི་རྐྱེན་ལྷག་བསམ་དང་ཤེས་ཡོན་མེད་པའི་དགེ་རྒན། འགྲིག་ལམ་མེད་པའི་རྩེ་ར་ཞིག་འཛུགས་པ་ནི་དོན་མེད་ཡིན་པས་གྲྭ་སར་འགྲོ་ནས་སློབ་སྦྱོང་ལེགས་པར་གནང་བ་རྣམས་ལ་བཀག་འགོག་མི་བྱེད་རྒྱུ་གལ་ཆེ། གྲྭ་སར་ཕེབས་ནས་སློབ་གཉེར་ལེགས་པར་གནང་བ་ལ་ཆགས་སྡང་གི་དབང་གིས་བར་ཆད་བྱེད་མི་རུང་བ་ནི། ཇི་སྐད་དུ། སྡིག་ཅན་ཡིན་ཞེས་རྭ་ཅན་མི་འབྱུང་ཡང༌། །གཅེས་ཤིང་ཕན་པའི་འཛུམ་གྱིས་ཟོལ་བསྟན་ནས། །རྩེ་རྒོད་གཡེང་བའི་གྲོགས་བྱེད་བག་མེད་ཀྱི། །ལས་ལ་སྦྱོར་དེ་སྡིག་པའི་གྲོགས་ཡིན་པས། །འགོ་བའི་ནད་བཞིན་རིང་དུ་སྤོངས་ཤིག་ཨང༌། །ཞེས་དང༌། སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ། །འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །ཞེས་དང༌། ཆོས་ལ་བར་ཆད་བྱེད་པ་བདུད་ཀྱི་མཚན་ཉིད། ཅེས་པ་ལྟར་རོ། །༣ མཐུན་འབྲེལ་ནི། བྱམས་བརྩེ་དང་ཡིད་ཆེས་ཀྱི་སྒོ་ནས་མངོན་ལྐོག་མེད་པའི་མཐུན་འབྲེལ་ནི་ཡང་དག་པའི་མཐུན་འབྲེལ་ཡིན་ལ། དེ་ལས་གཞན་དཔལ་འབྱོར་གྱིས་བསླུ་བྲིད་སོགས་ནི་མཐུན་འབྲེལ་ཡང་དག་པ་མ་ཡིན་པའོ། །མཐུན་འབྲེལ་གཏོར་བཤིག་ནི་གཡོ་སྒྱུའི་དབང་གིས་སློབ་གསོ་སྣ་ཚོགས་བྱེད་པ། རྒྱུ་ཤེད། དཔུང་ཤེད། གཡོ་ཐབས་ཀྱིས་སྐྱོན་མེད་པ་ལ་སྐྱོན་བརྗོད་སྣ་ཚོགས་བྱེད་པ། དེའི་རིགས་ལ་རྟོག་དཔྱོད་ཙམ་ཡང་མི་བྱེད་པར་རི་བོང་ཅལ་འདྲོགས་བྱེད་པ་དང༌། ཆབ་སྲིད་སྣ་ཚོགས་ཀྱིས་མགོ་སྐོར་བ་སོགས་མདོར་ན་དེང་དུས་ནི་མིའི་སྤུས་ཚད་ཇེ་ངན་དུ་འགྲོ་བ་དང་དཔལ་འབྱོར་སོགས་ཇེ་བཟང་དུ་འགྲོ་བའི་སྐབས་འདིར་ངེས་པར་གཟབ་དགོས་པའི་གནས་སོ། །༤ དགོན་སྡེ་ཆོས་བཞིན་བསྐྱངས་ཚུལ་ནི། དགོན་བདག་སོགས་ཀྱིས་རང་འདོད་སྤངས་ནས་བཤད་སྒྲུབ་ཀྱི་བསྟན་པ་བཟུང་ནས་དྲང་བདེན་བྱེད་པ་ལས་རང་དགོན་གྱི་ནང་དང་དགོན་སྡེ་ཕན་ཚུན་བར་འཐེན་འཁྱེར་བྱེད་པ་དང་ལྷག་པར་དུ་གྲྭ་རྒྱུན་ཡང་དགོན་པ་རང་གི་ཐོབ་ཁུངས་དོ་དམ་བྱེད་པ་ལས་དགོན་པ་གཞན་ལ་གཡོ་ཐབས་སྣ་ཚོགས་ཀྱིས་བསྡུས་ནས་དགོན་སྡེ་ཕན་ཚུན་འཁྲུག་པའི་རྒྱུར་བྱེད་པ་སོགས་ནི། ཇི་སྐད་དུ། རང་གི་འཁྲུལ་བ་རང་གིས་མ་བརྟགས་ན། །ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པའི།།ཞེས་དང༌། བསྟན་པའི་བྱ་བར་བརྟགས་ནས་སྡེ་དགོན་བསྐྱངས། །ཆགས་སྡང་རུ་མར་སོང་བ་ཡི་རེ་མུག །ཅེས་གསུངས་པ་ལྟར་ཡིན་པས་དེ་འདྲ་གཏན་སྤང་བྱེད་རྒྱུ་གལ་ཆེའོ། །༥ བསྟན་པ་དག་གཙང་གི་དགོས་མཁོ་ནི། མཁན་པོ་སྤྲུལ་སྐུ་རྡོ་རྗེ་སློབ་དཔོན་ལ་ཚད་ལྡན་ནམ་སྤུས་ཚད་ལྡན་པ་དགོས་པ་ལས་ཡོན་ཚད་མེད་ན་ཡོན་ཏན་གྱི་བཀག་རྡོ། བསྟན་པའི་ཞབས་འདྲེན། སེམས་ཅན་གྱི་བསླུ་བྲིད། མི་རིགས་ཉེས་སྐྱོན་དུ་འགྱུར་བས་སོ། །མཁན་པོ་ཞིག་ཡིན་ན་རྒྱུ་ནོར་སོགས་བྱ་བ་ངན་པ་ལ་མི་གཡེང་བར་རྒྱུན་དུ་འཆད་ཁྲིད་དང༌། ལྷག་བསམ་གྱི་སྒོ་ནས་སློབ་མ་རྣམས་ལ་ཆོས་འཇིག་རྟེན་གྱི་ལུགས་གཉིས་ལ་མཁས་པ་ཞིག་བྱེད་པའི་ཐབས་ལམ་དཀའ་ངལ་འཛེམ་མེད་ཀྱི་སྒོ་ནས་བྱེད་དགོས་སོ། །སྤྲུལ་སྐུ་ཞིག་ཡིན་ན་ཇི་སྐད་དུ། སྐུ་སྐྱེས་བསྟན་དོན་དུ་བྱོན་ན། །བཤད་སྒྲུབ་ལ་ལག་རྗེས་འཇོག་དགོས། །ཞེས་གསུངས་པ་ལྟར་ཐོས་བསམ་སྒོམ་གསུམ་བྱེད་པ་ལས། མངོན་གྱུར་བསྟན་ན་མི་ཤེས། ཅུང་ཟད་ལྐོག་གྱུར་བཤད་ན་མི་ཤེས། སྟོང་ཉིད་དང་ལྐོག་གྱུར་གྱི་གནས་ལ་ཐོགས་པ་མེད་པར་ཤེས་མདོག་གི་རྫུན་གྱི་ཆུ་གཏེར་རྡོལ་ནས་སེམས་ཅན་ལ་མགོ་སྐོར་བཏང་བའི་མི་སྣ་ཞིག་མི་བྱེད་པ་གལ་ཆེའོ། །དུས་རབས་འདི་ལ་བརྟག་དཔྱད་བྱེད་པའི་གནས་སྐབས་ཤིག་ཡིན་པས་སྐྱོན་ཕུང་འགེབས་མི་ནུས་སོ། །རྒྱ་བླ་ཞེས་གྲགས་པ་ལ་རབ་འབྲིང་ཐ་གསུམ་ཡོད། རབ་ནི་རྒྱ་མི་རིགས་ལ་ཆོས་བཤད་ནས་བླང་དོར་ཡང་དག་པའི་ལམ་ལ་འགོད་པ་རྣམས་སོ། །འབྲིང་ནི། ཆོས་ལེགས་པར་བཤད་མ་ཤེས་ན་ཡང་རྫུན་མེད་པར་དྲང་བདེན་དུ་གནས་ནས་བཤད་སྒྲུབ་ལ་མཐུན་རྐྱེན་སྦྱར་བ་རྣམས་སོ། །ཐ་མ་ནི། རང་སྐད་ཀྱི་ཆོས་གཅིག་ཙམ་བཤད་མི་ཤེས་ཀྱང་རྒྱ་ནག་སྐད་དུ་ཆོས་བཤད་པ་ལ་ཐོགས་པ་མེད་པའི་ལོ་ཙཱ་བ་ཆེན་པོ། མངོན་གྱུར་ལ་རྩ་བའི་ཁ་དོག་བཞི་ཙམ་མི་ཤེས་ཀྱང་ལྐོག་གྱུར་གནས་རྣམས་ལུང་དུ་སྟོན་པའི་ལུང་སྟོན་པ་ཆེན་པོ། བསྟན་པའི་བྱ་བར་སྒྲོ་བཏགས་ནས་དཔལ་འབྱོར་བསྡུ་བ་དང༌། སྐུ་གསུང་ཐུགས་རྟེན་རྩ་ཆེན་གཞན་ལ་འདྲེན་པའི་ཚོང་དཔོན་ཆེན་པོ། ཕྱོགས་རིས་འཐེན་ཁྱེར་གྱི་སྒོ་ནས་ཆོས་སྡེ་དཀྲུག་པའི་དམག་དཔོན་ཆེན་པོ། གཡོ་ཐབས་ཀྱིས་བུད་མེད་སོགས་འཁོར་སྣ་ཚོགས་དབང་དུུ་འདུ་བར་བྱེད་པའི་སྡེ་དཔོན་ཆེན་པོ་རྣམས་སོ། །༦ རང་ལུགས་འཛིན་སྐྱོང་གལ་ཆེ་བ་ནི། བསྟན་པ་ལ་རིས་མེད་བྱས་ནས་རང་ལུགས་ཀྱི་ཡིག་ཆ་སྦྱང་དགོས་པ་ལས་ཁ་ཙམ་གྱིས་རང་ལུགས་དགོས་ཞེས་ཟེར་ནས་དོན་གྱིས་གཞན་ལུགས་ཁོ་ན་དགའ་བ་ནི། ཇོ་ནང་བ་ནི་གཞན་གྱི་ཁོངས་སུ་ཐིམ་ཞེས་པ་ལྟར་འགྱུར་བ་ལ་ཉེ་བ་ཡིན་ལ། ཀུན་མཁྱེན་ཡབ་སྲས་ལྟ་བུའི་གསུང་ནི། ཇི་སྐད་དུ། འཆང་བ་དང་ནི་སྟོན་ཏམ་ཀློག་ན་ཡང༌། །དེ་ཡི་རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་པ་ལྟར་ཏིང་ངེ་འཛིན་སྒོ་མང་པོའི་བྱིན་གྱིས་བརླབས་པའི་གཟུངས་ཁྱད་པར་ཅན་ཡིན་པས་དེ་དག་གི་གསུང་རབ་ལ་ལྟ་ན་དམ་པ་གང་དག་ལ་དངོས་སུ་མཇལ་ཡང་དེ་ལས་ལྷག་པའི་གདམས་ངག་སྟོན་རྒྱུ་མེད་པས་གསུང་རབ་དེ་དག་ལ་ཐོས་བསམ་བྱེད་པ་གལ་ཆེའོ། །༧ དུས་འཁོར་གྱི་འཆད་ཉན་འཛུགས་དགོས་པ་ནི། དུས་འཁོར་གྱི་ལམ་རིམ་གཉིས་དང་རྒྱུད་སྡེའི་འཆད་ཉན་འཐུས་སྒོ་ཚང་བ་ཞིག་དགོས། རྒྱུ་མཚན་ནི། འཛམ་གླིང་ཧྲིལ་བོ་འདིའི་སྟེང་ན་དུས་འཁོར་གྱི་ཉམས་ལེན་གྱི་རིམ་པ་ཆ་ཚང་ཡོད་པ་ཇོ་ནང་པ་ཡིན་ཞེས་ཕྱི་ནང་གཉིས་ཀས་གླེང་བཞིན་ཡོད་པ་དང༌། ང་རང་ཚོའི་ཐོག་ཏུ་བབ་པའི་ལས་འགན་གཙོ་བོ་ཡིན་པ་དང༌། རྡོ་རྗེ་སློབ་དཔོན་སོགས་ཀྱི་ཉམས་ལེན་དམིགས་པའི་གནད་ཙམ་མ་གཏོགས་རྒྱུད་ཀྱི་བཤད་པ་རྒྱ་ཆེར་གནང་མཁན་ཆེས་ཉུང་ངུར་གནས་པས་སོ། །༨ བསྟན་པ་དག་ཐེར་ངེས་པར་མ་བྱས་ན་བསྟན་པ་འཆོལ་ཉོག་ཅན་དུ་འགྱུར་ངེས། དེས་ན་རང་ལ་རབ་བྱུང་གི་སྡོམ་པ་མེད་བཞིན་དུ་རབ་བྱུང་གི་གོས་ངུར་སྨྲིག་བགོས་ནས་ཁྱིམ་པ་སུན་འབྱིན་གྱི་ལས་སྣ་ཚོགས་བསགས་པ་དང༌། འཕྲོག་བཅོམ་བྱེད་པ་སོགས་ནི། བདག་ཅག་གི་སྟོན་པས། སངས་རྒྱས་ཀྱི་བསྟན་པ་ནི་ཁོང་མིན་ཁོང་འདྲ་གཅིག་གིས་བཤིག་ཅེས་པ་ལྟར་ཡིན་པས་དུས་རབས་ཉེར་གཅིག་པའི་དུས་འདིར་ཀུན་སྤྱོད་དག་གཙང་ལྷག་པར་གལ་ཆེ་བའོ། །མི་སྐྱ་ཕོ་མོ་རྣམས་ཀྱིས་གྲྭ་བ་དག་རྫུན་ཤེས་ནས་དགེ་འདུན་སྤྱི་ལ་མི་སྨོད་པར་དགེ་འདུན་རྣམ་དག་ལ་གུས་བཀུར་དང་རྫུན་མ་མེད་པར་བྱེད་པའི་ཐབས་ལམ་ལ་འབད་དགོས། བོད་གངས་རིས་ལྗོངས་ན་སྡོམ་མེད་རྒན་པོ་གཡོ་ཁྲམ་མཁན་མང་པོས་བསྟན་པ་འཛིན་པར་རློམ་ནས་བསྟན་པ་བཤིག་པ་ནི་མང་དུ་སྣང༌། ཇི་སྐད་དུ། བསྟན་པའི་བྱ་བར་སྒྲོ་བཏགས་ནས། །ཆགས་སྡང་རུ་མར་སོང་བ་ཡི་རེ་མུག །ཅེས་གསུངས་པ་ལྟར་ལས་མ་འདས་སོ། །༩ ཆོས་ཚོགས་སོ་སོར་འགྲོ་སྐབས་དང་དྲྭ་ཐོག་སོགས་ནས་ཕྱིན་ཅི་ལོག་གི་བཤད་པ་མང་པོ་གོ་ཐོས་ཡོད་པས་འོལ་ཚོད་དང་ཧམ་པ་ཁོ་ནས་འཆད་རྩོད་གང་གི་སྒོ་ནས་ཞབས་འདྲེན་མི་བྱེད་རྒྱུ་གལ་ཆེའོ། །༡༠དོན་ཆུང་ཆུང་ཞིག་ཆེ་བསྒྱུར་མི་བྱེད་པར་བསྟན་པ་སྤྱིའི་དོན་དེ་ནང་ཆོས་མི་ཤེས་པའི་རྒད་པོ་གཡོ་སྒྱུ་ཅན་སོགས་ལ་བློ་ཕུགས་བཅོལ་ན་གནས་སྐབས་རེ་མ་གཏོགས་མཐར་ཕུང་གྱོད་ཀྱི་རྩ་བར་འགྱུར་ལ། དེས་ན་ལྷག་བསམ་དང་ཤེས་ཡོན་ལྡན་པ་ལ་ཕུགས་བློ་བཅོལ་ན་སྒེར་གཞུང་ཀུན་ལ་ཕན་ངེས་སོ། །༡༡ རང་ས་ནས་ཉོག་གྲ་བྱས་ནས་ཐོབ་གོ་ས་རྩོད་གླེང་བྱེད་པ་ལས་ཕྱོགས་སོ་སོར་དགོན་པ་འདེབས་ན་བཟང་སྙམ། །༡༢ ཇོ་ནང་སྤྱིའི་ཚོགས་འདུ་སོགས་ལ་གཞན་གྱི་ཟེར་སྒྲོས་ཙམ་མ་ཡིན་པར་དོན་གྱི་བླ་མ་དང་འགལ་བའི་དམ་ཚིག་ཉམས་པའི་རིགས་དང༌། དགོན་པ་ནས་གནས་དབྱུང་བཏང་བ་རྣམས་བཀག་སྡོམ་བྱེད་དགོས། ༡༣ ཇོ་ནང་བ་རྣམས་ཀྱིས་ཆོས་དང་མཐུན་པར་མི་རིགས་མཐུན་འབྲེལ་བྱས་ནས་བོད་ཀྱི་རིག་གནས་དར་སྤེལ་དང་སྒོས་སུ་ནང་ཆོས་དར་སྤེལ་བྱེད་པར་རེ་བ་སྙིང་ནས་ཞུ། ༡༤ གཞན་དབང་ནི། ཁེ་ཕན་གང་ཡང་མེད་པས་ཕན་པ་མེད་པའི་སྒེར་གཅོད་ཀྱི་འགྲིག་ཁྲིམས་བཞག་པ་དང༌། གནོད་འཚེའི་བསམ་སྦྱོར་ངན་པས་བྱ་བཞག་ཡང་དག་དག་ལ་བཀག་སྡོམ་བྱེད་པ་དང༌། ལས་ཉོན་གྱི་དབང་གིས་སྐྱེ་རྒ་ན་འཆི་སོགས་མི་འདོད་བཞིན་དུ་བྱེད་དགོས་པ་སོགས་ནི་རང་དབང་མེད་པ་ཡིན་ལ། དེ་ནི་སྡུག་བསྔལ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཞལ་སྔ་ནས། གང་ལ་རང་དབང་མེད་པ་དེ་ནི་སྡུག་བསྔལ་བའོ། །ཞེས་གསུངས་པ་ལྟར་ཡིན་ནོ། དེ་ལས་བརྒལ་ནས་རང་གི་ཁེ་དབང་ཡང་དག་དང་གཞན་གྱི་རང་དབང་དང་བཅས་ཁྲིམས་ཡང་དག་པ་ལ་མི་གནོད་པའི་ཁོར་ཡུག་བཟང་པོར་ལྷིང་འཇགས་དང་བདེ་འཇགས་ངང་གནས་པ་ནི་རང་དབང་དུ་གནས་པའོ། །དེ་མ་གཏོགས་བག་མེད་ཀྱི་སྤྱོད་པ་དང༌། ཉོན་མོངས་ཀྱི་གཞན་དབང་དུ་གྱུར་བ་སོགས་ནི་རང་དབང་ལོག་པའམ་གཞན་དབང་ཞིག་ཡིན་པ་ཤེས་དགོས་སོ། །༡༥ གཙང་སྦྲ་ལ་ལུས་ངག་ཡིད་གསུམ་གྱི་གཙང་སྦྲ་དང༌། ཕྱི་ཁོར་ཡུག་གི་གཙང་སྦྲ་སོགས་ཡོད། ལུས་ཀྱི་གཙང་སྦྲ། ལུས་ལ་བྱི་དོར་བྱས་ནས་དྲི་མ་མེད་པར་བྱེད་པ་དང་ནད་སོགས་འགོག་པར་བྱེད་པ་སོགས་ལུས་ཀྱི་འཕྲོད་བསྟེན་དག་ཡིན་ལ། ངག་གི་གཙང་སྦྲ་ནི་ངག་གི་ཚིག་རྩུབ་སོགས་སྤོང་བར་བྱེད་པ་ཡིན་ལ། ཡིད་ཀྱི་གཙང་སྦྲ་ནི། ཆགས་སྡང་སོགས་སེམས་མ་རུང་པ་དག་སྤོང་བར་བྱེད་པ་ཡིན། སྔོན་བྱོན་དམ་པ་རྣམས་དེ་ལ་གནས་པ་ཡིན། ཕྱིའི་གཙང་སྦྲ་ནི་མི་གཙང་བ་ལྗན་ལྗིན་སོགས་མེད་པར་བྱི་དོར་བྱ་བ་ཡིན་ཏེ། མཛོད་ལས། ལེགས་བཤད་གསུམ་པོ་ཐམས་ཅད་ནི། །གཙང་བྱེད་རྣམ་པ་གསུམ་ཡིན་ཏེ། །ཞེས་དང༌། མཚོ་ཊཱིཀ་༩༣༩ལས། སྐབས་འདིར་འོད་ལྡན་ལས། ཐ་སྙད་པ་ཕྱིའི་གཙང་སྦྲ་དང༌། དོན་དམ་པ་ནང་གི་གཙང་སྦྲ་གཉིས་སུ་གསུངས་ཏེ། རྩ་བ་སུམ་བརྒྱ་པ་ལས། བཅོམ་ལྡན་འདས་ནང་གི་གཙང་སྦྲར་གསུངས་པ་ནི། ལུས་ལ་སོགས་པའི་སྡིག་སྤོང་གང་ཡིན་པའི་ཞེས་བཤད་དོ། །ཐ་སྙད་པ་ཕྱིའི་གཙང་སྦྲ་ནི། ས་གཉིས་ཀྱིས་བཀྲུ་བར་བྱའོ། །ཞེས་སོགས་གསུངས་པས་སོ། །དེས་ན་གཙང་སྦྲ་ནི་དེང་རབས་དང་མཐུན་པ་མ་ཟད་ནང་ཆོས་ཀྱི་དགོངས་དོན་ཡང་ཡིན་ནོ། །༡༦ མི་གཞི་ཚད་ལྡན་ནི། དྲིན་ཅན་ལ་དྲིན་ཅན་དུ་ཤེས་པ། བློ་རྒྱ་ཆེ་བ། ཕྲག་དོག་མེད་པར་གོང་མ་ལ་གུས་ཞབས་ཡོད་པ། ང་རྒྱལ་སོགས་མེད་པར་དམན་ལ་བྱམས་བརྩེ་ལྡན་པ། གྲོགས་དང་བྱ་བ་ཀུན་ལ་མཐར་སྐྱོར་ཐུབ་པ་སོགས་ཡིན་ཏེ། རྗེ་མི་ལས། ཐབས་དང་ཤེས་རབ་མི་གཞི་གསུམ། །འདི་གསུམ་རྒྱུན་གྱི་ས་མཁན་ཡིན། །ཞེས་པ་ལྟར་རོ། །མདོར་ན་ཆོས་འཇིག་རྟེན་གང་ལ་ཡང་མི་གཞི་བརྟན་པོ་དགོས། རབ་ན་ཤེས་ཡོན་དང་ལྷག་བསམ་དགོས་སོ། །༡༧ བོད་རང་གི་སྐད་ཡིག་ནི་མི་རིགས་རང་གི་སྲོག་ལྟ་བུ་ཡིན་པ་ནི་མཁས་དབང་དམ་པ་དག་གིས་བཤད་པ་ལྟར་ཡིན། དེའི་ནང་ནས་ཉིང་ཁུ་ལྟ་བུ་ནི་བོད་རང་སྐད་ཀྱི་སྟེང་དུ་ཡོད་པའི་ནང་ཆོས་ཀྱི་མདོ་སྔགས་རིག་གནས་དང་བཅས་པའི་མིང་ཚིག་རྣམས་ལ། དེའི་རྒྱུ་མཚན་བོད་རང་གི་རིག་གཞུང་གི་རྩ་བ་ནི་ནང་ཆོས་ལ་ཕལ་ཆེར་བ་ཐུག་ཡོད་པ་དང༌། དེ་དར་སྤེལ་བྱས་ན་ཚེ་འདི་དང་ཕྱི་མ་གཉིས་ཀའི་དོན་རྨད་དུ་བྱུང་བའོ། །ལྷག་པར་དུ་གྲྭ་བ་རྣམས་ཀྱི་ལས་འགན་ནི། ཕན་པ་དང་བདེ་བའི་འབྱུང་གནས་སུ་གྱུར་པའི་ནང་ཆོས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་འདི་ཡིན་པས་རང་གི་ལས་འགན་གང་ཡིན་རྟོགས་དགོས་སོ། །༡༨ གྲྭ་བའི་ཁ་ཕྱོགས་གཙོ་བོ་ནི། གཡོ་སྒྱུའི་ཆབ་སྲིད་མ་ཡིན་པར་གཞན་ལ་གནོད་མེད་ཀྱི་སྒོ་ནས་ཕན་པ་སྒྲུབ་པ་དང༌། བཤད་སྒྲུབ་ལ་འབད་བརྩོན་བྱེད་དགོས་པ་རེད། དེ་ཡང་ཐེག་དམན་གྱི་སྐབས་སུ་གཞན་ལ་གནོད་འཚེ་སྤང་དགོས་པར་བཤད་པ་དང༌། ཐེག་པ་ཆེན་པོའི་སྐབས་སུ་གནོད་མེད་ཀྱི་སྒོ་ནས་གཞན་ལ་ཕན་པ་སྒྲུབ་དགོས་པར་གསུངས་པ་ལྟར་རོ། །༡༩ ང་རང་གིས་བསྟན་ལ་བྱ་བ་བྱེད་བཞིན་པ་དང་བྱེད་འདོད་ཡོད་པའི་དམིགས་ཡུལ་གཙོ་བོ་ནི་ཆོས་ཁྲིད་བྱེད་པ་དང༌། རང་ལུགས་ཀྱི་ཡིག་ཆ་དར་སྤེལ་སོགས་བཤད་སྒྲུབ་ཀྱི་བསྟན་པ་ལ་བྱ་བ་བྱེད་འདོད་ཡོད་པ་ལས་ལྷ་ཁང་གསེར་ཁང་གི་བསྟན་པ་འཛིན་འདོད་མེད། དེའི་རྒྱུ་མཚན་ནི། གོང་སྤྲུལ་གྱི་ཞལ་སྔ་ནས། ཇི་སྐད་དུ། བྱ་བ་ལས་ཀྱི་མིང་བཏགས་ནས། །ཀུན་སློང་ལོག་པའི་ལམ་གྱུར་ཏེ། །སྤྱོད་པ་སེམས་ཅན་སྡུག་ལ་སྦྱོར། །འདི་ཡང་བདུད་ཀྱི་བསྟན་པ་དར་བ་ཡིན། །ཞེས་དང༌། རྫ་དཔལ་སྤྲུལ་གྱིས། མི་ཚེ་སྟོང་ཟད་ཞིག་བསམ་ན། །ཁང་རྒན་ཞིག་གསོ་ལ་རེམས་ཤིག །ཅེས་གསུངས་པ་ལྟར་མི་བསྐྱེད་བསྲིང་བྱེད་དགོས་པ་ལས་ས་རྡོ་ཞིག་གསོ་བྱས་པ་ལ་དོན་ཆེར་མ་མཆིས་སོ། །༢༠ ཡ་ང་མེད་པར་མ་ཟད་སྤོབ་པ་བསྐྱེད་འོས་པ་ནི། རང་གི་བསྟན་པ་ལ་བྱ་ར་ཅུང་ཟད་བྱས་ནས་གྲུབ་འབྲས་རྙེད་པ་ལ། དཔེ་ཆ་ལ་གཏན་ནས་མི་དགའ་བའི་རིགས་སུ་གྱུར་བ་དང་དཔལ་འབྱོར་གྱིས་གཡོ་འོག་ཏུ་ལྷག་པ་རང་དང་མཉམ་པ་དང་འོག་མའི་ཕྲག་དོག་གི་དབང་གིས་སྒྲོ་གདོགས་སྐུར་འདེབས་སྣ་ཚོགས་བྱེད་པ་དང་སྦྱོར་ངན་སྣ་ཚོགས་རྩོམ་པ་ནི། བདག་གི་གཟི་བརྗིད་དང་སྤོབས་པ་བསྐྱེད་དགོས་པའི་གནས་སུ་བདག་གིས་ངོས་འཛིན་བྱེད་ཀྱི་ཡོད། དེའི་རྒྱུ་མཚན། བར་ཆད་བྱེད་མཁན་ནི་བདག་ཅག་གི་སྟོན་པ་ལ་ཡོད་ན་བདག་ལྟ་བུ་ལ་སྨོས་མ་དགོས། བདག་གིས་དྲང་བདེན་གྱི་ལམ་འདི་ལ་འབད་པ་ནི་རང་བློ་རགས་པ་རང་ལ་ལྐོག་ཏུ་མ་གྱུར་པས་སོ། །གྲུབ་འབྲས་ཡོད་ན་དཀའ་ངལ་འཛེམ་མེད་ཀྱི་སྒོ་ནས་བསྟན་པར་ཞབས་ཞུ་བྱེད་པ་ནི་རང་གི་ལས་འགན་ཡིན་བསམ་གྱི་ཡོད། ཕན་ཐོགས་ན་བྱ་བ་རླབས་ཆེན་གང་སྒྲུབ་ན་བར་ཆད་ཡོད་མེད་ལ་མ་ལྟོས་པར་ལུས་སྲོག་ལ་འཛེམ་མེད་ཀྱི་སྒོ་ནས་སྒྲུབ་འདོད་ཡོད། དེའི་རྒྱུ་མཚན་ནི། ཇི་སྐད་དུ། རོ་དང་མཚུངས་པའི་ལུས་པོ་འདི། །ག་དུས་ཤི་ཡང་མི་འགྱོད་དེ། །གསེར་དང་མཚུངས་པའི་རྣམ་དཔྱོད་དག །མཉམ་དུ་ཤི་ན་ཤིན་ཏུ་ཕངས། །ཞེས་གསུངས་པ་ལྟར་རང་གི་རྣམ་དཔྱོད་དེ་ལ་གྲུབ་འབྲས་མེད་པར་ཤི་ན་འགྱོད་མོད་མི་གཙང་བའི་ལུས་འདི་ག་དུས་ཤི་ན་འགྱོད་པ་མེད། ལྷག་པར་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་ས་ནས་དཀའ་ངལ་འཕྲད་ནའང་དགའ་ཞིང་མགུ་བ་ཡིན། བྱ་བ་ལེགས་པར་གྲུབ་པ་ཞིག་ཡིན་ན་གཞན་གྱི་བར་ཆད་ཡོད་པ་ནི་སངས་རྒྱས་དང་སློབ་དཔོན་པད་འབྱུང་ལྟ་བུ་ལ་འབྱུང་སྲིད་པས་འཇིགས་རྒྱུ་མེད་དེ། ཇི་སྐད་དུ། དྲེགས་ལྡན་འུག་པ་ཁྲོས་པའི་ཧ་ཧ་དང༌། །བླུན་པོ་ཕག་གིས་བརྙས་པའི་ཧུམ་སྒྲ་དང༌། །བློ་ཆུང་བྱིས་པ་དགོད་པའི་སྣ་གཉེར་ལ། །འཇིགས་པའི་ཡ་ང་བདག་ལ་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་ཡིན་ནོ། །དེ་རིང་ངས་འདི་ནས་དྲང་བདེན་གྱི་སྐད་ཆ་ཞིག་བཤད་འདོད་པ་ནི། ཇི་སྐད་དུ། སྐྱེ་བོ་མཁས་ཤིང་དྲང་བ་ལ། །དྲང་པོར་སྨྲས་ན་མགུ་འགྱུར་ཏེ། །བླུན་པོ་གྱ་གྱུར་སྤྱོད་རྣམས་ལ། །ཇི་བཞིན་བཤད་ཀྱང་དགོས་པ་ཆུང༌། །ཞེས་དང༌། ཕྱུགས་པོ་ཀླ་ཀློའི་ཁྲོད་ན་ཡོད། །དཔའ་བོ་དུད་འགྲོའི་ཁྲོད་ན་ཡོད། །དོན་དང་ལྡན་པའི་གཏམ་སྨྲ་བ། །འཇིག་རྟེན་འདི་ན་ཤིན་ཏུ་དཀོན། །ཞེས་པ་ལྟར་ལོ་རྒྱུས་དོན་གྱིས་བཤད་ན་ཤེས་རྟོགས་བྱུང་བ་ཞིག་ཡོད་པས་སོ། །༢༡ ཤེས་ཡོན་པའི་སྡེ་དང༌། ལྷག་བསམ་ཅན་དག་གིས་དཔལ་འབྱོར་དང་རིག་གནས་ཀྱི་དབུལ་ཕོང་བའི་ཉམས་ཐག་པ་རྣམས་ལ་ཆེ་འདོད་གྲགས་འདོད་ཙམ་མ་ཡིན་པར་བྱམས་བརྩེས་སྐྱོངས་དགོས། ལྷག་པར་ཤེས་ཡོན་གྱིས་སྟོང་ཆ་ཡོད་པའི་ཡུལ་ལ་དཀའ་ངལ་འཛེམ་མེད་ཀྱི་སྒོ་ནས་ཕྱོགས་ཐམས་ཅད་ནས་ཡར་རྒྱས་གཏོང་དགོས། སྤྱིར་གང་ལ་དྲང་བདེན་ཡོད། གང་ལ་ལས་འབྲས་ཡོད། གང་ལ་ལྷག་བསམ་ཡོད། གང་ལ་ཤེས་ཡོན་ཡོད། གང་གིས་བྱ་བ་རླབས་ཆེན་སྒྲུབ་ན་དེ་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་རྒྱུ་གལ་ཆེ་བ་ཡིན་ནོ། །རྒྱལ་ཁམས་པ་དངོས་གྲུབ་དཔལ་གྱིས་ཀུན་ཕན་ལྷན་ཚོགས་ལ་སྙན་ཞུ་ཕུལ་བའོ། །


previous༢༠༡༣ལོའི་ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཐེངས་དགུ་བའི་སྐབས་སུ་དོན་ཚན་ཉེར་གཅིག་གི་སྙན་ཞུ། next