Nitartha Digital Library
Tibetan
གསུང་འབུམ་པོད་བཅོ་ལྔ་པ། བསྟན་པའི་གསོ་སྨན་སོགས།

25 occurrences of བརྒྱུད་གསུམ་
[Clear Hits]


expand section
ཇོ་ནང་ཕྱོགས་སུ་འཆད་ཉན་དར་སྤེལ་མཛད་པའི་མཚན་བྱང་ཙམ་བརྗོད་པ།
expand section
10  expand section
 expand section
expand section
 
  
  
  
  


25 occurrences of བརྒྱུད་གསུམ་
[Clear Hits]

 
no previousཇོ་ནང་ཕྱོགས་སུ་འཆད་ཉན་དར་སྤེལ་མཛད་པའི་མཚན་བྱང་ཙམ་བརྗོད་པ། next

ཇོ་ནང་ཕྱོགས་སུ་འཆད་ཉན་དར་སྤེལ་མཛད་པའི་མཚན་བྱང་ཙམ་བརྗོད་པ།

དགེ་བཤེས་དངོས་གྲུབ་དཔལ་གྱིས་ཇོ་ནང་ཕྱོགས་སུ་འཆད་ཉན་དར་སྤེལ་མཛད་པའི་མཚན་བྱང་ཙམ་བརྗོད་པ།

ཇོ་ནང་དགེ་བཤེས་ངག་དབང་དངོས་གྲུབ་དཔལ་བཟང་པོ་མཆོག་འཕགས་ཡུལ་ནས་༢༠༠༤ལོར་ཕེབས་ནས་མདོ་ལིའི་རྡོ་ཁ་དགོན་དུ་ཕེབས་ནས་བཤད་གྲྭ་གསར་འཛུགས་གནང་ནས་ད་ལྟའི་བར་བཤད་གྲྭ་མ་ཉམས་པར་གནས་ཡོད་ལ། མཁན་མུན་སེལ་དང༌། མཁན་རས་པ་དང༌། མཁན་རིན་རྒྱམ་དང༌། མཁན་ལྷ་དབང་སོགས་གསོ་སྐྱོང་བྱས་པ་སོགས་དགོན་དེར་བཀའ་དྲིན་ཆེ་བ་དང༌། ལྕམ་མདའ་དགོན་དུ་སྔ་ཕྱིར་ཐེངས་བརྒྱད་ལྷག་ལ་ཕེབས་ནས་རྩོད་གྲྭ་གསར་འཛུགས་གནང་ནས་ད་ལྟ་ཁོང་གི་སློབ་མ་མཁན་བློ་ཆོས་དང་མཁན་པོ་དཀོན་འཕྲིན་དང་མཁན་ཀར་བློ་དང་མཁན་དོན་དམ་དཔལ་སོགས་མཁས་པ་དུ་མས་སྐྱོང་བཞིན་ཡོད། ཨ་སྐྱོང་དགོན་པར་བཤད་གྲྭ་ཆད་ནས་ལོ་བཅུ་ཕྲག་ལྷག་གི་མཚམས་༢༠༠༥་ནས་མཁན་པོ་ལས་ཐོག་པའི་ལས་འགན་ལོ་གསུམ་ཙམ་བཞེས་ནས་བཤད་གྲྭ་དང་རྩོད་པ་བཙུགས། མཁན་བསམ་བཟང་དང་མཁན་དཔལ་འབྱོར་ཚེ་རིང་སོགས་བསྐྱེད་བསྲིངས་བྱས་ནས་ད་ལྟའི་བར་དུ་བཤད་གྲྭ་མ་ཉམས་པར་གནས་ཡོད། ༢༠༠༧གི་ལོ་མཇུག་ལ་མགོ་ལོག་ལུང་སྐྱ་དགོན་དུ་ཐེག་མཆོག་དབུ་མ་དང་གཏན་ཚིགས་བསྡུས་དོན་སོགས་ཁྲིད་ནས་འཕེལ་རྒྱས་སུ་སོང་ནས་ད་ལྟའི་ཆར་དགོན་དེའི་བསྟན་བདག་འཇམ་དབྱངས་སྦྱིན་པ་དང༌། མཁན་པདྨ་བློ་གསལ་དང༌། མཁན་སྤྲུལ་བསྟན་པའི་རྒྱལ་མཚན་སོགས་འཆད་ཁྲིད་གནང་ཐུབ་པའི་མཁས་དབང་མང་པོ་བསྐྱེད་བསྲིངས་བྱས་ནས་དགོན་པ་དེ་དང་འབྲེལ་བ་ཧ་ཅང་ཟབ་མོ་ཆགས་ཡོད། མཆོག་སྤྲུལ་འཇིགས་མེད་རྡོ་རྗེ་མཆོག་གི་ཐུགས་བཀོད་ལྟར་གཙང་ཆེན་དགོན་གྱི་གྲྭ་བཞི་བཅུ་ལྷག་ཨ་སྐྱོང་དགོན་དང་ལུང་སྐྱ་གཉིས་སུ་ཕེབས་ནས་དམ་པ་གང་གི་མདུན་ནས་སློབ་སྦྱོང་གནང༌། ༢༠༠༨ཀྱི་ལོར་མཆོག་སྤྲུལ་འཇིགས་མེད་རྡོ་རྗེ་སོགས་ཀྱིས་ཡང་ཡང་རེ་བསྐུལ་ཞུས་པ་ལྟར་གཙང་ཆེན་དགོན་དུ་ཕེབས། དགོན་པ་དེར་ལམ་རིམ་ལྟ་མི་བཅུ་གཉིས་ཙམ་མཁན་འོད་རབ་མདུན་དུ་བཞུགས་པ་ལས་གཞན་བཤད་གྲྭ་མེད་ཀྱང་མཁས་དབང་གང་གིས་ལོ་གཉིས་ཀྱི་རིང་ལ་མདོ་སྔགས་སློབ་གླིང་ཞེས་པའི་དབུ་བཟུང་ནས་གྲྭ་བ་སུམ་བརྒྱ་ལྷག་འདུས་ཏེ། ཀུན་སྤྱོད་དང་འགྲིག་ལམ་བཤད་གྲྭ་བའི་གྲངས་ཀ་སོགས་འཕེལ་རྒྱས་སུ་སོང་ནས་ད་ལྟའི་བར་གོང་འཕེལ་དུ་འགྲོ་བཞིན་ཡོད། མཁན་པོ་ཡང་མང་དུ་གསོ་སྐྱོང་གནང༌། སྐབས་དེར་གཞན་སྟོང་བགྲོ་གླེང་ཐེངས་ལྔ་བའི་སྐབས་སུ་ཇོ་ནང་གི་སློབ་གཉེར་བ་ཡོངས་དང་གཙང་ཆེན་དགོན་པའི་སྦྱོར་དྲུག་པ་ཆོས་ཚན་གསུམ་དང་བཅས་པ་ལ་རྒྱུད་བླ་དོལ་ཊཱིཀ་ཁྲིད་ལུང་དང་བཅས་གནང་བ་དང༌། ཛམ་ཐང་ཆོས་རྗེ་དགོན་པའི་བཤད་གྲྭ་རྣམས་ལ་ཚད་མའི་བསྟན་བཅོས་ཡིད་ཀྱི་མུན་སེལ་སོགས་ཁྲིད་ལ། ཛམ་ཐང་ཆོས་རྗེ་དགོན་གྱི་དགོན་མ་ལག་བཅས་པའི་དམ་པ་གང་གི་མདུན་ནས་འཆད་ཉན་གཙོ་བོར་བྱས་ནས་གནས་བཞིན་ལགས། ༢༠༡༠ལོར་ཚ་ཁོ་སྟོད་པའི་དགོན་ཆེན་ཛ་འགོའི་རི་ཁྲོད་བྱང་ཆུབ་ཆོས་རྫོང་དུ་ཕེབས་ནས་ལོ་གསུམ་ཙམ་བཞུགས། ཇོ་ནང་བརྩེ་ཆེན་མཐོ་སློབ་གསར་དུ་བཙུགས་ནས་བཤད་གྲྭ་བ་སུམ་བརྒྱ་ཡས་མས་ཚོགས་ནས་བཀའ་པོད་ལྔའི་འཆད་ཉན་བཙུགས། ད་ལྟའི་བར་དམ་པ་གང་ཉིད་མཚམས་རེ་ཕེབས་པ་དང་བཤད་གྲྭའི་དགེ་རྒན་སོགས་བཀོད་སྒྲིག་བྱེད་བཞིན་ཡོད། དགོན་དེར་མཁན་པོ་དགེ་ལེགས་དང༌། མཁན་དཀོན་མཆོག་དཔལ་དང༌། མཁན་ཉི་མ་སོགས་མཁས་དབང་མང་པོ་གསོ་སྐྱོང་གནང༌། རྒྱལ་རོང་པཱ་ལ་དགོན་དུ་སྔ་ཕྱི་དུ་མར་ཕེབས། དགོན་དེར་ཁོང་གི་མདུན་ནས་མདོ་སྔགས་དང་བཅས་པ་ལ་གསན་བསམ་བྱེད་མཁན་མཁན་དབང་རྒྱལ་དང༌། མཁན་རིག་རྒྱས་སོགས་གྲྭ་བ་མང་པོ་གསོ་སྐྱོང་གནང༌། རྒྱལ་རོང་ཁང་གསར་དགོན་དུ་ཐེངས་མང་པོ་ཕེབས། མཁན་ཤེས་རབ་རིན་ཆེན་དང༌། མཁན་བཟང་ལྡན་སོགས་གྲྭ་སུམ་ཅུ་ཡས་མས་ཀྱིས་ཁོང་གི་མདུན་ནས་དཔེ་ཆ་སྦྱང་བ་མཛད། རྒྱལ་རོང་ཚག་དགོན་པར་ལན་གཉིས་ཕེབས། རབ་འབྱམས་པ་རྡོར་དྲིལ་ཐར་སོགས་མི་སུམ་ཅུ་ལ་ཉེ་བར་ལུགས་གཉིས་ཀྱིས་ལེགས་པར་བསྐྱངས། སྣར་འདུ་དགོན་པའི་རབ་འབྱམས་པ་ལམ་ཕྲན་བསྟན་སོགས་སློབ་མ་བཅུ་ཕྲག་ལྷག་བསྐྱང༌། ལྷ་ཡག་དགོན་པའི་སྐྱོར་དཔོན་སོགས་གྲྭ་བཅོ་ལྔ་ལྷག་གསོ་སྐྱོང་གནང༌། གྱང་རྒང་དགོན་པའི་མཁན་པོ་རབ་གསལ་དང་མཁན་གསལ་ལྡན་སོགས་ཀྱིས་དམ་པ་གང་གི་མདུན་ནས་བཀའ་པོད་ལྔ་སོགས་སྦྱང་བ་གནང༌། ༢༠༡༣ལོར་ཆོས་ཐང་དགོན་པར་ཕེབས་ནས་ལོ་ལྔར་བཞུགས། ཆོས་ཐང་དགོན་པ་མཁན་ཆེན་བློ་བཟང་འཕྲིན་ལས་ཀྱི་གདན་ས་ཡིན་ལ་སྔར་བཤད་གྲྭ་ལེགས་པ་ཡོད་ཀྱང༌། བར་སྐབས་བཤད་གྲྭ་ཆད་ནས་རིག་གནས་སྦྱང་བ་གནང་མཁན་མི་བདུན་ཙམ་ལས་མེད་ཀྱང་དམ་པ་གང་གི་བཀའ་དྲིན་ལ་བརྟེན་ནས་ལྔ་རིག་མཐོ་སློབ་དབུ་བརྙེས་པ་སོགས་གྲྭ་རྒྱུན་མང་དུ་འཕེལ་བས་བཤད་སྒྲུབ་གཉིས་ཀ་ཧ་ཅང་གོང་འཕེལ་དུ་གྱུར་ནས། ད་ལྟའི་ཆར་བཤད་སྒྲུབ་གཉིས་ཆར་གནས་བཞིན་པ་ཡིན་ནོ། །༢༠༡༨ལོར་མགོ་ལོག་ཉིན་ཡུལ་དགོན་དུ་ཕེབས་ནས་གྲྭ་ས་བ་སུམ་བརྒྱ་ལྷག་ཚོགས་ལ། འོན་ཀྱང་ཕྱི་ནང་གི་མིའི་བསམ་སྦྱོར་ངན་པའི་དབང་གིས་ཡུན་རིང་དུ་གནས་སྐབས་ཚོགས་མ་ཐུབ། ༢༠༡༧་ལོར་རྔ་བ་བསེ་དགོན་པར་ཕེབས་ནས་བཤད་གྲྭ་སླར་གསོ་གནང་བ་མ་ཟད་གངས་ལྗོངས་རིས་མེད་མཐོ་སློབ་ནས་དཔེ་ཁྲིད་དགེ་རྒན་མངགས ༢༠༡༨ལོར་དམ་པ་གང་དགོན་དེར་ཕེབས། བསེ་དགོན་བཤད་གྲྭར་རིས་མེད་མཐོ་སློབ་ཀྱི་གྲྭ་ས་བ་མང་པོ་དེར་ཕེབས་ཏེ་སློབ་གཉེར་བྱས་ནས་གནས་ཡོད་དོ། །གཞན་ཡང་ཇོ་ནང་གི་གཙང་ཞོལ་དགོན་དུ་གཞན་སྟོང་བགྲོ་གླེང་ཐེངས་ལྔ་བའི་སྐབས་ལྷན་ཐབས་འོད་བརྒྱ་འབར་བའི་བཤད་ཁྲིད་གནང་བ་དང་དགོན་དེར་དམ་པ་གང་གི་སློབ་མ་མཁས་པ་མང་དུ་ཡོད། གཙང་གོང་མ་དང་མགར་སྐོར་དགོན་དང་གདོང་སྐོར་དགོན་དང་རྩི་ནང་དགོན་བྱ་ཡུལ་དགོན་སོགས་སུ་དམ་པ་གང་གི་སློབ་མ་དཔེ་ཁྲིད་བྱེད་ཐུབ་པའི་མཁས་པ་དུ་མ་ཡོད། གཞན་སྟོང་བགྲོ་གླེང་ཚོགས་གཙོ་ལོ་དྲུག་མཛད་པ་དང༌། ཚད་མའི་འཛིན་གྲྭ་ཐེངས་གསུམ་ཙམ་ཚོགས་པར་མཛད་པ་དང༌། ཇོ་ནང་རང་ལུགས་ལས་བརྩམས་ནས་གསུང་རྩོམ་པོད་ཆེན་བཅོ་བརྒྱད་མཛད་པ་སོགས་ཇོ་ནང་གི་འཆད་ཉན་ཡང་དར་བསྟན་པའི་བྱེད་པོ་མཁན་ཆེན་དངོས་གྲུབ་དཔལ་ཞེས་གྲགས་ཤིང་གྲུབ་པའོ། །ཇོ་ནང་དགོན་སྡེ་ཕལ་ཆེར་ལ་དངོས་ཤུགས་ བརྒྱུདགསུམ next hit་ནས་སློབ་ཆུང་རེ་འཛུགས་པར་འབོད་བསྐུལ་ཞུས་པ་ལྟར་དགོན་པ་རང་རང་གིས་འབད་རྩོན་བྱས་ཏེ་བཙུགས་ཡོད་ལ། ཆོས་བརྒྱུད་གཞན་ལ་ཡང་བཀའ་བརྒྱུད་གོ་ཆེའི་དགོན་པར་རི་ཆོས་དང་རྒྱུད་བླ་མ་སོགས་དཔེ་ཁྲིད་གནང༌། སྔ་འགྱུར་རྙིང་མའི་བསྟན་གཞི་ཀཿཐོག་བཅུ་ཕྲག་རིག་པའི་སློབ་གླིང་ནས་བསམ་གཟུགས་དང་མི་ཕམ་རྟགས་རིགས་དང་འགྲེལ་བ་དོན་གསལ་སོགས་དཔེ་ཁྲིད་གནང༌། མི་ཉག་དགོན་ཆེན་དུ་སྤྱོད་འཇུག་ཤེར་ལེ་དང་དབུ་མ་འཇུག་པ་དང་གཞན་སྟོང་ལྟ་བ་ཁས་ལེན་སེང་གེའི་ང་རོ་རྣམས་དཔེ་ཁྲིད་གནང༌། འབྲས་སྤུངས་སུ་བཞུགས་སྐབས་ལོ་བདུན་ཙམ་ལ་སློབ་གཉེར་བ་དུ་མར་དཔེ་ཁྲིད་གནང༌། པེ་ཅིན་ནང་བསྟན་སློབ་གླིང་དུ་སྐབས་previous hit གསུམ་པའི་མཐོ་རམས་པའི་དགེ་རྒན་དུ་ཕེབས་པ་སོགས་ཆོས་བརྒྱུད next hit་རིས་མེད་ལ་འཆད་ཉན་དར་རྒྱས་སུ་གནང་བའི་རིས་མེད་པའོ། །

བརྩམས་པའི་གཞུང་ལུགས་དག་གི་མཚན་རགས་ཙམ་བཀོད་པ།

བརྩམས་པའི་གཞུང་ལུགས་དག་གི་མཚན་རགས་ཙམ་བཀོད་པ།

ངག་དབང་༧དངོས་གྲུབ་དཔལ་བཟང་པོ་མཆོག་གིས་བརྩམས་པའི་གཞུང་ལུགས་དག་གི་མཚན་རགས་ཙམ་བཀོད་པ་བཞུགས་སོ། །རྒྱལ་བསྟན་འཁོར་ལོ་ཐ་མའི་འཆད་ཉན་བསྟན་པའི་མེ་རོ་སླར་ཡང་གསོ་བར་མཛད་པའི་ངེས་དོན་གྱི་བཤེས་གཉེན་ཆེན་པོ་ལུང་རིགས་སྡེ་སྣོད་འཛིན་པའི་གཙུག་གི་ཅོད་པན་གནས་བརྟན་འགྲོ་བའི་མགོན་པོ་མཚུངས་པ་མ་མཆིས་པ་ངག་དབང་༧དངོས་གྲུབ་དཔལ་བཟང་པོ་མཆོག་གིས་བརྩམས་པའི་གཞུང་ལུགས་དག་གི་མཚན་རགས་ཙམ་བཀོད་པ་བཞུགས་སོ། །༡ པོད་དང་པོར། མཁྱེན་གསུམ་པདྨོ་འབྱེད་པའི་ཉི་ཟེར། གཞན་སྟོང་སྐལ་བཟང་མིག་འབྱེད། ངེས་གསང་ཀུ་མུད་འབྱེད་པའི་ཟླ་ཟེར། བཀའ་བསྡུ་བཞི་བའི་འགྲེལ་བ་ལུང་རིགས་གཏེར་མཛོད་ཐུབ་བསྟན་མཛེས་རྒྱན་དང༌། བཀའ་བསྡུ་བཞི་བའི་ཟུར་མཆན་ཉིན་བྱེད་སྣང་བ། གཞི་ལམ་འབྲས་བུའི་རྣམ་བཞག་ཉུང་གསལ་རིན་ཆེན་ཕྲེང་བ་ཞེས་བྱ་བ་རྣམས་བཞུགས། ༢ པོད་གཉིས་པར། རི་ཆོས་ངེས་དོན་རྒྱ་མཚོའི་བསྡུས་དོན་ཚངས་ པའི་སྒྲ་དབྱངས་ཞེས་བྱ་བ་གཞུགས། ༣པོད་གསུམ་པར། ཚད་མའི་དགོངས་དོན་བསྡུས་གྲྭའི་རྣམ་བཞག་གཞུང་བརྒྱ་གསལ་བའི་རིགས་ལམ་དང༌། བློ་རིག་གི་རྣམ་བཞག་ལེགས་བཤད་གསེར་གྱི་ཉི་མ་དང༌། རྫས་ལྡོག་བརྒྱད་ཀྱི་མུ་བཞི་དང༌། ཁྱབ་སྒོ་རེ་བཞིའི་རེའུ་མིག་བློ་གསལ་མིག་འབྱེད་ཅེས་བྱ་བ་རྣམས་བཞུགས། ༤པོད་བཞི་པར། རྟགས་རིགས་ལེགས་བཤད་དྲི་མ་མེད་པའི་འོད་དང༌། ཕྱོགས་སྒྲའི་རྩོད་ལན་མདོར་བསྡུས་གསལ་བའི་སྒྲོན་མེ་དང༌། གཙང་ཆེན་གསེར་ཁྲི་རིམ་བྱོན་གྱི་རྣམ་ཐར་གསེར་རིའི་ཕྲེང་བ་ཞེས་བྱ་བ་རྣམས་བཞུགས། ༥པོད་ལྔ་བར། ཕར་ཕྱིན་གྱི་སྤྱི་དོན་དང་མཐའ་དཔྱོད་རིན་ཆེན་ཕྲེང་བ་ལུང་རིགས་གཏེར་མཛོད་སྐལ་བཟང་ཡིད་ཀྱི་མཛེས་རྒྱན་ཞེས་བྱ་བ་ལས་སྐབས་དང་པོའི་འགྲེལ་བ་བཞུགས། ༦པོད་དྲུག་པར། ཕར་ཕྱིན་གྱི་སྤྱི་དོན་དང་མཐའ་དཔྱོད་རིན་ཆེན་ ཕྲེང་བ་ལུང་རིགས་གཏེར་མཛོད་སྐལ་བཟང་ཡིད་ཀྱི་མཛེས་རྒྱན་ཞེས་བྱ་བ་ལས་སྐབས་གཉིས་པ་མན་གྱི་འགྲེལ་བ་བཞུགས། ༦པོད་བདུན་པར། མཛོད་ཀྱི་དོགས་གཅོད་ལམ་བཟང་གསལ་བའི་སྒྲོན་མེ་ཞེས་བྱ་བ་ལས་གནས་བཞི་བ་ཡན་གྱི་འགྲེལ་བ་བཞུགས། ༨པོད་བརྒྱད་པར། མཛོད་ཀྱི་དོགས་གཅོད་ལམ་བཟང་གསལ་བའི་སྒྲོན་མེ་ཞེས་བྱ་བ་ལས་གནས་བཞི་བ་མན་གྱི་འགྲེལ་བ་དང༌། བརྟན་བཞུགས་ཀྱི་ངག་འདོན་འཆི་མེད་ཚེ་ཡི་དཔལ་སྟེར་དང༌། མཎྜལ་གྱི་བཤད་པ་ཀུན་བཟང་མཆོད་སྤྲིན་དང༌། ཨ་སྐྱོང་དགོན་གྱི་བྱུང་བ་དྲང་སྲོང་བདེན་པའི་ཚངས་ཐིགས་ཞེས་བྱ་བ་རྣམས་བཞུགས། ༩པོད་དགུ་བར། གྲུབ་མཐའི་རྣམ་བཞག་ལེགས་བཤད་འདོད་འཇོ་དང༌། ས་ལམ་གྱི་རྣམ་བཞག་ཤེར་དཀར་མེ་ལོང་དང༌། གཞན་སྟོང་གི་དོགས་གཅོད་རྡོ་རྗེའི་གཟེགས་མ་དང༌། ཞབས་བརྟན་གསོལ་འདེབས་སྣ་ཚོགས་བཅས་བཞུགས། ༡༠པོད་བཅུ་པར། གཞན་སྟོང་འགྲོ་གླེང་ཐེངས་དང་པོར་དབུ་མའི་སྐོར་གྱི་དྲི་བ་སོ་ལྔ་ཡོད་པའི་དྲི་ལན་དང༌། གཞན་སྟོང་བགྲོ་གླེང་ཐེངས་གཉིས་པའི་སྐབས་སུ་དབུ་མའི་དྲི་བ་བཅུ་དགུ་ཡོད་པའི་དྲི་ལན་དང༌། གཞན་སྟོང་བགྲོ་གླེང་ཐེངས་གསུམ་པའི་སྐབས་སུ་དབུ་མའི་དྲི་བ་ཉེར་གཅིག་གི་དྲི་ལན་དང༌། གཞན་སྟོང་བགྲོ་གླེང་ཐེངས་བཞི་པའི་སྐབས་སུ་དབུ་མའི་དྲི་བ་གསུམ་དང་ཚད་མའི་སྐོར་ལས་དྲི་བ་ཉེར་གཅིག་ཡོད་པའི་དྲི་ལན་རྣམས་བཞུགས། ༡༡པོད་བཅུ་གཅིག་པར། གཞན་སྟོང་བགྲོ་གླེང་ཐེངས་ལྔ་བར་ཕར་ཕྱིན་སྐོར་ལས་དྲི་བ་ཉེར་བདུན་ཡོད་པའི་དྲི་ལན་དང༌། གཞན་སྟོང་བགྲོ་གླེང་ཐེངས་དྲུག་པར་ཕར་ཕྱིན་སྐོར་ལས་དྲི་བ་ཉེར་བདུན་གྱི་ཡོད་པའི་དྲི་ལན་དང༌། གཞན་སྟོང་བགྲོ་གླེང་ཐེངས་བདུན་པར་ཕར་ཕྱིན་སྐོར་ལས་དྲི་བ་ཉེར་དགུ་ཡོད་པའི་དྲི་ལན་རྣམས་བཞུགས། ༡༢པོད་བཅུ་གཉིས་པར། རྡོ་རྗེ་འཆང་ངག་དབང་བརྩོན་འགྲུས་དཔལ་གྱི་རྣམ་ཐར་དང༌། རྡོ་རྗེ་འཆང་བླ་མ་དམ་པ་བཤད་སྒྲུབ་དཔལ་གྱི་རྣམ་ཐར་དད་པའི་འཇུག་ངོགས་དང༌། བླ་མ་བཤད་སྒྲུབ་དཔལ་གྱི་བླ་མའི་རྣལ་འབྱོར་དང༌། དཔལ་ཇོ་ནང་བའི་ཆོས་འབྱུང་དང་previous hit བརྒྱུད་རིམ་བླ་མའི་རྣམ་ཐར་ཞེས་བྱ་བ་རྣམས་བཞུགས། ༡༣པོད་བཅུ་གསུམ next hit་པར། སྐྱབས་འགྲོའི་རྣམ་བཤད་ལམ་བཟང་གསལ་བའི་ཉི་མ་དང༌། སྡོམ་གསུམ་གྱི་བསླབ་བྱ་དྭངས་གསལ་བདུད་རྩིའི་ཆུ་གཏེར་དང༌། ནང་ཆོས་ཀྱི་ངོ་སྤྲོད་མདོར་བསྡུས་དང༌། མཐོང་དོན་གྱི་སྡོམ་ཚིག་གྲུབ་པའི་དགོངས་རྒྱན་དང༌། སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྒོ་ནས་རུས་ཆོག་གི་ཆོ་ག་དང༌། མཆོད་རྟེན་གྱི་ཕན་ཡོན་དཔག་བསམ་ལྗོན་ཤིང་དང༌། བསྐང་བསྡུས་དུ་མ་དང༌། བསང་མཆོད་འདོད་དོན་ཀུན་འགྲུབ་ཅེས་བྱ་བ་རྣམས་བཞུགས།༡༤པོད་བཅུ་བཞི་བ། འདུལ་བའི་མཐའ་དཔྱོད། སྟོད་ཆ། ༡༥པོད་བཅོ་ལྔ་བ། འདུལ་བའི་མཐའ་དཔྱོད། སྨད་ཆ། ༡༦བསྟན་པའི་གསོས་སྨན། ༡༧དྲང་ངེས། ༡༨བློ་ལྡོག་རྣམ་བཞི་དང་སྔགས་རྒྱུད་སྡེ་བཞིའི་སྤྱི་དོན་སོགས་སོ། །པོ་ཏི་བཅོ་བརྒྱད་ཡོད། དགེ་བཤེས་དངོས་གྲུབ་དཔལ་གྱིས་ཇོ་ནང་ཕྱོགས་སུ་འཆད་ཉན་དར་སྤེལ་མཛད་པའི་མཚན་བྱང་ཙམ་བརྗོད་པའོ། །

སྡོམ་ཚིག་གི་སྐོར། བསླབ་བྱ་བཅུ་གཅིག

སྡོམ་ཚིག་གི་སྐོར། བསླབ་བྱ་བཅུ་གཅིག

༡གཞན་ལ་གནོད་པ་མེད་པར་ཕན་པ་བསྒྲུབས་ནས་གཞན་གྱི་ཡིད་སེམས་ལ་དགའ་བ་བསྐྲུན་པའི་ཀུན་སྤྱོད་དགོས། ༢བྱ་བ་གང་བསྒྲུབ་ནའང་ལས་འབྲས་དྲང་བཞག་གི་བྱ་བ་སྒྲུབ་པ་ལས་ཀུན་ལ་མཐུན་པའི་བྱ་བ་སངས་རྒྱས་ཀྱིས་ཀྱང་སྒྲུབ་ཐབས་མེད། ༣ལྷག་བསམ་གྱི་སྒོ་ནས་གཡོ་སྒྱུ་དང་རང་ཆེ་ཐབས་སོགས་དང་མ་འབྲེལ་བར་ཕྱི་གསལ་ནང་གསལ་གྱིས་གཞན་དོན་བསྒྲུབ་དགོས། ༤གྲོགས་པོ་ངན་པས་ཇི་ལྟར་བསླུ་བྲིད་བྱེད་ནའང་མདུན་མ་གཅིག་དྲིལ་བྱས་ནས་རང་ཚུགས་ཡོད་དགོས། ༥སློབ་སྦྱོང་ནི་རང་གཞན་ལ་ཕན་པ་ཡོད་པའི་རིག་པའི་གནས་ལ་བརྩོན་ཤེས་བསྐྱེད་དགོས། ༦ འཇིགས་སྣང་དང་དོགས་ཟོན་ལ་གནས་ན་བྱ་བ་རླབས་ཆེན་གང་ཡང་སྒྲུབ་མི་ནུས་པས་སྤོབས་པ་དང་སྙིང་སྟོབས་བསྐྱེད་ནས་དཀའ་འགག་ལས་བརྒལ་དགོས། ༧སྐྱིད་སྡུག་གང་གི་སྐབས་ཡིན་ནའང་རང་ལ་དྲིན་ཆེན་དང་མཆོག་གསུམ་མི་བརྗེད་པར་དྲིན་གཟོ་དགོས། ༨ ཀུན་ལ་མཐུན་པ་མི་ཆོས་ཀྱི་རྩ་བ་ཡིན་མོད་ཀྱང་བྱ་སྤྱོད་ངན་པའི་རིགས་དང་མཐུན་མི་རུང༌། ༩ གྲྭ་བའི་མདུན་ལམ་ནི་ཚུལ་ཁྲིམས་ལ་གནས་ནས་ཐོས་བསམ་སྒོམ་གསུམ་བྱས་ཏེ་བསྟན་འགྲོའི་དོན་བསྒྲུབ་དགོས། ༡༠ འཚོ་བ་ནི་ལོག་འཚོ་མེད་པར་ཟས་གོས་གནས་མལ་ངན་ངོན་ཙམ་གྱི་འཚོ་བ་ལ་རོལ་ནས་འདོད་ཆུང་ཆོག་ཤེས་བྱ་དགོས། ༡༡ བསྟན་དོན་བསྒྲུབ་ན་བསྟན་པ་ཤེས་ནས་བཤད་སྒྲུབ་ལ་ལག་རྗེས་འཇོག་དགོས། རང་གི་ཉམས་མྱོང་ལ་བརྟེན་ནས་ངག་དབང་དངོས་གྲུབ་དཔལ་ནས་གང་དྲན་ཤར་མར་བྲིས་པའོ། །དེང་དུས་སུ་ཁ་ཅིག་གིས་སྡོམ་པ་ཤོར་རྗེས་སུ་གྲྭ་གོས་ཕུད་པ་ངོ་ཚ་བྱེད་པ་ནོར་འཁྲུལ་རེད། སྡོམ་པ་ཤོར་བ་ངོ་ཚ་དགོས་པ་ཞིག་རེད་མོད། སྡོམ་པ་ཤོར་ནས་གྲྭ་གོས་ཕུད་པ་ནི་ངོ་ཚ་ཡོད་པའི་རྟགས་ཡིན་པའོ། །ཡང་ན་སྡོམ་པ་ཤོར་ནས་གྲྭ་གོས་གྱོན་པ་ངོ་ཚ་མེད་པའི་རྟགས་དང༌། སྡོམ་པ་མེད་ནས་གྲྭ་གོས་ཕུད་པ་ངོ་ཚ་ཡོད་པའི་རྟགས་རེད་དོ། །དངོས་གྲུབ་དཔལ་ནས། དེང་གི་ཆར་ལྷག་བསམ་དང་ལྡན་པའི་སྐད་ཆའི་དོན་གོ་བ་ཆེས་ཉུང་བ་དང༌། གལ་ཏེ་དོན་གོ་ན་ཡང་ཕྲག་དོག་གི་དབང་གིས་ལོག་འགྲེལ་བྱས་ནས་མི་དཀར་མི་ནག་ཏུ་བསྒྱུར་ཨེ་ཐུབ་ལྟ་བ་ཆེས་མང་བ་ནི་མངོན་གསལ་ཡིན་པས། ལྷག་བསམ་གྱི་སྐད་ཆ་ལ་རྒྱབ་སྐྱོར་དང༌། དཀྲོག་གཏམ་ལ་དོགས་ཟོན་མཛོད་ཅིག ངག་དབང་དངོས་གྲུབ་དཔལ་ནས། ནང་ཆོས་ཀྱིས་དད་ལྡན་མང་ཚོགས་ལ་ཕན་གདག་དགོས་པ་ལས་དཀའ་ངལ་ལ་གཏད་མི་རུང༌། བླ་མས་སློབ་མའི་དམ་ཆོས་སྒྲུབ་པའི་ལམ་སྟོན་བྱེད་པ་ལས་འགལ་རྐྱེན་བྱེད་མི་རུང། དགོན་སྡེ་ནི་བཤད་སྒྲུབ་ཀྱི་རྟེན་གནས་བྱེད་དགོས་པ་ལས་མི་ཚོགས་མང་པོ་འདུས་སྡོད་བྱེད་ས་ཙམ་བྱེད་མི་རུང༌། དགོན་པའི་ལས་སྣེ་བས་སློབ་སྦྱོང་གི་སྣེ་ཁྲིད་བྱེད་དགོས་པ་ལས་མགོ་མཇུག་མེད་པའི་ཁྲིམས་ངན་བཟོ་མི་རུང་ངོ། །དངོས་གྲུབ་དཔལ་ནས། སྒེར་གཅོད་དང་སྤྱི་ཕན་གཉིས། བྱ་བ་གང་ཡིན་ཀྱང་ཕན་པ་མེད་པའི་ཐག་གཅོད་ནི་སྒེར་གཅོད་ཡིན་ལ། དེ་ལས་ལྡོག་པའི་ཐག་གཅོད་ནི་སྤྱི་ལ་ཕན་པ་ཡིན་པས་སྒྲུབ་འོས་པ་ཡིན། དངོས་གྲུབ་དཔལ་ནས། སྒྲུབ་འོས་པ་ཞིག་སྒྲུབ་ཆོག་པ་རང་དབང་གི་དོན་ཡིན་པ་ལས་ཁྲིམས་མེད་ལུགས་མེད་ཀྱི་བྱ་བ་གང་འདོད་བྱེད་ཆོག་པ་རང་དབང་གི་དོན་མ་ཡིན་པ་ཤེས་དགོས། ནང་པ་སངས་རྒྱས་པའི་རང་དབང་ནི་ལས་ཉོན་གྱི་གཞན་དབང་དུ་འགྲོ་མི་དགོས་པ་ཡིན་པས་གཏིང་ཟབ་པ་དང་རྒྱ་ཆེ་བ་རེད། དེང་སང་སྐྱེས་བུ་ཆོས་ཅན་དང་རྒྱུ་ཅན་གཉིས་ནོར་ཡོད་པ་མང་རབ་ཡོད་པས་དེ་གཉིས་མི་ནོར་བ་གལ་ཆེ་སྟེ། བདག་ཅག་གི་སྟོན་པས་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ལྟ་བུ་མཆིལ་མའི་ཐལ་བ་བཞིན་སྤངས་ནས་རབ་ཏུ་བྱུང་སྟེ་དམ་ཆོས་སྒྲུབ་པ་ཡིན་པས་སོ། །ཡང་འགའ་ཞིག་ཆོས་དང་ཆབ་སྲིད་ནོར་བ་ཡང་མང་པོ་ཡོད་པས་དེ་གཉིས་འགལ་བ་ཡིན་པར་ཤེས་དགོས་ཏེ། ཇོ་བོ་རྗེས། སྤྱོད་པའི་མཆོག་འཇིག་རྟེན་པ་དང་མི་མཐུན་པ་ཡིན། ཞེས་གསུངས་སོ། །དེས་ན་བླུན་པོ་ཆུ་སྣ་གར་ཁྲིད་མི་བྱེད་པར་གྲོས་འདེབས་པའོ། །ཞེས་རྒྱལ་ཁམས་པ་དངོས་གྲུབ་དཔལ་ནས། སློབ་སྦྱོང་མཐར་ཕྱིན་པར་བྱེད་པ་ལ་བརྩོན་འགྲུས་གལ་ཆེ་བ་ཡིན་ལ། སྤྱིར་ཡོན་ཏན་མ་ལུས་པ་བརྩོན་འགྲུས་ཀྱི་རྗེས་སུ་འགྲོ་བ་ཡིན་ལ། སློབ་སྦྱོང་གི་གྲུབ་འབྲས་ལེགས་པ་ཡོང་མི་ཡོང་ནི་ཀུན་སློང་བཟང་ངན་ལ་རག་ལས་པས་སློབ་སྦྱོང་བྱེད་པའི་སྐབས་སུ་ཀུན་སློང་བཟང་པོས་ཟིན་པ་དགོས་སོ། །དགེ་བཤེས་དངོས་གྲུབ་དཔལ་ནས།

དཔལ་འབྱོར་གྱི་གྲོགས་པོ་ནི་གྲོགས་བཟང་པོ།

དཔལ་འབྱོར་གྱི་གྲོགས་པོ་ནི་གྲོགས་བཟང་པོ་མ་ཡིན།

དཔལ་འབྱོར་གྱི་གྲོགས་པོ་ནི་གྲོགས་བཟང་པོ་མ་ཡིན། གལ་ཏེ་རང་ལ་དཔལ་འབྱོར་མེད་པར་གྱུར་བ་ཡིན་ན་གྲོགས་ཀྱིས་བོར་འགྲོ། ཕན་ཚུན་ཡིད་ཆེས་པའི་གྲོགས་པོ་ནི་འབྱོར་རྒུད་གང་གི་སྐབས་སུ་རང་གི་རྒྱབ་ན་ཡོད་པའི་གྲོགས་ཡིན་པས་གྲོགས་མཆོག་ཏུ་གྱུར་བ་ཡིན་ལ། སྤྱིར་གྲོགས་བཟང་པོ་ཞིག་ལ་བརྟེན་པ་གལ་ཆེ་བ་ཡིན་ཏེ། གྲོགས་བཟང་ངན་གྱི་དབང་གིས་རང་ཉིད་བཟང་ངན་བསྒྱུར་ཐུབ་པས་སོ། །དེ་བཞིན་དུ་སྟོན་པ་བཀའ་དྲིན་ཅན་གྱིས་ཀྱང་ཡང་ཡང་གསུངས་སོ། །རྒྱལ་ཁམས་པ་དངོས་གྲུབ་དཔལ་ནས། ང་ཚོ་ཐམས་ཅད་འཆི་དགོས་པར་མ་ཟད་འཆི་བ་ལ་མྱུར་དུ་འགྲོ་བཞིན་པ་ཡིན་ལ། དཔེར་ན་དུད་འགྲོ་ཞིག་གསོད་སར་ཁྲིད་ཚེ་གཽམ་པ་རེ་རེ་སོང་ན་གསོད་པ་ལ་ཇེ་ཉེ་ལ་འགྲོ་བ་བཞིན་ང་ཚོ་ཡང་སྐར་ཆ་རེ་རེ་སོང་བ་ན་འཆི་བ་ལ་ཇེ་ཉེ་འགྲོ་བ་ཡིན་པར་དམ་པས་གསུང་པ་དོན་དངོས་ཡིན་ལ། དེར་མ་ཟད་ནམ་འཆི་ཆ་མེད་པ་ཡིན་པས་ན་དུས་ད་ལྟ་ནས་དམ་ཆོས་མ་བསྒྲུབ་ན་རང་ཉིད་གཅིག་པུ་ཚེ་ཕྱི་མར་འགྲོ་བའི་དུས་ནི་གདོན་མི་ཟ་བར་ཡོང་ལ། དེ་ཚེ་ཕན་ངེས་པ་ནི་བསོད་ནམས་དགེ་བ་ཁོ་ནའོ། །དངོས་གྲུབ་དཔལ་ནས། རང་ལ་རེ་ལྟོས་བྱེད་པའི་མི་རྣམས་རང་གི་གཡོག་འཁོར་ཙམ་ལས་ཡོན་ཏན་གྱི་ཆ་ནས་འཕེལ་རྒྱས་མི་གཏོང་བ་ནི་འཁོར་ཡུག་རྣམས་ལ་ཚེ་འདི་ཕྱི་གཉིས་ཆར་གྱོང་རེག་པ་མ་ཟད་མི་རབས་ཕྱི་མའི་བར་དུ་རྗེས་སུ་ལུས་པ་རེད། དེས་ན་ས་རྡོ་འཛུགས་སྐྲུན་ལས་མི་གསོ་སྐྱོང་གལ་ཆེ། དངོས་གྲུབ་དཔལ་ནས། དགོན་པའི་ལས་སྣེ་མ་གཏོགས་པའི་གྲྭ་བ་རྣམས་རང་གཞན་གང་རུང་གི་དགོན་པར་བཤད་སྒྲུབ་གང་རུང་དུ་གནས་རྒྱུ་དང༌། གལ་ཏེ་དེ་མ་ནུས་ན་ལོ་རེ་ཞག་བརྒྱ་རེ་མཚམས་ལ་བཞུགས་རྒྱུ་དང་དབྱར་གནས་རེར་བཞུགས་ནུས་ན་གྲྭ་བ་བྱས་པའི་དགོས་པ་ཅུང་ཟད་འགྲུབ་སྲིད་ལ། དེ་ལྟ་མ་ཡིན་ན་གྲྭ་བ་བྱས་པ་པས་བསྟན་པར་གནོད་པ་ལས་ཕན་པ་མེད་པར་སྣང་ལ། སྤྱིར་རྒྱལ་བསྟན་ལ་ཐུགས་བསམ་བཞེས་རོགས་ཞུ། རང་ལ་ནམ་རྒྱུན་སེམས་ཁྲལ་ཡོད་པ་དེ་ཞུས་པའོ། །དངོས་གྲུབ་དཔལ་ནས།

ད་དུང་འདུལ་བསྟན་གནས་ཚད།

ད་དུང་འདུལ་བསྟན་གནས་ཚད།

ད་དུང་འདུལ་བསྟན་གནས་ཚད། ཕུག་ལུགས་ལྟར་ན་ལྔ་བརྒྱ་ཕྲག་བཅུ་ལས་ལྔ་བརྒྱ་དྲུག་པ་ཚུལ་ཁྲིམས་ལེའུ་ནས་སུམ་བརྒྱ་གོ་དགུ་འདས་ཟིན་མ་འོངས་རྒྱལ་བསྟན་ཉིས་སྟོང་ཆིག་བརྒྱ་གཅིག་ལུས་པའི་ལོ་གསར་ཤར་མ་ཐག་ཡིན་པས། བདག་གིས་བསམ་ན་རྟགས་ཙམ་མ་བགྲང་ཆིག་སྟོང་དྲུག་བརྒྱ་གཅིག་གམ་ཡང་ན་རྟགས་ཙམ་སྐབས་ལ་རྟགས་ཙམ་འཛིན་པ་མང་བ་ལས་བསྟན་པ་གནས་ན་འདུལ་བསྟན་གནས་དགོས་པས་ད་རུང་འདུལ་བསྟན་ལོ་༢༡༠༡བཅས་ཡོད་པའོ།། དངོས་གྲུབ་དཔལ་ནས། ཁ་ཅིག་གིས་རྗེ་བཙུན་མི་ལས་ཐོས་བསམ་མ་བྱས་པ་རེད་ཟེར་བ་ནི་སྐུར་འདེབས་ཡིན་པ་ལས་རྒྱུད་བརྟག་གཉིས་རྗེ་མར་པའི་མདུན་ནས་ཚར་བཅུ་དྲུག་དང༌། རྔོག་གི་མདུན་ནས་ཚར་གཉིས་དང་བཅོ་བརྒྱད་གསན་ལུགས་ལ་གཞལ་ན་ཐོས་བསམ་རྒྱ་ཆེན་པོ་མཛད་ཡོད་པ་རེད། གཞན་ལ་རྟགས་གསལ་བཏང་ནས་རང་གིས་གཞུང་ལ་ཞིབ་ཆ་ཕྲ་ཞིབ་དང་ཉམས་ལེན་ཞིག་བྱེད་ཤེས་དགོས་པ་གལ་ཆེ། ཐོས་བསམ་སྒོམ་གསུམ་ལས་ཚོགས་བསགས་སྒྲིབ་སྦྱོང་མི་དགོས་སྙམ་པ་དེ་ནོར་བ་རེད། དེས་ན་ཚོགས་བསགས་སྒྲིབ་སྦྱང་སོགས་བསོད་ནམས་ཀྱི་ཚོགས་དང་ཐོས་བསམ་སྒོམ་གསུམ་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་དགོས་པ་རེད། མ་ཤེས་པ་ཤེས་པར་བྱས་ནས་ཤེས་པ་ལག་ལེན་དུ་འདེབས་ཤེས་དགོས་པ་རེད།- དངོས་གྲུབ་དཔལ་ནས། ལོ་གསར་བའི་ནང་སེམས་ཀྱི་རེ་ཞུ་ནི། ཇོ་ནང་རྡོ་རྗེ་སློབ་དཔོན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་རྒྱུད་སྡེ་སྤྱི་དང་བྱེ་བྲག་ཏུ་དཔལ་དུས་ཀྱི་འཁོར་ལོའི་དབང་ལུང་མན་ངག་ཉམས་ལེན་གྱི་ཕྱག་སྲོལ་མ་ཉམས་པར་གནས་ཡོད་པས་ཇོ་ནང་བ་རྣམས་ཀྱིས་མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང༌། རྒྱུད་དོན་མཐར་ཐུག་དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་ལམ་ལ་སྦྱང་བ་མཛད་རྒྱུ་ནི་ང་ཚོའི་མདུན་ན་བཞག་པའི་འགན་འཁྲི་ཡིན་པས་དེ་ལ་སྦྱང་བ་དགོས་གལ་ཆེའོ། །ལོ་སར་སྐབས་འདིར་ཇོ་ནང་བ་རྣམས་ལ་དངོས་གྲུབ་དཔལ་གྱིས་སྨོན་ཚིག་རེ་ཞུ་དང་བཅས་གུས་ཕུལ། ལས་དང་པོ་བ་ཞིག་ལ་མཚོན་ན་ཐོས་སྒོམ་གཉིས་ལས་ཐོས་པ་གལ་ཆེ་ལ། གནས་ལུགས་རྟོགས་ཟིན་པ་ལ་སྒོམ་གལ་ཆེ་བ་རེད།རང་རང་སོ་སོས་བཤད་སྒྲུབ་ཡ་མ་བྲལ་བར་བྱེད་ཤེས་དགོས་པ་རེད། དཔེ་ཆ་མི་ཚེ་ལ་མི་འབྲལ་བར་གལ་ཆེན་པོ་ཡིན། མ་འོངས་པར་སྒོམ་བརྒྱབ་ཀྱང་དཔེ་ཆ་དང་ཁ་བྲལ་ཉན་རྒྱུ་མ་རེད།ང་ཚོར་ཕྱི་རོལ་བ་དང་ཐུན་མོང་དུ་ཡོད་པའི་མངོན་ཤེས་ཙམ་ཡང་མི་ཐོབ་པའི་རྒྱུ་མཚན་ང་ཚོས་དོན་ཤེས་པ་ཙམ་དུ་བཞག་སྟེ་ཉམས་ལེན་བྱེད་མ་ཐུབ་པ་ཡིན་པས་ཉམས་ལེན་བྱོས། དངོས་གྲུབ་དཔལ་ནས། དེང་སང་འགྲན་རྩོད་ཀྱི་དུས་རབས་ཡིན་པས་གཅིག་གིས་བདེན་པའི་གནས་ཚུལ་སྤེལ་ན་གཅིག་གིས་རྫུན་མའི་ཁྱབ་བསྒྲག་བྱེད་པ་སོགས་དག་རྫུན་སྣ་ཚོགས་ཀྱིས་མིག་འཕྲུལ་འགྱེད། ཆོས་བརྒྱུད་ཕན་ཚུན་བར་རྩོད་ཉོག་སློང་བ་དང༌། དགོན་སྡེའི་བར་རམ་ཆོས་སྡེའི་བར་རྙོག་དྲ་བཟོ་བ་དང༌། བླ་མ་རྣམས་ཀྱི་བར་དབྱེན་དཀྲུག་བྱེད་པ་སོགས་ཐབས་སྐྱོ་བའི་གནས་ཚུལ་མང་པོ་མཐོང་ཐོས་སུ་འདུག་པས་སྡིག་པའི་ལྟ་བ་ཅན་ནམ་ཕུང་དཀྲུག་ཅན་ལ་མི་རྣམས་ཀྱིས་དོགས་ཟོན་གྱིས་ཤིག དངོས་གྲུབ་དཔལ་ནས། དྲང་བདེན་གྱི་བཀག་རྡོ་གཡོ་སྒྱུ། ཆོས་ཀྱི་བཀག་རྡོ་དཔལ་འབྱོར། ཡར་རྒྱས་ཀྱི་བཀག་རྡོ་སློབ་སྦྱོང་ལ་མི་དགའ་བ། མཐུན་སྒྲིལ་གྱི་བཀག་རྡོ་གཞན་ཕམ་བདག་རྒྱལ་གྱི་བསམ་པ། དངོས་གྲུབ་དཔལ་ནས། ཞི་བ་ཐར་བ་ཐོབ་པ་ལ་ཉོན་མོངས་པ་སྤང་དགོས། དེ་སྤོང་པ་ལ་དེའི་གཉེན་པོའི་ཆོས་ཉམས་སུ་ལེན་དགོས། དེ་ཉམས་སུ་ལེན་པ་ལ་ལེན་རྒྱུའི་ཆོས་ཚུལ་བཞིན་དུ་ཤེས་དགོས། དེ་ཤེས་པ་ལ་ཐོས་བསམ་སྔོན་དུ་འགྲོ་དགོས། དེ་སྔོན་དུ་འགྲོ་པ་ལ་སྐབས་ཀྱི་བཤད་བྱའི་ཆོས་ཤེས་པའི་བླ་མ་བསྟེན་དགོས། དེ་བསྟེན་པ་ལ་བསམ་སྦྱོར་གཉིས་ཀས་ཚུལ་བཞིན་དུ་བསྟེན་དགོས། དེས་ན་བསྟན་པ་ལ་འཇུག་རིམ་ཞིག་འདའ་འོ། །སྤྲང་འཁྱམ་པ་དངོས་གྲུབ་དཔལ་ནས། ཀུན་སྤྱོད་བཟང་བོ་བཅོས་མིན་ཞིག་ཡོང་ཐུབ་པ་ནི། གཙོ་བོ་བསམ་པ་བཟང་པོ་ལ་རག་ལས་པ་ཡིན་པས་གཞན་ལ་གནོད་སེམས་དང་མགོ་སྐོར་མེད་པའི་ཕན་པའི་བསམ་པ་རྣམ་དག་དྭངས་གཙང་ཞིག་ལ་བརྩོན་དགོས། བསམ་པ་བཟང་ན་དེང་རབས་དང་མཐུན་ལ། འཇིག་རྟེན་པ་དང་ཡང་མཐུན་པར་མ་ཟད་ཆོས་དང་མཐུན་པ་རེད་ལགས། ཞེས་དངོས་གྲུབ་དཔལ་ནས། བག་ཡོད་ལ་གདམས་པ། སྟོན་པ་ཐུགས་རྗེ་ཅན་གྱིས། བག་ཡོད་པར་གྱིས་ཤིག ། ཅེས་གདམས་པ་ལྟར་ཐོས་བསམ་སྒོམ་གསུམ་སོགས་དམ་ཆོས་གང་བསྒྲུབ་པ་ཡིན་ན་བག་ཡོད་པར་བྱས་ན་དམ་ཆོས་དངོས་གནས་སུ་འགྱུར་ཐུབ་ལ། དེ་ལྟ་མིན་ན་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་བྱེད་པ་ཡིན་ན་འདྲ། མདོ་སྔགས་ཀྱི་ཟབ་མོའི་དོན་བསྒོམ་ན་འདྲ་བདག་འཛིན་དང་ཉོན་མོངས་པའི་དབང་དུ་འགྲོ་བ་ལས་མ་འདས་ལ། དེ་ལྟར་ན་ཀུན་ཉོན་འཁོར་བའི་ཆོས་ལས་གཉེན་པོ་རྣམ་བྱང་གི་ཆོས་སུ་མི་འགྱུར་རོ། །དེས་ན་རབ་ཏུ་བྱུང་བ་ཞིག་ཡིན་ན་རྟགས་དང་ཆ་ལུགས་བརྗེ་བ་དང༌། མིང་བརྗེ་བ། བསམ་པ་བརྗེ་བ་སྟེ་བརྗེ་བ་རྣམ་པ་གསུམ་བརྗེས་ནས་རབ་ཏུ་བྱུང་བ་ཐུགས་ལ་ངེས་པར་བྱས་ནས་རབ་བྱུང་གི་བྱ་བ་སྤོང་ཀློག་གི་ལས་ལ་བརྩོན་པར་ཞུ། དངོས་གྲུབ་དཔལ་ནས། རྣམ་གཡེང་གི་སྐྱོ་གར། རྟག་ཏུ་རྣམ་གཡེང་གི་ངང་ནས་སློབ་སྦྱོང་ལ་འབད་རྩོལ་མི་བྱེད་པ་ནི་མདུན་ལམ་མེད་པའི་སྨྱོན་པ་བཞིན་ཡིན་ལ། རྟག་ཏུ་ཆཽས་གྲོགས་རྣམས་དང་རྣམ་གཡེང་བྱེད་པ་རྗེས་ལུས་ཡིན་པས་ཆོས་ལ་འབད་བརྩོན་དགོས། རྟག་ཏུ་སྤྲོ་གསེང་ཞེས་གླེང་བ་ནི་གསེར་ལས་ལྷག་པའི་དུས་ཚོད་ལ་རིན་ཐང་གི་ལྟ་བ་མེད་པ་ཡིན་པས་ནོར་འཁྲུལ་ཡིན་ལ། རྟག་ཏུ་འདུ་ཚོགས་མང་བ་ཆོས་ཀྱི་བཀག་རྡོ་ཡིན་པས་གཅིག་པུར་དམ་ཆོས་བརྩོན་པ་གལ་ཆེན་ཡིན་ནོ། །ཞེས་ཆོས་མཆེད་རྣམས་ལ་དངོས་གྲུབ་དཔལ་ནས་གུས་ཕུལ། རྒྱལ་རོང་བ་ནི་ང་ཚོ་བོད་པའི་གདོད་མའི་མི་རིགས་ཡིན་པར་མ་ཟད་སྤོབས་པ་དང་སྙིང་སྟོབས་ལྡན་པའི་མི་རིགས། མི་གཤིས་དྲང་ལ་ཕྱི་ཐག་རིང་བ་དང༌། བརྩོན་པ་དང་ལྡན་པའི་མི་རིགས་བླ་མེད་ཅིག་ཏུ་མཆིས་སོ་ཞེས་ཇོ་ནང་དགེ་བཤེས་དངོས་གྲུབ་དཔལ་གྱིས། རབ་བྱུང་བཅུ་བདུན་པའི་གསེར་འཕྱང་མེ་བྱའི་གནམ་ལོ་གསར་ཚེས་ལ་འཛམ་གླིང་སྤྱི་དང་སྒོས་སུ་གངས་ཅན་བོད་པ་ལ་ཞི་བདེ་འདྲ་མཉམ་གྱི་དཔལ་ལ་རོལ་བ་དང༌། བོད་བརྒྱུད་ཀྱི་བཅུ་ཕྲག་རིག་པའི་གནས་ལ་བརྟེན་ནས་འཛམ་གླིང་ཞི་བདེ་དང་མི་རིགས་མཐུན་སྒྲིལ་ཡོང་བའི་སྨོན་འདུན་དང༌། བོད་ཁ་བ་ཅན་རྣམས་ཀྱིས་ཕྱི་དངོས་པོའི་དཔལ་ཡོན་དང༌། ནང་ཤེས་ཡོན་གྱི་དཔལ་ལ་འབད་རྩོལ་ཆུ་བོའི་རྒྱུན་བཞིན་གནང་བའི་རེ་བསྐུལ་བཅས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། སྤྲང་འཁྱམ་པ་དངོས་གྲུབ་དཔལ་ནས། ཆོས་པ་ཆོས་པའི་ས་ལ་འདུག་པ་ལས་སྲིད་ལ་བཀོད་འདོམས་བྱས་ཏེ་ལག་མི་བརྐྱང་རྒྱུ་དང༌། འཇིག་རྟེན་པ་འཇིག་རྟེན་པའི་འདུག་ས་ལས་ཆོས་དང་ཆོས་ཀྱི་བརྒྱུད་འཛིན་ལ་ནག་ཉེས་མི་བགོ་རྒྱུ་གལ་ཆེན་དུ་སྣང༌། དེ་ལྟ་མི་བྱེད་ན་ཆོས་པ་ཡིན་མིན་བར་ཐག་ཇེ་རིང་དུ་སོང་ན་མཐུན་སྒྲིལ་ལ་གནོད་པར་འགྱུར་རོ། །དངོས་གྲུབ་དཔལ་ནས། སྤྲུལ་སྐུ་དག་རྫུན་མ་ཤེས་ན་ཤེས་མདོག་བྱས་ནས་ངོས་འཛིན་གནང་དགོས་དོན་མེད། མི་ཤེས་བཞིན་དུ་སྤྲུལ་སྐུ་ངོས་འཛིན་གནང་ན་དེ་ལས་བསྟན་འགྲོ་ལ་གནོད་ཚབས་མེད་སྙམ། སྤྲུལ་སྐུ་དག་མ་ཡིན་ན་ངོས་འཛིན་མ་བྱས་ནའང་བསྟན་དང་འགྲོ་བའི་དོན་མཛད་པ་ལ་ཐེ་ཚོམ་མེད་དོ། །འོན་ཀྱང་རང་གིས་རང་ངོས་འཛིན་བྱེད་མཁན་ཆེས་མང་བས་དེ་འགོག་དཀའ་ཡང་དད་ལྡན་མང་ཚོགས་ཀྱིས་ཞིབ་འཇུག་གལ་ཆེ་བ་དང༌། རྫུན་མའི་ཉེས་སྐྱོན་དག་མ་ལ་མི་སྦྱར་བ་དང་དག་མའི་ཡོན་ཏན་ལ་བརྟེན་ནས་རྫུན་མ་ལ་རྨོངས་དད་མི་རིགས་སོ། །ངག་དབང་དངོས་གྲུབ་དཔལ་ནས། ཇི་སྐད་དུ། དོན་ཆེན་སྒྲུབ་ལ་འགལ་རྐྱེན་མང༌། །འཇོན་ཐང་ཅན་ལ་འགྲན་རྩོད་མང༌། །ཡར་རྒྱས་ཅན་ལ་གཉའ་གནོན་མང༌། །སེམས་བཟང་ཅན་ལ་གྱོང་གུད་མང༌། །ཞེས་གསུངས་པ་བདེན་སྙམ། སྤྱིར་སྐད་ཆ་ལ་སྐྱོན་ལྡན་གསུམ། གནས་ལུགས་མེད་པའི་སྐད་ཆ། ཞིབ་འཇུག་མེད་པའི་སྐད་ཆ། འཐེན་འཁྱེར་གྱི་སྐད་ཆ་ལ་ཡིད་གཏད་བྲལ། དེ་ལས་ལྡོག་ན་ཡིད་གཏད་འོས། དེང་སང་མིང་སོགས་གསང་བའི་དྲྭ་ཉུལ་བ་རེ་ཟུང་གིས་རྣམ་རྟོག་རི་མོ་སྣ་ཚོགས་སྤེལ་བ་ལ་ཁག་ངན་གཞན་ལ་མི་བཀལ་བར་བརྟག་དཔྱད་ཞིབ་འཇུག་བདེན་དཔང་ཡོད་པ་དགོས་པ་རེད། སྤྱིར་ཉེས་མེད་གླེང་བཙུག་ན་ལས་འབྲས་མི་བསླུ་བ་ཡིན་པས་ཀུན་གྱི་བདེན་གཏམ་ཚངས་ཐིག་ལྟ་བུ་གཏབ་ནས་བརྟག་དཔྱད་དགོས་སོ། །ཞེས་པ་འདི་ནི་གྲྭ་རྐྱང་བ་དངོས་གྲུབ་དཔལ་ནས། སློབ་མ་རྣམ་དཔྱོད་མེད་པ་ཞིག་ཡིན་ན་མཁན་སྤྲུལ་སོགས་མིང་དང་གྲགས་པ་ལ་ཡིད་རྟོན་པ་ལས་ཡོན་ཏན་ལ་མི་རྟོན། མིང་ལ་དད་པ་ལས་ཡོན་ཏན་ལ་མི་གུས། རེ་ཞིག་མི་ངོ་ལེན་པ་ལས་རང་གཞན་གྱི་དོན་ལ་ཕུགས་འདུན་མེད་པར་མང་པོ་སྣང་ངོ༌། །མི་ཚེའི་མདུན་ལམ་མེད་ན་ཁ་ལོ་བ་མེད་པའི་གྲུ་གཟིངས་དང་འདྲ་བས་མི་ཚེ་དོན་མེད་རྫོགས་ངེས་སོ། །དངོས་གྲུབ་དཔལ་ནས། ཕ་སྐད་གནས་དགོས་ན་ཕ་སྐད་བཤད་མཁན་གྱི་མི་རིགས་གལ་ཆེ། རང་གིས་རང་གི་མི་རིགས་ཉུང་ངུར་བཏང་ན་ཕ་སྐད་སུས་འཛིན། དངོས་གྲུབ་དཔལ་ནས། ཆོས་པས་བྱེད་དགོས་པ་རྣམ་བཞི། ༡ ཡོན་ཏན་ཤེས་ནས་དད་པ་དག་སྣང་བྱེད་དགོས། ༢ ཀུན་སློང་རྣམ་དག་གིས་སློབ་སྦྱོང་བྱེད་དགོས། ༣ གནས་ལུགས་རྟོགས་ནས་ཉམས་ལེན་བྱེད་དགོས། ༤ ལྷག་བསམ་རྣམ་དག་གིས་གཞན་ཕན་བྱེད་དགོས། ཞེས་པ་འདི་ནི་ངག་དབང་དངོས་གྲུབ་དཔལ་གྱིས་མི་ཚེ་དོན་ལྡན་བྱེད་པ་ལ་འདི་བཞི་གལ་ཆེ་བར་བསམ་ནས་བྲིས་པའོ། །མི་ཆོས་རྣམ་བཞི

མི་ཆོས་རྣམ་བཞི།

མི་ཆོས་རྣམ་བཞི།

ཤེས་བྱའི་གནས་ལ་སློབ་སྦྱོང་དགོས། ཁ་ཕྱོགས་མ་ནོར་བ་དགོས། དཀའ་ཁག་དང་འཕྲད་ཚེ་ནུས་པ་འདོན་དགོས། ཀུན་སྤྱོད་ཀྱིས་གཞན་གྱིས་ཡིད་སེམས་འགུག་དགོས། ཞེས་པ་འདི་ཡང་ངག་དབང་དངོས་གྲུབ་དཔལ་གྱིས་མི་ཆོས་ལ་གལ་ཆེ་བར་མཐོང་ནས་བྲིས་པའོ། །གནས་སྐབས་དྲང་བདེན་དོར་ནས་གཡོ་སྒྱུས་སྙན་གྲགས་ཐོབ་གོ་ས་སོགས་ཐོབ་པ་སྲིད་མོད་མཐར་མཇུག་འབྲས་ལས་འབྲས་ཀྱིས་ཐག་གཅོད་པར་གདོན་མི་ཟ་བ་ཡིན་ནོ། །ངག་དབང་དངོས་གྲུབ་དཔལ་ནས།

དགོས་པ་བཅོ་བརྒྱད།

དགོས་པ་བཅོ་བརྒྱད།

༡ རང་ལ་རེ་ལྟོས་བྱེད་ཚེ་བརྩེ་བས་བསྐྱང་དགོས། ༢ བརྩི་འཇོག་བྱེད་ཚེ་མགོ་འཕང་དམའ་དགོས། ༣ བརྙས་བཅོས་ཚེ་ན་སེམས་དཔང་མཐོ་དགོས། ༤ འགལ་རྐྱེན་ཚེ་ན་སྤོབས་པ་བསྐྱེད་དགོས། ༥ སྐྱོན་བརྗོད་ཚེ་ན་ལེགས་ཉེས་འབྱེད་དགོས། ༦ དཀའ་ངལ་འཕྲད་ཚེ་རང་ཚུགས་ཡོད་དགོས། ༧ ཕྲག་དོག་མང་ཚེ་ཁ་ཕྱོགས་བརྟན་དགོས། ༨ བྱ་བ་བསྒྲུབ་ཚེ་ལས་འབྲས་བརྩི་དགོས། ༩ གནོད་པ་བྱེད་ཚེ་བཟོད་པ་བསྒོམ་དགོས། ༡༠དྲིན་གྱིས་བསྐྱང་ཚེ་དྲིན་ཅན་ཤེས་དགོས། ༡༡ ཕ་མ་ཡོད་ཚེ་བྱམས་བརྩེ་ཡོད་དགོས། ༡༢ བླ་མ་བཞུགས་ཚེ་དད་གུས་བྱེད་དགོས། ༡༣ གྲོགས་པོར་གྱུར་ཚེ་ཕན་ཐོགས་བརྩོན་དགོས། ༡༤ བསམ་དཀར་ཅན་ལ་ཕྱི་ཐག་རིང་དགོས། ༡༥ གཞོན་པའི་ཚེ་ན་སློབ་སྦྱོང་འབད་དགོས། ༡༦ ཐོས་པའི་ཚེ་ན་ཉམས་ལེན་བྱེད་དགོས། ༡༧ བསྒོམ་པའི་ཚེ་ན་བསྒོམ་བྱ་ཤེས་དགོས། ༡༨ བླ་མ་བསྒོམ་ཚེ་བཀའ་དྲིན་དྲན་དགོས། དངོས་གྲུབ་དཔལ་གྱིས།

ངན་པ་དགུ་འཛོམ།

ངན་པ་དགུ་འཛོམ།

མི་ངན་པ་དགུ་འཛོམ། ༡ ཕྲག་དོག་ཅན། ༢ ཁེངས་དྲག་ཅན། ༣ འཐབ་ཀྲོལ་ཅན། ༤ གཡོ་སྒྱུ་ཅན། ༥ ངོ་གཉིས་ཅན། ༦ ཨ་གསར་ཅན། ༧ འཁྲབ་སྟོན་པ། ༨ ཧ་ཅང་རང་འདོད་ཅན། ༩ དྲིན་ལན་ལོག་འཇལ་བ། ངན་པ་དགུ་འཛོམས་ཀྱི་ཉི་མ་ཡོད་མེད་དང་གནོད་མིན་ལྐོག་གྱུར་ཡིན་མོད་མི་ངན་པ་དགུ་འཛོམས་ནི་གནོད་ངེས་པ་ཅན་ཡིན་པས་དགུ་བཟློག་བྱ་དགོས། དངོས་གྲུབ་དཔལ་གྱིས། ཁ་ཅིག་གིས་མི་རོ་དེ་སྐྲ་ས་རེད་ཟེར་འདུག ང་མི་རོ་ལ་སྐྲག་རྒྱུ་མེད་མོད་ངོ་མ་མི་བསམ་ངན་སྦྱོར་རྩུབ་ཅན་སྐྲག་ས་རེད། ཁ་ཅིག་འདྲེ་ལ་སྐྲག་ཟེར་འདུག དེ་ལས་གཡོ་ཅན་ནི་ཆེས་འཇིགས་སུ་རུང་བ་རེད། དངོས་གྲུབ་དཔལ་གྱིས།

གལ་ཆེ་བ་ཉེར་ལྔ།

གལ་ཆེ་བ་ཉེར་ལྔ།

༡སྤྱིར་ཚེ་འདི་ལ་འཇིག་རྟེན་གྱི་འཚོ་བ་གལ་ཆེ་ཡང་ཚེ་ཕྱི་མ་ལ་དམ་ཆོས་ཁོ་ན་གལ་ཆེ། ༢ ཕྱི་དངོས་པོའི་དཔལ་ཡོན་གལ་ཆེ་ཡང་དེ་ལས་ཀྱང་ནང་སེམས་གྱི་དཔལ་ཡོན་གལ་ཆེ། ༣ མི་ཆོས་ལ་ཀུན་དང་མཐུན་པ་གལ་ཆེ་ཡང་དེ་ལས་ཆོས་མིན་གྱི་སྤྱོད་པ་དང་མི་མཐུན་པ་གལ་ཆེ། ༤ གཞན་ལ་བསྟོད་བསྔགས་བརྗོད་པ་གལ་ཆེ་ཡང་ངོ་སྲུང་གི་ཆེད་བྱ་ངན་ལ་བསྟོད་བསྔགས་མི་བརྗོད་པ་གལ་ཆེ། ༥ སྤྱིར་སྨྲ་བ་ཉུང་བ་གལ་ཆེ་ཡང་བསྟན་འགྲོའི་དོན་དུ་སྨྲ་ཕོད་པ་གལ་ཆེ། སྤྱིར་རབ་ཏུ་བྱུང་བ་ལ་བྱ་ཉུང་དོན་ཉུང་གལ་ཆེ་ཡང་དེ་ལས་ཀྱང་གཞན་དོན་སྒྲུབ་པ་གལ་ཆེ། ༦ ཚིག་འདོན་པ་གལ་ཆེ་ཡང་དེ་ལས་ཀྱང་དོན་བསམ་པ་གལ་ཆེ། ༧ གཞན་དོན་བཤད་པ་གལ་ཆེ་ཡང་དེ་ལས་གཞན་དོན་ལག་ལེན་ལ་བརྩོན་པ་གལ་ཆེ། ༨ ཐོས་བསམ་སྒོམ་གསུམ་ལས་སྒོམ་པ་གལ་ཆེ་ཡང་དེ་ལས་ཀྱང་རྒྱུད་མ་སྦྱང་བ་ལ་ཚོགས་བསགས་དང་ཐོས་བསམ་གལ་ཆེ། ༩ བྱ་བ་སྒྲུབ་པ་ལ་ཤེས་རིག་གལ་ཆེ་ཡང་དེ་ལས་ཀྱང་ཉམས་མྱོང་གལ་ཆེ། ༡༠གྲོགས་བཟང་པོ་བསྟེན་པ་གལ་ཆེ་ཡང་དེ་ལས་ཀྱང་བཀའ་དྲིན་ཆེ་བའི་བླ་མ་མཚན་ཉིད་དང་ལྡན་པ་བསྟེན་པ་གལ་ཆེ། ༡༡ བླ་མ་ཀུན་གལ་ཆེ་ཡང་དེའི་ནང་ནས་ཉིན་རེ་རེ་བཞིན་རྟག་པར་ཆོས་ཀྱིས་སྐྱོང་མཁན་དེ་གལ་ཆེ། ༡༢ སེམས་ཅན་ཀུན་ལ་བྱམས་བརྩེས་གཟིགས་པ་གལ་ཆེ་ཡང་དེའི་ནང་ནས་ཀྱང་དམན་པར་གཟིགས་སྐྱོང་གནང་བ་གལ་ཆེ། ༡༣ སེམས་ཅན་སུ་ལ་ཡང་ཕྲག་དོག་མི་བྱེད་པ་གལ་ཆེ་ཡང་དེའི་ནང་ནས་ཀྱང་ཆོས་གྲོགས་རྣམས་ལ་ཕྲག་དོག་མི་བྱེད་པ་གལ་ཆེ། ༡༤ རིག་གཞུང་གསར་པ་གལ་ཆེ་ཡང་དེ་ལས་ཀྱང་རིག་གཞུང་རྙིང་བ་གལ་ཆེ། ༡༥ རྟེན་གསུམ་བཞེངས་པ་གལ་ཆེ་ཡང་དེ་ལས་ཀྱང་ལུང་རྟོགས་ཀྱི་བསྟན་པ་བཞེངས་པ་གལ་ཆེ། ༡༦ ཕྱིའི་འཛུགས་བསྐྲུན་གལ་ཆེ་ཡང་དེ་ལས་ཀྱང་མི་གསོ་སྐྱོང་བྱེད་པ་གལ་ཆེ། ༡༧ སུ་ལ་ཡང་རོགས་བྱེད་པ་གལ་ཆེ་ཡང་དེའི་ནང་ནས་རང་ལ་དྲིན་ཅན་དང་རེ་ལྟོས་བྱེད་པ་རྣམས་ལ་རོགས་བྱེད་པ་གལ་ཆེ། ༡༨ མཐོ་ལ་གུས་བཀུར་དགོས་པ་གལ་ཆེ་ཡང་དེ་ལས་ཀྱང་ཁྲིམས་ཀྱི་སར་འདྲ་མཉམ་གལ་ཆེ། ༡༩ གཞན་ལ་ཕན་འདོགས་པ་གལ་ཆེ་ཡང་དེ་ལས་ཀྱང་ལན་ལ་རེ་བ་མེད་པ་གལ་ཆེ། ༢༠ རང་གི་གྲུབ་མཐའ་འཛིན་པ་གལ་ཆེ་ཡང་དེ་ལས་ཀྱང་རང་གཞན་གྲུབ་མཐའ་ལ་ཆགས་སྡང་མི་བྱེད་པ་གལ་ཆེ། ༢༡ འཇིག་རྟེན་ཁྲ་ཁྲའི་དུས་ན་མིང་གལ་ཆེ་ཡང་དེ་ལས་ཀྱང་མིང་དོན་མཚུངས་པ་གལ་ཆེ། ༢༢ སྤྱི་ཚོགས་རྨོངས་པ་རྣམས་ཀྱི་ངོར་སྤྲུལ་མིང་གལ་ཆེ་ཡང་དེ་ལས་ཀྱང་བསྟན་འགྲོ་ལ་སྡེ་སྣོད་འཛིན་པ་གལ་ཆེ། ༢༣ མགོ་སྐོར་ལ་གཡོ་སྒྱུ་གལ་ཆེ་ཡང་དོན་དངོས་སུ་དེ་ལས་གནས་ལུགས་དང་དྲང་བདེན་གལ་ཆེའོ།། ༢༤ འཚོ་རྐྱེན་ལ་དངུལ་ལོ་གལ་ཆེ་ཡང་དེ་ལས་ཀྱང་བདེ་སྐྱིད་ལ་སེམས་ཀྱི་ཞི་བདེ་གལ་ཆེ། ༢༥ ཐོག་མར་ཐོས་པ་གལ་ཆེ་ཡང་དེ་ལས་ཀྱང་ཤེས་ནས་སྒོམ་པ་གལ་ཆེ། རང་གི་སྐྱེས་སྐར་༩-༩ ལ་དངོས་གྲུབ་དཔལ་ནས་གལ་ཆེ་བ་ཉེར་ལྔ་བ་འདི་བྲིས་པའོ། །སརྦ་མངྒ་ལཾ། སྒྲིག་ལམ་མེད་ས་ལ་ཤ་ཚ་བའི་བསམ་བཟང་མེད། སྒྲིག་ལམ་མེད་ས་ལ་འཐོར་ཞིག་གི་རྗེས་ལུས་ཡོད། སྒྲིག་ལམ་མེད་ས་ལ་ལྷག་བསམ་ཅན་གྱི་དབུ་ཁྲིད་མེད། འགྲིག་ལམ་མེད་ས་ལ་ཕུགས་བསམ་ཅན་གྱི་མཁས་པ་མེད། སྒྲིག་ལམ་མེད་ས་ལ་ཆོས་མེད་པའི་འཇིག་རྟེན་པ་མང༌། སྒྲིག་ལམ་མེད་ས་ལ་གཞོན་སྐྱེས་ཀྱི་མདུན་ལམ་མེད། སྒྲིག་ལམ་མེད་ས་ལ་ལྟ་སྒོམ་མཐོ་མདོག་གི་ལུང་པ་གང༌། སྒྲིག་ལམ་མེད་ས་ལ་རྨོངས་དད་ཀྱིས་རང་མགོ་སྐོར། དངོས་གྲུབ་དཔལ་ནས་གང་ཤར་དུ་སྤེལ། སློབ་སྦྱོང་མེད་པའི་མིས་ཤ་ཚ་བའི་བསམ་བཟང་མི་ཤེས། སློབ་སྦྱོང་མེད་པའི་མིས་འཐོར་ཞིག་གི་རྗེས་ལུས་དགའ་སྤྲོ་ཡོད། སློབ་སྦྱོང་མེད་པའི་མིས་ལྷག་བསམ་ཅན་གྱི་དབུ་ཁྲིད་ཧ་མི་གོ། སློབ་སྦྱོང་མེད་པའི་མིས་ཕུགས་བསམ་ཅན་གྱི་མཁས་ལ་ལྷག་པར་སྡང༌། སློབ་སྦྱོང་མེད་པའི་མིས་གཞན་ལ་གཡོ་སྒྱུ་སྣ་ཚོགས་བྱེད། སློབ་སྦྱོང་མེད་པ་ལགཞོན་སྐྱེས་ཀྱི་མདུན་ལམ་འཚོལ་མི་ཤེས། སློབ་སྦྱོང་མེད་པའི་མིས་ལྟ་སྒོམ་མཐོ་མདོག་གི་སྒོ་ནས་མོ་ལུང་བཤད། སློབ་སྦྱོང་མེད་པའི་མིས་མིང་དང་གོ་ས་ཁོ་ན་ཞེན། དངོས་གྲུབ་དཔལ་ནས་གང་ཤར་དུ་སྤེལ།

ཚིགས་བཅད་སློབ་གསོའི་སྐོར།

ཚིགས་བཅད་སློབ་གསོའི་སྐོར།

མི་གཞི་བཟང་ངན། དྲིན་ལན་ལོག་འཇལ་བྱེད་པའི་གཤིས། །དྲིན་མེད་མིང་ཆེན་བཀུར་ལ་དགའ། །རྒྱུ་འབྱོར་ཅུང་ཟད་ཡོད་གྱུར་ན། །ཁེངས་དྲེགས་སྣང་བ་དགུང་སྔོན་དབྱིངས། །ཡོན་ཏན་ཏིལ་འབྲུ་ཙམ་ཐོབ་ན། །ང་རྒྱལ་གདེངས་ཀའི་མགོ་བོ་མཐོ། །དྲང་བདེན་མེད་པའི་གང་ཟག་གང༌། །མི་གཞི་མེད་པའི་མི་བུ་ཡིན། །དེ་འདྲ་བ་དང་རྣམ་ཀུན་ཏུ། །སྐད་ཅིག་འཕྲད་པར་མ་གྱུར་ཅིག ། ཡིད་ཆེས་འགྱུར་མེད་གྲོགས་མཆོག་དང༌། །སྐྱེ་ཀུན་འབྲལ་བ་མེད་པར་སྨོན། །དངོས་གྲུབ་དཔལ་ནས། བསྟན་པ་ཚོང་རྫས་བྱེད་པ་བདག་མ་བཟོད། །རྒྱལ་བསྟན་རྫུན་པ་བྱེད་པ་བདག་མ་བཟོད། །དགོན་སྡེར་བཤད་སྒྲུབ་མེད་པ་བདག་མ་བཟོད། །ཁྱིམ་པས་བཙུན་ཆས་བྱེད་པ་བདག་མ་བཟོད། །མི་བཟོད་སྲིན་བྱའི་ཚོགས་ལ་འོད་དཀར་འཕྲོས། །མི་བཟོད་སྒྲོ་བསྐུར་ཀུ་ཅོ་སྒྲོགས་པ་ལ། །མི་བཟོད་འཇིགས་བྲལ་བྲག་ཆ་བཞིན་ཤེས་བྱ། །མི་བཟོད་འཇིགས་པ་ངན་སོང་སྡུག་བསྔལ་གནས། །ཆོས་མེད་སྤྲང་འཁྱམ་པ་དངོས་གྲུབ་དཔལ་ནས་ཁམས་མི་ཉག་མཁས་པ་རྣམ་ལྔའི་གནས་མཆོག་ནས་ཕུལ། གངས་ལྗོངས་གསེར་ལྡན་འཛིན་མའི་ཁྱོན་ཡངས་པོར། །གངས་ལྗོངས་རིག་གཏེར་ཆོས་ཀྱི་རྔ་སྒྲ་བསྒྲགས། །གངས་ལྗོངས་རྒྱལ་བསྟན་རིས་མེད་དགའ་བའི་ཚལ། །གངས་ལྗོངས་ས་སྐྱའི་བསྟན་པ་སྲིད་འདིར་འབར། །དངོས་གྲུབ་དཔལ་ནས། གངས་ལྗོངས་བོད་པའི་ཆོས་བརྒྱུད་ཐམས་ཅད་ཀྱིས། །གངས་ལྗོངས་བསམ་ནས་རིས་མེད་མཐུན་འབྲེལ་གྱིས། །གངས་ལྗོངས་བསྟན་འཛིན་ཡིན་ན་རྒྱལ་བསྟན་སྐྱོངས། །གངས་ལྗོངས་དགེ་འདུན་ཚོགས་ལ་ཞུས་པ་ཡིན། །རྒྱལ་ཁམས་པ་དངོས་གྲུབ་དཔལ་གྱིས་སྨྲས་པའོ། །འཇིག་རྟེན་འདི་ན་ཡིད་རྟོན་མི་ཐུབ་པ། །ཕན་ཚུན་བསླུ་བས་མངོན་ལྐོག་མི་མཉམ་དང༌། །ཕྲག་དོག་འགྲན་སེམས་ཁེངས་དྲེགས་གཞན་དབང་གིས། །གཡོ་འོག་བྲན་དུ་གྱུར་བ་ཡི་རེ་མུག ། རྒྱ་བླ་ཕལ་ཆེར་རྒྱ་མིའི་བྲན་དུ་གྱུར། །བོད་བླ་ཕལ་ཆེར་དེ་ལ་ཡིད་སྨོན་ནས། །བསྟན་འཛིན་སྐྱེས་བུ་ཟད་ནས་དགོན་སྟོང་ལུས། །འོན་ཀྱང་ས་རྡོས་འགྲན་རྩོད་འུར་སྒྲོག་བྱེད། །རིས་མེད་པ་དངོས་གྲུབ་དཔལ་ནས། གཡུང་དྲུང་བསྟན་པའི་ས་གཞི་ལ། །སྔ་འགྱུར་བསྟན་པའི་སྡོང་བོ་འཁྲུངས། །བཀའ་བརྒྱུད་བསྟན་པའི་ཡལ་ཁ་གྱེས། །ས་སྐྱའི་བསྟན་པའི་ལོ་འདབ་རྒྱས། །དགེ་ལྡན་བསྟན་པའི་མེ་ཏོག་བཞད། །ཇོ་ནང་བསྟན་པའི་འབྲས་བུ་སྨིན། །གངས་ལྗོངས་ཆོས་བརྒྱུད་ཆེན་མོ་དྲུག ། བྱམས་བརྩེའི་དཔལ་ལ་རོལ་བར་སྨོན། །དངོས་གྲུབ་དཔལ་ནས། ཕྱོགས་མེད་རིས་མེད་ཁྲི་མ་འབུམ་བཤད་ཀྱང༌། །ཆོས་ལུགས་འཐེན་འཁྱེར་འཐབ་རྩོད་མི་འཕྲུལ་གྱིས། །ཆབ་སྲིད་གཡོ་སྒྱུས་བདག་བསྟོད་གཞན་སྨོད་ཀྱི། །ཆགས་སྡང་མུན་པས་བོད་འབངས་ཚོགས་ཀུན་རྨོངས། །དངོས་གྲུབ་དཔལ་ནས། བདག་ལ་གཞན་གྱིས་ཅི་ལྟར་ངན་བརྗོད་ཀྱང༌། །བྱམས་པའི་སེམས་ཀྱིས་ལྟ་བར་མ་ནུས་ན། །བདག་ཕྱོགས་བཟུང་ནས་གཞན་ལ་ངན་བརྗོད་པ། །ནམ་ཡང་མི་བྱེད་བདག་གི་རེ་བ་ཡིན། །ཞེས་དངོས་གྲུབ་དཔལ་ནས། གནས་ལུགས་རྒྱབ་འགལ་བྱས་ནས་འཚོ་བ་ལས། །བདེན་དོན་ཇི་བཞིན་བཤད་ནས་ཤི་བར་འོས། །གཡོ་སྒྱུས་གཞན་མགོ་སྐོར་བའི་འབྱོར་ལྡན་ལས། །དྲང་བདེན་སློང་མོ་བྱེད་པའི་གྲྭ་རྐྱང་ལེགས། །ཞེས་པ་འདི་དངོས་གྲུབ་དཔལ་གྱིས་སྨྲས་པའོ། །འདོད་ཡོན་ལ་ཆོག་ཤེས་མེད་ན་འདོད་རྔམས་ཀྱི་བསྐལ་མེ་འབར། །དམ་ཆོས་ལ་ཆོག་ཤེས་བསྟེན་ན་ཡོན་ཏན་གྱི་ཆུ་བོ་བསྐམ། །འདོད་པ་དངུལ་ལས་མེད་ན་ཆོས་པའི་གཟུགས་བརྙན་ལས་མི་འོང༌། །བྱ་རྒྱུ་འཇིག་རྟེན་ལས་མེད་ན་ངུར་སྨྲིག་གི་དོན་སྙིང་མེད། །ཅེས་ངག་དབང་དངོས་གྲུབ་དཔལ་གྱིས་སྨྲས་སོ། །སྲིད་འབྱོར་འཁོར་བའི་མེ་འོབས་ཆེན་པོའི་ནང༌། །བདེ་བའི་གོ་སྐབས་སྐད་ཅིག་ཙམ་མེད་པས། །ཞི་བསིལ་ཐར་བའི་གནས་ལ་བགྲོད་པའི་སླད། །ཆོས་ཀྱི་སྙིང་པོ་ཐོས་བསམ་སྒོམ་སྒྲུབ་མཛོད། །དངོས་གྲུབ་དཔལ་ནས། འཇིག་རྟེན་འཁོར་བ་མཐོ་དམན་གང་ན་ཡང༌། །ཇི་ལྟར་བསམ་ཡང་སྐྱོ་གདུང་འབྱུང་བའི་གནས། །དེ་སླད་དོན་མེད་བྱ་བ་རིང་དོར་ནས། །དམ་པའི་ལྷ་ཆོས་འབད་དེ་སྒྲུབ་དགོས་སྙམ། །དངོས་གྲུབ་དཔལ་ནས། ནང་བསྟན་མ་བརྗེད་སྤྱ ོད་ལམ་ཡག་པོ་གྱིས། །འཆི་བ་མ་བརྗེད་མྱུར་དུ་དམ་ཆོས་འབོད། །ཕྱི་མ་མ་བརྗེད་ཚེ་འདིར་ཞེན་པ་སྤོངས། །སྡུག་བསྔལ་མ་བརྗེད་ཐར་བ་ཐོབ་པར་མཛོད། །མཆོག་གསུམ་ལས་འབྲས་བསླུ་མེད་བདེན་པའི་མཐུས། །བདག་ནི་གང་དུ་འགྲོ་ཞིང་འདུག་པའི་གནས། །བཤད་སྒྲུབ་བསྟན་པའི་མི་མཐུན་ཕྱོགས་ཞི་ནས། །ངེས་དོན་ལུང་རྟོགས་བསྟན་པ་དར་བར་སྨོན། །ལྷག་པར་བདག་དང་འབྲེལ་བའི་གྲྭ་བཙུན་ཀུན། །མདོ་སྔགས་ཆོས་ཚུལ་དཔལ་ལ་ལོངས་སྤྱ ོད་ནས། །བསྟན་པ་རྣམ་དག་འཛིན་པའི་བསྟན་འཛིན་དུ། །གྱུར་ནས་བསྟན་འགྲོའི་མགོན་དུ་འགྱུར་བར་སྨོན། །བདག་ལ་སྡང་བའི་གདུག་པའི་ཚོགས་ཀུན་ལ། །བྱམས་དང་བརྩེ་བའི་མེ་ཏོག་ཆར་བསྙིལ་ཏེ། །བདག་གིས་སྒོ་གསུམ་བྱ་བ་གང་བརྩམ་པ། །གཞན་ལ་ཕན་པར་འགྱུར་བའི་སྨོན་ལམ་འདེབས། །གྲྭ་བཙུན་པ་དངོས་གྲུབ་དཔལ་གྱིས་ཤར་མར་དུ་བྲིས་པའོ། །རྣམ་ཀུན་གཅམ་བུའི་ཚིག་གི་ཟོལ་སྦྱོར་ལ། །དོགས་ཟོན་བྱས་ནས་ཤ་ཚའི་གཏམ་བཟང་ཚིག། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། །འདི་ཕྱིའི་དོན་ཆེན་སྒྲུབ་པའི་ཐབས་མཆོག་ཡིན། །གཅམ་བུ་ཚིག་ལ་དགའ་བའི་བསམ་མེད་ཚོགས། །བསམ་བཟང་ཚིག་ལ་མཁོན་འཛིན་སྡང་མིག་བསྒྲད། །དེ་འདྲའི་རིགས་ལ་ཤ་ཚའི་གཏམ་བཤད་ལས། །རེ་ཞིག་བཏང་སྙོམས་བཞག་ན་ལེགས་པ་ཡིན། །དེ་རིང་ངལ་གསོ་ལ་ངག་དབང་དངོས་གྲུབ་དཔལ་ནས། རིགས་མཐུན་སྐྱེ་བོའི་ཚོགས་ཀྱི་འདུ་འཛོམས་ལ། །ཁ་ཕྱོགས་མེད་པའི་སྐྱེ་བོ་ངང་གིས་འདུ། །ཞར་ལ་པར་བརྙན་རྫུན་རིས་གཡོ་ཟོལ་གྱིས། །རྨོངས་པའི་ཚོགས་རྣམས་མུན་ནག་ལྟུང་བར་འགྱུར། །ཀུན་དགའ་དོན་འགྲུབ་རྫུ་འཕྲུལ་ནུས་སྟོབས་ཀྱིས། །རྒྱང་རིང་ཡུལ་གྱི་འབྱོར་མེད་ཚོགས་རྣམས་ཀུན། །སྐད་ཅིག་ཉིད་ལ་ཆོས་བརྒྱད་དགོན་པར་བཀུག། པར་བརྙན་འཇའ་ཚོན་འཛམ་གླིང་ཕ་མཐར་སྤྲོས། །དེང་སྐབས་ཀྱི་དགོན་སྡེ་རེ་ཟུང་གི་འགྲོ་ལུགས་འདི་ལྟར་ཡིན་པ་འདྲའོ། །ཀུན་ཀྱང་སྔོན་ལས་བསླུ་མེད་མཐུ་ཡིན་པས། །སྐྱིད་སྡུག་གང་བྱུང་དགའ་སྐྱོ་མི་བྱེད་པར། །འགྲོ་ཀུན་ལས་ངན་སྡིག་སྒྲིབ་དག་བྱའི་ཕྱིར། །བླ་མེད་བྱང་ཆུབ་ཐོབ་ཕྱིར་བརྩོན་པར་སྨོན། །གང་སྣང་འཁྲུལ་བ་ཨ་འཐས་སྣང་བ་ལས། །གཏད་སོ་མེད་པའི་བདེན་མེད་རྫུན་སྣང་འདི། །ལེགས་པར་ཤེས་ནས་བདེན་འཛིན་འཁྲུལ་བ་འདི། །གཞོམ་པར་གྱིས་ཤིག་ཐར་འདོད་སྐལ་ལྡན་ཚོགས། །ཇི་ལྟར་རྨི་ལམ་འཁྲུལ་སྣང་ཆོས་ཀུན་དང༌། །འདི་སྣང་ཆོས་ཀུན་རྫུན་པར་མཉམ་པ་ཡིན། །མ་འཁྲུལ་དོན་དམ་འོད་གསལ་ཆོས་སྐུའི་སར། །བགྲོད་པའི་ཐབས་མཆོག་སྟོང་ཉིད་སྙིང་རྗེ་སྒོམས། །དངོས་གྲུབ་དཔལ་ནས། དགོན་པ་ལ་སྐྱོ་བ་སྐྱེ་མི་རུང་སྤྲོ་བ་སྐྱེ་དགོས། །དམ་ཆོས་ལ་ཆོག་ཤེས་སྐྱེ་མི་རུང་སྤྲོ་བ་སྐྱེ་དགོས། །ཐོས་བསམ་ལ་དཀའ་ངལ་སྐྱེ་མི་རུང་སྤྲོ་བ་སྐྱེ་དགོས། །སྒོམ་པ་ལ་ལོ་ཟླས་མི་ཆོག་པར་མྱོང་བ་ཐོན་དགོས། །འཁོར་བ་ལ་སྤྲོ་བ་མེད་པར་སྐྱོ་བ་སྐྱེ་དགོས། །འདོད་ཡོན་ལ་སྤྲོ་བ་མེད་པར་ཆོག་ཤེས་བསྟེན་དགོས། །འཇིག་རྟེན་ལ་སྤྲོ་བ་མེད་པར་རྒྱང་དུ་དོར་དགོས། །རྣམ་གཡེང་ལ་སྤྲོ་བ་མ་བྱེད་སྤང་བར་བྱ་དགོས། །དངོས་གྲུབ་དཔལ་ནས། ཆོས་ལུགས་ཆགས་སྡང་མ་རྩོད་གངས་ཅན་པ། །བན་བོན་ཕྱི་ནང་མ་རྩོད་གངས་ཅན་པ། །གྲུབ་མཐའ་ཆེ་ཆུང་མ་རྩོད་གངས་ཅན་པ། །ཆོལ་ཁ་ཕྱོགས་རིས་མ་རྩོད་གངས་ཅན་པ། །སྙན་གྲགས་ཆེ་ཆུང་མ་རྩོད་གངས་ཅན་པ། །ཆོས་བརྒྱུད་དབུ་འཛིན་མ་རྩོད་གངས་ཅན་པ། །བཤད་སྒྲུབ་སུ་བཟང་མ་རྩོད་གངས་ཅན་པ། །བསྡུས་གྲྭ་དགོས་མིན་མ་རྩོད་གངས་ཅན་པ། །རྩོད་ན་ང་ཚོ་ཕམ་འགྲོ་གངས་ཅན་པ། །གཞན་གྱི་སྒེར་གཅོད་གཡོ་བའི་ཁྲོ་གཉེར་ལ། །འཇིགས་ནས་སྨྲ་བརྗོད་ཞི་ཞལ་འཁུམ་ན་ནི། །གཞན་དབང་གྱུར་ནས་རང་ནུས་འཇའ་ལྟར་ཡལ། །དེ་སླད་གཞན་ཕན་གད་རྒྱངས་མངོན་བཞད་བྱ། །དངོས་གྲུབ་དཔལ་ནས། རྗེས་ལུས་གཉིད་ལས་སད་པར་བྱེད་པའི་ཐབས། །གདམས་ངག་མཚང་ཐོག་རྒོལ་བའི་སྤོབས་པ་གནད། །འོན་ཀྱང་དགོས་མེད་ངག་འཁྱལ་ཙམ་སོང་ན། །སྨྲ་བ་ཉུང་ནས་རང་སེམས་འདུལ་བར་གྱིས། །དངོས་གྲུབ་དཔལ་ནས། ༄༅། །ཕུགས་རྒྱང་རིང་པོ་འཆང་ནས་སློབ་སྦྱོང་དགོས། ཀུན་སྤྱ ོད་ཀྱིས་གཞན་གྱི་ཡིད་སེམས་འགུགས་དགོས། དཀའ་ཁག་དང་འཕྲད་ཚེ་ནུས་པ་འདོན་དགོས། ལག་ལེན་བྱེད་ཚེ་ཁ་ཕྱོགས་མ་ནོར་བ་དགོས། ཞེས་སྤྲང་འཁྱམ་པ་དངོས་གྲུབ་དཔལ་ནས། འཆད་ཉན་བཀག་ན་སྒྲུབ་པ་ཉམས་ལེན་བཀག ། གྲྭ་སར་བཀག་པ་མི་བུ་རླབས་ཆེན་བཀག ། བླ་མས་སློབ་སྟོན་མེད་ན་ཐར་བ་བཀག ། རིག་གནས་བཀག་ན་མ་འོངས་མདུན་ལམ་བཀག ། དངོས་གྲུབ་དཔལ་ནས།

རང་སེམས་ཆོས་ལ་སྐུལ་བའི་ཀ་རྩོམ།

རང་སེམས་ཆོས་ལ་སྐུལ་བའི་ཀ་རྩོམ།

ཀ་ཡེ་གསོན་དང་ཆོས་གཟུགས་འཛིན་པ་བདག ། ཁ་ཏ་གཞན་ལ་འཆད་ཁུལ་བྱས་ན་ཡང༌། །ག་ལེར་ལོང་ཡོད་བསམ་པའི་རྟག་འཛིན་མཁན། །ང་ཁྱོད་འཛིན་པའི་བདག་འཛིན་ཉོན་མོངས་ཀྱིས། །ཅ་ཅོ་ལ་སོགས་དོན་མེད་ལས་ལ་ཟད། །ཆ་ལུགས་ཆོས་དང་མཐུན་པས་མཛེས་ན་ཡང༌། །ཇ་སོགས་རྙེད་བཀུར་འདོད་རྔམས་མ་བཅོམ་པས། །ཉ་བཞིན་འཁོར་བའི་རྒྱ་མཚོར་དབང་མེད་འཁྱམས། །ཏ་ལའི་ལྗོན་པའི་ཆོས་ཀྱི་ནགས་ཚལ་ནས། །ཐ་མལ་ཚུལ་དོར་བག་ཡོད་ལྡན་པར་གྱིས། །ད་ལན་བཞིན་དུ་མཐུན་རྐྱེན་ཚང་བ་དང༌། །ན་བ་ལ་སོགས་ཉེར་འཚེ་མེད་པའི་དུས། །པ་སངས་ལྟར་དཀར་ལྷག་བསམ་འོད་དཀར་གྱིས། །ཕ་མཐར་བསྒྲོད་པའི་ཐོག་མར་གཞི་རྩ་ལ། །བ་སྤུ་གཡོ་བའི་ངེས་འབྱུང་སྒོམ་དགོས་ལགས། །མ་སྒོམ་ན་ནི་ཐར་བའི་སྒོར་མི་ཆུད། །ཙ་ལའི་སེམས་ལྡན་ཐར་འདོད་ཀུན་གྱི་གཅེས། །ཚ་ཟེར་ཅན་གྱིས་པད་ཚལ་རྒྱས་པ་བཞིན། །ཛ་ཡི་བསྟན་པའི་སྙིང་པོ་བྱང་ཆུབ་སེམས། །ཝ་མོ་ལ་སོགས་སེམས་ཅན་དོན་དུ་འབད། །ཞ་ར་འདྲ་བའི་མ་རིག་རྨོངས་དབང་གིས། །ཟ་ཉལ་འགྲོ་འདུག་འཁོར་བར་འཁོར་བ་ལས། །འ་ཅག་ཡང་ཡང་རྒྱལ་བསྟན་འཕྲད་དཀའ་བས། །ཡ་མཚན་མི་ལུས་འདི་ལ་འཆད་ཉན་གྱིས། །ར་བ་གཅིག་ནས་འཚར་ལོངས་བྱུང་བའི་གྲོགས། །ལ་ལ་ཙམ་མིན་ཀུན་ལ་གྲོགས་མཆོག་ལྟོས། །ཤ་ཚའི་གཏམ་འདི་ཉམས་སུ་ལེན་ན་ནི། །ས་ལམ་མྱུར་དུ་བགྲོད་པར་རྒྱལ་བས་གསུངས། །ཧ་ཧ་ཙམ་མིན་སྙིང་གི་དཀྱིལ་དུ་ཟུང༌། །ཨ་དོན་སྐྱེ་མེད་སྤྲོས་བྲལ་མངོན་འགྱུར་ཤོག། ཅེས་ཀ་རྩོམ་འདི་ནི་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གཉིས་ལ་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པའོ། །ཕྱི་ཡི་ཟོལ་སྦྱོར་རྒན་གསོ་དྭ་ཕྲུག་སྐྱོང༌། །སྲོག་བསླུ་རྟེན་བཞེངས་དགེ་ལས་བྲོ་གར་འཆམ། །མཆོག་སྤྲུལ་ལ་སོགས་མིང་ཆེན་ལ་བརྟེན་ནས། །རྨོངས་བའི་སྤྱ ི་ཚོགས་མུན་རུམ་མགོ་བོ་བསྐོར། །ནང་ནས་གཡོ་སྒྱུའི་སྒྱུ་མའི་དམག་དཔུང་གིས། །དད་ལྡན་འབྱོར་ལྡན་ལག་ནས་འཕྲོག་བཅོམ་བྱས། །ཡོན་ཏན་ཅན་གྱི་སྐྱེ་བོ་བཙོན་དུ་བཅུག ། ལག་རྗེས་རང་རིགས་མི་ལ་ཕམ་ཉེས་བཟོས། །ཞེས་མིང་ཙམ་ལ་བརྟེན་ནས་མགོ་བསྐོར་སྣ་ཚོགས་བྱེད་པ་མཐོང་ནས་རང་སྐྱོན་མི་མཐོང་གཞན་སྐྱོན་སྨྲ་བ་དངོས་གྲུབ་དཔལ་གྱིས་འདི་སྨྲས་སོ། །ཡོན་ཏན་མ་མཐོང་མིང་ཙམ་ལ་དད་པ། །རྒྱུས་མེད་མི་ལ་བློ་ཕུགས་བཅོལ་བར་བྱེད། །རྟགས་དཔྱད་མ་བྱས་ལས་ལ་བརྩོན་པ་ཀུན། །བློ་གྲོས་བྱིས་བློ་འདྲ་བའི་དན་རྟགས་ཡིན། །དངོས་གྲུབ་དཔལ་ནས།

ཨ་གསར་ཅན་གྱི་རང་གཤིས།

ཨ་གསར་ཅན་གྱི་རང་གཤིས།

ཨ་གསར་ཅན་དེ་དོན་མེད་མི་ལ་དགའ། །ཨ་གསར་ཅན་དེ་དྲིན་ཅན་ཡིན་མིན་མེད། །ཨ་གསར་ཅན་དེ་མིང་གྲགས་སྟོང་བར་དགའ། །ཨ་གསར་ཅན་དེ་ཕན་བཏགས་མ་བཏགས་མེད། །ཨ་གསར་ཅན་དེ་འགྱུར་བ་ཧ་ཅང་མང༌། །ཨ་གསར་ཅན་དེ་མཐོ་ལ་ངོ་ལེན་མང༌། །ཨ་གསར་ཅན་དེ་བློ་གཏད་ནོར་བ་ཡིན། །ཨ་གསར་ཅན་དེ་ནམ་མཁའི་འཇའ་ཚོན་འདྲ། །ཨ་གསར་ཅན་དེ་འགྲོག་པ་ཤིན་ཏུ་དཀའ། །ཨ་གསར་ཅན་དེ་སྟོང་འུར་ལངས་པ་སླ། །ཨ་གསར་ཅན་དེ་ཨ་གསར་རྟ་ལས་མགྱོགས། །ཨ་གསར་ཅན་དེ་མཇུག་མ་ལུག་རྔ་བཞིན། །ཨ་གསར་ཅན་དེ་ཕུགས་བསམ་གང་ཡང་མེད། །ཨ་གསར་ཅན་དེ་བློ་གཏད་ནམ་ཡང་མེད། །ཨ་གསར་ཅན་དེ་ཁ་ཕྱོགས་གང་ཡང་མེད། །ཨ་གསར་ཅན་དེ་ཕྱི་ནང་ཆ་མ་མཆིས། །ཨ་གསར་ཅན་དེ་སྤེན་མའི་མེ་ལྕེ་འདྲ། །ཨ་གསར་ཅན་དེ་ངོ་ཤེས་ཧ་ཅང་སླ། །ཨ་གསར་ཅན་དང་འགྲོག་ན་འགྱོད་པའི་གཞི། །ཨ་གསར་ཅན་དང་ནམ་ཡང་མ་འཕྲད་སྨོན། །ཨ་གསར་ཅན་ལ་སུན་སྣང་སྐྱེས་པའི་དངོས་གྲུབ་དཔལ་གྱིས་ཤར་མར་དུ་བྲིས་པའོ། །གཞན་གྱི་སྒེར་གཅོད་གཡོ་བའི་ཁྲོ་གཉེར་ལ། །འཇིགས་ནས་སྨྲ་བརྗོད་ཞི་ཞལ་འཁུམ་ན་ནི། །གཞན་དབང་སོང་ནས་རང་ནུས་འཇའ་ལྟར་ཡལ། །དེ་བས་གཞན་ཕན་མི་འཇིགས་གད་རྒྱངས་བསྒྲགས། །སྤྲང་འཁྱམ་པ་དངོས་གྲུབ་དཔལ་ནས།

དགོས་པ་བརྒྱད་ཀྱི་ལྟ་སྒོམ་སྤྱོད་གསུམ

དགོས་པ་བརྒྱད་ཀྱི་ལྟ་སྒོམ་སྤྱོད་གསུམ་བཞུགས་སོ། །

ཆོས་པ་ཡོང་བར་ལས་འབྲས་ཡིད་ཆེས་དགོས། །ཡོན་ཏན་གཞི་མར་ཚུལ་ཁྲིམས་རྣམ་དག་དགོས། །སྤྱ ོད་པ་རྣམ་དག་ཚེ་མེད་གཞན་ཕན་དགོས། །ཐར་ལམ་རྣམ་དག་འཁོར་བར་སྐྱོ་བ་དགོས། །སྲིད་པ་སྤང་བར་བདག་མེད་རྟོགས་པ་དགོས། །ཐེག་པ་ཆེན་པོར་གཞན་དོན་བསམ་པ་དགོས། །སྤྲོས་བྲལ་ལྟ་བར་རང་བཞིན་འོད་གསལ་དགོས། །སྒོམ་པ་རྣམ་དག་ཏིང་འཛིན་སྐྱོན་མེད་དགོས། །ཞེས་ལྟ་སྒོམ་སྤྱོད་གསུམ་གྱི་གནད་བསྡུས་པ་འདི་ནི་ངག་དབང་དངོས་གྲུབ་དཔལ་གྱིས་སྨྲས་པའོ། །མངྒ་ལཾ། །

གཡོ་སྒྱུ་ཅན་ལ་གཟབ་པར་འཚལ།

གཡོ་སྒྱུ་ཅན་ལ་གཟབ་པར་འཚལ།

ཀུན་ལ་ཉེ་རིང་མེད་པ་ལེགས་མོད་ཀྱང༌། །དྲིན་ཅན་དྲིན་བཟོ་མེད་པ་ཡི་རེ་མུག། ཀུན་ལ་དག་སྣང་སྦྱོང་བ་བཟང་མོད་ཀྱང༌། །བཟང་ངན་ཁྱད་པར་མི་ཤེས་ཉོན་རེ་མོངས། །བླ་མ་མང་པོར་བསྟེན་པ་བཟང་ན་ཡང༌། །མིང་ཆེན་ཁོག་སྟོང་བསྟེན་ན་ནམ་ཀུན་ཕོངས། །ཐབས་མཁས་ཐུགས་རྗེ་ཆེ་བ་ལེགས་ན་ཡང༌། །གཡོ་སྒྱུའི་ཆབ་སྲིད་ཅན་ལ་ཆོས་དྲི་མེད། །འཁོར་སློབ་ཚུལ་བཞིན་སྐྱོང་བ་བཟང་ན་ཡང༌། །ལྟ་བ་མཐོ་མདོག་གཞན་མགོ་སྐོར་བ་མཚང༌། །དམ་ཆོས་ལམ་སྟོན་གནང་བ་བཟང་ན་ཡང༌། །ལུང་ཙམ་འདོན་པས་ཡོན་ཏན་སྐྱེ་མི་འགྱུར། །འདོད་ཆུང་ཆོག་ཤེས་སྐྱེས་བུ་བཟང་ན་ཡང༌། །སྙིགས་དུས་བསོད་ཆུང་རྣམས་ཀྱིས་བརྙས་བཅོས་བྱེད། །དྲང་བདེན་ཅན་གྱི་མི་ཞིག་ཆེས་མཛེས་ཀྱང༌། །གཡོ་སྒྱུ་ཅན་ལ་ཕྲད་དུས་གཟབ་པར་འཚལ། །གཞན་ལ་ཐོས་སྒོམ་བཤད་པ་བཟང་ན་ཡང༌། །རང་གིས་མི་སྒྲུབ་ཁ་དང་ལག་ལེན་འགལ། །ཆོས་ལུགས་རིས་མེད་བྱེད་ན་བཟང་མོད་ཀྱང༌། །རང་ལ་རང་ལུགས་མེད་པ་ཨེ་མ་མཚར། དཀོར་ཟས་ཉེས་པ་སྟོན་པ་བཟང་ན་ཡང༌། །རྒྱུན་དུ་དཀོར་ལ་རེམ་པ་ཡི་རེ་མུག། ནམ་རྒྱུན་རིག་གནས་དགོས་པར་གྱེར་ན་ཡང༌། །རང་གིས་མི་སྦྱང་མི་ཤེས་ཐབས་རེ་སྐྱོ། །ཀུན་ལ་གུས་ཞབས་བྱེད་དགོས་སྨྲ་ན་ཡང༌། །བླ་མ་ཕ་མ་གུས་ཞབས་མེད་པ་ངན། །འཛམ་གླིང་ཞི་བདེ་བྱེད་དགོས་ཟེར་ན་ཡང༌། །གཉེན་ཉེ་ཆོས་གྲོགས་ཞི་བདེ་མེད་པ་ངན། །དད་པ་རྣམ་དག་ཤིན་ཏུ་གལ་ཆེ་ཡང༌། །རྨོངས་དད་ངང་ནས་ཆོས་མི་སློབ་པ་བླུན། །དགོན་པ་གྲྭ་ཚང་སྒྲིག་ལམ་བརྩི་དགོས་མོད། །གྲྭ་སར་མི་འགྲོ་མི་ཚེ་དོན་མེད་འཛད། །རེ་ཞིག་ངན་གཡོས་གཞན་མགོ་བསྐོར་ནུས་ཀྱང༌། །ནམ་ཞིག་ལས་འབྲས་དྲང་བོས་ཐག་གཅོད་ངེས། །ནམ་གཡེང་བྱེད་པ་སྐྱིད་པོ་ཡིན་བརློམས་ཀྱང༌། །རང་གིས་རང་ཉིད་བསླུ་བ་དེ་ལས་མེད། །གྲྭ་རྐྱང་དངོས་གྲུབ་དཔལ་གྱིས། འཕྲོད་བསྟེན་རྩ་བ་ཟས་སྤྱ ོད་དང༌། །སེམས་ཁམས་སྙོམ་སྒྲིག་བྱེད་པ་གལ། །འཕྲོད་བསྟེན་ཡོད་ན་བདེ་ཐང་ཡོད། །བདེ་ཐང་ཡོད་ན་དོན་ཀུན་འགྲུབ། །དངོས་གྲུབ་དཔལ་ནས། རིན་པོ་ཆེ། ཁྱེད་ཀྱིས་གྲྭ་རྒྱབ་ན་མི་ཚེ་གཅིག་གི་ཆོས་བསྒྲུབ་པའི་རིམ་པ་ཞིག་གསུངས་ཡོད་ལ། ཡིན་ན་ལས་དང་པོ་པས་ཐོས་བསམ་བྱེད་པའི་གཞུང་གི་རིམ་པ་ཞིག་གསུང་རོགས་ཞུ་ཞུ། བདུད་འདུལ་རྡོ་རྗེས་གུས་པའི་ཕྱག་བཅས། ཞེས་པའི་གསུང་ལན་དུ། དང་པོར་བློ་སྦྱོང་ལམ་རིམ་སྡོམ་གསུམ་གསན། །རང་རྒྱུད་ཆོས་དང་འདྲེས་པའི་དགོས་པ་ཡོད། །གཞུང་ཆེན་ཐོག་མ་ཚད་མའི་རིགས་ལམ་སྦྱང༌། །གཞུང་ནི་རིགས་པའི་རྗེས་འབྲང་ཡིན་པས་གལ། །དེ་ནས་ཕར་ཕྱིན་གཞུང་ལུགས་རྒྱ་ཆེར་སྦྱང༌། །ནང་བའི་ཐུན་མིན་ལམ་ཀུན་ཤེས་པའི་གནད། །སྤྲོས་བྲལ་དབུ་མའི་གཞུང་ལུགས་ལེགས་བསླབ་ན། །མཐའ་བྲལ་ཟབ་མོ་དབུ་མའི་ལྟ་བ་རྙེད། །དེ་དག་ཆོས་འཁོར་བར་མཐའི་དགོངས་འགྲེལ་གཏོགས། །དམ་ཆོས་འདུལ་བ་སྟོན་པའི་ཚབ་ཡིན་པས། །ལེགས་པར་སྦྱང་ལ་ལག་ལེན་ཚུལ་བཞིན་འབད། །མངོན་མཛོད་གཞུང་ཆེན་དགོངས་འགྲེལ་དམ་པ་མཆོག། །ལེགས་པར་སྦྱངས་ན་དང་པོའི་དགོངས་ཆེན་རྙེད། །གསང་ཆེན་རྒྱུད་སྡེ་བཞི་ཡི་རྣམ་དབྱེ་དང༌། །ཁྱད་པར་དཔལ་ལྡན་དུས་ཀྱི་འཁོར་ལོ་ཡི། །རིམ་གཉིས་རྣམ་བཞག་ཐོས་བསམ་སྒོམ་པ་གནད། །སྦྱང་བའི་གོ་རིམ་ཆེར་མ་མཆིས་མོད་ཀྱང༌། །དབང་བོ་རབ་འབྲིང་ཐ་མའི་ཁྱད་པར་དང༌། །བརྩོན་འགྲུས་རབ་འབྲིང་ཐ་གསུམ་ལས་དབང་གིས། །རྒྱས་འབྲིང་བསྡུས་གསུམ་ཅི་རིགས་སྦྱང་བ་གནད། །མ་མཐའ་དེ་དག་བསྡུས་ཙམ་མ་བསླབ་ན། །ནང་བའི་རྒྱུན་ཤེས་ཙམ་ཡང་མེད་པར་འགྱུར། །སྔོན་བྱོན་དམ་པ་གོང་མའི་རྣམ་ཐར་བཞིན། །ཐོས་བསམ་སྒོམ་པས་མི་ཚེ་དོན་ལྡན་དགོས། །ཞེས་པ་འདི་མདོ་སྨད་ཇོ་ནང་བསྟན་པའི་མངག་བདག་ཛམ་ཐང་དགོན་ཆེན་གྱི་བསྟན་བདག་ཚ་ཁོ་རྡོ་རྗེ་དཔལ་བཟང་གི་སྐུ་ཚ་མཆོག་སྤྲུལ་བདུད་འདུལ་རྡོ་རྗེས་བསྐུལ་ངོར་ངག་དབང་དངོས་གྲུབ་དཔལ་གྱིས་གུས་ཕྱག་དང་བཅས་ཏེ་ཕུལ་བ་དགེའོ། །

སྤོང་ཀློག་གི་ལས་ལ་བསྐུལ་བ།

སྤོང་ཀློག་གི་ལས་ལ་བསྐུལ་བ།

རྒྱལ་བའི་བཀའ་དང་དགོངས་འགྲེལ་བསྟན་བཅོས་ལ། །ལྟ་བའི་ཤེས་རབ་བརྩོན་པ་ནུབ་གྱུར་བ། །རྩེད་ཆས་རྫུན་མར་ཉིན་མཚན་མིག་བགྲད་ནས། །དངོས་བརྒྱུད་བསྟན་ལ་གནོད་པའི་ལས་ལ་བྲེལ། །ཕ་མས་རེ་བ་བླ་མའི་བཀའ་དགོངས་ཀུན། །སངས་རྒྱས་བསྟན་དང་མི་ལུས་དོན་ལྡན་ལ། །བསམ་ནས་དོན་མེད་གཡེང་བ་རབ་སྤངས་ནས། །སྤོང་ཀློག་ལས་ཀྱིས་དལ་འབྱོར་དོན་ལྡན་མཛོད། །གཞན་ལ་བསམ་མེད་དོན་མེད་བྱིས་པ་ཟེར། །རང་གིས་དེ་འདྲ་བྱེད་ལ་ཞིབ་པར་སོམས། །ལྷ་ཆོས་མི་ཆོས་རིང་ལུགས་ཀུན་ལས་བཤོལ། །དེ་ལས་ལྡོག་ནས་གཏན་གྱི་འདུན་མར་རེམ། །བཙུན་པ་ངག་དབང་དངོས་གྲུབ་དཔལ་གྱིས། སྐུ་རིམ་གྱི་མཆོག་བསམ་པ་བཟང་པོ་གྱིས། །བྱ་བ་ལམ་འགྲོར་ལས་འབྲས་དྲང་བདེན་གྱིས། །བདེ་སྐྱིད་ཆེད་དུ་ཀུན་ལ་བཏང་སྙོམས་གྱིས། །ཉོན་མོངས་ཞི་ཕྱིར་བདག་མེད་སྒོམ་པ་གྱིས། །བསམ་ངན་འཆང་ནས་སྐུ་རིམ་བྱེད་པ་འགལ། །ལས་འབྲས་མི་རྩི་ལམ་འགྲོ་འདོད་པ་འགལ། །ཀུན་ལ་རེ་དོགས་བདེ་སྐྱིད་འཚོལ་བ་འགལ། །བདག་ཏུ་བཟུང་ནས་འཁོར་རྩ་སྤངས་འདོད་འགལ། །དངོས་གྲུབ་དཔལ་ནས། འབྲུག་འུར་སྒྲ་ཆེ་ཡང་སྟོང་སྒྲ་ཡིན། །མཁའ་འཇའ་ཚོན་ལེགས་ཀྱང་ཡལ་ནས་འགྲོ། །འཇིག་རྟེན་གྱི་སྙན་གྲགས་བྲག་ཆ་ཙམ། །སེམས་མ་ཞེན་སྒྱུ་མའི་གར་མཁན་ཡིན། །འདི་བསམ་ན་སྐྱོ་ཤས་ནང་ནས་གཡོ། །དོན་དེ་ཕྱིར་སྙིང་པོའི་ལྷ་ཆོས་ཀྱིས། །ཡིད་རྟོན་པའི་ཐར་ལམ་ཞི་བསིལ་ལ། །དུས་ཀུན་ཏུ་མ་གཡེང་འབད་པར་རིགས། །དངོས་གྲུབ་དཔལ་ནས།

འགྲོ་བའི་ཕན་བདེ་སུ་ཡིས་བསྒྲུབ།

འགྲོ་བའི་ཕན་བདེ་སུ་ཡིས་བསྒྲུབ།

ཆོས་པ་ཕལ་ཆེར་སྲིད་འབྱོར་འདོད་རྔམས་འབར། །འཇིག་རྟེན་ཐམས་ཅད་དེ་ལ་ཡིད་སྨོན་ནས། །བསྟན་པ་རྣམ་དག་མི་མངོན་དབྱིངས་སུ་ཡལ། །སྙིགས་མའི་རང་མཚང་རྡོལ་བ་ཡིད་རེ་མུག ། བསྟན་པའི་གཟུགས་བརྙན་འཛིན་མའི་ཁྱོན་གང་ཡང༌། །བསྟན་པའི་སྙིང་པོ་ནུབ་རིར་ཡིབ་གྱུར་མོད། །བསྟན་པ་མི་ཤེས་བསྟན་པ་དར་ཞེས་གླེང༌། །བསྟན་དང་བསྟན་འཛིན་རྨོངས་བས་རང་མགོ་བསྐོར། །མཆོག་གསུམ་མི་ཤེས་དཀོན་མཆོག་སྐྱབས་སུ་འགྲོ། །དམ་ཆོས་མི་ཤེས་ཆོས་ལ་སྒོམ་སྒྲུབ་བྱེད། །བསྟན་པ་མི་ཤེས་ཁོར་ཡུག་གནོད་ཚབ་བཟོ། །སྨན་མི་ཤེས་པས་སྨན་པ་བྱེད་པ་འདྲ། །ལུང་གི་ཆོས་ལ་འཆད་ཉན་མི་བྱེད་པར། །ཐག་པས་བཅང་ནས་མཆོད་ཡུལ་ཙམ་བྱེད་པ། །རྗེས་ལུས་ཡུལ་ནས་ནམ་ཡང་འཕོ་ཐབས་མེད། །རྨོངས་དད་ཡུལ་སྲོལ་འཛིན་པའི་ཀླད་ལྗང་སྐྱོ། །རྒྱལ་བསྟན་པད་མོ་ཆུ་བོའི་གཞུང་དུ་དོར། །དངོས་གཙོ་སྨྲ་བའི་ཀླད་གསར་ཅོལ་ཆུང་ཚོགས། །ཡིད་བརྟན་མེད་པར་བབ་ཅོལ་སྒྲོ་བསྐུར་བྱེད། །རང་གི་མ་ཤེས་མེད་ཅེས་སྨྲ་བ་མཚར། །ཤེས་འཇོན་གཉིས་ལྡན་དམ་པའི་སྐྱེས་བུ་ལ། །ཕྲག་དོག་སྡང་སེམས་ངན་པའི་གཡོ་སྒྱུ་ཡིས། །སྒྲོ་འདོགས་བསྐུར་འདེབས་འབྲུག་སྒྲ་སྟོང་ལྡིར་བ། །འཇིག་རྟེན་སོ་སྐྱེས་ངང་ཚུལ་སྐྱོ་བའི་གནས། །ཨེ་མ་ད་ནི་བསྟན་པ་སུ་ཡིས་འཛིན། །འགྲོ་བའི་ཕན་དང་བདེ་བ་སུ་ཡིས་བསྒྲུབ། །ཐུགས་རྗེས་གཟིགས་ཤིག་བླ་མ་རིན་པོ་ཆེ། །ཐར་བའི་ལམ་སྣ་ཟིན་པར་བྱིན་གྱིས་རློབས། །ཅེས་པ་འདི་སྤྲང་འཁྱམ་པ་ངག་དབང་དངོས་གྲུབ་དཔལ་གྱིས། སྤྱི་ཚོགས་ཁྲ་ཁྲའི་དུས་འདིར། །རང་ཚུགས་རང་གིས་འཛིན་དགོས། །ཁ་བདེས་གཞན་པ་སྨྱོ་བཅུག ། འཁྲབ་སྟོན་གར་གྱི་མིག་འཕྲུལ། །ལ་ལས་ལྷག་བསམ་ཅུང་ཟད། །ལ་ལས་གོ་སྐབས་འཚོལ་འདུག ། ལ་ལས་སྙན་གྲགས་ཆེད་དུ། །ལ་ལས་སྟོང་འུར་སྣ་ཚོགས། །ལ་ལས་ཆགས་སྡང་ཕྱོགས་འཛིན། །ལ་ལས་ཁ་ཕྱོགས་ནོར་བ། །འཇིག་རྟེན་རྫུན་པའི་སྣང་བརྙན། །ལྟད་མོ་ཡང་ཡང་བལྟས་ན། །དབུ་མར་འཇུག་པའི་བརྡ་ཐབས། །སྒྱུ་མ་བཞིན་དུ་སྟོན་ནོ། །སྐབས་འདིའི་སྤྱི་ཚོགས་ངང་ཚུལ་ལ་གཞིགས་ནས་དངོས་གྲུབ་དཔལ་གྱིས་བྲིས་པའོ། །

ལྷག་བསམ་ཡོད་མེད་ཀྱི་གྲོགས།

ལྷག་བསམ་ཡོད་མེད་ཀྱི་གྲོགས།

སྐྱོན་བརྗོད་མངོན་ནས་བཤད་པ། །ཡོན་ཏན་ལྐོག་ནས་གླེང་བ། །རྒུད་ཚེ་གདུང་སེམས་མཉམ་སྐྱེད། །ལྷག་བསམ་དཀར་བའི་གྲོགས་པོ། །མངོན་ནས་ངོ་བསྟོད་འཇའ་ཚོན། །ལྐོག་ནས་སྒྲོ་བསྐུར་སྣ་ཚོགས། །རྒུད་ཚེ་རྒྱང་རིང་བཤོལ་བ། །རང་དོན་གཞོལ་བའི་གྲོགས་ངན། །རང་དོན་ཡོད་ཚེ་ཁ་འཇམ། །དགོས་མཁོ་མེད་ཚེ་མི་ཤེས། །ཇི་ལྟར་བྱམས་བརྩེས་བསྐྱངས་ཀྱང༌། །བརྗེད་པ་མི་ངན་རང་ལུགས། །ངག་དབང་དངོས་གྲུབ་དཔལ་ནས། བློ་གྲོས་བཟང་པོས་གཞུང་བརྒྱའི་དོན་འབྱེད་ཅིང༌། །སངས་རྒྱས་བསྟན་པ་ཕྱོགས་བཅུར་རབ་སྤེལ་ནས། །འཇིགས་མེད་སྤོབས་པ་རྒྱ་མཚོའི་གྲོང་ཁྱེར་དེར། །འཇུག་པའི་མཐུན་འགྱུར་མཆོག་གསུམ་སྲུང་མས་མཛོད། །ཅེས་པ་འདི་ཉིད་གཞན་ངོར་དངོས་གྲུབ་དཔལ་གྱིས་བྲིས་པ་དགེའོ། །དྲིན་བྱས་མི་ཤེས་སྤྱི་ཚོགས་རྨོངས་བ། །དྲང་བདེན་གནས་ལུགས་ཀུན་ནས་བསྒྲིབས་པའི། །ལོག་བཤད་གཡོ་སྒྱུའི་ཆབ་སྲིད་མུན་ནག ། ཆགས་སྡང་འཇིགས་པ་ཆེ་བའི་མིག་འཕྲུལ། །དངོས་གྲུབ་དཔལ་ནས། དད་ཤེས་ལྷག་བསམ་ཉམ་ཆུང་གྲྭ་རྐྱང་གི་ངང་ཚུལ། །བླུན་པོའི་དཔལ་འབྱོར་ཁུར་གྱི་དབང་ཤུགས་ཀྱིས་བཅོམ་སྟེ། །ནང་བསྟན་དགེ་འདུན་གྲལ་རིམ་མགོ་མཇུག་ཏུ་ལོགས་ནས། །ལྷ་དབང་ལྷ་མིན་དབང་བསྒྱུར་བྱེད་ཚུལ་འདི་ལས་དབང༌། །དངོས་གྲུབ་དཔལ་གྱིས། ཐོས་སྒོམ་ཡར་རྒྱས་མེད་པའི་དགོན་གནས་ལ། །ཕྱི་རྫིག་ཁང་བརྩེགས་འཇིན་རྟེན་བཀྲ་ན་ཡང༌། །འགྲེམས་སྟོན་ཁང་དང་ངོ་བོ་དབྱེར་མ་མཆིས། །བསླབ་གསུམ་རྒྱན་པའི་དགེ་འདུན་གཅེས་པར་སྐྱོངས། །འཁོར་གཡོག་མང་བའི་བླ་ཆེན་མཐོ་སར་སྐྱེས། །ཐོས་སྒོམ་མི་བརྩོན་འཇིག་རྟེན་ལས་ལ་ངལ། །རྒྱལ་སྲུང་དཔོན་འཁོར་ཚོགས་དང་དབྱེར་མ་མཆིས། །ལུང་རྟོགས་བསྟན་པའི་གཞི་འཛིན་དགེ་འདུན་དགོས། །ཆོས་མི་ཤེས་པས་ཆོས་ལོག་སྟོན་དུས་འདིར། །རང་གཞན་དོན་གང་མི་འོང་མགོ་བསྐོར་བརྩོན། །བུ་སློབ་མདུན་མ་མ་བརླག་སློབ་དཔོན་ལགས། །རང་ཚོད་རང་གིས་བཟུང་ལ་དགེ་སྦྱོར་གྱིས། །དངོས་གྲུབ་དཔལ་གྱིས་རང་གི་མཚོན་ནས་གོང་སྨོས་དང་ལྡན་པ་དག་ལ་སྨྲས་པའོ། །

བསྟོད་པའི་སྐོར།

བསྟོད་པའི་སྐོར།

བསྟོད་སྨོན་བཀྲ་ཤིས་ཆོས་དུང་དཀར་པོ། བློ་གྲོས་བཟང་པོས་ཤེས་བྱའི་དཀྱིལ་འཁོར་ཁྱབ། །དཔལ་ལྡན་སྐུ་གསུམ་གསང་བའི་རྒྱ་མཚོ་ཆེ། །སྐལ་བཟང་འཇུག་ངོགས་ཀླུ་དབང་རོལ་བའི་གནས། །མཐའ་ཡས་ཡོན་ཏན་རིན་ཆེན་གཏེར་དུ་གྲུབ། །ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་བྱེ་བ་ཡི། །ཞིང་ཁམས་རབ་འབྱམས་ཆུ་ཀླུང་ཟླ་བརྙན་ལྟར། །གང་ལ་གང་འདུལ་སྤྲུལ་བའི་འོད་སྟོང་གསལ། །བསྟན་འགྲོའི་དོན་ཆེན་མཛད་ལ་གུས་ཕྱག་བགྱི། །རྨད་བྱུང་བརྩེ་བས་འགྲོ་ལ་ཉེར་དགོངས་ནས། །གང་སྐུ་མི་འགྱུར་རྡོ་རྗེའི་ཁམས་བརྟན་པའི། །ཚེ་མཐའ་ཡས་པའི་ངོ་བོར་རྟག་བཞུགས་ཏེ། །ཟབ་རྒྱས་ཆོས་ཀྱི་དགའ་སྟོན་སྤེལ་བར་སྨོན། །བསེ་ཚང་བློ་བཟང་དཔལ་ལྡན་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་ལ་དད་གུས་ཀྱི་སྒོ་ནས་དཔལ་ལྡན་རྒྱལ་བ་ཇོ་ནང་གི་ཆོས་བརྒྱུད་དུ་གཏོགས་པའི་མགོ་ལོག་པ་དངོས་གྲུབ་དཔལ་གྱིས་ཕུལ་བའོ། །ལྷག་བསམ་རྡུལ་མང་བརྩེགས་པའི་བྲག་དཀར་གྱི། །ཁ་བའི་སྲོལ་རྒྱུན་ཚད་ལྡན་འདབ་སྟོང་བཞད། །བོད་ཇའི་གསོལ་སྐྱེམས་འདོད་འཇོའི་དགའ་ཚལ་གླིང༌། །གངས་ལྗོངས་བོད་པའི་སྤུན་ཟླ་མགྲོན་ལ་ཕེབས། །ངག་དབང་དངོས་གྲུབ་དཔལ་ནས། རྒྱལ་བསྟན་ཡོངས་རྫོགས་རྒྱ་ཆེ་རྒྱ་མཚོ་འཁྱིལ་བའི་གངས་ལྗོངས་ཀྱི། །བསོད་ནམས་བྱེ་བས་བསྐྲུན་པའི་བླ་རུང་ཆོས་ཀྱི་ཞིང་ས་ལ། །མི་འདོད་ཉེར་འཚེའི་རྒུད་པ་ཇི་སྙེད་ཐམས་ཅད་ཡོངས་ཞི་ནས། །མི་ནུབ་ཐུབ་བསྟན་འཛིན་པའི་གན་མཛོད་གནས་སུ་འགྱུར་བར་སྨོན། །ཞེས་དངོས་གྲུབ་དཔལ་ནས་སེམས་སྐྱོ་ལྷང་ངེ་བ་ཞིག་གིས་བདག་རྐྱེན་བྱས་ནས་སྨྲས་པའོ། །སྡེ་སྣོད་གསུམ་གྱི་འཆད་ཉན་འགྲོ་ལ་སྤེལ། །ས་གསུམ་རྨོངས་བའི་མུན་པ་ཀུན་ནས་འཇོམས། །ཀརྨ་གསེར་ལྡན་འཛིན་མའི་ཕྱོགས་མཐར་རྒྱས། །བསྟན་པ་རིན་ཆེན་དར་རྒྱས་མཛད་ལ་གུས། །དངོས་གྲུབ་དཔལ་ནས་དད་གུས་ཀྱིས་བྲིས་པའོ། །ཐུབ་དབང་བསྟན་པའི་ལྷ་ལམ་ཡངས་པོ་རུ། །ཟླ་བ་བཞིན་དུ་མཁས་པའི་ཏོ་ཀེར་མཆོག ། དྲན་པ་ཡེ་ཤེས་དུས་ཀྱི་མཐར་ཡང་ནི། །དད་ཤེས་ཁང་བུར་ད་དུང་འཚོ་ཞིང་བཞུགས། །ལོ་ཡི་དྷྲུ་བ་ཕྱི་ཕྱིར་དེད་པ་ན། །བགྲང་བྱ་སྟོང་རྩའི་འཕགས་པའི་ཡུལ་དབུས་སུ། །སྨྲ་བའི་རྒྱུ་སྐར་བྱེ་བའི་ཁ་ལོ་བ། །སྨྲྀ་ཏིའི་འོད་དཀར་རི་བོའི་སྤོ་རུ་འཕོས། །ཆུ་ཤེལ་ཆ་རྫོགས་ཉ་ཚེས་ཟླ་བ་ཡིས། །ཁྲི་གདུགས་ཟེར་མདངས་བཅུད་དུ་གཞིབ་པ་ལྟར། །མཁས་པའི་མདུན་ནས་མཁས་པའི་ངང་ཚུལ་དག། གུས་རྟག་དར་གྱིས་གཙུག་གི་ནོར་བུར་བླངས། །ལུང་གི་བརྗོད་པ་བསམ་པས་གཏིང་དཔོག་པ། །བསམ་དོན་བསྒོམས་པས་གྲུབ་པའི་ས་འཛིན་ཆེ། །ངོ་མཚར་འཕྲུལ་གྱི་རྣམ་ཐར་གཏམ་གྱི་ཚོམས། །ཇོ་བོ་ཁྱེད་ནི་འཕགས་ཡུལ་སྒྲོན་མེ་ཡིན། །གདོང་དམར་ཡུལ་དུ་སྤྲིན་ནག་ལང་ལོང་གིས། །རྒྱལ་བསྟན་ཉིན་བྱེད་རེ་ཞིག་ཡིབ་པ་ན། །ལྷོ་ཡི་ཕྱོགས་ནས་ལྷར་ཡང་འཕྲོས་པ་ཡི། །ཀུན་གྱི་ཐོག་མ་སྨྲྀ་ཏི་ཛྙཱ་ནར་གྲགས། །ཁ་བ་ཅན་དུ་ཤིང་རྟ་ཆེན་པོ་ཞིག། གསེར་གྱི་ཕ་བོང་སྒོ་ཁར་བྱོན་ནའང༌། །བ་གླང་སྔོན་བཞག་བ་རྗེས་འཚོལ་བའི་གཏམ། །ཁྱེད་ཉིད་ཙམ་ལ་བྱུང་བའི་གཏམ་རྒྱུད་མིན། །ཁུར་གྱིས་ལྕིད་པའི་བཀའ་དྲིན་དེ་ནི་དབུ་ནག་སྐྱེ་འགྲོས་གསུབ་ཏུ་མེད་པའི་ཐུགས་བསྐྱེད་ཡིན། །འཛད་མཐའ་བྲལ་བའི་གང་གསུང་ཟེར་ནི་བྱིས་པས་མི་དཔོག་དམ་པ་དག་ཀྱང་བག་ཚའི་ཡུལ། །བྱིན་རླབས་འགྲོ་ལ་ཕན་པའི་སྨན་ནི་དངོས་འཛིན་གཅོང་ནད་ས་བོན་དང་བཅས་གཞོམ་པའི་གཉེན། །ཁྱེད་ཀྱི་གསང་གསུམ་ལྕེ་བརྒྱར་སྤྲུལ་ཡང་ཆ་དང་རྡུལ་ཙམ་བརྗོད་པར་ནུས་པའི་གནས་སུ་ཅི། །རྒྱུ་སྐར་འགྲན་པའི་པཎ་གྲུབ་གྲངས་མེད་ཅིག། ཤེལ་ཕྲེང་བསྟར་བཞིན་ནུབ་རིར་ཡིབ་པ་ལས། །ཀུན་དའི་ཡིད་རབ་སྐྱོ་བའི་མ་མ་ནི། །སྨྲ་བའི་མཚོན་ཆ་ཁྱེད་ལས་སུ་ཞིག་འོས། །ཁྱེད་ལ་ཇོ་བོར་བརྗོད་དེ་མི་དང་ལྷ་ཡི་གཙུག་ན་འཕགས་པའི་ནོར་བུ་ཞིག ། ཁྱེད་ལ་སྨྲྀ་ཏི་ཐོགས་ཏེ་དྲན་དང་ཡེ་ཤེས་དཔག་མེད་དུ་མའི་གན་མཛོད་ཅིག ། ཁྱེད་ལ་ཛྙཱ་ནར་གསོལ་ཏེ་ཤེས་རབ་རྣམ་དག་ཡང་དག་གཟིགས་པའི་སྤྱ ན་ཡངས་པ། །ཁྱེད་ལ་ཀིརྟི་ཞེས་བྱ་འཇིག་རྟེན་གསུམ་ན་དོན་དང་ལྡན་པའི་གྲགས་པ་འབར། །གངས་ལྗོངས་ཡུལ་གྲུ་རྒྱ་མཚོའི་ཟབ་ཡངས་ལ། །ལུས་ཅན་འདྲེན་པའི་རྒྱལ་བསྟན་གྲུ་བོ་ཆེ། །ལས་ངན་རླབས་ཀྱིས་ཕྱོགས་སུ་སྟོར་བ་ན། །མཉན་པ་ཁྱེད་ཀྱིས་སླར་ཡང་ཤིང་རྟ་དྲངས། །ཁྱེད་ནི་སྒྲ་ཚད་བརྗོད་ཚེ་ཚིག་དང་རིགས་པའི་བྱེད་པོ་ལྟར། །ཁྱེད་ནི་སྐད་གཉིས་སྨྲ་སྐབས་ལོ་ཙཱ་ཆེན་མོ་འཇིག་རྟེན་མིག ། ཁྱེད་ནི་སྙིང་རྗེའི་རང་གཟུགས་གཡོ་མེད་བྱམས་པའི་ཏིང་འཛིན་ཅན། །ཁྱེད་ལ་རྗེས་དྲན་བྱེད་དོ་གསོལ་འདེབས་དབྱངས་ཀྱི་འོ་དོད་འབོད། །དངོས་གྲུབ་དཔལ་ནས། སྐྱེ་མེད་ཀ་དག་རིག་པའི་རང་རྩལ་ལསཿ ཀློང་མདངས་འགག་མེད་རིག་པའི་རོལ་རྩལ་ལཿ ཀུན་རྟོག་རྒྱུ་བའི་རི་མོ་སྣ་ཚོགས་བཀྲཿ འཇིག་རྟེན་བདེན་རྫུན་ཡོ་ལང་མིག་འཕྲུལ་བཞིནཿ རྫུན་མའི་འཇའ་ཚོན་ཡིད་གཏད་གང་ཡང་མེདཿ དོན་དེ་སེམས་ལ་བཟུང་ནས་བཏང་སྙོམས་མཛོདཿ སྣང་ཙམ་ཆོས་ལས་བདེན་དོན་འཚོལ་ན་ལེགསཿ ཨོ་རྒྱན་མཁའ་འགྲོའི་གསང་བའི་བརྡ་གསང་ལཿ གང་ཤར་རང་གྲོལ་ཡེ་རྫོགས་ཆེན་པོའོཿ ཨེ་བཾཿགྱང་སྤྲུལ་མཆོག་དབྱིངས་ལ་དངོས་གྲུབ་དཔལ་ནས་རྩེད་མོར་གུས་ཕུལ།

ཁང་དམར་ཕོ་བྲང་ལེགས་གྲུབ་བྱུང་བ་ལ་ཕུལ་བའི་བསྟོད་ཚིག

ཁང་དམར་ཕོ་བྲང་ལེགས་གྲུབ་བྱུང་བ་ལ་ཕུལ་བའི་བསྟོད་ཚིག

རྟ་བབས་ཀ་གདུང་རྟེན་གྱི་རང་བཞིན་མཛེས། །མི་གཡོ་གསུམ་ལྡན་བཅུད་ཀྱི་ཉིང་ཁུ་རྒྱས། །ཨེ་ཝྃ་རོལ་བའི་རྣལ་འབྱོར་འདུ་ར་ཆེ། །ཁང་དམར་ཕོ་བྲང་སྲིད་པའི་རྩེ་ན་འཕགས། །མདོ་སྨད་ཇོ་ནང་ཆོས་སྡེ་ཡོངས་ཀྱི་ཐོག་མའི་གདན་ས་ཆེན་མོ་༧ཆོས་རྗེ་དགོན་གྱི་ཁང་དམར་ངེས་དོན་ཐུབ་བསྟན་བཤད་སྒྲུབ་གླིང་ལེགས་པར་གྲུབ་པ་ལ་ངག་དབང་༧དངོས་གྲུབ་དཔལ་གྱིས་སོ། །དཔལ་ལྡན་ཀ་ལ་ཙཀྲའི་ངེས་དོན་གྱི། །རིམ་གཉིས་རྣལ་འབྱོར་བྱེ་བའི་གཙུག་ལག་ཁང༌། །ཐུབ་བསྟན་བཤད་སྒྲུབ་བསྟན་པ་རྒྱས་གྱུར་ནས། །བསྐལ་བ་ཇི་སྲིད་བར་ཏུ་རབ་གནས་སྨོན། །མདོ་སྨད་ཇོ་ནང་ཆོས་སྡེ་ཡོངས་ཀྱི་ཐོག་མའི་གདན་ས་ཆེན་མོ་༧ཆོས་རྗེ་དགོན་གྱི་ཁང་དམར་ངེས་དོན་ཐུབ་བསྟན་བཤད་སྒྲུབ་གླིང་ལེགས་པར་གྲུབ་པ་ལ་དགའ་སྤྲོ་དང་བཅས་དངོས་གྲུབ་དཔལ་གྱིས་བྲིས་པའོ། །ཨོཾ་སྭ་སྟི། སྐུ་ཚེ་འཇིགས་མེད་རྟག་བརྟན་ལྷུན་རྫོགས་པའི། །མི་འགྱུར་བདེ་བའི་གསང་ཆེན་དཔལ་ལྡན་གྱི། །མཛད་འཕྲིན་འོད་སྟོང་འཛིན་མར་ཁྱབ་པ་དང༌། །ངེས་དོན་བསྟན་པ་འཛིན་པའི་མགོན་སྐྱབས་ཤོག ། ཅེས་པ་འདི་གནས་མཆོག་བྱ་ཡུལ་དགོན་གྱི་༢༠༡༨ལོའི་སྦྱོར་དྲུག་ལོ་གསུམ་མཐར་ཕྱིན་པའི་ཆོས་ཚན་གྱི་ངོར་དངོས་གྲུབ་དཔལ་ནས་གུས་ཕུལ། ཨོཾ་སྭ་སྟི། མཁྱེན་པས་མདོ་རྒྱུད་ངེས་གསང་ཀུན་མཁྱེན་པའི། །ཐུགས་རྗེས་འགྲོ་རྣམས་མ་ནོར་ལམ་བཟང་སྟོན། །མདོ་རྒྱུད་དུ་མར་རྒྱལ་བས་ལུང་གིས་བསྔགས། །མཐའ་བྲལ་གཞན་སྟོང་སྲོལ་འབྱེད་ཇོ་ནང་བ། །རྒྱལ་བསྟན་ལུང་རྟོགས་དམ་ཆོས་རིན་ཆེན་དང༌། །ཁྱད་པར་ངེས་དོན་གཞན་སྟོང་དབུ་མ་ཆེ། །ཐོས་བསམ་སྒོམ་པའི་ཉིན་མཚན་འདའ་བ་ཡི། །དགེ་འདུན་འདུས་པས་ས་གསུམ་ཁྱབ་པར་ཤོག ། ཅེས་པ་འདི་ནི་ཇོ་ནང་གི་ཞལ་འདོན་པར་བསྐྲུན་སྐབས་གྲྭ་ལྷག་བསམ་པ་བདུད་འདུལ་གྱི་བསྐུལ་ངོར་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པའོ། །སརྦ་མངྒཾ། །

སྙན་རྩོམ་སྐོར།

སྙན་རྩོམ་སྐོར།

ཨོཾ་སྭ་སྟི། ཇི་ལྟ་ཇི་སྙེད་ཤེས་བྱའི་གནས་རྣམས་ཀུན། །མ་འདྲེས་གསལ་བར་སྟོན་པའི་རི་མོའི་འཕྲུལ། །གངས་ཅན་པ་ཡི་ཁྱད་ནོར་སྒྱུ་རྩལ་གྱི། །སུག་བྲིས་ཡིད་འོང་པདྨའི་དགའ་ཚལ་བཞད། །ཅེས་པ་འདི་ནི་མགོ་ལོག་ལུང་སྐྱའི་དུས་བྲིས་སྒྱུ་རྩལ་གླིང་ལ་དངོས་གྲུབ་དཔལ་གྱིས་རྗེས་སུ་ཡི་རང་དང་བཅས་ཏེ་ཕུལ། མཁྱེན་གཉིས་ཟུང་གི་ཕྱག་རྒྱའི་གར་སྟབས་ལས། །སྙན་པའི་ཆོས་སྒྲ་ཏམ་བུ་ར་ཡི་དབྱངས། །སྲིད་པའི་ཁྱོན་ལ་ཡོངས་སུ་རབ་དཀྲོལ་བས། །མི་ཤིས་རྒུད་ཚོགས་ཀུན་ནས་ཞི་བྱེད་ཀྱི། །དྲི་མ་འཆོས་ཤིང་སྲིད་ལས་སྐྱོབ་བྱེད་པ། །གདམས་ངག་བདུད་རྩིའི་བཅུད་ཀྱིས་གཏམས་པ་འདི། །དཔར་དུ་བསྐྲུན་པའི་ལེགས་བྱས་བསོད་ནམས་ཀྱིས། །ལུས་ཅན་བདེ་ཞིང་རྒྱལ་བསྟན་འཕེལ་གྱུར་ཅིག ། ཅེས་པ་འདི་ནི་བདག་སེམས་ལ་མཁྱེན་རྟོགས་ཀྱི་རིན་ཐང་ཆེ་བའི་མདོ་སྨད་ཇོ་ནང་དགོན་པའི་ཐོག་མ་ཛམ་ཐང་ཆོས་རྗེ་དགོན་པའི་མཁན་ཆེན་ཀརྨ་རྡོ་རྗེས་མཛད་པའི་ཐེག་པ་མཆོག་གི་ཟབ་གསང་ངེས་དོན་གཞན་སྟོང་དབུ་མ་ཆེན་པོའི་དོན་རབ་ཏུ་གསལ་བར་བྱེད་པ་གཟི་འབར་ནོར་བུའི་འོད་སྣང་ཞེས་པའི་བསྟན་བཅོས་ཀྱི་པར་བྱང་སྨོན་ཚིག་ཏུ་དངོས་གྲུབ་དཔལ་གྱིས་ཕུལ་བ་དགེའོ། །སྔོན་བསགས་བསོད་ནམས་སྟོབས་ལས་མངོན་འཕགས་པའི། །ཕུན་ཚོགས་ཡོན་ཏན་རིན་ཆེན་ལས་གྲུབ་ཅིང༌། །རིགས་ལམ་གད་རྒྱངས་འཕྲིན་ལས་སྟོང་འབར་བས། །ཕས་རྒོལ་ཟིན་གནོན་བློ་གྲོས་འདབ་སྟོང་བཞད། །རིགས་ལམ་རྣམ་པར་འབྱེད་པའི་ལེགས་བཤད་ཀྱི། །སྟོན་ཀའི་ཟླ་ལྟར་གསལ་བའི་འོད་དཀར་གྱིས། །འགྲོ་བློའི་རྨོངས་པའི་མུན་ཚོགས་རབ་བཅོམ་ནས། །ཐུབ་བསྟན་ལུང་རིགས་པད་དཀར་རྒྱས་གྱུར་ཅིག ། ཅེས་པ་འདི་ནི་མཁན་རྣམ་སྲས་ཀྱིས་རྟགས་རིགས་སོགས་རིགས་ལམ་གྱི་རྩོམ་ཡིག་དཔེ་སྐྲུན་བྱེད་སྐབས་སུ་བཙུན་པ་ངག་དབང་དངོས་གྲུབ་དཔལ་གྱིས་རྗེས་སུ་ཡི་རང་དང་བཅས་ཏེ་གུས་ཕུལ། ཨོཾ་སྭ་སྟི། ལྟ་སྒོམ་སྤྱ ོད་པའི་རྣམ་བཞག་རིན་ཆེན་གཏེར། །ནང་བསྟན་དཔག་བསམ་ལྗོན་པའི་འཁྲི་ཤིང་ལ། །ཚན་རིག་དེང་རབས་རིགས་པས་ཟུར་བརྒྱན་པའི། །ལེགས་བཤད་འདི་འདྲ་དུས་ཀྱི་གསོ་སྨན་མཆོག ། དངོས་གྲུབ་དཔལ་ནས་གུས་ཕུལ། ཨོཾ་སྭ་སྟི། བརྩེ་ཆེན་མུ་མེད་རྒྱ་མཚོ་འཁྲིགས་པ་ལས། །མཁྱེན་དཔྱོད་ཟླ་བའི་དཀྱིལ་འཁོར་མངོན་འཕགས་པ། །ཕན་བདེའི་འགྲོས་ཀྱིས་སྲིད་འདི་མི་འདོར་བའི། །བསྟན་འཛིན་དམ་པ་མཆོག་གི་འཁྲུངས་སྐར་བསུ། །ཐུགས་སྟོབས་གོ་ཆའི་སྤྲིན་རིམ་ལྡང་བ་ལས། །ལེགས་གསུང་འབྲུག་སྒྲས་ཀུན་རྨོངས་སེལ་བྱེད་ཅིང༌། །ཚུལ་གནས་ཐོས་བསམ་སྒོམ་པའི་རྒྱལ་མཚན་འཛིན། །འགྲོ་ཕན་བླ་མ་གང་དེའི་འཁྲུངས་སྐར་བསུ། །གདུལ་བྱའི་བསོད་ནམས་སེང་གེས་བཏེགས་པའི་ཁྲིར། །སྐུ་ཡི་ཁོ་ལག་མཚན་དཔེའི་གཟི་འབར་ཞིང༌། །འཕྲིན་ལས་གདུགས་དཀར་གཡས་སུ་རབ་འཁོར་ངང༌། །བསྟན་འགྲོའི་མགོན་དུ་ཡུན་རིང་བཞུགས་གསོལ་འདེབས། །རིན་ཆེན་རྣམ་གསུམ་ཚེ་མཐའ་ཡས་པ་དང༌། །རྣམ་པར་རྒྱལ་དང་སྒྲོལ་མ་དཀར་མོ་སོགས། །འཆི་མེད་ཚེ་ཡི་ལྷ་ཚོགས་ཐམས་ཅད་ཀྱིས། །བསྟན་འཛིན་མཆོག་གི་སྐུ་ཚེའི་འདུ་བྱེད་སྲུངས། །ཞེས་འབྲི་གུང་༧སྐྱབས་མགོན་རྡོ་རྗེ་འཆང་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་དགུང་གྲངས་དོན་ལྔ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་ཇོ་ནང་པ་ངག་དབང་དངོས་གྲུབ་དཔལ་གྱིས་དད་གུས་དང་བཅས་གུས་པས་ཕུལ་བ་དགེའོ། །

གསོལ་འདེབས་སྐོར།

གསོལ་འདེབས་སྐོར།

༧འཕགས་མའི་གསོལ་འདེབས་འཕྲིན་ལས་ཀུན་འགྲུབ་ཅེས་བྱ་བ་བཞུགས་སོ། །པད་ཟླའི་གདན་ལ་སེམས་མའི་དཀྱིལ་དཀྲུང་གིས། །ཐུགས་རྗེ་ཕྱོགས་མེད་ལུས་ཅན་མི་འདོར་བའི། །འཇིགས་པ་བརྒྱད་སོགས་བར་ཆད་མ་ལུས་པ། །མཚན་ཙམ་དྲན་པས་ཀུན་ནས་ཞི་མཛད་མ། །ཉེར་གཅིག་འཕགས་མ་མྱུར་མ་དཔའ་མོ་ལ། །དུས་རྣམས་ཀུན་ཏུ་དད་པས་གསོལ་འདེབས་ན། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་བ་དང༌། །འགྲོ་འདི་དགེ་ལེགས་དཔལ་གྱིས་སྐྱོང་གྱུར་ཅིག ། ལུང་རྟོགས་རིན་ཆེན་བསྟན་པའི་སྙིང་བོ་མཆོག ། འཆད་ཉན་སྒོམ་སྒྲུབ་བཤད་སྒྲུབ་འཕྲིན་ལས་ཀྱིས། །བསྟན་པ་འཛིན་རྣམས་མི་མཐུན་ཀེག་ཀུན་ཞི། །བར་ཆད་གནོད་པ་འཇོམས་པའི་མཐུ་ཐོབ་ཤོག ། མི་དང་མི་མིན་སྐྱེ་རྒུ་མ་ལུས་པ། །ནད་མཚོན་དུག་དང་གདོན་གྱིས་གནོད་པ་ཞི། །མི་འདོད་བྲལ་ཞིང་འདོད་དོན་མ་རྙེད་པའི། །མྱ་ངན་གདུང་བ་ཐམས་ཅད་མེད་པར་མཛོད། །འདོད་པ་ཆེ་ལ་ཆོག་ཤེས་དམ་པ་ཐོབ། །ཞེ་སྡང་འབར་ལ་བཟོད་པའི་གོ་ཆ་སྤྲས། །གཏི་མུག་འགྲོ་ལ་ཤེས་རབ་རབ་རྒྱས་ཏེ། །འཇིག་རྟེན་མ་ལུས་ཀུན་ནས་དགེ་གྱུར་ཅིག། སྐྱབས་འོག་པ་ཀུན་དད་པས་གསོལ་འདེབས་ན། །སྨོན་པ་བཞིན་དུ་གང་ལ་གང་འདོད་དུ། །ཆོས་བཞིན་འགྲུབ་ཅིང་འགྲོ་ལ་ཕན་པ་ཡིས། །བདེ་བླག་ངང་གིས་ཆར་དུ་སྙིལ་བར་མཛོད། །གསོལ་བ་འདེབས་སོ་རྒྱལ་ཡུམ་འཕྲིན་ལས་མ། །བྱིན་གྱིས་རློབས་ཤིག་མཐུ་སྟོབས་དཔལ་བསྐྱེད་མ། །དེང་ནས་རེ་འོ་འཕགས་མ་སྒྲོལ་མ་མཆོག ། རྩེ་གཅིག་ཡིད་ཀྱིས་སྐྱབས་སུ་ཁྱེད་བསྟེན་ནོ། །འཕགས་མའི་གསོལ་འདེབས་འཕྲིན་ལས་ཀུན་འགྲུབ་ཅེས་བྱ་བ་འདི་ཉིད་ཚུལ་ཁྲིམས་རྒྱ་མཚོས་བསྐུལ་ངོར་ངག་དབང་དངོས་གྲུབ་དཔལ་ནས་སོ། །བཀྲ་ཤིས། དགེའོ། །ཕྱག་རྡོར་རྣམ་སྤྲུལ་བློ་བཟང་འཕྲིན་ལས་རྗེ། །མཐུ་སྟོབས་དབང་ཕྱུག་བསོད་ནམས་དཔལ་ལྡན་མཆོག ། རྟོགས་པའི་མངའ་བདག་བསོད་ནམས་བཟང་པོའི་དཔལ། །རྣམ་གསུམ་བླ་མར་ཕྱག་འཚལ་གསོལ་བ་འདེབས། །བདག་སོགས་འགྲོ་རྣམས་སྲིད་ཞིའི་འཇིགས་སྐྱོབས་ནས། །ཕྱི་མ་བྱང་ཆུབ་ལམ་ནས་མཇལ་བར་སྨོན། །ཞེས་པ་འདི་ཆོས་རབ་ནས་བསྐུལ་ངོར་དངོས་གྲུབ་དཔལ་ནས་བྲིས་པ་དགེའོ། །རྒྱལ་ཀུན་ཆོས་སྐུ་ཉག་གཅིག་བཤེས་གཉེན་དུ་སྣང་བ། །ཐུགས་རྗེ་ཕ་མཐའ་བྲལ་བའི་ཉམ་ཐག་གི་སྐྱབས་གནས། །འགྲོ་ཀུན་ཐར་བའི་དགའ་ཆེན་ཕངས་མེད་དུ་སྩོལ་མཁས། །འཇིགས་མེད་མགོན་པོ་ཁྱེད་ཞབས་ཅོད་པན་དུ་བསྟེན་ནོ། །སོར་བཅུ་སྙིང་ལ་སྦྱར་ནས་དད་གདུང་གིས་འབོད་ན། །ཕ་གཅིག་བརྩེ་བའི་རང་གཟུགས་སྙིང་ཁུང་ལ་ཕེབས་ཏེ། །བྱིན་རླབས་ཏིང་འཛིན་སྒོ་བརྒྱའི་དགའ་སྟོན་དང་བཅས་པར། །དོན་གཉིས་ལྷུན་འགྲུབ་ས་ལ་ཐོགས་མེད་དུ་སྦྱོར་ཅིག ། ཅེས་པ་འདི་ནི་དངོས་གྲུབ་དཔལ་ནས། ཀུན་ལ་མཐུན་པར་བྱེད་པའི་བྱ་རྩོམ་པ། །ཀུན་མཁྱེན་གྱིས་ནི་མ་བྱུང་ཨེ་མ་ཧོ། །འཇིག་རྟེན་མཐུན་པ་བདེན་ལས་ངན་གཡོ་མཆོག ། རང་སེམས་ཆོས་དང་མཐུན་ན་དོན་ཆེན་རྙེད། །སྤྲང་འཁྱམ་པ་དངོས་གྲུབ་དཔལ་ནས། བཀའ་དྲིན་གཞལ་མེད་བླ་མ་རིན་པོ་ཆེས། །བྱང་ཆུབ་མ་ཐོབ་བར་དུ་བརྩེ་བས་སྐྱོངས། །བདག་ལ་རེ་ས་སྐྱབས་གནས་གཞན་མ་མཆིས། །མགོན་པོ་གང་གི་ཐུགས་རྗེས་གཟིགས་པར་ཞུ། །དངོས་གྲུབ་དཔལ་ནས།


no previousཇོ་ནང་ཕྱོགས་སུ་འཆད་ཉན་དར་སྤེལ་མཛད་པའི་མཚན་བྱང་ཙམ་བརྗོད་པ། next