Nitartha Digital Library
Tibetan
གསུང་འབུམ་པོད་བཅོ་ལྔ་པ། བསྟན་པའི་གསོ་སྨན་སོགས།


  expand section
  expand section
  expand section
  expand section
  expand section
   
   
   
   
   
གཞན་སྟོང་གི་དཀའ་གནད་ཀྱི་དྲི་ལན་མུན་པ་སེལ་བྱེད་དམ་པའི་ཞལ་ལུང༌།


 
previousགཞན་སྟོང་གི་དཀའ་གནད་ཀྱི་དྲི་ལན་མུན་པ་སེལ་བྱེད་དམ་པའི་ཞལ་ལུང༌། no next

གཞན་སྟོང་གི་དཀའ་གནད་ཀྱི་དྲི་ལན་མུན་པ་སེལ་བྱེད་དམ་པའི་ཞལ་ལུང༌།

གཞན་སྟོང་གི་དཀའ་གནད་ཀྱི་དྲི་ལན་མུན་པ་སེལ་བྱེད་དམ་པའི་ཞལ་ལུང༌།

དགེ་བཤེས་དངོས་གྲུབ་དཔལ་གྱིས་གསུངས། བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །དྲི་བ་དང་བོ་གཞན་སྟོང་གི་འཛིན་སྟངས་ཀྱི་ཡུལ་ལ་གཞན་སྟོང་ཆེན་པོ་འཇོག་པའི་ལུང་ཆོས་རྗེ་ཀུན་མཁྱེན་དང་རྗེ་བཙུན་ཏཱ་ར་ནཱ་ཐ་གཉིས་གྱི་ལུང་གང་འཇོག་ཅེས་པའོ། །ལན་ནི། ལགས་སོ། །གཞན་སྟོང་གི་འཛིན་སྟངས་ཀྱི་ཡུལ་ལ་གཞན་སྟོང་ཆེན་པོ་འཇོག་རྒྱུ་མ་རེད། དེ་ལྟར་འཇོག་པའི་རིགས་པ་མེད་ལ། ལུང་ཡང་མེད། དེས་ན་ཆོས་རྗེ་ཀུན་མཁྱེན་དང་རྗེ་བཙུན་ཏཱ་ར་ནཱ་ཐ་གཉིས་ཀྱིས་དེ་ལྟ་བུ་གསུངས་ཀྱང་མེད་ལ། སོ་སོར་རང་རིག་པའི་ཡེ་ཤེས་ཡིན་པས་དེས་རང་གི་ཡུལ་རྟོགས་པ་རེད་དེ། འཛིན་སྟངས་ཡུལ་སྣང་ཡུལ་ཞེན་ཡུལ་ཟེར་བ་ཞིག་དང་འཛིན་ཚུལ་བཤད་ཡོད་པ་མ་རེད། །དྲི་བ་གཉིས་པ་མཉམ་བཞག་སྐབས་སུ་སྤྲོས་པ་དང་བྲལ་བ་བསྒོམ་དགོས་མིན་ཞེས་པའོ། །ལན་ནི། མཉམ་བཞག་སྐབས་སུ་སྤྲོས་པ་དང་བྲལ་བས་སྤྲོས་བྲལ་དུ་བསྒོམ་དགོས་པ་ཡིན་ཡང༌། རང་སྟོང་དང་གཅིག་པ་ཡིན་ཞེས་གསུངས་ཡོད་པ་མ་རེད་རང་སྟོང་ཡིན་ན་ཀུན་རྫོབ་ཡིན་པས་དེ་དོན་དམ་བདེན་པ་རང་གི་ངོ་བོ་ལ་སྟོང་བ་ཆགས་ཡོད་ནི་རེད་ཡིན་ན་ཡང་མཉམ་བཞག་ལ་ཟློ་བའི་སྐབས་སུ་འཁོར་ལོ་བར་བ་ལྟར་རྟོག་མེད་སྤྲོལ་བྲལ་དུ་མཉམ་པར་བཞག་དགོས་པ་འཁོར་ལོ་བར་མཐའ་གཉིས་མཐུན་གྱི་ཡོད་པ་རེད། དེས་ན་མཉམ་བཞག་སྐབས་སུ་སྤྲོས་པ་ཐམས་ཅད་དང་བྲལ་བར་མཉམ་པར་བཞག་པ་དེའི་ཚེ་བདེན་འཛིན་གྱི་སྤྲོས་པ་མ་ཟད་ཀུན་རྫོབ་ཀྱི་སྤྲོས་པ་གཉིས་སྣང་གི་སྤྲོས་པ་འདི་ཡིན་འདི་མིན་ཆེད་ཞེན་གཏད་ཞེན་འཛིན་ཞེན་ལ་སོགས་པ་སྤྲོས་པ་ཐམས་ཅད་དང་བྲལ་བར་བསྒོམ་དགོས་པ་ཡིན། སྤྲོས་བྲལ་ནི་ཆོས་ཀྱི་དབྱིངས་ཡིན་པས་ཆོས་དབྱིངས་ཡིན་ན་གཞན་སྟོང་ཡིན་པ་མ་གཏོགས་རང་སྟོང་དང་གཅིག་པ་དང་ཀུན་རྫོབ་ནི་གཏན་ནས་མིན་ལ། དེས་ན་མཉམ་བཞག་སྐབས་སུ་འདི་ཡིན་འདི་མིན་སོགས་གང་ལ་ཡང་མི་ལྟོས་པར་སྤྲོས་བྲལ་དུ་མཉམ་པར་བཞག་པ་ཡིན། ཆོས་རྣམས་ཀྱི་གནས་ཚུལ་དེ་རྗེས་ཐོབ་ཀྱི་སྐབས་སུ་གཏན་ལ་ཕབས་དགོས་པ་རེད་མ་གཏོགས་མཉམ་བཞག་སྐབས་སུ་འདི་ཤེས་བྱ་ཡིན། རྟག་པ་ཡིན། བདེན་གྲུབ་ཡིན། བདེན་མེད་སོགས་འདི་ཡིན་འདི་མིན་སྙམ་པའི་བློ་མེད་པ་ཡིན། དེ་རྗེས་ཐོབ་ཤན་འབྱེད་ཀྱི་སྐབས་སུ་ཆོས་རྣམས་ཀྱི་གནས་ཚུལ་གཏན་ལ་ཕབ་པ་ཡིན། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་གནས་ལུགས་མཐར་ཐུག་རྟོགས་པ་ཡིན་ན་ཡང་གནས་ལུགས་ཀྱི་ཁྱད་ཆོས་སམ། ཡོན་ཏན་ཐམས་ཅད་དང་ལྡན་པ་དང༌། དེ་ཡོད་པ་དང་ཡིན་པ་དེ་སོ་སོར་འབྱེད་པ་ནི་རྗེས་ཐོབ་ཤན་འབྱེད་ལ་ལྟོས་དགོས་པ་གསུངས་བ་མ་གཏོགས་མཉམ་བཞག་གིས་འཛིན་པ་ལྟར་མ་གྲུབ་པ་དང་དེ་དང་མི་མཐུན་པ་ཞིག་བཤད་དགོས་པ་མ་རེད། དྲི་བ་གསུམ་པ་རང་ལུགས་ལ་ཆོས་ཉིད་བདེན་གྲུབ་ཏུ་ཁས་ལེན་པ་དང་གཞན་གྱིས་བདེན་གྲུབ་ཏུ་ཁས་ལེན་པ་གཉིས་འདྲ་མིན་ཞེས་པའོ། །ལན་ནི། ཕྱོགས་ཡོངས་ཀྱི་ཆ་ནས་དྭོགས་པའི་གནས་ཟེར་ན་འདྲ། གཞན་སྟོང་དབུ་མ་ཆེན་པོ་འཇོག་མཚམས་ལེགས་པར་ཤེས་མེད་ན་འདྲ། ཞིབ་འཇུག་གམ་རྒྱུས་ལོན་མ་བྱས་པ་ཡིན་ན་འདྲ་གནས་ཚུལ་ཡང་དག་པར་མཁྱེན་གི་མེད་པའི་དབང་དུ་བྱས་ན་དྭོགས་པའི་གནས་ཆགས་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་དེ་གཉིས་ཁྱད་པར་བཤད་དུས་གཞན་སྟོང་དབུ་མ་ཆེན་མོའི་རང་ལུགས་ལ་བདེན་པར་གྲུབ་ཅེས་བཤད་པ་དེ་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ངོར་ཇི་ལྟར་གཟིགས་པ་ལྟར་སྣང་ཚུལ་དང་གནས་ཚུལ་མཐུན་པ་ལ་བྱེད་པ་རེད། དེ་ལྟར་སྣང་ཚུལ་དང་གནས་ཚུལ་དང་མཐུན་པ་ཡིན་ན་བདེན་པ་ཡིན་དགོས། དེ་ཡིན་ན་མི་བསླུ་བ་ཡིན་དགོས། དེ་ཡིན་ན་བདེན་པར་གྲུབ་དགོས་ཞེས་གཞན་སྟོང་དབུ་མ་ཆེན་པོ་ལུགས་ལ་བདེན་པར་གྲུབ་ཚུལ་དེ་ཡིན་ནོ། །གཞན་གྱི་ལུགས་ཡིན་ན་བདེན་པར་གྲུབ་ལུགས་ནི་མཉམ་བཞག་ཡེ་ཤེས་ལ་མི་ལྟོས་པར་སྤྱིར་བཏང་སྒྲ་རྟོག་གི་ངོར་སྣང་ཚུལ་དང་གནས་ཚུལ་མཐུན་པར་སྣང་བ་ནང་བཞིན་རྟོག་པས་འཛིན་པ་ལྟར་བདེན་པར་གྲུབ་དགོས་པ་ཡིན། དེ་ལྟར་གྲུབ་ན་སྤྲོས་པའི་བདེན་པར་གྲུབ་དགོས་པ་རེད། དེ་ལྟ་བུ་ནི་ཕྱི་རོལ་བས་བདེན་པར་གྲུབ་པར་ཁས་བླངས་པ་དང་འདྲ་བ་རེད། དེས་ན་དེ་གཉིས་ཁྱད་པར་ཡོད་པ་ཞིག་རེད། གཉིས་ཕྱོགས་ནས་རང་ལུགས་ལ་བདེན་པར་གྲུབ་ན་ཆོས་བདག་ཏུ་གྲུབ་དགོས་པ་མ་ཡིན། གཞན་གྱི་འདོད་པ་ལྟར་ཡིན་ན་བདེན་པར་གྲུབ་ན་ཆོས་བདག་ཏུ་གྲུབ་དགོས་པ་ཡིན། དེ་ལྟ་བུའི་ཁྱད་པར་ཡོད་པ་དེ་ཆོས་རྗེས་ཀུན་མཁྱེན་རིན་པོ་ཆེས་ཕྱི་རོལ་བའི་བདག་དང་མི་འདྲ་བའི་ལན་དུ་རང་ལུགས་ལ་བདག་ཏུ་མེད་པར་ཁས་བླངས་པའི་ཕྱིར་གསུངས་ཡོད་པ་རེད། དེ་ཡང་ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དེས་ན་དོན་དམ་དབྱིངས་ཀྱི་ཡེ་ཤེས་གནས་ལུགས་ལ་བདེན་པར་གྲུབ་པ་ཆོས་ཀྱི་བདག་མ་ཡིན་ཞིང༌། དེ་བདེན་པར་འཛིན་པ་ཡང་ཆོས་ཀྱི་བདག་འཛིན་མ་ཡིན་ལ། དོན་དམ་དབྱིངས་དེ་བདེན་པར་མེད་པར་འཛིན་ན་ལོག་པར་ལྟ་བ་ཉིད་དུ་འགྱུར་བ་ཡིན་ནོ། །ཞེས་དང༌། དེ་ལས། ཆོས་ཉིད་དེ་བཞིན་ཉིད་ལ་ཀུན་རྫོབ་སྣང་གྲགས་ཀྱི་ཆོས་ཀྱི་བདག་གིས་ནམ་ཡང་གོས་མ་མྱོང་ཞིང་མེད་པ་ནི། ཆོས་ཀྱི་བདག་མེད་མཚན་ཉིད་པ་ཡིན་ལ་ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། གལ་ཏེ་བདེ་གཤེགས་སྙིང་པོ་དང་བདག་གི་དབྱིངས་རྣམ་གྲངས་ཡིན་ན་མུ་སྟེགས་བྱེད་ཀྱི་བདག་དང་ཁྱད་པར་མེད་པར་འགྱུར་ལ་རྣམ་གྲངས་མ་ཡིན་ན། མིང་དེས་བསྟན་པ་ཡང་མུ་སྟེགས་ཅན་བདག་ཏུ་མངོན་པར་ཞེན་པ་རྣམས་དྲང་བར་མི་ནུས་སོ་ཞེ་ན། སྐྱོན་མེད་དེ། རྣམ་གྲངས་ཡིན་ཡང་འདི་ནི་བདག་གཉིས་ཀྱིས་སྟོང་བའི་གཞི་དེ་བཞིན་ཉིད་ཀྱི་བདག་དང་དག་པའི་བདག་ལ་སོགས་པ་ཡིན་པའི་ཕྱིར་རོ། །ཞེས་དང༌། མྱང་འདས་ཆེན་པོ་ལས། རིགས་ཀྱི་བུ་གཞན་ཡང་སྔོན་བཱ་ར་ཎ་སིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་བསྟན་ཏོ། །ད་རྩྭ་མཆོག་གི་གྲོང་ཁྱེར་འདིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་རྟག་པ་དང་བདེ་བ་དང་བདག་དང་ཡོངས་སུ་དག་པར་བསྟན་ཏོ། །ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། འདིར་ཆོས་ཐམས་ཅད་ནི་བདག་མེད་པ་ཞེས་བྱའོ། །ཞེས་གསུངས་སོ། །དེ་ལྟར་སོ་སོར་བཤད་ན་ཁྱད་པར་ཡོད་པ་དེ་ཤེས་ཐུབ་པ་ཞིག་རེད། དྲི་བ་བཞི་པ་ཆོས་ཉིད་འཇོག་བྱེད་གྱི་གཙོ་བོ་མཉམ་བཞག་ཡེ་ཤེས་དེ་ལམ་བདེན་ཡིན་ན་དེས་རྟོགས་བྱའི་ཆོས་ཉིད་ཀྱང་འདུས་བྱས་སུ་འགྱུར་དགོས་མིན་ཞེས་པའོ། །ལན་ནི། ལམ་བདེན་འདུས་བྱས་མི་རྟག་པ་བསླུ་བའི་ཆོས་ཡིན་ན་ཡང་དེས་རྟོགས་བྱའི་དོན་དམ་བདེན་པ་མི་རྟག་པ་བསླུ་བའི་ཆོས་ཡིན་པ་དེར་དྭོགས་པ་ཆེན་པོ་ཡོད་མ་རེད། དཔེར་ན་འདུས་མ་བྱས་ནམ་མཁའ་རྟག་པ་ཡིན་ན་ཡང་དེ་རྟོགས་པའི་རྗེས་དཔག་ཚད་མ་སོགས་འདུས་བྱས་ཡིན་པ་ཀུན་རྫོབ་ཡིན་པར་འགལ་བ་མེད་པ་ནང་བཞིན་ཡིན། །དྲི་བ་ལྔ་བ་ཆོས་ཉིད་བདེན་གྲུབ་ཨེ་ཡིན་ཞེས་པའོ། །ལན་ནི། གཞན་སྟོང་དབུ་མ་ཆེན་པོའི་ལུགས་ལ་བདེན་པར་གྲུབ་པ་དེ་གོང་དུ་བཤད་པ་ལྟར་བདེན་པ་ཡིན་ན་བདེན་པར་གྲུབ་དགོས་པ་དང༌། ཡོད་པ་ཡིན་ན་ཡོད་པར་གྲུབ་དགོས་པ་དང༌། ཤེས་བྱ་ཡིན་ན་ཤེས་བྱར་གྲུབ་དགོས་བཤད་པ་ལྟར་ཡིན། ཆོས་ཉིད་བདེན་པ་ཡིན་པ་དེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རིགས་པ་དྲུག་ཅུ་པའི་སྐབས་སུ་མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་པ་དང༌། བདེན་པ་མི་བསླུ་བ་ནི་གཅིག་པའོ། །ཞེས་དང༌། ཐེག་མཆོག་རབ་ཕྱེད་བརྒྱད་པའི་འགྲེལ་བ་ལས། དོན་དམ་ཆོས་ཀྱི་དབྱིངས་ཆོས་ཅན། བདེན་པར་གྲུབ་སྟེ། ཆོས་ཐམས་ཅད་ཀྱི་གནས་ཚུལ་ལ་གདོན་ནས་ལྷུན་གྲུབ་ཏུ་ཞུགས་པའི་ཕྱིར། ཞེས་དང༌། ཐེག་མཆོག་དབུ་མ་ལས། ཡེ་ཤེས་བདེན་གྲུབ་ཆོས་ཀྱི་བདག་མ་ཡིན། །དེ་ནི་མེད་པར་འཛིན་ན་ལོག་ལྟ་ཉིད། །ཅེས་དང༌། གཞན་སྟོང་སྙིང་བོ་ལས། ཆོས་ཉིད་ཀྱི་གཟུགས་སྒྲ་སོགས་ཡེ་ཤེས་ཀྱི་ཕྱོགས་ཡིན་པས་བདེན་གྲུབ་དང༌། ཞེས་སོགས་ཡང་ནས་ཡང་དུ་རྒྱ་ཆེར་གསུང་གི་ཡོད་པ་རེད། ངེས་འདིའི་མཇུག་ན་ཡང་དོན་དམ་བདེན་པ་བདེན་གྲུབ་དུ་འདོད་པ་དང༌། དགག་བྱ་བདེན་གྲུབ་དུ་མི་འདོད་པ་ལ་སོགས་པ་ཁྱད་པར་མི་འདྲ་བ་སོ་སོར་མཁས་པ་རྣམས་ཀྱིས་བཞེད་ཚུལ་མི་འདྲ་བ་ཅུང་ཟད་བཤད་ཡོང་ན་ཆོག་སྔོན་ཡང་མང་པོ་ཞིག་བཤད་ཟིན་པ་ཡིན། དྲི་བ་དྲུག་པ་གཞན་སྟོང་བློ་ཡུལ་ལས་འདས་པའི་དོན་ཅི་ཞེས་པའོ། །ལན་ནི། གཞན་སྟོང་བློ་ཡུལ་ལས་འདས་ཞེས་ཇོ་ནང་རང་གི་གཞུང་ལུགས་ལ་ཐ་སྙད་སྦྱར་ཡོད་པ་མ་རེད། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་སྤྱོད་འཇུག་ལ་སོགས་པའི་སྐབས་སུ་གསུངས་པ་དེ་དོན་དམ་བདེན་པ་དེ་རྣམ་ཤེས་ཀྱི་སྤྱོད་ཡུལ་མིན་པའི་དོན་ཡིན། རྣམ་ཤེས་ཀྱིས་ཇི་ལྟར་གཞལ་བ་ལྟར་གྲུབ་པ་མ་རེད་ཅེས་པའོ། །རྣམ་ཤེས་ཀྱིས་སྤྲོས་པ་དང་བཅས་པར་སྣང་བ་མ་གཏོགས་རྣམ་ཤེས་ཀྱིས་སྤྲོས་པ་ཐམས་ཅད་དང་བྲལ་བར་སྣང་ཐུབ་པ་མ་རེད། དེའི་ཕྱིར་ན་དོན་དམ་བདེན་པ་དེ་ཀུན་རྫོབ་རྣམ་ཤེས་ཀྱི་ཡུལ་ལས་འདས་པ་བཤད་ཚུལ་ཞིག་ཡོད་པ་ཡིན་ན་ཡང༌། དོན་དམ་བདེན་པ་དེ་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་རྟོགས་བྱ་མཐར་ཐུག་ཡིན། དེ་ཡང་མདོ་ལས། མ་མཐོང་བ་ནི་མཐོང་བ་དམ་པའོ། །ཞེས་པས་སྤྲོས་པ་ལ་སོགས་པ་དང་བཅས་པར་མ་མཐོང་ཡང་སྤྲོས་པ་ཐམས་ཅད་དང་བྲལ་བའི་གཞན་སྟོང་ངམ་ཆོས་ཉིད་མཐོང་བ་ན་མཐོང་བ་དམ་པའོ་ཞེས་གསུངས་བ་ཡིན། དེ་ཡང་སྤྱོད་འཇུག་རྣམ་བཤད་གཞུང་དོན་རབ་གསལ་༢༧༨ལས། རྣམ་ཤེས་སྤྱོད་ཡུལ་ཀུན་རྗོབ་ཀྱི་བདེན་པ་དང་ནི་ཡེ་ཤེས་ཀྱི་སྤྱོད་ཡུལ་དོན་དམ་པའི་བདེན་པ་སྟེ་འདི་དག་ནི་རིམ་པ་བཞིན་དུ་བྱིས་པས་རྟོགས་པ་ལྟར་རེ་ཞིག་མི་བསླུ་བ་དང༌། འཕགས་པས་རྟོགས་པ་ལྟར་གཏན་དུ་མི་བསླུུ་བས་བདེན་པ་གཉིས་སུ་འདོད་དོ། །དེ་ལ་དོན་དམ་པའི་བདེན་པ་ནི་བློ་རྣམ་པར་ཤེས་པ་ཡི་སྤྱོད་ཡུལ་དུ་སྣང་བ་མིན་ཞིང་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཆོས་ཉིད་རྣམ་ཡང་འགྱུར་བ་མེད་པར་སྣང་བ་ཡིན་ལ། སོ་སོ་སྐྱེ་བོའི་བློ་ཡུལ་དང་བཅས་པ་ནི་ཆོས་ཅན་ཀུན་རྫོབ་འཕྲུལ་བའི་སྣང་བ་ཡིན་པར་འདོད་དེ། །ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། གལ་ཏེ་དོན་དམ་ཤེས་བྱ་ཡིན་ན། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་དང༌། ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་དག་ནི་རྣམ་ཤེས་ཀྱི་བློའི་སྤྱོད་ཡུལ་མ་ཡིན་པ་དང༌། རྣམ་ཤེས་ཀྱིས་ཤེས་པར་མི་ནུས་པ་ལ་དགོངས་པའི་ཕྱིར་རོ། །ཞེས་སོ། །དྲི་བ་བདུན་པ་རང་ལུགས་ལ་དབུ་མའི་གཞུང་ལུགས་རྣམས་ཀྱི་སྐབས་སུ་གསུངས་པའི་རྟེན་འབྲེལ་གྱི་རིགས་པ་ཁས་ལེན་ནམ་ཞེས་པའོ། །ལན་ནི། དབུ་མའི་གཞུང་ལུགས་རྣམས་ཀྱི་སྐབས་སུ་གསུངས་བའི་རྟེན་འབྲེལ་གྱི་རིགས་པ་དེ་གཞན་སྟོང་དབུ་མ་ཆེན་པོའི་ལུགས་ལ་ཁས་ལེན་གྱིན་ཡོད་པ་རེད། དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པའི་སྐབས་སུ་དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་ཐམས་དག་གཅོད་པར་བྱེད། །ཅེས་པས་རྟེན་འབྲེལ་གྱི་རིགས་པ་དེ་རིགས་པའི་གཙོ་བོ་ཡིན་པར་གསུང་གིན་ཡོད་པ་རེད་ཏ། རང་ལུགས་ལ་རྟེན་འབྲེལ་གྱི་རིགས་པ་དེ་རིགས་པའི་གཙོ་བོ་ཡིན་པར་འདོད་གི་ཡོད་པ་མ་རེད། ཐེག་མཆོག་དབུ་མའི་སྐབས་སུ་བདག་མེད་གཏན་ཚིགས་གཙོ་བོ་གཉིས་སུ་མཐོང༌། །ཞེས་དང༌། ཐེག་མཆོག་ཟིན་བྲིས་ལས། བདག་མེད་པར་སྒྲུབ་པའི་གཏན་ཚིགས་ཀྱི་གཙོ་བོ་ནི། ངོ་བོ་འགོག་པ་གཅིག་དང་དུ་བྲལ་དང༌། ཁྱད་པར་འགོག་པ་མཐའ་བཞི་སྐྱེ་འགོག་གཉིས་སུ་མཐོང་ཞེས་གཏན་ཚིགས་ཀྱི་གཙོ་བོ་གཉིས་སུ་བཞེད་པ་ཡིན་གྱི། མུ་བཞི་སྐྱེ་འགོག་དང༌། རྟེན་འབྲེལ་གྱི་རིགས་པ་གཉིས་ནི་འོག་ཏུ་འཆད་པར་འགྱུར་བ་ལྟར་རྣམ་གྲངས་ཙམ་ཡིན་གྱི། བདག་མེད་པར་སྒྲུབ་པའི་གཏན་ཚིགས་གཙོ་བོ་མིན་པས། དབུ་མའི་གཏན་ཚིགས་ཀྱི་གཙོ་བོ་རྣམ་པ་བཞི་ཞེས་འཆད་པ་ཡང་དོན་ལ་འཐད་པ་མ་ཡིན་ནོ། །ཞེས་དང༌། དེ་ལས། འཕྲོས་དོན་ཕྲ་མོ་ཙམ་ཡིན་པས་གཏན་ཚིགས་ཀྱི་གཙོ་བོ་མ་ཡིན་པར་ཤེས་པར་བྱའོ། །གཏན་ཚིགས་ཀྱི་གཙོ་བོ་ཕྱི་རོལ་གྱི་དོན་དང་ནང་ཤེས་པ་གཉིས་ཆར་བདེན་མེད་གཏན་ལ་འབེབ་ནུས་པ་ནི། ངོ་བོ་འགོག་པ་གཅིག་དུ་བྲལ་དང༌། ཁྱད་པར་འགོག་པ་མཐའ་བཞི་སྐྱེ་འགོག་གཉིས་ཡིན་ཞིང༌། དེ་དག་གི་རྩ་བར་གྱུར་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བའི་མཆོད་བརྗོད་དུ་གསུངས་པ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །ཞེས་གསུངས་པ་ལྟར། རྩ་བའི་གཏན་ཚིགས་རྣམ་པ་བཞི་ཡོད་པ་ཡིན་ཏེ། ཞེས་གསུངས་པ་ལྟར་གཅིག་དང་དུ་བྲལ་གྱི་རིགས་པ་དང༌། རྒྱུ་ལ་དཔྱད་པ་རྡོ་རྗེ་ཟེགས་མའི་རིགས་པ་གཉིས་རིགས་པའི་གཙོ་བོ་འམ་རིགས་པའི་རྒྱལ་བོ་ཡིན་པར་གསུངས་ཡོད་པ་རེད། ཀུན་རྫོབ་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཆོས་ཅན་དུ་བླངས་ནས་བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་བཀོད་ནས་བདེན་མེད་དུ་སྒྲུབ་ན་བདེན་མེད་སྒྲུབ་བྱེད་ཡང་དག་ཡིན། སྤྱིར་བཏང་བདེན་མེད་སྒྲུབ་བྱེད་ཀྱི་རིགས་པ་ཡང་དག་ཡིན་བཤད་ན་ཆོག ཡིན་ན་ཡང་དོན་དམ་བདེན་པ་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་བཀོད་ན་རྟགས་མ་གྲུབ་ཅེས་ལབ་ན་འགྲིག་གི་རེད། དོན་དམ་བདེན་པ་རྟེན་འབྲེལ་མིན་པར་གསུངས་ཡོད་པ་རེད། ཇི་སྐད་དུ། ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ལས། རང་བཞིན་དང་ནི་བཅོས་མིན་པར། །གཞན་ལ་ལྟོས་པ་མེད་པར་བཤད། །ཅེས་དང༌། འགྲེལ་བ་ག་ལས་འཇིགས་མེད་ལས། གཞན་ལ་ལྟོས་པ་མེད་པ་ཡིན། ངོ་བོ་ཉིད་ནི་བྱས་པ་ཞེས་བྱ་བར་ཇི་ལྟར་རུང་བར་འགྱུར་ཏེ། གང་གི་ཕྱིར་ངོ་བོ་ཉིད་ནི་བཅོས་མ་མ་ཡིན་པ་དང་གཞན་ལ་ལྟོས་པ་མེད་པ་ཡིན་པའི་ཕྱིར་རོ། །ཞེས་དང༌། བུདྷ་པཱ་ལི་ཏ་ལས། གང་བྱ་བས་བསྒྲུབ་པར་མི་འགྱུར་བ་དང༌། རྒྱུ་དང་རྐྱེན་ལ་ཡང་ལྟོས་པར་མི་འགྱུར་བ་རང་ཉིད་ཀྱི་ངོ་བོ་ཉིད་མི་འགྱུར་བར་འཇུག་པ་དེ་ནི་ངོ་བོ་ཉིད་ཀྱིས་རིགས་པ་ཡིན་ནོ། །གང་བྱས་པས་བསྒྲུབ་པར་འགྱུར་བ་དང་རྒྱུ་དང་རྐྱེན་ལ་ཡང་ལྟོས་པར་འགྱུར་བ་དེ་ནི་གཞན་ལ་རག་ལས་པས་གཞན་ལ་ལྟོས་པ་རང་གི་བདག་ཉིད་ཀྱིས་རབ་ཏུ་མ་གྲུབ་པ་ཡིན་པས་ངོ་བོ་ཉིད་ཅེས་བྱ་བར་ཇི་ལྟར་འཐད་པར་འགྱུར། སྨྲས་པ། གང་ལ་ལྟོས་ནས་དེ་དངོས་པོར་འགྱུར་བའི་གཞན་གྱི་དངོས་པོ་ནི་རེ་ཞིག་ཡོད་དོ། །གཞན་གྱི་དངོས་པོ་རབ་ཏུ་གྲུབ་ན། ངོ་བོ་ཉིད་ཀྱང་རབ་ཏུ་འགྲུབ་པར་འགྱུར་རོ། །ཞེས་དང༌། འགྲེལ་པ་ཤེས་རབ་སྒྲོན་མ་ལས། གཞན་ལ་ལྟོས་པ་མེད་པ་ཡིན། བཅོས་མ་མ་ཡིན་པ་ནི་རྒྱུ་དང་རྐྱེན་རྣམས་ཀྱིས་མ་བྱས་པའི་ཕྱིར་རོ། །གཞན་ལ་ལྟོས་པ་མེད་པ་ནི་བརྗོད་པ་ཁྱད་པར་ཅན་བརྟེན་པ་གཞན་ལ་ལྟོས་པ་མེད་པའི་ཕྱིར་རོ། །ཞེས་དང༌། ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་བ་ལས། གཞན་ལ་ལྟོས་པ་མེད་པ་ཡིན། བཅོས་མ་མ་ཡིན་པ་ནི་རྒྱུ་དང་རྐྱེན་རྣམས་ཀྱིས་མ་བྱས་པའི་ཕྱིར་རོ། །གཞན་ལ་ལྟོས་པ་མེད་པ་ནི་བརྗོད་པ་ཁྱད་པར་ཅན་སྟེན་པ་གཞན་ལ་ལྟོས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་བསྟན་ཏོ། །ཞེས་རང་བཞིན་གང་ལ་བཅོས་པ་མེད་པ་དེ་གཞན་ལ་ལྟོས་པ་མེད་པར་གསུངས་ཡོད་པ་རེད། དེ་ལྟར་གསུངས་ཡོད་པ་དེ་མཁྱེན་དགོས། གཞན་རི་བོ་དགེ་ལྡན་པས་གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་ཁྱབ་གསུངས་པ་རེད་ཏ། གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་ཁྱབ་ཟེར་བ་ལ། དྭོགས་པའི་གནས་ཆགས་ཡོད་ལ། དེ་ལྟར་དྭོགས་པའི་གནས་ཆགས་ཡོད་པའི་རྒྱུ་མཚན་རྩ་ཤེས་ལས། རང་བཞིན་དང་ནི་བཅོས་མིན་པར། །གཞན་ལ་ལྟོས་པ་མེད་པར་བཤད། །ཞེས་པའི་འཐད་ཀྱི་དབུ་མ་ཚིགས་གསལ་དང་བུདྷ་པཱ་ལི་ཏ་གཉིས་ཀྱི་སྐབས་སུ་ཡང་རྒྱུ་དང་རྐྱེན་ལས་སྐྱེས་པ་ལ་སྦྱར་བ་མ་གཏོགས་གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་ཁྱབ་པ་གསུངས་ཡོད་པ་མ་རེད། དེས་ན་ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེའི་ཆོས་འགའ་ཞེས་པ་དེ་འདུས་བྱས་ཀྱི་ཆོས་ཐམས་ཅད་ལ་སྦྱར་བ་ལས་ཆོས་ཐམས་ཅད་ལ་སྦྱར་དགོས་པར་མི་འདུག དེ་ཡང་འདུས་བྱས་ཀྱི་ཆོས་ལ་དགོངས་ནས་གསུངས་ཡོད་པ་དེ་ནི་ཆོས་རྗེ་ཀུན་མཁྱེན་གྱི་རི་ཆོས་ངེས་དོན་རྒྱ་མཚོ་ལས་གསུངས་སོ། །དེ་ནང་བཞིན་སངས་རྒྱས་བཅོམ་ལྡན་འདས་མདོའི་སྐབས་སུ་ཡང་ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །ཞེས་སོགས་ཆོས་རྣམས་ཞེས་གསུངས་ཡོད་པ་རེད་དེ། རྒྱུ་ལས་བྱུང་ཞེས་གསུངས་པས་ན་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་རྒྱུ་དང་རྐྱེན་ལས་སྐྱེས་བ་རང་སྡེ་ནང་བ་སངས་རྒྱས་པ་ཐམས་ཅད་ཀྱིས་ཁས་ལེན་གྱིན་མེད་པ་འདྲའོ། །དྲི་བ་བརྒྱད་པ་རང་ལུགས་ཆོས་ཉིད་ཤེས་པ་ཡིན་པའི་རྒྱུ་མཚན་ཅི་ཞེས་པའོ། །ལན་ནི། ལགས་སོ། །ཆོས་ཀྱི་དབྱིངས་ཡེ་ཤེས་ཡིན་པ་དེ་མདོ་རྒྱུད་ཐམས་ཅད་ཀྱི་སྐབས་སུ་ཆོས་དབྱིངས་ཡེ་ཤེས་ཞེས་པ་ཡང་ནས་ཡང་དུ་གསུངས་པས་གྲུབ་པ་ཞིག་ཡིན། ཡང་འདུས་མ་བྱས་ཀྱི་ཡེ་ཤེས་ཞེས་པས་ཀྱང་གྲུབ་ལ། དེ་ནང་བཞིན་མདོ་རྒྱུད་ཐམས་ཅད་ཀྱི་སྐབས་སུ་རང་བྱུང་ཡེ་ཤེས་ཞེས་པས་ཡང་གྲུབ་པ་ཞིག་རེད། དེ་ནང་བཞིན་མདོ་རྒྱུད་ཐམས་ཅད་ཀྱི་སྐབས་སུ་དབྱིངས་རིག་དབྱེར་མེད་ཞེས་པ་དེ་ཡང་གྲུབ་པ་ཞིག་རེད། དེ་མིན་ན། མདོ་རྒྱུད་ཐམས་ཅད་ཀྱི་སྐབས་སུ་དབྱིངས་རིག་དབྱེར་མེད་ཞེས་པ་དེས་ཀྱང་རྒྱུ་མཚན་ཡོད་པ་ཞིག་དང་། ཀུན་མཁྱེན་གྱིས་བཀའ་བསྡུ་བཞི་བའི་རྩ་འགྲེལ་སྐབས་སུ་ཡང་དེ་ལྟར་བསྒྲུབས་ཡོད་པ་རེད། དེ་བཞིན་དོན་དམ་པའི་མཚན་ཡང་དག་པར་བརྗོད་པའི་སྐབས་སུ་ཤེས་བཅུ་རྣམ་དག་འཆང་བ་པོ། །ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དོན་དམ་དབྱིངས་དེ་རིག་པར་ཡང་གྲུབ་སྟེ་རྒྱལ་བའི་ཡེ་ཤེས་ཀྱིས་མཁྱེན་པའི་ཕྱིར་རོ། །ཞེས་དང༌། བདེན་གཉིས་གསལ་བའི་ཉི་མ་ལས། དོན་དམ་བདེན་པ་གང་ཡིན། མཐར་ཐུག་གི་རིག་པ་དང་ཡེ་ཤེས་ཡིན་ཞིང༌། མཐར་ཐུག་གི་རིག་པ་དང་ཡེ་ཤེས་གང་ཡིན་དོན་དམ་བདེན་པ་དང༌། དེ་བཞིན་ཉིད་ཡིན་ལ། ཞེས་དང༌། དཔལ་ཡེ་ཤེས་ཐིག་ལེའི་ལས། རང་གི་ངོ་བོ་ཡེ་ཤེས་འོད། །བདག་རང་གི་ནི་ཡེ་ཤེས་སྐུ། །ཞེས་དང༌། མཁའ་འགྲོ་མ་རྡོ་རྗེ་གུར་ལས། རྡོ་རྗེ་འཛིན་པས་བཀའ་སྩལ་པ། ང་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཞེས་དང༌། མཚན་བརྗོད་འགྲེལ་བ་ལས། དེ་ལ་རང་བྱུང་གི་ཡེ་ཤེས་ལྔ་བོ་ཐབས་དང་ཤེས་རབ་གཉིས་མེད་ཕྱེ་བའི་ཡེ་ཤེས་བཅུ་དང་དེ་བཞིན་དུ་ཐབས་དང་ཤེས་རབ་གཉིས་ཀྱི་ཕུང་བོ་བཅུ་དང་ཁམས་བཅུ་དང་དབང་བོ་བཅུ་དང་ཡུལ་བཅུ་དང་ལས་ཀྱི་དབང་པོ་དང་ལས་ཀྱི་དབང་བོའི་བྱ་བ་བཅུ་རྣམས་ནི་རྣམ་པར་དག་པའི་ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡེ་ཤེས་བཅུ་རྣམ་པར་དག་པ་གདོན་ནས་འཆང་བ་བོ་ཡང་ཡིན་ནོ། །ཞེས་དང་། འགྲེལ་ཆེན་དྲི་མེད་འོད་ལས། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ཉིད། ཅེས་དང༌། བཀའ་བསྡུ་བཞི་བ་ལས། རྣམ་ཤེས་མ་ཡིན་རང་བྱུང་ཡེ་ཤེས་ཡིན། །ཀུན་བརྟགས་མ་ཡིན་ཡོངས་གྲུབ་ཡེ་ཤེས་ཡིན། །དངོས་སྨྲ་མ་ཡིན་དབུ་མ་ཆེན་པོ་ཡིན། །བེམ་པོ་མ་ཡིན་ཀུན་ཤེས་ཀུན་རིག་ཡིན། །རྣམ་རྟོག་མ་ཡིན་མི་རྟོག་ཡེ་ཤེས་ཡིན། །ཞེས་པ་ལྟ་བུ་དང༌། ཤེས་པ་ལྔ་ཞེས་པ་ལྟ་བུ་གསུངས་ཡོད་པ་དེ་ཀུན་རྫོབ་ཀྱི་ཤེས་པ་མིན་པར་དོན་དམ་པའི་ཤེས་པ་ལ་སྦྱར་དགོས་པ་དེ་བསྟན་བཅོས་འདིའི་མཚན་ལ་ཡང་དོན་དམ་པར་མཚན་ཡང་དག་པར་བརྗོད་པ་ཞེས་མིང་བཏགས་པ་ལ་བརྟེན་ནས་ཀྱང་ཤེས་ཐུབ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པ་ལས། ས་ཡི་དཀྱིལ་ན་གནས་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ནས་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང༌། བྱམས་པ་མགོན་པོའི་རྒྱུད་བླ་མ་ལས། ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་སོགས་ལུང་རྒྱ་ཆེར་ཡོད་པ་དེ་རེད། ཆོས་དབྱིངས་ནི་ཡེ་ཤེས་ཡིན་པར་བཀའ་བསྡུ་བཞི་བའི་རྩ་འགྲེལ་སྐབས་སུ་རྒྱ་ཆེར་རྩལ་འདོན་བྱས་ནས་བཤད་ཡོད་པ་རེད། དྲི་བ་དགུ་པ་ཆོས་དབྱིངས་རྟོག་པས་ཇི་ལྟ་བ་བཞིན་དུ་རྟོགས་མི་ཐུབ་པའི་རྒྱུ་མཚན་ཅི་ཞེས་པའོ། །ལན་ནི། ཆོས་དབྱིངས་རྟོག་པས་ཇི་ལྟ་བ་བཞིན་དུ་རྟོགས་མི་ཐུབ་པའི་རྒྱུ་མཚན་ནི། ཆོས་དབྱིངས་དེ་སྤྲོས་པ་དང་བྲལ་བ་ཡིན་པ་གང་ཞིག རྟོག་པས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཞིག་སྣང་མི་ཐུབ་པ་ཞིག་རེད། དེ་ལྟར་ཡང༌། རྟོག་པ་ལ་ཆོས་གང་དང་གང་སྣང་བ་ན་སྒྲ་སྤྱི་དོན་སྤྱི་སྣང་བ་དང་བཅས་པར་སྣང་བ་གང་ཞིག དེ་སྣང་ན་སྤྲོས་པའི་བསླད་པ་ཞུགས་པའི་ཕྱིར། དེའི་ཕྱིར་ན་ཆོས་དབྱིངས་དེ་སྤྲོས་བྲལ་ཡིན་པས་སྒྲ་རྟོག་གིས་ཇི་བཞིན་དུ་སྣང་ཐུབ་ཀྱིན་ཡོད་མ་རེད། ཀུན་རྫོབ་ཀྱི་ཆོས་ཡིན་ཕྱིན་སྤྲོས་པ་དང་བྲལ་བར་ཆགས་ཐུབ་པ་མིན་ལ། སྤྲོས་པ་འགའ་ཞིག་བདེན་གྲུབ་སོགས་དང་བྲལ་ཐུབ་ཀྱང་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡོང་ཐུབ་ཀི་ཡོད་པ་མིན་ལ། དེའི་རྒྱུ་མཚན་གྱིས་དེ་སྤྲོས་པ་ཐམས་ཅད་དང་བཅས་པ་ཞིག་གིས་རྟོགས་ཀྱང་ཇི་ལྟ་བ་བཞིན་རྟོགས་མི་ཐུབ་ཞེས་པ་དེ་ལྟ་བུའི་ཁྱད་པར་ཡོད་པ་ཡིན། དྲི་བ་བཅུ་པ་ཆོས་རྗེ་ཉ་དབོན་པས་ཐེག་ཆེན་མཉམ་བཞག་ཡེ་ཤེས་ཆོས་ཉིད་གསར་དུ་རྟོགས་ཞེས་གསུངས་ཡོད་མེད་གང་ཞེས་པའོ། །ལན་ནི། ཐེག་ཆེན་མཐོང་ལམ་མཉམ་བཞག་ཡེ་ཤེས་ཀྱིས་ཆོས་ཉིད་དེ་མངོན་སུམ་དུ་རྟོགས་ཤིང་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་ཞེས་ཉ་དབོན་པས་གསུངས་པ་རེད། དེ་མ་ཡིན་ན་ཡང་ཐེག་ཆེན་མཐོང་ལམ་མཉམ་བཞག་ཡེ་ཤེས་ཀྱིས་ཆོས་ཉིད་མངོན་སུམ་དུ་རྟོགས་པ་ལ་སྒྲིབ་བྱེད་ཀྱི་དྲི་མ་ཐམས་ཅད་དང་བྲལ་བའི་ཚུལ་དུ་མ་རྟོགས་ཀྱང་ཆོས་ཉིད་དེ་མངོན་སུམ་དུ་རྟོགས་པས་ཁྱབ་པར་ཞལ་གྱིས་བཞེས་པ་ལ་འགལ་བ་མེད་བསམ་གྱིན་ཡོད། སོ་སོ་སྐྱེ་བོ་ལ་བསམ་བློ་བཏང་ན་སྒྲིབ་བྱེད་ཀྱི་དྲི་མ་མ་བྲལ་བ་དང་རང་རང་གི་རྟོག་པས་འཛིན་པའི་དབང་གིས་ཡུལ་ཆོས་ཉིད་ལ་ཀ་བའི་ཆོས་ཉིད་དང་བུམ་པའི་ཆོས་ཉིད་གཉིས་ངོ་བོའི་ཁྱད་པར་མེད་ན་ཡང་དེའི་རྣམ་བཞག་ཙམ་ཐ་དད་བཞག་ན་ཆོག་པ་རེད། དེས་ན་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གཅིག་ཡིན་ཀྱང་གཅིག་རྟོགས་ན་གཅིག་མ་རྟོགས་པ་ཡོད་པ་དེ་དཔེ་ཕྲན་ཙམ་ཞུ་ན། བྱེ་བྲག་སྨྲ་བའི་རང་ལུགས་ལྟ་བུར་མཚོན་ན་རྗས་གཅིག་ཡིན་ན་གཅིག་ཡིན་དགོས་པ་རེད་ད། སྒྲ་དང་རྟོག་པའི་སྒོ་ནས་སོ་སོར་ཡོད་པ་དང་མིང་སོ་སོར་ཡོད་པའི་རྒྱུ་མཚན་གྱིས་ཡུལ་གྱི་སྒོ་ནས་གཅིག་ཡིན་ན་ཡང་གཅིག་རྟོགས་ནས་གཅིག་མ་རྟོགས་པ་ཡོད་ཆོག་པ་རེད་བཤད་པ་དེ་བཞིན་གང་ཟག་སོ་སོར་སྒྲིབ་བྱེད་ཀྱི་དྲི་མ་དང་མཚན་འཛིན་སོགས་ཀྱི་དབང་གིས་རྣམ་བཞག་ཐ་དད་བཞག་ན་ཆོག་གི་ཡོད་པ་རེད། དེས་ན་གཅིག་རྟོགས་ན་གཅིག་མ་རྟོགས་པ་ཡོད་ན་ཆོག་པ་རེད། རང་གིས་ཡིན་ན་རང་ལུགས་དེ་ལྟར་འཇོག་དགོས་པ་རེད་བསམ་གྱིན་ཡོད། ཡིན་ན་ཡང་འཕགས་པའི་མཉམ་བཞག་ཡེ་ཤེས་མངོན་སུམ་དུ་རྟོགས་ན་གཅིག་རྟོགས་ན་གཅིག་མ་རྟོགས་པ་མེད་པ་དེ་རེད། ཡིན་ན་ཡང་སོ་སོར་སྐྱེ་བོས་ལུས་བྱེད་བཅིང་གི་གནད་ལ་བརྟེན་ནས་གཅིག་མངོན་སུམ་དུ་རྟོགས་ན་གཅིག་མ་རྟོགས་པ་ཡོད་པ་ཡིན། དེ་ཡང་དཔེར་ན། སོར་སྡུད་ལྟ་བུའི་སྐབས་སུ་འོད་གསལ་རྟགས་བཅུ་ནང་ནས་དུ་བ་ལྟ་བུ་མཐོང་ནས་སྨིག་རྒྱུ་ལྟ་བུ་མ་རྟོགས་པ་ལྟ་བུ་དང༌། དེ་ལ་རྟོགས་པ་བཅུ་ཡོང་བའི་ཕྱིར། དེ་ཡང་མཐོང་དོན་དང༌། བསྒོམ་རིམ་གཟུང་འཇུག་རབ་གསལ་རྣམས་ཀྱི་སྐབས་སུ་གསུངས་སོ། །ཡང་སྟོང་གཟུགས་རྣམ་པ་ཐམས་ཅད་པའི་ཆོས་ཉིད་དེ་དེའི་སྟེང་དུ་དུ་བ་ལྟ་བུ་ཆོས་ཉིད་མངོན་དུ་གྱུར་ནས་སྨིག་རྒྱུའི་ལྟ་བུ་ཆོས་ཉིད་མངོན་དུ་མ་གྱུར་ན་ཡང་ཆོག་པ་ཡིན། སྤྱིར་བཏང་རྗེ་བཙུན་ཏཱ་ར་ནཱ་ཐས་ཆོས་ཉིད་ལ་ངོ་བོའི་སྒོ་ནས་དབྱེ་བ་མེད་ཀྱང་ཆོས་ཅན་སོ་སོར་འབྲེལ་བའི་དབྱེ་བ་སྣ་ཚོགས་པ་ཡོད་ཀྱང་ཞེས་པ་དང༌། སྦྱོར་དྲུག་རྟགས་ཚད་ལ་སོགས་པའི་སྐབས་སུ་རྣམ་བཞག་ཙམ་ཐ་དད་པ་ཡིན་པར་གསུངས་བའི་དབང་གིས་གཅིག་རྟོགས་ཀྱང་གཅིག་མ་རྟོགས་པ་ཡོད་ན་ཆོག་པ་རེད་ཞུ་རྒྱུ་ཡིན། དེ་ཡང་ཉ་ཊཱིཀ་ལས། རྟོགས་པའི་ཁྱད་པར་ནི། ས་བཅུ་བོའི་རྟོགས་པ་ལ་ཁྱད་ཅི་ཡོད་ཅེ་ན། མཉམ་གཞག་ཏུ་ཆོས་ཉིད་ཙམ་རྟོགས་པ་ལ་ཁྱད་མེད་དུ་བསྟན་པ་དང༌། ཆོས་ཉིད་བཅུ་ལ་སྒྲིབ་པ་བཅུ་སྤངས་པའི་རིམ་གྱིས་ངེས་པ་འདྲེན་ཚུལ་ལ་ཁྱད་ཡོད་པར་བསྟན་པ་དང་གཉིས།དང་པོ་ནི། ས་བཅུ་གཅིག་གི་མཉམ་བཞག་ན་ཆོས་ཉིད་ཙམ་མངོན་གསུམ་དུ་རྟོགས་པར་ཁྱད་པར་མེད་དེ། ཆོས་ཐམས་ཅད་ཀྱི་ཆོས་དབྱིངས་གཅིག་ཉིད་ཡིན་པའི་ཕྱིར་ཏེ། མདོ་ལས།འཇམ་དཔལ་ཆོས་ཀྱི་དབྱིངས་གཅིག་ཡང་དག་པའི་མཐའ་གཅིག་ཡིན་ན་སྣོད་དང་སྣོད་མིན་པར་ཇི་ལྟར་བརྟགས། ཅེས་དང༌། ཨཱརྱ་དེ་བས། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང༌། །ཞེས་སོགས་མཐའ་ཡས་སོ། །གཉིས་པ་ནི། དེ་ལྟར་ཡིན་ཀྱང་ཆོས་དབྱིངས་བཅུས་སྒྲིབ་པ་བཅུ་སྤངས་པའི་སྒོ་ནས་རྗེས་ཐོབ་ཀྱི་ཡང་དག་པའི་ངེས་པ་འདྲེན་པའི་སྒོ་ནས་རྟོགས་པ་ལ་ཁྱད་པར་ཡོད་དེ། ཐམས་ཅད་ཀྱིས་ཀྱང་མཉམ་གཞག་ཏུ་ཆོས་ཉིད་དོན་དམ་པ་ཇི་ལྟ་བའི་ཚུལ་སྤྲོས་པའི་མཐའ་དང་བྲལ་བ་ན་ནམ་མཁའ་ལྟ་བུར་རྟོགས་ཤིང༌། རྗེས་ཐོབ་ཏུ་ཆོས་ཅན་ཀུན་རྫོབ་ཇི་སྙེད་པའི་ཚུལ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་རྟོགས་ཏེ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་ངོ༌། །དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་དང་སྒྱུ་མ་ལ་སོགས་པ་བརྒྱད་དང་མཚུངས་པར་མཐོང་ངོ་ཞེས་གསུངས་པ་ལྟར་རོ། །སོ་སོས་ནི་ས་དང་པོར་ཆོས་ཀྱི་དབྱིངས་རང་གཞན་ཐམས་ཅད་ཀྱི་བདག་ཉིད་དུ་ཀུན་ཏུ་འགྲོ་བའི་ཚུལ་དུ་རྟོགས་ཤིང་དེ་བཞིན་དུ་ས་གཉིས་པར་རང་བཞིན་གྱིས་འོད་གསལ་བར་མཐོང་བས་མཆོག་གི་དོན་དང༌། གསུམ་པར་བསྟན་པ་ཆོས་ཐམས་ཅད་རྟོགས་པའི་རྒྱུ་མཐུན་པའི་དོན་དང༌། བཞི་པར་གང་ལ་ཡང་བདག་གི་བར་ཡོངས་སུ་འཛིན་པ་མེད་པའི་དོན་དང༌། ལྔ་པར་རྣམ་པར་དག་པའི་དབྱིངས་སུ་རང་གཞན་གྱི་རྒྱུད་རྣམས་ཐ་དད་མེད་པའི་དོན་དང༌། དྲུག་པར་ཉོན་མོངས་རྣམས་ནི་གློ་བུར་བ་ཡིན་གྱི་རང་བཞིན་མ་ཡིན་ལ། རང་བཞིན་གྱིས་རྣམ་པར་དག་པས་གསར་དུ་རྣམ་པར་དག་པ་མིན་པའི་དོན་དང༌། བདུན་པར་མདོ་ལ་སོགས་པའི་ཆོས་ཀྱི་མཚན་མ་ཐ་དད་མེད་པའི་དོན་དང༌། བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཉོན་མོངས་པ་བྲི་བ་དང་རྣམ་པར་བྱང་བ་འཕེལ་བ་མེད་པའི་དོན་དང༌། ཉོན་ཡིད་གནས་གྱུར་པས་རྣམ་པར་མི་རྟོག་པ་ལ་དབང་བའི་དོན་དང༌། དབང་ཤེས་གནས་གྱུར་པས་ཞིང་དག་པ་ལ་དབང་བའི་དོན་དང༌། དགུ་པར་ཡིད་ཤེས་གནས་གྱུར་པ་ལས་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་ལ་དབང་བའི་དོན་དང༌། བཅུ་པར་ཇི་ལྟར་བཞེད་པ་བཞིན་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པའི་འཕྲིན་ལས་ལ་དབང་བའི་གནས་ཀྱི་དོན་དུ་རྟོགས་ཏེ། དབུས་མཐའ་ལས། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །རྒྱུ་མཐུན་དོན་གྱི་མཆོག་ཉིད་དང༌། །ཡོངས་སུ་འཛིན་པ་མེད་དོན་དང༌། །རྒྱུད་རྣམས་ཐ་དད་མེད་པ་དང༌། །ཉོན་མོངས་རྣམ་དག་མིན་དོན་དང༌། །ཐ་དད་མེད་པའི་དོན་ཉིད་དང༌། །བྲི་མེད་འཕེལ་བ་མེད་དོན་དང༌། །དབང་ནི་རྣམ་པ་བཞི་ཡི་གནས། །ཞེས་གསུངས་པ་ལྟར་རོ། །ཁ་ཅིག་སྒྲོ་འདོགས་གཅོད་ཚུལ་ལ་ཁྱད་ཡོད་ཀྱང་རྟོགས་བྱའི་དོན་ལ་ཁྱད་པར་མེད་པའི་ཕྱིར་ཆོས་ཀྱི་དབྱིངས་རྟོགས་པ་ལ་ཁྱད་པར་མེད་དོ་ཞེས་ཀྱང་གསུང་མོད་ཀྱི། གློ་བུར་གྱི་དྲི་མ་རིམ་གྱིས་སྤངས་པ་ལས་ཆོས་ཀྱི་དབྱིངས་རྟོགས་པའང་གོང་ནས་གོང་དུ་འཕེལ་བར་འགྱུར་ཏེ། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་ཚེས་པའི་ཟླ་བ་ནི། །སྐད་ཅིག་སྐད་ཅིག་རྒྱས་པར་མཐོང༌། །དེ་བཞིན་ས་ལ་ཞུགས་རྣམས་ཀྱིས། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང༌། །ཞེས་གསུངས་པ་ལྟར་རོ། །དྲི་བ་བཅུ་གཅིག་པ་རྣམ་མཁྱེན་གྱིས་ཀུན་རྫོབ་མི་སྣང་ཞེས་པའི་དོན་ཅི་ལྟར་ཡིན་ཞེས་པའོ། །ལན་ནི། རྣམ་མཁྱེན་གྱིས་ཀུན་རྫོབ་ཀྱི་ཆོས་མི་སྣང་བའི་གནད་འགག་དེ་གང་ཡིན་ཞེ་ན། དེ་ཀུན་རྫོབ་དུ་སྣང་བ་ལ་ཀུན་རྫོབ་འཁྲུལ་བའི་དབང་གིས་སྣང་དགོས་པ་རེད། དཔེར་ན་ང་ཚོས་རྡེའུ་ཤིང་མང་བོ་ཡོད་ན་ཡང་རྟ་གླང་སྣང་མི་འདུག་དེ་མི་སྣང་བའི་རྒྱུ་མཚན་འཁྲུལ་རྒྱུ་མ་ཚང་བའི་དབང་གིས་མ་སྣང་བ་རེད། འཁྲུལ་རྒྱུ་ཚང་ན་རྟ་གླང་སྣང་གིན་ཡོད་པ་རེད། དཔེར་ན་གཉིད་སད་བཞིན་པའི་གང་ཟག་དེ་ལ་རྨི་ལམ་གྱི་སྣང་བ་འབྱུང་གི་མི་འདུག་དེའི་རྒྱུ་མཚན་རྨི་ལམ་གྱི་སྣང་བ་སྐྱེ་བའི་རྒྱུ་རྐྱེན་མ་ཚང་བས་མ་སྐྱེས་པ་རེད། དེ་ནང་བཞིན་ཀུན་རྫོབ་ཆོས་འདི་དག་ཐམས་ཅད་འཁྲུལ་རྒྱུ་དབང་གིས་སྣང་བ་ཡིན། འཁྲུལ་བ་རེད་ཟེར་གི་མེད་ལ་འཁྲུལ་བའི་སྣང་བ་རེད་ཟེར་གྱིན་ཡོད། འཁྲུལ་རྒྱུ་དང་བྲལ་ན་འཁྲུལ་བའི་སྣང་བ་འབྱུང་བ་མི་སྲིད་པ་ཞིག་ཀུན་རྫོབ་གནས་ཐབས་ཀྱི་དབང་དུ་བྱས་ན་ཡང་དེ་ཡིན་གསུངས། དེའི་གནད་ཀྱིས་ཆོས་རྗེ་ཀུན་མཁྱེན་གྱིས་རྣམ་མཁྱེན་ཆོས་ཅན། འཁྲུལ་བར་ཐལ། ཀུན་རྫོབ་ཁམས་གསུམ་པ་སྣང་བའི་ཕྱིར། ཀུན་རྫོབ་ཁམས་གསུམ་པ་སྣང་ན་འཁྲུལ་དགོས་པར་བདེན་གཉིས་གསལ་བའི་ཉི་མའི་སྐབས་སུ་གསུངས་པ་ཡིན། ཡིན་ན་ཡང་ཉ་དབོན་པའི་ཉ་ཊཱིཀ་སྐབས་སུ་འོན་ཀྱང་སོ་སོར་སྐྱེ་བོ་ཇི་ལྟར་སྣང་བ་ལྟར་དུ་སྣང་ནས་མི་མཁྱེན་ཞིང་སོ་སྐྱེ་ལ་མི་སྣང་བ་ལྟར་སྣང་ནས་མཁྱེན་ཏེ་སོ་སྐྱེ་ལ་བདེན་བདེན་པོར་སྣང་ཞིང་སངས་རྒྱས་ལ་བདེན་མེད་སྒྱུ་མ་ལྟར་སྣང་ངོ་ཞེས་ཁས་བླང་ངོ༌། །ཞེས་ཀུན་རྫོབ་སྣང་ཞེས་པ་དེ་ཕར་སྣང་བའི་སྐད་ཆ་དང་ཚུར་མི་སྣང་བའི་སྐད་ཆ་ལ་སྦྱར་ན་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་བདེན་གཉིས་གསལ་བའི་ཉི་མའི་སྐབས་སུ་མདོ་སྡེ་རྒྱན་གྱི་ལུང་གི་དོན་བཀྲལ་བ་དང་དགོངས་པ་གཅིག་ཏུ་འགྲོ་བ་ཡོད་པ་འདྲ་སྟེ། བདེན་གཉིས་གསལ་བའི་ཉི་མ་ལས། སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། ཕྱིན་ཅི་ལོག་ཏུ་ཐལ། ཀུན་རྫོབ་ཁམས་གསུམ་པ་སྣང་བའི་ཕྱིར། ཞེས་སོགས་དང༌། རྒྱུད་བླ་མ་དེ་ཉིད་སྣང་བ་༣༨ལས། ཆོས་རྗེ་པས་དབུ་ཆེན་འགའ་དོན་གྱི་ཆོས་ཉིད་དྲི་མེད་ཁོ་ན་དང་ཞེས་པ་ནས་སངས་རྒྱས་ཀྱི་ཡེ་ཤེས་མ་དག་པར་ཆོས་ཅན་རྣམས་སྣང་བར་བཞེད་པ་ངེས་ཆོས་རྗེས་དགོངས་པ་དང་འགལ་ཚབས་ཆེས་ཏེ། ཞེས་པ་ནས་ངེས་དོན་རྒྱ་མཚོའི་སྨད་ན་ཆུ་ལྟ་བུ་གཅིག་ལ་འགྲོ་བ་རིགས་དྲུག་ཏུ་སྣང་བ་དེ་སངས་རྒྱས་ལ་གང་དུ་སྣང་ཞེས་སོགས་དང་འགལ་ལོ། །ཞེས་དང༌། སྔོན་མེད་ལེགས་བཤད་ལས། ཁ་ཅིག་སངས་རྒྱས་ཀྱིས་མ་དག་པའི་སྣང་བ་ཐམས་ཅད་གཟིགས་ཀྱང༌། བདེན་འཛིན་མེད་པས་མ་འཁྲུལ་བ་ཡིན་ནོ་སྐད་ཟེར་བ་ནི། སྐྱེས་བུ་འདི་ནི་ཆོམ་པོས་བཟུང་བས་ཆོ་ངེས་འདེབས་མོད་ཀྱི། ནོར་འཕྲོག་རྒྱུ་མེད་པས་སྡུག་བསྔལ་མེད་དོ་ཞེས་ཟེར་བ་དང༌། ཞེས་དང༌། ངེས་དོན་ནོར་བུ་མཛོད་ལས། འདིར་དུས་གསུམ་མཁྱེན་ཚུལ་ཡང་ཁ་ཅིག་ནི་སངས་རྒྱས་ལ་ཤེས་བྱ་མཁྱེན་པའི་མེད་པར་འདོད་དེ་མི་ལགས་སོ། །གཞན་དག་ན་རེ། འདས་མ་འོང་ད་ལྟ་བའི་ཤུགས་ལ་མཁྱེན་གསུངས་པ་ལ་ཤེས་བྱེད་མེད་དོ། །མཁྱེན་རབ་ཀྱི་དབང་ཕྱུག་དག་དུས་ཀྱི་རྣམ་པར་བཞག་པ་ནི་རྟོག་པས་སྤྲུལ་བ་ཙམ་སྟེ་དོན་ལ་མེད་དོ། །ཞེས་དང༌། དེ་ལས། སངས་རྒྱས་ལ་འཁྲུལ་སྣང་མི་སྣང་བར་བཞེད་པ་དག་ལ་ནི་དེ་ཁོ་ན་ལེགས་པར་སེམས་སོ། །ཞེས་དང༌། ས་བཟང་གི་རྒྱུད་བླ་མའི་འགྲེལ་བ་༥༡ལས། འཕགས་པ་རྣམས་ཀྱི་མཉམ་བཞག་མཐར་ཐུག་པའི་ཚེ་ན་ཡུལ་ཅི་ཡང་སྣང་བ་མེད་པའོ། །དེ་དག་ནི་བྱིས་པ་རྣམས་ལ་སྣང་ཞིང་མ་དག་པ་གཟུང་འཛིན་གློ་བུར་བའི་དམིགས་པ་ལ་དགོངས་ནས་གསུངས་བ་ཡིན་གྱི་ཞེས་སོ། །དྲི་བ་བཅུ་གཉིས་པ་འཁོར་ལོ་བར་བའི་སྐབས་སུ་བསྟན་པའི་སྤྲོས་བྲལ་དང་འཁོར་ལོ་ཐ་མའི་སྐབས་སུ་བསྟན་པའི་སྤྲོས་བྲལ་གཉིས་འདྲ་མིན་ཞེས་པའོ། །ལན་ནི། རི་ཆོས་ངེས་དོན་རྒྱ་མཚོའི་ལམ་གྱི་རྣམ་བཞག་སྐབས་དེར་མཉམ་བཞག་ལ་ཟློ་བའི་སྐབས་སུ་འཁོར་ལོ་བར་བ་ལྟར་རྟོག་མེད་སྤྲོས་བྲལ་དུ་མཉམ་པར་བཞག་ཅེས་གསུངས་པ་རེད། དེ་བདག་མེད་སྤྲོས་བྲལ་དུ་མཉམ་པར་བཞག་ཞེས་པ་སྤྲོས་བྲལ་ལ་འཆད་ཡོད་པ་ཡིན་དེ་སྤྲོས་བྲལ་གཞན་སྟོང་ཆོས་དབྱིངས་ཡིན། བུམ་པ་བདེན་གྲུབ་ཀྱིས་སྟོང་བ་དེ་ཀུན་རྫོབ་ཆགས་ཡོད་པ་ཡིན། དེ་ཡིན་ན་ཀུན་རྫོབ་སྤྲོས་པ་དང་བྲལ་ཡོད་ནི་མ་ཡིན། བདེན་གྲུབ་ཀྱི་སྤྲོས་པ་དང་བྲལ་ན་ཡང་སྤྲོས་པ་ཐམས་ཅད་དང་བྲལ་བ་མ་རེད། དེའི་ཕྱིར་ན་འཁོར་ལོ་བར་བའི་སྐབས་སུ་བསྟན་པའི་སྤྲོས་བྲལ་དང་འཁོར་ལོ་ཐ་མའི་སྐབས་སུ་བསྟན་པའི་སྤྲོས་བྲལ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན། ཡིན་ཁྱབ་མཉམ་ཡང་ཡིན། དེ་ཡང་ཀུན་མཁྱེན་དོལ་པོ་པའི་བཀའ་བསྡུ་བཞི་བའི་སྐབས་སུ། བར་བར་གསུངས་བ་དེ་བཞིན་ཉིད། །ཡོན་ཏན་དཔག་ཡས་ཚང་བ་ཡིན་ཕྱིར་དང༌། །ཞེས་པ་དེ་ལ་སོགས་པ་འཁོར་ལོ་བར་བའི་སྐབས་སུ་བསྟན་པའི་ཆོས་དབྱིངས་དང་ཐ་མའི་སྐབས་སུ་བསྟན་པའི་ཆོས་དབྱིངས་གཉིས་སྤྲོས་བྲལ་ཡིན། སྤྲོས་པ་ཐམས་ཅད་དང་བྲལ་བ་རེད། སྤྲོས་པ་ཐམས་ཅད་དང་བྲལ་བ་མཉམ་བཞག་ལ་ཟློ་བའི་སྐབས་སུ་འཁོར་ལོ་བར་མཐའ་གཉིས་ཀྱི་སྤྲོས་བྲལ་དུ་མཉམ་པར་བཞག་པ་གཅིག་མཚུངས་རེད། མཉམ་བཞག་སྐབས་སུ་རང་སྟོང་གི་ལྟ་བ་གསུངས་པ་རྩ་བ་ནས་མ་རེད། མཉམ་བཞག་སྐབས་སུ་ཀུན་རྫོབ་བདེན་མེད་དུ་བསྒྲུབས་པ་རེད་དོན་དམ་བདེན་མེད་དུ་བསྒྲུབས་པ་མ་ཡིན། སྤྲོས་པའི་བདེན་མེད་དུ་བསྒྲུབས་པ་ཡིན་སྤྲོས་པ་ཐམས་ཅད་དང་བྲལ་བ་རྟོགས་པའི་ཚེ་དོན་དམ་བདེན་པ་དེ་ཡང་ཀུན་རྫོབ་བདེན་པའི་སྤྲོས་པ་བྲལ་བ་རྟོགས་པ་མ་ཟད་སྤྲོས་པ་ཐམས་ཅད་དང་བྲལ་བར་རྟོགས་པ་ཡིན། དེས་ན་དོན་དམ་བདེན་པ་དགག་བྱ་བདེན་པར་མ་གྲུབ་པ་དང༌། སྤྲོས་པའི་བདེན་པར་མ་གྲུབ་པ་རྟོགས་ཀྱང་བདེན་པར་མེད་པ་མ་རྟོགས་ཞེས་ཞིབ་ཆ་བྱེད་དགོས། སྤྱིར་མཉམ་བཞག་སྐབས་སུ་བདེན་པར་གྲུབ་པའོ་སྙམ་པའི་ཆེད་ཞེན་གཏད་ཞེན་འཛིན་ཞེན་ལ་སོགས་པ་ཡོད་པ་མ་རེད་ཏ། མཉམ་བཞག་ལ་ཟློ་བའི་སྐབས་སུ་སྤྲོས་བྲལ་དུ་མཉམ་པར་བཞག་དགོས་པ་དང་རྗེས་ཐོབ་ཤན་འབྱེད་སྐབས་སུ་རྣམ་པར་འབྱེད་དགོས་པ་དེ་ཡིན་ནོ། །དྲི་བ་བཅུ་གསུམ་པ་ཆོས་ཉིད་རྟག་པའི་བདག་ཞེས་པའི་དོན་ཅི་ལྟར་ཡིན། དེ་ཡིན་ན་རང་དབང་བར་གྲུབ་དགོས་མིན་ཞེས་པའོ། །ལན་ནི། ཆོས་ཉིད་རྟག་པའི་བདག་ཡིན་ཚུལ་ཞེས་པ་དེའི་ལན་ནི། ཆོས་ཉིད་རྟག་པའི་བདག་ཡིན་ཚུལ་ནི་རྒྱུད་བླའི་སྐབས་སུ། བདག་དང་བདག་མེད་སྤྲོས་པ་དེ། །ཉེ་བར་ཞི་བ་དམ་པའི་བདག །ཞེས་གསུངས་བ་ལྟར་ཡིན། ཕྱི་རོལ་བས་སྒྲོ་བཏག་པསབདག་གི ་ཞི་བར་མ་ཟད་ཉན་ཐོས་སྡེ་གཉིས་ལ་སོགས་པའི་གཏན་ལ་འབེབས་པའི་རྟག་གཅིག་རང་དབང་བས་སྟོང་བའི་བདག་མེད་དེ་ཡང་ཀུན་རྫོབ་ཀྱི་ཆོས་ སྤྲོས་པ་ཡིན་པས་དེ་ཉེ་བར་ཞི་བའི་ཆོས་ཀྱི་དབྱིངས་དམ་པའི་བདག་གམ་རྟག་པའི་བདག་ཡིན་གསུངས་བ་ཡིན། བདག་དང་བདག་མེད་སྤྲོས་པ་དེ། །ཉེ་བར་ཞི་བ་དམ་པའི་བདག །ཞེས་གསུངས་པའི་སྒོ་ནས་རྒྱུད་བླ་མ་ལས་གཙང་བདེ་རྟག་བདག་གི་ཕར་ཕྱིན་གྱི་རྣམ་པ་བཞི་གསུངས་ཡོད་ལ། དེ་དམ་པའི་བདག་ཏུ་གསུངས་བ་དང་གཅིག་མཚུངས་རེད། དེའི་སྟེང་དུ་རང་ལུགས་ལ་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་བོ་དེ་རང་དབང་དུ་གྲུབ་པ་ཨེ་ཡིན་ཟེར་ན། རང་དབང་ཏུ་གྲུབ་པ་ཡིན་ཞེས་འཆད་ཀྱིན་ཡོད་པ་མ་རེད། དེ་མ་ཡིན་པའི་རྒྱུ་མཚན་རང་གཞན་གང་ལ་མ་ལྟོས་པར་རང་ཉིད་གཞན་ལ་དབང་བསྒྱུར་བར་བྱེད་པ་པོ་དེ་རང་དབང་བའི་དོན་ཡིན་པ་དེ་རྗེ་བཙུན་ཏཱ་ར་ནཱ་ཐའི་ལམ་རིམ་བདུད་རྩི་སྙིང་ཁུའི་སྐབས་སུ་བདག་མེད་གསུངས་སྐབས་སུ་གསུངས་ཡོད་པ་རེད། རང་ལུགས་ལ་རང་དབང་དུ་ཡོད་ན་གཞན་ལ་དབང་བསྒྱུར་ཐུབ་དགོས་དེས་ན་གཞན་ལ་དབང་བསྒྱུར་བ་པོ་ཡིན་དགོས་ནི་རེད། ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་བོ་དེ་རང་ཉིད་གཞན་ལ་ལྟོས་པ་མེད་པ་ཡིན་ཀྱང་ཕྱི་རོལ་བའི་གྲངས་ཅན་པའི་ཚངས་བ་ཁྱབ་འཇུག་སོགས་ཀྱིས་སྤྱིའི་གཅོ་བོ་བདག་ཤེས་རིག་གི་སྐྱེ་བུ་ལ་སོགས་པ་འདོད་པ་བཞིན་གཞན་ལ་དབང་བསྒྱུར་བ་པོ་མ་ཡིན་པའི་རྒྱུ་མཚན་གྱིས་རང་དབང་བའི་བདག་ཏུ་མ་གྲུབ་པ་ཡིན། རང་ལུགས་ཡིག་ཆའི་དགོངས་པ་གོང་ནས་མང་བོ་ཞིག་ཞུས་ཟིན་པ་དེ་རེད། རྟག་གཅིག་རང་དབང་བའི་བདག་མ་གྲུབ་ཞེས་སོགས་མང་བོ་གསུངས་བ་དེ་རེད། དེས་ན་དེ་རིང་གི་ཆ་ལ་འདི་ནས་མཚམས་འཇོག་རྒྱུ་ཡིན། སང་ཉིན་དྲི་བ་གསར་བ་གསུམ་དགེ་བཤེས་དང་མཁན་པོ་རྣམ་པས་གནང་ན་འགྲིག་གི་རེད། ཡང་མིན་ན་སྤྱིར་བཏང་ཡོངས་གྲགས་ཀྱི་གཞན་སྟོང་རང་སྟོང་གི་དྭོགས་པ་ཡོད་ས། ཡང་མིན་ན་གཞན་སྟོང་དབུ་མ་ཆེན་པོའི་རང་གི་གཞུང་ལུགས་ཀྱིས་གསུང་ཟིན་ལ་དྭོགས་པ་ཡོད་ས་ཡང་མིན་ན་ལྟ་བའི་གནད་འགག་གི་སྟེང་ནས་གོ་དཀའ་བ་རྣམས་དྲི་བ་གནང་ན་ཡག་པོ་འདུག་བསམ་གི་ཐུགས་རྗེ་ཆེ། དྲི་བ་བཅུ་བཞི་པ་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་དགོངས་པ་རང་ལུགས་ལ་ཇི་ལྟར་བཀྲལ་ཞེས་པའོ། །ལན་ནི། འོ་ལགས་སོ། དེ་ནས་དྲི་བ་དེ་སྤྱིར་བཏང་རང་གི་ལྟ་ཚུལ་ཡིན་ན་སྤྱིར་བཏང་གྲུབ་མཐའ་བར་བ་ལས་བརྩམ་པ་ཡིན་ན་གནད་འགག་ཆེན་པོ་རེད་བསམ་གྱིན་ཡོད། དེ་ཡིན་པའི་རྒྱུ་མཚན་གང་འདྲ་རེད་ཟེར་ན། སྤྱིར་བཏང་བོད་ཁ་བ་གངས་ཅན་པའི་མཁས་དབང་རྣམས་ཀྱི་གཙུག་རྒྱན་དུ་གྱུར་བའི་རྗེ་རིན་པོ་ཆེའི་རྗེས་སུ་འབྲང་བའི་རི་བོ་དགེ་ལྡན་པ་རྣམས་ཀྱིས་མདོ་སྡེ་དགོངས་པ་ངེས་འགྲེལ་དང་ས་སྡེ་ལྔ་སོགས་ཀྱི་དགོངས་པ་བཀྲལ་ཚུལ་ཡིན་ན་གཙོ་བོ་སེམས་ཙམ་པའི་ལུགས་སུ་བཀྲལ་ནས་གཞན་དབང་སྟོང་གཞིར་བཞག་ནས་དེ་ཀུན་བཏགས་ཀྱིས་སྟོང་བའི་སྟོང་བ་དེ་ཡོངས་གྲུབ་དང་ཀུན་བཏགས་ཀྱང་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་དུ་གྲུབ་པས་སྟོང་བ་དང་ཕྱི་དོན་དུ་གྲུབ་པས་སྟོང་བ་དེ་སེམས་ཙམ་པའི་ལྟ་བ་མཐར་ཐུག་ཏུ་བཀྲལ་ནས་མདོ་སྡེ་དགོངས་བ་ངེས་འགྲེལ་དང་ས་སྡེ་ལྔ་སོགས་ཀྱི་དགོངས་བ་བཀྲལ་བའི་ལུགས་གཅིག་བྱུང་ཡོད། ཡང་གཅིག་བསམ་བློ་བཏང་ན་ཇོ་ནང་བའི་རང་ལུགས་ཀུན་མཁྱེན་རིན་པོ་ཆེའི་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་ཀུན་བཏགས་གཞན་དབང་གཉིས་དེ་རང་གི་ངོ་བོ་མ་གྲུབ་པར་གཏན་ལ་ཕབ་ནས་དེ་གཉིས་ཀྱིས་སྟོང་བའི་གཞི་ཡོངས་གྲུབ་ཡིན་པར་གསུངས་ཚུལ་ཞིག་བྱུང་ཡོད། འདི་ལས་སྒྲ་མི་གསལ་བའི་ལེགས་པོ་ཞིག་མ་བྱུང་ངོ༌། དེས་ན་དེ་གཉིས་ལ་ལྟ་བ་བྲལ་ཚུལ་ལ་ཁྱད་པར་དང༌། བཞེད་ཚུལ་མི་འདྲ་བ་ཞིག་བྱུང་གི་ཡོད་པ་རེད། དེ་འདྲ་བྱུང་ཡོང་དུས་དེ་རིང་འདི་ནས་ཀུན་མཁྱེན་རིན་པོ་ཆེ་རང་གི་གཞན་སྟོང་དབུ་མ་ལས་བརྩམས་ཏེ་དེའི་སྟེང་ནས་གསུངས་ཁ་ཤས་ཞིག་ཞུ་རྒྱུ་དེ་ཡིན། སྤྱིར་བཏང་དཔལ་ལྡན་ཇོ་ནང་བའི་རང་ལུགས་ལ་བསམ་བློ་བཏང་ན་ས་སྡེ་ལྔ་ཡིན་ན་འདྲ། སྡོམ་རྣམ་གཉིས་ཡིན་ན་འདྲ། འཁོར་ལོ་ཐ་མའི་སེམས་ཙམ་མདོ་བཞི་ཡིན་ན་འདྲ། དེ་ཚོའི་སྐབས་སུ་སེམས་ཙམ་པའི་འདོད་པ་བསྟན་ཡོད་པ་ཨེ་ཡིན་ཟེར་ན་བསྟན་ཡོད་རེད། ཡིན་ན་ཡང་སེམས་ཙམ་པའི་ལྟ་བ་དེ་དེའི་དགོངས་དོན་མཐར་ཐུག་ཨེ་ཡིན་ཟེར་ན་དེ་མ་རེད། དེ་གནས་སྐབས་ཀྱི་དགོངས་དོན་ཙམ་ཆགས་ཡོད་པ་རེད། སེམས་ཙམ་པའི་ལྟ་བ་དེ་གནས་སྐབས་དགོངས་དོན་ཆགས་ཡོད་པ་རེད། དེའི་ཚུལ་ནི་གཞན་དབང་སྟོང་གཞིར་བཞག་ནས་དེ་ཉིད་གང་ཟག་གི་བདག་ཏུ་སྒྲོ་བཏགས་པ་ལྟར་གྱི་བདག་དུ་གྲུབ་པས་སྟོང་བ་གཏན་ལ་ཕབ་ཡོང་དུས་དེའི་སྐབས་ཀྱི་སེམས་ཙམ་པས་འདོད་པའི་ལྟ་བ་ཆགས་ཡོད་པ་ཡིན། དེའི་སྟེང་ནས་གཞན་སྟོང་དབུ་མ་ཆེན་པོ་རང་ལུགས་ལས་བརྩམས་པ་ཡིན་ན་དེ་ལྟ་བུ་དེ་རྣམ་གྲངས་བའི་དོན་དམ་ཙམ་ཆགས་ཡོད་རེད། ཡིན་ན་ཡང་དེ་ཞིབ་པར་བཤད་ན་རང་ལུགས་ལ་གཟུང་འཛིན་གཉིས་སྣང་གིས་སྟོང་བའི་གཞན་དབང་རྣམ་ཤེས་ཞིག་སེམས་ཙམ་པའི་ལུགས་ལ་ཡོངས་གྲུབ་མཚན་ཉིད་པ་དེ་ཡིན་གསུངས་པ་ཡིན། དེ་ཡང་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་ཀྱི་ལུང་ཡིན་གསུངས་བ་གཅིག་དང་ཡེ་ཤེས་སྙིང་བོ་ཀུན་ལས་བཏུས་པའི་ནང་ན་ཡོད། དེ་ནང་བཞིན་འཇམ་དཔལ་ལྟ་བ་མདོར་བསྟན་དང་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་སྐབས་སུ་སེམས་ཙམ་པའི་འདོད་པ་བསྟན་པའི་གཞུང་ཚིགས་སུ་བཅད་པ་ལས། གཟུང་དང་འཛིན་པ་རྣམ་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་གསུང་པ་ལྟར་གཟུང་འཛིན་ལ་སོགས་པའི་ཀུན་བཏགས་དེ་དགག་བྱར་བཞག་ནས་དེས་སྟོང་བའི་རྣམ་ཤེས་སམ་གཟུང་འཛིན་གཉིས་དང་བྲལ་བའི་རྣམ་ཤེས་དོན་དམ་བདེན་པ་ཡིན་པར་འདོད་པ་དེ་སེམས་ཙམ་པའི་ལུགས་ལ་སྦྱར་ནས་གསུངས་པ་ཡིན། རྗེའི་རྗེས་འབྲང་གི་མཁས་པ་རྣམས་ཡིན་ན་སེམས་ཙམ་པའི་ལུགས་ལ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པས་སྟོང་བ་དེ་དང༌། གཞན་དབང་ལྟ་བུ་དེ་ཕྱི་དོན་དུ་གྲུབ་པས་སྟོང་བའི་མེད་འགག་ཅིག་སེམས་ཙམ་པའི་ལྟ་བ་མཐར་ཐུག་ཏུ་ཁས་ལེན་མཁན་མང་བོ་ཞིག་ཡོད་པ་རེད། མ་གཏོགས་སེམས་ཙམ་པའི་ལུགས་ལ་གཟུང་འཛིན་གཉིས་སུ་སྣང་བས་སྟོང་བ་དེ་ལྟ་བ་མཐར་ཐུག་ཏུ་ཁས་ལེན་པ་གཏན་ནས་མེད་པ་མ་ཡིན་པ་ཨེ་ཡིན་ན་བསམ་གྱིན་འདུག དེ་ཙམ་ཞིག་ཡིན་མ་གཏོགས་མང་བོ་བཤད་ན་ཉོག་འགྲོ་བས་མདོར་ན་སེམས་ཙམ་པའི་དགོངས་པ་འཆད་ཡོང་དུས། དང་པོ་གཞན་དབང་དེ་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་སོ། །ཞེས་མདོ་སྡེ་དགོངས་པ་ངེས་འགྲེལ་སྐབས་སུ་གཞན་དབང་ཁྱད་ཆོས་གསུམ་ལྡན་གསུངས་བའི་སྐབས་སུ་ཀུན་བཏགས་ཀྱིས་སྟོང་བ་གཏན་ལ་འབེབ་པའི་གཞི་གནས་སྐབས་གཞན་དབང་བཞག་ནས་གསུངས་ཡོད་པ་ཡིན། གཞན་དབང་ཀུན་བཏགས་གང་ཟག་གི་བདག་མེད་ཆོས་ཀྱི་བདག་མེད་གཏན་ལ་འབེབ་པའི་རྗེས་སུ་གཞན་དབང་ཁོ་རང་དེ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ན་རང་གི་ངོ་བོ་བདེན་པར་མ་གྲུབ་པར་ཆགས་ཡོད་པ་ཡིན།དེ་ཆགས་ཡོང་དུས་རང་གི་ངོ་བོ་གཤིས་ལུགས་སུ་མ་གྲུབ་པ་ཡིན། གཤིས་ལུགས་གནས་ལུགས་ཡོངས་གྲུབ་དེ་སྟོང་གཞི་བཞག་ནས་ཀུན་བཏགས་གཞན་དབང་གཟུང་འཛིན་གྱི་སྤྲོས་པ་མཐའ་དག་གདོད་ནས་སྟོང་བ་དེ་གཞན་སྟོང་དབུ་མ་ཆེན་པོ་སེམས་ཙམ་པ་ལས་ཁྱད་པར་དུ་འཕགས་པ་དེ་ལྟ་བུ་ཡོང་བ་ཡིན། དེ་ཡོང་དུས་དང་བོ་མདོ་སྡེ་དགོངས་པ་ངེས་འགྲེལ་ལེའུ་བཅུ་ཡོད་པ་དེའི་ནང་ནས་དོན་དམ་ཡང་དག་པར་འཕགས་པའི་ལེའུའི་སྐབས་སུ་ཤེར་ཕྱིན་གྱི་མདོའི་དགོངས་དོན་གསུང་ཡོང་དུས་གང་འདྲ་གསུངས་པ་ཡིན་ཟེར་ན། མདོ་སྡེ་དགོངས་པ་ངེས་འགྲེལ་སྐབས་སུ་དོན་དམ་པར་ཡང་དག་འཕགས། ངས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་དང་སྐྱེ་བ་ངོ་བོ་ཉིད་མེད་པ་དང་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ། །ཞེས་པའི་སྐབས་སུ་ཤེར་ཕྱིན་གྱི་མདོའི་སྐབས་སུ་མཚན་ཉིད་གསུམ་གསུངས་པ་དེ་ལ་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་གསུང་པ་དེ་མདོར་བསྟན་པ་ཡིན། དེ་ནང་བཞིན་སློབ་དཔོན་དབྱིག་གཉེན་གྱི་སུམ་ཅུ་པ་ལས། ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ཞེས་གསུངས་པ་ནང་བཞིན་ཡིན། དེས་ན་ཤེར་ཕྱིན་གྱི་མདོའི་དགོངས་དོན་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་གསུངས་པ་ཡིན། དེས་ན་ངོ་བོ་ཉིད་མེད་པ་གསུམ་གང་ཡིན་ཞེ་ན། མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། དོན་དམ་པར་ངོ་བོ་ཉིད་མེད་པ་གསུམ་པོ་དེ་ཡིན། དེ་ཡང་མདོ་སྡེ་དགོངས་པ་ངེས་འགྲེལ་སྐབས་སུ། དེ་རྣམས་གསུངས་ཡོང་དུས་གང་འདྲ་གསུངས་ཡོད་པ་ཡིན་ཟེར་ན། དེ་ལས། ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན། ཀུན་བརྟགས་པའི་མཚན་ཉིད་པ་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་བཞག་པ་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་དེ་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་པས་མཚན་ཉིད་ངོ་བོ་ཉིད་མེད་པ་བཤད་པའི་སྐབས་སུ་དེ་ལྟར་གསུངས་པ་རེད། ངོ་བོ་ཉིད་མེད་པ་གཉིས་པ་སྐྱེ་བ་ངོ་བོ་ཉིད་མེད་པ་གསུངས་པའི་སྐབས་སུ་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། ཆོས་རྣམས་ཀྱིས་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་འབྱུང་བ་ཡིན་གྱི་བདག་ཉིད་ཀྱིས་མ་ཡིན་པས་དེའི་ཕྱིར་དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་དེ་ལྟར་གསུངས་བ་ཡིན། དེ་ལྟར་འཕགས་པ་ཐོགས་མེད་ཀྱི་བསྡུ་བ་ལས། འདུ་བྱེད་རྣམས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་རྐྱེན་གྱི་སྟོབས་ཀྱིས་སྐྱེ་བ་ཡིན་གྱི་རང་གིས་མི་སྐྱེ་བ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་གསུངས་པ་ཡིན། དེ་ནང་བཞིན་ངོ་བོ་ཉིད་མེད་པ་གསུམ་པ་དོན་དམ་པར་སྐྱེ་བ་ངོ་བོ་ཉིད་མེད་པ་གསུངས་པའི་སྐབས་སུ་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། སྔ་ཕྱི་གཉིས་གསུངས་ཡོད་པ་ལས། དང་པོ་གསུངས་པའི་སྐབས་དེར། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། ཆོས་རྣམས་ཀྱིས་དོན་དམ་པར་ངོ་བོ་ཉིད་མེད་པ་གང་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ཆོས་གང་དག་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དེ་དག་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས། ཆོས་རྣམས་ལ་རྣམ་པ་དག་པར་དམིགས་པ་གང་ཡིན་པ་དེ་ནི་དོན་དམ་པར་ཡིན་པར་ཡོངས་སུ་བསྟན་ལ། གཞན་གྱི་དབང་གི་མཚན་ཉིད་དེ་རྣམ་པར་དག་པ་མ་ཡིན་པས་དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་གཞན་དབང་དོན་དམ་ངོ་བོ་ཉིད་མེད་པ་འཇོག་ཚུལ་གཅིག་དང༌། ཕྱི་མ་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། གཞན་ཡང་ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཡིན་པ་དེ་ཡང་དོན་དམ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས། ཆོས་རྣམས་ཀྱི་ཆོས་བདག་མེད་པ་གང་ཡིན་པ་དེ་ནི། དེ་དག་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་སྟེ་དེ་ནི་དོན་དམ་པ་ཡིན་ལ་དོན་དམ་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས་དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་དོན་དམ་པ་དེ་ཆོས་ཐམས་ཅད་ཀྱི་ཆོས་བདག་ངོ་བོ་ཉིད་མེད་པ་རབ་ཏུ་ཕྱེ་བ་གསུངས་དུས་དོན་དམ་བདེན་པ་ཁྱད་གཞིར་བཟུང་ནས་དེ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་རབ་ཏུ་ཕྱེ་བ་ཡིན་པར་གསུངས་པ་ཡིན། ཆོས་རྣམས་ཀྱི་ཆོས་བདག་མེད་པ་དེ་ནི་དེ་དག་ངོ་བོ་ཉིད་མེད་པ་གསུངས་བའི་སྐབས་སུ་ངོ་བོ་ཉིད་མེད་པ་གསུམ་གསུངས་བཞག་པ་རེད། དེ་ལྟར་བཤད་པའི་སྐབས་དེར་ངོ་བོ་ཉིད་མེད་པའི་བློ་ཀུན་བཏགས་ཁྱད་གཞིར་བཟུང་ནས་དེ་མཚན་ཉིད་ངོ་བོ་ཉིད་མེད་པ་གཏན་ལ་ཕབ་པ་ཞིག་ཡིན། དེའི་སྐབས་སུ་ད་རུང་སེམས་ཙམ་པའི་ལྟ་བ་མཐར་ཐུག་ཡོང་ཐུབ་ཡོད་པ་མ་རེད། ཀུན་བཏགས་རང་གི་མཚན་ཉིད་མེད་པ་དང་རང་མཚན་གྱིས་གྲུབ་པ་མེད་པ་དེ་མདོ་སེམས་ཐུན་མོང་གི་ལྟ་བ་དང༌། དབུ་སེམས་ཀྱི་ཐུན་མོང་བའི་ལྟ་བ་དང༌། མདོ་སྡེ་བ་དང་སེམས་ཙམ་པ་དབུ་མ་བ་ཐུན་མོང་བའི་ལྟ་བ་ཆགས་ཡོད་པ་ཡིན་སྙམ། དེའི་རྗེས་སུ་གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་གསུང་ཡོང་དུས། གཞན་དབང་སྟོང་གཞིར་བཞག་ནས་དེ་ཉིད་སྐྱེ་བ་ངོ་བོ་ཉིད་མེད་པ་གཏན་ལ་ཕབ་ཡོང་དུས་སེམས་ཙམ་པའི་ལྟ་བ་བཤད་གི་ཡོད་པ་རེད། ཡིན་ནའང་དེ་སྟོང་བའི་གཞི་གཙོ་བོ་རྣམ་ཤེས་བཞག་ནས་དེ་ཀུན་བཏགས་གཟུང་འཛིན་ལ་སོགས་པའི་སྤྲོས་པས་སྟོང་བའི་གཟུང་འཛིན་གཉིས་དང་བྲལ་བའི་རྣམ་ཤེས་གཏན་ལ་ཕབ་དུས་སེམས་ཙམ་པའི་ལྟ་བ་མཐར་ཐུག་གཏན་ལ་ཕབ་བཞག་པ་དེའི་རྒྱུ་མཚན་གྱིས་མདོ་སྡེ་དགོངས་པ་ངེས་འགྲེལ་སྐབས་སུ་ངོ་བོ་ཉིད་མེད་པ་གསུམ་གསུངས་བའི་ནང་ནས་ངོ་བོ་ཉིད་མེད་པ་གཉིས་པ་གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་གསུངས་བའི་སྐབས་དེར་ཕལ་ཆེར་སེམས་ཙམ་པའི་ལྟ་བ་རེག་ཐུབ། དེའི་སྟེང་དུ་དབུ་མ་ཆེན་པོ་གཏན་ལ་ཕབ་ཡོངས་དུས་དེ་ནས་དོན་དམ་ཆོས་ཉིད་ཡོངས་གྲུབ་དེ་དོན་དམ་པར་ངོ་བོ་ཉིད་མེད་པར་གསུངས་བའི་སྐབས་དེར་གོང་གི་ལུང་ཟིན་ལྟར་ན་ཡོངས་གྲུབ་དོན་དམ་པ་ཡིན་པར་གསུངས་པ་དེ། དོན་དམ་པ་ཡིན་ན་དོན་དམ་པར་གྲུབ་དགོས་རང་གི་ངོ་བོ་མི་སྟོང་བ་ཡིན་པ་དང་དོན་དམ་པ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཅེས་པས་ཀུན་བཏགས་ལ་སོགས་པའི་གཟུང་འཛིན་གྱི་སྤྲོས་པ་དང་གཞན་སྤྲོས་པ་ཐམས་ཅད་ཀྱིས་སྟོང་བ་དེ་ཡིན་པའི་རྒྱུ་མཚན་གྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་རབ་ཏུ་ཕྱེ་བ་ཡིན་པས་དེའི་ཕྱིར་དོན་དམ་པར་ངོ་བོ་ཉིད་མེད་པ་ཅེས་བྱའོ།། མདོ་སྡེ་དགོངས་པ་ངེས་འགྲེལ་སྐབས་སུ་དེ་ལྟར་གསུངས་པ་ཡིན། དེའི་རྗེས་སུ་དཔེའི་དབང་དུ་བྱས་ན་ཀུན་བཏགས་ཀྱི་དཔེ་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། འདི་ལྟ་སྟེ། དཔེར་ན་ནམ་མཁའི་མེ་ཏོག་ཇི་ལྟ་བ་དེ་ལྟ་བུར་ནི་མཚན་ཉིད་ངོ་བོ་ཉིད་མེདཔ་ཉིད་བལྟ་བར་བྱའོ། །ཞེས་གསུངས་བ་དང་གཞན་དབང་གི་དཔེ་གསུངས་དུས་དེ་ལས། དེ་ལ་འདི་ལྟ་སྟེ། དཔེར་ན་སྒྱུ་མ་བྱས་པ་ཇི་ལྟ་བ་དེ་ལྟ་བུར་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་བལྟ་བར་བྱའོ། །དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དེ་ལས་ཀྱང་གཅིག་ཀྱང་བལྟ་བར་བྱའོ། །ཞེས་སྒྱུ་མའི་དཔེའི་སྒོ་ནས་གསུངས་བ་དེ་རེད། དེའི་རྗེས་སུ་ཡོངས་གྲུབ་གསུངས་བའི་སྐབས་སུ་དེ་ལས། འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་གཟུགས་ཀྱི་ངོ་བོ་ཉིད་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་དང་ཐམས་ཅད་སོང་བ་ཇི་ལྟ་བ་དེ་ལྟ་བུ་ནི་དོན་དམ་པར་ངོ་བོ་ཉིད་མེད་པ་དེ་ལས་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་དང་ཐམས་ཅད་སོང་བ་གཅིག་བལྟ་བར་བྱ་སྟེ། ཞེས་གསུངས་བའི་རྒྱུ་མཚན་གྱིས་ཁ་ཅིག་གིས་ཡོངས་གྲུབ་ཀྱི་དཔེ་དེ་ནམ་མཁར་གསུངས་བའི་རྒྱུ་མཚན་གྱིས་ནམ་མཁའ་མེད་དགག་ཡིན་པ་ནང་བཞིན་ཡོངས་གྲུབ་མེད་དགག་ཡིན་དགོས་ཟེར་ན་དཔེ་དཔེ་ཅན་རྣམ་པ་ཀུན་ཏུ་མཚུངས་དགོས་ པ་མ་རེད། དེས་ན་ནམ་མཁའ་དེ་ཐོགས་རེག་བཀག་པའི་རབ་ཏུ་ཕྱེ་བ་དང་དོན་དམ་བདེན་པ་གཟུང་འཛིན་སྤྲོས་པ་ཐམས་ཅད་མེད་པས་རབ་ཏུ་ཕྱེ་བ་ཡིན་པས་རྒྱུ་མཚན་གྱིས་དེ་གཉིས་ཆོས་མཚུངས་སྦྱར་བ་ཡིན་པ་ལས་མེད་དགག་ཡིན་པ་ཆོས་མཚུངས་སྦྱར་བ་མིན་ཞེས་རང་ལུགས་ཀྱི་གསུངས་ཚུལ་དེ་ཡིན། དེ་ལ་ཆོས་བདག་མེད་པ་རབ་ཏུ་ཕྱེ་བ་ཐམས་ཅད་སོང་བ་ཅེས་ལྟ་བར་བྱ་སྟེ། མདོ་སྡེ་དགོངས་པ་ངེས་འགྲེལ་སྐབས་སུ་དེ་འདྲའི་སྒོ་ནས་གསུངས་བ་རེད། མདོ་སྡེ་དགོངས་བ་ངེས་འགྲེལ་སྐབས་སུ་ཀུན་བཏགས་ངོས་འཛིན་པའི་ཚེ་ངོ་བོ་ལ་ཀུན་བརྟགས་པའི་ཀུན་བརྟགས་དང་ཁྱད་པར་གྱི་ཀུན་བཏགས་པའི་ཀུན་བཏགས་དེ་རང་གི་མཚན་ཉིད་ཀྱི་ངོ་བོ་ཉིད་མེད་པར་གསུངས་ཡོད་པ་རེད། དེ་ནི་གང་འདྲ་བ་རེད་ཟེར་ན། མདོ་སྡེ་དགོངས་བ་ངེས་འགྲེལ་སྐབས་སུ་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ཞེས་གསུངས་པ་ནི་གཞན་དབང་དེ་ཡིན། དེ་ལ་ངོ་བོ་ལ་ཀུན་བཏགས་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་ཀྱིས་སྟོང་བར་བསྟན་ནས་གཞན་དབང་ཀུན་བཏགས་ཀྱིས་སྟོང་བ་ཤེས་དགོས་པ་ཡིན། དེའི་རྗེས་སུ་གཞན་དབང་གི་ཁྱད་ཆོས་གསུངས་བའི་སྐབས་སུ་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། རྣམ་པར་རྟོག་པའི་སྤྱོད་ཡུལ་ཡིན་པ་དང་ཀུན་བཏགས་པའི་འདོགས་སའི་གཞི་འམ་སྒྲོ་བཏགས་པའི་གཞི་ཡིན་པའི་རྒྱུ་མཚན་གྱིས་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས། འདུ་བྱེད་མཚན་མ་གང་ལགས་པ་དེ་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ། ཞེས་གཞན་དབང་ཁྱད་ཆོས་གསུམ་ལྡན་དུ་གསུངས་བ་ཡིན། དེའི་རྗེས་སུ་ཡོངས་གྲུབ་གསུངས་བའི་སྐབས་སུ་གང་འདྲ་ཞིག་གསུངས་པ་རེད་ཟེར་ན། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་གཞན་དབང་ཡིནཔ་རེད། དེ་ཉིད་ཀུན་བཏགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཞེས་པས་གཞན་དབང་སྟོང་གཞིར་བཟུང་ནས་དེ་ཉིད་ཀུན་བཏགས་པའི་མཚན་ཉིད་ཡོངས་སུ་མ་གྲུབ་པར་གསུངས་བ་ཡིན། རགས་ཙམ་ཞིག་ཡིན་ན་དེ་འདྲ་གསུངས་བ་རེད། དེར་མ་གྲུབ་པ་ཡིན་གྱི་དེ་ཀུན་བཏགས་དེ་ཉིད་རང་གི་མཚན་ཉིད་མ་གྲུབ་པ་གཏན་ལ་ཕབ་ནས་གཞན་དབང་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཆོས་ལ་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཞེས་གསུངས་ཡོངས་དུས། ཀུན་བཏགས་རང་གི་མཚན་ཉིད་ཀྱི་ངོ་བོ་ཉིད་མེད་པ་གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་གཏན་ལ་ཕབ་པ་ཡིན་ནའང་ཀུན་བཏགས་གཞན་དབང་གཉིས་ཀ་དེ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རྣམ་པར་དཔྱད་ཚེ་དེ་ཁོ་ན་ཉིད་མ་མཆིས་པ་ཆོས་ལ་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་ཡོངས་སུ་གྲུབ་པ་ཡིན་ཞེས་གསུངས་དུས་ཡོངས་གྲུབ་དེ་རྣམ་པར་དག་པའི་དམིགས་པ་ཡིན། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་དམིགས་པ་མཐར་ཐུག་ཀྱང་ཡིན། དེ་ནས་ཆོས་བདག་ལ་སོགས་པ་དང་ཀུན་བཏགས་གཞན་དབང་ལ་སོགས་པས་ངོ་བོ་ཉིད་མེད་པ་ཡིན་པའི་རྒྱུ་མཚན་གྱིས་ཀུན་བཏགས་མཚན་ཉིད་པ་ཡོངས་སུ་མ་གྲུབ་ངོ་བོ་ཉིད་དེ་ཁོ་ན་ངོ་བོ་ཉིད་མ་མཆིས་པ་ཆོས་ལ་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་ལགས་ཏེ། ཡོངས་སུ་གྲུབ་པ་ལགས་ཏེ་གསུངས་ཡོད་པ་དེ་ཡིན། མཁས་མཆོག་གཞན་གྱིས་དཔེར་ན་ཇོ་ནང་བས་ངེས་དོན་མཐར་ཐུག་གི་མདོར་འདོད་པའི་མདོ་སྡེ་དགོངས་པ་ངེས་འགྲེལ་དང༌། ཇོ་ནང་རང་ལུགས་གཉིས་ནང་འགལ་ཡོད་པར་འགྱུར། འགལ་བའི་རྒྱུ་མཚན་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཞེས་པས་ཡོངས་གྲུབ་དེ་དགག་བྱ་བཅད་ཙམ་མེད་དགག་ཡིན་པར་སྟོན་པ་ཡིན། དེས་དེ་སྟོན་ཡོད་པར་ཐལ། མདོ་སྡེ་དགོངས་བ་ངེས་འགྲེལ་སྐབས་སུ་ཡོངས་གྲུབ་གསུངས་བའི་སྐབས་ཀྱི་ལུང་དེའི་ཕྱིར་ཟེར་ན། ཇོ་ནང་རང་ལུགས་གཞིར་བཞག་བྱས་ན་མ་ཁྱབ་གསུང་གིན་ཡོད་པ་རེད། མ་ཁྱབ་པའི་རྒྱུ་མཚན་གང་འདྲ་་རེད་ཟེར་ན། དཔེར་ན་སྤྲོས་པ་ཐམས་ཅད་ཀྱིས་སྟོང་བའི་ཡོངས་གྲུབ་དེ་ཡང་སྤྲོས་པ་ཐམས་ཅད་ཀྱིས་སྟོང་ཙམ་ཡིན་གསུངས་བ་མ་ཡིན། དགག་བྱ་སྤྲོས་པ་ཁོ་ནར་གསུངས་དུས་སྤྲོས་པ་ཁོ་ནས་སྟོང་གི་ཡོངས་གྲུབ་ཡོངས་གྲུབ་ཀྱིས་སྟོང་རྒྱུ་མ་ཡིན། དོན་དམ་གནས་ལུགས་ལ་གྲུབ་པའི་རྒྱུ་མཚན་གྱིས་ངོ་བོ་ཉིད་ཁོ་ནས་གསུངས་པ་དེའི་གོང་ནས་ཀུན་བཏགས་གཞན་དབང་གསུངས་བའི་དེ་ཁོ་ནས་སྟོང་གི་རེད་མ་གཏོགས། དོན་དམ་པའི་ཡོན་ཏན་གྱིས་མི་སྟོང་བའི་རྒྱུ་མཚན་གྱིས་ངོ་བོ་ཉིད་ཁོ་ནའི་རྣམ་བཅད་སྦྱར་བ་དེ་འདྲའི་སྟེང་ནས་གསུངས་བ་ཡིན། དཔེར་ན་བུམ་པ་ཁོ་ནས་སྟོང་བའི་གཞི་ཟེར་དུས་བུམ་པ་ལས་གཞན་མི་སྟོང་བ་བསྟན་པ་བཞིན་འདིར་ཀུན་བཏགས་གཞན་དབང་རང་གི་ངོ་བོ་སྟོང་བ་ལས་རང་གི་ངོ་བོ་མི་སྟོང་བའི་བསྟན་པ་གནད་ཀྱང་ཡིན། དེའི་རྒྱུ་མཚན་གྱིས་མདོ་སྡེ་དགོངས་པ་ངེས་འགྲེལ་སྐབས་སུ་གཞན་ཡང་ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཡིན་པ་དེ་ཡང་དོན་དམ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས། ཆོས་རྣམས་ཀྱི་ཆོས་བདག་མེད་པ་གང་ཡིན་པ་དེ་ནི། དེ་དག་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་སྟེ་དེ་ནི་དོན་དམ་པ་ཡིན་ལ་དོན་དམ་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས་དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་གསུངས་བ་དེ་རང་ལུགས་ལ་དེ་ལྟར་བཀྲལ་བ་ཡིན། དེ་ནས་མདོ་སྡེ་དགོངས་པ་ངེས་འགྲེལ་དེའི་མཇུག་ནས་གྲུབ་དོན་གསུངས་བའི་སྐབས་སུ་བཅོམ་ལྡན་འདས་ཞེས་པ་ནས་རྩོད་པའི་གཞི་གནས་སུ་གྱུར་བ་མ་ལགས་སོ། །དེའི་རྒྱུ་མཚན་གྱིས་བྱང་ས་དང་བསྡུ་བ་རྣམས་ཀྱི་སྐབས་སུ་མང་བོ་ཞིག་ལ་དང་བོ་གཞན་དབང་དེ་ཉིད་སྟོང་གཞིར་བཟུང་ནས་དེ་ཉིད་ཀུན་བཏགས་ཀྱིས་སྟོང་བ་གཏན་ལ་ཕབ་པའི་སྐབས་སུ་གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡིན་པའི་རྒྱུ་མཚན་གྱིས་གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལྟ་བུར་གསུངས་ཡོད་ལ། དེ་ལྟར་གསུངས་ན་ཡང་གཞན་དབང་ཁོ་རང་གནས་ལུགས་སུ་གྲུབ་མ་གྲུབ་དེ་དོན་དམ་དཔྱོད་བྱེད་རིགས་ཤེས་ཚད་མས་དཔྱད་ཡོང་དུས། གཞན་དབང་ཁོ་རང་གི་ངོ་བོ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་ཀྱང་དོན་དམ་གཤིས་ལུགས་སམ་ཡིན་ལུགས་སུ་མ་གྲུབ་པའི་རྒྱུ་མཚན་གྱིས་གཞན་དབང་ཡང་དོན་དམ་གནས་ལུགས་སྟོང་གཞིར་བཟུང་ནས་དེ་ལ་གཞན་དབང་ཀུན་བཏགས་ལ་སོགས་པའི་སྤྲོས་པ་མཐའ་དག་ཀུན་རྫོབ་ཀྱི་སྤྲོས་པ་གཟུང་འཛིན་གཉིས་སྣང་གི་སྤྲོས་པ་བདེན་འཛིན་གྱི་སྤྲོས་པ་ལ་སོགས་པ་སྤྲོས་པ་མཐའ་དག་གིས་སྟོང་བའི་རྒྱུ་མཚན་གྱིས་ཡོངས་གྲུབ་ཆོས་ཀྱི་དབྱིངས་དེ་སྤྲོས་བྲལ་ཡིན་པ་དེ་གཞན་སྟོང་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སམ་སེམས་ཙམ་པ་ལས་ཁྱད་པར་དུ་འཕགས་པ་ཞིག་ཡིན། དེས་ན་རང་ལུགས་ལ་པྲ་ཀ་ར་རྞ་སྡེ་བརྒྱད་སོགས་ཀྱི་སྐབས་སུ་དེ་ལ་གྲུབ་ནི་སྔ་མའོ། །ཞེས་སོགས་གསུང་སྐབས་སུ་གཞན་དབང་སྟོང་གཞིར་བཟུང་ནས་དེ་ནི་ཀུན་བཏགས་ཀྱིས་སྟོང་བར་གཏན་ལ་ཕབ་པའི་སྐབས་སུ་དབུ་སེམས་ཐུན་མོང་གི་ལུགས་སུ་བསྟན་པ་ཡིན། དེའི་རྗེས་སུ་གཞན་དབང་ཁོ་རང་ཡང་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ན་གཤིས་ལུགས་སམ་ཡིན་ལུགས་སུ་མ་གྲུབ་ཕྱིར་གཤིས་ལུགས་ཡིན་ལུགས་སུ་ཀུན་བཏགས་གཞན་དབང་གཉིས་ཀ་སྟོང་བར་གཏན་ལ་ཕབ་ཡོང་དུས། དེའི་སྐབས་སུ་དབུ་མ་བའི་ཐུན་མོང་མ་ཡིན་པའི་ལུགས་སུ་བསྟན་པ་ཡིན། དེས་ན་རང་ལུགས་ལ་འཁོར་ལོ་ཐ་མའི་དགོངས་དོན་ལ་གནས་སྐབས་ཀྱི་དགོངས་དོན་རྣམ་གྲངས་བའི་དོན་དམ་བསྟན་དུས་སེམས་ཙམ་པའི་གྲུབ་མཐའ་ཡོང་ཡོད་ནི་རེད། མཐར་ཐུག་གི་ལྟ་བ་དེ་གཞན་སྟོང་དབུ་མའི་ལྟ་བ་དེ་བསྟན་པ་དེ་ཡིན། དེའི་རྒྱུ་མཚན་གྱིས་གཞན་སྟོང་དབུ་མ་ཆེན་མོའི་ལུགས་དང་སེམས་ཙམ་པའི་ལུགས་གཉིས་ཀ་ལ་སེམས་ཙམ་མདོ་བཞི་ལྟ་བུ་དེ་གཉིས་ཀས ་ཐུན་མོང་དུ་ཁས་ལེན་པ་ཡིན། དེ་བཞིན་དུ་བསྟན་བཅོས་ས་སྡེ་ལྔ་ཡང་སེམས་ཙམ་པའི་རང་གཞུང་ཡིན་པར་ཐལ་ཟེར་ན། ཅིའི་ཕྱིར་ཟེར་དགོས། དེར་ཐལ། སེམས་ཙམ་པའི་འདོད་པ་བསྟན་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། དཔེར་ན་ཤེར་ཕྱིན་གྱི་མདོའི་སྐབས་སུ་ཉན་ཐོས་ཀྱི་གྲུབ་མཐའ་སོགས་མང་བོ་གསུངས་ཡོད་པ་དང། དེ་བཞིན་ཉན་ཐོས་ཀྱི་རྟོགས་རིགས་སོགས་མང་བོ་གསུངས་ཡོད་ན་ཡང་དེ་ཉན་ཐོས་སྡེ་སྣོད་མ་ཡིན་པ་ནང་བཞིན་རེད། རང་ལུགས་ལ་ཐམས་ཅད་མཁྱེན་པ་ཏཱའ་ར་ནཱ་ཐསབཞེད་མཚམས་གསལ་བར་གསུངས་ཡོད་དོ། །དྲི་བ་བཅོ་ལྔ་པ་ཐོགས་མེད་སྐུ་མཆེད་སེམས་ཙམ་པའི་སློབ་དཔོན་ཡིན་མིན་གང་ཞེས་པའོ། །ལན་ནི། ཐོགས་མེད་སྐུ་མཆེད་དེ་གཞན་སྟོང་དབུ་མ་ཆེན་་པོ་ཤིང་རྟའི་སྲོལ་འབྱེད་དང་གཞན་སྟོང་དབུ་མ་ཆེན་མོའི་སློབ་དཔོན་ཡིན་ལ། དེ་ལྟར་ན་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་མེད་པར་ཐལ། ཞེས་ཐལ་བ་བཏང་བ་ཡིན་ན་དེ་མེད་པར་ཐལ་བའི་སྐྱོན་ཡོད་པ་མ་རེད་ཅེས་འདོད་པ་རེད། དེ་གང་འདྲ་ཟེར་ན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ཡིན་ན་འདྲ༌། གཞན་སྟོང་སྙིང་བོ་དང༌། གཞན་སྟོང་དབུ་མའི་རྒྱན་ལ་སོགས་པའི་སྐབས་དེར་སེམས་ཙམ་པའི་སློབ་དཔོན་ནི་ཀླུ་སྒྲུབ་མ་བྱུང་བའི་སྔ་རོལ་ཏུ་ཡོད་པ་དང༌། དེ་བྱུང་པའི་རྒྱུ་མཚན་ཡང་དབུ་མ་རྩ་བ་ཤེས་རབ་ལ་སོགས་པའི་སྐབས་སུ་གཙོ་བོ་སེམས་ཙམ་པའི་ལྟ་བ་དེ་དགག་ཡོད་པ་རེད། དེ་ཡིན་ན་སེམས་ཙམ་པའི་གྲུབ་མཐའ་དེ་སློབ་དཔོན་ཀླུ་སྒྲུབ་ཀྱི་སྔ་རོལ་ནས་བྱུང་དགོས་པ་ཞིག་རེད། ཐོགས་མེད་སྐུ་མཆེད་གཉིས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་རྗེས་སུ་བྱུང་བ་ཞིག་ཡིན། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱའི་མཚམས་སུ་བྱུང་བ་དང༌། འཕགས་པ་ཐོགས་མེད་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱའི་མཚམས་སུ་བྱུང་བ་ཡིན། དེ་ཡང་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ནས། །ཞེས་གསུངས་བ་ནང་བཞིན་རེད། དེས་ན་སེམས་ཙམ་པའི་སློབ་དཔོན་གང་ཡིན་ཟེར་ན། སློབ་དཔོན་ཨ་བྷི་སྟརྐལ་སོགས་པ་སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་ལ་སོགས་པ་བྱུང་བ་དེ་དག་ཡིན། ཡིན་ནའང་དེ་དག་གིས་གསུངས་བའི་གཞུང་བོད་དུ་མ་འགྱུར་བ་ཡིན། དཔེར་ན། ཉན་ཐོས་སྡེ་བ་བཅོ་བརྒྱད་ལས་ སྡེ་བ་གཅིག་གཉིས་ཀྱི་སྡེ་སྣོད་མ་གཏོགས་བོད་དུ་མ་འགྱུར་བ་ནང་བཞིན་ཡིན་པར་དཔེ་དང་བཅས་པར་གསུངས་ཡོད་པ་རེད། དེ་ནང་བཞིན་སྔ་འགྱུར་རྙིང་བ་བའི་མཁས་དབང་ཆེན་པོ་ཀཿ ཐོག་དགེ་རྩའི་མ་ཧ་པནྚི་ཏ་ཁོང་གི་གསུང་འབུམ་ཡིན་ན་པོད་བཅུ་གསུམ་བཅུ་བཞི་ཡོད་ཧ་ཅང་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་ཞིག་རེད། ཁོང་གིས་ཀྱང་དེ་ནང་བཞིན་ཐོགས་མེད་སྐུ་མཆེད་གཉིས་སེམས་ཙམ་པའི་སློབ་དཔོན་མ་ཡིན་པར་སེམས་ཙམ་པའི་སློབ་དཔོན་ལ་སྔོན་གྱི་ཨ་བྷི་རྟརྐ་ལ་སོགས་པའི་རྣལ་འབྱོར་སྤྱོད་པའི་སློབ་དཔོན་ལྔ་བརྒྱ་ལ་སོགས་པ་བྱུང་བར་གསུངས་ཡོད། དེ་ནང་བཞིན་རང་གིས་ཀྱང་འཐད་ཕྱོགས་སུ་བཟུང་ཡོད། དེ་གང་གི་ཕྱིར་ཟེར་ན་དེང་སང་རྒྱ་གར་འཕགས་པའི་ཡུལ་ལ་མཚོན་ན་ཏཱ་ར་ནཱ་ཐའི་རྒྱ་གར་གྱི་ཆོས་འབྱུང་ནི་དཔྱོད་ལྡན་པ་དང༌། ཞིབ་འཇུག་པ་ཤེས་ཡོན་པ་དང་ལོ་རྒྱུས་སྨྲ་བ་མང་བོ་ཞིག་གིས་རྒྱ་གར་རང་གི་དུས་རབས་དེའི་སྐབས་ཀྱི་ལོ་རྒྱུས་བརྩམས་བཞག་པའི་ལོ་རྒྱུས་ཐམས་ཅད་ལས་ཏཱ་ར་ནཱ་ཐས ་བརྩམས་པའི་ལོ་རྒྱུས་ནི་དངོས་པོ་གནས་བབས་དང་དོན་དངོས་གནས་དང་མཐུན་པ་ཡིན་པས་རྩ་ཆེན་མཐོང་ཆེན་ཞིག་ཏུ་བརྩིས་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་དེ་དག་ལས་ལོ་རྒྱུས་བྱུང་བ་དེ་བདེན་དཔང་བྱེད་ཐུབ་པ་ཨེ་ཡིན་ན་བསམ་གྱིན་ཡོད། དེའི་ཕྱོགས་ནས་ཅུང་ཙམ་ཚིག་ཚོགས་མང་སོང་སྟེ་ཡིན་ནའང་དེ་དག་གྲུབ་མཐའི་ནད་འགག་ཆེ་ཤོས་དང་མཁས་དབང་རྣམས་ཀྱིས་གྲུབ་མཐའ་སྦྱར་ཚུལ་གནད་འགག་མི་འདྲ་བ་ཡིན་པ་དེའི་དབང་གིས་རི་བོ་དགེ་ལྡན་པ་ལྟ་བུའི་དབང་དུ་བྱས་པ་ཡིན་ན་ས་སྡེ་ལྔ་སེམས་ཙམ་པའི་རང་གཞུང་དུ་སྦྱར་ཡོང་དུས་དོན་དམ་སྔ་ཕྱི་གཉིས་མ་ཕྱེས་བར་ཐད་ཀར་དེ་སྦྱར་བཞག་ན་དེ་དག་གི་དགོངས་པ་འགལ་མེད་དུ་སྒྲུབ་ཐུབ་མེད་པར་འདྲ། དེ་འདྲའི་མང་བོ་ཆགས་སོང་བ་དེ་གྲུབ་མཐའ་རང་རང་གིས་བཀྲལ་ཚུལ་དབང་གིས་བྱུང་ཡོད་པ་རེད་བསམ་གྱིན་ཡོད། དེ་ཡང་གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྦྱོར་ལས། འོ་ན་སེམས་ཙམ་གྱི་མདོ་དང་བསྟན་བཅོས་ལོགས་སུ་མེད་པར་འགྱུར་སྙམ་ན། མདོ་སྡེ་ནི་ལོགས་སུ་ཡོད་པ་མ་ཡིན་ཏེ། དཔེར་ན་བྱེ་མདོ་གཉིས་ལ་ཡང་མདོ་སྡེ་ཐ་དད་མེད་པ་བཞིན་ནོ། །སེམས་ཙམ་པའི་བསྟན་བཅོས་ཐོར་བུ་འགའ་ཞིག་ནི་ཡོད་པར་གསལ་ན་ཡང༌། བྱམས་ཆོས་དང་ཐོགས་མེད་སྐུ་མཆེད་ཀྱི་གཞུང་གི་རྗེས་སུ་འབྲང་བ་མ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་སོགས་ཐོགས་མེད་སྐུ་མཆེད་ཀྱི་སྔོན་དུ་བྱུང་བའི་བསྟན་བཅོས་ནས་བཀག་པ་སོགས་ཀྱིས་འཕགས་པ་ནཱ་གཱ་རྫུ་ནའི་སྔ་རོལ་དུ་བྱུང་བའི་ཕྱིར་རོ། །དེས་ན་བཙུན་པ་ཆེན་པོ་ཨ་བི་ཏརྐ་དང་ཛྙཱ་ན་ཏ་ལ་སོགས་པ་རྣལ་འབྱོར་སྤྱོད་པའི་སློབ་དཔོན་ལྔ་བརྒྱ་བྱུང་བར་གྲགས་ལྟར་ཡིན་པར་མངོན་ནོ། །དེ་དག་གི་བསྟན་བཅོས་ནི་བོད་དུ་མ་འགྱུར་བ་ཡིན་ཏེ། སྡེ་བ་བཅོ་བརྒྱད་ཀྱི་བསྟན་བཅོས་རྣམས་བཞིན་ནོ། །ཞེས་དང༌། རྗེ་བཙུན་གྱི་རྒྱ་གར་ཆོས་འབྱུང་ལས། དཔལ་ས་ར་ཧའམ་བྲམ་ཟེ་ཆེན་པོ་སྒྲ་གཅན་འཛིན་བྲམ་ཟེའི་སྤྱོད་པ་ལ་གནས་པའི་དུས་སུ་ནི། རྣལ་འབྱོར་སྤྱོད་པའི་སློབ་དཔོན་ལྔ་བརྒྱ་པོ་དེ་རྣམས་བྱུང་བ་ཡིན་ལ། ཞེས་སོ། །དེ་ནས་དྲི་བ་གཞན་པ་རྣམས་མདོར་མཚོན་པ་ཞིག་གོང་གི་དྲི་བ་ནང་ནས་ཞུས་པ་ཡིན། དྲི་བ་བཅུ་དྲུག་པ་དོན་དམ་བདེན་པ་ཚད་མ་དང་རྟག་པ་འདོད་པ་དང་ཚད་མ་རྣམ་འགྲེལ་སྐབས་སུ་ཚད་མ་རྟག་པ་རུང་མ་ཡིན་ཞེས་པའི་དོན་ཅི་ལྟར་ཡིན་ཞེས་པའོ། །ལན་ནི། ཀུན་མཁྱེན་ཇོ་ནང་བའི་རང་ལུགས་ལ་དབྱིངས་རིག་དབྱེར་མེད་ཀྱི་ཡེ་ཤེས་རྟག་པ་ཁས་ལེན་པ་ཡིན་ན་དཔེར་ན་ཚད་མ་རྣམ་འགྲེལ་སྐབས་སུ་ཚད་མ་རྟག་པ་རུང་མ་ཡིན། །ཞེས་པ་དང་མི་འགལ་པ་ནི་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་བོའི་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་ཚད་མ་རྣམ་འགྲེལ་ལས་ཚད་མ་རྟག་པ་རུང་མ་ཡིན། །ཞེས་པའི་སྐབས་སུ་ཀུན་རྫོབ་པའི་ཚད་མ་ལ་རྟག་པ་རུང་མ་ཡིན་ཞེས་པའི་དོན་ཡིན་པར་མ་གཏོགས་དོན་དམ་པའི་ཚད་མ་རྟག་པ་མེད་པར་བཤད་པ་མ་ཡིན། གསང་འདུས་ཀྱི་རྒྱུད་སོགས་ཀྱི་སྐབས་སུ་སོ་སོར་རང་རིག་རྟགས་བཅུ་བོ་དེ་རྣལ་འབྱོར་པའི་དེས་རྟོག་པ་དང༌། སྒྲ་ཡི་སྤྱོད་ཡུལ་མིན། དེ་ལྟ་བུ་སྒོ་ནས་རྟག་པ་བརྟན་པ་ཐེར་ཟུག་ཡིན་པ་མང་བོ་གསུངས་ཡོད། དེ་ལྟར་འགྲེལ་ཆེན་དྲི་མེད་འོད་ལས། དེ་ནི་སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་ཞེས་གསུངས་པའི་སྐད་ཅིག་གཅིག་དང་དུ་མ་དང་བྲལ་ན་རྟག་པ་ཞིག་ཡིན་དགོས་དེ་འདྲའི་སྒོ་ནས་མང་བོ་ཅིག་གོང་ནས་གང་ལ་གང་འཚམས་ཞུས་ཟིན་པ་དེ་ཡིན། གཞན་སྟོང་བའི་ལུགས་ལ་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་བོ་དེ་མཚན་དཔེ་གསལ་རྫོགས་ཀྱི་རྣམ་པ་ཅན་ཡིན་པར་ཁས་ལེན་གྱིན་ཡོད་པ་རེད། དཔེར་ན་བཀའ་བརྒྱུད་པའི་ཀརྨ་ཀམ་ཚང་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེའི་རྗེ་བཙུན་ངལ་གསོའི་སྐབས་དེར་ཡེ་ན་བཞུགས་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ཡེ་ཤེས་ཡིན་པ་བདེན་གྲུབ་ཡིན་པར་གསུངས་ཡོད། ཡིན་ནའང་མཚན་དཔེ་གསལ་རྫོགས་ཀྱིས་བརྒྱན་པ་མ་ཡིན་པ་ལྟ་བུ་གསུངས་ཡོད་པ་རེད། འོན་ཀྱང་རང་ལུགས་ལ་ཀུན་རྫོབ་ཀྱི་མཚན་དཔེས་བརྒྱན་པ་མ་ཡིན་ཀྱང་དོན་དམ་པའི་མཚན་བཟང་གིས་བརྒྱན་པར་གསུངས་པ་རེད། དེ་ནས་དོན་དམ་པའི་མཚན་བཟང་དེས་བརྒྱན་ལུགས་བརྒྱན་སྟངས་ནི་དོན་དམ་པའི་ཡེ་ཤེས་དེ་ཉིད་དོན་དམ་པའི་ཡེ་ཤེས་ལ་རྣམ་ཀུན་མཆོག་ལྡན་གྱི་དོན་དམ་པའི་མཚན་བཟང་བོ་སུམ་ཅུ་རྩ་གཉིས་དཔེ་བྱད་བཟང་བོ་བརྒྱད་ཅུས་རྣམ་པར་བརྒྱན་པའི་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་ངོ་བོ་སྐུ་དང་ཞིང་ཁམས་རྣམ་པར་སྣང་ཡོང་དུས། དེ་སྣང་བ་ལྟར་གྲུབ་པ་ཡིན། དེས་ན་དོན་དམ་པའི་མཚན་བཟང་བརྒྱན་ལུགས་བརྒྱན་སྟངས་དེ་འདྲ་བ་ཞིག་ཡིན། དེའི་སྟེང་དུ་སྔགས་ཀྱི་རྣམ་ཀུན་མཆོག་ལྡན་ཡིན་ཚུལ་སོགས་བཤད་པ་རྒྱ་ཆེན་འདུག ཡིན་ན་ཡང་དེ་རིང་དེ་ཙམ་ཞིག་ཞུ་རྒྱུ་དེ་ཡིན། དྲི་བ་བཅུ་བདུན་པ་རང་སྟོང་བ་དང་གཞན་སྟོང་བ་གཉིས་ཀྱི་ལུགས་ལ་ལམ་མངོན་དུ་གྱུར་ཚུལ་འདྲ་མིན་ཞེས་པའོ། །ལན་ནི། རང་སྟོང་བ་དང་གཞན་སྟོང་བ་གཉིས་ཀྱི་ལུགས་ལ་ལམ་མངོན་དུ་གྱུར་ཚུལ་འདྲ་དང་མི་འདྲ་ཟེར་ན། རང་སྟོང་བའི་ལུགས་འདོད་ཚུལ་མང་བོ་འདུག་དཔེར་ན་རི་བོ་དགེ་ལྡན་པ་ལྟ་བུར་མཚོན་ན་གཞི་ཆོས་ཉིད་དེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བ་དེ་བཞག་ནས་དེ་རྟོགས་པའི་ཡེ་ཤེས་དེ་འདུས་བྱས་ལམ་བཞག་དེ་རིམ་གྱིས་མངོན་དུ་གྱུར་མཐོང་ལམ་ཐོབ་པ་དེའི་ཚེ་ཆོས་ཉིད་མངོན་སུམ་དུ་རྟོགས་པ་མཐོང་ལམ་ཐོབ་པ་དཔེར་ན་ཐེག་པ་ཆེན་པོའི་དབང་དུ་བྱས་ན་ཐེག་ཆེན་སེམས་བསྐྱེད་རྒྱུད་ལ་སྐྱེས་པ་ནས་ཐེག་ཆེན་ཚོགས་ལམ་ཐོབ་པ་ཡིན། ལམ་དེ་ཐེག་ཆེན་སེམས་བསྐྱེད་ཀྱིས་རྩིས་ཟིན་པའི་སྟེང་དུ་ཆོས་ཉིད་ལ་བསྒོམས་བྱུང་གི་མྱོང་བ་ཐོན་པ་དེའི་ཚེ་ཐེག་ཆེན་སྦྱོར་ལམ་དུ་འཕོས་པ་ཡིན། དེ་དང་བསྐལ་ཆེན་གྲངས་མེད་གཅིག་གི་ཚོགས་ཀྱིས་བརྒྱན་པའི་སྟེང་ནས་ཐེག་ཆེན་སེམས་བསྐྱེད་ཀྱིས་རྩིས་ཟིན་པའི་སྟོང་བ་ཉིད་མངོན་སུམ་དུ་རྟོགས་པ་ན་མཐོང་ལམ་ཐོབ་པ་དེ་དང༌། དེ་ནས་མཐོང་སྤང་མ་ལུས་པ་སྤངས་ནས་སྒོམ་སྤང་ཅི་རིགས་ཀྱི་དངོས་གཉེན་ཐོག་མར་ཐོབ་པ་ནས་བསྒོམ་ལམ་དུ་འཕོས་པ་དེ་དང༌། དེ་ནས་སྒྲིབ་པ་མ་ལུས་པ་སྤངས་བ་དེའི་ཚེ་སངས་རྒྱས་པར་འདོད་པ་རེད། ཡིན་ནའང་ས་སྐྱ་བའི་མཁས་པ་མང་བོ་ཞིག་དང་བཀའ་བརྒྱུད་པའི་ཕྱོགས་ཀྱི་མཁས་པ་ཁ་ཤས་ཀྱིས་དེ་ལས་གཞན་དུ་འདོད་ཀྱིན་ཡོད། གང་འདྲ་འདོད་པ་རེད་ཟེར་ན་མཉམ་བཞག་སྐབས་སུ་ཆོས་ཉིད་དེ་མངོན་སུམ་དུ་རྟོགས་པ་དེའི་ཚེ་མཉམ་བཞག་བློ་ཁོ་རང་ཆོས་ཉིད་ལ་ཐིམ་སོང་བ་ཡིན། ཐིམ་པ་དེ་ལ་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཐ་སྙད་དམ་བརྡ་ཆད་མཛད་བཞག་པ་ཡིན། དེ་ནས་ཆོས་ཉིད་ཁོ་རང་སྟེང་ནས་མཐོང་ལམ་སྒོམ་ལམ་ཟེར་བ་དེ་གཞི་ཆོས་ཉིད་ཀྱི་སྟེང་དུ་རིམ་བཞིན་བཞག་འགྲོ་བ་ཡིན། དེའི་ཕྱིར་མཐོང་ལམ་དང་བསྒོམ་ལམ་རྟག་པར་འདོད་ཀྱིན་ཡོད། དེས་ན་མཁས་པ་སོ་སོར་འདོད་ཚུལ་དེ་འདྲའི་མི་འདྲ་བ་བྱུང་གི་འདུག གོ་རམས་པའི་ལྟ་བ་ཤན་འབྱེད་ཀྱི་སྐབས་སུ་བློ་གཉིས་སྤྲོས་བྲལ་ངང་དུ་ཐིམ་པ་ལ་ལྟ་བ་ཆོས་དབྱིངས་མཐོང་བའི་ཐ་སྙད་མཛད་ཟེར་བ་དེ་དང་འདྲ་བ་མཁས་པ་གཞན་གྱིས་ཀྱང་གསུངས་ཡོད་པ་རེད། གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་ལ་གང་འདྲ་བ་རེད་ཟེར་ན་ཚོགས་ལམ་སྦྱོར་ལམ་མཐོང་ལམ་སྒོམ་ལམ་མི་སློབ་ལམ་ཐམས་ཅད་ལམ་བདེན་ཡིན་ལ། ལམ་བདེན་ལ་འདུས་བྱས་དགོས་པ་ཡིན། དེ་དགོས་པ་ཡང་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་ཚོགས་ཆོས་བདེན་བཞི་རྣམ་བཤད་སྐབས་སུ་ལྷ་མོ་དཔལ་ཕྲེང་གི་མདོ་དྲངས་བར་བདེན་པ་ནི་བཞི་སྟེ་གསུམ་ནི་མི་རྟག་པའོ། །གཅིག་ནི་རྟག་པའོ། །ཞེས་ལུང་དྲངས་ནས་གསུངས་ཡོད། བདེན་པ་བཞིའི་ནང་ནས་ཀུན་འབྱུང་བདེན་པ་དེ་དང་སྡུག་བདེན་དང་ལམ་བདེན་གསུམ་འདུས་བྱས་ཡིན་པ་བདེན་པ་གཅིག་འགོག་བདེན་ནི་རྟག་པ་ཡིན་པ་དེ་འདྲ་བ་གསུངས་ཡོད་པ་རེད། ཇོ་ནང་རང་ལུགས་ལ་མཁས་མཆོག་ཉ་དབོན་པའི་ཉ་ཊཱིཀ་སྐབས་སུ་ལམ་བདེན་གྱི་མཚན་ཉིད། ཟག་མེད་འདུས་བྱས་གང་ཞིག འགོག་བདེན་གྱི་བྲལ་རྒྱུ་ཞེས་གསུངས་ཡོད། དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་སྔོན་མེད་ལེགས་བཤད་སྐབས་སུ་ལམ་བདེན་དངོས་ནི་མཐོང་སྒོམ་མི་སློབ་ལམ་ཀུན་རྫོབ་གསར་བྱུང་གི་རྒྱུ་དང་རྐྱེན་ལས་སྐྱེ་བ་ཡིན་པར་གསལ་བར་གསུངས་ཡོད། དེ་ཡིན་ན་ཡུལ་ཆོས་ཉིད་མངོན་སུམ་དུ་མཐོང་བ་དེའི་ཚེ་ཐེག་ཆེན་མཐོང་ལམ་ཐོབ་པ་ལ་སོགས་ཐོབ་པ་ནས་རིམ་གྱིས་རིམ་གྱིས་ཇི་ལྟར་ཚེས་པའི་ཟླ་བ་དེ་རིམ་གྱིས་འཕེལ་བ་ནང་བཞིན་ཆོས་ཉིད་དེ་ལ་ཡང་ནས་ཡང་དུ་སྒོམ་པར་བྱས་ནས་གོམས་པ་དེ་མཐར་ཕྱིན་པ་ན་ཆོས་ཉིད་རྫོགས་པར་མངོན་སུམ་དུ་རྟོགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཡེ་ཤེས་ཀྱི་ངོར་འགྲོ་བ་ཞིག་གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་སུ་བཞེད་དོ། །དྲི་བ་བཅོ་བརྒྱད་པ་གཞན་སྟོང་དབུ་མ་ཆེན་པོ་དེ་ལ་ཡུལ་གང་སྣང་མི་སྣང་ཞེས་པའོ། །ལན་ནི། གཞན་སྟོང་དབུ་མ་ཆེན་པོ་ནི་སོ་སོར་རང་རིག་པའི་ཡེ་ཤེས་ཞིག་ཡིན། དེ་སོ་སོར་རང་རིག་པའི་ཡེ་ཤེས་དང་དོན་དམ་ཆོས་དབྱིངས་བདེ་བར་གཤེགས་པའི་ཡེ་ཤེས་དེ་གཉིས་ཀ་དེ་རང་གིས་རང་རིག་པའི་ཚུལ་གྱིས་མངོན་སུམ་དུ་རྟོགས་ཡོད་པ་རེད། ཆོས་ཉིད་བདེ་བར་གཤེགས་པའི་སྙིང་བོ་དེ་ཡང་རང་གི་རང་རིག་པའི་ཚུལ་གྱིས་མངོན་སུམ་དུ་རྟོགས་པ་གཅིག་དང༌། དེར་རྟོགས་པའི་འཕགས་པའི་མཉམ་བཞག་ཡེ་ཤེས་ལམ་འདུས་བྱས་ཀུན་རྫོབ་དེས་ཀྱང་ཆོས་ཉིད་མངོན་གསུམ་དུ་རྟོགས་འདུག་ཡོད་པ་རེད། དེས་མཚོན་པའི་སངས་རྒྱས་སར་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་མཁྱེན་དེས་ཀྱང་ཆོས་ཉིད་མངོན་སུམ་དུ་རྟོགས་ནས་ཆོས་ཅན་ཀུན་རྫོབ་རྣམས་མི་སྣང་བའི་ཚུལ་གྱིས་ཤུགས་ལ་མཁྱེན་པ་ཡིན་པར་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་རང་ལུགས་སུ་བཞེད་པ་ཡིན། དབུ་མ་ཆེན་པོའི་ཡུལ་ཡང་ཆོས་ཉིད་རང་ཉིད་ཆགས་འདུག་ཡོད་པ་དེ་དང་འཕགས་པའི་མཉམ་བཞག་ཡེ་ཤེས་ལམ་འདུས་བྱས་དེའི་ཡུལ་ལ་ཡང་ཡུལ་ཆོས་ཉིད་དེ་ཆགས་འདུག་ཡོད་པ་རེད། དེ་ནང་བཞིན་རྣམ་མཁྱེན་གྱི་དངོས་ཡུལ་ཡང་ཆོས་ཉིད་དེ་ཆགས་འདུག་ཡོད་པ་རེད། རྣམ་མཁྱེན་གྱིས་ཆོས་ཉིད་ཡོངས་གྲུབ་དེ་སྣང་བའི་སྟེང་ནས་ཆོས་ཅན་ཀུན་རྫོབ་ལ་སོགས་པ་ཤུགས་ལ་མཁྱེན་པ་ཡིན་པར་གསུངས་ཡོད་པ་དེ་རེད། ལས་དང་པོ་པ་ང་ཚོ་ལྟ་བུ་ཞིག་གིས། དང་པོར་ཆོས་ཉིད་དེ་ལ་ཐོས་པ་བྱེད་དགོས་པ་རེད། དེ་ལ་ཐོས་པ་བྱེད་མི་ཐུབ་པ་ཞིག་དང་གོ་མི་ཐུབ་པ་ཞིག་མ་རེད། ཁ་ཅིག་གིས་ཆོས་ཉིད་ཉམས་སུ་ལེན་དགོས་པ་ཡིན་མ་གཏོགས་གོ་རྒྱུ་དང་ཐོས་རྒྱུ་ཡོད་པ་མ་རེད་ཟེར་བ་དང༌། གཞན་དགེ་བའི་བཤེས་གཉེན་གྱིས་འཆད་ན་གོ་རྒྱུ་མ་རེད་ཟེར་བ་དང༌། ངེས་དོན་མདོ་བཅུ་ལ་སོགས་པའི་སྐབས་སུ་བརྗོད་མི་ཐུབ་ཟེར་བ་སོགས་ནོར་འཁྲུལ་རེད། དེའི་རྒྱུ་མཚན་གང་འདྲ་ཡིན་ཟེར་ན་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་དོན་དམ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་དེ་ངེས་དོན་གྱི་མདོ་ཡིན་པ་བློ་གྲོས་ཆེན་པོས་ཞུས་པའི་མདོ་སོགས་ཀྱི་སྐབས་སུ་གསུངས་ཡོད་པ་ལྟ་བུ་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ངེས་དོན་མདོ་བཅུ་སྐབས་སུ་ངེས་དོན་དོན་དམ་བདེན་པ་བཤད་པ་གང་ཞིག དེ་ཐོས་པ་དང་བསམ་པ་ལ་བརྟེན་ནས་མི་ཤེས་པ་ཡིན་ན་དེ་ལྟར་བཤད་པ་དོན་མེད་པ་ཡིན་པའི་ཕྱིར། ཇི་ལྟར་བཤད་ཀྱང་མི་ཤེས་ན་བཤད་པ་དོན་མེད་པར་ཐལ་བའི་ཕྱིར། དེས་ན་ཐོས་པས་ཀྱང་གཏན་ལ་ཕབ་རྒྱུ་ཡོད་པ་དང༌། བསམ་བྱུང་གིས་ཀྱང་ཚད་མས་ངེས་པ་རྙེད་པ་ཡོད་པ་རེད། བསམ་བྱུང་གི་ཚད་མས་ངེས་པ་རྙེད་པ་དེའི་ཚེ་བསམ་བྱུང་གི་བློ་དེས ་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྒོ་ནས་རྟོགས་ཐུབ་པ་ཨེ་ཡིན་སྙམ་ན་བསམ་བྱུང་རང་གི་སྣང་ཚུལ་ལ་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྒོ་ནས་རྟོགས་ཐུབ་ཀྱིན་ཡོད་པ་མ་རེད། རྟོགས་བྱ་ཆོས་ཉིད་དེ་སྤྲོས་པ་ཐམས་ཅད་དང་བྲལ་བ་རེད། དེ་རང་ལ་དོན་སྤྱིའི་མཚན་མ་སོགས་སྤྲོས་པ་དང་བཅས་པར་སྣང་བ་རེད། ཇི་ལྟ་བ་བཞིན་དུ་ཡུལ་མིན་ཞེས་པ་ཡང་དེ་འདྲའི་སྟེང་ནས་བསམ་གཞིག་ནང་དགོས་པ་ཡིན་ཞེས་ཞུ་རྒྱུ་དེ་ཡིན། ཡིན་ནའང་ཐོས་བསམ་གྱིས་གཏན་ལ་ཕབ་ནས་དེ་མངོན་སུམ་དུ་རྟོགས་པ་ལ་ཡང་ནས་ཡང་དུ་གོམས་པར་བྱས་ནས་དཔྱད་སྒོམ་དང་འཇོག་སྒོམ་བྱས་ནས་དཔྱད་སྒོམ་འཇོག་སྒོམ་སྤེལ་མར་བྱེད་པ་ཡིན་ན་དཔེར་ན་བྱ་ཕོ་མོས་བུ་ཕྲུག་གསོ་བ་བཞིན་རྟོགས་པའི་ངོར་གོང་འཕེལ་འགྲོ་ཐུབ་ཞེས་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་མཁས་དབང་མི་ཕམ་སང་གིས་དེ་འདྲའི་གསུངས་ཡོད་པ་རེད། དེ་ནང་བཞིན་རང་ལུགས་ལ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མ་རབ་བྱེད་དྲུག་པའི་སྐབས་དེར་དཔྱོད་བྱེད་གཅིག་དང་དུ་བྲལ་གྱི་རིགས་པ་དང༌། མཐའ་བཞི་སྐྱེ་འགོག་གི་རིགས་པ་དང༌། མུ་བཞི་སྐྱེ་འགོག་གི་རིགས་པ་དང༌། རྟེན་འབྲེལ་གྱི་རིགས་པ་ལ་སོགས་པ་རིགས་པ་མང་བོའི་སྒོ་ནས་གཏན་ལ་ཕབ་ཡོད་པ་རེད་དེ་ལྟར་རྣམ་པ་ཐམས་ཅད་གྱིས་ཤེས་དགོས་རྒྱུ་གལ་ཆེན་པོ་རེདཅེས་ཞུ་རྒྱུ་དེ་ཡིན། དེའི་སྟེང་ནས་སྔགས་བླ་མེད་དང་འབྲེལ་བ་ཡིན་ན་གཅོ་བོ་དཔྱད་སྒོམ་འཇོག་སྒོམ་གཉིས་ཀྱི་ནང་ནས་འཇོག་སྒོམ་གཙོ་བོར་བྱས་ནས་རྣམ་རྟོག་མ་རིག་ཆེན་པོའི་གཉེན་པོ་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་བསྒོམས་ནས་མངོན་སུམ་དུ་རྟོགས་དགོས་པ་ཡིན། མ་བསྒོམས་པར་ཆོས་ཉིད་ཀྱང་མངོན་སུམ་དུ་རྟོགས་ཐུབ་པ་མ་རེད། དེ་མ་ཟད་འཆི་བ་མི་རྟག་པ་མངོན་སུམ་དུ་རྟོགས་པ་ལའང་ཡང་ནས་ཡང་དུ་བསྒོམས་ནས་བསྒོམ་བྱུང་གི་མྱོང་བ་ཐོན་ནས་རྣལ་འབྱོར་མངོན་སུམ་གྱི་ངོར་འགྲོ་དགོས་པ་དེ་ཡིན། དེ་ཡང་དཔལ་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་སྐབས་སུ། ཡང་དག་ཡང་དག་མ་ཡིན་པས། །གང་གང་ཤིན་ཏུ་གོམས་གྱུར་པ། །གོམས་པ་ཡོངས་སུ་རྫོགས་གྱུར་པ། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་གསུངས་པ་ནང་བཞིན་གོམས་ནས་མངོན་སུམ་དུ་རྟོགས་དགོས་པ་ཡིན། དང་བོ་ཐོས་པ་བྱས་ནས་དེ་ནས་ཡང་ནས་ཡང་དུ་གོམས་པར་བྱས་ནས་མངོན་སུམ་དུ་རྟོགས་དགོས་པ་ནི་སྤྱིར་བདེན་བཞི་མི་རྟག་བཅུ་དྲུག་ཡིན་ན་འདྲ། བདེན་གཉིས་རྣམ་བཞག་ཡིན་ན་འདྲ། ཆོས་ཕལ་ཆེ་བ་ཞིག་དེ་ལྟར་ཆགས་ཡོད་པ་དེ་ཤེས་དགོས་པ་རེད། དེ་ལྟར་བསམ་བློ་བཏང་ན་ཟབ་མོ་གནས་ལ་ཡང་ཐོས་བསམ་བྱེད་དགོས་པ་དེ་བཤད་མ་དགོས་པ་ཞིག་རེད། དང་བོ་ཐོས་པ་བྱས། དེ་ནས་ཚད་མས་སྒྲོ་འདོགས་བཅད། དེ་ནས་ཡང་ནས་ཡང་དུ་གོམས་པར་བྱས་ནས་མཐར་མངོན་སུམ་དུ་རྟོགས་དགོས་པ་ཞིག་རེད། དེ་ཡང་བླ་མའི་མན་ངག་ལ་བརྟེན་ནས་རྟོགས་ཐུབ་པ་ཡིན་ན་ཡང་གཞུང་གི་དོན་ལ་གཏན་ལ་ཕབ་དགོས་པ་ཞིག་ཡིན། སྤྱིར་བཏང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་མན་ངག་འདི་ལྟ་བུ་གསུངས་ཡོད་པ་རེད། གང་རེད་ཟེར་ན་གཞུང་ལུགས་ཆེན་པོ་རྣམས་ཀྱི་སྐབས་སུ་མདོར་བསྟན་དང༌། རྒྱས་བཤད་དང༌། དོན་བསྡུས་གསུམ་གསུངས་པའི་ནང་ནས་དོན་བསྡུས་ལྟ་བུའམ་དོན་གྱི་སྙིང་བོ་ལྟ་བུ་མན་ངག་གི་ཚུལ་དུ་བྱས་ནས་སྒོམ་པའི་རིམ་པ་གཏན་ལ་ཕབ་ཡོད་པ་རེད། གཞུང་དོན་མཐར་ཐུག་ཆགས་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་དབང་རྣོན་ཞིག་ཡིན་ན་མདོར་བསྡུས་ནས་བསྟན་ན་ཡང་གོ་ཐུབ་ཀྱིན་ཡོད་པ་རེད་མ་གཏོགས་དབང་རྟུལ་ཞིག་ཡིན་ན་གཞུང་གི་བཤད་པ་མདོ་བསྟན་རྒྱས་བཤད་སོགས་ལ་བརྟེན་ནས་གོ་དགོས་པ་རེད་མ་གཏོགས། མདོར་བསྡུས་བསྟན་ན་གོ་རྒྱུ་ཁག་པོ་ཆགས་འདུག་ཡོད་ལ། དེའི་རྒྱུ་མཚན་གྱིས་གཞུང་དང་འབྲེལ་བའི་མན་ངག་དགོས་པ་ཡིན། དེ་ལས་གཞན་པའི་མན་ངག་འཚོལ་བ་དེ་ཆོས་སྤོང་གི་ལས་ཡིན་པར་གསུངས་ཡོད་དེ། གཞུང་སྤངས་ནས་མན་ངག་འཚོལ་བ་དེ་ཆོས་སྤོང་གི་ལས་ཡིན་པར་གསུངས་ཡོད་པ་ཡིན། དེ་ནང་བཞིན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་གཞུང་གི་དོན་བསྡུས་དེ་སྙིང་བོ་མན་ངག་ཡིན་མ་གཏོགས་དེ་ལས་གཞན་གཞུང་བཤད་པའི་གོ་རིམ་མ་གཏོགས་པའི་ཉམས་ལེན་གྱི་སྙིང་བོ་མི་གོ་བར་འཛིན་པ་དེ་བདུད་ཀྱི་བྱིན་བརླབས་སྙིང་ལ་ཞུགས་པ་ཡིན། ཞེས་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་དེ་ལྟར་གསུངས་ཀིན་ཡོད་པ་དེ་ཤེས་ནས། མདོར་ན་ང་ཚོའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ་སྔགས་ཀྱི་དགོངས་པ་དེ་ཐོས་བསམ་བྱས་ནས་དེའི་དོན་གཏན་ལ་ཕབ་པ་ཙམ་གྱིས་མི་བཞག་པར་ཉམས་སུ་ལེན་པ་གལ་ཆེན་པོ་ཡིན། དེ་ལྟར་བྱེད་པ་ནི་གནད་འགག་ཆེན་པོ་རེད་བསམ་ཀྱིན་ཡོད། དེ་འདྲའི་སྟེང་ནས་དྲི་བ་དེ་རྣམས་ཀྱི་ལན་དེ་ཙམ་ཞིག་ཕུལ་བ་ཡིན། དེ་ཡང་ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཚོགས་ལམ་གྱི་དུས་སུ་ཐོས་བསམ་ལ་བརྟེན་ནས་ཆོས་ཉིད་རྣམ་པ་ཐམས་ཅད་པར་གནས་པ་དང༌། འཁོར་བའི་ཆོས་རྣམས་གློ་བུར་དུ་ཤེས་པ་ཡིན་ཞིང༌། ཞེས་སོ། །དོ་ནུབ་ཡིན་ན་དྲི་བ་མང་བོ་ཡོངས་མ་སོང༌། ཧ་ཅང་ཡག་པོ་ཆགས་སོང་མ་གཏོགས་དྲི་བ་ཧ་ཅང་ཉོག་སོང་ན་བརྗོད་ཚུལ་མང་འགྲོ། ངས་ལན་བཏབ་ན་ཡང་རྒྱས་པར་བཤད་མི་ཁོམ་པས་ཐམས་ཅདཀྱི་བློར་འབབ་ཐུབ་མིན་དང་གོང་ནས་ལན་ཞུས་པ་དེ་དག་སྤྱིར་གཞུང་ལུགས་ལ་ཐོས་བསམ་བྱས་ཡོད་པ་ཡིན་ན་གང་ལ་གང་འཚམས་ཕན་ཐོགས་སྲིད་ཀྱང་གཞུང་ལུགས་ལ་སྦྱངས་བ་མེད་ན་ངས་ལན་བཏབས་པ་དེ་མ་གོ་བ་སྲིད་གི་རེད། ཡིན་ནའང་དེ་ཙམ་མ་གཏོགས་གསར་དུ་དཔེ་ཆ་སྦྱང་དགོས་པ་ཞིག་ལ་དཔེ་ཁྲིད་བྱེད་པ་ལྟར་དགོས་ན་དྲྭ་ཚོམ་འདི་ལྟ་བུའི་ནང་ནས་གོ་བརྡ་འཕྲོད་ཀྱི་དཀའ་མོ་རེད། དྲི་བ་བཅུ་དགུ་པ་ཉ་དུག་ཆུ་ཞེས་པས་དྲི་བ་གནང་འདུག་པ་དེ་ཡིན། དེའི་ལན་ནི། དེ་ཡིན་ནའང་དྲི་བ་དེ་གསལ་བོ་ཞིག་ཁོང་གི་ཞེ་འདོད་དེ་ཧ་གོ་མ་སོང་ཏེ་མདོར་ན་ཐེག་ཆེན་སྦྱོར་ལམ་ཆོས་མཆོག་དེ་ཞེན་བློ་ཡིན་ན་འཁྲུལ་ཤེས་ཡིན་དགོས། དེས་ན་དེ་མཐོང་ལམ་ངོར་འགྲོ་བ་ཡོད་མེད་གང་ཡིན་ཞེས་དྲིས་པ་ཨེ་ཡིན་བསམ་སོང༌། དེ་ཡིན་ན་རྟོག་པ་འཁྲུལ་ཤེས་ཞིག་རྟོག་མེད་ཤེས་པའི་ངོར་ཡང་ནས་ཡང་དུ་གོམས་པ་བྱས་ན་འགྲོ་བ་ཡོད་པ་རེད། དེ་ལྟར་འགྲོ་བ་ཡོད་པ་དེ་ཡང་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་སོགས་ཀྱི་སྐབས་སུ་རྣལ་འབྱོར་མངོན་སུམ་སྒྲུབ་བྱེད་སྒྲུབ་རིགས་པ་གསུངས་སྐབས་སུ་རྣམ་འགྲེལ་ལས། ཡང་དག་ཡང་དག་མ་ཡིན་པས། །གང་གང་ཤིན་ཏུ་གོམས་གྱུར་ན། །གོམས་པ་ཡོངས་སུ་རྫོགས་གྱུར་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་གསུངས་པའི་རྒྱུ་མཚན་གྱིས་ཚོགས་སྦྱོར་སོགས་ཀྱི་རྒྱུན་མཐོང་ལམ་བསྒོམ་ལམ་ལ་སོགས་པ་འདུས་བྱས་ཡེ་ཤེས་ངོར་འགྲོ་བ་ཡོད་པ་ཡིན། དྲི་བ་ཉི་ཤུ་བ་ནི་ཤེས་བྱ་ཉེར་ལྔའི་ནང་ནས་འདུས་མ་བྱས་དང་སྤྱིར་འདུས་མ་བྱས་ཞེས་པ་གཉིས་འདྲ་མིན་དང་སངས་རྒྱས་ཀྱི་ཡོན་ཏན་ལ་སངས་རྒྱས་ཡིན་པས་ཁྱབ་མིན་ཞེས་པའོ། །ལན་ནི། དེ་ཡིན་ན་མདོ་སྡེ་ཕལ་བོ་ཆེ་ལ་སོགས་པ་མདོ་སྡེ་མང་བོའི་སྐབས་སུ་སྲིད་པའི་ཤེས་བྱ་ཉེར་ལྔ་གསུངས་ཡོད་པ་རེད། འདུས་བྱས་ཉེར་བཞི་མ་བྱས་གཅིག་ཉིད་དེ། །ཞེས་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མ་དང༌། དེའི་བཤད་བྱའི་རྩ་བ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་དབུ་མའི་མན་ངག་ཁྱད་འཕགས་སྐབས་སུ་གསུངས་ཡོད་པ་རེད། ཡིན་ནའང་དེའི་སྐབས་སུ་འདུས་བྱས་འདུས་མ་བྱས་ཟེར་བ་དེ་རྒྱུ་རྐྱེན་ལས་སྐྱེས་པ་མ་སྐྱེས་པ་ཙམ་ལ་མི་བྱེད་པར་ཆོས་མཆོག་རྫོགས་ལྡན་ལུགས་ལ་སྒྲ་རྟོག་གིས་བྱས་མ་བྱས་ལ་བཤད་ཡོད་པ་ཡིན། དཔེར་ན་དབུ་མ་རྩ་བ་ཤེས་རབ་སྐབས་སུ་དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་པ་དེ་ཡང་སྒྲ་རྟོག་གིས་བྱས་པ་ལ་གསུངས་བ་ལྟར་ཡིན། དེས་ན་རང་ལུགས་ལ་རྟག་པ་ཡིན་ན་དོན་དམ་བདེན་པ་ཡིན་པས་མ་ཁྱབ་འདུས་མ་བྱས་ཀྱི་ནམ་མཁའ་སོགས་འདུས་མ་བྱས་ཡིན། དེ་ཡང་ས་བཟང་མ་ཏི་པཎ་ཆེན་གྱི་ཀུན་བཏུས་འགྲེལ་བའི་སྐབས་སུ་འདུས་མ་བྱས་བརྒྱད་ལ་སོགས་པ་གསུངས་པ་དང༌། དེ་བཞིན་དུ་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་འདུས་མ་བྱས་ཀྱི་ནམ་མཁའ་ཞེས་ཡང་ནས་ཡང་དུ་ལན་གྲངས་དུ་མར་བཀའ་བསྩལ་བ་དང༌། ཡང་དེ་ཉིད་ཀྱིས་མཛད་པའི་བཀའ་བསྡུ་བཞི་བའི་རང་འགྲེལ་སྐབས་སུ་ཡང་བེམ་པོ་ལ་འདུས་བྱས་འདུས་མ་བྱས་ཞེས་གསུངས་ཡོད་པ་ཡིན། དེའི་སྐབས་སུ་བེམ་པོ་ནི་ཤེས་པ་མ་ཡིན་པ་ལ་བེམ་པོ་ཞེས་སྦྱར་ནས་གསུང་གིན་ཡོད་པ་རེད། རིག་པ་དེ་ལ་ཡང་འདུས་བྱས་འདུས་མ་བྱས་གཉིས་ཞེས་དེ་འདྲའི་སྒོ་ནས་གསལ་བར་གསུངས་ཡོད་ནི་རེད། སྐབས་འདིར་འདུས་བྱས་ཞེས་པ་དེ་སྒྲ་རྟོག་གིས་བྱས་པ་ཙམ་སྟེ་སྒྲ་རྟོག་གིས་ཕར་བཏགས་ནས་བཞག་པ་ལ་འདུས་བྱས་ཞེས་རྣམ་བཞག་མཛད་པ་ཡིན་པ་ལས་འདུས་བྱས་མཚན་ཉིད་པ་ལ་རྒྱུ་དང་རྐྱེན་ལས་སྐྱེས་པས་ཁྱབ། རང་གི་ཉེར་ལེན་གྱི་རྒྱུ་དང་ལྷན་ཅིག་བྱེད་རྐྱེན་ལས་སྐྱེས་བས་ཁྱབ། ཡང་ཐམས་ཅད་མཁྱེན་པ་སྒྲོལ་བའི་མགོན་པོས་ཐེག་མཆོག་དབུ་མའི་རྩ་བར་དངོས་མེད་རྒྱུ་དང་བཅས་པར་འདོད། །ཞེས་པ་དེ་ཡང་རྗེ་གང་ཉིད་ཀྱིས་ཉེར་ལེན་རྒྱུ་དང་ལྷན་ཅིག་བྱེད་རྐྱེན་ལས་སྐྱེས་པ་མ་ཡིན་པར་སྒྲ་རྟོག་གིས་བྱས་པ་ཡིན་པའི་རྒྱུ་མཚན་གྱིས་དངོས་མེད་རྒྱུ་དང་བཅས་ཞེས་རྣམ་བཞག་མཛད་ཡོད་པ་རེད། དེ་ཡང་སྤྱི་དོན་རབ་གསལ་ལས། ཚད་མའི་གཞུང་སོགས་སུ་བཤད་པའི་འདུས་བྱས་མ་བྱས་ནི། རང་གི་རྒྱུ་རྐྱེན་དུ་མ་འདུས་ནས་བྱས་པ་དང་མ་བྱས་པ་བྱེད་པ་ཡིན་ལ། དེ་འདྲའི་འདུས་བྱས་ནི་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཁོ་ན་ཡིན་གྱི་ནམ་མཁའ་སོགས་མ་ཡིན་ལ། སྤྱིར་གྱི་འདུས་བྱས་དང་འདུས་མ་བྱས་ཀྱི་དོན་ནི་དེ་ལྟར་འཛིན་དགོས་ལ། གསུང་རབ་དང་ཀུན་མཁྱེན་ཡབ་སྲས་ཀྱི་གསུང་རྣམས་སུ། ཀུན་རྫོབ་འདུས་བྱས་དང་དོན་དམ་ཆོས་ཉིད་འདུས་མ་བྱས་གསུངས་པའི་འདུས་བྱས་འདུས་མ་བྱས་ནི། སྤྱིར་བཏང་གི་འདུས་བྱས་དང་འདུས་མ་བྱས་མ་ཡིན་པར། བློ་ངོར་ཀུན་རྫོབ་མྱོང་བའི་མཚན་མ་འདུས་ནས་བྱས་པ་དང་མ་བྱས་པ་ལ་བྱེད་པ་ཡིན་ཏེ། ཞེས་སོ། །དེའི་ཕྱིར་ཁྱད་པར་ཡོད་པ་རེད་ཅེས་ཞུ་རྒྱུ་དེ་ཡིན། སངས་རྒྱས་ཀྱི་ཡོན་ཏན་ལ་སངས་རྒྱས་ཀྱིས་ཁྱབ་ཅེས་བཤད་ན་ཆོག་པ་རེད་བསམ་གྱིན་ཡོད། དེ་ནས་གོང་གི་དྲི་བ་དེར་ལན་མདོར་མཚོན་པ་ཙམ་ཞུས་པ་དེ་ཡིན་སྔོན་ནས་དེའི་ཕྱོགས་ནས་མང་བོ་ཞིག་ཞུས་ཟིན་པ་ཡིན། དྲི་བ་ཉེར་གཅིག་པ་ཇོ་ནང་རང་ལུགས་ལ་རིགས་ངོའི་དགག་བྱ་དང་གཞིའི་དགག་བྱ་ཞེས་པའི་བརྡ་ཆད་ཡོད་མེད་ཞེས་པའོ། །ལན་ནི། ཇོ་ནང་རང་ལུགས་ལ་རིགས་ངོའི་དགག་བྱ་དང་གཞིའི་དགག་བྱ་ཞེས་བརྡ་ཆད་ཀུན་མཁྱེན་ཡབ་སྲས་དང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་ཟིན་གང་ན་ཡོད་པ་མ་རེད། དེ་མ་ཟད་རི་བོ་དགེ་ལྡན་པར་མཚོན་པ་ཡིན་ན་ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པས་རིགས་ངོས་དགག་བྱ་གཞིའི་དགག་བྱ་ཞེས་བརྡ་ཆད་མཛད་ཀྱིན་ཡོད་པ་རེད་མ་གཏོགས་ཡོངས་གྲགས་དང་སྤྱིར་བརྡ་ཆད་གྲགས་ཆེ་བ་ཞིག་མ་རེད་ཞུ་རྒྱུ་དེ་ཡིན། ཡིན་ན་ཡང་རིགས་ངོའི་སྟོང་ཉིད་ཟེར་བ་དེ་གསུང་གིན་ཡོད་པ་རེད། རིགས་ངོའི་སྟོང་ཉིད་ཟེར་བ་དེ་ཡང་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ངོར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་སྟོང་བའི་གཞིའི་ཆོས་ཉིད་དེ་ལ་སྦྱར་ནས་གསུངས་པ་ཡིན་ན། དེ་འདྲའི་རིགས་ངོའི་ཆོས་ཉིད་ཅིག་ཇོ་ནང་རང་ལུགས་ལ་ཁས་ལེན་གྱིན་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་ཇོ་ནང་རང་ལུགས་ལ་གཙོ་བོ་སྟོང་ཉིད་དེ་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ངོར་བཞག་པ་ཡིན་ལ། དེའི་རིགས་ངོའི་སྟོང་ཉིད་ལ་སྦྱར་ནས་རྒྱ་གཞུང་དུ་མའི་སྐབས་སུ་རིགས་ངོའི་སྟོང་ཉིད་ལ་སྦྱར་ནས་གསུངས་ཡོད་པ་རེད། རྗེ་བདག་ཉིད་ཆེན་པོས་ཀྱང་དབུ་མ་སྣང་བ་མ་གཏོགས་པའི་རང་རྒྱུད་པའི་གཞུང་ཁུངས་ཐུབ་གང་ན་དགག་བྱ་ངོས་འཛིན་གསལ་བར་མི་སྣང་ཞེས་གསུངས་བ་དེ་ཡང་གཞན་པ་ཐམས་ཅད་ཀྱི་སྐབས་སུ་རིགས་ངོའི་སྟོང་ཉིད་ལ་སྦྱར་ནས་གསུངས་ཡོད་པ་དེ་གནད་འགག་ཅྀག་གི་སྟེང་ནས་གསུང་གིན་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་འཕགས་པའི་མཉམ་བཞག་སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་ངོར་དོན་དམ་བདེན་པ་དེ་བདེན་པ་མི་བསླུ་བ་ཆགས་ཡོད་ལ། དེའི་ངོར་ཀུན་རྫོབ་ཀྱི་སྤྲོས་པ་མཐའ་དག་གིས་གདོད་ནས་སྟོང་བ་ཡིན་པའི་རྒྱུ་མཚན་གྱིས་དགག་བྱ་ཀུན་རྫོབ་ཀྱི་སྤྲོས་པ་ལ་སོགས་པ་དང༌། དགག་བྱ་སྤྲོས་པའི་བདེན་པར་གྲུབ་པ་དང༌། དགག་བྱ་ཆོས་བདག་ཏུ་གྲུབ་པ་དག་དགག་བྱར་བཞག་ནས་དེས་སྟོང་བ་དེ་ནི་སྟོང་བའི་གཞི་ཆོས་ཉིད་ཡོངས་གྲུབ་དེ་རིགས་ངོའི་སྟོང་ཉིད་ཅེས་ཐ་སྙད་སྦྱར་ཀྱང་འདྲ་མ་སྦྱར་ཀྱང་འདྲ། མདོར་ན་གཞིའི་ཡིན་ལུགས་གནས་ལུགས་མཐར་ཐུག་ཅིག་རང་ལུགས་སུ་འཇོགས་ཐུབ་ཅེས་ཞུ་རྒྱུ་དེ་ཡིན། དྲི་བ་ཉེར་གཉིས་པ་རང་ལུགས་ལ་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་དགོས་མིན་དང་བདེན་འཛིན་ཤེས་སྒྲིབ་ཡིན་མིན་ཞེས་པའོ། །ལན་ནི། ཀུན་མཁྱེན་ཇོ་ནང་བའི་རང་ལུགས་ལ་ཉན་རང་གི་ཐར་བ་ཐོབ་པ་ལ་ཆོས་ཀྱི་བདག་མེད་རྟོགས་དགོས་པ་མ་རེད་ཞུ་རྒྱུ་དེ་ཡིན། དེ་ལྟར་ཡིན་པ་དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་གཞན་སྟོང་དབུ་མའི་རྒྱན་གྱི་སྐབས་སུ། དེ་ཕྱིར་ཉན་རང་འཕགས་པ་ཆོས་ཐམས་ཅད། །ཆོས་བདག་མེད་པར་རྟོགས་ཞེས་འདི་མི་འཐད་ཅེས་གསུངས་ཡོད་པ་ནང་བཞིན་རེད། དེའི་རྒྱུ་མཚན་གྱིས་རང་ལུགས་ལ་ཀུན་མཁྱེན་དོལ་པོ་པ་དང༌། ཉ་དབོན་ཀུན་དགའ་དཔལ་ས་བཟང་མ་ཏི་པཎ་ཆེན་ཐམས་ཅད་ཀྱིས་དགོངས་བ་གཅིག་དང་དབྱངས་གཅིག་ཏུ་གསུངས་ཡོད་པ་ཡིན། དེ་ལྟར་ཡིན་པའི་སྒྲུབ་བྱེད་ཀྱི་ལུང་ནི་མདོ་སྡེ་ལང་ཀར་གཤེགས་པ་ལ་སོགས་པ་གཞུང་མང་བོ་ཞིག་ལ་བརྟེན་ནས་གསུངས་ཡོད་པ་དེ་རེད། དེའི་རྒྱུ་མཚན་གྱིས་ལུང་དེ་དག་འདིའི ་ནང་ནས་སྐུར་ན་ཆོག་གི་འདུག མཁས་མཆོག་གཞན་ཟེར་ན་འདྲ་དཔལ་ལྡན་ཟླ་བ་གྲགས་པའི་རང་ལུགས་ལ་བསམ་བློ་བཏང་ན། ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་དགོས་པ་དེ་ཡང་ལུང་རིགས་གཉིས་ཀྱི་ནང་ནས་རིགས་པ་གསུམ་དང༌། དབུ་མ་རྩ་ཤེས་དང་ཚིག་གསལ་སྐབས་སུ་གསུངས་པས་ལུང་ཐམས་ཅད་བསྡུས་ན་ལུང་དགུ་ལ་སོགས་པའི་སྒོ་ནས་ཆོས་གྱི་བདག་མེད་རྟོགས་དགོས་པར་གསུངས་ཡོད་པ་རེད། ཡིན་ན་ཡང་གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་ལས་བརྩམས་ཏེ་བཤད་ན་གཙོ་བོ་བྱམས་ཆོས་ཀྱི་རྗེས་སུ་འབྲངས་བ་རེད། བྱམས་ཆོས་ཀྱི་རྗེས་སུ་འབྲངས་བ་ཡིན་དུས་དཔེར་ན་བསྟན་བཅོས་རྒྱུད་བླ་མའི་སྐབས་སུ། འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་བདེན་པར་འཛིན་པའི་བདེན་འཛིན་དེ་ཤེས་སྒྲིབ་ཡིན་པར་གསུངས་ཡོད་པས་རྒྱུ་མཚན་གྱིས་ཉོན་སྒྲིབ་སྤངས་བ་ལ་བདེན་འཛིན་སྤངས་མི་དགོས་པ་ལྟ་བུ་གསུངས་ཡོད་པ་དེ་དང༌། དེ་ནང་བཞིན་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱིས་སྐབས་སུ། དེ་ནི་མཚན་མ་དམིགས་དགོས་ནས། །ཐབས་མ་ཡིན་པའི་རིང་བ་དང༌། །ཐབས་གྱི་རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་པོ་ཕྱོགས་དག་དང༌། །ཞེས་སོགས་གསུངས་པའི་སྐབས་དེར་ཉན་རང་གི་གཞི་ཤེས་དེ་མཚན་འཛིན་གྱིས་བཅིང་བའམ་མཚན་མར་དམིགས་པའི་སྒོ་ནས་བདེན་འཛིན་གྱི་མཚན་མའི་དམིགས་པ་དང་བཅས་པ་ཡིན་གསུངས་ཡོད་པའི་རྒྱུ་མཚན་གྱིས་རང་ལུགས་ལ་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་མི་དགོས་ པར་འདོད་པའི་ལུགས་ལྟར་གསུངས་ཡོད། ཡིན་ནའང་ཐེག་ཆེན་པ་དམན་ལམ་དུ་ལྟུང་བ་ཡོད་པ་རེད། དེ་ལ་བསམ་བློ་བཏང་ཡོང་ན་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པ་ཨེ་ཡོད་ཟེར་ན་ཡོད་པ་སྲིད་ཅེས་བཤད་བཞག་ན་མི་ཆོག་པ་མེད། དེས་ན་དྲི་ཟུར་དང་པོའི་ལན་དེ་ཙམ་ཞུས་པ་དེ་ཡིན། ཡང་ཇོ་ནང་རང་ལུགས་ལ་བདེན་འཛིན་ཉོན་སྒྲིབ་མ་ཡིན་པ་དེ་བསྟན་བཅོས་རྒྱུད་བླའི་སྐབས་སུ་འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་གསུངས་པ་ལྟར་ཡིན། དེས་ན་ཉོན་མོངས་བའི་སྒྲིབ་པ་གང་འཇོག་ཅེས་ཟེར་ན་རྒྱུད་བླར་སེར་སྣ་ལ་སོགས་རྣམ་རྟོག་གང༌། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཅེས་གསུངས་བ་ནང་བཞིན་དུ་ཉོན་མོངས་བ་འདོད་ཆགས་ཞེ་སྡང་གཏི་མུག་སེར་སྣ་ལ་སོགས་པ་ཉོན་མོངས་བའི་སྒྲིབ་པ་སྟེ། དེ་དག་ལ་ཉོན་སྒྲིབ་ཀྱི་གཙོ་བོ་ངོས་འཛིན་མཛད་ཀྱིན་ཡོད་ཅེས་ཞུ་རྒྱུ་དེ་ཡིན། དེ་ལྟར་ཡིན་པའི་སྒྲུབ་བྱེད་ནི། གཞན་སྟོང་དབུ་མ་རྒྱན་ལས། དེ་ཕྱིར་ཐེག་དམན་འཕགས་པས་ཆོས་ཐམས་ཅད། །ཆོས་བདག་མེད་པར་རྟོགས་ཞེས་འདི་མི་འཐད། །ཅེས་དང༌། དྲིས་ལན་གནད་ཀྱི་གསལ་བྱེད་ལས། རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་ཉན་རང་ལའང་ཡོད་པ་དང༌། མདོ་ཆེན་པོ་སྟོང་པ་ཉིད་སོགས་སྟོང་ཉིད་ཀྱི་རྣམ་གྲངས་ཐེག་དམན་ལ་ཡང་མང་དུ་འབྱུང་ཞིང༌། འོན་ཀྱང་དེ་དག་གིས་དངོས་བསྟན་ཕལ་ཆེར་བ་ནི། དངོས་པོ་རྣམས་རྒྱུ་རྐྱེན་སྣ་ཚོགས་པའི་རྟེན་འབྲེལ་ལས་འབྱུང་བས། བྱེད་པོ་ལ་སོགས་པས་སྟོངས་པ་དང༌། རགས་པ་དང༌། རྒྱུན་དུ་སྣང་བ་རྣམས་འཁྲུལ་པ་ཙམ་དུ་སྟོན་ཅིང༌། ཆོས་གང་ལ་ཡང་ང་བདག་གི་དངོས་པོས་སྟོང་པ་ཙམ་ཁོ་ན་སྣང་མོད། དེ་ཙམ་རྟོགས་པ་ལ་ཡང་སྟོང་ཉིད་རྟོགས་པའི་ཐ་སྙད་འཇུག་ཏུ་ནི་རུང་སྟེ། གང་ཟག་གི་བདག་མེད་རྟོགས་པ་ལ། བདག་མེད་རྟོགས་པའི་ཐ་སྙད་ཐོབ་པ་བཞིན་ནོ། །ཞེས་པ་ནས། མདོ་རྒྱན་གྱི་ལུགས་ལ། ཐེག་དམན་པས་བདག་མེད་གཉིས་རྟོགས་ཡོད་པར་འདོད་དགོས་པར་ཐལ་བར་མི་འགྱུར་ཞིང༌། ཞེས་པ་ནས། སྤྱིར་ནི་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པ་ཉིད། ལུང་རིགས་རྣམ་དག་གིས་གྲུབ་སྟེ། ཡོད་པར་འདོད་པ་རྣམས་ཀྱི་ཁུངས་སུ་འདྲེན་པའི་ལུང་རྣམས་དེའི་ཁུངས་སུ་མི་འགྱུར་ཞིང༌། རིགས་པ་རྣམས་ཀྱང་མ་ངེས་ལ། དེ་ལ་ལྡོག་ཕྱོགས་གནོད་བྱེད་ཀྱི་ལུང་དང་རིགས་པ་ཡང་མང་དུ་ཡོད་པའི་ཕྱིར་རོ། །ཞེས་དང༌། སྐྱེས་བུ་གསུམ་གྱི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་ལས། ཉན་རང་གི་བྱང་ཆུབ་གཉིས་པོ་དེ་རང་དོན་སྤངས་རྟོགས་མ་རྫོགས། གཞན་དོན་སེམས་ཅན་ལ་ཕན་འདོགས་རྒྱ་ཆེན་པོ་དང་བྲལ། སྤངས་པ་མ་རྫོགས་ཏེ། ཉོན་མོངས་པའི་སྒྲིབ་པ་ཁོ་ན་སྤངས་ཀྱི་ཤེས་བྱའི་སྒྲིབ་པ་མ་སྤངས། རྟོགས་པ་མ་རྫོགས་ཏེ། གང་ཟག་གི་བདག་མེད་དང་གནས་སྐབས་ཀྱི་རྟེན་འབྲེལ་ཉི་ཚེ་ཙམ་རྟོགས་ཀྱི་ཆོས་ཀྱི་བདག་མེད་དང༌། རྟེན་འབྲེལ་མཐར་ཐུག་མ་རྟོགས། ཞེས་དང༌། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་མེད་དཔྱད། སྐབས་དོན་གཞི་ཤེས་གཏན་ལ་དབབ་པའོ། །དང་པོ་ནི། འཇུག་པའི་རང་འགྲེལ་དུ། དཔེ་སྔོན་དུ་བཏང་ནས། ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་སེམས་ཡང་སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་བསམ་པའི་ཆེ་བ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་གྱི་རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱོད་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཞེས་པ་ནས། འོན་ཀྱང་སྡུད་པར། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང༌། ཞེས་དང༌། མི་རྟག་ཡོངས་སུ་སྟོན་པ་བཅོས་ལ་སྤྱོད་པ་སྟེ། །ཞེས་སོགས་འདིར་ཡང༌། དེ་ནི་མཚན་མར་དམིགས་སྒོ་ནས། །ཞེས་སོགས་དང༌། གཟུགས་སོགས་ཕུང་པོ་སྟོང་ཉིད་དང༌། ཞེས་པ་ནས། སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་སོགས་བཀའ་ཐ་མ་ཕལ་ཆེ་བ་དང༌། བཀའ་བར་པའི་མདོ་བསྟན་བཅོས་དུ་མ་ལས་ཉན་ཐོས་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བཤད་ཅིང་རང་རྒྱལ་ལའང༌། འཛིན་པ་མི་སྤོང་ཕྱིར་དང་ནི། །ཞེས་འཛིན་པ་རང་བཞིན་མེད་པར་རྟོགས་པ་མེད་པར་བཤད་དོ། །ཞེས་པ་ནས། ཡུམ་གྱི་མདོ་བསྟན་བཅོས་རྒྱན་རྗེས་འབྲང་དང་བཅས་པར་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་ཆེས་གསལ་བར་བཤད་པས་ས་བཅུ་པ་དང་འཕགས་པ་ཀླུའི་གསུངས་དེ་དག་དགོངས་པ་ཅན་དུ་བྱ་དགོས་སམ་སྙམ་སྟེ། ཞེས་གསུངས་པའི་ཕྱིར། ཡང་ཉན་རང་གི་ཆོས་ཀྱི་བདག་མེད་མ་རྟོགས་པར་མདོ་སྡེ་དུ་མ་ལས་གསུངས་ཏེ། རྒྱན་སྡུག་པོ་བཀོད་པའི་མདོ་ལས། ཕུང་པོ་གང་ཟག་བདག་མེད་པར། །རབ་ཏུ་རྣམ་ཕྱེ་མཐོང་གྱུར་ཅིང༌། །ཆོས་ཀྱི་དངོས་ཡོད་མ་བཤིག་པར། །ཉན་ཐོས་དེ་དག་མངོན་རྟོགས་གྱུར། །བདག་མེད་གཉིས་ལ་མཁས་པ་རྣམས། །རྒྱལ་བའི་སྲས་རྣམས་སྒོམ་པར་བྱེད། །ཅེས་དང༌། དམ་ཆོས་པད་དཀར་ལས། འོད་སྲུང་ཆེན་པོས། ཆོས་འདི་ཐམས་ཅད་ཟག་མེད་ཞི་བ་སྟེ། །འགོག་པ་དང་ནི་སྐྱེ་བ་རྣམ་པར་སྤངས། །འདི་ན་ཆོས་རྣམས་གང་ཡང་མ་མཆིས་ཤེས། །དེ་ལྟར་བསམ་ན་དད་པར་མ་གྱུར་ཏོ། །ཞེས་དང༌། ལང་གཤེགས་ལས། གཞན་ཡང་བློ་གྲོས་ཆེན་པོ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ནི་ཤེས་བྱའི་སྒྲིབ་པ་དང༌། ལས་ཀྱི་བག་ཆགས་མ་སྤངས་པའི་ཕྱིར་ཆོས་ལ་བདག་མེད་པ་མ་བསྒོམས་ཤིང༌། བསམ་གྱིས་མི་ཁྱབ་པར་འགྱུར་བའི་ཤི་འཕོ་བ་མ་ཐོབ་པས། ཉན་ཐོས་རྣམས་ལ་ཐེག་པ་གསུམ་དུ་བསྟན་ཏེ། ཐེག་པ་གཅིག་ཏུ་མ་ཡིན་ནོ། །ཞེས་གསུངས་པའོ། །ཡང་ཁ་ཅིག་ཉན་ཐོས་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་ཀྱང་རང་རྒྱལ་ལ་དེ་རྟོགས་པ་ཡོད་དེ། གཟུང་བ་བདེན་མེད་རྟོགས་པ་ཡོད་པའི་ཕྱིར་ཏེ། བསྟན་བཅོས་མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། ལུང་དེའི་དགོངས་དོན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་འདི་ལྟར་གསུངས་ཏེ། ཤེར་འགྲེལ་སྔོན་མེད་ལེགས་བཤད་ལས། རང་རྒྱལ་གྱིས་གཟུང་བ་ཆོས་ཀྱི་བདག་མེད་མངོན་སུམ་རྟོགས་སམ་མ་རྟོགས་ཞེ་ན། མ་རྟོགས་ཞེས་བྱའོ། །འོ་ན་ཇི་སྐད་དུ། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པ་ཤེས་པར་བྱ། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། རང་རྒྱལ་རྣམས་ནི་རྟེན་འབྲེལ་ཡུན་རིང་དུུ་གོམས་པ་ལས། འཇིག་རྟེན་མ་རིག་པའྀ་རྐྱེན་ཅན་དུ་ཤེས་པས་ན། དེའི་ཤུགས་ཀྱིས་གཟུང་བའི་རྣམ་རྟོག་ཤིན་ཏུ་ཉམས་སྨད་པ་ཡིན་པས། དེ་ལྟ་བུའི་རྟོགས་པ་དེ་ཡང་བྱང་ཆུབ་སེམས་དཔའི་ལམ་ཤེས་ཀྱི་རྟོགས་རིགས་ཀྱི་ནང་དུ་འདུས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་སྐབས་འགའ་ཞིག་ཏུ་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་དུ་རྟོགས་པས། ང་བདག་དང་ཕྱི་རོལ་གྱི་དོན་གདོད་ནས་མ་གྲུབ་པར་རྟོགས་ཤིང༌། དེ་ཉིད་ཀྱང་སྤྲོས་པ་ཐམས་ཅད་དང་གདོད་ནས་བྲལ་བའི་རྣམ་པ་ཅན་ཡིན་མོད་ཀྱི། འཛིན་པ་ལ་ཆེད་གཏད་ཤུགས་ཕྱུང་ནས་སྟོང་བ་སྒོམ་པ་མེད་པས། གཟུང་དོན་གྱི་རྟོག་པ་སྤོང༌། འཛིན་པའི་རྟོག་པ་མི་སྤོང་ཞེས་ཐ་སྙད་མཛད་པ་ཡིན་གྱི། འཛིན་པའི་མངོན་ཞེན་དང་བཅས་པ་ནི་མ་ཡིན་ནོ། དེ་ལྟ་བུའི་ཡེ་ཤེས་དེས། རང་རྒྱལ་གྱི་རྟོགས་པ་གང་ཡིན་པ་དེ། རིགས་མཐུན་གྱི་ཚུལ་གྱིསབསྡུས་པ་ཡིན་པས་རང་རྒྱལ་གྱི་ལམ་གྱི་མིང་བཏགས་པ་ཙམ་མོ། །ཞེས་ཞིབ་པར་གསུངས་པ་དེ་ལྟར་ཡིན་ལ། དེ་བཞིན་དུ་ཕར་ཕྱིན་མདོ་ལུགས་མ་ལས། བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ཉིད་ཀྱི་ཤེར་ཕྱིན་ནི་དོན་དམ་པ་དང༌། གཟུགས་སོགས་སྟོང་ཞེས་བྱ་བར་གཟུང་བར་མི་རྟོག་པས་གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། ཀུན་རྫོབ་ཏུ་ཐེག་པ་གསུམ་ལ་སོགས་པ་བསྟན་ཅིང་ཐོབ་པའི་སྒོ་ནས་བྱེད་པ་པོའི་ཆོས་སུ་འཛིན་པ་ཡོད་པས་འཛིན་པ་མི་སྤོང་ཕྱིར་དང་ནི། རྟེན་བྱང་ཆུབ་སེམས་དཔའི་ལམ་གྱིས་བསེ་རུ་ལྟ་བུའི་ལམ་མི་དམིགས་པའི་ཚུལ་གྱིས་ཡང་དག་པར་བསྡུས་པར་ཤེས་པར་བྱའོ། །ཞེས་དང༌། ཡང་འཇུག་པ་རང་འགྲེལ་ལས། དངོས་པོ་རང་བཞིན་མེད་པར་ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ལྟར་དེ་དག་ཀྱང་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་རང་གི་བློས་རྣམ་པར་དཔྱད་པས་ཀྱང་ཟིལ་གྱི་གནོན་པར་འགྱུར་ལ། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ཉན་རང་དགྲ་བཅོམ་པ་ཆོས་ཅན། ཁམས་གསུམ་གྱི་ཕྲ་རྒྱས་མ་སྤངས་པར་ཐལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་གོམས་པ་མེད་པའི་ཕྱིར། དཔེར་ན་ཕྱི་རོལ་བའི་དྲང་སྲོང་བཞིན། རང་འགྲེལ་ལས། ཕྱི་རོལ་པ་བཞིན་དུ་ཁམས་གསུམ་ན་སྤྱོད་པའི་ཕྲ་རྒྱས་ཐམས་ཅད་སྤངས་པར་ཡང་མི་འགྱུར་རོ། །ཞེས་སོ། །གསུམ་པ་ནི། ཉན་རང་དགྲ་བཅོམ་པ་ཆོས་ཅན། གང་ཟག་གི་བདག་མེད་མཚན་ཉིད་ཚང་བ་མ་རྟོགས་པར་ཐལ། གཟུགས་ལ་སོགས་པའི་ཕུང་པོ་ལ་བདེན་པར་དམིགས་པའི་བློ་ཕྱིན་ཅི་ལོག་གི་ཞེན་ཡུལ་སུན་ཅུང་ཟད་ཀྱང་མ་བྱུང་བའི་ཕྱིར། རྟགས་ཁས། ཁྱབ་སྟེ། བདག་ཕུང་པོ་ལས་ཡན་གར་བ་མེད་ཅིང་བདག་དང་གང་ཟག་གི་གདགས་གཞི་ཕུང་པོ་ལ་བདེན་འཛིན་གྱི་ཞེན་པ་ཅུང་ཟད་ཀྱང་མ་ཕྱུང་པའི་ཕྱིར། རང་འགྲེལ་ལས། གཟུགས་ལ་སོགས་པའི་རང་གི་ངོ་བོ་ལ་དམིགས་པས་ཕྱིན་ཅི་ལོག་ཏུ་གྱུར་བའི་ཕྱིར། གང་ཟག་གི་བདག་མེད་པ་རྟོགས་པར་མི་འགྱུར་ཏེ། བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པའི་ཕྱིར། ཞེས་སོགས་གསུངས་སོ། །སྒྲུབ་བྱེད་ཀྱི་ལུང་དགུ་ནི། འཇུག་པ་རང་འགྲེལ་དུ་བཀོད་པའི་ལུང་ལྔ་དང༌། དེ་ལས་གཞན་ཚིག་གསལ་དུ་བཀོད་པའི་ལུང་བཞི་སྟེ་དགུ་བོ་འདི་ལྟ་སྟེ། དང་པོ་ནི་རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོ་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །དཀྱིལ་འཁོར་ལྟ་བུ་ཕན་ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །དེ་ནི་རང་གཞན་གཉིས་ཀ་དང༌། །དུས་གསུམ་ཉིད་དུ་མ་མཐོང་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །དེ་ནས་ལས་དང་སྐྱེ་བ་ཡང༌། །ཞེས་དང༌། གཉིས་པ་ཡང་དེ་ལས། ཇི་ལྟར་མིག་ནི་འཁྲུལ་བ་ཡིས། །ཞེས་པ་ནས། གནས་མེད་ལེན་མེད་མངའ་ངན་འདའ། །ཞེས་པའི་བར་རཽ། །གསུམ་པ་ཡང་དེ་ལས། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་བ་ཉིད། །ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པ་དེ་ཕྱིར་བཟོད་པར་གྱིས། །ཞེས་པའོ། །བཞི་བ་ནི། ཉན་ཐོས་ལ་བསྟན་པའི་མདོ་ལས། གཟུགས་ནི་དབུ་བ་བརྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པ་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་པའོ། །ལྔ་བ་ནི་རྩ་བ་ཤེས་རབ་ལས། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏྱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང༌། མེད་པ་གཉིས་ཀའང་དགག་པ་མཛད། །ཅེས་པའོ། །ཀ་ཏྱ་ན་ལ་གདམས་པའི་མདོ་ནི་ལུང་ཕྲན་ཚེགས་ལས། ཀ་ཏྱ་ན་གང་གི་ཕྱིར་འཇིག་རྟེན་འདི་ནི་ཕལ་ཆེར་ཡོད་པ་ཉིད་དང་མེད་པ་ཉིད་ལ་མངོན་པར་ཞེན་ཏེ། དེས་ན་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང༌། འཁྲུག་པ་དག་ལས་ཡོངས་སུ་གྲོལ་བར་མི་འགྱུར། འགྲོ་བ་ལྔའི་འཁོར་བ་ལས་གྲོལ་བར་མི་འགྱུར། འཆི་བའི་སྡུག་བསྔལ་ལས་གྲོལ་བར་མི་འགྱུར། ཞེས་པའོ། །དྲུག་པ་ནི་ཡུམ་ལས། གཟུགས་ལ་སྤྱོད་ན་མཚན་མ་ལ་སྤྱོད་ཀྱི་ཤེར་ཕྱིན་ལ་སྤྱོད་པ་མ་ཡིན་ནོ། །ཞེས་དང༌། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེར་ཕྱིན་ལ་བསླབ་པར་བྱའོ། །ཞེས་སོགས་སོ། །བདུན་པ་ནི། སྡུད་པ་ལས། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང༌། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །དཔེར་ན་ཕ་རོལ་ཚུལ་རོལ་འགྲོ་ངོགས་མི་མཐོང་བཞིན། །ཞེས་པའོ། །བརྒྱད་པ་ནི་ལྷག་བསམ་བསྟན་པའི་མདོ་ལས། དཔེར་ན་མི་ལ་ལ་ཞིག་གིས་སྒྱུ་མ་མཁན་གྱི་རོལ་མོ་བྱུང་བའི་ཚེ། སྒྱུ་མ་མཁན་གྱིས་སྤྲུལ་བའི་བུད་མེད་མཐོང་ནས། འདོད་ཆགས་ཀྱི་སེམས་བསྐྱེད་དེ། དེ་འདོད་ཆགས་ཀྱིས་སེམས་བཀྲིས་ནས་འཁོར་གྱིས་འཇིགས་ཤིང་བག་ཚ་སྟེ། སྟན་ལས་ལངས་ནས་སོང་སྟེ་དེ་སོང་ནས་ཀྱང་བུད་མེད་དེ་ཉིད་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང༌། མི་རྟག་པ་དང་སྡུག་བསྔལ་བ་དང༌། སྟོང་བ་དང་བདག་མེད་པར་ཡིད་ལ་བྱེད་ན། རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། མི་དེ་ཡང་དག་པར་ཞུགས་པ་ཡིན་ནམ་འོན་ཏེ་ལོག་པར་ཞུགས་པ་ཡིན། གསོལ་བ། བཅོམ་ལྡན་འདས་གང་བུད་མེད་མ་མཆིས་པ་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང༌། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་བ་དང༌། བདག་མེད་པར་ཡིད་ལ་བགྱིད་པའི་མི་དེའི་མངོན་པར་བརྩོན་པ་དེ་ནི་ལོག་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ན་དགེ་སློང་དང་དགེ་སློང་མ་དང༌། དགེ་བསྙེན་དང་དགེ་བསྙེན་མ་ཁ་ཅིག་མ་སྐྱེས་ཤིང་མ་བྱུང་བའི་ཆོས་རྣམས་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང༌། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་བ་དང་བདག་མེད་པར་ཡིད་ལ་བྱེད་པ་གང་ཡིན་པ་དེ་དག་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །ང་ནི་མི་བླུན་པོ་དེ་དག་ལ་ལམ་སྒོམ་པ་ཡིན་ནོ་ཞེས་མི་སྨྲ་སྟེ་དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱའོ། །ཞེས་པའོ། །དགུ་བ་ནི་བསམ་གཏན་དཔེ་མཁྱུད་ཀྱི་མདོ་ལས། འཇམ་དཔལ་འཕགས་པའི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུུ་མ་མཐོང་བའི་སེམས་ཅན་ཕྱིན་ཅི་ལོག་བཞིས་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་འཁོར་བ་ཡང་དག་པ་མ་ཡིན་པ་འདི་ལས་འདའ་བར་མི་འགྱུར་རོ། །ཞེས་གསུངས་པ་དེའོ། །གཞན་ཡང་འཇིག་རྟེན་ལས་འདས་པར་བསྟོད་པ་ལས། མཚན་མ་མེད་པར་མ་རྟོགས་པར། །ཁྱོད་ཀྱིས་ཐར་བ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་པས་ཆོས་ཀྱི་བདག་མེད་མ་རྟོགས་ན་ཐར་བ་མི་ཐོབ་པར་བསྟན་མ་བསྟན་དཔྱད་པར་བྱའོ། །དྲི་བ་ཉེར་གསུམ་པ་ཡོངས་གྲུབ་སྟོང་གཞིར་བཟུང་ནས་སྟོང་ཉིད་གཏན་ལ་ཕབ་ཞེས་པའི་དོན་ཅི་ལྟར་ཡིན་ཞེས་པའོ། །ལན་ནི། དྲི་བ་དེའི་དོན་གོང་དུ་རྒྱས་ཤིང་རྒྱས་པར་བཤད་ཟིན་པ་དེ་ཡིན། དེ་མ་གཏོགས་དམིགས་བསལ་ཞུ་དགོས་པ་དང་ལྷག་སོང་བ་ཞིག་དྲན་གི་མི་འདུག ཡིན་ན་ཡང་ཁོང་གིས་དེ་རིང་དྲི་བ་གནང་འདུག་ན། ཡང་བསྐྱར་གྱི་ཚུལ་དུ་ཞུ་བ་ཡིན་ན་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་ལ་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཞེས་གསུངས་པ་རེད། དེའི་དོན་ངོ་བོ་ཉིད་དེ་ཁོ་ནས་ཞེས་གསུངས་བ་དེའི་གོང་ནས་ཀུན་བཏགས་གཞན་དབང་གཉིས་བཤད་ཟིན་ནས་ཀུན་བཏགས་གཞན་དབང་གཉིས་ཀྱི་ནང་ནས་ཀུན་བཏགས་དེ་རང་གི་མཚན་ཉིད་ངོ་བོ་ཉིད་མ་ཡིན་པ་དེ་དང་གཞན་དབང་ཡིན་ན་རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱི། བདག་ཉིད་ཀྱིས་སྐྱེ་བ་མ་ཡིན་པས་སྐྱེ་བ་ངོ་བོ་ཉིད་མེད་པ་ཡིན་པ་ལ་སོགས་པ་གསུངས་ནས། དེ་དག་རང་བཞིན་གྱིས་མ་གྲུབ་པ་དེ་གཏན་ལ་ཕབ་པའི་རྗེས་སུ་གཞན་དབང་ཀུན་བཏགས་གཉིས་གནས་ལུགས་མཐར་ཐུག་ཏུ་མ་གྲུབ། གནས་ལུགས་མཐར་ཐུག་ཏུ་གཞན་དབང་ཀུན་བཏགས་གཉིས་མ་གྲུབ་པ་དེས་སྟོང་གཞི་དེ་ཡོངས་གྲུབ་བཞག་ནས་དེ་གཉིས་ངོ་བོ་ཉིད་ཁོ་ནའི་ངོ་བོ་ཉིད་མ་མཆིས་པ་ཞེས་ཁོ་ནའི་རྣམ་བཅད་སྦྱར་བ་དེ་ཡང་ཡོངས་གྲུབ་དེ་གཞན་དབང་ཀུན་བཏགས་ཀྱིས་སྟོང་བ་མ་གཏོགས་ཡོངས་གྲུབ་ཁོ་རང་རང་གི་ངོ་བོ་བདེན་པས་མི་སྟོང་བ་ཡིན་པའི་རྒྱུ་མཚན་གྱིས་ངོ་བོ་ཉིད་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་གསུངས་བ་དེ་ཡིན། ཆོས་ལ་བདག་མ་མཆིས་པ་ཞེས་པ་དེ་ཆོས་ཀྱི་བདག་ཏུ་སྒྲོ་བཏགས་པ་ནང་བཞིན་ཆོས་བདག་ཏུ་མ་གྲུབ་པ་དེ་ལ་ཆོས་ལ་བདག་མ་མཆིས་པ་གསུངས་བ་དང་དེ་ནས་ངོ་བོ་ཉིད་དེ་ཁོ་ནའི་ངོ་བོ་ཉིད་མ་མཆིས་པ་ཆོས་ལ་བདག་མ་མཆིས་པ་དེ་བཞིན་ཉིད་དེ་ནི་ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་དེ་ཡིན་པར་གསུངས་བ་རེད། རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་འཕགས་པའི་མཉམ་བཞག་ཡེ་ཤེས་རྣམ་པར་དག་པ་བཞག་ནས། དེའི་དམིགས་པ་དེ་ཆོས་ཉིད་ཡོངས་གྲུབ་ཡིན་པར་གསུངས་བ་མ་གཏོགས་དེའི་སྐབས་སུ་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཟེར་བ་དང༌། ཆོས་ཀྱི་བདག་མེད་ཡིན་ན་ཆོས་ཀྱི་བདག་མེད་ཀྱིས་རབ་ཏུ་ཕྱེ་བ་ཡིན་ན་མེད་དགག་ཡིན་དགོས་པ་དེ་མདོ་སྡེ་དགོངས་བ་ངེས་འགྲེལ་ཁོ་རང་གི་ཚིག་ན་གསལ་ཁ་མེད་པ་མ་ཟད་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་འགྲེལ་བཤད་རྒྱ་ནག་གི་མཁན་པོ་ཝེན་ཚེག་གིས་མཛད་པ་དང་དགོངས་འགྲེལ་འགྲེལ་བ་བམ་པོ་ལྔ་བཅུ་པ་སོགས་མདོར་ན་དགོངས་འགྲེལ་ཀྱི་འགྲེལ་བ་གྲགས་ཆེ་བ་གསུམ་སོགས་ཐམས་ཅད་ཀྱི་སྐབས་སུ་མེད་དགག་ཡིན་པར་གསུངས་བའི་ཟུར་གཅིག་ཀྱང་མེད། དེ་བཞིན་དུ་རྒྱ་གར་འཕགས་པའི་གཞུང་ན་ཡོད་པ་མ་རེད་ཅེས་མདོར་མཚོན་པ་ཞིག་ཞུས་པ་དེ་ཡིན། དེར་མ་ཟད་མདོ་སྡེ་དགོངས་པ་ངེས་འགྲེལ་དེ་སེམས་ཙམ་མདོ་བཞིའི་ནང་ནས་གཅིག་རེད། དེ་ཡིན་ན་སེམས་ཙམ་མདོ་བཞི་སེམས་ཙམ་པ་དག་གིས་ཁས་ལེན་དགོས་པ་རེད། སེམས་ཙམ་པས་སྟོང་བ་ཙམ་དང་རང་འཛིན་རྟོག་པའི་ཞེན་གཞི་རང་མཚན་གྱིས་གྲུབ་པས་སྟོང་བའི་མེད་དགག་ཅིག་སེམས་ཙམ་པའི་ལུགས་ལ་དོན་དམ་བདེན་པ་ཡིན་ཞེས་པའི་གསལ་ཁ་ཞིག་སེམས་ཙམ་པ་རང་གི་བསྟན་བཅོས་གང་ན་གསལ་ཁ་མེད་པ་ཞིག་རེད་བསམ་གྱིན་ཡོད། རང་གིས་བསམ་ཚུལ་ཙམ་ཞུ་བ་དེ་ཡིན། དེ་མ་གཏོགས་པ་མཁས་པ་གཞན་གྱི་ལུགས་ལ་ཁོང་ཚོས་ལུང་དང་རིགས་པས་སྒྲུབ་བྱེད་འགྲོ་ལུགས་སོགས་གཞི་རྩ་བའི་ཆ་ནས་མི་འདྲ་བ་ཡོང་དུས། དེ་དག་གིས་དགོངས་པ་ངེས་འགྲེལ་གྱི་དོན་བཀྲལ་ཚུལ་མི་འདྲ་བ་ཆགས་འདུག ཡིན་ནའང་གཞན་སྟོང་དབུ་མ་ཆེན་མོའི་རང་ལུགས་ལས་བརྩམས་ཏེ་བཤད་པ་ཡིན་ན་དེ་འདྲའི་སྒོ་ནས་མཐའ་གཅིག་ཏུ་བཤད་ཐུབ་པ་དང་ལུང་རིགས་ཀྱི་སྒོ་ནས་མཐའ་དཔྱད་ཐུབ་པ་ཞིག་རེད་བསམ་གྱིན་ཡོད། དྲི་བ་ཉེར་བཞི་པ་ཀུན་གཞིའི་རྣམ་ཤེས་ས་བརྒྱད་པ་ནས་ལྡོག་པ་ཡིན་ན་དེ་ཕན་ཆད་ནས་སྒྲིབ་པ་ཡོད་པ་ཨེ་རེད་ཞེས་པའོ། །ལན་ནི། ཀུན་གཞིའི་རྣམ་པར་ཤེས་པ་དེ་ས་བརྒྱད་པའི་སྐབས་སུ་གནས་གྱུར་ཐོབ་པ་ཡིན། དེ་ནས་ཀུན་གཞི་རྣམ་པར་ཤེས་པའི་རྣམ་སྨིན་གྱི་ཆ་དེ་ལྡོག་གིན་ཡོད་པ་རེད། སྡུག་བདེན་ཡིན་པའི་ཆ་དེ་ཡང་ལྡོག་གིན་ཡོད་པ་རེད། ཡིན་ནའང་དེའི་རྫས་རྒྱུན་དེ་སངས་རྒྱས་སར་འགྲོ་བ་ཡིན། དེས་ན་ས་བརྒྱད་པའི་སྐབས་སུ་གནས་སྐབས་གནས་འགྱུར་ཐོབ་པ་མ་གཏོགས་མཐར་ཐུག་གི་གནས་འགྱུར་ཀུན་གཞིའི་རྣམ་ཤེས་མེ་ལོང་ཡེ་ཤེས་ཀྱི་ངོར་མ་གྱུར་བ་རེད། ས་བརྒྱད་པ་ཕན་ཆོད་དེའི་རྒྱུན་དུ་གྱུར་བའི་བརྒྱད་ཡིད་ཡོད་ཅིང༌། དེ་ལ་ཀུན་གཞིའི་རྣམ་ཤེས་རྣམ་སྨིན་ཞེས་ཐ་སྙད་མི་ཐོགས་པ་རེད། ཀུན་གཞིའི་རྣམ་སྨིན་ནི་རྣམ་སྨིན་ཡིན་དགོས་ལ་དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་སུམ་ཅུ་བའི་སྐབས་སུ་དེ་ལ་ཀུན་གཞི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །གསུངས་པ་ལྟར་རྣམ་སྨིན་ཡིན་དགོས་པ་རེད། དེས་ན་ས་བརྒྱད་པ་ནས་ཉོན་སྒྲིབ་སྤངས་བར་འདོད་པའི་ལུགས་ཡིན་ན་ས་བརྒྱད་པ་ནས་ཀུན་གཞི་གནས་འགྱུར་ཐོབ་ཀྱིན་ཡོད་པ་རེད། ས་དང་པོ་ནས་ཉོན་སྒྲིབ་སྤངས་བར་འདོད་པའི་ལུགས་ལྟར་ཡིན་ན་ས་དང་པོའི་སྐབས་སུ་དེའི་རྣམ་སྨིན་གྱི་ཆ་དེ་ལྡོག་ནས་དེའི་དུས་སུ་ཀུན་གཞིའི་རྣམ་ཤེས་ཀྱི་མཚན་ཉིད་ལྡོག་ནས་དེའི་ངོ་བོའམ་དེའི་རྫས་རྒྱུན་དེ་ལྡོག་ཡོད་པ་མ་རེད། དེའི་ངོ་བོ་གཙོ་སེམས་ཡིན་ཞིང་དེ་མ་ལྡོག་པ་དེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་རྩ་འགྲེལ་སྐབས་སུ་གསལ་བར་གསུང་གྱིན་ཡོད་པ་ནང་བཞིན་རེད། དེའི་རྒྱུ་མཚན་གྱིས་དག་པ་ས་གསུམ་གྱི་སྐབས་སུ་ཤེས་སྒྲིབ་ཡོད་པ་རེད། ཤེས་སྒྲིབ་ཀྱི་བག་ཆགས་འཇོག་སའི་གཞི་ནི་ཀུན་གཞིའི་རྣམ་ཤེས་ཀྱི་རྫས་རྒྱུན་དུ་གྱུར་བའི་བརྒྱད་ཡིད་ཀྱི་སྟེང་དུ་བཞག་ཆོག་པ་རེད་ཞུ་རྒྱུ་དེ་ཡིན། དེ་ཡང་རྒྱུན་མཐའི་སྐབས་སུ་བག་ཆགས་མ་ལུས་པ་ཡོངས་སུ་ཟད་ནས་རྫོགས་པའི་སངས་རྒྱས་ཀྱི་ངོ་བོར་གྱུར་བ་དེའི་ཚེ་གནས་འགྱུར་མཐར་ཐུག་ཐོབ་ནས་སློབ་དཔོན་ཙནྡྲ་གོ་མས།ཀུན་གཞིའི་རྣམ་ཤེས་གང་ཡིན་པ། །མེ་ལོང་ཡེ་ཤེས་ཉིད་གྱུར་པ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ནི། །ངོ་བོ་ཉིད་དུ་འགའ་ཞིག་འདོད། །ཅེས་ཀུན་གཞིའི་མཐར་ཐུག་གནས་འགྱུར་མེ་ལོང་ཡེ་ཤེས་ངོ་བོར་གནས་གྱུར་བ་རེད་གསུངས་ནས་ཀུན་གཞིའི་རྣམ་ཤེས་ཀྱི་རྫས་རྒྱུན་སངས་རྒྱས་ཀྱི་སར་འགྲོ་བར་མ་ཟད། དེའི་རྒྱུན་ནམ་རྫས་རྒྱུན་ཆད་པ་མེད་པར་ཁས་ལེན་ཐུབ་པ་ཞིག་ཏུ་ཆགས་འདུག་ཡོད། དེ་ལྟར་ཁས་ལེན་པ་མ་ཟད་ཀུན་གཞིའི་རྣམ་ཤེས་དེ་གང་ཟག་གི་མཚན་གཞིའི་རྣམ་ཤེས་ཡིན་པའི་རྒྱུ་མཚན་གྱིས་གང་ཟག་གི་རྒྱུན་ཆད་པ་ཡང་མེད། དེའི་རྒྱུན་ཆད་པ་ཡོད་ན་ལས་འབྲས་ཆུད་ཟོས་སུ་ཐལ་བའི་ཐལ་བ་སོགས་ཐལ་བ་མང་བོ་འབབ་ཀྱིན་ཡོད་པ་དེ་ནི་སྤྱིར་གཞུང་ལྟར་ཡིན་ནོ། །་ ་ དྲི་བ་ཉེར་ལྔ་པ་སློབ་དཔོན་ཀླུ་སྒྲུབ་མ་བྱུང་གོང་དུ་སེམས་ཙམ་པའི་སློབ་དཔོན་དང་སེམས་ཙམ་པའི་སྲོལ་འཛིན་དང་སེམས་ཙམ་པའི་སྲོལ་ཡོད་མེད་ཞེས་པའོ། །ལན་ནི། ཡང་སེམས་ཙམ་པའི་སློབ་དཔོན་དེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་མ་བྱུང་གོང་དུ་སེམས་ཙམ་པའི་སློབ་དཔོན་ཡོད་པ་དང༌། སེམས་ཙམ་པའི་སྲོལ་ཡོད་པ་དང་སྲོལ་འཛིན་ཡོད་པ་དེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་ཤེས་རབ་ལ་སོགས་པའི་ཕྱོགས་སྔ་མ་དེ་གཙོ་བོ་སེམས་ཙམ་པ་བྱས་ནས་བདེན་དངོས་སུ་གྲུབ་པར་འདོད་པ་སོགས་བཀག་ཡོད་པ་དེ་དབུ་མ་རྩ་བ་ཤེས་རབ་ཀྱི་གཞུང་ན་ཐོན་འདུག་ཡོད་ཞུ་རྒྱུ་དེ་ཡིན། དེར་མ་ཟད་སྤྱིར་བཏང་ཐོགས་མེད་སྐུ་མཆེད་སེམས་ཙམ་པའི་སློབ་དཔོན་ནམ་ཤིང་རྟའི་སྲོལ་འབྱེད་ཁས་ལེན་པའི་ལུགས་ཡིན་ནའང་སློབ་དཔོན་ཀླུ་སྒྲུབ་མ་བྱུང་གོང་དུ་སེམས་ཙམ་པའི་སློབ་དཔོན་ཡོད་པར་འདོད་མཁན་ཡང་ཡོད་ལ། དཔེར་ན་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཁོང་གིས་ཀྱང་སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་གྲུབ་མཐའ་སྨྲ་བ་བཞི་ཀ་ཡོད་པར་གསུངས་ཡོད་པའི་ཕྱིར་ན་དེའི་སྐབས་སུ་ཤིང་རྟའི་སྲོལ་འབྱེད་ཡོད་ན་ཡང་མི་ཆོག་པ་མེད་པ་ལྟ་བུ་ཞིག་རེད། རིགས་པའི་ལམ་ནས་བསམ་བློ་བཏང་ན་དེ་འདྲ་ཡིན། དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཆོས་འབྱུང་དང་དེ་བཞིན་དུ་ཐམས་ཅད་མཁྱེན་པའི་གསུང་རབ་མང་བོ་ལས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་མ་བྱུང་བའི་སྔ་རོལ་དུ་སྔོན་གྱི་རྣལ་འབྱོར་སྤྱོད་པའི་སློབ་དཔོན་ཨ་བྷི་སྟར་ཀ་ལ་སོགས་པའི་སློབ་དཔོན་ལྔ་བརྒྱ་བྱུང་བའི་ཕྱིར་ཟེར་བ་དེ་སྔོན་རྒྱ་གར་འཕགས་པའི་ལོ་རྒྱུས་ཁུངས་ཐུབ་ནང་ན་ཡོད་པ་ཞིག་གསུངས་པ་མ་གཏོགས། དེ་དག་རྫུན་ཡིན་པ་དང་རྫུན་བཤད་དགོས་པ་ཞིག་མ་རེད་ཞུ་རྒྱུ་དེ་ཡིན།དེར་མ་ཟད་སེམས་ཙམ་པའི་སློབ་དཔོན་འཕགས་པ་ཐོགས་མེད་དེ་ས་གསུམ་བརྙེས་པ་ཡིན་པའི་རྒྱུ་མཚན་གྱིས་ས་གསུམ་པ་བ་ཡིན་ན་ས་དང་བོའི་སྐབས་སུ་དབུ་མའི་ལྟ་བ་མངོན་སུམ་དུ་རྟོགས་ཡོད་པར་གསུངས་ཡོད་པ་རེད། དེ་ལྟར་ཡིན་ན་ཆོས་ཉིད་མངོན་སུམ་དུ་རྟོགས་པ་ཞིག་ཡིན་དུས་དབུ་མའི་ལྟ་བ་མངོན་སུམ་དུ་རྟོགས་པའི་སེམས་ཙམ་པ་མེད་པ་དེ་ཕལ་ཆེར་མཁས་དབང་རྣམས་ལ་ཡོངས་གྲགས་ཞིག་རེད། གཞན་ཡང་འཕགས་པ་ཐོགས་མེད་ནི་ས་གསུམ་པ་ཡིན། དེ་ན་ས་གསུམ་པ་བརྙེས་ཡོད་དུས་ས་ལམ་མཐོན་པོ་ལ་གནས་པའི་གང་ཟག་ཅིག་ཆགས་ཚར་བ་རེད། དེ་ཡིན་དུས་ཁོ་རང་གི་རང་ལུགས་སམ་ལྟ་བ་མཐར་ཐུག་དེ་གཞན་སྟོང་གི་ལུགས་སུ་ཆགས་ཚར་བ་ཡིན། དེར་མ་ཟད་འཕགས་པ་ཐོགས་མེད་རང་ཉིད་ཀྱིས་མཛད་པའི་རྒྱུད་བླའི་འགྲེལ་བ་ཐོགས་འགྲེལ་སྐབས་སུ་གསལ་བར་གསུངས་པ་ལ་བརྟེན་ནས་ཀྱང་གོ་ཐུབ་ཀྱིན་འདུག ཡང་ས་སྡེ་ལྔ་སྡོམ་རྣམ་གཉིས་ལ་སོགས་པའི་སྐབས་སུ་སེམས་ཙམ་པའི་ལྟ་བ་ཞར་བྱུང་ཅུང་ཟད་གསུངས་ཡོད་པ་རེད། དེ་ཡང་རྣམ་འགྲེལ་སྐབས་སུ་ལུགས་བརྒྱ་གསུངས་བ་བཞིན་རེད། དཔེ་དེ་ལྟར་གྲུབ་སྟེ། སློབ་དཔོན་ཤཱཀྱ་བློའི་རྣམ་འགྲེལ་འགྲེལ་བཤད་སྐབས་སུ་རྣམ་འགྲེལ་ལུགས་བརྒྱ་ལྡན་པའི་རྣམ་པར་དབྱེ་ཞེས་གསུངས་སོ། །ལུགས་གཞན་གསུངས་བ་ཙམ་གྱིས་དེའི་རང་གཞུང་ཡིན་དགོས་པ་མ་རེད། དེ་བཞིན་དུ་སེམས་ཙམ་པའི་ལུགས་ཅུང་ཟད་བཤད་པ་ཙམ་གྱིས་སེམས་ཙམ་པའི་ལུགས་ཡིན་དགོས་པ་མ་རེད། རྒྱ་གར་འཕགས་པའི་ལོ་རྒྱུས་དབང་དུ་བྱས་ན་ཡང་ས་སྡེ་ལྔའི་རྗེས་སུ་འབྲང་བའི་སེམས་ཙམ་པ་དངོས་གནས་བ་ཞིག་མཐུན་སྣང་དུ་གྲུབ་པའི་མཁས་པ་གཅིག་ཀྱང་འཇོག་རྒྱུ་མེད་དོ། །དྲི་བ་ཉེར་དྲུག་པ་གཞན་སྟོང་གི་ལྟ་གྲུབ་དེ་འཕགས་ཡུལ་མཁས་པའི་གཞུང་ཡོད་མེད་ཡོད་ན་གཞན་སྟོང་ཞེས་པའི་བརྡ་ཆད་རྒྱ་གར་འཕགས་པའི་ཡུལ་ལ་ཡོད་མེད་ཞེས་པའོ། །ལན་ནི། རིན་ཆེན་སྒྲོན་མེ་ཟེར་བ་དེ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གཞུང་ལུགས་ཡིན་པ་དེ་མཁས་པ་རྣམས་ཀྱིས་རྩོད་མེད་དུ་བཞེད་པ་དང་མཛད་བྱང་དང་མི་མཐུན་པ་མེད་པ་ཞིག་རེད། ཡིནའང་དེའི་ནང་ནས་ཚིག་གཅིག་རགས་པ་དེ་རྩོད་པའི་སྐབས་སུ་ཐལ་རང་གཉིས་རྣམ་འབྱེད་ཉམས་སུ་ལེན་པའི་དབུ་མ་ཕྲ་བ་གཞན་སྟོང་ཞེས་པ་བོད་ན་བསྒྱུར་འདུག དེ་ནང་བཞིན་དབུ་མ་རིན་ཆེན་སྒྲོན་མེའི་ནང་ན་ཚིག་ཅི་བཞིན་པ་ཡོད་པ་མ་རེད། དེ་དང་དོན་འདྲ་བོ་ཞིག དེང་སང་ སྡེ་དགེའི་བསྟན་འགྱུར་ལ་སོགས་པའི་ཁྲོད་ན་བཞུག་པས་རྒྱ་གཞུང་རང་ཡོད་པ་ཡིན་ལ། སྤྱིར་གཞན་སྟོང་གི་ལྟ་གྲུབ་ཡོད་མེད་དེ་གཞན་སྟོང་བཤད་སྲོལ་ཡོད་མེད་ཙམ་ཞིག་བརྟེན་དགོས་པ་མ་རེད། གཞན་སྟོང་དབུ་མ་ཆེན་མོའི་ལྟ་གྲུབ་ཟེར་བ་དེ་གང་འདྲ་ཞིག་ལ་ཟེར་བ་ཡིན་ཟེར་ན། དཔེར་ན་རྒྱུད་བླ་མའི་སྐབས་སུ་རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གསུངས་བ་ལྟར་རང་གི་ངོ་བོ་ཀུན་རྫོབ་གློ་བུར་གྱི་སྤྲོས་པས་སྟོང་ཞིང་དོན་དམ་པའི་ཡོན་ཏན་རྣམས་ཀྱིས་མི་སྟོང་བ་གཏན་ལ་ཕབ་པ་དེ་ལས་ལྷག་པའི་གཞན་སྟོང་དབུ་མ་ཆེན་མོའི་ལྟ་གྲུབ་ཅིག་རྒྱ་གར་འཕགས་པའི་ཡུལ་ལ་མེད། བོད་ན་ཡང་མེད། དེར་མ་ཟད་གཞན་སྟོང་ཞེས་པའི་ཐ་སྙད་ཡོད་མེད་བསམ་བློ་བཏང་ན་ཀུན་མཁྱེན་ཕྱོགས་རྒྱལ་བའི་གཞི་ལམ་འབྲས་གསུམ་ཡང་དག་དོན་གསལ་སྐབས་སུ་སྟོང་ཉིད་བཅུ་བདུན་བཅོ་བརྒྱད་དམ་བཅུ་དྲུག་གསུངས་བའི་སྐབས་སུ་རང་གི་ངོ་བོ་སྟོང་བ་ཉིད་དང་གཞན་གྱི་ངོ་བོ་སྟོང་བ་ཉིད་ཅེས་པའི་སྐབས་སུ་གཞན་གྱི་ངོ་བོ་ཉིད་ཅེས་པ་ལས་ལྷག་པའི་གཞན་སྟོང་ཞེས་པའི་བརྡ་ཆད་རྒྱ་གར་འཕགས་པའི་ཡུལ་ན་ཡང་ཡོད་པ་མིན་ཞེས་གསུངས་པ་བཞིན། སྐད་དོད་ཀྱི་དབང་དུ་བྱས་ན་དེ་ལས་གཞན་ཞིག་ཡོད་པ་མ་རེད། དེ་གཉིས་སྐད་དོད་གཅིག་པ་ཆགས་འདུག་ཡོད་ནི་རེད། རང་གི་ངོ་བོ་སྟོང་བ་ཉིད་ཅེས་པའི་སྐབས་སུ་རང་སྟོང་འཆད་ཚུལ་ཡོད་པ་དང༌། གཞན་གྱི་ངོ་བོ་ཉིད་སྟོང་བ་ཉིད་ཅེས་པའི་གཞན་སྟོང་འཆད་ཚུལ་ཞིག་ཡོད་པ་རེད། དེ་ནང་བཞིན་མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པའི་དེ་བཞིན་ཉིད་ཟེར་བ་སོགས་ཀྱིས་ཀྱང་གཞན་སྟོང་བསྟན་ཡོད་པ་རེད། དེ་ནང་བཞིན་དབུས་མཐའ་རྣམ་འབྱེད་ལས། གང་ཟག་དང་ནི་ཆོས་རྣམས་ཀྱིས། །དངོས་པོ་མེད་འདིར་སྟོང་བ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་པའི་སྐབས་སུ་ཡང་ཐ་སྙད་གསལ་བའི་སྒོ་ནས་གཞན་སྟོང་བསྟན་ཡོད་པ་རེད། སྤྱི་བཏང་ཐ་སྙད་དང་བརྡ་ཆད་ཟེར་བ་དེ་གཞུང་ལུགས་སོ་སོའི་དབང་གིས་ཕར་བརྡ་ཆད་སྦྱར་བ་མ་གཏོགས་མིང་གི་བརྗོད་བྱ་རང་མཚན་དུ་གྲུབ་པ་མེད་པ་དེ་འཕགས་པ་ཐོགས་མེད་ཀྱིས་བསྡུ་བའི་སྐབས་སུ་ཡང་མིང་གི་སྔ་རོལ་བློ་མེད་ཕྱིར། །མིང་བའི་ཕྱིར་དང་མ་འདྲེས་ཕྱིར། །ཞེས་གསུངས་པ་ལ་སོགས་པའི་སྒོ་ནས་མིང་གི་བརྗོད་གཞིར་རང་མཚན་གྱིས་མ་གྲུབ་པ་དེ་ཡང་དེ་འདྲའི་སྟེང་ནས་ཤེས་ཐུབ་པ་ཞིག་རེད་ཅེས་ཞུ་རྒྱུ་དེ་ཡིན། དཔེར་ན་རང་གི་ངོ་བོ་སྟོང་བ་ཉིད་གཞན་གྱི་ངོ་བོ་སྟོང་བ་ཉིད་ཅེས་པས་རང་སྟོང་གཞན་སྟོང་གིས་བརྡ་ཆད་བྱུང་བ་མ་ཡིན་ན་དཔེར་ན་རང་སྟོང་ཅེས་པའི་བརྡ་ཆད་ཀྱང་རྒྱ་གར་འཕགས་པའི་གཞུང་ལུགས་གང་ན་འདུག་ཅེས་ཕར་དྲི་བ་ཞིག་སླེབ་འགྲོ་བ་ཡིན། དེའི་རྒྱུ་མཚན་གྱིས་ཚིག་ལ་མི་རྟོན་དོན་ལ་རྟོན་པ་ཞེས་པ་ལྟར་དུ་དོན་སྟེང་ནས་བསམ་བློ་བཏང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཞུ་རྒྱུ་དེ་ཡིན། དྲི་བ་ཉེར་བདུན་པ་བདག་འཛིན་འཁོར་རྩ་ཡིན་མིན་ཞེས་པའོ། །ལན་ནི། གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་ལས་བརྩམས་ཏེ་བཤད་པ་ཡིན་ན་ཡང་བདག་འཛིན་ནི་འཁོར་བའི་རྩ་བ་ཡིན་ལ། བདག་འཛིན་གྱི་ཞེན་ཡུལ་མེད་པ་མ་རྟོགས་ན་འཁོར་བ་སྤངས་ཚུལ་མེད་པ་ཞིག་རེད། དེ་མེད་ན་རང་ལུགས་ལ་འཁོར་བ་མཐའ་ཅན་ཁས་ལེན་དགོས་པར་འགྱུར་ལ། དེ་ལྟར་མིན་པ་ནི་ཉ་ཊཱིཀ་ལས། འགྲེལ་ཆེན་གྱི་ཁྱད་མཚན་ཐད་དུ། ཁ་ཅིག་ན་རེ། གང་འདི་སངས་རྒྱས་ཀྱི་རིགས་ནི་ཐོག་མ་མེད་པ་ཡིན་པའམ་སངས་རྒྱས་རེ་རེ་འབྱུང་བ་ན་སེམས་ཅན་གྲངས་མེད་པ་གཅིག་ཡོངས་སུ་མྱ་ངན་ལས་འདའ་མོད་ཀྱི་དེ་ལྟ་ན་ཡང་འཁོར་བ་ལ་ཟད་པ་མེད་པས་མཐའ་ཡས་པའི་ཕྱིར་ནམ་མཁའ་དང་འདྲ་སྟེ་རི་བོ་ལ་སོགས་པའི་སྒྲིབ་གཡོགས་དུ་མ་ཡོད་ན་ཡང་ནམ་མཁའ་ཡོངས་སུ་ཟད་པ་མེད་དོ་ཞེས་ཟེར་རོ་ཞེས་སོ། །དེར་མཐའ་ཡོད་ཀྱི་ལུགས་ཀྱང་བཀོད་པ་ནི་སྔར་ཨ་བྷ་ཡའི་སྦྱོར་ངག་ལྟར་ཡོད་དོ། །གལ་ཏེ་མཐའ་ཡོད་ན་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་ཆད་པ་སྲིད་པར་འགྱུར་རོ། །མཐའ་ཡོད་བཤད་པ་ནི་བྱེ་བྲག་འགའ་ལ་དགོངས་ལ་སངས་རྒྱས་རེ་རེས་སེམས་ཅན་གྲངས་མེད་སྒྲོལ་ཡང་སངས་རྒྱས་འབྱུང་བ་ཨུ་དུམ་ཝ་རའི་མེ་ཏོག་ལྟར་དཀོན་པས་ཟད་མི་ནུས་སོ། །མདོ་ཀུན་བཏུས་འགྲེལ་བར། བྲི་བ་དང་གང་བ་མེད་པ་ནི་སེམས་ཅན་གྱི་ཁམས་མི་ཟད་པའི་ཕྱིར་ལ། མི་ཟད་པ་ཡང་སྤྱིའི་དབང་དུ་བྱས་པའི་ཕྱིར་ཏེ། སོ་སོའི་དབང་དུ་བྱས་ནས་གྲོལ་བའི་ཕྱིར་ཟད་པ་ཁོ་ནའོ། །སྤྱི་ནི་སོ་སོ་བ་འདུས་པ་མིན་ནམ། སོ་སོར་གྲོལ་བ་ཉིད་ཀྱིས་སྤྱི་ཅི་ལྟར་མི་གྲོལ། གང་ཞིག་སྣོན་པ་མེད་ལ་འབྲི་བ་ཡོད་པ་དེ་ནི་ཟད་པའི་ཆོས་ཅན་ཏེ།དཔེར་ན་འབྲུའི་ཕུང་བོ་ལྟ་བུ་ཞེ་ན། མ་ཡིན་ཏེ་རིས་སུ་ཆད་པ་མེད་པའི་ཕྱིར་དཔེ་འདྲ་བ་མིན་ནོ། །གང་ཞིག་ཕ་མཐའ་ཡོད་པ་དེ་ནི་ཟད་པར་རིགས་པ་ལས། སེམས་ཅན་གྱི་ཁམས་ནི་ནམ་མཁའི་ཁམས་དང་མཉམ་པས་ཕ་མཐའ་མེད་པས་ཅི་ལྟར་ཟད་པར་རིགས་ཞེས་ཤཱནྟིས་སོ། །དེ་ལྟར་གཉིས་ལས་སྤྱིར་མཐའ་མེད་བྱེ་བྲག་འགའ་ལ་མཐའ་ཡོད་པ་འཐད་དེ། མ་རིག་འཁྲུལ་འཁོར་འདི་ནི་ཟད་མེད་འཕེལ་བ་མེད། །ཅེས་སྡུད་པ་དང༌། ཐོག་མ་དང་ཐ་མ་མེད་པའི་སྟོང་གཞི་འཁོར་བ་ལ་བཤད་པ་ལ་སོགས་པ་མཐའ་ཡས་སོ། །མང་བོ་གྲོལ་ཡང་འཁོར་བ་ལ་བྲི་གང་མེད་དེ་རྒྱ་མཚོ་ལ་རྩྭ་རྩེས་ཆུ་འགའ་གཏོར་ཡང་བྲི་གང་མེད་པ་དང་ནམ་མཁའ་ལ་འདོམས་ཀྱིས་གཅལ་ཡང་བྲི་གང་མེད་པ་བཞིན་ཞེས་གསུངས་སོ། །གལ་ཏེ་རྒྱས་པའི་རིགས་ཡོད་ཐམས་ཅད་སངས་རྒྱས་འཐོབ་ན། དགོངས་འགྲེལ་ལས། ཉན་ཐོས་ཀྱི་རིགས་ཀྱི་གང་ཟག་ཞི་བར་བགྲོད་པ་གཅིག་པུ་བ་ནི་སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་ཀྱི་སྙིང་བོ་ལ་བཞག་སྟེ་བླ་མེད་རྫོགས་ཆུབ་ཐོབ་པར་བྱ་བར་མི་ནུས་སོ། །ཞེས་པ་དང་འགལ་ཞེ་ན། དེ་ནི་རེ་ཤིག་པ་ལ་དགོངས་ཀྱི་མཐར་ཐུག་སངས་རྒྱས་སུ་འགྱུར་ཏེ། ལང་གཤེགས་ལས། བློ་གྲོས་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་བ་རྣམས་ཉན་ཐོས་ཀྱི་ཐེག་པ་ལས་གྲོལ་བ་མིན་གྱི་འོན་ཀྱང་དེ་དག་ནི་ཐེག་ཆེན་པའི་མཐར་ཐུག་པ་ཡིན་ནོ། །ཞེས་སོ། །བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་དམ་པ་ལྷག་བཅས་ལྷག་མེད་གཉིས་ཐོབ་ནས། །སྲིད་པས་སྐྲག་ཡིད་དེ་དག་ནི། །ཚེ་ཟད་ལ་དགའ་མྱ་ངན་ལས། །འདས་ཐོབ་འདུ་ཤེས་ཅན་དུ་འགྱུར། །དེ་ལ་མྱ་ངན་འདས་ཡོད་མིན། །འོན་ཀྱང་སྲིད་གསུམ་ཁམས་སུ་ནི། །སྐྱེ་བའང་དེ་ལ་ཡོད་མ་ཡིན། །ཟག་མེད་དབྱིངས་གནས་དེ་དག་ཀྱང༌། །མི་ཤེས་ཉོན་མོངས་མིན་སྤང་ཕྱིར། །ཕྱིས་ནི་སངས་རྒྱས་ཀྱིས་བསྐུལ་ནས། །བྱང་ཆུབ་ཏུ་ནི་ཚོགས་བསགས་ཏེ། །དེ་ཡང་འཇིག་རྟེན་འདྲེན་པར་འགྱུར། །ཞེས་སོ། །ཞེས་གསུངས་པའི་ཕྱིར་དང༌། རྒྱན་གྱི་ས་འགྲེལ་ལས། རྒྱུ་དང་བྲལ་ཞེས་པ་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཐར་པ་ཆ་མཐུན་གྱི་དགེ་བའི་བག་ཆགས་མ་བཞག་པས་རྒྱས་འགྱུར་གྱི་རིགས་ཆད་ནས་འཁོར་བ་མཐའ་མེད་པར་གནས་པ་རྣམས་སོ། །ཞེས་དང༌། རང་བཞིན་གྱི་རིགས་ཆད་པ་ནི་མི་སྲིད་ཅིང་འཁོར་བ་མཐའ་མེད་དུ་འདོད་པའི་ལུགས་ལ་རྒྱས་འགྱུར་གྱི་རིགས་ཆད་ཡོད་ལ། མཐའ་ཅན་དུ་འདོད་པའི་ལུགས་ལ་རྒྱས་འགྱུར་གྱི་རིགས་ཆད་ཀྱང་མེད་པར་ཤེས་པར་བྱའོ། །ཞེས་སོ། །ཡང་རང་ལུགས་ལ་མཚོན་ན་གང་ཟག་བདག་མེད་བསྒོམ་པ་ཡོད་མེད་ལས། །སྲིད་ལས་གྲོལ་བ་ཡོད་མེད་རྗེས་སུ་དཔོག །ཅེས་གསུངས་དུས་ངེས་པར་དུ་གང་ཟག་གི་བདག་འཛིན་གྱི་ཞེན་ཡུལ་མེད་པར་རྟོགས་དགོས་པ་རེད། དེ་ཡང་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །འདི་དག་་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་དང༌། དབུ་མ་འཇུག་པའི་རྩ་བ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་འགྱུར་ཞིང༌། །ཞེས་དང༌། དབུ་མ་འཇུག་པའི་རང་འགྲེལ་ལས།ཉོན་མོངས་པ་རྣམས་དང་སྐྱོན་རྣམས་སོ། །དེ་ལ་ཉོན་མོངས་པ་རྣམས་ནི་འདོད་ཆགས་ལ་སོགས་པ་རྣམས་སོ། །སྐྱོན་རྣམས་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་ལ་སོགས་པ་དག་གོ །དེ་དག་ནི་མ་ལུས་པར་འཇིས་ཚོགས་ལ་ལྟ་བ་ལས་བྱུང་སྟེ། ཞེས་དང༌། མདོ་ལས། འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན། འཇིག་ཚོགས་ལ་ལྟ་བའི་ཀུན་འབྱུང་བ་ཅན་དག་གོ །ཞེས་གསུངས་པ་རེད། ཡིན་ན་ཡང་དཔེར་ན་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་བློས་གང་ཟག་བདག་དང་ཆོས་ཀྱི་བདག་ལ་སོགས་པ་སྤྲོས་པ་ཐམས་ཅད་ཀྱིས་སྟོང་བ་དེ་རྟོགས་ཀྱིན་ཡོད་ལ། རེད་དེ་ཆོས་ཉིད་རྟོགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེས་སྟོང་བའི་མེད་དགག་ཙམ་དེ་རྟོགས་ཀྱིན་མེད་ལ། མེད་ནའང་གང་ཟག་གི་བདག་སོགས་ཀྱིས་སྟོང་བའི་ཆོས་ཉིད་དེ་རྟོགས་དུས་དེ་ཡང་རྟོགས་དགོས་ལ། དཔེར་ན་འཇིག་རྟེན་གྱིས་གོ་སླ་བའི་དཔེར་སྦྱར་ན་བུམ་པ་མེད་པའི་ས་ཕྱོགས་རྟོགས་པའི་བློ་དེས་བུམ་པ་མེད་པ་དེ་ཤུགས་ལ་རྟོགས་དགོས་ཀྱིན་ཡོད་ལ་དེ་ནང་བཞིན་གང་ཟག་གི་བདག་མེད་སོགས་ཀྱིས་སྟོང་བའི་ཆོས་ཉིད་རྟོགས་དུས་བདག་འཛིན་གྱི་ཞེན་ཡུལ་མེད་པ་རྟོགས་དགོས་པ་རེད། དེས་ན་བདག་འཛིན་གྱི་ཞེན་ཡུལ་མེད་པར་རྟོགས་པ་ལ་བདག་མེད་དངོས་སུ་སྣང་དགོས་པའི་རྒྱུ་མཚན་གང་ཡང་ཡོད་པ་མིན་ལ། རང་གིས་བདག་འཛིན་གྱི་ཞེན་ཡུལ་མེད་པར་རྟོགས་དུས་བདག་འཛིན་ལ་གནོད་ཐུབ་པ་རེད། དེ་ཡང་ཚད་མ་རྣམ་འགྲེལ་ལས། འདི་ཡུལ་སུན་བྱུང་མེད་པ་ནི། །དེ་སྤངས་བ་ནི་ནུས་མ་ཡིན། །ཞེས་དེའི་ཞེན་ཡུལ་གྱིས་དབེན་པ་ལ་འཇུག་དགོས་ནི་རེད། དེའི་སྟེང་ནས་གཞུང་ལུགས་རྣམས་ཀྱི་སྐབས་སུ་གསུངས་པས་རིགས་པ་ཕྲ་ཞིབ་མང་བོ་ཞིག་བཤད་དགོས་ལ། དཔེར་ན་གང་ཟག་བདག་འཛིན་སྤངས་བ་ལ་གང་ཟག་བདག་འཛིན་གྱི་ཞེན་ཡུལ་མེད་པར་རྟོགས་དགོས་མིན་ཟེར་ན། སྤྱིར་བཏང་རང་རྒྱུད་ལྡན་གྱི་གང་ཟག་ལ་བསམ་བློ་བཏང་ན་དེ་དགོས་རྒྱུ་རེད་མ་གཏོགས་སྤྱིར་བཏང་ཆོས་ཀྱི་བདག་མེད་རྟོགས་པའི་རྒྱུན་མཐའི་ཡེ་ཤེས་ཀྱིས་དཔེར་ན་ཉོན་མོངས་བའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཅིག་ཆར་སྤངས་བའི་མདོ་ཕར་ཕྱིན་ཐེག་པའི་ལུགས་འཕགས་སེང་གི་ལུགས་ལྟ་བུ་ལ་སྦྱར་བ་ཡིན་ན་ཡང་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་ཡོད་པ་རེད། རྒྱུན་མཐའི་བར་ཆད་མེད་ལམ་གྱིས་གང་ཟག་བདག་མེད་མངོན་སུམ་དུ་རྟོགས་ཡོད་པ་མ་རེད་དེ་གང་ཟག་བདག་འཛིན་གྱི་རྩ་བ་དེ་ཆོས་ཀྱི་བདག་འཛིན་ལ་ཐུགས་ཡོད་པའི་རྒྱུ་མཚན་གྱིས་དེའི་རྩ་བ་སྤངས་ཡོང་དུས་གང་ཟག་བདག་འཛིན་ཡང་སྤངས་ཐུབ་ཡོད་པ་རེད། དེ་ནང་བཞིན་ཉན་ཐོས་བར་ཆད་མེད་ལམ་དང་ཐེག་ཆེན་བར་ཆད་མེད་ལམ་སོགས་ཀྱིས་བདག་མེད་རྟོགས་ཡོད་པ་ཡིན་ལ། ཡིན་ནའང་འདོད་ཆགས་ཞེ་སྡང་ལ་སོགས་པའི་ཞེན་ཡུལ་མེད་པ་དེ་བར་ཆད་མེད་ལམ་གྱིས་རྟོགས་ཡོད་པ་མ་རེད། ཡིན་ནའང་འདོད་ཆགས་ཞེ་སྡང་གཏི་མུག་སོགས་ཀྱི་རྩ་བ་བདག་འཛིན་མ་རིག་པ་ཆགས་འདུག་ཡོད་པ་ཡིན་ལ། དེ་ལྟར་ཡིན་ན་དེའི་ཞེན་ཡུལ་མེད་པར་རྟོགས་པའི་རྒྱུ་མཚན་གྱིས་དེ་སྤངས་འགྲོ་དུས་འདོད་ཆགས་སོགས་ཀྱང་སྤང་ཐུབ་པ་རེད། དེ་ཡང་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་སྐབས་སུ། གནོད་བྱ་གནོད་བྱེད་ངོ་བོ་ཕྱིར། །འདི་ནི་སྒྲོ་འདོགས་དབེན་པ་ལ། །འཇུག་ཅེས་བྱ་བ་ཤེས་པ་ཡིན། །ཞེས་གསུངས་པ་ལ་བརྟེན་ནས་ཤེས་ཐུབ་པ་ཅིག་དང་ཕྱོགས་གཅིག་ལ་བསམ་བློ་བཏང་ན་དེ་ལྟ་བུ་ཞིག་རེད། ཡང་ཅིག་བཤད་ན་མཉམ་བཞག་ལ་ཟློ་བའི་སྐབས་སུ་ཡང་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཀྱི་ནང་ནས་འཇོག་སྒོམ་བྱེད་པའི་སྐབས་དེར་སྤྲོས་པ་ཐམས་ཅད་དང་བྲལ་བའི་འོད་གསལ་བའི་སྟེང་དུ་མ་བཅོས་སོ་མ་རང་བཞིན་ལྷུན་གྲུབ་ཏུ་མཉམ་པར་བཞག་པའི་སྐབས་དེར་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་དང་བྲལ་བ་རེད། རྣམ་རྟོག་དགག་དུས་བདག་འཛིན་ཡང་དགག་འགྲོ་པ་རེད། བདག་འཛིན་ཡང་རྣམ་རྟོག་གི་བྱེ་བྲག་ཅིག་ཡིན་པས་སྤྱི་ཁེགས་ན་བྱེ་བྲག་ཀྱང་ཁེགས་དགོས་པ་ཞིག་ཆགས་འདུག་ཡོད་པ་རེད། དཔེར་ན་གང་ཟག་གི་རྒྱུད་ན་ཉོན་མོངས་ཁེགས་ཡོང་དུས་ཉོན་མོངས་བའི་འདོད་ཆགས་སོགས་ཀྱང་ཁེགས་འགྲོ་བ་བཞིན་རྣམ་རྟོག་ཁེགས་དུས་འདོད་ཆགས་སོགས་ཀྱང་ཁེགས་འགྲོ་བ་རེད། དེ་ཡང་རྣམ་པར་རྟོག་པ་ཁེགས་ལུགས་ཁེགས་སྟངས་དེ་ཡང་སྤྲོས་བྲལ་མཉམ་པར་བཞག་ཡོང་དུས་སྤྲོས་པ་ལ་སོགས་པའི་ཞེན་འཛིན་གྱི་ཞེན་ཡུལ་མེད་པར་རྟོགས་པའི་སྟེང་དུ་མཉམ་བཞག་ལ་ཟློ་བའི་སྐབས་དེར་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་ལ་མཉམ་པར་བཞག་དུས་སྤྲོས་པ་དང་བཅས་པར་འཛིན་པའི་འཛིན་པ་དེའི་ཞེན་ཡུལ་མེད་པར་རྟོགས་ཚར་བ་ཞིག་རེད། ཡང་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་བསྒོམས་པའི་སྐབས་དེར་ཡང་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་སོར་རང་རིག་པའི་ཡེ་ཤེས་དེས་ཀྱང་རྣམ་རྟོག་བདག་འཛིན་ལ་གནོད་ཚུལ་ཡང་དེ་ལྟ་བུའི་སྒོ་ནས་ཤེས་དགོས་ཀྱིན་འདུག་ཅེས་ཞུ་རྒྱུ་དེ་ཡིན། ཡང་གོང་ནས་ཁྱེད་རང་གིས་དྲི་བ་དྲི་སྟངས་དེ་གཞན་སྟོང་དབུ་མ་ཆེན་པོས་ཞེས་བྱེད་སྒྲ་སྦྱར་ནས་དེས་བདེན་འཛིན་ཞེན་ཡུལ་མེད་པར་རྟོགས་མ་རྟོགས་སྐད་ཆ་དེ་སྦྱར་དགོས་འདུག་གཞན་སྟོང་དབུ་མ་ཆེན་པོ་ཟེར་བ་དེ་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་བོ་རེད། དེ་ནི་ཡེ་གདོད་མ་ནས་རང་ཆས་སུ་གྲུབ་པའི་སངས་རྒྱས་ཀྱི་ཡེ་ཤེས་ཞིག་རེད། སངས་རྒྱས་ཡེ་ཤེས་དེ་སྒྲིབ་གཉིས་སྤངས་དགོས་པ་ཡིན། དེ་ཡང་བདག་འཛིན་ལ་སོགས་པའི་ཞེན་ཡུལ་མེད་པར་རྟོགས་པའི་སྒོ་ནས་དེ་ཞེན་ཡུལ་ཡང་སུན་བྱུང་དགོས་པ་རེད། དེ་ཡང་ཆོས་ཉིད་ནི་གདོད་མ་ནས་རང་བཞིན་ལྷུན་གྱིས་གྲུབ་པ་ཞིག་ཡིན། དཔེར་ན་གཟུང་རྒྱལ་ཞུས་པའི་མདོའི་སྐབས་སུ། ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། །སྔོན་ནས་ཟད་པས་དེས་ཕྱིར་ཟད་ཅེས་བྱ། །ཞེས་དང༌།དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། །སྔོན་ནས་ཟད་པས་དེ་ཕྱིར་ཟད་ཅེས་བསྟན། །ཟད་པ་གང་ཡིན་དེ་ནི་འདུས་མ་བྱས། །དེ་ལ་མཚན་ཉིད་གསུམ་ནི་ཡོད་མ་ཡིན། །དབྱིངས་དེ་གནས་པ་ཡིན་ཏེ་འགྱུར་བ་མེད། །ཞེས་དང༌། གསུངས་པ་ནང་བཞིན་རེད། དེ་ནང་བཞིན་རྒྱུད་བླ་མ་སོགས་ཀྱི་སྐབས་སུ་རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་དང༌། དབུས་མཐའ་ལས། ངོ་བོ་ཉིད་དང་གཉིས་མི་སྐྱེ། །དྲི་མ་ཞི་བ་གཉིས་སུ་འདོད། །ཞེས་དང༌། དེའི་འགྲེལ་པར། ངོ་བོ་ཉིད་ཀྱི་འགོག་པ་དང༌། གཉིས་འགོག་པ་དང་རང་བཞིན་གྱིས་འགོག་པའོ། །ཞེས་དང༌། ཆོས་ཀྱི་དབྱིངས་སུ་བསྟོད་པའི་རྣམ་པར་བཤད་པ་སྙིང་པོ་གསལ་བ་ཞེས་བྱ་བ་ལས། ཆོས་ཀྱི་དབྱིངས་སྐྱེ་འགག་ཏུ་འགྱུར་བ་མེད་ཅིང་ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། གདོད་མ་ནས་ཟད་པས་དེ་ཕྱིར་གྲོལ་ཞེས་བསྟན། ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས། ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་དུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། །ཞེས་དང༌། རྡོ་རྗེ་གུར་དུ། བདག་དང་གཞན་དུ་འཛིན་སྤངས་ཤིང༌། །རང་གིས་རིག་པའི་ཡེ་ཤེས་ཏེ། །ཞེས་དང༌། དཔལ་གསང་བ་འདུས་པར། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་གདོན་མ་ནས་ཡོངས་སུ་ཟད་པ་ཡིན་པར་གསུངས་ཡོད་པ་རེད། དེ་ནང་བཞིན་དོན་དམ་པའི་མཚན་ཡང་དག་པར་བརྗོད་པའི་སྐབས་སུ་རང་བཞིན་ཉེ་བའི་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་བ། །ཞེས་གདོན་མ་ནས་རང་བཞིན་ཡོངས་སུ་དག་པ་ཡིན་པར་གསུངས་ཡོད་པ་རེད། ཡིན་ནའང་གང་ཟག་སོ་སོའི་རྒྱུད་ཀྱི་ལམ་འདུས་བྱས་ཡོད་པ་རེད། ལམ་འདུས་བྱས་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་གཞན་སྟོང་དབུ་མ་ཆེན་པོ་ཟེར་ན་འདྲ་སྤྲོས་བྲལ་ཟེར་ན་འདྲ་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དེ་རྟོགས་ཡོང་དུས། སྤྲོས་འཛིན་གྱི་ཞེན་ཡུལ་མེད་པར་རྟོགས་པའི་སྟེང་ནས་སྤྲོས་འཛིན་གྱི་རྣམ་རྟོག་བདག་འཛིན་ལ་སོགས་པ་ཐམས་ཅད་ལ་གནོད་ལུགས་གནོད་སྟངས་དེ་འདྲའི་སྒོ་ནས་ཤེས་དགོས་པ་རེད། དེ་ཡང་དཔལ་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་སྐབས་སུ་གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །འདི་ནི་སྒྲོ་འདོགས་དབེན་པ་ལས། །འཇུག་ཅེས་བྱ་བར་ཤེས་པ་ཡིན། །ཞེས་གསུངས་པ་ནང་བཞིན་བཤད་ན་བཤད་རྒྱུ་ཡོད་པ་ཞིག་ཡིན། གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་ལས་བརྩམས་ཏེ་བཤད་ན་ཡང་བདག་འཛིན་གྱི་གཉེན་པོར་འགྲོ་ལུགས་འགྲོ་སྟངས་ཀྱང་དེ་འདྲའི་སྒོ་ནས་བཤད་དགོས་པ་ཞིག་རེད་ཅེས་ཞུ་རྒྱུ་དེ་ཡིན་ལགས། དྲི་བ་ཉེར་བརྒྱད་པ་ཉོན་ཡིད་གྲོགས་ཉོན་མོངས་པ་དང་བྲལ་ནས་སྤངས་ཚུལ་ཡོད་མེད་ཞེས་པའོ། །ལན་ནི། སྤྱིར་བཏང་ཉོན་ཡིད་ཞེས་བཤད་དགོས་པ་རེད། དེ་ཡང་རྒྱ་གར་ལེགས་སྦྱར་སམ་སྐྲི་ཏའི་སྐད་ཀྱི་དབང་དུ་བྱས་ན་དྲུག་པ་ཡིད་ཤེས་དང་བདུན་པ་ཉོན་ཡིད་གཉིས་ཀྱི་སྐད་དོད་གཅིག་པ་ཆགས་འདུག་ཡོད་པ་རེད། དེའི་དབང་གིས་རྒྱ་ནག་གི་བཀའ་འགྱུར་དང་བསྟན་འགྱུར་ནང་ལོགས་ན་ཉོན་ཡིད་ཟེར་བ་དེ་དང་དྲུག་པ་ཡིད་ཤེས་གཉིས་ཀྱི་སྐད་དོད་སོ་སོར་མེད་པའི་དབང་གིས་ཉོན་ཡིད་དེ་རྒྱ་གར་ལེགས་སྦྱར་སཾ་སྐྲི་ཏའི་སྐད་ཕར་སྒྲ་བསྒྱུར་བྱས་པ་དེ་འདྲ་བ་མང་པོ་ཡོད་པ་རེད། ཡིན་ནའང་བོད་ཁ་བ་གངས་ཅན་པའི་ལོ་ཙཱ་བ་རྣམས་ཀྱིས་བོད་སྐད་དུ་བ་ན་ཡིད་ཤེས་དེ་དང་ཉོན་ཡིད་གཉིས་མི་ནོར་བའི་ཆེད་དུ་ཉོན་མོངས་པའི་ཤེས་པ་ཞིག་ཉོན་ཡིད་ཅེས་བསྒྱུར་བ་རེད། དེ་ཡང་དེ་དང་མཚུངས་ལྡན་དུ་སོང་བའི་ཉོན་མོངས་པ་རྫས་ཡོད་བཞི་དང་བཏགས་ཡོད་ལྔ་ལ་སོགས་པ་ཡོད་པར་ཀུན་བཏུས་སུ་བཤད་པ་དང༌། རྫས་ཡོད་ཀྱི་ཉོན་མོངས་བཞི་ཡང་སློབ་དཔོན་དབྱིག་གཉེན་གྱི་སུམ་ཅུ་བར། ཉོན་མོངས་བཞི་དང་རྟག་ཏུ་འགྲོགས། །བདག་ཏུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་ཏུ་འདུ་ཤེས་པ། །ཞེས་གསུངས་བའི་རྒྱུ་མཚན་གྱིས་མཚུངས་ལྡན་གྲོགས་ཀྱི་སྒོ་ནས་མིང་ཉོན་ཡིད་ཞེས་ཟེར་ནས་ཉོན་མོངས་ཀྱི་ཡིད་ཅེས་བརྡ་ཆད་ཅིག་བོད་ཁ་བ་གངས་ཅན་པའི་ཡུལ་ན་མཛད་ཡོད་པ་རེད། ས་བརྒྱད་པའི་སྐབས་སུ་ཉོན་ཡིད་ཟག་བཅས་དེ་གནས་སྐབས་སུ་གནས་གྱུར་ནས་ཟག་མེད་ཀྱི་ངོ་བོར་གྱུར་བ་ཡིན། དེའི་ཚེ་ཉོན་ཡིད་མ་ཡིན་པར་ཆགས་པ་ཡིན་ཏེ། ཉོན་ཡིད་ཀྱི་རྫས་རྒྱུན་དེ་གཙོ་སེམས་ཀྱི་ངོ་བོར་གནས་པ་ཡིན། དེའི་སྐབས་སུ་ཉོན་ཡིད་དང་མཚུངས་ལྡན་གྱི་ཉོན་མོངས་པ་རྣམས་མཚུངས་ལྡན་ཁ་བྲལ་བའི་སྒོ་ནས་སྤངས་བ་རང་ལུགས་ལ་འདོད་དགོས་པ་ཡིན། སྤྱིར་བཏང་གྲུབ་མཐའ་སྨྲ་བ་སོ་སོའི་ལུགས་ཡིན་ན་མཛོད་རང་ལུགས་ལ་ཕལ་ཆེར་མཚུངས་ལྡན་ཁ་བྲལ་བའི་སྒོ་ནས་སྤངས་བ་མེད་པ་ཨེ་ཡིན་བསམ་གྱིན་ཡོད། ཡིན་ནའང་ཉོན་ཡིད་མཐར་ཐུག་གནས་གྱུར་མཉམ་ཉིད་ཡེ་ཤེས་ཡིན་པར་གཞུང་དུ་མའི་སྐབས་སུ་གསུངས་གྱིན་ཡོད་པ་རེད། དེ་ཡང་རང་ལུགས་ཀྱི་དབང་དུ་བྱས་ན་ཉོན་ཡིད་གནས་གྱུར་བའི་མཉམ་ཉིད་ཡེ་ཤེས་ཞེས་གསུངས་ཡོད་པ་དེ་འདྲ་ཞིག་རེད། སྤྱིར་བཏང་མེ་ལོང་ཡེ་ཤེས། མཉམ་ཉིད་ཡེ་ཤེས། སོར་རྟོག་ཡེ་ཤེས། བྱ་གྲུབ་ཡེ་ཤེས། ཆོས་དབྱིངས་ཡེ་ཤེས་ལྔའི་ནང་ནས་ཆོས་དབྱིངས་ཡེ་ཤེས་ལ་དོན་དམ་འདུས་མ་བྱས་པའི་ཡེ་ཤེས་ཡིན་པས་ཁྱབ་བ་མཐའ་གཅིག་ཏུ་གསུངས་ཡོད་པ་རེད། དེ་ལམ་འདུས་བྱས་ཡིན་པར་གསུངས་ཡོད་པ་མ་རེད། ཡེ་ཤེས་གཞན་རྣམས་ནི་འདུས་བྱས་འདུས་མ་བྱས་གཉིས་ཡོད་པའི་རྒྱུ་མཚན་གྱིས་ཆོས་དབྱིངས་ཡེ་ཤེས་ལས་གཞན་པའི་ཡེ་ཤེས་བཞི་ལ་འདུས་བྱས་བཞི་དང་འདུས་མ་བྱས་བཞི་སྟེ་ཡེ་ཤེས་བརྒྱད་དང་དེའི་སྟེང་དུ་ཆོས་དབྱིངས་ཡེ་ཤེས་བསྣན་ཏེ་ཡེ་ཤེས་དགུ་ཞེས་རི་ཆོས་ངེས་དོན་རྒྱ་མཚོའི་འབྲས་བུའི་རྣམ་བཞག་སྐབས་སུ་གསལ་བར་གསུངས་བ་ནང་བཞིན་རང་ལུགས་ལ་འདུས་བྱས་སུ་གྱུར་བའི་མཉམ་ཉིད་ཡེ་ཤེས་ཁས་ལེན་གྱིན་ཡོད་པ་རེད། དེ་ཁས་ལེན་ན་དེའི་རྫས་རྒྱུན་སྔ་མ་སློབ་པའི་ས་ན་ཉོན་ཡིད་དེ་འཇོག་དགོས་པ་རེད། ཡིན་ནའང་ས་བརྒྱད་པ་ཡན་ཆད་ཉོན་ཡིད་ཅེས་བརྡ་ཆད་མཛད་ཡོད་པ་མ་རེད། དེའི་རྫས་རྒྱུན་དུ་གྱུར་བའི་ཤེས་པ་དེ་ལ་བདུན་པ་ཡིད་ཤེས་ཞེས་མཁས་པའི་དབང་ཕྱུག་གུང་ཐང་བསྟན་པའི་སྒྲོན་མེ་སོགས་རི་བོ་དགེ་ལྡན་པའི་སྐྱེས་ཆེན་བསམ་གྱིས་མི་ཁྱབ་པ་དེ་དག་གིས་བརྡ་ཆད་དེ་ལྟར་མཛད་ཡོད་པ་ཞིག་རེད། དེས་ན་རང་ལུགས་ལ་བརྡ་ཆད་དེ་ལྟར་མཛད་ན་མི་ཆོག་པ་མེད་པ་འདྲ་སྟེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཞལ་སྔ་ནས་ཀྱང་ཀུན་རྗོབ་ཆོས་སྐད་རྣམ་པ་སྣ་ཚོགས་རྣམས། །ལུང་རིགས་གཉིས་དང་མཐུན་ན་ཅི་དགར་མཛོད། །ཅེས་གསུངས་པ་ལྟར་ལུང་རིགས་གཉིས་དང་མི་འགལ་བ་ཞིག་དགོས་གསུངས་པ་རེད། སྤྱིར་ནམ་རྒྱུན་རྟག་པར་གོ་བ་ཟེར་བ་དེ་ལུང་རིགས་གཉིས་དང་མི་འགལ་བའི་གོ་བ་ཞིག་དགོས་ནི་རེད་མ་གཏོགས་ང་ཚོས་ལུང་རིགས་གང་ཡང་མེད་ནས་རང་གི་རྣམ་རྟོག་འཆར་སྒོ་རེ་བཤད་རྒྱུ་ཡོད་པ་ཙམ་གྱིས་གོ་བ་ཟེར་རྒྱུ་མ་རེད། དཔེར་ན་ང་ཚོས་རི་བོང་རྭའོ་བསམ་ན་ཡང་རྩ་རྩེ་མོ་སོགས་བློ་ངོར་འཆར་རྒྱུ་རེད་དེ་དེ་ཙམ་གྱིས་གོ་བ་ཟེར་རྒྱུ་མ་རེད། དེས་ན་གོ་བ་ཟེར་རྒྱུ་དེ་ལུང་རིགས་གཉིས་དང་མི་འགལ་བའི་གོ་བ་ལུང་རིགས་སྤྱི་དང་མཐུན་པའི་གོ་བ་ལུང་དང་རིགས་པ་དང་མི་འགལ་བའི་གོ་བ་ལུང་རིགས་ཟུང་འབྲེལ་གྱི་གོ་བ་ཡོངས་ན་གོ་བ་ཆགས་ཡོད་པ་རེད། ང་ཚོས་རིགས་པའི་ལམ་ནས་བརྟག་དཔྱད་མ་བྱས་པར་བཤད་ཡོང་དུས། དེའི་གོ་བ་དེ་གོ་བ་མ་ཡིན་བཞིན་དུ་གོ་བ་ཡིན་པར་རློམ་ནས་གོ་བ་ཡིན་པར་འཛིན་པ་དེ་རིལ་འཛིན་གྱི་རྨོངས་བ་ཞིག་རེད། ཆོས་གཅིག་གི་སྟེང་དུ་ལྡོག་ཆའི་རྣམ་པ་མཐའ་ཡས་པ་ཞིག་ཡོད་པ་དེ་གོ་ཐུབ་དུས་ཆོས་གཅིག་གི་སྟེང་དུ་ལྡོག་ཆ་མཐའ་ཡས་པ་ཡོད་པ་གཏན་ལ་ཕབ་ཟེར་ན་འདྲ་ལུང་རིགས་ཀྱིས་གཏན་ལ་ཕབ་ཡོང་དུས་ཚིག་ཙམ་མ་གཏོགས་བློ་ངོར་དེ་ཙམ་ལས་འཆར་མི་ཐུབ་པའི་རྒྱུ་མཚན་གྱིས་ཚིག་ཙམ་ཟེར་རྒྱུ་འདྲ་མྱོང་བའི་སྟེང་ནས་ཡོང་གིན་འདུག དེའི་རྒྱུ་མཚན་གྱིས་དེ་འདྲ་ཞིག་མ་རེད། དེ་ལྟ་བུའི་ལྡོག་ཆ་དུ་མ་ཡོད་པ་མ་ཤེས་པའི་དབང་དང་སྔོན་གཞུང་ལུགས་མ་ཤེས་པའི་དབང་གིས་ཁ་ཅིག་གིས་ཆོས་ཉིད་དེ་སེམས་ཅན་ཞིག་གི་ཁོག་པའི་ནང་དུ་གཟུངས་འཇུག་བཞག་པ་ལྟར་རིལ་བོ་ཞིག་རང་རྐྱ་ཐུབ་པའི་རྫས་ལྟ་བུ་ཁས་ལེན་མཁན་ཡོད་པ་རེད། དེ་ལྟར་ཁས་ལེན་ན་རང་དབང་བའི་བདག་ཁས་ལེན་པ་དང་འདྲ། དེས་ན་ཕྱི་རོལ་བའི་བདག་ཏུ་ལྟ་བ་ལྟར་བདག་ཏུ་ཁས་ལེན་པར་འགྱུར། དེ་ལྟ་བུ་མ་ཡིན་པར་ང་ཚོས་སེམས་ཅན་ཐམས་ཅད་གྱི་རྒྱུད་ལ་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་བོ་ཡོད་ཟེར་བ་དེ་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་བོ་དེ་ཀུན་རྫོབ་ཐམས་ཅད་འཁྲུལ་བར་སྣང་བའི་ཆོས་ཅན་དེའི་གནས་ལུགས་སམ་གཤིས་ལུགས་སུ་གྲུབ་པ་དེ་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་བོ་རེད། དེ་ཡིན་དུས་དེ་ནི་ནམ་མཁའ་ལྟར་བརྟན་གཡོ་བ་ཀུན་ལ་ཡོངས་སུ་ཁྱབ་པ་ཏིལ་ལ་ཏིལ་མར་གྱིས་ཁྱབ་པ་ལྟར་ཆོས་ཉིད་ནི་ལུས་ཅན་སེམས་ཅན་ཐམས་ཅད་ལ་ཆོས་ཉིད་ཀྱི་ཚུལ་གྱིས་ཡོངས་སུ་ཁྱབ་པ་དེ་བསམ་བློ་བཏང་རྒྱུ་ཧ་ཅང་གལ་ཆེན་པོ་ཞིག་རེད། དེ་ནས་དེ་རིང་ཡན་ཆོད་ཉི་མ་ལྔ་ལ་དྲི་བ་དྲིས་ལན་དེ་རྣམ་པ་ཚོས་དྲི་བ་གང་ལ་གང་འཚམས་གནང་བ་དེ་ལ་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་རྒྱུ་དེ་དང་རང་གི་ངོས་ནས་ཆུ་ཚོད་དང་བྱ་བ་མང་པའི་དབང་གིས་དྲི་ལན་དེ་སྐབས་སྐབས་སུ་མདོར་བསྡུས་སུ་ཞུས་པ་དང༌། སྐབས་སྐབས་སུ་ཆུ་ཚོད་ཀྱི་དབང་གིས་དེ་འདྲ་ཙམ་ལས་རྒྱས་པར་མ་བཤད་པ་དང་བར་བར་དུ་རྒྱས་པར་ཞུས་པ་དང་གོང་ནས་བཤད་ཟིན་པ་དག་སླར་ཡང་ནས་ཡང་དུ་མང་བོ་ཞུས་ན་གཞན་པ་རྣམས་ལ་སུན་སྣང་བཟོ་བསམས་ནས་མདོར་བསྡུས་ཙམ་ཞུས་པ་དེ་ཡིན། ཡིན་ནའང་ཁྱེད་རྣམ་པའི་ཐུགས་དགོངས་མ་གང་བ་དང་དྲི་བ་དེ་ཞེ་འདོད་ཀྱི་དྲི་བ་ནང་བཞིན་གྱིས་ལན་དུ་མ་སོང་པ་ཡོད་ན་ཐམས་ཅད་ལ་མཐོལ་ལོ་བཤགས། བཟོད་པར་གསོལ། ཁྱེད་རྣམ་པ་ཆོས་སྤྱན་དང་ལྡན་པ་རྣམས་ཀྱིས་ཐུགས་ཡངས་ཆེན་པོའི་ངང་ནས་དགོངས་འགལ་མེད་པར་ཞུ། སྨྲས་པ། དགེ་འདིའི་མཚོན་ནས་དུས་གསུམ་དང་འབྲེལ་བའི། །བདག་གཞན་དགེ་བའི་རྩ་བ་ཇི་མཆིས་པ། །དེ་དག་ལ་བརྟེན་སྐྱེ་ཞིང་སྐྱེ་བ་རུ། །ཟབ་མོ་ཆོས་ཀྱི་དོན་དང་མི་མཐུན་པའི། །འཇིག་རྟེན་སྙན་གྲགས་ཐོབ་པའི་རྒྱུར་མ་སྨིན། །སྐྱེ་བ་ཀུན་ཏུ་མཚན་ལྡན་བླ་མའི་དྲུང༌། །ཐོས་བསམ་ཚུལ་བཞིན་བྱས་ནས་ལམ་གཉིས་རྫོགས། །མཐར་ཐུག་བྱང་ཆུབ་ཁོ་ནའི་རྒྱུ་གྱུར་ཅིག


previousགཞན་སྟོང་གི་དཀའ་གནད་ཀྱི་དྲི་ལན་མུན་པ་སེལ་བྱེད་དམ་པའི་ཞལ་ལུང༌། no next