Nitartha Digital Library
Tibetan
གསུང་འབུམ་པོད་བཅོ་ལྔ་པ། བསྟན་པའི་གསོ་སྨན་སོགས།


  expand section
  expand section
  expand section
  expand section
  expand section
   
   
   
   
དབུ་མ་གཞན་སྟོང་གི་ལྟ་གྲུབ་གླེང་བ།
   


 
previousདབུ་མ་གཞན་སྟོང་གི་ལྟ་གྲུབ་གླེང་བ།next

དབུ་མ་གཞན་སྟོང་གི་ལྟ་གྲུབ་གླེང་བ།

དབུ་མ་གཞན་སྟོང་གི་ལྟ་གྲུབ་གླེང་བ།

གསུང་མཁན། ཇོ་ནང་ཡང་དར་བསྟན་པའི་བྱེད་པོ། གསུང་ཡུལ། ལབ་དགོན་དུ་གངས་ཅན་མཁས་པའི་བགྲོ་གླེང་ཐེངས་དགུ་བ། ཟིན་བྲིས་པ། མགོ་ལོག་པ་ངག་དབང་པདྨ་བློ་གསལ། འོ་ལགས་སོ། གངས་ཅན་མཁས་པའི་ལྷན་ཚོགས་སྟེང་དུ་ཕེབས་པའི་མཁས་དབང་རྣམ་པའི་གཙོས་ཚང་མ་ལ་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ། དེ་ནས་དེ་རིང་གཞན་སྟོང་དབུ་མའི་ལྟ་གྲུབ་ཀྱི་སྐོར་ནས་དུས་ཚོད་དང་བསྟུན་ཏེ་ཉུང་ཙམ་ཞིག་ཞུ་ཁུལ་བྱེད། དེ་ཡང་གྲུབ་མཐའི་ཁུངས་དང༌། ལྟ་སྒོམ་སྤྱོད་གསུམ་སྐོར་དང་རྩ་བའི་ས་བཅད་གཉིས་ཀྱི་སྟེང་ནས་ཁྱེད་རྣམས་པ་ལ་ཞུ་རྒྱུ་ཡིན། དེས་ན་མཉམ་མེད་ཐུབ་པའི་དབང་བོའི་རྗེས་འཇུག་ཡིན་པའི་བོད་གངས་རིའི་ལྗོངས་ཀྱི་གྲུབ་མཐའ་རྣམས་ལ་མཚོན་ན། སྔ་འགྱུར་རྙིང་མ་བ། དེའི་རྗེས་སུ་བཀའ་བརྒྱུད་པ། དེ་ནས་ས་སྐྱ་བ། དེའི་རྗེས་སུ་དཔལ་ལྡན་རྒྱལ་བ་ཇོ་ནང་པ། དེའི་རྗེས་སུ་རི་བོ་དགེ་ལྡན་པ་རྣམས་རིམ་གྱིས་བོད་ཁ་བ་ཅན་དུ་རིམ་གྱིས་བྱུང་བ་ཞིག་རེད། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ནས་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་བྱུང་ཚུལ་བོ་གཙོ་བོ་འཕགས་པ་འཇམ་དཔལ་ནས་བརྒྱུད་པ་ཞིག་དང༌། རྗེ་བཙུན་བྱམས་པ་མགོན་པོ་དང་འཕགས་པ་ཐོགས་མེད་ནས་བརྒྱུད་ཚུལ་གྱི་རིམ་པ་གཉིས་ཀྱི་སྒོ་ནས་བརྒྱུད་ཡོང་བ་ཞིག་རེད། དེ་ཡིན་ན་རྒྱ་གར་འཕགས་པའི་ཡུལ་གྱི་གཏད་རབས་བདུན་དང༌། དེའི་རྗེས་སུ་རྒྱན་དྲུག་མཆོག་གཉིས་ལ་སོགས་པའི་གསུང་དེ་དག་ཚད་མར་བཟུང་བ་དང་སྒྲས་ཟིན་གཞིར་བཞག་བྱས་ནས་ཇོ་ནང་གི་ལྟ་གྲུབ་འདི་རྩལ་འདོན་བྱས་ནས་བྱུང་བ་ཞིག་ཡིན་པ་ངོས་ཟིན་པའམ་ཤེས་དགོས་པ་ཞིག་རེད། རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལུང་གིས་མ་ཟིན་པའི་རྒྱ་གར་འཕགས་པའི་ཡུལ་ན་ཡང་ཧ་ཅང་པཎྜྀ་ཏ་མཆོག་ཏུ་གྱུར་བ་སློབ་དཔོན་ལེགས་ལྡན་འབྱེད་དང་དཔལ་ལྡན་ཟླ་བ་གྲགས་པ་སོགས་ཀྱི་སྐུ་ཚེ་ཐ་མའི་སྐབས་སྔགས་ཀྱི་གཞུང་དག ཇོ་ནང་རང་ལུགས་འཐད་ལྡན་བྱས་ནས་གསུང་གྱིན་ཡོད་ན་ཡང་དབུ་མ་འཇུག་པ་སོགས་ཀྱི་སྒྲས་ཟིན་དུ་འགའ་རེ་ཁས་མི་ལེན་པ་རེད། ཡིན་ན་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་ལུང་བསྟན་པའི་འཕགས་པ་མཆོག་དང་ལུང་མ་བསྟན་པ་དག་དང་མི་འདྲ་བར་གསུངས་པའི་དགོངས་པ་བཞིན་དུ། གྲུབ་མཐའི་ཁུངས་གཏུག་སའི་སྐྱེས་བུ་དམ་པ་རྣམས་ལ་བརྒྱུད་པའི་ཁུངས་ཁྱད་པར་བ་དང་བཅས་པ་རེད། དེ་ནས་ཁུངས་བཅོལ་སའི་གཞུང་ལུགས་ཡིན་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་འཁོར་ལོ་རིམ་པ་གསུམ་གསུངས་པ་ལས་འཁོར་ལོ་ཐ་མ་རྩལ་འདོན་བྱས་ནས་དེའི་དགོངས་པ་མཐར་ཐུག་གཏན་ལ་ཕབ་ཡོང་དུས། ཁམས་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་དེ། ཐམས་ཅད་ལ་ཆོས་ཉིད་ཀྱི་ཚུལ་དུ་ཡོད་པ་རྩལ་འདོན་བྱས་ནས་གསུང་གིན་ཡོད་པ་རེད། དེ་ཡང་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ་བཀའ་འཁོར་ལོ་ཐ་མ་གསུང་ཡོང་དུས། འདི་ནི་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་རྩོད་པའི་གཞིའི་གནས་སུ་མ་གྱུར་པ་ལགས་སོ། །ཞེས་གསུངས་པ་བཞིན་དུ་འཁོར་ལོ་ཐ་མ་ངེས་དོན་དང༌། ཡང་མདོ་སྡེ་དགོངས་པ་ངེས་འགྲེལ་དུ་ཡང་བཀའ་འཁོར་ལོ་བར་བའི་གསུང་ཚུལ་གྲུབ་དོན་གྱི་སྐབས་སུ་གསུང་ཡོང་དུས། འདི་ནི་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་བའོ། །ཞེས་གསུངས་པ་ལྟར་དྲང་ངེས་ཀྱི་ཁྱད་པར་ཕྱེ་བ་རེད། དེ་ཡང་བློ་གྲོས་མི་བཟད་པའི་མདོ་དང༌། གཟུངས་རྒྱལ་གྱིས་ཞུས་པའི་མདོ། སོར་མོའི་འཕྲེང་བ་ལ་ཕན་པའི་མདོ་ལ་སོགས་པའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་ཤེར་ཕྱིན་གྱི་དགོངས་དོན་འགྲེལ་ཚུལ་ཟེར་ན་འདྲ། དྲང་ངེས་ཀྱི་ཁྱད་པར་དབྱེ་ཚུལ་མང་པོ་ཞིག་གསུངས་པ་ཐམས་ཅད་དགོངས་པ་གཅིག་ཏུ་དྲིལ་ནས་བཀའ་འཁོར་ལོ་ཐ་མ་ངེས་དོན་གྱི་མདོ་ཡིན་པ་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་གསལ་བོར་གསུངས་ཡོད་པ་ལྟར་འཇོག་པ་རེད། དེས་ན། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གཞན་སྟོང་དབུ་མའི་རྒྱན་གྱི་སྐབས་སུ། རང་གི་ལུགས་ལ་ཁུངས་གསལ་མེད་བཞིན་དུ། །གཞན་གྱི་གཞུང་མཆོག་རྣམས་ལ་བསྐུར་བ་བཏབ། །ཞེས་གསུང་གི་ཡོད་པ་རེད། ང་རང་ཉིད་ཀྱི་ངོས་ནས་ཡིན་ན་དེ་རིང་ཇོ་ནང་གི་ལྟ་གྲུབ་འཆད་ཀྱིན་ཡོད་པའི་ཆ་ནས་ཇོ་ནང་གི་ལྟ་གྲུབ་རྩལ་འདོན་བྱེད་རྒྱུ་འོས་འགན་ཞིག་རེད། དེའི་ཆ་ནས་བཀའ་འཁོར་ལོ་ཐ་མ་དེ་ངེས་དོན་གྱི་མདོ་ཡིན་པ་གཞིར་བཞག་བྱས་ནས་བཤད་པ་ཡིན་ཀྱི། བོད་གངས་རིའི་ལྗོངས་ལ་བསམ་བློ་བཏང་ན་ཆོས་བརྒྱུད་གཞན་ན་བཀའ་འཁོར་ལོ་ཐ་མ་དྲང་དོན་དང་བར་བ་ངེས་དོན་བཞེད་པའི་ལུགས་གཅིག་དང༌། བཀའ་འཁོར་ལོ་ཐ་མ་དང་བར་བ་གཉིས་ཀ་ངེས་དོན་དུ་འདོད་མཁན་གཉིས་ཡོད་པ་རེད། དཔེར་ན་སྔ་འགྱུར་རྙིང་མ་ལ་མཚོན་ན། བོད་པ་སྤྲུལ་སྐུའི་ལྟ་བ་ཤན་འབྱེད་སོགས་ཀྱི་སྐབས་སུ་འཁོར་ལོ་བར་བ་དང་ཐ་མ་གཉིས་ཀ་ངེས་དོན་ཡིན་ཞེས་བཤད་ཀྱིན་ཡོད་པ་རེད། ཡིན་ཡང་སྔ་འགྱུར་རྙིང་མའི་ཁྲོད་ན་ལོ་ཆེན་དྷརྨ་ཤྲཱིའི་ལུགས་ལ་བར་བ་ངེས་དོན་ཕྱེད་དང་ཐ་མ་ངེས་དོན་མཚན་ཉིད་པ་ཡིན་ཞེས་བཤད་ཀྱིན་ཡོད་པ་ཞིག་རེད། དཔལ་ལྡན་རྒྱལ་བ་ཇོ་ནང་བ་ལ་མཚོན་ན། བཀའ་འཁོར་ལོ་ཐ་མ་དེ་ངེས་དོན་གྱི་མདོ་ཡིན་པ་གཞིར་བཞག་བྱས་ནས་ངེས་དོན་གྱི་མདོ་བཅུ་དང་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་བྱེད་ཀྱི་མདོ་སྡེ་ལ་སོགས་པ་དེ་དག་སྒྲས་ཟིན་སྒྲ་ཇི་བཞིན་པར་ཁས་བླངས་ནས་རྩལ་འདོན་བྱས་ནས་གསུང་གི་ཡོད་པ་རེད། དེ་དག་གི་དགོངས་འགྲེལ་བསྟན་བཅོས་བྱམས་ཆོས་སྡེ་ལྔ་དེ་ཡང་དགོངས་པ་གཅིག་ཏུ་དྲིལ་ནས་ཐམས་ཅད་དབུ་མ་གཞན་སྟོང་གི་ལུགས་སུ་བཀྲལ་ཡོད་པ་རེད། དཔེར་ན། རི་བོ་དགེ་ལྡན་པ་ལྟ་བུ་ལ་མཚོན་ན་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་དང་རྒྱུད་བླ་མ་གཉིས་དབུ་མ་རང་རྒྱུད་པ་དང་ཐལ་འགྱུར་པའི་ལུགས་སོ་སོར་བཀྲལ་ཡོད་པ་དང༌། འབྱེད་རྣམ་གཉིས་དང་མདོ་སྡེ་རྒྱན་སེམས་ཙམ་པའི་ལུགས་སུ་ཕྱོགས་སོ་སོ་ནས་གསུང་གི་ཡོད་པ་རེད། ཡིན་ན་ཡང་དཔལ་ལྡན་རྒྱལ་བ་ཇོ་ནང་པ་ལ་མཚོན་ན་བྱམས་ཆོས་སྡེ་ལྔ་དེ་དགོངས་པ་གཅིག་དུ་དྲིལ་ནས་མཐར་ཐུག་གི་བསྟན་བྱ་གཞན་སྟོང་དབུ་མ་ཆེན་པོ་ཡིན་པ་འགྲེལ་གྱིན་ཡོད་པ་རེད། དེ་བཞིན་འཕགས་པ་ཐོགས་མེད་ཀྱི་ས་སྡེ་ལྔ་དང་སྡོམ་རྣམ་གཉིས་སོགས་ལ་བརྟེན་ནས་ཀྱང་བཤད་ཡོད་པ་རེད། ས་སྡེ་ལྔ་སྡོམ་རྣམ་གཉིས་དེ་དག་གི་སྐབས་སྐབས་སུ་སེམས་ཙམ་པའི་འདོད་པ་རེ་ཟུང་རེ་བསྟན་པ་མ་གཏོགས། ཕལ་ཆེ་བ་གཞན་སྟོང་དབུ་མའི་ལྟ་གྲུབ་ལ་འགྲེལ་གྱིན་ཡོད་པ་རེད། དེ་ཡང༌། གཞན་སྟོང་གི་རང་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ལ་འཕགས་པ་ཐོགས་མེད་བཞག་པ་རེད། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ནས། །ལོ་ནི་དགུ་བརྒྱ་ལོན་པ་ན། །ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲང་ངེས་འབྱེད་པར་ལུང་བསྟན་པའི་རྗེས་སུ་འབྲངས་ནས་བཀའ་འཁོར་ལོ་ཐ་མའི་དགོངས་པ་ངེས་དོན་དུ་འགྲེལ་གྱིན་ཡོད་པ་ཞིག་རེད། ཁུངས་ཀྱི་སྒོ་ནས་མདོར་བསྡུས་ཙམ་ཞུས་པ་ཡིན། མང་པོ་དགོས་ཀི་མི་འདུག ཡིན་ཡང་ས་སྡེ་ལྔ་དང་སྡོམ་རྣམ་གཉིས་སོགས་སེམས་ཙམ་པའི་རང་གཞུང་མ་ཡིན་པར་སྒྲུབ་བྱེད་ལུང་རིགས་མང་པོ་ཞིག་གསུངས་ཡོད་པ་རེད། ཡིན་ཡང་དོགས་པ་ཡོད་ན་རྗེས་ནས་དྲི་བ་ཡོང་ན་འགྲིག་གི་འདུག མདོར་བསྡུས་ཙམ་མ་གཏོགས་ཆུ་ཚོད་ཁོམ་སྐབས་མི་འདུག གཉིས་པ། གཞི་ལམ་འབྲས་གསུམ་གྱི་ནང་ནས་ལམ་གྱི་རྣམ་བཞག་བཤད་པའི་སྐབས་དེར་ལྟ་སྒོམ་སྤྱོད་གསུམ་གསུང་གྱིན་ཡོད་པ་རེད། དེ་ཡིན་ན་ལྟ་བའི་སྒོ་ནས་གྲུབ་མཐའ་སོ་སོར་རྩལ་འདོན་བྱེད་ཚུལ་མི་འདྲ་ས་མང་པོ་རེད། ཡིན་ཡང་རང་གི་ལྟ་ཚུལ་ཡིན་ན་དགོངས་པ་གཅིག་ཏུ་དྲིལ་ན་ཚིག་ཟིན་ཙམ་མ་གཏོགས། དོན་འདྲ་ས་མང་པོ་ཆགས་འདུག སྐབས་འདིར་ལྟ་སྒོམ་སྤྱོད་གསུམ་ལས་སྤྱོད་པ་དང་སྒོམ་པ་གཉིས་མདོར་བསྡུས་ཙམ་ཞུས་ན་ཆོག་གི་འདུག སྤྱོད་པ་དེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་སྐབས་སུ། སྤྱོད་པ་བླང་དོར་མ་ནོར་དབུ་མ་སྟེ། །ཞེས་གསུངས་པ་བཞིན་དུ་སྤྱོད་པ་མཐའ་གཉིས་སུ་མ་ལྷུང་བའི་དབུས་ན་གནས་པ་དེ་བླང་དོར་མ་ནོར་བ་ཡིན་ཞེས་པ་དང༌། དེའི་སྟེང་ནས་ནང་བ་སངས་རྒྱས་པའི་ཆོས་ཀྱི་བསླབ་བྱ་བཤད་ཡོང་དུས། མདོར་ན་ཆོས་ནི་མི་འཚེ་བ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་སྤྱོད་པ་འཚེ་བ་མེད་པ་ཞིག་གི་སྟེང་ནས་གསུང་གིན་ཡོད་པ་རེད། མདོར་བསྡུ་ན། ཐེག་དམན་གྱི་སྐབས་སུ་གཞན་གནོད་གཞི་དང་བཅས་པ་སྤོང་དགོས་པ་དང༌། ཐེག་ཆེན་གྱི་སྐབས་སུ་བསྡུ་དངོས་བཞི་དང་ཕར་ཕྱིན་དྲུག་ལ་སོགས་པ་སྤྱོད་པའི་སྒོ་ནས་སེམས་ཅན་གཞན་གྱི་དོན་སྒྲུབ་པ་དེ། སྤྱོད་པ་མདོར་བསྡུས་ཙམ་རེད། རྒྱས་པར་བཤད་ན་སོར་བྱང་སྔགས་གསུམ་གྱི་དམ་ཚིག་མང་པོ་ཞིག་ཡོད་པ་རེད། ཡིན་ཡང་དེ་ཙམ་ལས་སྐབས་འདིར་རྒྱས་པར་ཞུ་མི་དགོས་པར་བྱེད། སྒོམ་པ་ནི། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་ཐེག་མཆོག་དབུ་མའི་སྐབས་སུ། སྒོམ་པ་ཞི་ལྷག་ཟུང་འཇུག་དབུ་མའི་ཡིན། །ཞེས་གསུངས་པ་བཞིན་ཞི་ལྷག་ཟུང་དུ་འཇུག་པ་ཞིག་དབུ་མའི་ལམ་ཟེར། སྒོམ་པ་མ་ནོར་བ་མཐའ་གཉིས་སུ་མ་ལྷུང་བ་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པ་ལ་སྒོམ་པ་ཞེས་གསུང་གིན་ཡོད་པ་རེད། དེ་ཡང་སྒོམ་དངོས་མཉམ་བཞག་ངོ་སྐྱོང་བའི་སྐབས་སུ་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་བཀའ་འཁོར་ལོ་བར་བ་དང་མཐུན་པར་སྤྲོས་བྲལ་དུ་མཉམ་པར་འཇོག་དགོས་པར་གསུངས་ཡོད། དེ་ཡང༌། དང་པོ་ཀུན་རྫོབ་ཀྱི་སྟེང་དུ། རྟེན་འབྲེལ་གྱི་རིགས་པ་དང༌། གཅིག་དུ་བྲལ་གྱི་རིགས་པ་ལ་སོགས་པས་སྤྲོས་བྲལ་གཏན་ལ་ཕབ་ནས་སྒོམ་དགོས་པ་དང༌། ཆོས་ཉིད་ལ་མཉམ་པར་འཇོག་པ་ན་སྤྲོས་མཚན་གང་ཡང་མ་གྲུབ་པར་རྟོག་མེད་འོད་གསལ་དུ་མཉམ་པར་བཞག་ནས། རྗེས་ཐོབ་ཤན་འབྱེད་པའི་སྐབས་སུ་བཀའ་འཁོར་ལོ་ཐ་མའི་དགོངས་པ་རྩལ་འདོན་བྱས་ནས་བཤད་ཀྱིན་ཡོད་པ་ཞིག་རེད། སྒོམ་པ་མདོར་བསྡུས་ཙམ་ཞུས་ཁུལ་ཡིན། དེའི་སྟེང་ནས་ལྟ་བ་བཤད་ན། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་བོད་གངས་རིའི་ལྗོངས་ན་ཐེག་དམན་པའི་ལུགས་གཙོ་བོར་འཛིན་མཁན་ཞིག་ཡོད་པ་མ་རེད། ཅེས་གསུངས་པ་ལྟར། ཐམས་ཅད་ཀྱིས་རང་རང་དབུ་མ་པ་ཡིན་པར་ཁས་ལེན་པར་མ་ཟད། ས་སྐྱ་པ། སྔ་འགྱུར་རྙིང་མ། རི་བོ་དགེ་ལྡན་པ། བཀའ་བརྒྱུད་པ་མང་ཆེ་བས་དཔལ་ལྡན་ཐལ་འགྱུར་བའི་ལུགས་ཡིན་པར་འཆད་གྱིན་ཡོད་པ་རེད། དཔལ་ལྡན་རྒྱལ་བ་ཇོ་ནང་བའི་ལུགས་ཀྱི་བཤད་སྟངས་ཡིན་ན། སྤྱིར་དབུ་མ་པ་དེ་ལ་འཁོར་ལོ་བར་བའི་རྗེས་འབྲང་གི་དབུ་མ་པ་ཞིག་དང༌། འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་པ་གཉིས་བཞག་ནས་འཁོར་ལོ་བར་བའི་རྗེས་འབྲང་གི་དབུ་མ་པ་ལ་དབུ་མ་རང་སྟོང་བ་དང༌། དེ་ལ་ནང་ཚན་དབུ་མ་ཐལ་འགྱུར་བ་དང་རང་རྒྱུད་པ་གཉིས་འགྲེལ་ཚུལ་ཡོད་པ་རེད། ཡིན་ན་ཡང༌། ཇོ་ནང་ཉ་དཔོན་ཀུན་དགའ་དཔལ་བཟང་པོའི་ཕར་ཕྱིན་ཉ་ཊཱིཀ་སྐབས་ལྔ་བའི་སྐབས་སུ་གྲུབ་མཐའ་བཞིའི་མཚན་ཉིད་གསུང་ཡོང་དུས་དཔལ་ལྡན་ཐལ་འགྱུར་བའི་མཚན་ཉིད་བཞག་པ་དེ་དབུ་མ་གཞན་སྟོང་བ་ལ་ཚང་འདུག་ཡོད་པས། དེ་ལྟར་ཡིན་ན་དཔལ་ལྡན་ཐལ་འགྱུར་བ་ལ་འཁོར་ལོ་ཐ་མའི་རྗེས་འབྲང་གི་དཔལ་ལྡན་ཐལ་འགྱུར་བ་དང་འཁོར་ལོ་བར་བའི་རྗེས་འབྲང་གི་དཔལ་ལྡན་ཐལ་འགྱུར་བ་གཉིས་བཞག་ནས་འཁོར་ལོ་བར་བའི་རྗེས་འབྲང་གི་ཐལ་འགྱུར་བ་དེ་དབུ་མ་རང་སྟོང་བ་དེའི་ནང་གི་དཔལ་ལྡན་ཟླ་བ་གྲགས་པ་སོགས་ཀྱི་རྗེས་འབྲང་དང་བཅས་པ་བཞག་པ་དང༌། འཁོར་ལོ་ཐ་མའི་རྗེས་འབྲང་གི་ཐལ་འགྱུར་བ་ལ་གཞན་སྟོང་དབུ་མ་པ་བཞག་ནས། དེའི་ལུགས་ཀྱི་ལྟ་བ་དེ་གཞན་སྟོང་དབུ་མའི་སྐབས་སུ་ཡུལ་གྱི་ལྟ་བ་དང་ཡུལ་ཅན་གྱི་ལྟ་བ་མང་པོ་བཤད་ཡོད་པ་རེད་དེ། མདོར་བསྡུས་ན་ལྟ་བ་མཐར་ཐུག་དེ། བོད་གངས་རིའི་ལྗོངས་ན་དབུ་མ་པ་མང་པོ་ཞིག་གིས་ཆོས་ཐམས་ཅད་བདེན་མེད་དུ་གཏན་ལ་ཕབ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བ་དེ་ལྟ་བ་མཐར་ཐུག་གམ་ཡུལ་གྱི་ལྟ་བ་གནས་ལུགས་མཐར་ཐུག་ཏུ་ཁས་ལེན་པ་ཞིག་དང༌། དེ་ནས་མཉམ་བཞག་གི་ངོ་ལ་ལྟོས་ནས་གོ་རམས་པ་སོགས་ཡོད་མེད་གང་ཡང་ཁས་མི་ལེན་པའི་ལྟ་བ་ཞིག་འདོད་མཁན་གཅིག་སྟེ་ཕྱོགས་གཉིས་དང༌། གཞན་སྟོང་བའི་ལུགས་ལ། ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འཁྲུལ་བའི་ངོར་སྣང་ཙམ་དུ་ཡོད་པ་རེད། ཡོད་པ་ཨེ་ཡིན་ཟེར་ན། ཡོད་པ་ཡིན་པར་ལན་འདོན་པ་རེད། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་ལྟ་བ་ཤན་འབྱེད་སྐབས་སུ། ཡོད་མེད་བར་ན་ཕུང་གསུམ་མེད། །ཅེས་ཡོད་པ་མ་ཡིན་མེད་པ་ཡང་མ་ཡིན་པ་དེ་འདྲ་གསུང་གི་མེད་པ་ཞིག་རེད། ཡོད་པའང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་ཁེས་ལེན་མེད་པའི་ལྟ་བ་དེ་འཕགས་པ་ཐོག་མེད་ཀྱི་མངོན་པ་ཀུན་བཏུས་སྐབས་སུ་ཐེག་ཆེན་གྱི་མདོ་སྡེ་ཟབ་མོ་ལ་བརྟེན་ནས་ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་བྱུང་བའི་བཅུ་གསུམ་པ་དེ་ཚིག་ཟིན་ལ་བགྲང་ཡོང་དུས་ཁས་ལེན་མེད་པའི་ལྟ་བ་ཞེས་གསུངས་ཡོད་པ་རེད། དེས་ན་ཇོ་ནང་རང་ལུགས་ལ་ཁས་ལེན་མེད་པའི་ལྟ་བ་འཇོག་གྱིན་ཡོད་པ་མ་རེད། གཞན་སྟོང་ཞེས་པ་དེ་གང་ལ་ཞུ་བ་རེད་ཅེ་ན། བསྟན་བཅོས་རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། །ཞེས་ཁམས་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་དེ་ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱིས་སྟོང་པའམ་སྤྲོས་པ་མཐའ་དག་གིས་སྟོང་བ་ཡིན་པ་གཏན་ལ་ཕབ་ནས། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་རྣམ་དབྱེར་མེད་པ་དོན་དམ་པ་ཆོས་ཀྱི་དབྱིངས་དེ་ཉིད་སྣང་ཕྱོགས་ནས་བཤད་ན་དོན་དམ་པའི་སྐུ་དང་རྣམ་པ་ཐམས་ཅད་ཀྱི་བདག་ཉིད་ཆོས་ཉིད་བདེན་པ་མི་བསླུ་བ་གནས་ལུགས་མཐར་ཐུག་ཡོངས་གྲུབ་ཀྱི་ཡོན་ཏན་མཐའ་དག་ལྡན་པར་པ་ཞིག་ལ་ངོས་འཛིན་པ་རེད། དེ་ཡང་བསྟན་བཅོས་རྒྱུད་བླ་མའི་བཤད་བྱ་རྩ་བའི་མདོའི་སྐབས་སུ། གང་ལ་གང་མེད་པ་ནི་དེས་སྟོང་བའོ། །དེའི་ལྷག་མ་གང་ཡིན་པ་ནི་ཡོད་པའོ། །ཞེས་གསུངས་པ་ལྟར། གང་ལ་གང་མེད་པ་ནི་དེས་སྟོང་བའོ་ཟེར་བ་དེ། སྟོང་གཞི་དོན་དམ་བདེན་པ་བཞག་ནས་དེ་ལ་ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱིས་སྟོང་པ་གཏན་ལ་ཕབ་པ་རེད། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན་ཞེས་པ་ལྟར། དོན་དམ་སྣང་ཕྱོགས་ནས་གཏན་ལ་ཕབས་ཚུལ་ཞིག་ཞུ་དགོས་གལ་ཆེན་དུ་སྣང་ཡང་དུས་ཚོད་ཀྱི་ཁོམ་པ་མ་སོང༌། དེ་ནས་དྲི་བ་ཡོད་ན་དྲི་བ་གནོངས་དང་རྗེས་ནས་མཇུག་བསྡུ་ཉུང་ཉུང་ཞིག་ཡོད། དྲི་བ་གནང་མཁན་དགེ་བཤེས་བསོད་ནམས་བཟང་པོ། ༼ལགས་སོ་རྒན་རིན་པོ་ཆེ་ལ་དྲི་བ་ཞིག་འདྲི། གཞན་སྟོང་དབུ་མ་ཆེན་མོ་ཟེར་བ་དེ་སྒོམ་པའམ་ཉམས་སུ་ལེན་པ་ཡིན་ན་ཉོན་མོངས་པ་བདག་འཛིན་འཁོར་བའི་རྩ་བ་ཐམས་ཅད་ཀྱི་གཉེན་པོ་ཏག་ཏག་འགྲོ་ཚུལ་ཞིག་ཉམས་མྱོང་གི་སྟེང་ནས་གསུང་རོགས་ཞུ། ༽ འོ་ལགས་སོ། དེའི་ཕྱོགས་ནས་ཞུ་བསམ་གྱིན་ཡོད་ཡིན་ཡང་དུས་ཚོད་ཀྱིས་ཁོམ་མ་སོང༌། དེ་ཡང༌། གཞན་སྟོང་གཏན་ལ་འབེབས་ཚུལ་གྱི་སྟེང་ནས་བཤད་ན། དང་པོ་ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་སྟོང་དུ་གཏན་ལ་ཕབ་ཀྱིན་ཡོད་པ་དེ་ཤེས་དགོས་པ་གལ་ཆེན་རེད། འཁོར་ལོ་དང་པོས་རྒྱུད་མ་སྦྱངས་བར་འཁོར་ལོ་བར་བ་གསུང་བའི་གདུལ་བྱ་མ་ཡིན་པ་དང༌། དེ་བཞིན་འཁོར་ལོ་བར་བས་རྒྱུད་སྦྱངས་ཟིན་པའི་གང་ཟག་ཅིག་ལ་འཁོར་ལོ་ཐ་མ་སྟོན་དགོས་པའི་གདུལ་བྱ་ཆགས་འདུག་ཡོད་པ་རེད། དེ་ཡིན་ན་ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མེད་པར་གཏན་ལ་ཕབ་ཡོང་དུས་རང་བཞིན་གྱིས་གྲུབ་པའམ་ཆོས་བདག་ཏུ་གྲུབ་པར་འཛིན་པའི་འཛིན་པ་དེའི་ཞེན་ཡུལ་སུན་བྱུང་བ་དང༌། དེའི་སྟེང་ནས་ཡང་ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོན་དམ་གནས་ལུགས་ཡོངས་གྲུབ་ཀྱི་སྟེང་དུ་གང་ཡང་མ་གྲུབ་པ། དོན་དམ་གནས་ལུགས་ཡོངས་གྲུབ་དེ་སྤྲོས་པ་མཐའ་དག་གིས་སྟོང་བ་གཏན་ལ་ཕབ་ནས། འཛིན་པ་དང་རྣམ་རྟོག་ཐམས་ཅད་ཀྱི་ཞེན་ཡུལ་སུན་བྱུང་བའི་སྒོ་ནས་སྒོམ་དགོས་པ་པ་རེད། སྔགས་བླ་ན་མེད་པའི་སྐབས་སུ་རྒྱུད་སཾ་བྷུ་ཊ་ལས། རྣམ་རྟོག་མ་རིག་ཆེན་པོ་དེ། །འཁོར་བ་རྒྱ་མཚོ་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་གསུངས་པ་བཞིན་དུ། མི་རྟོག་པ་ཙམ་མ་ཡིན་པར་གནས་ལུགས་ལ་རྟོག་མེད་སྤྲོས་བྲལ་གྱི་ངང་ནས་མཉམ་པར་བཞག་ཡོང་དུས་རྣམ་པར་རྟོག་པ་གཞན་ཐམས་ཅད་བསྒྱུར་ཐུབ་པ་ཞིག་དང་དེ་དག་གི་ཞེན་ཡུལ་སུན་བྱུང་བ་དང་སྤང་ཐུབ་པ་ཞིག་ཏན་ཏན་ཡོང་གི་ཡོད་པ་རེད། དེ་ནས་རང་ལ་མྱོང་བ་ཆེན་པོ་ཡོད་པ་མ་རེད། ཡིན་ན་ཡང༌། དཔལ་ལྡན་རྒྱལ་བ་ཇོ་ནང་བ་སྒྲུབ་རྒྱུད་ཀྱི་བསྟན་པའི་བཀའ་བབས་ཞིག་ཡིན་པ་ཚང་མས་ངོས་འཛིན་ཡོད་པ་རེད། དེའི་ཆ་ནས་དཔལ་མཆོག་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་གི་སྒོ་ནས་མཚམས་ལ་འདུག་པ་དང༌། ཉམས་སུ་ལེན་གྱིན་ཡོད་པ་རེད། རང་ཡང་དེ་ལྟར་ཡིན། ཡིན་ན་རྟོག་མེད་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ལེགས་པོ་སྒོམ་པ་ཡིན་ན། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་གསུངས་པའི་འོད་གསལ་རྟགས་བཅུ་དང༌། རི་བོ་དགེ་ལྡན་པ་ལྟ་བུ་མཚོན་ན་མཁས་གྲུབ་རྗེའི་དུས་འཁོར་འགྲེལ་བའི་སྐབས་སུ་གསུང་གི་ཡོད་པ་ནང་བཞིན་ཉམས་སྣང་དང་རྟགས་བཅུ་སོགས་འཆར་ཐུབ་པ་དང་འཆར་རྒྱུ་ཡོད་པ་དེ་རྒྱུད་སྡེའི་དགོངས་པ་མ་ནོར་བའི་རྟགས་མཚན་ཞིག་དང་བདེན་དཔང་ཡོང་ཐུབ་པ་ང་རང་ལ་ཏན་ཏན་ཡིད་ཆེས་ཡོད། དྲི་བ་གནང་མཁན། རི་བོ་དགེ་ལུགས་པའི་ལྷ་རམས་པ་འབྲུག་གྲགས།༼མཁན་རིན་པོ་ཆེ་ལ་ང་དྲི་བ་ཞིག་ཡོད། རྗེ་བཙུན་ཏཱ་ར་ནཱ་ཐའི་ཤེས་རབ་སྙིང་པོའི་འགྲེལ་བའི་ནང་ན། ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་སྣང་བ་སྒྱུ་མ་ལྟ་བུའི་ཀུན་རྫོབ་འཁྲུལ་བཅས་ཐམས་ཅད་ལྡོག་དུས་སྣང་ཡོང་བ་དུང་སེར་བོ་སྣང་བྱེད་ཀྱི་འཁྲུལ་རྒྱུ་ལྡོག་འགྲོ་དུས་དུང་དཀར་བོ་སྣང་ཡོང་བ་ལྟ་བུར་གསུངས་འདུག དེ་ན་ཁམས་བདེ་བར་གཤེགས་པའི་ཡེ་ཤེས་དེ་སྣང་སྟོང་ཟུང་འཇུག་ལས་སྣང་ཕྱོགས་ནས་གསལ་བོ་ཞིག་གསུང་རོགས།༽ ལགས་སོ། དེ་དཔེར་ན་ཀུན་རྫོབ་འཇོག་བྱེད་ཀྱི་ཚད་མ་དང༌། གནས་ལུགས་དོན་དམ་འཇོག་བྱེད་ཀྱི་ཚད་མ་གཉིས་ཡོད་པ་རེད། དེས་ན་ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་འདི་དག་ཐམས་ཅད་འཁྲུལ་བའི་སྣང་བ་ལས་ལྷག་གི་དཔྱད་ན་གནས་ལུགས་སུ་གྲུབ་པ་དང་གཤིས་ལུགས་སུ་གྲུབ་པ་ཡོད་པ་མ་རེད། དེ་མེད་ན། འཁྲུལ་བའི་རྒྱུ་ཐམས་ཅད་ལྡོག་ཡོང་དུས་ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད། སངས་རྒྱས་ཀྱི་ས་ན་ཤུགས་ལ་རྟོགས་པ་མ་གཏོགས་དངོས་སུ་རྟོགས་པ་མེད་ཟེར་ནས་བཤད་ཀྱིན་ཡོད་པ་རེད། དེའི་རྒྱུ་མཚན་འཁྲུལ་སྣང་དང་འཁྲུལ་རྒྱུ་ལྡོག་སོང་བས་རེད། དེ་ནས་ཁྱེད་ཀྱི་གསུངས་བ་ནང་བཞིན། སྔོན་མེད་ལེགས་བཤད་སྐབས་སུ། དུང་སེར་བོ་སྣང་བྱེད་ཀྱི་འཁྲུལ་རྒྱུ་དེ་ལྡོག་འགྲོ་དུས་སྟོང་བ་སྟོང་རྐྱང་གི་སྣང་བ་ཙམ་མ་ཡིན་པར་དེས་ཤུལ་ན་འོད་གསལ་བའི་སེམས་ཀྱི་རང་བཞིན་ཞིག་སྣང་རྒྱུ་ཡོད་པ་གསུང་གྱིན་ཡོད་པ་རེད། བསྟན་བཅོས་རྒྱུད་བླ་མ་ལས། འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གངྒའི་ཀླུང་གིས་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་གསུངས་པ་དང༌། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །ཞེས་དང༌། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་སོགས་གསུངས་པ་ལྟར། རྣམ་བཞག་རྣམ་པ་བཅུ་དང་དཔེ་དགུ་དོན་དགུའི་སྒོ་ནས་མང་པོ་གསུང་གྱིན་ཡོད་པ་རེད། དེ་དག་གི་སྒོ་ནས་རྩལ་འདོན་བྱེད་ཡོང་དུས་ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ། སྟོང་རྐྱང་ཙམ་མ་ཡིན་པར་སྣང་ཕྱོགས་ནས་འོད་གསལ་བའི་སེམས་ཀྱི་རང་བཞིན་ཅིག་སྣང་རྒྱུ་ཡོད་པ་གསུང་གྱིན་ཡོད་པ་རེད། དཔེར་ན་སྔ་འགྱུར་རྙིང་མ་ལྟ་བུ་ལ་མཚོན་ན། མཛོད་བདུན་སྐབས་སུ། རང་བཞིན་འོད་གསལ་ཀུན་གཞི་འདུས་མ་བྱས། །ཞེས་གསུངས་པ་ལྟར་རང་བཞིན་འོད་གསལ་བའི་ཆ་ནས་རྩལ་འདོན་བྱས་ནས་གསུངས་པ་ཡོད་པ་རེད། མདོ་ཕར་ཕྱིན་ཐེག་པའམ་ཡང་ན་འཁོར་ལོ་ཐ་མའི་སྐབས་སུ་འོད་གསལ་བའི་སེམས་རྩལ་འདོན་བྱས་ནས་བཤད་ཡོད་པ་དང༌། སྔགས་ཀྱི་སྐབས་སུ་འགྱུར་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཐབས་ཤེས་ཟུང་དུ་འཇུག་པ་དེ། རྩལ་འདོན་བྱས་ནས་གསུང་གྱིན་ཡོད་པ་ཞིག་རེད། དྲི་བ་གནང་མཁན། དགེ་བཤེས་རོང་བོའི་ཡོན་ཏན། ༼མཁན་རིན་པོ་ཆེ་ལ་ངས་དྲི་བ་ཞིག་ཞུ། དྲི་བ་གཉིས་ཡོད། ཁྱེད་རང་གི་འཁོར་ལོ་ཐ་མའི་དགོངས་དོན་མཐར་ཐུག་དེ་གཞན་སྟོང་དབུ་མ་ཆེན་མོ་མཐར་ཐུག་གི་དབུ་མ་མཆོག་ཏུ་གྱུར་བ་རེད་ཟེར་ནས་གསུངས་སོང༌། དེ་ན་རྒྱ་གར་གྱི་པཎྜི་ཏ་གྲུབ་ཆེན་མཻ་ཏྲི་བ༼དེའི་གསུང་ཡིན་མིན་བརྟག་པའི་གནས༽འི་དེ་ཁོ་ན་ཉིད་བཅུ་བ་ཟེར་བའི་ནང་ན། བླ་མའི་ངག་གིས་མ་རྒྱན་པའི། །དབུ་མའང་འབྲིང་བོ་ཙམ་ཉིད་དོ། །ཞེས་དཔལ་ལྡན་ཟླ་བའི་མན་ངག་གིས་མ་རྒྱན་པའི་དབུ་མ་དེ་དབུ་མ་འབྲིང་བོ་ཙམ་ཡིན་ཞེས་གསུངས་འདུག ཡིན་ཡང་ཁྱེད་རང་གིས་དཔལ་ལྡན་ཟླ་བའི་དགོངས་པ་མཐར་ཐུག་པའི་དབུ་མ་དེ་དབུ་མ་ཆེན་པོ་མ་རེད་ཅེས་གསུངས་འདུག དེ་ལ་འགྲེལ་བཤད་ཅིག་གནང་རོགས། དྲི་བ་གཉིས་པ་དེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་ལོ་ཐ་མ་གསུངས་བ་དེ་གདུལ་བྱ་སེམས་ཙམ་པ་རྗེས་སུ་བཟུང་བའི་ཕྱིར་དུ་གསུངས་བའམ་ཡང་ན་གདུལ་བྱ་སེམས་ཙམ་པའི་ངོར་ལ་གསུངས་བ་མ་ཡིན་པའི་སྒྲུབ་བྱེད་ག་རེ་ཡོད་ལགས།༽ ལན། ལགས་སོ། མཻ་ཏྲི་བས་གསུང་དེ་དཔལ་ལྡན་ཟླ་བའི་མན་ངག་གིས་མ་བརྒྱན་པའི་ཟེར་བ་དེ་དབུ་མ་རང་སྟོང་བ་ཐལ་རང་གཉིས་ཀྱི་ཐལ་ཟློག་སྐབས་སུ་རྣམ་པ་ཚང་མས་མཁྱེན་གསལ་རེད། རྩོད་པ་རྩོད་ལན་མང་པོ་ཡོང་གྱིན་ཡོད་པ་རེད། དེས་སྐབས་སུ་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པ་མེད་པར་གཏན་ལ་མ་ཕབ་པར་རང་མཚན་གྱིས་གྲུབ་པ་ཡོད་པ་གཞིར་བཞག་གི་སྟེང་ནས། བདེན་གྲུབ་མེད་པ་གཏན་ལ་ཕབས་ཡིན་ན། དབུ་མ་འབྲིང་ཙམ་མ་གཏོགས་ཡོང་བ་མ་རེད་ཟེར་བ་མ་གཏོགས། སྤྱིར་ན་དེ་ལས་ལྷག་ཅིག་མེད་ཅེས་གསུངས་བ་མ་ཡིན་པའི་རྒྱུ་མཚན། མདོ་སྡེ་ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་བརྟེན་ནས་ནི། །ཕྱི་རོལ་དོན་ཡང་མི་མི་རྟོག་གོ། །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། །ཞེས་ཆོས་ཐམས་ཅད་བདེན་པར་མེད་པ་གཏན་ལ་ཕབ་པ་ལ་བརྟེན་ནས་སྣང་མེད་དབུ་མ་ཞིག་དང༌། ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ལས་འདའ་བར་བྱ། །ཅེས་སྣང་བཅས་དབུ་མ་ཞིག་འཇོག་པ་རེད། དེ་ཡང་འཇམ་དཔལ་གྱི་ལྟ་བ་མདོར་བསྟན་སྐབས་སུ། ཕུང་པོ་རྣམ་དཔྱད་སྟོང་བ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་གྱུར་མ་ཡིན། །ཞེས་ཕུང་པོ་རྣམ་པར་དཔྱད་པའི་སྟོང་བ་མེད་དགག་ཙམ་དེ་ཆུ་ཤིང་བཞིན་དུ་སྙིང་པོ་མེད། དེ་ནས་དོན་དམ་སྣང་ཕྱོགས་ཀྱི་ཆ་ནས་བཞག་ན། རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་གྱུར་མ་ཡིན་ཞེས་གསུངས་པ་ནང་བཞིན་རེད། དྲི་བ་དང་པོའི་ལན་དེ་ཡིན། དྲི་བ་གཉིས་པའི་ལན། བཀའ་འཁོར་ལོ་ཐ་མ་དེ་སེམས་ཙམ་པ་རྗེས་སུ་བཟུང་བའི་ཆེད་ཡིན་པར་ཇོ་ནང་རང་ལུགས་ལ་བཤད་གྱིན་ཡོད་པ་རེད། དེ་ལྟ་ན། སེམས་ཙམ་པའི་ཆེད་དུ་གསུངས་བ་འེ་རེད་ཅེས་དྲིས་བ་ཡིན་ན། ཆེད་དུ་གསུངས་བ་ཡིན་པར་འདོད་ཟེར། དེ་ཁོ་ནའི་ཆེད་དུ་གསུང་བ་ཡིན་པར་ཐལ་ཞེ་ན། ཅིའི་ཕྱིར་ཞེས་པ་ལན་འདོན་པ་ཡིན། ཐལ་སྒྲ། དྲི་བ་གནང་མཁན། སྔ་འགྱུར་རྙིང་མ་ཞིག་ཡིན་པ་འདྲ།༼དགེན་རིན་པོ་ཆེ་དྲི་བ་ཞིག་འདྲི། སྔ་འགྱུར་རྙིང་མས་བཀའ་འཁོར་ལོ་ཐ་མའི་དགོངས་པ་འགྲེལ་ཚུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་སོགས་ཀྱིས་དགོངས་པ་འགྲེལ་ཚུལ་ཕལ་ཆེར་གཅིག་རེད། ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་འདོད་ཚུལ་ཡང་གཅིག་རེད། ཡིན་ན་ཡང་ཁྱེད་ཇོ་ནང་བའི་གཞུང་ལུགས་ཀྱི་དགོངས་པ་ལྟར་ན་ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་གནས་ལུགས་མཐར་ཐུག་གི་ངོར་རང་གི་ངོ་བོ་སྟོང་བའི་ཚུལ་དུ་གྲུབ་པ་རེད། རང་གི་ངོ་བོ་མི་སྟོང་བའི་བདེན་པའི་ཚུལ་དུ་གྲུབ་པ་རེད། བདེན་པའི་ཚུལ་དུ་གྲུབ་ན་གཅིག་དང་ཐ་དད་གང་རུང་གི་ཚུལ་དུ་གྲུབ་གི་ཡོད་རེད་དམ་ལས་གཞན་པའི་གྲུབ་ཚུལ་ཞིག་ཡོད་རེད་ལགས། ༽ འོ་ལགས་སོ། ཁྱེད་གི་དྲི་བ་ཟུར་དང་པོ་ཡིན་ན་སྔ་འགྱུར་རྙིང་མ་རང་གི་ལུགས་ལ་ཀུན་གཞི། གཉུག་མའི་ཡེ་ཤེས། འདུས་མ་བྱས། རིང་བཞིན་འོད་གསལ་བ་ཚིག་ཟིན་ནང་བཞིན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་མཛོད་བདུན་སྐབས་སུ་རང་བཞིན་འོད་གསལ་ཀུན་གཞི་འདུས་མ་བྱས། །ཞེས་གསུངས་ཡོད་པ་རེད། ཡིན་ན་ཡང་བླ་མ་མི་ཕམ་ཚང་གི་ངེས་ཤེས་སྒྲོན་མེའི་སྐབས་སུ། འཕགས་ཡུལ་དཔལ་ལྡན་ཟླ་བ་དང༌། །བོད་ན་རོང་ཟོམ་ཆོས་བཟང་གཉིས། །དགོངས་པ་གཅིག་དང་དབྱངས་གཅིག་གིས། །ཀ་དག་སྟོང་པ་ཆེན་པོ་བསྒྲུབས། །ཞེས་གསུངས་ཚུལ་ཞིག་ཡོང་ཡོད་པ་རེད། ཡིན་ན་ཡང་སྟོང་ཕྱོགས་ནས་གཏན་ལ་ཕབ་པ་ཡིན་ན་འགྲིག་གི་རེད། རང་བཞིན་འོད་གསལ་བའི་སྣང་ཕྱོགས་ཀྱི་ཆ་ནས་མང་པོ་ཞིག་སྔ་འགྱུར་རྙིང་མས་འཆད་ཀྱིན་ཡོད་པ་དེ་ཀློང་ཆེན་མཛོད་བདུན་སྐབས་སུ་གསལ་བོར་རྩལ་འདོན་བྱས་ནས་གསུངས་ཡོད་པ་རེད། དེ་ནང་བཞིན་དེང་སང་སྔ་འགྱུར་རྙིང་མ་ལ་མཚོན་ན་མང་ཆེ་བ་འཇུ་མི་ཕམ་གྱི་རྗེས་སུ་འབྲངས་ནས་ཡིག་ཆ་རྩལ་འདོན་བྱེད་ཀྱིན་ཡོད་པ་རེད། འཇུ་མི་ཕམ་གྱི་གཞན་སྟོང་ལྟ་བ་ཁས་ལེན་སེང་གེའི་ང་རོ། སྟོང་ཐུན་སེང་གེའི་ང་རོ། གཞུང་སྤྱིའི་དཀའ་འགྲེལ་རིན་པོ་ཆེའི་ཟ་མ་ཏོག དམ་ཆོས་དོགས་སེལ་སོགས་ཀྱི་སྐབས་སུ་གཞན་སྟོང་དེ་ཉིད་གསལ་བར་གསུངས་ཡོད་པ་ཅིག་རེད། དེར་མ་ཟད་ཇོ་ནང་བའི་དོན་དམ་བདེན་པ་བདེན་པར་གྲུབ་ཚུལ་དེ། བདེན་པ་དང་མི་བསླུ་བ་རེད་ཅེས་བཤད་གི་ཡོད་པ་མ་གཏོགས་སྤྲོས་པའི་བདེན་པར་མ་གྲུབ་པ་ཇོ་ནང་བས་ཁས་ལེན་པ་རེད། དེ་ནང་བཞིན། བླ་མ་མི་ཕམ་ཚང་གི་གཞན་སྟོང་ལྟ་བ་ཁས་ལེན་སེང་གེའི་ང་རོའི་སྐབས་སུ། ངེད་འཁྲུལ་བ་ཀུན་རྫོབ་དང་མ་འཁྲུལ་བ་དོན་དམ་དུ་འདོད་པའི་ལུགས་ལ་མ་འཁྲུལ་བའི་དོན་པར་གྲུབ་པ་དགག་མི་རུང་བས། ཞེས་ཡིག་ཆའི་ཚིག་ཟིན་རེད། (ཐལ་སྒྲ།) དེ་ནང་བཞིན་དུ་ང་ཚོས་དོན་དམ་བདེན་པ་དེ་ཉིད་དགག་བྱའི་བདེན་པར་མ་གྲུབ། སྤྲོས་པའི་བདེན་པར་མ་གྲུབ་པར། མཚན་མ་སྤྲོས་པའི་བདེན་པར་ངེད་མི་འདོད། །སྤྲོས་པས་དབེན་པའི་བདེན་ཚུལ་འདི་ལྟ་བུ། །ཞེས་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་གཞན་སྟོང་དབུ་མའི་རྒྱན་ན་གསུང་ཡོད་པ་རེད། དགག་བྱའིབདེན་པར་མ་གྲུབ། ཆོས་བདག་ཏུ་མ་གྲུབ་ཟེར་བ་ཡིན་ན་ཡང༌། བདེན་པ་དང་མི་བསླུ་བ་ཡིན་པས་བདེན་པ་ཡིན་ན་བདེན་པར་གྲུབ་དགོས་པ། ཡོད་པ་ཡིན་ན་ཡོད་པར་གྲུབ་དགོས་པ་རེད་ཅེས་བཤད་ཡོད་པ་རེད། (ཐལ་སྒྲ།) དཔེར་ན་རི་བོ་དགེ་ལྡན་པ་མཚོན་ན་འཇུག་འགྲེལ་དགོངས་པ་རབ་གསལ་གྱི་སྐབས་སུ། སྔ་མའི་དོན་དམ་དང་དེའི་ངོར་གྲུབ་པ་ཡོད་ལ། ཕྱི་མའི་དོན་དམ་དང་དེའི་ངོར་གྲུབ་པ་གཞི་མ་གྲུབ་པའི་ཕྱིར། ཞེས་གསུངས་པ་ནང་བཞིན་ང་ཚོས་ཀྱང་དོན་དམ་བདེན་པ་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ངོར་བདེན་པ་དང་མི་བསླུ་བ་གནས་ལུགས་སུ་ཡོད་པ་ཞེས་བཤད་ཡོད་པ་རེད། དེ་ལས་ལྷག་གིས་ཆོས་བདག་ཏུ་གྲུབ་པ་སྒྲུབ་པ་རང་དབང་བ་ཕྱི་རོལ་བའི་འདོད་པ་ནང་བཞིན་ཞིག་གཏན་ནས་ཁས་ལེན་མེད་པ་རེད། དེ་མེད་པ་དེ་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ། ཕྱི་རོལ་བ་དང་མི་འདྲ་བའི་རྩོད་སྤོང་ལ། བདག་གཉིས་ཀྱིས་སྟོང་བའི་ཕྱིར། ཞེས་པའི་ལན་དེ་གནད་འགག་ཆེ་བའི་ལན་མདོར་བསྡུས་ན་དེ་ཙམ་རེད། (ཐལ་སྒྲ། )འདི་ཀྱང་བསྟན་པ་ཡུན་རིང་གནས་པར་གྱུར་ཅིག ། ཀློག་པ་པོ་རྣམས་ལ་ཞུ་བྱ། སྤྱིར་ཤེས་ཡོན་གྱི་ཚད་གཞི་ཞན་པ། སྒོས་ཟིན་བྲིས་ཕབ་པའི་ཉམས་མྱོང་མེད་སྟབས་སྒྲ་ཡང་གསལ་བོ་མིན་པས་ནོར་འཁྲུལ་ཅི་མཆིས་བཟོད་གསོལ་དང་ལེགས་ཚོགས་གང་མཆིས་དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་གཞན་སྟོང་སེང་གེའི་ང་རོ་སྒྲོག་པར་ཤོག །ཟིན་བྲིས་པས། གཞན་སྟོང་གི་དཀའ་གནད་ཀྱི་དྲི་ལན་མུན་པ་སེལ་བྱེད།།


previousདབུ་མ་གཞན་སྟོང་གི་ལྟ་གྲུབ་གླེང་བ།next