Nitartha Digital Library
Tibetan
གསུང་འབུམ་པོད་བཅོ་ལྔ་པ། བསྟན་པའི་གསོ་སྨན་སོགས།


  expand section
  expand section
  expand section
  expand section
  expand section
   
   
   
ཇོ་ནང་ཆོས་དར་ཆེན་མོའི་མཚོན་དོན་ཕྱོགས་ཙམ་གསལ།
   
   


 
previousཇོ་ནང་ཆོས་དར་ཆེན་མོའི་མཚོན་དོན་ཕྱོགས་ཙམ་གསལ། next

ཇོ་ནང་ཆོས་དར་ཆེན་མོའི་མཚོན་དོན་ཕྱོགས་ཙམ་གསལ།

ཇོ་ནང་ཆོས་དར་ཆེན་མོའི་མཚོན་དོན་ཕྱོགས་ཙམ་གསལ་བྱེད་གཤམ་གསལ།

ཇོ་ནང་གི་ཆོས་དར་འདིའི་ཁུངས་ནི། བདག་གི་དཔེ་མཛོད་ཁང་ཞིག་ནས་རྣམ་བཅུ་དབང་ལྡན་དང་ཕྱོགས་མདོག་བཅས་པའི་རི་མོ་དང་ཡི་གེ་དར་དཀྱིལ་ཞེས་པ་བྲིས་ཡོད་པ་ཤོག་ལྷེ་ཞིག་མཐོང་སོང༌། དེ་ནི་ཀུན་མཁྱེན་དོལ་པོ་པས་ཐུགས་ཀྱི་མཁྱེན་རླབས་ལས་བྱུང་བར་སྣང་སྟེ། ཀུན་མཁྱེན་དོལ་པོ་པའི་རྣམ་ཐར་གྱི་སྐབས་སུ་ཆག་ལོ་ཙཱ་བ་རིན་ཆེན་ཆོས་རྒྱལ་གྱི་དུས་འཁོར་བརྒྱུད་པའི་རྟོགས་བརྗོད་ལས། ཇོ་མོ་ནང་དུ་དུས་འཁོར་གྱི་དར་དཀྱིལ་ཆེན་མོ་འཁྲུལ་སངས་གྲུབ། ཅེས་གསུངས་པས་སོ། །སྤྱིར་རྣམ་བཅུ་དབང་ལྡན་གྱི་བཤད་པ་ནི། ཕྱི་དུས་ཀྱི་འཁོར་ལོ་ཉི་ཟླ་གཟའ་སྐར་སོགས་ཕྱི་སྣོད་ཀྱི་འཇིག་རྟེན་དང༌། ནང་དུས་ཀྱི་འཁོར་ལོ་ཁམས་དྲུག་ལྡན་གྱི་སྐྱེས་བུའི་རྩ་རླུང་ཐིག་ལེ་དང་སྐྱེ་འཆི་བར་དོ་སོགས་རྡོ་རྗེ་ལུས་ཀྱི་གནས་ཚུལ་དང༌། གཞན་དུས་ཀྱི་འཁོར་ལོ་ནི། དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་གསུམ་གྱི་རྟེན་བརྟེན་པའི་དཀྱིལ་འཁོར་སོགས་གསང་བ་ལམ་བསྐྱེད་རྫོགས་དང༌། ཡང་གསང་དོན་དམ་པའི་བདེ་གཤེགས་སྙིང་པོའི་སྐུ་གསུང་སོགས་མཚོན་པ་སོགས་ཡིན་པར་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་རྩ་འགྲེལ་ལས་བཤད་པ་ལྟར་ཀུན་གྱི་ཐུགས་མངའ་ལྟར་རོ། །འཁོར་ལོ་གསུམ་ཆོས་འཁོར་གསུམ་གྱི་མཚོན་དོན་ཡིན་ལ། དེའི་མཐའ་སྐོར་གྱི་མདོག་སྣ་ལྔའི་བཤད་པ་ནི་སྤྱིར་ནང་ཆོས་ཀྱི་ཆོས་དར་ལྟར་རོ། །ཕྱོགས་ཀྱི་མདོག་ནི། དཔལ་དུས་འཁོར་གྱི་རྒྱུད་ལས་བསྟན་པའི་ཕྱོགས་མདོག་ལྟར་ཡིན་ནོ། །དེའི་བཤད་པ་དུས་འཁོར་གྱི་རྒྱུད་ལྟར་རོ། །དེ་ལ་ཆ་བཅུ་གཉིས་བགོས་པ་ནི་མ་དག་པའི་ནང་འཕོ་ཆེན་བཅུ་གཉིས། ཕྱི་དུས་སྦྱོར་བཅུ་གཉིས། འཛམ་གླིང་ས་ཆེན་དུམ་བུ་བཅུ་གཉིས། གཞན་ཚེས་ལྷའི་དཀྱིལ་འཁོར་བཅུ་གཉིས། དོན་དམ་རྣམ་པ་བཅུ་གཉིས་སོགས་ཡིན་ལ། རྟེན་འབྲེལ་གྱི་སྒོ་ནི། རྫོགས་ལྡན་ཕྱི་མའི་སྐབས་སུ་འཛམ་གླིང་ས་ཆེན་དུམ་བུ་བཅུ་གཉིས་ལ་རྫོགས་ལྡན་ཆོས་མཆོག་དབུ་མ་གཞན་སྟོང་དེ་དར་ཞིང་རྒྱས་པར་རྒྱུད་ལས་གསུངས་པ་ལྟར་འགྱུར་བའི་རྟེན་འབྲེལ་གྱི་སྒོ་ཆེན་ཁྱད་པར་ཅན་ཞིག་ལེགས་སྨོན་ནོ། །པདྨ་དཀར་པོ་ནི། རིགས་ལྡན་པདྨ་དཀར་པོའི་རྣམ་སྤྲུལ། ཇོ་ནང་བསྟན་པའི་སྲོལ་འབྱེད་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེ་མཚོན་བྱེད་ཡིན་ལ། དེའི་སྟེང་གི་འཁོར་ལོ་དང་རྣམ་བཅུ་དབང་ལྡན་ནི་དམ་པ་གང་གི་ཐུགས་བརྒྱུད་ཀྱི་ལུང་རྟོགས་མཚོན་བྱེད་དང༌། ཡལ་ག་རྣམས་ནི་གང་གི་སློབ་བརྒྱུད་ཀུན་མཚོན་བྱེད་དོ། །ཆོས་དར་འདི་ཉིད་ཇོ་ནང་སྤྱིའི་མང་གཙོའི་ལམ་ལུགས་ནས་ཐག་བཅད་ཟིན་པ་ན། བཤད་པ་རྒྱ་ཆེར་བཤད་འོང༌། སྔར་ཇོ་ནང་ལ་ལྷག་བསམ་ཅན་འགའ་རེས་ཇོ་ནང་ཆོས་དར་ཞིག་རི་མོར་བཀོད་མོད་དེ་མཚོན་དོན་གང་ནས་ཀྱང་འགྲིག་པ་མེད་པའི་གསལ་བཤད་སྔར་དྲྭ་ཐོག་ནས་ཕུལ་ཟིན་པ་ལྟར་རོ། །དེས་ན་མཁན་བླ་སྤྲུལ་དུུ་མས་ཐུགས་གྲོས་བྱས་ནས་རྗེ་བཙུན་དམ་པ་ཁལ་ཁ་རིན་པོ་ཆེའི་རྣམ་བཅུ་དབང་ལྡན་ཞིག་བཞག་ན་ལེགས་ཞེས་གསུངས་པ་གཞིར་བཅས་ནས་རི་མོར་བཀོད་པའོ། །སྤྱིར་གང་ལ་དྲང་བདེན་ཡོད། གང་ལ་ལས་འབྲས་ཡོད། གང་ལ་ལྷག་བསམ་ཡོད། གང་ལ་ཤེས་ཡོན་ཡོད་ན་དེ་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་རྒྱུ་གལ་ཆེ་བ་ཡིན་ནོ། །རིས་མེད་པ་དངོས་གྲུབ་དཔལ་ནས་གུས་ཕུལ། དབུ་མ་གཞན་སྟོང་གི་ལྟ་གྲུབ་གླེང་བ།


previousཇོ་ནང་ཆོས་དར་ཆེན་མོའི་མཚོན་དོན་ཕྱོགས་ཙམ་གསལ། next