Nitartha Digital Library
Tibetan
གསུང་འབུམ་པོད་བཅུ་བདུན་པ། བསྡུས་གྲྭ་དང་བློ་རིག་ཟིན་བྲིས།


  collapse section
བསྡུས་གྲྭའི་འཆད་ཁྲིད་ཟིན་བྲིས་སུ་བཏབ་པ་བློ་གསལ་རིགས་པའི་སྒོ་འབྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
no previousབསྡུས་གྲྭའི་འཆད་ཁྲིད་ཟིན་བྲིས་སུ་བཏབ་པ་བློ་གསལ་རིགས་པའི་སྒོ་འབྱེད། next

བསྡུས་གྲྭའི་འཆད་ཁྲིད་ཟིན་བྲིས་སུ་བཏབ་པ་བློ་གསལ་རིགས་པའི་སྒོ་འབྱེད།

རྒྱལ་བ་ཇོ་ནང་པའི་༧དགེ་བའི་བཤེས་གཉེན་ཆེན་མོ་ངག་དབང་དངོས་གྲུབ་དཔལ་གྱི་བསྡུས་གྲྭའི་འཆད་ཁྲིད་ཟིན་བྲིས་སུ་བཏབ་པ་བློ་གསལ་རིགས་པའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གྲུབ་མཐའ་རྒྱ་མཚོའི་དེ་ཉིད་རིག་པ་ཡི། །གཞུང་ལུགས་རྒྱ་མཚོའི་རིགས་ལམ་ཉིན་བྱེད་ཀྱིས། །ལྟ་ངན་མུན་པའི་དྲ་བ་རྣམ་བསལ་བའི། །ཕྱོགས་གླང་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །ཐོས་བསམ་སྒོམ་པས་གཞུང་ལུགས་འཇུག་པ་ལ། །མེད་དུ་མི་རུང་རིགས་ལམ་ཕྲ་ཞིབ་ཀྱི། །གན་མཛོད་ཚད་མའི་རིགས་པའི་སྒོ་བརྒྱ་དབྱེ། །བློ་གསལ་དོན་གཉེར་ཡིད་ཀྱི་རྒྱན་འདི་ལོངས། །དེ་ལ་འདིར་ཇོ་ནང་གི་བསྟན་པ་ལ་བྱ་བ་རྒྱ་ཆེར་གནང་བའི་དགེ་བཤེས་དངོས་གྲུབ་དཔལ་གྱིས་མཛད་པའི་ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ཞེས་བྱ་བ། དམ་པ་གང་རང་ཉིད་ཀྱིས་འཆད་ཁྲིད་གནང་བ་ལྟར་དང༌། ལུང་འདྲེན་རྣམས་བསྡུས་གྲྭ་དེ་ཉིད་ཀྱིས་ཁ་བསྐངས་ཏེ་རྟགས་གསལ་གྱི་སྐོར་ནས་ཟིན་བྲིས་སུ་འབྲི་བར་བྱ་བ་ལ།

དང་པོ་གཟུགས་ཀྱི་རྣམ་བཞག་ལ་དོགས་པ་འགོད་པ

དང་པོ་གཟུགས་ཀྱི་རྣམ་བཞག་ལ་དོགས་པ་འགོད་པ།

བསྡུས་ཚན་དང་པོ་གཟུགས་ཀྱི་རྣམ་བཞག་ལ་དོགས་པ་འགོད་པ་ལ། དྷཱི༔ ཇི་ལྟར་ཆོས་ཅན། རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། དངོས་པོ་ཡིན་པར་ཐལ། ཆོས་དུང་འབུད་པ་པོ་ལ་རྟག་དངོས་གཉིས་ཡོད་ཕྱིར། རྟགས་མ་གྲུབ་ཟེར་ན། དེ་ཡོད་པར་ཐལ། ཆོས་འཁོར་བསྐོར་བ་བ་པོའི་སངས་རྒྱས་ལ་རྟག་དངོས་གཉིས་ཡོད་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། དེ་ཡོད་པར་ཐལ། དེ་ལ་རྟག་པ་ཡོད་པ་གང་ཞིག དངོས་པོ་ཡང་ཡོད་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག གཉིས་པ་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ཟེར་ན། ཆོས་འཁོར་སྐོར་བ་པོའི་སངས་རྒྱས་ལ་རྟག་པ་ཞིག་ཡོད་པར་ཐལ། དོན་དམ་པའི་སངས་རྒྱས་དེ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དོན་དམ་པའི་སངས་རྒྱས་ཆོས་ཅན། ཆོས་འཁོར་སྐོར་བ་པོའི་སངས་རྒྱས་ཡིན་པར་གྱུར་པའི་རྟག་པ་ཡིན་པར་ཐལ། རྟག་པར་གྱུར་པའི་སངས་རྒྱས་ཡིན་པ་གང་ཞིགཆོས་འཁོར་སྐོར་བ་པོ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ཟེར་ན། དེ་གྲུབ་པར་ཐལ། དེ་ལྟར་གྲུབ་པ་དེ་ཡང་རྗེ་ཏཱ་ར་ནཱ་ཐའི་སྨོན་ལམ་རྒྱལ་བ་རྒྱ་མཚོ་ལས། སངས་རྒྱས་རྟག་པ་དང༌། ཆོས་བདེན་པ་དང༌། དགེ་འདུན་མི་བསླུ་བ། ཞེས་གསུངས་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ཟེར་ན། དོན་དམ་པའི་སངས་རྒྱས་ཆོས་ཅན། ཆོས་འཁོར་སྐོར་བ་པོ་ཡིན་པར་ཐལ། ཆོས་འཁོར་སྐོར་བའི་མཛད་པ་མཛད་པའི་ཕྱིར། མ་གྲུབ་ན། དེ་མཛད་པར་ཐལ། ཆོས་འཁོར་སྐོར་བའི་མཛད་པ་དེ་ཁྱོད་ཀྱི་མཛད་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། སངས་རྒྱས་ཀྱི་མཛད་པ་མཐའ་དག་ཁྱོད་ཀྱི་མཛད་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་གྲུབ་པར་ཐལ་རྗེ་བཙུན་ཏཱ་ར་ནཱ་ཐའི་དབུ་མ་ཡིད་བཞིན་ནོར་བུ་ལས། སངས་རྒྱས་འཕྲིན་ལས་ཐམས་ཅད་དེ་ཡི་ཡིན། །ཞེས་གསུངས་པའི་ཕྱིར། འདོད་ན། དོན་དམ་པའི་སངས་རྒྱས་ཆོས་ཅན། ཁྱོད་ཀྱིས་ཆོས་གསུང་པར་ཐལ། ཁྱོད་ཀྱིས་ཆོས་འཁོར་སྐོར་བའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། ངག་སྨྲ་བར་ཐལ། ཆོས་གསུང་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྐྱེས་བུ་ཡིན་པར་ཐལ། ངག་སྨྲ་བའི་ཕྱིར། འདོད་ན། དེ་ཆོས་ཅན། སྐྱེས་བུ་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། རྟགས་ཁས་ཞེས་དཔྱད་དོ། །གཞན་ཡང༌། ཁ་དོག་ཡིན་ན་དམར་བོ་ཡིན་པས་ཁྱབ་པའི་ཕྱིར། རྟགས་མ་གྲུབ་ན། ཁ་དོག་ཡིན་ན་དམར་བོ་ཡིན་པས་ཁྱབ་པར་ཐལ། དམར་བོ་མ་ཡིན་པའི་ཁ་དོག་མེད་པའི་ཕྱིར།རྟགས་མ་གྲུབ་ན། དམར་བོ་མ་ཡིན་པའི་ཁ་དོག་མེད་པར་ཐལ། དམར་བོ་མ་ཡིན་པའི་དངོས་པོ་མེད་པའི་ཕྱིར། མ་གྲུབ་ན། དམར་བོ་མ་ཡིན་པའི་དངོས་པོ་མེད་པར་ཐལ། དམར་བོ་མ་ཡིན་པའི་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། དམར་བོ་མ་ཡིན་པའི་རྒྱུ་མེད་པར་ཐལ། དམར་བོ་མ་ཡིན་པ་དངོས་མེད་ཡིན་པའི་ཕྱིར། མ་གྲུབ་ན། དམར་བོ་ཆོས་ཅན། ཁྱོད་མ་ཡིན་པ་དངོས་མེད་ཡིན་པར་ཐལ། ཁྱོད་མ་ཡིན་པ་ཡོད་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང་སྙིགས་དུས་ཀྱི་མཐའ་འདིར་ངེས་དོན་ཆོས་ཀྱི་སྒྲ་ཆེན་སྒྲོག་པ་པོ་མདོ་སྔགས་རབ་འབྱམས་སྨྲ་བ་དགེ་བཤེས་ངག་དབང་དངོས་གྲུབ་དཔལ་གྱི་དགོངས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཁྱོད་མ་ཡིན་པ་དངོས་མེད་ཡིན་པར་ཐལ། ཁྱོད་མ་ཡིན་པ་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། དམར་པོ་མ་ཡིན་པའི་རྒྱུ་མེད་པར་ཐལ། དམར་བོ་མ་ཡིན་པ་དངོས་མེད་ཡིན་པའི་ཕྱིར། འདོད་ན། དམར་བོ་མ་ཡིན་པའི་ཁ་དོག་མེད་པར་ཐལ། དམར་བོ་མ་ཡིན་པའི་རྒྱུ་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། ཁ་དོག་ཡིན་ན་དམར་བོ་ཡིན་པས་ཁྱབ་པར་ཐལ། དམར་བོ་མ་ཡིན་པའི་ཁ་དོག་མེད་པའི་ཕྱིར་ཞེས་དཔྱད་པར་བྱའོ། ། ཡང་ཁ་དོག་ཡིན་ན་དམར་བོ་ཡིན་པས་ཁྱབ་པར་ཐལ། དམར་བོ་མ་ཡིན་པའི་ཁ་དོག་མེད་པའི་ཕྱིར། མ་གྲུབ་ན། དམར་བོ་མ་ཡིན་པ་དང་ཁ་དོག་གཉིས་ཀྱི་གཞི་མཐུན་ཡོད་ན་དམར་བོ་མ་ཡིན་པའི་ཁ་དོག་ཡོད་པས་ཁྱབ་པར་ཐལ། དམར་བོ་མ་ཡིན་པའི་ཁ་དོག་ཡོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དམར་བོ་མ་ཡིན་པའི་རྒྱུ་ཡོད་པར་ཐལ། དམར་བོ་མ་ཡིན་པ་དང་རྒྱུ་གཉིས་ཀྱི་གཞི་མཐུན་ཡོད་པའི་ཕྱིར། འདོད་ན། དམར་བོ་མ་ཡིན་པ་ཆོས་ཅན། ཁྱོད་འབྲས་བུ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུ་ཡོད་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། འབྲས་བུ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུ་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། དམར་བོ་མ་ཡིན་པ་ཆོས་ཅན། དངོས་པོ་ཡིན་པར་ཐལ། འབྲས་བུ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། འབྲས་བུ་དང་དངོས་པོ་གཉིས་དོན་གཅིག་ཡིན་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རྒྱུ་དང་འབྲས་བུ་དང་རྐྱེན་དང་དངོས་པོ་རྣམས་དོན་གཅིག་ཡིན་ནོ། །ཞེས་དང༌། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། མངོན་ཚད་ཀྱི་ཐ་སྙད་ལྟར་ན་རྒྱུ་དང་འབྲས་བུ་དངོས་པོ་གསུམ་དོན་གཅིག ཅེས་གསུངས་པའི་ཕྱིར། འདོད་ན། དམར་པོ་མ་ཡིན་པ་ཆོས་ཅན། དངོས་པོ་མ་ཡིན་པར་ཐལ། དངོས་མེད་ཡིན་པའི་ཕྱིར་དང༌། ཡང་དམར་བོ་མ་ཡིན་པའི་ཁ་དོག་ཡོད་པ་ལྟར་ན། དམར་བོ་མ་ཡིན་པའི་ཆོས་གོས་ཡོད་པར་འགྱུར་དགོས་ལ། དམར་བོ་མ་ཡིན་པའི་ཆོས་གོས་ཡོད་ན་དམར་བོ་མ་ཡིན་པས་ཆོས་གོས་གྱོན་ཏེ་འཚོགས་སུ་འགྲོ་རྒྱུ་ཡོད་པར་ཐལ་བ་སོགས་ཀྱིས་ཚིག་འཁྲི་འཕེན་ནོ། །ཡང་ཁ་དོག་ཡིན་ན་དམར་བོ་ཡིན་པས་ཁྱབ་པར་ཐལ། བདག་མེད་ཡིན་པའི་ཕྱིར། མ་ཁྱབ་ན། བདག་མེད་ཡིན་ན་ཁ་དོག་ཡིན་ན་དམར་བོ་ཡིན་པས་ཁྱབ་པ་ཡོད་པར་ཐལ། དམར་བོ་ཡིན་པར་ཐལ། བདག་མེད་ཡིན་ན་ཁ་དོག་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་དངོས་ཁྱབ་གྲུབ་པའི་ཕྱིར། རྟགས་མ་གྲུབ་ན། དེ་འདྲའི་ཐལ་འགྱུར་གྱི་དངོས་ཁྱབ་གྲུབ་པར་ཐལ། ཐལ་འགྱུར་དེའི་དངོས་ཁྱབ་མ་གྲུབ་པའི་དངོས་སྐྱོན་མེད་པའི་ཕྱིར། རྟགས་མ་གྲུབ་ན། ཞོག དཀར་བོ་ཆོས་ཅན་ཟེར་ན། དཀར་བོ་ཆོས་ཅན། བདག་མེད་ཡིན་ན་ཁ་དོག་ཡིན་པར་ཐལ། དམར་བོ་ཡིན་པར་ཐལ། བདག་མེད་ཡིན་ན་ཁ་དོག་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་དངོས་ཁྱབ་མ་གྲུབ་པའི་སྐྱོན་ཡིན་པའི་ཕྱིར། འདོད་ན། དཀར་བོ་ཆོས་ཅན། བདག་མེད་ཡིན་ན་ཁ་དོག་ཡིན་པས་ཁྱབ་པར་ཐལ། བདག་མེད་ཡིན་ན་ཁ་དོག་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། བདག་མེད་ཡིན་ན་ཁ་དོག་ཡིན་པས་ཁྱབ་ཅེས་པ་དང༌། བདག་མེད་ཡིན་ན་ཁ་དོག་ཡིན་ཞེས་པ་རྣམས་ཁྱབ་མཐའི་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཡོད་པ་ཡིན་ན་འདུས་བྱས་དང་འདུས་མ་བྱས་གང་རུང་ཡིན་ཞེས་པ་དང་ཡོད་པ་ཡིན་ན་འདུས་བྱས་དང་འདུས་མ་བྱས་གང་རུང་ཡིན་པས་ཁྱབ་ཅེས་པ་དག་མིང་གི་རྣམ་གྲངས་ཡིན་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། དང་པོ་དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཡོད་པ་ཡིན་ན་འདུས་བྱས་དང་འདུས་མ་བྱས་གང་རུང་ཡིན་པས་ཁྱབ་ཅེས་པ་དང༌། ཡོད་པ་ཡིན་ན་འདུས་བྱས་དང་འདུས་མ་བྱས་གང་རུང་ཡིན་དགོས་ཞེས་པ་དང༌། ཡོད་པ་ཡིན་ན་འདུས་བྱས་དང་འདུས་མ་བྱས་གང་རུང་ཡིན་ཞེས་པ་རྣམས་ཁས་ལེན་སོང་ཚུལ་ལ་ཁྱད་པར་མེད་དེ། ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། ཀ་བ་ཆོས་ཅན། ཁ་དོག་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར་ན་དཔྱད་དོ། །ཡང་ཁ་དོག་ཡིན་ན་དམར་བོ་ཡིན་པས་ཁྱབ་པར་ཐལ། རྟག་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རྟག་པ་ཡིན་ན་ཁ་དོག་ཡིན་ན་གང་དྲན་དྲན་ཡིན་པས་ཁྱབ་པའི་ཕྱིར། རྟགས་མ་གྲུབ་ན། རྟག་པ་ཡིན་ན་ཁ་དོག་ཡིན་ན་གང་དྲན་དྲན་ཡིན་པས་ཁྱབ་པར་ཐལ། རྟག་པ་ཡིན་ན་ཁ་དོག་ཡིན་པས་ཁྱབ་ན་གང་དྲན་དྲན་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། རྟག་པ་ཡིན་ན་ཁ་དོག་ཡིན་པས་ཁྱབ་ན་གང་དྲན་དྲན་ཡིན་པས་ཁྱབ་པར་ཐལ། རྟག་པ་ཡིན་ན་ཁ་དོག་མ་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ། དངོས་པོ་ཡིན་ན་རྟག་པ་མ་ཡིན་པས་ཁྱབ་ན་དངོས་པོ་ཡིན་ན་རྟག་པ་ཡིན་པས་ཁྱབ་ན་གང་དྲན་དྲན་ཡིན་དགོས་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དེ་ཁྱབ་པར་ཐལ། དེ་ལྟར་མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར་ཞེས་དཔྱད་དོ། །ཡང་ཚད་མའི་བསྟན་བཅོས་བསྡུས་གྲྭར་ཆོས་དུང་དཀར་བོའི་ཁ་དོག་ཆོས་དུང་དཀར་བོའི་ཁ་དོག་ཡིན་པར་གསུངས་པ་ལ། ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན། ཆོས་དུང་དཀར་བོའི་ཁ་དོག་མ་ཡིན་པར་ཐལ། རེག་བྱར་གྱུར་པའི་ཆོས་དུང་དཀར་བོའི་ཁ་དོག་མ་ཡིན་པ་གང་ཞིགཁ་དོག་ཏུ་གྱུར་པའི་ཆོས་དུང་དཀར་བོའི་ཁ་དོག་མ་ཡིན་པའི་ཕྱིར། དང་བོ་མ་གྲུབ་ན། ཆོས་དུང་དཀར་བོའི་ཁ་དོག་ཆོས་ཅན། རེག་བྱར་གྱུར་པའི་ཆོས་དུང་དཀར་བོའི་ཁ་དོག་མ་ཡིན་པར་ཐལ། རེག་བྱ་མ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རེག་བྱར་གྱུར་པའི་ཆོས་དུང་དཀར་བོའི་ཁ་དོག་ཡིན་ན་རེག་བྱ་དང་ཆོས་དུང་དཀར་བོའི་ཁ་དོག་གཉིས་ཀྱི་གཞི་མཐུན་ཡིན་དགོས་པའི་ཕྱིར། རྟགས་མ་གྲུབ་ན། རེག་བྱར་གྱུར་པའི་ཆོས་དུང་དཀར་བོའི་ཁ་དོག་ཡིན་ན་རེག་བྱ་དང་ཆོས་དུང་དཀར་བོའི་ཁ་དོག་གཉིས་ཀྱི་གཞི་མཐུན་ཡིན་དགོས་པར་ཐལ། སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་ཡིན་ན་སྒྲུབ་པ་དང་ལྡོག་པ་རིགས་གཅིག་པ་གཉིས་ཀའི་གཞི་མཐུན་ཡིན་དགོས་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། རྟགས་དང་བོ་མ་གྲུབ་ན། སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་ཡིན་ན་སྒྲུབ་པ་དང་ལྡོག་པ་རིགས་གཅིག་གཉིས་ཀའི་གཞི་མཐུན་པ་ཡིན་དགོས་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ལས། སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་མ་ཡིན་པར་ཐལ། སྒྲུབ་པ་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དེ་མིན་བུམ་པའི་བདག་མེད་དང་ཀ་བའི་བདག་མེད་གཉིས་ཀ་སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་མ་ཡིན་པའི་རྒྱུ་མཚན་ཡང་ཡོད་པའི་ཕྱིར། གོང་གི་རྟགས་གཉིས་པ་སྟེ་ཆོས་དུང་དཀར་བོའི་ཁ་དོག་ཁ་དོག་ཏུ་གྱུར་པའི་ཆོས་དུང་དཀར་བོའི་ཁ་དོག་མ་ཡིན་པ་རྟགས་མ་གྲུབ་ཟེར་ན། ཆོས་དུང་དཀར་བོའི་ཁ་དོག་ཆོས་ཅན། ཁ་དོག་ཏུ་གྱུར་པའི་ཆོས་དུང་དཀར་བོའི་ཁ་དོག་མ་ཡིན་པར་ཐལ། ཁ་དོག་ཏུ་གྱུར་པའི་ཆོས་དུང་དཀར་བོའི་ཁ་དོག་མེད་པའི་ཕྱིར། རྟགས་མ་གྲུབ་ན། ཁ་དོག་ཏུ་གྱུར་པའི་ཆོས་དུང་དཀར་བོའི་ཁ་དོག་མེད་པར་ཐལ། ཁ་དོག་ཏུ་གྱུར་པའི་ཆོས་དུང་དཀར་བོ་མེད་པའི་ཕྱིར། རྟགས་མ་གྲུབ་ན། དེར་ཐལ། ཁ་དོག་ཏུ་གྱུར་པའི་ཆོས་དུང་མེད་པའི་ཕྱིར། གོང་གི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ། ཁྱད་གཞི་ཁ་དོག་ཏུ་གྱུར་པའི་ཆོས་དུང་དཀར་བོ་མ་གྲུབ་ན་དེའི་ཁྱད་ཆོས་ཀྱང་གྲུབ་ཚུལ་མེད་པའི་ཕྱིར། རྟགས་མ་གྲུབ་ན། དེ་མེད་པར་ཐལ། དེ་ལྟར་མེད་པ་དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་ཤེས་ལས། བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པ་ག་ལ་འགྱུར། །ཞེས་དང༌། དབུ་མ་ཐེག་མཆོག་ལས། གཞི་མེད་པ་ལ་སྐྱེ་འགག་སོགས། །ཡོད་མེད་གང་ཡང་མི་འཐད་དོ། ཞེས་དང༌། ཟིན་བྲིས་ལས། ཁྱད་གཞི་གང་ཡང་མེད་པ་ལ་ཁྱད་ཆོས་སྐྱེ་འགག་སོགས་ཡོད་མེད་གང་ཡང་མི་འཐད་དོ། །ཞེས་དང༌། རྒྱུ་འབྲས་དབུ་མའི་ཐིག་ལེ་ལས། ཁྱད་གཞི་མེད་ན་ཁྱད་ཆོས་མི་སྲིད་ཕྱིར། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་ཆོས་དུང་དཀར་བོའི་ཁ་དོག་ཆོས་དུང་དཀར་བོའི་ཁ་དོག་མ་ཡིན་པར་ཐལ། དེ་ཁ་དོག་མ་ཡིན་པར་གྱུར་བའི་ཆོས་དུང་དཀར་བོའི་ཁ་དོག་མ་ཡིན་པ་གང་ཞིག ཁ་དོག་ཡིན་པར་གྱུར་བའི་ཆོས་དུང་དཀར་བོའི་ཁ་དོག་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ཟེར་ན། འོ་ན་དེ་ཆོས་ཅན། ཁ་དོག་ཡིན་པར་གྱུར་བའི་ཆོས་དུང་དཀར་བོའི་ཁ་དོག་མ་ཡིན་པར་ཐལ། འདོད་ན། ཁ་དོག་ཡིན་པར་གྱུར་བའི་ཆོས་དུང་དཀར་བོའི་ཁ་དོག་ཡིན་ན་ཁ་དོག་ཡིན་དགོས་པར་ཐལ། འདོད་ན། གཟུགས་ཡིན་པར་གྱུར་བའི་མིག་ཤེས་ཀྱི་གཟུང་བྱ་ཡིན་ན་གཟུགས་ཡིན་དགོས་པར་ཐལ། འདོད་ན། སྔོན་པོ་ཆོས་ཅན། གཟུགས་ཡིན་པར་གྱུར་བའི་མིག་ཤེས་ཀྱི་གཟུང་བྱ་མ་ཡིན་པར་ཐལ། འདོད་ན། སྔོན་པོ་ཆོས་ཅན། སྒྲ་ཡིན་པར་གྱུར་བའི་གཞུང་ཚིག་གི་བརྗོད་བྱ་མ་ཡིན་པར་ཐལ། འདོད་ན། སྔོན་པོ་ཆོས་ཅན། ཤེས་པ་ཡིན་པར་གྱུར་བའི་རྣམ་མཁྱེན་གྱི་གཞལ་བྱ་མ་ཡིན་པར་ཐལ། འདོད་ན། གཞི་གྲུབ་ན་ཤེས་པ་ཡིན་པར་གྱུར་བའི་རྣམ་མཁྱེན་གྱི་གཞལ་བྱ་ཡིན་པས་མ་ཁྱབ་པར་ཐལ། འདོད་ན། ཤེས་པ་ཡིན་པར་གྱུར་བའི་རྣམ་མཁྱེན་ཆོས་ཅན། གཞི་གྲུབ་ན་ཁྱོད་ཀྱི་གཞལ་བྱ་ཡིན་པས་ཁྱབ་པར་ཐལ། ཁྱོད་རྣམ་མཁྱེན་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་ཁ་དོག་ཡིན་ན་དཀར་བོ་ཡིན་པས་མ་ཁྱབ་པའི་སྐྱོན་དུ་སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་འཇོག་བྱས་པ་ལ་སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་ཆོས་ཅན། དཀར་བོ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་དཀར་བོ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་དཀར་བོ་ཡིན་པར་ཐལ། སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་དཀར་བོར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡོད་པར་ཐལ། སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་དཀར་བོ་བསྟན་དགོས་ཀྱི་གདུལ་བྱའི་རྒྱུད་ལ་སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་དཀར་བོར་རྟོགས་པའི་མིག་ཤེས་ཚད་མ་ཡོད་པའི་ཕྱིར། འདོད་ན། སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་ཆོས་ཅན།དཀར་བོ་ཡིན་པར་ཐལ། དཀར་བོར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། འདོད་ན། སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་ཆོས་ཅན། དཀར་བོ་མ་ཡིན་པར་ཐལ། དམར་བོ་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་སངས་རྒྱས་ཚེ་དཔག་མེད་ཆོས་ཅན། ཁྱོད་ཀྱི་ཁ་དོག་དམར་བོ་ཡིན་པར་ཁས་ལེན་མི་ཐུབ་པར་ཐལ། ཁྱོད་ཀྱི་ཁ་དོག་སྣ་ཚོགས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། སངས་རྒྱས་ཚེ་དཔག་མེད་ཆོས་ཅན། ཁྱོད་ཀྱི་ཁ་དོག་སྣ་ཚོགས་པ་ཡིན་པར་ཐལ། མདོ་ལས། དེ་བཞིན་གཤེགས་པའི་སྐུ་ནི་ཁ་དོག་ཐ་དད་པས་ཚད་མེད་པའོ། །ཞེས་དང༌། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། སྐུ་གཅིག་སྣ་ཚོགས་སྐུ་ཡི་སྒྱུ་འཕྲུལ་ངོ་མཚར་བཀོད་པའི་སྐུ། །ཞེས་གསུངས་པའི་ཕྱིར། འདོད་ན། སངས་རྒྱས་ཚེ་དཔག་མེད་ཆོས་ཅན། ཁྱོད་ཀྱི་ཁ་དོག་དམར་བོ་ཡིན་པར་ཁས་ལེན་མི་ཐུབ་པར་ཐལ། ཁྱོད་ལ་དམར་བོ་ཡིན་མིན་དུ་མ་ཡོད་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། སྤྱིར་ཁ་དོག་དེ་དམར་བོ་ཡིན་པར་ཁས་ལེན་མི་ཐུབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། གཞན་ཡང༌། དཔྱད་པར་བྱ་བ་འདི་ཡོད་དེ། སངས་རྒྱས་ཚེ་དཔག་མེད་ཀྱི་དབུ་སྐྲ་དང་ཚེམས་ཀྱི་ཁ་དོག་ནི་གོ་རིམ་བཞིན་ནག་པོ་དང་དཀར་བོར་ངེས་པས་སྐུའི་ཆ་ཤས་རེ་ཟུང་ནག་པོ་ཡིན་ལ་རེ་ཟུང་དཀར་བོ་སོགས་ཡིན་པས་སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་རང་ལྡོག་ནས་དམར་བོ་ཡིན་པར་ཁས་ལེན་མི་ཐུབ་པའི་ཕྱིར་ཞེས་དཔྱད་པར་བྱའོ། །ཡང་རང་ལུགས་བསྡུས་གཞུང་དུ་སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་ཆོས་ཅན། དམར་བོ་ཡིན་པར་ཐལ། སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་དང་གཅིག་ཡིན་པའི་ཕྱིར། ཞེས་གསུངས་པ་ལ་སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་ཆོས་ཅན། གང་དྲན་དྲན་ཡིན་པར་ཐལ། སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་དང་གཅིག་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་དང་ཡིན་ཁྱབ་མཉམ་ཡིན་ན་གང་དྲན་དྲན་ཡིན་པས་ཁྱབ་པའི་ཕྱིར། རྟགས་མ་གྲུབ་ན། སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་དང་ཡིན་ཁྱབ་མཉམ་ཡིན་ན་གང་དྲན་དྲན་ཡིན་པས་ཁྱབ་པར་ཐལ། སངས་རྒྱས་ཡིན་ན་ཚེ་དཔག་མེད་ཀྱི་ཁ་དོག་ཡིན་པས་ཁྱབ། ཚེ་དཔག་མེད་ཀྱི་ཁ་དོག་ཡིན་ན་སངས་རྒྱས་ཡིན་པས་ཁྱབ་ན་གང་དྲན་དྲན་ཡིན་པས་ཁྱབ་པའི་ཕྱིར། རྟགས་དང་པོ་སླ། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་དང་ཡིན་ཁྱབ་མཉམ་བརྩིས་པས་དེ་ལྟར་བརྩི་དགོས་པའི་ཕྱིར། རྟགས་མ་གྲུབ་ན། སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་དང་ཡིན་ཁྱབ་མཉམ་བརྩིས་པས་དེ་ལྟར་བརྩི་དགོས་པར་ཐལ། དངོས་པོ་མི་རྟག་པ་དང་ཡིན་ཁྱབ་མཉམ་བརྩིས་པས་དངོས་པོ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ། མི་རྟག་པ་ཡིན་ན་དངོས་པོ་ཡིན་པས་ཁྱབ་པ་བརྩི་རིགས་པ་གང་ཞིག མཚུངས་པའི་ཕྱིར་ན། ཁས་ལེན་ཚུལ་ལ་ཁྱད་ཡོད་དེ། དཔེར་ན། གཞི་གྲུབ་ན་སྒྲ་མི་རྟག་པའི་བྱེ་བྲག་ཡིན་པས་ཁྱབ་ཅེས་པ་དང་སྒྲ་མི་རྟག་པ་དང་གཅིག་ཡིན་ན་གང་དྲན་དྲན་ཡིན་པས་ཁྱབ་ཅེས་པ་ནི་ཁྱད་གཞི་སྒྲའི་སྟེང་དུ་ཁས་ལེན་སོང་བ་ཡིན་པས་རྩོད་གཞི་གང་བླངས་ཀྱང་ནུས་མེད་ཡིན་པ་གང་ཞིག འདི་ལ་ཁས་ལེན་དེ་ལྟར་མི་འགྲོ་བས་ཁྱད་ཡོད་པའི་ཕྱིར། རྟགས་དང་བོ་དེར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། གཞི་གྲུབ་ན་སྒྲ་མི་རྟག་པ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། ཤེས་བྱ་སྒྲ་མི་རྟག་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད་པར་བྱའོ། །ཡང་རྩ་བའི་ཁ་དོག་ཡིན་ན་རྩ་བའི་ཁ་དོག་བཞི་བོ་གང་རུང་ཡིན་པས་མ་ཁྱབ་པའི་སྐྱོན་དུ་སངས་རྒྱས་ཀྱི་དབུ་སྐྲ་བུང་བ་ལྟར་གནག་གི་ཁ་དོག་བཞག་པ་ལ་སངས་རྒྱས་ཀྱི་དབུ་སྐྲ་བུང་བ་ལྟར་གནག་གི་ཁ་དོག་ཆོས་ཅན། རྩ་བའི་ཁ་དོག་མ་ཡིན་པར་ཐལ། ཡན་ལག་གི་ཁ་དོག་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། སངས་རྒྱས་ཀྱི་དབུ་སྐྲ་བུང་བ་ལྟར་གནག་གི་ཁ་དོག་ཡན་ལག་གི་ཁ་དོག་ཡིན་པར་ཐལ། ནག་པོ་ཡན་ལག་གི་ཁ་དོག་ཡིན་པ་གང་ཞིག མཚུངས་པའི་ཕྱིར། རྟགས་དང་བོ་མ་གྲུབ་ན། ནག་པོ་ཆོས་ཅན། ཡན་ལག་གི་ཁ་དོག་ཡིན་པར་ཐལ། རྩ་བའི་ཁ་དོག་གཉིས་འདུས་པ་ལས་བྱུང་བའི་ཁ་དོག་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ནག་པོ་ཆོས་ཅན། རྩ་བའི་ཁ་དོག་གཉིས་འདུས་པ་ལས་བྱུང་བའི་ཁ་དོག་ཡིན་པར་ཐལ། རྩ་བའི་ཁ་དོག་སྔོན་པོ་དང་དམར་བོ་གཉིས་འདུས་པ་ལས་གྲུབ་པའི་ཁ་དོག་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་མཆིམས་འཇམ་པའི་དབྱངས་ཀྱི་མཛོད་འགྲེལ་མངོན་པའི་རྒྱན་ལས། དམར་བོ་དང་འདུས་པའི་སྔོན་པོ་ཤས་ཆེ་བ་ནག་པོ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། ནག་པོ་ཆོས་ཅན། ཡན་ལག་གི་ཁ་དོག་ཡིན་པར་ཐལ། རྩ་བའི་ཁ་དོག་དམར་བོ་དང་སྔོན་པོ་གཉིས་འདུས་པ་ལས་བྱུང་བའི་ཁ་དོག་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། རྩ་བའི་ཁ་དོག་དམར་བོ་དང་སེར་བོ་གཉིས་འདུས་པ་ལས་གྲུབ་པའི་ཁ་དོག་ཡིན་ན་ཡན་ལག་གི་ཁ་དོག་ཡིན་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། འཇམ་དབྱངས་དམར་སེར་གྱི་ཁ་དོག་ཡན་ལག་གི་ཁ་དོག་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡོད་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ལས། དེ་ཆོས་ཅན། དེར་ཐལ། དམར་སེར་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། དམར་སེར་གཉིས་འདུས་པའི་ཁ་དོག་ཡིན་ན་ཡན་ལག་གི་ཁ་དོག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དམར་པོ་དང་སྔོན་པོ་གཉིས་འདུས་པའི་ཁ་དོག་ཡིན་ན་ཡན་ལག་གི་ཁ་དོག་ཡིན་དགོས་པར་ཐལ། དམར་སེར་གཉིས་འདུས་པའི་ཁ་དོག་ཡིན་ན་ཡན་ལག་གི་ཁ་དོག་ཡིན་དགོས་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། འདོད་ན། ནག་པོ་ཆོས་ཅན། ཡན་ལག་གི་ཁ་དོག་ཡིན་པར་ཐལ། སྔོན་པོ་དང་དམར་པོ་གཉིས་འདུས་པའི་ཁ་དོག་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། སངས་རྒྱས་ཀྱི་དབུ་སྐྲའི་ཁ་དོག་ཡན་ལག་གི་ཁ་དོག་ཡིན་པར་ཐལ། ནག་པོ་ཡན་ལག་གི་ཁ་དོག་ཡིན་པ་གང་ཞིག མཚུངས་པའི་ཕྱིར། འདོད་མི་ནུས་ཏེ། བསྡུས་གྲྭའི་སྤྱི་དོན་ལས། སངས་རྒྱས་ཀྱི་དབུ་སྐྲ་བུང་བ་ལྟར་ནག་གི་ཁ་དོག་དེ་ཚོན་གྱིས་བསྒྱུར་བ་མ་ཡིན་པས་ཡན་ལག་ཁ་དོག་མ་ཡིན་པས་དེ་རྩ་བའི་ཁ་དོག་ཡིན་ཕྱིར། ཞེས་དང༌། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། དེ་ཆོས་ཅན། རྩ་བའི་ཁ་དོག་ཡིན་པར་ཐལ། སངས་རྒྱས་ཀྱི་དབུ་སྐྲ་བུང་བ་ལྟར་ནག་གི་ཁ་དོག་དང་གཅིག་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྩ་བའི་ཁ་དོག་བཞི་གང་རུང་ཡིན་པར་ཐལ། རྩ་བའི་ཁ་དོག་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། རྩ་བའི་ཁ་དོག་ལ་བཞིར་ངེས་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། རྩ་བའི་ཁ་དོག་ལ་བཞིར་ངེས་པར་བཞེད་པ་དང༌། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་ཡན་ལག་གི་ཁ་དོག་ཡིན་ན་ཡན་ལག་གི་ཁ་དོག་བརྒྱད་པོ་གང་རུང་ཡིན་པས་མ་ཁྱབ་པའི་སྐྱོན་དུ་འཇམ་དབྱངས་དམར་སེར་གྱི་ཁ་དོག་བཞག་བྱས་པ་ལ། འཇམ་དབྱངས་དམར་སེར་གྱི་ཁ་དོག་ཆོས་ཅན། ཡན་ལག་གི་ཁ་དོག་བརྒྱད་པོ་གང་རུང་ཡིན་པར་ཐལ། རྡུལ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ཡན་ལག་གི་ཁ་དོག་བརྒྱད་འདྲེན་པའི་ཚེ་ན་རྡུལ་དེ་གཅིག་ཏུ་བགྲང་དགོས་པའི་ཕྱིར། རྟགས་མ་གྲུབ་ན། ཡན་ལག་གི་ཁ་དོག་བརྒྱད་འདྲེན་པའི་ཚེ་ན་རྡུལ་དེ་གཅིག་ཏུ་བགྲང་དགོས་པར་ཐལ། རྣམ་གྲངས་མདོ་སློབ་ལས། སྤྲིན་དང་དུ་བ་རྡུལ་སྣ་དང༌། །གྲིབ་མ་ཉི་མ་སྣང་མུན་ནོ། །ཞེས་དང༌། བསྡུས་གྲྭའི་སྤྱི་དོན་ལས། སྤྲིན་དང༌། དུ་བ་དང༌། རྡུལ་དང༌། ཁུག་སྣ་དང༌། གྲིབ་མ་དང༌། ཉི་མ་དང༌། སྣང་བ་དང༌། མུན་པ་སྟེ་ཡན་ལག་གི་ཁ་དོག་བརྒྱད་ཡོད་པའི་ཕྱིར། ཞེས་དང༌། ཚད་མའི་བསྟན་བཅོས་བསྡུས་གྲྭ་ལས། ཡན་ལག་གི་ཁ་དོག་ལ་དབྱེ་ན་བརྒྱད་ཡོད་དེ། སྤྲིན་དང་དུ་བ། རྡུལ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། འཇམ་དབྱངས་དམར་སེར་གྱི་ཁ་དོག་ཆོས་ཅན། ཡན་ལག་གི་ཁ་དོག་བརྒྱད་པོ་གང་རུང་ཡིན་པར་ཐལ། རྡུལ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། འཇམ་དབྱངས་དམར་སེར་གྱི་ཁ་དོག་ཆོས་ཅན། རྡུལ་ཡིན་པར་ཐལ། རྡུལ་དུ་གྲུབ་པ་ཡིན་པའི་ཕྱིར། མ་གྲུབ་ན། འཇམ་དབྱངས་དམར་སེར་གྱི་ཁ་དོག་ཆོས་ཅན། རྡུལ་དུ་གྲུབ་པ་ཡིན་པར་ཐལ། བེམ་པོ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང་བཀའ་བཞི་བ་བསོད་ནམས་བཟང་བོའི་གཏན་ཚིགས་དོན་བསྡུས་ལས། མཚན་ཉིད་ནི་རིམ་པ་ལྟར། རྡུལ་དུ་གྲུབ་པ་དང་མྱོང་བར་སྐྱེས་པའོ། །ཞེས་དང༌། སྤྱི་དོན་ལས། རྡུལ་དུ་གྲུབ་པ་བེམ་པོའི་མཚན་ཉིད། ཅེས་གསུངས་པའི་ཕྱིར་ན་དེའི་སྐབས་ཀྱི་རྡུལ་ནི་རྡུལ་སྤྱི་མ་ཡིན་པར་རླུང་འཚུབ་ཀྱི་རྡུལ་ལྟ་བུ་ལ་བྱེད་དགོས་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། དེ་དག་ལས་རྡུལ་ནི་རྡུལ་སྤྱི་མ་ཡིན་པར་རླུང་འཚུབ་ཀྱི་རྡུལ་ལྟ་བུ་དང༌། ཞེས་དང༌། ཚད་མའི་བསྟན་བཅོས་བསྡུས་གྲྭ་ལས། རྡུལ་ནི་རྡུལ་སྤྱི་མ་ཡིན་པར་རླུང་འཚུབ་ཀྱི་རྡུལ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་རོ། ། ཡང་གཟུགས་ཡིན་ན་གཟུགས་ཀྱི་སྐྱེ་མཆེད་ཡིན་པས་མ་ཁྱབ་པའི་སྐྱོན་ལ། སྒྲ་ཆོས་ཅན་ཟེར་ན་མི་འཐད་པར་ཐལ། སྒྲ་དེ་གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་ཡིན་པར་ཐལ། མིག་ཤེས་ཀྱིས་གཟུང་བྱ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། མིག་ཤེས་ཀྱིས་གཟུང་བྱ་ཡིན་པར་ཐལ། སེམས་ཅན་གྱི་མིག་ཤེས་ཀྱིས་གཟུང་བྱ་ཡིན་པ་གང་ཞིག སངས་རྒྱས་ཀྱི་མིག་ཤེས་ཀྱིས་གཟུང་བྱ་ཡིན་པའི་ཕྱིར། དང་བོ་མ་གྲུབ་ན། སྒྲ་ཆོས་ཅན། སེམས་ཅན་གྱི་མིག་ཤེས་ཀྱིས་གཟུང་བྱ་ཡིན་པར་ཐལ། བ་ལང་སྤྱོད་ཀྱི་མི་རྣམས་དང་འཛམ་བུ་གླིང་གི་སྤྲུལ་རྣམས་ཀྱི་མིག་ཤེས་ཀྱིས་གཟུང་བྱ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། མཁན་ཆེན་ཞི་བ་འཚོའི་མཛད་པའི་ཚད་ཆེན་ལས། སྦྲུལ་རྣམས་མིག་གིས་ཉན་པ་ཡིན། །དེ་ཡང་དེ་ལྟར་གྲགས་པ་ཡིན། །ཞེས་དང༌། མདོ་དྲན་པ་ཉེར་བཞག་ལས། འཛམ་བུ་གླིང་ན་སྦྲུལ་ཉིད་ཀྱི་མིག་གིས་སྒྲ་ཐོས་པ་དེ་བཞིན་དུ་བ་ལང་སྤྱོད་ན་མི་ཉིད་ཀྱིས་ཐོས་པའོ། །ཞེས་དང༌། བསྡུས་གྲྭའི་སྤྱི་དོན་ལས། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། སྦྲུལ་གྱི་མིག་ཤེས་ཀྱིས་གཟུགས་ཀྱང་མཐོང་སྒྲ་ཡང་ཐོས་པའི་ཕྱིར་དང༌། བ་ལང་སྤྱོད་ཀྱི་མི་རྣམས་ཀྱི་མིག་ཤེས་ཀྱིས་གཟུགས་མཐོང་བ་དང་སྒྲ་ཐོས་པ་དང་དྲི་ཡང་འཛིན་པ་དང༌། རི་ལ་སོགས་པའི་བར་དུ་ཆོད་པའི་གཟུགས་རྣམས་ཀྱང་མཐོང་བར་མདོ་དྲན་ཉེར་ལས་གསུངས་པ་དང༌། ཞེས་གསུངས་པའི་ཕྱིར། གོང་གི་རྟགས་གཉིས་པ་སྟེ་སྒྲ་སངས་རྒྱས་ཀྱི་མིག་ཤེས་ཀྱིས་གཟུང་བྱ་ཡིན་པར་རྟགས་མ་གྲུབ་ཟེར་ན། སྒྲ་ཆོས་ཅན། སངས་རྒྱས་ཀྱི་མིག་ཤེས་ཀྱིས་གཟུང་བྱ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། མདོ་ལས། དེ་བཞིན་གཤེགས་པའི་སྤྱན་གྱིས་ཀྱང་ཆོས་ཐམས་ཅད་གཟིགས་སོ། །ཞེས་དང༌། བསྡུས་གྲྭའི་སྤྱི་དོན་ལས། སངས་འཕགས་ཀྱི་མིག་ཤེས་ཀྱིས་ཆོས་ཐམས་ཅད་མཁྱེན་པའི་ཕྱིར་རོ། །ཞེས་དང༌། མདོ་སྡེ་རྒྱན་ལས། དབང་པོ་ལྔ་རྣམས་གཞན་འགྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ལ། ཞེས་དང༌། མདོ་སྡེ་རྒྱན་ས་འགྲེལ་ལས། དྲི་བཅས་དྲི་མེད་དུ་གནས་གཞན་དུ་ཡོངས་སུ་གྱུར་པ་ན་དབང་བོ་ལྔ་བོ་ཐམས་ཅད་དོན་ལྔ་བོ་ཀུན་ལ་ཐོགས་པ་མེད་པར་འཇུག་པ་སྟེ། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མིག་ཤེས་ཀྱིས་གཟུང་བྱ་དང་རྣ་ཤེས་ཀྱིས་མཉན་བྱ་གཉིས་ཀ་ཡིན་པར་ཐལ། མིག་ཤེས་ཀྱིས་གཟུང་བྱ་ཡིན་པ་གང་ཞིག རྣ་ཤེས་ཀྱིས་མཉན་བྱ་ཡིན་པའི་ཕྱིར། དང་བོ་ཁས། ཕྱི་མ་སླ། འདོད་ན། སྒྲ་ཆོས་ཅན། མིག་ཤེས་ཀྱིས་གཟུང་བྱ་དང་རྣ་ཤེས་ཀྱིས་མཉན་བྱ་གཉིས་ཀ་མ་ཡིན་པར་ཐལ། མིག་ཤེས་ཀྱིས་གཟུང་བྱ་དང་རྣ་ཤེས་ཀྱིས་མཉན་བྱ་གཉིས་ཀ་འགལ་བ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། མིག་ཤེས་ཀྱིས་གཟུང་བྱ་དང་རྣ་ཤེས་ཀྱིས་མཉན་བྱ་གཉིས་ཀ་འགལ་བ་ཡིན་པར་ཐལ། དབང་ཤེས་རྣམས་ཀྱིས་གཟུང་བྱ་སོ་སོར་ངེས་པས་ནང་ཕན་ཚུན་ཐ་དད་ཅིང་གཞི་མཐུན་མི་སྲིད་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པར་ཐལ། ཚད་མ་རྣམ་འགྲེལ་ལས། དབང་བོའི་སེམས་ནི་ངེས་ཕྱིར་རོ། །ཞེས་དང༌། མཛོད་ལས། གཉིས་གཟུང་འགྱུར་ཏེ་རྡུལ་ལ་མེད། །ཅེས་དང༌། བསྡུས་གྲྭའི་སྤྱི་དོན་ལས། དོན་ལྔའི་གཟུགས་ཀྱང་ནང་ཕན་ཚུན་འགལ་བ་དང༌། ཞེས་གསུངས་པའི་ཕྱིར་ཞེ་ན་དཔྱད་དོ། །ཡང་རང་ལུགས་བསྡུས་གྲྭར། དོན་དམ་པའི་གཟུགས་ཡིན་ན་གཟུགས་ཡིན་པས་ཁྱབ་ཟེར་ན། ཞེས་པའི་སྐབས་ཀྱི་དོགས་པ་ནི། དོན་དམ་པའི་གཟུགས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དོན་དམ་པའི་སྐྱོན་ཡོད་པར་ཐལ། དོན་དམ་པའི་གཟུགས་ཡོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། ཆོས་ཉིད་ཀྱི་སྐྱོན་ཡོད་པར་ཐལ། དོན་དམ་པའི་སྐྱོན་ཡོད་པའི་རྒྱུ་མཚན་འཐད་པའི་ཕྱིར། འདོད་ན། ཆོས་ཉིད་ཆོས་ཅན། ཁྱོད་ཀྱི་སྐྱོན་མེད་པར་ཐལ། ཁྱོད་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཆོས་ཉིད་ཆོས་ཅན། ཁྱོད་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཡིན་པར་ཐལ། ཁྱོད་སངས་རྒྱས་ཡིན་པའི་ཕྱིར། འདོད་ན། ཆོས་ཉིད་ཀྱི་སྐྱོན་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དོན་དམ་པའི་སྐྱོན་མེད་པར་ཐལ། ཆོས་ཉིད་ཀྱི་སྐྱོན་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དོན་དམ་པའི་གཟུགས་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། དོན་དམ་པའི་གཟུགས་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡོད་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། དོན་དམ་པའི་གཟུགས་ཡིན་ན་གཟུགས་ཡིན་པས་ཁྱབ་ཟེར་ན། རྣམ་ཀུན་མཆོག་ལྡན་གྱི་གཟུགས་ཕུང་ཆོས་ཅན། ཞེས་དང༌། དེ་བཞིན་དུ་སྔོན་མེད་ལེགས་བཤད་ལས་ཀྱང་རྣམ་ཀུན་མཆོག་ལྡན་གྱི་གཟུགས་དེ་ཡོད་ཀྱང་དེ་གཟུགས་སོགས་མ་ཡིན་པར་གསུངས་ཏེ། དེ་ཉིད་ལས། འདི་ནི་དངོས་གནས་ལ་ཕུང་ཁམས་སྐྱེད་མཆེད་གང་ཡང་མ་ཡིན་ལ་རྟེན་འབྲེལ་ལས་གྲོལ་བའོ། །ཞེས་གསུངས་པའི་ཕྱིར་ན་དཔྱད་པར་བྱའོ། །མཛོད་རང་འགྲེལ་ལས། གཟུགས་རུང་ཞེས་བྱ་བ་ནི། གནོད་པ་བྱ་རུང་བ་ཞེས་བྱ་བའི་ཐ་ཚིག་གོ། །ཞེས་གཟུགས་སུ་རུང་བ་དེ་གཟུགས་ཀྱི་མཚན་ཉིད་དུ་གསུངས་པ་ལ་གཟུགས་རུང་གཟུགས་ཀྱི་མཚན་ཉིད་མ་ཡིན་པར་ཐལ། གཟུགས་རུང་རྟོགས་ནས་གཟུགས་མ་རྟོགས་པ་མེད་པའི་ཕྱིར། རྟགས་མ་གྲུབ་ན། གཟུགས་རུང་རྟོགས་ནས་གཟུགས་མ་རྟོགས་པ་མེད་པར་ཐལ། གཟུགས་རུང་རྟོགས་ན་གཟུགས་རྟོགས་དགོས་པའི་ཕྱིར། རྟགས་མ་གྲུབ་ན། གཟུགས་རུང་རྟོགས་ན་གཟུགས་རྟོགས་དགོས་པར་ཐལ། གཟུགས་སུ་ཡོད་པ་རྟོགས་པ་ལ་གཟུགས་རྟོགས་དགོས་པའི་ཕྱིར། རྟགས་མ་གྲུབ་ན། དེ་དགོས་པར་ཐལ།ཤེས་བྱར་རུང་བ་རྟོགས་པ་ལ་ཤེས་བྱ་རྟོགས་དགོས་པ་དང་ཤེས་བྱར་ཡོད་པ་རྟོགས་པ་ལ་ཤེས་བྱ་རྟོགས་དགོས་པ་གང་ཞིག མཚུངས་པའི་ཕྱིར་དང༌། གཞན་ཡང་གཟུགས་སུ་རུང་བ་རྟོགས་ན་གཟུགས་རྟོགས་དགོས་པར་ཐལ། གཟུགས་སུ་རུང་བ་རྟོགས་ན་གཟུགས་སུ་རུང་བ་ཞེས་པའི་ཚིག་ཟུར་གྱི་གཟུགས་རྟོགས་དགོས་པའི་ཕྱིར། རྟགས་མ་གྲུབ་ན། དེ་དགོས་པར་ཐལ། གཟུགས་སུ་རུང་བ་ཞེས་པའི་ཚིག་ཟུར་གྱི་གཟུགས་རྟོགས་ཚུལ་ཡོད་པའི་ཕྱིར་ན་དཔྱད་པར་བྱའོ། །སྤྱིར་གཞི་གྲུབ་ན་བེམ་ཤེས་གང་རུང་ཡིན་པས་ཁྱབ་ཅེས་པའི་སྐབས་ཀྱི་དོགས་པ་ནི། གཞི་གྲུབ་ན་བེམ་ཤེས་གང་རུང་ཡིན་པས་ཁྱབ་པར་ཐལ། འདོད་ན། ཤེས་བྱ་ཆོས་ཅན།བེམ་ཤེས་གང་རུང་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། བེམ་ཤེས་གང་རུང་མ་ཡིན་པར་ཐལ། བེམ་པོ་མ་ཡིན་པ་གང་ཞིག ཤེས་པ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་བོ་གྲུབ་པ་གང་ཞིག རྟགས་གཉིས་པ་གྲུབ་པའི་ཕྱིར། དང་བོ་མ་གྲུབ་ན། ཤེས་བྱ་ཆོས་ཅན། བེམ་པོ་མ་ཡིན་པར་ཐལ། རྡུལ་དུ་གྲུབ་པ་མ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། རྡུལ་དུ་གྲུབ་པ་བེམ་པའི་མཚན་ཉིད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་གནས་བརྟན་བ་ཀུ་ལའི་སྤྲུལ་བ་བཀའ་བཞི་བ་བསོད་ནམས་བཟང་བོས་མཛད་པའི་གཏན་ཚིགས་དོན་བསྡུས་ལས། མཚན་ཉིད་ནི་རིམ་པ་ལྟར། རྡུལ་དུ་གྲུབ་པ་དང། ཞེས་དང༌། བསྡུས་གྲྭའི་སྤྱི་དོན་ལས། རྡུལ་དུ་གྲུབ་པ་བེམ་པོའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། རྡུལ་དུ་གྲུབ་པ་ཡིན་པར་ཐལ། བེམ་པོ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཤེས་བྱ་ཆོས་ཅན། བེམ་པོ་ཡིན་པར་ཐལ། ཤེས་པ་ལས་ལོག་པའི་ཆོས་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་དགོངས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་སྤྱོད་འཇུག་ལས། ཤེས་པ་བེམ་མིན་ལོག་པ་སྟེ། །ཞེས་དང༌། ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་བཀའ་བསྡུ་བཞི་བ་ལས། ཐམས་ཅད་བེམ་རིག་གཉིས་སུ་ཁ་ཚོད་ཆོད། །ཅེས་དང༌། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། སྤྱིར་གཞི་གྲུབ་ན་བེམ་ཤེས་གང་རུང་ཡིན་པའི་ཁྱབ་པོ། །ཞེས་གསུངས་པའི་ཕྱིར་ཟེར་ནས་རྩོད་པ་སྤྲོའོ། ། ཡང་གཟུགས་ཡིན་ན་རྡུལ་གྲུབ་ཀྱི་བེམ་པོ་ཡིན་པས་ཁྱབ་པར་ཐལ། བསྡུས་གྲྭར་དེ་གཉིས་དོན་གཅིག་ཡིན་པར་གསུངས་པའི་ཕྱིར། འདོད་ན། ཡེ་ཤེས་རང་སྣང་ལས་གྲུབ་པའི་སངས་རྒྱས་ཀྱི་གཟུགས་ཕུང་ཆོས་ཅན། རྡུལ་གྲུབ་ཀྱི་བེམ་པོ་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར། འདོད་ན། ཡེ་ཤེས་རང་སྣང་ལས་གྲུབ་པའི་སངས་རྒྱས་ཀྱི་གཟུགས་ཕུང་ཆོས་ཅན། རྡུལ་གྲུབ་ཀྱི་བེམ་པོ་མ་ཡིན་པར་ཐལ། རྡུལ་དུ་གྲུབ་པ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཡེ་ཤེས་རང་སྣང་ལས་གྲུབ་པའི་སངས་རྒྱས་ཀྱི་གཟུགས་ཕུང་རྡུལ་དུ་གྲུབ་པ་མ་ཡིན་པར་ཐལ། སངས་རྒྱས་ཀྱི་ས་ན་རྡུལ་ཕྲ་རབ་བསགས་པ་ལ་ལྟོས་པའི་རྟེན་དང་བརྟེན་པའི་འབྲེལ་བ་མེད་པའི་ཕྱིར། རྟགས་མ་གྲུབ་ན། དེ་མེད་པར་ཐལ། དེ་ལྟར་མེད་པ་དེ་ཡང་རིགས་ལྡན་པདྨ་དཀར་པོའི་དགོངས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་འགྲེལ་ཆེན་དྲི་མེད་འོད་ལས། བདེ་བའི་རྟེན་ཡོངས་སུ་རྫོགས་པ་ན་དེའི་རྟེན་བརྟེན་པའི་འབྲེལ་བ་ཆད་པ། ཞེས་དང༌། བསྡུས་གྲྭའི་སྤྱི་དོན་ལས། སངས་རྒྱས་ཀྱི་གཟུགས་སྐུ་བེམ་པོ་མ་ཡིན་ཞིང༌། ཡེ་ཤེས་ལས་གྲུབ་པར་འདོད་པ་དང༌། ཞེས་གསུངས་པའི་ཕྱིར་ཞེས་དཔྱད་པར་བྱའོ། །ཡང་གཟུགས་ལ་ནང་གི་གཟུགས་ལྔ་དང་ཕྱིའི་གཟུགས་ལྔ་ལས་མེད་པར་ཐལ། སྤྱི་དོན་ལས། གཉིས་པ་གཟུགས་ཀྱི་དབྱེ་བ་ལ། དབང་པོ་ལྔའི་གཟུགས་དང༌། དོན་ལྔའི་གཟུགས་གཉིས། ཞེས་དང༌། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། གཟུགས་ལ་དབྱེ་ན་གཉིས་ཡོད་དེ། ཕྱིའི་གཟུགས་དང་ནང་གི་གཟུགས་གཉིས་ཡོད་པའི་ཕྱིར། ཞེས་དང༌། གཏན་ཚིགས་དོན་བསྡུས་ལས། དང་པོ་ལ་ཕྱི་ཡི་བེམ་པོ་དང་ནང་གི་བེམ་པོ་གཉིས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྣམ་པར་རིག་མིན་གྱི་གཟུགས་ཆོས་ཅན། དེ་བཅུ་བོ་གང་རུང་ཡིན་པར་ཐལ། རྫས་སྤྱི་གཉིས་འགོད་ཆོད་པ་གང་ཞིག གཟུགས་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། གཏན་ཚིགས་དོན་བསྡུས་ལས། དབྱེ་ན་དང་པོ་ལ་དབང་བོ་ལྔ་དང་དོན་ལྔ་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་བཅུ་གཅིག་གོ། །ཞེས་དང༌། ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། ཆོས་ཀྱི་སྐྱེ་མཆེད་ཀྱི་ནང་དུ་འདུས་པའི་གཟུགས་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ་ཡིད་ཀྱི་ཡུལ་འབའ་ཞིག་ཏུ་གྱུར་པའི་གཟུགས་སོ། །ཞེས་གསུངས་པའི་ཕྱིར་ན། སྔོན་མེད་ལེགས་བཤད་ལས། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཞེས་པ་ནི་སྡོམ་པ་དང་སྡོམ་མིན་དང༌། དགེ་བ་བརྟུལ་ཞུགས་ཙམ་པོ་རྣམས་ལ་ཟེར་ཏེ། འདི་མིང་གི་སྒོ་ནས་གཟུགས་ཕུང་དུ་བསྡུ་ཡང༌། གཟུགས་སེམས་གཉིས་འདུས་ཀྱི་གནས་སྐབས་ལ་བཏགས་པ་ཙམ་ཡིན་པས་དངོས་པོ་བཏགས་པ་བའི་ནང་ཚན་ཡིན་ནོ། །ཞེས་གསུངས་པས་རང་སྡེའི་གྲུབ་མཐའ་སྨྲ་བ་དག་གིས་རྣམ་པར་རིག་མིན་གྱི་གཟུགས་གཟུགས་མཚན་ཉིད་པར་འདོད་མིན་ལ་ཁྱད་ཡོད་པས་ཞིབ་པར་དཔྱད་དགོས་སོ། །ཡང་གཟུགས་ཀྱི་སྐྱེ་མཆེད་ཡིན་ན་མིག་ཤེས་ཀྱིས་གཟུང་བྱ་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་ཡིན་པར་ཐལ། མིག་ཤེས་ཀྱིས་གཟུང་བྱ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། བུམ་པ་ཆོས་ཅན། མིག་ཤེས་ཀྱིས་གཟུང་བྱ་ཡིན་པར་ཐལ། བུམ་འཛིན་མིག་ཤེས་ཡོད་པ་གང་ཞིག བུམ་འཛིན་མིག་ཤེས་དེའི་གཟུང་བྱ་ལ་ཁྱོད་མ་བཞག་ན་གཞན་འཇོག་རྒྱུ་མེད་པའི་ཕྱིར། རྟགས་དང་བོ་མ་གྲུབ་ན། དེ་ཡོད་པར་ཐལ། དེ་ལྟར་ཡོད་པ་དེ་ཡང༌། འཇམ་པའི་དབྱངས་དངོས་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་བསྡུས་གྲྭའི་སྤྱི་དོན་ལས། བུམ་འཛིན་མིག་ཤེས་དང་སྒྲ་འཛིན་རྣ་ཤེས་ལྟ་བུའོ། །ཞེས་དང༌། རྣམ་ངེས་རང་འགྲེལ་ལས། མ་ཡིན་ཏེ་ཆོས་ཅན་ཐམས་ཅད་ཀྱི་ཆོས་ཡིན་པར་དགག་པའི་ཕྱིར་ཏེ། ཞེས་པ་ནས། མིག་གིས་གཟུང་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྤངས་པ་ཡིན་ནོ། །ཞེས་དང༌། རྣམ་འགྲེལ་རང་འགྲེལ་ལས། མ་ཡིན་ཏེ། ཞེས་པ་ནས། མིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། མིག་ཤེས་ཀྱིས་གཟུང་བྱ་མ་ཡིན་པར་ཐལ། རེག་བྱའི་སྐྱེ་མཆེད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང༌། བསྡུས་གྲྭའི་སྤྱི་དོན་ལས། བུམ་པ་ནི་ཁ་དོག་དང་དབྱིབས་གཟུགས་ལ་བྱེད་པ་མ་ཡིན་པར་རེག་བྱ་ལ་བྱེད་པ་ཡིན་པ་གང་ཞིག རེག་བྱ་དང་དེ་གཉིས་འགལ་བ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད་དོ། །ཡང་དབྱིབས་ཡིན་ན་གཟུགས་ཀྱི་སྐྱེ་མཆེད་ཡིན་པས་ཁྱབ་པར་ཐལ། མཛོད་ལས། གཟུགས་རྣམ་གཉིས་དང༌། །ཞེས་གསུངས་པའི་ཕྱིར། འདོད་ན། རེག་བྱའི་སྐྱེ་མཆེད་དུ་གྱུར་བའི་དབྱིབས་ཆོས་ཅན། དེར་ཐལ། དཻའི་ཕྱིར། རྟགས་མ་གྲུབ་ན། རེག་བྱའི་སྐྱེ་མཆེད་དུ་གྱུར་བའི་དབྱིབས་ཆོས་ཅན། དབྱིབས་ཡིན་པར་ཐལ། ཡོད་པ་གང་ཞིག དབྱིབས་ལས་གཞན་གང་ཡང་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། རེག་བྱའི་སྐྱེ་མཆེད་དུ་གྱུར་བའི་དབྱིབས་ཡོད་པར་ཐལ། ལུས་ཤེས་ཀྱིས་མྱོང་བྱར་གྱུར་པའི་དབྱིབས་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། དེར་ཐལ། ལུས་ཤེས་ཀྱིས་མྱོང་བྱར་གྱུར་བའི་རིང་བོ་དང༌། ཐུང་ངུ་ལ་སོགས་པའི་དབྱིབས་ཡོད་པའི་ཕྱིར། རྟགས་མ་གྲུབ། དེ་ཡོད་པར་ཐལ། མཛོད་རང་འགྲེལ་ལས། རིང་བོ་ལ་སོགས་པའི་ཕྱོགས་ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་དོ། །ཞེས་སོགས་ཀྱི་དཔྱད་པར་བྱའོ། །ཡང་གཟུགས་ཀྱི་སྐྱེ་མཆེད་ལ་ཁ་དོག་དང་དབྱིབས་གཉིས་སུ་དབྱེ་བར་གསུངས་པའི་སྐབས་ཀྱི་དོགས་པ་འགོད་པ་ལ། ཁ་དོག་དང་དབྱིབས་གང་རུང་ཡིན་ན་གཟུགས་ཀྱི་སྐྱེ་མཆེད་ཡིན་པས་ཁྱབ་པར་ཐལ། འདོད་ན། རྡུལ་ཕྲ་རབ་ཀྱི་དབྱིབས་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་ཡིན་པར་ཐལ། དབྱིབས་དང་ཁ་དོག་གང་རུང་ཡིན་པའི་ཕྱིར། འདོད་ན། རྡུལ་ཕྲ་རབ་ཀྱི་དབྱིབས་ཆོས་ཅན།གཟུགས་ཀྱི་སྐྱེ་མཆེད་མ་ཡིན་པར་ཐལ། མིག་ཤེས་ཀྱིས་གཟུང་བྱ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རྡུལ་ཕྲ་རབ་ཀྱི་དབྱིབས་ཆོས་ཅན། མིག་ཤེས་ཀྱིས་གཟུང་བྱ་མ་ཡིན་པར་ཐལ། དབང་ཤེས་ཀྱི་ཡུལ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་མ་ཡིན་པར་ཐལ། དེ་ལྟར་མ་ཡིན་པ་དེ་ཡང༌། རིགས་པའི་དབང་ཕྱུག་དཔལ་ལྡན་ཆོས་ཀྱི་གྲགས་པའི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལས། དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན། །ཞེས་དང༌། བསྡུས་གྲྭའི་སྤྱི་དོན་ལས། རྡུལ་ཕྲ་རབ་ཀྱི་ཁ་དོག་དང་དབྱིབས་གཉིས་པོ་ཁ་དོག་དང་དབྱིབས་གཟུགས་ཡིན་ཡང་གཟུགས་ཀྱི་སྐྱེད་མཆེད་མ་ཡིན་པའི་ཕྱིར་ཏེ། མིག་ཤེས་ཀྱི་གཟུང་བྱ་མ་ཡིན་པའི་ཕྱིར། ཞེས་དང༌། ཚད་མའི་བསྟན་བཅོས་བསྡུས་གྲྭ་ལས། འདོད་མི་ནུས་ཏེ། རྡུལ་ཕྲ་རབ་ཀྱི་དབྱིབས་དབང་བོའི་སྤྱོད་ཡུལ་དུ་གྱུར་མི་ནུས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། རྡུལ་ཕྲ་རབ་ཀྱི་དབྱིབས་ཆོས་ཅན། མིག་ཤེས་ཀྱི་གཟུང་བྱ་ཡིན་པར་ཐལ། གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རྡུལ་ཕྲ་རབ་ཀྱི་དབྱིབས་གཟུགས་ཀྱི་སྐྱེ་མཆེད་ཡིན་པར་ཐལ། རྡུལ་ཕྲ་རབ་གཟུགས་ཀྱི་སྐྱེ་མཆེད་ཡིན་པ་གང་ཞིག དེ་གཉིས་མཚུངས་པའི་ཕྱིར། རྟགས་དང་བོ་མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང༌། ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། འདི་ལྟ་སྟེ། སྔོན་པོ་དང་སེར་བོ་དང་དམར་བོ་དང་དཀར་བོ་དང་རིང་བོ་དང་ཐུང་ངུ་དང་ལྷམ་པ་དང་ཟླུམ་པོ་དང་རྡུལ་ཕྲ་མོ། ཞེས་གསུངས་པའི་ཕྱིར་ཟེར་ན། དེའི་དོན་ནི། ས་བཟང་ཀུན་བཏུས་འགྲེལ་བ་ལས། རྡུལ་ཕྲ་རབ་ནི་བསྟན་དུ་མེད་པར་གསུངས་པས་མིག་ཤེས་ལ་སྣང་ཙམ་ཉི་ཟེར་གྱི་རྡུལ་ལྟ་བུ་རྡུལ་ཕྲ་མོ་དང༌། ཞེས་གསུངས་སོ། །ཡང་རྩ་བའི་ཁ་དོག་ལ་དཀར་བོ་དང་དམར་བོ་སོགས་བཞི་དབྱེ་བའི་སྐབས་ཀྱི་དོགས་པ་ལ། དཀར་བོ་ཆོས་ཅན། ཁྱོད་རྩ་བའི་ཁ་དོག་གི་དབྱེ་བ་མ་ཡིན་པར་ཐལ། ཁྱོད་ལ་རྩ་བའི་ཁ་དོག་གིས་མ་ཁྱབ་པའི་ཕྱིར། རྟགས་མ་གྲུབ་ན། ཟླ་འོད་དཀར་བོ་ཆོས་ཅན། རྩ་བའི་ཁ་དོག་ཡིན་པར་ཐལ། དཀར་བོ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཟླ་འོད་དཀར་བོ་ཆོས་ཅན། དཀར་བོ་ཡིན་པར་ཐལ། དཀར་བོ་ཡིན་ན་རྩ་བའི་ཁ་དོག་ཡིན་པས་མ་ཁྱབ་པའི་སྐྱོན་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང༌། འཇམ་པའི་དབྱངས་དངོས་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་བསྡུས་གྲྭའི་སྤྱི་དོན་ལས། དེས་ན་སྔོ་སེར་དཀར་དམར་བཞི་པོ་གང་རུང་ཡིན་ན་རྩ་བའི་ཁ་དོག་ཡིན་པས་མ་ཁྱབ་སྟེ། ཟླ་འོད་དཀར་བོ་དང༌། ནོར་བུའི་འོད་དམར་བོ་སོགས་ཡན་ལག་གི་ཁ་དོག་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། དཀར་བོ་ཆོས་ཅན། ཁྱོད་ཡིན་ན་རྩ་བའི་ཁ་དོག་ཡིན་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དཀར་བོ་ཆོས་ཅན། རྩ་བའི་ཁ་དོག་གི་དབྱེ་བ་མ་ཡིན་པར་ཐལ། ཁྱོད་ཡིན་ན་རྩ་བའི་ཁ་དོག་ཡིན་པས་མ་ཁྱབ་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ཆོས་དེ་གཞི་དེའི་དབྱེ་བ་ཡིན་པ་ལ་ཆོས་དེ་ཡིན་ན་གཞི་དེ་ཡིན་པས་ཁྱབ་དགོས་པའི་ཕྱིར། རྟགས་མ་གྲུབ་ན། དེ་དགོས་པར་ཐལ། ཆོས་དེ་གཞི་དེའི་དབྱེ་བ་ཡིན་པའི་ཚད་ཡོད་པའི་ཕྱིར་ཟེར་ཞེས་དང༌། དེ་བཞིན་དུ་གཞན་ཡང་སྤྲིན་དཀར་པོའི་ཁ་དོག་ཆོས་ཅན། རྩ་བའི་ཁ་དོག་ཡིན་པར་ཐལ། དཀར་པོ་ཡིན་པའི་ཕྱིར། འདོད་ན། སྤྲིན་དཀར་པོའི་ཁ་དོག་ཆོས་ཅན། རྩ་བའི་ཁ་དོག་མ་ཡིན་པར་ཐལ། སྤྲིན་གྱི་ཁ་དོག་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང༌། འབའ་མདའ་བླ་མ་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་མཛད་པའི་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། སྤྲིན་གྱི་ཁ་དོག་ཡིན་པའི་ཕྱིར་ཡན་ལག་གི་ཁ་དོག་ཡིན་གྱི་རྩ་བའི་ཁ་དོག་མ་ཡིན་པའི་ཕྱིར། ཞེས་གསུང་པའི་ཕྱིར། འོ་ན། སྤྲིན་གྱི་ཁ་དོག་ཡིན་ན་རྩ་བའི་ཁ་དོག་མ་ཡིན་པས་ཁྱབ་པར་ཐལ། འདོད་ན། སྤྲིན་དཀར་པོའི་ཁ་དོག་ཆོས་ཅན། རྩ་བའི་ཁ་དོག་མ་ཡིན་པར་ཐལ། སྤྲིན་གྱི་ཁ་དོག་ཡིན་པའི་ཕྱིར། འདོད་ན། སྤྲིན་དཀར་པོའི་ཁ་དོག་ཆོས་ཅན། རྩ་བའི་ཁ་དོག་ཡིན་པར་ཐལ། དཀར་པོ་ཡིན་པའི་ཕྱིར། མ་ཁྱབ་ན། དཀར་པོ་ཆོས་ཅན། རྩ་བའི་ཁ་དོག་མ་ཡིན་པར་ཐལ། ཁྱོད་ཡིན་ན་རྩ་བའི་ཁ་དོག་ཡིན་པས་མ་ཁྱབ་པའི་ཕྱིར། མ་ཁྱབ་ན། ཁ་དོག་ཆོས་ཅན། ཁྱོད་རྩ་བའི་ཁ་དོག་མ་ཡིན་པར་ཐལ་ལོ། །ཞེས་པ་དང༌། རྩ་བའི་ཁ་དོག་དང་ཡན་ལག་གི་ཁ་དོག་སོ་སོའི་ཚད་དང་འགལ་བ་ཡིན་མིན་སོགས་དཔྱད་པར་བྱའོ། །ཡང་རིང་བོ་ལ་འདོམ་ལྔ་ཅན་གྱི་ཀ་བའི་དབྱིབས་དེ་འཇོག་ཟེར་ན། འདོམ་ལྔ་ཅན་གྱི་ཀ་བའི་དབྱིབས་ཆོས་ཅན། རིང་བོ་མ་ཡིན་པར་ཐལ། ཐུང་ངུ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། འདོམ་ལྔ་ཅན་གྱི་ཀ་བའི་དབྱིབས་ཆོས་ཅན། ཐུང་ངུ་ཡིན་པར་ཐལ། འདོམ་བཅུ་ཅན་གྱི་ཀ་བའི་དབྱིབས་ལ་ལྟོས་ཏེ་ཐུང་ངུ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རིང་ཐུང་གཉིས་ལྟོས་ས་ལྟོས་འཇོག་གི་སྒོ་ནས་འཇོག་དགོས་པའི་ཕྱིར། རྟགས་མ་གྲུབ་ན། དེ་དགོས་པར་ཐལ། དེ་ལྟར་དགོས་པ་དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་ཤེས་ལས། རིང་བོ་ཡོད་པས་ཐུང་ངུ་བཞིན། །ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན་རིང་ཐུང་གཉིས་ཀའི་ཡིན་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། བཟང་ངན་དང་མཁས་བླུན་སོགས་ཀྱི་ཡིན་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མཁས་མི་མཁས་གཉིས་ཀའི་ཡིན་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མཁས་མི་མཁས་གཉིས་ཀའི་ཡིན་པ་མེད་པར་ཐལ། མི་མཁས་ཞེས་པའི་ཚིག་ཟུར་གྱི་མི་ཞེས་པ་དགག་ཚིག་ཡིན་ལ་དེས་མཁས་པ་དགག་པའི་ཕྱིར་ཞེས་དང༌། ཕ་རི་ཚུ་རི་གཉིས་ཀྱི་ཡིན་པ་ཡོད་པ་དང་ཕ་རི་ཚུ་རི་ཡིན་པར་ཐལ། རིང་ཐུང་གཉིས་ཀྱི་ཡིན་པ་ཡོད་པའི་ཕྱིར། འདོད་ན། ཕ་རི་ན་མེ་ཏོག་བཞད་ན་ཚུ་རི་ན་མེ་ཏོག་བཞད་པར་ཐལ་ལོ། །འདོད་ན། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། གཡས་ཀྱི་རི་དང་གཡོན་གྱི་རི་གཉིས་ངོ་བོ་ཕན་ཚུན་ལས་ལྟོས་པ་ཅུང་ཟད་ཀྱང་མེད་པ་ཡིན་ཏེ། གཡས་ཀྱི་རི་ལ་མེ་ཏོག་འབྲས་བུ་སོགས་སྐྱེ་བའི་ཚེ། གཡོན་གྱི་རི་ལ་སྐྱེ་དགོས་པར་ཐལ་བ་བཞིན་ནོ། །ཞེས་གསུངས་པ་དང་འགལ་ཟེར་བ་དང༌། ཤར་ནུབ་གཉིས་ཀྱི་ཡིན་པ་ཡོད་པར་ཐལ། འདོད་ན། ནུབ་ནས་ཉི་མ་ཤར་ནས་ཤར་ཕྱོགས་ལ་ནུབ་འགྲོ་བར་ཐལ་ལོ་ཞེས་དཔྱད་པར་བྱའོ། །ཡང་རྩ་བའི་ཁ་དོག་དང་ཡན་ལག་གི་ཁ་དོག་གཉིས་སྤྱི་བྱེ་བྲག་ཡིན་པར་ཐལ། མངོན་པ་ལ་འགྲེལ་ལས། བསྡུ་བ་ནི་ཐམས་ཅད་ཀྱང་ཁ་དོག་དང་དབྱིབས་གཉིས་སུ་འདུ་ཞིང་དབྱིབས་ཀྱང་ཁ་དོག་ཏུ་འདུ་བས། ཞེས་དང༌། ལྗང་ཁུ་དང་སྤྲིན་ལ་སོགས་པ་དེ་དག་གི་བྱེ་བྲག་གོ། །ཞེས་གསུངས་པའི་ཕྱིར། ཞེས་དང༌། མཛོད་འགྲེལ་མངོན་པའི་རྒྱན་ལས། བརྒྱད་པོ་དེའི་བྱེ་བྲག་གོ། །ཞེས་གསུངས་པའི་ཕྱིར། ཟེར་ན་དཔྱད་དོ། །ཡང་ཟིན་པ་མ་ཟིན་པའི་སྒྲ་གཉིས་འགལ་ལམ། འགལ་ན་དེ་གཉིས་གྱི་ཡིན་པ་མེད་པར་ཐལ། དེ་གཉིས་འགལ་བའི་ཕྱིར། འདོད་ན། ཀུན་བཏུས་ས་འགྲེལ་ལས། ལག་པ་དང་རྫ་རྔ་ཕྲད་པའི་སྒྲ་ལྟ་བུ་དེ་གཉིས་ཀའི་རྒྱུ་ལས་བྱུང་བ་དང༌། ཞེས་པ་གསུངས་པའི་དོན་གང་ཡིན་དང༌། གཞན་ཡང་སངས་རྒྱས་ཀྱི་ངག་སྒྲ་ཆོས་ཅན། ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ་མ་ཡིན་པར་ཐལ། དེ་གང་ལས་བྱུང་བའི་གཞི་འབྱུང་བ་ལ་གནོད་བྱས་པས་ལུས་ཚོར་སྡུག་བསྔལ་མི་འབྱུང་བའི་ཕྱིར། དེར་ཐལ། སངས་རྒྱས་ལ་སྡུག་བསྔལ་མེད་པའི་ཕྱིར་ཞེས་དཔྱད་དོ། །དེ་རེ་རེ་ལ་སེམས་ཅན་དུ་སྟོན་མི་སྟོན་གཉིས་ཏེ་བཞི་ཡོད་པའི་ཕྱིར། ཞེས་པ་ལ། འོ་ན་མ་ཟིན་པའི་འབྱུང་བ་ལས་གྱུར་བའི་སྒྲ་ལ་སེམས་ཅན་དུ་སྟོན་པའི་སྒྲ་ཡོད་པར་ཐལ། འདོད་ན། ཞོག བསྡུས་གྲྭའི་སྤྱི་དོན་ལས། དཔེར་ན་ལྷའི་རྔ་བོ་ཆེས་ཆོས་ཀྱི་སྡོམ་བཞི་སྟོན་པའི་སྒྲ་དང་བྲག་རལ་བའི་སྒྲ་ལྟ་བུའོ། །ཞེས་པ་ལྟར། ལྷའི་རྔ་བོ་ཆེས་ཆོས་ཀྱི་སྡོམ་བཞི་སྟོན་པའི་སྒྲ་ཆོས་ཅན། ཟེར་ན། ལྷའི་རྔ་བོ་ཆེས་ཆོས་ཀྱི་སྡོམ་བཞི་སྟོན་པའི་སྒྲ་ཆོས་ཅན། ངག་གི་རྣམ་པ་རིག་བྱེད་ཀྱི་སྒྲ་ཡིན་པར་ཐལ། སེམས་ཅན་དུ་སྟོན་པའི་སྒྲ་ཡིན་པའི་ཕྱིར། ཁྱབ་སྟེ། སེམས་དུ་སྟོན་པའི་སྒྲ་དང་ངག་གི་རྣམ་པ་རིག་བྱེད་ཀྱི་སྒྲ་གཉིས་དོན་གཅིག་ཡིན་པའི་ཕྱིར། དེར་ཐལ། མཛོད་འགྲེལ་མངོན་པའི་རྒྱན་ལས། སེམས་ཅན་དུ་སྟོན་པའི་སྒྲ་ནི་ངག་གི་རྣམ་པ་རིག་བྱེད་ཀྱི་སྒྲའོ། །ཞེས་དང༌། བསྡུས་གྲྭའི་སྤྱི་དོན་ལས། འདི་དང་རྗོད་བྱེད་ཀྱི་སྒྲ་དང་རྣམ་པ་རིག་བྱེད་ཀྱི་སྒྲ་གསུམ་དོན་གཅིག ཅེས་གསུངས་པའི་ཕྱིར། རྩ་བར་འདོད་ན། ལྷའི་རྔ་བོ་ཆེས་ཆོས་ཀྱི་སྡོམ་བཞི་སྟོན་པའི་སྒྲ་ཆོས་ཅན། ངག་སྒྲ་ཡིན་པར་ཐལ། ངག་གི་རྣམ་པ་རིག་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་རྩ་བ་ལས། ངག་རྣམ་རིག་ནི་ངག་སྒྲ། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། སྐྱེས་བུའི་ལྕེ་རྐན་གྱི་རྩོལ་བ་ལས་བྱུང་བ་ཡིན་པར་ཐལ། ངག་སྒྲ་ཡིན་པའི་ཕྱིར། ཁྱབ་སྟེ། བསྡུས་གྲྭའི་སྤྱི་དོན་ལས། ངག་ནི་སྐྱེས་བུའི་ལྕེ་རྐན་གྱི་རྩོལ་བ་ལས་བྱུང་བའི་སྒྲ་དེ་ཉིད་ཡིན་གྱི། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ནང་གི་གཟུགས་ཀྱི་མཚན་ཉིད་ཡོད་དེ། སྐྱེས་བུའི་ཤེས་རྒྱུད་ཀྱིས་བསྡུས་པའི་གཟུགས་དེ་ཡིན་པའི་ཕྱིར། ཞེས་གསུངས་པ་ལ། ལུག་གི་ཤ་དང་དམ་བཅའ་བའི་གཟན་རྒྱུད་ཀྱིས་བསྡུས་པ་ཡིན་མིན་དང༌། མིག་ཟ་རྒྱུ་ཡོད་མེད་དང༌། དམ་བཅའ་པས་ཁྱིས་ཤ་ཟ་མིན་དང༌། དམ་བཅའ་བའི་ཕ་མ་གཉིས་ཀྱིས་ཤ་ཟ་མིན་དང༌། དམ་བཅའ་བས་ནས་ཀྱི་རྩམ་པ་ཟ་མིན་དང༌། དམ་བཅའ་བ་ཆོ་རྭར་ཡོང་བའི་སྐབས་སུ་ཨ་མས་གོས་གོན་ཡོད་མེད་སོགས་ཀྱི་ཚིག་གི་འཕྲི་ཚུལ་ཡོད་དོ། །ཡང་དབྱིབས་ལ་དབྱེ་ན་རིང་བོ་ནས་ཕྱ་ལེ་བ་མ་ཡིན་པའི་བར་བརྒྱད་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཕྱ་ལེ་བ་མ་ཡིན་པ་ཆོས་ཅན། དབྱིབས་ཡིན་པར་ཐལ། དབྱིབས་ཀྱི་དབྱེ་བ་ཡིན་པའི་ཕྱིར། འདོད་ན། ཕྱ་ལེ་བ་མ་ཡིན་པ་ཆོས་ཅན། དབྱིབས་མ་ཡིན་པར་ཐལ། དངོས་མེད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཕྱ་ལེ་བ་ཆོས་ཅན། ཁྱོད་མ་ཡིན་པ་དངོས་མེད་ཡིན་པར་ཐལ། ཁྱོད་མ་ཡིན་པ་ཡོད་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཁྱོད་མ་ཡིན་པ་དངོས་མེད་ཡིན་པར་ཐལ། ཁྱོད་མ་ཡིན་པ་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད་དོ། ཡང་སྒྲའི་སྐྱེ་མཆེད་ཀྱི་མཚན་ཉིད་ལ་རྣ་ཤེས་ཀྱིས་གཟུང་བྱ་དེ་འཇོག་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐུང་མཐའི་སྐད་ཅིག་མའི་ངོ་བོར་གྱུར་པའི་སྒྲ་ཆོས་ཅན། རྣ་ཤེས་ཀྱིས་གཟུང་བྱ་ཡིན་པར་ཐལ། སྒྲའི་སྐྱེ་མཆེད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཐུང་མཐའི་སྐད་ཅིག་མའི་ངོ་བོར་གྱུར་པའི་སྒྲ་ཆོས་ཅན། སྒྲའི་སྐྱེ་མཆེད་ཡིན་པར་ཐལ། སྒྲ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། སྒྲ་དང་སྒྲའི་སྐྱེ་མཆེད་གཉིས་དོན་གཅིག་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང༌། བསྡུས་གྲྭ་སྤྱི་དོན་ལས། སྒྲ་དང་སྒྲའི་སྐྱེ་མཆེད་དོན་གཅིག ཅེས་དང༌། རྣ་ཤེས་ཀྱིས་བཟུང་བྱ་སྒྲའི་སྐྱེ་མཆེད་ཀྱི་མཚན་ཉིད། མཉན་བྱ་སྒྲའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། ཐུང་མཐའི་སྐད་ཅིག་མའི་ངོ་བོར་གྱུར་པའི་སྒྲ་ཆོས་ཅན། སྒྲའི་སྐྱེ་མཆེད་ཡིན་པར་ཐལ། སྒྲ་ཡིན་པའི་ཕྱིར། འདོད་ན། ཐུང་མཐའི་སྐད་ཅིག་མའི་ངོ་བོར་གྱུར་པའི་སྒྲ་ཆོས་ཅན། སྒྲའི་སྐྱེ་མཆེད་མ་ཡིན་པར་ཐལ། རྣ་ཤེས་ཀྱི་གཟུང་བྱ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཐུང་མཐའི་སྐད་ཅིག་མའི་ངོ་བོར་གྱུར་པའི་སྒྲ་ཆོས་ཅན། རྣ་ཤེས་ཀྱི་གཟུང་བྱ་མ་ཡིན་པར་ཐལ། སོ་སོའི་སྐྱེ་བོའི་རྣ་ཤེས་ཀྱི་གཟུང་བྱ་མ་ཡིན་པའི་ཕྱིར། ཁྱབ་ན། ཁྱབ་པ་ཡོད་པར་ཐལ། སྒྲ་ཡིན་ན་སོ་སྐྱེས་ཀྱི་རྣ་ཤེས་ཀྱིས་གཟུང་བྱའམ་སྤྱོད་ཡུལ་ཡིན་དགོས་པའི་ཕྱིར། དེར་ཐལ། ཀུན་བཏུས་ས་འགྲེལ་ལས། སྒྲ་གང་ཞེ་ན། མཚན་ཉིད་ནི་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ལས་བྱུང་བ་འབྲས་བུའི་གཟུགས་གང་ཞིག དེའི་ཁྱད་པར་ཐ་མལ་བའི་རྣ་བའི་དབང་བོའི་གཟུང་བར་བྱ་བའི་སྤྱོད་ཡུལ་གྱི་དོན་གང་ཡིན་པ་སྟེ་ཞེས་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཐུང་མཐའི་སྐད་ཅིག་མའི་ངོ་བོར་གྱུར་བའི་སྒྲ་ཆོས་ཅན། སོ་སོའི་སྐྱེ་བོའི་རྣ་ཤེས་ཀྱི་གཟུང་བྱ་མ་ཡིན་པར་ཐལ། སོ་སྐྱེས་ཀྱི་མངོན་སུམ་དུ་རྟོགས་མི་ནུས་པའི་ཕྱིར་ན་དཔྱད་དོ། ། ཡང་སྒྲ་ཡིན་ན་རྣ་ཤེས་ཀྱི་གཟུང་བྱ་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། འདོན་བཞིན་པ་མ་ཡིན་པའི་གང་ཟག་གི་རྒྱུད་ཀྱི་བསྟན་བཅོས་མངོན་རྟོགས་རྒྱན་ནམ་ཐུགས་ཡུལ་ལ་བརྩམས་ཟིན་པའི་སྤྱོད་འཇུག་ཆོས་ཅན། རྣ་ཤེས་ཀྱི་གཟུང་བྱ་ཡིན་པར་ཐལ། སྒྲ་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། སྤྱོད་འཇུག་ས་འགྲེལ་ལས། ངས་གཞུང་འདི་བརྩམས་ཞེས་ཐུགས་ཡུལ་དུ་བརྩམས་ཟིན་པའོ། །ཞེས་གསུངས་སོ། །གོང་དུ་འདོད་ན། དེ་ཆོས་ཅན། རྣ་ཤེས་ཀྱིས་གཟུང་བྱ་མ་ཡིན་པར་ཐལ། ཁྱོད་ཐོས་པའི་རྣ་ཤེས་ཚད་མ་མེད་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཐོས་པའི་རྣ་ཤེས་ཚད་མ་མེད་པར་ཐལ། ཁྱོད་དང་དུས་མཉམ་དུ་མེད་པ་གང་ཞིག ཁྱོད་ཀྱི་སྔ་ཕྱི་གང་དུའང་མེད་པའི་ཕྱིར། རྟགས་དང་བོ་མ་གྲུབ་ན། འདོན་བཞིན་པ་མ་ཡིན་པའི་གང་ཟག་གི་རྒྱུད་ཀྱི་བསྟན་བཅོས་མངོན་རྟོགས་རྒྱན་ཆོས་ཅན། ཁྱོད་ཐོས་པའི་རྣ་ཤེས་ཚད་མ་ཁྱོད་དང་དུས་མཉམ་དུ་མེད་པར་ཐལ། ཁྱོད་གྲག་བཞིན་པ་མ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཐོས་པའི་རྣ་ཤེས་ཚད་མ་ཁྱོད་ཀྱི་སྔ་ཕྱི་གང་དུའང་མེད་པར་ཐལ། དབང་ཤེས་ཡིན་ན་རང་དང་དུས་མཉམ་པ་མ་གཏོགས་པ་མི་འཛིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་མི་འཛིན་པར་ཐལ། དེ་ལྟར་མི་འཛིན་པ་དེ་ཡང་ཀུན་མཁྱེན་གཉིས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མཛོད་རྩ་བར། ད་ལྟའི་དོན་ཕྱིར་དང་བོ་ལྔ། །ཞེས་དང༌། མཛོད་འགྲེལ་ཟླ་ཟེར་ལས། རང་ཡུལ་ད་ལྟར་བའི་དོན་འཛིན་པའི་ཕྱིར། ཞེས་གསུངས་སོ། ། རྗོད་བྱེད་སྒྲ་དང་ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲ་གཉིས་ཀ་དོན་གཅིག་ཡིན་པར་ཐལ། སྤྱི་དོན་ལས། འདི་དང་རྗོད་བྱེད་ཀྱི་སྒྲ་དང་རྣམ་པར་རིག་བྱེད་ཀྱི་སྒྲ་གསུམ་དོན་གཅིག ཅེས་གསུངས་པའི་ཕྱིར། འདོད་ན། རྗོད་བྱེད་ཀྱི་སྒྲ་ཡིན་ན་ངག་གི་རྣམ་པར་རིག་བྱེད་ཡིན་པས་ཁྱབ་པར་ཐལ། དེ་གཉིས་དོན་གཅིག་ཡིན་པའི་ཕྱིར། འདོད་ན། ལྷའི་རྔ་བོ་ཆེ་ལས་ཆོས་ཀྱི་སྡོམ་བཞི་སྟོན་པའི་སྒྲ་ཆོས་ཅན། ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲ་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར། འདོད་ན། ལྷའི་རྔ་བོ་ཆེ་ལས་ཆོས་ཀྱི་སྡོམ་བཞི་སྟོན་པའི་སྒྲ་ཆོས་ཅན། སྐྱེས་བུའི་ལྕེ་རྐན་ལས་བྱུང་བའི་སྒྲ་ཡིན་པར་ཐལ། ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲ་ཡིན་པ་ལ་ངག་ཡིན་དགོས་པ་གང་ཞིག ངག་ཡིན་པ་ལ་སྐྱེས་བུའི་ལྕེ་རྐན་ལས་བྱུང་བའི་སྒྲ་ཡིན་དགོས་པའི་ཕྱིར། དང་བོ་དེར་ཐལ། མཛོད་རྩ་བ་ལས། ངག་རྣམ་རིག་བྱེད་ནི་ངག་སྒྲ། །ཞེས་གསུངས་པའི་ཕྱིར།་རྟགས་ཕྱི་མ་གྲུབ་ན། དེ་དགོས་པར་ཐལ། དེ་ལྟར་དགོས་པ་དེ་ཡང༌། འཇམ་པའི་དབྱངས་དངོས་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་བསྡུས་གྲྭའི་སྤྱི་དོན་ལས། ངག་ནི་སྐྱེས་བུའི་ལྕེ་རྐན་གྱི་རྩོལ་བ་ལས་བྱུང་བའི་སྒྲ་དེ་ཉིད་ཡིན་གྱི་དེ་ལས་གཞན་པའི་སྒྲ་གང་ཡང་ངག་མ་ཡིན་པ་གང་ཞིག ཅེས་གསུངས་པའི་ཕྱིར། འདོད་ན། ལྷའི་རྔ་བོ་ཆེ་ཆོས་ཀྱི་སྡོམ་བཞི་སྟོན་པའི་སྒྲ་ཆོས་ཅན། ངག་མ་ཡིན་པར་ཐལ། སྐྱེས་བུའི་ལྕེ་རྐན་ལས་བྱུང་བའི་སྒྲ་མ་ཡིན་པའི་ཕྱིར། འདོད་ན། ལྷའི་རྔ་བོ་ཆོས་ཀྱི་སྡོམ་བཞི་སྟོན་པའི་སྒྲ་ཆོས་ཅན། ངག་ཡིན་པར་ཐལ། བཀའ་ལ་ངག་དགོས་པ་གང་ཞིག མཚུངས་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང༌། ས་བཟང་མ་ཏི་པཎ་ཆེན་གྱི་དགོངས་པ་ཡིན་པའི་ཕྱིར།རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཀུན་བཏུས་ས་འགྲེལ་ལས། དང་པོའི་མཚན་ཉིད་ནི། དངོས་ཀྱི་བདག་རྐྱེན་སངས་རྒྱས་ལས་བྱུང་བའི་ངག་གང་ཞིག ཅེས་གསུངས་པའི་ཕྱིར། ཡང་སངས་རྒྱས་ཀྱི་བཀའ་ཡིན་ན་ངག་གི་ཚོགས་ཡིན་པས་ཁྱབ་པར་ཐལ། དེ་ཡིན་ན་བསྟན་བཅོས་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། ཉ་ཊཱིཀ་ལས། བསྟན་བཅོས་ཀྱི་ལྡང་ཚད་ནི། ཞེས་པ་ནས། དེ་འདུས་པས་འཇུག་ལྡོག་བྱ་བའི་དོན་གཅིག་སྟོན་པས་ངག ཅེས་གསུངས་པའི་ཕྱིར། འདོད་ན། བཀའ་གྱུར་པའི་སྒྲ་མི་རྟག་ཅེས་བརྗོད་པའི་སྒྲ་ཆོས་ཅན། ངག་གི་ཚོགས་ཡིན་པར་ཐལ། བསྟན་བཅོས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཚིག་དུ་མ་འདུས་པའི་སྒྲ་ཡིན་པར་ཐལ། ངག་གི་ཚོགས་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ངག་གི་ཚོགས་ཡིན་ན་ཁྱད་པར་དུ་མ་གཞི་དུ་མ་དང་སྦྱར་ནས་སྟོན་པ་ཞིག་དགོས་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། ཁྱད་པར་དུ་མའང་གཞི་དུ་མ་དང་སྦྱར་ཏེ་རྗོད་བྱེད་དུ་གྲུབ་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། བཀའ་གྱུར་པའི་སྒྲ་མི་རྟག་ཅེས་བརྗོད་པའི་ཆོས་ཅན། ཁྱད་པར་དུ་མ་གཞི་དུ་མ་དང་སྦྱར་ཏེ་རྗོད་བྱེད་དུ་གྲུབ་པ་ཡིན་པར་ཐལ། ངག་གི་ཚོགས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེས་ཁྱད་པར་དུ་མ་གཞི་དུ་མ་དང་སྦྱར་ནས་སྟོན་ཞེས་པའི་ཁྱད་པར་དུ་མ་དེ་ངོས་འཛིན་རྒྱུ་མེད་པའི་ཕྱིར། དེར་ཐལ། དེས་ཁྱད་པར་མི་རྟག་པ་གཅིག་པུ་ཁྱད་གཞི་སྒྲ་དང་སྦྱར་ནས་སྟོན་པ་ཡིན་པའི་ཕྱིར་ན་དཔྱད་པར་བྱའོ། ཡང་ངག་གི་ཚོགས་ཡིན་ན་ངག་དུ་མ་འདུས་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། མིང་གི་ཚོགས་ཡིན་ན་མིང་དུ་མ་འདུས་པས་ཁྱབ་པར་ཐལ། ངག་གི་ཚོགས་ཡིན་ན་ངག་དུ་མ་འདུས་པས་ཁྱབ་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། འདོད་ན། བུམ་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། མིང་དུ་མ་འདུས་པ་ཡིན་པར་ཐལ། མིང་གི་ཚོགས་ཡིན་པའི་ཕྱིར། དེར་ཐལ། ཡི་གེ་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་རྗོད་བྱེད་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། མིང་གི་ཚོགས། ཚིག་གི་ཚོགས། ངག་གི་ཚོགས་དང་གསུམ་མོ། །ཕྱི་མ་གསུམ་གྱི་མཚན་ཉིད་ནི་རིམ་པ་ལྟར། ཡི་གེ་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་རྗོད་བྱེད་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། བུམ་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། མིང་དུ་མ་འདུས་པ་ཡིན་པར་ཐལ། མིང་གི་ཚོགས་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ། ངག་གི་ཚོགས་ཡིན་ན་ངག་དུ་མ་འདུས་པས་ཁྱབ་པའི་ཕྱིར། དེར་ཐལ། ངག་གི་ཚོགས་ཡིན་ན་ཁྱད་པར་དུ་མ་གཞི་དུ་མ་དང་སྦྱར་ཏེ་སྟོན་པ་ཞིག་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། ཁྱད་པར་དུ་མའང་གཞི་དུ་མ་དང་སྦྱར་ཏེ་རྗོད་བྱེད་དུ་གྲུབ་པའོ། །ཞེས་གསུངས་པའི་ཕྱིར་ན་ལུང་རིགས་གྱིས་བརྒལ་བརྟག་བྱའོ། །མུ་ཟིའི་དྲི་དེ་མི་ཞིམ་པའི་དྲིར་བཞག་པ་ལ་མུ་ཟིའི་དྲི་ཆོས་ཅན། མི་ཞིམ་པའི་དྲིར་བཞག་པ་མི་འཐད་པར་ཐལ། ཞིམ་པའི་དྲི་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། མུ་ཟིའི་དྲི་ཆོས་ཅན། ཁྱོད་ཞིམ་པའི་དྲི་ཡིན་པར་ཐལ། ཁྱོད་དྲི་ཞིམ་པར་འཇོག་བྱེད་ཀྱི་ཚད་མ་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། མུ་ཟིའི་དྲི་ཆོས་ཅན། ཁྱོད་དྲི་ཞིམ་པར་འཇོག་བྱེད་ཀྱི་ཚད་མ་ཡོད་པར་ཐལ། སངས་རྒྱས་ལ་ཁྱོད་དྲི་ཞིམ་པར་སྣང་བའི་ཕྱིར། རྟགས་མ་གྲུབ་ན། མུ་ཟིའི་དྲི་སངས་རྒྱས་ལ་དྲི་ཞིམ་པར་སྣང་བར་ཐལ། སངས་རྒྱས་ལ་རོ་མི་ཞིམ་པ་དེ་རོ་མཆོག་ཏུ་སྣང་བ་གང་ཞིག མཚུངས་པའི་ཕྱིར། རྟགས་དང་བོ་མ་གྲུབ་ན། དེ་སྣང་བར་ཐལ། དེ་ལྟར་སྣང་བ་དེ་ཡང་རྒྱལ་ཚབ་བྱམས་པ་མགོན་པོའི་དགོངས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་བསྟན་བཅོས་མངོན་རྟོགས་རྒྱན་ལས། འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང༌། །ཞེས་དང༌། ཉ་ཊཱིཀ་ལས།རོ་མི་ཞིམ་པ་རྟ་ཆག་ལྟ་བུ་ཡང་རོ་མཆོག་ཏུ་སྣང་བ་སྟེ། ཞེས་གསུངས་པའི་ཕྱིར་རོ། །སའི་མཚན་ཉིད་དུ་སྲ་ཞིང་འཐས་པ་འཇོག་བྱས་པ་ལ། རྡོ་ཆོས་ཅན། ས་ཡིན་པར་ཐལ། སྲ་ཞིང་འཐས་པ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། སྲ་ཞིང་འཐས་པ་སའི་མཚན་ཉིད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཀུན་མཁྱེན་ཇོ་ནང་བ་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་རྒྱུད་བླའི་འགྲེལ་བ་ལས། སའི་མཚན་ཉིད་སྲ་བ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། རྡོ་ཆོས་ཅན། ས་ཡིན་པར་ཐལ། སྲ་ཞིང་འཐས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རྡོ་ཆོས་ཅན། སྲ་ཞིང་འཐས་པ་ཡིན་པར་ཐལ། སྲ་བ་གང་ཞིག འཐས་པ་ཡིན་པའི་ཕྱིར། འདོད་ན། རྡོ་ཆོས་ཅན། ས་ཡིན་པར་ཐལ། སྲ་ཞིང་འཐས་པ་ཡིན་པའི་ཕྱིར། འདོད་ན། རྡོ་ཆོས་ཅན། འབྱུང་བ་ཡིན་པར་ཐལ། ས་ཡིན་པའི་ཕྱིར། འདོད་ན། རྡོ་ཆོས་ཅན། འབྱུང་བ་མ་ཡིན་པར་ཐལ། འབྱུང་འགྱུར་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་ས་བཟང་མ་ཏི་པཎ་ཆེན་གྱིས་མཛད་པའི་ཀུན་བཏུས་ས་འགྲེལ་ལས། རྡོ་བ་ལྟ་བུ་ལྷོད་པ་མ་ཡིན་པ་དང༌། ཞེས་གསུངས་པའི་ཕྱིར་ན་དཔྱད་དོ། །མེའི་མཚན་ཉིད་དུ་ཚ་ཞིང་སྲེག་པ་འཇོག་པ་ལ། ལྕགས་ཀྱི་གོང་བུ་དམར་འབར་བ་ཆོས་ཅན། མེ་ཡིན་པར་ཐལ། ཚ་ཞིང་སྲེག་པ་ཡིན་པའི་ཕྱིར། འདོད་ན། ལྕགས་ཀྱི་གོང་བུ་དམར་འབར་བ་ཆོས་ཅན། མེ་མ་ཡིན་པར་ཐལ། འབྱུང་བ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ལྕགས་ཀྱི་གོང་བུ་དམར་འབར་བ་ཆོས་ཅན། འབྱུང་བ་མ་ཡིན་པར་ཐལ། འབྱུང་འགྱུར་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ལྕགས་ཀྱི་གོང་བུ་དམར་འབར་བ་ཆོས་ཅན། འབྱུང་འགྱུར་ཡིན་པར་ཐལ། ལྕགས་ཡིན་པའི་ཕྱིར། འདོད་ན། ལྕགས་ཀྱི་གོང་བུ་དམར་འབར་བ་ཆོས་ཅན། མེ་མ་ཡིན་པར་ཐལ། འབྱུང་འགྱུར་ཡིན་པའི་ཕྱིར། འདོད་ན། ལྕགས་ཀྱི་གོང་བུ་དམར་འབར་བ་ཆོས་ཅན། མེ་ཡིན་པར་ཐལ། ཚ་ཞིང་སྲེག་པ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཀུན་མཁྱེན་ཇོ་ནང་བ་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་རྒྱུད་བླའི་འགྲེལ་བ་ལས། མེའི་མཚན་ཉིད་དྲོ་བ་དང༌། ཞེས་དང༌། གཏན་ཚིགས་དོན་བསྡུས་ལས། ཚ་ཞིང་སྲེག་པ་དང༌། ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། དེའི་དོན་ནི་ཚ་ཞིང་སྲེག་པའི་འབྱུང་བ་ཞེས་པའི་དོན་ཡིན་ཟེར་ན། འོ་ན་ཆུ་ཁོལ་མ་ཆོས་ཅན། མེ་ཡིན་པར་ཐལ། ཚ་ཞིང་སྲེག་པའི་འབྱུང་བ་ཡིན་པའི་ཕྱིར། ཁྱབ་སྟེ། བསྡུས་གྲྭའི་སྤྱི་དོན་ལས། དྲོ་བའི་འབྱུང་བ་དེ་མེའི་མཚན་ཉིད། ཅེས་གསུངས་པའི་ཕྱིར་ཟེར་བ་དང༌། གཡོ་བཞིན་པའི་མར་མེའི་མེ་ལྕེ་ཆོས་ཅན། རླུང་ཡིན་པར་ཐལ། ཡང་ཞིང་གཡོ་བའི་འབྱུང་བ་ཡིན་པའི་ཕྱིར། ཁྱབ་སྟེ། འབའ་བསྡུས་ལས། གཡོ་བའི་འབྱུང་བ་དེ། རླུང་གི་མཚན་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་སྐྱེས་བུའི་ཤེས་རྒྱུད་ཀྱིས་མ་བསྡུས་པའི་གཟུགས་དེ་ཕྱིའི་གཟུགས་ཀྱི་མཚན་ཉིད་དུ་གསུངས་པའི་སྐབས་ཀྱི་དོགས་པ་འགོད་པ་ལ།

ཕྱིའི་གཟུགས་ཡིན་ན་སྐྱེས་བུའི་ཤེས་རྒྱུད་ཀྱིས་མ་བསྡུས་པའི་གཟུགས་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། དམ་བཅའ་བའི་དབུ་ཆོས་ཅན། ཕྱིའི་གཟུགས་མ་ཡིན་པར་ཐལ། སྐྱེས་བུའི་ཤེས་རྒྱུད་ཀྱིས་བསྡུས་པའི་གཟུགས་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དམ་བཅའ་བའི་དབུ་ཆོས་ཅན། སྐྱེས་བུའི་ཤེས་རྒྱུད་ཀྱིས་བསྡུས་པའི་གཟུགས་ཡིན་པར་ཐལ། གཟུགས་གང་ཞིག དེ་ལ་ཕན་གནོད་བྱས་པ་ལས་ལུས་ཚོར་བདེ་སྡུག་འབྱུང་བ་ཡོད་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། སྐྱེས་བུའི་ཤེས་རྒྱུད་ཀྱིས་བསྡུས་པའི་གཟུགས་ཡིན་ཚུལ་དེ་གཟུགས་དེ་ལ་ཕན་གནོད་བྱས་པ་ལས་སྐྱེས་བུ་དེར་ལུས་ཚོར་བདེ་སྡུག་འབྱུང་མིན་གྱིས་འཇོག་དགོས་པའི་ཕྱིར།རྟགས་མ་གྲུབ་ན། དེ་དགོས་པར་ཐལ། སྐྱེས་བུའི་ཤེས་རྒྱུད་ཀྱིས་བསྡུས་པའི་གཟུགས་ཡིན་ཚུལ་ཡོད་པའི་ཕྱིར། གོང་གི་དམ་བཅའ་བའི་དབུ་སྐྱེས་བུའི་ཤེས་རྒྱུད་ཀྱིས་བསྡུས་པའི་གཟུགས་ཡིན་པར་འདོད་ཟེར་ན། དམ་བཅའ་བའི་དབུ་ཆོས་ཅན། ནང་གི་གཟུགས་ཡིན་པར་ཐལ། སྐྱེས་བུའི་ཤེས་རྒྱུད་ཀྱིས་བསྡུས་པའི་གཟུགས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དབང་བོ་གཟུགས་ཅན་པ་ལྔ་བོ་གང་རུང་ཡིན་པར་ཐལ། རྫས་སྤྱི་གཉིས་འགོད་ཆོད་ནང་གི་གཟུགས་ཡིན་པའི་ཕྱིར། འདོད་ན། དམ་བཅའ་བའི་དབུ་ཆོས་ཅན། དབང་ཤེས་ཀྱི་སྤྱོད་ཡུལ་མ་ཡིན་པར་ཐལ། དབང་བོ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། དབང་བོ་དང་རྡུལ་ཕྲ་རབ་རྣམས་དབང་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་མི་ནུས་པའི་ཕྱིར། རྟགས་མ་གྲུབ་ན། དེ་མི་ནུས་པར་ཐལ། དེ་ལྟར་མི་ནུས་པ་དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་བོས་མཛད་པའི་དམིགས་བརྟག་རྩ་བར། དབང་པོའི་རྣམ་པ་རིག་པའི་རྒྱུ། །ཕྲ་རབ་རྡུལ་དག་ཡིན་མོད་ཀྱི། །དེར་མི་སྣང་ཕྱིར་དེ་ཡུལ་ནི། །རྡུལ་ཕྲན་མ་ཡིན་དབང་པོ་བཞིན། །ཞེས་དང༌། དེའི་རང་འགྲེལ་ལས། རྡུལ་ཕྲ་མོ་དག་གི་ནི་དེའི་རྒྱུ་ཉིད་ཡིན་དུ་ཟིན་ཀྱང་དེ་ལྟ་མ་ཡིན་ཏེ་དབང་པོ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་ན་དཔྱད་དོ། །ཡང་ནང་གི་གཟུགས་ཡིན་པ་ལ་སྐྱེས་བུའི་ཤེས་རྒྱུད་ཀྱིས་བསྡུས་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། འདུ་ཁང་ནང་གི་གཟུགས་ཡིན་ན་གང་དྲན་དྲན་ཡིན་པས་ཁྱབ་པར་ཐལ། འདུ་ཁང་སྐྱེས་བུའི་ཤེས་རྒྱུད་ཀྱིས་བསྡུས་ན་གང་དྲན་དྲན་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། འདུ་ཁང་ནང་གི་ཀ་བ་ཆོས་ཅན། གང་དྲན་དྲན་ཡིན་པར་ཐལ། འདུ་ཁང་ནང་གི་གཟུགས་ཡིན་པའི་ཕྱིར། མ་གྲུབ་ན། འདུ་ཁང་ནང་གི་གཟུགས་མེད་པར་ཐལ། འདུ་ཁང་ནང་གི་ཀ་བ་དེ་འདུ་ཁང་ནང་གི་གཟུགས་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། འདུ་ཁང་ནང་གི་མཆོད་རྫས་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། འདུ་ཁང་ནང་གི་དགེ་འདུན་པ་མེད་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། འདུ་ཁང་དགེ་འདུན་པས་མ་སྟོང་བའི་ཕྱིར། རྟགས་མ་གྲུབ་ན། འདུ་ཁང་དགེ་འདུན་པས་མ་སྟོང་བར་ཐལ། གཙུག་ལག་ཁང་དགེ་འདུན་པས་མ་སྟོང་བའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་མ་གྲུབ། དེ་ཡོད་པར་ཐལ། གྲོང་ཁྱེར་མིས་མ་སྟོང་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། རི་ཆོས་ངེས་དོན་རྒྱ་མཚོ་ལས། གྲོང་ཁྱེར་མིས་སྟོང་པར་ཐལ་ལོ། །ཞེས་གསུངས་པའི་ཕྱིར། འདོད་ན། གཙུག་ལག་ཁང་དགེ་འདུན་པས་མ་སྟོང་བར་ཐལ། འདོད་པའི་ཕྱིར། འདོད་ན། འདུ་ཁང་མཚོན་རྫས་ཀྱིས་མ་སྟོང་པར་ཐལ། འདོད་པའི་ཕྱིར། འདོད་ན། འདུ་ཁང་ནང་གི་གཟུགས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། འདོད་མི་ནུས་ཏེ། འདུ་ཁང་ནང་གི་གཟུགས་ཡིན་ན་གང་དྲན་དྲན་ཡིན་པའི་ཕྱིར་ཞེས་དཔྱད་དོ། །ཡང་དེ་མཚུངས་ཀྱི་མིག་དབང་ཡིན་ན་རང་འབྲས་མིག་ཤེས་མི་བསྐྱེད་པས་ཁྱབ་ཟེར་ན། གཉིད་སད་ཁ་མའི་གང་ཟག་གི་རྒྱུད་ཀྱི་མིག་དབང་ཆོས་ཅན། རང་འབྲས་མིག་ཤེས་མི་བསྐྱེད་པར་ཐལ། དེ་མཚུངས་ཀྱི་མིག་དབང་ཡིན་པའི་ཕྱིར། འདོད་ན། གཉིད་སད་མ་ཐག་པའི་གང་ཟག་གི་རྒྱུད་ཀྱི་མིག་ཤེས་ཆོས་ཅན། ཁྱོད་ཀྱི་བདག་རྐྱེན་ལ་གཉིད་སད་ཁ་མའི་གང་ཟག་གི་རྒྱུད་ཀྱི་མིག་དབང་དེ་འཇོག་དགོས་པར་ཐལ། ཁྱོད་ཀྱི་བདག་རྐྱེན་དུ་གྱུར་བའི་མིག་དབང་ཡོད་པ་གང་ཞིག དེ་འདྲའི་མིག་དབང་མ་བཞག་ན་གཞན་འཇོག་རྒྱུ་མེད་པའི་ཕྱིར། རྟགས་དང་བོ་མ་གྲུབ་ན། གཉིད་སད་མ་ཐག་པའི་གང་ཟག་གི་རྒྱུད་ཀྱི་མིག་ཤེས་ཆོས་ཅན། ཁྱོད་ཀྱི་བདག་རྐྱེན་མིག་དབང་ཡོད་པར་ཐལ། ཁྱོད་མིག་ཤེས་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། གཏན་ཚིགས་དོན་བསྡུས་ལས། གཙོ་བོའི་སེམས་གང་ཞིག བདག་རྐྱེན་མིག་དབང་གཟུགས་ཅན་ལས་དངོས་སུ་སྐྱེས་པའི་གཞན་རིག་ཅེས་སོགས་འདོན་པར་བསྒྱུར་ཏེ། དབང་ཤེས་ལྔ་ཡི་མཚན་ཉིད་དོ། །ཞེས་དང༌། བསྡུས་གྲྭ་སྤྱི་དོན་ལས། དང་པོ་མིག་ཤེས་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མིག་དབང་ལ་བརྟེན་ནས་བྱུང་བའི་རང་ཡུལ་དུ་གྱུར་པའི་གཟུགས་ཀྱི་སྐྱེ་མཆེད་གྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བའི་རིག་པ། ཞེས་གསུངས་པའི་ཕྱིར་ན་དཔྱད་དོ། །ཡང་དེ་མཚུངས་ཀྱི་མིག་དབང་གི་མཚན་གཞིར་གཉིད་ལོག་པའི་སྐབས་ཀྱི་མིག་དབང་བཞག་པ་ལ་གཉིད་ལོག་པའི་སྐབས་ཀྱི་མིག་དབང་ཆོས་ཅན། དེ་མཚུངས་ཀྱི་མིག་དབང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གཉིད་ལོག་པའི་སྐབས་ཀྱི་མིག་དབང་ཆོས་ཅན། ཁྱོད་ཡིན་ན་གཟུགས་མཐོང་བའི་མིག་དབང་མ་ཡིན་པས་ཁྱབ་པར་ཐལ། ཁྱོད་དེ་མཚུངས་ཀྱི་མིག་དབང་ཡིན་པའི་ཕྱིར། མ་གྲུབ་ན། གཉིད་ལོག་པའི་མིག་དབང་ཆོས་ཅན། ཁྱོད་དེ་མཚུངས་ཀྱི་མིག་དབང་ཡིན་པར་ཐལ། དེ་མཚུངས་ཀྱི་མིག་དབང་གི་མཚན་གཞི་ཡིན་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། མཚན་གཞི་ནི། གཉིད་ལོག་པའི་གནས་སྐབས་ཀྱི་མིག་དབང་དང༌། ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། གཉིད་ལོག་པའི་སྐབས་ཀྱི་མིག་དབང་ཆོས་ཅན། ཁྱོད་ཡིན་ན་གཟུགས་མཐོང་བའི་མིག་དབང་མ་ཡིན་པས་མ་ཁྱབ་པར་ཐལ། ཁྱོད་ལ་ཡུལ་གཟུགས་སོགས་མཐོང་བཞིན་པའི་མིག་དབང་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། གཉིད་ལོག་པའི་སྐབས་ཀྱི་མིག་དབང་ལ་གཟུགས་སོགས་མཐོང་བཞིན་པའི་མིག་དབང་ཡོད་པར་ཐལ། གཉིད་ལོག་པའི་སྐབས་ཀྱི་མིག་དབང་ལ་སངས་རྒྱས་འཕགས་པའི་མིག་དབང་ཡོད་པའི་ཕྱིར་ན་དཔྱད། དབྱིབས་དང་ཁ་དོག་གང་རུང་ཡིན་ན་མིག་ཤེས་ཀྱི་གཟུང་བྱ་ཡིན་པས་མ་ཁྱབ་པར་ཐལ། ཡིག་ཆར། དབྱིབས་དང་ཁ་དོག་གང་རུང་ན་མིག་ཤེས་ཀྱི་གཟུང་བྱ་ཡིན་པས་ཁྱབ་པར་ཐལ། དབྱིབས་དང་ཁ་དོག་གཉིས་མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར་ན་མ་ཁྱབ། ཅེས་གསུངས་པའི་ཕྱིར། འདོད་ན། དབྱིབས་ཡིན་ན་གཟུགས་ཀྱི་སྐྱེ་མཆེད་ཡིན་པས་མ་ཁྱབ་པར་ཐལ། དབྱིབས་ཡིན་ན་མིག་ཤེས་ཀྱི་གཟུང་བྱ་ཡིན་པས་མ་ཁྱབ་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། དབྱིབས་དེ་གཟུགས་ཀྱི་སྐྱེ་མཆེད་ཀྱི་དབྱེ་བ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་སློབ་དཔོན་དབྱིག་གཉེན་ཀྱིས་མཛད་པའི་མཛོད་ལས། གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། །ཞེས་གསུངས་པའི་ཕྱིར། འདོད་ན། དབྱིབས་དང་ཁ་དོག་གང་རུང་ཡིན་ན་གཟུགས་ཀྱི་སྐྱེ་མཆེད་ཡིན་པས་ཁྱབ་པར་ཐལ། དེ་གཉིས་གཟུགས་ཀྱི་སྐྱེ་མཆེད་ཀྱི་དབྱེ་བ་ཡིན་པའི་ཕྱིར། འདོད་ན། རྡུལ་ཕྲ་རབ་ཀྱི་དབྱིབས་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་ཡིན་པར་ཐལ། དབྱིབས་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་འཇམ་པའི་དབྱངས་དངོས་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་མཛད་པའི་བསྡུས་གྲྭའི་སྤྱི་དོན་ལས། དབྱིབས་ནི་ཟླུམ་པོ་ཁོ་ནར་ངེས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྡུལ་ཕྲ་རབ་ཀྱི་དབྱིབས་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་ཡིན་པར་ཐལ། དབྱིབས་པའི་ཕྱིར། འདོད་ན། རྡུལ་ཕྲ་རབ་ཀྱི་དབྱིབས་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་མ་ཡིན་པར་ཐལ། མིག་ཤེས་ཀྱི་གཟུང་བྱ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་མ་ཡིན་པར་ཐལ། དེ་ལྟར་མ་ཡིན་པ་དེ་ཡང༌། དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་ལས། དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན། །ཞེས་གསུངས་པའི་ཕྱིར་ན་དཔྱད་དོ། ། ཡང་རྡུལ་ཕྲ་རབ་ཀྱི་དོན་ལ་གཟུགས་ཅན་ཆུང་བའི་མཐར་ཐུག་པ་དེ་འཇོག་དགོས་པར་འདོད་ན། རྡུལ་ཕྲ་རབ་ཡིན་ན་གཟུགས་ཅན་ཆུང་བའི་མཐར་ཐུག་པ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། རྡུལ་ཕྲ་རབ་བདུན་ཆོས་ཅན། གཟུགས་ཅན་ཆུང་བའི་མཐར་ཐུག་པ་ཡིན་པར་ཐལ། རྡུལ་ཕྲ་རབ་ཡིན་པའི་ཕྱིར། འདོད་ན། རྡུལ་ཕྲ་རབ་བདུན་ཆོས་ཅན། གཟུགས་ཅན་ཆུང་བའི་མཐར་ཐུག་པ་མ་ཡིན་པར་ཐལ། ཁྱོད་ལས་གཟུགས་ཅན་ཆུང་བ་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། རྡུལ་ཕྲ་རབ་བདུན་ཆོས་ཅན། ཁྱོད་ལས་ཆུང་བའི་གཟུགས་ཅན་ཆུང་བ་ཡོད་པར་ཐལ། རྡུལ་ཕྲ་རབ་གཅིག་དེ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རྡུལ་ཕྲ་རབ་གཅིག་དེ་རྡུལ་ཕྲ་རབ་བདུན་ལས་ཆུང་བའི་གཟུགས་ཡིན་པར་ཐལ། རྡུལ་ཕྲ་རབ་གཅིག་གི་གོ་སར་རྡུལ་ཕྲ་རབ་བདུན་མི་ཤོང་བའི་ཕྱིར་ཟེར་ན་དཔྱད་དོ། །རྟ་དཀར་པོ་ཆོས་ཅན། དཀར་པོ་ཡིན་པར་ཐལ། ཁྱོད་རྟ་དཀར་པོ་ཡིན་པའི་ཕྱིར་ན་མ་ཁྱབ། ཅེས་གསུངས་པ་ལ། འོ་ན་རྟ་དཀར་པོ་རྟ་དཀར་པོ་ཡིན་པར་ཐལ། འདོད་ན། རྟ་དཀར་པོ་རྟ་ཁ་དོག་ཡིན་པར་ཐལ། རྟ་དཀར་པོ་རྟ་རྩ་བའི་ཁ་དོག་བཞི་བོ་གང་རུང་ཡིན་པའི་ཕྱིར། དེར་ཐལ། རྟ་དཀར་པོ་རྟ་དཀར་པོ་ཡིན་པའི་ཕྱིར། མ་ཁྱབ་ན། དཀར་པོ་ཆོས་ཅན། རྟ་དཀར་པོ་རྟ་ཁྱོད་ཡིན་ན། རྟ་དཀར་པོ་རྟ་རྩ་བའི་ཁ་དོག་བཞི་བོ་གང་རུང་ཡིན་དགོས་པར་ཐལ། ཁྱོད་རྩ་བའི་ཁ་དོག་བཞི་བོ་གང་རུང་ཡིན་པའི་ཕྱིར། གོང་དུ་འདོད་ན། རྟ་དཀར་པོ་རྟ་ཁ་དོག་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། རྟ་དཀར་པོ་རྟ་གང་ཟག་ཡིན་པའི་ཕྱིར། དེར་ཐལ། རྟ་དཀར་པོ་རྟ་རྟ་ཡིན་པའི་ཕྱིར། ཟེར་བ་དང༌། རྟ་དཀར་པོ་རྟ་ཡིན་ན། རྟ་ཁ་དོག་རྟ་ཡིན་པར་ཐལ། རྟ་དཀར་པོ་རྟ་ཡིན་པའི་ཕྱིར་ཟེར་བ་དང༌། རྟ་ཁ་དོག་རྟ་མིན་ཟེར་ན། དཀར་པོ་ཆོས་ཅན། རྟ་ཁྱོད་རྟ་ཡིན་ཏེ། རྟགས་ཁོད་ཟེར་ནས་དཔྱད་དོ། ། རྟ་དཀར་བོ་ཆོས་ཅན། དཀར་བོ་ཡིན་པར་ཐལ། ཁྱོད་རྟ་དཀར་བོ་ཡིན་པའི་ཕྱིར་ན་མ་ཁྱབ་ཅེས་པའི་སྐབས་ཀྱི་དོགས་པ་འགོད་ན། རྟ་དཀར་བོ་ཆོས་ཅན། ཁྱོད་རྟ་དཀར་བོ་ཡིན་པར་ཐལ། འདོད་ན། རྟ་དཀར་བོ་རྟ་ཆོས་ཅན། ཁྱོད་དཀར་བོ་མ་ཡིན་པར་ཐལ། ཁྱོད་ཁ་དོག་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རྟ་དཀར་པོ་རྟ་ཆོས་ཅན། ཁྱོད་ཁ་དོག་མ་ཡིན་པར་ཐལ། ཁྱོད་གཟུགས་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟ་དཀར་པོ་རྟ་ཆོས་ཅན། ཁྱོད་གཟུགས་མ་ཡིན་པར་ཐལ། ཁྱོད་གང་ཟག་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རྟ་དཀར་བོ་རྟ་ཆོས་ཅན། ཁྱོད་གང་ཟག་ཡིན་པར་ཐལ། ཁྱོད་རྟ་ཡིན་པའི་ཕྱིར་ན་དཔྱད་པར་བྱའོ། །གང་ཟག་གི་མཚན་ཉིད་ལ་གཏན་ཚིགས་དོན་བསྡུས་ལས། ཀུན་གཞིའི་རྣམ་ཤེས་སམ་ཡེ་ཤེས་ཀྱི་རྒྱུན་དུ་གྱུར་པ་གསུངས་པ་ལ། གང་ཟག་ཡིན་ན་ཀུན་གཞིའི་རྣམ་ཤེས་སམ་ཡེ་ཤེས་ཀྱི་རྒྱུན་དུ་གྱུར་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པ་ཆོས་ཅན། ཀུན་གཞིའི་རྣམ་ཤེས་སམ་ཡེ་ཤེས་ཀྱི་རྒྱུན་དུ་གྱུར་པ་ཡིན་པར་ཐལ། གང་ཟག་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པ་ཆོས་ཅན། སེམས་ཀྱི་རྒྱུན་དུ་གྱུར་པ་ཡིན་པར་ཐལ། ཀུན་གཞིའི་རྣམ་ཤེས་སམ་ཡེ་ཤེས་ཀྱི་རྒྱུན་དུ་གྱུར་པ་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པ་ཆོས་ཅན། སེམས་ཀྱི་རྒྱུན་ཡིན་པར་ཐལ། སེམས་ཀྱི་རྒྱུན་དུ་གྱུར་པ་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པ་ཆོས་ཅན། ཀུན་གཞིའི་རྣམ་ཤེས་ཡིན་པར་ཐལ། སེམས་རྒྱུན་ཡིན་པའི་ཕྱིར། མ་ཁྱབ་ན་དེ་ཁྱབ་པར་ཐལ། ཐེག་མཆོག་དབུ་མའི་རྩ་བ་ལས། སེམས་རྒྱུན་ཙམ་ལས་ང་བདག་གཞན་མེད་ཕྱིར། །ཞེས་དང༌། དེའི་ཐད་ཀྱི་ཟིན་བྲིས་ལས། སེམས་ཀྱི་རྒྱུན་ཞེས་པ་ནི་ཀུན་གཞི་རྣམ་ཤེས་ཡིན་ཞིང༌། ཞེས་གསུངས་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པ་ཆོས་ཅན། ཀུན་གཞི་རྣམ་ཤེས་ཡིན་པར་ཐལ། སེམས་ཀྱི་རྒྱུན་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པ་ཆོས་ཅན། ཤེས་པ་ཡིན་པར་ཐལ། ཀུན་གཞི་རྣམ་ཤེས་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པ་ཆོས་ཅན། ཤེས་པ་མ་ཡིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། སངས་རྒྱས་འཕགས་པ་ཆོས་ཅན། ལྡན་མིན་འདུ་བྱེད་ཡིན་པར་ཐལ། གང་ཟག་བཏགས་ཡོད་པ་ཡིན་པའི་ཕྱིར། རྟགས་ཁྱབ་རེ་རེ་ནས་ཡོད་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། སངས་རྒྱས་འཕགས་པ་ཆོས་ཅན། ལྡན་མིན་འདུ་བྱེད་ཡིན་པར་ཐལ། གང་ཟག་བཏགས་ཡོད་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པ་ཆོས་ཅན། ལྡན་མིན་འདུ་བྱེད་མ་ཡིན་པར་ཐལ། སེམས་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། སངས་རྒྱས་འཕགས་པ་ཆོས་ཅན། སེམས་ཡིན་པར་ཐལ། སེམས་ལ་སྣང་བ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། སྣང་བ་སེམས་སུ་སྒྲུབ་པའི་རིགས་པ་འཕགས་པ་ཐོགས་མེད་ཀྱིས་ཐེག་པ་ཆེན་པོར་བསྡུ་བར་གསུངས་ལ། ཞེས་གསུངས་པའི་ཕྱིར་ན་དཔྱད་པར་བྱའོ། །

གཉིས་པ་ཡོད་རྟོགས་མེད་རྟོགས་ཀྱི་སྐབས་སུ་དོགས་པ་འགོད་པ།

གཉིས་པ་ཡོད་རྟོགས་མེད་རྟོགས་ཀྱི་སྐབས་སུ་དོགས་པ་འགོད་པ་ལ།

ཁ་ཅིག་ན་རེ། ཡོད་པ་ཡིན་ན་མེད་པ་མ་ཡིན་པས་མ་ཁྱབ། མེད་པ་ཡིན་ན་ཡོད་པ་མ་ཡིན་པས་མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། ལྟ་བ་ཤན་འབྱེད་ལས། ཡོད་པ་མིན་ཞེས་བརྗོད་པ་ཡིས། །དོན་དེ་མེད་པར་མི་སྟོན་ན། །དབུལ་བའི་ཕུང་བོ་གསེར་རྣམས་དག །ཡོད་མེད་དྲིས་པས་ཡོད་མིན་ཞེས། །སྨྲ་ན་གསེར་མེད་མི་ཤེས་སམ། །མེད་པ་མིན་ཞེས་བརྗོད་པ་ཡིས། །ཆོས་དེ་ཡོད་པར་མི་སྟོན་ན། །ཕྱུག་པོ་དག་ལ་ལོངས་སྤྱོད་དག །ཡོད་མེད་དྲིས་པས་མེད་མིན་ཞེས། །སྨྲ་ན་ནོར་ཡོད་མི་ཤེས་སམ། །ཞེས་གསུངས་པའི་ཕྱིར། འདོད་ན། ཡོད་པ་ཡིན་ན་མེད་པ་མ་ཡིན་པས་ཁྱབ་པ་དང༌། མེད་པ་ཡིན་ན་ཡོད་པ་མ་ཡིན་པས་ཁྱབ་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། ཡོད་མེད་གཉིས་ཀྱི་ཡིན་པ་མེད་པར་ཐལ། ཡོད་པ་ཡིན་ན་མེད་པ་མ་ཡིན་པས་ཁྱབ། མེད་པ་ཡིན་ན་ཡོད་པ་མ་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། ཡོད་པ་ཡིན་ན་མེད་པ་མ་ཡིན་པས་ཁྱབ། མེད་པ་ཡིན་ན་ཡོད་པ་མ་ཡིན་པས་ཁྱབ་ན། ཡོད་མེད་གཉིས་ཀྱི་ཡིན་པ་མེད་དགོས་པར་ཐལ། ཡོད་མེད་གཉིས་ཀྱི་ཡིན་པ་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། ཁྱོད་ཡོད་པ་ཡིན་ན་ཁྱོད་མེད་པ་མ་ཡིན་པས་ཁྱབ།ཁྱོད་མེད་པ་ཡིན་ན་ཁྱོད་ཡོད་པ་མ་ཡིན་པས་ཁྱབ་ན། ཁྱོད་ཡོད་པ་དང་ཁྱོད་མེད་པ་གཉིས་ཀ་མ་ཡིན་པས་ཁྱབ་པར་ཐལ། ཡོད་པ་ཡིན་ན་མེད་པ་མ་ཡིན་པས་ཁྱབ། མེད་པ་ཡིན་ན་ཡོད་པ་མ་ཡིན་པས་ཁྱབ་ན་ཡོད་པ་དང་མེད་པ་གཉིས་ཀ་མ་ཡིན་པས་ཁྱབ་པ་གང་ཞིག དེ་གཉིས་རིགས་པ་མཚུངས་པའི་ཕྱིར། རྟགས་དང་པོ་ཁས། འདོད་ན། རྟག་པར་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་ཡོད་པ་དང་ཁྱོད་མེད་པ་གཉིས་ཀ་མ་ཡིན་པར་ཐལ། ཁྱོད་ཡོད་པ་ཡིན་ན་ཁྱོད་མེད་པ་མ་ཡིན་པས་་ཁྱབ། ཁྱོད་མེད་པ་ཡིན་ན། ཁྱོད་ཡོད་པ་མ་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དེ་ལ་འདོད་ལན་བཏབས་པས་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པར་རྟོགས་པའི་ཚད་མ་མེད་པ་གཉིས་ཀ་མ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པར་རྟོགས་པའི་ཚད་མ་མེད་པ་གཉིས་ཀ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པར་རྟོགས་པའི་ཚད་མ་མེད་པ་གཉིས་ཀ་ཡིན་པར་ཐལ། དེ་ལྟར་ཁས་བླངས་བའི་རྟག་པར་རྟོགས་པའི་ཚད་མ་དེ་ལ་ཁས་ལེན་སོང་བ་གང་ཞིག རྟག་པར་རྟོགས་པའི་ཚད་མ་དེ་དེ་གཉིས་ཀ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དེ་ལྟར་ཁས་བླངས་བའི་ཁས་ལེན་རྟག་པར་རྟོགས་པའི་ཚད་མ་དེ་ལ་སོང་བར་ཐལ། རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་ཡིན་པར་ཁས་བླངས་པའི་ཁས་ལེན་རྟག་པར་རྟོགས་པའི་ཚད་མ་ལ་སོང་བའི་ཕྱིར། དེར་ཐལ། རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཁས་བླངས་བའི་རྟག་པར་རྟོགས་པའི་ཚད་མ་ལ་ཁས་ལེན་སོང་བའི་ཕྱིར། རྟགས་མ་གྲུབ་ན། དེར་ཐལ། རྟག་པ་ཡིན་ན་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་མ་ཡིན་པས་ཁྱབ་བའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡོད་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རྟག་པ་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཟེར་ན་འགལ་ཁྱབ་ལ་ཕུད་རིགས་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར།གཞན་ཡང་ཡོད་མེད་གཉིས་ཀྱི་ཡིན་པ་མེད་པ་བཞིན་དུ་ཁྱོད་ཡོད་པ་དང་ཁྱོད་མེད་པ་གཉིས་ཀྱི་ཡིན་པ་མེད་ཟེར་ན། འོ་ན། ཁྱོད་ཡོད་པ་དང་ཁྱོད་མེད་པ་གཉིས་ཀྱི་ཡིན་པ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། བདག་མེད་ཡང་ཡིན་ཁྱོད་ཡོད་པ་དང་ཁྱོད་མེད་པ་གཉིས་ཀྱི་ཡིན་པ་མེད་པར་ཐལ། ཁྱོད་ཡོད་པ་དང་ཁྱོད་མེད་པ་གཉིས་ཀྱི་ཡིན་པ་མེད་པའི་ཕྱིར། རྟགས་ཁས། འདོད་ན། བདག་མེད་ཡིན་ན་ཁྱོད་ཡོད་པ་དང་ཁྱོད་མེད་པ་གཉིས་ཀ་མ་ཡིན་པས་ཁྱབ་པར་ཐལ། བདག་མེད་ཡང་ཡིན་ཁྱོད་ཡོད་པ་དང་ཁྱོད་མེད་པ་གཉིས་ཀྱི་ཡིན་པ་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ཚད་མའི་བསྟན་བཅོས་ལས། བདག་མེད་ཡིན་ན་ཁྱོད་ཡོད་པ་དང་ཁྱོད་མེད་པ་གཉིས་ཀ་མ་ཡིན་པས་མ་ཁྱབ་ཀྱང༌། བདག་མེད་ཡིན་ན་ཡོད་པ་དང་མེད་པ་གཉིས་ཀ་མ་ཡིན་པས་ཁྱབ་ཅེས་ཁས་ལེན་དགོས་པ་ཡིན་པའི་ཕྱིར།ཞེས་གསུངས་སོ། །ཡོད་པར་རྟོགས་པའི་ཚད་མ་ཡོད་ན་དངོས་པོར་རྟོགས་པའི་ཚད་མ་ཡོད་པས་མ་ཁྱབ། ཆོས་ཉིད་ཆོས་ཅན་ཞེ་ན། འོ་ན་ཆོས་ཉིད་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་ཡོད་ལ་དངོས་པོར་རྟོགས་པའི་ཚད་མ་ཡོད་པས་མ་ཁྱབ་པའི་སྐྱོན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཉིད་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་ཡོད་ལ་དངོས་པོར་རྟོགས་པའི་ཚད་མ་ཡོད་པས་མ་ཁྱབ་པའི་མུ་མ་ཡིན་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་ཡོད་ལ་དངོས་པོར་རྟོགས་པའི་ཚད་མ་ཡོད་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། ཆོས་ཉིད་ཡོད་པར་རྟོགས་པའི་ཚད་མ་ཡོད་ལ་དངོས་པོར་རྟོགས་པའི་ཚད་མ་ཡོད་པ་དེ་ཡིན་པ་ཐལ། ཆོས་ཉིད་ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཆོས་ཉིད་ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཐལ། ཆོས་ཉིད་ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཀའི་གཞི་མཐུན་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཡོད་པ་དང་དངོས་པོ་ཆོས་ཅན། ཆོས་ཉིད་ཡོད་པར་རྟོགས་པའི་ཚད་མ་ཁྱོད་གཉིས་ཀྱི་གཞི་མཐུན་ཡིན་པར་ཐལ། ཁྱོད་གཉིས་ལྡོག་པ་ཐ་དད་དུ་གྲུབ་པ་གང་ཞིག ཆོས་ཉིད་ཡོད་པར་རྟོགས་པའི་ཚད་མ་ཁྱོད་གཉིས་རེ་རེ་ནས་ཡིན་པའི་ཕྱིར། རྟགས་རེ་རེ་ནས་སླ། འདོད་ན། ཆོས་ཉིད་ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཡོད་པར་རྟོགས་པའི་ཚད་མ་ཡོད་ན་དངོས་པོར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་ཡོད་ན་དངོས་པོར་རྟོགས་པའི་ཚད་མ་ཡོད་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཡོད་པར་རྟོགས་པའི་ཚད་མ་ཡོད་ན། དངོས་པོར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་ཟེར་ན། ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཅན། ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། དངོས་མེད་དུ་རྟོགས་པའི་ཚད་མ་ཡོད་ན། རྟག་པར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་ཟེར་ན། རི་བོང་རྭ་ཆོས་ཅན། ཞེས་གསུངས་པའི་སྐབས་ཀྱི་དོགས་པ་འགོད་ན། རི་བོང་རྭ་ཆོས་ཅན། དངོས་མེད་དུ་རྟོགས་པའི་ཚད་མ་ཡོད་ལ། རྟག་པར་རྟོགས་པའི་ཚད་མ་ཡོད་པས་མ་ཁྱབ་པའི་མུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་མེད་པར་ཐལ། དངོས་མེད་དུ་རྟོགས་པའི་ཚད་མ་ཡོད་ལ་རྟག་པར་རྟོགས་པའི་ཚད་མ་ཡོད་པས་མ་ཁྱབ་པའི་མུ་ཡིན་པའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་ཡོད་པར་ཐལ།རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། རྟག་པ་ཡིན་པ་ཐལ། མི་འཇིག་པ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་སྟེ། རྣམ་འགྲེལ་ལས། གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །ཅེས་གསུང་པའི་ཕྱིར་ཟེར་ན། མ་ཁྱབ། མི་འཇིག་པའི་ཆོས་ལ་དགོངས་ཟེར་ན། འོ་ན། རི་བོང་རྭ་ཆོས་ཅན། རྟག་པ་ཡིན་པར་ཐལ། མི་འཇིག་པའི་ཆོས་ཡིན་པའི་ཕྱིར། རྟགས་མ་གྲུབ། ཆོས་མ་རེད་ཟེར་ན། རི་བོང་རྭ་ཆོས་ཅན། ཆོས་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། ཁྱོད་ཡོད་པ་ཡིན་པར་ཐལ། ཁྱོད་ལ་ཐུག་རྒྱུ་ཡོད་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། ཁྱོད་ལ་ཐུག་རྒྱུ་ཡོད་པར་ཐལ། ཁྱོད་ལ་ཐུག་ནས་གསད་པ་ཡོད་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ལ་ཐུག་ནས་གསད་པ་ཡོད་པར་ཐལ། རི་བོང་གཡག་རྭ་ལ་ཐུག་ནས་གསོད་པ་ཡོད་པའི་ཕྱིར། དེར་ཐལ། རི་བོང་རྭས་གསོད་པ་ཡོད་པའི་ཕྱིར་ཟེར་ན་དཔྱད་དོ། །སངས་རྒྱས་ཀྱི་གསུང་ཆོས་ཅན། མེད་པར་རྟོགས་པའི་ཚད་མ་མེད་པར་ཐལ། ཡོད་པ་ཡིན་པའི་ཕྱིར། འདོད་ན། རྟག་དངོས་གང་རུང་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར། འདོད་ན། དེ་དངོས་པོ་ཡིན་ཞེས་བཤད་ན། དེ་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་གསུང་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་མེད་པར་ཐལ། རྟག་པ་མ་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་གསུང་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་མེད་པ་གང་ཞིག མེད་པར་རྟོགས་པའི་ཚད་མ་མེད་པ་ཡིན་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། ཐལ་འགྱུར་དེ་ལ་འདོད་ལན་མི་ཐེབས་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཐལ་འགྱུར་དེ་ལ་འདོད་ལན་བཏབ་པས། དེ་ལ་འདོད་ལན་བཏབ་པས། སངས་རྒྱས་ཀྱི་གསུང་རྟག་པར་རྟོགས་པའི་ཚད་མ་མེད་པ་གང་ཞིགམེད་པར་རྟོགས་པའི་ཚད་མ་མེད་པ་ཡིན་པ་འདོད་ཟེར་དགོས་པ་གང་ཞིག དེ་ལྟར་འདོད་ལན་མི་ཐེབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། སངས་རྒྱས་ཀྱི་གསུང་རྟག་པར་རྟོགས་པའི་ཚད་མ་མེད་པ་གང་ཞིག མེད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། དེ་ལ་རྟགས་གང་མ་གྲུབ་ཅེས་མི་འདྲི་བར། སངས་རྒྱས་ཀྱི་གསུང་རྟག་པར་རྟོགས་པའི་ཚད་མ་མེད་པ་གང་ཞིག མེད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་པར་ཐལ། སངས་རྒྱས་ཀྱི་གསུང་རྟག་པར་རྟོགས་པའི་ཚད་མ་མེད་པ་དང་མེད་པར་རྟོགས་པའི་ཚད་མ་ཡོད་པ་གཉིས་ཀ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་རྟག་པར་རྟོགས་པའི་ཚད་མ་མེད་པ་དང་མེད་པ་གཉིས་ཀ་ཡིན་པའི་ཕྱིར། དེར་ཐལ། དེ་རྟག་པར་རྟོགས་པའི་ཚད་མ་མེད་པ་དང་མེད་པ་གཉིས་ཀ་ཡིན་ཞེས་པའི་ཁས་བླངས་པའི་ཁས་ལེན་དེ་ཚད་མ་ལ་ཁས་ལེན་སོང་བ་ཡིན་པའི་ཕྱིར། དེར་ཐལ། ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་ཞེས་པའི་ཁས་བླངས་པའི་ཁས་ལེན་དེ་ཚད་མ་ལ་ཁས་ལེན་སོང་བ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་པར་ཐལ། དེ་གཉིས་རིགས་པ་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་ཞེས་པའི་ཁས་བླངས་པའི་ཁས་ལེན་དེ་ཚད་མ་ལ་ཁས་ལེན་སོང་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། རྟག་པ་ཡིན་ན་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་མ་ཡིན་པས་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རྟག་པ་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཟེར་ན། འགལ་ཁྱབ་ལ་འཕུད་རིགས་པ་ཡིན་པའི་ཕྱིར། དེར་ཐལ། རྟག་པ་ཡིན་ན་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པས་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །སངས་རྒྱས་ཀྱི་དངོས་སུ་གསུང་བའི་བཀའ་ཆོས་ཅན། སངས་རྒྱས་ཡིན་པར་ཐལ། ཅིའི་ཕྱིར། དེ་ཡིན་པར་ཐལ། སངས་རྒྱས་ཀྱི་གསུང་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་སྟེ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་སངས་རྒྱས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཉ་ཊཱིཀ་ལས། དང་པོ་ལ་ལྔ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་ཞུའོ། །ཚུར་རི་ཡིན་དང་ཕ་རི་གཉིས་ལྟོས་ས་ལྟོས་འཇོག་གི་སྒོ་ནས་བཞག་པ་ཡིན་ཟེར་ན། འོ་ན་ཚུར་རི་ཡིན་ན་ཕ་རི་ཡིན་པས་ཁྱབ་པར་ཐལ། མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར། ཡོད་ན། ཞོག ཕ་རི་ཆོས་ཅན་ཟེར་ན། འོ་ན། དེ་ཆོས་ཅན།ཚུར་རི་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཚུར་རི་ཡིན་པར་ཐལ།ཕ་རི་ལ་གནས་པའི་གང་ཟག་ལ་ལྟོས་ཏེ་ཚུར་རི་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། མདུན་གྱི་དམ་བཅའ་བ་ལ་ལྟོས་ཏེ་ཚུར་རི་ཡིན་ན་ཚུར་རི་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་ཁྱབ་པར་ཐལ། མདུན་གྱི་གཞི་འདིའི་རི་ལྟ་བུ་དེ་ཚུར་རི་ཡིན་པའི་རྒྱུ་མཚན་འཐད་པའི་ཕྱིར། འདོད་ན། མདུན་གྱི་དམ་བཅའ་བ་ལ་ལྟོས་ཏེ་ཚུར་རི་ཡིན་ན་ཚུར་རི་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཕ་རི་ལ་གནས་པའི་གང་ཟག་ལ་ལྟོས་ཏེ་ཚུར་རི་ཡིན་ན་ཚུར་རི་ཡིན་པའི་ཁྱབ་པར་ཐལ། མདུན་གྱི་དམ་བཅའ་བ་ལ་ལྟོས་ཏེ་ཚུར་རི་ཡིན་ན་ཚུར་རི་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། དེ་གཉིས་རིགས་པ་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར། འདོད་ན། ཕ་རི་ཆོས་ཅན། ཚུར་རི་ཡིན་པར་ཐལ། ཕ་རི་ལ་གནས་པའི་གང་ཟག་ལ་ལྟོས་ཏེ་ཚུར་རི་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཕ་རི་ཡིན་ན་ཚུར་རི་ཡིན་པའི་ཁྱབ། ཚུར་རི་ཡིན་ན་ཕ་རི་ཡིན་པས་ཁྱབ་པར་ཐལ་ལོ། །ཟེར་ན་དཔྱད་དོ། །ཡང་མདུན་གྱི་དམ་བཅའ་བ་ལ་ལྟོས་ཏེ་ཐག་ཉེ་བ་ན་ཡོད་པའི་གཟུགས་ཡིན་ན་ཐག་ཉེ་བ་ན་ཡོད་པས་གཟུགས་ཡིན་པས་ཁྱབ་པར་ཐལ། ཐག་ཉེ་བའི་གཟུགས་ཡོད་པའི་ཕྱིར། འདོད་ཟེར་ན། རྒྱ་གར་རྡོ་རྗེ་གདན་གྱི་མི་ལ་ལྟོས་ཏེ་ཐག་ཉེ་བ་ན་ཡོད་པའི་གཟུགས་ཡིན་ན་ཐག་ཉེ་བ་ན་ཡོད་པའི་གཟུགས་ཡིན་པས་ཁྱབ་པར་ཐལ། མདུན་གྱི་དམ་བཅའ་བ་ལ་ལྟོས་ཏེ་ཐག་ཉེ་བ་ན་ཡོད་པའི་གཟུགས་ཡིན་ན་ཐག་ཉེ་བ་ན་ཡོད་པའི་གཟུགས་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། དེ་ཁྱབ་པར་ཐལ། དེ་གཉིས་རིགས་པ་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར། འདོད་ན། རྒྱ་གར་རྡོ་རྗེ་གདན་གྱི་མི་ལ་ལྟོས་ཏེ་ཐག་ཉེ་བ་ན་ཡོད་པའི་གཟུགས་ཡིན་ན་ཐག་ཉེ་བ་ན་ཡོད་པའི་གཟུགས་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན།རྒྱ་གར་རྡོ་རྗེ་གདན་ན་ཡོད་པའི་གཟུགས་དེ་ཆོས་ཅན། ཐག་ཉེ་བ་ན་ཡོད་པའི་གཟུགས་ཡིན་པར་ཐལ། རྒྱ་གར་རྡོ་རྗེ་གདན་གྱི་མི་ལ་ལྟོས་ཏེ་ཐག་ཉེ་བ་ན་ཡོད་པའི་གཟུགས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རྒྱ་གར་རྡོ་རྗེ་གདན་ན་ཡོད་པའི་གཟུགས་དེ་ཆོས་ཅན། ཐག་ཉེ་བ་ན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། རྒྱ་གར་རྡོ་རྗེ་གདན་དེ་ཡང་ཐག་ཉེ་བ་ན་ཡང་ཡོད་པར་ཐལ། རྒྱ་གར་རྡོ་རྗེ་གདན་ན་ཡོད་པའི་གཟུགས་དེ་ཐག་ཉེ་བ་ན་ཡོད་པའི་རྒྱུ་མཚན་འཐད་པའི་ཕྱིར། འདོད་ན། རྒྱ་གར་རྡོ་རྗེ་གདན་ཆོས་ཅན། ཐག་ཉེ་བ་ན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཐག་ཉེ་བ་ན་མེད་པར་ཐལ། ཐག་རིང་བ་ན་ཡོད་པའི་ཕྱིར།མ་གྲུབ་ན། དེ་ཆོས་ཅན། ཐག་རིང་བ་ན་ཡོད་པར་ཐལ། མདུན་གྱི་དམ་བཅའ་བ་ལ་ལྟོས་ཏེ་ཐག་རིང་བ་ན་ཡོད་པའི་ཕྱིར།མ་ཁྱབ་ན། ཐག་རིང་མི་རིང་གི་ཚད་འཇོག་ཏུ་བཅུག་ནས་དཔྱད། གོང་དུ་མདུན་གྱི་དམ་བཅའ་བ་ལ་ལྟོས་ཏེ་ཐག་ཉེ་བ་ན་ཡོད་པའི་གཟུགས་ཡིན་ན་ཐག་ཉེ་བ་ན་ཡོད་པའི་གཟུགས་ཡིན་པས་མ་ཁྱབ་ཟེར་ན། འོ་ན། མདུན་གྱི་གཞི་འདིའི་གཟུགས་དེ་ཐག་ཉེ་བ་ན་ཡོད་པའི་གཟུགས་ཡིན་ཏེ། རྟགས་དགོད་དུ་བཅུག་ནས་དཔྱད་དོ། །རང་དང་ཁྱོད་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་པའི་ཕྱིར། འདོད་ན། མུ་དང་པོ་དེ་ཞོག བུམ་པ་ཆོས་ཅན་ཟེར་ན། འོ་ན། བུམ་པ་ཆོས་ཅན། རང་ཡིན་ལ་ཁྱོད་མ་ཡིན་པ་དེ་ཡིན་པར་ཐལ། འདོད་ན། བུམ་པ་བུམ་པ་ཡིན་ལ་བུམ་པ་མ་ཡིན་པ་དེ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་བུམ་པ་ཡིན་ལ་དངོས་པོ་མ་ཡིན་པ་དེ་ཡིན་པར་ཐལ། འདོད་ན།བུམ་པ་བུམ་པ་ཡིན་ལ་དངོས་པོ་ཡིན་པ་དེ་མ་ཡིན་པར་ཐལ། འདོད་ན། བུམ་པ་རྟག་པ་མ་ཡིན་ལ་དངོས་པོ་ཡིན་པ་དེ་མ་ཡིན་པར་ཐལ། འདོད་ན། བུམ་པ་རྟག་པ་མ་ཡིན་ལ་དངོས་པོ་ཡིན་མཁན་དེར་བཞག་པ་མ་ཡིན་པར་ཐལ། འདོད་ན། བུམ་པ་རྟག་པ་མ་ཡིན་པ་དང་དངོས་པོ་གཉིས་ཀ་མ་ཡིན་པར་ཐལ། འདོད་ན། བུམ་པ་སེར་བོ་མ་ཡིན་པ་དང་དངོས་པོ་གཉིས་ཀ་མ་ཡིན་པར་ཐལ། འདོད་ན། ས་སེར་བོ་མ་ཡིན་པ་དང་དངོས་པོ་གཉིས་ཀ་མ་ཡིན་པར་ཐལ། འདོད་ན། དེ་མི་འཐད་པའི་ཕྱིར་ཏེ། ས་སེར་བོ་མ་ཡིན་པ་དང་དངོས་པོ་གཉིས་ཀ་ཡིན་པའི་ཕྱིར། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ས་སེར་བོ་དེ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། ཡང་གོང་ལྟར་ཁས་ལེན་སོང་ན། སྒྲ་མི་རྟག་པ་དང་རྟག་པ་གཉིས་ཀ་ཡིན་པར་ཐལ། ཁས་ལན་སོང་ཚུལ་འཐད་པའི་ཕྱིར། འདོད་ན། མི་རྟག་པ་དང་རྟག་པ་གཉིས་ཀའི་ཡིན་པ་ཡོད་པར་ཐལ། ཅིའི་ཕྱིར། མི་རྟག་པ་དང་རྟག་པ་གཉིས་ཀ་ཆོས་ཅན། ཁྱོད་ཀྱི་ཡིན་པ་ཡོད་པར་ཐལ། གཞི་དེ་བདག་མེད་ཡིན་ན་གཞི་དེ་ཁྱོད་མ་ཡིན་པས་མ་ཁྱབ་པའི་ཕྱིར། རྟགས་མ་གྲུབ་ན། གཞི་དེ་བདག་མེད་ཡིན་ན་གཞི་དེ་ཁྱོད་མ་ཡིན་པས་མ་ཁྱབ་པར་ཐལ། སྒྲ་བདག་མེད་ཡིན་ན་སྒྲ་ཁྱོད་མ་ཡིན་པས་མ་ཁྱབ་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། འོ་ན། མི་རྟག་པ་དང་རྟག་པ་གཉིས་ཀ་ཆོས་ཅན། སྒྲ་ཁྱོད་མ་ཡིན་པར་ཐལ། སྒྲ་བདག་མེད་ཡིན་པའི་ཕྱིར། ཁྱབ་པ་ཁས། ཡང་མ་ཁྱབ་ཟེར་ན། འོ་ན། དེ་ཆོས་ཅན། སྒྲ་བདག་མེད་ཡིན་ན། སྒྲ་ཁྱོད་མ་ཡིན་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་རྟག་པ་དང་རྟག་པ་གཉིས་ཀ་ཆོས་ཅན།སྒྲ་ཁྱོད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་རྟག་པ་དང་རྟག་པ་གཉིས་ཀ་ཆོས་ཅན། སྒྲ་ཁྱོད་མ་ཡིན་པར་ཐལ། ཁྱོད་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། ཀ་བུམ་གཉིས་དང་རྟག་དངོས་སོགས་ཆོས་ཅན། སྒྲ་ཁྱོད་མ་ཡིན་ཏེ། ཟེར་ནས་རྟགས་དགོད་དུ་བཅུག་ནས་དཔྱད། མ་ཁྱབ་མཚམས་ནས་རྟགས་མ་གྲུབ་ཟེར་ན། མི་རྟག་པ་དང་རྟག་པ་གཉིས་ཀ་ཆོས་ཅན། ཁྱོད་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པར་ཐལ། ཁྱོད་ཐ་དད་ཅིང་གཞི་མཐུན་མི་སྲིད་པ་དེ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་འགལ་བ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་སྟེ། དེ་གཉིས་མཚན་མཚོན་ཡང་དག་ཡིན་པའི་ཕྱིར། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། འགལ་བའི་མཚན་ཉིད་ཡོད་དེ། ཐ་དད་ཅིང་གཞི་མཐུན་མི་སྲིད་པ་དེ་ཡིན་པའི་ཕྱིར། ཞེས་དང༌། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། ཐ་དད་ཅིང་གཞི་མཐུན་མི་སྲིད་པ། འགལ་བའི་མཚན་ཉིད། ཅེས་དང༌། གཏན་ཚིགས་རིག་པའི་དོན་བསྡུས་ལས། འགལ་བ་དང་འབྲེལ་བ་ལ་མཚན་ཉིད་རིམ་པ་ལྟར། མི་མཐུན་པར་གནས་པ་དང༌། ཕན་ཚུན་ཐ་དད་ཅིང་དེ་བཀག་ནས་དེ་ཁེགས་པའོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །རྟག་པར་རྟོགས་པའི་ཚད་མ་ཁྱོད་དུ་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོར་རྟོགས་པའི་ཚད་མ་ཁྱོད་དུ་རྟོགས་པའི་ཚད་མ་ཡོད་པ་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་པའི་ཕྱིར། འདོད་ན། ཞོག དང་པོ་ཡིན་པའི་མུ། རྟག་པར་རྟོགས་པའི་ཚད་མ་དང་གཅིག་ཆོས་ཅན། གཉིས་པ་ཡིན་པའི་མུ། དངོས་པོ་མ་ཡིན་པ་ཆོས་ཅན། གསུམ་པ་ཡིན་པའི་མུ། རྟག་པ་ཆོས་ཅན། བཞི་བ་ཡིན་པའི་མུ། བདག་མེད་ཆོས་ཅན་ཟེར་ན། དེ་ལྟར་མི་འཐད་པར་ཐལ། དངོས་པོར་རྟོགས་པའི་ཚད་མ་ཁྱོད་དུ་རྟོགས་པའི་ཚད་མ་ཡོད་པ་ཞིག་མེད་པའི་ཕྱིར། དེར་ཐལ། དངོས་པོར་རྟོགས་པའི་ཚད་མ་ཁྱོད་དུ་རྟོགས་པའི་ཚད་མ་མེད་པའི་ཕྱིར། མ་གྲུབ་ན། དངོས་པོར་རྟོགས་པའི་ཚད་མ་ཁྱོད་དུ་རྟོགས་པའི་ཚད་མ་ཡོད་པར་ཐལ། མ་གྲུབ་ཀྱི་ལན་འཐེབ་པའི་ཕྱིར། འདོད་ན། དངོས་པོར་རྟོགས་པའི་ཚད་མ་ཁྱོད་ཡིན་པར་ཐལ། དངོས་པོར་རྟོགས་པའི་ཚད་མ་ཁྱོད་དུ་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། རྟགས་ཁས། མ་ཁྱབ་ཟེར་ན། ཁྱོད་ཆོས་ཅན། དངོས་པོར་རྟོགས་པའི་ཚད་མ་ཁྱོད་དུ་རྟོགས་པའི་ཚད་མ་ཡོད་ན། དངོས་པོར་རྟོགས་པའི་ཚད་མ་ཁྱོད་ཡིན་པས་ཁྱབ་པར་ཐལ། བདག་མེད་ཡིན་པའི་ཕྱིར་རམ་མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར། འདོད་ན། དངོས་པོར་རྟོགས་པའི་ཚད་མ་ཁྱོད་ཡིན་པར་ཐལ། དངོས་པོར་རྟོགས་པའི་ཚད་མ་ཁྱོད་དུ་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དངོས་པོར་རྟོགས་པའི་ཚད་མ་ཁྱོད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཡིན་ཏེ་རྟགས་ཁོད་ཅེས་བྱ། གོང་དུ་དངོས་པོར་རྟོགས་པའི་ཚད་མ་ཁྱོད་དུ་རྟོགས་པའི་ཚད་མ་མེད་ན། དངོས་པོར་རྟོགས་པའི་ཚད་མ་ཁྱོད་དུ་རྟོགས་པའི་ཚད་མ་ཡོད་པ་ཞིག་མེད་པས་མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། དངོས་པོར་རྟོགས་པའི་ཚད་མ་ཁྱོད་དུ་རྟོགས་པའི་ཚད་མ་མེད་ལ་དངོས་པོར་རྟོགས་པའི་ཚད་མ་ཁྱོད་དུ་རྟོགས་པའི་ཚད་མ་ཡོད་པ་ཞིག་འཇོག་རྒྱུ་མེད་པའི་ཕྱིར་ཟེར་ནས་དཔྱད་དོ།། སྡུག་བདེན་སྐད་ཅིག་མ་ཡིན་ཞེས་བཤད་པ་ན། དེ་ལ་ཚིག་འཁྲི་འགོད་ན། སྡུག་བདེན་ཆོས་ཅན། སྐད་ཅིག་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྐད་ཅིག་མ་ཡིན་པ་མ་ཡིན་པར་ཐལ། སྐད་ཅིག་ཡིན་པའི་ཕྱིར། མ་ཁྱབ་ན། མ་ཡིན་པ་ཆོས་ཅན།སྐད་ཅིག་ཁྱོད་ཡིན་ན་སྐད་ཅིག་ཡིན་པ་མ་ཡིན་མི་དགོས་པར་ཐལ། འདོད་ན། མ་ཡིན་པ་ཆོས་ཅན། སྐད་ཅིག་ཁྱོད་ཡིན་ན། སྐད་ཅིག་ཡིན་པ་མ་ཡིན་དགོས་པར་ཐལ། ཁྱོད་དང་ཡིན་པ་གཉིས་དངོས་འགལ་ཡིན་པའི་ཕྱིར། ཁྱབ་སྟེ། ཁྱོད་ཆོས་དེ་དང་དངོས་འགལ་ཡིན་ན། སྐད་ཅིག་ཁྱོད་ཡིན་ན། སྐད་ཅིག་ཆོས་དེ་ཡིན་པ་མ་ཡིན་དགོས་པའི་ཕྱིར། དེར་ཐལ། ཁྱོད་མི་རྟག་པ་དང་དངོས་འགལ་ཡིན་ན། སྐད་ཅིག་ཁྱོད་ཡིན་ན། སྐད་ཅིག་མི་རྟག་པ་ཡིན་པ་མ་ཡིན་དགོས་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། ཡང་ན། སྐད་ཅིག་ཡིན་ན། སྐད་ཅིག་མ་ཡིན་པ་མ་ཡིན་མི་དགོས་པར་ཐལ། འདོད་ན། དེ་དགོས་པར་ཐལ། སྐད་ཅིག་ཡིན་པ་དང༌། སྐད་ཅིག་མ་ཡིན་པ་མ་ཡིན་པ་གཉིས་དོན་གཅིག་ཡིན་པའི་ཕྱིར། དེར་ཐལ། ཆོས་དེ་ཡིན་པ་དང་ཆོས་དེ་མ་ཡིན་པ་མ་ཡིན་པ་གཉིས་དོན་གཅིག་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། ཡང་གཞི་གྲུབ་ན་སྐད་ཅིག་ཡིན་པས་ཁྱབ་པར་ཐལ། ཅིའི་ཕྱིར་ཟེར་ན། ཞོག རྟག་པ་ཆོས་ཅན་ཟེར་ན། འོ་ན་རྟག་པ་ཆོས་ཅན། སྐད་ཅིག་མ་ཡིན་པར་ཐལ། ཅིའྀ་ཕྱིར། དེ་ཆོས་ཅན། སྐད་ཅིག་མ་ཡིན་པར་ཐལ། གཞི་གྲུབ་པ་ཡིན་ལ་སྐད་ཅིག་མ་ཡིན་པ་དེ་བཞག་པ་ཡིན་པའི་ཕྱིར་ཟེར་ནས་དཔྱད་དོ། །ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཡོད་པའི་མཚན་ཉིད་ཡོད་དེ།ཚད་མས་དམིགས་པ་དེ་ཡིན་པའི་ཕྱིར་ཏེ། ཞེས་པ་ལ་ཚད་མས་དམིགས་པ་དེ་ཡོད་པའི་མཚན་ཉིད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཚད་མས་དམིགས་པ་ཡིན་ན་ཡོད་པ་ཡིན་པས་ཁྱབ་པ་དང༌། ཡོད་པ་ཡིན་ན་ཚད་མས་དམིགས་པ་ཡིན་པས་ཁྱབ་པ་ཡོད་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། གང་ཟག་གི་བདག་ཆོས་ཅན། ཡོད་པར་ཐལ། ཚད་མས་དམིགས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན།ཚད་མས་དམིགས་པ་ཡིན་པར་ཐལ། ཚད་མ་གང་རུང་གིས་དམིགས་པ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ཚད་མ་གང་ཡང་རུང་བས་དམིགས་པ་ཡིན་ན་ཚད་མས་དམིགས་པ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མས་དམིགས་པ་ཡིན་པ་ལ་ཚད་མ་མཐའ་དག་གིས་དམིགས་པ་ཡིན་མི་དགོས་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ།ཚད་མས་དམིགས་པ་ཡིན་པའི་ཚད་ཡོད་པའི་ཕྱིར། ཞེས་སོགས་ཀྱིས་དཔྱད། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ཟེར་ན། དེ་ཆོས་ཅན། ཚད་མ་གང་རུང་གིས་དམིགས་པ་ཡིན་པར་ཐལ། བདག་མེད་དུ་རྟོགས་པའི་ཚད་མས་དམིགས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་བདག་མེད་དུ་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཡོད་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ།ཚད་མས་དམིགས་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མས་དམིགས་པ་ཡིན་པ་ལ་བློ་ཚད་མས་མེད་པ་དང་མེད་པར་འཛིན་པའི་སྒྲོ་འདོགས་བཅད་ནས་ཡོད་པར་དམིགས་པ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྤྱི་དོན་རིན་ཆེན་སྒྲོན་མེ་ལས། བློ་ཚད་མས་དེ་དག་མེད་པ་དང་མེད་པར་འཛིན་པའི་སྒྲོ་འདོགས་བཅད་ནས་ཡོད་པར་དམིགས་པ་ཡིན་པའི་ཆ་ནས་ཡོད་པ་ཡིན་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང་ཡོད་པ་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། ཞེས་པ་ལ། ཡོད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། ཡོད་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཡོད་པར་རྟོགས་པའི་ཚད་མའི་དམིགས་ཡུལ་ཡོད་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། འོ་ན། ཡོད་པ་ཡིན་ན་ཡོད་པར་རྟོགས་པའི་ཚད་མའི་དམིགས་ཡུལ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། རྟག་དངོས་གང་རུང་ཡིན་ན་རྟག་དངོས་གང་རུང་དུ་རྟོགས་པའི་ཚད་མའི་དམིགས་ཡུལ་ཡིན་པས་ཁྱབ་པར་ཐལ། སྔ་མའི་བློ་རྩེ་འཐད་པའི་ཕྱིར། འདོད་ན། འོ་ན་བུམ་པ་དེ་རྟག་དངོས་གང་རུང་དུ་རྟོགས་པའི་ཚད་མའི་དམིགས་ཡུལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། རྟག་དངོས་གང་རུང་དུ་རྟོགས་པའི་ཚད་མའི་དམིགས་ཡུལ་མ་ཡིན་པར་ཐལ། རྟག་པར་རྟོགས་པའི་ཚད་མའི་དམིགས་ཡུལ་མ་ཡིན་པ་གང་ཞིག དངོས་པོར་རྟོགས་པའི་ཚད་མའི་དམིགས་ཡུལ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག ཕྱི་མ་ཡང་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ཟེར་ན། དང་པོ་གྲུབ་སྟེ། བུམ་པ་རྟག་པར་རྟོགས་པའི་ཚད་མའི་དམིགས་ཡུལ་མ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་རྟག་པར་རྟོགས་པའི་ཚད་མའི་དམིགས་ཡུལ་མ་ཡིན་པར་ཐལ། ཁྱོད་རྟག་པར་རྟོགས་པའི་ཚད་མ་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་རྟག་པ་མ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་སྟེ། ཁྱོད་རྟག་པ་མ་ཡིན་ན་ཁྱོད་རྟག་པར་རྟོགས་པའི་ཚད་མ་མེད་པས་ཁྱབ་པའི་ཕྱིར།མ་གྲུབ་ན། དེར་ཐལ། རྟག་པ་མ་ཡིན་ན་རྟག་པར་རྟོགས་པའི་ཚད་མ་མེད་པའི་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རི་བོང་རྭ་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་མེད་པར་ཐལ། རྟག་པ་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། ཁྱོད་མི་རྟག་པ་ཡིན་པའི་ཕྱིར། དེར་ཐལ། བུམ་པ་དང་གཅིག་ཡིན་པའི་ཕྱིར་རོ། །རྟགས་ཕྱི་མ་མ་གྲུབ་ཟེར་ན། དེ་ཡང་གྲུབ་སྟེ།བུམ་པ་དངོས་པོར་རྟོགས་པའི་ཚད་མའི་དམིགས་ཡུལ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེར་ཐལ། དངོས་པོར་རྟོགས་པའི་ཚད་མའི་དམིགས་ཡུལ་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། དངོས་པོར་རྟོགས་པའི་ཚད་མ་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། དངོས་པོ་མ་ཡིན་པའི་ཕྱིར། དེར་ཐལ། དངོས་མེད་ཡིན་པའི་ཕྱིར།དེར་ཐལ། དངོས་དངོས་མེད་གཉིས་ལས་དངོས་མེད་དུ་ཁས་ལེན་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། དངོས་དང་དངོས་མེད་གཉིས་ཀྱི་ནང་ནས་དངོས་མེད་དང་ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། མེད་པར་རྟོགས་པའི་ཚད་མ་ཡོད་པ་དང་མེད་པ་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། ཞེས་པ་ལ་ཀུན་རྫོབ་ཀྱི་ཆོས་རྣམས་ཆོས་ཅན། མེད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། མེད་པ་ཡིན་པའི་ཕྱིར། ཁྱབ་པ་ཁས།མ་གྲུབ་ན། དེར་ཐལ། ཤེར་མདོ་ལས། གཟུགས་མེད་སྒྲ་མེད་དྲི་མེད་རོ་མེད་རེག་བྱ་མེད་ཆོས་མེད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། ལུང་དེའི་དགོངས་པ་ནི་བདེན་དངོས་སུ་མ་གྲུབ་པའམ་དོན་དམ་དཔྱོད་པའི་ཚད་མའི་ངོར་མེད་པའི་དོན་དུ་གསུངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ལྟ་བ་ཤན་འབྱེད་ལས། དཔྱད་ན་ཅུང་ཟད་མ་གྲུབ་པའི། །ཀུན་རྫོབ་དག་ནི། ཞེས་དང༌། ལངས་གཤེགས་ལས། ཇི་ལྟར་མེ་ལོང་ངོས་རྣམས་ལ། །གཅིག་དང་གཞན་ཉིད་སྤངས་པའི་གཟུགས། །སྣང་ཡང་དེ་ན་ཡོད་མ་ཡིན། །དེ་བཞིན་དངོས་རྣམས་ངོ་བོ་ཉིད། །ཅེས་དང༌། བློ་གྲོས་རྒྱ་མཚོ་མདོ་ལས། གང་རྣམས་རྟེན་ཅིང་འབྲེལ་བར་འབྱུང༌། །དེ་རྣམས་རང་བཞིན་ཅུང་ཟད་མེད། །ཅེས་གསུངས་པའི་ཕྱིར། །ཟེར་ན་དཔྱད། གཞན་ཡང་ཡོད་པ་ཡིན་ན་དོན་དམ་པར་ཡོད་པ་ཡིན་དགོས་པར་ཐལ། ཀུན་རྫོབ་ཀྱི་ཆོས་རྣམས་ཡོད་པ་མ་ཡིན་པའི་རྒྱུ་མཚན་འཐད་པའི་ཕྱིར། འདོད་ན། འོ་ན་ཤེས་བྱ་ཡིན་ན་དོན་དམ་པར་ཤེས་བྱ་ཡིན་དགོས་པར་ཐལ། སྔ་མའི་བློ་རྩེ་ཡོད་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་སྟེ། ཐ་སྙད་དུ་ཤེས་བྱ་ཡིན་ན་ཤེས་བྱ་ཡིན་མི་དགོས་པའི་ཕྱིར། མ་གྲུབ་ན། འོ་ན་ཐ་སྙད་དུ་ཡོད་པ་ཡིན་ན་ཡོད་པ་ཡིན་དགོས་པར་ཐལ། ཐ་སྙད་དུ་ཤེས་བྱ་ཡིན་ན་ཤེས་བྱ་ཡིན་དགོས་པ་གང་ཞིགརིགས་པ་རྣམས་པ་ཀུན་དུ་མཚུངས་པའི་ཕྱིར་ཞེས་སོགས་ཀྱིས་དཔྱད་དོ། །གོང་དུ་འདོད་ན། ཀུན་རྫོབ་ཀྱི་ཆོས་རྣམས་ཆོས་ཅན། ཤེས་བྱ་མ་ཡིན་པར་ཐལ། དོན་དམ་པར་ཤེས་བྱ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། ཤེས་བྱ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཡབ་སྲས་མཇལ་བའི་མདོ་ལས། ཤེས་པར་བྱ་བ་ཡང་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་པོ་འདིར་ཟད་དོ། །ཞེས་གསུངས་པའི་ཕྱིར་རོ། །རྩ་བར་འདོད་མི་ནུས་ཏེ། ཡོད་པ་ཡིན་པའི་ཕྱིར། མ་གྲུབ་ན། ཀུན་རྫོབ་ཀྱི་ཆོས་རྣམས་ཆོས་ཅན། ཡོད་པ་ཡིན་པར་ཐལ། ཤེས་བྱ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། དེ་ཁྱབ་པར་ཐལ། དེ་ལྟར་ཁྱབ་པ་དེ་ནི་གཏན་ཚིགས་དོན་བསྡུས་ལས། དེ་དང་ཁྱབ་མཉམ་དོན་གཅིག་པ་ནི། ཡུལ་དང་གཞལ་བྱ་བདག་མེད་དང༌། །གཞི་གྲུབ་གཞན་སེལ་ཡོད་པ་སོགས། །ཞེས་གསུང་པའི་ཕྱིར་ཟེར་ན་དཔྱད་དོ། །ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས།རྣམ་མཁྱེན་བློའི་ཡུལ་དུ་བྱ་རུང་དེ་རྣམ་མཁྱེན་ཤེས་བྱ་ཡིན་པའི་མཚན་ཉིད། ཅེས་པ་ལ།རྣམ་མཁྱེན་བློའི་ཡུལ་དུ་བྱ་རུང་དེ་རྣམ་མཁྱེན་ཤེས་བྱ་ཡིན་པའི་མཚན་ཉིད་ཡིན་པར་ཐལ། ལུང་དེའི་ཕྱིར། འདོད་ན། དེ་མ་ཡིན་པར་ཐལ། དེ་གཉིས་རྟོགས་དཀའ་སླ་མེད་པའི་ཕྱིར། དེར་ཐལ། རྣམ་མཁྱེན་བློའི་ཡུལ་དུ་བྱ་རུང་དེ་རྟོགས་ན་རྣམ་མཁྱེན་ཤེས་བྱ་ཡིན་པར་རྟོགས་དགོས་པའི་ཕྱིར། དེར་ཐལ། རྣམ་མཁྱེན་བློའི་ཡུལ་དུ་བྱ་རུང་ཡིན་པར་རྟོགས་ན་རྣམ་མཁྱེན་རྟོགས་དགོས་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ།རྣམ་མཁྱེན་རྟོགས་ན་ཆོས་ཐམས་ཅད་རྟོགས་དགོས་པའི་ཕྱིར། དེར་ཐལ། དེ་རྟོགས་ན་ཆོས་ཐམས་ཅད་ཅིག་ཆར་དུ་རྟོགས་པའི་མཐར་ཐུག་གི་མཁྱེན་པ་རྟོགས་དགོས་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ། ཆོས་ཐམས་ཅད་ཅིག་ཆར་དུ་རྟོགས་པའི་མཐར་ཐུག་གི་མཁྱེན་པ་རྟོགས་པ་ལ་ཆོས་ཐམས་ཅད་རྟོགས་དགོས་པའི་ཕྱིར། དེར་ཐལ། བདག་མེད་གཉིས་ཀ་རྟོགས་པའི་མཐར་ཐུག་གི་མཁྱེན་པ་རྟོགས་པ་ལ་བདག་མེད་གཉིས་ཀ་རྟོགས་དགོས་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་པར་ཐལ། རིགས་པ་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར་ཟེར་ན་དཔྱད་པར་ཞུ། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། ཇི་ལྟ་བ་ཇི་སྙེད་མ་ལུས་པ་ཅིག་ཆར་དུ་རྟོགས་པའི་མཐར་ཐུག་གི་མཁྱེན་པ་དེ་རྣམ་མཁྱེན་གྱི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། རྣམ་མཁྱེན་གྱི་མཚན་ཉིད་ཡོད་པའི་ཕྱིར། སྟོན་པ་གྲུབ་བཟང་གི་དྲིས་ལན་དུ། ཇི་ལྟ་ཇི་སྙེད་ཆོས་ཀྱི་སྣང་བ་དང༌། །བདེ་སྟོང་ཡེ་ཤེས་གཉིས་མེད་སྣང་བ་རྒྱས། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ཆོས་ཀྱི་མཚན་ཉིད་ཡོད་དེ། རང་གི་ངོ་བོ་འཛིན་པ་དེ་ཡིན་པའི་ཕྱིར། ཞེས་པའི་ལུང་གི་དོན་ཡོད་པར་ཐལ། ཡོད་པའི་ཕྱིར། འདོད་ན། ཆོས་དང་རང་གི་ངོ་བོ་འཛིན་པ་གཉིས་མཚན་མཚོན་ཡིན་པར་ཐལ། རང་གི་ངོ་བོ་འཛིན་པ་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། རང་གི་ངོ་བོ་འཛིན་པ་དང་ཆོས་གཉིས་ལ་མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་འགྲིགས་པར་ཐལ། ཆོས་དང་རང་གི་ངོ་བོ་འཛིན་པ་གཉིས་མཚན་མཚོན་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། མཚན་མཚོན་ཡིན་ན་མཚན་མཚོན་ཁྱབ་པ་སྒོ་བརྒྱད་འགྲིགས་དགོས་པ་ཡིན་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། དེ་དགོས་པར་ཐལ། དེ་ལྟར་དགོས་པ་དེ་ཡང་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། མཚན་ཉིད་དང་མཚོན་བྱ་ཡིན་པ་ལ་མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་འགྲིགས་དགོས་པ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། ཚར། འོ་ན། མཚན་མཚོན་ཡིན་ན་མཚན་མཚོན་ཁྱབ་པ་སྒོ་བརྒྱད་འགྲིགས་དགོས་པར་ཐལ། སྔར་གྱི་ལུང་དོན་འཐད་པའི་ཕྱིར། འདོད་ན། རང་གི་ངོ་བོ་འཛིན་པ་དང་ཆོས་གཉིས་ལ་མཚན་མཚོན་ཁྱབ་པ་སྒོ་བརྒྱད་འགྲིགས་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དེ་གཉིས་ཡོད་ཁྱབ་མཉམ་འགྲིགས་པར་ཐལ། དེ་གཉིས་ལ་མཚན་མཚོན་ཁྱབ་པ་སྒོ་བརྒྱད་འགྲིགས་པའི་ཕྱིར། འདོད་ན། ཆོས་ཡོད་ན་རང་གི་ངོ་བོ་འཛིན་པ་ཡོད་པས་ཁྱབ་པར་ཐལ། དེ་གཉིས་ཡོད་ཁྱབ་མཉམ་ཡིན་པའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན། རང་གི་ངོ་བོ་འཛིན་པ་ཡོད་པར་ཐལ། ཆོས་ཡོད་པའི་ཕྱིར། ཁྱབ་པ་ཁས། རྟགས་སླ། འདོད་མི་རིགས་ཏེ། དེ་ལ་འདོད་ལན་རྩི་བའི་ཚེ་རི་བོང་རྭའི་ངོ་བོ་འཛིན་པ་ཡོད་པར་འདོད་ཅེས་རྩི་དགོས་པའི་ཕྱིར། མ་གྲུབ་ན། དེ་དགོས་པར་ཐལ། དེ་ལ་འདོད་ལན་བཏབ་པའི་ཚེ་རང་སྒྲས་དབང་གིས་རྩོད་གཞི་ཆད་ནས་འདོད་ལན་འདེབས་མི་རིགས་པའི་ཕྱིརཟེར་ན་དཔྱད་པར་བྱའོ། །དོན་དམ་བདེན་པ་ཡོད་པ་མ་ཡིན་པར་ཐལ། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་གསུང་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། རྣམ་ཤེས་ཀྱི་སྤྱོད་ཡུལ་མ་ཡིན་པའི་དོན་ནོ།།ཞེས་པ་ལ། དོན་དམ་བདེན་པ་ཆོས་ཅན། རྣམ་ཤེས་ཀྱི་སྤྱོད་ཡུལ་ཡིན་པར་ཐལ། རྣམ་ཤེས་གང་ཡང་རུང་བའི་སྤྱོད་ཡུལ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་པར་ཐལ། རྣམ་ཤེས་ཀྱི་སྤྱོད་ཡུལ་ཡིན་པ་ལ་རྣམ་ཤེས་ཐམས་ཅད་ཀྱི་སྤྱོད་ཡུལ་ཡིན་མི་དགོས་པའི་ཕྱིར། མ་གྲུབ་ན། འོ་ན། ཀུན་རྫོབ་ཀྱི་ཆོས་རྣམས་ཆོས་ཅན། རྣམ་ཤེས་ཀྱི་སྤྱོད་ཡུལ་མ་ཡིན་པར་ཐལ། རྣམ་ཤེས་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བུམ་འཛིན་རྣམ་ཤེས་དང་མིག་གི་རྣམ་ཤེས་སོགས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །གོང་དུ་འདོད་ན། ཀུན་རྫོབ་ཀྱི་ཆོས་རྣམས་ཆོས་ཅན། རྣམ་ཤེས་ཀྱི་སྤྱོད་ཡུལ་ཡིན་པར་ཐལ། ཀུན་རྫོབ་བདེན་པ་ཡིན་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་སྟོན་པ་བཞི་ལྡན་གྱིས་མཛད་པའི་བདེན་གཉིས་གསལ་བའི་ཉི་མ་ལས། རྣམ་ཤེས་ཀྱི་ཡུལ་གང་ཞིག གཤིས་ལ་རང་གི་ངོ་བོ་བདེན་པས་སྟོང་བ་ནི། ཀུན་རྫོབ་བདེན་པའི་མཚན་ཉིད་དང༌། ཞེས་དང༌། ཀུན་མཁྱེན་ཏཱ་ར་ནཱ་ཐའི་སྔོན་མེད་ལེགས་བཤད་ལས།རྣམ་ཤེས་འཁོར་བཅས་ཀྱི་སྤྱོད་ཡུལ་ནི། ཀུན་རྫོབ་ཀྱི་མཚན་ཉིད་ཡིན་ལ། ཞེས་དང༌། ཉ་ཊཱིཀ་ལས། དོན་དམ་པར་མེད་ཅིང་མ་དཔྱད་པའི་བློ་ངོ་ན་སྣང་བའོ། །ཞེས་དང༌། དབུ་མའི་མན་ངག་ཁྱད་འཕགས་ལས། རང་གི་ངོ་བོ་བདེན་སྟོང་རྣམ་ཤེས་ཀྱི། །ཡུལ་ནི་ཀུན་རྫོབ་ཙམ་གྱི་མཚན་ཉིད། ཞེས་གསུངས་པའི་ཕྱིར་རོ། །གོང་གི་མ་ཁྱབ་འཚམས་ཀྱི་རྟགས་མ་གྲུབ་ཟེར་ན། དོན་དམ་བདེན་པ་ཆོས་ཅན། རྣམ་ཤེས་གང་ཡང་རུང་བའི་སྤྱོད་ཡུལ་ཡིན་པར་ཐལ། ཐེག་ཆེན་མཐོང་ལམ་གྱི་ངོ་བོར་གྱུར་བའི་རྣམ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར། དེར་ཐལ། ཐེག་ཆེན་མཐོང་ལམ་གྱི་ངོ་བོར་གྱུར་བའི་རྣམ་ཤེས་ཡོད་པའི་ཕྱིར། དེར་ཐལ། ཐེག་ཆེན་མཐོང་ལམ་གྱི་ངོ་བོར་གྱུར་བའི་དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་པ་ཡོད་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ། དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་པ་དེ་རྣམ་ཤེས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང༌། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་ཞུའོ། །

གསུམ་པ་ཡིན་ལོག་མིན་ལོག་གི་རྣམ་བཞག་ལ་དོགས་པ་འགོད་པ།

གསུམ་པ་ཡིན་ལོག་མིན་ལོག་གི་རྣམ་བཞག་ལ་དོགས་པ་འགོད་པ་ལ།

རང་ལུགས་ལ་གཟུགས་ཤེས་གཉིས་ཀྱི་ཡིན་པ་མེད་པར་ཐལ། གཟུགས་ཡིན་ན་ཤེས་པ་མ་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། གཟུགས་ཤེས་གཉིས་ཀྱི་གཞི་མཐུན་ཡོད་པར་ཐལ། གཟུགས་ཡིན་ན་ཤེས་པ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། གཟུགས་ཡིན་ན་ཤེས་པ་ཡིན་པས་ཁྱབ་པར་ཐལ། གཟུགས་ཡིན་ན་སེམས་ཀྱི་སྣང་བ་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན།ཁྱབ་པ་ཡོད་པར་ཐལ། སེམས་ཀྱི་སྣང་བ་ཡིན་ན་ཤེས་པ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་ཁྱབ་པར་ཐལ། སེམས་ཀྱི་སྣང་བ་ཡིན་ན་སེམས་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། སེམས་ཀྱི་སྣང་བ་ཡིན་ན་སེམས་ཡིན་པས་ཁྱབ་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་དབུ་མ་ཐེག་མཆོག་ལས། ཅི་ཙམ་སྣང་བ་གསལ་བའི་སེམས་ཡིན་ཏེ། །ཞེས་གསུངས་པའི་ཕྱིར། མ་ཁྱབ། སེམས་ཀྱི་བདག་ཉིད་ཡིན་པའི་དོན་ཡིན་ཟེར་ན། འོ་ན་གཟུགས་དེ་སེམས་ཀྱི་བདག་ཉིད་ཡིན་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། གཟུགས་ཆོས་ཅན། སེམས་ཀྱི་རྫས་ལས་གྲུབ་པ་ཡིན་པར་ཐལ། སེམས་ཀྱི་བདག་ཉིད་ཡིན་པའི་རྒྱུ་མཚན་འཐད་པའི་ཕྱིར། འདོད་ན། གཟུགས་ཆོས་ཅན། མི་གསལ་བ་བེམ་པོའི་རྫས་ལས་གྲུབ་པ་མ་ཡིན་པར་ཐལ། སེམས་ཀྱི་རྫས་ལས་གྲུབ་པ་ཡིན་པའི་ཕྱིར། འདོད་ན། གཟུགས་ཆོས་ཅན། ཤེས་པ་ཡིན་པར་ཐལ། རང་ཉིད་མི་གསལ་བ་བེམ་པོའི་རྫས་ལས་གྲུབ་པ་མ་ཡིན་པར་གསལ་བ་ཤེས་པའི་རྫས་ལས་གྲུབ་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཤེས་པའི་ངོར་གྲུབ་ཚུལ་དེ་ལས་གཞན་ཞིག་མེད་པའི་ཕྱིར། གོང་དུ་འདོད་ཟེར་ན། སེམས་ཀྱི་སྣང་བ་ཡིན་ན་སེམས་ཡིན་པས་ཁྱབ་པར་ཐལ། གོང་གི་ལུང་དོན་འཐད་པའི་ཕྱིར། འདོད་ན། གཟུགས་ཆོས་ཅན། སེམས་ཡིན་པར་ཐལ། སེམས་ཀྱི་སྣང་བ་ཡིན་པའི་ཕྱིར། འདོད་ན། གཟུགས་ཆོས་ཅན། ཤེས་པ་ཡིན་པར་ཐལ། སེམས་ཡིན་པའི་ཕྱིར། འདོད་མི་རིགས་ཏེ། སེམས་ཀྱི་མཚན་ཉིད་གསལ་ཞིང་རིག་པ་ལ་སོགས་པ་བེམ་པོར་གྱུར་བའི་ཆོས་རྣམས་ལ་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། དེ་ལྟར་ཡོད་པ་དེ་ཡང་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ཐེག་མཆོག་དབུ་མ་ལས། སེམས་ཀྱི་མཚན་ཉིད་གསལ་ཞིང་རིག་པ་ལ་སོགས་པ་བེམ་པོར་གྱུར་བའི་ཆོས་རྣམས་ལ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །གཞན་ཡང༌། དངོས་པོ་ཡིན་པར་ཐལ། རྣམ་མཁྱེན་ཡིན་ན་ཚད་མ་ཡིན་པས་ཁྱབ་པས་ཕྱིར། མ་ཁྱབ་ན། རྣམ་མཁྱེན་ཡིན་ན་ཚད་མ་ཡིན་པས་ཁྱབ་པར་ཐལ། ཁྱབ་མེད་ཀྱི་ལན་འཐད་པའི་ཕྱིར། འདོད་ན། རྣམ་མཁྱེན་སྐད་ཅིག་གཉིས་པ་ཆོས་ཅན། ཚད་མ་ཡིན་པར་ཐལ། རྣམ་མཁྱེན་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རྣམ་མཁྱེན་སྐད་ཅིག་གཉིས་པ་ཆོས་ཅན། གསར་དུ་མི་བསླུ་བའི་རིག་པ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་པ་ཡོད་དེ། ཚད་མ་རྣམ་འགྲེལ་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །དོན་བྱེད་ནུས་པར་གནས་པ་ན། །མི་བསླུ། ཞེས་དང༌། ཡང་དེ་ཉིད་ལས། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། ཞེས་གསུངས་པའི་ཕྱིར། འདོད་ན། རྣམ་མཁྱེན་སྐད་ཅིག་གཉིས་པ་ཆོས་ཅན། གསར་རྟོགས་ཀྱི་བློ་ཡིན་པར་ཐལ། གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། འདོད་ན། རྣམ་མཁྱེན་སྐད་ཅིག་གཉིས་པ་ཆོས་ཅན། གསར་རྟོགས་ཀྱི་བློ་མ་ཡིན་པར་ཐལ། བཅད་ཤེས་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་དེ། བཅད་ཤེས་ཡིན་པ་ལ་རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྟོགས་ཟིན་པའི་དོན་སླར་རྟོགས་པའི་བློ་ཞིག་དགོས་པའི་ཕྱིར། མ་གྲུབ་ན། དེ་དགོས་པར་ཐལ། རང་གི་ཚད་མ་སྔ་མས་བཟུང་ཟིན་གྱི་དོན་ལ་བསྣན་ནས་འཇུག་པའི་ཤེས་པ་དེ་བཅད་ཤེས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། རང་གི་ཚད་མ་སྔ་མས་བཟུང་ཟིན་གྱི་དོན་ལ་བསྣན་ནས་འཇུག་པའི་ཤེས་པ་ཞེས་པའོ། ། ཞེས་དང༌། བསྡུས་གྲྭའི་སྤྱི་དོན་ལས། རྟོགས་ཟིན་རྟོགས་པའི་རིག་པ་དཔྱད་ཤེས་ཀྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ལ་རྟགས་མ་གྲུབ་ཟེར་ན། རྣམ་མཁྱེན་ཆོས་ཅན། ཁྱོད་སྐད་ཅིག་གཉིས་པ་བཅད་ཤེས་ཡིན་པར་ཐལ། ཁྱོད་མངོན་སུམ་ཚད་མ་ཡིན་པའི་ཕྱིར། ཁྱབ་སྟེ། མངོན་སུམ་ཚད་མ་ཡིན་ན་ཁྱོད་སྐད་ཅིག་གཉིས་པ་བཅད་ཤེས་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་ཁྱབ་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང་སློབ་དཔོན་ཆོས་མཆོག་གི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་འཐད་ལྡན་ཆེ་བ་ལས། མངོན་སུམ་དང་རྗེས་སུ་དཔག་པ་དག་གི་སྐད་ཅིག་མ་དང་པོ་ནི་ཚད་མ་ཡིན་ལ། དེའི་རྒྱུན་དུ་གྱུར་བ་གྲུབ་པ་དང་བདེ་བ་ཐ་མི་དད་པ་ཕྱི་མ་རྣམས་ཚད་མ་ཡིན་པ་སྤངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྣམ་མཁྱེན་ཆོས་ཅན། ཁྱོད་སྐད་ཅིག་གཉིས་པ་བཅད་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྣམ་མཁྱེན་ཆོས་ཅན། ཁྱོད་སྐད་ཅིག་གཉིས་པ་བཅད་ཤེས་མ་ཡིན་པར་ཐལ། ཁྱོད་སྐད་ཅིག་གཉིས་པ་སྔར་ལས་རྟོགས་ཚུལ་གཞན་ཡོད་པའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྟོག་གེའི་སྐད་ལས། འདིའི་སྤྱོད་ཡུལ་སྔར་མེད་པ་ཡིན་པས་སྔར་མ་གཏོགས་པའི་སྤྱོད་ཡུལ་ཅན་ནོ། །ཞེས་དང༌། ཡང་རྣམ་མཁྱེན་སྐད་ཅིག་གཉིས་པ་ཆོས་ཅན། ཚད་མ་ཡིན་པར་ཐལ། རྣམ་མཁྱེན་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་དེ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རྣམ་མཁྱེན་ཆོས་ཅན། ཚད་མ་ཡིན་པར་ཐལ། རྣམ་མཁྱེན་ཡིན་པའི་ཕྱིར། ཞེས་དང༌། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རྣམ་མཁྱེན་ལ་གསར་རྟོགས་ཀྱི་ཚད་མ་མ་ཡིན་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ན་དཔྱད་དོ། ། གཞན་ཡང༌། རྣམ་མཁྱེན་ཡིན་ན་ཚད་མ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། རྣམ་མཁྱེན་ཆོས་ཅན། ཚད་མ་ཡིན་པར་ཐལ། འདོད་ན། རྣམ་མཁྱེན་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། བཅད་ཤེས་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། བཅད་ཤེས་ཡིན་པར་ཐལ། རྟོགས་ཟིན་རྟོགས་པའི་རིག་པ་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། རྟོགས་ཟིན་རྟོགས་པའི་རིག་པ་ཡིན་པར་ཐལ། རྟོགས་ཟིན་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། བུམ་པ་རྟོགས་པའི་ཚད་མ་མ་ཡིན་པར་ཐལ། འདོད་ན། རྣམ་མཁྱེན་ཆོས་ཅན། ཆོས་ཐམས་ཅད་རྟོགས་པའི་ཚད་མ་མ་ཡིན་པར་ཐལ། འདོད་ན། རྣམ་མཁྱེན་ཆོས་ཅན། ཆོས་ཐམས་ཅད་ཅིག་ཆར་དུ་མངོན་སུམ་གྱིས་རྟོགས་པའི་མཐར་ཐུག་གི་མཁྱེན་པ་མ་ཡིན་པར་ཐལ། འདོད་ན། རྣམ་མཁྱེན་ཆོས་ཅན། ཆོས་ཐམས་ཅད་ཅིག་ཆར་དུ་མངོན་སུམ་གྱིས་རྟོགས་པའི་མཐར་ཐུག་གི་མཁྱེན་པ་ཡིན་པར་ཐལ། རྣམ་ མཁྱེན་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཆོས་ཐམས་ཅད་ཅིག་ཆར་དུ་མངོན་སུམ་གྱིས་རྟོགས་པའི་མཐར་ཐུག་གི་མཁྱེན་པ་དེ་རྣམ་མཁྱེན་གྱི་མཚན་ཉིད་ཡིན་པའི་ཕྱིར། ཞེས་དང༌། ཉ་ཊཱིཀ་ལས། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་མཐར་ཐུག་གམ་ཆོས་ཐམས་ཅད་བདེན་པའི་སྐྱེ་མེད་དུ་རྟོགས་ཤིང་དོན་གཉིས་མཐར་ཐུག་པ་སྟེ། ཞེས་གསུངས་པའི་ཕྱིར། འདོད་ན། རྣམ་མཁྱེན་ཆོས་ཅན། ཆོས་ཐམས་ཅད་ཅིག་ཆར་དུ་མངོན་སུམ་གྱིས་རྟོགས་པའི་མཐར་ཐུག་གི་མཁྱེན་པ་ཡིན་པར་ཐལ། འདོད་ན། རྣམ་མཁྱེན་ཆོས་ཅན། ཆོས་ཐམས་ཅད་རྟོགས་པའི་ཚད་མ་ཡིན་པར་ཐལ། འདོད་ན། རྣམ་མཁྱེན་ཆོས་ཅན། བུམ་པ་རྟོགས་པའི་ཚད་མ་ཡིན་པར་ཐལ། ཆོས་ཐམས་ཅད་རྟོགས་པའི་ཚད་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། རྣམ་མཁྱེན་ཆོས་ཅན། རྟོགས་ཟིན་རྟོགས་པའི་ཚད་མ་ཡིན་པར་ཐལ། འདོད་ན། རྣམ་མཁྱེན་ཆོས་ཅན། རྟོགས་ཟིན་རྟོགས་པའི་རིག་པ་ཡིན་པར་ཐལ། རྟོགས་ཟིན་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། རྣམ་མཁྱེན་ཆོས་ཅན། རྟོགས་ཟིན་རྟོགས་པའི་རིག་པ་མ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ལ་ཁྱབ་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། ཚད་མ་ཡིན་ན་གསར་རྟོགས་དང་སྒྲོ་འདོགས་དངོས་སུ་གཅོད་པའི་རིག་པ་ཡིན་གྱི་རྟོགས་ཟིན་རྟོགས་པའི་རིག་པ་མ་ཡིན་པས་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། ཚད་མ་ཡིན་ན་རྟོགས་ཟིན་རྟོགས་པའི་རིག་པ་མ་ཡིན་པས་ཁྱབ་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། རྣམ་མཁྱེན་ཆོས་ཅན། རྟོགས་ཟིན་རྟོགས་པའི་རིག་པ་མ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རྣམ་མཁྱེན་ཆོས་ཅན། རྟོགས་ཟིན་རྟོགས་པའི་རིག་པ་ཡིན་པར་ཐལ། བཅད་ཤེས་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རྟོགས་ཟིན་རྟོགས་པའི་རིག་པ་དཔྱད་ཤེས་ཀྱི་མཚན་ཉིད། ཅེས་དང༌། བློ་རིག་གསེར་གྱི་ཉི་མ་ལས། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མའི་རྟོགས་ཟིན་པའི་དོན་སླར་རྟོགས་པའི་བློ་དེ་བཅད་ཤེས་ཀྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར་རོ། །དེ་ཆོས་ཅན། ཁྱོད་ཀྱི་འབྲས་བུ་མེད་པར་ཐལ། དངོས་མེད་ཡིན་པའི་ཕྱིར། ཞེས་པའི་ལུང་གི་དོན་ཡོད་པར་ཐལ། ཡོད་པའི་ཕྱིར། འདོད་ན། དངོས་མེད་ཡིན་ན་ཁྱོད་ཀྱི་འབྲས་བུ་མེད་པས་ཁྱབ་པར་ཐལ། ལུང་གི་དོན་འཐད་པའི་ཕྱིར། འདོད་ན། ནམ་མཁའ་ཆོས་ཅན། ཁྱོད་ཀྱི་འབྲས་བུ་མེད་པར་ཐལ། ཁྱོད་དངོས་མེད་ཡིན་པའི་ཕྱིར། འདོད་ན། ནམ་མཁའ་ཆོས་ཅན། ཁྱོད་ཀྱི་འབྲས་བུ་ཡོད་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཁྱོད་ཀྱི་འབྲས་བུ་ཡོད་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ན། དེ་ཆོས་ཅན། ཁྱོད་དངོས་པོ་ཡིན་པར་ཐལ། ཁྱོད་མི་རྟག་པ་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། དེ་གཉིས་དོན་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། དངོས་པོ་དང་མི་རྟག་པ་དང་བྱས་པ་རྣམས་དོན་གཅིག ཞེས་དང༌། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། དངོས་པོ། འདུས་བྱས། མི་རྟག་པ། ཕུང་པོ། རང་མཚན། འདུ་བྱེད། གཞན་དབང་རྣམས་མདོ་སྡེ་པ་ཡན་ཆད་ཀྱི་ལུགས་ལ་དོན་གཅིག ཅེས་གསུངས་པའི་ཕྱིར། འདོད་ན། དངོས་པོ་དང་མི་རྟག་པ་གཉིས་དོན་གཅིག་ཡིན་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། མི་རྟག་པ་ཡིན་ན་དངོས་པོ་ཡིན་པས་ཁྱབ་པར་ཐལ། དངོས་པོ་དང་མི་རྟག་པ་གཉིས་དོན་གཅིག་ཡིན་པའི་ཕྱིར། འདོད་ན། ནམ་མཁའ་ཆོས་ཅན། ཁྱོད་དངོས་པོ་ཡིན་པར་ཐལ། ཁྱོད་མི་རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། ནམ་མཁའ་ཆོས་ཅན། ཁྱོད་མི་རྟག་པ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པའི་ཐེག་མཆོག་དབུ་མའི་ཟིན་བྲིས་ལས། སྤྱིར་ནམ་མཁའ་ལ་སོགས་པ་འདི་རྣམས་རྟག་པ་ཡིན་པ་དང༌། འདུས་མ་བྱས་ཡིན་པར་ཁས་ལེན་པ་མང་དུ་ཡོད་པ་ཡིན་པ་ལས་ཐེག་པ་ཆེན་པོའི་མདོ་སྡེ་ངེས་དོན་འཆད་པའི་སྐབས་འདིར། དེ་འདུས་བྱས་དང་མི་རྟག་པར་འཆད་དགོས་པ་ཡིན་ནོ། །ཞེས་དང༌། ཟབ་དོན་ཉེར་གཅིག་ལས། དངོས་དང་དངོས་མེད་ལ་འདུས་བྱས་ཀྱིས་ཁྱབ། དོན་དམ་འདུས་མ་བྱས་དངོས་ཡིན། ནམ་མཁའ་སོགས་འདུས་མ་བྱས་བཏགས་པ་བ་ཡིན་གསུངས། ཞེས་གསུངས་པའི་ཕྱིར། འདོད་ན། ནམ་མཁའ་ཆོས་ཅན། ཁྱོད་མི་རྟག་པ་ཡིན་པར་ཐལ། ལུང་གི་དོན་འཐད་པའི་ཕྱིར། འདོདན། ནམ་མཁའ་ཆོས་ཅན། ཁྱོད་དངོས་པོ་ཡིན་པར་ཐལ། ཁྱོད་མི་རྟག་པ་ཡིན་པའི་ཕྱིར། འདོད་ན། ནམ་མཁའ་ཆོས་ཅན། ཁྱོད་ཀྱི་འབྲས་བུ་ཡོད་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། འདོད་ན། ནམ་མཁའ་ཆོས་ཅན། ཁྱོད་ཀྱི་འབྲས་བུ་མེད་པར་ཐལ། ཁྱོད་དངོས་མེད་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། ། རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། དངོས་པོ་ཡིན་པར་ཐལ། གང་ཟག་ཡིན་པའི་ཕྱིར། མ་གྲུབ་ན། གང་ཟག་ཡིན་པར་ཐལ། རྭ་མ་ཡིན་པའི་ཕྱིར། མ་གྲུབ་ན། རྭ་མ་ཡིན་པར་ཐལ། རྭ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། རྭ་ཡིན་པ་ལས་ལོག་པ་དང་རྭ་མ་ཡིན་པ་གཉིས་དོན་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། རྭ་ཆོས་ཅན། ཁྱོད་ཡིན་པ་ལས་ལོག་པ་དང་ཁྱོད་མ་ཡིན་པ་གཉིས་དོན་གཅིག་མ་ཡིན་པར་ཐལ། འདོད་ན། གང་ཟག་ཆོས་ཅན། ཁྱོད་ཡིན་པ་ལས་ལོག་པ་དང་ཁྱོད་མ་ཡིན་པ་གཉིས་དོན་གཅིག་མ་ཡིན་པར་ཐལ། འདོད་ན། བདག་མེད་ཆོས་ཅན། ཁྱོད་ཡིན་པ་ལས་ལོག་པ་དང་ཁྱོད་མ་ཡིན་པ་གཉིས་དོན་གཅིག་ཡིན་པར་ཐལ། ཁྱོད་ཡིན་པ་ལས་ལོག་པ་དང་ཁྱོད་མ་ཡིན་པ་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། བདག་མེད་ཡིན་པ་ལས་ལོག་པ་དང་བདག་མེད་མ་ཡིན་པ་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། དེ་བཞིན་དུ་སྔ་མའི་རིགས་འགྲོས་ཀྱིས་སྤྱིར་ཇ་མ་སོགས་ཡིན་མིན་དཔྱད་པར་བྱའོ། །ཚད་མའི་བསྟན་བཅོས་བསྡུས་གྲྭ་ལས། རྟག་པ་ཆོས་ཅན། མ་བྱས་པ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། མ་བྱས་པ་ཡིན་པའི་ཕྱིར་ཞེས་པའི་རྟགས་གྲུབ་པར་ཐལ། འདོད་ན། རྟག་པ་ཆོས་ཅན། མ་བྱས་པ་མ་ཡིན་པར་ཐལ། བྱས་པ་མ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། བྱས་པ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། བྱས་པ་ཡིན་པར་ཐལ། འདུས་བྱས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། འདུས་བྱས་ཡིན་པར་ཐལ། དངོས་མེད་ཡིན་པའི་ཕྱིར། འགལ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། དངོས་དང་དངོས་མེད་གཉིས་འདུས་བྱས་ཡིན་པའི་ཕྱིར། མ་གྲུབ་ན། ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་ཤེས་ལས། དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་གསུངས་པའི་ཕྱིར། འདོད་ན། རྟག་པ་ཆོས་ཅན། བྱས་པ་ཡིན་པར་ཐལ། འདུས་བྱས་ཡིན་པའི་ཕྱིར། འདོད་ན། རྟག་པ་ཆོས་ཅན། བྱས་པ་མ་ཡིན་པར་ཐལ། མ་བྱས་པ་མ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་ཆོས་ཅན། མ་བྱས་པ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། མ་བྱས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོད་བསྡུས་གྲྭ་ལས། རྟག་པ་ཆོས་ཅན། མ་བྱས་པ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། མ་བྱས་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །ཡང་དེ་ལ་དོགས་པ་བཀོད་ནས་མ་བྱས་པ་ཡིན་ན་མ་བྱས་པ་མ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་པར་ཐལ། འདོད་ན། བུ་ཕྲུག་ཆོས་ཅན། མ་བྱས་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། མ་བྱས་པ་ཡིན་པའི་ཕྱིར། མ་གྲུབ་ན། བུ་ཕྲུག་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། མ་དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། མ་དངོས་པོ་ཡིན་པར་ཐལ། མ་གང་ཟག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། མ་གང་ཟག་ཡིན་པར་ཐལ།ཕ་མ་གཉིས་ཀ་གང་ཟག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། མ་དངོས་པོ་ཡིན་པར་ཐལ། མ་གང་ཟག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། མ་དངོས་པོ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། མ་བྱས་པ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། མ་བྱས་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། མ་བྱས་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པར་ཐལ། མ་བྱས་པ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། མ་བྱས་པ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། བྱས་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དངོས་པོ་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། གཟུགས་ཡིན་པར་ཐལ། གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་ཡིན་པར་ཐལ། མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །གཞན་ཡང༌། སྡུག་བདེན་ཆོས་ཅན། ཁྱོད་མི་རྟག་པ་དངོས་པོ་མ་ཡིན་པར་ཐལ། ཁྱོད་མི་རྟག་པ་རྟག་པ་ཡིན་པའི་ཕྱིར། རྟགས་མ་གྲུབ། སྡུག་བདེན་ཆོས་ཅན། ཁྱོད་མི་རྟག་པ་རྟག་པ་ཡིན་པར་ཐལ། ཁྱོད་མི་རྟག་པ་དང་རྟག་པ་གཉིས་ཀྱི་གཞི་མཐུན་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། ཤེས་བྱ་དེ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། སྡུག་བདེན་མི་རྟག་པ་དང་རྟག་པ་གཉིས་ཀྱི་གཞི་མཐུན་ཡིན་པར་ཐལ། སྡུག་བདེན་མི་རྟག་པ་དང་རྟག་པ་གཉིས་ཀྱི་ལྡོག་པ་ཐ་དད་དུ་གྲུབ་པ་གང་ཞིག ཁྱོད་དེ་གཉིས་རེ་རེ་ནས་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། དང་པོ་སླ། ཕྱི་མ་མ་གྲུབ་ན། ཤེས་བྱ་ཆོས་ཅན། སྡུག་བདེན་མི་རྟག་པ་དང་རྟག་པ་གཉིས་རེ་རེ་ནས་ཡིན་པར་ཐལ། སྡུག་བདེན་མི་རྟག་པ་ཡིན་པ་གང་ཞིག རྟག་པ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། ཤེས་བྱ་ཆོས་ཅན། སྡུག་བདེན་མི་རྟག་པ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། མ་ཁྱབ་ན། གཞི་གྲུབ་ན་སྡུག་བདེན་མི་རྟག་པ་ཡིན་པས་ཁྱབ་པར་ཐལ། གཞི་གྲུབ་ན་སྒྲ་མི་རྟག་པ་ཡིན་པས་ཁྱབ་པ་གང་ཞིག རིགས་པ་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར། རྟགས་མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ན། གཞི་གྲུབ་ན་སྒྲ་མི་རྟག་པ་ཡིན་པས་ཁྱབ་པར་ཐལ། བསྡུས་གྲྭའི་སྤྱི་དོན་རྀན་ཆེན་སྒྲོན་མེ་ལས། གཞི་གྲུབ་ན་སྒྲ་མི་རྟག་པ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ།ཤེས་བྱ་སྒྲ་མི་རྟག་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན།འོ་ན། གཞི་གྲུབ་ན་སྒྲ་མི་རྟག་པ་ཡིན་པས་ཁྱབ་པར་ཐལ། འདོད་ན། གཞི་གྲུབ་ན་སྡུག་བདེན་མི་རྟག་པ་ཡིན་པས་ཁྱབ་པར་ཐལ། གཞི་གྲུབ་ན་སྒྲ་མི་རྟག་པ་ཡིན་པས་ཁྱབ་པ་གང་ཞིག རིགས་པ་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར། རྟགས་དང་པོ་ཁས། འདོད་ན། ཤེས་བྱ་ཆོས་ཅན།སྡུག་བདེན་མི་རྟག་པ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཤེས་བྱ་ཆོས་ཅན། སྡུག་བདེན་མི་རྟག་པ་དང་རྟག་པ་གཉིས་རེ་རེ་ནས་ཡིན་པར་ཐལ། སྡུག་བདེན་མི་རྟག་པ་ཡིན་པ་གང་ཞིག རྟག་པ་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། སྡུག་བདེན་མི་རྟག་པ་དང་རྟག་པ་གཉིས་ཀྱི་གཞི་མཐུན་ཡིན་པར་ཐལ། སྡུག་བདེན་མི་རྟག་པ་དང་རྟག་པ་གཉིས་ལྡོག་པ་ཐ་དད་དུ་གྲུབ་པ་གང་ཞིག ཁྱོད་དེ་གཉིས་ཀ་རེ་རེ་ནས་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྡུག་བདེན་མི་རྟག་པ་དང་རྟགཔ་གཉིས་ཀྱི་གཞི་མཐུན་ཡོད་པར་ཐལ། ཤེས་བྱ་དེ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྡུག་བདེན་མི་རྟག་པ་ཆོས་ཅན། རྟག་པ་ཡིན་པར་ཐལ། ཁྱོད་དང་རྟག་པའི་གཞི་མཐུན་ཡོད་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། སྡུག་བདེན་མི་རྟག་པ་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། སྡུག་བདེན་ཆོས་ཅན། ཁྱོད་མི་རྟག་པ་ལྡན་མིན་འདུ་བྱེད་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། སྡུག་བདེན་ཆོས་ཅན། ཁྱོད་མི་རྟག་པ་ལྡན་མིན་འདུ་བྱེད་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཞེས་གསུངས་པའི་ཕྱིར་ན་དཔྱད་དོ། །རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་ན་རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་ཕྱིར། མ་གྲུབ་ན། རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་ན་རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་པར་ཐལ། མ་ཁྱབ་པའི་སྐྱོན་འཇོག་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཞོག འདུས་མ་བྱས་པའི་ཡེ་ཤེས་ཆོས་ཅན། འོ་ན་འདུས་མ་བྱས་པའི་ཡེ་ཤེས་ཆོས་ཅན། རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། མ་ཁྱབ་པའི་སྐྱོན་འཇོག་ཚུལ་འཐད་པའི་ཕྱིར། འདོད་ན།འདུས་མ་བྱས་པའི་ཡེ་ཤེས་ཆོས་ཅན། རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། འདུས་མ་བྱས་པའི་ཡེ་ཤེས་ཆོས་ཅན། རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལོག་པ་མ་ཡིན་པ་མི་འཐད་པར་ཐལ། རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། མ་གྲུབ་ན།འདུས་མ་བྱས་པའི་ཡེ་ཤེས་ཆོས་ཅན། རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། རྟག་པ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། མ་གྲུབ་ན། འདུས་མ་བྱས་པའི་ཡེ་ཤེས་ཆོས་ཅན། རྟག་པ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། རྟག་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། འདུས་མ་བྱས་པའི་ཡེ་ཤེས་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། འདུས་མ་བྱས་པའི་ཡེ་ཤེས་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། འདུས་བྱས་ཡིན་པའི་ཕྱིར། མ་གྲུབ་ན། འདུས་མ་བྱས་པའི་ཡེ་ཤེས་ཆོས་ཅན། འདུས་བྱས་ཡིན་པར་ཐལ། དངོས་མེད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། འདུས་མ་བྱས་པའི་ཡེ་ཤེས་ཆོས་ཅན། དངོས་མེད་ཡིན་པར་ཐལ། དོན་བྱེད་ནུས་སྟོང་ཡིན་པའི་ཕྱིར། མ་གྲུབ་ན། འདུས་མ་བྱས་པའི་ཡེ་ཤེས་ཆོས་ཅན། དོན་བྱེད་ནུས་སྟོང་ཡིན་པར་ཐལ། དོན་བྱེད་ནུས་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། འདུས་མ་བྱས་པའི་ཡེ་ཤེས་ཆོས་ཅན། དངོས་པོ་ཡིན་པར་ཐལ། དོན་བྱེད་ནུས་པ་ཡིན་པའི་ཕྱིར། འདོད་ན། འདུས་མ་བྱས་པའི་ཡེ་ཤེས་ཆོས་ཅན། འདུས་བྱས་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། དེ་ཁྱབ་པར་ཐལ། ཟབ་དོན་ཉེར་གཅིག་ལས། དངོས་པོ་དངོས་མེད་ལ་འདུས་བྱས་ཀྱིས་ཁྱབ། ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །བདག་མེད་ཡིན་པ་ལས་ལོག་པ་དང་བདག་མེད་མ་ཡིན་པ་གཉིས་ཡིན་ཁྱབ་མཉམ་ཡིན་ཐལ། འདོད་ན། བདག་མེད་ཡིན་པ་ལས་ལོག་པ་ཡིན་ན་བདག་མེད་མ་ཡིན་པས་ཁྱབ་པར་ཐལ། བདག་མེད་ཡིན་པ་ལས་ལོག་པ་དང་བདག་མེད་མ་ཡིན་པ་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། རི་བོང་རྭ་ཆོས་ཅན། བདག་མེད་མ་ཡིན་པར་ཐལ། བདག་མེད་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། རི་བོང་རྭ་ཆོས་ཅན། བདག་མེད་ཡིན་པ་ལས་ལོག་པ་ཡིན་པར་ཐལ། བདག་མེད་མ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། བདག་མེད་མ་ཡིན་པར་ཐལ། ཤེས་བྱ་མ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ཤེས་བྱ་དང་བདག་མེད་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་མཚལ་མིན་པ་བསོད་ནམས་བཟང་པོས་མཛད་པའི་གཏན་ཚིགས་དོན་བསྡུས་ལས། དེ་དང་ཁྱབ་མཉམ་དོན་གཅིག་པ་ནི། ཡུལ་དང་གཞལ་བྱ་དང་བདག་མེད་དང༌། །གཞི་གྲུབ་གཞན་སེལ་ཡོད་པ་སོགས། །ཞེས་གསུངས་པའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན། བདག་མེད་མ་ཡིན་པར་ཐལ། ཤེས་བྱ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རི་བོང་རྭ་ཆོས་ཅན། བདག་མེད་ཡིན་པ་ལས་ལོག་པ་ཡིན་པར་ཐལ། བདག་མེད་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། རི་བོང་རྭ་ཆོས་ཅན། བདག་མེད་མ་ཡིན་པར་ཐལ། བདག་མེད་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན། བདག་མེད་མ་ཡིན་པ་མི་འཐད་པར་ཐལ། བདག་མེད་ཡིན་པའི་ཕྱིར། རྟགས་མ་གྲུབ། རི་བོང་རྭ་ཆོས་ཅན། བདག་མེད་ཡིན་པར་ཐལ། བདག་ཏུ་མ་གྲུབ་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རི་བོང་རྭ་ཆོས་ཅན། ཀ་བུམ་གཉིས་མ་ཡིན་པར་ཐལ། བདག་ཏུ་མ་གྲུབ་པའི་ཕྱིར། ཞེས་དང༌། བསྡུས་གྲྭའི་སྤྱི་དོན་ལས། རི་བོང་གི་རྭ་སོགས་གང་ཟག་གི་བདག་ཏུ་མ་གྲུབ་པར་འཛིན་པའི་གང་ཟག་གི་བདག་མེད་རྟོགས་པའི་ཡེ་ཤེས་ཏེ་ཡོད་པ་དེའི་དམིགས་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཡིན་པར་ཐལ། གཞི་གྲུབ་ན་ཁྱོད་ཡིན་པས་ཁྱབ་ན་ཁྱོད་ཀྱི་ཡིན་པ་ཡོད་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། གཞི་གྲུབ་ན་ཁྱོད་ཡིན་པས་ཁྱབ་ན་ཁྱོད་ཀྱི་ཡིན་པ་ཡོད་པས་ཁྱབ་པར་ཐལ། ཁྱབ་མེད་ཀྱི་ལན་འཐད་པའི་ཕྱིར། འདོད་ན། རང་དང་གཅིག་ཆོས་ཅན། ཁྱོད་ཀྱི་ཡིན་པ་ཡོད་པར་ཐལ། གཞི་གྲུབ་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། རང་དང་གཅིག་ཆོས་ཅན། གཞི་གྲུབ་ན་ཁྱོད་ཡིན་པས་ཁྱབ་པར་ཐལ། མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར། རྟགས་མ་གྲུབ། ཞོག ཀ་བུམ་གཉིས་ཆོས་ཅན་ཟེར་ན། འོ་ན་ཀ་བུམ་གཉིས་ཆོས་ཅན། རང་དང་གཅིག་མ་ཡིན་པར་ཐལ། འདོད་ན། འདོད་ལན་ཐོབ་ཅེས་བྱས་པས། ཀ་བུམ་གཉིས་ཀ་བུམ་གཉིས་དང་གཅིག་མ་ཡིན་པར་འདོད་ཅེས་ཟེར་ན། ཀ་བུམ་གཉིས་ཆོས་ཅན། ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། མ་ཁྱབ་ན་ཁྱབ་བ་ཡོད་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། གཞི་གྲུབ་ན་ཁྱོད་ཁྱོད་དང་གཅིག་ཡིན་པས་ཁྱབ་པར་ཐལ། གཞི་གྲུབ་ན་ཁྱོད་ཁྱོད་དང་ཐ་དད་མ་ཡིན་པས་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། ཀ་བུམ་གཉིས་ཆོས་ཅན། ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། འདོད་ལན་ཐོབ། ཀ་བུམ་གཉིས་ཀ་བུམ་གཉིས་དང་གཅིག་ཡིན་པར་འདོད་ཅེས་ཟེར་ན། ཀ་བུམ་གཉིས་ཆོས་ཅན། རང་དང་གཅིག་ཡིན་པར་ཐལ། འདོད་ན། གཞི་གྲུབ་ན་རང་དང་གཅིག་ཡིན་པས་ཁྱབ་པར་ཐལ། འདོད་ན། རང་དང་གཅིག་ཆོས་ཅན། ཁྱོད་ཀྱི་ཡིན་པ་ཡོད་པར་ཐལ། གཞི་གྲུབ་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། རང་དང་གཅིག་གི་ཡིན་པ་མེད་པར་ཐལ། བུམ་པ་དེ་མ་ཡིན་པ་གང་ཞིག དེ་ལས་གཞན་ཞིག་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། བུམ་པ་རང་དང་གཅིག་ཡིན་པར་ཐལ། བུམ་པ་རང་དང་གཅིག་གི་ཡིན་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བུམ་པ་རང་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ། བུམ་པ་རང་དང་གཅིག་ཡིན་པའྀ་ཕྱིར། རྟགས་ཁས། འདོད་ན། འདོད་མི་ནུས་པར་ཐལ། བུམ་པ་ཡིན་ན་རང་ཡིན་པས་མ་ཁྱབ་པ་གང་ཞིག རང་ཡིན་ན་བུམ་པ་ཡིན་པས་མ་ཁྱབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། གསེར་བུམ་ཟངས་བུམ་གཉིས་ཆོས་ཅན། རང་ཡིན་པར་ཐལ། བུམ་པ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། ཤེས་བྱ་ཆོས་ཅན། བུམ་པ་ཡིན་པར་ཐལ། རང་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །དོན་དམ་བདེན་པ་ཆོས་ཅན། ཡིན་མིན་གང་ཡང་མ་ཡིན་པར་ཐལ། ཡིན་མིན་སོགས་སྤྲོས་པ་མཐའ་དག་དང་བྲལ་བ་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། མ་ཁྱབ་པའི་སྐྱོན་ངོས་འཛིན་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཞོག དོན་དམ་བདེན་པ་ཆོས་ཅན་ཟེར་ན། དོན་དམ་བདེན་པ་ཆོས་ཅན། ཡིན་མིན་གང་རུང་ཡིན་པར་ཐལ། འདོད་ན། དོན་དམ་བདེན་པ་ཆོས་ཅན། ཡིན་མིན་གང་རུང་མ་ཡིན་པར་ཐལ། ཡིན་པ་མ་ཡིན་པ་གང་ཞིག མ་ཡིན་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། ཕྱི་མ་མ་གྲུབ་ཟེར་ན། དོན་དམ་བདེན་པ་ཆོས་ཅན། མ་ཡིན་པ་ཡིན་པར་ཐལ། ཕྱི་མ་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ལན་ཐོབ། དོན་དམ་བདེན་པ་མ་ཡིན་པར་འདོད་ཅེས་ཟེར་ན། དོན་དམ་བདེན་པ་ཡིན་མིན་ཞེས་པའི་སྐབས་སུ་དོན་དམ་ལ་ཁས་ལེན་འགྲོ་བ་མ་ཡིན་པར་ཐལ། འདོད་ན། དོན་དམ་བདེན་པ་ཡིན་མིན་ཞེས་པའི་སྐབས་སུ་དོན་དམ་ལ་ཁས་ལེན་འགྲོ་བ་ཡིན་པར་ཐལ། དོན་དམ་ཡོད་པ་ཡིན་པར་ཐལ་ཞེས་པའི་སྐབས་སུ་དོན་དམ་ལ་ཁས་ལེན་འགྲོ་བ་ཡིན་པ་གང་ཞིག རིགས་པ་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར། འདོད་ན། དོན་དམ་བདེན་པ་ཡིན་པར་ཐལ། དོན་དམ་བདེན་པ་ཡིན་མིན་ཞེས་པའི་སྐབས་སུ་དོན་དམ་ལ་ཁས་ལེན་འགྲོ་བ་གང་ཞིག དོན་དམ་བདེན་པ་ཡིན་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ཟེར་ན། དོན་དམ་ཆོས་ཅན། བདེན་པ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་དགེ་བཤེས་བློ་བཟང་མཆོག་གྲུབ་རྒྱ་མཚོས་མཛད་པའི་དབུ་མ་ཐེག་མཆོག་གི་འགྲེལ་བ་ལས། དོན་དམ་ཆོས་ཀྱི་དབྱིངས་ཆོས་ཅན། བདེན་པ་ཡིན་ཏེ། རང་གི་ངོ་བོ་གནས་ལུགས་ལ་གྲུབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། དོན་དམ་ཆོས་ཅན། བདེན་པ་ཡིན་པར་ཐལ། ལུང་གི་དོན་འཐད་པའི་ཕྱིར། འདོད་ན། དོན་དམ་བདེན་པ་ཡིན་པར་ཐལ། དོན་དམ་བདེན་པ་ཡིན་མིན་ཞེས་པའི་སྐབས་སུ་དོན་དམ་ལ་ཁས་ལེན་འགྲོ་བ་གང་ཞིག དོན་དམ་བདེན་པ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་ཁས། འདོད་ན། དོན་དམ་བདེན་པ་མ་ཡིན་པར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། མ་གྲུབ་ན། ཀུན་རྫོབ་བདེན་པ་ཡིན་པར་ཐལ། དངོས་མེད་ཀྱི་ཆོས་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཟབ་དོན་ཉེར་གཅིག་ལས། དངོས་དང་དངོས་མེད་ལའང་ཀུན་རྫོབ་ཀྱིས་ཁྱབ། ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

བཞི་བ་ལྡོག་པ་ངོས་འཛིན་གྱི་དོགས་པ་འགོད་པ།

བཞི་བ་ལྡོག་པ་ངོས་འཛིན་གྱི་དོགས་པ་འགོད་པ་ལ།

རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཡིན་པར་ཐལ། ཁྱོད་མཚོན་བྱ་ཡིན་ན་ཁྱོད་དང་གཅིག་ཡིན་ན་མཚོན་བྱ་ཡིན་དགོས་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱོད་མཚོན་བྱ་ཡིན་ན་ཁྱོད་དང་གཅིག་ཡིན་ན་མཚོན་བྱ་ཡིན་པས་ཁྱབ་པར་ཐལ། ཁྱབ་མེད་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཡོད་པ་ཡོད་པ་ཆོས་ཅན། ཁྱོད་དང་གཅིག་ཡིན་ན་མཚོན་བྱ་ཡིན་པས་ཁྱབ་པར་ཐལ། ཁྱོད་མཚོན་བྱ་ཡིན་པའི་ཕྱིར། འདོད་ན། བློ་ཡུལ་དུ་བྱ་རུང་ཆོས་ཅན། མཚོན་བྱ་ཡིན་པར་ཐལ། ཡོད་པ་ཡོད་པ་དང་གཅིག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། མཚོན་བྱ་མ་ཡིན་པར་ཐལ། མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། བློའི་ཡུལ་དུ་བྱ་རུང་ཤེས་བྱའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། གོང་དུ་མ་གྲུབ་ཟེར་ན། ཡོད་པ་ཡོད་པ་དང་གཅིག་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། ཁྱབ་སྟེ། གཞི་གྲུབ་ན་ཡོད་པ་ཡོད་པ་ཡིན་པས་་ཁྱབ་པ་གང་ཞིག ཡོད་པ་ཡོད་པ་དང་ཐ་དད་མ་ཡིན་པས་ཁྱབ་པའི་ཕྱིར། རྟགས་མ་གྲུབ། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ན། གཞི་གྲུབ་ན་ཡོད་པ་ཡོད་པ་ཡིན་པས་ཁྱབ་པར་ཐལ། བདག་མེད་ཡིན་ན་སྒྲ་ཡོད་པ་ཡིན་པས་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། བདག་མེད་ཡིན་ན་སྒྲ་མི་རྟག་པ་ཡིན་པས་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཞི་གྲུབ་ན་སྒྲ་མི་རྟག་པ་ཡིན་པས་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། གཞི་གྲུབ་ན་སྒྲ་མི་རྟག་པ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། ཤེས་བྱ་སྒྲ་མི་རྟག་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གོང་དུ་རྩོད་གཞི་གཅིག་རྐྱང་གི་དབང་དུ་བྱས་ཟེར་ན། སྤྱིར་ཆོས་ཅན། ཁྱོད་དང་གཅིག་ཡིན་ན་མཚོན་བྱ་ཡིན་དགོས་པར་ཐལ། ཁྱོད་མཚོན་བྱ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་ཀྱི་མཚན་ཉིད་ཡོད་པའི་ཕྱིར། དེར་ཐལ། བློའི་ཡུལ་དུ་བྱ་རུང་བ་ཤེས་བྱ་དེ་ཡིན་པའི་ཕྱིར། གོང་དུ་འདོད་ན། སྤྱིར་དེ་ཆོས་ཅན། མཚོན་བྱ་ཡིན་པར་ཐལ། སྤྱིར་དང་གཅིག་ཡིན་པའི་ཕྱིར། འདོད་ན། སྤྱིར་དེ་ཆོས་ཅན། མཚོན་བྱ་མ་ཡིན་པར་ཐལ། ཁྱོད་ཀྱི་མཚན་ཉིད་མེད་པའི་ཕྱིར། གཞན་ཡང༌། ཡོད་པ་ཡོད་པ་ཆོས་ཅན། མཚོན་བྱ་མ་ཡིན་པར་ཐལ། ཁྱོད་ཀྱི་མཚན་ཉིད་མེད་པའི་ཕྱིར། མ་གྲུབ་ན། ཞོག ཡོད་པ་ཚད་མའི་དམིགས་པ་ཆོས་ཅན་ཟེར་ན། ཡོད་པ་ཚད་མའི་དམིགས་པ་ཆོས་ཅན། ཡོད་པ་ཡོད་པའི་མཚན་ཉིད་མ་ཡིན་པར་ཐལ། ཁྱོད་རྟོགས་ན་ཡོད་པ་ཡོད་པ་ཡིན་པར་རྟོགས་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྒྲ་རྟོགས་པའི་གང་ཟག་ཡིན་ན་སྒྲ་སྒྲར་རྟོགས་པའི་གང་ཟག་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། རྟགས་རིགས་ལེགས་བཤད་དྲི་མ་མེད་པའི་འོད་ལས། སྒྲ་ཚད་མས་ངེས་པའི་གང་ཟག་ཡིན་ན་སྒྲ་སྒྲར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །སྟོན་པ་ཤཱཀ་ཐུབ་ཀྱི་རྣམ་མཁྱེན་ཆོས་ཅན། རྣམ་མཁྱེན་དང་གཅིག་ཏུ་གྱུར་པའི་རྣམ་མཁྱེན་མ་ཡིན་པར་ཐལ། འདོད་ན། སྟོན་པ་ཤཱཀྱ་ཐུབ་པའི་རྣམ་མཁྱེན་ཆོས་ཅན། རྣམ་མཁྱེན་དང་གཅིག་ཏུ་གྱུར་བའི་རྣམ་མཁྱེན་ཡིན་པར་ཐལ། རྣམ་མཁྱེན་དང་གཅིག་ཏུ་གྱུར་བའི་ཡོད་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྣམ་མཁྱེན་དང་གཅིག་ཏུ་གྱུར་པའི་ཚད་མའི་དམིགས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྣམ་མཁྱེན་དང་གཅིག་ཏུ་གྱུར་པའི་རྣམ་མཁྱེན་གྱི་དམིགས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཞི་གྲུབ་པའི་ཕྱིར། མ་ཁྱབ་ཟེར་ན། རྣམ་མཁྱེན་དང་གཅིག་ཏུ་གྱུར་པའི་རྣམ་མཁྱེན་ཆོས་ཅན། གཞི་གྲུབ་ན་ཁྱོད་ཀྱི་དམིགས་པ་ཡིན་པའི་ཁྱབ་པར་ཐལ། ཁྱོད་རྣམ་མཁྱེན་ཡིན་པའི་ཕྱིར། དེ་འདོད་ཟེར་ན། སྟོན་པ་ཤཱཀ་ཐུབ་ཀྱི་རྣམ་མཁྱེན་ཆོས་ཅན། རྣམ་མཁྱེན་དང་གཅིག་ཡིན་པར་ཐལ། རྣམ་མཁྱེན་དང་གཅིག་ཏུ་གྱུར་པའི་རྣམ་མཁྱེན་དེའི་དམིགས་པ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་པར་ཐལ། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་ན་སྒྲུབ་པ་ཡིན་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། ཤེས་པར་གྱུར་པའི་མིག་ཤེས་ཀྱི་བཟུང་བྱ་ཡིན་ན་ཤེས་པ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་ཀྱི་སྐྱེ་མཆེད་དེ་ཤེས་པ་ཡིན་པར་ཐལ་ལོ། །གཞན་ཡང་སྟོན་པ་ཤཱཀ་ཐུབ་ཀྱི་རྣམ་མཁྱེན་ཆོས་ཅན། རྣམ་མཁྱེན་དང་གཅིག་ཏུ་གྱུར་པ་ཡིན་པར་ཐལ། རྣམ་མཁྱེན་དང་གཅིག་ཏུ་གྱུར་པའི་རྣམ་མཁྱེན་དེའི་དམིགས་པ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། གང་ཕྱིར་དངོས་ཀུན་རང་བཞིན་གྱི། རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་དངོས་གཞན་གྱི་དངོས་དག་ལ། །ལྡོག་པ་ལ་ནི་རྟེན་པ་ཅན། །ཞེས་པའི་སྐབས་སུ་མི་རྟག་པ་དང་ཐ་དད་ཡིན་ན་མི་རྟག་པས་ལྡོག་པ་མ་ཡིན་པས་ཁྱབ་པ་བསྟན་པ་ཡིན་པར་ཐལ། འདོད་ན། འོ་ན། མི་རྟག་པའི་ལྡོག་པ་ཆོས་ཅན། མི་རྟག་པའི་ལྡོག་པ་མ་ཡིན་པར་ཐལ། མི་རྟག་པ་དང་ཐ་དད་ཡིན་པའི་ཕྱིར། འདོད་ན། མི་རྟག་པའི་ལྡོག་པ་ཆཽས་ཅན། མི་རྟག་པའི་ལྡོག་པ་ཡིན་པར་ཐལ། མི་རྟག་པའི་ལྡོག་པ་ཞེས་བརྗོད་པའི་སྒྲ་དེ་ཁྱོད་ཀྱི་དངོས་མིང་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པ་ཐལ། ཁྱོད་ཀྱི་དངོས་མིང་ཡིན་ན་ཁྱོད་ལ་འཇུག་པས་ཁྱབ་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་པ་ཐལ། མིང་དེ་ཁྱོད་ལ་འཇུག་ཚུལ་དེ་མིང་དེས་དོན་དེ་ཁྱོད་ཡིན་ཚུལ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། མིང་དེའི་དོན་དེ་ཆོས་དེ་ཡིན་པ་ནི་ཆོས་དེ་ལ་མིང་དེ་འཇུག་པའི་དོན་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། མིང་དེ་ཁྱོད་ལ་འཇུག་ན་མིང་དེའི་དོན་དེ་ཁྱོད་ཡིན་དགོས་པར་ཐལ། འདོད་ན། མི་རྟག་པའི་ལྡོག་པ་ཞེས་བརྗོད་པའི་མིང་དེའི་དོན་དེ་མི་རྟག་པའི་ལྡོག་པ་ཡིན་པར་ཐལ། འདོད་ན། མི་རྟག་པའི་ལྡོག་པ་ཆོས་ཅན། མི་རྟག་པའི་ལྡོག་པ་ཡིན་པར་ཐལ། མི་རྟག་པའི་ལྡོག་པ་ཞེས་པའི་མིང་གི་དོན་དེ་ཁྱོད་འཇོག་པ་གང་ཞིག མི་རྟག་པའི་ལྡོག་པ་ཞེས་བརྗོད་པའི་སྒྲ་དེ་མི་རྟག་པའི་ལྡོག་པའི་དངོས་མིང་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བདག་མེད་ཡིན་ན་ཁྱོད་ཁྱོད་ཅེས་པའི་སྒྲ་དངོས་མིང་དུ་འཇུག་པའི་གཞི་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཁྱོད་ཁྱོད་ཅེས་པའི་སྒྲ་དངོས་མིང་དུ་འཇུག་པའི་གཞི་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །འདོད་མི་ནུས་ཏེ། བདག་མེད་དང་ཐ་དད་ཡིན་པའི་ཕྱིར་ཞེས་པའི་ལུང་གི་དོན་ཡོད་པར་ཐལ། ཡོད་པའི་ཕྱིར། འདོད་ན། ཞོག སྡུག་བདེན་དེ་བདག་མེད་ཀྱི་ལྡོག་པ་མ་ཡིན་པ་ཆོས་ཅན། སྡུག་བདེན་ཆོས་ཅན། བདག་མེད་ཀྱི་ལྡོག་པ་ཡིན་པར་ཐལ། བདག་མེད་ཀྱི་ལྡོག་པར་གྱུར་པའི་བདག་མེད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བདག་མེད་ཀྱི་ལྡོག་པར་གྱུར་པའི་བདག་ཏུ་ཚད་མས་མ་དམིགས་པ་ཡིན་པའི་ཕྱིར། མ་གྲུབ་ན། འོ་ན་ཁ་དོག་ཆོས་ཅན། ཤེས་པར་གྱུར་པའི་མིག་ཤེས་ཀྱིས་གཟུང་བྱ་མ་ཡིན་པར་ཐལ། ཞེ་འདོད་འཐད་པའི་ཕྱིར། འདོད་ན། ཁ་དོག་ཆོས་ཅན། ཤེས་པར་གྱུར་བའི་མིག་ཤེས་ཀྱིས་གཟུང་བྱ་ཡིན་པར་ཐལ། ཤེས་པར་གྱུར་བའི་མིག་ཤེས་ཀྱིས་བཟུང་བྱ་ཡིན་ན་ཤེས་པ་ཡིན་མི་དགོས་པའི་ཕྱིར། མ་གྲུབ་ན། ཤེས་པར་གྱུར་བའི་མིག་ཤེས་ཆོས་ཅན། ཁ་དོག་དེ་ཁྱོད་ཀྱིས་གཟུང་བྱ་ཡིན་པར་ཐལ། གཞི་གྲུབ་ན་ཁྱོད་ཀྱིས་གཟུང་བྱ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཞི་གྲུབ་ན་སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཤེས་པར་གྱུར་པའི་མིག་ཤེས་ཀྱིས་གཟུང་བྱ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཤེས་པར་གྱུར་པའི་མིག་ཤེས་ཆོས་ཅན། གཞི་གྲུབ་ན་ཁྱོད་ཀྱིས་གཟུང་བྱ་ཡིན་པས་ཁྱབ་པར་ཐལ། ཁྱོད་རྣམ་མཁྱེན་ཡིན་པའི་ཕྱིར། འདོད་ན། ཁ་དོག་ཆོས་ཅན། ཤེས་པར་གྱུར་བའི་མིག་ཤེས་ཀྱིས་གཟུང་བྱ་ཡིན་པར་ཐལ། འདོད་ན། ཁ་དོག་ཆོས་ཅན། ཤེས་པ་ཡིན་པར་ཐལ། ཤེས་པར་གྱུར་པའི་མིག་ཤེས་ཀྱིས་གཟུང་བྱ་ཡིན་པའི་ཕྱིར། མ་ཁྱབ་ན། བདག་མེད་ཀྱི་ལྡོག་པར་གྱུར་པའི་བདག་ཏུ་ཚད་མས་མ་དམིགས་པ་ཡིན་ན། བདག་མེད་ཀྱི་ལྡོག་པ་ཡིན་མི་དགོས་པར་ཐལ། རིགས་པ་མཚུངས་པའི་ཕྱིར། ཡང་ཤེས་པ་ཆོས་ཅན། ཁྱོད་དུ་གྱུར་བའི་ཆོས་དེ་ཡིན་ན་ཁྱོད་ཡིན་མི་དགོས་ཏེ། རྟགས་ཁོད་ཅེས་དང༌། གཞན་ཡང༌། དངོས་མེད་དུ་གྱུར་པའི་ཚད་མའི་གཞལ་བྱ་དང༌། ཡིན་པ་མི་སྲིད་པའི་བློ་ཡུལ་དུ་བྱ་རུང་བ་སོགས་རྩོད་གཞིར་བཟུང་ནས་ཁྱོད་དུ་གྱུར་པའི་གཞི་དེ་ཡིན་ན་ཁྱོད་ཡིན་པས་ཁྱབ་མ་ཁྱབ་ལ་དཔྱད་དོ། །ཁྱོད་དང་གཅིག་ཡིན་ན་ཁྱོད་དང་ཡིན་ཁྱབ་མཉམ་ཡིན་པས་ཁྱབ་པར་ཐལ། འདོད་ན། རྣམ་མཁྱེན་རྣམ་མཁྱེན་ཆོས་ཅན། ཁྱོད་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ། ཁྱོད་དང་གཅིག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་མ་གྲུབ་ཟེར་ན། རྣམ་མཁྱེན་རྣམ་མཁྱེན་དང་གཅིག་མ་ཡིན་པར་ཐལ། རྟགས་མ་གྲུབ་གྱི་ལན་འཐད་པའི་ཕྱིར། འདོད་ན། རྣམ་མཁྱེན་ཆོས་ཅན། ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། ཁྱབ་སྟེ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། གཞི་གྲུབ་ན། ཁྱོད་ཁྱོད་དང་གཅིག་ཡིན་པས་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། རྣམ་མཁྱེན་ཆོས་ཅན། རྣམ་མཁྱེན་དང་ཕན་ཚུན་ཐ་དད་ཡིན་པར་ཐལ། རྣམ་མཁྱེན་དང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། དེ་ལྟར་ཁྱབ་པ་ཡོད་པ་འཇམ་མགོན་བླ་མ་དགེ་བཤེས་བློ་བཟང་མཆོག་གྲུབ་རྒྱ་མཚོའི་དགོངས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ། དེར་ཐལ། གྲུབ་མཐའ་སྐལ་བཟང་བློ་གྲོས་མིག་འབྱེད་ལས། ཁྱོད་ཆོས་དེ་དང་ཕན་ཚུན་ཐ་དད། ཁྱོད་ཡིན་ན་ཆོས་དེ་ཡིན་པས་ཁྱབ། ཆོས་དེ་ཡིན་ན་ཁྱོད་ཡིན་པས་ཁྱབ་པ་དེ། ཁྱོད་ཆོས་དེ་དང་ཡིན་ཁྱབ་མཉམ་གྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར་ཟེར་ན་གྲུབ་མཐའི་ཁྱད་པར་སྦྱར་དགོས་སམ་དོགས་གཞི་ཙམ་བཀོད་པའོ། །ཡང་གཞི་གྲུབ་ན། ཁྱོད་ཁྱོད་དང་གཅིག་ཡིན་པས་ཁྱབ་པར་ཐལ། གཞི་གྲུབ་ན། ཁྱོད་ཁྱོད་དང་ཐ་དད་མ་ཡིན་པས་ཁྱབ་པའི་ཕྱིར་ཞེས་པའི་སྐབས་ཀྱི་དོགས་སློང་ནི། དངོས་མེད་དུ་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་ཁྱོད་དང་ཐ་དད་མ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། རྟགས་སླ། འདོད་ན། དངོས་མེད་དུ་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ། ཁྱོད་ཁྱོད་དང་ཐ་དད་མ་ཡིན་པའི་ཆོས་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། འདོད་ལན་ཐོབ། དངོས་མེད་དུ་རྟོགས་པའི་ཚད་མ་དངོས་མེད་དུ་རྟོགས་པའི་ཚད་མ་དང་གཅིག་ཡིན་པར་འདོད་ཟེར་ན།འོ་ན་དངོས་མེད་དུ་རྟོགས་པའི་ཚད་མ་དངོས་མེད་དུ་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་དང་གཅིག་མ་ཡིན་པར་ཐལ། ཁྱོད་མེད་པའི་ཕྱིར། མ་ཁྱབ་ཟེར་ན། རི་བོང་རྭ་རི་བོང་རྭ་ཆོས་ཅན། ཁྱོད་དང་གཅིག་ཡིན་པར་ཐལ། ཅིའི་ཕྱིར་ཟེར་ན། རི་བོང་རྭ་རི་བོང་རྭ་ཆོས་ཅན། ཁྱོད་དང་གཅིག་མ་ཡིན་ཏེ་ཞེས་རྟགས་ཁོད། གལ་ཏེ་གཏན་མེད་ཡིན་པའི་ཕྱིར་ཟེར་ན། འོ་ན་དངོས་མེད་དུ་རྟོགས་པའི་ཚད་མ་དངོས་མེད་དུ་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་དང་གཅིག་མ་ཡིན་པར་ཐལ། ཁྱོད་གཏན་མེད་ཡིན་པའི་ཕྱིར་ཟེར་ནས་དཔྱད། མ་ཁྱབ་མཚམས་ལ་རྟགས་མ་གྲུབ་ཟེར་ན། དངོས་མེད་དུ་རྟོགས་པའི་ཚད་མ་དངོས་མེད་དུ་རྟོགས་པའི་ཚད་མ་མེད་པར་ཐལ། དངོས་མེད་དུ་རྟོགས་པའི་ཚད་མ་དངོས་མེད་མ་ཡིན་པའི་ཕྱིར། དེར་ཐལ། དངོས་མེད་དུ་རྟོགས་པའི་ཚད་མ་དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་མེད་དུ་རྟོགས་པའི་ཚད་མ་དངོས་པོ་ཡིན་པར་ཐལ། དངོས་མེད་དུ་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། དེར་ཐལ། དངོས་མེད་ཡིན་པའི་ཕྱིར། དེར་ཐལ། སྤྱིར་དངོས་པོ་དང་དངོས་མེད་གཉིས་ཀྱི་ནང་ནས་དངོས་མེད་དུ་ཁས་ལེན་དགོས་པའི་ཕྱིར་ཏེ། ཚད་མའི་བསྟན་བཅོས་ལས། དངོས་དང་དངོས་མེད་གཉིས་ཀྱི་ནང་ནས་དངོས་མེད་དང༌། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཡིན་པར་ཐལ། སྡུག་བདེན་དེ་བདག་མེད་ཀྱི་ལྡོག་པ་མ་ཡིན་པའི་རྒྱུ་མཚན་བདག་མེད་དང་ཐ་དད་ཡིན་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར།མ་ཁྱབ་ན། འོ་ན་བདག་མེད་དང་ཐ་དད་ཡིན་ན་བདག་མེད་ཀྱི་ལྡོག་པ་མ་ཡིན་པས་ཁྱབ་པར་ཐལ། འདོད་ན། འོ་ན། ཆོས་དེ་དང་ཐ་དད་ཡིན་ན་ཆོས་དེའི་ལྡོག་པ་མ་ཡིན་པས་ཁྱབ་པར་ཐལ། འདོད་ན། བུམ་པ་དང་ཐ་དད་ཡིན་ན་བུམ་པའི་ལྡོག་པ་མ་ཡིན་པས་ཁྱབ་པར་ཐལ། འདོད་ན། དེ་མ་ཁྱབ་པར་ཐལ། བུམ་པ་དང་ཐ་དད་ཡང་ཡིན་བུམ་པའི་ལྡོག་པ་ཡང་ཡིན་པ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་༣༦ལས། བུམ་པའི་ལྡོག་པ་ནི། བུམ་པ་དེ་བུམ་པ་རང་གི་ཕྱོགས་ཆ་ཡིན་པའི་ཆ་དེ་ཉིད་ཡིན་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། བུམ་པའི་ལྡོག་པ་ཡིན་པར་ཐལ། འདོད་ན། བུམ་པའི་ལྡོག་པ་དུ་མ་ཡོད་པར་ཐལ། འདོད་ན། བུམ་པ་དང་ཐ་དད་ལས་ལོག་པའི་ཆོས་དེ་བུམ་པའི་ལྡོག་པའི་མཚན་ཉིད་མ་ཡིན་པར་ཐལ། འདོད་ན། དེ་ཡིན་པར་ཐལ། ཆོས་དེ་དང་ཐ་དད་ལས་ལོག་པའི་ཆོས་དེ་ཆོས་དེའི་ལྡོག་པའི་མཚན་ཉིད་ཡིན་པ་གང་ཞིག གཞི་ལ་སྦྱར་ནས་བུམ་པ་དང་ཐ་དད་ལས་ལོག་པའི་ཆོས་དེ་བུམ་པའི་ལྡོག་པའི་མཚན་ཉིད་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཆོས་དེ་དང་ཐ་དད་ལས་ལོག་པའི་ཆོས་དེ་ཆོས་དེའི་ལྡོག་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། ཆོས་དེ་དང་ཐ་དད་ལས་ལོག་པའི་ཆོས་དེ་ཆོས་དེའི་ལྡོག་པའི་མཚན་ཉིད་ཡིན་པར་ཐལ། འདོད་པའི་ཕྱིར་ཟེར་བ་དང༌། གོང་གི་རྟགས་གཉིས་པ་མ་གྲུབ་ཟེར་ན། དེ་གྲུབ་པར་ཐལ། གཞི་ལ་སྦྱར་རྒྱུ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། གཞན་ལ་རིགས་འགྲེ། ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན་བུམ་པའི་ལྡོག་པ་དུ་མ་མེད་པར་ཐལ། བུམ་པ་དང་ཐ་དད་ལས་ལོག་པའི་ཆོས་དུ་མ་མེད་པའི་ཕྱིར། འདོད་ན། བུམ་པ་དེ་རང་གི་ཕྱོགས་ཆ་ཡིན་པའི་ཆ་དེ་བུམ་པའི་ལྡོག་པ་མ་ཡིན་པར་ཐལ། ཅིའི་ཕྱིར་ཟེར་ན། དེ་མ་ཡིན་པར་ཐལ། བུམ་པ་དེ་རང་གི་ཕྱོགས་ཆ་ཡིན་པའི་ཆ་དེ་བུམ་པ་དང་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་གཉིས་མིང་སོ་སོ་ལ་བརྟེན་ནས་དོན་སྤྱི་སོ་སོར་འཆར་དུ་རུང་བ་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། དྲུག་པ་གཅིག་དང་ཐ་དད་ལ་མཚན་ཉིད་རིམ་པ་ལྟར། ཆོས་གང་མིང་གཅིག་ལ་བརྟེན་ནས་དོན་སྤྱི་གཅིག་ཏུ་འཆར་དུ་རུང་བ་དང༌། མིང་སོ་སོ་ལ་བརྟེན་ནས་དོན་སྤྱི་སོ་སོར་འཆར་དུ་རུང་བའོ། །ཞེས་གསུངས་པའི་ཕྱིར། འདོད་ན། བུམ་པ་དེ་རང་གི་ཕྱོགས་ཆ་ཡིན་པའི་ཆ་དེ་བུམ་པའི་ལྡོག་པ་མ་ཡིན་པར་ཐལ། དེ་བུམ་པ་དང་ཐ་དད་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། འོ་ན་ཆོས་དེ་དང་ཐ་དད་ཡིན་ན་ཆོས་དེའི་ལྡོག་པ་མ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་གཞི་གྲུབ་ན་ཁྱོད་ཀྱི་ལྡོག་པ་དུ་མ་མེད་པས་ཁྱབ་ཟེར་ན། ཁྱོད་ཆོས་ཅན། ཁྱོད་ཀྱི་ལྡོག་པ་དུ་མ་མེད་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། ཁྱོད་ཀྱི་ལྡོག་པ་དུ་མ་ཡོད་པར་ཐལ། བུམ་པ་བུམ་པ་དེ་ཡང་དེ་ཡིན་ཀ་བ་ཀ་བ་དེ་ཡང་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དང་པོ་དེ་ཡིན་པ་གང་ཞིག ཕྱི་མ་ཡང་དེ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། བུམ་པ་བུམ་པ་ཆོས་ཅན། ཁྱོད་ཀྱི་ལྡོག་པ་མ་ཡིན་པར་ཐལ། རྟགས་དང་པོ་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། འདོད་ལན་ཐོབ། བུམ་པ་བུམ་པའི་ལྡོག་པ་མ་ཡིན་པར་འདོད་ཟེར་ན། འོ་ན་བུམ་པའི་ལྡོག་པ་མེད་པར་ཐལ། བུམ་པ་དེ་མ་ཡིན་པ་གང་ཞིག དེ་ལས་གཞན་མེད་པའི་ཕྱིར། རྟགས་ཕྱི་མ་སླ། དང་པོ་མ་གྲུབ་ན། བུམ་པ་བུམ་པ་ཆོས་ཅན། ཁྱོད་ཀྱི་ལྡོག་པ་ཡིན་པར་ཐལ། འདོད་ན། འོ་ན་ཁྱོད་ཀྱི་ལྡོག་པ་དུ་མ་ཡོད་པར་ཐལ། བུམ་པ་བུམ་པ་དེ་ཡིན་པ་གང་ཞིག ཀ་བ་ཀ་བ་དེ་ཡང་དེ་ཡིན་པའི་ཕྱིར། རྟགས་དང་པོ་ཁས། རྟགས་ཕྱི་མ་སྒྲུབ་ཚུལ་རིགས་པ་སྔ་མ་དང་འདྲ། འདོད་ན། ཁྱོད་ཀྱི་ལྡོག་པ་དུ་མ་ཡོད་པར་ཐལ། འདོད་ན། ཁྱོད་ཀྱི་ལྡོག་པ་དུ་མ་མེད་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ལ་ཁྱབ་པ་ཡོད་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། འདོད་མི་ནུས་ཏེ། བདག་མེད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། ཁྱོད་ཀྱི་ལྡོག་པ་དུ་མ་ཡོད་མེད་རྩོད་སྐབས་སུ་རྩོད་གཞི་བླངས་མ་བླངས་ཀྱིས་ཁྱད་ཡོད་མེད་དཔྱད་དོ། །ཡང་རང་མ་ཡིན་པ་ལས་ལོག་པར་གནས་པ་དེ་ལྡོག་པའི་མཚན་ཉིད་དུ་བཞག་པ་ལ་ཀ་བུམ་གཉིས་ཆོས་ཅན། རང་མ་ཡིན་པ་ལས་ལོག་པར་གནས་པ་ཡིན་པར་ཐལ། ལྡོག་པ་ཡིན་པའི་ཕྱིར། མ་གྲུབ་ན། ཀ་བུམ་གཉིས་ཆོས་ཅན། ལྡོག་པ་ཡིན་པར་ཐལ། གཞན་སེལ་ཡིན་པའི་ཕྱིར། མ་གྲུབ་ན། ཀ་བུམ་གཉིས་ཆོས་ཅན། གཞན་སེལ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། མ་ཁྱབ་ན། དེ་ལ་ཁྱབ་པར་ཐལ། དེ་གཉིས་དོན་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། དེ་དང་ཁྱབ་མཉམ་དོན་གཅིག་པ་ནི་ཡུལ་དང་གཞལ་བྱ་བདག་མེད་དང༌། །གཞི་གྲུབ་གཞན་སེལ་ཡོད་པ་སོགས། །ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན་དེ་གཉིས་དོན་གཅིག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཀ་བུམ་གཉིས་ཆོས་ཅན། གཞན་སེལ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། ཀ་བུམ་གཉིས་ཆོས་ཅན། ལྡོག་པ་ཡིན་པར་ཐལ། གཞན་སེལ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། དེ་ཁྱབ་པར་ཐལ། དེ་གཉིས་དོན་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། དེ་དང་གཞན་སེལ་དོན་གཅིག་གོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཀ་བུམ་གཉིས་ཆོས་ཅན། ལྡོག་པ་ཡིན་པར་ཐལ། གཞན་སེལ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། ཀ་བུམ་གཉིས་ཆོས་ཅན། རང་མ་ཡིན་པ་ལས་ལོག་པར་གནས་པ་ཡིན་པར་ཐལ། ལྡོག་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཀ་བུམ་གཉིས་ཀ་བུམ་གཉིས་ཡིན་པར་ཐལ། ཀ་བུམ་གཉིས་ཀ་བུམ་གཉིས་མ་ཡིན་པ་ལས་ལོག་པར་གནས་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཀ་བུམ་གཉིས་ཆོས་ཅན། ཀ་བུམ་གཉིས་མ་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། ཀ་བུམ་གཉིས་ཀ་བུམ་གཉིས་ཡིན་པའི་ཕྱིར། མ་གྲུབ་ན། ཀ་བུམ་གཉིས་ཆོས་ཅན། རང་ཡིན་པར་ཐལ། རང་མ་ཡིན་པ་ལས་ལོག་པར་གནས་པ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། དེ་ལ་ཁྱབ་པར་ཐལ། རང་མ་ཡིན་པ་ལས་ལོག་པར་གནས་པ་ཡིན་པ་ལ་རང་ཡིན་དགོས་པའི་ཕྱིར། མ་གྲུབ་ན། དེ་དགོས་པར་ཐལ། ཆོས་དེ་མ་ཡིན་པ་ལས་ལོག་པར་གནས་པ་ཡིན་པ་ལ་ཆོས་དེ་ཡིན་དགོས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

ལྔ་བ་གཅིག་དང་ཐ་དད་གྱི་དོགས་པ་འགོད་པ།

ལྔ་བ་གཅིག་དང་ཐ་དད་གྱི་དོགས་པ་འགོད་པ་ལ།

དངོས་པོ་ཡིན་པ་ཐལ། རྫས་མ་ཡིན་ན་རྫས་གཅིག་མ་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། རྗས་མ་ཡིན་ན་རྫས་གཅིག་མ་ཡིན་པས་ཁྱབ་པར་ཐལ། ཁྱད་མེད་ཀྱི་ལན་འཐད་པའྀ་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། རྫས་གཅིག་མ་ཡིན་པར་ཐལ། རྫས་མ་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། རྫས་གཅིག་ཡིན་པར་ཐལ། རང་མངོན་སུམ་དུ་མཐོང་བའི་མངོན་སུམ་དེ་ལ་ཐ་དད་དུ་མི་སྣང་བ་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། རང་མངོན་སུམ་དུ་མཐོང་བའི་མངོན་སུམ་དེ་ལ་ཐ་དད་དུ་མི་སྣང་བ་དེ་རྫས་གཅིག་ཡིན་པར་འཇོག་བྱེད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རང་མངོན་སུམ་དུ་མཐོང་བའི་མངོན་སུམ་དེ་ལ་ཐ་དད་དུ་མི་སྣང་བ་དེ་རྫས་གཅིག་ཡིན་པར་འཇོག་བྱེད་དུ་རྣམ་འགྲེལ་ལས་གསུངས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། རྫས་གཅིག་ཡིན་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། རྫས་གཅིག་མ་ཡིན་པར་ཐལ། བཏགས་ཡོད་འབའ་ཞིག་པ་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །རིགས་གཅིག་ཡིན་ན་བདག་ཉིད་གཅིག་ཡིན་པས་མ་ཁྱབ་པ་བྱས་པ་ལ་ཁོ་ན་རེ། དེ་ཁྱབ་པར་ཐལ། དེ་ལ་མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར། མ་གྲུབ་ན། བ་ལང་དཀར་ཟལ་དང་བ་ལང་ནག་རྒུར་གཉིས་ཆོས་ཅན་ཟེར་ན། དེ་གཉིས་ཆོས་ཅན། རིགས་གཅིག་ཡིན་པར་ཐལ། རིགས་གཅིག་ཡིན་ན་བདག་ཉིད་གཅིག་ཡིན་པས་མ་ཁྱབ་པའི་སྐྱོན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བ་ལང་དཀར་ཟལ་དང་བ་ལང་ནག་རྒུར་གཉིས་ཆོས་ཅན། རིགས་གཅིག་མ་ཡིན་པར་ཐལ། ལྡོག་པ་རིགས་གཅིག་མ་ཡིན་པ་གང་ཞིག རྫས་རིགས་གཅིག་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ། བ་ལང་དཀར་ཟལ་དང་ནག་རྒུར་གཉིས་ཆོས་ཅན། ལྡོག་པ་རིགས་གཅིག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་གཉིས་ཆོས་ཅན། ལྡོག་པ་རིགས་གཅིག་མ་ཡིན་པར་ཐལ། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་མ་ཡིན་པ་གང་ཞིག དགག་པར་གྱུར་བའི་ལྡོག་པ་རིགས་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ན། དེ་གཉིས་ཆོས་ཅན། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པར་ཐལ། རྟགས་དང་པོ་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། འོ་ན། བ་ལང་ཡིན་པར་རིགས་གཅིག་ཡིན་ན་རིགས་གཅིག་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བདག་མེད་དུ་གྱུར་བའི་བ་ལང་དཀར་ཟལ་དང་བདག་མེད་དུ་གྱུར་བའི་བ་ལང་ནག་རྒུར་གཉིས་ཆོས་ཅན། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པར་ཐལ། གང་ཟག་གང་དང་གང་གིས་ཡིད་གཏད་པས་མཐོང་ཙམ་ཉིད་ནས་འདི་དང་འདི་འདྲའོ་སྙམ་པའི་བློ་ངང་གིས་སྐྱེད་ནུས་པའི་ཆོས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བདག་མེད་དུ་གྱུར་བའི་བ་ལང་དཀར་ཟལ་དང་བདག་མེད་དུ་གྱུར་བའི་བ་ལང་ནག་རྒུར་གཉིས་ཆོས་ཅན། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་མ་ཡིན་པར་ཐལ། སྒྲུབ་པ་མ་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པ་ཡོད་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་མ་ཡིན་པར་ཐལ། སྒྲུབ་པ་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲུབ་པ་མ་ཡིན་ན་སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་མ་ཡིན་པས་ཁྱབ་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། བདག་མེད་དུ་གྱུར་བའི་བ་ལང་དཀར་ཟལ་དང་བདག་མེད་དུ་གྱུར་བའི་བ་ལང་ནག་རྒུར་གཉིས་ཆོས་ཅན། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་མ་ཡིན་པར་ཐལ། སྒྲུབ་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སྒྲུབ་པ་མ་ཡིན་པར་ཐལ། དགག་པ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་སྟེ། དགག་པ་དང་སྒྲུབ་པ་གཉིས་འགལ་བའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ལྟར་འགལ་བ་དེ་ཡང་རིགས་པའི་དབང་ཕྱུགས་དཔལ་ཆོས་གྲགས་ཀྱི་རྣམ་ངེས་རང་འགྲེལ་ལས། དགག་པ་སྒྲུབ་པ་མི་སྲིད་པའི་ཕྱིར། ཞེས་དང༌། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། བྱས་པ་ཆོས་ཅན།སྒྲུབ་པ་མ་ཡིན་པར་ཐལ། དགག་པ་ཡིན་ཕྱིར། ཞེས་དང། བསྡུས་གྲྭའི་སྤྱི་དོན་༤༡ལས། བུམ་པ་མ་ཡིན་པ་ལས་ལོག་པའི་བུམ་པ་ལ་སོགས་པ་དངོས་པོ་ཡིན་ཡང་སྒྲུབ་པ་མ་ཡིན་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། དེ་དག་དགག་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། དགག་པ་དང་སྒྲུབ་པ་གཉིས་འགལ་བ་ཡིན་པར་ཐལ། ལུང་དེའི་དོན་འཐད་པའི་ཕྱིར། འདོད་ན། བདག་མེད་དུ་གྱུར་བའི་བ་ལང་དཀར་ཟལ་དང་བདག་མེད་དུ་གྱུར་བའི་བ་ལང་ནག་རྒུར་གཉིས་ཆོས་ཅན། སྒྲུབ་པ་མ་ཡིན་པར་ཐལ། དགག་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་མ་ཡིན་པར་ཐལ། སྒྲུབ་པ་མ་ཡིན་པའི་ཕྱིར། འདོད་ན། བདག་མེད་དུ་གྱུར་བའི་བ་ལང་དཀར་ཟལ་དང་བདག་མེད་གྱུར་བའི་བ་ལང་ནག་རྒུར་གཉིས་ཆོས་ཅན། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པར་ཐལ། གང་ཟག་གང་དང་གང་གིས་ཡིད་གཏད་པས་མཐོང་ཙམ་ཉིད་ནས་འདི་དང་འདི་འདྲའོ་སྙམ་པའི་བློ་ངང་གིས་སྐྱེད་ནུས་པའི་ཆོས་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་གཉིས་ཆོས་ཅན། གང་ཟག་གང་དང་གང་གིས་ཡིད་གཏད་པས་མཐོང་ཙམ་ཉིད་ནས་འདི་དང་འདི་འདྲའོ་སྙམ་པའི་བློ་ངང་གི་སྐྱེད་ནུས་པ་ཡིན་པར་ཐལ། དེ་གཉིས་བ་ལང་ཡིན་པར་རིགས་འདྲ་བ་ཡིན་པའི་ཕྱིར། ཁྱབ་སྟེ། བ་ལང་དཀར་ཟལ་དང་བ་ལང་ནག་རྒུར་གཉིས་གང་ཟག་གང་དང་གང་གིས་ཡིད་གཏད་པས་མཐོང་ཙམ་ཉིད་ནས་འདི་དང་འདི་འདྲའོ་སྙམ་པའི་བློ་ངང་གིས་བསྐྱེད་ནུས་པའི་ཆོས་ཡིན་པའི་རྒྱུ་མཚན་དེ་གཉིས་བ་ལང་ཡིན་པར་རིགས་འདྲ་བའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཤེས་བྱར་རིགས་གཅིག་ཡིན་ན་རིགས་གཅིག་ཡིན་པས་མ་ཁྱབ་པར་ཐལ། འདོད་ན། དེ་ཁྱབ་པར་ཐལ། མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར། མ་གྲུབ་ན། ཞོག རྟ་དང་བ་ལང་གཉིས་ཆོས་ཅན་ཟེར་ན། རྟ་དང་བ་ལང་གཉིས་ཆོས་ཅན། རིགས་གཅིག་མ་ཡིན་པར་ཐལ། འདོད་ན། དེ་ཆོས་ཅན། རིགས་གཅིག་ཡིན་པར་ཐལ། དངོས་པོ་ཡིན་པར་རིགས་གཅིག་ཡིན་པ་གང་ཞིག དངོས་པོ་ཡིན་པར་རིགས་གཅིག་ཡིན་ན་རིགས་གཅིག་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་བོ་གྲུབ་པ་གང་ཞིག གཉིས་པ་གྲུབ་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ཟེར་ན། དེ་གྲུབ་༼ཀ༽པར་ཐལ། བ་ལང་ཡིན་པར་རིགས་གཅིག་ཡིན་ན་རིགས་གཅིག་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། བ་ལང་དཀར་ཟལ་དང་བ་ལང་ནག་རྒུར་གཉིས་རིགས་གཅིག་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། ཚད་མས་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་༤༧མུན་སེལ་ལས། བ་ལང་དཀར་ཟལ་དང་ནག་རྒུར་གཉིས་ཆོས་ཅན། བདག་ཉིད་གཅིག་ཡིན་པར་ཐལ། རིགས་གཅིག་ཡིན་པའི་ཕྱིར། ཞེས་དང༌། བསྡུས་གྲྭའི་སྤྱི་དོན་༥༣༡ལས། གསུམ་པ་ནི། ཤར་གྱི་མི་དང་ལྷའི་མི་གཉིས་དང་བ་ལང་དཀར་ཟལ་དང་ནག་རྒུར་གཉིས་ལྟ་བུའོ། །ཞེས་སོ། །འདོད་ན། འོ་ན། བ་ལང་ཡིན་པར་རིགས་གཅིག་ཡིན་ན་རིགས་གཅིག་ཡིན་པས་ཁྱབ་པར་ཐལ། བ་ལང་དཀར་ཟལ་དང་ནག་རྒུར་གཉིས་རིགས་གཅིག་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། རིགས་པ་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར། འདོད་ན། དངོས་པོ་ཡིན་པར་རིགས་གཅིག་ཡིན་ན་རིགས་གཅིག་ཡིན་པས་ཁྱབ་པར་ཐལ། བ་ལང་ཡིན་པར་རིགས་གཅིག་ཡིན་ན་རིགས་གཅིག་ཡིན་པས་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་སྟེ། རིགས་པ་མཚུངས་པའི་ཕྱིར་ཟེར་ན་དཔྱད། ༼ཁ༽ཡང་དངོས་པོ་ཡིན་པར་རིགས་གཅིག་ཡིན་ན་རིགས་གཅིག་ཡིན་པས་མ་ཁྱབ་པར་ཐལ། འདོད་ན།བུམ་པ་དེ་སྒྲ་དང་རིགས་གཅིག་མ་ཡིན་པར་ཐལ། འདོད་ན། དེ་ཡིན་པར་ཐལ། ཚད་མ་རྣམ་འགྲེལ་ལས། གང་ཕྱིར་དངོས་ཀུན་རང་བཞིན་གྱི། །རང་རང་ངོ་བོ་ལ་གནས་ཕྱིར། །ཐུན་དངོས་གཞན་གྱི་དངོས་དག་ལ། །ལྡོག་པ་ལ་ནི་རྟེན་པ་ཅན། །ཞེས་དང༌། དེའི་འགྲེལ་བ་རིན་ཆེན་ཕྲེང་བ་༡༩ལས། དངོས་པོ་ཀུན་གྱི་ནང་ནས་སྒྲ་རང་མཚན་པ་གཅིག་ཆོས་ཅན། བུམ་སོགས་རིགས་མཐུན་དང༌། གཞན་དངོས་རིགས་མི་མཐུན་རྟག་པ་སོགས་ལས་ལྡོག་པ་དང་ལྡན་ཏེ། གང་ཕྱིར་ན་རང་བཞིན་གྱིས་རང་རང་ངོ་བོ་ལ་གནས་པ་སྟེ་རང་ཉིད་སྙན་བྱར་གནས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། །མ་ཁྱབ་ཟེར་ན། དངོས་པོ་ཡིན་པར་རིགས་གཅིག་ཙམ་བསྟན་ཟེར་ན། འོ་ན་སློབ་དཔོན་ཆོས་གྲགས་ཀྱིས་རྣམ་འགྲེལ་སྐབས་སུ་རིགས་གཅིག་མ་བསྟན་པར་ཐལ། ཅིའི་ཕྱིར། དེ་བསྟན་ན་དེ་བསྟན་བྱེད་ཀྱི་ཚིག་དེ་འདྲའི་ཚིག་ལས་གཞན་འཇོག་རྒྱུ་མེད་པའི་ཕྱིར། དེ་ཡིན་ཟེར་ན། འོ་ན་དངོས་པོ་ཡིན་པར་རིགས་གཅིག་ཡིན་ན་རིགས་གཅིག་ཡིན་པས་ཁྱབ་པར་ཐལ། ལུང་དེའི་དོན་འཐད་པའི་ཕྱིར། འདོད་ན། རྟ་དང་བ་ལང་གཉིས་ཆོས་ཅན། རིགས་གཅིག་ཡིན་པར་ཐལ། དངོས་པོ་ཡིན་པར་རིགས་གཅིག་པའི་ཕྱིར། འདོད་ན། དེ་མ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་༤༧ལས། ཤེས་བྱར་རིགས་གཅིག་ཡིན་ན་རིགས་གཅིག་ཡིན་པས་ཁྱབ་ཟེར་ན། རྟ་དང་བ་ལང་གཉིས་ཆོས་ཅན། ཞེས་གསུངས་སོ། །འདོད་ན། ཤེས་བྱར་རིགས་གཅིག་ཡིན་ན་རིགས་གཅིག་ཡིན་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཁྱབ་པར་ཐལ། མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་འོ་ན་གང་ཟག་གང་དང་གང་གིས་ཡིད་གཏད་པས་མཐོང་ཙམ་ཉིད་ནས་འདི་དང་འདི་འདྲའཽ་སྙམ་པའི་བློ་ངང་གིས་བསྐྱེད་ནུས་པའི་ཆོས་ཡིན་ན་སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པས་ཁྱབ་པར་ཐལ། འདོད་ན། ༼ཀ༽ཁ་དོག་སོགས་རྣམ་པ་ཀུན་ནས་མཚུངས་པའི་རྒྱ་བོད་གཉིས་ཆོས་ཅན། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པར་ཐལ། གང་ཟག་གང་དང་གང་གིས་ཡིད་གཏད་པས་མཐོང་ཙམ་ཉིད་ནས་འདི་དང་འདི་འདྲའོ་སྙམ་པའི་བློ་ངང་གིས་བསྐྱེད་ནུས་པའི་ཆོས་ཡིན་པའི་ཕྱིར། འདོད་ན། དེ་གཉིས་ཆོས་ཅན། རིགས་གཅིག་ཡིན་པར་ཐལ། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པའི་ཕྱིར། འདོད་ན། དེ་གཉིས་ཆོས་ཅན། རིགས་གཅིག་མ་ཡིན་པར་ཐལ། གཅིག་བོད་རིགས་དང་གཅིག་རྒྱ་རིགས་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །གཞན་ཡང་དགག་བྱ་རིགས་གཅིག་བཀག་པའི་ཐ་དད་པའི་དགག་པ་དེ་ཡིན་ན་དགག་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པས་ཁྱབ་ཟེར་ན། ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་དང་མཆོད་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་གཉིས་ཆོས་ཅན། དགག་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པར་ཐལ། དགག་བྱ་རིགས་གཅིག་བཀག་པའི་ཐ་དད་པའི་དགག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་གཉིས་ཆཽས་ཅན། དགག་བྱ་རིགས་གཅིག་བཀག་པའི་ཐ་དད་པའི་དགག་པ་ཡིན་པར་ཐལ། རང་གི་དགག་བྱ་ཉིན་པར་ཟས་ཟ་བ་བཀག་པའི་ཐ་དད་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རང་གི་དགག་བྱ་ཉིན་པར་ཟས་ཟ་བ་བཀག་པ་གང་ཞིག ཐ་དད་པའི་དགག་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་བོ་གྲུབ་བ་གང་ཞིག གཉིས་པ་གྲུབ་པའི་ཕྱིར། དང་བོ་མ་གྲུབ་ན། དེར་ཐལ། རང་གི་དགག་བྱ་ཡོད་པ་གང་ཞིགཉིན་པར་ཟས་ཟ་བ་མི་འཇོག་ན་གཞན་འཇོག་རྒྱུ་མེད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་དགག་བྱ་ཉིན་པར་ཟས་ཟ་བ་བཀག་པའི་རིགས་གཅིག་ཡིན་པར་ཐལ། འདོད་ན། དེ་ཆོས་ཅན། རང་གི་དགག་བྱ་རིགས་གཅིག་བཀག་པའི་ཐ་དད་པའི་དགག་པ་དེ་ཡིན་པར་ཐལ། ཐ་དད་གང་ཞིག དགག་བྱ་རིགས་གཅིག་བཀག་པ་དེ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དགག་བྱ་རིགས་གཅིག་ཡིན་པར་ཐལ། རང་གི་དགག་བྱ་རིགས་གཅིག་བཀག་པའི་ཐ་དད་པའི་དགག་པ་དེ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དགག་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པར་ཐལ། དགག་བྱ་རིགས་གཅིག་བཀག་པའི་ཐ་དད་པའི་དགག་པ་དེ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་དགག་བྱ་རིགས་གཅིག་བཀག་ཙམ་གྱི་མེད་དགག་ཡིན་པར་ཐལ། དགག་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་༥༣༢མེ་ལས། དགག་བྱ་རིགས་གཅིག་བཀག་པའི་མེད་དགག་དེ་དགག་པར་གྱུར་བའི་ལྡོག་པ་རིགས་གཅིག་གི་མཚན་ཉིད། ཅེས་གསུངས་བའི་ཕྱིར། འདོད་ན། དགག་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་ན་དགག་བྱ་རིགས་གཅིག་བཀག་པའི་མེད་དགག་ཡིན་པས་ཁྱབ་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། དགག་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་ན་མེད་དགག་ཡིན་པས་ཁྱབ་པར་ཐལ། དེ་ཡིན་ན་དགག་བྱ་རིགས་གཅིག་བཀག་པའི་མེད་དགག་ཡིན་དགོས་པའི་ཕྱིར། འདོད་ན། ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་དང་མཆོད་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་གཉིས་ཆོས་ཅན། དགག་པར་གྱུར་བའི་ལྡོག་པ་རིགས་གཅིག་མ་ཡིན་པར་ཐལ། མེད་དགག་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་གཉིས་ཆོས་ཅན། མེད་དགག་མ་ཡིན་པར་ཐལ། མ་ཡིན་དགག་ཡིན་པའི་ཕྱིར། མ་གྲུབ་ཟེར་ན། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་༡༧༨ལས། དེ་དག་ལས་དང་བོ་བཞི་མ་ཡིན་དགག་དང་ཕྱི་མ་མེད་དགག་ཏུ་འཇོག་དགོས་པ་དེ་ཡིན་པའི་ཕྱིར། ཞེས་དང༌། སྤྱི་དོན་༤༩༨ལས། གཉིས་པ་མ་ཡིན་དགག་དབྱེ་བ་ལ་རང་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དགག་པའི་ཤུལ་དུ་ཆོས་གཞན་མ་ཡིན་དགག་དང༌། ཞེས་པ་ནས་དང་བོ་ནི་ཡོད་དེ། ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་དེ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་དང་མཆོད་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་གཉིས་ཆོས་ཅན། མ་ཡིན་དགག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་དང་མཆོད་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་གཉིས་ཆོས་ཅན། མེད་དགག་མ་ཡིན་པར་ཐལ། མ་ཡིན་དགག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དགག་པར་གྱུར་བའི་ལྡོག་པ་རིགས་གཅིག་མ་ཡིན་པར་ཐལ། མེད་དགག་མ་ཡིན་པའི་ཕྱིར། འདོད་ན། ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་དང་མཆོད་སྦྱིན་ཚོན་པོ་ཉིན་པར་ཟས་མི་བ་གཉིས་ཆོས་ཅན། དགག་པར་གྱུར་པའི་ལྡོག་པའི་རིགས་གཅིག་ཡིན་པར་ཐལ། དགག་བྱ་རིགས་གཅིག་བཀག་པའི་ཐ་དད་པའི་དགག་པ་དེ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་༥༡ལས། དགག་པར་གྱུར་བའི་ལྡོག་པ་རིགས་གཅིག་གི་མཚན་ཉིད་ཡོད་དེ། དགག་བྱ་རིགས་གཅིག་བཀག་པའི་ཐ་དད་པའི་དགག་པ་དེ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་མ་ཡིན་པར་ཐལ། སྒྲུབ་པ་མ་ཡིན་པའི་ཕྱིར། ཞེས་པའི་ལུང་གི་དོན་ཡོད་པར་ཐལ། ཡོད་པའི་ཕྱིར། གཞུང་དང་ས་བཅད་སོགས་འདྲི། འོ་ན་སྒྲུབ་པ་མ་ཡིན་ན་སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་མ་ཡིན་པས་ཁྱབ་པར་ཐལ། འདོད་ན། བུམ་པ་མི་རྟག་པ་དང་ཀ་བ་མི་རྟག་པ་གཉིས་ཆོས་ཅན། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་མ་ཡིན་པར་ཐལ། སྒྲུབ་པ་མ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ལྡོག་པ་རིགས་གཅིག་མ་ཡིན་པར་ཐལ། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་མ་ཡིན་པ་གང་ཞིགདགག་པར་གྱུར་བའི་ལྡོག་པ་རིགས་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ཟེར་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་བ་གང་ཞིགཕྱི་མ་གྲུབ་པའི་ཕྱིར། རྟགས་དང་བོ་ཁས། ཕྱི་མ་མ་གྲུབ་ཟེར་ན། དེ་ཆོས་ཅན། དགག་པར་གྱུར་བའི་ལྡོག་པ་རིགས་གཅིག་མ་ཡིན་པར་ཐལ། དགག་བྱ་རིགས་གཅིག་བཀག་པའི་ཐ་དད་པའི་དགག་པ་དེ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དགག་བྱ་རིགས་གཅིག་བཀག་པའི་ཐ་དད་པའི་དགག་པ་དེ་མ་ཡིན་པར་ཐལ། དགག་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དགག་པ་མ་ཡིན་པར་ཐལ། སྒྲུབ་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེ་ཡིན་པར་ཐལ། རྟགས་རིགས་ལེགས་བཤད་དྲི་མ་མེད་པའི་འོད་༡༧ལས། དགག་རྟགས་ཡང་དག་གི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་གཟུང་དགོས་བར་གསུངས་བ་སྒྲུབ་རྟགས་དག་གི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་སྒྲུབ་པ་གཟུང་དགོས་པ་དང་བསྟུན་ནས་རེ་ཞིག་རྟགས་ཕྱི་མ་མ་གྲུབ། ཅེས་སོ། །འདོད་ན། དེ་ཆོས་ཅན། དགག་པ་མ་ཡིན་པར་ཐལ། སྒྲུབ་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དགག་བྱ་རིགས་གཅིག་བཀག་པའི་ཐ་དད་པའི་དགག་པ་དེ་མ་ཡིན་པར་ཐལ། དགག་པ་མ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ལྡོག་པ་རིགས་གཅིག་མ་ཡིན་པར་ཐལ། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་མ་ཡིན་པ་གང་ཞིག དགག་པར་གྱུར་བའི་ལྡོག་པ་རིགས་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ཟེར་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་བ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། རྟགས་རེ་རེ་ནས་ཁས། ལྡོག་པ་རིགས་གཅིག་མ་ཡིན་པར་འདོད་ཟེར་ན། དེ་ཆོས་ཅན། དེ་ཡིན་པར་ཐལ། དགག་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པའི་ཕྱིར། མ་གྲུབ་ཟེར་ན། དེ་ཆོས་ཅན། དེར་ཐལ། དགག་བྱ་རིགས་གཅིག་བཀག་པའི་ཐ་དད་པའི་དགག་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རང་གི་དགག་བྱ་རྟག་པ་རྣམ་པར་བཅད་པའི་ཐ་དད་པའི་དགག་པ་དེ་ཡིན་པའི་ཕྱིར། མ་གྲུབ་ཟེར་ན། དེ་ཆོས་ཅན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་ཤཱཀྱ་བློས་མཛད་པའི་རྣམ་འགྲེལ་འགྲེལ་བཤད་ལས། མི་རྟག་པ་ནི་རྟག་པ་རྣམ་པར་བཅད་པའི་དགག་པའོ། །ཞེས་དང། བསྡུས་གྲྭའི་སྤྱི་དོན་ལས། མི་རྟག་པ་ལྟ་བུའི་རང་གི་དངོས་མིང་གི་ཐོག་མར་དགག་ཚིག་སྦྱར་བའི་དགག་པའང་ཡོད། ཅེས་དང༌། དབུས་མཐའ་རྣམ་འབྱེད་ལས། མི་རྟག་དོན་ནི་མེད་དོན་དང༌། །ཞེས་དང༌། མངོན་པ་ཀུན་བཏུས་ས་འགྲེལ་༣༥༦ལས། མི་རྟག་པའི་མི་ཞེས་པ་དགག་ཚིག་ཡིན་ལ། རྟག་པ་ཞེས་པ་དུས་ཐམས་ཅད་པ་ཡིན་པས། རྟག་ཏུ་མེད་པ་ཞེས་བྱ་བའི་དོན་དོན་ཏེ། ཞེས་དང༌། མདོ་སྡེ་རྒྱན་ས་འགྲེལ་༤༤༩ལས། མི་རྟག་པའི་དོན་ནི། ཨ་ནི་ཏྱ་ཞེས་པའི་ཨ་མེད་པ་དང༌། ནི་ཏྱ་རྟག་པ་ཡིན་པས་རྟག་པ་མེད་པ་ཞེས་བྱ་བའི་དོན་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། དགག་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པར་ཐལ། རང་གི་དགག་བྱ་རྟག་པ་རྣམ་པར་བཅད་པའི་ཐ་དད་པའི་དགག་པ་དེ་ཡིན་པའི་ཕྱིར། འདོད་ན། ལྡོག་པ་རིགས་གཅིག་ཡིན་པར་ཐལ། དགག་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པའི་ཕྱིར། འདོད་ན། དེ་མ་ཡིན་པར་གོང་དུ་བསྒྲུབས་ཟིན་པའི་ཕྱིར་ན་དཔྱད་དོ། །ཡང་སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་ན་སྒྲུབ་པ་ཡིན་དགོས་པར་ཐལ། འདོད་ན། རྣམ་མཁྱེན་དུ་གྱུར་བའི་ཡོད་པ་ཡིན་པ་ལ་རྣམ་མཁྱེན་ཡིན་དགོས་པར་ཐལ། འདོད་ན། རྣམ་མཁྱེན་དུ་གྱུར་བའི་གཞལ་བྱ་ཡིན་པ་ལ་རྣམ་མཁྱེན་ཡིན་དགོས་པར་ཐལ། འདོད་ན། རྣམ་མཁྱེན་དུ་གྱུར་བའི་རྣམ་མཁྱེན་གྱི་གཞལ་བྱ་ཡིན་པ་ལ་རྣམ་མཁྱེན་དང་གཅིག་ཡིན་དགོས་པར་ཐལ། འདོད་ན། ཤེས་པར་གྱུར་བའི་ཚད་མས་གཟུང་བྱ་ཡིན་ན་ཤེས་པ་ཡིན་དགོས་པར་ཐལ། འདོད་ན། བུམ་པ་ཆོས་ཅན། ཤེས་པ་ཡིན་པར་ཐལ། ཤེས་པར་གྱུར་བའི་ཚད་མས་གཟུང་བྱ་ཡིན་པའི་ཕྱིར། མ་གྲུབ་ཟེར་ན། དེ་ཆོས་ཅན། དེར་ཐལ། ཤེས་པར་གྱུར་བའི་མིག་ཤེས་ཀྱིས་གཟུང་བྱ་ཡིན་པའི་ཕྱིར། མ་གྲུབ་ཟེར་ན། དེ་ཆོས་ཅན། དེར་ཐལ། མིག་ཤེས་ཀྱིས་གཟུང་བྱ་ཡིན་པའི་ཕྱིར། མ་གྲུབ་ཟེར་ན། དེ་ཆོས་ཅན། དེར་ཐལ། འབའ་མདའ་བླ་མའི་སྤྱི་དོན་ལས། བུམ་འཛིན་མིག་ཤེས། ཞེས་དང༌། ཆོས་གྲགས་ཀྱིས་མཛད་པའི་རྣམ་ངེས་རང་འགྲེལ་ལས། མིག་གིས་གཟུང་བ་ཡིན་པའི་ཕྱིར་ཞེས་བྱ་ལ་སོགས་པ་སྤངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཤེས་པར་གྱུར་བའི་མིག་ཤེས་ཀྱིས་གཟུང་བྱ་ཡིན་པར་ཐལ། མིག་ཤེས་ཀྱིས་གཟུང་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། མིག་ཤེས་ཡིན་ན་ཤེས་པར་གྱུར་བ་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། ཤེས་པར་གྱུར་བའི་ཚད་མས་གཟུང་བྱ་ཡིན་པར་ཐལ། ཤེས་པར་གྱུར་བའི་མིག་ཤེས་ཀྱིས་གཟུང་བྱ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཤེས་པ་ཡིན་པར་ཐལ། ཤེས་པར་གྱུར་བའི་མིག་ཤེས་ཀྱིས་གཟུང་བྱ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་སྟེ། གཟུགས་སུ་གྱུར་པའི་ཤེས་པས་གཟུང་བྱ་ཡིན་ན་གཟུགས་ཡིན་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པ་ལ་སྒྲུབ་པ་ཡིན་དགོས་བའི་རྒྱུ་མཚན་ཡོད་པའི་ཕྱིར། ཁྱབ་སྟེ། རིགས་པ་མཚུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་གྲུབ་བདེ་གཅིག་ཡིན་ན་གྲུབ་བདེ་རྫས་གཅིག་ཡིན་པས་མ་ཁྱབ་ཟེར་ན། དེ་ཁྱབ་པའི་ཕྱིར་ཏེ། དེ་ལ་མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར། མ་གྲུབ་ན། ཞོག བུ་རམ་གྱི་དྲི་རོ་གཉིས་ཆོས་ཅན་ཟེར་ན། འོ་ན། བུ་རམ་གྱི་དྲི་རོ་གཉིས་ཆོས་ཅན། གྲུབ་བདེ་གཅིག་ཡིན་པར་ཐལ། གྲུབ་བདེ་གཅིག་ཡིན་ན་གྲུབ་བདེ་རྫས་གཅིག་ཡིན་པས་མ་ཁྱབ་པའི་སྐྱོན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། གྲུབ་པ་དུས་མཉམ་གནས་པ་དུས་མཉམ་ལྡོག་པ་དུས་མཉམ་ཡིན་པར་ཐལ། གྲུབ་བདེ་གཅིག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ལྡོག་པ་དུས་མཉམ་ཡིན་པར་ཐལ། གྲུབ་པ་དུས་མཉམ་གནས་པ་དུས་མཉམ་ལྡོག་པ་དུས་མཉམ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ལྡོག་པ་དུས་མཉམ་མ་ཡིན་པར་ཐལ། བུ་རམ་གྱི་རོ་མེད་ན་བུ་རམ་གྱི་དྲི་མེད་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། བུ་རམ་ཆོས་ཅན། ཁྱོད་ཀྱི་རོ་མེད་ན་ཁྱོད་ཀྱི་དྲི་མེད་པས་མ་ཁྱབ་པར་ཐལ། ཁྱོད་ཀྱི་གཟུགས་མེད་ན་ཁྱོད་ཀྱི་དྲི་མེད་པས་ཁྱབ་པ་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྱོད་ཀྱི་གཟུགས་ཞིག་ན་ཁྱོད་ཀྱི་དྲི་མེད་པས་ཁྱབ་པ་མེད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རྡོ་རྒྱུ་ལས་བྱས་པའི་གོས་ཀྱི་དྲི་མ་ཚིག་ན་གོས་ཚིག་མི་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པ་ལས། དྲི་མ་ཚིག་འགྱུར་གོས་མིན་ལྟར། །ཞེས་དང༌། དེའི་འགྲེལ་བཤད་༡༩༡ལས། རྡོ་རྒྱུ་ལས་བྱས་པའི་གོས་དྲི་མས་གོས་པ་དེ་མེ་ཡི་ནང་དུ་བཅུག་པས་དྲི་མ་འཚིག་ཅིང་གོས་མི་འཚིག་པ་ལྟར། ཞེས་གསུངས་པའི་ཕྱིར། འདོད་ན། གོས་ཀྱི་དྲི་ཚིག་ན་གོས་ཚིག་མི་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། བུ་རམ་ཆོས་ཅན། ཁྱོད་ཀྱི་གཟུགས་མེད་ན་ཁྱོད་ཀྱི་དྲི་མེད་པས་ཁྱབ་པ་མེད་པར་ཐལ། གོས་ཀྱི་དྲི་མ་ཚིག་ན་གོས་ཚིག་མི་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་རོ་མེད་ན་ཁྱོད་ཀྱི་དྲི་མེད་པས་མ་ཁྱབ་པར་ཐལ། ཁྱོད་ཀྱི་གཟུགས་མེད་ན་ཁྱོད་ཀྱི་དྲི་མེད་པས་ཁྱབ་པ་མེད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་དྲི་རོ་གཉིས་ལྡོག་པ་དུས་མཉམ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་དྲི་རོ་གཉིས་གྲུབ་པ་དུས་མཉམ་གནས་པ་དུས་མཉམ་ལྡོག་པ་དུས་མཉམ་མ་ཡིན་པར་ཐལ། ཁྱོད་ཀྱི་དྲི་རོ་གཉིས་ལྡོག་པ་དུས་མཉམ་མ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་དྲི་རོ་གཉིས་གྲུབ་པ་དུས་མཉམ་གནས་པ་དུས་མཉམ་ལྡོག་པ་དུས་མཉམ་ཡིན་པར་ཐལ། ཁྱོད་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་དྲི་རོ་གཉིས་ལྡོག་པ་དུས་མཉམ་ཡིན་པར་ཐལ། གྲུབ་པ་དུས་མཉམ་གནས་པ་དུས་མཉམ་ལྡོག་པ་དུས་མཉམ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་དྲི་རོ་གཉིས་ལྡོག་པ་དུས་མཉམ་མ་ཡིན་པར་ཐལ། ཁྱོད་ཀྱི་རོ་མེད་ན་ཁྱོད་ཀྱི་དྲི་མེད་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། བུ་རམ་ཆོས་ཅན། ཁྱོད་ཀྱི་རོ་མེད་ན་ཁྱོད་ཀྱི་དྲི་མེད་པས་མ་ཁྱབ་པར་ཐལ། ཁྱོད་ཀྱི་གཟུགས་ཞི་ནས་ཁྱོད་ཀྱི་དྲི་ཡོད་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར། དེར་ཐལ། སྤོས་གཟུགས་ལྡོག་ནས་སྤོས་དྲི་ལྷག་པ་ཡོད་པ་མངོན་སུམ་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །རང་གི་ཉེར་ལེན་གཅིག་ལས་སྐྱེས་པའི་ཐ་དད་པའི་འདུས་བྱས་དེ་ཡིན་ན། རྫས་རིགས་གཅིག་ཡིན་པས་ཁྱབ་ཟེར་ན། དམ་བཅའ་བ་དང་རིགས་ལུང་བ་གཉིས་ཀྱི་ཆོས་ཅན། རྫས་རིགས་གཅིག་ཡིན་པར་ཐལ། རང་གི་ཉེར་ལེན་གཅིག་ལས་སྐྱེས་པའི་ཐ་དད་པའི་འདུས་བྱས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རང་གི་ཉེར་ལེན་གཅིག་ལས་སྐྱེས་པ་གང་ཞིག ཐ་དད་པའི་འདུས་བྱས་ཡིན་པའི་ཕྱིར། རྟགས་ཕྱི་མ་སླ། དང་བོ་མ་གྲུབ་ན། རྟགས་དང་བོ་གྲུབ་སྟེ། རང་གི་ཉེར་ལེན་གཅིག་གི་ཡིན་པ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། དེ་གཉིས་སྔ་ལོགས་སུ་བྱུང་བ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དམ་བཅའ་བ་དང་རིགས་ལུང་བ་གཉིས་ཀྱི་སྔ་ལོགས་སུ་བྱུང་བ་ཆོས་ཅན། དམ་བཅའ་བ་དང་རིགས་ལུང་བ་གཉིས་ཀྱི་ཉེར་ལེན་ཡིན་པར་ཐལ། དེ་གཉིས་ཀྱི་ཉེར་ལེན་གྱི་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེ་གཉིས་ཀྱི་ཉེར་ལེན་གྱི་རྒྱུ་ཡིན་པར་ཐལ། དེ་གཉིས་ཀྱི་རྒྱུ་ཡིན་པ་གང་ཞིག ལྷན་ཅིག་བྱེད་རྐྱེན་མ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་སྟེ། བསྡུས་གྲྭའི་སྤྱི་དོན་༤༠༩ལས། དངོས་པོ་གང་ཆོས་གང་ཡིན་ཡང་དེའི་རྒྱུ་ཡིན་ན་དེའི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གཉིས་གང་ཡང་མ་ཡིན་པ་མེད་པའི་ཕྱིར་རོ། །ཞེས་སོ། །གོང་དུ་འདོད་ན། དམ་བཅའ་བ་དང་རིགས་ལུང་བ་གཉིས་ཀྱི་སྔ་ལོགས་སུ་བྱུང་བ་ཆོས་ཅན། དམ་བཅའ་བ་དང་རིགས་ལུང་བ་གཉིས་ཀྱིས་ཉེར་ལེན་གྱི་རྒྱུ་ཡིན་པར་ཐལ། འདོད་ན། དམ་བཅའ་བ་དང་རིགས་ལུང་བ་གཉིས་ཆོས་ཅན། རང་གི་ཉེར་ལེན་གཅིག་གི་ཡིན་པ་ཡོད་པར་ཐལ། དེ་གཉིས་སྔ་ལོགས་སུ་བྱུང་བ་དེ་ཡིན་པའི་ཕྱིར། འདོད་ན། དམ་བཅའ་བ་དང་རིགས་ལུང་བ་གཉིས་ཆོས་ཅན། རྫས་རིགས་གཅིག་ཡིན་པར་ཐལ། རང་གི་ཉེར་ལེན་གཅིག་ལས་སྐྱེས་པའི་ཐ་དད་པའི་འདུས་བྱས་ཡིན་པའི་ཕྱིར་ཟེར་ན་དཔྱད། ཡང་ཙནྡན་གྱི་ཀ་བ་དང་ཤུག་པའི་ཀ་བ་གཉིས་ཆོས་ཅན། རྫས་རིགས་གཅིག་ཡིན་པར་ཐལ། རང་གི་ཉེར་ལེན་གཅིག་ལས་སྐྱེས་པའི་ཐ་དད་པའི་འདུས་བྱས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རང་གི་ཉེར་ལེན་གཅིག་ལས་སྐྱེས་པ་གང་ཞིག ཐ་དད་པའི་འདུས་བྱས་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་བོ་གྲུབ་བ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། རྟགས་དང་བོ་མ་གྲུབ་ན་ཟེར་ན། ཙནྡན་གྱི་ཀ་བ་དང་ཤུག་པའི་ཀ་བ་གཉིས་ཆོས་ཅན། རང་གི་ཉེར་ལེན་གཅིག་ལས་སྐྱེས་པ་ཡིན་པར་ཐལ། རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་སྟེ། བསྡུས་གྲྭའི་སྤྱི་དོན་༤༠༦ལས། རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་ན་ཉེར་ལེན་གཅིག་ལས་སྐྱེས་པས་ཁྱབ་པའི་ཕྱིར་ཏེ། ཞེས་སོ། །འདོད་ན། དེ་གཉིས་ཆོས་ཅན། རྫས་རིགས་གཅིག་ཡིན་པར་ཐལ། རང་གི་ཉེར་ལེན་གཅིག་ལས་སྐྱེས་པའི་ཐ་དད་པའི་འདུས་བྱས་ཡིན་པའི་ཕྱིར། འདོད་ན། དེ་གཉིས་ཆོས་ཅན། རྫས་རིགས་ཐ་དད་མ་ཡིན་པར་ཐལ། རྫས་རིགས་གཅིག་ཡིན་པའི་ཕྱིར། འདོད་ན། དེ་གཉིས་ཆོས་ཅན། རྫས་རིགས་ཐ་དད་ཡིན་པར་ཐལ། ཚད་མའི་བསྡུས་གྲྭ་ཡིད་ཀྱི་མུན་སེལ་༥༣ལས། ཙནྡན་གྱི་ཀ་བ་དང་ཤུག་པའི་ཀ་བ་གཉིས་ཆོས་ཅན། རིགས་ཐ་དད་ཡིན་པར་ཐལ། རྫས་རིགས་ཐ་དད་ཡིན་པའི་ཕྱིར་ན་མ་ཁྱབ། ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྫས་རིགས་ཐ་དད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྫས་རིགས་ཐ་དད་མ་ཡིན་པར་ཐལ། རྫས་རིགས་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རྫས་རིགས་གཅིག་ཡིན་པར་ཐལ། རང་གི་ཉེར་ལེན་གཅིག་ལས་སྐྱེས་པའི་ཐ་དད་པའི་འདུས་བྱས་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་སོ་སོ་བ་མ་ཡིན་པའི་ཆོས་དེ་གཅིག་གི་མཚན་ཉིད་ཡིན་བཤད་པ་ལ་ཁོ་ན་རེ། ཟླ་བ་ཆོས་ཅན། གཅིག་ཡིན་པར་ཐལ། སོ་སོ་མ་ཡིན་པའི་ཆོས་ཡིན་པའི་ཕྱིར། འདོད་ན། ཟླ་བ་ཆོས་ཅན། གཅིག་མ་ཡིན་པར་ཐལ། ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། ཟླ་བ་ཆོས་ཅན། ཐ་དད་ཡིན་པར་ཐལ། སོ་སོ་བའི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། མིང་སོ་སོ་ལ་བརྟེན་ནས་དོན་སྤྱི་སོ་སོར་འཆར་དུ་རུང་བ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། མིང་སོ་སོ་ལ་བརྟེན་པ་གང་ཞིག དོན་སྤྱི་སོ་སོར་འཆར་དུ་རུང་བའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་བོ་གྲུབ་བ་གང་ཞིག ཕྱི་མ་གྲུབ་བའི་ཕྱིར། རེ་རེ་ནས་མ་གྲུབ་ཟེར་ན། དེ་ཆོས་ཅན། མིང་སོ་སོ་ལ་བརྟེན་པར་ཐལ། མིང་སོ་སོས་གོ་བར་བྱ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། བསིལ་ཟེར་ཅན་ཞེས་པའི་མིང་དང་ཟླ་བ་ཞེས་པའི་མིང་གཉིས་ཀྱིས་གོ་བར་བྱ་བ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་གཉིས་ཟླ་བའི་ཐུན་མོང་མ་ཡིན་པའི་མིང་ཡིན་པའི་ཕྱིར། མ་གྲུབ་ན། དེ་གཉིས་ཀ་ཟླ་བའི་ཐུན་མོང་མ་ཡིན་པའི་མིང་ཡིན་པར་ཐལ། བ་ལང་ཞེས་པ་དང༌། གོ་ཞེས་པ་དང༌། གོ་ཝ་ཞེས་པ་རྣམས་བ་ལང་གི་ཐུན་མོང་མ་ཡིན་པའི་མིང་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། དེ་ལྟར་ཡོད་པ་དེ་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། དེར་ཐལ། དེ་ཉིད་ཀྱིས་མཛད་པའི་དབུ་མ་ཐེག་མཆོག་ཟིན་བྲིས་༢༨༡ལས། བ་ལང་ཞེས་པ་དང༌། གོ་ཞེས་པ་དང༌། གོ་ཝ་ཞེས་པ་སོགས་མིང་ཐ་དད་སྣ་ཚོགས་ཡོད་པ་ལས། ཞེས་སོ། །འདོད་ན། དེ་རྣམས་བ་ལང་གི་ཐུན་མོང་མ་ཡིན་པའི་མིང་ཡིན་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། བསིལ་ཟེར་ཅན་ཞེས་པ་དང་ཟླ་བ་ཞེས་པ་གཉིས་ཟླ་བའི་ཐུན་མོང་མ་ཡིན་པའི་མིང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། མིང་སོ་སོ་བའི་གོ་བྱ་ཡིན་པར་ཐལ། བསིལ་ཟེར་ཅན་ཞེས་པའི་མིང་དང་ཟླ་བ་ཞེས་པ་མིང་གཉིས་ཀྱིས་གོ་བྱ་ཡིན་པའི་ཕྱིར། དེ་ཆོས་ཅན། མིང་སོ་སོ་ལ་བརྟེན་པར་ཐལ། མིང་སོ་སོས་གོ་བར་བྱ་བ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། མིང་སོ་སོ་ལ་བརྟེན་ནས་དོན་སྤྱི་སོ་སོ་ནས་འཆར་དུ་རུང་བར་ཐལ། མིང་སོ་སོ་ལ་བརྟེན་པ་གང་ཞིག དོན་སྤྱི་སོ་སོ་ནས་འཆར་དུ་རུང་བའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་བོ་གྲུབ་བ་གང་ཞིག ཕྱི་མ་གྲུབ་བའི་ཕྱིར། དང་བོ་ཁས། ཕྱི་མ་མ་གྲུབ་ཟེར་ན། དོན་སྤྱི་སོ་སོ་ནས་འཆར་རུང་བར་ཐལ། ཟླ་བའི་དོན་སྤྱི་ཤར་ན་བསིལ་ཟེར་ཅན་གྱི་དོན་སྤྱི་ཤར་བས་ཁྱབ་བ་མེད་པའི་ཕྱིར། འདོད་ཟེར་ན། དེ་ཆོས་ཅན། མིང་སོ་སོ་ལ་བརྟེན་ནས་དོན་སྤྱི་སོ་སོ་ནས་འཆར་དུ་རུང་བར་ཐལ། མིང་སོ་སོ་ལ་བརྟེན་པ་གང་ཞིག དོན་སྤྱི་སོ་སོ་ནས་འཆར་དུ་རུང་བའི་ཕྱིར། རྟགས་རེ་རེ་ནས་ཁས། འདོད་ན། དེ་ཆོས་ཅན། ཐ་དད་ཡིན་པར་ཐལ། མིང་སོ་སོ་ལ་བརྟེན་ནས་དོན་སྤྱི་སོ་སོ་ནས་འཆར་དུ་རུང་བའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། བཀའ་བཞི་བ་བསོད་ནམས་བཟང་བོས་མཛད་པའི་གཏན་ཚིགས་དོན་བསྡུས་ལས། གཅིག་དང་ཐ་དད་ལ་ནི། མཚན་ཉིད་ནི་རིམ་པ་ལྟར། ཆོས་གང་མིང་གཅིག་ལ་བརྟེན་ནས་དོན་སྤྱི་གཅིག་ཏུ་འཆར་དུ་རུང་བ་དང༌། མིང་སོ་སོ་ལ་བརྟེན་ནས་དོན་སྤྱི་སོ་སོར་འཆར་དུ་རུང་བའོ། །ཞེས་དང༌། འབའ་མདའ་བླ་མ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་སྤྱི་དོན་ལས། སོ་སོ་བའི་ཆོས་དེ་ཐ་དད་ཀྱི་མཚན་ཉིད། ཅེས་གསུངས་སོ། །ཡང་སོ་སོ་བ་མ་ཡིན་པའི་ཆོས་ཡིན་ན་གཅིག་ཡིན་པས་ཁྱབ་བར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། དོན་དམ་བདེན་པ་དང་ཀ་བའི་ཆོས་ཉིད་གཉིས་ཆོས་ཅན། གཅིག་ཡིན་པར་ཐལ། སོ་སོ་བ་མ་ཡིན་པའི་ཆོས་ཡིན་པའི་ཕྱིར། འདོད་ཟེར་ན། དེ་གཉིས་ཆོས་ཅན། གཅིག་མ་ཡིན་པར་ཐལ། གཅིག་དང་ཐ་དད་ལས་གྲོལ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། འཇམ་མགོན་བླ་མ་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་མདོ་སྡེ་རྒྱན་གྱི་ཟིན་བྲིས་༤༥ལས། དེ་ལྟར་ན་གཅིག་ཐ་དད་ཀྱི་མཐའ་ལས་གྲོལ་བའོ། །ཞེས་སོ། །འདོད་ན། དེ་ཆོས་ཅན། གཅིག་མ་ཡིན་པ་མི་འཐད་པར་ཐལ། གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ལྟར་ཡིན་པ་དེ་ཡང་འཇམ་མགོན་ཏཱ་ར་ནཱ་ཐས་མཛད་པའི་ངོ་སྤྲོད་ནང་མ་ལས། གཅིག་གི་རྣམ་བཞག་འཐད་ལྡན་ནོ། །ཞེས་གསུངས་པའི་ཕྱིར། །འདོད་ན། དེ་མ་ཡིན་པར་ཐལ། གཅིག་དང་ཐ་དད་ལས་གྲོལ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། དེ་ལྟར་ཡིན་པ་དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་གྱིས་མཛད་པའི་མདོ་ལས། གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་ཅན། །ཞེས་གསུངས་པའི་ཕྱིར། །མ་ཁྱབ། བདེན་གཉིས་ངོ་བོ་གཅིག་དང་ཐ་དད་ལས་གྲོལ་བའི་དོན་ཟེར་ན་དཔྱད་དོ། །རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དངོས་པོ་ཡིན་པར་ཐལ། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཆོས་ཅན། ངོ་བོ་གཅིག་དང་ཐ་དད་གང་རུང་ཡིན་པར་ཐལ། ངོ་བོ་གཅིག་ཡིན་པའི་ཕྱིར། རྟགས་མ་གྲུབ། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཆོས་ཅན། ངོ་བོ་གཅིག་ཡིན་པར་ཐལ། ངོ་བོ་སོ་སོ་བ་མ་ཡིན་པའི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཆོས་ཅན། ངོ་བོ་སོ་སོ་བ་མ་ཡིན་པའི་ཆོས་ཡིན་པར་ཐལ། ངོ་བོ་སོ་སོ་བ་མ་ཡིན་པར་གྱུར་བའི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཆོས་ཅན། ངོ་བོ་སོ་སོ་བ་མ་ཡིན་པར་གྱུར་བའི་ཆོས་ཡིན་པར་ཐལ། ངོ་བོ་སོ་སོ་བ་མ་ཡིན་པ་དང་ཆོས་གཉིས་ཀའི་གཞི་མཐུན་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཆོས་ཅན། ངོ་བོ་སོ་སོ་བ་མ་ཡིན་པ་དང་ཆོས་གཉིས་ཀའི་གཞི་མཐུན་ཡིན་པར་ཐལ། ངོ་བོ་སོ་སོ་བ་མ་ཡིན་པ་དང་ཆོས་གཉིས་ཀའི་ལྡོག་པ་ཐ་དད་དུ་གྲུབ་པ་གང་ཞིག ཁྱོད་དེ་གཉིས་ཀ་རེ་རེ་ནས་ཡིན་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ན། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཆོས་ཅན། ཁྱོད་དེ་གཉིས་ཀ་རེ་རེ་ནས་ཡིན་པར་ཐལ། ངོ་བོ་སོ་སོ་བ་མ་ཡིན་པ་གང་ཞིག ཆོས་ཡིན་པའི་ཕྱིར། འདོད་ཟེར་ན། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཆོས་ཅན། ངོ་བོ་སོ་སོ་མ་ཡིན་པ་དང་ཆོས་གཉིས་ཀ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཆོས་ཅན། ངོ་བོ་སོ་སོ་བ་མ་ཡིན་པའི་ཆོས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཆོས་ཅན། ངོ་བོ་གཅིག་ཡིན་པར་ཐལ། ངོ་བོ་སོ་སོ་བ་མ་ཡིན་པའི་ཆོས་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། ངོ་བོ་སོ་སོ་བ་མ་ཡིན་པའི་ཆོས་དེ་ངོ་བོ་གཅིག་གི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། ངོ་བོ་སོ་སོ་བ་མ་ཡིན་པའི་ཆོས་དེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །གཞན་ཡང་དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཆཽས་ཅན། གཞི་གྲུབ་ལ་ངོ་བོ་གཅིག་དང་ཐ་དད་གང་རུང་མ་ཡིན་པ་ཡིན་པར་ཐལ། འདོད་ན། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཆོས་ཅན། ངོ་བོ་གཅིག་དང་ཐ་དད་གང་རུང་ཡིན་པར་ཐལ། ངོ་བོ་ཐ་དད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཀྱི་ངོ་བོ་ཆོས་ཅན། ཐ་དད་ཡིན་པར་ཐལ། ཡོད་པ་གང་ཞིག གཅིག་མ་ཡིན་པའི་ཕྱིར། མ་ཁྱབ། ཁྱབ་པར་ཐལ། ཡོད་པ་གང་ཞིག གཅིག་མ་ཡིན་ན་ཐ་དད་ཡིན་པས་ཁྱབ་པའི་ཕྱིར། རྟགས་མ་གྲུབ་ན། དེར་ཐལ། གཅིག་དང་ཐ་དད་གང་རུང་མ་ཡིན་པའི་ཆོས་མེད་པའི་ཕྱིར། རྟགས་མ་གྲུབ། མེད་པར་ཐལ། གཞི་གྲུབ་ན་གཅིག་དང་ཐ་དད་གང་རུང་ཡིན་པས་ཁྱབ་པའི་ཕྱིར། རྟགས་མ་གྲུབ། དེ་ཁྱབ་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། གཞི་གྲུབ་ན་གཅིག་དང་ཐ་དད་གང་རུང་མ་ཡིན་པ་མེད་པའི་ཕྱིར་རོ། །ཞེས་དང༌། སྔོན་མེད་ལེགས་བཤད་༣༧ལས། དེ་བས་ན་ཀུན་རྫོབ་དུ་ཡོད་ན་གཅིག་ཏུ་དུ་མ་གང་རུང་ཡོད་དགོས་ཏེ། གཅིག་དང་དུ་མ་གང་ཡང་མ་ཡིན་པ་རྣམ་ཤེས་རྟོག་པའི་ཡུལ་དུ་མི་རུང་བ། ཞེས་དང༌། ཉ་ཊཱིཀ་༣༥༠ལས། གཞི་གྲུབ་མིན་པར་འགྱུར་ཏེ། གཅིག་དང་ཐ་དད་གང་ཡང་མིན་པས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། གཞི་གྲུབ་ན་གཅིག་དང་ཐ་དད་གང་རུང་མ་ཡིན་པ་མེད་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན།གཞི་གྲུབ་ན་གཅིག་དང་ཐ་དད་གང་རུང་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཀྱི་ངོ་བོ་ཆོས་ཅན། ཐ་དད་ཡིན་པར་ཐལ། ཡོད་པ་གང་ཞིག གཅིག་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཆོས་ཅན། ངོ་བོ་ཐ་དད་མ་ཡིན་པར་ཐལ། གཞི་གྲུབ་ན་ངོ་བོ་གཅིག་དང་ཐ་དད་གང་རུང་ཡིན་པས་མ་ཁྱབ་པའི་སྐྱོན་ཡིན་པའི་ཕྱིར། རྟགས་ཁས། རྟགས་མ་གྲུབ། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། གཞི་གྲུབ་ན་ངོ་བོ་གཅིག་དང་ཐ་དད་གང་རུང་ཡིན་པས་ཁྱབ་ཟེར་ན། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཆོས་ཅན། ཞེས་དང༌། ཐེག་མཆོག་དབུ་མའི་རབ་བྱེད་བརྒྱད་པའི་འགྲེལ་བ་༣༡༣ལས། སྤྱིར་བདེན་པ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་པ་དང༌། ངོ་བོ་གཅིག་དང་ཐ་དད་གང་དུ་ཡང་བརྗོད་དུ་མེད་པར་འདོད་པ་དང་གཉིས་ལས། ཕྱི་མ་ལྟར་ཡིན་ལ། ཞེས་དང༌། བཀའ་བསྡུ་བཞི་བ་ལས། བདེན་གཉིས་ངོ་བོ་གཅིག་པ་མི་སྲིད་ལ། །ངོ་བོ་ཐ་དད་པ་ཡང་མ་ཡིན་ཏེ། །ཞེས་དང༌། བདེན་གཉིས་གསལ་བའི་ཉི་མ་ལས། བདེན་གཉིས་ངོ་བོ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རྫས་གཅིག་གི་མཚན་ཉིད་ཡོད་དེ། རྫས་ཀྱི་སྒོ་ནས་སོ་སོ་བ་མ་ཡིན་པར་སྐྱེས་པའི་རྫས་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། བུམ་པ་དང་བུམ་པའི་མཆུ་གཉིས་དེ་ཡིན་པའི་ཕྱིར། ཞེས་གསུངས་པ་ལ། བུམ་པ་དང་བུམ་པའི་མཆུ་གཉིས་ཆོས་ཅན། རྫས་གཅིག་ཡིན་པར་ཐལ། རྫས་གཅིག་གི་མཚན་གཞི་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། རང་མངོན་སུམ་དུ་མཐོང་བའི་མངོན་སུམ་དེ་ལ་ཐ་དད་དུ་མི་སྣང་བ་ཡིན་པར་ཐལ། རྫས་གཅིག་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། རང་མངོན་སུམ་དུ་མཐོང་བའི་མངོན་སུམ་དེ་ལ་ཐ་དད་དུ་མི་སྣང་བ་དེ། རྫས་གཅིག་ཡིན་པར་འཇོག་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། བློ་མ་འཁྲུལ་བ་ལ་ཐ་དད་དུ་སྣང་བ་དེ་རྫས་ཐ་དད་དུ་དང༌། རང་མངོན་སུམ་དུ་མཐོང་བའི་མངོན་སུམ་དེ་ལ་ཐ་དད་དུ་མི་སྣང་བ་དེ་རྫས་གཅིག་ཡིན་པར་འཇོག་བྱེད་དུ་རྣམ་འགྲེལ་ལས་གསུངས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གོང་དུ་བུམ་པ་དང་བུམ་པའི་མཆུ་གཉིས། རང་མངོན་སུམ་དུ་མཐོང་བའི་མངོན་སུམ་དེ་ལ་ཐ་དད་དུ་མི་སྣང་བ་ཡིན་པར་འདོད་ཟེར་ན། བུམ་པ་དང་བུམ་པའི་མཆུ་གཉིས་ཆོས་ཅན། རང་མངོན་སུམ་དུ་མཐོང་བའི་མངོན་སུམ་དེ་ལ་ཐ་དད་དུ་མི་སྣང་བ་དེ་མ་ཡིན་པར་ཐལ། རང་མངོན་སུམ་དུ་མཐོང་བའི་མངོན་སུམ་དེ་ལ་ཐ་དད་དུ་སྣང་བའི་ཕྱིར། མ་གྲུབ་ན། བུམ་པ་དང་བུམ་པའི་མཆུ་གཉིས་ཆོས་ཅན། རང་མངོན་སུམ་དུ་མཐོང་བའི་མངོན་སུམ་དེ་ལ་ཐ་དད་དུ་སྣང་བ་ཡིན་པར་ཐལ། རང་མངོན་སུམ་དུ་མཐོང་བའི་མངོན་སུམ་ལ་སྣང་བ་གང་ཞིག ཐ་དད་དུ་སྣང་བའི་ཕྱིར། མ་གྲུབ་ན། བུམ་པ་དང་བུམ་པའི་མཆུ་གཉིས་ཆོས་ཅན། རང་མངོན་སུམ་དུ་མཐོང་བའི་མངོན་སུམ་ལ་སྣང་བ་གང་ཞིག ཐ་དད་དུ་སྣང་བ་ཡིན་པར་ཐལ། རང་མངོན་སུམ་དུ་མཐོང་བའི་མངོན་སུམ་ལ་སྣང་བ་གང་ཞིག ཐ་དད་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། དང་པོ་ཡོད་དེ། ལྷས་སྦྱིན་གྱི་མིག་ཤེས་དང༌། མཆོད་སྦྱིན་གྱི་མིག་ཤེས་གཉིས་དེ་ཡིན་པའི་ཕྱིར། ཞེས་གསུངས་པ་ལ། ལྷས་སྦྱིན་གྱི་མིག་ཤེས་དང༌། མཆོད་སྦྱིན་གྱི་མིག་ཤེས་གཉིས་ཆོས་ཅན། ཤེས་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ལྷས་སྦྱིན་གྱི་ཤེས་པ་དང༌། མཆོད་སྦྱིན་གྱི་ཤེས་པ་གཉིས་ཡང༌། ཤེས་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པར་ཐལ། ལྷས་སྦྱིན་གྱི་མིག་ཤེས་དང༌། མཆོད་སྦྱིན་གྱི་མིག་ཤེས་གཉིས་དེ་ཤེས་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པ་གང་ཞིག མཚུངས་ པའི་ཕྱིར། འདོད་ན། དེ་གཉིས་ཆོས་ཅན། རིགས་འདྲ་བ་ཡིན་པར་ཐལ། ལྡོག་པ་རིགས་གཅིག་ཡིན་པའི་ཕྱིར། འདོད་ན། དེ་གཉིས་རིགས་འདྲ་བའི་རྒྱུ་མཚན། ཤེས་པ་ཡིན་པར་རིགས་འདྲ་བའི་རྒྱུ་མཚན་མ་ཡིན་པ་གང་ཞིག གཞན་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། ཤེས་པ་ཡིན་པར་རིགས་འདྲ་ན་རིགས་འདྲ་བས་ཁྱབ་པར་ཐལ། རྟགས་དང་པོ་མ་གྲུབ་ཀྱི་ལན་བཏབས་པའི་ཕྱིར། འདོད་ན། འདོད་སེམས་དང༌། བསམ་གཏན་གྱི་སེམས་གཉིས་ཆོས་ཅན། རིགས་འདྲ་བ་ཡིན་པར་ཐལ། ཤེས་པ་ཡིན་པར་རིགས་འདྲ་བའི་ཕྱིར། འདོད་ན། དེ་མ་ཡིན་པར་ཐལ། དེ་གཉིས་རིགས་མི་འདྲ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཐེག་མཆོག་དབུ་མའི་རྩ་བར། འདོད་པའི་སེམས་ལས་བསམ་གཏན་མི་འབྱུང་སྟེ། །ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཉེར་ལེན་གྱི་རིགས་འདྲ་བ་ཞིག་དགོས་ལ། འདོད་པ་དང་བསམ་གཏན་གཉིས་རྒྱུ་འབྲས་རིགས་འདྲ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་གི་མཚན་ཉིད་ཡོད་དེ། གང་ཟག་གང་དང་གང་གིས་ཡིད་གཏད་པས་མཐོང་ཙམ་ཉིད་ནས་འདི་དང་འདི་འདྲའོ་སྙམ་པའི་བློ་ངང་གིས་བསྐྱེད་ནུས་པའི་ཆོས་དེ་ཡིན་པའི་ཕྱིར། ཞེས་གསུངས་པ་ལ། གང་ཟག་གང་དང་གང་གིས་ཡིད་གཏད་པས་མཐོང་ཙམ་ཉིད་ནས་འདི་དང་འདི་འདྲའོ་སྙམ་པའི་བློ་ངང་གིས་སྐྱེ་ཚུལ་གང་ཡིན་བརྡ་ལ་བྱང་བའི་བྱིས་པ་ཡན་ཆད་ནས་སངས་རྒྱས་ཀྱི་བར་དུ་སུས་མཐོང་ན་འདྲ་སྣང་འཆར་བ་ཞིག་དགོས་ཞེས་བཤད་ན། བ་ལང་དཀར་ཟལ་དང༌། བ་ལང་ནག་རྒུར་གཉིས་ཆོས་ཅན། བརྡ་ལ་བྱང་བའི་བྱིས་པ་ཡན་ཆད་ནས་སངས་རྒྱས་ཀྱི་བར་སུས་མཐོང་ན་འདྲ་སྣང་འཆར་བ་ཡིན་པར་ཐལ། གང་ཟག་གང་དང་གང་གིས་མཐོང་ཙམ་ཉིད་ནས་འདི་དང་འདི་འདྲའོ་སྙམ་པའི་བློ་སྐྱེས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བ་ལང་དཀར་ཟལ་དང་ནག་རྒུར་དེ་གཉིས་ཀྱི་ཕྱིའི་གཟུགས་དང་དབྱིབས་ཙམ་འདྲ་བར་ཤར་བ་ཡིན་པའི་རྒྱུ་མཚན་གྱིས་ཡིན་པར་ཐལ། དེ་ལས་གཞན་འདྲ་བར་འཆར་ཚུལ་མེད་པའི་ཕྱིར། འདོད་ན། ཕྱིའི་གཟུགས་དང་དབྱིབས་ཙམ་འདྲ་བར་ཤར་ན། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པས་ཁྱབ་པར་ཐལ། དེ་ཡིན་ན་གང་ཟག་གང་དང་གང་གིས་ཡིད་གཏད་པས་མཐོང་ཙམ་ཉིད་ནས་འདི་དང་འདི་འདྲའོ་སྙམ་པའི་བློ་ངང་གིས་སྐྱེས་པས་ཁྱབ་པའི་ཕྱིར། འདོད་ན། སངས་རྒྱས་ཀྱིས་སྤྲུལ་བའི་བ་ལང་དཀར་ཟལ་དང༌། སྤྱིར་བ་ལང་ནག་རྒུར་གཉིས་ཆོས་ཅན། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པར་ཐལ། བརྡ་ལ་བྱང་བའི་གང་ཟག་རྣམས་ཀྱིས་དེ་གཉིས་ཀྱི་དབྱིབས་གཟུགས་ཙམ་འདྲ་བར་འཆར་བའི་ཕྱིར། མ་གྲུབ་ན། དེ་གཉིས་ཀྱི་དབྱིབས་གཟུགས་ཙམ་འདྲ་བར་འཆར་བ་ཡིན་པར་ཐལ། དེ་གཉིས་དབྱིབས་གཟུགས་ཙམ་འདྲ་བ་ནི་ཡིན། དེ་ལས་གཞན་མི་འཆར་བའི་རྒྱུ་མཚན་མེད་པའི་ཕྱིར། འདོད་ན། སངས་རྒྱས་ཀྱིས་སྤྲུལ་པའི་བ་ལང་དཀར་ཟལ་དང༌། སྤྱིར་བཏང་གི་བ་ལང་ནག་རྒུར་གཉིས་ཆོས་ཅན། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པར་ཐལ། བརྡ་ལ་བྱང་བའི་གང་ཟག་རྣམས་ཀྱི་དེ་གཉིས་ཀྱིས་དབྱིབས་གཟུགས་ཙམ་འདྲ་བར་འཆར་བའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། སངས་རྒྱས་ཀྱིས་སྤྲུལ་བའི་བ་ལང་དཀར་ཟལ་དང༌། སྤྱིར་བཏང་གི་བ་ལང་ནག་རྒུར་གཉིས་ཆོས་ཅན། རིགས་གཅིག་ཡིན་པར་ཐལ། སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་ཡིན་པའི་ཕྱིར། འདོད་ན། རིགས་འདྲ་བ་ཡིན་པར་ཐལ། རིགས་གཅིག་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་མི་འཐད་པར་ཐལ། སངས་རྒྱས་ཀྱིས་སྤྲུལ་བའི་བ་ལང་དཀར་ཟལ་དང༌། བ་ལང་ནག་རྒུར་གཉིས་རིགས་མི་འདྲ་བ་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་ཀྱིས་སྤྲུལ་བའི་བ་ལང་དཀར་ཟལ་དང༌། བ་ལང་ནག་རྒུར་གཉིས་ཆོས་ཅན། རིགས་མི་འདྲ་བ་ཡིན་པར་ཐལ། རིགས་མི་འདྲ་བ་ཡིན་པར་སངས་རྒྱས་ཀྱིས་རྟོགས་པའི་ཕྱིར་ཟེར་ན་དཔྱད་དོ། །ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རིགས་མི་འདྲ་བ་ལ་དབྱེ་ན་གཉིས་ཡོད་དེ། ལྡོག་པ་རིགས་མི་འདྲ་བ་དང༌། རྫས་རིགས་མི་འདྲ་བ་གཉིས་ཡོད་པའི་ཕྱིར། ཞེས་གསུངས་པ་ལ། འོ་ན་ལྡོག་པ་རིགས་མི་འདྲ་བ་དང༌། རྫས་རིགས་མི་འདྲ་བ་གཉིས་པོ་གང་རུང་ཡིན་ན། རིགས་མི་འདྲ་བ་ཡིན་པས་ཁྱབ་པར་ཐལ། ལྡོག་པ་རིགས་མི་འདྲ་བ་དང་རྫས་རིགས་མི་འདྲ་བ་གཉིས་པོ་དེ། རིགས་མི་འདྲ་བའི་དབྱེ་བ་ཡིན་པའི་ཕྱིར། འདོད་ན། གསེར་བུམ་དང༌། ཟངས་བུམ་གཉིས་ཆོས་ཅན། རིགས་མི་འདྲ་བ་ཡིན་པར་ཐལ། ལྡོག་པ་རིགས་མི་འདྲ་བ་དང༌། རྫས་རིགས་མི་འདྲ་བ་གང་རུང་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། གསེར་བུམ་དང་ཟངས་བུམ་གཉིས་ཆོས་ཅན། ལྡོག་པ་རིགས་མི་འདྲ་བ་དང། རྫས་རིགས་མི་འདྲ་བ་གང་རུང་ཡིན་པར་ཐལ། རྫས་རིགས་མི་འདྲ་བ་ཡིན་པའི་ཕྱིར། མ་གྲུབ་ན། གསེར་བུམ་དང་ཟངས་བུམ་གཉིས་ཆོས་ཅན། རྫས་རིགས་མི་འདྲ་བ་ཡིན་པར་ཐལ། རྫས་རིགས་མི་གཅིག་པ་ཡིན་པའི་ཕྱིར། མ་གྲུབ་ན། གསེར་བུམ་དང་ཟངས་བུམ་གཉིས་ཆོས་ཅན། རྫས་རིགས་མི་གཅིག་པ་ཡིན་པར་ཐལ། རང་གི་ཉེར་ལེན་གཅིག་ལས་སྐྱེས་པའི་ཐ་དད་པའི་འདུས་བྱས་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། རྫས་རིགས་གཅིག་ཡིན་ན། རང་གི་ཉེར་ལེན་གཅིག་ལས་སྐྱེས་པའི་ཐ་དད་པའི་འདུས་བྱས་ཡིན་དགོས་པའི་ཕྱིར། མ་གྲུབ་ན། དེ་དགོས་པར་ཐལ། རང་གི་ཉེར་ལེན་གཅིག་ལས་སྐྱེས་པའི་ཐ་དད་པའི་འདུས་བྱས་དེ། རྫས་རིགས་གཅིག་གི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རང་གི་ཉེར་ལེན་གཅིག་ལས་སྐྱེས་པའི་ཐ་དད་པའི་འདུས་བྱས་དེ། རྫས་རིགས་གཅིག་གི་མཚན་ཉིད། ཅེས་དང༌། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རྫས་རིགས་གཅིག་གི་མཚན་ཉིད་ཡོད་དེ། རང་གི་ཉེར་ལེན་གཅིག་ལས་སྐྱེས་པའི་ཐ་དད་པའི་འདུས་བྱས་དེ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གཞན་ཡང་ལྡོག་པ་རིགས་མི་འདྲ་བ་ཡིན་ན། རིགས་མི་འདྲ་བ་ཡིན་པས་ཁྱབ་པར་ཐལ། སྔ་མའི་ལུང་དོན་འཐད་པའི་ཕྱིར། འདོད་ན། ཉེར་ལེན་གཅིག་ལས་སྐྱེས་པའི་ཚོར་འདུ་གཉིས་ཆོས་ཅན། རིགས་མི་འདྲ་བ་ཡིན་པར་ཐལ། ལྡོག་པ་རིགས་མི་འདྲ་བ་ཡིན་པའི་ཕྱིར། འདོད་ན། ཉེར་ལེན་གཅིག་ལས་སྐྱེས་པའི་ཚོར་འདུ་གཉིས་ཆོས་ཅན། རིགས་མི་འདྲ་བ་མ་ཡིན་པར་ཐལ། རིགས་འདྲ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། དངོས་པོར་རིགས་གཅིག་ཡིན་ན་རིགས་གཅིག་མ་ཡིན་པས་མ་ཁྱབ་སྟེ། གསེར་བུམ་ཟངས་བུམ་གཉིས་དང༌། སྒྲའི་བྱས་པ་དང་བུམ་པའི་བྱས་པ་གཉིས་དང༌། ཉེར་ལེན་གཅིག་ལས་སྐྱེས་པའི་ཚོར་འདུ་གཉིས་སོགས་དེ་གཉིས་ཀ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

དྲུག་པ་རྒྱུ་འབྲས་ཆུང་ངུའི་དོགས་པ་འགོད་པ།

དྲུག་པ་རྒྱུ་འབྲས་ཆུང་ངུའི་དོགས་པ་འགོད་པ་ལ།

རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དངོས་པོ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་ན་ཁྱོད་ཀྱི་ས་བོན་ལྡན་མིན་འདུ་བྱེད་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། ཁྱོད་དངོས་པོ་ཡིན་ན་ཁྱོད་ཀྱི་ས་བོན་ལྡན་མིན་འདུ་བྱེད་ཡིན་པས་ཁྱབ་པར་ཐལ། ཁྱབ་པ་མ་བྱུང་གི་ལན་འཐད་པའི་ཕྱིར། འདོད་ན། ནས་ཆོས་ཅན། ཁྱོད་ཀྱི་ས་བོན་ལྡན་མིན་འདུ་བྱེད་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ནས་ཆོས་ཅན། ཁྱོད་ཀྱི་ས་བོན་ལྡན་མིན་འདུ་བྱེད་མ་ཡིན་པར་ཐལ། ཁྱོད་ཀྱི་ས་བོན་གཟུགས་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ནས་ཆོས་ཅན། ཁྱོད་ཀྱི་ས་བོན་གཟུགས་ཡིན་པར་ཐལ། ཁྱོད་ཀྱི་ས་བོན་ནས་ཡིན་པའི་ཕྱིར། མ་གྲུབ་ན། ནས་ཆོས་ཅན། ཁྱོད་ཀྱི་ས་བོན་ནས་ཡིན་པར་ཐལ། ཁྱོད་ཀྱི་ས་བོན་འཇོག་རྒྱུ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ་བམ་དཔྱད་དོ། ། རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དངོས་པོ་ཡིན་པར་ཐལ། དངོས་རྒྱུ་དང་བརྒྱུད་རྒྱུ་གཉིས་འགལ་བ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དངོས་རྒྱུ་དང་བརྒྱུད་རྒྱུ་གཉིས་འགལ་བ་ཡིན་པར་ཐལ། དངོས་རྒྱུ་དང་བརྒྱུད་རྒྱུ་གཉིས་ཀྱི་ཡིན་པ་མེད་པའི་ཕྱིར། རྟགས་མ་གྲུབ་ན། དེ་གཉིས་ཀྱི་ཡིན་པ་ཡོད་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཞོག བུམ་པ་ཆོས་ཅན་ཟེར་ན། འོ་ན། བུམ་པ་ཆོས་ཅན། དངོས་རྒྱུ་དང་བརྒྱུད་རྒྱུ་གཉིས་ཀ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། བརྒྱུད་ནས་ཕན་འདོགས་བྱེད་ཡིན་པར་ཐལ། བརྒྱུད་རྒྱུ་ཡིན་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། ཆོས་གཞན་ལ་བརྒྱུད་ནས་ཕན་འདོགས་བྱེད་ཡིན་པར་ཐལ། བརྒྱུད་ནས་ཕན་འདོགས་བྱེད་ཡིན་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། ཆོས་གཞན་ལ་བརྒྱུད་ནས་ཕན་འདོགས་བྱེད་མ་ཡིན་པར་ཐལ། ཆོས་གཞན་ལ་མ་བརྒྱུད་པར་ཕན་འདོགས་བྱེད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཆོས་ཅན། ཆོས་གཞན་ལ་མ་བརྒྱུད་པར་ཕན་འདོགས་བྱེད་ཡིན་པར་ཐལ། དངོས་སུ་ཕན་འདོགས་བྱེད་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པ་ཡིན་པར་ཐལ། དངོས་སུ་ཕན་འདོགས་བྱེད་ཡིན་ན་ཆོས་གཞན་ལ་མ་བརྒྱུད་པར་ཕན་འདོགས་བྱེད་ཡིན་པས་ཁྱབ་པའི་ཕྱིར། རྟགས་མ་གྲུབ་ན། དེར་ཐལ། དངོས་སུ་ཕན་འདོགས་བྱེད་དང་བརྒྱུད་ནས་ཕན་འདོགས་བྱེད་གཉིས་ཀྱི་ཚད་འཇོག་རྒྱུ་ཡོད་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ཟེར་ན། བུམ་པ་ཆོས་ཅན། དངོས་སུ་ཕན་འདོགས་བྱེད་ཡིན་པར་ཐལ། དངོས་རྒྱུ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། བུམ་པ་ཆོས་ཅན། དངོས་རྒྱུ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པ་ཡིན་པར་ཐལ། དངོས་པོ་ཡིན་ན་དངོས་རྒྱུ་ཡིན་པས་ཁྱབ་པའི་ཕྱིར། རྟགས་མ་གྲུབ་ན། དངོས་པོ་ཡིན་ན་དངོས་རྒྱུ་ཡིན་པས་ཁྱབ་པར་ཐལ། དངོས་པོ་ཡིན་ན་དངོས་རྒྱུ་དང་བརྒྱུད་རྒྱུ་གཉིས་ཀ་ཡིན་པས་ཁྱབ་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཁྱབ་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། དངོས་པོ་ཡིན་ན་དངོས་རྒྱུ་དང་བརྒྱུད་རྒྱུ་གཉིས་ཀ་ཡིན་པས་ཁྱབ་སྟེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཕན་འདོགས་བྱེད་དམ་སྐྱེད་བྱེད་དེ་རྒྱུའི་མཚན་ཉིད་ཡིན་པར་ཐལ། ལུང་གི་དོན་འཐད་པའི་ཕྱིར། འདོད་ན། ཕན་འདོགས་བྱེད་རྒྱུའི་མཚན་ཉིད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་དེ་ལ་ཕན་འདོགས་བྱེད་ཆོས་དེའི་རྒྱུའི་མཚན་ཉིད་ཡིན་པར་ཐལ། གཞི་ལ་སྦྱར་ཚུལ་ཡོད་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པ་ཆོས་ཅན། སེམས་ཅན་གྱི་རྒྱུ་ཡིན་པར་ཐལ། སེམས་ཅན་ལ་ཕན་འདོགས་བྱེད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། སངས་རྒྱས་འཕགས་པ་ཆོས་ཅན། སེམས་ཅན་ལ་ཕན་འདོགས་བྱེད་ཡིན་པར་ཐལ། ཆོས་འཁོར་བསྐོར་བའི་སྒོ་ནས་སེམས་ཅན་ལ་ཕན་འདོགས་པའི་ཕྱིར་ཞེས་དཔྱད་པར་བྱའོ། ། ངན་སོང་སྐྱེ་བ་འཕེན་བྱེད་ཀྱི་མི་དགེ་བའི་ལས་དེས་ངན་སོང་བ་དེ་ལ་ཕན་བཏགས་པར་ཐལ། དེ་དེའི་རྒྱུ་ཡིན་པའི་ཕྱིར། ཁྱབ་སྟེ། ཕན་འདོགས་བྱེད་དེ་རྒྱུའི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། ཕན་འདོག་གང་ཡིན་སྐྱེད་པ་ཡིན། ཞེས་གསུངས་པའི་ཕྱིར་ཟེར་ན། གོང་དུ་འདོད་མི་ནུས་ཏེ། ངན་སོང་དུ་འཕངས་ན་གནོད་བྱས་པ་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །གཞན་ཡང༌། དངོས་པོ་ཡིན་པར་ཐལ། མི་རྟག་པའི་རྒྱུར་གྱུར་བའི་བུམ་པ་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། བུམ་པ་ཆོས་ཅན། མི་རྟག་པའི་རྒྱུར་གྱུར་བའི་ཁྱོད་ཡོད་པར་ཐལ། མི་རྟག་པ་ཁྱོད་དང་རྟེན་བྱུང་འབྲེལ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། བུམ་པ་ཆོས་ཅན། མི་རྟག་པ་ཁྱོད་དང་རྟེན་བྱུང་འབྲེལ་ཡིན་པར་ཐལ། མི་རྟག་པ་ཁྱོད་ལ་བརྟེན་ནས་བྱུང་བ་གང་ཞིག ཁྱོད་མེད་ན་མི་རྟག་པ་མེད་པས་ཁྱབ་པའི་ཕྱིར། རྟགས་མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ཟེར་ན། དེ་ཆོས་ཅན། ཁྱོད་མེད་ན་མི་རྟག་པ་མེད་པའི་ཁྱབ་པར་ཐལ། ཁྱོད་མེད་ན་མི་རྟག་པ་མེད་དགོས་པ་ཅན་གྱི་བུམ་པ་ཞིག་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཆོས་ཅན། ཁྱོད་མེད་ན་མི་རྟག་པ་མེད་དགོས་ཅན་གྱྀ་བུམ་པ་ཞིག་ཡོད་པར་ཐལ། བདག་མེད་ཡིན་ན་ཁྱོད་ཡོད་པ་ཡིན་པས་ཁྱབ་བ་ཅན་གྱི་བུམ་པ་ཞིག་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། བདག་མེད་ཡིན་ན་ཡོད་པ་ཡིན་པས་ཁྱབ་པ་ཅན་གྱི་བུམ་པ་ཞིག་ཡོད་པར་ཐལ། བདག་མེད་ཡིན་ན་སངས་རྒྱས་ཚེ་དཔག་མེད་ཀྱི་བུམ་པ་ཡོད་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ། སངས་རྒྱས་ཚེ་དཔག་མེད་ཀྱི་བུམ་པ་བུམ་པ་ཡིན་པའི་ཕྱིར་ཟེར་ན་དཔྱད། གཞན་ཡང༌། དངོས་པོ་ཡིན་པར་ཐལ། ཁྱོད་ཤེས་པ་ཡིན་ན་ཁྱོད་ཀྱི་ས་བོན་རང་གི་རྫས་རྒྱུན་དུ་རྫས་སུ་གཙོ་བོར་ཁྱོད་སྐྱེད་བྱེད་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། ཁྱོད་ཤེས་པ་ཡིན་ན་ཁྱོད་ཀྱི་ས་བོན་རང་གི་རྫས་རྒྱུན་དུ་རྫས་སུ་གཙོ་བོར་ཁྱོད་སྐྱེད་བྱེད་ཡིན་པས་ཁྱབ་པར་ཐལ། ཁྱབ་པ་མ་བྱུང་གི་ལན་འཐད་པའི་ཕྱིར། འདོད་ན། བདག་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་གཉིས་ཆོས་ཅན། ཁྱོད་ཀྱི་ས་བོན་རང་གི་རྫས་རྒྱུན་དུ་རྫས་སུ་གཙོ་བོར་ཁྱོད་སྐྱེད་བྱེད་ཡིན་པར་ཐལ། ཁྱོད་ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བདག་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་གཉིས་ཀྱི་ཉེར་ལེན་གྱི་རྒྱུ་གཅིག་ཡིན་པར་ཐལ། བདག་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་གཉིས་ཀྱི་རྫས་རྒྱུན་རྫས་སུ་གཙོ་བོར་སྐྱེད་བྱེད་དེ་གཅིག་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། བདག་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་གཉིས་ཀྱི་རྫས་རྒྱུན་དུ་རྫས་སུ་གཙོ་བོར་སྐྱེད་བྱེད་དེ་གཅིག་ཡིན་པར་ཐལ། བདག་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་གཉིས་ཀྱི་རྫས་རྒྱུན་དུ་རྫས་སུ་གཙོ་བོར་སྐྱེད་བྱེད་དེ་འགལ་བ་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། བདག་འཛིན་གྱི་རྫས་རྒྱུན་སངས་རྒྱས་སར་འགྲོ་བ་ཡོད་པར་ཐལ། བདག་མེད་རྟོགས་པའི་ཤེས་རབ་ཀྱི་རྫས་རྒྱུན་སངས་རྒྱས་སར་འགྲོ་བ་ཡོད་པ་གང་ཞིག དེ་གཉིས་ཀྱི་རྫས་རྒྱུན་གཅིག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བདག་འཛིན་སྒྲིབ་པ་ཡིན་པའི་ཕྱིར་ཟེར་བ་དང༌། ཡང་བདག་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་གཉིས་ཀྱི་ཉེར་ལེན་གྱི་རྒྱུ་དེ་འགལ་བ་ཡིན་པར་ཐལ། བདག་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་གཉིས་ཀྱི་ཉེར་ལེན་གྱི་རྒྱུ་དེ་ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཡིན་པའི་ཕྱིར། འདོད་ན། བདག་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་གཉིས་ཀྱི་ཉེར་ལེན་གྱི་རྒྱུའི་ཡིན་པ་མེད་པར་ཐལ། བདག་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་གཉིས་ཀྱི་ཉེར་ལེན་གྱི་རྒྱུ་དེ་འགལ་བ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བདག་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་གཉིས་ཀྱི་ཉེར་ལེན་གྱི་རྒྱུའི་ཡིན་པ་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་གཉིས་ཀྱི་ས་བོན་དེ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། བདག་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་གཉིས་ཆོས་ཅན། ཁྱོད་ཀྱི་ས་བོན་རང་གི་རྫས་རྒྱུན་དུ་རྫས་སུ་གཙོ་བོར་ཁྱོད་སྐྱེད་བྱེད་ཡིན་པར་ཐལ། ཁྱོད་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རྣམ་ཤེས་ཆོས་ཅན། ཁྱོད་ཀྱི་ས་བོན་རང་གི་རྫས་རྒྱུན་དུ་རྫས་སུ་གཙོ་བོར་ཁྱོད་སྐྱེད་བྱེད་ཡིན་པར་ཐལ། ཁྱོད་རྣམ་ཤེས་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་ཁྱོད་ཀྱི་རྒྱུ་ཡོད་ན་ཁྱོད་འབྲས་བུ་ཡིན་པས་ཁྱབ་པར་ཐལ། འདོད་ན། རྟག་པ་མ་ཡིན་པ་ཆོས་ཅན། འབྲས་བུ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུ་ཡོད་པའི་ཕྱིར། མ་གྲུབ་ན། རྟག་པ་མ་ཡིན་པ་ཆོས་ཅན། ཁྱོད་ཀྱི་རྒྱུ་མེད་པར་ཐལ། རྟགས་མ་གྲུབ་པའི་ལན་འཐད་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པའི་རྒྱུ་མེད་པར་ཐལ། འདོད་ལན་འཐད་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པའི་རྒྱུ་ཡོད་པར་ཐལ། རྟག་པ་མ་ཡིན་པའི་དངོས་པོ་ཡོད་པའི་ཕྱིར། མ་གྲུབ་ན། འོ་ན། རྟག་པ་མ་ཡིན་པའི་ཤེས་བྱ་མེད་པར་ཐལ། འདོད་ན། ཤེས་བྱ་ཡིན་ན་རྟག་པ་ཡིན་པས་ཁྱབ་པར་ཐལ། རྟག་པ་མ་ཡིན་པའི་ཤེས་བྱ་མེད་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་རང་ཆོས་ཅན། འབྲས་བུ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུ་ཡོད་པའི་ཕྱིར། མ་གྲུབ་ཟེར་ན། རང་གི་རྒྱུ་ཡོད་པར་ཐལ། རང་གི་རྒྱུ་ལས་སྐྱེས་པ་ཡོད་པའི་ཕྱིར། མ་གྲུབ་ན། རང་གི་རྒྱུ་ལས་སྐྱེས་པ་ཡོད་པར་ཐལ། འདུས་བྱས་ཡོད་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། མ་གྲུབ་ན། ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རང་རྒྱུ་ལས་སྐྱེས་པ་འདུས་བྱས་ཀྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ཁྱོད་འབྲས་བུ་མ་ཡིན་ན་ཁྱོད་ཀྱི་རྒྱུ་མེད་པས་ཁྱབ་པར་ཐལ། འདོད་ན། དོན་དམ་བདེན་པ་ཆོས་ཅན། ཁྱོད་ཀྱི་རྒྱུ་མེད་པར་ཐལ། ཁྱོད་འབྲས་བུ་མ་ཡིན་པའི་ཕྱིར། འདོད་ན། དོན་དམ་པའི་རྒྱུ་ཡོད་པར་ཐལ། དོན་དམ་བདེན་པའི་གཟུགས་ཡོད་པའི་ཕྱིར། མ་གྲུབ་ན། དོན་དམ་བདེན་པའི་གཟུགས་ཡོད་པར་ཐལ། དོན་དམ་བདེན་པའི་གཟུགས་ཕུང་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། དོན་དམ་པའི་དབུ་སྐྲ་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། དོན་དམ་པའི་མཚན་བཟང་སོ་གཉིས་ཡོད་པའི་ཕྱིར། འོ་ན། དོན་དམ་བདེན་པའི་གཟུགས་ཡིན་ན་གཟུགས་ཡིན་པས་ཁྱབ་པར་ཐལ། དོན་དམ་བདེན་པའི་གཟུགས་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། རྣམ་ཀུན་མཆོག་ལྡན་གྱི་གཟུགས་ཆོས་ཅན། གཟུགས་ཡིན་པར་ཐལ། དོན་དམ་བདེན་པའི་གཟུགས་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །དམ་བཅའ་བའི་རྒྱུར་གྱུར་བའི་རྟ་དང་བ་གླང་གཉིས་ཡོད་པར་འདོད་པ་ལ། དམ་བཅའ་བའི་རྒྱུར་གྱུར་བའི་རྟ་དང་བ་གླང་གཉིས་ཆོས་ཅན། དམ་བཅའ་བ་དང་མེད་ན་མི་འབྱུང་གི་འབྲེལ་བ་གྲུབ་པར་ཐལ། དམ་བཅའ་བའི་རྒྱུ་ཡིན་པའི་ཕྱིར། འདོད་ན། རྟ་དང་བ་གླང་གཉིས་མེད་པའི་གཞིར་ཆོས་ཅན། དམ་བཅའ་བ་མེད་པར་ཐལ། དམ་བཅའ་བའི་རྒྱུར་གྱུར་བའི་རྟ་དང་བ་གླང་གཉིས་མེད་པའི་ཕྱིར། འདོད་ན། རྟ་དང་བ་གླང་གཉིས་མེད་པའི་གཞིར་ཆོས་ཅན། དམ་བཅའ་བ་ཡོད་པར་ཐལ། དམ་བཅའ་བའི་དགག་གཞི་མ་ཡིན་པའི་ཕྱིར། འདོད་ན། རྟ་དང་བ་གླང་གཉིས་མེད་པའི་གཞིར་ཆོས་ཅན། དམ་བཅའ་བ་མེད་པར་ཐལ། རྟ་དང་བ་གླང་གཉིས་མེད་པའི་ཕྱིར། རྟགས་མ་གྲུབ་ན། རྟ་དང་བ་གླང་གཉིས་མེད་པའི་གཞིར་ཆོས་ཅན། རྟ་དང་བ་གླང་གཉིས་མེད་པར་ཐལ།རྟ་དང་བ་གླང་གཉིས་ཀྱི་དགག་གཞི་ཡིན་པའི་ཕྱིར། གོང་དུ་མ་ཁྱབ་ཟེར་ན། རྟ་དང་བ་གླང་གཉིས་མེད་ན་དམ་བཅའ་བ་མེད་པས་ཁྱབ་པར་ཐལ། རྟ་དང་བ་གླང་གཉིས་མེད་ན་དམ་བཅའ་བའི་རྒྱུར་གྱུར་བའི་རྟ་དང་བ་གླང་གཉིས་མེད་པས་ཁྱབ་པའི་ཕྱིར་ཟེར་ན་དཔྱད་འཚལ་ལོ། །རྒྱུའི་མཚན་ཉིད་ཡོད་ལ་ཕན་འདོགས་བྱེད་དམ་སྐྱེད་བྱེད་དེ་འཇོག་དགོས་པར་ཐལ། འདོད་ན། བྱང་ཆུབ་སེམས་དཔའི་ཕན་འདོགས་བྱེད་ཡིན་ན་བྱང་ཆུབ་སེམས་དཔའི་རྒྱུ་ཡིན་པས་ཁྱབ་པར་ཐལ། ཕན་འདོགས་བྱེད་དེ་རྒྱུའི་མཚན་ཉིད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སངས་རྒྱས་འཕགས་པ་ཆོས་ཅན། ཁྱོད་བྱང་ཆུབ་སེམས་དཔའི་རྒྱུ་ཡིན་པར་ཐལ། ཁྱོད་བྱང་ཆུབ་སེམས་དཔའི་ཕན་འདོགས་བྱེད་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པ་ཆོས་ཅན། ཁྱོད་བྱང་ཆུབ་སེམས་དཔའི་སྐྱེད་བྱེད་ཡིན་པར་ཐལ། ཁྱོད་བྱང་ཆུབ་སེམས་དཔའི་རྒྱུ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སངས་རྒྱས་འཕགས་པ་ཆོས་ཅན། ཁྱོད་བྱང་ཆུབ་སེམས་དཔའ་སྐྱེད་བྱེད་མ་ཡིན་པར་ཐལ། བྱང་ཆུབ་སེམས་དཔའ་ཁྱོད་ཀྱི་སྔ་རོལ་ཏུ་གྲུབ་པའི་ཕྱིར། མ་གྲུབ་ན། བྱང་ཆུབ་སེམས་དཔའ་ཆོས་ཅན། ཁྱོད་སངས་རྒྱས་འཕགས་པའི་སྔ་རོལ་ཏུ་གྲུབ་པར་ཐལ། ཁྱོད་སངས་རྒྱས་འཕགས་པའི་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། བྱང་ཆུབ་སེམས་དཔའ་ཆོས་ཅན། ཁྱོད་སངས་རྒྱས་འཕགས་པའི་རྒྱུ་ཡིན་པར་ཐལ། སངས་རྒྱས་འཕགས་པ་ཁྱོད་ལས་འཁྲུངས་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། དེ་ལྟར་ཡོད་པ་དེ་ཡང་དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པ་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང༌། །ཞེས་དང༌། དབུ་མ་འཇུག་པ་རང་འགྲེལ་ལས། ཡང་ཐུབ་པའི་དབང་པོ་དེ་རྣམས་གང་ལས་བལྟམས་ཤེ་ན། སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང༌། ཞེས་བྱ་སྨོས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། བྱང་ཆུབ་སེམས་དཔའ་ཆོས་ཅན། ཁྱོད་སངས་རྒྱས་འཕགས་པའི་རྒྱུ་ཡིན་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། བྱང་ཆུབ་སེམས་དཔའ་ཆོས་ཅན། ཁྱོད་སངས་རྒྱས་འཕགས་པའི་རྒྱུ་མ་ཡིན་པར་ཐལ། སངས་རྒྱས་འཕགས་པ་ཁྱོད་ཀྱི་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་འཕགས་པ་ཆོས་ཅན། ཁྱོད་བྱང་ཆུབ་སེམས་དཔའི་རྒྱུ་ཡིན་པར་ཐལ། ཁྱོད་བྱང་ཆུབ་སེམས་དཔའི་ཕན་འདོགས་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་འཕགས་པ་ཆོས་ཅན། ཁྱོད་བྱང་ཆུབ་སེམས་དཔའི་ཕན་འདོགས་བྱེད་ཡིན་པར་ཐལ། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་ལ་ཆོས་གསུངས་པའི་སྒོ་ནས་ཕན་འདོགས་པར་བྱེད་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དངོས་པོ་ཡིན་པར་ཐལ། བུམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུར་གྱུར་བའི་སྐྱེས་བུ་ཡོད་པར་ཐལ། ཁྱོད་སྐྱེས་བུའི་རྩོལ་བ་ལས་བྱུང་བའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པའི་ཕྱིར། མ་ཁྱབ་ཟེར་ན། བུམ་པ་ཆོས་ཅན། ཁྱོད་སྐྱེས་བུའི་རྩོལ་བ་ལས་བྱུང་བར་ཐལ། ཁྱབ་པ་མ་བྱུང་གི་ལན་འཐད་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། ཁྱོད་སྐྱེས་བུའི་རྩོལ་བ་ལས་མ་བྱུང་པར་ཐལ། ཁྱོད་ལ་སྐྱེས་བུའི་རྩོལ་བ་ལས་བྱུང་མ་བྱུང་གཉིས་ཡོད་པའི་ཕྱིར། མ་གྲུབ་ན། བུམ་པ་ཡིན་ན་སྐྱེས་བུའི་རྩོལ་བ་ལས་བྱུང་བས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། སངས་རྒྱས་ཚེ་དཔག་མེད་ཀྱི་ཚེ་བུམ་ཆོས་ཅན། ཁྱོད་སྐྱེས་བུའི་རྩོལ་བ་ལས་བྱུང་པར་ཐལ། བུམ་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སངས་རྒྱས་ཚེ་དཔག་མེད་ཀྱི་ཚེ་བུམ་ཆོས་ཅན། ཁྱོད་སྐྱེས་བུའི་རྩོལ་བ་ལས་མ་བྱུང་པར་ཐལ། ཁྱོད་སྐྱེས་བུ་གང་གིས་ཀྱང་རྩོལ་བ་ལས་མ་བྱུང་བའི་ཕྱིར། མ་གྲུབ་ན། ཞོག སངས་རྒྱས་ཚེ་དཔག་མེད་ཆོས་ཅན་ཟེར་ན། སངས་རྒྱས་ཚེ་དཔག་མེད་ཀྱི་ཚེ་བུམ་ཆོས་ཅན། སངས་རྒྱས་ཚེ་དཔག་མེད་ཀྱིས་རྩོལ་བ་ལས་བྱུང་ཚུལ་ཡོད་པར་ཐལ། སངས་རྒྱས་ཚེ་དཔག་མེད་ཀྱིས་རྩོལ་བ་ལས་བྱུང་བའི་ཕྱིར། རྟགས་ཁས། འདོད་ན། དེ་སངས་རྒྱས་ཚེ་དཔག་མེད་ཀྱི་རྩོལ་པ་ལས་བྱུང་ཚུལ་ཡོད་པར་ཐལ། འདོད་ན། ཞོག སངས་རྒྱས་ཀྱིས་ཚོགས་རྫོགས་པ་ལས་བྱུང་བ་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །རྫ་བུམ་ཆོས་ཅན། ཁྱོད་ཀྱི་ཉེར་ལེན་དུ་གྱུར་བའི་འཇིམ་པ་ཡོད་པར་ཐལ། ཁྱོད་རྫ་བུམ་ཡིན་པའི་ཕྱིར། ཞེས་པའི་ལུང་གི་དོན་ངོས་འཛིན་རྒྱུ་ཡོད་པར་ཐལ། འདོད་ན། ལུང་དོན་ནི། རྫ་བུམ་ཡིན་ན་རྫ་བུམ་གྱི་ཉེར་ལེན་དུ་གྱུར་བའི་འཇིམ་པ་ཡོད་པས་ཁྱབ་པ་ཆོས་ཅན་ཟེར་ན། འོ་ན། རྫ་བུམ་ཆོས་ཅན། ཁྱོད་ཀྱི་ཉེར་ལེན་དུ་གྱུར་བའི་འཇིམ་པ་དང་ཁྱོད་གཉིས་མེད་ན་མི་འབྱུང་གི་འབྲེལ་བ་གྲུབ་པར་ཐལ། ཁྱོད་ཀྱི་ཉེར་ལེན་དུ་གྱུར་བའི་འཇིམ་པ་དང་ཁྱོད་གཉིས་རྒྱུ་འབྲས་ཡིན་པའི་ཕྱིར། འདོད་ན། རྫ་བུམ་ཆོས་ཅན། ཁྱོད་མེད་ན་ཁྱོད་ཀྱི་ཉེར་ལེན་དུ་གྱུར་བའི་འཇིམ་པ་མེད་པས་ཁྱབ་པར་ཐལ། ཚད་མའི་བསྟན་ཆོས་བསྡུས་གྲྭར། རྫ་བུམ་མེད་པའི་ས་ཕྱོགས་ཆོས་ཅན། རྫ་བུམ་གྱི་ཉེར་ལེན་དུ་གྱུར་པའི་འཇིམ་པ་མེད་པར་ཐལ།རྫ་བུམ་གྱི་དགག་གཞི་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། རྫ་བུམ་ཆོས་ཅན། ཁྱོད་མེད་པའི་གཞིར་འཇིམ་པ་ལས་རྫ་བུམ་གསར་དུ་བཟོ་རྒྱུ་ཡོད་མེད་དཔྱད་པར་བྱའོ། །ཡང་དངོས་པོ་ཡིན་ན་ཁྱོད་ཀྱི་སྐྱེད་བྱེད་ཁྱོད་ཀྱི་རྒྱུའི་མཚན་ཉིད་ཡིན་པས་ཁྱབ་པར་ཐལ། འདོད་ན། མི་ཆོས་ཅན། ཁྱོད་ཀྱི་སྐྱེད་བྱེད་ཁྱོད་ཀྱི་རྒྱུའི་མཚན་ཉིད་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། འདོད་ན། མི་ཆོས་ཅན། ཁྱོད་ཀྱི་སྐྱེད་བྱེད་ཡིན་ན་ཁྱོད་ཀྱི་རྒྱུ་ཡིན་པས་ཁྱབ་པར་ཐལ། ཁྱོད་ཀྱི་སྐྱེད་བྱེད་ཁྱོད་ཀྱི་རྒྱུའི་མཚན་ཉིད་ཡིན་པའི་ཕྱིར། མིར་གྱུར་བའི་སོ་སྐྱེས་སྐྱེ་བ་འཕེན་བྱེད་ཀྱི་ལས་ཆོས་ཅན། མིའི་རྒྱུ་ཡིན་པར་ཐལ། མིའི་སྐྱེ་བ་འཕེན་བྱེད་ཀྱི་ལས་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། མིར་གྱུར་བའི་སོ་སྐྱེས་སྐྱེ་བ་འཕེན་བྱེད་ཀྱི་ལས་ཆོས་ཅན། འགྲོ་བ་རིགས་དྲུག་གང་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་མ་ཡིན་པར་ཐལ། མིའི་སྐྱེ་བ་འཕེན་བྱེད་ཀྱི་ལས་མ་ཡིན་པ་གང་ཞིག དེ་ལས་གཞན་མ་ཡིན་པའི་ཕྱིར། གོང་དུ་འདོད་ན། མིར་གྱུར་བའི་སོ་སྐྱེ་སྐྱེ་བ་འཕེན་བྱེད་ཀྱི་ལས་ཆོས་ཅན། མིའི་རྒྱུ་ཡིན་པར་ཐལ། འདོད་པའི་ཕྱིར། རྟགས་ཁས། འདོད་ན། མིར་གྱུར་བའི་སོ་སྐྱེས་སྐྱེ་བ་འཕེན་བྱེད་ཀྱི་ལས་ཆོས་ཅན། མིའི་སྐྱེ་བ་གྲུབ་པ་ལ་ངེས་པར་དུ་ཁྱོད་གྲུབ་དགོས་པར་ཐལ། ཁྱོད་མིའི་རྒྱུ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། འཕགས་པ་ཆོས་ཅན། ཁྱོད་མིར་སྐྱེ་བ་ལ་མིར་གྱུར་བའི་སོ་སྐྱེས་སྐྱེ་བ་འཕེན་བྱེད་ཀྱི་ལས་བསགས་དགོས་པར་ཐལ་ཟེར་ན་དཔྱད་པར་བྱའོ། །རྣམ་ཤེས་ཡིན་ན་ཁྱོད་ཀྱི་ས་བོན་རང་གི་རྫས་རྒྱུན་དུ་རྫས་སུ་གཙོ་བོར་སྐྱེད་བྱེད་ཡིན་པས་ཁྱབ་པར་ཐལ། འདོད་ན། ཀུན་གཞི་རྣམ་ཤེས་ཆོས་ཅན། ཁྱོད་ཀྱི་ས་བོན་རང་གི་རྫས་རྒྱུན་དུ་རྫས་སུ་གཙོ་བོར་སྐྱེད་བྱེད་ཡིན་པར་ཐལ། ཁྱོད་རྣམ་ཤེས་ཡིན་པའི་ཕྱིར། འདོད་ན། ཀུན་གཞི་རྣམ་ཤེས་ཆོས་ཅན། ཁྱོད་ཀྱི་རྫས་རྒྱུན་ལ་ཁྱོད་ཀྱིས་མ་ཁྱབ་པ་ཐལ། ཁྱོད་ཀྱི་ས་བོན་ཁྱོད་ཀྱི་རྫས་རྒྱུན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཀུན་གཞི་རྣམ་ཤེས་ཆོས་ཅན། ཁྱོད་མ་ཡིན་པ་ཞིག་གསར་དུ་གང་ཟག་ཏུ་འགྱུར་བ་ཡོད་པར་ཐལ། ཁྱོད་མ་ཡིན་པ་ཞིག་གསར་དུ་ཀུན་གཞི་རྣམ་ཤེས་སུ་འགྱུར་བ་ཡོད་བའི་ཕྱིར། འདོད་ན། གང་ཟག་གི་ཐོག་མ་ཡོད་པར་ཐལ་བ་སོགས་ཀྱིས་དཔྱད་དོ། ། དངོས་པོ་ཁྱོད་ཀྱི་དངོས་རྒྱུ་ཡིན་ན་ཁྱོད་དངོས་པོའི་དངོས་འབྲས་ཡིན་པས་ཁྱབ་པར་ཐལ། འདོད་ན། ཡིན་པར་གྱུར་བའི་བུམ་པའི་སྔ་ལོགས་སུ་བྱུང་བའི་དངོས་པོ་བུམ་པ་ཆོས་ཅན། ཁྱོད་དངོས་པོའི་དངོས་འབྲས་ཡིན་པར་ཐལ། དངོས་པོ་ཁྱོད་ཀྱི་དངོས་རྒྱུ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དངོས་པོ་ཡིན་པར་གྱུར་བའི་བུམ་པའི་སྔ་ལོགས་སུ་བྱུང་བའི་དངོས་པོ་ཆོས་ཅན། བུམ་པའི་དངོས་རྒྱུ་མ་ཡིན་པར་ཐལ། མ་གྲུབ་པའི་ལན་འཐད་པའི་ཕྱིར། འདོད་མི་རིགས་པར་ཐལ། དངོས་པོ་ཡིན་ན་ཁྱོད་ཀྱི་སྔ་ལོགས་སུ་བྱུང་བ་ཁྱོད་ཀྱི་དངོས་རྒྱུ་ཡིན་པས་ཁྱབ་པའི་ཕྱིར། གོང་དུ་འདོད་ན། ཡིན་པར་གྱུར་བའི་བུམ་པའི་སྔ་ལོགས་སུ་བྱུང་བའི་བུམ་པ་ཆོས་ཅན།ཁྱོད་དངོས་པོའི་དངོས་འབྲས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དངོས་པོའི་དངོས་འབྲས་མ་ཡིན་པར་ཐལ།ཁྱོད་དངོས་པོའི་འབྲས་བུ་མ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དངོས་པོའི་བྱེ་བྲག་ཡིན་པའི་ཕྱིར་ན་དཔྱད་པར་བྱའོ། །རང་ལུགས་ལ་རྒྱུ་འབྲས་དུས་མཉམ་པ་ཡོད་པར་ཐལ། ཡོད་པའི་ཕྱིར། འདོད་ན། རང་ལུགས་ལ་རྒྱུ་འབྲས་དུས་མཉམ་པ་མེད་པར་ཐལ། རྒྱུ་འབྲས་ཡིན་པ་ལ་རྒྱུ་འགགས་ནས་འབྲས་བུ་གྲུབ་དགོས་པའི་ཕྱིར། མ་གྲུབ་ན། དེ་དགོས་པ་ཡིན་པར་ཐལ། ཚད་མ་རྣམ་འགྲེལ་ལས། མེད་པ་སྔར་ནས་མེད་ཕྱིར་དང༌། །ཕྱིས་ཀྱང་ཉེར་སྦྱོར་མེད་པའི་ཕྱིར། །རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །ཞེས་དང༌། ས་བཟང་མངོན་པ་ཀུན་བཏུས་ལས། དེའང་བརྟགས་ན་མི་འཐད་དེ། རྒྱུ་འབྲས་གཉིས་ཀ་མ་སྐྱེས་ན་རྒྱུས་འབྲས་བུ་ལ་ཕན་འདོགས་མི་ནུས་པའི་ཕྱིར་དུས་མི་མཉམ་ལ། གཉིས་ཀ་སྐྱེས་པ་ན་རྒྱུས་འབྲས་བུ་ལ་ཕན་འདོགས་མི་དགོས་པའི་ཕྱིར་དུས་མི་མཉམ་ཞིང༌། རྒྱུ་གང་ཡིན་པ་དེ་འབྲས་བུའི་སྔར་ཡོད་པ་ཁོ་ན་ཡིན་པའི་ཕྱིར་རོ། ཞེས་གསུངས་པའི་ཕྱིར། འདོད་ན། རྒྱུ་འབྲས་ཡིན་པ་ལ་རྒྱུ་འགག་ནས་འབྲས་བུ་སྐྱེ་དགོས་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། དེ་མི་དགོས་པར་ཐལ། རང་ལུགས་ལ་རྒྱུ་འབྲས་དུས་མཉམ་པ་ཡོད་པའི་ཕྱིར། མ་གྲུབ་ན། ཡོད་པར་ཐལ། དེ་ལྟར་ཡོད་པ་དེ་ཡང་ས་བཟང་མ་ཏི་པཎ་ཆེན་གྱིས་མཛད་པའི་ཀུན་བཏུས་འགྲེལ་བ་ལས། རང་ལུགས་ལ་ཚོགས་པ་ཚར་གཅིག་ལས་སྐྱེས་པའི་རོ་གཟུགས་རྒྱུ་འབྲས་ཀྱང་ཡིན་ལ་དུས་མཉམ་པའང་མི་འགལ་བ། ཞེས་དང༌། ཐེག་མཆོག་དབུ་མ་ལས། ངོ་བོ་བསྐྱེད་པའི་རྒྱུ་འབྲས་སྔ་ཕྱི་སྟེ། ཁྱབ་པར་བསྐྱེད་དང་བརྟེན་ལ་ངེས་པ་མེད། ཅེས་གསུངས་པའི་ཕྱིར། འདོད་ན། ཚོགས་པ་ཚར་གཅིག་ལས་སྐྱེས་པའི་རོ་གཟུགས་གཉིས་ཆོས་ཅན། རྒྱུ་འབྲས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཚོགས་པ་ཚར་གཅིག་ལས་སྐྱེས་པའི་རོ་གཟུགས་གཉིས་ཆོས་ཅན། རྒྱུ་འབྲས་མ་ཡིན་པར་ཐལ། རྒྱུ་འབྲས་བཏགས་པ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་བཙུན་པ་ངོ་བོ་ཉིད་མེད་པས་མཛད་པའི་ཐེག་བསྡུས་བཤད་སྦྱར་ལས། ལྷན་ཅིག་བྱུང་བའི་རྒྱུ་ཉིད་ནི་བཏགས་པ་བ་སྟེ། ཞེས་དང༌། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཐེག་བསྡུས་སུ་གསུངས་པ་ནི། བར་མ་ཆད་དུ་བྱུང་བ་ལ་དུས་མཉམ་དུ་དགོངས་ཏེ། འཇིག་རྟེན་པའི་བློ་དང་མཐུན་པར་མཛད་པའམ། ཡང་ན་རྒྱུ་འབྲས་བཏགས་པ་བ་སྟེ། ཞེས་གསུངས་བའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །རྒྱུ་འབྲས་ཡིན་ན་སྔ་ཕྱི་རིམ་ཅན་དུ་གྲུབ་པས་ཁྱབ་པ་ཡིན་ཟེར་ན། དེ་ལ་ཁྱབ་པ་མེད་པར་ཐལ། བྱ་དང་སྒོང་ང་གཉིས་ཀྱི་ནང་ནས་སྔོན་དུ་གང་གྲུབ་པ་ངོས་འཛིན་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། ཞོག་ཅེས་པ་ལ། བྱ་སྔོན་དུ་གྲུབ་པ་རེད་ཟེར་ན། དེ་མ་ཡིན་པར་ཐལ། སྒོང་ང་སྔོན་དུ་གྲུབ་དགོས་པའི་ཕྱིར། དེར་ཐལ། བྱ་སྒོང་སྐྱེས་ཉིད་དུ་འཇོག་དགོས་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། བྱ་སྔོན་དུ་གྲུབ་པ་ཡིན་པའི་ཕྱིར། དེར་ཐལ། བྱ་ལས་སྒོང་ང་སྐྱེས་དགོས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་མ་བུ་གཉིས་ལས་སྔོན་དུ་མ་གྲུབ་པ་ཡིན་ཟེར་ན། མ་སྔོན་དུ་གྲུབ་པ་མ་ཡིན་པར་ཐལ། སྔོན་དུ་བུ་གྲུབ་པ་ཡིན་པའི་ཕྱིར། དེར་ཐལ། མ་དེ་བུ་ལ་ལྟོས་ཏེ་འཇོག་དགོས་པའི་ཕྱིར། མ་གྲུབ་ན། འོ་ན། བུད་མེད་ཡིན་ན་མ་རྒན་ཡིན་པས་ཁྱབ་པར་ཐལ། བུ་མེད་ཀྱང་མ་རྒན་འཇོག་རིགས་པའི་ཕྱིར། རྟགས་ཁས། གོང་དུ་འདོད་ན། བུ་སྔོན་དུ་གྲུབ་པ་མ་ཡིན་པར་ཐལ། མ་སྔོན་དུ་གྲུབ་པ་ཡིན་པའི་ཕྱིར་ཟེར་སོགས་ཀྱིས་དཔྱད། ཡང་སྔ་དྲོ་ཆོས་ཅན། ཕྱི་དྲོའི་སྔོན་དུ་གྲུབ་པར་ཐལ། ཕྱི་དྲོའི་རྒྱུ་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཕྱི་དྲོའི་རྗེས་སུ་གྲུབ་པའི་ཕྱིར། མ་གྲུབ་ན། སྔ་དྲོ་ཆོས་ཅན། ཕྱི་དྲོའི་རྗེས་སུ་མེད་པར་ཐལ། ཕྱི་དྲོའི་རྗེས་སུ་མ་གྲུབ་པའི་ཕྱིར། འདོད་ན། སྔ་དྲོ་ཆོས་ཅན། ཕྱི་དྲོའི་རྗེས་སུ་ཡོད་པར་ཐལ། ཕྱི་དྲོའི་རྗེས་སུ་སང་ཉིན་ཐོན་གྱི་ཡོད་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །སངས་རྒྱས་འཕགས་པ་རང་གི་གདུལ་བྱའི་སེམས་ཅན་གྱི་རྒྱུ་ཡིན་ཟེར་ན། སངས་རྒྱས་འཕགས་པ་ཆོས་ཅན། ཁྱོད་ཀྱི་དུས་སུ་རང་གི་གདུལ་བྱའི་སེམས་ཅན་མེད་པར་ཐལ། ཁྱོད་རང་གིས་གདུལ་བྱའི་སེམས་ཅན་གྱི་རྒྱུ་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པ་ཆོས་ཅན། ཁྱོད་ཀྱི་དུས་སུ་ཁྱོད་ཀྱིས་ཆོས་འཁོར་མ་བསྐོར་པརཐལ། ཁྱོད་ཀྱི་དུས་སུ་ཁྱོད་ཀྱིས་རང་གི་གདུལ་བྱ་ལ་ཆོས་འཁོར་སྐོར་བ་མ་ཡིན། དེ་ལས་གཞན་མ་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །སྤྱིར་ཆོས་ཅན། སྐྱེད་བྱེད་ཡིན་པར་ཐལ། འབྲས་བུ་སྐྱེད་བྱེད་ཡིན་པའི་ཕྱིར་ན་མ་ཁྱབ་སྙམ་ཞེས་པའི་ལུང་གི་དོན་ཡོད་པར་ཐལ། ཡོད་པའི་ཕྱིར། འདོད་ན། ཞོག འབྲས་བུ་སྐྱེད་བྱེད་ཡིན་ན་སྐྱེད་བྱེད་ཡིན་པའི་མ་ཁྱབ་པ་ཆོས་ཅན་ཟེར་ན། འོ་ན་སྐྱེད་བྱེད་ཡིན་མིན་དེ་འབྲས་བུ་སྐྱེད་བྱེད་ཡིན་མིན་ལ་ལྟ་བ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྐྱེད་བྱེད་ཡིན་མིན་གྱི་དོན་མེད་པར་ཐལ། ཅིའི་ཕྱིར། ཞོག རང་གི་འབྲས་བུ་སྐྱེད་བྱེད་ཡིན་མིན་ལ་ལྟ་ཟེར་ན། འོ་ན། སྐྱེད་བྱེད་མེད་པར་ཐལ། རང་གི་འབྲས་བུ་སྐྱེད་བྱེད་མེད་པའི་ཕྱིར། མ་གྲུབ་ན། རང་གི་འབྲས་བུ་སྐྱེད་བྱེད་མེད་པར་ཐལ། རང་རྟག་པ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། རང་རྟག་པ་ཡིན་ན་རང་གི་འབྲས་བུ་སྐྱེད་བྱེད་མེད་པས་ཁྱབ་པ་ཐལ། མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །དངོས་པོ་ཆོས་ཅན། དངོས་པོ་དང་དུས་མཉམ་དུ་བྱུང་བའི་རྒྱུ་ཡིན་པར་ཐལ། དངོས་པོ་དང་དུས་མཉམ་དུ་བྱུང་བའི་དངོས་པོ་ཡིན་པའི་ཕྱིར་ན་མ་ཁྱབ་ཞེས་པའི་ལུང་གི་ཡོད་པར་ཐལ། ཡོད་པའི་ཕྱིར། འདོད་ན། ཞོག་ཅེས་པ་ལ། དངོས་པོ་དང་དུས་མཉམ་དུ་བྱུང་བའི་དངོས་པོ་ཡིན་ན་དངོས་པོ་དང་དུས་མཉམ་དུ་བྱུང་བའི་རྒྱུ་ཡིན་མི་དགོས་པ་ཆོས་ཅན་ཟེར་ན། འོ་ན། དངོས་པོ་ཆོས་ཅན། དངོས་པོ་དང་དུས་མཉམ་དུ་བྱུང་བའི་རྒྱུ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དངོས་པོ་ཆོས་ཅན། དངོས་པོ་དང་དུས་མཉམ་དུ་བྱུང་བའི་རྒྱུ་ཡིན་པར་ཐལ། དངོས་པོ་དང་དུས་མཉམ་དུ་བྱུང་བའི་སྐྱེད་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། དངོས་པོ་དང་དུས་མཉམ་དུ་བྱུང་བའི་སྐྱེད་བྱེད་མ་ཡིན་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། དངོས་པོ་ཆོས་ཅན། དངོས་པོ་དང་དུས་མཉམ་དུ་བྱུང་བའི་འབྲས་བུ་སྐྱེད་བྱེད་མ་ཡིན་པར་ཐལ། དངོས་པོ་དང་དུས་མཉམ་དུ་བྱུང་བའི་སྐྱེད་བྱེད་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དངོས་པོ་ཆོས་ཅན། དངོས་པོ་དང་དུས་མཉམ་དུ་བྱུང་བའི་དངོས་པོ་མ་ཡིན་པར་ཐལ། དངོས་པོ་དང་དུས་མཉམ་དུ་བྱུང་བའི་འབྲས་བུ་སྐྱེད་བྱེད་མ་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་འབྲས་བུ་ཡིན་ན་རྒྱུའི་འབྲས་བུ་ཡིན་དགོས་པར་ཐལ། འདོད་ན། རྒྱུ་ཆོས་ཅན། རྒྱུའི་འབྲས་བུ་ཡིན་པར་ཐལ། འབྲས་བུ་ཡིན་པའི་ཕྱིར། འདོད་ན། རྒྱུ་ཆོས་ཅན། རྒྱུ་དང་སྔ་ཕྱི་རིམ་ཅན་དུ་གྲུབ་པར་ཐལ། ཁྱོད་རྒྱུའི་འབྲས་བུ་ཡིན་པའི་ཕྱིར། འདོད་ན། རྒྱུ་ཆོས་ཅན། ཁྱོད་འགག་ནས་རྒྱུ་གྲུབ་དགོས་པར་ཐལ། ཁྱོད་རྒྱུའི་རྒྱུ་ཡིན་པའི་ཕྱིར། འདོད་ན། འདོད་མི་རིགས་པར་ཐལ། རྒྱུ་འགག་པ་དང་ཁྱོད་འགག་པ་དུས་མཉམ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དང་རྒྱུ་གཉིས་གཅིག་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་གསེར་བུམ་ཆོས་ཅན། གསེར་ལས་སྐྱེས་པར་ཐལ། འདོད་ན། གསེར་བུམ་ཆོས་ཅན། གསེར་ལས་མ་སྐྱེས་པར་ཐལ། གསེར་གྱི་བྱེ་བྲག་ཡིན་པའི་ཕྱིར། འདོད་ན། གསེར་བུམ་ཆོས་ཅན། གསེར་ལས་སྐྱེས་པར་ཐལ། གསེར་ལས་བྱས་པའི་བུམ་པ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། འཇིམ་པ་ལས་བྱས་པ་ཡིན་ན་ཁྱོད་འཇིམ་པ་ལས་སྐྱེས་མི་དགོས་པར་ཐལ་ཟེར་ན་དཔྱད་དོ། །ཡང་གཞི་དེ་དང་ཆོས་དེ་གཉིས་རྒྱུ་འབྲས་ཡིན་ན་འབྲས་བུ་དེ་ཡོད་ན་རྒྱུ་དེ་ཡོད་པས་ཁྱབ་པར་ཐལ། འདོད་ན། བུམ་པ་ཡོད་པར་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་ཡོད་ན་བུམ་པ་ཡོད་པས་ཁྱབ་པར་ཐལ། ཁྱོད་བུམ་པའི་འབྲས་བུ་ཡིན་པའི་ཕྱིར། འདོད་ན། བུམ་པའི་དགག་གཞིར་ཆོས་ཅན། བུམ་པ་ཡོད་པར་ཐལ། བུམ་པ་ཡོད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། བུམ་པའི་དགག་གཞིར་ཆོས་ཅན། བུམ་པ་ཡོད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། བུམ་པ་ཡོད་པར་རྟོགས་པའི་རྣམ་མཁྱེན་ཡོད་པའི་ཕྱིར། མ་གྲུབ་ན། བུམ་པའི་དགག་གཞིར་ཆོས་ཅན། བུམ་པ་ཡོད་པར་རྟོགས་པའི་རྣམ་མཁྱེན་ཡོད་པར་ཐལ། ཆོས་ཐམས་ཅད་ཡོད་པར་རྟོགས་པའི་རྣམ་མཁྱེན་ཡོད་པའི་ཕྱིར། མ་གྲུབ་ན། བུམ་པའི་དགག་གཞིར་ཆོས་ཅན། ཆོས་ཐམས་ཅད་ཡོད་པར་རྟོགས་པའི་རྣམ་མཁྱེན་ཡོད་པར་ཐལ། རྣམ་མཁྱེན་ཡོད་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ། རྣམ་མཁྱེན་གྱི་མཚན་ཉིད་ལ་ཆོས་ཐམས་ཅད་ཅིག་ཆར་དུ་མངོན་སུམ་དུ་མཁྱེན་པའི་མཁྱེན་པ་དེ་འཇོག་དགོས་པ་གང་ཞིག དེ་དང་རྣམ་མཁྱེན་གཉིས་ལ་ཡོད་ཁྱབ་མཉམ་གྲུབ་དགོས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །རང་རྒྱུ་ལས་སྐྱེས་པ་འདུས་བྱས་མཚན་ཉིད་ཡིན་པར་ཐལ། འདོད་ན། རང་རྒྱུ་ལས་སྐྱེས་པ་དང་འདུས་བྱས་གཉིས་ཆོས་ཅན། ཡོད་ཁྱབ་མཉམ་ཡིན་པར་ཐལ། མཚན་མཚོན་ཡིན་པའི་ཕྱིར། འདོད་ན། འདུས་བྱས་ཡོད་ན་རང་རྒྱུ་ལས་སྐྱེས་པ་ཡོད་པའི་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། རང་རྒྱུ་ལས་སྐྱེས་པ་ཡོད་པར་ཐལ། འདུས་བྱས་ཡོད་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། འདུས་བྱས་ཡོད་པར་ཐལ། དངོས་པོ་ཡོད་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དངོས་པོ་ཡོད་པར་ཐལ། གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་པོ་གང་རུང་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། གཟུགས་ཤེས་ལྡན་མིན་གསུམ་པོ་གང་རུང་ཡོད་པར་ཐལ། ཤེས་པ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཤེས་པ་ཡོད་པར་ཐལ། ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཚད་མ་ཡོད་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། ཡོད་པ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་བ་ཡོད་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང་ཡོད་པ་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་དངོས་པོ་ཡིན་ན་ཁྱོད་ཀྱི་སྔ་ལོགས་སུ་བྱུང་བ་ཁྱོད་ཀྱི་རྒྱུ་ཡིན་པས་ཁྱབ་པར་ཐལ། འདོད་ན། འོ་ན་བྱས་པ་བྱས་པ་ཆོས་ཅན། ཁྱོད་ཀྱི་སྔ་ལོགས་སུ་བྱུང་བ་ཁྱོད་ཀྱི་རྒྱུ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། ཁྱབ་བ་ཁས། འདོད་ན། བྱས་པ་བྱས་པའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། བྱས་པ་བྱས་པའི་རྒྱུ་མ་ཡིན་པར་ཐལ། བྱས་པ་བྱས་པ་དང་ཐ་དད་མ་ཡིན་པའི་ཕྱིར། མ་གྲུབ་ན། བྱས་པ་བྱས་པའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། བྱས་པ་བྱས་པ་དང་ཐ་དད་མ་ཡིན་པར་ཐལ། བྱས་པ་བྱས་པ་དང་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། བྱས་པ་བྱས་པ་དང་གཅིག་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། བདག་མེད་ཡིན་ན་བྱས་པ་བྱས་པ་དང་གཅིག་ཡིན་པས་ཁྱབ་བར་ཐལ། བདག་མེད་ཡིན་ན་བྱས་པ་བྱས་པ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། ཞོག རི་བོང་རྭ་ཆོས་ཅན་ཟེར་ན། དེ་ཆོས་ཅན། བྱས་པ་བྱས་པ་ཡིན་པར་ཐལ། བྱས་པ་རྟག་དངོས་གང་རུང་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། བྱས་པ་རྟག་དངོས་གང་རུང་ཡིན་པ་ཐལ། བྱས་པ་ཡོད་བའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། བྱས་པ་ཡོད་པར་ཐལ། ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཚད་མ་ཡོད་པར་ཐལ། བདག་མེད་དུ་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། བདག་མེད་དུ་རྟོག་པའི་ཚད་མ་ཡོད་པར་ཐལ། བདག་མེད་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ།། བསྐྱེད་བྱ་འབྲས་བུའི་མཚན་ཉིད་ཡིན་པར་ཐལ། འདོད་ན། འོ་ན་གསེར་གྱི་བསྐྱེད་བྱ་གསེར་གྱི་འབྲས་བུའི་མཚན་ཉིད་ཡིན་པར་ཐལ། གཞི་ལ་སྦྱར་ཚུལ་ཡོད་པའི་ཕྱིར། འདོད་ན། གསེར་བུམ་ཆོས་ཅན། གསེར་གྱི་བསྐྱེད་བྱ་ཡིན་པར་ཐལ། གསེར་གྱི་འབྲས་བུ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོསཅན། གསེར་གྱི་འབྲས་བུ་ཡིན་པར་ཐལ། གསེར་ལས་སྐྱེས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། གསེར་ལས་སྐྱེས་པ་ཡིན་པར་ཐལ། གསེར་ལས་གྲུབ་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། གསེར་ལས་གྲུབ་པ་ཡིན་པར་ཐལ། གསེར་གྱི་བུམ་པ་ཡིན་པའི་ཕྱིར། མ་ཁྱབ་ན། རང་རྒྱུ་གསེར་ལས་སྐྱེས་ཀྱང་གསེར་ལས་མ་སྐྱེས་ཟེར་ན། རང་རྒྱུ་གསེར་ལས་སྐྱེས་ན་གསེར་ལས་སྐྱེས་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། འོ་ན་རང་རྒྱུ་མ་ལས་སྐྱེས་ན་མ་ལས་སྐྱེས་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་རྒྱུ་མེ་ལས་སྐྱེས་ན་མེ་ལས་སྐྱེས་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། དུ་བ་ཆོས་ཅན། མེ་ལས་མ་སྐྱེས་པར་ཐལ། རང་རྒྱུ་མེ་ལས་སྐྱེས་ཀྱང་མེ་ལས་མ་སྐྱེས་ཞེས་པའི་ཞིབ་ཆ་དགོས་པའི་ཕྱིར། འདོད་ན། དུ་བ་ཆོས་ཅན། མེ་ལས་སྐྱེས་པར་ཐལ། མེའི་འབྲས་བུ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་ལས། མེ་ཡི་འབྲས་བུ་དུ་བ་སྟེ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཁྱོད་མ་སྐྱེས་པ་ཡིན་ན་ཁྱོད་ཀྱི་རྒྱུ་མེད་པས་ཁྱབ་པར་ཐལ། འདོད་ན། འོ་ན། དམ་བཅའ་བ་མ་ཡིན་པ་ཆོས་ཅན། ཁྱོད་ཀྱི་རྒྱུ་མེད་པར་ཐལ། ཁྱོད་མ་སྐྱེས་པ་ཡིན་པའི་ཕྱིར། མ་གྲུབ་ན། དམ་བཅའ་བ་མ་ཡིན་པ་ཆོས་ཅན། མ་སྐྱེས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། དམ་བཅའ་བ་ཆོས་ཅན། ཁྱོད་མ་ཡིན་པ་རྟག་པ་ཡིན་པར་ཐལ། ཁྱོད་མ་ཡིན་པ་ཡོད་པའི་ཕྱིར། འདོད་ན། དམ་བཅའ་བ་མ་ཡིན་པའི་རྒྱུ་ཡོད་པར་ཐལ། དམ་བཅའ་བ་མ་ཡིན་པའི་བླ་མ་ཡོད་པའི་ཕྱིར། མ་གྲུབ་ན། དམ་བཅའ་བ་མ་ཡིན་པའི་བླ་མ་ཡོད་པར་ཐལ། དམ་བཅའ་བ་མ་ཡིན་པའི་སློབ་མ་ཡོད་པའི་ཕྱིར། མ་གྲུབ་ན། དམ་བཅའ་བ་མ་ཡིན་པའི་སློབ་མ་ཡོད་པར་ཐལ། དམ་བཅའ་བ་མ་ཡིན་པའི་མཁས་པ་ཡོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དམ་བཅའ་བ་མ་ཡིན་པ་ཆོས་ཅན། ཁྱོད་ཡིན་པ་གང་ཞིག ཆོས་དེ་ཡིན་ན་ཁྱོད་ཀྱི་ཆོས་དེ་ཡིན་དགོས་པར་ཐལ། འདོད་ན། ཤེས་བྱ་ཆོས་ཅན།ཁྱོད་ཡིན་པ་གང་ཞིག ཆོས་དེ་ཡིན་ན་ཁྱོད་ཀྱི་ཆོས་དེ་ཡིན་དགོས་པར་ཐལ། རིགས་པ་མཚུངས་པའི་ཕྱིར། འདོད་ན། ཁ་དོག་ཆོས་ཅན། ཤེས་བྱའི་ཁ་དོག་ཡིན་པར་ཐལ། ཤེས་བྱ་ཡིན་པ་གང་ཞིག ཁ་དོག་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །དངོས་པོ་ཡིན་ན་རྒྱུ་ལས་སྐྱེས་པ་ཡིན་པས་ཁྱབ་སྟེ། ཞེས་པའི་སྐབས་ཀྱི་ས་བཅད་དང་གཞུང་སོགས་ཞོག་ཟེར། དེ་མ་ཡིན་པར་ཐལ། དེའི་ལུང་གི་དོན་འགྲེལ་ཚུལ་མེད་བའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། མ་གྲུབ་གྱི་ལན་འཐད་པའི་ཕྱིར། འདོད་ན། ཞོག དངོས་པོ་ཡིན་ན་རྒྱུ་ལས་སྐྱེས་པའི་ཁྱབ་བ་ཆོས་ཅན་ཟེར་ན། འོ་ན། དངོས་པོ་ཡིན་ན་རྒྱུ་ལས་སྐྱེས་པའི་ཁྱབ་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། རྒྱུ་ཆོས་ཅན། རྒྱུ་ལས་སྐྱེས་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཁྱབ་བ་ཁས། འདོད་ན། རྒྱུ་ཆོས་ཅན། རྒྱུ་དང་ཐ་དད་ཡིན་པར་ཐལ། རྒྱུ་དང་རྟེན་བྱུང་འབྲེལ་ཡིན་པའི་ཕྱིར། འདོད་ན། རྒྱུ་ཆོས་ཅན། རྒྱུ་དང་ཐ་དད་མ་ཡིན་པར་ཐལ། རྒྱུ་དང་གཅིག་ཡིན་པའི་ཕྱིར། འདོད་ན། རྒྱུ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

བདུན་པ་ཡུལ་དང་ཡུལ་ཅན་གྱི་དོགས་པ་འགོད་པ།

བདུན་པ་ཡུལ་དང་ཡུལ་ཅན་གྱི་དོགས་པ་འགོད་པ་ལ།

ཁ་ཅིག་ན་རེ། ཡོད་པ་ཡིན་ན་ཡུལ་དང་ཡུལ་ཅན་གཉིས་ཀ་ཡིན་པས་ཁྱབ་ཟེར་ན། བུམ་པ་ཆོས་ཅན་ཞེས་མ་ཁྱབ་པའི་སྐྱོན་དུ་བཞག་པ་ཡིན་པར་ཐལ། འདོད་ན། བུམ་པ་ཆོས་ཅན། ཡུལ་དང་ཡུལ་ཅན་གཉིས་ཀ་མ་ཡིན་པར་ཐལ། འདོད་ན། བུམ་པ་ཆོས་ཅན། ཡུལ་ཅན་མ་ཡིན་པར་ཐལ། འདོད་ན། བུམ་པ་ཆོས་ཅན། ཡུལ་ཅན་ཡིན་པར་གྱུར་བའི་ཤེས་བྱ་མ་ཡིན་པར་ཐལ། འདོད་ན། བུམ་པ་ཆོས་ཅན། ཡུལ་ཅན་ཡིན་པར་གྱུར་བའི་གཞལ་བྱ་མ་ཡིན་པར་ཐལ། འདོད་ན། བུམ་པ་ཆོས་ཅན། ཡུལ་ཅན་ཡིན་པར་གྱུར་བའི་ཚད་མས་གཞལ་བྱ་མ་ཡིན་པར་ཐལ། འདོད་ན། འོ་ན་ཡུལ་ཅན་ཡིན་པར་གྱུར་བའི་ཚད་མས་གཞལ་བྱ་ཡིན་ན་ཡུལ་ཅན་ཡིན་དགོས་པར་ཐལ། འདོད་ན། དངོས་པོར་གྱུར་བའི་ཚད་མའི་གཞལ་བྱ་ཡིན་ན་དངོས་པོ་ཡིན་དགོས་པར་ཐལ། འདོད་ན། གཞུང་ཚིག་ཏུ་གྱུར་བའི་བུམ་པ་ཞེས་རྗོད་པའི་སྒྲའི་བརྗོད་བྱ་ཡིན་ན་གཞུང་ཚིག་ཏུ་གྱུར་བའི་བུམ་པ་ཡིན་དགོས་པར་ཐལ། འདོད་ན། གཞུང་ཚིག་ཏུ་གྱུར་བའི་བུམ་པ་ཞེས་རྗོད་པའི་སྒྲ་ཡིན་ན་རྗོད་བྱེད་ཀྱི་སྒྲ་དོན་མཐུན་མ་ཡིན་པས་ཁྱབ་པར་ཐལ། གཞུང་ཚིག་ཏུ་གྱུར་བའི་བུམ་པ་མེད་པའི་ཕྱིར། མ་ཁྱབ་ན། གཞུང་ཚིག་ཏུ་གྱུར་བའི་བུམ་པ་ཞེས་རྗོད་པའི་སྒྲས་བརྗོད་བྱ་ཡིན་ན་གཞུང་ཚིག་ཏུ་གྱུར་བའི་བུམ་པ་ཡིན་མི་དགོས་པར་ཐལ། འདོད་ན། དངོས་པོར་གྱུར་པའི་ཚད་མས་གཞལ་བྱ་ཡིན་ན་དངོས་པོ་ཡིན་མི་དགོས་པར་ཐལ། འདོད་ན། ཡུལ་ཅན་ཡིན་པར་གྱུར་པའི་ཚད་མས་གཞལ་བྱ་ཡིན་ན་ཡུལ་ཅན་ཡིན་མི་དགོས་པར་ཐལ། འདོད་ན། བུམ་པ་ཆོས་ཅན། ཡུལ་ཅན་ཡིན་པར་གྱུར་བའི་ཚད་མའི་གཞལ་བྱ་ཡིན་པར་ཐལ། འདོད་ན། ཚར། འོ་ན་བུམ་པ་ཆོས་ཅན། ཡུལ་ཅན་ཡིན་པར་གྱུར་བའི་ཤེས་བྱ་ཡིན་པར་ཐལ། འདོད་ན། བུམ་པ་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། ཡུལ་ཅན་ཡིན་པར་གྱུར་བའི་ཤེས་བྱ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ཟེར་ན། འོ་ན་སྒྲུབ་པར་གྱུར་པའི་ཤེས་བྱ་ཡིན་ན་སྒྲུབ་པ་ཡིན་མི་དགོས་པར་ཐལ། འདོད་ན། སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་ཡིན་ན་སྒྲུབ་པ་ཡིན་མི་དགོས་པར་ཐལ། འདོད་ན། དེ་དགོས་པར་ཐལ། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་ན་སྒྲུབ་པ་ཡིན་པས་མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར། ཡོད་ན་ཞོག་ཟེར། མེད་ན། སྒྲུབ་པར་གྱུར་བའི་ཤེས་བྱ་ཡིན་ན་སྒྲུབ་པ་ཡིན་དགོས་པར་ཐལ། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་ན་སྒྲུབ་པ་ཡིན་དགོས་པའི་ཕྱིར། རྟགས་ཁས། འདོད་ན། ཡུལ་ཅན་ཡིན་པར་གྱུར་བའི་ཤེས་བྱ་ཡིན་ན་ཡུལ་ཅན་ཡིན་དགོས་པར་ཐལ། སྒྲུབ་པར་གྱུར་པའི་ཤེས་བྱ་ཡིན་ན་སྒྲུབ་པ་ཡིན་དགོས་པའི་རྒྱུ་མཚན་འཐད་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། ཡུལ་ཅན་ཡིན་པར་གྱུར་བའི་ཤེས་བྱ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་མི་ནུས་ཏེ། ཚད་མའི་བསྟན་བཅོས་ལས། ཡོད་པ་ཡིན་ན་ཡུལ་དང་ཡུལ་ཅན་གཉིས་ཀ་ཡིན་པའི་ཁྱབ་ཟེར་ན། བུམ་པ་ཆོས་ཅན། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཤེས་པ་ཡིན་ན་སེམས་སེམས་བྱུང་གང་རུང་ཡིན་པས་ཁྱབ་ཟེར་ན། སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་ཆོས་ཅན། ཞེས་གསུངས་པ་ལ། འོ་ན། སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་ཆོས་ཅན། སེམས་སེམས་བྱུང་གང་རུང་མ་ཡིན་པར་ཐལ། འདོད་ན། དེ་ཡིན་པར་ཐལ། སེམས་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་ཆོས་ཅན། སེམས་ཡིན་པར་ཐལ། དོན་གྱི་ངོ་བོ་རིག་པའི་ཤེས་པ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། འཁོར་གསུམ། དེ་ཁྱབ་པར་ཐལ། དོན་གྱི་ངོ་བོ་མཐོང་བའི་ཤེས་པ་དེ་སེམས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ཟེར་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་རྒྱལ་ཚབ་བྱམས་པས་མཛད་པའི་དབུས་མཐའ་རྣམ་འབྱེད་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང༌། །ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། དོན་གྱི་ངོ་བོ་རིག་པར་བྱེད་པ་སེམས་དང༌། དོན་གྱི་ཁྱད་པར་རིག་པ་སེམས་ལས་བྱུང་བའོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་ཆོས་ཅན། སེམས་ཡིན་པར་ཐལ། དོན་གྱི་ངོ་བོ་རིག་པའི་ཤེས་པ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་ཆོས་ཅན། སེམས་མ་ཡིན་པར་ཐལ། རང་རིག་ཡིན་པར་གྱུར་བའི་སེམས་སེམས་བྱུང་གང་ཡང་མེད་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། དེ་མེད་པར་ཐལ། དེ་ལྟར་མེད་པ་དེ་ཡང་འཇམ་པའི་དབྱངས་དངོས་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་དགོངས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། རྗེ་དེ་ཉིད་ཀྱིས་མཛད་པའི་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རང་རིག་ཡིན་པར་གྱུར་བའི་སེམས་སེམས་བྱུང་གང་ཡང་མེད་དོ། །ཞེས་གསུངས་པའི་ཕྱིར་ན་དཔྱད་དོ། །༈ ཁ་ཅིག་ན་རེ། གཞི་གྲུབ་ན་རྣམ་མཁྱེན་གྱི་དངོས་གཞལ་ཡིན་པས་ཁྱབ་ཟེར་ན། ཀུན་རྫོབ་རྣམས་ཆོས་ཅན། ཞེས་གསུངས་པ་ཡིན་པར་ཐལ། འདོད་ན། འོ་ན་ཀུན་རྫོབ་རྣམས་ཆོས་ཅན། རྣམ་མཁྱེན་གྱི་དངོས་གཞལ་མ་ཡིན་པར་ཐལ། འདོད་ན། ཀུན་རྫོབ་རྣམས་ཆོས་ཅན། རྣམ་མཁྱེན་གྱི་དངོས་གཞལ་ཡིན་པར་ཐལ། རྣམ་མཁྱེན་གྱིས་དངོས་སུ་རྟོགས་པའི་ཕྱིར། རྟགས་མ་གྲུབ་ན། ཀུན་རྫོབ་རྣམས་ཆོས་ཅན། རྣམ་མཁྱེན་གྱིས་དངོས་སུ་རྟོགས་པར་ཐལ། རྣམ་མཁྱེན་ལ་སྣང་བའི་སྒོ་ནས་རྟོགས་པའི་ཕྱིར། རྟགས་མ་གྲུབ་ན། དེར་ཐལ། བདེན་མེད་སྒྱུ་མ་ལྟ་བུའི་ཚུལ་དུ་སྣང་ནས་རྟོགས་པའི་ཕྱིར། རྟགས་མ་གྲུབ་ན། འཁོར་གསུམ། དེ་ལྟར་རྟོགས་པར་ཐལ། དེ་ལྟར་རྟོགས་པ་དེ་ཡང་ཀུན་མཁྱེན་ཉ་དབོན་པས་མཛད་པའི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། བདེན་བདེན་པོར་མི་སྣང་ཡང་བདེན་མེད་སྒྱུ་མ་ལྟ་བུའི་ཚུལ་དུ་སྣང་ངོ་ཞེས་ཁས་བླང་ངོ༌། །ཞེས་གསུངས་པའི་ཕྱིར། འདོད་ན། ཀུན་རྫོབ་རྣམས་ཆོས་ཅན། རྣམ་མཁྱེན་གྱིས་དངོས་སུ་རྟོགས་པར་ཐལ། རྣམ་མཁྱེན་ལ་སྣང་བའི་སྒོ་ནས་རྟོགས་པའི་ཕྱིར། རྟགས་ཁས། འདོད་ན། ཀུན་རྫོབ་རྣམས་ཆོས་ཅན། རྣམ་མཁྱེན་གྱི་དངོས་གཞལ་ཡིན་པར་ཐལ། རྣམ་མཁྱེན་གྱིས་དངོས་སུ་རྟོགས་པའི་ཕྱིར། རྟགས་ཁས། འདོད་ན། རྣམ་མཁྱེན་ཆོས་ཅན། འཁྲུལ་བར་ཐལ། ཀུན་རྫོབ་སྣང་བའི་ཕྱིར། རྟགས་ཁས། མ་ཁྱབ་ན། འཁོར་གསུམ༌། དེ་ཁྱབ་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱིས་མཛད་པའི་བདེན་གཉིས་གསལ་བའི་ཉི་མ་ལས། སངས་རྒྱས་ཡེ་ཤེས་ཆོས་ཅན། འཁྲུལ་བར་ཐལ། ཀུན་རྫོབ་ཁམས་གསུམ་པ་སྣང་བའི་ཕྱིར། ཁྱབ་སྟེ། ཞེས་གསུངས་པའི་ཕྱིར། འདོད་ན། རྣམ་མཁྱེན་ཆོས་ཅན། འཁྲུལ་བར་ཐལ། ཀུན་རྫོབ་སྣང་བའི་ཕྱིར། རྟགས་ཁྱབ་ཁས། རྟགས་མ་གྲུབ་ན། རྣམ་མཁྱེན་ལ་ཀུན་རྫོབ་མ་སྣང་པར་ཐལ། འདོད་ན། དེ་སྣང་པར་ཐལ། རོ་མི་ཞིམ་པ་རོ་མཆོག་ཏུ་སྣང་བའི་ཕྱིར། རྟགས་མ་གྲུབ་ན། འཁོར་གསུམ། དེ་སྣང་པར་ཐལ། དེ་ལྟར་སྣང་བ་དེ་ཡང་རྒྱལ་ཚབ་བྱམས་པ་མགོན་པོས་མཛད་པའི་བསྟན་བཅོས་མངོན་རྟོགས་རྒྱན་ལས། འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང༌། ། ཞེས་དང༌། སྟོན་པ་གྲུབ་བཟང་གི་དྲིས་ལན་ལས། ཇི་ལྟ་ཇི་སྙེད་ཆོས་ཀྱི་སྣང་བ་དང༌། །བདེ་སྟོང་ཡེ་ཤེས་གཉིས་མེད་སྣང་བ་རྒྱས། །ཞེས་གསུངས་པའི་ཕྱིར། འདོད་ན། རྣམ་མཁྱེན་ཆོས་ཅན། ཁྱོད་ལ་ཀུན་རྫོབ་རྣམས་མི་སྣང་བར་ཐལ། ཆོས་ཉིད་སྣང་བའི་ཕྱིར། མ་ཁྱབ་ཟེར་ན། འཁོར་གསུམ། དེ་ཁྱབ་བར་ཐལ། དེ་ལྟར་ཁྱབ་པ་དེ་ཡང་རྒྱལ་ཚབ་བྱམས་པ་མགོན་པོའི་དགོངས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། རྗེ་དེ་ཉིད་ཀྱིས་མཛད་པའི་དབུས་མཐའ་རྣམ་འབྱེད་ལས། དེ་སྣང་ཆོས་ཉིད་མི་སྣང་ཞིང༌། །དེ་མི་སྣང་བའི་ཆོས་ཉིད་སྣང༌། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡུལ་གཏན་ལ་མ་ཕབ་པར་ཡིད་གཉིས་སུ་གྱུར་པའི་བློ་དེ་ཐེ་ཚོམ་གྱི་མཚན་ཉིད་ཡིན་པར་ཐལ། འདོད་ན། ཡུལ་གཏན་ལ་མ་ཕབ་པར་ཡིད་གཉིས་སུ་གྱུར་པའི་བློ་ཡིན་ན་ཐེ་ཚོམ་ཡིན་པས་ཁྱབ་པར་ཐལ། འདོད་ན། ཉན་རང་དགྲ་བཅོམ་པའི་རྒྱུད་ཀྱི་ཆོས་བདག་ཏུ་གྲུབ་བམ་མ་གྲུབ་སྙམ་པའི་བློ་ཆོས་ཅན། ཐེ་ཚོམ་ཡིན་པར་ཐལ། ཡུལ་གཏན་ལ་མ་ཕབ་པར་ཡིད་གཉིས་སུ་གྱུར་བའི་བློ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་སླ། འདོད་ན། དེ་ཆོས་ཅན། རྩ་ཉོན་ཡིན་པར་ཐལ། ཐེ་ཚོམ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། ཁྱབ་པར་ཐལ། ཐེ་ཚོམ་ལ་རང་ཡུལ་ལ་རང་སྟོབས་ཀྱིས་རྩེ་གཉིས་སུ་འཇུག་པའི་རྩ་ཉོན་ཞིག་དགོས་པའི་ཕྱིར། རྟགས་མ་གྲུབ་ན། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། རང་ཡུལ་ལ་རང་སྟོབས་ཀྱིས་རྩེ་གཉིས་སུ་འཇུག་པའི་རྩ་ཉོན་དེ། ཐེ་ཚོམ་གྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར། མ་ཁྱབ། རྩ་ཉོན་དུ་གྱུར་པའི་ཐེ་ཚོམ་གྱི་མཚན་ཉིད་ཟེར་ན། འོ་ན། ཐེ་ཚོམ་ཆོས་ཅན། རྩ་ཉོན་མ་ཡིན་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་མི་ནུས་ཏེ། རྩ་ཉོན་དྲུག་གྲངས་འདྲེན་པའི་ཚེ་ཐེ་ཚོམ་དེ་གཅིག་ལ་འདྲེན་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྩ་ཉོན་དྲུག་གྲངས་འདྲེན་རྒྱུ་ཡོད་པའི་ཕྱིར། མ་ཁྱབ། རྩ་ཉོན་གྱི་ཐེ་ཚོམ་སོགས་འདྲེན་ཟེར་ན། འོ་ན། ཐེ་ཚོམ་ཆོས་ཅན། སེམས་བྱུང་མ་ཡིན་པར་ཐལ། རྫས་སྤྱི་སོགས་ཆོད་སེམས་བྱུང་ང་གཅིག་པོ་གང་རུང་མ་ཡིན་པའི་ཕྱིར། ཁྱབ་སྟེ། སེམས་བྱུང་ལ་སེམས་བྱུང་ང་གཅིག་དབྱེ་བའི་དགོས་པ་དེ་རྫས་སྤྱི་སོགས་ཆོད་ན་སེམས་བྱུང་ང་གཅིག་པོ་གང་རུང་ཡིན་པས་ཁྱབ་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དེར་ཐལ། སེམས་བྱུང་ལ་སེམས་བྱུང་ང་གཅིག་ལས་མ་ཕྱེས་པའི་རྒྱུ་མཚན་ཡོད་པའི་ཕྱིར། གོང་དུ་འདོད་ན། འོ་ན། ཉན་རང་དགྲ་བཅོམ་པའི་རྒྱུད་ཀྱི་ཆོས་བདག་ཏུ་གྲུབ་བམ་མ་གྲུབ་སྙམ་པའི་བློ་ཆོས་ཅན། རྩ་ཉོན་ཡིན་པར་ཐལ། ཐེ་ཚོམ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། ཉོན་མོངས་པ་ཡིན་པར་ཐལ། རྩ་ཉོན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཉན་རང་དགྲ་བཅོམ་པའི་རྒྱུད་ན་ཉོན་མོངས་པ་ཡོད་པར་ཐལ། རྩ་ཉོན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཉོན་མོངས་པ་སྤངས་ཟིན་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དགྲ་བཅོམ་པ་ཡིན་པའི་ཕྱིར། ཁྱབ་སྟེ། དགྲ་བཅོམ་པའི་ཚད་ཡོད་པའི་ཕྱིར་ཟེར་ན་དཔྱད་དོ། །རིག་པར་བྱ་བ་ཡུལ་གྱི་མཚན་ཉིད་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། ཡུལ་དང་ཡུལ་ཅན་དུ་དབྱེ་བ་ལ། མཚན་ཉིད་རིམ་པ་ལྟར། རིག་པར་བྱ་བ་དང་རིག་བྱེད་དམ་སྟོན་བྱེད་ཡིན་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན་རིག་པར་བྱ་བ་ཡུལ་གྱི་མཚན་ཉིད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བློ་དེས་རིག་པར་བྱ་བ་བློ་དེའི་ཡུལ་གྱི་མཚན་ཉིད་ཡིན་པར་ཐལ། སྤྱིར་རིག་པར་བྱ་བ་ཡུལ་གྱི་མཚན་ཉིད་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། བློ་དེའི་རིག་པར་བྱ་ཚུལ་དེ་བློ་དེས་སྣང་ཚུལ་ལ་སྦྱར་རྒྱུ་མ་ཡིན། དེ་ལས་གཞན་མ་ཡིན་པའི་ཕྱིར། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། འོ་ན། བློ་དེའི་སྣང་བར་བྱ་བ་ཡིན་ན་བློ་དེས་རིག་པར་བྱ་བ་ཡིན་པས་ཁྱབ་པར་ཐལ། འདོད་ན། སྔོན་པོ་མི་རྟག་པ་ཆོས་ཅན། སྔོ་འཛིན་དབང་ཤེས་ཀྱིས་རིག་པར་བྱ་བ་ཡིན་པར་ཐལ། སྔོ་འཛིན་དབང་ཤེས་ཀྱིས་སྣང་བར་བྱ་བ་ཡིན་པའི་ཕྱིར། མ་གྲུབ་ན། སྔོན་པོ་མི་རྟག་པ་ཆོས་ཅན། སྔོ་འཛིན་དབང་ཤེས་ཀྱིས་སྣང་བར་བྱ་བ་ཡིན་པར་ཐལ། སྔོ་འཛིན་དབང་ཤེས་ལ་སྣང་བའི་ཕྱིར། མ་གྲུབ་ན། སྔོན་པོ་མི་རྟག་པ་ཆོས་ཅན། སྔོ་འཛིན་དབང་ཤེས་ལ་སྣང་བར་ཐལ། སྔོན་པོ་དང་ཁྱོད་གཉིས་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལས། དེ་ཕྱིར་དངོས་པོ་མཐོང་བ་ཡི། །ཡོན་ཏན་མཐའ་དག་མཐོང་བ་ཡིན། །ཞེས་གསུངས་པའིཕྱིར། འདོད་ན། སྔོན་པོ་མི་རྟག་པ་ཆོས་ཅན། སྔོ་འཛིན་དབང་ཤེས་ལ་སྣང་བར་ཐལ། སྔོན་པོ་དང་ཁྱོད་གཉིས་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སྔོན་པོ་མི་རྟག་པ་ཆོས་ཅན། སྔོ་འཛིན་དབང་ཤེས་ཀྱིས་རིག་པར་བྱ་བ་ཡིན་པར་ཐལ། སྔོ་འཛིན་དབང་ཤེས་ཀྱིས་སྣང་བར་བྱ་བ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྔོན་པོ་མི་རྟག་པ་ཆོས་ཅན། སྔོ་འཛིན་དབང་ཤེས་ཀྱི་ཡུལ་ཡིན་པར་ཐལ། སྔོ་འཛིན་དབང་ཤེས་ཀྱིས་རིག་པར་བྱ་བ་ཡིན་པའི་ཕྱིར།རྟགས་ཁས། འདོད་ན། སྔོན་པོ་མི་རྟག་པ་ཆོས་ཅན། སྔོ་འཛིན་དབང་ཤེས་ཀྱི་ཡུལ་མ་ཡིན་པར་ཐལ། སྔོན་འཛིན་དབང་ཤེས་ཀྱི་སྣང་ཡུལ་བཟུང་ཡུལ་ཞེན་ཡུལ་འཇུག་ཡུལ་བཞི་པོ་གང་ཡང་མ་ཡིན་པའི་ཕྱིར། མ་གྲུབ་ན། སྔོན་པོ་མི་རྟག་པ་ཆོས་ཅན། སྔོན་འཛིན་དབང་ཤེས་ཀྱི་སྣང་ཡུལ་མ་ཡིན་པར་ཐལ། སྔོན་འཛིན་དབང་ཤེས་ཀྱི་འཛིན་སྟངས་ཀྱི་ཡུལ་མ་ཡིན་པའི་ཕྱིར། ཁྱབ་སྟེ། མངོན་སུམ་གྱི་རྟོག་མེད་ཤེས་པ་རྣམས་ཀྱི་སྣང་ཡུལ་དང་འཛིན་སྟངས་ཀྱི་ཡུལ་དོན་གཅིག་ཡིན་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། རྟོག་མེད་ཤེས་པ་རྣམས་ཀྱི་སྣང་ཡུལ་དང་འཛིན་སྟངས་ཀྱི་ཡུལ་དོན་གཅིག་པས། ཞེས་དང༌། ཟུར་དཔྱད་ལས། རྟོགས་མེད་ཤེས་པ་རྣམས་སྣང་ཡུལ་དང་འཛིན་སྟངས་ཡུལ་གཉིས་དོན་གཅིག་པའི་ཕྱིར། ཞེས་སོ། འདོད་ན། དེ་མི་འཐད་པར་ཐལ། རྟོག་མེད་ཤེས་པ་རྣམས་ཀྱི་སྣང་ཡུལ་དང་འཛིན་སྟངས་ཀྱི་ཡུལ་གཉིས་དོན་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་མ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རྟོག་མེད་ལོག་ཤེས་རྣམས་ཀྱིས་སྣང་ཡུལ་དང་བཟུང་ཡུལ་དོན་གཅིག་དང་འཛིན་སྟངས་ཀྱི་ཡུལ་དང་དེ་གཉིས་དོན་མི་གཅིག་ཏེ་དེའི་སྣང་ཡུལ་ཡོད་པ་གང་ཞིག་དེའི་འཛིན་སྟངས་ཡུལ་གཞི་མ་གྲུབ་པའི་ཕྱིར། ཞེས་སོ། འདོད་ན། འོ་ན། རྟོག་མེད་ལོག་ཤེས་རྣམས་སྣང་ཡུལ་དང་བཟུང་ཡུལ་གཉིས་དོན་གཅིག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། བློ་ལོག་ཤེས་རྣམས་བཟུང་ཡུལ་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། བཟུང་ཡུལ་ཡིན་ན་རྟོག་མེད་ཤེས་པའི་བཟུང་དོན་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རྟོག་མེད་ཤེས་པའི་བཟུང་དོན་དགོས་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །རིག་བྱེད་དམ་སྟོན་བྱེད་ཡིན་ན་ཡུལ་ཅན་ཡིན་པས་ཁྱབ་པར་ཐལ། དེ་ཡུལ་ཅན་གྱི་མཚན་ཉིད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། ཡུལ་དང་ཡུལ་ཅན་དུ་དབྱེ་བ་ལ། མཚན་ཉིད་རིམ་པ་ལྟར། རིག་བྱེད་དམ་སྟོན་བྱེད་ཡིན་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། རིག་བྱེད་དམ་སྟོན་བྱེད་ཡིན་ན་ཡུལ་ཅན་ཡིན་པས་ཁྱབ་པར་ཐལ། དེ་ཡུལ་ཅན་གྱི་མཚན་ཉིད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དབང་པོ་གཟུགས་ཅན་པ་རྣམས་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། རིག་བྱེད་དམ་སྟོན་བྱེད་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དབང་པོ་གཟུགས་ཅན་པ་རྣམས་ཆོས་ཅན། རིག་བྱེད་དམ་སྟོན་བྱེད་ཡིན་པར་ཐལ། རིག་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། དབང་པོ་གཟུགས་ཅན་པ་ཆོས་ཅན། ཁྱོད་རིག་བྱེད་ཡིན་པར་ཐལ། ཁྱོད་ཀྱིས་ཡུལ་རིག་པའི་ཕྱིར། མ་གྲུབ་ན། དབང་པོ་གཟུགས་ཅན་པ་རྣམས་ཆོས་ཅན། ཁྱོད་ཀྱིས་ཡུལ་རིག་པར་ཐལ། ཁྱོད་ཀྱིས་ཡུལ་རྟོགས་པའི་ཕྱིར། མ་གྲུབ་ན། འོ་ན། མིག་དབང་ཆོས་ཅན། ཁྱོད་ཀྱིས་ཡུལ་མ་རྟོགས་པར་ཐལ། དབང་པོ་གཟུགས་ཅན་པས་ཡུལ་མ་རྟོགས་པ་གང་ཞིག ཁྱོད་དབང་པོ་གཟུགས་ཅན་པ་ཡིན་པའི་ཕྱིར། འདོད་ན། མིག་དབང་ཆོས་ཅན། ཁྱོད་ཀྱིས་གཟུགས་མ་མཐོང་པར་ཐལ། འདོད་ན། རྟེན་བཅས་ཀྱི་དབང་པོ་དང་དེ་མཚུངས་ཀྱི་མིག་དབང་གཉིས་ལ་ཁྱད་མེད་པར་ཐལ། དབང་པོ་ཡིན་ན་གཟུགས་མ་མཐོང་བས་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། གོང་དུ་འདོད་ན། དབང་པོ་གཟུགས་ཅན་པ་རྣམས་ཆོས་ཅན། ཡུལ་ཅན་མ་ཡིན་པར་ཐལ། བློ་ཡིན་པའི་ཡུལ་ཅན་དང་བློ་མ་ཡིན་པའི་ཡུལ་ཅན་གང་ཡང་མ་ཡིན་པའི་ཕྱིར། ཁྱབ་སྟེ། ཡུལ་ཅན་ལ་དབྱེ་ན། བློ་ཡིན་པའི་ཡུལ་ཅན་དང་བློ་མིན་པའི་ཡུལ་ཅན་གཉིས་དབྱེ་བ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་བཀའ་བཞི་བ་བསོད་ནམས་བཟང་པོའི་དགོངས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་གཏན་ཚིགས་དོན་བསྡུས་ལས། ཡུལ་ཅན་ལ་དབྱེ་ན། བློ་མིན་པ་དང་ཡིན་པའི་ཡུལ་ཅན་གཉིས་སོ། །དང་པོ་གང་ཟག་དང་བརྗོད་བྱེད་གཉིས། ཞེས་གསུངས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ན། དབང་པོ་གཟུགས་ཅན་པ་རྣམས་ཆོས་ཅན། བློ་ཡིན་པའི་ཡུལ་ཅན་དང་བློ་མིན་པའི་ཡུལ་ཅན་གང་ཡང་མིན་པར་ཐལ། བློ་ཡིན་པའི་ཡུལ་ཅན་མ་ཡིན་པ་གང་ཞིག བློ་མིན་པའི་ཡུལ་ཅན་མ་ཡིན་པའི་ཕྱིར། རྟགས་མ་གྲུབ། རྟགས་གྲུབ་པར་ཐལ། དང་པོ་གྲུབ་པ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ན། དབང་པོ་གཟུགས་ཅན་པ་ཆོས་ཅན། བློ་ཡིན་པའི་ཡུལ་ཅན་མ་ཡིན་པར་ཐལ། བློ་མ་ཡིན་པའི་ཕྱིར། དེར་ཐལ། གཟུགས་ཡིན་པའི་ཕྱིར། ཁྱབ་སྟེ། གཟུགས་དང་བློ་གཉིས་འགལ་བའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ན། དབང་པོ་གཟུགས་ཅན་པ་ཆོས་ཅན། བློ་མིན་པའི་ཡུལ་ཅན་མ་ཡིན་པར་ཐལ། གང་ཟག་དང་རྗོད་བྱེད་གང་ཡང་མ་ཡིན་པའི་ཕྱིར། ཁྱབ་སྟེ། བློ་མིན་པའི་ཡུལ་ཅན་ལ་དེ་གཉིས་སུ་གྲངས་ངེས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། དང་པོ་ལ་གང་ཟག་དང་རྗོད་བྱེད་གཉིས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །རིག་བྱེད་དམ་སྟོན་བྱེད་དེ་ཡུལ་ཅན་གྱི་མཚན་ཉིད་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་བཀའ་བཞི་བ་བསོད་ནམས་བཟང་པོའི་དགོངས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་གཏན་ཚིགས་དོན་བསྡུས་ལས། མཚན་ཉིད་ནི་རིམ་པ་ལྟར། རིག་པར་བྱ་བ་དང་རིག་བྱེད་དམ་སྟོན་བྱེད་ཡིན་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། རིག་བྱེད་དམ་སྟོན་བྱེད་ཡིན་ན་ཡུལ་ཅན་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། དོན་དམ་བདེན་པ་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། རིག་བྱེད་དམ་སྟོན་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། དོན་དམ་བདེན་པ་ཆོས་ཅན། རིག་བྱེད་དམ་སྟོན་བྱེད་ཡིན་པར་ཐལ། རིག་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། དོན་དམ་བདེན་པ་ཆོས་ཅན། རིག་བྱེད་ཡིན་པར་ཐལ། ཆོས་ཐམས་ཅད་རིག་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། དོན་དམ་བདེན་པ་ཆོས་ཅན། ཆོས་ཐམས་ཅད་རིག་བྱེད་ཡིན་པར་ཐལ། རྣམ་མཁྱེན་ཡིན་པའི་ཕྱིར། གོང་དུ་འདོད་ན། དོན་དམ་བདེན་པ་ཆོས་ཅན། རང་ཡུལ་ཅི་རིགས་དང་ལྡན་པའི་དངོས་པོ་ཡིན་པར་ཐལ། ཡུལ་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། རང་ཡུལ་ཅི་རིགས་དང་ལྡན་པའི་དངོས་པོ་དེ་ཡུལ་ཅན་གྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། རང་ཡུལ་ཅི་རིགས་དང་ལྡན་པའི་དངོས་པོ་དེ་ཡུལ་ཅན་གྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་སྣང་ནས་རིག་པར་བྱ་བ་ཡིན་ན་སྣང་ཡུལ་ཡིན་པས་ཁྱབ་པར་ཐལ། སྣང་ནས་རིག་པར་བྱ་བ་དེ་སྣང་ཡུལ་གྱི་མཚན་ཉིད་ཡིན་པའི་ཕྱིར། རྟགས་མ་གྲུབ། དེ་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། དང་པོ་ལ་དབྱེ་ན་སྣང་ཡུལ། བཟུང་ཡུལ། ཞེན་ཡུལ། འཇུག་ཡུལ་དང་བཞིའོ། །མཚན་ཉིད་ནི་རིམ་པ་ལྟར། སྣང་ནས་རིག་པར་བྱ་བ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། སྣང་ནས་རིག་པར་བྱ་བ་ཡིན་ན་སྣང་ཡུལ་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་མི་འཐད་པར་ཐལ། སྣང་ནས་རིག་པར་བྱ་བ་ཡིན་པའི་ཚད་སྣང་བ་གང་ཞིག རིག་པར་བྱ་བ་ཡིན་པ་ལ་བལྟ་རྒྱུ་མ་ཡིན་པའི་ཕྱིར༌། མ་གྲུབ་ན། འོ་ན། བུམ་པ་ཆོས་ཅན། བུམ་འཛིན་རྟོག་པས་སྣང་ཡུལ་ཡིན་པར་ཐལ། བུམ་འཛིན་རྟོག་པ་ལ་སྣང་བ་གང་ཞིག བུམ་འཛིན་རྟོག་པས་རིག་པར་བྱ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། རྟགས་གྲུབ་པ་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ན། བུམ་པ་ཆོས་ཅན། བུམ་འཛིན་རྟོག་པ་ལ་སྣང་བ་ཡིན་པར་ཐལ། བུམ་འཛིན་རྟོག་པའི་དངོས་སུ་རྟོགས་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། བུམ་འཛིན་རྟོག་པས་དངོས་སུ་རྟོགས་པར་ཐལ། བུམ་འཛིན་རྟོག་པ་གང་ཡང་རུང་བ་ཞིག་གིས་དངོས་སུ་རྟོགས་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། བུམ་འཛིན་རྟོག་པ་གང་ཡང་རུང་བ་ཞིག་གིས་དངོས་སུ་རྟོགས་པར་ཐལ། ཁྱོད་དངོས་སུ་རྟོག་པའི་རྗེས་དཔག་ཚད་མ་དེས་དངོས་སུ་རྟོགས་པའི་ཕྱིར་རོ། །གོང་གི་རྟགས་གཉིས་པ་མ་གྲུབ་ན། བུམ་པ་ཆོས་ཅན། བུམ་འཛིན་རྟོག་པའི་རིག་པར་བྱ་བ་ཡིན་པར་ཐལ། བུམ་འཛིན་རྟོག་པའི་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །གོང་དུ་འདོད་ན། བུམ་པ་ཆོས་ཅན། བུམ་འཛིན་རྟོག་པའི་སྣང་ཡུལ་མ་ཡིན་པར་ཐལ། བུམ་འཛིན་རྟོག་པའི་འཛིན་སྟངས་ཀྱི་ཡུལ་ཡིན་པའི་ཕྱིར། ཁྱབ་སྟེ། བུམ་འཛིན་རྟོག་པའི་སྣང་ཡུལ་དང་བུམ་འཛིན་རྟོག་པའི་འཛིན་སྟངས་ཀྱི་ཡུལ་གཉིས་འགལ་བ་ཡིན་པའི་ཕྱིར། དེར་ཐལ། བུམ་འཛིན་རྟོག་པ་རང་གི་སྣང་ཡུལ་ལ་འཁྲུལ་པའི་རིག་པ་ཡིན་པ་གང་ཞིག རང་གི་འཛིན་སྟངས་ཀྱི་ཡུལ་ལ་འཁྲུལ་ཤེས་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། བུམ་འཛིན་རྟོག་པ་རང་གི་སྣང་ཡུལ་ལ་འཁྲུལ་བའི་རིག་པ་ཡིན་པར་ཐལ། བུམ་འཛིན་རྟོག་པ་འཁྲུལ་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། རང་གི་སྣང་ཡུལ་ལ་འཁྲུལ་བའི་རིག་པ་དེ་འཁྲུལ་ཤེས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། རང་གི་སྣང་ཡུལ་ལ་འཁྲུལ་བའི་རིག་པ་འཁྲུལ་ཤེས་ཀྱི་མཚན་ཉིད། ཞེས་གསུངས་པའི་ཕྱིར་རོ། །ཡང་རང་འཛིན་ཤེས་པ་མ་འཁྲུལ་བ་ལ་རང་འདྲ་བའི་རྣམ་པ་དངོས་སུ་སྐྱེད་བྱེད་ཀྱི་བེམ་པོ་དེ་བཟུང་ཡུལ་གྱི་མཚན་ཉིད་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། རང་འཛིན་ཤེས་པ་མ་འཁྲུལ་བ་ལ་རང་འདྲ་བའི་རྣམ་པ་དངོས་སུ་སྐྱེད་བྱེད་ཀྱི་བེམ་པོ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། སྔོན་པོ་ཆོས་ཅན།རང་འཛིན་ཤེས་པ་མ་འཁྲུལ་བ་ལ་རང་འདྲ་བའི་རྣམ་པ་དངོས་སུ་སྐྱེད་བྱེད་ཀྱི་བེམ་པོ་ཡིན་པར་ཐལ། བཟུང་ཡུལ་ཡིན་པའི་ཕྱིར། ཁྱས་པ་ཁས། འདོད་ན། སྔོན་པོ་ཆོས་ཅན། སྔོ་འཛིན་ཤེས་པ་མ་འཁྲུལ་བ་ལ་རང་འདྲ་བའི་རྣམ་པ་དངོས་སུ་སྐྱེད་བྱེད་ཡིན་པར་ཐལ། འདོད་ན། སྔོན་པོ་ཆོས་ཅན། སྔོ་འཛིན་ཤེས་པ་དང་རྫས་ཐ་དད་ཡིན་པར་ཐལ། སྔོ་འཛིན་ཤེས་པ་སྐྱེད་བྱེད་ཡིན་པའི་ཕྱིར། འདོད་ཟེར་ན། དེ་མི་འཐད་པར་ཐལ། དེ་ལྟར་མི་འཐད་པ་དེ་ཡང་རིགས་པའི་དབང་ཕྱུག་དཔལ་ཆོས་ཀྱི་གྲགས་པས་མཛད་པའི་བསྟན་བཅོས་ཚད་མ་རྣམ་ངེས་ལས། ལྷན་ཅིག་དམིགས་པར་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་གསུངས་པའི་ཕྱིརཟེར་ན་དཔྱད་པར་བྱའོ། །ཡང་སྣང་ཡུལ་ཤེས་པ་ཀུན་ལ་ཡོད་པར་ཐལ། དེ་ལྟར་ཡོད་པ་དེ་ཡང་གཏན་ཚིགས་དོན་བསྡུས་ལས། སྣང་ཡུལ་ཤེས་པ་ཀུན་ལ་ཡོད། །ཅེས་གསུངས་པའི་ཕྱིར། འདོད་ན། དུང་སེར་སྣང་གི་དབང་ཤེས་ཆོས་ཅན། ཁྱོད་ཀྱི་སྣང་ཡུལ་ཡོད་པར་ཐལ། ཁྱོད་ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དུང་སེར་སྣང་གི་དབང་ཤེས་ཆོས་ཅན། ཁྱོད་ཀྱི་འཛིན་སྟངས་ཀྱི་ཡུལ་ཡོད་པར་ཐལ། ཁྱོད་ཀྱི་སྣང་ཡུལ་ཡོད་པའི་ཕྱིར། ཁྱབ་སྟེ། རྟོག་མེད་ཤེས་པ་དང་དེའི་འཛིན་སྟངས་ཀྱི་ཡུལ་དང་སྣང་ཡུལ་གཉིས་དོན་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། གངས་རི་སྔོར་འཛིན་གྱི་དབང་ཤེས་ཆོས་ཅན། འཁྲུལ་ཤེས་ཡིན་ཏེ། རྟོག་མེད་ཤེས་པ་རྣམས་ཀྱི་སྣང་ཡུལ་དང་འཛིན་སྟངས་ཀྱི་ཡུལ་དོན་གཅིག་ཡིན་པས་ཁྱོད་ཀྱི་སྣང་ཡུལ་ནི་ཁྱོད་ཀྱི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་བའི་གངས་རི་སྔོན་པོ་དེ་ཡིན་པ་གང་ཞིག ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་ཚད་མ་ཡིན་ན་རང་གི་འཇུག་ཡུལ་ལ་མི་བསླུ་བ་ཡིན་པས་ཁྱབ་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང་བཀའ་བཞི་བ་བསོད་ནམས་བཟང་པོས་མཛད་པའི་རྣམ་འགྲེལ་འགྲེལ་བཤད་རིན་ཆེན་ཕྲེང་བ་ལས། ཚད་མའི་མཚན་ཉིད་དང་ངོ་བོ་ཅི་ལྟ་བུ་ཞེ་ན། རང་གིས་གཞལ་བ་ལྟར་གྱི་འབྲས་བུ་ལ་སྐྱེས་བུ་བསླུ་བ་མེད་པ་ཅན་གྱི་ཡང་དག་པའི་ཤེས་པ་ཡིན་པས་སོ། །ཞེས་དང༌། གཏན་ཚིགས་རིགས་པའི་དོན་བསྡུས་ལས། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ། ཞེས་གསུངས་པའི་ཕྱིར། འདོད་ན། ཚད་མ་ཡིན་ན་རང་གི་འཇུག་ཡུལ་བསླུ་བ་མེད་པས་ཁྱབ་པར་ཐལ། འདོད་ན། ནམ་མཁའ་རྟོགས་པའི་རྗེས་དཔག་ཚད་མ་ཆོས་ཅན། རང་གི་འཇུག་ཡུལ་བསླུ་བ་མེད་པ་ཡིན་པར་ཐལ། ཚད་ མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ནམ་མཁའ་རྟོགས་པའི་རྗེས་དཔག་ཚད་མ་ཆོས་ཅན། རང་གི་འཇུག་ཡུལ་ཚད་མས་གཞལ་བ་ལས་བླང་དོར་བྱ་རུང་པ་ཡིན་པར་ཐལ། འདོད་ན།ནམ་མཁའ་ཆོས་ཅན། བླང་དོར་བྱ་རུང་བ་མ་ཡིན་པར་ཐལ། རང་མཚན་མ་ཡིན་པའི་ཕྱིར། ཁྱབ་སྟེ། བླང་དོར་བྱ་རུང་བ་ལ་རང་མཚན་ཡིན་དགོས་པའི་ཕྱིར། མ་གྲུབ་ན། དེ་དགོས་པར་ཐལ། དེ་ལྟར་དགོས་པ་དེ་ཡང༌། རྣམ་འགྲེལ་འགྲེལ་བཤད་རིན་འཕྲེང་ལས། དོན་དུ་གཉེར་བྱ་ནི་རང་མཚན་ཁོ་ན་ལ་གྲུབ་པས་སོ། །ཞེས་གསུངས་པས་སོ། །གོང་དུ་འདོད་མི་ནུས་ཏེ། ནམ་མཁའ་བཏགས་ཡོད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། མཚན་གཞི་ནི་མི་རྟག་པ་དང་ནམ་མཁའ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་ཞུའོ། །མངོན་གྱུར་ལྐོག་གྱུར་ཤིན་ཏུ་ལྐོག་གྱུར་གསུམ་འགལ་ཟེར་ན། དེ་མི་འཐད་པར་ཐལ། དེ་གསུམ་གྱི་ཡིན་པ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། ཤིན་ཏུ་ལྐོག་གྱུར་ཡིན་ན་མངོན་གྱུར་དང་ལྐོག་གྱུར་གཉིས་ཀ་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། ཞོག སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པའི་བསྟན་བྱའི་དོན་ཆོས་ཅན་ཟེར་ན། དེ་ཆོས་ཅན། གཞལ་བྱ་མངོན་གྱུར་དང་ལྐོག་གྱུར་གཉིས་ཀ་ཡིན་པར་ཐལ། གཞལ་བྱ་མངོན་གྱུར་ཡིན་པ་གང་ཞིག ལྐོག་གྱུར་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། དང་པོ་གྲུབ་པ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པའི་བསྟན་བྱའི་དོན་ཆོས་ཅན། གཞལ་བྱ་མངོན་གྱུར་ཡིན་པར་ཐལ། རྟོགས་པ་པོའི་མངོན་སུམ་གྱིས་གྲུབ་པའི་དོན་ཡིན་པའི་ཕྱིར། མ་གྲུབ་ན། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པའི་བསྟན་བྱའི་དོན་ཆོས་ཅན། རྟོགས་པ་པོའི་མངོན་སུམ་གྱིས་གྲུབ་པའི་དོན་ཡིན་པར་ཐལ། མངོན་སུམ་ཚད་མས་རྟོགས་བྱ་ཡིན་པའི་ཕྱིར། མ་གྲུབ་ན། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པའི་བསྟན་བྱའི་དོན་ཆོས་ཅན། མངོན་སུམ་ཚད་མའི་རྟོགས་བྱ་ཡིན་པར་ཐལ། མངོན་སུམ་ཚད་མ་གང་ཡང་རུང་བ་ཞིག་གིས་རྟོགས་བྱ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། མངོན་སུམ་ཚད་མ་གང་ཡང་རུང་བ་ཞིག་གིས་རྟོགས་བྱ་ཡིན་པར་ཐལ། རྣམ་མཁྱེན་གྱིས་རྟོགས་བྱ་ཡིན་པའི་ཕྱིར། དེར་ཐལ། གཞི་གྲུབ་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། དེ་ཆོས་ཅན། རྗེས་དཔག་མཚན་ཉིད་པས་གྲུབ་པའི་དོན་ཡིན་པར་ཐལ། རྗེས་དཔག་གི་ཡུལ་ཡིན་པའི་ཕྱིར། མ་གྲུབ་ན། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པའི་བསྟན་བྱའི་དོན་ཆོས་ཅན། རྗེས་དཔག་གི་ཡུལ་ཡིན་པར་ཐལ། རྗེས་དཔག་ཚད་མས་དངོས་སུ་རྟོགས་བྱ་ཡིན་པའི་ཕྱིར། དེར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་སྟེ། གཞི་གྲུབ་ན་རྗེས་དཔག་ཚད་མས་དངོས་སུ་རྟོགས་བྱ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་ཁྱབ་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། གཞི་གྲུབ་ན་རྗེས་དཔག་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་པས་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །གཞལ་བྱའི་གནས་གསུམ་པོ་མི་འགལ་ཟེར་ན། དེ་མི་འཐད་པར་ཐལ། དེ་དག་འགལ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་གསུམ་འགལ་བ་ཡིན་པར་ཐལ། ཚད་མ་རྣམ་འགྲེལ་ལས། རྗེས་དཔག་རང་གི་སྤྱོད་ཡུལ་ལ། །ལུང་ལ་ལྟོས་པ་མེད་པ་ཡིན། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་དེ་གསུམ་འགལ་བར་ཐལ། ཤིན་ཏུ་ལྐོག་གྱུར་ཡིན་ན་མངོན་གྱུར་མ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་ཁྱབ་པར་ཐལ། ཤིན་ཏུ་ལྐོག་གྱུར་ཡིན་ན་ལུང་ཙམ་གྱིས་གྲུབ་པའི་ཆོས་ཡིན་དགོས་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། ལུང་ཙམ་གྱིས་གྲུབ་པའི་དོན། །ཞེས་པའི་ཙམ་སྒྲས་གཅད་བྱ་ཡོད་པའི་ཕྱིར་ཟེར་བ་དང༌། ཡང་གཟུགས་ཀྱི་ཕུང་པོ་མ་ཡིན་ན་དུ་མ་སྤུངས་པ་གང་ཞིག འབྱུང་བ་བཞིའམ་འབྱུང་བཞི་རྒྱུར་བྱས་པའི་བེམ་དངོས་མ་ཡིན་པས་ཁྱབ་པར་ཐལ། དུ་མ་སྤུངས་པ་གང་ཞིག འབྱུང་བཞིའམ་འབྱུང་འགྱུར་བྱས་པའི་བེམ་དངོས་དང་གཟུགས་ཕུང་གཉིས་མཚན་མཚོན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། དུ་མ་སྤུངས་པ་གང་ཞིག་འབྱུང་བ་བཞིའམ་འབྱུང་བཞི་རྒྱུར་བྱས་པའི་བེམ་དངོས། ཞེས་གསུངས་པའི་ཕྱིར། འདོད་ན། གཟུགས་ཀྱི་ཕུང་པོ་མ་ཡིན་ན་དུ་མ་སྤུངས་པ་གང་ཞིག འབྱུང་བ་བཞིའམ་འབྱུང་བཞི་རྒྱུར་བྱས་པའི་བེམ་དངོས་མ་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཆོས་ཀྱི་བདག་མེད་ཆོས་ཅན། དུ་མ་སྤུངས་པ་གང་ཞིག འབྱུང་བ་བཞིའམ་འབྱུང་བཞི་རྒྱུར་བྱས་པའི་བེམ་དངོས་མ་ཡིན་པར་ཐལ། གཟུགས་ཀྱི་ཕུང་པོ་མ་ཡིན་པའི་ཕྱིར། འདོད་ན། ཆོས་ཀྱི་བདག་མེད་ཆོས་ཅན། དུ་མ་སྤུངས་པ་ཡིན་པར་ཐལ། དུ་མ་སྤུངས་པ་གཞིར་བཞག འབྱུང་བ་བཞིའམ་འབྱུང་བཞི་རྒྱུར་བྱས་པའི་བེམ་དངོས་མ་ཡིན་པའི་ཕྱིར། མ་གྲུབ་ན། ཆོས་ཀྱི་བདག་མེད་ཆོས་ཅན། དུ་མ་སྤུངས་པ་གཞིར་བཞག འབྱུང་བ་བཞིའམ་འབྱུང་བཞི་རྒྱུར་བྱས་པའི་བེམ་དངོས་མ་ཡིན་པར་ཐལ། དུ་མ་སྤུངས་པ་གང་ཞིག་འབྱུང་བ་བཞིའམ་འབྱུང་བཞི་རྒྱུར་བྱས་པའི་བེམ་དངོས་མ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་སྟེ། དུ་མ་སྤུངས་པ་གང་ཞིག་ཞེས་པ་དང་དུ་མ་སྤུངས་པ་གཞིར་བཞག་གཉིས་ལ་ཁྱད་པར་མེད་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་གཟུགས་ཀྱི་ཕུང་པོ་ཡིན་ན་དུ་མ་སྤུངས་པ་གང་ཞིག འབྱུང་བ་བཞིའམ་འབྱུང་བཞི་རྒྱུར་བྱས་པའི་བེམ་དངོས་ཡིན་པས་ཁྱབ་པར་ཐལ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར།མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་བཀའ་བཞི་བ་བསོད་ནམས་བཟང་པོའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་གཏན་ཚིགས་དོན་བསྡུས་ལས། དུ་མ་སྤུངས་པ་གང་ཞིག འབྱུང་བ་བཞིའམ་འབྱུང་བཞི་རྒྱུར་བྱས་པའི་བེམ་དངོས་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། འབྱུང་བ་བཞི་ཆོས་ཅན། དུ་མ་སྤུངས་པ་གང་ཞིག འབྱུང་བ་བཞིའམ་འབྱུང་བཞི་རྒྱུར་བྱས་པའི་བེམ་དངོས་ཡིན་པར་ཐལ། གཟུགས་ཀྱི་ཕུང་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། འབྱུང་བ་བཞི་ཆོས་ཅན། དུ་མ་སྤུངས་པ་གང་ཞིག འབྱུང་བ་བཞིའམ་འབྱུང་བཞི་རྒྱུར་བྱས་པའི་བེམ་དངོས་མ་ཡིན་པར་ཐལ། འབྱུང་བ་བཞིའམ་འབྱུང་བཞི་རྒྱུར་བྱས་པ་གང་ཡང་མ་ཡིན་པའི་ཕྱིར། མ་གྲུབ་ན། འབྱུང་བ་བཞི་ཆོས་ཅན། འབྱུང་བ་བཞིའམ་འབྱུང་བཞི་རྒྱུར་བྱས་པ་གང་ཡང་མ་ཡིན་པར་ཐལ། འབྱུང་བ་བཞི་མ་ཡིན་པ་གང་ཞིག འབྱུང་བཞི་རྒྱུར་བྱས་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། དང་པོ་གྲུབ་པ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ན། འབྱུང་བ་བཞི་ཆོས་ཅན། འབྱུང་བ་བཞི་མ་ཡིན་པ་ཐལ། བདག་མེད་ཡིན་པའི་ཕྱིར། ཁྱབ་སྟེ། འབྱུང་བ་བཞིའི་ཡིན་པ་མི་སྲིད་པའི་ཕྱིར། མ་གྲུབ་ན། འབྱུང་བ་བཞིའི་ཡིན་པ་མི་སྲིད་པར་ཐལ། འབྱུང་བ་བཞི་འགལ་བ་ཡིན་པའི་ཕྱིར་རོ། །གོང་གི་རྟགས་གཉིས་པ་མ་གྲུབ་ན། འབྱུང་བ་བཞི་ཆོས་ཅན། འབྱུང་བ་བཞྀ་རྒྱུར་བྱས་པ་མ་ཡིན་པ་ཐལ། འབྱུང་བ་བཞིའི་འབྲས་བུ་མ་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་ཚོར་བའི་ཕུང་པོ་ཡིན་ན་དུ་མ་སྤུངས་པ་གང་ཞིག རང་ཡུལ་ཉམས་སུ་མྱོང་བའི་སེམས་བྱུང་ཡིན་པས་ཁྱབ་པར་ཐལ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། དུ་མ་སྤུངས་པ་གང་ཞིག རང་ཡུལ་ཉམས་སུ་མྱོང་བའི་སེམས་བྱུང་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་གཞན་གྱི་སྡུག་བསྔལ་རྟོགས་པའི་ཚོར་བ་དེ་ཆོས་ཅན། རང་ཡུལ་ཉམས་སུ་མྱོང་བའི་སེམས་བྱུང་ཡིན་པར་ཐལ། ཚོར་བའི་ཕུང་པོ་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་གཞན་གྱི་སྡུག་བསྔལ་རྟོགས་པའི་ཚོར་བ་དེ་ཆོས་ཅན། རང་ཡུལ་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་པར་ཐལ། དེས་རང་ཡུལ་མྱོང་ཞེས་པའི་མྱོང་ཡུལ་ལ་སྡུག་བསྔལ་མ་གཏོགས་གཞན་མེད་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པ་ཆོས་ཅན། ཁྱོད་ཀྱིས་སྡུག་བསྔལ་མྱོང་བ་ཡིན་པར་ཐལ། ཁྱོད་ཀྱིས་ཚོར་བ་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་པའི་ཕྱིར། ཁྱབ་སྟེ། གང་ཟག་དེས་སྡུག་བསྔལ་མྱོང་བ་ཡིན་མིན་དེའི་ཚོར་བས་མྱོང་མ་མྱོང་ལ་བྱེད་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་ཚོར་བ་དང་མཚུངས་ལྡན་དུ་སོང་བའི་ཤེས་རབ་ཆོས་ཅན། ཚོར་བའི་ཕུང་པོ་ཡིན་པར་ཐལ། དུ་མ་སྤུངས་བ་གང་ཞིག རང་ཡུལ་ཉམས་སུ་མྱོང་བའི་སེམས་བྱུང་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། ཚོར་བ་དང་མཚུངས་ལྡན་དུ་སོང་བའི་ཤེས་རབ་ཆོས་ཅན། དུ་མ་སྤུངས་པ་ཡིན་པ་ཐལ། དངོས་པོ་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། ཚོར་བ་དང་མཚུངས་ལྡན་དུ་སོང་བའི་ཤེས་རབ་ཆོས་ཅན། རང་ཡུལ་ཉམས་སུ་མྱོང་བའི་སེམས་བྱུང་ཡིན་པར་ཐལ། རང་ཡུལ་ཉམས་སུ་མྱོང་བ་གང་ཞིག སེམས་བྱུང་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། ཚོར་བ་དང་མཚུངས་ལྡན་དུ་སོང་བའི་ཤེས་རབ་ཆོས་ཅན། རང་ཡུལ་ཉམས་སུ་མྱོང་བར་ཐལ། རང་ཡུལ་གཞན་སྟོབས་ཀྱིས་ཉམས་སུ་མྱོང་བ་ཡིན་པའི་ཕྱིར། མ་གྲུབ་ན། ཚོར་བ་དང་མཚུངས་ལྡན་དུ་སོང་བའི་ཤེས་རབ་ཆོས་ཅན། རང་ཡུལ་གཞན་སྟོབས་ཀྱིས་ཉམས་སུ་མྱོང་བ་ཡིན་པར་ཐལ། དེ་དང་མཚུངས་ལྡན་དུ་སོང་བའི་ཚོར་བ་དེས་ཉམས་སུ་མྱོང་བའི་ཕྱིར། ཁྱབ་སྟེ། ཚོར་བ་དེ་ཉིད་ཀྱིས་ཉམས་སུ་མྱོང་བ་ལ་དེ་དང་མཚུངས་ལྡན་དུ་སོང་བའི་སེམས་བྱུང་གཞན་གྱིས་ཀྱང་མྱོང་དགོས་པའི་ཕྱིར་རོ། །གོང་དུ་འདོད་ན། ཚོར་བ་དང་མཚུངས་ལྡན་དུ་སོང་བའི་ཤེས་རབ་ཆོས་ཅན། ཚོར་བ་ཡིན་པར་ཐལ། ཚོར་བའི་ཕུང་པོ་ཡིན་པའི་ཕྱིར། འདོད་མི་ནུས་ཏཻ། སེམས་སེམས་བྱུང་ནང་ཕན་ཚུན་འགལ་བ་ཁོ་ན་ཡིན་པའི་ཕྱིར། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། སེམས་སེམས་བྱུང་ནང་ཕན་ཚུན་འགལ་བ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་རྣམ་ཤེས་ཀྱི་ཕུང་པོ་ཡིན་ན་དུ་མ་སྤུངས་པ་གང་ཞིག དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་པ་ཡིན་པས་ཁྱབ་པར་ཐལ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། དུ་མ་སྤུངས་པ་གང་ཞིག དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་པ་ཞེས་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྣམ་ཤེས་ཀྱི་ངོ་བོར་གྱུར་བའི་རྗེས་དཔག་སྐད་ཅིག་གཉིས་པ་ཆོས་ཅན། དུ་མ་སྤུངས་པ་གང་ཞིག དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་པ་ཡིན་པར་ཐལ། རྣམ་ཤེས་ཀྱི་ཕུང་པོ་ཡིན་པའི་ཕྱིར། འདོད་ན། རྣམ་ཤེས་ཀྱི་ངོ་བོར་གྱུར་བའི་རྗེས་དཔག་སྐད་ཅིག་གཉིས་པ་ཆོས་ཅན། དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་པ་ཡིན་པར་ཐལ། དུ་མ་སྤུངས་པ་གང་ཞིག དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་པ་ཡིན་པའི་ཕྱིར། འདོད་ན། རྣམ་ཤེས་ཀྱི་ངོ་བོར་གྱུར་བའི་རྗེས་དཔག་སྐད་ཅིག་གཉིས་པ་ཆོས་ཅན། དོན་གྱི་ངོ་བོ་རང་སྟོབས་ཀྱི་རིག་པ་མ་ཡིན་པར་ཐལ། དོན་གྱི་ངོ་བོ་གཞན་སྟོབས་ཀྱིས་རིག་པ་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་ཤེས་ཀྱི་ངོ་བོར་གྱུར་བའི་རྗེས་དཔག་སྐད་ཅིག་གཉིས་པ་ཆོས་ཅན། དོན་གྱི་ངོ་བོ་གཞན་སྟོབས་ཀྱིས་རིག་པ་ཡིན་པར་ཐལ། དོན་གྱི་ངོ་བོ་མཐོང་བ་དེ་རྗེས་དཔག་སྐད་ཅིག་སྔ་མ་ལ་བརྟེན་པ་ཡིན་པའི་ཕྱིར། དེར་ཐལ། །རྗེས་དཔག་སྐད་ཅིག་དང་པོ་དེ་ཁྱོད་ཀྱི་རྒྱུ་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་རང་ལུགས་ལ་རང་རིག་དེ་མཚུངས་ལྡན་མ་ཡིན་པའི་འདུ་བྱེད་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རང་རིག་མཚུངས་ལྡན་མ་ཡིན་པའི་འདུ་བྱེད་ཡིན་ཀྱང༌། ཞེས་གསུངས་པའི་ཕྱིར། འདོད་ན། རང་རིག་ཆོས་ཅན།ལྡན་མིན་འདུ་བྱེད་ཡིན་པར་ཐལ། མཚུངས་ལྡན་མ་ཡིན་པའི་འདུ་བྱེད་ཡིན་པའི་ཕྱིར། ཁྱབ་སྟེ། ལྡན་མིན་འདུ་བྱེད་དང་མཚུངས་ལྡན་མ་ཡིན་པའི་འདུ་བྱེད་གཉིས་ལ་ཁྱད་པར་མེད་པའི་ཕྱིར། མ་གྲུབ་ན། ལྡན་མིན་འདུ་བྱེད་དང་མཚུངས་ལྡན་མ་ཡིན་པའི་འདུ་བྱེད་གཉིས་ལ་ཁྱད་པར་མེད་པར་ཐལ། དེར་ཐལ། དེ་གཉིས་ཀྱི་མཚན་ཉིད་འདྲ་བའི་ཕྱིར། དེར་ཐལ། གང་དག་གཟུགས་དང་སེམས་སེམས་བྱུང་གང་རུང་གནས་སྐབས་ལ་བཏགས་པའི་འདུས་བྱས་དེ་དེ་གཉིས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ལྡན་མི་འདུ་བྱེད་ཀྱི་མཚན་ཉིད་ཡིན་པ་གང་ཞིག མཚུངས་ལྡན་མ་ཡིན་པའི་འདུ་བྱེད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་བོ་གྲུབ་བ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། དང་བོ་མ་གྲུབ་ཟེར་ན། རྟགས་དང་བོ་གྲུབ་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། གཟུགས་དང་སེམས་དང་སེམས་ལས་བྱུང་བ་གང་རུང་གི་གནས་སྐབས་ལ་བཏགས་པའི་དེ་ཉིད་གཞན་བརྗོད་དུ་མེད་པའི་དངོས་པོ་དེ་ཡིན་པའི་ཕྱིར། ཞེས་དང༌། ས་བཟང་མ་ཏི་པཎ་ཆེན་གྱི་མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་ལས། གཟུགས་དང་སེམས་སེམས་ལས་བྱུང་བ་གསུམ་གྱི་གནས་སྐབས་ཀྱི་ཆ་ལ་བཏགས་པ་ཞིག གཟུགས་སོགས་ལ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་སྟེ། ཞེས་སོ། །གོང་གི་རྟགས་གཉིས་པ་མ་གྲུབ་ཟེར་ན། དེ་གྲུབ་པར་ཐལ། ཕུང་བོ་ལྔ་བ་ལས། སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་གང་ཞེ་ན། གང་དག་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ལ་བཏགས་པ་སྟེ་དེ་ཉིད་དང་གཞན་དུ་མི་འདགས་སོ། །ཞེས་དང༌། མངོན་པ་ཀུན་བཏུས་ལས། སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་གང་ཞེ་ན། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། ། ཡང་བརྗོད་བྱ་རྗོད་བྱེད་འདྲེས་རུང་དུ་སྣང་བའི་ཞེན་རིག་དེ། རྟོག་པའི་མཚན་ཉིད་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། བརྗོད་བྱ་རྗོད་བྱེད་འདྲེས་རུང་དུ་སྣང་བའི་ཞེན་རིག་དང༌། ཞེས་དང༌། རྣམ་ངེས་༣༤༦ལས། རྟོག་པ་ནི་རྗོད་པ་དང་འདྲེས་རུང་བ་སྣང་བའི་ཤེས་པ་སྟེ། ཞེས་དང༌། གཏན་ཚིགས་དོན་བསྡུས་ལས། རྟོག་པ་རྟོག་མེད་ཀྱི་ཤེས་པ་གཉིས་སོ། མཚན་ཉིད་ནི་རིམ་པ་ལྟར། བརྗོད་བྱ་རྗོད་བྱེད་འདྲེས་རུང་དུ་སྣང་བའི་བློ་དང༌། ཞེས་དང༌། རྣམ་འགྲེལ་རིན་ཆེན་ཕྲེང་བ་༣༡༣ལས། རྟོག་པའི་ཤེས་པ་གང་དང་གང་ཡིན་པ་དེ་ཆོས་ཅན། སྤྱི་དེ་ལ་རྟོག་པ་ཡིན་ཏེ། དེ་ལ་སྒྲ་དོན་འདྲེས་རུང་བ་སྣང་བ་སྟེ།ཞེས་དང༌། རིགས་ཐིགས་ལས། རྟོག་པ་ནི་ཤེས་པ་ལ་བརྗོད་པ་དང་འདྲེས་རུང་བ་སྣང་བ་སྟེ། ཞེས་དང༌། ཚད་མ་མདོ་རང་འགྲེལ་ལས། རྟོག་པ་ཞེས་བྱ་བ་འདི་ཇི་ལྟ་བུ་ཞིག་ཡིན་ཞེ་ན། མིང་དང་རིགས་སོགས་སུ་སྦྱོར་བའོ། །ཞེས་གསུངས་པའི་ཕྱིར། འདོད་ན།རྟོག་པ་ཡིན་ན་བརྗོད་བྱ་རྗོད་བྱེད་འདྲེས་རུང་དུ་སྣང་བའི་ཞེན་རིག་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དོན་སྤྱི་ཁོ་ན་འཛིན་པའི་རྟོག་པ་དེ་ཆོས་ཅན། བརྗོད་བྱ་རྗོད་བྱེད་འདྲེས་རུང་དུ་སྣང་བའི་ཞེན་རིག་ཡིན་པར་ཐལ། རྟོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དོན་སྤྱི་ཁོ་ན་སྣང་བའི་རྟོག་པ་དེ་ཆོས་ཅན། བརྗོད་བྱ་རྗོད་བྱེད་འདྲེས་རུང་དུ་སྣང་བའི་ཞེན་རིག་མ་ཡིན་པར་ཐལ། དེ་ལ་བརྗོད་བྱ་རྗོད་བྱེད་འདྲེས་རུང་བ་མ་ཡིན་པའི་ཕྱིར། དེར་ཐལ། དེ་ལབརྗོད་བྱ་རྗོད་བྱེད་འདྲེས་མི་སྲིད་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་རང་ཡུལ་གྱི་རྣམ་པ་གསལ་བར་སྣང་བའི་བློ་ཡིན་ན་རྟོག་མེད་ཤེས་པ་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རང་ཡུལ་གྱི་རྣམ་པ་གསལ་བར་སྣང་བའི་བློའོ། །ཞེས་དང༌། རྣམ་འགྲེལ་ལས། གསལ་བར་སྣང་བ་ཅན་བློ་གང༌། །དེ་ནི་དེ་ལ་རྟོག་མེད་འདོད། །ཅེས་དང༌། རྣམ་འགྲེལ་རིན་ཆེན་ཕྲེང་བ་༣༡༦ལས། གསལ་བར་སྣང་བ་ཅན་གྱི་བློ་གང་ཡིན་པ་དེ་ནི། ཞེས་གསུངས་པའི་ཕྱིར། འདོད་ན། རང་ཡུལ་གྱི་རྣམ་པ་གསལ་བར་སྣང་བའི་བློ་ཡིན་ན་རྟོག་མེད་ཤེས་པ་ཡིན་པའི་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། འདོད་ཆགས་ཆོས་ཅན། རྟོག་མེད་ཤེས་པ་ཡིན་པར་ཐལ། རང་ཡུལ་གྱི་རྣམ་པ་གསལ་བར་སྣང་བའི་བློ་ཡིན་པའི་ཕྱིར། མ་གྲུབ་ན། འདོད་ཆགས་ཆོས་ཅན། རང་ཡུལ་གྱི་རྣམ་པ་གསལ་བར་སྣང་བའི་བློ་ཡིན་པར་ཐལ། རང་ཡུལ་གྱི་རྣམ་པ་གསལ་བར་སྣང་བ་གང་ཞིག བློ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། འདོད་ཆགས་ཆོས་ཅན། རང་ཡུལ་གྱི་རྣམ་པ་གསལ་བར་སྣང་བ་ཡིན་པར་ཐལ། ཡུལ་དེ་ལ་གོམས་པ་ལས་རང་ཡུལ་གྱི་རྣམ་པ་གསལ་བར་སྣང་བ་སེམས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པརཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། གོམས་པ་ལས་རང་ཡུལ་ལ་གསལ་སྣང་རབ་གྱི་མཐར་ཕྱིན་པ་འབྱུང་བ་སེམས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། དཔེར་ན། འདོད་ཆགས་བཞིན། ཞེས་གསུངས་པའི་ཕྱིར་ཟེར་ན་གསལ་སྣང་འབྱུང་རུང་དགོངས་པ་ཡིན་སྙམ། གོང་དུ་འདོད་ན། འདོད་ཆགས་ཆོས་ཅན། རྟོག་མེད་ཤེས་པ་མ་ཡིན་པར་ཐལ། རྟོག་བཅས་ཡིན་པའི་ཕྱིར། མ་གྲུབ་ན། འདོད་ཆགས་ཆོས་ཅན། རྟོག་བཅས་ཡིན་པར་ཐལ། རྩ་ཉོན་དྲུག་པོ་གང་རུང་ཡིན་པའི་ཕྱིར། ཁྱབ་སྟེ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རྩ་ཉོན་དྲུག་པོ་གང་རུང་ཡིན་ན་རྟོག་བཅས་ཡིན་པས་ཁྱབ་པའི་ཕྱིར།ཞེས་གསུངས་པའི་ཕྱིར། འདོད་ན། འདོད་ཆགས་ཆོས་ཅན། རྟོག་བཅས་མ་ཡིན་པར་ཐལ། རྟོག་མེད་ཡིན་པའི་ཕྱིར། དེར་ཐལ། རང་ཡུལ་གསལ་བར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། དེར་ཐལ། ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། བསྡུས་གྲྭའི་སྤྱི་དོན་ལས། རང་ཡུལ་གསལ་བའི་བེམ་མིན་དེ་ཤེས་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་མངོན་སུམ་ཚད་མ་ཡིན་ན་རྟོག་བྲལ་མ་འཁྲུལ་བའི་རིག་པ་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང༌། ཚད་མ་རྣམ་འགྲེལ་ལས། མངོན་སུམ་རྟོག་བྲལ་མ་འཁྲུལ་བ། །ཞེས་དང༌། བློ་རིག་ལེགས་བཤད་གསེར་གྱི་ཉི་མ་ལས། རྟོག་བྲལ་མ་འཁྲུལ་བའི་ཤེས་པ་དེ། མངོན་སུམ་གྱི་མཚན་ཉིད། ཅེས་དང༌། རྣམ་འགྲེལ་རིན་ཆེན་ཕྲེང་བ་ལས། མངོན་སུམ་ཚད་མ་ཆོས་ཅན། ཁྱོད་རྟོག་བྲལ་དུ་ཁྱོད་རང་གིས་མ་གྲུབ་པར་ཚད་མ་རྫས་གཞན་གྱིས་སྒྲུབ་མི་དགོས་ཏེ། ཁྱོད་རྟོག་བྲལ་གྱི་ཤེས་པར་ཁྱོད་རང་གིས་འགྲུབ་པར་འགྱུར་བའི་ཕྱིར། ཞེས་དང༌། ཚད་མ་མདོ་ལས། དེ་ལྟ་བས་ན་མངོན་སུམ་རྟོག་པ་དང་བྲལ་བར་འཐད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། བུམ་འཛིན་མིག་ཤེས་ཆོས་ཅན། རྟོག་བྲལ་མ་འཁྲུལ་བའི་རིག་པ་ཡིན་པར་ཐལ། མངོན་སུམ་ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བུམ་འཛིན་མིག་ཤེས་ཆོས་ཅན། རྟོག་བྲལ་མ་འཁྲུལ་བའི་རིག་པ་མ་ཡིན་པར་ཐལ། མ་འཁྲུལ་བའི་རིག་པ་མ་ཡིན་པའི་ཕྱིར། མ་གྲུབ་ན།བུམ་འཛིན་མིག་ཤེས་ཆོས་ཅན། མ་འཁྲུལ་བའི་རིག་པ་མ་ཡིན་པར་ཐལ། འཁྲུལ་བའི་རིག་པ་ཡིན་པའི་ཕྱིར།མ་གྲུབ་ན། བུམ་འཛིན་མིག་ཤེས་ཆོས་ཅན། འཁྲུལ་བའི་རིག་པ་ཡིན་པར་ཐལ། བུམ་པ་ཕྱི་དོན་དུ་མ་གྲུབ་བཞིན་དུ་ཕྱི་དོན་དུ་གྲུབ་པར་སྣང་བའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་ཚུལ་གསུམ་པའི་རྟགས་ལས་རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་བསླུ་བའི་རིག་པ་དེ་རྗེས་དཔག་ཚད་མའི་མཚན་ཉིད་ཡིན་པར་ཐལ། ཚད་མའི་བསྟན་བཅོས་ལས། ཚུལ་གསུམ་པའི་རྟགས་ལས་རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་བསླུ་བའི་ཤེས་པའོ། །ཞེས་དང༌། ཚད་མ་མདོ་ལས། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་དང༌། ཚད་མ་མདོའི་རང་འགྲེལ་༥༧ལས། མཚན་ཉིད་གསུམ་པའི་རྟགས་ལས་རྗེས་དཔག་པར་བྱ་བའི་དོན་མཐོང་བ་དེ་ནི་རང་གི་དོན་གྱི་རྗེས་དཔག་གོ། །ཞེས་དང༌། ཚད་མ་རྣམ་ངེས་ལས། མཚན་ཉིད་གསུམ་པའི་རྟགས་ལས་རྗེས་སུ་དཔག་པར་བྱ་བ་རྟོགས་པ་གང་ཡིན་པ་དེ་ནི་རང་གི་དོན་གྱི་རྗེས་སུ་དཔག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཚུལ་གསུམ་པའི་རྟགས་ལས་རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་རིག་པ་དེ་རྗེས་དཔག་ཚད་མའི་མཚན་ཉིད་མ་ཡིན་པར་ཐལ། རང་དོན་རྗེས་དཔག་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། མཚན་ཉིད་གཅིག་ལ་མཚོན་བྱ་གཉིས་མི་སྲིད་པའི་ཕྱིར། མ་གྲུབ་ན། དེ་མི་སྲིད་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། མཚན་ཉིད་ཡིན་ན་མཚོན་བྱ་གཅིག་གི་མཚན་ཉིད་ལས་མ་ཡིན་པས་ཁྱབ་བོ། །ཞེས་གསུངས་པའི་ཕྱིར། དེ་རང་དོན་རྗེས་དཔག་གི་མཚན་ཉིད་མིན་ཟེར་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང༌། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་མདོ་ལས། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་གསུངས་པའི་ཕྱིར།འདོད་ན། ཚུལ་གསུམ་པའི་རྟགས་ལས་རང་གི་གཞལ་བྱ་ལྐོག་གྱུར་པ་གསར་དུ་མི་བསླུ་བའི་ཤེས་པ་དེ་རང་དོན་རྗེས་དཔག་གི་དོན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། འོ་ན། རང་དོན་རྗེས་དཔག་ཡིན་ན་རང་དོན་རྗེས་དཔག་གི་ཚད་མ་ཡིན་པས་ཁྱབ་བར་ཐལ། འདོད་ན། རྗེས་དཔག་ཡིན་ན་རྗེས་དཔག་གི་ཚད་མ་ཡིན་པས་ཁྱབ་བར་ཐལ། འདོད་པའི་ཕྱིར། འདོད་ན། རྗེས་དཔག་སྐད་ཅིག་གཉིས་པ་ཆོས་ཅན། རྗེས་དཔག་གི་ཚད་མ་ཡིན་པར་ཐལ། རྗེས་དཔག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། ཚད་མ་སྐད་ཅིག་གཉིས་པ་མངོན་སུམ་ཡིན་པ་དང་རྗེས་དཔག་ཡིན་པ་དང་རྟོག་མེད་ཡིན་པ་དང་རྟོག་བཅས་ཡིན་པ་ཡོད་ལ། ཞེས་སོ། །འདོད་ན། དེ་མི་འཐད་པར་ཐལ། རྗེས་དཔག་དང་རྗེས་དཔག་གི་ཚད་མ་དོན་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བློ་རིག་ལེགས་བཤད་གསེར་གྱི་ཉི་མ་ལས། རྗེས་དཔག་དང་རྗེས་དཔག་གི་ཚད་མ་དོན་གཅིག ཞེས་སོ། །འདོད་ན། རྗེས་དཔག་ཡིན་ན་རང་གི་རྟེན་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་ཁྱབ་བར་ཐལ། དེ་ཡིན་ན་རྗེས་དཔག་གི་ཚད་མ་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། བུམ་པ་གསར་དུ་རྟོགས་པའི་རྗེས་དཔག་ཚད་མ་ཆོས་ཅན། རང་གི་རྟེན་ཡང་དག་ཡོད་པར་ཐལ། རང་གི་བརྟེན་རྟགས་ཡང་དག་ལ་བརྟེན་ནས་རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་བསླུ་བ་དེ་ཡིན་པའི་ཕྱིར། འདོད་ན། དེའི་རྟེན་དུ་གྱུར་བའི་རྟགས་ཡང་དག་ཡོད་པར་ཐལ། འདོད་ན། ཞོག་ཅེས་དཔྱད་པར་བྱའོ། །ཡང་རང་རིག་ཡིན་ན་རང་དང་བདག་ཉིད་གཅིག་པའི་ཤེས་པ་ཉམས་སུ་མྱོང་གི་དེ་ལས་ཕྱི་རོལ་གྱི་གཟུགས་སྒྲ་སོགས་ཉམས་སུ་མི་མྱོང་པ་ཡིན་དགོས་པར་ཐལ། རང་རིག་ཡིན་ན་ཁ་ནང་ལྟས་ཀྱི་ཤེས་པ་ཡིན་དགོས་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་ཉམས་མྱོང་གི་རང་རིག་ཆོས་ཅན། རང་དང་བདག་ཉིད་གཅིག་པའི་ཤེས་པ་ཉམས་སུ་མྱོང་གྀ་དེ་ལས་ཕྱི་རོལ་གྱི་གཟུགས་སྒྲ་སོགས་ཉམས་སུ་མི་མྱོང་བ་ཡིན་པར་ཐལ། རང་རིག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་ཉམས་མྱོང་གི་རང་རིག་ཆོས་ཅན། རང་དང་བདག་ཉིད་གཅིག་པའི་ཤེས་པ་རྣམས་སྣང་བ་ཡིན་པར་ཐལ། རང་དང་བདག་ཉིད་གཅིག་པའི་ཤེས་པ་རྣམས་ཉམས་སུ་མྱོང་པ་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་ཉམས་མྱོང་གི་རང་རིག་ཆོས་ཅན། ཁྱོད་ལ་རྣམ་མཁྱེན་སྣང་བ་ཡིན་པར་ཐལ། ཁྱོད་ལ་རང་དང་བདག་ཉིད་གཅིག་པའི་ཤེས་པ་རྣམས་སྣང་བ་གང་ཞིག རྣམ་མཁྱེན་ཁྱོད་དང་བདག་ཉིད་གཅིག་པའི་ཤེས་པ་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་ཉམས་མྱོང་གི་རང་རིག་ཆོས་ཅན། འཁྲུལ་པར་ཐལ། ཀུན་རྫོབ་ཀྱི་ཆོས་སྣང་བའི་ཕྱིར། ཁྱབ་སྟེ།དེ་ལྟར་ཁྱབ་པ་དེ་ཡང་གཞན་སྟོང་སྲོལ་འབྱེད་ཆེན་མོ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱིས་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་བདེན་གཉིས་གསལ་བའི་ཉི་མ་ལས། འཁྲུལ་བར་ཐལ། ཀུན་རྫོབ་ཁམས་གསུམ་པ་སྣང་བའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་དེ་མ་ཡིན་ལ་དེར་ཞེན་པའི་བློ་ཡིན་ན་ལོག་རྟོག་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ལོག་རྟོག་གི་མཚན་ཉིད་ཡོད་དེ། དེ་མ་ཡིན་ལ་དེར་ཞེན་པའི་བློ། ཞེས་དང༌། གཏན་ཚིགས་དོན་བསྡུས་ལས། དེ་མ་ཡིན་པ་ལ་དེར་འཛིན་གྱི་བློ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། དེ་མ་ཡིན་ལ་དེར་ཞེན་པའི་བློ་ཡིན་ན་ལོག་རྟོག་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། སྣོད་བཅུད་རུལ་བར་གོམས་པའི་མི་སྡུག་པའི་ཏིང་ངེ་འཛིན་ཆོས་ཅན། ལོག་རྟོག་ཡིན་པར་ཐལ། དེ་མ་ཡིན་ལ་དེར་ཞེན་པའི་བློ་ཡིན་པའི་ཕྱིར། མ་གྲུབ་ན། སྣོད་བཅུད་རུལ་བར་སྒོམ་པའི་མི་སྡུག་པའི་ཏིང་ངེ་འཛིན་ཆོས་ཅན། དེ་མ་ཡིན་ལ་དེར་ཞེན་པའི་བློ་ཡིན་པར་ཐལ། སྣོད་བཅུད་རུལ་བ་མ་ཡིན་བཞིན་དུ་རུལ་བར་འཛིན་པའི་བློ་ཡིན་པའི་ཕྱིར། གོང་དུ་འདོད་ན། སྣོད་བཅུད་རུལ་བར་གོམས་པའི་མི་སྡུག་པའི་ཏིང་ངེ་འཛིན་ཆོས་ཅན། ལོག་རྟོག་མ་ཡིན་པར་ཐལ། རྟོག་པ་དོན་མཐུན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ས་གཞི་ཐམས་ཅད་ཆུས་གང་བར་འཛིན་པའི་མི་སྡུག་པའི་ཏིང་ངེ་འཛིན་ཏེ་ལོག་རྟོག་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། མི་སྡུག་པའི་ཏིང་ངེ་འཛིན་རྟོག་བཅས་དང་ཟད་པར་གྱི་ཏིང་ངེ་འཛིན་རྟོག་བཅས་ཀྱི་འཛིན་སྟངས་ཀྱི་ཡུལ་མེད་པ་གང་ཞིག དེ་ལོག་ཤེས་མ་ཡིན་པའི་ཕྱིར། ཞེས་སོ། །འདོད་ན། དེ་ཆོས་ཅན། ལོག་ཤེས་མ་ཡིན་པར་ཐལ། འདོད་ན། དེ་ཆོས་ཅན། དེ་ལོག་ཤེས་མ་ཡིན་པ་མ་ཡིན་པར་ཐལ། ལོག་ཤེས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེ་ཡིན་པར་ཐལ། དབུ་མ་ཐེག་མཆོག་ལས། མི་རྟག་ལ་སོགས་ལོག་པའི་འདུ་ཤེས་ཀྱང༌། །ཞེས་དང༌། དེའི་འགྲེལ་བ་ལས། དེ་ལྟར་ཆགས་ཡུལ་ཀེང་རུས་སུ་འདུ་ཤེས་པ་སོགས་མི་སྡུག་པའི་འདུ་ཤེས་རྣམས་སྤྱིར་ལོག་པའི་འདུ་ཤེས་ཡིན་ཀྱང༌། །ཞེས་སོ། །འདོད་ན། དེ་ཆོས་ཅན། ཁྱོད་སངས་རྒྱས་ས་ན་མེད་པར་ཐལ། ཁྱོད་ལོག་པའི་འདུ་ཤེས་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་ས་ན་ཟད་པ་བཅུ་མེད་པར་ཐལ། འདོད་ན། དེ་ཡོད་པར་ཐལ། དེ་ལྟར་ཡོད་པ་དེ་ཡང་རྒྱལ་བའི་རྒྱལ་ཚབ་བྱམས་པ་མགོན་པོས་མཛད་པའི་མངོན་པར་རྟོགས་རྒྱན་ལས། ཟད་པར་བཅུ་ཡི་བདག་ཉིད་དང༌། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་རང་གི་ཚད་མ་སྔ་མས་བཟུང་ཟིན་གྱི་དོན་ལ་བསྣན་ནས་འཇུག་པའི་ཤེས་པ་དེ་དཔྱད་ཤེས་ཀྱི་མཚད་ཉིད་མ་ཡིན་པར་ཐལ། རང་གི་ཚད་མ་སྔ་མས་བཟུང་ཟིན་གྱི་དོན་ལ་བསྣན་ནས་འཇུག་པའི་ཤེས་པ་ཡིན་ན་དཔྱད་ཤེས་ཡིན་པས་ཁྱབ་པ་མེད་པའི་ཕྱིར། མ་གྲུབ་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་རྣམ་མཁྱེན་སྐད་ཅིག་གཉིས་པ་ཆོས་ཅན། དཔྱད་ཤེས་ཡིན་པར་ཐལ། རང་གི་ཚད་མ་སྔ་མས་བཟུང་ཟིན་གྱི་དོན་ལ་བསྣན་ནས་འཇུག་པའི་ཤེས་པ་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་རྣམ་མཁྱེན་སྐད་ཅིག་གཉིས་པ་ཆོས་ཅན། རང་གི་ཚད་མ་སྔ་མས་བཟུང་ཟིན་གྱི་དོན་ལ་བསྣན་ནས་འཇུག་པའི་ཤེས་པ་ཡིན་པར་ཐལ། རང་གི་ཚད་མ་སྔ་མའི་གང་བཟུང་བ་དེ་སླར་ཡང་བཟུང་བ་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་རྣམ་མཁྱེན་སྐད་ཅིག་གཉིས་པ་ཆོས་ཅན། རང་གི་ཚད་མ་སྔ་མས་གང་བཟུང་བ་དེ་སླར་ཡང་བཟུང་བ་ཡིན་པར་ཐལ། རྣམ་མཁྱེན་སྐད་ཅིག་དང་པོའི་ཆོས་ཐམས་ཅད་རྟོགས་སྐད་ཅིག་གཉིས་པའི་ཡང་ཆོས་ཐམས་ཅད་རྟོགས་པའི་ཕྱིར། འདོད་ན།དེ་ཆོས་ཅན། དཔྱད་ཤེས་ཡིན་པར་ཐལ། རང་གི་ཚད་མ་སྔ་མ་གང་བཟུང་བ་དེ་སླར་ཡང་རྟོགས་པའི་ཤེས་པ་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་རྣམ་མཁྱེན་ཆོས་ཅན། ཁྱོད་སྐད་ཅིག་གཉིས་པ་བཅད་ཤེས་ཡིན་པར་ཐལ། ཁྱོད་རྒྱུན་དང་ལྡན་པའི་ཚད་མ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་བ་ཡོད་པར་ཐལ། དེ་ཁྱབ་བ་དེ་ཡང་སློབ་དཔོན་ཆེན་པོ་ཆོས་མཆོག་གིས་མཛད་པའི་འཐད་ལྡན་ཆེ་བ་ལས། མངོན་སུམ་དང་རྗེས་སུ་དཔག་པ་དག་གི་སྐད་ཅིག་མ་དང་བོ་ནི་ཚད་མ་ཡིན་ལ། དེའི་རྒྱུན་དུ་གྱུར་བ་གྲུབ་པ་དང་བདེ་བ་ཐ་མི་དད་པ་ཕྱི་མ་རྣམས་ཚད་མ་ཡིན་པ་སྤངས་བ་ཡིན་ནོ། །ཞེས་དང༌། ཚད་མ་མདོ་ལས། ཡང་ཡང་ཤེས་པ་མ་ཡིན་ཏེ། ཐུག་པ་མེད་འགྱུར་དྲན་སོགས་བཞིན། །ཞེས་སོ། །མ་ཁྱབ། སེམས་ཅན་རྒྱུད་ཀྱི་ཚད་མ་ལ་དགོངས་ཟེར་ན། འོ་ན་སེམས་ཅན་གྱི་རྒྱུད་ཀྱི་ཚད་མ་ཡིན་ན་ཁྱོད་སྐད་ཅིག་གཉིས་པ་བཅད་ཤེས་ཡིན་པས་ཁྱབ་པར་ཐལ། འདོད་ན། སེམས་ཅན་རྒྱུད་ཀྱི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་ཆོས་ཅན། ཁྱོད་སྐད་ཅིག་གཉིས་པ་བཅད་ཤེས་ཡིན་པར་ཐལ། ཁྱོད་སེམས་ཅན་གྱི་རྒྱུད་ཀྱི་ཚད་མ་ཡིན་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། རྣམ་འབྱོར་མངོན་སུམ་སྐད་ཅིག་དང་བོ་མ་ཟད་སྐད་ཅིག་གཉིས་པ་ཡང་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་འཇམ་པའི་དབྱངས་དངོས་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་མཛད་པའི་ཕུང་ལྔའི་རྣམ་བཞག་ལས། རྣལ་འབྱོར་མངོན་སུམ་སྐད་ཅིག་དང་བོ་མ་ཟད་སྐད་ཅིག་གཉིས་པ་སོགས་ཀྱང་ཚད་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ནས་དཔྱད་དོ། །ཡང་སེམས་ཀྱི་མཚན་ཉིད་ཀྱི་ཟུར་དུ་དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་ཅིང་དོན་གྱི་ཁྱད་པར་གཞན་སྟོབས་ཀྱིས་རིག་པའི་བློ་ཞེས་སྦྱར་བ་མི་ལེགས་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དེ་མི་ལེགས་པར་ཐལ། དེ་ལྟར་མི་ལེགས་པ་དེ་ཡང་ས་བཟང་མ་ཏི་པཎ་ཆེན་གྱིས་མཛད་པའི་ཀུན་བཏུས་ས་འགྲེལ་༧༨ལས། གསུམ་པ་རང་སྟོབས་གཞན་སྟོབས་ཀྱིས་འབྱེད་པ་ནི། ཞེས་པ་ནས། དེ་ཡང་མཐའ་གཅིག་ཏུ་ངེས་པ་མེད་དོ། །ཡིད་ཤེས་ཀྱི་གཟུགས་འཛིན་པ་ལྟ་བུ་སེམས་ཀྱིས་དོན་གྱི་ངོ་བོ་འཛིན་པ་དང༌། འདུ་ཤེས་ཀྱིས་དད་པའི་ཡུལ་འཛིན་པ་ལྟ་བུ་སེམས་བྱུང་གི་དོན་གྱི་ཁྱད་པར་འཛིན་པ་ཡང༌། གཞན་དང་གྲོགས་སྟོབས་ཀྱིས་འཛིན་པས་གཞན་སྟོབས་སུ་ཐལ་བའི་ཕྱིར་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། དོན་གྱི་ངོ་བོ་རིག་པའི་བློ་ཡིན་ན་གཙོ་སེམས་ཡིན་པས་ཁྱབ་པར་ཐལ། རང་སྟོབས་གཞན་སྟོབས་ཞེས་སྦྱར་ན་མི་ལེགས་པའི་ཕྱིར།རྟགས་ཁས། འདོད་ན། གཙོ་སེམས་དང་མཚུངས་ལྡན་དུ་སོང་བའི་སེམས་བྱུང་རྣམས་ཆོས་ཅན། གཙོ་སེམས་ཡིན་པར་ཐལ། དོན་གྱི་ངོ་བོ་རིག་པའི་བློ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལྟར་ཁྱབ་པ་དེ་ཡང་རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང༌། །ཞེས་དང༌། བློ་རིག་ལེགས་བཤད་གསེར་གྱི་ཉི་མ་ལས། དོན་གྱི་ངོ་བོ་རིག་པར་བྱེད་པའི་ཤེས་པ་སེམས་ཀྱི་མཚན་ཉིད། ཅེས་དང༌། ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ་ལས། འོ་ན་སེམས་དང་སེམས་ལས་བྱུང་བའི་ཁྱད་པར་ཅི་ལྟ་བུ་ཞེ་ན། ཡུལ་དོན་གྱི་ངོ་བོ་ཙམ་ཤེས་པ་ཉིད་རྣམ་ཤེས་དང༌། ཞེས་གསུངས་པའི་ཕྱིར། འོ་ན་དོན་གྱི་ངོ་བོ་རིག་པའི་བློ་ཡིན་ན་སེམས་ཡིན་པས་ཁྱབ་ཟེར་ན། རྣམ་མཁྱེན་ཆོས་ཅན། སེམས་ཡིན་པར་ཐལ། དོན་གྱི་ངོ་བ་རིག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དོན་གྱི་ངོ་བོ་རྟོགས་པའི་བློ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དོན་དོན་གྱི་ངོ་བོ་རྟོགས་པའི་བློ་ཡིན་ཚུལ་ཡོད་པའི་ཕྱིར་ཟེར་ན་དཔྱད་དོ། །

བརྒྱད་པ་སྤྱི་དང་བྱེ་བྲག་གི་དོགས་པ་འགོད་པ།

བརྒྱད་པ་སྤྱི་དང་བྱེ་བྲག་གི་དོགས་པ་འགོད་པ་ལ།

ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རྡུལ་ཕྲ་རབ་བརྒྱ་ཚོགས་སྤྱི་ཡིན་མིན་དཔྱད་པར་བྱའོ། །ཞེས་གསུངས་པ་ལ། རྡུལ་ཕྲ་རབ་བརྒྱ་ཚོགས་སྤྱི་ཡིན་པར་ཐལ། འདོད་ན། རྡུལ་ཕྲ་རབ་བརྒྱ་ཆོས་ཅན། ཚོགས་སྤྱི་མ་ཡིན་པར་ཐལ། རང་གི་ཆ་ཤས་དུ་མ་འདུས་པའི་གཟུགས་རགས་པ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རྡུལ་ཕྲ་རབ་བརྒྱ་ཆོས་ཅན། རང་གི་ཆ་ཤས་དུ་མ་འདུས་པའི་གཟུགས་རགས་པ་མ་ཡིན་པར་ཐལ། གཟུགས་རགས་པ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ། དེ་ཆོས་ཅན། གཟུགས་རགས་པ་མ་ཡིན་པར་ཐལ། གཟུགས་ཅན་གྱི་ཆུང་བའི་མཐར་ཐུག་པ་ཡིན་པའི་ཕྱིར། རྟགས་མ་གྲུབ། དེ་ཆོས་ཅན། གཟུགས་ཅན་གྱི་ཆུང་བའི་མཐར་ཐུག་པ་ཡིན་པར་ཐལ། རྡུལ་ཕྲ་རབ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། གཟུགས་ཅན་ཆུང་བའི་མཐར་ཐུག་པ་དེ་རྡུལ་ཕྲ་རབ་ཀྱི་མཚན་ཉིད་ཡིན་པའི་ཕྱིར། རྟགས་མ་གྲུབ། དེར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། གཟུགས་ཅན་གྱི་ཆུང་བའི་མཐར་ཐུག་པ་དེ་རྡུལ་ཕྲ་རབ་གྱི་མཚན་ཉིད། ཅེས་གསུངས་བའི་ཕྱིར། འདོད་ན། རྡུལ་ཕྲ་རབ་བརྒྱ་ཆོས་ཅན། གཟུགས་ཅན་གྱི་ཆུང་བའི་མཐར་ཐུག་པ་ཡིན་པར་ཐལ། རྡུལ་ཕྲ་རབ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རྡུལ་ཕྲ་རབ་བརྒྱ་ཆོས་ཅན། གཟུགས་རགས་པ་མ་ཡིན་པར་ཐལ། གཟུགས་ཅན་གྱི་ཆུང་བའི་མཐར་ཐུག་པ་ཡིན་པའི་ཕྱིར། འདོད་ན། རྡུལ་ཕྲ་རབ་བརྒྱ་ཆོས་ཅན། རྡུལ་ཕྲ་རབ་གཅིག་གི་གོ་སར་མི་ཤོང་པར་ཐལ་ཞེས་སོགས་དཔྱད་པར་བྱའོ། །སྤྱི་ཡིན་ན་རང་གི་གསལ་བ་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་ཡིན་པས་ཁྱབ་པར་ཐལ། སྤྱི་ཡིན་ན་རིགས་སྤྱི་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། ཤེས་བྱ་དང་གཅིག་དང་བདག་མེད་དང་གཅིག་དང་དངོས་པོ་དང་གཅིག་གང་རུང་ཆོས་ཅན། རང་གི་གསལ་བ་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་ཡིན་པར་ཐལ། སྤྱི་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཤེས་བྱ་དང་གཅིག་དང་བདག་མེད་དང་གཅིག་དང་དངོས་པོ་དང་གཅིག་གང་རུང་ཆོས་ཅན། རང་གི་གསལ་བ་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་མ་ཡིན་པར་ཐལ། རང་གི་གསལ་བ་དུ་མ་མེད་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཆོས་ཅན། རང་གི་གསལ་བ་དུ་མ་མེད་པར་ཐལ། རང་གི་བྱེ་བྲག་དུ་མ་མེད་པའི་ཕྱིར། རྟགས་མ་གྲུབ་ན། ཤེས་བྱ་དང་གཅིག་དང་དངོས་པོ་དང་གཅིག་དང་བདག་མེད་དང་གཅིག་གང་རུང་ཆོས་ཅན། རང་གི་བྱེ་བྲག་དུ་མ་མེད་པར་ཐལ། རང་གི་བྱེ་བྲག་དུ་མ་ཞེས་པའི་བྱེ་བྲག་དུ་མ་དེ་འཇོག་རྒྱུ་མེད་པའི་ཕྱིར། རྟགས་མ་གྲུབ་ན། ཞོག་ཟེར་ན། བདག་མེད་དང་དངོས་པོ་གཉིས་སོ་སོ་ནས་འཇོག་ཟེར་ན། བདག་མེད་ཆོས་ཅན། ཤེས་བྱ་དང་གཅིག་དང་དངོས་པོ་དང་གཅིག་དང་བདག་མེད་དང་གཅིག་གང་རུང་གི་བྱེ་བྲག་ཡིན་པར་ཐལ། འདོད་ན། བདག་མེད་ཆོས་ཅན། བདག་མེད་དང་གཅིག་དང་དངོས་པོ་དང་གཅིག་དང་ཤེས་བྱ་དང་གཅིག་གང་རུང་གི་བྱེ་བྲག་མ་ཡིན་པར་ཐལ། དེའི་བྱེ་བྲག་ཏུ་སོང་བའི་རྟགས་གསུམ་མ་གྲུབ་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཆཽས་ཅན། ཤེས་བྱ་དང་གཅིག་དང་བདག་མེད་དང་གཅིག་དང་དངོས་པོ་དང་གཅིག་གང་རུང་གི་བྱེ་བྲག་ཏུ་སོང་བའི་རྟགས་ཟུར་གསུམ་ཀ་མ་གྲུབ་པར་ཐལ། དེའི་རྟགས་ཟུར་ཐ་མ་མ་གྲུབ་པའི་ཕྱིར། རྟགས་མ་གྲུབ་ན། དེར་ཐལ། བདག་མེད་མ་ཡིན་ཞིང་ཤེས་བྱ་དང་གཅིག་དང་བདག་མེད་དང་གཅིག་དང་དངོས་པོ་དང་གཅིག་གང་རུང་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར། རྟགས་མ་གྲུབ། ཞོག་ཟེར། ཤེས་བྱ་ཆོས་ཅན་ཟེར་ན། ཤེས་བྱ་ཆོས་ཅན། བདག་མེད་མ་ཡིན་ཞིང་ཤེས་བྱ་དང་གཅིག་དང་དངོས་པོ་དང་གཅིག་དང་བདག་མེད་གཅིག་གང་རུང་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ། འདོད་ན། ཤེས་བྱ་ཆོས་ཅན། བདག་མེད་མ་ཡིན་པར་ཐལ། བདག་མེད་མ་ཡིན་ཞིང་ཤེས་བྱ་དང་གཅིག་དང་བདག་མེད་དང་གཅིག་དང་དངོས་པོ་དང་གཅིག་གང་རུང་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཤེས་བྱ་ཆོས་ཅན། བདག་མེད་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། གཏན་ཚིགས་བསྡུས་དོན་ལས། དེ་དང་ཁྱབ་མཉམ་དོན་གཅིག་པ་ནི། །ཡུལ་དང་གཞལ་བྱ་བདག་མེད་དང༌། །གཞི་གྲུབ་གཞན་སེལ་ཡོད་པ་སོགས། །ཞེས་གསུངས་པའི་ཕྱིར། འདོད་ན།བདག་མེད་མ་ཡིན་ཞིང་ཤེས་བྱ་དང་གཅིག་དང་བདག་མེད་དང་གཅིག་དང་དངོས་པོ་དང་གཅིག་གང་རུང་ཡིན་པའི་གཞི་མཐུན་པ་མེད་པར་ཐལ། ཤེས་བྱ་དེ་མ་ཡིན་པ་གང་ཞིག དེ་ལས་གཞན་འཇོག་རྒྱུ་མེད་པའི་ཕྱིར། རྟགས་དང་པོ་ཁས། འདོད་ན། འོ་ན། ཤེས་བྱ་དང་གཅིག་དང་བདག་མེད་དང་གཅིག་དང་དངོས་པོ་གཅིག་གང་རུང་ཆོས་ཅན། ཁྱོད་ཀྱི་བྱེ་བྲག་དུ་མ་མེད་པར་ཐལ། བདག་མེད་དེ་མ་ཡིན་པ་གང་ཞིག དེ་ལས་གཞན་པ་འཇོག་རྒྱུ་མི་རྙེད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་བྱེ་བྲག་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་མ་ཡིན་པར་ཐལ། རང་གི་བྱེ་བྲག་དུ་མ་མེད་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། རང་གི་བྱེ་བྲག་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་ཡིན་པར་ཐལ། རང་གི་གསལ་བ་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་ཡིན་པའི་ཕྱིར། དེར་ཐལ། རིགས་སྤྱི་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རིགས་སྤྱིའི་མཚན་ཉིད་ཡོད་དེ། རང་གི་རིགས་ཅན་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་དེ་ཡིན་པའི་ཕྱིར། ཞེས་དང༌། བསྡུས་གྲྭའི་སྤྱི་དོན་ལས། རིགས་སྤྱི་ཞེས་པ་ནི་རང་དང་རང་ཉིད་ཡིན་པ་ལ་རིགས་འདྲ་བའི་ཆོས་དུ་མ་འདུས་པའི་སྤྱི་ལ་བྱེད་པ་ཡིན་ཡང༌། ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན། ཤེས་བྱ་དང་གཅིག་དང་བདག་མེད་དང་གཅིག་དང་དངོས་པོ་དང་གཅིག་གང་རུང་ཆཽས་ཅན། རང་གི་རིགས་ཅན་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་ཡིན་པར་ཐལ། རིགས་སྤྱི་ཡིན་པའི་ཕྱིར། འདོད་ཟེར་ན་སླར་དཔྱད་པར་བྱའོ།། སྤྱི་དང་བྱེ་བྲག་གང་རུང་ཡིན་ན་ཡོད་པ་ཡིན་པས་ཁྱབ་པར་ཐལ། རི་བོང་རྭ་ཆོས་ཅན། ཡོད་པར་ཐལ། སྤྱི་དང་བྱེ་བྲག་གང་རུང་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། སྤྱི་དང་བྱེ་བྲག་གང་རུང་ཡིན་པར་ཐལ། བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། བྱེ་བྲག་ཡིན་པར་ཐལ།ཁྱོད་ཀྱི་སྤྱི་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་སྤྱི་ཡོད་པར་ཐལ། བདག་མེད་དུ་རྟོགས་པའི་ཚད་མ་མི་རྟག་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། བདག་མེད་དུ་རྟོགས་པའི་ཚད་མ་མི་རྟག་པ་ཆོས་ཅན། ཁྱོད་རི་བོང་རྭའི་སྤྱི་ཡིན་པར་ཐལ། རི་བོང་རྭ་ཁྱོད་ཀྱི་བྱེ་བྲག་ཏུ་སོང་བའི་རྟགས་ཟུར་གསུམ་ཀ་གྲུབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། རི་བོང་རྭ་བདག་མེད་དུ་རྟོགས་པའི་ཚད་མ་མི་རྟག་པ་ཡིན། རི་བོང་རྭ་བདག་མེད་དུ་རྟོགས་པའི་ཚད་མ་མི་རྟག་པ་དང་བདག་གཅིག་ཏུ་འབྲེལ། རི་བོང་རྭ་བདག་མེད་དུ་རྟོགས་པའི་ཚད་མ་མ་ཡིན་ཞིང་མི་རྟག་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། རི་བོང་རྭ་བདག་མེད་དུ་རྟོགས་པའི་ཚད་མ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག རྟག་པ་མ་ཡིན་པའི་ཕྱིར་ཟེར་བ་དང༌། རྟགས་གཉིས་པ་དེར་ཐལ། རི་བོང་རྭ་བདག་མེད་དུ་རྟོགས་པའི་ཚད་མ་མི་རྟག་པ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་གང་ཞིག རི་བོང་རྭ་བདག་མེད་དུ་རྟོགས་པའི་ཚད་མ་མེད་ན་མི་རྟག་པ་མེད་པས་ཁྱབ་པའི་ཕྱིར། ༼རྟགས་ཟུར་དང་པོ་མ་གྲུབ་ན།༽རི་བོང་རྭ་བདག་མེད་དུ་རྟོགས་པའི་ཚད་མ་ཆོས་ཅན། མི་རྟག་པ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་ཡིན་པར་ཐལ། ཁྱོད་མི་རྟག་པའི་རྒྱུ་འབྲས་གང་རུང་མ་ཡིན་པའི་འདུས་བྱས་ཡིན་པའི་ཕྱིར་ཟེར་བ་དང༌། ༼རྟགས་ཟུར་གཉིས་པ་མ་གྲུབ་ན།༽རི་བོང་རྭ་བདག་མེད་དུ་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་མེད་ན་མི་རྟག་པ་མེད་པས་ཁྱབ་པར་ཐལ། ཁྱོད་མེད་ན་གང་དྲན་དྲན་ཡིན་པས་ཁྱབ་པའི་ཕྱིར་ཟེར་བ་དང༌། རྩ་བའི་རྟགས་གསུམ་པ་དེར་ཐལ། བུམ་པ་དེ་ཡང་དེ་ཡིན་ཀ་བ་དེ་ཡང་དེ་ཡིན་པའི་ཕྱིར་ཟེར་བ་དག་ལ་དཔྱད་པར་བྱའོ། །དངོས་པོར་རྟོགས་པའི་ཚད་མ་མི་རྟག་པ་ཆོས་ཅན། ཡོད་པར་ཐལ། སྤྱི་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། ཁྱོད་ཀྱི་བྱེ་བྲག་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། བུམ་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། དངོས་པོར་རྟོགས་པའི་ཚད་མ་མི་རྟག་པའི་བྱེ་བྲག་ཡིན་པར་ཐལ། ཁྱོད་དེའི་བྱེ་བྲག་ཏུ་སོང་བའི་རྟགས་ཟུར་གསུམ་ཀ་གྲུབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་དངོས་པོར་རྟོགས་པའི་ཚད་མ་མི་རྟག་པ་ཡིན། ཁྱོད་དངོས་པོར་རྟོགས་པའི་ཚད་མ་མི་རྟག་པ་དང་བདག་གཅིག་ཏུ་འབྲེལ། ཁྱོད་དངོས་པོར་རྟོགས་པའི་ཚད་མ་མ་ཡིན་ཞིང་མི་རྟག་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། ཞེས་རྟགས་རེ་རེ་ནས་གོང་ལྟར་བསྒྲུབ། རྩ་བར་འདོད་ན། དངོས་པོར་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་མི་རྟག་པ་མེད་པར་ཐལ། ཁྱོད་མེད་པའི་ཕྱིར་ཞེས་སྤྲོས་ཏེ་དཔྱད་པར་བྱའོ། །སྤྱི་དང་བྱེ་བྲག་གཉིས་ཀྱི་ནང་ནས་བྱེ་བྲག་ཡིན་ཟེར་བ་ལ་བྱེ་བྲག་མ་ཡིན་པར་ཐལ། སྤྱི་ཡིན་པའི་ཕྱིར། མ་གྲུབ་ན། སྤྱི་ཡིན་པར་ཐལ། ཁྱོད་སྤྱི་ཡིན་པའི་ཕྱིར། མ་གྲུབ་ན། ཁྱོད་སྤྱི་ཡིན་པར་ཐལ། ཁྱོད་ཀྱི་བྱེ་བྲག་ཡོད་པའི་ཕྱིར། མ་གྲུབ་ན། ཁྱོད་ཀྱི་བྱེ་བྲག་ཡོད་པར་ཐལ། གཞི་གྲུབ་ན་ཁྱོད་ཀྱི་བྱེ་བྲག་མ་ཡིན་པས་ཁྱབ་པ་མེད་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། ཁྱོད་ཀྱི་བྱེ་བྲག་མ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། འདོད་ལན་བརྩི་བའི་ཚེ། ཤེས་བྱའི་བྱེ་བྲག་མ་ཡིན་པར་འདོད་ཟེར་ན། ཤེས་བྱའི་བྱེ་བྲག་ཡིན་པར་ཐལ། བྱེ་བྲག་ཡིན་པའི་ཕྱིར། རྟགས་ཁས། ཟེར་ན་དཔྱད་དོ། །ཡང་ཁྱོད་སྤྱི་ཡིན་པར་ཐལ། ཁྱོད་ཀྱི་བྱེ་བྲག་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྒྲ་མི་རྟག་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་ལན་བརྩི་བའི་ཚེ། སྒྲ་མི་རྟག་པའི་བྱེ་བྲག་ཡིན་པ་རྟགས་མ་གྲུབ་ཟེར་ན། སྒྲ་ཆོས་ཅན། མི་རྟག་པའི་བྱེ་བྲག་ཡིན་པར་ཐལ། ཁྱོད་མི་རྟག་པའི་བྱེ་བྲག་ཏུ་སོང་བའི་རྟགས་ཟུར་གསུམ་ག་གྲུབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་མི་རྟག་པ་ཡིན། ཁྱོད་མི་རྟག་པ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་མི་རྟག་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་སླ། མ་ཁྱབ་ཟེར་ན། ཁྱབ་སྟེ། སྒྲ་མི་རྟག་པའི་བྱེ་བྲག་ཏུ་སོང་བའི་རྟགས་གསུམ་དེ་ལྟར་མ་བརྩིས་ན་གཞན་བརྩི་ཚུལ་མེད་པའི་ཕྱིར་ཟེར་བ་དང༌། གཞན་ཡང་སྒྲ་མི་རྟག་པའི་བྱེ་བྲག་མ་ཡིན་ན། མི་རྟག་པའི་བྱེ་བྲག་ལ་སྒྲ་འཇོག་མི་རིགས་པར་འགྱུར་རོ་ཟེར་ན་དཔྱད་དོ། །གཟུགས་ཁྱོད་ཀྱི་བྱེ་བྲག་ཡིན་ན་ཁྱོད་གཟུགས་ཀྱི་སྤྱི་ཡིན་པས་ཁྱབ་བྱས་པ་ལ། གཟུགས་སུ་རྟོགས་པའི་ཚད་མ་མི་རྟག་པ་ཆོས་ཅན། ཁྱོད་གཟུགས་ཀྱི་སྤྱི་ཡིན་པར་ཐལ། གཟུགས་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། གཟུགས་སུ་རྟོགས་པའི་ཚད་མ་མི་རྟག་པ་ཆོས་ཅན། གཟུགས་ཁྱོད་ཀྱི་བྱེ་བྲག་ཡིན་པར་ཐལ། གཟུགས་ཁྱོད་ཀྱི་བྱེ་བྲག་ཏུ་སོང་བའི་རྟགས་ཟུར་གསུམ་ག་གྲུབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཟུགས་གཟུགས་སུ་རྟོགས་པའི་ཚད་མ་མི་རྟག་པ་ཡིན། གཟུགས་གཟུགས་སུ་རྟོགས་པའི་ཚད་མ་མི་རྟག་པ་དང་བདག་གཅིག་ཏུ་འབྲེལ། གཟུགས་གཟུགས་སུ་རྟོགས་པའི་ཚད་མ་མ་ཡིན་ཞིང༌། མི་རྟག་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། གཟུགས་གཟུགས་སུ་རྟོགས་པའི་ཚད་མ་མི་རྟག་པ་ཡིན་པར་ཐལ། གཟུགས་གཟུགས་སུ་རྟོགས་པའི་ཚད་མ་ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་སླ། མ་གྲུབ་ན། གཟུགས་གཟུགས་སུ་རྟོགས་པའི་ཚད་མ་ཤེས་པ་ཡིན་པར་ཐལ། གཟུགས་གཟུགས་སུ་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། གཟུགས་ཆོས་ཅན། ཁྱོད་ཁྱོད་དུ་རྟོགས་པའི་ཚད་མ་ཡོད་པར་ཐལ། ཁྱོད་ཁྱོད་ཡིན་པའི་ཕྱིར་ཟེར་བ་དང༌། རྩ་བར་འདོད་ན། གཟུགས་སུ་རྟོགས་པའི་ཚད་མ་མི་རྟག་པ་ཆོས་ཅན། ཡོད་པར་ཐལ། སྤྱི་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། སྤྱི་ཡིན་ན་ཡོད་པས་ཁྱབ་པ་གང་ཞིག ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ཟེར་ན། དེར་ཐལ། གཟུགས་ཀྱི་སྤྱི་ཡིན་པའི་ཕྱིར། རྟགས་ཁས། གོང་དུ་གཟུགས་སུ་རྟོགས་པའི་ཚད་མ་མི་རྟག་པ་ཡོད་པར་འདོད་ཟེར་ན། འོ་ན་གཟུགས་ཡིན་པར་ཐལ། གཟུགས་སུ་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཟུགས་སུ་རྟོགས་པའི་ཚད་མ་མི་རྟག་པ་ཡོད་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཁྱོད་མི་རྟག་པ་ཡོད་ན་ཁྱོད་ཡོད་པས་ཁྱབ་པའི་ཕྱིར། འདོད་ན། གཟུགས་ཡིན་པར་ཐལ། གཟུགས་སུ་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྤྱིར་རྟག་དངོས་གཉིས་ཀྱི་ནང་ནས་རྟག་པ་ཡིན་པར་ཁས་ལེན་དགོས་པ་ཚད་མའི་བསྟན་བཅོས་སུ་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཁྱོད་ཀྱི་མཚན་ཉིད་ཡོད་ན་ཁྱོད་མཚོན་བྱ་ཡིན་པས་ཁྱབ་བྱས་པ་ལ། བློའི་ཡུལ་དུ་བྱ་རུང་ཆོས་ཅན། མཚོན་བྱ་ཡིན་པར་ཐལ། ཁྱོད་ཀྱི་མཚན་ཉིད་ཡོད་པའི་ཕྱིར། ཁྱབ་པ་ཁས། དེ་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པས་བློའི་ཡུལ་དུ་བྱ་རུང་གི་མཚན་ཉིད་ཡོད་པ་རྟགས་མ་གྲུབ་ཟེར་ན། བློའི་ཡུལ་དུ་བྱ་རུང་གི་མཚན་ཉིད་ཡོད་པར་ཐལ། བློའི་ཡུལ་དུ་བྱ་རུང་གི་རྒྱུ་ཡོད་པའི་བློ་རྩེ་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། བློས་རྟོགས་པར་བྱ་བའི་རྒྱུ་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མས་རྟོགས་པར་བྱ་བའི་རྒྱུ་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྣམ་མཁྱེན་གྱིས་རྟོགས་པར་བྱ་བའི་རྒྱུ་ཡོད་པའི་ཕྱིར། མ་གྲུབ་ན།དེར་ཐལ། བུམ་པ་དེ་ཡིན་པའི་ཕྱིར་ཟེར་བ་ལ་མ་ཁྱབ་ཟེར་ན། འོ་ན། བུམ་པ་དེ་རྣམ་མཁྱེན་གྱིས་རྟོགས་པར་བྱ་བའི་རྒྱུ་ཡིན་པར་ཐལ། ཁྱབ་མེད་ཀྱི་ལན་འཐད་པའི་ཕྱིར། འདོད་ན། རྣམ་མཁྱེན་གྱིས་རྟོགས་པར་བྱ་བ་དང་རྒྱུ་གཉིས་ཀྱི་གཞི་མཐུན་ཡོད་ན། རྣམ་མཁྱེན་གྱིས་རྟོགས་པར་བྱ་བའི་རྒྱུ་ཡོད་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། བློའི་ཡུལ་དུ་བྱ་རུང་དང་མཚན་ཉིད་གཉིས་ཀྱི་གཞི་མཐུན་ཡོད་ན། བློའི་ཡུལ་དུ་བྱ་རུང་གི་མཚན་ཉིད་ཡོད་དགོས་པར་ཐལ། སྔ་མ་ལ་དགོས་པ་གང་ཞིག་མཚུངས་པའི་ཕྱིར་ཟེར་བ་ལ། འདོད་ན། བློའི་ཡུལ་དུ་བྱ་རུང་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་ཡོད་པར་ཐལ། ཁྱོད་དང་མཚན་ཉིད་གཉིས་ཀྱི་གཞི་མཐུན་ཡོད་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། ཚད་མས་དམིགས་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བློའི་ཡུལ་དུ་བྱ་རུང་དང་མཚན་ཉིད་གཉིས་ཀྱི་ལྡོག་པ་ཐ་དད་དུ་གྲུབ་པ་གང་ཞིག ཚད་མས་དམིགས་པ་དེ་དེ་གཉིས་ཀ་རེ་རེ་ནས་ཡིན་པའི་ཕྱིར། རྟགས་དང་པོ་སླ། རྟགས་ཕྱི་མ་དེར་ཐལ། བློའི་ཡུལ་དུ་བྱ་རུང་ཡིན་པ་གང་ཞིག མཚན་ཉིད་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ཚད་མས་དམིགས་པ་ཆོས་ཅན། བློའི་ཡུལ་དུ་བྱ་རུང་ཡིན་པར་ཐལ། ཤེས་བྱ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དེ་ཆོས་ཅན། མཚན་ཉིད་ཡིན་པར་ཐལ། ཁྱོད་ཀྱི་མཚོན་བྱ་ཡོད་པའི་ཕྱིར་ཟེར་ན་དཔྱད་དོ། ། དེས་ན་བློའི་ཡུལ་དུ་བྱ་རུང་གི་མཚན་ཉིད་ཡོད་ཟེར་ན། དེ་ཆོས་ཅན། མཚོན་བྱ་ཡིན་པར་ཐལ། ཁྱོད་ཀྱི་མཚན་ཉིད་ཡོད་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཚད་མའི་བསྟན་བཅོས་ལས། མཚོན་བྱ་ཡིན་པར་ཐལ། ཁྱོད་ཀྱི་མཚན་ཉིད་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། བློའི་ཡུལ་དུ་བྱ་རུང་ཆོས་ཅན། མཚོན་བྱ་མ་ཡིན་པར་ཐལ། མཚན་ཉིད་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་སྟེ། མཚན་མཚོན་གཉིས་འགལ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། མཚན་ཉིད་དང་མཚོན་བྱ་གཉིས་འགལ་བ་ཡིན་ཏེ། མཚན་ཉིད་དང་མཚོན་བྱ་གཉིས་ཀྱི་ཡིན་པ་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །དངོས་པོ་ཁྱོད་ཀྱི་བྱེ་བྲག་ཡིན་ན། དངོས་པོའི་སྤྱི་ཡིན་པས་ཁྱབ་ཅེས་པ་ལ། མ་ཡིན་པ་ལས་ལོག་པའི་བུམ་པ་མི་རྟག་པ་ཆོས་ཅན། དངོས་པོའི་སྤྱི་ཡིན་པར་ཐལ། དངོས་པོ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། དངོས་པོ་ཁྱོད་ཀྱི་བྱེ་བྲག་ཏུ་སོང་བའི་རྟགས་ཟུར་གསུམ་ག་གྲུབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། དངོས་པོ་མ་ཡིན་པ་ལས་ལོག་པའི་བུམ་པ་མི་རྟག་པ་ཡིན། དངོས་པོ་མ་ཡིན་པ་ལས་ལོག་པའི་བུམ་པ་མི་རྟག་པ་དང་བདག་གཅིག་ཏུ་འབྲེལ། དངོས་པོ་མ་ཡིན་པ་ལས་ལོག་པའི་བུམ་པ་མ་ཡིན་ཞིང་མི་རྟག་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དངོས་པོ་མ་ཡིན་པ་ལས་ལོག་པའི་བུམ་པ་མི་རྟག་པ་ཡིན་པར་ཐལ། དངོས་པོ་མ་ཡིན་པ་ལས་ལོག་པའི་བུམ་པ་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། གསེར་བུམ་དེ་ཡིན་པའི་ཕྱིར་ཟེར། གོང་གི་ཐལ་འགྱུར་ལ་ཁྱབ་པ་གྲུབ་སྟེ། དངོས་པོ་མ་ཡིན་པ་ལས་ལོག་པའི་བུམ་པ་ཡོད་ན། དེ་རྟག་དངོས་གང་རུང་ཡིན་དགོས་པ་གང་ཞིག དེ་རྟག་པ་མ་ཡིན་པའི་ཕྱིར། འདོད་ན། དངོས་པོ་མ་ཡིན་པ་ལས་ལོག་པའི་བུམ་པ་མི་རྟག་པ་ཡིན་པར་ཐལ། འདོད་པའི་ཕྱིར། རྩ་བར་འདོད་ན། མ་ཡིན་པ་ལས་ལོག་པའི་བུམ་པ་མི་རྟག་པ་ཆོས་ཅན། དངོས་པོའི་སྤྱི་མ་ཡིན་པར་ཐལ། ཁྱོད་དངོས་པོ་ལས་ཁྱབ་ཆུང་བ་ཡིན་པའི་ཕྱིར། རྟགས་སླ། ཁྱབ་སྟེ། ཁྱོད་དངོས་པོ་ལས་ཁྱབ་ཆུང་བ་ཡིན་ན་ཁྱོད་དངོས་པོའི་སྤྱི་མ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་ཤེས་བྱ་ལས་ཁྱབ་ཆུང་བ་ཡིན་ན་ཁྱོད་ཤེས་བྱའི་སྤྱི་མ་ཡིན་པས་ཁྱབ་པའི་ཕྱིར་ཟེར་བ་དང༌། སྤྱིར་བཏང་ཆོས་དེའི་བྱེ་བྲག་ཅེས་པ་ནི་སྤྱི་དེའི་རང་བཞིན་ལས་ཁྱད་པར་མི་འདྲ་བ་དུ་མ་ཕྱེ་བའི་ཡ་གྱལ་ཡིན་པས་བྱེ་བྲག་གང་ཡིན་པ་དེ་མ་ཡིན་ཞིང༌། སྤྱི་གང་ཡིན་པ་དེ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་དགོས་པའི་གནད་ཀྱང་སྤྱི་ནི་རང་གི་བྱེ་བྲག་ལས་ཁྱབ་ཆེ་ཞིང༌། བྱེ་བྲག་ནི་རང་གི་སྤྱི་ལས་ཁྱབ་ཆུང་དགོས་པའི་གནད་ཀྱིས་ཡིན་པའི་ཕྱིར་ཟེར་ན། འོ་ན་རྟག་པ་དང་མཚོན་བྱ་གཉིས་ཕན་ཚུན་སྤྱི་བྱེ་བྲག་མ་ཡིན་པར་ཐལ། དེ་གཉིས་ལ་ཁྱབ་ཆེ་ཆུང་མེད་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཤེས་བྱ་དང་དོན་གཅིག་པ་མ་ཡིན་པའི་ཆོས་ཡིན་ན་ཤེས་བྱའི་བྱེ་བྲག་ཡིན་པས་ཁྱབ་ཟེར་ན། འོ་ན། མི་རྟག་པ་དང་ཐ་དད་ཆོས་ཅན། ཤེས་བྱའི་བྱེ་བྲག་ཡིན་པར་ཐལ། ཤེས་བྱ་དང་དོན་གཅིག་པ་མ་ཡིན་པའི་ཆོས་ཡིན་པའི་ཕྱིར།ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། ཤེས་བྱ་དང་དོན་གཅིག་པ་མ་ཡིན་པའི་ཆོས་ཡིན་པར་ཐལ། ཤེས་བྱ་དང་ཡིན་ཁྱབ་མཉམ་མ་ཡིན་པའི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཤེས་བྱ་ཡིན་ན་ཁྱོད་ཡིན་པས་ཁྱབ་པ་མེད་པའི་ཕྱིར། མ་གྲུབ་ན། མི་རྟག་པ་ཆོས་ཅན། མི་རྟག་པ་དང་ཐ་དད་ཡིན་པར་ཐལ། ཤེས་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། མི་རྟག་པ་དང་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། མ་ཁྱབ་ན་ཡིག་ཆ་དང་འགལ། ཁྱབ་སྟེ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། གཞི་གྲུབ་ན་ཁྱོད་ཁྱོད་དང་གཅིག་ཡིན་པས་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ཟེར་ན། མི་རྟག་པ་དང་ཐ་དད་ཆོས་ཅན། ཁྱོད་ཤེས་བྱའི་བྱེ་བྲག་ཏུ་སོང་བའི་རྟགས་ཟུར་གསུམ་ག་གྲུབ་པར་ཐལ། ཁྱོད་ཤེས་བྱའི་བྱེ་བྲག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། མི་རྟག་པ་དང་ཐ་དད་ཆོས་ཅན། ཁྱོད་མ་ཡིན་ཞིང་ཤེས་བྱ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། ཁྱོད་ཤེས་བྱའི་བྱེ་བྲག་ཏུ་སོང་བའི་རྟགས་ཟུར་གསུམ་ག་གྲུབ་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། མི་རྟག་པ་དང་ཐ་དད་མ་ཡིན་ཞིང་ཤེས་བྱ་ཡིན་པའི་གཞི་མཐུན་ལ་མི་རྟག་པ་ཁོ་རང་ལས་གཞན་འཇོག་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། མི་རྟག་པ་དང་ཐ་དད་མ་ཡིན་ཞིང་ཤེས་བྱ་ཡིན་པའི་གཞི་མཐུན་ཡིན་པ་ལ་མི་རྟག་པ་དང་གཅིག་ཡིན་དགོས་པ་གང་ཞིག མི་རྟག་པ་དང་གཅིག་གི་ཡིན་པ་ལ་མི་རྟག་པ་གཅིག་པུ་ལས་གཞན་དུ་མ་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཡོད་པ་དང་གཅིག་གི་ཡིན་པ་ལ་ཡོད་པ་གཅིག་པུ་དེ་འཇོག་རྒྱུ་ལས་གཞན་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། མཚན་གཞི་ནི། ཡོད་པ་དེ་གཅིག་པུ་ཡིན་གྱི་དེ་ལས་གཞན་ཡང་མེད་དེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །གཞན་ཡང༌། བདག་མེད་ཆོས་ཅན། ཤེས་བྱའི་བྱེ་བྲག་ཡིན་པར་ཐལ། ཤེས་བྱ་དང་དོན་གཅིག་པ་མ་ཡིན་པའི་ཆོས་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བདག་མེད་ཆོས་ཅན། ཤེས་བྱ་དང་དོན་གཅིག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བདག་མེད་ཆོས་ཅན། ཤེས་བྱ་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ། ཤེས་བྱ་དང་དོན་གཅིག་ཡིན་པའི་ཕྱིར།རྟགས་ཁས། འདོད་ན། བདག་མེད་ཆོས་ཅན། ཁྱོད་ཡིན་ན་ཤེས་བྱ་ཡིན་པས་ཁྱབ་པར་ཐལ། ཁྱོད་ཤེས་བྱ་དང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། རི་བོང་རྭ་ཆོས་ཅན། ཤེས་བྱ་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། བདག་མེད་ཡིན་པར་ཐལ། ཡོད་མེད་གང་རུང་ཡིན་པའི་ཕྱིར། གོང་གི་མ་གྲུབ་མཚམས་ཀྱི་ཁྱབ་པ་གྲུབ་སྟེ། བདག་མེད་ན་བདག་མེད་ཡིན་དགོས་པར་ཐལ། མི་མེད་ན་མི་མེད་ཡིན་དགོས་པ་གང་ཞིག མཚུངས་པའི་ཕྱིར་ཟེར་ན་དཔྱད། རྩ་བར་འདོད་ན། བདག་མེད་ཆོས་ཅན། ཁྱོད་ཤེས་བྱའི་བྱེ་བྲག་ཏུ་སོང་བའི་རྟགས་ཟུར་གསུམ་ག་གྲུབ་པར་ཐལ། ཁྱོད་ཤེས་བྱའི་བྱེ་བྲག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བདག་མེད་ཆོས་ཅན། ཁྱོད་མ་ཡིན་ཞིང་ཤེས་བྱ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། ཁྱོད་ཤེས་བྱའི་བྱེ་བྲག་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ཤེས་བྱ་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་བདག་མེད་ཤེས་བྱ་དང་དོན་གཅིག་མིན་པར་ཡང་འདོད་མི་ནུས་ཏེ། གཏན་ཚིགས་དོན་བསྡུས་ལས། དེ་དང་ཁྱབ་མཉམ་དོན་གཅིག་པ་ནི། ཡུལ་དང་གཞལ་བྱ་བདག་མེད་དང༌། གཞི་གྲུབ་གཞན་སེལ་ཡོད་པ་སོགས། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །གཞན་ཡང༌། དངོས་པོ་ཡིན་པར་ཐལ། ཤེས་བྱ་དང་དོན་གཅིག་པ་མ་ཡིན་པའི་ཆོས་ཡིན་ན། ཁྱོད་མ་ཡིན་པ་སྤྱི་དང་བྱེ་བྲག་གཉིས་ཀ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། དེ་ཁྱབ་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། ཤེས་བྱ་དང་དོན་གཅིག་པ་མ་ཡིན་པའི་ཆོས་ཡིན་ན། ཁྱོད་མ་ཡིན་པ་སྤྱི་དང་བྱེ་བྲག་གཉིས་ཀ་ཡིན་པས་ཁྱབ། ཅེས་གསུངས་པའི་ཕྱིར། འདོད་ན། འོ་ན་སྒྲ་མི་རྟག་པ་ཆོས་ཅན། ཁྱོད་མ་ཡིན་པ་སྤྱི་དང་བྱེ་བྲག་གཉིས་ཀ་ཡིན་པར་ཐལ། ཁྱོད་ཤེས་བྱ་དང་དོན་གཅིག་པ་མ་ཡིན་པའི་ཆོས་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་སླ། འདོད་ན། སྒྲ་མི་རྟག་པ་ཆོས་ཅན། ཁྱོད་མ་ཡིན་པ་ཡོད་པར་ཐལ། ཁྱོད་མ་ཡིན་པ་སྤྱི་དང་བྱེ་བྲག་གཉིས་ཀ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྒྲ་མི་རྟག་པ་ཆོས་ཅན། ཁྱོད་མ་ཡིན་པ་མེད་པར་ཐལ། གཞི་གྲུབ་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། ཁྱབ་སྟེ། ཤེས་བྱ་མ་ཡིན་པ་མེད་པའི་བློ་རྩེ་འཐད་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་པར་ཐལ། ཤེས་བྱ་མ་ཡིན་པ་མེད་པའི་བློ་རྩེ་དེ། གཞི་གྲུབ་ན་ཤེས་བྱ་ཡིན་པས་ཁྱབ་པའི་བློ་རྩེ་དེ་ཡིན་པའི་ཕྱིར་ཟེར་བ་དང༌། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། རྩོད་གཞི་ཆད་པ་དང་མི་ཆད་པ་གང་གི་དབང་དུ་བྱས་ཀྱང་གཞི་གྲུབ་ན་སྒྲ་མི་རྟག་པ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། གཞི་གྲུབ་ན་སྒྲ་མི་རྟག་པ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། ཤེས་བྱ་སྒྲ་མི་རྟག་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་མི་རྟག་པ་མ་ཡིན་པ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་མི་རྟག་པ་ཆོས་ཅན། ཁྱོད་མ་ཡིན་པ་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པར་ཐལ། ཁྱོད་མ་ཡིན་པ་མེད་པའི་ཕྱིར། རྟགས་ཁས། འདོད་ན། རྩ་བའི་དམ་བཅའ་བུད་ཟེར་ན་དཔྱད་དོ། །མཚོན་བྱ་དང་བྱེ་བྲག་གཉིས་བདག་གཅིག་འབྲེལ་ཡིན་ཟེར་བ་ལ། བྱེ་བྲག་ཆོས་ཅན། ཁྱོད་མེད་ན་མཚོན་བྱ་མེད་པས་ཁྱབ་པར་ཐལ། མཚོན་བྱ་དང་ཁྱོད་གཉིས་བདག་གཅིག་འབྲེལ་ཡིན་པའི་ཕྱིར། འདོད་ན། བུམ་པ་དང་སོ་སོ་བ་མ་ཡིན་པའི་ཆོས་ཆོས་ཅན། མཚོན་བྱ་མེད་པར་ཐལ། བྱེ་བྲག་མེད་པའི་ཕྱིར་ཟེར་ན་བྱེ་བྲག་མེད་ན་མཚོན་བྱ་མེད་དགོས་པ་གང་དྲན་དྲན་བསམ་བློ་གཏང་བ་ཡིན་ན་འབྲེལ་བ་གྲུབ་པའི་གནད་དུ་མི་འགྲོ་བར་སྣང་བས་དཔྱད་པར་བྱའོ། །དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་པ་མེད་ཟེར་བ་ལ། འོ་ན་དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་པ་མེད་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། དེ་མེད་པའི་རྒྱུ་མཚན་དེ་དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མེད་པའི་རྒྱུ་མཚན་གྱིས་མ་ཡིན་པ་གང་ཞིག གཞན་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ཟེར་ན། དེ་ཡོད་པར་ཐལ། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་ཡོད་པ་གང་ཞིག བྱེ་བྲག་ཡོད་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དེའི་སྤྱི་ཡོད་པར་ཐལ། ཤེས་བྱ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཆོས་ཅན། ཤེས་བྱ་ཁྱོད་ཀྱི་སྤྱི་ཡིན་པར་ཐལ། ཁྱོད་ཤེས་བྱའི་བྱེ་བྲག་ཏུ་སོང་བའི་རྟགས་ཟུར་གསུམ་ག་གྲུབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་ཤེས་བྱ་ཡིན། ཁྱོད་ཤེས་བྱ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་ཤེས་བྱ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ཟེར་ན། དེར་ཐལ། གཅིག་ཏུ་རྟོགས་པའི་ཚད་མ་མི་རྟག་པ་དེ་ཡང་དེ་ཡིན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་དེ་ཡང་དེ་ཡིན་པའི་ཕྱིར་ཟེར་ནས་རྩོད། རྟགས་གཉིས་པ་མ་གྲུབ་ན། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཆོས་ཅན། ཁྱོད་ཀྱི་བྱེ་བྲག་ཡོད་པར་ཐལ། བུམ་དང་གཅིག་ཡིན་པ་གང་ཞིག བུམ་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་དང་གཅིག་ཡིན་པ་གང་ཞིག བུམ་པ་ཆོས་ཅན། ཁྱོད་དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་བྱེ་བྲག་ཡིན་པར་ཐལ། ཁྱོད་དེའི་བྱེ་བྲག་ཏུ་སོང་བའི་རྟགས་ཟུར་གསུམ་ཀ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། བུམ་པ་དང་གཅིག་ཡིན་པ་གང་ཞིག བུམ་པ་ཆོས་ཅན། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པར་ཐལ། དངོས་པོའི་སྤྱི་མ་ཡིན་པ་གང་ཞིག བྱེ་བྲག་མ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་སླ། རྩ་བའི་རྟགས་གཉིས་པ་སླ། རྩ་བའི་རྟགས་གསུམ་པ་མ་གྲུབ་ན། དེར་ཐལ། བྱེ་བྲག་མ་ཡིན་པ་གང་ཞིག སྤྱི་དེ་ཡང་དེ་ཡིན། ཀ་བ་དང་གཅིག་ཡིན་པ་གང་ཞིག ཀ་བ་དེ་ཡང་དེ་ཡིན་པའི་ཕྱིར་ཟེར་ནས་སྤྲོ་བར་རིགས་སོ།། བདག་མེད་ཡིན་ན། ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་མ་ཡིན་པས་ཁྱབ་བྱས་པ་ལ། བྱེ་བྲག་མ་ཡིན་པ་གང་ཞིག་སྤྱི་ཆོས་ཅན། ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་ཡིན་པར་ཐལ། སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་ཏུ་སོང་བའི་རྟགས་ཟུར་གསུམ་ག་གྲུབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཡིན། ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། བྱེ་བྲག་མ་ཡིན་པ་གང་ཞིག སྤྱི་ཆོས་ཅན། སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པར་ཐལ། སྤྱི་མ་ཡིན་པ་གང་ཞིག བྱེ་བྲག་མ་ཡིན་པའི་ཕྱིར། ཟུར་དང་པོ་མ་གྲུབ་ན། དེ་ཆོས་ཅན། སྤྱི་མ་ཡིན་པར་ཐལ། ཁྱོད་ཀྱི་བྱེ་བྲག་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཤེས་བྱ་དེ་མ་ཡིན་པ་གང་ཞིག གཞན་མེད་པའི་ཕྱིར། རྟགས་དང་པོ་མ་གྲུབ་ཟེར་ན། ཤེས་བྱ་ཆོས་ཅན། ཁྱོད་མ་ཡིན་ཞིང་བྱེ་བྲག་མ་ཡིན་པ་གང་ཞིག་སྤྱི་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། ཁྱོད་བྱེ་བྲག་མ་ཡིན་པ་གང་ཞིག་སྤྱིའི་བྱེ་བྲག་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། བྱེ་བྲག་མ་ཡིན་པ་གང་ཞིག་སྤྱི་ཡིན་ན་ཤེས་བྱ་ཡིན་པས་ཁྱབ་པའི་ཕྱིར་ཟེར་ནས་རྩོད་པར་བྱའོ། །ཡང་བྱེ་བྲག་མ་ཡིན་པ་གང་ཞིག སྤྱི་བྱེ་བྲག་ཡིན་ཟེར་ན། བྱེ་བྲག་མ་ཡིན་པ་གང་ཞིག སྤྱི་ཆོས་ཅན། ཤེས་བྱའི་བྱེ་བྲག་ཡིན་པར་ཐལ། བྱེ་བྲག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། ཁྱོད་མ་ཡིན་ཞིང་ཤེས་བྱ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། ཁྱོད་ཤེས་བྱའི་བྱེ་བྲག་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ཤེས་བྱ་ཡིན་ན་སྤྱི་དང་བྱེ་བྲག་གང་རུང་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་མུ་ནི་མེད་དོ། །ཞེས་གསུངས་པའི་ཕྱིར། རྩ་བའི་རྟགས་གཉིས་པ་མ་གྲུབ་ན། བྱེ་བྲག་མ་ཡིན་པ་གང་ཞིག སྤྱི་ཆོས་ཅན། སྤྱི་དང་བྱེ་བྲག་དང་གང་རུང་མ་ཡིན་པ་དང་བདག་གཅིག་འབྲེལ་ཡིན་པར་ཐལ། ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་མེད་ན་ཁྱོད་མེད་པས་ཁྱབ་པའི་ཕྱིར། རྟགས་རེ་རེ་ནས་སླ། རྩ་བའི་རྟགས་གསུམ་པ་མ་གྲུབ་ན། བྱེ་བྲག་མ་ཡིན་པ་གང་ཞིག སྤྱི་མ་ཡིན་ཞིང་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། སྤྱི་མ་ཡིན་པ་གང་ཞིག་བྱེ་བྲག་དེ་ཡང་དེ་ཡིན། བུམ་པ་དང་གཅིག་ཡིན་པ་གང་ཞིག་བུམ་པ་དེ་ཡང་དེ་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ།། བུམ་པ་ཁྱོད་ཀྱི་བྱེ་བྲག་ཡིན་ན་ཁྱོད་བུམ་པའི་སྤྱི་ཡིན་པས་ཁྱབ་ཅེས་པ་ལ། མ་ཡིན་པར་གྱུར་བའི་རྟག་པ་མཚོན་བྱ་ཆོས་ཅན། ཁྱོད་བུམ་པའི་སྤྱི་ཡིན་པར་ཐལ། བུམ་པ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བུམ་པ་ཁྱོད་ཀྱི་བྱེ་བྲག་ཏུ་སོང་བའི་རྟགས་གསུམ་གྲུབ་པའི་ཕྱིར། དེར་ཐལ། བུམ་པ་ཁྱོད་ཡིན། བུམ་པ་ཁྱོད་དང་བདག་གཅིག་ཏུ་འབྲེལ། བུམ་པ་མ་ཡིན་ཞིང་ཁྱོད་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། བུམ་པ་མ་ཡིན་པར་གྱུར་བའི་རྟག་པ་ཆོས་ཅན། མཚོན་བྱ་ཡིན་པར་ཐལ། ཁྱོད་ཀྱི་མཚན་ཉིད་ཡོད་པའི་ཕྱིར་ན་དཔྱད་པར་བྱའོ། །མེད་པར་རྟོགས་པའི་ཚད་མ་མེད་པ་ཆོས་ཅན། སྤྱི་བྱེ་བྲག་གང་རུང་ཡིན་པར་ཐལ།གཞི་གྲུབ་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྤྱི་བྲེ་བྲག་གང་རུང་མ་ཡིན་པར་ཐལ། སྤྱི་མ་ཡིན་པ་གང་ཞིག བྱེ་བྲག་མ་ཡིན་པའི་ཕྱིར། གཉིས་པ་སླ་སྟེ་ཤེས་བྱ་དང་དོན་གཅིག་པའི་ཆོས་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་བྱེ་བྲག་ཡོད་པར་ཐལ། ཁྱོད་སྤྱི་ཡིན་པའི་ཕྱིར། འདོད། བུམ་པ་དེ་ཆོས་ཅན་ཟེར་ན། ཤེས་བྱ་དེ་རྟག་པར་རྟོགས་པའི་ཚད་མ་མི་རྟག་པ་དང་རྟག་པ་གཉིས་ཀ་ཡིན་པར་ཐལ། སྔ་མའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། ཤེས་བྱ་དེ་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་མི་རྟག་པ་དང་རྟག་པ་གཉིས་ཀ་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཟེར་བ་དང༌། གཞན་ཡང་ཤེས་བྱ་དེ་རྟག་པར་རྟོགས་པའི་ཚད་མ་མི་རྟག་པའི་སྤྱི་དང་བྱེ་བྲག་གང་ཡིན་དཔྱད་པར་བྱའོ། །

དགུ་པ་འགལ་འབྲེལ་ཆུང་ངུའི་དོགས་པ་འགོད་པ།

དགུ་པ་འགལ་འབྲེལ་ཆུང་ངུའི་དོགས་པ་འགོད་པ་ལ།

རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཡིན་པར་ཐལ། དངོས་པོ་ཡིན་ན་རྟག་པ་དང་འགལ་བ་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། འོ་ན་དངོས་པོ་ཡིན་ན་རྟག་པ་དང་འགལ་བ་ཡིན་པས་ཁྱབ་པར་ཐལ། མ་ཁྱབ་པའི་ལན་འཐད་པའི་ཕྱིར། འདོད་ན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་ཆོས་ཅན། རྟག་པ་དང་འགལ་བ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་ཆོས་ཅན། ཁྱོད་རྟག་པ་དང་འགལ་བ་མ་ཡིན་པར་ཐལ། ཁྱོད་དང་རྟག་པ་གཉིས་ཀྱི་གཞི་མཐུན་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་ཆོས་ཅན། ཁྱོད་དང་རྟག་པ་གཉིས་ཀྱི་གཞི་མཐུན་ཡོད་པར་ཐལ། ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་དེ་དེ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་དང་རྟག་པ་གཉིས་ཀྱི་གཞི་མཐུན་ཡིན་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་དང་རྟག་པ་གཉིས་ཀྱི་ལྡོག་པ་ཐ་དད་དུ་གྲུབ་པ་གང་ཞིག ཁྱོད་དེ་གཉིས་ཀ་རེ་རེ་ནས་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག གཉིས་པ་གྲུབ་པའི་ཕྱིར། གཉིས་པ་མ་གྲུབ་ན། ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་དང་རྟག་པ་གཉིས་རེ་རེ་ནས་མ་ཡིན་པར་ཐལ། རྟགས་གཉིས་པ་མ་གྲུབ་པའི་ལན་འཐད་པའི་ཕྱིར། འདོད་ན། ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་དང་རྟག་པ་གཉིས་རེ་རེ་ནས་ཡིན་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་ཡིན་པ་གང་ཞིག རྟག་པ་ཡིན་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ན། དེ་ཆོས་ཅན། རྟག་པ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་བཀའ་བསྡུ་བཞི་བ་ལས། བདེ་གཤེགས་སྙིང་པོ་རྟག་པ་ཡིན་པ་ལྟར། །གློ་བུར་དྲི་མའང་རྟག་པ་ཡིན་ནམ་ཅི། །ཞེས་གསུངས་པའི་ཕྱིར། འདོད་ན། ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་དང་རྟག་པ་གཉིས་ཀྱི་གཞི་མཐུན་ཡིན་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་དང་རྟག་པ་གཉིས་ཀྱི་ལྡོག་པ་ཐ་དད་དུ་གྲུབ་པ་གང་ཞིག ཁྱོད་དེ་གཉིས་ཀ་རེ་རེ་ནས་ཡིན་པའི་ཕྱིར། རྟགས་ཕྱི་མ་ཁས། འདོད་ན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་དང་རྟག་པ་གཉིས་འགལ་བ་མ་ཡིན་པར་ཐལ། དེ་གཉིས་ཀྱི་གཞི་མཐུན་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་ཆོས་ཅན། རྟག་པ་དང་འགལ་བ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། དངོས་པོ་ཡིན་ན་རྟག་པ་དང་འགལ་བ་ཡིན་པས་ཁྱབ། ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དངོས་པོ་ཡིན་པར་ཐལ། ཡིན་པ་སྲིད་པ་གང་ཞིག བུམ་པ་དང་འགལ་བ་ཡིན་ན་བུམ་པ་དང་འགལ་བ་དང་འགལ་བ་མ་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། འོ་ན་ཡིན་པ་སྲིད་པ་གང་ཞིག བུམ་པ་དང་འགལ་བ་ཡིན་ན་བུམ་པ་དང་འགལ་བ་དང་འགལ་བ་མ་ཡིན་པས་ཁྱབ་པར་ཐལ། མ་ཁྱབ་པའི་ལན་འཐད་པའི་ཕྱིར། འདོད་ན། ཤེས་བྱ་དང་གཅིག་ཆོས་ཅན། བུམ་པ་དང་འགལ་བ་དང་འགལ་བ་མ་ཡིན་པར་ཐལ། ཡིན་པ་སྲིད་པ་གང་ཞིག བུམ་པ་དང་འགལ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་མ་གྲུབ་ན། དང་པོ་གྲུབ་པ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། རྟགས་དང་པོ་སླ། ཕྱི་མ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་བུམ་པ་དང་འགལ་བ་ཡིན་པར་ཐལ། ཁྱོད་བུམ་པ་དང་ཐ་དད་ཁྱོད་ཀྱང་ཡིན་བུམ་པ་ཡང་ཡིན་པའི་གཞི་མཐུན་མེད་པའི་ཕྱིར། འདོད་ན། དེ་ཆོས་ཅན། བུམ་པ་དང་འགལ་བ་དང་འགལ་བ་མ་ཡིན་པར་ཐལ། ཡིན་པ་སྲིད་པ་གང་ཞིག བུམ་པ་དང་འགལ་བ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དེ་ཆོས་ཅན། བུམ་པ་དང་འགལ་བ་དང་མི་འགལ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། ཁྱོད་བུམ་པ་དང་འགལ་དང་འགལ་བ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྱོད་བུམ་པ་དང་འགལ་བ་དང་ཐ་དད་ཁྱོད་ཀྱང་ཡིན་བུམ་པ་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་མི་སྲིད་པ་ཡིན་པའི་ཕྱིར། འདོད་ན། འདོད་ལན་འདེབས་ཚེ། ཤེས་བྱ་དང་གཅིག་བུམ་པ་དང་འགལ་བ་དང་འགལ་བ་ཡིན་པར་འདོད་ཟེར་ན། ཤེས་བྱ་དང་གཅིག་ཆོས་ཅན། བུམ་པ་དང་འགལ་བ་དང་འགལ་བ་མ་ཡིན་པར་ཐལ། བུམ་པ་དང་འགལ་བ་དང་མི་འགལ་བ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། བུམ་པ་དང་འགལ་བ་དང་འགལ་བ་མ་ཡིན་པ་ཡིན་པའི་ཕྱིར། རྟགས་མ་གྲུབ། དེ་ཆོས་ཅན། དེར་ཐལ། ཡིན་པ་སྲིད་པ་གང་ཞིག བུམ་པ་དང་འགལ་བ་ཡིན་པའི་ཕྱིར། མ་ཁྱབ་ན། འཁོར་གསུམ། དེ་ཁྱབ་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། ཡིན་པ་སྲིད་པ་གང་ཞིག བུམ་པ་དང་འགལ་བ་ཡིན་ན་བུམ་པ་དང་འགལ་བ་དང་འགལ་བ་མ་ཡིན་པས་ཁྱབ་སྟེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །བྱམས་པ་དང་ཞེ་སྡང་གཉིས་འབྲེལ་བ་མེད་ན་རྟག་པ་དང་གཅིག་མེད་པས་མ་ཁྱབ་ཟེར་ན། ཞེ་སྡང་གི་དགག་གཞི་ཆོས་ཅན། རྟག་པ་དང་གཅིག་ཡོད་པར་ཐལ། མ་ཁྱབ་པའི་བློ་རྩེ་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྟག་པ་དང་གཅིག་མེད་པར་ཐལ། རྟག་པ་ཐམས་ཅད་མེད་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། བུམ་པ་དང་གཅིག་ཡོད་ན་བུམ་པ་ཐམས་ཅད་ཡོད་དགོས་པའི་ཕྱིར། རྟགས་མ་གྲུབ་ན། དེར་ཐལ། བུམ་པའི་ལྡོག་པ་ཡོད་ན་བུམ་པ་ཐམས་ཅད་ཡོད་དགོས་པའི་ཕྱིར། རྟགས་མ་གྲུབ། དེ་དགོས་པར་ཐལ། གསེར་བུམ་སོགས་ཀྱིས་སྟོང་ཞིང་ཟངས་བུམ་ཡོད་པའི་གཞི་དེ་བུམ་པའི་ལྡོག་པ་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡོད་པར་ཐལ། སྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། གསེར་བུམ་སོགས་ཀྱིས་སྟོང་ཞིང་ཟངས་བུམ་ཡོད་པའི་ས་ཕྱོགས་་དེ་ལ་བུམ་པའི་ལྡོག་པ་མེད་ཀྱང་གསེར་བུམ་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། གཞི་དེ་བུམ་པ་དང་གཅིག་ཡོད་ན་བུམ་པ་ཐམས་ཅད་ཡོད་དགོས་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། གཞི་དེ་རྟག་པ་དང་གཅིག་ཡོད་ན་རྟག་པ་ཐམས་ཅད་ཡོད་དགོས་པར་ཐལ། གཞི་དེ་བུམ་པ་དང་གཅིག་ཡོད་ན་བུམ་པ་ཐམས་ཅད་ཡོད་དགོས་པ་གང་ཞིག རིགས་པ་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར། འདོད་ན། ཞེ་སྡང་གི་དགག་གཞི་ཆོས་ཅན། རྟག་པ་དང་གཅིག་མེད་པར་ཐལ། རྟག་པ་ཐམས་ཅད་མེད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཞེ་སྡང་གི་དགག་གཞི་ཆོས་ཅན། རྟག་པ་དང་གཅིག་མེད་པར་ཐལ། བྱམས་པ་དང་ཞེ་སྡང་གཉིས་འབྲེལ་བ་མེད་པའི་ཕྱིར་ཞེས་སྨྲ་ན་མ་ཁྱབ་པའི་ལན་འདེབས་ཚུལ་ཡོད་པའི་ཕྱིར་ཟེར་ན་དཔྱད་པར་འཚལ། འགལ་བའི་མཚན་ཉིད་འཇོག་རྒྱུ་ཡོད་པར་ཐལ། ཡོད་པའི་ཕྱིར། འདོད་ན། ཞོག ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཆོས་ཅན། དེ་ཡིན་ན་འགལ་བ་ཡིན་པས་ཁྱབ། འགལ་བ་ཡིན་ན་དེ་ཡིན་པས་ཁྱབ་པར་ཐལ། དེ་འགལ་བའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། འགལ་བ་ཆོས་ཅན། འགལ་བ་ཡིན་པར་ཐལ། ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། འགལ་བ་ཆོས་ཅན། ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཡིན་པར་ཐལ། ཐ་དད་གང་ཞིག གཞི་མཐུན་མི་སྲིད་པ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ཟེར་ན། འགལ་བ་ཆོས་ཅན། ཐ་དད་ཡིན་པར་ཐལ། ཁྱོད་བློ་ངོར་འཆར་བ་ལ་དོན་སྤྱི་སོ་སོར་འཆར་དགོས་པ་ཡིན་པའི་ཕྱིར། མ་གྲུབ་ན། འགལ་བ་བློ་ངོར་འཆར་བ་ལ་དོན་སྤྱི་སོ་སོར་འཆར་དགོས་པ་ཡིན་པར་ཐལ། རྟོག་པ་ལ་འགལ་བ་བློའི་ངོར་འཆར་ཡོང་དུས་དོན་སྤྱི་སོ་སོ་ནས་ཆར་དགོས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་དགོས་པར་ཐལ། དེ་ལ་ཐ་དད་ཆར་དགོས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་དགོས་པར་ཐལ། ཐ་དད་རྟོགས་དགོས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་དགོས་པར་ཐལ། འགལ་བ་རྟོགས་ཡོང་དུས་ཐ་དད་རྟོགས་དགོས་པ་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། ཐ་དད་ཅིང་གཞི་མཐུན་མི་སྲིད་པ་རྟོགས་པ་ལ་ཐ་དད་རྟོགས་དགོས་པ་ཡིན་པའི་ཕྱིར། འདོད་ན། དེ་རྟོགས་ན་ཐ་དད་རྟོགས་དགོས་པ་ཡིན་པར་ཐལ། ཐ་དད་ཅིང་གཞི་མཐུན་མི་སྲིད་པའི་རྣམ་པ་ཤར་བ་ལ་ཐ་དད་ཀྱི་རྣམ་པ་ཤར་དགོས་པའི་ཕྱིར། འདོད་ན། རྟོག་པ་དེ་ལ་འགལ་བའི་རྣམ་པ་ཤར་བ་ལ་ཐ་དད་ཀྱི་རྣམ་པ་ཤར་དགོས་བ་ཡིན་པར་ཐལ། འདོད་ན། འགལ་བ་བློ་ངོར་འཆར་བ་ལ་དོན་སྤྱི་སོ་སོར་འཆར་དགོས་པ་ཡིན་པར་ཐལ། འདོད་ན། འགལ་བ་ཆོས་ཅན། ཐ་དད་ཡིན་པར་ཐལ། རྟོག་ངོར་དོན་སྤྱྀ་སོ་སོར་འཆར་དུ་ཡོད་པའི་ཆོས་ཡིན་པའི་ཕྱིར། ཁྱབ་པར་ཐལ།རྟོག་ངོར་དོན་སྤྱྀ་སོ་སོར་འཆར་དུ་ཡོད་པའི་ཆོས་ཡིན་ན་ཐ་དད་ཡིན་དགོས་པའི་ཕྱིར། མ་གྲུབ་ན། དེ་དགོས་པར་ཐལ། སོ་སོ་བའི་ཆོས་ཡིན་པ་ལ་ཐ་དད་ཡིན་དགོས་པའི་ཕྱིར། ཁྱབ་པར་ཐལ། སོ་སོ་བའི་ཆོས་ཡིན་ཚུལ་དེ་རྟོག་ངོར་དོན་སྤྱི་སོ་སོར་འཆར་དུ་ཡོད་པའི་ཆོས་ཡིན་ཚུལ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཐ་དད་ཀྱི་མཚན་ཉིད་དེ་ཆོས་གང་མིང་སོ་སོ་ལ་རྟེན་ནས་དོན་སྤྱྀ་སོ་སོར་འཆར་དུ་རུང་བའི་ཆོས་དེ་འཇོག་དགོས་པའི་ཕྱིར། འདོད་ན། རྟོག་ངོར་དོན་སྤྱི་སོ་སོར་འཆར་དུ་ཡོད་པའི་ཆོས་ཡིན་ན་ཐ་དད་ཡིན་དགོས་པ་ཡིན་པར་ཐལ། འདོད་ན། རྟོག་ངོར་འགལ་བའི་རྣམ་པ་ཤར་ཡོང་དུས་དོན་སྤྱྀ་སོ་སོར་ཆར་དགོས་བ་ཡིན་པར་ཐལ། འདོད་ན། དེ་དགོས་པ་ལ་ཐ་དད་ཀྱི་རྣམ་པ་ཤར་དགོས་པའི་ཕྱིར། འདོད་ན། འོ་ན། འགལ་བ་ཆོས་ཅན། ཐ་དད་ཡིན་པར་ཐལ། ཅིའི་ཕྱིར། ཡིན་པར་ཐལ། རྟོག་ངོར་དོན་སྤྱྀ་སོ་སོར་འཆར་དུ་ཡོད་པའི་ཆོས་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ། རྟོག་ངོར་དོན་སྤྱྀ་སོ་སོར་འཆར་དུ་ཡོད་པའི་ཆོས་ཡིན་ན་ཐ་དད་ཡིན་དགོས་པའི་ཕྱིར། མ་གྲུབ་ན། དེ་དགོས་པར་ཐལ། གཅིག་དང་ཐ་དད་ཡིན་མིན་དེ་རྟོག་ངོར་ལ་ལྟོས་ནས་འཇོག་དགོས་པའི་ཕྱིར། འདོད་ན། འགལ་བ་ཆོས་ཅན། ཐ་དད་ཡིན་པར་ཐལ། འདོད་ན། འོ་ན་འགལ་བ་ཆོས་ཅན། ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཡིན་པར་ཐལ། ཅིའི་ཕྱིར། འགལ་བ་ཆོས་ཅན། ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཡིན་པར་ཐལ། ཐ་དད་གང་ཞིགགཞི་མཐུན་མི་སྲིད་པ་ཡིན་པའི་ཕྱིར། རྟགས་དང་པོ་ཁས། རྟགས་གཉིས་པ་མ་གྲུབ་ན། འགལ་བ་ཆོས་ཅན། གཞི་མཐུན་ཡོད་པའི་ཆོས་ཡིན་པར་ཐལ། འདོད་ན། འགལ་བ་ཆོས་ཅན། གཞི་མཐུན་ཡོད་པའི་ཆོས་མ་ཡིན་པར་ཐལ། ལྡོག་པ་ཐ་དད་མ་ཡིན་པའི་ཕྱིར། འདོད་ན། འགལ་བ་ཆོས་ཅན། གཞི་མཐུན་མི་སྲིད་པའི་ཆོས་ཡིན་པར་ཐལ། འདོད་ན། འགལ་བ་ཆོས་ཅན། ཐ་དད་ཅིང་གཞི་མཐུན་མི་སྲིད་པའི་ཆོས་ཡིན་པར་ཐལ། འདོད་ན། འགལ་བ་ཆོས་ཅན། འགལ་བ་ཡིན་པར་ཐལ། དད་ཅིང་གཞི་མཐུན་མི་སྲིད་པའི་ཆོས་ཡིན་པའི་ཕྱིར། འདོད་ན། འགལ་བ་ཆོས་ཅན། འགལ་བ་མ་ཡིན་པར་ཐལ། མི་འགལ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཁྱོད་ཀྱི་ཡིན་པ་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཀ་བུམ་གཉིས་དེ་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་འགལ་བ་ཡིན་ན་ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཡིན་དགོས་ཟེར་ན། གསེར་བུམ་དངུལ་བུམ་གཉིས་ཆོས་ཅན། ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཡིན་པར་ཐལ། འགལ་བ་ཡིན་པའི་ཕྱིར། འདོད་ན། དེ་གཉིས་གཞི་མཐུན་མེད་པར་ཐལ། དེ་གཉིས་འགལ་བ་ཡིན་པའི་ཕྱིར། འདོད་ན། ཡོད་པར་ཐལ། གསེར་གང་བླུག་པའི་དངུལ་བུམ་དེ་དེ་ཡིན་པའི་ཕྱིར། མ་གྲུབ་ན། གསེར་གང་བླུག་པའི་དངུལ་བུམ་ཆོས་ཅན། གསེར་བུམ་མ་ཡིན་པར་ཐལ། འདོད་ན། ལི་ཁར་ར་བླུག་པའི་བུམ་པ་དེ་ལི་ཁར་རའི་བུམ་པ་མ་ཡིན་པར་ཐལ། འདོད་ན། དེ་ཡིན་པར་ཐལ། མངོན་རྟོག་རྒྱན་ལས། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་དང༌། ཉ་ཊཱིཀ་ལས། རྟེན་རྫ་བུམ་དང་ལྷུང་བཟེད་ལ་སོགས་པ་གཅིག་ཡང་བརྟེན་པ་ནང་གི་བཅུད་སྦྲང་རྩི་དང་ལི་ཁར་ར་སྟེ་བུ་རམ་དང་མར་དང་ཏིལ་མར་ལ་སོགས་པའི་སྣོད་ཉིད་ཀྱིས་རྟེན་བུམ་པ་ཐ་དད་པར་བཞག་པ་དེ་བཞིན་དུ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། ། གཞན་ཡང༌། དངོས་པོ་ཡིན་པར་ཐལ། གནོད་བྱ་གནོད་བྱེད་གཉིས་ཀྱི་ཡིན་པ་མེད་པའི་ཕྱིར། མ་ཁྱབ་ན། གནོད་བྱ་གནོད་བྱེད་གཉིས་ཀྱི་ཡིན་པ་མེད་པར་ཐལ། ཁྱབ་མེད་ཀྱི་ལན་ཐེབས་པའི་ཕྱིར། འདོད་ན། བྱ་རོག་དང་འུག་པ་གཉིས་ཆོས་ཅན། གནོད་བྱ་གནོད་བྱེད་གཉིས་ཀ་མ་ཡིན་པར་ཐལ། འདོད་ན། གནོད་བྱ་གནོད་བྱེད་གཉིས་ཀ་ཡིན་པར་ཐལ། གནོད་བྱ་གནོད་བྱེད་གྱུར་པའི་ཕྱིར། དེར་ཐལ། ལྷན་གཅིག་མི་གནས་འགལ་ཡིན་པའི་ཕྱིར་ཏེ། གཏན་ཚིགས་དོན་བསྡུས་ལས། བྱ་རོག་དང་འུག་པ་ལྟ་བུ་སྲོག་ཆགས་སུ་གྱུར་པའི་ལྷན་ཅིག་མི་གནས་འགལ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །འབྲེལ་བའི་མཚན་ཉིད་ལ་ཕན་ཚུན་ཐ་དད་ཅིང་དེ་བཀག་ནས་དེ་ཁེགས་པ་དེ་འཇོག་པ་དང༌། འབྲེལ་བ་ལ་དབྱེ་ན་བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་གཉིས་འཇོག་པ་ཡིན་པར་ཐལ། འདོད་ན། དེ་མ་ཡིན་པར་ཐལ། དང་པོ་བདག་གཅིག་འབྲེལ་གྱི་མཚན་ཉིད་ལ་དེ་དང་རྫས་ཐ་དད་མ་ཡིན་ཞིང༌། དེ་ཡི་ཁྱབ་བྱ་ཡིན་པས་ཁྱབ་པར་ཐལ། འོ་ན་ཆོས་དེ་གཞི་དེ་དང་རྫས་ཐ་དད་མ་ཡིན་ཞིང༌།དེ་ཡི་ཁྱབ་བྱ་ཡིན་ན། ཆོས་དེ་གཞི་དེ་དང་བདག་གཅིག་འབྲེལ་ཡིན་པས་ཁྱབ་པར་ཐལ། སྔ་མའི་མཚན་ཉིད་གཞི་ལ་སྦྱར་ཚུལ་འཐད་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། ཁྱོད་ཆོས་ཉིད་དང་བདག་གཅིག་འབྲེལ་ཡིན་པར་ཐལ། ཁྱོད་ཆོས་ཉིད་དང་རྫས་ཐ་དད་མ་ཡིན་ཞིང༌། ཁྱོད་ཆོས་ཉིད་ཀྱི་ཁྱབ་བྱ་ཡིན་པའི་ཕྱིར། འདོད་ན། ༼༡༽བྱས་པ་ཆོས་ཅན། ཆོས་ཉིད་དང་འབྲེལ་བ་ཡིན་པར་ཐལ། ཆོས་ཉིད་དང་བདག་གཅིག་འབྲེལ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བྱས་པ་ཆོས་ཅན། ཁྱོད་ཆོས་ཉིད་དང་འབྲེལ་བ་མ་ཡིན་པར་ཐལ། ཁྱོད་ཆོས་ཉིད་དང་འགལ་བ་ཡིན་པའི་ཕྱིར། རྟགས་མ་གྲུབ། དེ་ཆོས་ཅན། ཆོས་ཉིད་དང་འགལ་བ་ཡིན་པར་ཐལ། ཆོས་ཉིད་དང་ངོ་བོ་ཐ་དད་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཆོས་དེ་དང་ངོ་བོ་ཐ་དད་ཡིན་ན་ཆོས་དེ་དང་འགལ་བ་ཡིན་པས་ཁྱབ་པའི་ཕྱིར། རྟགས་མ་གྲུབ། དེ་ཁྱབ་པར་ཐལ། ངོ་བོ་ཐ་དད་ལ་འགལ་བ་མ་ཡིན་པ་མེད་པའི་ཕྱིར། རྟགས་མ་གྲུབ། འཁོར་གསུམ། དེ་མེད་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། ངོ་བོ་ཐ་དད་ཡིན་ན་འགལ་བ་ཡིན་པས་ཁྱབ་སྟེ། ངོ་བོ་ཐ་དད་ལ་འགལ་བ་མ་ཡིན་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཆོས་དེ་དང་ངོ་བོ་ཐ་དད་ཡིན་ན་འགལ་བ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན།ཁྱོད་ཆོས་ཉིད་དང་ངོ་བོ་ཐ་དད་ཡིན་ན། ཁྱོད་ཆོས་ཉིད་དང་འགལ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། ཁྱོད་ཆོས་ཉིད་དང་འབྲེལ་བ་མ་ཡིན་པར་ཐལ། ཆོས་ཉིད་དང་འགལ་བ་ཡིན་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། ཁྱོད་ཆོས་ཉིད་དང་འབྲེལ་བ་ཡིན་པར་ཐལ། ཟེར་ནས་༼༡༽སྔར་ལྟར་དཔྱད། གཞན་ཡང་ངོ་བོ་ཐ་དད་ཡིན་ན་འགལ་བ་ཡིན་པས་ཁྱབ་ཟེར་ན། དངོས་པོ་དང་དངོས་པོའི་སྔ་ལོགས་སུ་བྱུང་བ་གཉིས་ཆོས་ཅན། འགལ་བ་ཡིན་པར་ཐལ། ངོ་བོ་ཐ་དད་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་མ་གྲུབ། དངོས་པོ་དང་དངོས་པོའི་སྔ་ལོགས་སུ་བྱུང་བ་གཉིས་ཆོས་ཅན། ངོ་བོ་ཐ་དད་ཡིན་པར་ཐལ། རྫས་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་བྱུང་འབྲེལ་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། དེ་དང་རྫས་ཐ་དད་ཅིང་དེ་ཡི་ཁྱབ་བྱ་ཡིན་པ་དེ་རྟེན་བྱུང་འབྲེལ་གི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཏན་ཚིག་དོན་བསྡུས་ལས། དེ་དང་རྫས་ཐ་དད་ཅིང་དེ་ཡི་ཁྱབ་བྱ་ཡིན་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །གཞན་ཡང༌། དངོས་པོ་ཡིན་པར་ཐལ། ཁྱོད་འགལ་བ་ཡིན་ན་གཞི་གྲུབ་ན་ཁྱོད་མ་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང་ཡོད་པ་ཆོས་ཅན། གཞི་གྲུབ་ན་ཁྱོད་མ་ཡིན་པས་ཁྱབ་པར་ཐལ། ཁྱོད་འགལ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། འགལ་བ་ཡིན་པར་ཐལ། ཐ་དད་གང་ཞིག གཞི་མཐུན་མི་སྲིད་པ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་གཞི་མཐུན་ཡོད་པར་ཐལ། འདོད་ན། ཞོག ཡོད་པ་ཆོས་ཅན་ཞེས་ཟེར་ན། ཡོད་པ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང་ཡོད་པ་གཉིས་ཀྱི་གཞི་མཐུན་ཡིན་པར་ཐལ། འདོད་ན། དེ་ལྟར་ཁས་ལེན་པའི་ཚེ་ཡོད་པ་ལ་ཁས་ལེན་སོང་བ་མིན། ཚད་མ་ལ་ཁས་ལེན་སོང་བ་མ་ཡིན་པའི་ཕྱིར། ཡོད་པ་ལ་ཁས་ལེན་སོང་བ་ཡིན་ཟེར་ན། ཤེས་བྱ་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀྱི་གཞི་མཐུན་ཡིན་པར་ཐལ། དེ་ལྟར་ཁས་ལེན་པས་ཤེས་བྱ་ལ་ཁས་ལེན་སོང་བ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང་ཡོད་པ་གཉིས་ཀ་ཡིན་པར་ཐལ། འདོད་ན། དེ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང་ཡོད་པ་གཉིས་ཀ་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རྟག་པ་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཟེར་ན། འགལ་ཁྱབ་ལ་ཕུད་རིགས་པ་ཡིན་པར་ཐལ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །འགལ་བ་ཡིན་ན་ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཡིན་པས་ཁྱབ་པར་ཐལ། འདོད་ན། འགལ་བ་ཡིན་ན་ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཡིན་དགོས་པར་ཐལ། ཁྱབ་མེད་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཚེ་སྔ་ཕྱི་གཉིས་ཆོས་ཅན། ཁྱོད་ཀྱི་གཞི་མཐུན་མེད་པར་ཐལ། ཁྱོད་གཉིས་འགལ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཚེ་སྔ་ཕྱི་གཉིས་ཆོས་ཅན།ཁྱོད་ཀྱི་གཞི་མཐུན་ཡོད་པར་ཐལ། ད་ལྟའི་དམ་བཅའ་བའི་ཚེ་འདི་ཁྱོད་ཀྱི་གཞི་མཐུན་ཡིན་པའི་ཕྱིར། མ་གྲུབ་ན། ད་ལྟའི་དམ་བཅའ་བའི་ཚེ་འདི་ཆོས་ཅན། ཚེ་སྔ་ཕྱི་གཉིས་ཀྱི་གཞི་མཐུན་ཡིན་པར་ཐལ། ཚེ་སྔ་ཕྱི་གཉིས་ཀྱི་ལྡོག་པ་ཐ་དད་དུ་གྲུབ་པ་གང་ཞིག ད་ལྟའི་དམ་བཅའ་བའི་ཚེ་འདི་དེ་གཉིས་ཀ་རེ་རེ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག གཉིས་པ་གྲུབ་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ན། དམ་བཅའ་བའི་ཚེ་འདི་ཆོས་ཅན། ཚེ་སྔ་ཕྱི་གཉིས་རེ་རེ་ནས་ཡིན་པར་ཐལ། ད་ལྟའི་དམ་བཅའ་བའི་ཚེ་འདི་ཚེ་སྔ་མ་ཡིན་པ་གང་ཞིག ཚེ་ཕྱི་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རྟགས་གྲུབ་པར་ཐལ།རྟགས་དང་པོ་གྲུབ་པ་གང་ཞིག རྟགས་གཉིས་པ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ད་ལྟའི་དམ་བཅའ་བའི་ཚེ་འདི་ཆོས་ཅན། ཁྱོད་ཚེ་སྔ་མ་ཡིན་པར་ཐལ། ཁྱོད་ཀྱི་ཚེ་ཕྱི་མ་ལ་ལྟོས་ནས་ཚེ་སྔ་མ་ཡིན་པའི་ཕྱིར། འདོད་ན། གོང་གི་རྟགས་ཕྱི་མ་མ་གྲུབ་ཟེར་ན། ད་ལྟའི་དམ་བཅའ་བའི་ཚེ་འདི་ཆོས་ཅན། ཁྱོད་ཚེ་ཕྱི་མ་ཡིན་པར་ཐལ། ཁྱོད་ཀྱི་ཚེ་སྔ་མ་ལ་ལྟོས་ནས་ཚེ་ཕྱི་མ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། ཚེ་སྔ་ཕྱི་གཉིས་ལྟོས་ས་ལྟོས་འཇོག་གི་སྒོ་ནས་འཇོག་དགོས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ།། ངོ་བོ་ཐ་དད་མ་ཡིན་པའི་ཐ་དད་གང་ལས་ཐ་དད་པ་དེ་ལོག་ན་ལྡོག་པར་ངེས་པ་དེ་བདག་གཅིག་འབྲེལ་གྱི་མཚན་ཉིད་ཡིན་པར་ཐལ། འདོད་ན། ངོ་བོ་ཐ་དད་མ་ཡིན་པའི་ཐ་དད་གང་ལས་ཐ་དད་པ་དེ་ལོག་ན་ལྡོག་པར་ངེས་པ་དེ་ཡིན་ན་བདག་ཉིད་གཅིག་འབྲེལ་ཡིན་པས་ཁྱབ། བདག་གཅིག་འབྲེལ་ཡིན་ན་དེ་ཡིན་པས་ཁྱབ་པར་ཐལ། གོང་གི་མཚན་ཉིད་འཇོག་ཚུལ་འཐད་པའི་ཕྱིར། འདོད་ན། ཤིང་རྟ་དང་ཤིང་རྟའི་འཁོར་ལོ་གཉིས་ཆོས་ཅན། ངོ་བོ་ཐ་དད་མ་ཡིན་པའི་ཐ་དད་གང་ལས་ཐ་དད་པ་དེ་ལོག་ན་ལྡོག་པར་ངེས་པ་ཡིན་པར་ཐལ། བདག་གཅིག་འབྲེལ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཤིང་རྟ་ཆོས་ཅན། ཁྱོད་མེད་ན་ཁྱོད་ཀྱི་འཁོར་ལོ་མེད་པས་ཁྱབ་པར་ཐལ། ཁྱོད་མེད་ན་ཁྱོད་ཀྱི་ཡན་ལག་མེད་པས་ཁྱབ་པའི་ཕྱིར། དེར་ཐལ། དབུ་མ་འཇུག་པ་ལས། གང་ཕྱིར་ཡན་ལག་ཅན་མེད་ཡན་ལག་དག །མེད་པས་ཞེས་གསུངས་པའི་ཕྱིར། ཡང་ན། ཤིང་རྟའི་འཁོར་ལོ་ཡོད་ལ་ཤིང་རྟ་མེད་པའི་ས་ཕྱོགས་ཆོས་ཅན།ཤིང་རྟའི་འཁོར་ལོ་མེད་པར་ཐལ། ཤིང་རྟ་མེད་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། ཆོས་ཅན་དེའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་པ་ཡོད་པར་ཐལ། ཤིང་རྟ་དང་ཤིང་རྟའི་འཁོར་ལོ་གཉིས་བདག་གཅིག་འབྲེལ་ཡིན་པའི་ཕྱིར། རྟགས་མ་གྲུབ། ཤིང་རྟ་དང་ཤིང་རྟའི་འཁོར་ལོ་གཉིས་ཆོས་ཅན། བདག་གཅིག་འབྲེལ་ཡིན་པར་ཐལ། བུམ་པ་དང་བུམ་པའི་མཆུ་གཉིས་བདག་ཉིད་གཅིག་གམ་ངོ་བོ་གཅིག་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། བུམ་པ་དང་བུམ་པའི་མཆུ་གཉིས་ཆོས་ཅན། ངོ་བོ་གཅིག་ཡིན་པར་ཐལ། ཕན་ཚུན་ནས་མ་ཡིན་པ་ཅན་གྱི་ངོ་བོ་གཅིག་པ་ཡིན་པའི་ཕྱིར། རྟགས་མ་གྲུབ། འཁོར་གསུམ། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། གསུམ་པ་ནི་བུམ་པ་བུམ་པའི་མཆུ་མིན་བུམ་པའི་མཆུ་ཡང་བུམ་པ་མིན་ལ་དེ་གཉིས་ངོ་བོ་གཅིག་ཡིན་པ་གང་ཞིག ཅེས་གསུངས་པའི་ཕྱིར། འདོད་ན། བུམ་པ་དང་བུམ་པའི་མཆུ་གཉིས་ངོ་བོ་གཅིག་ཡིན་པར་ཐལ། འདོད་པའི་ཕྱིར། ཤིང་རྟ་དང་ཤིང་རྟའི་འཁོར་ལོ་གཉིས་ངོ་བོ་གཅིག་ཡིན་པར་ཐལ། བུམ་པ་དང་བུམ་པའི་མཆུ་གཉིས་ངོ་བོ་གཅིག་ཡིན་པ་གང་ཞིག རིགས་པ་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར། འདོད་ན། ཤིང་རྟ་དང་ཤིང་རྟའི་འཁོར་ལོ་གཉིས་ཆོས་ཅན། བདག་ཉིད་གཅིག་ཡིན་པར་ཐལ། ངོ་བོ་གཅིག་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་འཇིག་ངེས་དང་ལྟོས་བཅས་གཉིས་འགལ་བ་ཡིན་པའི་ཕྱིར། མ་གྲུབ་ན། འཇིག་ངེས་དང་ལྟོས་བཅས་གཉིས་ཆོས་ཅན། འགལ་བ་ཡིན་པར་ཐལ། ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་ཡིན་པར་ཐལ། ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་གྱི་མཚན་གཞི་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། མཚན་གཞི་ནི། བྱས་པ་དང་རྟག་པ་གཉིས་དང༌། དངོས་པོ་དང་རྟག་པ་གཉིས་དང༌། འཇིག་ངེས་དང་ལྟོས་བཅས་གཉིས་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། འགལ་བ་ཡིན་པར་ཐལ། ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་གྱི་མཚན་གཞི་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ཡིན་པ་མེད་པར་ཐལ། ཁྱོད་འགལ་བ་ཡིན་པའི་ཕྱིར། འདོད་ན། འཇིག་ངེས་དང་ལྟོས་བཅས་གཉིས་ཀྱི་ཡིན་པ་ཡོད་པར་ཐལ། ཀ་བ་དེ་ཡིན་པའི་ཕྱིར། མ་གྲུབ་ན། ཀ་བ་ཆོས་ཅན། འཇིག་ངེས་དང་ལྟོས་བཅས་གཉིས་ཀ་ཡིན་པར་ཐལ། འཇིག་ངེས་ཡིན་པ་གང་ཞིག ལྟོས་བཅས་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དེ་ཆོས་ཅན། འཇིག་ངེས་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། ཀ་བ་དེ་རང་གི་རང་བཞིན་གྱིས་འཇིག་ངེས་ཡིན་པ་ནི། ཞེས་གསུངས་པའི་ཕྱིར། འདོད་ན། ཀ་བ་ཆོས་ཅན། འཇིག་ངེས་དང་ལྟོས་བཅས་གཉིས་ཀ་ཡིན་པར་ཐལ། འཇིག་ངེས་ཡིན་པ་གང་ཞིག ལྟོས་བཅས་ཡིན་པའི་ཕྱིར། རྟགས་དང་པོ་ཁས། ཕྱི་མ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་ལྟོས་བཅས་མ་ཡིན་པའི་རྒྱུ་མཚན་ཡོད་པར་ཐལ། འདོད་ན། ཞོག་ཅེས་ཟེར། ལྟོས་བཅས་ཡིན་པ་ལ་འཇིག་རྒྱུ་གཞན་ལ་ལྟོས་པ་ཅན་ཞིག་དགོས་ལ་ཀ་བ་སོགས་འདུས་བྱས་ཀྱི་ཆོས་གང་དང་གང་ཡིན་ན་རང་ཉིད་ཡོད་ཙམ་ནས་འཇིག་པ་རང་ཆས་སུ་རྗེས་སུ་འབྲེལ་བ་ཡིན་པས་ཀ་བ་ལྟོས་བཅས་མ་ཡིན་ནོ་ཞེས་ཟེར་ན། ལྟོས་བཅས་མེད་པར་ཐལ། འཇིག་རྒྱུ་གཞན་ལ་ལྟོས་པ་ཅན་མེད་པའི་ཕྱིར། དེར་ཐལ། འདུས་བྱས་ཀྱི་ཆོས་རྣམས་འཇིག་རྒྱུ་གཞན་ལ་ལྟོས་པ་ཅན་མ་ཡིན་པ་གང་ཞིག འདུས་མ་བྱས་འཇིག་རྒྱུ་གཞན་ལ་ལྟོས་པ་ཅན་མ་ཡིན་པའི་ཕྱིར། རྟགས་དང་པོ་ཁས། ཕྱི་མ་མ་གྲུབ་ན། འདུས་མ་བྱས་ཆོས་ཅན། འཇིག་རྒྱུ་གཞན་ལ་ལྟོས་པ་ཅན་མ་ཡིན་པར་ཐལ། ཁྱོད་འཇིག་རྒྱུ་མི་སྲིད་པའི་ཕྱིར་ཟེར་ན་དཔྱད་དོ། ། ཡོད་མེད་གཉིས་འགལ་བ་ཡིན་པའི་ཕྱིར། མ་གྲུབ་ན། ཡོད་མེད་གཉིས་ཆོས་ཅན། འགལ་བ་ཡིན་པར་ཐལ། དངོས་འགལ་ཡིན་པའི་ཕྱིར། རྟགས་མ་གྲུབ། ཡོད་མེད་གཉིས་ཆོས་ཅན། དངོས་འགལ་ཡིན་པར་ཐལ། ཡིན་པ་དེ་ཡང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་རྟོན་པ་བཞི་ལྡན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་རི་ཆོས་ངེས་དོན་རྒྱ་མཚོ་ལས། ཡོད་མེད་ཕན་ཚུན་དངོས་འགལ་ཡིན། ཞེས་གསུངས་པའི་ཕྱིར། འདོད་ན། ཡོད་པ་དང་མེད་པ་གཉིས་ཆོས་ཅན། དངོས་འགལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཡོད་པ་དང་མེད་པ་གཉིས་ཆོས་ཅན། དངོས་འགལ་མ་ཡིན་པར་ཐལ། འགལ་བ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཆོས་ཅན། འགལ་བ་མ་ཡིན་པར་ཐལ། ཐ་དད་ཅིང་གཞི་མཐུན་མི་སྲིད་པ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ། དེ་ཆོས་ཅན། ཐ་དད་ཅིང་གཞི་མཐུན་མྀ་སྲིད་པ་མ་ཡིན་པར་ཐལ། ཐ་དད་མ་ཡིན་པའི་ཕྱིར། རྟགས་མ་གྲུབ། དེ་ཆོས་ཅན། ཐ་དད་མ་ཡིན་པར་ཐལ། སོ་སོ་བའི་ཆོས་མ་ཡིན་པའི་ཕྱིར། རྟགས་མ་གྲུབ། དེ་ཆོས་ཅན། སོ་སོ་བའི་ཆོས་མ་ཡིན་པར་ཐལ།ཆོས་མ་ཡིན་པའི་ཕྱིར། རྟགས་མ་གྲུབ། དེ་མ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཡོད་པ་དང་མེད་པ་གཉིས་ཆོས་ཅན། སོ་སོ་བའི་ཆཽས་མ་ཡིན་པར་ཐལ།ཆོས་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཟེར་ན་དཔྱད་པར་བྱའོ། །ཕན་ཚུན་ཐ་དད་ཅིང་དེ་བཀཀ་ནས་དེ་ཁེགས་པ་དེ་འབྲེལ་བའི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། འགལ་བ་དང་འབྲེལ་བ་ལ་མཚན་ཉིད་ནི་རིམ་པ་ལྟར། མི་མཐུན་པར་གནས་པ་དང༌། ཕན་ཚུན་ཐ་དད་ཅིང་དེ་བཀཀ་ནས་དེ་ཁེགས་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཕན་ཚུན་ཐ་དད་ཅིང་དེ་བཀཀ་ནས་དེ་ཁེགས་པ་ཡིན་ན་འབྲེལ་བ་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། སྐྱེ་འགག་གནས་གསུམ་དུས་མཉམ་དུ་གྲུབ་པའི་ཀ་བུམ་གཉིས་ཆོས་ཅན། འབྲེལ་བ་ཡིན་པར་ཐལ། ཕན་ཚུན་ཐ་དད་ཅིང་དེ་བཀཀ་ནས་དེ་ཁེགས་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཕན་ཚུན་ཐ་དད་ཅིང་དེ་བཀཀ་ནས་དེ་ཁེགས་པ་དེ་ཡིན་པར་ཐལ། ཕན་ཚུན་ཐ་དད་གང་ཞིག གཅིག་ཤོས་བཀཀ་ན་གཅིག་ཤོས་ཁེགས་པས་ཁྱབ་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེ་ཆོས་ཅན། གཅིག་ཤོས་བཀཀ་ན་གཅིག་ཤོས་ཁེགས་པས་ཁྱབ་པར་ཐལ། དེ་གཉིས་འགག་པ་དུས་མཉམ་པ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཟེར་ན་དཔྱད། མི་མཐུན་པར་གནས་པ་དེ་འགལ་བའི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། འགལ་བ་དང་འབྲེལ་བ་ལ་མཚན་ཉིད་ནི་རིམ་པ་ལྟར། མི་མཐུན་པར་གནས་པ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། ཁྱོད་ཆོས་དེ་དང་འགལ་བ་ཡིན་ན་ཁྱོད་ཆོས་དེ་དང་མི་མཐུན་པར་གནས་པ་ཡིན་པས་ཁྱབ་པར་ཐལ། འདོད་ན། མདུན་གྱི་དམ་བཅའ་བ་ཆོས་ཅན། ཁྱོད་རྩ་བའི་བླ་མ་དང་མི་མཐུན་པར་གནས་པ་ཡིན་པར་ཐལ། ཁྱོད་རྩ་བའི་བླ་མ་དང་འགལ་བ་ཡིན་པའི་ཕྱིར། འདོད་ན། མདུན་གྱི་དམ་བཅའ་བ་ཆོས་ཅན། ཁྱོད་རྩ་བའི་བླ་མ་དང་མི་མཐུན་པ་ཡིན་པར་ཐལ། ཁྱོད་རྩ་བའི་བླ་མ་དང་མི་མཐུན་པར་གནས་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཟེར་བ་དང༌། མདུན་གྱི་དམ་བཅའ་རང་གི་ཆོས་གྲོགས་དང་མི་མཐུན་པ་ཡིན་མིན་སོགས་ལ་དཔྱད་དོ། ། ཕྱ་ལེ་བ་དང་ཕྱ་ལེ་བ་མ་ཡིན་པ་གཉིས་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། མ་གྲུབ་ན། ཕྱ་ལེ་བ་དང་ཕྱ་ལེ་བ་མ་ཡིན་པ་གཉིས་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པར་ཐལ། ཕྱ་ལེ་བ་དེ་འགལ་བ་མ་ཡིན་པའི་བྱེ་བྲག་ཏུ་གྱུར་པའི་ཆོས་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། ཕན་ཚུན་སྤངས་འགལ་གྱི་དངོས་འགལ་གྱི་མཚན་གཞི་ནི། ཀ་བ་དང་ཀ་བ་མ་ཡིན་པ། ནམ་མཁའ་དང་ནམ་མཁའ་མ་ཡིན་པ་གཉིས་ལ་སོགས་པ་འགལ་བ་མ་ཡིན་པའི་བྱེ་བྲག་ཏུ་གྱུར་པའི་ཆོས་ཐམས་ཅད་ལ་དེའི་འགྲེས་སྦྱར་ཏེ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཕྱ་ལེ་བ་དང་ཕྱ་ལེ་བ་མ་ཡིན་པ་ཆོས་ཅན། གཞི་གྲུབ་ན་ཁྱོད་གཉིས་གང་རུང་ཡིན་པས་ཁྱབ་པར་ཐལ། ཁྱོད་གཉིས་གང་རུང་མ་ཡིན་པའི་ཕུང་གསུམ་པའི་ཤེས་བྱ་མི་སྲིད་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་གཉིས་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ལྟར་ཁྱབ་བ་དེ་ཡང་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་ན་དེ་གཉིས་གང་རུང་མ་ཡིན་པའི་ཕུང་གསུམ་པའི་ཤེས་བྱ་མི་སྲིད་པ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཕྱ་ལེ་བ་དང་ཕྱ་ལེ་བ་མ་ཡིན་པ་གཉིས་ཆོས་ཅན། ཁྱོད་གང་རུང་མ་ཡིན་པའི་ཤེས་བྱ་མེད་པར་ཐལ། འདོད་ན། དེ་ཡོད་པར་ཐལ། དངོས་མེད་དེ་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །

བཅུ་བ་མཚན་མཚོན་གྱི་དོགས་པ་འགོད་པ།

བཅུ་བ་མཚན་མཚོན་གྱི་དོགས་པ་འགོད་པ་ལ།

ཡང་མཚན་མཚོན་གཉིས་ཀྱི་ཡིན་པ་མེད་པར་ཐལ། མཚན་མཚོན་གཉིས་འགལ་བ་ཡིན་པའི་ཕྱིར། འདོད་ན། རིག་པ་ཆོས་ཅན། མཚན་མཚོན་གཉིས་ཀ་མ་ཡིན་པར་ཐལ། མཚན་མཚོན་གཉིས་ཀྱི་ཡིན་པ་མེད་པའི་ཕྱིར། འདོད་ན། རིག་པ་ཆོས་ཅན། མཚན་མཚོན་གཉིས་ཀ་ཡིན་པར་ཐལ། མཚན་ཉིད་ཡིན་པ་གང་ཞིག མཚོན་བྱ་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག རྟགས་ཕྱི་མ་གྲུབ་པའི་ཕྱིར། དང་བོ་མ་གྲུབ་ན། རིག་པ་ཆོས་ཅན། མཚན་ཉིད་ཡིན་པར་ཐལ། བློའི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། རིག་པ་བློའི་མཚན་ཉིད་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། བློ་དང་ཤེས་པ་དང་རིག་པ་དང་གསལ་བ་བཞི་དོན་གཅིག དེ་ལས་བློ་དང་ཤེས་པ་གཉིས་མཚོན་བྱ། རིག་པ་དང་གསལ་བ་གཉིས་ནི་རིམ་བཞིན་སྔ་མ་གཉིས་ཀྱི་མཚན་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། རིག་པ་ཆོས་ཅན། མཚོན་བྱ་ཡིན་པར་ཐལ། མྱོང་བར་བྱ་བའི་མཚོན་བྱ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། དང་པོ་ལ་བེམ་རིག་གཉིས་སོ། །མཚན་ཉིད་ནི་རིམ་པ་ལྟར། རྡུལ་དུ་གྲུབ་པ་དང༌། མྱོང་བར་སྐྱེས་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། རིག་པ་ཆོས་ཅན། མཚན་མཚོན་གཉིས་ཀ་ཡིན་པར་ཐལ། མཚན་ཉིད་ཡིན་པ་གང་ཞིག མཚོན་བྱ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་ཁས། འདོད་ན། རིག་པ་ཆོས་ཅན། མཚན་མཚོན་གཉིས་ཀ་མ་ཡིན་པར་ཐལ། མཚན་མཚོན་གཉིས་ཀའི་ཡིན་པ་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། མཚན་ཉིད་ཀྱང་མཚོན་བྱ་ཡང་ཡིན་པ་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། མཚན་ཉིད་ཡིན་ན་མཚོན་བྱ་མ་ཡིན་པས་ཁྱབ་སྟེ། མཚན་ཉིད་ཡང་ཡིན་མཚོན་བྱ་ཡང་ཡིན་པ་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད་དོ། །ཡང་མཚོན་བྱ་ཡིན་ན་མཚན་ཉིད་མ་ཡིན་པས་ཁྱབ་པར་ཐལ། མཚན་མཚོན་གཉིས་ཀ་འགལ་བ་ཡིན་པའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། མཚན་ཉིད་མ་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། མཚན་ཉིད་ཡིན་པར་ཐལ། འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པ་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་ཐལ། ཕར་ཕྱིན་ཉ་ཊཱིཀ་ལས། མི་རྟག་པ་འདུས་ཀྱི་མཚན་ཉིད་དུ་བཤད་པ་བཞིན་ནོ། ། ཞེས་གསུངས་པའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། མཚན་ཉིད་ཡིན་པར་ཐལ། འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། མཚན་ཉིད་མ་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། མཚོན་བྱ་ཡིན་ན་མཚན་ཉིད་མ་ཡིན་པས་ཁྱབ་སྟེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །མཚན་མཚོན་ཡིན་ན་ཁྱབ་པ་སྒོ་བརྒྱད་འགྲིག་པས་ཁྱབ་པར་ཐལ། འདོད་ན། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཆོས་ཅན། ཁྱོད་དང་ཚད་མ་གཉིས་ལ་མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་འགྲིག་པར་ཐལ། ཁྱོད་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། ཚད་མ་དང་ཚད་མིན་གྱི་བློར་མཚན་ཉིད་ནི་རིམ་པ་ལྟར། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ་དང༌། མི་བསླུ་བ་མིན་པའི་ཤེས་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཆོས་ཅན། ཁྱོད་དང་ཚད་མ་གཉིས་ལ་མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་འགྲིག་པར་ཐལ། ཁྱོད་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཚད་མ་ཡོད་ན་རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཡོད་པས་ཁྱབ་པར་ཐལ། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ་དང་ཚད་མ་གཉིས་ལ་མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་འགྲིག་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཡོད་པར་ཐལ། ཚད་མ་ཡོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བུམ་པ་ཆོས་ཅན། རང་གི་གཞལ་བྱ་ཡོད་པར་ཐལ། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཡོད་པའི་ཕྱིར།འདོད་ན། བུམ་པ་ཆོས་ཅན། རང་གི་ཡུལ་ཡོད་པར་ཐལ། རང་གི་གཞལ་བྱ་ཡོད་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། ཁྱོད་ཀྱི་ཡུལ་ཡོད་པའི་ཕྱིར་ན་དཔྱད། ཡང་རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ་དང་ཚད་མ་གཉིས་ཆོས་ཅན། མཚན་མཚོན་མ་ཡིན་པར་ཐལ། མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་མི་འགྲིག་པའི་ཕྱིར། མ་གྲུབ་ན། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ་དང་ཚད་མ་གཉིས་ལ་མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་མི་འགྲིག་པར་ཐལ། ཚད་མ་ཡོད་ན་རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཡོད་པས་མ་ཁྱབ་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་བྱས་ན་མཚན་ཉིད་ཀྱི་ཕྱོགས་ནས་ཡིན་འགོད་མིན་འགོད་གཉིས་དང་ཡོད་འགོད་དང་གསུམ། མཚོན་བྱའི་ཕྱོགས་ནས་དེ་གཉིས་དང༌། མེད་འགོད་དང་སྟེ་གསུམ་སྟེ་དྲུག་ཡོད་ཀྱང༌། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་རིག་པ་མེད་ན་ཚད་མ་མེད་པས་མ་ཁྱབ། ཚད་མ་ཡོད་ན་དེ་ཡོད་པས་མ་ཁྱབ་སྟེ། ཞེས་གསུངས་པའི་ཕྱིར། འདོད་ན། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ་དང་ཚད་མ་གཉིས་ཆོས་ཅན། མཚན་མཚོན་མ་ཡིན་པར་ཐལ། མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་མི་འགྲིག་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། མཚན་མཚོན་ཡིན་ན་མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་འགྲིག་དགོས་པའི་ཕྱིར། མ་གྲུབ་ན། དེ་དགོས་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། མཚན་ཉིད་དང་མཚོན་བྱ་ཡིན་པ་ལ་མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་འགྲིག་པ་དང༌། མཚན་ཉིད་དེ་མཚོན་བྱའི་དོན་ལྡོག་ཏུ་གྲུབ་པ་ཞིག་དགོས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་དཔྱད་པར་བྱའོ། །ཡང་མཚན་མཚོན་ཡིན་ན་མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་འགྲིག་པས་ཁྱབ་པར་ཐལ། འདོད་ན། རང་གི་རྒྱུ་རྐྱེན་ལས་སྐྱེས་པ་ཆོས་ཅན། ཁྱོད་དང་འདུས་བྱས་གཉིས་ལ་མཚན་མཚོན་ཁྱབ་པ་སྒོ་བརྒྱད་འགྲིག་པར་ཐལ། ཁྱོད་དང་འདུས་བྱས་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། འདུས་བྱས་ཡོད་ན་རང་གི་རྒྱུ་རྐྱེན་ལས་སྐྱེས་པ་ཡོད་པས་ཁྱབ་པར་ཐལ། འདུས་བྱས་དང་རང་གི་རྒྱུ་རྐྱེན་ལས་སྐྱེས་པ་གཉིས་མཚན་མཚོན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཤེས་བྱ་ཆོས་ཅན། རང་གི་རྒྱུ་རྐྱེན་ལས་སྐྱེས་པ་ཡོད་པར་ཐལ། འདུས་བྱས་ཡོད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། རང་གི་རྒྱུ་ཡོད་པར་ཐལ། རང་གི་རྒྱུ་རྐྱེན་ལས་སྐྱེས་པ་ཡོད་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། རང་གི་རྒྱུ་རྐྱེན་མེད་ན་རང་གི་རྒྱུ་རྐྱེན་ལས་སྐྱེས་པ་མེད་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་ཁྱབ་པར་ཐལ། ཁྱད་གཞི་མ་གྲུབ་པར་ཁྱད་ཆོས་གྲུབ་ཚུལ་མེད་པའི་ཕྱིར། དེར་ཐལ། རྩ་ཤེས་ལས། བདག་ཉིད་ཡོད་པ་མ་ཡིན་ན། ། བདག་གི་ཡོད་པ་ག་ལ་འགྱུར། །ཞེས་དང༌། རྒྱུ་འབྲས་དབུ་མའི་ཐིག་ལེ་ལས། ཁྱད་གཞི་མེད་ན་ཁྱད་ཆོས་མི་སྲིད་ཕྱིར། །ཞེས་གསུངས་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། རང་གི་རྒྱུ་ཡོད་པར་ཐལ། རང་གི་རྒྱུ་རྐྱེན་ལས་སྐྱེས་པ་ཡོད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། འབྲས་བུ་ཡིན་པར་ཐལ། རང་གི་རྒྱུ་ཡོད་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། རང་ལུགས་བསྡུས་གྲྭའི་མཐའ་དཔྱོད་ལས། འབྲས་བུ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུ་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། འབྲས་བུ་མ་ཡིན་པར་ཐལ། དངོས་མེད་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། འབྲས་བུ་ཡིན་པར་ཐལ། རང་གི་རྒྱུ་ཡོད་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། རང་གི་རྒྱུ་ཡོད་པར་ཐལ། རང་གི་རྒྱུ་རྐྱེན་ལས་སྐྱེས་པ་ཡོད་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། རང་གི་རྒྱུ་རྐྱེན་ལས་སྐྱེས་པ་ཡོད་པར་ཐལ། འདུས་བྱས་ཡོད་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། རང་གི་རྒྱུ་རྐྱེན་ལས་སྐྱེས་པ་དེ་འདུས་བྱས་ཀྱི་མཚན་ཉིད་ཡོད་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། རང་རྒྱུ་ལས་སྐྱེས་པ་འདུས་བྱས་ཀྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར་ན་དཔྱད་དོ། །མཚན་མཚོན་ཡིན་ན་རྟོགས་དཀའ་སླ་ཡོད་པས་ཁྱབ་པར་ཐལ། འདོད་ན། ཤེས་བྱ་བློའི་ཡུལ་དུ་བྱ་རུང་ཆོས་ཅན། ཁྱོད་དང་ཤེས་བྱ་ཤེས་བྱ་གཉིས་ལ་རྟོགས་དཀའ་སླ་ཡོད་པར་ཐལ། ཁྱོད་ཤེས་བྱ་ཤེས་བྱའི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། ཤེས་བྱ་བློའི་ཡུལ་དུ་བྱ་རུང་ཡིན་པ། ཤེས་བྱ་ཤེས་བྱ་ཡིན་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། ཤེས་བྱ་བློའི་ཡུལ་དུ་བྱ་རུང་ཆོས་ཅན། ཁྱོད་རྟོགས་ནས་ཤེས་བྱ་ཤེས་བྱ་རྟོགས་པའི་གང་ཟག་ཡོད་པར་ཐལ། ཁྱོད་ཤེས་བྱ་ཤེས་བྱའི་མཚན་ཉིད་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དེ་མི་འཐད་པར་ཐལ། ཤེས་བྱ་བློའི་ཡུལ་དུ་བྱ་རུང་རྟོགས་ན་ཤེས་བྱ་ཤེས་བྱ་རྟོགས་པས་ཁྱབ་པའི་ཕྱིར། མ་གྲུབ་ན། ཤེས་བྱ་བློའི་ཡུལ་དུ་བྱ་རུང་རྟོགས་ན་ཤེས་བྱ་ཤེས་བྱ་རྟོགས་པས་ཁྱབ་པར་ཐལ། ཤེས་བྱ་བློའི་ཡུལ་དུ་བྱ་རུང་རྟོགས་ན་ཤེས་བྱ་རྟོགས་དགོས་པའི་ཕྱིར། ཁྱབ་སྟེ། ཤེས་བྱ་རྟོགས་ན་ཤེས་བྱ་ཤེས་བྱ་རྟོགས་དགོས་པའི་ཕྱིར། མ་གྲུབ་ན། ཤེས་བྱ་རྟོགས་ན་ཤེས་བྱ་ཤེས་བྱ་རྟོགས་དགོས་པར་ཐལ། སྒྲ་རྟོགས་ན་སྒྲ་སྒྲ་རྟོགས་དགོས་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། སྒྲ་རྟོགས་ན་སྒྲ་སྒྲ་རྟོགས་དགོས་པར་ཐལ། རང་ལུགས་རྟགས་རིགས་ལས། སྒྲ་ཚད་མས་ངེས་པའི་གང་ཟག་ཡིན་ན་སྒྲ་སྒྲར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ན་དཔྱད་པར་བྱའོ། །ཡང་ཁ་ཅིག་གདུང་འདེགས་ཀྱི་དོན་བྱེད་ནུས་པ་ཀ་བའི་མཚན་ཉིད་ཡིན་ཟེར་ན། གདུང་འདེགས་ཀྱི་དོན་བྱེད་ནུས་པ་ཆོས་ཅན། ཁྱོད་ཀ་བའི་མཚན་ཉིད་མ་ཡིན་པར་ཐལ། ཁྱོད་ཡིན་ན་ཀ་བ་ཡིན་པས་ཁྱབ་པ་མ་གྲུབ་པའི་ཕྱིར། དེར་ཐལ། གདུང་མ་ཡར་འདེགས་མཁན་གྱི་ཤིང་བཟོ་སོགས་ཀ་བ་ཡིན་མིན། དེས་གདུང་འདེགས་ཀྱི་དོན་བྱེད་ནུས་མི་ནུས། ཤིང་བཟོ་ཡིན་ན་གདུང་མ་སོགས་འདེགས་པའི་དོན་བྱེད་ནུས་པ་ཡིན་པས་ཁྱབ་མ་ཁྱབ་སོགས་ལ་དཔྱད་དོ། །རྣམ་བཞག་ཆོས་གསུམ་ཚང་བ་མཚོན་བྱའི་མཚན་ཉིད་ཡིན་པར་ཐལ། འདོད་ན། རྣམ་བཞག་ཆོས་གསུམ་ཚང་བ་དང་མཚོན་བྱ་གཉིས་ཀ་རྟོགས་དཀའ་སླ་ཡོད་པར་ཐལ། རྣམ་བཞག་ཆོས་གསུམ་ཚང་བ་དང་མཚོན་བྱ་གཉིས་ཀ་མཚན་མཚོན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། རྣམ་བཞག་ཆོས་གསུམ་ཚང་བ་དང་མཚོན་བྱ་གཉིས་རྟོགས་དཀའ་སླ་མེད་པར་ཐལ། རྣམ་བཞག་ཆོས་གསུམ་ཚང་བ་རྟོགས་ན་མཚོན་བྱ་རྟོགས་པའི་ཁྱབ་པའི་ཕྱིར། རྟགས་མ་གྲུབ། རྣམ་བཞག་ཆོས་གསུམ་ཚང་བ་རྟོགས་ན་མཚོན་བྱ་རྟོགས་པས་ཁྱབ་པར་ཐལ། རྣམ་བཞག་ཆོས་གསུམ་ཚང་བ་རྟོགས་ན། སྤྱིར་མཚོན་བྱ་ཡིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། རང་གི་མཚན་ཉིད་གང་ཡིན་པ་ལས་གཞན་པ་ཞིག་གི་མཚོན་བྱ་མ་ཡིན་པར་རྟོགས་པས་ཁྱབ་པའི་ཕྱིར། རྟགས་གྲུབ་སྟེ། རྣམ་བཞག་ཆོས་གསུམ་འདྲེན་ཚུལ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། གཏན་ཚིགས་དོན་བསྡུས་ལས། རྣམ་བཞག་ཆོས་གསུམ་ནི། སྤྱིར་མཚོན་བྱ་ཡིན་པ། རང་གི་མཚོན་ཉིད་ལས་གཞན་པའི་མཚོན་བྱ་མིན་པ། རང་གི་མཚན་གཞི་ལས་གྲུབ་པའོ། །ཞེས་གསུངས་པའི་ཕྱིར། གོང་དུ་མ་ཁྱབ་ཟེར་ན། ཁྱབ་པར་ཐལ། སྤྱིར་མཚོན་བྱ་ཡིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། རང་གི་མཚན་ཉིད་གང་ཡིན་པ་ལས་གཞན་པ་ཞིག་གི་མཚོན་བྱ་མ་ཡིན་པར་རྟོགས་ན། མཚོན་བྱ་རྟོགས་དགོས་པའི་ཕྱིར། རྟགས་མ་གྲུབ། སྤྱིར་མཚོན་བྱ་ཡིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། རང་གི་མཚན་ཉིད་གང་ཡིན་པ་ལས་གཞན་པ་ཞིག་གི་མཚོན་བྱ་མ་ཡིན་པར་རྟོགས་ན། མཚོན་བྱ་རྟོགས་དགོས་པར་ཐལ། སྤྱིར་མཚོན་བྱ་ཡིན་པ་རྟོགས་ན་མཚོན་བྱ་རྟོགས་དགོས་པའི་ཕྱིར། རྟགས་མ་གྲུབ་ན། སྤྱིར་མཚོན་བྱ་ཡིན་པ་རྟོགས་ན་མཚོན་བྱ་རྟོགས་དགོས་པར་ཐལ། སྤྱིར་མཚོན་བྱ་རྟོགས་ན་མཚན་ཉིད་གཏན་མ་ཡིན་ཞིང་མཚོན་བྱ་ཁོ་ན་ཡིན་པས་རྟོགས་དགོས་པའི་ཕྱིར། མ་གྲུབ་ན། དེ་དགོས་པར་ཐལ། དེ་སྤྱིར་མཚོན་བྱའི་དོན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། སྤྱིར་ཞེས་པའི་ནུས་པ་སྐབས་འདིར་མཚན་ཉིད་གཏན་མ་ཡིན་པར་མཚོན་བྱ་ཁོ་ན་ཡིན་ཞེས་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། སྤྱིར་རྟག་པ་ཡིན་པར་རྟོགས་ན་རྟག་པ་རྟོགས་དགོས་པ་གང་ཞིགརིགས་པ་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར། འདོད་ཟེར་ན། འོ་ན། སྤྱིར་མཚོན་བྱ་ཡིན་པར་རྟོགས་ན་མཚོན་བྱ་རྟོགས་དགོས་པར་ཐལ། འདོད་ན། སྤྱིར་མཚོན་བྱ་ཡིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། རང་གི་མཚན་ཉིད་གང་ཡིན་པ་ལས་གཞན་པ་ཞིག་གི་མཚོན་བྱ་མ་ཡིན་པར་རྟོགས་ན། མཚོན་བྱ་རྟོགས་དགོས་པར་ཐལ། སྤྱིར་མཚོན་བྱ་ཡིན་པར་རྟོགས་ན་མཚོན་བྱ་རྟོགས་དགོས་པའི་ཕྱིར། རྟགས་ཁས། འདོད། འོ་ན། རྣམ་བཞག་ཆོས་གསུམ་ཚང་བ་རྟོགས་ན་མཚོན་བྱ་རྟོགས་པས་ཁྱབ་པར་ཐལ། རྣམ་བཞག་ཆོས་གསུམ་ཚང་བ་རྟོགས་ན། སྤྱིར་མཚོན་བྱ་ཡིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། རང་གི་མཚན་ཉིད་གང་ཡིན་པ་ལས་གཞན་པ་ཞིག་གི་མཚོན་བྱ་མ་ཡིན་པར་རྟོགས་དགོས་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། རྣམ་བཞག་ཆོས་གསུམ་ཚང་བ་དང་མཚོན་བྱ་གཉིས་ཀ་རྟོགས་དཀའ་སླ་མེད་པར་ཐལ། རྣམ་བཞག་ཆོས་གསུམ་ཚང་བ་རྟོགས་ན་མཚོན་བྱ་རྟོགས་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། རྣམ་བཞག་ཆོས་གསུམ་ཚང་བ་དང་མཚོན་བྱ་གཉིས་ཆོས་ཅན། རྟོགས་དཀའ་སླ་ཡོད་པར་ཐལ། མཚན་མཚོན་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་པར་ཐལ། མཚན་ཉིད་སྔོན་དུ་རྟོགས་ནས་རྗེས་སུ་མཚོན་བྱ་རྟོགས་དགོས་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། དེ་དགོས་པར་ཐལ། མཚན་ཉིད་ལ་རྫས་ཡོད་དང་མཚོན་བྱ་ལ་བཏགས་ཡོད་ཞེས་བཏགས་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད། གོང་གི་མ་ཁྱབ་མཚམས་ལ་རྟགས་མ་གྲུབ་ཟེར་ན། རྣམ་བཞག་ཆོས་གསུམ་ཚང་བ་དང་མཚོན་བྱ་གཉིས་ཆོས་ཅན། མཚན་མཚོན་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་དགེ་བའི་བཤེས་གཉེན་རིན་པོ་ཆེ་ངག་དབང་དངོས་གྲུབ་དཔལ་གྱི་དགོངས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། མཚོན་བྱའི་མཚན་ཉིད་ཡོད་དེ། རྣམ་བཞག་ཆོས་གསུམ་ཚང་བ་དེ་ཡིན་པའི་ཕྱིར། ཞེས་དང༌། གཏན་ཚིགས་དོན་བསྡུས་ལས། མཚན་ཉིད་དང་མཚོན་བྱ་ལ་མཚན་ཉིད་ནི་རིམ་པ་ལྟར། རྣམ་འཇོག་ཆོས་གསུམ་ཚང་བ་དང་རྣམ་བཞག་ཆོས་གསུམ་ཚང་བའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་མཚོན་བྱ་ཡིན་ན་མཚན་ཉིད་གཅིག་གི་མཚོན་བྱ་ཡིན་པས་ཁྱབ་པ་དང་མཚན་ཉིད་ཡིན་ན་མཚོན་བྱ་གཅིག་གི་མཚན་ཉིད་ཡིན་པས་ཁྱབ་པར་ཐལ། འདོད་ན། མཚོན་བྱ་ཡིན་ན་མཚན་ཉིད་གཅིག་གི་མཚོན་བྱ་ཡིན་པས་ཁྱབ་པ་དང་མཚན་ཉིད་ཡིན་ན་མཚོན་བྱ་གཅིག་གི་མཚན་ཉིད་ཡིན་པས་ཁྱབ་པར་ཐལ། ཁྱབ་མེད་ཀྱི་ལན་འཐད་པའི་ཕྱིར། འདོད་ན། མཚོན་བྱ་ཡིན་ན་མཚན་ཉིད་གཅིག་ལས་གཞན་གྱི་མཚོན་བྱ་མ་ཡིན་པས་ཁྱབ་པར་ཐལ། མཚོན་བྱ་ཡིན་ན་མཚན་ཉིད་གཅིག་གི་མཚོན་བྱ་ཡིན་པས་ཁྱབ་པ་དང་མཚན་ཉིད་ཡིན་ན་མཚོན་བྱ་གཅིག་གི་མཚན་ཉིད་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། ཚད་མ་ཆོས་ཅན། མཚན་ཉིད་གཅིག་གི་མཚོན་བྱ་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཚད་མ་ཆོས་ཅན། ཁྱོད་ལ་མཚན་ཉིད་གཅིག་ལས་ལྷག་མེད་པར་ཐལ། ཁྱོད་མཚན་ཉིད་གཅིག་གི་མཚོན་བྱ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཚད་མ་ཆོས་ཅན། ཁྱོད་ལ་མཚན་ཉིད་གཅིག་ལས་ལྷག་ཡོད་པར་ཐལ། ཁྱོད་ལ་མཚན་ཉིད་གཉིས་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། ཚད་མ་ཆོས་ཅན། ཁྱོད་ལ་མཚན་ཉིད་གཉིས་ཡོད་པར་ཐལ། མི་བསླུ་བའི་ཤེས་པ་དང༌། མ་རྟོགས་དོན་གྱི་གསལ་བྱེད་གཉིས་ཀ་ཁྱོད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། མི་བསླུ་བའི་ཤེས་པ་དང༌། མ་རྟོགས་དོན་གྱི་གསལ་བྱེད་གཉིས་ཀ་ཆོས་ཅན། ཁྱོད་གཉིས་ཚད་མའི་མཚན་ཉིད་ཡིན་པར་ཐལ། མི་བསླུ་བའི་ཤེས་པ་དེ་ཁྱོད་ཀྱི་མཚན་ཉིད་ཡིན་པ་གང་ཞིགམ་རྟོགས་དོན་གྱི་གསལ་བྱེད་དེ་ཁྱོད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ཟེར་ན། མི་བསླུ་བའི་ཤེས་པ་ཆོས་ཅན། ཁྱོད་ཚད་མའི་མཚན་ཉིད་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་ས་བཟང་མ་ཏི་པཎ་ཆེན་གྱྀས་མཛད་པའི་མངོན་པ་ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ༤༢ལས། མཚོན་བྱ་གཅིག་ལ་མཚན་ཉིད་གཅིག་ལས་གཞན་པ་མི་རུང་བ་སྨྲ་བ་ལའང་ངེས་པ་མེད་དེ། རིགས་པའི་དབང་ཕྱུག་ཉིད་ཀྱིས་མཚོན་བྱ་དང་ཚད་མ་གཅིག་ལ་མཚན་ཉིད་མི་བསླུ་བའི་ཤེས་པ་དང་མ་རྟོགས་དོན་གྱི་གསལ་བྱེད་གཉིས་གསུངས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། གོང་གི་རྟགས་གཉིས་པ་མ་གྲུབ་ཟེར་ན་ཡང་ལུང་དེ་ཉིད་ཀྱིས་གྲུབ་བོ། །འདོད་ཟེར་ན། འོ་ན། ཚད་མ་ཆོས་ཅན། ཁྱོད་ལ་མཚན་ཉིད་གཉིས་ཡོད་པར་ཐལ། མི་བསླུ་བའི་ཤེས་པ་དང་མ་རྟོགས་དོན་གྱི་གསལ་བྱེད་གཉིས་ཀ་ཁྱོད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། འོ་ན། མཚོན་བྱ་གཅིག་ལ་མཚན་ཉིད་གཉིས་ཡོད་པར་ཐལ། མཚོན་བྱ་ཚད་མ་གཅིག་ལ་མཚན་ཉིད་མི་བསླུ་བའི་ཤེས་པ་དང་མ་རྟོགས་དོན་གྱི་གསལ་བྱེད་གཉིས་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། མཚོན་བྱ་ཡིན་ན་མཚན་ཉིད་གཅིག་གི་མཚོན་བྱ་ཡིན་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར།འདོད་ན། མཚོན་བྱ་ཡིན་ན་མཚན་ཉིད་གཅིག་གི་མཚོན་བྱ་ཡིན་པས་ཁྱབ་པ་དང་མཚན་ཉིད་ཡིན་ན་མཚོན་བྱ་གཅིག་གི་མཚན་ཉིད་ཡིན་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་མི་རིགས་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང༌། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ༡༦ལས། མཚོན་བྱ་ཡིན་ན་མཚན་ཉིད་གཅིག་གི་མཚོན་བྱ་ལས་མ་ཡིན་པས་ཁྱབ། མཚན་ཉིད་ཡིན་ན་མཚོན་བྱ་གཅིག་གི་མཚན་ཉིད་ལས་མ་ཡིན་པས་ཁྱབ་བོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །དོན་བྱེད་ནུས་པའི་རྣམ་བཞག་ཆོས་གསུམ་འདྲེན་པའི་ཚེ། སྤྱིར་མཚོན་བྱ་ཡིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། དོན་བྱེད་ནུས་པ་ལས་གཞན་པ་ཞིག་གི་མཚོན་བྱ་མ་ཡིན་པ་དང་གསུམ་པོ་དེ་འདྲེན་དགོས་པར་ཐལ། འདོད་ན། དོན་བྱེད་ནུས་པའི་རྣམ་བཞག་ཆོས་གསུམ་འདྲེན་པའི་ཚེ། སྤྱིར་མཚོན་བྱ་ཡིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། དོན་བྱེད་ནུས་པ་ལས་གཞན་པ་ཞིག་གི་མཚོན་བྱ་མ་ཡིན་པ་དང་གསུམ་པོ་དེ་འདྲེན་དགོས་པ་ཡིན་པར་ཐལ། ཁྱབ་མེད་ཀྱི་ལན་འཐད་པའི་ཕྱིར། འདོད་ན། དོན་བྱེད་ནུས་པའི་རྣམ་བཞག་ཆོས་གསུམ་འདྲེན་པའི་ཚེ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ་དེ་འདྲེན་དགོས་པ་ཡིན་པར་ཐལ། སྤྱིར་མཚོན་བྱ་ཡིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། དོན་བྱེད་ནུས་པ་ལས་གཞན་པ་ཞིག་གི་མཚོན་བྱ་མ་ཡིན་པ་དང་གསུམ་པོ་དེ་འདྲེན་དགོས་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དོན་བྱེད་ནུས་པ་ཆོས་ཅན། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ་ཡིན་པར་ཐལ། འདོད་ན། འདོད་ལན་ཐོབ། དོན་བྱེད་ནུས་པ་དེ་དོན་བྱེད་ནུས་པའི་མཚན་གཞིའི་སྟེང་དུ་གྲུབ་པ་ཡིན་པར་འདོད་ཟེར་ན། འོ་ན་དོན་བྱེད་ནུས་པ་ཆོས་ཅན། རང་དང་གཅིག་ཡིན་པར་ཐལ། ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་འདེབས་ཚེ། དོན་བྱེད་ནུས་པ་དོན་བྱེད་ནུས་པ་དང་གཅིག་ཡིན་པར་འདོད་ཅེས་འདོད་ལན་རྩི་དགོས་པ་ཡིན་པར་ཐལ། འདོད་པའི་ཕྱིར།འོ་ན་དོན་བྱེད་ནུས་པ་ཆོས་ཅན། རང་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ། རང་དང་གཅིག་ཡིན་པའི་ཕྱིར། འདོད་ཟེར་ན། རང་ཡིན་ན་དོན་བྱེད་ནུས་པ་ཡིན་པས་ཁྱབ་པར་ཐལ། དེ་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། འདོད་ན། རྟག་པ་ཆོས་ཅན། དོན་བྱེད་ནུས་པ་ཡིན་པར་ཐལ། རང་ཡིན་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། རྟག་པ་ཆོས་ཅན། རང་མ་ཡིན་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། རྟག་པ་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྟག་པ་ཆོས་ཅན། ཁྱོད་རྟག་པ་ཡིན་པར་ཐལ། ཁྱོད་ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་དུ་དམིགས་པ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་སྟེ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། འཁོར་གསུམ། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་དཔལ་ལྡན་ཆོས་ཀྱི་གྲགས་པའི་དགོངས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། འཁོར་གསུམ། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་ལས། གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །ཅེས་གསུངས་པའི་ཕྱིར། འདོད་ན། རྟག་པ་ཆོས་ཅན། རྟག་པ་ཡིན་པར་ཐལ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་དུ་དམིགས་པ་ཡིན་པའི་ཕྱིར། འདོད། འོ་ན་རྟག་པ་ཆོས་ཅན། རང་ཡིན་པར་ཐལ། འདོད། འོ་ན་རྟག་པ་ཆོས་ཅན། དོན་བྱེད་ནུས་པ་ཡིན་པར་ཐལ། རང་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། མ་ཁྱབ་ཟེར་ན། འོ་ན་དོན་བྱེད་ནུས་པ་ཆོས་ཅན། རང་དང་ཡིན་ཁྱབ་མཉམ་མ་ཡིན་པར་ཐལ། འདོད་ན། དོན་བྱེད་ནུས་པ་ཆོས་ཅན། རང་དང་གཅིག་མ་ཡིན་པར་ཐལ། འདོད་ཟེར་ན། དོན་བྱེད་ནུས་པ་ཆོས་ཅན། རང་དང་གཅིག་མ་ཡིན་པར་ཐལ་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་རྩི་ཚེ། དོན་བྱེད་ནུས་པ་དོན་བྱེད་ནུས་པ་དང་གཅིག་མ་ཡིན་པར་འདོད་ཅེས་རྩི་དགོས་པ་མ་ཡིན་པར་ཐལ། འདོད་ན། དོན་བྱེད་ནུས་པ་ཆོས་ཅན། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ་ཡིན་པར་ཐལ། ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་རྩི་ཚེ་དོན་བྱེད་ནུས་པ་དེ་དོན་བྱེད་ནུས་པའི་མཚན་གཞིའི་སྟེང་དུ་གྲུབ་པ་ཡིན་པར་འདོད་ཅེས་རྩི་དགོས་པ་མ་ཡིན་པར་ཐལ། འདོད་ན། དེ་ལ་ཅི་ལྟར་འདོད་ལན་རྩི་སོགས་དཔྱད་པར་བྱའོ། །ཤེས་པའི་མཚན་ཉིད་ཡིན་ན་གསལ་ཞིང་རིག་པའི་ལྡོག་པ་ཡིན་པས་ཁྱབ། གསལ་ཞིང་རིག་པའི་ལྡོག་པ་ཡིན་ན་ཤེས་པའི་མཚན་ཉིད་ཡིན་པས་ཁྱབ་པ་ཡོད་པ་ཡིན་པར་ཐལ། འདོད་ན། ཤེས་པའི་མཚན་ཉིད་ཡིན་ན་གསལ་ཞིང་རིག་པའི་ལྡོག་པ་ཡིན་པས་ཁྱབ་པར་ཐལ། དེ་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། འདོད་ན། རང་ཡུལ་གསལ་བའི་བེམ་མིན་ཆོས་ཅན། གསལ་ཞིང་རིག་པའི་ལྡོག་པ་ཡིན་པར་ཐལ། ཤེས་པའི་མཚན་ཉིད་ཡིན་པའི་ཕྱིར། རྟགས་མ་གྲུབ། འཁོར་གསུམ། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རང་ཡུལ་གསལ་བའི་བེམ་མིན་ཤེས་པའི་མཚན་ཉིད། ཅེས་དང༌། ཚད་མའི་བསྟན་བཅོས་ལས། ཤེས་པའི་མཚན་ཉིད་ཡོད་དེ། གསལ་ཞིང་རིག་པ་འམ་མྱོང་བར་སྐྱེས་པ་དེ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། ཚར། རང་ཡུལ་གསལ་བའི་བེམ་མིན་དེ། ཤེས་པའི་མཚན་ཉིད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་ཡུལ་གསལ་བའི་བེམ་མིན་ཆོས་ཅན། ཁྱོད་ཡིན་ན་གསལ་ཞིང་རིག་པ་ཡིན་པས་ཁྱབ་པར་ཐལ། ཁྱོད་ཤེས་པའི་མཚན་ཉིད་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། གང་ཟག་ཆོས་ཅན། གསལ་ཞིང་རིག་པ་ཡིན་པར་ཐལ། རང་ཡུལ་གསལ་བའི་བེམ་མིན་ཡིན་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། གང་ཟག་ཆོས་ཅན། རང་ཡུལ་གསལ་བའི་བེམ་མིན་ཡིན་པར་ཐལ། རང་ཡུལ་གསལ་བ་དང༌། བེམ་པོ་མ་ཡིན་པ་གཉིས་ཀྱི་གཞི་མཐུན་ཡིན་པའི་ཕྱིར། རྟགས་མ་གྲུབ། དེར་ཐལ། རང་ཡུལ་གསལ་བ་དང༌། བེམ་པོ་མ་ཡིན་པ་གཉིས་ཀྱི་ལྡོག་པ་ཐ་དད་དུ་གྲུབ་པ་གང་ཞིག དེ་གཉིས་ཀ་རེ་རེ་ནས་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། གང་ཟག་ཆོས་ཅན། རང་ཡུལ་གསལ་བ་དང༌། བེམ་པོ་མ་ཡིན་པ་གཉིས་ཀ་རེ་རེ་ནས་མ་ཡིན་པར་ཐལ། རྟགས་གཉིས་པ་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། དེ་ཡིན་པར་ཐལ། རང་ཡུལ་གསལ་བ་ཡིན་པ་གང་ཞིག བེམ་པོ་མ་ཡིན་པ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ཟེར་ན། གང་ཟག་དེའི་རྒྱུད་ཀྱི་ཤེས་པ་དེའི་རང་ཡུལ་གསལ་ན་གང་ཟག་དེ་ལ་རང་ཡུལ་གསལ་བ་ཡིན་པས་ཁྱབ་མིན་དང༌། དེའི་རྒྱུད་ཀྱི་ཤེས་པ་དེས་རང་ཡུལ་མཐོང་ན། གང་ཟག་དེས་རང་ཡུལ་མཐོང་བ་ཡིན་མིན་དང༌། ཁྱོད་ཀྱི་རྒྱུད་ཀྱི་ཤེས་པ་དེ་ཡུལ་ཅན་ཡིན་པས་ཁྱོད་ཡུལ་ཅན་ཡིན་པར་འཇོག་མིན་སོགས་ལ་དཔྱད། གོང་གི་རྟགས་གཉིས་པ་མ་གྲུབ་ཟེར་ན། གང་ཟག་ཆོས་ཅན། བེམ་པོ་མ་ཡིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་དེ། རྡུལ་དུ་གྲུབ་པ་དེ་བེམ་པོའི་མཚན་ཉིད་ཡིན་པ་གང་ཞིག ལྡན་མིན་འདུ་བྱེད་ཡིན་ན་རྡུལ་དུ་གྲུབ་པ་མ་ཡིན་དགོས་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རྡུལ་དུ་གྲུབ་པ་བེམ་པོའི་མཚན་ཉིད། ཅེས་དང༌། གཏན་ཚིགས་དོན་བསྡུས་ལས། མཚན་ཉིད་ནི་རིམ་པ་ལྟར། རྡུལ་དུ་གྲུབ་པ་དང༌། ཅེས་གསུངས་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ཟེར་ན། ལྡན་མིན་འདུ་བྱེད་ཡིན་ན་རྡུལ་དུ་གྲུབ་པ་མ་ཡིན་དགོས་པ་ཡིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་ན་གཟུགས་ཤེས་གང་རུང་མ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། དེ་དགོས་པར་ཐལ། གཟུགས་ཤེས་གང་རུང་མ་ཡིན་པའི་འདུས་བྱས་དེ་ལྡན་མིན་འདུ་བྱེད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། གཟུགས་ཤེས་གང་རུང་མ་ཡིན་པའི་འདུས་བྱས་དེ་ལྡན་མིན་འདུ་བྱེད་ཀྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། ། གཞན་ཡང༌། དངོས་པོ་ཡིན་པར་ཐལ། རྣམ་འཇོག་ཆོས་གསུམ་ཚང་བ་མཚན་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་ཁྱབ་ན། རྣམ་འཇོག་ཆོས་གསུམ་ཚང་བ་མཚན་ཉིད་ཀྱི་མཚན་ཉིད་ཡིན་པར་ཐལ། ཁྱབ་མེད་ཀྱི་ལན་འཐད་པའི་ཕྱིར། འདོད་ན། དེ་མ་ཡིན་པར་ཐལ། རྣམ་འཇོག་ཆོས་གསུམ་པོ་ངོས་བཟུང་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། ཞོག རྣམ་འཇོག་ཀྱི་ཆོས་གསུམ་པོ་ནི། སྤྱིར་མཚན་ཉིད་ཡིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། རང་གི་མཚོན་བྱ་ལས་གཞན་པའི་ཆོས་གང་གི་ཡང་མཚན་ཉིད་མི་བྱེད་པ་གསུམ་པོ་འཇོག་ཟེར་ན། འོ་ན་རྣམ་འཇོག་གི་ཆོས་གསུམ་པོ་རྟོགས་པ་ལ་དེ་གསུམ་པོ་རྟོགས་དགོས་པར་ཐལ། རྣམ་འཇོག་གི་ཆོས་གསུམ་པོ་འདྲེན་པའི་ཚེ་དེ་གསུམ་པོ་བགྲངས་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། རྣམ་འཇོག་ཆོས་གསུམ་ཚང་བ་ཆོས་ཅན། ཁྱོད་མཚན་ཉིད་ཀྱི་མཚན་ཉིད་མ་ཡིན་པར་ཐལ། ཁྱོད་རྟོགས་ན་མཚན་ཉིད་རྟོགས་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ཁྱོད་ཆཽོས་དེའི་མཚན་ཉིད་ཡིན་ན་ཁྱོད་རྟོགས་ནས་ཆོས་དེ་མ་རྟོགས་པ་ཡོད་དགོས་པའི་ཕྱིར། མ་གྲུབ་ན། རྣམ་འཇོག་ཆོས་གསུམ་ཚང་བ་ཆོས་ཅན། ཁྱོད་ཆོས་དེའི་མཚན་ཉིད་ཡིན་ན་ཁྱོད་རྟོགས་ནས་ཆོས་དེ་མ་རྟོགས་པ་ཡོད་དགོས་པར་ཐལ། མཚན་ཉིད་ལ་རྫས་ཡོད་དང་མཚོན་བྱ་ལ་བཏགས་ཡོད་ཅེས་བཤད་པའི་རྒྱུ་མཚན་ཡོད་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ན། རྣམ་འཇོག་ཆོས་གསུམ་ཚང་བ་ཆོས་ཅན། ཁྱོད་རྟོགས་ན་མཚན་ཉིད་རྟོགས་པས་ཁྱབ་པར་ཐལ། ཁྱོད་རྟོགས་ན་སྤྱིར་མཚན་ཉིད་རྟོགས་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། རྣམ་འཇོག་ཆོས་གསུམ་ཚང་བ་ཆོས་ཅན། ཁྱོད་རྟོགས་ན་མཚན་ཉིད་རྟོགས་པས་མ་ཁྱབ་པར་ཐལ། ཁྱོད་མཚན་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །གཞན་ཡང༌། དངོས་པོ་ཡིན་པར་ཐལ། མཚོན་བྱ་ཡིན་ན་རང་གི་མཚན་ཉིད་ཀྱི་མཚོན་བྱ་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། མཚོན་བྱ་ཡིན་ན་རང་གི་མཚན་ཉིད་ཀྱི་མཚོན་བྱ་ཡིན་པས་ཁྱབ་པར་ཐལ། ཁྱབ་མེད་ཀྱི་ལན་འཐད་པའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། རང་གི་མཚན་ཉིད་ཀྱི་མཚོན་བྱ་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། གཞན་ཡང་མི་རྟག་པ་ཆོས་ཅན། མི་རྟག་པའི་མཚན་ཉིད་གྱི་མཚོན་བྱ་ཡིན་པར་ཐལ། འདོད་ན། མི་རྟག་པ་ཡིན་ན་མི་རྟག་པའི་མཚན་ཉིད་ཡིན་པས་ཁྱབ་པར་ཐལ། མི་རྟག་པ་མི་རྟག་པའི་མཚན་ཉིད་ཀྱི་མཚོན་བྱ་ཡིན་པའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། མི་རྟག་པ་མཚན་ཉིད་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། མི་རྟག་པ་ཆོས་ཅན། ཁྱོད་ཁྱོད་ཀྱི་མཚན་ཉིད་མ་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། མི་རྟག་པ་ཆོས་ཅན། ཁྱོད་མི་རྟག་པའི་མཚན་ཉིད་ཀྱི་མཚོན་བྱ་མ་ཡིན་པར་ཐལ། མི་རྟག་པའི་མཚན་ཉིད་ཀྱི་མཚོན་བྱ་མེད་པའི་ཕྱིར། མ་གྲུབ་ན། མི་རྟག་པའི་མཚན་ཉིད་ཆོས་ཅན། ཁྱོད་ཀྱི་མཚོན་བྱ་མེད་པར་ཐལ། ཁྱོད་མཚན་ཉིད་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་མཚན་ཉིད་མ་ཡིན་པར་ཐལ། ཁྱོད་མཚོན་བྱ་ཡིན་པའི་ཕྱིར། མ་གྲུབ་ན། མཚན་ཉིད་ཆོས་ཅན། མི་རྟག་པའི་ཁྱོད་མཚོན་བྱ་ཡིན་པར་ཐལ། ཁྱོད་མཚན་ཉིད་དང་གཅིག་ཡིན་པའི་ཕྱིར། གཞན་ཡང་མི་རྟག་པའི་མཚན་ཉིད་ཆོས་ཅན། མཚོན་བྱ་ཡིན་པར་ཐལ། མི་རྟག་པའི་རྫས་ཡོད་ཆོས་གསུམ་ཚང་པའི་མཚོན་བྱ་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཆོས་དེ་ཁྱོད་ཀྱི་མཚོན་བྱ་ཡིན་ན། ཁྱོད་ཆོས་དེའི་མཚན་ཉིད་ཡིན་པས་ཁྱབ་པར་ཐལ། འདོད་ན། མཚན་ཉིད་མ་ཡིན་པ་ཆོས་ཅན། ཁྱོད་དངོས་པོའི་མཚན་ཉིད་ཡིན་པར་ཐལ། དངོས་པོ་ཁྱོད་ཀྱི་མཚོན་བྱ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་མཚན་ཉིད་མ་ཡིན་པའི་མཚོན་བྱ་ཡིན་པར་ཐལ། ཁྱོད་མཚན་ཉིད་མ་ཡིན་པ་དང་མཚོན་བྱ་གཉིས་ཀྱི་གཞི་མཐུན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། མཚན་ཉིད་མ་ཡིན་པ་དང་མཚོན་བྱ་གཉིས་ཀྱི་གཞི་མཐུན་ཡིན་པར་ཐལ། མཚན་ཉིད་མ་ཡིན་པ་དང་མཚོན་བྱ་གཉིས་ཀྱི་ལྡོག་པ་ཐ་དད་དུ་གྲུབ་པ་གང་ཞིག ཁྱོད་དེ་གཉིས་ཀ་རེ་རེ་ནས་ཡིན་པའི་ཕྱིར་ཟེར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། སྒྲུབ་པར་གྱུར་པ་དང་ལྡོག་པ་རིགས་གཅིག་གཉིས་ཀྱི་གཞི་མཐུན་ཡིན་ན་སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་ཡིན་དགོས་པ་གང་ཞིག རིགས་པ་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར་ཟེར་ནས་དཔྱད་དོ། །ཡང་བཏགས་ཡོད་ཆོས་གསུམ་ཚང་བ་དང༌། རྣམ་གཞག་ཆོས་གསུམ་ཚང་བ་གཉིས་ཀ་མཚོན་བྱའི་མཚན་ཉིད་ཡིན་ཞེ་ན། དེ་མ་ཡིན་པར་ཐལ། མཚོན་བྱ་གཅིག་ལ་མཚན་ཉིད་ཐ་དད་པ་གཉིས་མི་སྲིད་པའི་ཕྱིར། མ་གྲུབ་ན། མཚོན་བྱ་གཅིག་ལ་མཚན་ཉིད་ཐ་དད་པ་གཉིས་མི་སྲིད་པར་ཐལ། མཚོན་བྱ་གཅིག་ལ་མཚན་ཉིད་ཐ་དད་པ་གཉིས་ཡོད་ན་མཚོན་བྱེད་དེ་ཡང་ཐ་དད་པ་གཉིས་ཡོད་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། མཁས་པའི་དབང་ཕྱུག་ཆེན་པོ་འཇམ་མགོན་བླ་མ་ས་སྐྱ་པཎ་ཆེན་གྱིས་མཛད་པའི་ཚད་མ་རིགས་པའི་གཏེར་ལས། མཚན་ཉིད་གཉིས་ཀྱིས་འཇོག་ན་ནི། །མཚོན་བྱེད་དེ་ཡང་གཉིས་སུ་འགྱུར། ། ཞེས་དང༌། བསྡུས་གྲྭའི་སྤྱི་དོན་ལས། མཚོན་བྱ་ཡིན་ན་མཚན་ཉིད་གཅིག་གི་མཚོན་བྱ་ལས་མ་ཡིན་པས་ཁྱབ། ཅེས་གསུངས་པའི་ཕྱིར། འདོད་ན། མཚོན་བྱ་གཅིག་ལ་མཚན་ཉིད་གཉིས་འཇོག་མི་རིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། བཏགས་ཡོད་ཆོས་གསུམ་ཚང་བ་དང་རྣམ་གཞག་ཆོས་གསུམ་ཚང་བ་གཉིས་ཀ་མཚོན་བྱའི་མཚན་ཉིད་ལ་འཇོག་མི་རིགས་པར་ཐལ། འདོད་ལན་འདེབས་ཚུལ་འཐད་པའི་ཕྱིར། འདོད་ན། དེ་འཇོག་རིགས་པར་ཐལ། བཏགས་ཡོད་ཆོས་གསུམ་ཚང་བ་དེ་མཚོན་བྱའི་མཚན་ཉིད་ལ་འཇོག་རིགས་པ་གང་ཞིག རྣམ་བཞག་ཆོས་གསུམ་ཚང་བ་དེ་ཡང་མཚོན་བྱའི་མཚན་ཉིད་ལ་འཇོག་རིག་པའི་ཕྱིར། དང་པོ་གྲུབ་སྟེ། བསྡུས་གྲྭའི་སྤྱི་དོན་ལས། བཏགས་ཡོད་ཆོས་གསུམ་ཚང་བ། མཚོན་བྱའི་མཚན་ཉིད། ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཚད་མའི་བསྟན་བཅོས་ལས། མཚོན་བྱའི་མཚན་ཉིད་ཡོད་ཏེ། རྣམ་བཞག་ཆོས་གསུམ་ཚང་བ་དེ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། བཏགས་ཡོད་ཆོས་གསུམ་ཚང་བ་དང་རྣམ་གཞག་ཆོས་གསུམ་ཚང་བ་གཉིས་ཀ་མཚོན་བྱའི་མཚན་ཉིད་ལ་འཇོག་ཡོད་པས་དཔྱད་པར་བྱའོ། །ཡང་མཚན་མཚོན་ཡིན་པ་ལ་མཚན་མཚོན་ཁྱབ་པ་སྒོ་བརྒྱད་འགྲིག་དགོས་པས་ཁྱབ་པར་ཐལ། འདོད་ན། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་དང་བུམ་པ་གཉིས་ཆོས་ཅན། མཚན་མཚོན་ཁྱབ་པ་སྒོ་བརྒྱད་འགྲིག་པར་ཐལ། མཚན་མཚོན་ཡིན་པའི་ཕྱིར། འདོད་ན། དེ་གཉིས་ཆོས་ཅན། མཚན་མཚོན་ཁྱབ་པ་སྒོ་བརྒྱད་མི་འགྲིག་པར་ཐལ། བུམ་པ་ཡིན་ན་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་པའི་མ་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་མ་ཁྱབ་པར་ཐལ། བུམ་པ་ཡིན་ལ་ཆུ་སྐྱོར་བའི་དོན་བྱེད་མི་ནུས་པ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པ་ཡིན་པར་ཐལ། ཞབས་རྡོལ་བའི་བུམ་པ་དེ་བུམ་པ་ཡིན་པ་གང་ཞིག ཆུ་སྐྱོར་བའི་དོན་བྱེད་ནུས་པ་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ཟེར་ན། ཞབས་རྡོལ་བའི་བུམ་པ་ཆོས་ཅན། བུམ་པ་ཡིན་པར་ཐལ། བུམ་པ་ཡིན་པར་འཇིག་རྟེན་ན་གྲགས་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། འཇིག་རྟེན་ན་གྲགས་པའི་ཐ་སྙད་བརླག་མི་རུང་བའི་ཕྱིར། མ་གྲུབ་ན། དེར་ཐལ། དབུ་མ་འཇུག་པ་ལས། འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག། ཅེས་གསུངས་པའི་ཕྱིར། འདོད་ན། གློ་རྡོལ་བའི་བུམ་པ་ཆོས་ཅན། བུམ་པ་ཡིན་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། སྤྱོད་འཇུག་ལས། བློ་རྡོལ་བུམ་པའི་ཆུ་ཇི་བཞིན། །ཞེས་གསུངས་པའི་ཕྱིར་ན་དཔྱད། གཞན་ཡང་འཇིག་རྟེན་པ་གང་ཡང་རུང་བ་ཞིག་གི་ངོར་གྲགས་ན་འཇིག་རྟེན་ན་གྲགས་དགོས་མི་དགོས་དང༌། ཞབས་རྡོལ་བའི་བུམ་པ་བུམ་པ་ཡིན་མིན་དང༌། བྱུ་རུ་ཆག་པོ་བྱུ་རུ་ཡིན་མིན་སོགས་ལ་དཔྱད་པར་བྱའོ། ། བདག་མེད་ཡིན་ན་ཁྱོད་བཏགས་ཡོད་ཆོས་གསུམ་མ་ཚང་བ་ཁྱོད་མཚོན་བྱ་མ་ཡིན་པའི་མཚན་ཉིད་ཡིན་པས་ཁྱབ་ཟེར་ན། འོ་ན་ཡོད་པ་ཆོས་ཅན། ཁྱོད་བཏགས་ཡོད་ཆོས་གསུམ་མ་ཚང་བ་ཁྱོད་མཚོན་བྱ་མ་ཡིན་པའི་མཚན་ཉིད་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཡོད་པ་ཆོས་ཅན། ཁྱོད་མཚོན་བྱ་མ་ཡིན་པ་ཡོད་པར་ཐལ། ཁྱོད་མཚོན་བྱ་མ་ཡིན་པའི་མཚན་ཉིད་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། བདག་མེད་ཡིན་ན། ཡོད་པ་མཚོན་བྱ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། བདག་མེད་ཡིན་ན་ཡོད་པ་ཚད་མས་དམིགས་པའི་མཚོན་བྱ་ཡིན་པས་ཁྱབ་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

བསྡུས་ཚན་བཅུ་གཅིག་པ་ཆ་བའི་ལུགས་ཀྱི་རྫས་ལྡོག་གི་དོགས་པ་འགོད་པ།

བསྡུས་ཚན་བཅུ་གཅིག་པ་ཆ་བའི་ལུགས་ཀྱི་རྫས་ལྡོག་གི་དོགས་པ་འགོད་པ་ལ།

རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཡིན་པར་ཐལ། ཆ་བའི་ལུགས་ཀྱི་རྫས་ཆོས་ཡིན་ན་རྫས་ཆོས་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། རྫས་ཆོས་ཡིན་པར་ཐལ། ཆ་པའི་ལུགས་ཀྱི་རྫས་ཆོས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། འོ་ན་རང་ལུགས་གཞིར་བཞག་ན། མདོ་སྡེ་བའི་ལུགས་ལ་དངོས་པོ་ཡིན་ན་དངོས་པོ་ཡིན་པས་ཁྱབ་པར་ཐལ། ཅིའི་ཕྱིར་ཟེར་ན། དེ་ཁྱབ་པར་ཐལ། ཆ་བའི་ལུགས་ཀྱི་རྫས་ཆོས་ཡིན་ན་རྫས་ཆོས་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། འོ་ན་མདོ་སྡེ་བའི་ལུགས་ལ་དངོས་པོ་ཡིན་ན་དངོས་པོ་ཡིན་པས་ཁྱབ་པར་ཐལ། གོང་གི་རྫས་ཆོས་ལ་དེའི་ཕྱིར། འདོད་ན། བདེན་གྲུབ་ཀྱི་བུམ་པ་ཆོས་ཅན། དངོས་པོ་ཡིན་པར་ཐལ། མདོ་སྡེ་བའི་ལུགས་ལ་དངོས་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བདེན་གྲུབ་ཀྱི་བུམ་པ་དངོས་པོ་ཡིན་པར་དམ་བཅའ་བས་ཁས་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན། དམ་བཅའ་བས་དབུ་མ་བའི་ལྟ་བ་ཁས་མི་ལེན་པར་ཐལ། དམ་བཅའ་བས་བདེན་གྲུབ་ཀྱི་བུམ་པ་ཁས་ལེན་པའི་ཕྱིར། རྟགས་ཁས། རྟགས་མ་གྲུབ་ཟེར་ན། དམ་བཅའ་བས་བདེན་གྲུབ་ཀྱི་དངོས་པོ་ཁས་ལེན་པ་མ་ཡིན་པར་ཐལ། འདོད་ན། འོ་ན་བདེན་གྲུབ་ཀྱི་དངོས་པོ་ཆོས་ཅན། དངོས་པོ་ཡིན་པར་ཐལ། མདོ་སྡེ་བའི་ལུགས་ལ་དངོས་པོ་ཡིན་པའི་ཕྱིར་ཟེར་ན། ཁྱོད་ཀྱི་འདོད་པར་ཁས་ལེན་པ་མ་ཡིན་པར་ཐལ། འདོད་ན། མདོ་སྡེ་བའི་ལུགས་ལ་ཡོད་པ་ཡིན་ན་ཡོད་པ་ཡིན་པས་མ་ཁྱབ་པར་ཐལ། འདོད་ན། ཆ་བའི་ལུགས་ལ་ཡོད་པ་ཡིན་ན་ཡོད་པ་ཡིན་པས་མ་ཁྱབ་པར་ཐལ། འདོད་ན། ཆ་བའི་ལུགས་ལ་རྫས་ཆོས་ཡིན་ན་རྫས་ཆོས་ཡིན་པས་མ་ཁྱབ་པར་ཐལ། འདོད་ན། འོ་ན་མདོ་སྡེ་བའི་ལུགས་ལ་དངོས་པོ་ཡིན་ན་དངོས་མེད་མ་ཡིན་པས་མ་ཁྱབ་པར་ཐལ། འདོད་ན། མདོ་སྡེ་བའི་ལུགས་ལ་དངོས་པོ་དང་དངོས་མེད་གཉིས་ཀྱི་གཞི་མཐུན་ཡོད་པར་ཐལ། ཅིའི་ཕྱིར་ཟེར་ན། དེ་ཡོད་པར་ཐལ། བདེན་གྲུབ་ཀྱི་བུམ་པ་དེ་ཡིན་པའི་ཕྱིར། མ་གྲུབ་ཟེར་ན། དེ་ཡིན་པར་ཐལ། མདོ་སྡཻ་བའི་ལུགས་ལ་དངོས་པོ་ཡིན་པ་གང་ཞིག དངོས་མེད་ཡིན་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་བ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ཟེར་ན། དངོས་མེད་ཡིན་པར་ཐལ། མེད་པ་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ལྡོག་ཆོས་སུ་གྱུར་པའི་དངོས་པོ་རྫས་ཆོས་མ་ཡིན་པར་ཐལ། འདོད་ན། ལྡོག་ཆོས་སུ་གྱུར་བའི་དངོས་པོ་ཆོས་ཅན། རྫས་ཆོས་ཡིན་པར་ཐལ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པའི་ཕྱིར། མ་གྲུབ་ན། ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཆོས་ཅན། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པ་ཡིན་པར་ཐལ། ཁྱོད་རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། དེ་ཆོས་ཅན། དེར་ཐལ། རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཆོས་ཅན། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པ་ཡིན་པར་ཐལ། ཁྱོད་རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། ཁྱོད་གཞི་གྲུབ།ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་ཀྱི་རྫས་མཐུན་དང་མི་འགལ་བ་དེ་རྫས་ཆོས་ཀྱི་རྫས་མཐུན་གྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། ལྡོག་ཆོས་སུ་གྱུར་བའི་དངོས་པོ་ཆོས་ཅན། ཁྱོད་རྫས་ཆོས་ཡིན་པར་ཐལ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། དེ་རྫས་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། རྫས་ཆོས་དང་ལྡོག་ཆོས་ཀྱི་མཚན་ཉིད་རིམ་པ་བཞིན། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་ཁྱོད་མ་ཡིན། ཞེས་གསུངས་པའི་ཕྱིར། འདོད། ལྡོག་ཆོས་སུ་གྱུར་བའི་དངོས་པོ་ཆོས་ཅན། རྫས་ཆོས་ཡིན་པར་ཐལ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད། ལྡོག་ཆོས་སུ་གྱུར་བའི་དངོས་པོ་རྫས་ཆོས་མ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ལྡོག་ཆོས་སུ་གྱུར་པའི་དངོས་པོ་རྫས་ཆོས་ཡིན་ཟེར་ན། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པ་དེ་རྫས་ཆོས་ཀྱི་མཚན་ཉིད་ཡིན་པར་ཐལ།འདོད་ན། དེ་ཆ་བའི་ལུགས་ཀྱི་རྫས་ཆོས་ཀྱི་མཚན་ཉིད་མ་ཡིན་པ་གང་ཞིག རང་ལུགས་ལ་རྫས་ཆོས་ཀྱི་མཚན་ཉིད་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ཟེར་ན། དེ་ཆ་བའི་ལུགས་ཀྱི་རྫས་ཆོས་ཀྱི་མཚན་ཉིད་ཡིན་པར་ཐལ། རྟགས་དང་པོ་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། དེ་ཡིན་ན་ཆ་བའི་ལུགས་ལ་རྫས་ཆོས་ཡིན་པས་ཁྱབ་པར་ཐལ། དེ་ཆ་བའི་ལུགས་ལ་རྫས་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཆོས་ཅན། རྫས་ཆོས་ཡིན་པར་ཐལ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པའི་ཕྱིར། འདོད་ན། ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཆོས་ཅན། རྫས་ཆོས་མ་ཡིན་པར་ཐལ། རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཆ་བའི་ལུགས་ལ་རྫས་ཆོས་ཀྱི་རྫས་མཐུན་འཇོག་རྒྱུ་ཡོད་པའི་ཕྱིར། འདོད་ན། ཞོག ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཆོས་ཅན། དེ་ཆོས་ཅན། རྫས་ཆོས་མ་ཡིན་པར་ཐལ། རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། རྫས་ལྡོག་བརྒྱད་ནང་ཕུན་ཚུན་འགལ་བ་ཡིན་པའི་ཕྱིར། འདོད་ན། ལྡོག་ཆོས་སུ་གྱུར་པའི་དངོས་པོ་ཆོས་ཅན། རྫས་ཆོས་ཡིན་པར་ཐལ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། དེ་ཆ་བའི་ལུགས་ལ་རྫས་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པ་ཆོས་ཅན། ཁྱོད་རྫས་ཆོས་ཀྱི་མཚན་ཉིད་མ་ཡིན་པར་ཐལ། ཆ་བའི་ལུགས་ལ་རྫས་ཆོས་ཀྱི་མཚན་ཉིད་མ་ཡིན་པ་གང་ཞིག རང་ལུགས་ལ་རྫས་ཆོས་ཀྱི་མཚན་ཉིད་མ་ཡིན་པའི་ཕྱིར། རྟགས་དང་པོ་ཁས། ཕྱི་མ་མ་གྲུབ་ཟེར་ན། རང་ལུགས་ལ་རྫས་ཆོས་ཡིན་ན་ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་དགོས་པར་ཐལ། དེ་རང་ལུགས་ཀྱི་རྫས་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། སྔོ་སེར་གཉིས་ཆོས་ཅན། རང་ལུགས་ལ་རྫས་ཆོས་མ་ཡིན་པར་ཐལ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་མ་ཡིན་པའི་ཕྱིར། འདོད་ན། དེ་ཡིན་པར་ཐལ། རང་ལུགས་རྫས་ཆོས་ཡིན་ན་ཁྱོད་ཁྱོད་རང་ཡིན་པའི་མ་ཁྱབ་པས་སྐྱོན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རྫས་ཆོས་ཡིན་ན་ཁྱོད་ཁྱོད་ཡིན་པས་ཁྱབ་ཟེར་ན་སྔོ་སེར་གཉིས་ཆོས་ཅན། ཞེས་གསུངས་པའི་ཕྱིར། འདོད་ན། སྔོ་སེར་གཉིས་ཆོས་ཅན། རྫས་ཆོས་མ་ཡིན་པར་ཐལ། ཁྱོད་ཁྱོད་རང་མ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན་ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པ་དེ་རང་ལུགས་ཀྱི་རྫས་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཟེར་ན་མཚན་ཉིད་འདི་གང་གི་ལུགས་ཀྱི་རྫས་ཆོས་ཀྱི་མཚན་ཉིད་ཡིན་མིན་སོགས་དཔྱད་པར་བྱའོ། །ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོང་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་དེ་རྫས་ཆོས་ཀྱི་མཚན་ཉིད་ཡིན་པར་ཐལ། འདོད་ན། འོ་ན་ཁྱོད་རྟོགས་ནས་རྫས་ཆོས་མ་རྟོགས་པ་ཡོད་པར་ཐལ། ཁྱོད་རྫས་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། ཁྱོད་རྟོགས་ནས་རྫས་ཆོས་མ་རྟོགས་པ་མེད་པར་ཐལ། ཁྱོད་རྟོགས་ན་ཁྱོད་ཀྱི་ལྡོག་པ་རྫས་ཆོས་དང་མི་འགལ་བར་རྟོགས་དགོས་པའི་ཕྱིར། མ་ཁྱབ་ན། དེ་ལ་ཁྱབ་པར་ཐལ། རྫས་ཆོས་མ་རྟོགས་པར་ཁྱོད་ཀྱི་ལྡོག་པ་རྫས་ཆོས་དང་མི་འགལ་བར་རྟོགས་ཚུལ་མེད་པའི་ཕྱིར། འདོད་ན། ཁྱོད་རྟོགས་ན་རྫས་ཆོས་རྟོགས་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་རྫས་ཆོས་ཀྱི་མཚན་ཉིད་མ་ཡིན་པར་ཐལ། ཁྱོད་རྟོགས་ནས་རྫས་ཆོས་མ་རྟོགས་པ་མེད་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། མཚན་མཚོན་གཉིས་ལ་རྟོགས་དཀའ་སླ་ཡོད་དགོས་པའི་ཕྱིར་ཟེར་ན་དཔྱད་དོ། །ཁྱོད་ཁྱོད་ཡིན་པར་གྱུར་བའི་རྣམ་མཁྱེན་གྱི་གཞལ་བྱ་དེ་རྫས་ཆོས་ཡིན་པར་ཐལ། འདོད་ན། ཁྱོད་ཁྱོད་རང་ཡིན་པར་གྱུར་བའི་རྣམ་མཁྱེན་གྱི་གཞལ་བྱ་དེ་རྫས་ཆོས་ཡིན་པར་ཐལ། མ་ཁྱབ་ཀྱི་ལན་འདེབས་ཚུལ་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན།ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པར་ཐལ། ཁྱོད་རྫས་ཆོས་པའི་ཕྱིར། འདོད་ན། ཁྱོད་ཁྱོད་མ་ཡིན་པར་གྱུར་བའི་རྣམ་མཁྱེན་གྱི་གཞལ་བྱ་མ་ཡིན་ཆོས་ཅན། ཁྱོད་ཁྱོད་རང་ཡིན་པར་གྱུར་བའི་རྣམ་མཁྱེན་གྱི་གཞལ་བྱ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱོད་ཁྱོད་ཡིན་པར་གྱུར་བའི་རྣམ་མཁྱེན་ཆོས་ཅན། གཞི་གྲུབ་ན་ཁྱོད་ཀྱི་གཞལ་བྱ་ཡིན་པས་ཁྱབ་བ་ཐལ།ཁྱོད་རྣམ་མཁྱེན་ཡིན་པའི་ཕྱིར། འདོད་ན། ཁྱོད་ཁྱོད་ཡིན་པར་གྱུར་བའི་རྣམ་མཁྱེན་གྱི་གཞལ་བྱ་ཆོས་ཅན། ཁྱོད་ཁྱོད་ཡིན་པར་གྱུར་བའི་རྣམ་མཁྱེན་གྱི་གཞལ་བྱ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། ཁྱོད་ཁྱོད་ཡིན་པར་གྱུར་བའི་རྣམ་མཁྱེན་གྱི་གཞལ་བྱ་ཆོས་ཅན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པར་ཐལ། ཁྱོད་མ་ཡིན་པ་ཁྱོད་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྫས་ཆོས་མ་ཡིན་པར་ཐལ། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པ་དེ་མ་ཡིན་པའི་ཕྱིར། འདོད་ན། འཁོར་གསུམ། དེ་ཆོས་ཅན། རྫས་ཆོས་ཡིན་པར་ཐལ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་དང་མི་འགལ་བ་ཡིན་པའི་ཕྱིར། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པ་ཡིན་པ་རྟགས་མ་གྲུབ་ཟེར། ཁྱོད་ཁྱོད་རང་ཡིན་པར་ཐལ། ཁྱོད་རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡྀད་ཀྱི་མུན་སེལ་ལས། རྫས་ཆོས་དང་འགལ་བ་ཆོས་ཅན། ལྡོག་ཆོས་ཡྀན་པར་ཐལ།ཁྱོད་རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། རྫས་ཆོས་དང་འགལ་བ་ཆོས་ཅན། ཁྱོད་ཁྱོད་རང་ཡིན་པར་ཐལ། ཁྱོད་རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། འདོད་ན། རྫས་ཆོས་དང་འགལ་བ་ཆོས་ཅན། ཁྱོད་ཁྱོད་རང་མ་ཡིན་པའམ་ཁྱོད་མ་ཡིན་པ་ཁྱོད་ཡིན་དུ་གྲུབ་པ་གང་རུང་མ་ཡིན་པར་ཐལ། ཁྱོད་ཁྱོད་མ་ཡིན་པ་མ་ཡིན་གང་ཞིག ཁྱོད་མ་ཡིན་པ་ཁྱོད་ཡིན་དུ་གྲུབ་པ་དེ་ཡང་མ་ཡིན་པའི་ཕྱིར། རྟགས་དང་པོ་ཁས།ཕྱི་མ་མ་གྲུབ་ཟེར་ན། རྫས་ཆོས་དང་འགལ་བ་ཆོས་ཅན། ཁྱོད་མ་ཡིན་པ་ཁྱོད་ཡིན་དུ་གྲུབ་པ་མ་ཡིན་པར་ཐལ། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པའི་ཕྱིར། མ་གྲུབ་ན། རྫས་ཆོས་དང་འགལ་བ་ཆོས་ཅན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པར་ཐལ། ཁྱོད་རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན།ཁྱོད་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་ཀྱི་རྫས་མཐུན་དང་མི་འགལ་བ་དེ་རྫས་ཆོས་ཀྱི་རྫས་མཐུན་གྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་ཀྱི་རྫས་མཐུན་དང་མི་འགལ་བ། ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པར་ཐལ། ཁྱོད་རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་མ་ཡིན་པ་ཁྱོད་ཡིན་དེ་མ་ཡིན་པར་ཐལ། ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཁྱོད་མ་ཡིན་པའམ་ཁྱོད་མ་ཡིན་པ་ཁྱོད་ཡིན་གང་རུང་མ་ཡིན་པར་ཐལ། དང་པོ་མིན་པ་གང་ཞིགཕྱི་མ་མ་ཡིན་པའི་ཕྱིར།རྟགས་རེ་རེ་ནས་ཁས། འདོད་ན། དེ་ཆོས་ཅན། ལྡོག་ཆོས་མ་ཡིན་པར་ཐལ། ཁྱོད་ཁྱོད་མ་ཡིན་པའམ་ཁྱོད་མ་ཡིན་པ་ཁྱོད་ཡིན་དུ་གྲུབ་པ་གང་རུང་མ་ཡིན་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་བ་ཐལ། དེ་རྫས་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། ཁྱོད་ཁྱོད་མ་ཡིན་པའམ་ཁྱོད་མ་ཡིན་པ་ཁྱོད་ཡིན་དུ་གྲུབ་པ་གང་རུང་དེ། ཞེས་གསུང་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ།། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན་ཁྱོད་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་དང་མི་འགལ་བ་དེ་རྫས་ཆོས་ཀྱི་མཚན་ཉིད་ཡིན་པར་ཐལ། འདོད་ན། འོ་ན་དེ་ཆོས་ཅན། རྫས་ཆོས་རྟོགས་ན་ཁྱོད་རྟོགས་པས་ཁྱབ་པར་ཐལ། ཁྱོད་རྫས་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། ཀ་བུམ་གཉིས་ཆོས་ཅན། ཁྱོད་གཞི་གྲུབ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་དང་མི་འགལ་བར་རྟོགས་པར་ཐལ། རྫས་ཆོས་རྟོགས་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རྫས་ཆོས་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རྫས་ཆོས་ཡོད་པར་ཐལ། རྫས་ཆོས་ཡོད་ན་རྫས་ཆོས་ཡིན་མི་དགོས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཁྱོད་རང་ཡིན་ཁྱོད་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་དང་མི་འགལ་བ་རྟོགས་པར་ཐལ། རྫས་ཆོས་རྟོགས་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དེ་ཆོས་ཅན། ཁྱོད་ཁྱོད་རང་ཡིན་པར་རྟོགས་པར་ཐལ། རྟགས་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཁྱོད་རང་ཡིན་པར་ཐལ། ཁྱོད་ཁྱོད་རང་ཡིན་པར་རྟོགས་པའི་ཕྱིར། འདོད་ན། ཀ་བུམ་གཉིས་ཆོས་ཅན། ཀ་བུམ་གཉིས་མ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། མ་ཁྱབ་ན། དེ་ཆོས་ཅན། གཞི་གྲུབ་ན་ཁྱོད་མ་ཡིན་པའི་ཁྱབ་པར་ཐལ། ཁྱོད་འགལ་བ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། ཡིན་པ་ཡོད་ན་འགལ་བ་མ་ཡིན་དགོས་པའི་ཕྱིར། དེར་ཐལ། ཡིན་པ་ཡོད་པ་མི་འགལ་བའི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། ཡིན་པ་ཡོད་པ་མི་འགལ་བའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཀ་བུམ་གཉིས་མ་ཡིན་པར་ཐལ། དེ་གཉིས་ཀྱི་ཡིན་པ་མེད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཁྱོད་རང་ཡིན་པར་ཐལ། ཁྱོད་ཁྱོད་རང་ཡིན་པར་རྟོགས་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྱོད་གཞི་གྲུབ་ཁྱོད་ཁྱོད་རང་ཡིན་ཁྱོད་མ་ཡིན་པ་ཁྱོད་མ་ཡིན། ཁྱོད་ཀྱི་ལྡོག་པ་རྫས་ཆོས་དང་མི་འགལ་བ་ཡིན་པར་རྟོགས་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རྫས་ཆོས་རྟོགས་པའི་ཕྱིར། མ་ཁྱབ་ན། དེ་ལ་ཁྱབ་པར་ཐལ། དེ་རྫས་ཆོས་ཀྱི་མཚན་ཉིད་ཡིན་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། བུམ་པ་རྟོགས་ན་ལྟོ་ལྡིར་བ་རྟོགས་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཟེར་ནས་དཔྱད། གཞན་ཡང༌། དངོས་པོ་ཡིན་པར་ཐལ། རང་ཡིན་ལྡོག་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་ཕྱི་མ་གསུམ་ཚང་ན། རང་ཡིན་ལྡོག་ཆོས་ཡིན་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། རང་ཡིན་ལྡོག་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་ཕྱི་མ་གསུམ་ཚང་ན་རང་ཡིན་ལྡོག་ཆོས་ཡིན་པས་ཁྱབ་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན།རྟག་པ་ཁོ་ན་ཆོས་ཅན། རང་ཡིན་ལྡོག་ཆོས་ཡིན་པར་ཐལ། རང་ཡིན་ལྡོག་ཆོས་ཀྱི་མཚན་ཉིད་ཀྱི་དོན་ཕྱི་མ་གསུམ་ཚང་བའི་ཕྱིར། མ་གྲུབ་ན། རྟག་པ་ཁོ་ན་ཆོས་ཅན། དེར་ཐལ།ཁྱོད་ཁྱོད་རང་ཡིན་ཁྱོད་མ་ཡིན་པ་ཁྱོད་ཡིན་ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ཟེར་ན། རྟག་པ་ཁོ་ན་རྟག་པ་ཁོ་ན་ཡིན་པར་ཐལ། རྟག་པ་རྟག་པ་ཡིན་ཞིང་རྟག་པ་ལས་གཞན་རྟག་པ་མ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། དེ་གཞན་ལྡན་རྣམ་གཅོད་ཀྱི་སྒྲ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། རྟག་པ་ཁོ་ན་ཆོས་ཅན། རང་ཡིན་ལྡོག་ཆོས་ཡིན་པར་ཐལ། ཁྱོད་ཁྱོད་རང་ཡིན། ཁྱོད་མ་ཡིན་པ་ཁྱོད་ཡིན། ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་ཡིན་པའི་ཕྱིར།རྟགས་གཉིས་པ་མ་གྲུབ་ཟེར་ན། རྟག་པ་ཁོ་ན་མ་ཡིན་པ་ཆོས་ཅན། རྟག་པ་ཁོ་ན་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། འདོད་ན། རྟག་པ་ཁོ་ན་ཆོས་ཅན། རང་ཡིན་ལྡོག་ཆོས་ཡིན་པར་ཐལ། ཁྱོད་ཁྱོད་རང་ཡིན་ཁྱོད་མ་ཡིན་པ་ཁྱོད་ཡིན་པ་ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། གཞི་གྲུབ་པར་ཐལ། རང་ཡིན་ལྡོག་ཆོས་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། ཁྱོད་གཞི་གྲུབ་ཁྱོད་ཁྱོད་རང་ཡིན་ཁྱོད་མ་ཡིན་པ་ཁྱོད་ཡིན། ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་དེ། རང་ཡིན་ལྡོག་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཁྱོད་གཞི་གྲུབ་ཁྱོད་ཁྱོད་རང་ཡིན་ཁྱོད་མ་ཡིན་པ་ཁྱོད་ཡིན་ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་དེ་རང་ཡིན་ལྡོག་ཆོས་ཀྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། རྟག་པ་ཁོ་ན་ཆོས་ཅན། ཁྱོད་གཞི་མ་གྲུབ་པར་ཐལ། ཁྱོད་མེད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་མེད་པར་ཐལ། ཁྱོད་ཡོད་ཅེས་པའི་ཚིག་ཟུར་གྱི་ཁོ་ན་ཞེས་པ་གཞན་རྣམ་གཅོད་ཀྱི་སྒྲ་གང་ཞིག ཁྱོད་ལས་གཞན་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་ཡིན་ལྡོག་ཆོས་མ་ཡིན་པར་ཐལ། ཁྱོད་གཞི་གྲུབ་ཁྱོད་ཁྱོད་རང་མ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་ཡིན་ལྡོག་ཆོས་ཡིན་པར་ཐལ། རང་ཡིན་ལྡོག་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་ཕྱི་མ་གསུམ་ཚང་པའི་ཕྱིར། མ་ཁྱབ་ཟེར་ན། ཚར། དེ་ཁྱབ་པར་ཐལ། མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར། མ་གྲུབ་ན། ཞོག རྟག་པ་ཁོ་ན་ཆོས་ཅན་ཟེར་ན། དེ་ཆོས་ཅན། ཁྱོད་ཁྱོད་རང་ཡིན་ཁྱོད་མ་ཡིན་པ་ཁྱོད་ཡིན། ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་ཡིན་པར་ཐལ། མ་ཁྱབ་པའི་སྐྱོན་འཇོག་ཚུལ་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་ཡིན་པར་ཐལ། རྟགས་པ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་མ་ཡིན་པར་ཐལ། ཁྱོད་ཀྱི་ལྡོག་པ་མེད་པའི་ཕྱིར། མ་གྲུབ་ན།ཁྱོད་ཀྱི་ལྡོག་པ་མེད་པར་ཐལ། ཁྱོད་མེད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་དེ་མ་ཡིན་པར་ཐལ། ཁྱོད་ཀྱི་ལྡོག་པ་མེད་པའི་ཕྱིར། འདོད་ན། རང་མ་ཡིན་ཀྱི་ལྡོག་ཆོས་ཀྱི་མཚན་ཉིད་ཀྱི་དོན་ཕྱི་མ་གཉིས་ཚང་ན་རང་ཡིན་གྱི་ལྡོག་ཆོས་ཡིན་པའི་ཁྱབ་པར་ཐལ། མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར་ཟེར་ན་དཔྱད། མདུན་གྱི་གཞི་འདིར་དངོས་པོ་དངོས་པོ་དང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། མ་གྲུབ་ན། མདུན་གྱི་གཞི་འདིར་དངོས་པོ་དངོས་པོ་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ། མདུན་གྱི་གཞི་འདིར་དངོས་པོ་དངོས་པོ་དང་གཅིག་ཡིན་པའི་ཕྱིར། མགྲུབ་ན། མདུན་གྱི་གཞི་འདིར་དངོས་པོ་དངོས་པོ་དང་གཅིག་ཡིན་པར་ཐལ། སྤྱིར་དངོས་པོ་དངོས་པོ་དང་གཅིག་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ན་མདུན་གྱི་གཞི་འདིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་དགོས་པ་གང་ཞིག དེ་གཉིས་རིགས་པ་མཚུངས་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ཟེར་ན། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ན་མདུན་གྱི་གཞི་འདིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་མི་དགོས་པར་ཐལ། རྟགས་དང་པོ་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། མདུན་གྱི་གཞི་འདིར་ཆོས་ཅན། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པར་ཐལ། སྔ་མའི་བློ་རྩེ་འཐད་པའི་ཕྱིར། འདོད་ན། མདུན་གྱི་གཞི་འདིར་འདུས་བྱས་ཐམས་ཅད་མི་རྟག་པར་ཁས་ལེན་པའི་ཁས་ལེན་རྣམ་དག་མེད་པར་ཐལ། མདུན་གྱི་གཞི་འདིར་འདུས་བྱས་ཐམས་ཅད་མི་རྟག་པ་མ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། ཀ་བ་བུམ་པ་ཁས་ལེན་པའི་ཁས་ལེན་རྣམ་དག་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ལ་འདོད་ཟེར་ན། མདུན་གྱི་གཞིར་འདིར་འདུས་བྱས་ཐམས་ཅད་མི་རྟག་པར་ཁས་ལེན་པའི་ཁས་ལེན་རྣམ་དག་ཡོད་པར་ཐལ། མདུན་གྱི་གཞི་འདིར་ལྟ་བ་བཀའ་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་པའི་ཁས་ལེན་རྣམ་དག་ཡོད་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། ལྟ་བ་བཀའ་བཏགས་ཀྱི་ཕྱག་བརྒྱ་བཞི་བོ་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། གོང་དུ་མ་གྲུབ་ཟེར་ན། མདུན་གྱི་གཞི་འདིར་ལྟ་བ་བཀའ་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་པའི་ཁས་ལེན་ཡང་དག་ཡོད་པར་ཐལ། མདུན་གྱི་གཞི་འདིར་ལྟ་བ་བཀའ་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་པའི་ཁས་ལེན་རྒྱུད་ལྡན་གྱི་ནང་བའི་གྲུབ་མཐའ་སྨྲ་བ་ཡོད་པའི་ཕྱིར། དེར་ཐལ།མདུན་གྱི་གཞི་འདིར་ནང་བ་པའི་གྲུབ་མཐའ་སྨྲ་བ་ཡོད་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ནང་པའི་གྲུབ་མཐའ་སྨྲ་བ་ཡིན་མིན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང༌། ལྟ་བ་བཀའ་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་མི་ལེན་ལ་བྱེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ནང་བ་པའི་གྲུབ་མཐའ་སྨྲ་བ་ཡིན་ན་ལྟ་བ་བཀའ་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རྟགས་ཁྱབ་ནང་བ་པ་སངས་རྒྱས་པ་ཐམས་ཅད་ཀྱི་ཐུན་མོང་དུ་ཁས་བླངས་ཀྱིས་གྲུབ། ཅེས་གསུངས་པའི་ཕྱིར། གོང་དུ་མ་གྲུབ་ཟེར་ན། མདུན་གྱི་འདིར་ལྟ་བ་བཀའ་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་པའི་ནང་བའི་གྲུབ་མཐའ་སྨྲ་བ་ཡོད་པར་ཐལ། མདུན་གྱི་དམ་བཅའ་བ་དེ་ཡིན་པའི་ཕྱིར། འདོད་ན། མདུན་གྱི་གཞི་འདིར་ལྟ་བ་བཀའ་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་པའི་ཁས་ལེན་རྣམ་དག་ཡོད་པར་ཐལ། མདུན་གྱི་གཞི་འདིར་ལྟ་བ་བཀའ་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་པའི་ནང་བའི་གྲུབ་མཐའ་སྨྲ་བ་ཡོད་པའི་ཕྱིར། འདོད་ན། ཚར། མདུན་གྱི་གཞི་འདིར་ཆོས་ཅན། འདུས་བྱས་ཐམས་ཅད་མི་རྟག་པར་ཁས་ལེན་པའི་ཁས་ལེན་རྣམ་དག་ཡོད་པར་ཐལ། ལྟ་བ་བཀའ་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་པའི་ཁས་ལེན་རྣམ་དག་ཡོད་པའི་ཕྱིར། འདོད་ན། མདུན་གྱི་གཞི་འདིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པར་ཐལ། མདུན་གྱི་གཞི་འདིར་འདུས་བྱས་ཐམས་ཅད་མི་རྟག་པར་ཁས་ལེན་པའི་ཁས་ལེན་དེ་ཁས་ལེན་རྣམ་དག་ཡིན་པའི་ཕྱིར། འདོད་ན། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ན་མདུན་གྱི་གཞི་འདིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་དགོས་པར་ཐལ། འདོད་ན། སྤྱིར་དངོས་པོ་དངོས་པོ་དང་གཅིག་ཡིན་ན་མདུན་གྱི་གཞི་འདིར་དངོས་པོ་དངོས་པོ་གཅིག་ཡིན་དགོས་པར་ཐལ། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ན་མདུན་གྱི་གཞི་འདིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན།མདུན་གྱི་གཞི་འདིར་དངོས་པོ་དངོས་པོ་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ། མདུན་གྱི་གཞི་འདིར་དངོས་པོ་དངོས་པོ་དང་གཅིག་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དངོས་པོ་ཆོས་ཅན། ཁྱོད་དང་གཅིག་ཡིན་ན་ཁྱོད་དང་ཡིན་ཁྱབ་མཉམ་ཡིན་པས་ཁྱབ་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཁྱོད་དང་གཅིག་ཡིན་ན་ཁྱོད་དང་ཡིན་ཁྱབ་མཉམ་ཡིན་པས་ཁྱབ་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཞེས་གསུངས་བའི་ཕྱིར། འདོད་ན། མདུན་གྱི་གཞི་འདིར་དངོས་པོ་ཆོས་ཅན། དངོས་པོ་དང་ཡིན་ཕྱབ་མཉམ་ཡིན་པར་ཐལ། དངོས་པོ་དང་གཅིག་ཡིན་པའི་ཕྱིར། འདོད་ན། དངོས་པོ་ཡིན་ན་མདུན་གྱི་གཞི་འདིར་དངོས་པོ་ཡིན་པས་ཁྱབ་པར་ཐལ། མདུན་གྱི་གཞི་འདིར་དངོས་པོ་དངོས་པོ་དང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། འདོད་ན། རྒྱ་གར་རྡོ་རྗེ་གདན་ཆོས་ཅན། མདུན་གྱི་གཞིར་འདིར་དངོས་པོ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དེ་ཆོས་ཅན། མདུན་གྱི་གཞི་འདིར་ཡོད་པར་ཐལ། མདུན་གྱི་གཞི་འདིར་དངོས་པོ་ཡིན་པའི་ཕྱིར། ཁྱབ་སྟེ། མདུན་གྱི་གཞི་འདིར་མེད་ན་མདུན་གྱི་གཞི་འདིར་དངོས་པོ་ཡིན་ཚུལ་མེད་པའི་ཕྱིར། གོང་ནས་མདུན་གྱི་གཞིར་དངོས་པོ་དངོས་པོ་དང་གཅིག་མིན་ཟེར་བ་ལ། རང་ལུགས་ལ་དངོས་པོ་དངོས་པོ་དང་གཅིག་མ་ཡིན་པར་ཐལ། མདུན་གྱི་གཞི་འདིར་དངོས་པོ་དངོས་པོ་དང་གཅིག་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། རང་ལུགས་ལ་དངོས་པོ་དངོས་པོ་དང་གཅིག་མ་ཡིན་ན་རང་ལུགས་ལ་དངོས་པོ་དངོས་པོའི་ལྡཽག་པ་མ་ཡིན་པར་ཐལ་བ་དང༌། རང་ལུགས་ལ་དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་མ་ཡིན་པར་ཐལ་བ་སོགས་འཕེན་པར་བྱའོ།། །།

བཅུ་གཉིས་པ་རང་ལུགས་ཀྱི་རྫས་ལྡོག་ལ་དོགས་པ་འགོད་པ།

བཅུ་གཉིས་པ་རང་ལུགས་ཀྱི་རྫས་ལྡོག་ལ་དོགས་པ་འགོད་པ།

དེ་ལྔ་པོ་གང་རུང་དང་འདུས་བྱས་ཀྱི་ཤེས་པ་དང༌། དབང་པོ་གཟུགས་ཅན་གང་ཡིན་ན་རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་ཡིན་པས་ཁྱབ་པར་ཐལ། འདོད་ན། འོ་ན་འདུས་བྱས་ཀྱི་ཤེས་པ་ཡིན་ན་རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་ཡིན་པས་ཁྱབ་པར་ཐལ། སྐྱེ་མཆེད་ལྔ་པོ་གང་རུང་དང་འདུས་བྱས་ཀྱི་ཤེས་པ་དང༌། དབང་པོ་གཟུགས་ཅན་གང་ཡིན་ན་རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། འདུས་བྱས་ཀྱི་ཤེས་པ་ཆོས་ཅན། ཁྱོད་ཡིན་ན་རྫས་ཡོད་ཡིན་པའི་ཁྱབ་པར་ཐལ། ཁྱོད་ཡིན་ན་རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། རང་རིག་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། འདོད་ན། རང་རིག་ཆོས་ཅན། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པར་ཐལ། རྫས་ཡོད་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ཟེར་ན། རྫས་ཡོད་ཆོས་ཅན། ཁྱོད་ཡིན་ན་རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པའི་ཆོས་དེ་ཡིན་པའི་ཁྱབ་པར་ཐལ། ཁྱོད་དང་རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟས་མི་དགོས་པའི་རང་མཚན་དུ་གྲུབ་པའི་ཆོས་དེ་གཉིས་ཀ་མཚན་མཚོན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས།རྫས་ཆོས་སམ་རྫས་ཡོད་ཀྱི་མཚན་ཉིད་ཡོད་དེ། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་དེ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། རྫས་ཡོད་ཆོས་ཅན། ཁྱོད་ཡིན་ན་རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་ཡིན་པའི་ཁྱབ་པར་ཐལ། འདོད་ན། རང་རིག་ཆོས་ཅན། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་ཡིན་པར་ཐལ། རྫས་ཡོད་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། རང་རིག་ཆོས་ཅན། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་དེ་མ་ཡིན་པར་ཐལ། ཁྱོད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་དགོས་པའི་རྟོག་བཏགས་ཙམ་དུ་གྲུབ་པའི་ཆོས་དེ་ཡིན་པའི་ཕྱིར། མ་གྲུབ་ན། རང་རིག་ཆོས་ཅན། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་དགོས་པའི་རྟོག་བཏགས་ཙམ་དུ་གྲུབ་པའི་ཆོས་དེ་ཡིན་པར་ཐལ། ཁྱོད་བཏགས་ཡོད་ཡིན་པའི་ཕྱིར། མ་གྲུབ་ན། རང་རིག་ཆོས་ཅན། ཁྱོད་བཏགས་ཡོད་ཡིན་པར་ཐལ། ཁྱོད་མཚུངས་པར་ལྡན་པ་མ་ཡིན་པའི་འདུ་བྱེད་ཡིན་པའི་ཕྱིར། མ་ཁྱབ་ན། མཚུངས་ལྡན་མ་ཡིན་པའི་འདུ་བྱེད་ཆོས་ཅན། ཁྱོད་ཡིན་ན་བཏགས་ཡོད་ཡིན་པས་ཁྱབ་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང་རྒྱལ་སྲས་གྲགས་པའི་བཤེས་གཉེན་གྱིས་མཛད་པའི་ཀུན་བཏུས་འགྲེལ་བ་རྒྱལ་སྲས་མ་ལས། དེ་ལྟར་ན་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཆོས་འདི་རྣམས་ནི། གནས་སྐབས་དག་ལ་གདགས་པའི་ཐམས་ཅད་ཀྱང་བཏགས་པར་ཡོད་པར་རིགས་པར་བྱའོ། །ཞེས་གསུངས་པའི་ཕྱིར། འདོད་ན། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ཟེར་ན། རང་རིག་ཆོས་ཅན། ཁྱོད་རང་ལུགས་ལ་མཚུངས་པར་ལྡན་པ་མ་ཡིན་པའི་འདུ་བྱེད་ཡིན་པར་ཐལ། རང་ལུགས་ལ་མཚུངས་པར་ལྡན་པ་མ་ཡིན་པའི་འདུ་བྱེད་ཡིན་པར་ཁས་ལེན་དགོས་པའི་ཕྱིར། མ་གྲུབ་ན། རང་རིག་ཆོས་ཅན། ཁྱོད་རང་ལུགས་ལ་མཚུངས་པར་ལྡན་པ་མ་ཡིན་པའི་འདུ་བྱེད་ཡིན་པར་ཁས་ལེན་དགོས་པར་ཐལ། ཁྱོད་རང་ལུགས་ལ་མཚུངས་པར་ལྡན་པ་མ་ཡིན་པའི་འདུ་བྱེད་ཡིན་ཀྱང་གཟུགས་ཤེས་གང་རུང་མ་ཡིན་པའི་ལྡན་མིན་མ་ཡིན་ཞེས་བཤད་དགོས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ལྟར་བཤད་དགོས་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རང་རིག་མཚུངས་པར་ལྡན་པ་མ་ཡིན་པའི་འདུ་བྱེད་ཡིན་ཀྱང་གཟུགས་ཤེས་གང་རུང་མ་ཡིན་པའི་ལྡན་མིན་མ་ཡིན་ནམ་སྙམ། ཞེས་གསུངས་པའི་ཕྱྀར། འདོད་ན། རང་རིག་ཆོས་ཅན། ཁྱོད་བཏགས་ཡོད་ཡིན་པར་ཐལ། ཁྱོད་མཚུངས་ལྡན་མ་ཡིན་པའི་འདུ་བྱེད་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། རང་རིག་ཆོས་ཅན། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་དགོས་པའི་རྟོག་བཏགས་ཙམ་དུ་གྲུབ་པའི་ཆོས་དེ་ཡིན་པར་ཐལ། བཏགས་ཡོད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། རང་རིག་ཆོས་ཅན། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་དགོས་པའི་རྟོག་བཏགས་ཙམ་དུ་གྲུབ་པའི་ཆོས་དེ་མ་ཡིན་པར་ཐལ། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་ཡིན་པའི་ཕྱིར། མ་གྲུབ་ན། རང་རིག་ཆོས་ཅན། ཁྱོད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་དེ་ཡིན་པར་ཐལ། ཁྱོད་རྫས་ཡོད་ཡིན་པའི་ཕྱིར། མ་གྲུབ་ན། རང་རིག་ཆོས་ཅན། ཁྱོད་རྫས་ཡོད་ཡིན་པར་ཐལ། ཁྱོད་འདུས་བྱས་ཀྱི་ཤེས་པ་ཡིན་པའི་ཕྱིར། མ་ཁྱབ་ན། འདུས་བྱས་ཀྱི་ཤེས་པ་ཆོས་ཅན། ཁྱོད་ཡིན་ན་རྫས་ཡོད་ཡིན་པས་ཁྱབ་པར་ཐལ། ཁྱོད་ཡིན་ན་རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་དེ་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། མ་གྲུབ་ན། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། དེ་ལྔ་བོ་གང་རུང་དང་འདུས་བྱས་ཀྱི་ཤེས་པ་དང༌། དབང་པོ་གཟུགས་ཅན་གང་ཡིན་ན་རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་ཡིན་པས་ཁྱབ་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འོ་ན། འདུས་བྱས་ཀྱི་ཤེས་པ་ཆོས་ཅན། ཁྱོད་ཡིན་ན་རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་དེ་ཡིན་པས་ཁྱབ་པར་ཐལ། ཁྱོད་དང་སྐྱེ་མཆེད་ལྔ་པོ་གང་རུང་དང་དབང་པོ་གཟུགས་ཅན་གང་ཡིན་ན་རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་ཁྱབ་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། དེ་ལྔ་བོ་གང་རུང་དང་འདུས་བྱས་ཀྱི་ཤེས་པ་དང༌། དབང་པོ་གཟུགས་ཅན་གང་ཡིན་ན་རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་ཡིན་པས་ཁྱབ་པ་ཡིན་ནོ། ཞེས་གསུངས་པའི་ཕྱིར། འདོད་ཟེར་ན་གོང་ལྟར་དཔྱད་པར་བྱའོ། །གཞན་ཡང་རང་རིག་ཆོས་ཅན། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པར་ཐལ། སྔ་མའི་དམ་བཅའ་དེའི་ཕྱིར། འདོད་ན། རང་རིག་ཆོས་ཅན། རང་ཉིད་ཚད་མའི་ངེས་ཞེས་ཚད་མ་གང་འཇོག་རྗེས་དཔག་འཇོག་ན་ནི་གཞན་ལ་ལྟོས་མི་དགོས་ཟེར་བ་ཉམས་ལ། མངོན་སུམ་འཇོག་པ་མི་རིགས་པའི་ཕྱིར་ཟེར་ན་རང་རིག་རང་ཉིད་འཇོག་པ་ཡིན་ནམ་དཔྱད་དོ། །རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་དེ་རྫས་ཆོས་སམ་རྫས་ཡོད་ཀྱི་མཚན་ཉིད་ཡིན་པར་ཐལ། འདོད་ན། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་ཆོས་ཅན། ཁྱོད་རྫས་ཡོད་ཀྱི་མཚན་ཉིད་ཡིན་པར་ཐལ། ཁྱབ་མེད་ཀྱི་ལན་འཐད་པའི་ཕྱིར། འདོད་ན། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་ཆོས་ཅན། རྫས་ཡོད་ཡིན་ན་ཁྱོད་ཡིན་པས་ཁྱབ་པ་དང་ཁྱོད་ཡིན་ན་རྫས་ཡོད་ཡིན་པས་ཁྱབ་པར་ཐལ། ཁྱོད་དང་རྫས་ཡོད་གཉིས་མཚན་མཚོན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་སྔོན་པོ་ཆོས་ཅན། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་ཡིན་པར་ཐལ། ཁྱོད་རྫས་ཡོད་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་སྔོན་པོ་ཆོས་ཅན། ཁྱོད་རྫས་ཡོད་ཡིན་པར་ཐལ། སྐྱེ་མཆེད་ལྔ་པོ་གང་རུང་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་རྫས་ཡོད་ཡིན་པར་ཐལ། སྐྱེ་མཆེད་ལྔ་པོ་གང་རུང་ཡིན་པའི་ཕྱིར། ཁྱབ་པ་གྲུབ་སྟེ། སྐྱེ་མཆེད་ལྔ་པོ་གང་རུང་དང་འདུས་བྱས་ཀྱི་ཤེས་པ་དང༌། དབང་པོ་གཟུགས་ཅན་གང་ཡིན་ན་རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་སྔོན་པོ་ཆོས་ཅན། རྫས་ཡོད་ཡིན་པར་ཐལ། སྐྱེ་མཆེད་ལྔ་པོ་གང་རུང་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་སྔོན་པོ་ཆོས་ཅན། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་དེ་ཡིན་པར་ཐལ། རྫས་ཡོད་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། བདག་མེད་ཀྱི་ཁྱད་པར་དུ་བྱས་པའི་སྔོན་པོ་ཆོས་ཅན། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་དེ་མ་ཡིན་པར་ཐལ། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་དགོས་པའི་ཕྱིར། མ་གྲུབ་ན། བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་སྔོན་པོ་ཆོས་ཅན། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་དགོས་པར་ཐལ། རང་ཉིད་ཚད་མའི་ངེས་པ་ལ་རང་ཉིད་ལས་དོན་གཞན་ཚད་མའི་ངེས་པ་ལ་ལྟོས་དགོས་པའི་ཕྱིར། མ་གྲུབ་ན། བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་སྔོན་པོ་ཆོས་ཅན། རང་ཉིད་ཚད་མའི་ངེས་པ་ལ་དོན་གཞན་ཚད་མའི་ངེས་པ་ལ་ལྟོས་དགོས་པ་ཡིན་པར་ཐལ།རང་ཉིད་ཚད་མའི་ངེས་པ་ལ་བདག་མེད་ཚད་མའི་ངེས་པ་ལ་བལྟོས་དགོས་པའི་ཕྱིར། མ་གྲུབ་ན། བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་སྔོན་པོ་ཆོས་ཅན། དེར་ཐལ། བདག་མེད་མ་ངེས་པར་བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་སྔོན་པོ་ངེས་ཚུལ་མེད་པའི་ཕྱིར། མ་གྲུབ་ན། བདག་མེད་ཆོས་ཅན། ཁྱོད་མ་ངེས་པར་ཁྱོད་ཀྱིས་ཁྱད་པར་དུ་བྱས་པའི་སྔོན་པོ་ངེས་ཚུལ་མེད་པར་ཐལ། གཞི་དེ་མ་ངེས་པར་གཞི་དེའི་ཁྱད་པར་དུ་བྱས་པའི་ཆོས་དེ་ངེས་ཚུལ་མེད་པའི་ཕྱིར། མ་གྲུབ་ན། གཞི་དེ་མ་ངེས་པར་གཞི་དེའི་ཁྱད་པར་དུ་བྱས་པའི་ཆོས་དེ་ངེས་ཚུལ་མེད་པར་ཐལ། གཞི་དེ་མ་གྲུབ་པར་གཞི་དེའི་ཁྱད་པར་དུ་བྱས་པའི་ཆོས་དེ་གྲུབ་པ་མི་སྲིད་པའི་ཕྱིར། མ་གྲུབ་ན། དེ་མི་སྲིད་པར་ཐལ། དེ་ལྟར་མི་སྲིད་པ་དེ་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་རྒྱུ་འབྲས་དབུ་མའི་ཐིག་ལེ་ལས། ཁྱད་གཞི་མེད་ན་ཁྱད་ཆོས་མི་སྲིད་ཕྱིར། །ཞེས་དང༌། རྩ་ཤེས་ལས། བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པ་ག་ལ་འགྱུར། །ཞེས་དང༌། དེའི་འཐད་ཀྱི་སངས་རྒྱས་བསྐྱངས་ཀྱི་འགྲེལ་ལས། དཔེར་ན་མོ་གཤམ་གྱི་བུ་མེད་པར་དམིགས་པ་ཉིད་ལས། དེ་ཡི་མིག་སོགས་དམིགས་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། བདག་མེད་ཆོས་ཅན། ཁྱོད་མ་ངེས་པར་ཁྱོད་ཀྱི་ཁྱད་པར་དུ་བྱས་པའི་སྔོན་པོ་ངེས་ཚུལ་མེད་པར་ཐལ། འདོད་ན། བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་སྔོན་པོ་ཆོས་ཅན། རང་ཉིད་ཚད་མའི་ངེས་པ་ལ་བདག་མེད་ཚད་མའི་ངེས་པ་ལ་ལྟོས་དགོས་པར་ཐལ། བདག་མེད་མ་རྟོགས་པར་ཁྱོད་རྟོགས་ཚུལ་མེད་པའི་ཕྱིར། རྟགས་ཁས། འདོད་ན། བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་སྔོན་པོ་ཆོས་ཅན། རང་ཉིད་ཚད་མའི་ངེས་པ་ལ་དོན་གཞན་ཚད་མའི་ངེས་པ་ལ་ལྟོས་དགོས་པར་ཐལ། རང་ཉིད་ཚད་མའི་ངེས་པ་ལ་བདག་མེད་ཚད་མའི་ངེས་པ་ལ་ལྟོས་དགོས་པའི་ཕྱིར། རྟགས་ཁས། འདོད་ན། བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་སྔོན་པོ་ཆོས་ཅན། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པ་དེ་མ་ཡིན་པར་ཐལ། རང་ཉིད་ཚད་མའི་ངེས་པ་ལ་རང་ཉིད་ལས་དོན་གཞན་ཚད་མའི་ངེས་པ་ལ་ལྟོས་དགོས་པའི་ཕྱིར། རྟགས་ཁས། འདོད་ན། བདག་མེད་ཀྱི་ཁྱད་པར་དུ་བྱས་པའི་སྔོན་པོ་ཆོས་ཅན། ཁྱོད་རྫས་ཆོས་མ་ཡིན་པར་ཐལ། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་དགོས་པའི་རང་མཚན་དུ་གྲུབ་པ་དེ་མ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་མི་ནུས་ཏེ། ཁྱོད་འདུས་བྱས་ཀྱི་ཤེས་པ་དང་གཟུགས་གང་རུང་ཡིན་པའི་ཕྱིར། ཞེས་སོགས་གོང་ལྟར་ཆོས་སྤྱན་དང་ལྡན་པ་དག་གིས་དཔྱད་པར་བྱའོ། །ལྡོག་པ་ཡང་ཡིན་ཆོས་ཡང་ཡིན་པའི་གཞི་མཐུན་པ་ཡིན་ན་ལྡོག་ཆོས་ཡིན་དགོས་པར་ཐལ། རྫས་ཡང་ཡིན་ཆོས་ཡང་ཡིན་པའི་གཞི་མཐུན་པ་ཡིན་ན་རྫས་ཆོས་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། ཅེས་གསུངས་པ་ལ་དཔྱད་ན། དང་པོ་ལ། བུམ་པ་ཆོས་ཅན། ལྡོག་ཆོས་ཡིན་པར་ཐལ། ལྡོག་པ་ཡིན་པ་གང་ཞིག ཆོས་ཡིན་པའི་ཕྱིར་མ་ཁྱབ་ཟེར་ན། འོ་ན་བུམ་པ་ཆོས་ཅན། ལྡོག་པ་ཡིན་པར་ཐལ། འདོད་ན། བུམ་པ་ཆོས་ཅན། གཞན་སེལ་ཡིན་པར་ཐལ། ལྡོག་པ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། དེ་གཉིས་དོན་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཏན་ཚིགས་བསྡུས་དོན་ལས། དེ་དང་གཞན་སེལ་དོན་གཅིག་གོ། །ཞེས་གསུངས་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། དགག་པ་ཡིན་པར་ཐལ། གཞན་སེལ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། དགག་པ་དང༌། སེལ་བ་དང༌། གཞན་སེལ་དང༌། ལྡོག་པ་བཞི་དོན་གཅིག་ཡིན་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། དགག་པ་དང༌། སེལ་བ་དང༌། གཞན་སེལ་དང༌། ལྡོག་པ་བཞི་དོན་གཅིག ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །གཉིས་པ་ལ། ལྡན་མིན་འདུ་བྱེད་རྣམས་ཆོས་ཅན། རྫས་ཆོས་ཡིན་པར་ཐལ། རྫས་ཡང་ཡིན་ཆོས་ཡང་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ལྡན་མིན་འདུ་བྱེད་རྣམས་ཆོས་ཅན། རྫས་ཡང་ཡིན་ཆོས་ཡང་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ། རྫས་ཡིན་པ་གང་ཞིག ཆོས་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཆོས་ཅན། རྫས་ཡིན་པར་ཐལ། ངོ་བོར་སྐྱེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། ངོ་བོར་སྐྱེས་པ་དེ་རྫས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། རྫས་དང་ལྡོག་པའི་མཚན་ཉིད་རིམ་པ་ལྟར། ངོ་བོར་སྐྱེས་པ་དང༌། རང་མ་ཡིན་པ་ལས་ལོག་པར་གནས་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ལྡན་མིན་འདུ་བྱེད་རྣམས་ཆོས་ཅན། རྫས་ཆོས་ཡིན་པར་ཐལ། རྫས་ཡིན་པ་གང་ཞིག ཆོས་ཡིན་པའི་ཕྱིར། འདོད་ན། རྫས་ཡང་ཡིན་ཆོས་ཡང་ཡིན་པའི་གཞི་མཐུན་པ་ཡིན་ན་རྫས་ཆོས་ཡིན་པའི་ཁྱབ་པར་ཐལ་ལོ། ། གཞན་ཡང༌། ཤེས་བྱ་ཆོས་ཅན། རྫས་ཆོས་ཡིན་པར་ཐལ། རྫས་ཡོད་པ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། རྫས་ཡོད་པ་ཡིན་པར་ཐལ། རྫས་དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། རྫས་དངོས་པོ་ཡིན་པར་ཐལ། རྫས་རྫས་ཡིན་པའི་ཕྱིར། གོང་དུ་མ་ཁྱབ་ཟེར་ན། རྫས་ཆོས་ཅན། ཁྱོད་ཡོད་པ་ཡིན་ན། ཁྱོད་ཆོས་ཡིན་པས་ཁྱབ་པར་ཐལ། བདག་མེད་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །གཞན་ཡང་གང་ཟག་ཆོས་ཅན། རྫས་ཡོད་མ་ཡིན་པར་ཐལ། བཏགས་ཡོད་ཡིན་པའི་ཕྱིར། མ་གྲུབ་ན། གང་ཟག་ཆོས་ཅན། བཏགས་ཡོད་ཡིན་པར་ཐལ། ཐེག་མཆོག་དབུ་མ་ལས། གང་ཟག་རྫས་སུ་ཡོད་མ་ཡིན། །བཏགས་པ་ཡོད་པ་ཉིད་དུ་བརྗོད། །ཅེས་གསུངས་པའི་ཕྱིར་ཟེར་ནས་དཔྱད་པར་བྱའོ། །རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཡིན་པར་ཐལ། དངོས་པོ་ཡིན་ན་རྫས་ཡོད་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དངོས་པོ་ཡིན་ན་རྫས་ཡོད་ཡིན་པས་ཁྱབ་པར་ཐལ། གང་ཟག་དང་སྐྱེས་བུ་གཉིས་ཀ་རྫས་ཡོད་ཡིན་པའི་ཕྱིར། མ་གྲུབ་ན། སྐྱེས་བུ་ཆོས་ཅན། རྫས་ཡོད་ཡིན་པར་ཐལ། གང་ཟག་ཡིན་པའི་ཕྱིར། མ་ཁྱབ་ན། གང་ཟག་ཆོས་ཅན། ཁྱོད་ཡིན་ན་རྫས་ཡོད་ཡིན་པས་ཁྱབ་པར་ཐལ། ཁྱོད་ཡིན་ན་འདུས་བྱས་ཀྱི་ཤེས་པ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། གང་ཟག་ཆོས་ཅན། ཁྱོད་ཡིན་ན་འདུས་བྱས་ཀྱི་ཤེས་པ་ཡིན་པས་ཁྱབ་པར་ཐལ། ཁྱོད་ཡིན་ན་ཀུན་གཞི་རྣམ་ཤེས་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། གང་ཟག་ཆོས་ཅན། ཁྱོད་ཡིན་ན་ཀུན་གཞི་རྣམ་ཤེས་ཡིན་པས་ཁྱབ་པར་ཐལ། ཀུན་གཞི་ཁས་ལེན་པའི་ལུགས་ལ། ཀུན་གཞི་རྣམ་ཤེས་སམ་ཡེ་ཤེས་ཀྱི་རྒྱུན་དུ་གྱུར་པ་དེ་གང་ཟག་གི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། གང་ཟག་གི་མཚན་ཉིད། ཕུང་པོ་བཞིའམ་ལྔའི་རྒྱུན་དུ་གྱུར་བའོ། ། ཀུན་གཞི་ཁས་ལེན་ལ་ཀུན་གཞི་རྣམ་ཤེས་སམ་ཡེ་ཤེས་ཀྱི་རྒྱུན་དུ་གྱུར་བའོ། །ཞེས་གསུངས་པའི་ཕྱིར། འདོད་ན། རང་ལུགས་ལ་གང་ཟག་གི་མཚན་ཉིད་དེ་ཀུན་གཞི་རྣམ་ཤེས་སམ་ཡེ་ཤེས་ཀྱི་རྒྱུན་དུ་གྱུར་པ་དེ་ཡིན་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། གང་ཟག་ཆོས་ཅན། ཁྱོད་ཡིན་ན་ཤེས་པ་ཡིན་པས་ཁྱབ་པར་ཐལ། ཁྱོད་ཡིན་ན་ཀུན་གཞི་རྣམ་ཤེས་སམ་ཡེ་ཤེས་ཀྱི་རྒྱུན་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། སྐྱེས་བུ་ཆོས་ཅན། ཤེས་པ་ཡིན་པར་ཐལ། ཁྱོད་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སྐྱེས་བུ་ཆོས་ཅན། ཁྱོད་རྫས་ཡོད་ཡིན་པར་ཐལ། འདུས་བྱས་སུ་གྱུར་པའི་ཤེས་པ་ཡིན་པའི་ཕྱིར། རྟགས་ཁས། ཟེར་ན། སྐྱེས་བུ་དང་གང་ཟག་གཉིས་ཀའི་སྤྱི་ལྡོག་བཏགས་ཡོད་དང༌། གཞི་ལྡོག་གམ་མཚན་གཞི་ལ་རྫས་ཡོད་ཡོད་པར་འདྲའོ། །ཡང་གང་ཟག་དང་སྐྱེས་བུ་གཉིས་ཀ་ཆོས་ཅན། རྫས་ཡོད་ཡིན་པར་ཐལ། བེམ་པོ་དང་ཤེས་པ་གང་རུང་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། གཞི་གྲུབ་པའི་ཕྱིར། མ་ཁྱབ་ན། རང་ལུགས་ལ་གཞི་གྲུབ་ན་བེམ་པོ་དང་ཤེས་པ་གང་རུང་ཡིན་པས་མ་ཁྱབ་པར་ཐལ། འདོད་ན། དེ་ཁྱབ་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་བཀའ་བསྡུ་བཞི་བའི་རྩ་བ་ལས། ཐམས་ཅད་བེམ་རིག་གཉིས་སུ་ཁ་ཚོན་ཆོད། །ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་དོན་བྱེད་ནུས་པའི་རྫས་ཡོད་ཡིན་ན། རྫས་ཡོད་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་ཁྱབ་པར་ཐལ། མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། རྟགས་ལན་འཐད་པའི་ཕྱིར། འདོད་ན། ཞོག་ཟེར། ལྡན་མིན་འདུ་བྱེད་རྣམས་ཆོས་ཅན་ཟེར་ན།ལྡན་མིན་འདུ་བྱེད་རྣམས་ཆོས་ཅན། ཁྱོད་ཡིན་ན་རྫས་ཡོད་མ་ཡིན་པས་ཁྱབ་པར་ཐལ། མ་ཁྱབ་པའི་སྐྱོན་འཇོག་ཚུལ་འཐད་པའི་ཕྱིར། འདོད་ན། བག་ཆགས་ཆོས་ཅན། ཁྱོད་རྫས་ཡོད་མ་ཡིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བག་ཆགས་ཆོས་ཅན། ཁྱོད་རྫས་ཡོད་ཡིན་པར་ཐལ། གཞན་དབང་ཡིན་པའི་ཕྱིར། མ་གྲུབ་ན། བག་ཆགས་ཆོས་ཅན། ཁྱོད་གཞན་དབང་ཡིན་པར་ཐལ། ཁྱོད་ཤེས་པའི་རྫས་ལས་གྲུབ་པས་གཞན་དབང་མཚན་ཉིད་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། བག་ཆགས་ནི་ཤེས་པའི་རྫས་ཡིན་པས་གཞན་དབང་མཚན་ཉིད་པ་ཡིན་ལ། ཞེས་དང༌། ཟུང་འཇུག་རབ་གསལ་ལས། དེ་ཡང་ཐེག་ལེ་བཞི་དང་འབྲེལ་བའི་གནས་སྐབས་བཞིའི་བག་ཆགས་ནི་ཤེས་པ་ཁོ་ན་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན། བག་ཆགས་ཆོས་ཅན། ཁྱོད་རྫས་ཡོད་ཡིན་པར་ཐལ། གཞན་དབང་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་པ་སླ། འདོད་ན། བག་ཆགས་ཆོས་ཅན། ཁྱོད་རྫས་ཡོད་མ་ཡིན་པར་ཐལ། བཏགས་ཡོད་ཡིན་པའི་ཕྱིར། མ་གྲུབ་ན། བག་ཆགས་ཆོས་ཅན། བཏགས་ཡོད་ཡིན་པར་ཐལ། དངོས་པོར་གྱུར་བའི་རྫས་བཏགས་གཉིས་ཡོད་པ་གང་ཞིག ཁྱོད་དངོས་པོར་གྱུར་བའི་བཏགས་ཡོད་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། དང་པོ་གྲུབ་པ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་ལ་རྫས་བཏགས་གཉིས་ཡོད་པར་ཐལ། ཐེག་མཆོག་དབུ་མ་རྩ་བ་ལས། རྫས་ཀྱི་དངོས་དང་བཏགས་པའི་དངོས་པོ་དང༌། ཞེས་དང༌། དེའི་ཐད་ཀྱི་ཟིན་བྲིས་ལས། རྫས་ཀྱི་དངོས་པོ་དང༌། བཏགས་པའི་དངོས་པོ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། བག་ཆགས་ཆོས་ཅན། བཏགས་ཡོད་ཡིན་པར་ཐལ། དངོས་པོར་གྱུར་བའི་རྫས་བཏགས་གཉིས་ཡོད་པ་གང་ཞིག ཁྱོད་དངོས་པོར་གྱུར་པའི་བཏགས་ཡོད་ཡིན་པའི་ཕྱིར། རྟགས་དང་པོ་ཁས། གཉིས་པ་མ་གྲུབ་ན། བག་ཆགས་ཆོས་ཅན། ཁྱོད་དངོས་པོར་གྱུར་པའི་བཏགས་ཡོད་ཡིན་པར་ཐལ། དངོས་པོ་ཡིན་པ་གང་ཞིག བཏགས་ཡོད་ཡིན་པའི་ཕྱིར། རྟགས་དང་པོ་སླ། གཉིས་པ་མ་གྲུབ་ན། བག་ཆགས་ཆོས་ཅན། བཏགས་ཡོད་ཡིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། བག་ཆགས་ཆོས་ཅན། ཁྱོད་ལྡན་མིན་འདུ་བྱེད་ཡིན་པར་ཐལ། ཁྱོད་ལྡན་མིན་འདུ་བྱེད་ཀྱི་མཚན་གཞི་ཡིན་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། ལྡན་མིན་གྱི་མཚན་གཞི་དེ་དག་ལས། དུས་དང༌། ལོ་དང༌། གང་ཟག་དང༌། བག་ཆགས་རྣམས་མདོ་ཙམ་བཤད་ན། ཞེས་དང༌། ཐེག་བསྡུས་ལས། ཀུན་གཞིའི་ཤེས་རྣམ་པར་ཤེས་པ་དང་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་ས་བོན་དེ་དག་ཅིང་སོ་སོར་ཐ་དད་པ་ཡང་མ་ཡིན་མ་ཡིན་མེད་ཀྱི་ཀྱང་འབྱུང་བའི་མཐུའི་ཁྱད་པར་ཅན་ཀུན་གཞི་རྣམ་པར་ཤེས་པ་དེ། དེ་བཞིན་དུ་འབྱུང་བ་ལ་ས་བོན་ཐམས་ཅད། ཅེས་གསུངས་པའི་ཕྱིར། འདོད་ན། བག་ཆགས་ཆོས་ཅན། བཏགས་ཡོད་ཡིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བག་ཆགས་ཆོས་ཅན། བཏགས་ཡོད་མ་ཡིན་པར་ཐལ། རྫས་ཡོད་ཡིན་པའི་ཕྱིར། མ་གྲུབ་ན། བག་ཆགས་ཆོས་ཅན། རྫས་ཡོད་ཡིན་པར་ཐལ། འདུས་བྱས་ཀྱི་ཤེས་པ་ཡིན་པའི་ཕྱིར། མ་གྲུབ་ན། བག་ཆགས་ཆོས་ཅན། འདུས་བྱས་ཀྱི་ཤེས་པ་ཡིན་པར་ཐལ། རྣམ་པར་ཤེས་པ་ཡིན་པའི་ཕྱིར། མ་གྲུབ་ན། བག་ཆགས་ཆོས་ཅན། རྣམ་པར་ཤེས་པ་ཡིན་པར་ཐལ། དོན་གྱི་ངོ་བོ་རིག་པའི་ཆ་ནས་རྣམ་ཤེས་ཡིན་ཞེས་བཤད་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་ས་བཟང་མ་ཏི་པཎ་ཆེན་གྱིས་མཛད་པའི་མངོན་པ་ཀུན་བཏུས་ས་འགྲེལ་ལས། གཉིས་ཀ་དོན་གྱི་ངོ་བོ་རིག་པའི་ཆ་ནས་རྣམ་ཤེས་ཡིན་པས། ཞེས་གསུངས་པའི་ཕྱིར། འདོད་ན། བག་ཆགས་ཆོས་ཅན། འདུས་བྱས་ཀྱི་ཤེས་པ་ཡིན་པར་ཐལ། རྣམ་པར་ཤེས་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བག་ཆགས་ཆོས་ཅན། ཤེས་པ་ཡིན་པར་ཐལ། འདུས་བྱས་ཀྱི་ཤེས་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བག་ཆགས་ཆོས་ཅན། ཤེས་པ་མ་ཡིན་པར་ཐལ། རིག་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། བག་ཆགས་རིག་པ་མ་ཡིན་པར་ཐལ། དེ་ལྟར་མ་ཡིན་པ་དེ་ཡང་ས་བཟང་མ་ཏི་པཎ་ཆེན་གྱིས་མཛད་པའི་བླང་དོར་རབ་གསལ་ལས། ས་བོན་གྱི་ཆ་ནི། དམིགས་རྣམ་མི་འཛིན་ཅིང་ཚོར་བ་དང་མཚུངས་པར་ལྡན་པ་ཡིན་ཏེ། རིག་པ་མ་ཡིན་པའི་ཕྱིར་ཏེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །མི་རྟག་པ་བཏགས་ཡོད་ཀྱི་མཚན་གཞི་ཡིན་པར་ཐལ། འདོད་ན། མི་རྟག་ པ་གཏགས་ཡོད་ཀྱི་མཚན་གཞི་ཡིན་པར་ཐལ། མ་ཁྱབ་པའི་ལན་འཐད་པའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། བཏགས་ཡོད་ཡིན་པར་ཐལ། བཏགས་ཡོད་ཀྱི་མཚན་གཞི་ཡིན་པའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། བཏགས་ཡོད་མ་ཡིན་པར་ཐལ།རྫས་ཡོད་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པ་ཆོས་ཅན། རྫས་ཡོད་ཡིན་པར་ཐལ། རྫས་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པ་ཆོས་ཅན། རྫས་ཆོས་ཡིན་པར་ཐལ། གཞན་དབང་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པ་ཆོས་ཅན། གཞན་དབང་ཡིན་པར་ཐལ། རྟེན་འབྲེལ་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པ་ཆོས་ཅན། རྟེན་འབྲེལ་ཡིན་པར་ཐལ། ཀུན་རྫོབ་ཀྱི་ཆོས་ཡིན་པའི་ཕྱིར། རྟགས་སླ། མ་ཁྱབ་ན། དེ་ཁྱབ་པ་ཡོད་པར་ཐལ། དེ་ལྟར་ཡོད་པ་དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། རྗེ་དེ་ཉིད་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འཕགས་པའི་བདེན་པ་བརྟག་པའི་རབ་བྱེད་ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི།། ཆོས་འགའ་ཡོད་པ་མ་ཡིན་པ། །ཞེས་དང༌། དྲི་ལན་རབ་གསལ་སྣང་བ་ལས། ཀུན་རྫོབ་ཀྱི་ཆོས་དང་རྟེན་འབྲེལ་དོན་གཅིག་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། གཞན་དབང་ཡིན་པར་ཐལ།རྟེན་འབྲེལ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ཟེར་ན། ཁྱབ་པ་ཡོད་པར་ཐལ། དེ་ལྟར་ཁྱབ་བ་ཡོད་པ་དེ་ཡང་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། རྗེ་དེ་ཉིད་ཀྱིས་མཛད་པའི་ཆོས་ཀྱི་ཤན་འབྱེད་ལས། རྟེན་འབྲེལ་དང་གཞན་དབང་དང་གཞན་སྐྱེ་རྣམས་ནི་དོན་གཅིག་པ་ཁོ་ནའོ། ། ཞེས་དང༌། དེ་ཉིད་ལས། འདི་ལ་ཁྱབ་པ་མེད་དོ། ། ཞེས་བསམ་དུ་མི་རུང་སྟེ། རྟེན་འབྲེལ་དང་གཞན་དབང་དོན་གཅིག་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། རྫས་ཆོས་ཡིན་པར་ཐལ། གཞན་དབང་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ཟེར་ན། ཁྱབ་པ་ཡོད་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རྫས་ཆོས་དང༌། གཞན་དབང༌། རྫས་ཡོད། རང་རྐྱ་འཛིན་ཐུབ་པའི་རྫས་ཡོད་རྣམས་དོན་གཅིག་པའི་ཕྱིར། ཞེས་གསུངས་བའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། རྫས་ཡོད་ཡིན་པར་ཐལ། རྫས་ཆོས་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་པ་སྔར་བསྒྲུབས་ཟིན། འདོད་ན། མི་རྟག་པ་ཆོས་ཅན། བཏགས་ཡོད་མ་ཡིན་པར་ཐལ། རྫས་ཡོད་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། རྫས་ཡོད་ཡིན་ན་བཏགས་ཡོད་མ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། རྫས་ཡོད་ཡིན་ན་བཏགས་ཡོད་མ་ཡིན་པས་ཁྱབ་པར་ཐལ། རྫས་ཡོད་དང་བཏགས་ཡོད་གཉིས་ཀྱི་གཞི་མཐུན་མེད་པའི་ཕྱིར། མ་གྲུབ་ན། དེ་མེད་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རྫས་བཏགས་འགལ་བ་གང་ཞིག ཅེས་གསུངས་བའི་ཕྱིར། འདོད་ན། རྫས་ཡོད་ཡིན་ན་བཏགས་ཡོད་མ་ཡིན་པས་ཁྱབ་པར་ཐལ། རྫས་ཡོད་དང་བཏགས་ཡོད་གཉིས་འགལ་བ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། མི་རྟག་པ་ཆོས་ཅན། བཏགས་ཡོད་མ་ཡིན་པར་ཐལ། རྫས་ཡོད་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། མི་རྟག་པ་ཆོས་ཅན། བཏགས་ཡོད་ཡིན་པར་ཐལ། བཏགས་ཡོད་ཀྱི་མཚན་གཞི་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། མཚན་གཞི་ནི། མི་རྟག་པ་དང༌། ནམ་མཁའ་ལྟ་བུའོ། །ཞེས་དང༌། སྔོན་མེད་ལེགས་བཤད་ལས། ལྡན་མིན་འདུ་བྱེད་ཞེས་གྲགས་ཏེ། འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་གམ་ཕྱེད་ཕྱི་མ་སྟེ། བཏགས་པའི་འདུ་བྱེད་དང༌། ཞེས་གསུངས་བའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་དེ། རྫས་ཆོས་སམ་རྫས་ཡོད་ཀྱི་མཚན་ཉིད་ཡིན་པར་ཐལ། འདོད་ན། འོ་ན་རྫས་ཆོས་ཡིན་ན་དེ་ཡིན་པས་ཁྱབ་པ་དང་དེ་ཡིན་ན་རྫས་ཆོས་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། གཟུགས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། མ་གྲུབ་ན། གཟུགས་ཆོས་ཅན། རྫས་ཆོས་ཡིན་པར་ཐལ། རྫས་ཆོས་ཀྱི་མཚན་གཞི་ཡིན་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང༌། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། མཚན་གཞི་ནི་ཡོད་དེ། གཟུགས་དང་སེམས་དང་སེམས་བྱུང་ལྟ་བུའོ། ། ཞེས་གསུངས་པའི་ཕྱིར། འདོད་ན། གཟུགས་ཆོས་ཅན། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པར་ཐལ། རྫས་ཆོས་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དམ་དོན་གཞན་ལ་ལྟོས་དགོས་པའི་ཕྱིར། རྟགས་མ་གྲུབ་ན། དེ་དགོས་པར་ཐལ། གཟུགས་རང་ཉིད་ཚད་མའི་ངེས་པ་ལ་དོན་གཞན་ལ་ལྟོས་དགོས་པའི་ཕྱིར། དེར་ཐལ། དེའི་མཚན་ཉིད་ལ་ལྟོས་དགོས་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། བུམ་པ་ཚད་མའི་ངེས་པ་ལ་དོན་གཞན་ལ་ལྟོས་དགོས་པའི་རྒྱུ་མཚན་དེའི་མཚན་ཉིད་དམ་ཡང་ན་ལྟོ་ལྡིར་བ་སོགས་ལ་ལྟོས་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་གཉིས་རིགས་པ་མཚུངས་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། མི་མཚུངས་ཚུལ་གང་ཡིན་དཔྱད་དགོས་ཤིང༌། གོང་དུ་རྟགས་མ་གྲུབ་ཟེར་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང༌། ཀུན་བཏུས་ས་འགྲེལ་ལས།དེའང་བུམ་པ་བློ་ཡུལ་དུ་བྱུང་བ་ལྟོ་ལྡིར་གྱི་གཟུགས་ལ་ལྟོས་པ་ལྟ་བུ་མ་ཡིན་པར། ཞེས་གསུངས་པའི་ཕྱིར། འདོད་ན་ཚ། འོ་ན་གཟུགས་ཆོས་ཅན། རང་ཉིད་ཚད་མའྀ་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་དགོས་པར་ཐལ། ཁྱོད་བློ་ཡུལ་དུ་ངེས་པ་ལ་རང་གི་མཚན་ཉིད་ལ་ལྟོས་པའི་ཕྱིར། འདོད་ན། བཏགས་ཡོད་ཡིན་པར་ཐལ་ཟེར་ན་དཔྱད་པར་བྱའོ། །

བཅུ་གསུམ་པ་ཁྱབ་པ་སྒོ་བརྒྱད་ཀྱི་དོགས་པ་འགོད་པ།

བཅུ་གསུམ་པ་ཁྱབ་པ་སྒོ་བརྒྱད་ཀྱི་དོགས་པ་འགོད་པ་ལ།

རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དངོས་པོ་ཡིན་པར་ཐལ། རྟགས་གསལ་དང་བཅས་པའི་ཐལ་འགྱུར་གང་དང་གང་གི་རྗེས་ཁྱབ་ཀློང་བའི་ཚེ་ན་རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་པ་ཀློང་རིགས་པ་ཡིན་པའི་ཕྱིར། མ་ཁྱབ་ན། རྟགས་གསལ་དང་བཅས་པའི་ཐལ་འགྱུར་གང་དང་གང་གི་རྗེས་ཁྱབ་ཀློང་བའི་ཚེ་ན་རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་པ་ཀློང་རིགས་པ་ཡིན་པར་ཐལ། ཁྱབ་མེད་ཀྱི་ལན་འཐད་པའི་ཕྱིར། འདོད་ན། རྟགས་དེ་ཡིན་པར་ཐལ། གསལ་བ་དེ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྗེས་ཁྱབ་ཀློང་བའི་ཚེ་ན་རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་པ་ཀློང་རིགས་པ་ཡིན་པར་ཐལ། རྟགས་གསལ་དང་བཅས་པའི་ཐལ་འགྱུར་ཡིན་པའི་ཕྱིར། འདོད་ན། རྟགས་དེ་ཡིན་པར་ཐལ། གསལ་བ་དེ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྗེས་ཁྱབ་ཀློང་བའི་ཚེ་ན་རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་པ་ཀློང་རིགས་པ་མ་ཡིན་པར་ཐལ། ཁྱོད་ཀྱི་རྗེས་ཁྱབ་ཀློང་བའི་ཚེ་ན་གསལ་བ་དེ་ཡིན་ན་རྟགས་དེ་ཡིན་པས་ཁྱབ་པ་ཀློང་རིགས་པ་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་དེ་ཡིན་པར་ཐལ། གསལ་བ་དེ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྗེས་ཁྱབ་ཀློང་བའི་ཚེ་ན་གསལ་བ་དེ་ཡིན་ན་རྟགས་དེ་ཡིན་པས་ཁྱབ་པ་ཀློང་རིགས་པ་ཡིན་པར་ཐལ། ཁྱོད་རྟགས་གསལ་བ་དང་གསལ་བ་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་པ་ཡོད་པར་ཐལ། དངོས་པོས་གསལ་བ་དང་གཟུགས་ཀྱིས་རྟགས་བྱས་པའི་ཐལ་འགྱུར་ཡིན་ན་གཟུགས་ཡིན་ན་དངོས་པོ་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ལ་རྟགས་མ་གྲུབ་ཟེར་ན། རྟགས་དེ་ཡིན་པར་ཐལ། གསལ་བ་དེ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་རྟགས་གསལ་བ་དང་གསལ་བ་རྟགས་བྱས་པའི་ཐལ་འགྱུར་ཡིན་པར་ཐལ། ཁྱོད་ཀྱི་རྟགས་གསལ་གཉིས་རེ་རེ་ནས་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། འདོད་ན། རྟགས་དེ་ཡིན་པར་ཐལ། གསལ་བ་དེ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྗེས་ཁྱབ་ཀློང་བའི་ཚེ་ན་གསལ་བ་དེ་ཡིན་ན་རྟགས་དེ་ཡིན་པས་ཁྱབ་པ་ཀློང་རིགས་པ་ཡིན་པར་ཐལ། ཁྱོད་རྟགས་དེ་གསལ་བ་དང་གསལ་བ་དེ་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། འདོད་ན། རྟགས་དེ་ཡིན་པར་ཐལ། གསལ་བ་དེ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྗེས་ཁྱབ་ཀློང་བའི་ཚེ་ན་གསལ་བ་དེ་ཡིན་ན་རྟགས་དེ་ཡིན་པས་ཁྱབ་པ་ཀློང་རིགས་པ་མ་ཡིན་པར་ཐལ། ཁྱོད་ཀྱི་རྗེས་ཁྱབ་ཀློང་བའི་ཚེ་ན་རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་པ་ཀློང་རིགས་པའི་ཕྱིར། མ་གྲུབ་ན། རྟགས་དེ་ཡིན་པར་ཐལ། གསལ་བ་དེ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྗེས་ཁྱབ་ཀློང་བའི་ཚེ་ན་རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་པ་ཀློང་རིགས་པ་ཡིན་པར་ཐལ། ཁྱོད་རྟགས་གསལ་དང་བཅས་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་པ་ཀློང་ཚུལ་ནི། རྗེས་ཁྱབ་ཀློང་ཚུལ་དང༌། ཞེས་གསུངས་པའི་ཕྱིར་ན་དཔྱད་པར་བྱའོ། །གཞན་ཡང༌། དངོས་པོ་ཡིན་པར་ཐལ། ཐལ་འགྱུར་གྱི་ཁྱབ་པ་སྒོ་བརྒྱད་ཡོད་པའི་ཕྱིར། མ་ཁྱབ་ན། ཐལ་འགྱུར་གྱི་ཁྱབ་པ་སྒོ་བརྒྱད་ཡོད་པར་ཐལ། ཁྱབ་མེད་ཀྱི་ལན་འཐད་པའི་ཕྱིར། འདོད་ན། འགལ་ཁྱབ་ཡོད་པར་ཐལ། ཁྱབ་པ་སྒོ་བརྒྱད་ཡོད་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། རྟགས་དེ་ཡིན་ན་གསལ་བ་དེ་མ་ཡིན་པས་ཁྱབ་པ་མེད་པའི་ཕྱིར། མ་གྲུབ་ན། རྟགས་དེ་ཡིན་ན་གསལ་བ་དེ་མ་ཡིན་པས་ཁྱབ་པ་མེད་པར་ཐལ། རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། བདག་མེད་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། བདག་མེད་ཡིན་ན་ཐལ་འགྱུར་གྱི་གསལ་བ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། བདག་མེད་ཡིན་ན་རང་ཉིད་གསལ་བར་བཀོད་པའི་ཐལ་འགྱུར་ཡོད་པས་ཁྱབ་པའི་ཕྱིར། དེར་ཐལ། མ་ཁྱབ་པའི་སྐྱོན་འཇོག་རྒྱུ་མེད་པའི་ཕྱིར་ན་དཔྱད་དོ། ། དངོས་མེད་ཀྱིས་གསལ་བ་དང༌། མཚོན་བྱས་རྟགས་བྱས་པའི་ཐལ་འགྱུར་ཡིན་ན་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པས་ཁྱབ་པར་ཐལ། འདོད་ན། དངོས་མེད་ཀྱིས་གསལ་བ་དང་མཚོན་བྱས་རྟགས་བྱས་པའི་ཐལ་འགྱུར་ཡིན་ན་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པས་ཁྱབ་པར་ཐལ། ཁྱབ་མེད་ཀྱི་ལན་འཐད་པའི་ཕྱིར། འདོད་ན། དངོས་མེད་ཀྱིས་གསལ་བ་དང་མཚོན་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ། དངོས་མེད་ཀྱིས་གསལ་བ་དང་མཚོན་བྱས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དངོས་མེད་ཀྱིས་གསལ་བ་དང༌། མཚོན་བྱས་རྟགས་བྱས་པའི་ཐལ་འགྱུར་ཡིན་པར་ཐལ། དེ་འདྲའི་ཐལ་འགྱུར་གྱི་རྟགས་ངོས་འཛིན་པའི་ཚེ་ན་དངོས་མེད་ཀྱིས་གསལ་བ་དང་མཚོན་བྱ་དེ་འཇོག་དགོས་པ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་མེད་ཀྱིས་གསལ་བ་དང་མཚོན་བྱས་རྟགས་བྱས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་གྱི་རྟགས་ངོས་བཟུང་བའི་ཚེ་ན་དངོས་མེད་ཀྱིས་གསལ་བ་དང་མཚོན་བྱ་དེ་འཇོག་དགོས་པ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། མ་ཁྱབ་དེ་འདྲའི་ཐལ་འགྱུར་གྱི་རྟགས་དེ་ལ་མཚོན་བྱ་དེ་འཇོག་ཅེས་ཟེར་ན། དངོས་མེད་ཀྱིས་གསལ་བ་དང་མཚོན་བྱ་ཆོས་ཅན། ཁྱོད་རྟགས་སུ་བཀོད་པའི་ཐལ་འགྱུར་མེད་པར་ཐལ་ཟེར་ན་དཔྱད་དོ། ། རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཡིན་པར་ཐལ། སྒྲ་ཆོས་ཅན། མི་རྟག་ པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་ན་གང་དྲན་དྲན་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་ན་གང་དྲན་དྲན་ཡིན་པས་ཁྱབ་པར་ཐལ། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་མ་ཡིན་པའ་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། བྱས་པ་དང་གཅིག་ཡིན་པར་ཐལ། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་དགོས་པའི་ཕྱིར་ཟེར་ན་དཔྱད་དོ། །སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཆོས་ཅན། ཁྱོད་མ་ཡིན་ན་ཁྱོད་ཡིན་ན་གང་དྲན་དྲན་ཡིན་པས་མ་ཁྱབ་པར་ཐལ། འདོད་ན། ཐལ་འགྱུར་མ་ཡིན་ན་ཐལ་འགྱུར་ཡིན་ན་གང་དྲན་དྲན་ཡིན་པས་མ་ཁྱབ་པར་ཐལ། འདོད་ན། ཞོག་ཅེས་ཟེར་ནས་དཔྱད་པར་བྱའོ། ། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། རྗེས་ཁྱབ་རྣལ་མ་གྲུབ་པར་ཐལ། རྟགས་དེ་ཡིན་ན་གསལ་དེ་ཡིན་པས་ཁྱབ་པའི་ཕྱིར་ཟེར་ན། འོ་ན། སྤྱིར་ཆོས་ཅན། རྗེས་ཁྱབ་རྣལ་མ་གྲུབ་པར་ཐལ། རྟགས་དེ་ཡིན་ན་གསལ་དེ་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། སྤྱིར་ཆོས་ཅན། རྗེས་ཁྱབ་རྣལ་མ་མ་གྲུབ་པར་ཐལ། འགལ་ཁྱབ་རྣལ་མ་གྲུབ་པའི་ཕྱིར། མ་གྲུབ་ན། འགལ་ཁྱབ་རྣལ་མ་གྲུབ་པར་ཐལ། འགལ་ཁྱབ་རྣལ་མ་ཚད་མས་གྲུབ་པའི་ཕྱིར། མ་གྲུབ་ན། འགལ་ཁྱབ་རྣལ་མ་ཚད་མས་གྲུབ་པར་ཐལ།ཁྱབ་པ་སྒོ་བརྒྱད་ཚད་མས་གྲུབ་པའི་ཕྱིར། མ་གྲུབ་ན། ཁྱབ་པ་སྒོ་བརྒྱད་ཚད་མས་གྲུབ་པར་ཐལ། ཁྱབ་པ་སྒོ་བརྒྱད་ཡོད་པའི་ཕྱིར། མ་གྲུབ་ན། ཁྱབ་པ་སྒོ་བརྒྱད་ཡོད་པར་ཐལ། ཁྱབ་པ་སྒོ་བརྒྱད་ཀློང་ཚུལ་ཡོད་པའི་ཕྱིར། མ་ཁྱབ་ན་ཟེར་ན་དཔྱད། འདོད་ན། ཁྱབ་པ་སྒོ་བརྒྱད་ཚད་མས་གྲུབ་པར་ཐལ། ཁྱབ་པ་སྒོ་བརྒྱད་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། འགལ་ཁྱབ་རྣལ་མ་ཚད་མས་གྲུབ་པར་ཐལ། ཁྱབ་པ་སྒོ་བརྒྱད་ཚད་མས་གྲུབ་པའི་ཕྱིར། འདོད་ན། འགལ་ཁྱབ་རྣལ་མ་གྲུབ་པར་ཐལ། འགལ་ཁྱབ་རྣལ་མ་ཚད་མས་གྲུབ་པའི་ཕྱིར། འདོད་ན། འགལ་ཁྱབ་རྣལ་མ་མ་གྲུབ་པར་ཐལ། རྟགས་དེ་ཡིན་ན་གསལ་བ་དེ་མ་ཡིན་པས་ཁྱབ་པ་མ་གྲུབ་པའི་ཕྱིར། མ་གྲུབ་ན། རྟགས་དེ་ཡིན་ན་གསལ་བ་དེ་མ་ཡིན་པས་ཁྱབ་པ་མ་གྲུབ་པར་ཐལ། རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་པ་གྲུབ་པའི་ཕྱིར། མ་གྲུབ་ན། རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་པ་གྲུབ་པར་ཐལ། རྗེས་ཁྱབ་རྣལ་མ་གྲུབ་པའི་ཕྱིར། མ་གྲུབ་ན། སྤྱིར་ཆོས་ཅན། རྗེས་ཁྱབ་རྣལ་མ་གྲུབ་པར་ཐལ། རྟགས་དེ་ཡིན་ན་གསལ་དེ་ཡིན་པས་ཁྱབ་བ་གྲུབ་པའི་ཕྱིར། མ་ཁྱབ་ཟེར་ན། རྟགས་དེ་ཡིན་ན་གསལ་དེ་ཡིན་པས་ཁྱབ་པ་གྲུབ་ན་རྗེས་ཁྱབ་རྣལ་མ་གྲུབ་པས་ཁྱབ་པར་ཐལ། རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་བ་གྲུབ་པ་རྗེས་ཁྱབ་ཀློང་ཚུལ་དངོས་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་བ་གྲུབ་པ་རྗེས་ཁྱབ་ཀློང་ཚུལ་དངོས་ཡིན་པར་ཐལ། རྟགས་གསལ་དང་ལྡན་པའི་ཐལ་འགྱུར་གང་དང་གང་གི་རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་བ་གྲུབ་པ་རྗེས་ཁྱབ་ཀློང་ཚུལ་དངོས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་༩༢ལས། རྟགས་གསལ་དང་ལྡན་པའི་ཐལ་འགྱུར་གང་དང་གང་གི་རྗེས་ཁྱབ་ཀློང་བའི་ཚེ་ན་རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིགཅེས་གསུངས་པའི་ཕྱིར། འདོད་ན། རྟགས་གསལ་དང་ལྡན་པའི་ཐལ་འགྱུར་གང་དང་གང་གི་རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་བ་གྲུབ་པ་རྗེས་ཁྱབ་ཀློང་ཚུལ་དངོས་ཡིན་པར་ཐལ། འདོད་ན། རྟགས་དེ་ཡིན་ན་གསལ་དེ་ཡིན་པས་ཁྱབ་བ་གྲུབ་པ་རྗེས་ཁྱབ་ཀློང་ཚུལ་དངོས་ཡིན་པར་ཐལ། རྟགས་གསལ་དང་ལྡན་པའི་ཐལ་འགྱུར་གང་དང་གང་གི་རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་བ་གྲུབ་པ་རྗེས་ཁྱབ་ཀློང་ཚུལ་དངོས་ཡིན་པའི་ཕྱིར། འདོད་ན། རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་བ་གྲུབ་ན་རྗེས་ཁྱབ་རྣལ་མ་གྲུབ་པས་ཁྱབ་པར་ཐལ། རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་བ་གྲུབ་པ་རྗེས་ཁྱབ་ཀློང་ཚུལ་དངོས་ཡིན་པའི་ཕྱིར། འདོད་ན། སྤྱིར་ཆོས་ཅན། རྗེས་ཁྱབ་རྣལ་མ་གྲུབ་པར་ཐལ། རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་བ་གྲུབ་པའི་ཕྱིར། མ་གྲུབ་ན། སྤྱིར་རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་བ་ཆོས་ཅན། གྲུབ་པར་ཐལ། ཚད་མའི་གྲུབ་པའི་ཕྱིར། ཞེས་པའི་རིགས་པས་དཔྱད་པར་བྱའོ། ། དངོས་མེད་གསལ་བ་བཀོད་པ་དང་མཚོན་བྱ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་ན་མཚོན་བྱ་ཡིན་ན་དངོས་མེད་ཡིན་པས་ཁྱབ་བ་དེ་འདྲའི་ཐལ་འགྱུར་གྱི་རྗེས་ཁྱབ་ཀློང་ཚུལ་ཡིན་པས་ཁྱབ་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་༩༢ལས། མཚོན་བྱ་ཡིན་ན་དངོས་མེད་ཡིན་པས་ཁྱབ་བ་དེ་འདྲའི་ཐལ་འགྱུར་གྱི་རྗེས་ཁྱབ་ཀློང་ཚུལ་དངོས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྟགས་གསལ་དང་ལྡན་པའི་ཐལ་འགྱུར་གང་དང་གང་གི་རྗེས་ཁྱབ་ཀློང་བའི་ཚེ་ན་རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག དངོས་མེད་གསལ་བ་བཀོད་པ་དང་མཚོན་བྱ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། རྟག་པ་ཡིན་པར་ཐལ། དངོས་མེད་གསལ་བ་བཀོད་པ་དང་མཚོན་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། མཚོན་བྱ་ཡིན་ན་དངོས་མེད་ཡིན་པས་ཁྱབ་བ་དེ་འདྲའི་ཐལ་འགྱུར་གྱི་རྗེས་ཁྱབ་ཀློང་ཚུལ་ཡིན་པར་ཐལ། དངོས་མེད་གསལ་བ་བཀོད་པ་དང་མཚོན་བྱ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་ཡིན་པར་ཐལ། དངོས་མེད་གསལ་བ་བཀོད་པ་དང་མཚོན་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། དངོས་མེད་གསལ་བ་བཀོད་པ་དང་མཚོན་བྱ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པར་ཐལ། དེ་འདྲའི་ཐལ་འགྱུར་གྱི་གང་རྟགས་སུ་བཀོད་པའི་རྟགས་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། མཚོན་བྱ་ཡིན་ན་དངོས་མེད་ཡིན་པས་ཁྱབ་བ་དེ་འདྲའི་ཐལ་འགྱུར་གྱི་རྗེས་ཁྱབ་ཀློང་ཚུལ་ཡིན་པར་ཐལ། དངོས་མེད་གསལ་བ་བཀོད་པ་དང་མཚོན་བྱ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྟག་པ་ཡིན་པར་ཐལ། དངོས་མེད་གསལ་བ་བཀོད་པ་དང་མཚོན་བྱ་རྟགས་སུ་བཀོད་པའི་ཐལ་འགྱུར་མ་ཡིན་པར་ཐལ། མཚོན་བྱ་ཡིན་ན་དངོས་མེད་ཡིན་པས་ཁྱབ་བ་དེ་འདྲའི་ཐལ་འགྱུར་གྱི་རྗེས་ཁྱབ་ཀློང་ཚུལ་ཡིན་པའི་ཕྱིར། འདོད་ན། རྟག་པ་ཡིན་པར་ཐལ། དངོས་མེད་གསལ་བ་བཀོད་པ་དང་མཚོན་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། རྟག་པ་ཡིན་པར་ཐལ། དངོས་མེད་གསལ་བ་བཀོད་པ་དང་མཚོན་བྱ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པར་ཐལ། ཆོས་ཅན་དེའི་ཕྱིར། ཞེས་རིགས་པས་དཔྱད་དོ། །ཁྱོད་ཀྱི་རྗེས་ཁྱབ་ཀློང་བའི་ཚེ་ན་རྟག་དངོས་གཉིས་ཡིན་ན་ཀྭ་བུམ་གཉིས་ཡིན་པས་ཁྱབ་བ་ཀློང་རིགས་པ་ཡིན་པར་ཐལ། ཁྱོད་ཀྭ་བུམ་གཉིས་ཀྱི་གསལ་བ་དང༌། རྟག་དངོས་གཉིས་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཞེས་པའི་ལུང་གི་དོན་ཡོད་པར་ཐལ། ཡོད་པའི་ཕྱིར། འདོད་ན། ཞོག ཁྱོད་ཀྭ་བུམ་གཉིས་ཀྱི་གསལ་བ་རྟག་དངོས་གཉིས་རྟགས་བྱས་པའི་ཐལ་འགྱུར་ཡིན་ན་ཁྱོད་ཀྱི་རྗེས་ཁྱབ་ཀློང་བའི་ཚེ་ན་རྟག་དངོས་གཉིས་ཡིན་ན་ཀྭ་བུམ་གཉིས་ཡིན་པས་ཁྱབ་པ་ཀློང་རིགས་པས་ཁྱབ་པ་ཆོས་ཅནཟེར་ན། འོ་ན་ཁྱོད་ཀ་བུམ་གཉིས་ཀྱི་གསལ་བ་རྟག་དངོས་གཉིས་རྟགས་བྱས་པའི་ཐལ་འགྱུར་ཡིན་ན་ཁྱོད་ཀྱི་རྗེས་ཁྱབ་ཀློང་བའི་ཚེ་ན་རྟག་དངོས་གཉིས་ཡིན་ན་ཀ་བུམ་གཉིས་ཡིན་པས་ཁྱབ་པ་ཀློང་རིགས་པས་ཁྱབ་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། བདག་མེད་ཡིན་པར་ཐལ། ཀྭ་བུམ་གཉིས་ཀྱི་གསལ་བ་རྟག་དངོས་གཉིས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྗེས་ཁྱབ་ཀློང་བའི་ཚེ་ན་རྟག་དངོས་གཉིས་ཡིན་ན་ཀྭ་བུམ་གཉིས་ཡིན་པས་ཁྱབ་བ་ཀློང་རིགས་པ་ཡིན་པར་ཐལ། ཁྱོད་ཀྭ་བུམ་གཉིས་ཀྱི་གསལ་བ་རྟག་དངོས་གཉིས་ཀྱི་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། མ་གྲུབ་ན། བདག་མེད་ཡིན་པར་ཐལ། ཀྭ་བུམ་གཉིས་ཀྱི་གསལ་བ་རྟག་དངོས་གཉིས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྭ་བུམ་གཉིས་ཀྱི་གསལ་བ་རྟག་དངོས་གཉིས་རྟགས་བྱས་པའི་ཐལ་འགྱུར་ཡིན་པར་ཐལ། ཁྱོད་ཆོས་གང་རྟགས་བྱས་པའི་ཐལ་འགྱུར་ཡིན་པ་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། མ་ཁྱབ་ན། ཞོག ཀྭ་བུམ་གཉིས་ཀྱི་གསལ་བ་རྟག་དངོས་གཉིས་ཆོས་ཅན། འོ་ན་བདག་མེད་ཡིན་པར་ཐལ། ཀྭ་བུམ་གཉིས་གསལ་བ་རྟག་དངོས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཀྭ་བུམ་གཉིས་གསལ་བ་རྟག་དངོས་གཉིས་རྟགས་བྱས་པའི་ཐལ་འགྱུར་ཡིན་པར་ཐལ། འཇོག་ཚུལ་འཐད་པའི་ཕྱིར། འདོད་ན། བདག་མེད་ཡིན་པར་ཐལ། ཀྭ་བུམ་གཉིས་ཀྱི་གསལ་བ་རྟག་དངོས་གཉིས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྗེས་ཁྱབ་ཀློང་པའི་ཚེ་ན་རྟག་དངོས་གཉིས་ཡིན་ན་ཀྭ་བུམ་གཉིས་ཡིན་པས་ཁྱབ་བ་ཀློང་རིགས་པ་ཡིན་པར་ཐལ། ཁྱོད་ཀྭ་བུམ་གཉིས་ཀྱི་གསལ་བ་རྟག་དངོས་གཉིས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། མ་ཁྱབ་ཟེར་ན། དེ་ཁྱབ་པ་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྗེས་ཁྱབ་ཀློང་བའི་ཚེ་ན། རྟག་དངོས་གཉིས་ཡིན་ན་ཀྭ་བུམ་གཉིས་ཡིན་པས་ཁྱབ་པ་ཀློང་རིགས་པ་ཡིན་པར་ཐལ། ཁྱོད་ཀྭ་བུམ་གཉིས་གསལ་བ་དང་རྟག་དངོས་གཉིས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། འདོད་ཟེར་ན། དེ་མི་འཐད་པར་ཐལ། དེ་འདྲའི་ཐལ་འགྱུར་གྱི་རྗེས་ཁྱབ་ཀློང་པའི་ཚེ་ན་ཀྭ་བུམ་གཉིས་ཀྱི་གསལ་བ་རྟག་དངོས་གཉིས་ཡིན་ན་བདག་མེད་ཡིན་པས་ཁྱབ་པ་ཀློང་དགོས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །རྟགས་གསལ་དང་བཅས་པའི་ཐལ་འགྱུར་ཡིན་ན་ཁྱོད་ཀྱི་ཁྱབ་པ་སྒོ་བརྒྱད་པོ་གང་རུང་ངེས་པས་ཁྱབ་ཟེར་ན། ཞེས་གསུངས་པ་ལ། རྟགས་གསལ་དང་བཅས་པའི་ཐལ་འགྱུར་ཡིན་ན་ཁྱོད་ཀྱི་ཁྱབ་པ་སྒོ་བརྒྱད་པོ་གང་རུང་ངེས་པས་མ་ཁྱབ་པར་ཐལ། འདོད་ན། རྟགས་གསལ་དང་བཅས་པའི་ཐལ་འགྱུར་ཡིན་ན་ཁྱོད་ཀྱི་ཁྱབ་པ་སྒོ་བརྒྱད་པོ་གང་རུང་ངེས་པས་ཁྱབ་པར་ཐལ། མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར། མ་གྲུབ་ན། ཞོག དངོས་མེད་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན་ཟེར་ན། འོ་ན་དངོས་མེད་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ཁྱབ་པ་སྒོ་བརྒྱད་པོ་གང་རུང་མ་ངེས་པ་ཡིན་པར་ཐལ། ཁྱོད་རྟགས་གསལ་དང་བཅས་པའི་ཐལ་འགྱུར་ཡིན་ལ་ཁྱོད་ཀྱི་ཁྱབ་པ་སྒོ་བརྒྱད་པོ་གང་རུང་ངེས་པས་མ་ཁྱབ་པའི་སྐྱོན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ཁྱབ་པ་སྒོ་བརྒྱད་པོ་གང་རུང་ངེས་པ་ཡིན་པར་ཐལ། ཁྱོད་ཀྱི་རྗེས་ཁྱབ་རྣལ་མ་ངེས་པ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་མེད་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྗེས་ཁྱབ་རྣལ་མ་ངེས་པ་ཡིན་པར་ཐལ། ཁྱོད་ཀྱི་རྗེས་ཁྱབ་ཀློང་བའི་ཚེ་ན་མཚོན་བྱ་ཡིན་ན་དངོས་མེད་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག་མཚོན་བྱ་ཡིན་ན་དངོས་མེད་ཡིན་པས་ཁྱབ་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། མཚོན་བྱ་ཡིན་ན་དངོས་མེད་ཡིན་པས་ཁྱབ་པ་དེ་འདྲའི་ཐལ་འགྱུར་གྱི་རྗེས་ཁྱབ་ཀློང་ཚུལ་དངོས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྟགས་གསལ་དང་ལྡན་པའི་ཐལ་འགྱུར་གང་དང་གང་གི་རྗེས་ཁྱབ་ཀློང་བའི་ཚེ་ན་རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག དངོས་མེད་གསལ་བར་བཀོད་པ་དང་མཚོན་བྱ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། མཚོན་བྱ་ཡིན་ན་དངོས་མེད་ཡིན་པས་ཁྱབ་པར་ཐལ། བདག་མེད་ཡིན་པའི་ཕྱིར། མ་ཁྱབ། ཁྱབ་པ་ཡོད་པར་ཐལ། དངོས་མེད་ཡིན་པར་ཐལ། བདག་མེད་ཡིན་ན་མཚོན་བྱ་ཡིན་པའི་ཕྱིར་ཞེས་པའི་ཐར་འགྱུར་གྱི་དངོས་ཁྱབ་གྲུབ་པའི་ཕྱིར། དེར་ཐལ། དེ་འདྲའི་ཐལ་འགྱུར་གྱི་རྟགས་དེ་ཡིན་ལ་གསལ་བ་དེ་མ་ཡིན་པ་ཞིག་མེད་པའི་ཕྱིར། འདོད་ན། བདག་མེད་ཡིན་ན་མཚོན་བྱ་ཡིན་ན་དངོས་མེད་ཡིན་པས་ཁྱབ་པར་ཐལ། དངོས་མེད་ཡིན་པར་ཐལ། བདག་མེད་ཡིན་ན་མཚོན་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་དངོས་ཁྱབ་གྲུབ་པའི་ཕྱིར། འདོད་ན། མཚོན་བྱ་ཡིན་ན་དངོས་མེད་ཡིན་པས་ཁྱབ་པར་ཐལ། བདག་མེད་ཡིན་པའི་ཕྱིར། འདོད་ན། དངོས་མེད་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྗེས་ཁྱབ་གྲུབ་པར་ཐལ། མཚོན་བྱ་ཡིན་ན་དངོས་མེད་ཡིན་པས་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དངོས་མེད་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ཁྱབ་པ་སྒོ་བརྒྱད་པོ་གང་རུང་ངེས་པར་ཐལ། ཁྱོད་ཀྱི་རྗེས་ཁྱབ་ངེས་པའི་ཕྱིར། རྟགས་ཁས། འདོད་ཟེར་ན། དེ་མི་འཐད་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རྟགས་གསལ་དང་བཅས་པའི་ཐལ་འགྱུར་ཡིན་ན་ཁྱོད་ཀྱི་ཁྱབ་པ་སྒོ་བརྒྱད་པོ་གང་རུང་ངེས་པས་ཁྱབ་ཟེར་ན། དངོས་མེད་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །གཞན་ཡང༌། དངོས་པོ་ཡིན་པར་ཐལ། དངོས་མེད་ཀྱིས་གསལ་བ་དང༌། མཚོན་བྱས་རྟགས་བྱས་པའི་ཐལ་འགྱུར་ཡིན་ན་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། འོ་ན་དངོས་མེད་ཀྱིས་གསལ་བ་དང༌། མཚོན་བྱས་རྟགས་བྱས་པའི་ཐལ་འགྱུར་ཡིན་ན། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པས་ཁྱབ་པར་ཐལ། ཁྱབ་པ་མ་བྱུང་གི་ལན་འཐད་པའི་ཕྱིར། འདོད་ན། དངོས་མེད་ཀྱིས་གསལ་བ་དང་མཚོན་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ། དངོས་མེད་ཀྱིས་གསལ་བ་དང༌། མཚོན་བྱས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་འདྲའི་ཐལ་འགྱུར་དེ་གང་གིས་རྟགས་བྱས་པའི་ཐལ་འགྱུར་ཡིན་པ་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། མ་ཁྱབ་ན། ཞོག. དངོས་མེད་ཀྱིས་གསལ་བ་དང༌། མཚོན་བྱ་ཆོས་ཅན། འོ་ན་དེ་འདྲའི་ཐལ་འགྱུར་ཆོས་ཅན། དངོས་མེད་ཀྱིས་གསལ་བ་དང༌། མཚོན་བྱས་རྟགས་བྱས་པའི་ཐལ་འགྱུར་ཡིན་པར་ཐལ། འཇོག་ཚུལ་འཐད་པའི་ཕྱིར། འདོད་ན། དངོས་ཀྱིས་གསལ་བ་དང༌། མཚོན་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ། དངོས་མེད་ཀྱིས་གསལ་བ་དང༌། མཚོན་བྱས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་མ་ཡིན་པར་ཐལ། རྟགས་ཙམ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར། མ་གྲུབ་ན། དངོས་མེད་ཀྱིས་གསལ་བ་དང༌། མཚོན་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་རྟགས་ཙམ་བཀོད་པའི་ཐལ་འགྱུར་ཡིན་པར་ཐལ། དངོས་མེད་ཀྱིས་གསལ་བ་དང༌། མཚོན་བྱ་ཁྱོད་ཀྱི་རྟགས་ལ་འཇོག་དགོས་པས་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དངོས་མེད་ཀྱིས་གསལ་བ་དང༌། མཚོན་བྱ་ཆོས་ཅན། ཁྱོད་ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ལ་འཇོག་དགོས་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་རྟགས་ཙམ་བཀོད་པའི་ཐལ་འགྱུར་ཡིན་པར་ཐལ། འཇོག་ཚུལ་འཐད་པའི་ཕྱིར། འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། རྟགས་ཙམ་བཀོད་པའི་ཐལ་འགྱུར་མ་ཡིན་པར་ཐལ། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པའི་ཕྱིར། མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ། དངོས་མེད་ཀྱིས་གསལ་བ་དང༌། མཚོན་བྱས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ། དངོས་མེད་ཀྱིས་གསལ་བ་དང༌། མཚོན་བྱས་རྟགས་བྱས་པའི་ཐལ་འགྱུར་ཡིན་ཕྱིར། ཞེས་གསུངས་སོ། །གཞན་ཡང༌། དངོས་པོ་ཡིན་པར་ཐལ། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་པ་མ་བྱུང༌། འོ་ན་སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པར་ཐལ། ཁྱབ་པ་མ་བྱུང་གི་ལན་འཐད་པ་ཡིན་པའི་ཕྱིར། འདོད་ན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པར་ཐལ། སྔ་མའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། བྱས་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པར་ཐལ། འདོད་ན། བྱས་པ་དང་གཅིག་ཡིན་པར་ཐལ། བྱས་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་པའི་ཕྱིར། མ་གྲུབ་ན། བྱས་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་པར་ཐལ། ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། མ་ཁྱབ་ན། ཞོག བྱས་ཆོས་ཅན་ཟེར་ན། འོ་ན་བྱས་པ་ཆོས་ཅན། ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་པར་ཐལ། འཇོག་ཚུལ་འཐད་པའི་ཕྱིར། འདོད་ན། བྱས་པ་དང་གཅིག་ཡིན་པར་ཐལ། བྱས་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། མི་རྟག་པ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་ན་མི་རྟག་པ་དང་གཅིག་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པའི་ཕྱིར། ཡང་ན་གོང་དུ་བྱས་པ་དེ་བྱས་པ་ཡིན་པར་ཐལ་བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་ཡང་བྱས་པ་ཡིན་པར་ཐལ་བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་མིན་ཟེར་ན། བྱས་པ་དེ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་མིན་ཞེས་པའི་སྐབས་སུ་བྱས་པའི་སྟེང་དུ་ཁས་བླངས་སོང་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱས་པ་དེ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་ན་གང་དྲན་དྲན་ཡིན་པས་ཁྱབ་པར་ཐལ། དེ་འདྲའི་ཁས་ལེན་དེ་བྱས་པའི་སྟེང་དུ་སོང་པའི་ཕྱིར་ཟེར་ནས་དཔྱད། གཞན་ཡང༌། དངོས་པོ་ཡིན་པར་ཐལ། བདག་མེད་ཀྱིས་གསལ་བ་དང༌། མཚན་ཉིད་ཀྱིས་རྟགས་བྱས་པའི་ཐལ་འགྱུར་ཡིན་ན། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་པ་མ་བྱུང༌། འོ་ན་བདག་མེད་ཀྱིས་གསལ་བ་དང༌། མཚན་ཉིད་ཀྱིས་རྟགས་བྱས་པའི་ཐལ་འགྱུར་ཡིན་ན་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པས་ཁྱབ་པར་ཐལ། ཁྱབ་པ་མ་བྱུང་གི་ལན་འཐད་པ་ཡིན་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། བདག་མེད་ཡིན་པར་ཐལ། མཚན་ཉིད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ། བདག་མེད་ཀྱིས་གསལ་བ་དང༌། མཚན་ཉིད་ཀྱིས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཡོད་པར་ཐལ། ཁྱོད་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན།ཁྱོད་ཀྱི་རྟགས་ཡོད་པར་ཐལ། ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཡོད་པའི་ཕྱིར། འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྟགས་གྲུབ་པར་ཐལ། ཁྱོད་ཀྱི་རྟགས་ཡོད་པའི་ཕྱིར། འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ལ་རྟགས་མ་གྲུབ་པའི་ལམ་མི་ཐེབས་པར་ཐལ། ཁྱོད་ཀྱི་རྟགས་གྲུབ་པའི་ཕྱིར། ཡང་ན་དེ་འདྲའི་ཐལ་འགྱུར་དེས་རྟགས་མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྟགས་གྲུབ་པར་ཐལ། ཁྱོད་ཀྱི་རྟགས་ཡོད་པའི་ཕྱིར། མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྟགས་ཡོད་པར་ཐལ། ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཡོད་པའི་ཕྱིར། མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཡོད་པར་ཐལ། ཁྱོད་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པའི་ཕྱིར། མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ། བདག་མེད་ཀྱིས་གསལ་བ་དང༌། མཚན་ཉིད་ཀྱིས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཡང་ན་ཐལ་འགྱུར་དེ་དང་དེའི་རྟགས་གྲུབ་མ་གྲུབ་སོང་ཚོད་ཀྱི་རྟགས་གྲུབ་མ་གྲུབ་ལ་བལྟ་ན། ཐལ་འགྱུར་དེ་དང་དེའི་རྟགས་ཡོད་མེད་སོང་ཚོད་ཀྱི་རྟགས་ཡོད་མེད་ལ་བལྟ་བར་ཐལ། རིགས་པ་མཚུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

བཅུ་བཞི་པ་ཁས་ལེན་སོང་ཚུལ་ལ་དོགས་པ་འགོད་པ།

བཅུ་བཞི་པ་ཁས་ལེན་སོང་ཚུལ་ལ་དོགས་པ་འགོད་པ་ལ།

རང་ལུགས་ལ་དངོས་དང་དངོས་མེད་གཉིས་ཀྱི་ནང་ནས་དངོས་མེད་ཡིན་པར་ཐལ། དངོས་དང་དངོས་མེད་གང་རུང་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། དངོས་མེད་ཡིན་པར་ཐལ། དངོས་དང་དངོས་མེད་གཉིས་ཀྱི་ནང་ནས་དངོས་མེད་ཡིན་པའི་ཕྱིར། འདོད་ན། དངོས་མེད་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དངོས་པོ་ཡིན་པར་ཐལ། དངོས་པོའི་དབྱེ་བ་གསུམ་པོ་གང་རུང་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དངོས་པོའི་དབྱེ་བ་གསུམ་པོ་གང་རུང་ཡིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ལྡན་མིན་འདུ་བྱེད་ཡིན་པར་ཐལ། གང་ཟག་བཏགས་ཡོད་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། གང་ཟག་བཏགས་ཡོད་པ་ཡིན་པར་ཐལ། ངག་སྨྲ་བའི་ཕྱིར། རྟགས་མ་གྲུབ་ན། ངག་སྨྲ་བར་ཐལ། གདམས་ངག་སྨྲ་བའི་ཕྱིར། རྟགས་མ་གྲུབ་ན། གདམས་ངག་སྨྲ་བར་ཐལ། ཆོས་གསུང་པའི་ཕྱིར། རྟགས་མ་གྲུབ་ན། ཆོས་གསུང་པར་ཐལ། ཆོས་འཁོར་བསྐོར་བའི་ཕྱིར། རྟགས་མ་གྲུབ་ན། ཆོས་འཁོར་བསྐོར་བར་ཐལ། ཆོས་འཁོར་གསུམ་བསྐོར་བའི་ཕྱིར། འདོད་ཟེར་ན། ཆོས་འཁོར་གསུམ་བསྐོར་བར་ཐལ། འདོད་པའི་ཕྱིར། འདོད་ན། ཚར། ཆོས་འཁོར་བསྐོར་བར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་གསུང་པར་ཐལ། འདོད་པའི་ཕྱིར། འདོད་ན། གདམས་ངག་སྨྲ་བར་ཐལ། འདོད་པའི་ཕྱིར། འདོད་ན། ངག་སྨྲ་པར་ཐལ། འདོད་པའི་ཕྱིར། འདོད་ན། གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དངོས་པོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དངོས་མེད་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དངོས་དངོས་མེད་གཉིས་ཀྱི་ནང་ནས་དངོས་མེད་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དངོས་དངོས་མེད་གཉིས་ཀྱི་ནང་ནས་དངོས་མེད་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། དངོས་དང་དངོས་མེད་གཉིས་ཀྱི་ནང་ནས་དངོས་མེད་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། དངོས་མེད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དངོས་མེད་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། དེར་ཐལ། གང་ཟག་ཡིན་པའི་ཕྱིར། དེར་ཐལ། ངག་སྨྲ་བའི་ཕྱིར། དེར་ཐལ། རྟགས་མ་གྲུབ་ཅེས་ངག་སྨྲ་བའི་ཕྱིར། དེར་ཐལ། རྟགས་མ་གྲུབ་ཅེས་ངག་སྨྲ་བ་མངོན་སུམ་གྱིས་གྲུབ་པའི་ཕྱིར། དེར་ཐལ། རྟགས་མ་གྲུབ་ཅེས་པའི་ངག་དེ་རྣ་ཤེས་མངོན་སུམ་གྱིས་ཐོས་པའི་ཕྱིར། མ་གྲུབ་ན། མངོན་སུམ་དང་འགལ། མ་ཁྱབ་ན། དེ་འདྲའི་ངག་དེ་སྨྲས་ནས་ཐོས་པ་མ་ཡིན་མ་སྨྲས་པར་ཐོས་པ་མ་ཡིན་པའི་ཕྱིར་ཞེས་དཔྱད་པར་བྱའོ། །ཡང་རྟག་པ་ཡིན་ན་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་མ་ཡིན་པས་ཁྱབ་པར་ཐལ། འདོད་ན། རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་ཡིན་པར་ཁས་བླངས་པའི་ཁས་ལེན་དེ་ཚད་མའི་སྟེང་དུ་ཁས་ལེན་འགྲོ་དགོས་པས་ཁྱབ་པར་ཐལ། རྟག་པ་ཡིན་ན་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་མ་ཡིན་པས་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། མེད་པར་རྟོགས་པའི་ཚད་མ་མེད་པ་དང་དངོས་པོ་གཉིས་ཀ་ཡིན་ན་གང་དྲན་དྲན་ཡིན་པས་ཁྱབ་པར་ཐལ། དེ་ལྟར་ཁས་བླངས་པའི་ཁས་ལེན་དེ་ཚད་མའི་སྟེང་དུ་ཁས་ལེན་འགྲོ་བས་ཁྱབ་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། གང་དྲན་དྲན་ཡིན་པར་ཐལ། མེད་པར་རྟོགས་པའི་ཚད་མ་མེད་པ་དང་དངོས་པོ་གཉིས་ཀ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་མེད་པར་རྟོགས་པའི་ཚད་མ་མེད་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཐལ། མེད་པར་རྟོགས་པའི་ཚད་མ་མེད་པ་དང་དངོས་པོ་གཉིས་ཀྱི་ཡིན་པ་ཡོད་པའི་ཕྱིར། དེར་ཐལ། མེད་པར་རྟོགས་པའི་ཚད་མ་མེད་པ་དང་དངོས་པོ་གཉིས་མི་འགལ་བ་ཡིན་པའི་ཕྱིར། མ་གྲུབ་ན། མེད་པར་རྟོགས་པའི་ཚད་མ་མེད་པ་དང་དངོས་པོ་གཉིས་མི་འགལ་བ་ཡིན་པར་ཐལ། མེད་པར་རྟོགས་པའི་ཚད་མ་མེད་པའི་བྱེ་བྲག་དང་དངོས་པོ་གཉིས་མི་འགལ་བ་ཡིན་པའི་ཕྱིར། མ་གྲུབ་ན། མེད་པར་རྟོགས་པའི་ཚད་མ་མེད་པའི་བྱེ་བྲག་དང་དངོས་པོ་གཉིས་མི་འགལ་བ་ཡིན་པར་ཐལ། མེད་པར་རྟོགས་པའི་ཚད་མ་མེད་པའི་བྱེ་བྲག་དང་ཤེས་བྱ་གཉིས་མི་འགལ་བ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། མེད་པར་རྟོགས་པའི་ཚད་མ་མེད་པའི་བྱེ་བྲག་མེད་པར་ཐལ། མེད་པར་རྟོགས་པའི་ཚད་མ་མེད་པའི་བྱེ་བྲག་དང་ཤེས་བྱ་གཉིས་མི་འགལ་བ་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། མེད་པར་རྟོགས་པའི་ཚད་མ་མེད་པ་ཆོས་ཅན། ཁྱོད་སྤྱི་མ་ཡིན་པར་ཐལ། ཁྱོད་ཀྱི་བྱེ་བྲག་མེད་པའི་ཕྱིར། འདོད་ན། མེད་པར་རྟོགས་པའི་ཚད་མ་མེད་པ་ཆོས་ཅན། ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པར་ཐལ། སྤྱི་མ་ཡིན་པ་གང་ཞིག བྱེ་བྲག་མ་ཡིན་པའི་ཕྱིར། རྟགས་དང་པོ་ཁས། གཉིས་པ་མ་གྲུབ་ན། མེད་པར་རྟོགས་པའི་ཚད་མ་མེད་པ་ཆོས་ཅན། ཁྱོད་ཤེས་བྱའི་བྱེ་བྲག་ཡིན་པར་ཐལ། བྱེ་བྲག་ཡིན་པའི་ཕྱིར། འདོད་ན། མེད་པར་རྟོགས་པའི་ཚད་མ་མེད་པ་ཆོས་ཅན། ཁྱོད་ཤེས་བྱའི་བྱེ་བྲག་མ་ཡིན་པར་ཐལ། ཁྱོད་མ་ཡིན་ཞིང་ཤེས་བྱ་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར། དེར་ཐལ། ཁྱོད་ཤེས་དང་དོན་གཅིག་ཡིན་པའི་ཕྱིར། གོང་གི་རྟགས་དང་པོ་སྟེ་མེད་པར་རྟོགས་པའི་ཚད་མ་མེད་པ་སྤྱི་མ་ཡིན་པ་རྟགས་མ་གྲུབ་ཟེར་ན། མེད་པར་རྟོགས་པའི་ཚད་མ་མེད་པ་ཆོས་ཅན། ཁྱོད་སྤྱི་མ་ཡིན་པར་ཐལ། ཁྱོད་ཀྱི་བྱེ་བྲག་མེད་པའི་ཕྱིར། མ་གྲུབ་ན། ཞོག་ཅེས་པ་ལ། དངོས་པོ་ཆོས་ཅན་ཟེར་ན། དངོས་པོ་ཆོས་ཅན། མེད་པར་རྟོགས་པའི་ཚད་མ་མེད་པའི་བྱེ་བྲག་མ་ཡིན་པར་ཐལ། མེད་པར་རྟོགས་པའི་ཚད་མ་མེད་པའི་བྱེ་བྲག་ཡིན་པར་ཁས་བླངས་པའི་ཁས་ལེན་དེ་ཚད་མའི་སྟེང་དུ་ཁས་ལེན་འགྲོ་དགོས་པ་གང་ཞིག ཚད་མའི་སྟེང་དུ་ཁས་བླངས་སོང་ན་དངོས་པོ་མེད་པར་རྟོགས་པའི་ཚད་མའི་སྤྱི་ལ་མེད་པ་འཇོག་མི་རིགས་པས་ཁྱབ་པའི་ཕྱིར། དང་པོ་དེར་ཐལ། མེད་པར་རྟོགས་པའི་ཚད་མ་མེད་པ་དང་ཤེས་བྱ་གཉིས་ཀ་ཡིན་པར་ཁས་བླངས་པས་ཚད་མའི་སྟེང་དུ་ཁས་ལེན་སོང་བས་ཁྱབ་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། དངོས་པོ་མེད་པར་རྟོགས་པའི་ཚད་མའི་སྤྱི་ལ་མེད་པ་མི་འཇོག་པར་ཐལ། མེད་པ་སྤྱི་མ་ཡིན་པའི་ཕྱིར། དེར་ཐལ། མེད་པ་མེད་པའི་ཕྱིར་རོ། །གཞན་ཡང༌། དངོས་མེད་ཡིན་པར་ཐལ། དངོས་དངོས་མེད་གཉིས་ཀྱི་ནང་ནས་དངོས་མེད་ཡིན་པའི་ཕྱིར། འདོད་ན། འདུས་བྱས་ཡིན་པར་ཐལ། དངོས་མེད་ཀྱི་ཆོས་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། དེ་ཁྱབ་པར་ཐལ། དབུ་མ་རྩ་ཤེས་ལས། དངོས་དང་དངོས་མེད་འདུས་བྱས་ཡིན། ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དངོས་མེད་མི་རྟག་པ་གྲུབ་པ་ནི། ཞེས་གསུངས་པའི་ཕྱིར། འདོད་ན། དངོས་མེད་ཀྱི་ཆོས་ཡིན་ན་འདུས་བྱས་ཡིན་པས་ཁྱབ་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། ཚར། འདུས་བྱས་ཡིན་པར་ཐལ། འདོད་ན། རྒྱུ་རྐྱེན་ལས་སྐྱེས་པ་ཡིན་པར་ཐལ། འདུས་བྱས་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། འདུས་བྱས་ཡིན་ན་རྒྱུ་རྐྱེན་ལས་སྐྱེས་པ་ཡིན་པས་ཁྱབ་པར་ཐལ། རྒྱུ་རྐྱེན་ལས་སྐྱེས་པ་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་ཁྱབ་ན། སླ། མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། རྒྱུ་རྐྱེན་ལས་སྐྱེས་མ་སྐྱེས་གཉིས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ།། ཁྱོད་རྟག་པ་ཡིན་ན་ཁྱོད་ཀྱི་རྒྱུ་མེད་པས་ཁྱབ་པར་ཐལ། ཁྱབ་པའི་ཕྱིར། འདོད་ན། ཡོད་པ་ཆོས་ཅན། ཁྱོད་ཀྱི་རྒྱུ་མེད་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། འདོད་ན། འདོད་ལན་རྩིས། ཡོད་པའི་རྒྱུ་མེད་པར་འདོད་ཟེར་ན། འོ་ན། ཚད་མས་དམིགས་པའི་རྒྱུ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཚད་མས་རྟོགས་པའི་རྒྱུ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། རྣམ་མཁྱེན་གྱིས་རྟོགས་པའི་རྒྱུ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན།རྣམ་མཁྱེན་གྱིས་རྟོགས་པའི་དངོས་པོ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་མཁྱེན་གྱིས་རྟོགས་པའི་དངོས་པོ་ཡོད་པའི་ཕྱིར། དེར་ཐལ། དངོས་པོ་ཡིན་ན་རྣམ་མཁྱེན་གྱིས་རྟོགས་པའི་དངོས་པོ་ཡིན་པས་ཁྱབ་པའི་ཕྱིར། རྟགས་མ་གྲུབ་ན། ཞོག་ཟེར། མ་ཁྱབ་ན། ཁྱབ་པར་ཐལ། ཡོད་པ་ཡིན་ན་རྣམ་མཁྱེན་གྱིས་རྟོགས་པའི་ཡོད་པ་ཡིན་པས་ཁྱབ་ན། རྣམ་མཁྱེན་གྱིས་རྟོགས་པའི་ཡོད་པ་ཡོད་དགོས་པ་གང་ཞིག རིགས་པ་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར། དང་པོ་སླ། གཉིས་པ་མ་གྲུབ་ན། ཡོད་པ་ཆོས་ཅན། ཁྱོད་ཡིན་ན་རྣམ་མཁྱེན་གྱིས་རྟོགས་པའི་ཁྱོད་ཡིན་པའི་ཁྱབ་ན། རྣམ་མཁྱེན་གྱིས་རྟོགས་པའི་ཁྱོད་ཡོད་དགོས་ཏེ། རྟགས་ཁོད་ཅེས་སོགས་འཕེན་པར་བྱའོ། ། འདུས་བྱས་ཡིན་ན་རང་རྒྱུ་ལས་སྐྱེས་པས་ཁྱབ་པར་ཐལ། འདོད་ན། བུམ་པ་ཆོས་ཅན། རང་རྒྱུ་ལས་སྐྱེས་པ་ཡིན་པར་ཐལ། འདུས་བྱས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བུམ་པ་ཆོས་ཅན། རང་དང་གཅིག་ཡིན་པར་ཐལ། རང་གི་རྒྱུ་ལས་སྐྱེས་པ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། བུམ་པ་ཆོས་ཅན། རང་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ། རང་དང་གཅིག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བུམ་པ་ཆོས་ཅན། རང་ཡིན་ན་ཁྱོད་ཡིན་པས་ཁྱབ་པར་ཐལ།ཁྱོད་རང་དང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཀ་བ་ཆོས་ཅན། བུམ་པ་ཡིན་པར་ཐལ། རང་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཀ་བུམ་གཉིས་ཀྱི་ཡིན་པ་ཡོད་པར་ཐལ་ལོ། གོང་དུ་བུམ་པ་རང་དང་ཡིན་ཁྱབ་མཉམ་མིན་ཟེར་ན། བུམ་པ་ཆོས་ཅན། རང་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ། རང་གི་རྒྱུ་ལས་སྐྱེས་པ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་ཁས། མ་གྲུབ་ན། བུམ་པ་ཆོས་ཅན། རང་གི་རྒྱུ་ལས་སྐྱེས་པ་ཡིན་པར་ཐལ། འདུས་བྱས་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རང་གི་རྒྱུ་ལས་སྐྱེས་པ་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རང་རྒྱུ་ལས་སྐྱེས་པ་འདུས་བྱས་ཀྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན།འདུས་བྱས་ཡིན་ན་རང་རྒྱུ་ལས་སྐྱེས་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། རང་རྒྱུ་ལས་སྐྱེས་པར་ཐལ། ཞེས་སོགས་གོང་བཞིན་དཔྱད་དོ།།

བཅོ་ལྔ་བ་དྲུག་སྒྲའི་རྣམ་བཞག་ལ་དོགས་པ་འགོད་པ།

བཅོ་ལྔ་བ་དྲུག་སྒྲའི་རྣམ་བཞག་ལ་དོགས་པ་འགོད་པ་ལ།

དངོས་པོ་ཡིན་ན་ཡོད་པར་རྟོགས་པའི་ཚད་མའི་རྒྱུ་ཡིན་པས་ཁྱབ་པར་ཐལ། འདོད་ན། སྔོན་པོ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སྔོན་པོ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་ཁྱོད་ཀྱི་འབྲས་བུ་ཡིན་པར་ཐལ། ཁྱོད་དེའི་རྒྱུ་ཡིན་པའི་ཕྱིར། རྟགས་ཁས།འདོད་ན། སྔོན་པོ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་དང་རྫས་ཐ་དད་ཡིན་པར་ཐལ། ཡོད་པར་རྟོགས་པའི་ཚད་མའི་རྒྱུ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྔོན་པོ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་དང་ངོ་བོ་གཅིག་མ་ཡིན་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་དང་རྫས་ཐ་དད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྔོན་པོ་ཆོས་ཅན། ཁྱོད་ཡོད་པར་རྟོགས་པའི་ཚད་མ་དང་ཁྱོད་ཀྱིས་ལྷན་ཅིག་དམིགས་ངེས་མ་ཡིན་པར་ཐལ། ཡོད་པར་རྟོགས་པའི་ཚད་དང་ཁྱོད་གཉིས་རྫས་གཞན་ཡིན་པའི་ཕྱིར། འདོད་ན། སྔོན་པོ་ཆོས་ཅན། ཁྱོད་དང་ཁྱོད་འཛིན་པའི་བློ་གཉིས་ལྷན་ཅིག་དམིགས་ངེས་མ་ཡིན་པར་ཐལ། སྔ་མའི་བློ་རྩེ་འཐད་པའི་ཕྱིར། འདོད་ན། འཁོར་གསུམ། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་དཔལ་ལྡན་ཆོས་ཀྱི་གྲགས་པའི་དགོངས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལས། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་གསུངས་པའི་ཕྱིར། འདོད་ན། སྔོན་པོ་ཆོས་ཅན། ཁྱོད་དང་ཁྱོད་འཛིན་པའི་བློ་གཉིས་ལྷན་ཅིག་དམིགས་ངེས་ཡིན་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། སྔོན་པོ་ཆོས་ཅན། ཁྱོད་དང་ཁྱོད་ཡོད་པར་རྟོགས་པའི་ཚད་མ་གཉིས་ལྷན་ཅིག་དམིགས་ངེས་ཡིན་པར་ཐལ། སྔ་མ་ལ་དེའི་ཕྱིར། འདོད་ན། སྔོན་པོ་ཆོས་ཅན། ཁྱོད་ཁྱོད་ཡོད་པར་རྟོགས་པའི་ཚད་མ་དང་རྫས་གཞན་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྔོན་པོ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མའི་དམིགས་རྐྱེན་མ་ཡིན་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་དང་རྫས་ཐ་དད་མ་ཡིན་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། དེ་འདྲའི་ཐལ་འགྱུར་ལ་འདོད་ལན་བརྩིས་པས་སྔོན་པོ་སྔོན་པོ་ཡོད་པར་རྟོགས་པའི་ཚད་མའི་དམིགས་རྐྱེན་མ་ཡིན་པར་འདོད་ཟེར་དགོས་པ་གང་ཞིག དེ་ལྟར་འདོད་ལན་མི་ཐེབས་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག་གཉིས་པ་ཡང་གྲུབ་པའི་ཕྱིར། གཉིས་པ་མ་གྲུབ་ཟེར་ན། སྔོན་པོ་ཆོས་ཅན། སྔོན་པོ་ཡོད་པར་རྟོགས་པའི་ཚད་མའི་དམིགས་རྐྱེན་མ་ཡིན་པར་ཐལ། རྟགས་གཉིས་པ་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། སྔོན་པོ་ཡོད་པར་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་ཀྱི་དམིགས་རྐྱེན་མེད་པར་ཐལ། སྔོན་པོ་དེ་མ་ཡིན་པ་གང་ཞིག གཞན་མེད་པའི་ཕྱིར། འདོད་ན། སྔོན་པོ་ཡོད་པར་རྟོགས་པའི་ཚད་མ་ཆོས་ཅན།རྐྱེན་བཞི་ལས་སྐྱེས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྔོན་པོ་ཡོད་པར་རྟོགས་པའི་ཚད་མ་ཆོས་ཅན། རྐྱེན་བཞི་ལས་སྐྱེས་པར་ཐལ། ཀུན་རྫོབ་ཀྱི་ཤེས་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང་ས་བཟང་མ་ཏི་པན་ཆེན་གྱིས་མཛད་པའི་ཀུན་བཏུས་འགྲེལ་བ་ལས། རྐྱེན་བཞི་སྲིད་པའི་དོན་ཙམ་དུ་འདོད་པའང་མི་འཐད་དེ། ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། དམིགས་རྐྱེན་ལས་སྐྱེས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་དམིགས་རྐྱེན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དང་ཁྱོད་ཀྱི་དམིགས་རྐྱེན་གཉིས་རྫས་ཐ་དད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། སྔོན་པོ་དང་སྔོན་པོ་ཡོད་པར་རྟོགས་པའྀ་ཚད་མའི་དམིགས་རྐྱེན་གཉིས་རྫས་ཐ་དད་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་གཉིས་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། རྟགས་ཁས། གོང་དུ་སྔོན་པོ་ཡོད་པར་རྟོགས་པའི་ཚད་མའི་རྒྱུ་མ་ཡིན་པར་འདོད་ཟེར་ན། སྔོན་པོ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཞེས་སོགས་གོང་བཞིན་དཔྱད་པར་བྱའོ། །གཞི་གྲུབ་ན་ཁྱོད་ཡོད་པར་རྟོགས་པའི་ཚད་མ་ཡིན་ན་ཚད་མ་ཡིན་པས་ཁྱབ་པར་ཐལ། འདོད་ན། རྣམ་མཁྱེན་རྣམ་མཁྱེན་ཆོས་ཅན། ཁྱོད་ཡོད་པར་རྟོགས་པའི་ཚད་མ་ཡིན་ན་ཚད་མ་ཡིན་པས་ཁྱབ་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། འདོད་ན། རྣམ་མཁྱེན་རྣམ་མཁྱེན་ཡོད་པར་རྟོགས་པའི་ཚད་མ་ཡིན་ན་ཚད་མ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཚད་མ་ཡིན་པར་ཐལ། རྣམ་མཁྱེན་རྣམ་མཁྱེན་ཡོད་པར་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དངོས་པོ་ཡིན་པར་ཐལ། ཚད་མ་ཡིན་པའི་རྒྱུ་མཚན་འཐད་པའི་ཕྱིར། འདོད་མི་རིགས་ཏེ། དངོས་མེད་ཡིན་པའི་ཕྱིར། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། དངོས་དང་དངོས་མེད་གཉིས་ཀྱི་ནང་ནས་དངོས་མེད་དང༌། ཞེས་གསུངས་པའི་ཕྱིར། གོང་དུ་རྟགས་མ་གྲུབ་ཟེར་ན། རྣམ་མཁྱེན་རྣམ་མཁྱེན་ཡོད་པར་རྟོགས་པའི་ཚད་མ་ཡིན་པར་ཐལ། རྣམ་མཁྱེན་ཆོས་ཐམས་ཅད་ཡོད་པར་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་ཆོས་ཐམས་ཅད་ཡོད་པར་རྟོགས་པའི་ཚད་མ་ཡིན་པར་ཐལ། རྣམ་མཁྱེན་ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་མ་ལུས་པ་མཁྱེན་པའི་མཐར་ཐུག་གི་མཁྱེན་པ་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་མ་ལུས་པར་རྟོགས་པའི་མཐར་ཐུག་གི་མཁྱེན་པ་ཡིན་པར་ཐལ། རྣམ་མཁྱེན་ཡིན་པའི་ཕྱིར། ཁྱབ་སྟེ། ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་མ་ལུས་པ་མཁྱེན་པའི་མཐར་ཐུག་གི་ཡེ་ཤེས་དཻ་རྣམ་མཁྱེན་གྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཆོས་ཐམས་ཅད་གཅིག་ཅར་དུ་མངོན་སུམ་ཀྱི་རྟོགས་པའི་མཐར་ཐུག་གི་མཁྱེན་པ་དེ་རྣམ་མཁྱེན་ཀྱི་མཚན་ཉིད་ཡིན་པའི་ཕྱིར། ཞེས་དང༌། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་མཐར་ཐུག་གམ་ཆོས་ཐམས་ཅད་བདེན་པའི་སྐྱེ་མེད་དུ་རྟོགས་ཤིང་དོན་གཉིས་མཐར་ཐུག་པ་སྟེ། ཞེས་དང༌། ཕར་ཕྱིན་མཐའ་དཔྱོད་ལས། ཇི་ལྟ་ཇི་སྙེད་མ་ལུས་པ་མཁྱེན་པའི་མཐར་ཐུག་གི་ཡེ་ཤེས། དེ་རྣམ་མཁྱེན་གྱི་མཚན་ཉིད། ཞེས་གསུངས་པའི་ཕྱིར། འདོད་ན། རྣམ་མཁྱེན་ཆོས་ཐམས་ཅད་ཡོད་པར་རྟོགས་པའི་ཚད་མ་ཡིན་པར་ཐལ། ཇི་ལྟ་ཇི་སྙེད་མ་ལུས་པ་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར། འདོད་ན། རྣམ་མཁྱེན་རྣམ་མཁྱེན་ཡོད་པར་རྟོགས་པའི་ཚད་མ་ཡིན་པར་ཐལ། རྣམ་མཁྱེན་ཆོས་ཐམས་ཅད་ཡོད་པར་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། འདོད་ན། ཚད་མ་ཡིན་པར་ཐལ། རྣམ་མཁྱེན་རྣམ་མཁྱེན་ཡོད་པར་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་རིགས་པ་གོང་དུ་བསྒྲུབས་ཟིན། མ་ཁྱབ་ན། རྣམ་མཁྱེན་རྣམ་མཁྱེན་ཆོས་ཅན། ཁྱོད་ཡོད་པར་རྟོགས་པའི་ཚད་མ་ཡིན་ན་ཚད་མ་ཡིན་དགོས་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཁྱོད་ཡོད་པར་རྟོགས་པའི་ཚད་མ་ཡིན་ན་ཚད་མ་ཡིན་པས་ཁྱབ་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། ཞེས་སོགས་ཀྱིས་དཔྱད་པར་བྱའོ།། ཡང་རྣམ་མཁྱེན་ཆོས་ཅན། དངོས་པོར་རྟོགས་པའི་ཚད་མ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབས་པའི་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་དེ་ལྟར་འདོད་ལན་ཐེབས་ཟེར་ན། རྣམ་མཁྱེན་ཆོས་ཅན། ཁྱོད་དངོས་པོར་རྟོགས་པའི་ཚད་མ་ཡིན་པར་ཐལ། འདོད་ན། དངོས་པོར་རྟོགས་པའི་ཚད་མ་ཡོད་པར་ཐལ། རྣམ་མཁྱེན་དེ་ཡིན་པའི་ཕྱིར། འདོད་ན། དངོས་པོ་ཡིན་པར་ཐལ། དངོས་པོར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དངོས་མེད་ཡིན་པའི་ཕྱིར། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། དངོས་དངོས་མེད་གཉིས་ཀྱི་ནང་ནས་དངོས་མེད་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། དངོས་པོ་མ་ཡིན་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། དངོས་པོར་རྟོགས་པའི་ཚད་མ་མེད་པར་ཐལ། དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། རྣམ་མཁྱེན་ཆོས་ཅན། དངོས་པོར་རྟོགས་པའི་ཚད་མ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་མི་ཐེབས་པར་ཐལ། དེ་འདྲའི་ཐལ་འགྱུར་ལ་འདོད་ལན་བཏབས་པའི་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་སྟེ། དེ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་ཟེར་ན། འོ་ན། བུམ་པ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་འདོད་ལན་བཏབས་པའི་བུམ་པ་བུམ་པ་ཡོད་པར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པར་ཐལ། རྣམ་མཁྱེན་ཆོས་ཅན། དངོས་པོར་རྟོགས་པའི་ཚད་མ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབས་པའི་རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག དེ་གཉིས་མཚུངས་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན་མི་མཚུངས་པའི་རྒྱུ་མཚན་དང༌། རྣམ་མཁྱེན་ལ་དེ་ལྟར་རྩི་དགོས་པའི་རྒྱུ་མཚན་སོགས་ལ་དཔྱད་དོ། །དངོས་པོ་ཡིན་ན་དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པས་ཁྱབ་པར་ཐལ། འདོད་ན། དངོས་པོར་རྟོགས་པའི་ཚད་མའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་ཐལ།དངོས་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དངོས་པོར་རྟོགས་པའི་ཚད་མའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། ཁྱོད་དངོས་པོར་རྟོགས་པའི་ཚད་མའི་རྒྱུ་མ་ཡིན་པར་ཐལ། ཁྱོད་དངོས་པོར་རྟོགས་པའི་ཚད་མའི་འབྲས་བུ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དངོས་པོ་རྟོགས་པའི་ཚད་མའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། ཁྱོད་དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་ཐལ། ཁྱོད་དངོས་པོར་རྟག་པར་རྟོགས་པའི་ཚད་མའི་འབྲས་བུ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོར་རྟོགས་པའི་ཚད་མའི་ཕྱི་ལོག་སུ་བྱུང་བ་ཆོས་ཅན། ཁྱོད་དངོས་པོར་རྟོགས་པའི་ཚད་མའི་འབྲས་བུ་ཡིན་པར་ཐལ། དངོས་པོ་རྟོགས་པའི་ཚད་མ་ཁྱོད་ཀྱི་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོར་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་ཁྱོད་ཀྱི་ཕྱི་ལོགས་སུ་བྱུང་བའི་རྒྱུ་ཡིན་པར་ཐལ། ཁྱོད་ཁྱོད་ཀྱི་ཕྱི་ལོགས་སུ་བྱུང་བའི་དངོས་པོའི་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་ཁྱོད་ཀྱི་ཕྱི་ལོགས་སུ་བྱུང་བའི་དངོས་པོའི་རྒྱུ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཁྱོད་ཁྱོད་ཀྱི་ཕྱི་ལོགས་སུ་བྱུང་བའི་དངོས་པོའི་རྒྱུ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། དངོས་པོར་རྟོགས་པའི་ཚད་མའི་ཕྱི་ལོགས་སུ་བྱུང་བ་དངོས་པོར་རྟོགས་པའི་ཚད་མའི་དངོས་འབྲས་ཡིན་པར་ཐལ། དངོས་པོར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མའི་ཕྱི་ལོགས་སུ་བྱུང་བའི་དངོས་རྒྱུ་ཡིན་པའི་ཕྱིར། འདོད་ན། དངོས་པོར་རྟོགས་པའི་ཚད་མའི་ཕྱི་ལོགས་སུ་བྱུང་བ་དངོས་པོར་རྟོགས་པའི་ཚད་མའི་འབྲས་བུ་ཡིན་པར་ཐལ། དེ་དེའི་དངོས་འབྲས་ཡིན་པའི་ཕྱིར། འདོད་ན། དངོས་པོར་རྟོགས་པའི་ཚད་མའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། ཁྱོད་དངོས་པོར་རྟོགས་པའི་ཚད་མའི་འབྲས་བུ་མ་ཡིན་པར་ཐལ། ཁྱོད་དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། ཁྱབ་སྟེ། དངོས་པོ་ཡིན་ན་དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། དངོས་པོ་ཡིན་ན་དངོས་པོ་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད་པར་བྱའཽ། །ཡང་དངོས་པོ་ཡིན་ན་དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པས་ཁྱབ་ན། རྣམ་མཁྱེན་ཆོས་ཅན། དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། འདོད་ན། དེ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་ན། རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་ཐལ། འདོད་ན། རྣམ་མཁྱེན་དང་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་གཉིས་རྒྱུ་འབྲས་ཡིན་པར་ཐལ། འདོད་ན། རྣམ་མཁྱེན་དང་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་གཉིས་སྔ་ཕྱི་རིམ་ཅན་དུ་བྱུང་བ་ཡིན་པར་ཐལ། དེ་གཉིས་རྒྱུ་འབྲས་ཡིན་པའི་ཕྱིར། འདོད་ན། རྣམ་མཁྱེན་གྱི་རང་དུས་སུ་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་མེད་པར་ཐལ། འདོད་ན། རྣམ་མཁྱེན་གྱི་རང་དུས་སུ་ཆོས་ཐམས་ཅད་རྟོགས་པའི་ཚད་མ་མེད་པར་ཐལ། འདོད་ན། རྣམ་མཁྱེན་གྱི་རང་དུས་སུ་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པའི་མཐར་ཐུག་གི་ཡེ་ཤེས་མེད་པར་ཐལ། འདོད་ན། རྣམ་མཁྱེན་གྱི་རང་དུས་སུ་རྣམ་མཁྱེན་མེད་པར་ཐལ། འདོད་མི་ནུས་ཏེ། རྣམ་མཁྱེན་གྱི་རང་དུས་དེ་རྣམ་མཁྱེན་ཀྱི་རང་དུས་ཡིན་པའི་ཕྱིར། ཁྱབ་སྟེ། ཆོས་དེའི་རང་དུས་ཡིན་པ་ལ་ཆོས་དེ་ཡོད་དགོས་པའི་ཕྱིར། དེར་ཐལ། ཆོས་དེའི་རང་དུས་ཡིན་པའི་ཚད་ཡོད་པའི་ཕྱིར། གོང་དུ་རྣམ་མཁྱེན་གྱི་རང་དུས་སུ་རྣམ་མཁྱེན་ཡོད་པར་འདོད་ཟེར་ན། འོ་ན་རྣམ་མཁྱེན་གྱི་རང་དུས་སུ་ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པའི་མཐར་ཐུག་གི་མཁྱེན་པ་ཡོད་པར་ཐལ། རྣམ་མཁྱེན་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། རྣམ་མཁྱེན་གྱི་རང་དུས་སུ་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡོད་པར་ཐལ། ཆོས་ཐམས་ཅད་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། རྣམ་ མཁྱེན་གྱི་རང་དུས་སུ་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་མེད་པར་ཐལ།རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་རྣམ་མཁྱེན་གྱི་འབྲས་བུ་ཡིན་པའི་ཕྱིར། དེར་ཐལ། རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དངོས་པོ་ཡིན་ན་དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། དངོས་པོ་ཡིན་ན་དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར། དེར་ཐལ། དངོས་པོ་ཡིན་ན་ཡོད་པར་རྟོགས་པའི་ཚད་མའི་རྒྱུ་ཡིན་པས་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་བུམ་པའི་དགག་གཞི་ཆོས་ཅན། བུམ་པའི་དགག་གཞི་ཡིན་པར་ཐལ། ཁྱོད་ཡོད་པ་གང་ཞིག བུམ་པ་མེད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་འདོད་ལན་བཏབ་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པར་ཐལ། འདོད་ན། དེ་ལྟར་ཁས་བླངས་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་འགོག་བྱེད་དང༌། བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པ་དགག་བྱ་ཡིན་པར་ཁས་ལེན་སོང་བ་ཡིན་པར་ཐལ། དེ་ལྟར་རྩི་རིགས་པའི་རྒྱུ་མཚན་ཡོད་པའི་ཕྱིར།འདོད་ན། བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་འགོག་བྱེད་དང༌། བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པ་དགག་བྱ་ཡིན་པར་ཁས་ལེན་རིགས་པར་ཐལ།དེ་ལྟར་རྩི་རིགས་ཤིང་འདོད་ལན་ཐེབས་པ་ཡིན་པའི་ཕྱིར། འདོད་ན། བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞིས། བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པ་བཀག་པར་ཐལ། བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་འགོག་བྱེད་དང༌། བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པ་དགག་བྱ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར།འདོད་ན། བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞིས། བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་སྐྱེ་བ་བཀག་པ་ཐལ། བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞིས། བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པ་བཀག་པའི་ཕྱིར། འདོད་ན། བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞིས། བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པ་དུས་རྟག་ཏུ་སྐྱེ་བ་བཀག་པར་ཐལ། བུམ་པའི་རང་དུས་སུ་བུམ་པ་སྐྱེ་བ་བཀག་པ་གང་ཞིག བུམ་པའི་རྒྱུ་དང་འབྲས་དུས་རེ་རེའི་ཚེ་བུམ་པ་སྐྱེ་བ་བཀག་པའི་ཕྱིར། འདོད་ན། བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པ་སྐྱེ་བ་མི་སྲིད་པར་ཐལ། བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞིས། བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པ་དུས་རྟག་ཏུ་སྐྱེ་བ་བཀག་པའི་ཕྱིར། འདོད་ན། བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པ་སྐྱེ་བའི་དུས་མེད་པར་ཐལ། བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པ་སྐྱེ་བ་མི་སྲིད་པའི་ཕྱིར། འདོད་ན། བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པ་ཡོད་དུས་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་མེད་པའི་ས་ཕྱོགས་སུ་བུམ་པ་ཡོད་དུས་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་མེད་པའི་ས་ཕྱོགས་སུ་མི་ཡོད་དུས་མེད་པར་ཐལ། བུམ་པ་མེད་པའི་ས་ཕྱོགས་སུ་བུམ་པ་ཡོད་དུས་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། མདུན་གྱི་དམ་བཅའ་བ་མེད་པའི་ས་ཕྱོགས་སུ་མདུན་གྱི་དམ་བཅའ་བ་ཡོད་དུས་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། མདུན་གྱི་དམ་བཅའ་བ་མེད་པའི་ས་ཕྱོགས་ཆོས་ཅན། ཁྱོད་ཡིན་ན་ཁྱོད་ཀྱི་སྟེང་དུ་མདུན་གྱི་དམ་བཅའ་བ་འགྲོ་དུས་མེད་པས་ཁྱབ་བར་ཐལ། ཁྱོད་ཡིན་ན་ཁྱོད་ཀྱི་སྟེང་དུ་མདུན་གྱི་དམ་བཅའ་བ་ཡོད་དུས་མེད་པས་ཁྱབ་པའིཕྱིར། འདོད་ན། རྒྱ་གར་རྡོ་རྗེ་གདན་ཆོས་ཅན། ཁྱོད་ལ་མདུན་གྱི་དམ་བཅའ་བ་འགྲོ་བ་མེད་པར་ཐལ། ཁྱོད་མདུན་གྱི་དམ་བཅའ་བ་མེད་པའི་ས་ཕྱོགས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། མདུན་གྱི་དམ་བཅའ་བ་སྔར་འགྲོ་མ་མྱོང་བའི་ས་ཕྱོགས་སུ་འགྲོ་བ་མེད་པར་ཐལ། འདོད་པའི་ཕྱིར། ཞེས་སོགས་སྤྲོའོ། །གཞན་ཡང་རྒྱ་གར་རྡོ་རྗེ་གདན་ཆོས་ཅན། ཁྱོད་ལ་མདུན་གྱི་དམ་བཅའ་བ་འགྲོ་བ་མེད་པར་ཐལ། ཁྱོད་མདུན་གྱི་དམ་བཅའ་བ་མེད་པའི་ས་ཕྱོགས་ཡིན་པའི་ཕྱིར། མ་ཁྱབ་ན། འོ་ན། ཁྱོད་མདུན་གྱི་དམ་བཅའ་བ་མེད་པའི་ས་ཕྱོགས་ཡིན་ན་ཁྱོད་ཀྱི་སྟེང་དུ་མདུན་གྱི་དམ་བཅའ་བ་ཡོད་དུས་མེད་པས་མ་ཁྱབ་པར་ཐལ། ཁྱོད་མདུན་གྱི་དམ་བཅའ་བ་མེད་པའི་ས་ཕྱོགས་ཡིན་ན་ཁྱོད་ཀྱི་སྟེང་དུ་མདུན་གྱི་དམ་བཅའ་བ་འགྲོ་བ་མེད་པས་མ་ཁྱབ་བའི་ཕྱིར། རྟགས་ཁས། འདོད་ན། མདུན་གྱི་དམ་བཅའ་བ་མེད་པའི་ས་ཕྱོགས་སུ་མདུན་གྱི་དམ་བཅའ་བ་ཡོད་དུས་ཡོད་པར་ཐལ་ཟེར་བ་དང༌། ཁང་བ་མེད་པའི་ས་ཕྱོགས་ཁང་བ་ལས་རྒྱུ་ཡོད་མེད་སོགས་དཔྱད་དོ། །

བཅུ་དྲུག་པ་ཐལ་འགྱུར་ཆུང་ངུའི་རྣམ་བཞག་ལ་དོགས་པ་འགོད་པ།

བཅུ་དྲུག་པ་ཐལ་འགྱུར་ཆུང་ངུའི་རྣམ་བཞག་ལ་དོགས་པ་འགོད་པ་ལ།

རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྟགས་མ་གྲུབ། དངོས་པོ་ཡིན་པར་ཐལ། རྟགས་ཙམ་བཀོད་པའི་ཐལ་འགྱུར་འགོད་རྒྱུ་མེད་པའི་ཕྱིར། རྟགས་མ་གྲུབ། དེ་ཡོད་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཞོག ཐལ་འགྱུར་དུ་བཀོད་འདོད་ནས། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཆོས་ཅན་ཟེར་ན། དེ་འདྲ་བ་དེ་ཆོས་ཅན། ཐལ་འགྱུར་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐལ་འགྱུར་མ་ཡིན་པར་ཐལ། ཐལ་འགྱུར་ཡིན་པ་ལ་ཐལ་སྒྲ་དང་ལྡན་དགོས་པ་གང་ཞིག དེ་ལ་དེ་ལྟར་མི་ལྡན་པའི་ཕྱིར། དང་པོ་མ་གྲུབ་ན། ཐལ་འགྱུར་ཡིན་པ་ལ་ཐལ་སྒྲ་དང་ལྡན་མི་དགོས་པར་ཐལ། འདོད་པའི་ཕྱིར། འོ་ན། ཐལ་འགྱུར་དུ་བཀོད་འདོད་ནས། སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ན་དེ་ལྟ་བུ་དེ་ཡང་ཐལ་འགྱུར་ཡིན་པར་ཐལ། འདོད་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་དེ་ཆོས་ཅན། སྦྱོར་བ་མ་ཡིན་པར་ཐལ། ཅིའི་ཕྱིར་ཟེར་ན། དེ་སྦྱོར་བ་མ་ཡིན་པར་ཐལ། ཁྱོད་ལ་སྦྱོར་བ་ཡིན་མིན་དུ་མ་ཡོད་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་དེ་སྦྱོར་བ་ཡིན་པར་ཐལ། སྦྱོར་བ་ཡང་དག་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཆོས་ཅན། སྦྱོར་བ་ཡང་དག་ཡིན་པར་ཐལ། རྟགས་སྦྱོར་ཡང་དག་ཡིན་པའི་ཕྱིེར། རྟགས་མ་གྲུབ། དེར་ཐལ།ཚུལ་གསུམ་ཚང་བའི་རྟགས་སྦྱོར་ཡང་དག་ཡིན་པའི་ཕྱིར། དེར་ཐལ། ཚུལ་གསུམ་ཚང་པའི་རྟགས་སྦྱོར་ཡང་དག་གི་དོན་དེ་བཞག་ནས། སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་དེ་དེ་མ་ཡིན་ཚུལ་ཞིག་མེད་པའི་ཕྱིར། རྟགས་ཕྱི་མ་སླ། ཐལ་འགྱུར་དང་སྦྱོར་བ་གཉིས་མི་འགལ་ཟེར་ན་དེ་གཉིས་ཀྱི་ཁྱར་པར་གང་ཡིན། ཐལ་བ་འཕང་མི་འཕང་གི་སྒོ་ནས་བཞག་ན། ཐལ་འགྱུར་དུ་བཀོད་འདོད་ནས། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཆོས་ཅན། ཐལ་བ་འཕང་བའི་ཐལ་འགྱུར་ཡིན་པར་ཐལ། འདོད་ན། དེས་འཕང་པའི་ཐལ་བ་དེ་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། འདོད་ན། ཞོག ཟེར་ནས་དཔྱད། ཡང་གཞི་གྲུབ་ན། ཁྱོད་རྟགས་ཙམ་བཀོད་པའི་ཐལ་འགྱུར་ཡོད་པས་ཁྱབ་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཆོས་ཅན། ཁྱོད་རྟགས་ཙམ་བཀོད་པའི་ཐལ་འགྱུར་ཡོད་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཞོག སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན་ཟེར་ན། དེ་ཆོས་ཅན། རྟགས་ཙམ་བཀོད་པའི་ཐལ་འགྱུར་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཆོས་ཅན། རྟགས་ཙམ་བཀོད་པའི་ཐལ་འགྱུར་མ་ཡིན་པར་ཐལ། རྟགས་གསལ་རྩོད་གཞི་གསུམ་ཀ་དང་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཆོས་ཅན། རྟགས་གསལ་རྩོད་གཞི་གསུམ་ཀ་དང་ལྡན་པའི་ཐལ་འགྱུར་ཡིན་པར་ཐལ། སྒྲ་ཆོས་ཅན་དུ་བཟུང༌། མི་རྟག་པ་གསལ་བ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར། རྟགས་མ་གྲུབ། དེ་ཡིན་པར་ཐལ། ཞེས་པའི་ཐལ་འགྱུར་རྟགས་སུ་བཀོད་པའི་རྟགས་གསལ་རྩོད་གཞི་གསུམ་ཀ་དང་ལྡན་པའི་ཐལ་འགྱུར་ཅིག་ཡོད་པ་གང་ཞིག དེ་ལྟ་བུ་མི་བཞག་ན་གཞན་འཇོག་རྒྱུ་མེད་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། ཞོག སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཞེས་པ་དེ་ཡིན་ཟེར་ན། འོ་ན་སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཆོས་ཅན། རྟགས་གསལ་རྩོད་གཞི་གསུམ་ཀ་དང་ལྡན་པའི་ཐལ་འགྱུར་ཡིན་པར་ཐལ། འདོད་ན། རྟགས་ཙམ་བཀོད་པའི་ཐལ་འགྱུར་མ་ཡིན་པར་ཐལ་ཟེར་ན་དཔྱད་དོ། །རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དངོས་པོ་ཡིན་པར་ཐལ། ཆོས་ཅན་དུ་མ་བརྩེགས་པའི་ཐལ་འགྱུར་འགོད་ཚུལ་ཡོད་པའི་ཕྱིར། མ་ཁྱབ་ན། ཆོས་ཅན་དུ་མ་བརྩེགས་པའི་ཐལ་འགྱུར་འགོད་ཚུལ་ཡོད་པར་ཐལ། ཁྱབ་མེད་ཀྱི་ལན་བཏབ་པའི་ཕྱིར། འདོད་ན། ཞོག བུམ་པ་ཆོས་ཅན། ཀ་བ་ཆོས་ཅན། སྒྲ་ཆོས་ཅན། གཟུགས་ཆོས་ཅན། དབྱིབས་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་བ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཆོས་ཅན་ཟེར་ན། འོ་ན་བུམ་པ་ཆོས་ཅན། ཀ་བ་ཆོས་ཅན། སྒྲ་ཆོས་ཅན། གཟུགས་ཆོས་ཅན། དབྱིབས་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཆོས་ཅན། ཆོས་ཅན་དུ་མ་བརྩེགས་པའི་ཐལ་འགྱུར་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་ཐལ་འགྱུར་དེ་ཆོས་ཅན། ཆོས་ཅན་དུ་མ་བརྩེགས་པའི་ཐལ་འགྱུར་མ་ཡིན་པར་ཐལ། ཆོས་ཅན་དུ་མ་སྤུངས་པའི་ཐལ་འགྱུར་མ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཀ་བ་ཆོས་ཅན། སྒྲ་ཆོས་ཅན། གཟུགས་ཆོས་ཅན། དབྱིབས་ཆོས་ཅན། མི་རྟག་པར་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཆོས་ཅན། ཆོས་ཅན་དུ་མ་སྤུངས་པའི་ཐལ་འགྱུར་མ་ཡིན་པར་ཐལ། དེ་འདྲའི་ཐལ་འགྱུར་དེ་ལ་ཆོས་ཅན་དུ་མ་མེད་བའི་ཕྱིར། རྟགས་མ་གྲུབ་ན། བུམ་པ་ཆོས་ཅན། ཀ་བ་ཆོས་ཅན། སྒྲ་ཆོས་ཅན། གཟུགས་ཆོས་ཅན། དབྱིབས་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། དེ་ལྟའི་ཐལ་འགྱུར་དེའི་ཆོས་ཅན་དུ་མ་མེད་པར་ཐལ། དེའི་ཆོས་ཅན་ལ་སྒྲ་ལས་གཞན་མི་འཇོག་པའི་ཕྱིར། རྟགས་མ་གྲུབ་ན། བུམ་པ་ཆོས་ཅན། ཀ་བ་ཆོས་ཅན། སྒྲ་ཆོས་ཅན། གཟུགས་ཆོས་ཅན། དབྱིབས་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་ཆོས་ཅན་ལ་བུམ་པ་ལས་གཞན་མི་འཇོག་པར་ཐལ། ཐལ་འགྱུར་གང་དང་གང་ཡིན་ཡང་ཆོས་ཅན་སྔ་བཙན་དང་གསལ་བ་བར་བཙན་རྟགས་ཕྱི་བཙན་དུ་འཇོག་དགོས་པའི་ཕྱིར་ཟེར་ན་དཔྱད་དོ། །ཐལ་འགྱུར་དེའི་རྟགས་གྲུབ་ན་ཐལ་འགྱུར་དེའི་བཀོད་ཚོད་ཀྱི་རྟགས་གྲུབ་པས་མ་ཁྱབ་པར་ཐལ། འདོད་ན། ཐལ་འགྱུར་དེའི་རྟགས་གྲུབ་ན་ཐལ་འགྱུར་དེའི་བཀོད་ཚོད་ཀྱི་རྟགས་གྲུབ་པས་ཁྱབ་པར་ཐལ། མ་ཁྱབ་པའི་སྐྱོན་འཇོག་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཞོག རི་བོང་རྭ་ཆོས་ཅན། མེད་པ་ཡིན་པར་ཐལ། ཚད་མས་མ་དམིགས་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན་ཟེར་ན། འོ་ན་དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱིས་བཀོད་ཚོད་ཀྱི་རྟགས་མ་གྲུབ་པར་ཐལ། ཐལ་འགྱུར་དེའི་རྟགས་གྲུབ་ན་ཐལ་འགྱུར་དེའི་བཀོད་ཚོད་ཀྱི་རྟགས་གྲུབ་པའི་མ་ཁྱབ་པའི་སྐྱོན་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱིས་བཀོད་ཚོད་ཀྱི་རྟགས་མ་གྲུབ་པའི་རྒྱུ་མཚན་དེ། བཀོད་ཚོད་ཀྱི་རྟགས་དེ་མེད་པ་ཡིན་པས་རྒྱུ་མཚན་གྱིས་ཡིན་པར་ཐལ། འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱིས་བཀོད་ཚོད་ཀྱི་རྟགས་མེད་པ་མ་ཡིན་པར་ཐལ། ཁྱོད་ཀྱིས་བཀོད་ཚོད་ཀྱི་རྟགས་དེ་ཡོད་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱིས་བཀོད་ཚོད་ཀྱི་རྟགས་དེ་ཡོད་པ་ཡིན་པར་ཐལ། ཁྱོད་ཀྱིས་བཀོད་ཚོད་ཀྱི་རྟགས་དེ་ཚད་མའི་དམིགས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱིས་བཀོད་ཚོད་ཀྱི་རྟགས་དེ་ཚད་མའི་དམིགས་པ་ཡིན་པར་ཐལ།ཁྱོད་ཀྱིས་བཀོད་ཚོད་ཀྱི་རྟགས་དེ་དངོས་མེད་དུ་རྟོགས་པའི་ཚད་མའི་དམིགས་པ་ཡིན་པའི་ཕྱིར། མ་ཁྱབ་ན། དངོས་མེད་དུ་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་ཀྱི་དམིགས་པ་ཡིན་ན་ཚད་མའི་དམིགས་པ་ཡིན་པའི་ཁྱབ་པར་ཐལ། ཁྱོད་ཚད་མ་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །གཞན་ཡང༌། དངོས་པོ་ཡིན་པར་ཐལ། བདག་མེད་ཡིན་ན་ཁྱོད་ཡིན་པར་ཐལ། ཁྱོད་ཡིན་པའི་ཕྱིར་ཞེས་ཐལ་འགྱུར་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པའི་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་ཁྱབ་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རྟག་པ་ཆོས་ཅན། ཁྱོད་ཡིན་པར་ཐལ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ། ཁྱོད་མེད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། ཁྱོད་བདག་མེད་ཡིན་ན་ཁྱོད་ཡིན་པར་ཐལ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པའི་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཆོས་ཅན། ཁྱོད་ཡིན་པར་ཐལ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། འདོད་ལན་རྩིས། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པར་ཐལ། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པར་འདོད། དེ་ཆོས་ཅན། རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་མ་ཡིན་པར་ཐལ། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྱོད་མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པར་ཐལ། མི་རྟག་པ་གསལ་བ་བཀོད་པ་དང༌། བྱས་པ་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། དེར་ཐལ། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པར་ཐལ། མི་རྟག་པ་གསལ་བར་བཀོད་པ་དང༌། བྱས་པ་རྟགས་བྱས་པའི་ཐལ་འགྱུར་འགོད་ཀྱི་ཡོད་པའི་ཕྱིར་ཟེར་ན་དཔྱད་དོ། །རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཡིན་པར་ཐལ། ཐལ་འགྱུར་དེའི་བཀོད་ཚོད་ཀྱི་རྟགས་གྲུབ་ན་ཐལ་འགྱུར་གྱི་རྟགས་གྲུབ་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་ཁྱབ་པར་ཐལ། མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར། མ་གྲུབ་ན། ཞོག གཟུགས་ཆོས་ཅན། ཤེས་བྱ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན་ཟེར་ན། འོ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྟགས་མ་གྲུབ་པར་ཐལ། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་རྟགས་གྲུབ་པར་ཐལ། ཁྱོད་ཀྱི་རྟགས་ཚད་མའི་གྲུབ་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྱོད་ཀྱི་རྟགས་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་རྟགས་གྲུབ་པར་ཐལ། ཁྱོད་ཀྱི་རྟགས་ཚད་མའི་གྲུབ་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ཆོས་དེ་དང་དེ་ཚད་པའི་གྲུབ་ན་ཆོས་དེ་གྲུབ་དགོས་པའི་ཕྱིར། འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྟགས་གྲུབ་པར་ཐལ། འདོད་མི་ནུས་ཏེ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཐལ་འགྱུར་དེའི་བཀོད་ཚད་ཀྱི་རྟགས་གྲུབ་ན་ཐལ་འགྱུར་དེའི་རྟགས་གྲུབ་པས་ཁྱབ་ཟེར་ན། གཟུགས་ཆོས་ཅན། ཤེས་བྱ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ།། དངོས་པོ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་པར་ཐལ། འདོད་ན། སྤྱིར་ཆོས་ཅན། དངོས་པོ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྤྱིར་ཆོས་ཅན། དངོས་པོ་དང་གཅིག་ཡིན་པར་ཐལ། ཅིའི་ཕྱིར་ཟེར་ན། སྤྱིར་ཆོས་ཅན། དངོས་པོ་དང་གཅིག་ཡིན་པར་ཐལ། དེ་འདྲའི་ཐལ་འགྱུར་གྱི་རྟགས་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། དངོས་པོ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་ན་དངོས་པོ་དང་གཅིག་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དངོས་པོ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་ན་དངོས་པོ་དང་གཅིག་ཡིན་པས་ཁྱབ་པར་ཐལ། དངོས་པོ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ཡིན་ན་དངོས་པོ་དང་གཅིག་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དེ་འདྲའི་ཐལ་འགྱུར་གྱི་རྟགས་གསལ་གཉིས་ཆོས་གཅིག་བཀོད་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཆོས་གཅིག་བཀོད་པ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་གསལ་གཉིས་ཀ་དངོས་པོ་བཀོད་པ་ཡིན་པའི་ཕྱིར། དེར་ཐལ། དངོས་པོས་གསལ་བ་དངོས་པོས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཆོས་གཅིག་བཀོད་པ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་གསལ་གཉིས་ཀ་དངོས་པོ་བཀོད་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་འདྲའི་ཐལ་འགྱུར་གྱི་རྟགས་ཡིན་ན་དེའི་གསལ་བ་ཡིན་དགོས་པར་ཐལ། དེ་གཉིས་ཆོས་གཅིག་བཀོད་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྤྱིར་ཆོས་ཅན། དངོས་པོ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ཡིན་པར་ཐལ། དངོས་པོ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྤྱིར་ཆོས་ཅན། དངོས་པོ་དང་གཅིག་ཡིན་པར་ཐལ། དེ་འདྲའི་ཐལ་འགྱུར་གྱི་གསལ་བ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། དེ་འདྲའི་ཐལ་འགྱུར་གྱི་གསལ་བ་ཡིན་ན་དངོས་པོ་དང་གཅིག་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། དེའི་གསལ་བ་ལ་དངོས་པོ་མ་གཏོགས་གཞན་འཇོག་རྒྱུ་མེད་པའི་ཕྱིར། ཞེས་སོགས་དཔྱད་པར་བྱའོ། །སྒྲས་རྩོད་གཞི། ཡོད་པས་གསལ་བ། དངོས་པོས་གསལ་བ་དངོས་པོས་རྟགས་བྱས་པའི་ཐལ་འགྱུར་ཡིན་ན་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པས་ཁྱབ་པར་ཐལ། འདོད་ན། སྒྲས་རྩོད་གཞི། ཡོད་པས་གསལ་བ། དངོས་པོས་གསལ་བ་དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ། སྒྲས་རྩོད་གཞི། ཡོད་པས་གསལ་བ། དངོས་པོས་གསལ་བ་དངོས་པོས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། སྒྲས་རྩོད་གཞི། ཡོད་པས་གསལ་བ། དངོས་པོས་གསལ་བ་དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་སྒྲས་རྩོད་གཞི། ཡོད་པས་གསལ་བ། དངོས་པོས་གསལ་བ་དངོས་པོས་རྟགས་བྱས་པའི་ཐལ་འགྱུར་ཡིན་པར་ཐལ། སྒྲས་རྩོད་གཞི། ཡོད་པས་གསལ་བ། དངོས་པོས་གསལ་བ་དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། མ་ཁྱབ་ན། དེའི་རྟགས་ངོས་འཛིན་རྒྱུ་ཡོད་པར་ཐལ། ཁྱབ་མེད་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཞོག སྒྲས་རྩོད་གཞི། ཡོད་པས་གསལ་བ། དངོས་པོས་གསལ་བ་དངོས་པོ་ཆོས་ཅན་ཟེར་ན། འོ་ན། སྒྲས་རྩོད་གཞི། ཡོད་པས་གསལ་བ། དངོས་པོས་གསལ་བ་དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། སྒྲས་རྩོད་གཞི། ཡོད་པས་གསལ་བ། དངོས་པོས་གསལ་བ་དངོས་པོ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པར་ཐལ། འདོད་ན། འོ་ན། སྒྲས་རྩོད་གཞི། ཡོད་པས་གསལ་བ། དངོས་པོས་གསལ་བ་དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། སྒྲས་རྩོད་གཞི། ཡོད་པས་གསལ་བ། དངོས་པོས་གསལ་བ་དངོས་པོས་རྟགས་བྱས་པའི་ཐལ་འགྱུར་ཡིན་པར་ཐལ། སྒྲས་རྩོད་གཞི། ཡོད་པས་གསལ་བ། དངོས་པོས་གསལ་བ་དངོས་པོ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཚ། སྒྲས་རྩོད་གཞི། ཡོད་པས་གསལ་བ། དངོས་པོས་གསལ་བ་དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ། སྒྲས་རྩོད་གཞི། ཡོད་པས་གསལ་བ། དངོས་པོས་གསལ་བ་དངོས་པོས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། སྒྲས་རྩོད་གཞི། ཡོད་པས་གསལ་བ། དངོས་པོས་གསལ་བ་དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་མ་ཡིན་པར་ཐལ། རྟགས་ཙམ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། འདོད་མི་ནུས་ཏེ། རྟགས་ཙམ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །གཞན་ཡང༌། དངོས་པོ་ཡིན་པར་ཐལ། ཐལ་འགྱུར་ཡིན་ན་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་མ་ཡིན་པས་ཁྱབ་པའི་ཕྱིར། རྟགས་མ་གྲུབ། ཐལ་འགྱུར་ཡིན་ན་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་མ་ཡིན་པས་ཁྱབ་པར་ཐལ། མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར། རྟགས་མ་གྲུབ། ཞོག སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན་ཟེར་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ། དེ་འདྲའི་ཐལ་འགྱུར་དེའི་རྟགས་གསལ་གཉིས་ཐ་དད་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ་ཡིན་པར་ཤེས་པར་བྱའོ། །

བཅུ་བདུན་པ་དུས་གསུམ་ལ་དོགས་པ་འགོད་པ།

བཅུ་བདུན་པ་དུས་གསུམ་ལ་དོགས་པ་འགོད་པ་ལ།

ཤེས་བྱ་ཆོས་ཅན། འདས་མ་འོངས་ད་ལྟ་གསུམ་པོ་གང་རུང་མ་ཡིན་པར་ཐལ། འདོད་ན། ཤེས་བྱ་ཆོས་ཅན། འདས་མ་འོངས་ད་ལྟ་གསུམ་པོ་གང་རུང་ཡིན་པར་ཐལ། ད་ལྟ་བ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། ད་ལྟ་བ་ཡིན་པར་ཐལ། སྐྱེས་ལ་མ་འགག་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། སྐྱེས་ལ་མ་འགག་པ་དེ་ད་ལྟ་བའི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་བཀའ་བཞི་བ་བསོད་ནམས་བཟང་བོའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། །དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་གཏན་ཚིགས་རིགས་པའི་དོན་བསྡུས་ལས། སྐྱེས་ལ་མ་འགག་པའོ།། ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན་ཤེས་བྱ་ཆོས་ཅན། ད་ལྟ་བ་ཡིན་པར་ཐལ། སྐྱེས་ལ་མ་འགག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ཤེས་བྱ་ཆོས་ཅན། སྐྱེས་ལ་མ་འགག་པ་ཡིན་པར་ཐལ། སྐྱེས་ལ་མ་འགག་པ་ཡིན་པ་དང་མ་ཡིན་པ་གང་རུང་གང་ཞིག སྐྱེས་ལ་མ་འགག་པ་མ་ཡིན་པ་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ཤེས་བྱ་ཆོས་ཅན། སྐྱེས་ལ་མ་འགག་པ་ཡིན་པ་དང་མ་ཡིན་པ་གང་རུང་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། མ་ཁྱབ་ན། སྐྱེས་ལ་མ་འགག་པ་ཆོས་ཅན། གཞི་གྲུབ་ན་ཁྱོད་ཡིན་པ་དང་མ་ཡིན་པ་གང་རུང་ཡིན་པས་ཁྱབ་པར་ཐལ། ཁྱོད་ཡིན་པ་དང་མ་ཡིན་པ་གང་རུང་མ་ཡིན་པའི་ཕུང་བོ་གསུམ་པ་མེད་པའི་ཕྱིར། མ་གྲུབ་ན། སྐྱེས་ལ་མ་འགག་པ་ཆོས་ཅན། ཁྱོད་ཡིན་པ་དང་མ་ཡིན་པ་གང་རུང་མ་ཡིན་པའི་ཕུང་བོ་གསུམ་པ་མེད་པར་ཐལ། ཁྱོད་ཡིན་པ་དང་མ་ཡིན་པ་གཉིས་རྣམ་བཅད་ཡོངས་གཅོད་ཀྱི་འགལ་བ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང་མཆིམས་འཇམ་པའི་དབྱངས་ཀྱྀས་མཛད་པའི་མཛོད་འགྲེལ་མངོན་པའི་རྒྱན་ལས། དེ་གཉིས་ནི་ཕན་ཚུན་རྣམ་པར་གཅོད་པའི་འགལ་བ་ཡིན་པའི་ཕྱིར་ཕུང་བོ་གསུམ་པ་གཞན་མེད་དོ། །ཞེས་གསུངས་པའི་ཕྱིར། འདོད། འོ་ན། སྐྱེས་ལ་མ་འགག་པ་ཆོས་ཅན། ཁྱོད་ཡིན་པ་དང་མ་ཡིན་པ་གང་རུང་མ་ཡིན་པའི་ཕུང་བོ་གསུམ་པ་མེད་པར་ཐལ། ཁྱོད་ཡིན་པ་དང་མ་ཡིན་པ་གཉིས་རྣམ་བཅད་ཡོངས་གཅོད་ཀྱི་འགལ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། སྐྱེས་ལ་མ་འགག་པ་ཆོས་ཅན། ཁྱོད་ཡིན་པ་དང་མ་ཡིན་པ་གཉིས་རྣམ་བཅད་ཡོངས་གཅོད་ཀྱི་འགལ་བ་ཡིན་པར་ཐལ། ཁྱོད་ཡིན་པ་དང་མ་ཡིན་པ་གཉིས་རེ་རེ་ནས་ཡོད་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། བུམ་པ་དང་བུམ་པ་མ་ཡིན་པ་གཉིས་དང༌། སྔོན་པོ་དང་སྔོན་པོ་མ་ཡིན་པ་གཉིས་རྣམ་བཅད་ཡོངས་གཅོད་ཀྱི་འགལ་བ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དེ་གཉིས་རྣམ་བཅད་ཡོངས་གཅོད་ཀྱི་འགལ་བ་ཡིན་པར་ཐལ། དེ་གཉིས་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། བུམ་པ་དང་བུམ་པ་མ་ཡིན་པ་གཉིས། སྔོན་པོ་དང་སྔོན་པོ་མ་ཡིན་པ་གཉིས། ཞེས་གསུངས་པའི་ཕྱིར། འདོད། འོ་ན། ཁྱོད་ཡིན་པ་དང་མ་ཡིན་པ་གཉིས་ཡོད་ན་ཁྱོད་ཡིན་པ་དང་མ་ཡིན་པ་གཉིས་རྣམ་བཅད་ཡོངས་གཅོད་ཀྱི་འགལ་བ་ཡིན་པས་ཁྱབ་པར་ཐལ། བུམ་པ་དང་བུམ་པ་མ་ཡིན་པ་གཉིས་དང༌། སྔོན་པོ་དང་སྔོན་པོ་མ་ཡིན་པ་གཉིས་རྣམ་བཅད་ཡོངས་གཅོད་ཀྱི་འགལ་བ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། སྐྱེས་ལ་མ་འགག་པ་ཆོས་ཅན། ཁྱོད་ཡིན་པ་དང་མ་ཡིན་པ་གཉིས་རྣམ་བཅད་ཡོངས་གཅོད་ཀྱི་འགལ་བ་ཡིན་པར་ཐལ། ཁྱོད་ཡིན་པ་དང་མ་ཡིན་པ་གཉིས་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། སྐྱེས་ལ་མ་འགག་པ་ཆོས་ཅན། ཁྱོད་ཡིན་པ་དང་མ་ཡིན་པ་གང་རུང་མ་ཡིན་པའི་ཕུང་བོ་གསུམ་པ་མེད་པར་ཐལ། ཁྱོད་ཡིན་པ་དང་མ་ཡིན་པ་གཉིས་རྣམ་བཅད་ཡོངས་གཅོད་ཀྱི་འགལ་བ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། སྐྱེས་ལ་མ་འགག་པ་ཆོས་ཅན། གཞི་གྲུབ་ན་ཁྱོད་ཡིན་པ་དང་མ་ཡིན་པ་གང་རུང་ཡིན་པས་ཁྱབ་པར་ཐལ། ཁྱོད་ཡིན་པ་དང་མ་ཡིན་པ་གང་རུང་མ་ཡིན་པའི་ཕུང་བོ་གསུམ་པ་མེད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། སྐྱེས་ལ་མ་འགག་པ་ཡིན་པར་ཐལ། སྐྱེས་ལ་མ་འགག་པ་ཡིན་པ་དང་མ་ཡིན་པ་གང་རུང་གང་ཞིག སྐྱེས་ལ་མ་འགག་པ་མ་ཡིན་པ་མ་ཡིན་པའི་ཕྱིར། རྟགས་དང་པོ་ཁས། ཕྱི་མ་མ་གྲུབ་ན། འཁོར་གསུམ། ཤེས་བྱ་ཆོས་ཅན། སྐྱེས་ལ་མ་འགག་པ་ཡིན་པར་ཐལ། སྐྱེས་ལ་མ་འགག་པ་མ་ཡིན་པ་མ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། སྐྱེས་ལ་མ་འགག་པ་ཆོས་ཅན། ཁྱོད་མ་ཡིན་པ་མ་ཡིན་ན་ཁྱོད་ཡིན་པས་ཁྱབ་པར་ཐལ། ཁྱོད་མ་ཡིན་པ་མ་ཡིན་པ་དང་ཁྱོད་ཡིན་པ་གཉིས་དོན་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། སྐྱེས་ལ་མ་འགག་པ་ཆོས་ཅན། ཁྱོད་མ་ཡིན་པ་མ་ཡིན་པ་དང་ཁྱོད་ཡིན་པ་གཉིས་དོན་གཅིག་ཡིན་པར་ཐལ། ཁྱོད་མ་ཡིན་པ་མ་ཡིན་པ་དང་ཁྱོད་ཡིན་པ་གཉིས་ཕན་ཚུན་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། རྟགས་ཁྱབ་སྒྲུབ་སླའོ། གོང་དུ་ཤེས་བྱ་ཆོས་ཅན། སྐྱེས་ལ་མ་འགག་པ་ཡིན་པར་ཐལ། སྐྱེས་ལ་མ་འགག་པ་མ་ཡིན་པ་མ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་འདོད་ཟེར་ན། ཤེས་བྱ་ཆོས་ཅན། ད་ལྟ་བ་ཡིན་པར་ཐལ། སྐྱེས་ལ་མ་འགག་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། སྐྱེས་ལ་མ་འགག་པ་དེ་ད་ལྟ་བའི་མཚན་ཉིད་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །གཞན་ཡང༌། ཤི་བའི་མི་ཡོད་པར་ཐལ། ཤི་ཟིན་པའི་མི་ཡོད་པའི་ཕྱིར། དེར་ཐལ། ཤི་ཟིན་པའི་སྦྲུལ་ཡོད་པའི་རྒྱུ་མཚན་ཡོད་པའི་ཕྱིར།དེར་ཐལ། དེ་ལྟར་ཡོད་པ་དེ་ཡང་རྒྱལ་སྲས་ཞི་བ་ལྷས་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ཉིད་ཀྱིས་མཛད་པའི་སྤྱོད་འཇུག་ལས། ཤི་བའི་སྦྲུལ་དང་འཕྲད་གྱུར་ན། །ཁྭ་ཡང་མཁའ་ལྡིང་ལྟ་བུར་སྤྱོད། །ཅེས་དང༌། དེའི་ཐད་ཀྱི་སྤྱོད་འཇུག་ས་འགྲེལ་ལས། དཔེར་ན་ཤི་ཟིན་པར་གྱུར་བའི་སྦྲུལ་གྱི་རོ་དང་འཕྲད་པར་གྱུར་ན་བྱ་ཁྭ་ཏ་ཡང་ནམ་མཁའ་ལྡིང་ལྟ་བུར་མི་འཇིགས་པས་ཟ་བར་སྤྱོད་པ་ལྟར། གལ་ཏེ་བདག་ཉིད་གཉེན་པོའི་ཉམས་སྟོབས་སམ་ནུས་པ་ཆུང་བར་གྱུར་ན་ཉོན་མོངས་པ་ལས་བྱུང་བའི་ལྟུང་བ་ཆུང་ངུའམ་གནོད་པ་བྱེད་དུ་འོང་བས་གཉེན་པོའི་སྟོབས་བསྐྱེད་པར་རིགས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་ཞུའོ། །ཁྱོད་ཀྱི་སྐད་ཅིག་སྔ་ཕྱི་བར་གསུམ་ཀའི་དུས་དེ་ཁྱོད་ཀྱི་གནས་དུས་ཡིན་པར་ཐལ།ཁྱོད་སྐད་ཅིག་སྔ་ཕྱི་བར་གསུམ་ཀའི་བདག་ཉིད་ཅན་གྱི་དངོས་པོ་ཡིན་པའི་ཕྱིར། ཞེས་པའི་གཞུང༌། ས་བཅད། ལུང་གི་དོན་རྣམས་དྲིས་ནས། འོ་ན། ཁྱོད་སྐད་ཅིག་སྔ་ཕྱི་བར་གསུམ་ཀའི་བདག་ཉིད་ཅན་གྱི་དངོས་པོ་ཡིན་ན། ཁྱོད་ཀྱི་སྐད་ཅིག་སྔ་ཕྱི་བར་གསུམ་ཀའི་དུས་དེ་ཁྱོད་ཀྱི་གནས་དུས་ཡིན་པའི་ཁྱབ་པར་ཐལ། འདོད་ན། རྒྱུན་ཆད་ཁ་མའི་ཉོན་མོངས་ཆོས་ཅན། ཁྱོད་ཀྱི་སྐད་ཅིག་སྔ་ཕྱི་བར་གསུམ་ཀའི་དུས་དེ་ཁྱོད་ཀྱི་གནས་དུས་ཡིན་པར་ཐལ།ཁྱོད་སྐད་ཅིག་སྔ་ཕྱི་བར་གསུམ་ཀའི་བདག་ཉིད་ཅན་གྱི་དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་ཀྱི་ཐོག་མཐའ་དབུས་གསུམ་ཀ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། དེ་ལྟ་ཡོད་པ་དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་ལས། ཇི་ལྟར་སྐད་ཅིག་མཐའ་ཡོད་པ། །དེ་བཞིན་ཐོག་མཐའ་དབུས་དབུས་བརྟགས་དགོས། །ཞེས་གསུངས་པའི་ཕྱིར། འདོད་ན། རྒྱུན་ཆད་ཁ་མའི་ཉོན་མོངས་ཆོས་ཅན། ཁྱོད་སྐད་ཅིག་ཕྱི་མ་ཡོད་པར་ཐལ། ཁྱོད་ཀྱི་སྐད་ཅིག་སྔ་ཕྱི་བར་གསུམ་ག་ཡོད་པའི་ཕྱིར། འདོད་ན། རྒྱུན་ཆད་ཁ་མའི་ཉོན་མོངས་ཆོས་ཅན། ཁྱོད་ཁྱོད་ཀྱི་སྐད་ཅིག་ཐ་མའི་ཉེར་ལེན་ཡིན་པར་ཐལ། ཁྱོད་ཀྱི་སྐད་ཅིག་ཐ་མ་དེའི་དངོས་ཀྱི་ཉེར་ལེན་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། མ་ཁྱབ། རྒྱུན་ཆད་ཁ་མའི་ཉོན་མོངས་པ་དེའི་སྔ་རོལ་གྱི་དངོས་པོ་ཆོས་ཅན་ཟེར་ན། མི་འཐད་དེ། དེ་དེའི་བརྒྱུད་རྒྱུ་ཡིན་པའི་ཕྱིར། དེར་ཐལ། དེས་རྒྱུན་ཆད་ཁ་མའི་ཉོན་མོངས་ཀྱི་སྐད་ཅིག་དང་པོ་དང་བར་བ་བརྒྱུད་ནས་བསྐྱེད་པ་ཡིན་པའི་ཕྱིར། དེར་ཐལ། དེ་དང་དེ་གཉིས་ཀའི་བར་དུ་རྒྱུན་ཆད་ཁ་མའི་ཉོན་མོངས་སྐད་ཅིག་དང་པོ་དང་བར་བས་ཆོད་པའི་ཕྱིར། འདོད་ན། རྒྱུན་ཆད་ཁ་མའི་ཉོན་མོངས་དེ། རྒྱུན་ཆད་ཁ་མའི་ཉོན་མོངས་སྐད་ཅིག་ཐ་མའི་དངོས་ཀྱི་ཉེར་ལེན་ལ་འཇོག་དགོས་པར་ཐལ། དེ་ལས་གཞན་མི་རྙེད་པའི་ཕྱིར། འདོད་ན། རྒྱུན་ཆད་ཁ་མའི་ཉོན་མོངས་ཆོས་ཅན། ཉེར་ལེན་གྱི་རྒྱུ་ཡིན་པར་ཐལ། འདོད་མི་ནུས་ཏེ། རྒྱུན་ཆད་ཁ་མའི་ཉོན་མོངས་དེ། རྒྱུ་ཡིན་ན་ཉེར་ལེན་གྱི་རྒྱུ་ཡིན་པའི་མ་ཁྱབ་པའི་སྐྱོན་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །འདས་པ་དང༌། ཞིག་ཆ་དང༌། ཞིག་པ་དང༌། གཞན་ཞིག་པའི་ཆ་རྣམས་དོན་གཅིག་ཡིན་པར་ཐལ། འདོད་ན། འདས་པ་དང༌། ཞིག་པ་གཉིས་དོན་གཅིག་ཡིན་པར་ཐལ། འདས་པ་དང༌། ཞིག་ཆ་དང༌། ཞིག་པ་དང༌། གཞན་ཞིག་པའི་ཆ་རྣམས་དོན་གཅིག་ཡིན་པའི་ཕྱིར། འདོད་ན། ཞིག་པ་ཡིན་ན་འདས་པ་ཡིན་པས་ཁྱབ་པར་ཐལ། འདས་པ་དང༌། ཞིག་པ་གཉིས་དོན་གཅིག་ཡིན་པའི་ཕྱིར། འདོད་ན། བུམ་པ་ཞིག་པ་ཆོས་ཅན། འདས་པ་ཡིན་པར་ཐལ། ཞིག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས།མ་གྲུབ་ན། ཆོས་ཅན་དེའི་ཕྱིར། འདོད་ན། བུམ་པ་ཞིག་པ་ཆོས་ཅན། འདས་པ་མ་ཡིན་པར་ཐལ། དངོས་པོ་མ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཞིག་པ་ཆོས་ཅན། དངོས་པོ་མ་ཡིན་པར་ཐལ། དངོས་པོ་དང་རྫས་གྲུབ་གང་ཡང་མ་ཡིན་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། དེ་མ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། བུམ་པ་ཞིག་པ་ཆོས་ཅན། དངོས་པོ་དང་རྫས་གྲུབ་མ་ཡིན་ཏེ། བུམ་པ་ཞིག་པ་ཙམ་གྱིས་མེད་དགག་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད། བུམ་པ་ཞིག་པ་ཆོས་ཅན། དངོས་པོ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་ཞིག་པ་ཆོས་ཅན། འདས་པ་མ་ཡིན་པར་ཐལ། དངོས་པོ་མ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། འདས་པ་ཡིན་ན་དངོས་པོ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། འདས་པ་ཡིན་ན་དངོས་པོ་ཡིན་དགོས་པར་ཐལ། འདས་མ་འོངས་ད་ལྟ་གསུམ་པོ་གང་རུང་ཡིན་ན་དངོས་པོ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། འདས་མ་འོངས་ད་ལྟ་གསུམ་པོ་གང་རུང་ཡིན་ན་དངོས་པོ་ཡིན་དགོས་པར་ཐལ། འདས་མ་འོངས་ད་ལྟ་གསུམ་པོ་དངོས་པོའི་དབྱེ་བ་ཡིན་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། དེ་ཡིན་པར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། གསུམ་པ་སྔ་ཕྱིའི་སྒོ་ནས་དབྱེ་ན་འདས་མ་འོངས་ད་ལྟར་བྱུང་བ་སྟེ་གསུམ་མོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། ལུང་དེའི་དོན་ནི་འདས་མ་འོངས་ད་ལྟའི་དུས་གསུམ་པོ་དངོས་པོའི་དབྱེ་བ་ཡིན་པའི་དོན་ཡིན་ཟེར་ན། འོ་ན། འདས་པའི་དུས་ཡིན་ན་སྔོན་བྱུང་བའི་སྟོབས་ཀྱིས་འགག་པ་ཡིན་པས་ཁྱབ་པར་ཐལ། སྔོན་བྱུང་བའི་སྟོབས་ཀྱིས་འགག་པ་དེ་འདས་པའི་དུས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། དེ་ཡིན་པར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། གསུམ་པ་སྔ་ཕྱིའི་སྒོ་ནས་དབྱེ་ན་འདས་མ་འོངས་ད་ལྟར་བྱུང་བ་སྟེ་གསུམ་མོ། ། མཚན་ཉིད་ནི་རིམ་པ་ལྟར། སྔོན་བྱུང་བའི་སྟོབས་ཀྱིས་འགག་པ་དང༌། ཞེས་སོགས་གསུངས་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དེའི་སྐབས་ཀྱི་འདས་པ་དེ་འདས་པའི་དུས་ལ་བྱེད་དགོས་པའི་ཕྱིར། མ་གྲུབ་ན། དེའི་སྐབས་ཀྱི་འདས་པ་དེ་འདས་པའི་དུས་ལ་བྱེད་དགོས་པར་ཐལ། དེའི་སྐབས་ཀྱི་འདས་མ་འོངས་ད་ལྟར་བྱུང་བ་དེ་འདས་མ་འོངས་ད་ལྟར་གྱི་དུས་གསུམ་ལ་བྱེད་དགོས་པའི་ཕྱིར། རྟགས་གོང་དུ་ཁས། འདོད་ན། ཡང་གོང་དུ་འདས་པའི་དུས་ཡིན་ན་སྔོན་བྱུང་བའི་སྟོབས་ཀྱིས་འགག་པ་ཡིན་པས་ཁྱབ་པར་ཐལ། སྔོན་བྱུང་བའི་སྟོབས་ཀྱིས་འགག་པ་དེ་འདས་པའི་དུས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་འདོད་ཟེར་ན། འོ་ན། འདས་པའི་དུས་ཆོས་ཅན། སྔོན་བྱུང་བའི་སྟོབས་ཀྱིས་འགག་པ་ཡིན་པར་ཐལ། འདས་པའི་དུས་ཡིན་པའི་ཕྱིར། མ་གྲུབ་ན། འདས་པའི་དུས་འདས་པའི་དུས་ཡིན་པར་ཐལ། འདས་པའི་དུས་ཡོད་པའི་ཕྱིར། མ་གྲུབ་ན། འདས་པའི་དུས་ཡོད་པར་ཐལ། འདས་པའི་དུས་དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། འདས་པའི་དུས་དངོས་པོ་ཡིན་པར་ཐལ། འདས་པའི་དུས་དངོས་པོའི་དབྱེ་བ་ཡིན་པའི་ཕྱིར། མ་གྲུབ་ན། འདས་པའི་དུས་དངོས་པོའི་དབྱེ་བ་ཡིན་པར་ཐལ། དུས་གསུམ་དངོས་པོའི་དབྱེ་བ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། འདས་པའི་དུས་ཆོས་ཅན། སྔོན་བྱུང་བའི་སྟོབས་ཀྱིས་འགག་པ་ཡིན་པར་ཐལ། འདས་པའི་དུས་ཡིན་པའི་ཕྱིར། རྟགས་ཁྱབ་བསྒྲུབས་ཟིན། འདོད་ན། འདས་པའི་དུས་ཆོས་ཅན། སྔོན་བྱུང་བའི་སྟོབས་ཀྱིས་འགག་པ་མ་ཡིན་པར་ཐལ། སྐྱེས་ལ་མ་འགག་པ་ཡིན་པའི་ཕྱིར། མ་གྲུབ་ན། འདས་པའི་དུས་ཆོས་ཅན། སྐྱེས་ལ་མ་འགག་པ་ཡིན་པར་ཐལ། ད་ལྟ་བ་ཡིན་པའི་ཕྱིར། མ་གྲུབ་ན། འདས་པའི་དུས་ཆོས་ཅན། ད་ལྟ་བ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ད་ལྟ་བ་དང་དངོས་པོ་གཉིས་དོན་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། དངོས་པོ་དང་ད་ལྟ་བ་དོན་གཅིག ཅེས་གསུངས་པའི་ཕྱིར། འདོད་ན། གོང་དུ་འདས་པའི་དུས་ཆོས་ཅན། སྐྱེས་ལ་མ་འགག་པ་ཡིན་པར་ཐལ། ད་ལྟ་བ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་མ་ཁྱབ་ཟེར་ན། དེ་འདྲའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ། སྐྱེས་ལ་མ་འགག་པ་ད་ལྟ་བའི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། སྐྱེས་ལ་མ་འགག་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །བུམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཁྱོད་ལ་ལྟོས་ཏེ་འགག་ཟིན་པ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། ཞེས་པའི་ལུང་གི་དོན་ཡོད་པར་ཐལ། ཡོད་པའི་ཕྱིར། ཟེར་ནས་གཞུང་དང་ས་བཅད་ལུང་དོན་རྣམས་འདྲི། འོ་ན་དངོས་པོ་ཡིན་ན་ཁྱོད་ཀྱི་རྒྱུ་ཁྱོད་ལ་ལྟོས་ཏེ་འགག་ཟིན་པ་ཡིན་པས་ཁྱབ་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། བུ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཁྱོད་ལ་ལྟོས་ཏེ་འགག་ཟིན་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། འདོད་ན། བུ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཁྱོད་ལ་ལྟོས་ཏེ་མེད་པར་ཐལ། ཁྱོད་ཀྱི་རྒྱུ་ཁྱོད་ལ་ལྟོས་ཏེ་འགག་ཟིན་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བུ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཁྱོད་ལ་ལྟོས་ཏེ་མེད་པ་མ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུ་ཁྱོད་ལ་ལྟོས་ཏེ་ཡོད་པའི་ཕྱིར། མ་གྲུབ་ན། བུ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཁྱོད་ལ་ལྟོས་ཏེ་ཡོད་པ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུ་ཁྱོད་ལ་ལྟོས་ཏེ་དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། བུ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཁྱོད་ལ་ལྟོས་ཏེ་དངོས་པོ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུ་ཁྱོད་ལ་ལྟོས་ཏེ་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། བུ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཁྱོད་ལ་ལྟོས་ཏེ་རྒྱུ་ཡིན་པར་ཐལ། ཁྱོད་ཀྱི་ཕ་ཁྱོད་ལ་ལྟོས་ཏེ་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། བུ་ཆོས་ཅན། ཁྱོད་ཀྱི་ཕ་ཁྱོད་ལ་ལྟོས་ཏེ་རྒྱུ་ཡིན་པར་ཐལ། ཁྱོད་ཀྱི་ཕ་ཁྱོད་ལ་ལྟོས་ཏེ་ཕ་ཡིན་པའི་ཕྱིར། མ་གྲུབ་ན། བུ་ཆོས་ཅན། ཁྱོད་ཀྱི་ཕ་ཁྱོད་ལ་ལྟོས་ཏེ་ཕ་ཡིན་པར་ཐལ། ཁྱོད་ཁྱོད་ཀྱི་ཕ་ལ་ལྟོས་ཏེ་བུ་དང་ཁྱོད་ཀྱི་ཕ་ཁྱོད་ལ་ལྟོས་ཏེ་ཕ་ཡིན་པར་འཇོག་དགོས་པའི་ཕྱིར། མ་གྲུབ་ན། བུ་ཆོས་ཅན། ཁྱོད་ཁྱོད་ཀྱི་ཕ་ལ་ལྟོས་ཏེ་བུ་དང་ཁྱོད་ཀྱི་ཕ་ཁྱོད་ལ་ལྟོས་ཏེ་ཕ་ཡིན་པར་འཇོག་དགོས་པར་ཐལ། ཕ་དང་ཁྱོད་གཉིས་ཕན་ཚུན་ལྟོས་ནས་འཇོག་དགོས་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། དེ་དགོས་པར་ཐལ། སྤྱོད་འཇུག་ལས།བུ་མེད་པར་ནི་ཕ་མེད་པ། །དེ་བཞིན་དེ་གཉིས་མེད་པ་ཉིད། །མྱུ་གུ་ས་བོན་ལས་སྐྱེ་ཞིང༌། །ས་བོན་དེ་ཉིད་ཀྱིས་རྟོགས་བཞིན། །ཞེས་གསུངས་པའི་ཕྱིར། འདོད་ན། བུ་ཆོས་ཅན། ཕ་དང་ཁྱོད་གཉིས་ཕན་ཚུན་ལྟོས་ནས་འཇོག་དགོས་པར་ཐལ། འདོད་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ།། སྐྱེ་བཞིན་པ་མེད་པར་ཐལ། སྐྱེ་བ་ལ་མངོན་དུ་ཕྱོགས་པ་མེད་པའི་ཕྱིར། འདོད་ན། ཕྱེད་སྐྱེས་ལ་ཕྱེད་མ་སྐྱེས་པ་དེ་སྐྱེས་བཞིན་པའི་དོན་མ་ཡིན་པར་ཐལ། སྐྱེ་བཞིན་པ་མེད་པའི་ཕྱིར། འདོད་ན། འཁོར་གསུམ། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེའང་སློབ་དཔོན་ཨཱརྱ་དེ་བས་མཛད་པའི་དབུ་མ་བཞི་བརྒྱ་བ་ལས། སྐྱེ་བཞིན་པ་ནི་ཕྱེད་སྐྱེས་ཕྱིར། །ཞེས་གསུངས་པའི་ཕྱིར། འདོད། འོ་ན། ཕྱེད་སྐྱེས་ལ་ཕྱེད་མ་སྐྱེས་པ་དེ་སྐྱེ་བཞིན་པའི་དོན་ཡིན་པར་ཐལ། ལུང་དོན་དེའི་ཕྱིར། འདོད་ན། སྐྱེ་བཞིན་པ་ཡོད་པར་ཐལ། ཟེར་ན་དཔྱད་པར་བྱའོ། །ཁྱོད་སྐད་ཅིག་སྔ་ཕྱི་བར་གསུམ་གའི་བདག་ཉིད་ཅན་གྱི་དངོས་པོ་ཡིན་ན་ཁྱོད་སྐད་ཅིག་སྔ་ཕྱི་བར་གསུམ་གྱི་དུས་དེ་ཁྱོད་ཀྱི་གནས་དུས་ཡིན་པས་ཁྱབ་ཀྱང་ཁྱོད་དངོས་པོ་ཡིན་ན་ཁྱོད་སྐད་ཅིག་སྔ་ཕྱི་བར་གསུམ་གྱི་དུས་དེ་ཁྱོད་ཀྱི་གནས་དུས་ཡིན་པས་མ་ཁྱབ་པར་ཐལ། ཁྱོད་སྐད་ཅིག་སྔ་ཕྱི་བར་གསུམ་གའི་བདག་ཉིད་ཅན་གྱི་དངོས་པོ་ཡིན་པའི་ཕྱིར། ཞེས་སྐད་ཅིག་སྔ་ཕྱི་བར་གསུམ་གའི་བདག་ཉིད་ཅན་ཟེར་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དངོས་པོ་ཡིན་ན་ཁྱོད་སྐད་ཅིག་སྔ་ཕྱི་བར་གསུམ་གྱི་དུས་དེ་ཁྱོད་ཀྱི་གནས་དུས་ཡིན་པས་ཁྱབ་པར་ཐལ། དེ་ལྟར་མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར། རྟགས་མ་གྲུབ་སྟེ། ཐུང་མཐའི་སྐད་ཅིག་མ་ཆོས་ཅན་ཟེར་ན། འོ་ན་ཐུང་མཐའི་སྐད་ཅིག་མ་ཆོས་ཅན། ཁྱོད་སྐད་ཅིག་སྔ་ཕྱི་བར་གསུམ་གྱི་དུས་དེ་ཁྱོད་ཀྱི་གནས་དུས་མ་ཡིན་པར་ཐལ། འཇོག་ཚུལ་འཐད་པའི་ཕྱིར། འདོད་ན། ཐུང་མཐའི་སྐད་ཅིག་མ་ཆོས་ཅན། ཁྱོད་སྐད་ཅིག་སྔ་ཕྱི་བར་གསུམ་གྱི་དུས་དེ་ཁྱོད་ཀྱི་གནས་དུས་ཡིན་པར་ཐལ།ཁྱོད་སྐད་ཅིག་སྔ་ཕྱི་བར་གསུམ་གྱི་བདག་ཉིད་ཅན་གྱི་དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། ཐུང་མཐའི་སྐད་ཅིག་མ་ཆོས་ཅན། ཁྱོད་སྐད་ཅིག་སྔ་ཕྱི་བར་གསུམ་གྱི་བདག་ཉིད་ཅན་གྱི་དངོས་པོ་ཡིན་པར་ཐལ། ཁྱོད་ཀྱི་སྐད་ཅིག་སྔ་ཕྱི་བར་གསུམ་ཡོད་པའི་ཕྱིར། མ་གྲུབ་ན། ཐུང་མཐའི་སྐད་ཅིག་མ་ཆོས་ཅན། ཁྱོད་ཀྱི་སྐད་ཅིག་སྔ་ཕྱི་བར་གསུམ་ཡོད་པར་ཐལ། ཁྱོད་ལ་སྐད་ཅིག་ཐོག་མཐའ་དབུས་གསུམ་ཡོད་པའི་ཕྱིར། མ་གྲུབ་ན། ཐུང་མཐའི་སྐད་ཅིག་མ་ཆོས་ཅན། ཁྱོད་ལ་སྐད་ཅིག་ཐོག་མཐའ་དབུས་གསུམ་ཡོད་པར་ཐལ། ཁྱོད་དུས་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དེ་ལྟར་ཁྱབ་པ་ཡོད་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་གཏམ་ཚོགས་རིན་ཆེན་ཕྲེང་བ་ལས། ཇི་ལྟར་སྐད་ཅིག་མཐའ་ཡོད་པ། ། དེ་བཞིན་ཐོག་མཐའ་དབུས་བརྟག་དགོས། ། དེ་ལྟར་སྐད་ཅིག་གསུམ་བརྟག་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན་ཐུང་མཐའི་སྐད་ཅིག་མ་ཆོས་ཅན། ཁྱོད་ལ་སྐད་ཅིག་ཐོག་མཐའ་དབུས་གསུམ་ཡོད་པར་ཐལ། འདོད་པའི་ཕྱིར། ཞེས་སོགས་སྔར་ལྟར་དཔྱད་པར་བྱའོ། །གཞན་ཡང༌། ཐུང་མཐའི་སྐད་ཅིག་མ་ཆོས་ཅན། ཁྱོད་ལ་སྐད་ཅིག་ཐོག་མཐའ་དབུས་གསུམ་མེད་པར་ཐལ། ཁྱོད་ཐུང་མཐའི་སྐད་ཅིག་མ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཁྱོད་ཐུང་མཐའི་སྐད་ཅིག་མ་ཡིན་ན་ཁྱོད་ལ་དུས་ཀྱི་ཆ་མེད་པས་ཁྱབ་པའི་ཕྱིར། མ་གྲུབ་ན། ཁྱོད་ཐུང་མཐའི་སྐད་ཅིག་མ་ཡིན་ན་ཁྱོད་ལ་དུས་ཀྱི་ཆ་མེད་པས་ཁྱབ་པར་ཐལ། ཁྱོད་ཐུང་མཐའི་སྐད་ཅིག་མ་ཡིན་ན་དུས་ཀྱི་ཆུང་བའི་མཐར་ཐུག་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། ཁྱོད་ཐུང་མཐའི་སྐད་ཅག་མ་ཡིན་ན་དུས་ཀྱི་ཆུང་བའི་མཐར་ཐུག་ཡིན་པས་ཁྱབ་པར་ཐལ། མཛོད་རྩ་བ་ལས། གཟུགས་མིང་དུས་མཐའ་རྡུལ་ཡིག་དང༌། །སྐད་ཅིག ཅེས་གསུངས་པའི་ཕྱིར། འདོད་ན། འོ་ན་ཁྱོད་ཐུང་མཐའི་སྐད་ཅིག་མ་ཡིན་ན་དུས་ཀྱི་ཆུང་བའི་མཐར་ཐུག་ཡིན་པས་ཁྱབ་པར་ཐལ་ཟེར་ན་དཔྱད་དོ། །མི་ཤི་བ་ཡོད་ཀྱང་ཤི་བའི་མི་མེད་པར་ཐལ། འདོད་ན། ཤི་བའི་མི་མེད་པར་ཐལ། མི་ཤི་བ་ཡོད་ཀྱང་ཤི་བའི་མི་མེད་པའི་ཞིབ་ཆ་འཐད་པའི་ཕྱིར། འདོད་ན། འགག་པའི་མི་མེད་པར་ཐལ། ཤི་བའི་མི་མེད་པའི་ཕྱིར། འདོད་ན། འདས་པའི་མི་མེད་པར་ཐལ། འགག་པའི་མི་མེད་པའི་ཕྱིར། འདོད་ན། འདས་པའི་གཟུགས་མེད་པར་ཐལ། འདས་པའི་མི་མེད་པའི་ཕྱིར། འདོད་ན། དུས་གསུམ་གྱི་གཟུགས་མེད་པར་ཐལ། འདས་པའི་གཟུགས་མེད་པའི་ཕྱིར། འདོད་ན། དུས་གསུམ་གྱི་གཟུགས་མཐོང་བའི་མིག་ཤེས་མེད་པར་ཐལ། དུས་གསུམ་གྱི་གཟུགས་མེད་པའི་ཕྱིར། འདོད་ན། དུས་གསུམ་གྱི་གཟུགས་མཐོང་བའི་ལྷའི་སྤྱན་མེད་པར་ཐལ། དུས་གསུམ་གྱི་གཟུགས་མཐོང་བའི་མིག་ཤེས་མེད་པའི་ཕྱིར། འདོད་ན། འཁོར་གསུམ། དེ་ཡོད་པར་ཐལ། དེ་ལྟར་ཡོད་པ་དེ་ཡང་ས་བཟང་མ་ཏི་པཎ་ཆེན་གྱིས་མཛད་པའི་མདོ་སྡེ་རྒྱན་གྱི་རྣམ་བཤད་༤༣༤ལས། དུས་གསུམ་གྱི་གཟུགས་ཕྲ་རགས་ཐམས་ཅད་མཐོང་བའི་ལྷའི་སྤྱན་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། དུས་གསུམ་གྱི་གཟུགས་ཕྲ་རགས་ཐམས་ཅད་མཐོང་བའི་ལྷའི་སྤྱན་ཡོད་པར་ཐལ་ཟེར་ན་དཔྱད་པར་བྱའོ། །ཡང་ན། འདས་པའི་མི་ཡོད་པར་ཐལ། འདས་པའི་མི་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། འདས་པའི་མི་རྟོགས་པའི་ཚད་མ་ཡོད་པར་ཐལ། འདས་པའི་མི་རྟོགས་པའི་དྲན་པ་བཅད་ཤེས་ཡོད་པའི་ཕྱིར། མ་གྲུབ་ན། འདས་པའི་མི་རྟོགས་པའི་དྲན་པ་བཅད་ཤེས་ཡོད་པར་ཐལ། འདས་པའི་མི་དྲན་པའི་དྲན་ཤེས་ཡོད་པའི་ཕྱིར། མ་གྲུབ་ན། འདས་པའི་མི་དྲན་པའི་དྲན་ཤེས་ཡོད་པར་ཐལ། འདས་པའི་མི་དྲན་པ་ཡོད་པའི་ཕྱིར། མ་གྲུབ་ན། འདས་པའི་མི་དྲན་པ་ཡོད་པར་ཐལ། འདས་པའི་མི་དྲན་མཁན་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། འདས་པའི་མི་ཡོད་པར་ཐལ། འདས་པའི་མི་དྲན་མཁན་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། ཞེས་གསུངས་པའི་ཕྱིར། འདོད། འོ་ན། འདས་པའི་མི་དྲན་པ་ཡོད་པར་ཐལ། འདས་པའི་མི་དྲན་མཁན་ཡོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་ཁས། ཟེར་ན་དཔྱད་པར་བྱའོ།། གཞན་ཡང༌། ཤི་བའི་མི་ཡོད་པར་ཐལ། ཚེ་ལས་འདས་པའི་མི་ཡོད་པའི་ཕྱིར། མ་གྲུབ་ན། ཚེ་ལས་འདས་པའི་མི་ཡོད་པར་ཐལ། ཚེ་ལས་འདས་པའི་གང་ཟག་ཡོད་པའི་ཕྱིར། མ་གྲུབ་ན། ཚེ་ལས་འདས་པའི་གང་ཟག་ཡོད་པར་ཐལ། ཚེ་ལས་འདས་པའི་བར་དོ་བ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། དེ་ལྟར་ཡོད་པ་དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་གསུར་མཆོད་ལས། ཚེ་འདས་བར་དོའི་འགྲོ་ལ་བསྔོ། །བདེ་བ་ཅན་དུ་སྐྱེ་བར་ཤོག། ཅེས་གསུངས་པའི་ཕྱིར། འདོད་ན། ཚེ་ལས་འདས་པའི་འགྲོ་བ་ཡོད་པར་ཐལ། ཚེ་ལས་འདས་པའི་བར་དོ་བ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། ཚེ་ལས་འདས་པའི་གང་ཟག་ཡོད་པར་ཐལ། ཚེ་ལས་འདས་པའི་བར་དོ་བ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། ཚེ་ལས་འདས་པའི་མི་ཡོད་པར་ཐལ། ཚེ་ལས་འདས་པའི་གང་ཟག་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། ཤི་བའི་མི་ཡོད་པར་ཐལ།ཚེ་ལས་འདས་པའི་མི་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། འཁོར་གསུམ། དེ་མེད་པར་ཐལ། དེ་ལྟར་མེད་པ་དེ་ཡང་འཇམ་པའི་དབྱངས་དངོས་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། ཤི་བའི་མི་དང་འདས་པའི་དངོས་པོ་སོགས་མེད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་དངོས་པོ་ཡིན་ན་ད་ལྟ་བ་ཡིན་པས་ཁྱབ་པར་ཐལ། ད་ལྟ་བ་དང་དངོས་པོ་དོན་གཅིག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བསྐལ་བ་དང་པོའི་མི་ཆོས་ཅན། ད་ལྟ་བ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། འདོད་ན། བསྐལ་བ་དང་པོའི་མི་ཆོས་ཅན། སྐྱེས་ལ་མ་འགག་པ་ཡིན་པར་ཐལ། ད་ལྟ་བ་ཡིན་པའི་ཕྱིར། འདོད་ན། བསྐལ་བ་དང་པོའི་མི་ཆོས་ཅན། སྐྱེས་ཟིན་མ་འགག་པ་ཡིན་པར་ཐལ། སྐྱེས་ལ་མ་འགག་པ་ཡིན་པའི་ཕྱིར། འདོད་ན། བསྐལ་བ་དང་པོའི་མི་ཆོས་ཅན། སྐྱེས་ཟིན་གནས་པ་ཡིན་པར་ཐལ། སྐྱེས་ཟིན་མ་འགག་པ་ཡིན་པའི་ཕྱིར། འདོད་ན། བསྐལ་བ་དང་པོའི་མི་ཆོས་ཅན། གནས་པ་ཡིན་པར་ཐལ། སྐྱེས་ཟིན་གནས་པ་ཡིན་པའི་ཕྱིར། འདོད་ན། བསྐལ་བ་དང་པོའི་མི་ཆོས་ཅན། ཡོད་པ་ཡིན་པར་ཐལ། གནས་པ་ཡིན་པའི་ཕྱིར། འདོད་ན། བསྐལ་བ་དང་པོའི་མི་ཆོས་ཅན། ཡོད་པ་མ་ཡིན་པར་ཐལ། འགག་ཟིན་པའི་ཕྱིར། མ་གྲུབ་ན།བསྐལ་བ་དང་པོའི་མི་ཆོས་ཅན། འགག་ཟིན་པར་ཐལ། ཁྱོད་འགག་ཟིན་པའི་ཕྱིར། མ་གྲུབ་ན། བསྐལ་བ་དང་པོའི་མི་ཆོས་ཅན། ཁྱོད་འགག་ཟིན་པར་ཐལ། ཁྱོད་ཀྱི་འབྲས་བུ་གྲུབ་ཟིན་པའི་ཕྱིར། མ་གྲུབ་ན། བསྐལ་བ་དང་པོའི་མི་ཆོས་ཅན། ཁྱོད་ཀྱི་འབྲས་བུ་གྲུབ་ཟིན་པར་ཐལ། ཁྱོད་ཀྱི་འབྲས་བུ་སྐྱེས་ཟིན་པའི་ཕྱིར། མ་གྲུབ་ན། བསྐལ་བ་དང་པོའི་མི་ཆོས་ཅན། ཁྱོད་ཀྱི་འབྲས་བུ་སྐྱེས་ཟིན་པར་ཐལ། ཁྱོད་ཀྱི་འབྲས་བུ་ད་ལྟ་བ་ཡིན་པའི་ཕྱིར། མ་གྲུབ་ན། བསྐལ་བ་དང་པོའི་མི་ཆོས་ཅན། ཁྱོད་ཀྱི་འབྲས་བུ་ད་ལྟ་བ་ཡིན་པར་ཐལ། ཁྱོད་ཀྱི་འབྲས་བུ་དངོས་པོ་ཡིན་པའི་ཕྱིར་ཟེར་བ་དང༌། ཡང་ན་བསྐལ་བ་དང་པོའི་མི་ཆོས་ཅན། རང་འབྲས་སྐྱེས་ཟིན་པར་ཐལ། རང་གི་འབྲས་བུར་གྱུར་བའི་མི་སྐྱེས་ཟིན་པའི་ཕྱིར། མ་གྲུབ་ན། བསྐལ་བ་དང་པོའི་མི་ཆོས་ཅན། རང་གི་འབྲས་བུར་གྱུར་བའི་མི་སྐྱེས་ཟིན་པར་ཐལ། རང་གི་འབྲས་བུར་གྱུར་པའི་མི་དེ་རིང་གི་དུས་སུ་སྐྱེས་ཟིན་པའི་ཕྱིར། མ་གྲུབ་ན། བསྐལ་བ་དང་པོའི་མི་ཆོས་ཅན། རང་གི་འབྲས་བུར་གྱུར་པའི་མི་དེ་རིང་གི་དུས་སུ་སྐྱེས་ཟིན་པར་ཐལ། རང་གི་འབྲས་བུར་གྱུར་པའི་མི་དེ་རིང་གི་དུས་སུ་ད་ལྟ་བ་ཡིན་པའི་ཕྱིར། མ་གྲུབ་ན། བསྐལ་བ་དང་པོའི་མི་ཆོས་ཅན། རང་གི་འབྲས་བུར་གྱུར་པའི་མི་དེ་རིང་གི་དུས་སུ་ད་ལྟ་བ་ཡིན་པར་ཐལ། རང་གི་འབྲས་བུར་གྱུར་པའི་མི་དེ་རིང་གི་དུས་སུ་དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། བསྐལ་བ་དང་པོའི་མི་ཆོས་ཅན། རང་གི་འབྲས་བུར་གྱུར་པའི་མི་དེ་རིང་གི་དུས་སུ་དངོས་པོ་ཡིན་པར་ཐལ། རང་གི་འབྲས་བུར་གྱུར་པའི་མི་དེ་རིང་གི་དུས་སུ་ཡོད་པའི་ཕྱིར། ཟེར་ན་དཔྱད་པར་ཞུ། གོང་དུ་འདོད་ན་བསྐལ་བ་དང་པོའི་མི་ཆོས་ཅན།རང་འབྲས་སྐྱེས་ཟིན་པར་ཐལ། རང་གི་འབྲས་བུར་གྱུར་བའི་མི་སྐྱེས་ཟིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་འདོད་ཟེར་ན། འོ་ན་བསྐལ་བ་དང་པོའི་མི་ཆོས་ཅན། རང་ཉིད་འགག་ཟིན་པར་ཐལ། རང་འབྲས་གྲུབ་ཟིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རང་འབྲས་གྲུབ་ཟིན་པ་ཡིན་ན་རང་ཉིད་འགག་དགོས་པའི་ཕྱིར། མ་གྲུབ་ན། རང་འབྲས་གྲུབ་ཟིན་པ་ཡིན་ན་རང་ཉིད་འགག་དགོས་པར་ཐལ། རང་ཉིད་འགག་ནས་རང་འབྲས་གྲུབ་དགོས་པའི་ཕྱིར། མ་གྲུབ་ན། རང་ཉིད་འགག་ནས་རང་འབྲས་གྲུབ་དགོས་པར་ཐལ། འདུས་བྱས་གང་དང་གང་གི་རྒྱུ་འགག་ནས་འབྲས་བུ་གྲུབ་དགོས་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། དེ་དགོས་པར་ཐལ། ཚད་མ་རྣམ་འགྲེལ་ལས། རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན་འདུས་བྱས་ཡིན་ན་ཁྱོད་ཀྱི་འབྲས་བུ་གྲུབ་ན་ཁྱོད་དགག་དགོས་པ་ཡིན་པར་ཐལ། སྔར་གྱི་ལུང་དོན་དེའི་ཕྱིར། འདོད་ན། བསྐལ་བ་དང་པོའི་མི་ཆོས་ཅན། ཁྱོད་ཀྱི་འབྲས་བུ་གྲུབ་ན་ཁྱོད་དགག་དགོས་པ་ཡིན་པར་ཐལ། ཁྱོད་འདུས་བྱས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བསྐལ་བ་དང་པོའི་མི་ཆོས་ཅན། ཁྱོད་འགག་པར་ཐལ། ཁྱོད་ཀྱི་འབྲས་བུ་གྲུབ་ཟིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །མྱུ་གུ་སྐྱེ་བའི་དུས་ཡོད་དེ། མྱུ་གུ་སྐད་ཅིག་དང་པོའི་དུས་དེ་ཡིན་པའི་ཕྱིར། ཞེས་པའི་ལུང་གི་དོན་ཡོད་པར་ཐལ། ཡོད་པའི་ཕྱིར། ཟེར་ནས་གཞུང་དང་ས་བཅད་ལུང་དོན་རྣམས་འདྲི། འོ་ན། མྱུ་གུ་སྐད་ཅིག་དང་པོའི་དུས་དེ་མྱུ་གུ་སྐྱེ་བའི་དུས་ཡིན་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། མྱུ་གུ་སྐད་ཅིག་དང་པོའི་དུས་དེ་མྱུ་གུ་ཐོག་མར་སྐྱེ་དུས་ཡིན་པར་ཐལ། མྱུ་གུ་སྐད་ཅིག་དང་པོའི་དུས་དེ་མྱུ་གུའི་སྐྱེ་དུས་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། འཁོར་བ་སྐད་ཅིག་དང་པོའི་དུས་དེ་འཁོར་བ་ཐོག་མར་སྐྱེ་དུས་ཡིན་པར་ཐལ། མྱུ་གུ་སྐད་ཅིག་དང་པོའི་དུས་དེ་མྱུ་གུ་ཐོག་མར་སྐྱེ་དུས་ཡིན་པའི་ཕྱིར། འདོད་ན། འཁོར་བ་སྐད་ཅིག་དང་པོའི་དུས་དེ་འཁོར་བ་ཐོག་མར་གྲུབ་དུས་ཡིན་པར་ཐལ། འཁོར་བ་སྐད་ཅིག་དང་པོའི་དུས་དེ་འཁོར་བ་ཐོག་མར་སྐྱེ་དུས་ཡིན་པའི་ཕྱིར། འདོད་ན། འཁོར་བའི་ཐོག་མ་ཡོད་པར་ཐལ། འཁོར་བ་ཐོག་མར་གྲུབ་དུས་ཡོད་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་གྱི་ཐོག་མ་ཡོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་གྱི་ཐོག་མ་མེད་པར་ཐལ། འདོད་ན། བུམ་པའི་ཐོག་མ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། རྫ་བུམ་གྱི་ཐོག་མ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། རྫ་བུམ་ཐོག་མར་བཟོ་མཁན་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དངོས་པོ་ཡིན་ན་ཁྱོད་ཀྱི་ཐོག་མ་མེད་པས་ཁྱབ་པར་ཐལ་བ་དང༌། དེ་རིང་གསར་དུ་གྲུབ་པའི་དངོས་པོ་མེད་པར་ཐལ་བ་སོགས་འཕེན་ནོ། །གོང་དུ་འཁོར་བའི་ཐོག་མ་ཡོད་པར་ཐལ། འཁོར་བ་ཐོག་མར་གྲུབ་དུས་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་འདོད་ཟེར་ན། དེ་མེད་པར་ཐལ། དེ་ལྟར་མེད་པ་དེའང་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱི་གསུང་རྒྱུད་བླའི་འགྲེལ་བར་དྲངས་པ་ལས། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །ཞེས་དང༌། རྗེ་ཏཱ་ར་ནཱ་ཐས་མཛད་པའི་ཐེག་མཆོག་ཟིན་བྲིས་༧༠ལས། དེ་ཡང་འཁོར་བ་ཐོག་མ་མེད་པའི་དུས་ནས་ཞེས་སོགས་གསུངས་པའི་ཕྱིར། འདོད་ན། འཁོར་བའི་ཐོག་མ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། འཁོར་བའི་ཐོག་མ་ཡོད་པར་ཐལ། འཁོར་བ་ཐོག་མར་གྲུབ་དུས་ཡོད་པའི་ཕྱིར། ཞེས་སོགས་སྔར་བཞིན་ནོ། །གཞན་ཡང་འཁོར་བ་ཐོག་མར་གྲུབ་དུས་དེ་འཁོར་བའི་ཐོག་མ་ཡིན་ན་འཁོར་བ་མཐར་འགག་དུས་དེ་འཁོར་བའི་མཐའ་ཡིན་པར་ཐལ། དེ་གཉིས་རིགས་པ་སྒོ་ཀུན་ནས་མཚུངས་པའི་ཕྱིར་དང་དེ་བཞིན་དུ་བུམ་པ་འགག་དུས་དེ་བུམ་པའི་མཐའ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན་མི་མཚུངས་ཚུལ་འདྲི། རྟགས་ཕྱི་མ་མ་གྲུབ་ན། དངོས་པོ་ཡིན་ན་ཁྱོད་ཀྱི་མཐའ་མེད་པས་ཁྱབ་པར་ཐལ། བུམ་པའི་མཐའ་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། གཉེན་པོས་བཅོམ་ཁ་མའི་བདག་འཛིན་སོགས་ཀྱི་མཐའ་མེད་པར་ཐལ། དངོས་པོ་ཡིན་ན་ཁྱོད་ཀྱི་མཐའ་མེད་པས་ཁྱབ་པའི་ཕྱིར། འདོད་ན། གཉེན་པོས་བཅོམ་ཁ་མའི་བདག་འཛིན་སོགས་མཐའ་མེད་དུ་འཕེལ་བར་ཐལ། གཉེན་པོས་བཅོམ་ཁ་མའི་བདག་འཛིན་སོགས་ཀྱི་མཐའ་མེད་པའི་བློ་རྩེ་ཡོད་པའི་ཕྱིར། འདོད་ན། འཁོར་གསུམ། དེ་མི་འཐད་པར་ཐལ། དེ་ལྟར་མི་འཐད་པ་དེའང་སློབ་དཔོན་ཤཱཀྱ་བློས་མཛད་པའི་རྣམ་འགྲེལ་འགྲེལ་བཤད་ལས། དེ་དག་ཤིན་ཏུ་འཕེལ་བ་མེད་པར་འཇིག་པའི་ཆོས་ཅན་ཡིན་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། གོང་དུ་འཁོར་བ་ཐོག་མར་གྲུབ་དུས་དེ་འཁོར་བའི་ཐོག་མ་ཡིན་ན་འཁོར་བ་མཐར་འགག་དུས་དེ་འཁོར་བའི་མཐའ་ཡིན་པར་ཐལ། དེ་གཉིས་རིགས་པ་སྒོ་ཀུན་ནས་མཚུངས་པའི་ཕྱིར་དང་དེ་བཞིན་དུ་བུམ་པ་འགག་དུས་དེ་བུམ་པའི་མཐའ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་འདོད་ཟེར་ན། འོ་ན་འཁོར་བའི་མཐའ་ཡོད་པར་ཐལ། འདོད་པའི་ཕྱིར།འདོད་ན། སྤྱིར་འཁོར་བའི་མཐའ་ཡོད་པར་ཐལ། འཁོར་བའི་མཐའ་ཡོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། སྤྱིར་འཁོར་བའི་མཐའ་མེད་པར་ཐལ། སྤྱིར་མཐའ་མེད་ཀྱང་བྱེ་བྲག་འགའ་ལ་མཐའ་ཡོད་ཟེར་དགོས་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། དེ་དགོས་པར་ཐལ། དེ་ལྟར་དགོས་པ་དེ་ཡང་ཚད་མའི་མཛོད་འཛིན་ཉ་དབོན་ཀུན་དགའ་དཔལ་གྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། སྤྱིར་མཐའ་མེད་བྱེ་བྲག་འགའ་ལ་མཐའ་ཡོད་པ་འཐད་དེ། ཞེས་དང༌། ཐེག་མཆོག་དབུ་མའི་རྩ་བ་ལས། འཁོར་བ་ཐོག་མ་མེད་པའང་དེ་ལས་ཤར། །ཞེས་དང༌། དེའི་ཐད་གྱི་ཟིན་བྲིས་ལས། ཐོག་མ་དང་ཐ་མ་མེད་པའི་འཁོར་བ་ཡང༌། ཞེས་སོགས་གསུངས་པའི་ཕྱིར། འདོད་ན། སྤྱིར་འཁོར་བའི་མཐའ་མེད་པར་ཐལ། སྤྱིར་མཐའ་མེད་ཀྱང་བྱེ་བྲག་འགའ་ལ་མཐའ་ཡོད་པར་འཐད་པའི་ཕྱིརཟེར་ན་དཔྱད་དོ། །གསུམ་པ་དངོས་པོ་ལ་སྔ་ཕྱིའི་སྒོ་ནས་དབྱེ་ན་འདས་མ་འོངས་ད་ལྟར་བྱུང་བ་སྟེ་གསུམ་ཡོད་པར་ཐལ། འདོད་ན། འདས་མ་འོངས་ད་ལྟ་བ་གསུམ་དངོས་པོ་ཡིན་པར་ཐལ། དེ་གསུམ་དངོས་པོའི་དབྱེ་བ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། འདས་མ་འོངས་གཉིས་དངོས་པོ་ཡིན་པར་ཐལ། འདས་མ་འོངས་ད་ལྟ་གསུམ་དངོས་པོ་ཡིན་པའི་ཕྱིར། འདོད་ན། འདས་མ་འོངས་གཉིས་དངོས་པོ་མ་ཡིན་པར་ཐལ། འདས་མ་འོངས་གཉིས་དངོས་མེད་ཡིན་པའི་ཕྱིར།མ་གྲུབ་ན། འཁོར་གསུམ། དེ་ཡིན་པར་ཐལ། ཐེག་མཆོག་དབུ་མའི་ཟིན་བྲིས་༢༥ལས། འདས་མ་འོངས་གཉིས་ནི་དངོས་མེད་ཡིན་པས་ཀུན་བརྟགས་ཡིན་པ་སྨོས་མི་དགོས་ཤིང༌། ཞེས་གསུངས་པའི་ཕྱིར། འདོད། འོ་ན་འདས་མ་འོངས་གཉིས་དངོས་མེད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། འདས་མ་འོངས་གཉིས་ཆོས་ཅན། དངོས་མེད་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། འདས་མ་འོངས་གཉིས་ཆོས་ཅན། དངོས་པོ་ཡིན་པར་ཐལ། དངོས་པོའི་དབྱེ་བ་ཡིན་པའི་ཕྱིར། རྟགས་ཁས། མ་གྲུབ་ན། འཁོར་གསུམ། དེ་ཡིན་པར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། གསུམ་པ་སྔ་ཕྱིའི་སྒོ་ནས་དབྱེ་ན་འདས་མ་འོངས་ད་ལྟར་བྱུང་བ་སྟེ་གསུམ་མོ། ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལུང་དེའི་དོན་ནི་འདས་མ་འོངས་ད་ལྟའི་དུས་གསུམ་པོ་དངོས་པོའི་དབྱེ་བ་ཡིན་པའི་དོན་ཡིན་ཟེར་ན། འོ་ན་འདས་པའི་དུས་ཡིན་ན་སྔོན་བྱུང་བའི་སྟོབས་ཀྱིས་འགག་པ་ཡིན་པས་ཁྱབ་པར་ཐལ། སྔོན་བྱུང་བའི་སྟོབས་ཀྱིས་འགག་པ་དེ་འདས་པའི་དུས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། རྟགས་དོན་གྱིས་ཁས། ཞེས་སོགས་གོང་དུ་བརྗོད་པ་ལྟར་ཡིན་ལ། དེ་ལས་སྤྲོ་ཚུལ་གཞན་ནི། འདས་པའི་དུས་ཡིན་ན་དངོས་པོ་ཡིན་པས་ཁྱབ་ཀྱང་འདས་པ་ཡིན་ན་དངོས་པོ་ཡིན་པས་མ་ཁྱབ་ཟེར་ན། དེ་འདྲའི་མ་ཁྱབ་པའི་སྐྱོན་ལ་གང་འཇོགབུམ་པའི་འབྲས་དུས་སུ་བུམ་པ་ཆོས་ཅན་ཟེར་ན། འོ་ན་བུམ་པའི་འབྲས་དུས་སུ་བུམ་པ་ཆོས་ཅན། འདས་པ་ཡིན་པར་ཐལ། འཇོག་ཚུལ་འཐད་པའི་ཕྱིར། འདོད་ན། བུམ་པའི་འབྲས་དུས་སུ་བུམ་པ་ཆོས་ཅན། དངོས་མེད་ཀྱི་ཆོས་ཡིན་པར་ཐལ། འདས་པ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། འདས་པ་ཡིན་ན་དངོས་མེད་ཡིན་པས་ཁྱབ་པ་གང་ཞིག མེད་པ་མ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་བོ་གྲུབ་པ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། རྟགས་དང་པོ་སླ། ཕྱི་མ་མ་གྲུབ་ན། རི་བོང་རྭ་འདས་པ་ཡིན་པར་ཐལ་ལོ། །མི་མཚུངས་སྟེ། རི་བོན་རྭ་གཏན་མེད་ཡིན་པ་གང་ཞིག བུམ་པའི་འབྲས་བུའི་དུས་སུ་བུམ་པ་གཏན་མེད་མ་ཡིན་པའི་ཕྱིར་ཟེར་ན། འོ་ན། བུམ་པའི་འབྲས་དུས་སུ་བུམ་པ་ཆོས་ཅན། གཏན་མེད་ཡིན་པར་ཐལ། ཡུལ་དུས་གང་ལ་ལྟོས་ཀྱང་མེད་པ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པའི་འབྲས་དུས་སུ་བུམ་པ་ཡོད་དུས་ཞིག་ཡོད་པར་ཐལ། འདོད་ན། གཞི་གྲུབ་ན་བུམ་པའི་འབྲས་དུས་སུ་བུམ་པ་མེད་པའི་མ་ཁྱབ་པར་ཐལ་ཟེར་ན་དཔྱད་པར་བྱའོ། །གོང་དུ་བུམ་པའི་འབྲས་དུས་སུ་བུམ་པ་ཆོས་ཅན། གཏན་མེད་ཡིན་པར་ཐལ། ཡུལ་དུས་གང་ལ་ལྟོས་ཀྱང་མེད་པ་ཡིན་པའི་ཕྱིར། ཞེས་པ་ལ་མ་ཁྱབ་ཟེར་ན་ཁྱབ་པ་ཡོད་པར་ཐལ། གཏན་མེད་ཡིན་ཚུལ་ཡོད་པའི་ཕྱིར་ཟེར་ན་དཔྱད་དོ།། ད་ལྟའི་དུས་ལ་འདས་པའི་སངས་རྒྱས་ཡིན་ན་འདས་པའི་སངས་རྒྱས་ཡིན་པས་ཁྱབ་པར་ཐལ། འདོད་ན། འདས་པའི་སངས་རྒྱས་ཡོད་པར་ཐལ། ད་ལྟའི་དུས་ལ་ལྟོས་ཏེ་འདས་པའི་སངས་རྒྱས་ཡོད་པའི་ཕྱིར། འདོད་ན། འདས་པའི་སངས་རྒྱས་འཕགས་པ་ཡོད་པར་ཐལ། འདས་པའི་སངས་རྒྱས་ཡོད་པའི་བློ་རྩེ་ཡོད་པའི་ཕྱིར། འདོད་ན། འདས་པའི་གང་ཟག་ཡོད་པར་ཐལ། འདས་པའི་སངས་རྒྱས་འཕགས་པ་ཡོད་པའི་ཕྱིར། འདོད་ན། འདས་པའི་མི་ཡོད་པར་ཐལ། འདས་པའི་གང་ཟག་ཡོད་པའི་ཕྱིར། འདོད་ན། འདས་པའི་མི་དང་བུམ་པ་རེ་རེ་ནས་ཡོད་པར་ཐལ། འདོད་པའི་ཕྱིར།འདོད་ན། འཁོར་གསུམ། དེ་མེད་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། འདས་པའི་མི་དང་འདས་པའི་བུམ་པ་སོགས་མེད་པ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། གོང་དུ་འདས་པའི་གང་ཟག་ཡོད་པར་ཐལ། འདས་པའི་སངས་རྒྱས་འཕགས་པ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་མ་ཁྱབ་ཟེར་ན། འདས་པའི་སངས་རྒྱས་འཕགས་པ་ཡོད་ན་འདས་པའི་གང་ཟག་ཡོད་པས་ཁྱབ་པར་ཐལ། ཡུལ་དུས་དེ་དང་དེ་ལ་སངས་རྒྱས་འཕགས་པ་ཡོད་ན་ཡུལ་དུས་དེ་དང་དེ་ལ་གང་ཟག་ཡོད་དགོས་པའི་ཕྱིར། མ་གྲུབ་ན། སངས་རྒྱས་འཕགས་པ་ཆོས་ཅན། ཁྱོད་ཡོད་པས་གང་ཟག་ཡོད་པའི་གོ་མི་ཆོད་པར་ཐལ། ཡུལ་དུས་དེ་དང་དེ་ལ་ཁྱོད་ཡོད་པས་ཡུལ་དུས་དེ་དང་དེ་ལ་གང་ཟག་ཡོད་པས་མ་ཁྱབ་པའི་ཕྱིར་ཟེར་བ་དང༌། གོང་དུ་འདས་པའི་སངས་རྒྱས་འཕགས་པ་ཡོད་ན་འདས་པའི་གང་ཟག་ཡོད་པས་ཁྱབ་པར་ཐལ། ཡུལ་དུས་དེ་དང་དེ་ལ་སངས་རྒྱས་འཕགས་པ་ཡོད་ན་ཡུལ་དུས་དེ་དང་དེ་ལ་གང་ཟག་ཡོད་དགོས་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་མ་ཁྱབ་ཟེར་ན། འོ་ན་ཡུལ་དུས་དེ་དང་དེ་ལ་སངས་རྒྱས་འཕགས་པ་ཡོད་ན་ཡུལ་དུས་དེ་དང་དེ་ལ་གང་ཟག་ཡོད་པས་ཁྱབ་པར་ཐལ། ཁྱབ་མེད་ཀྱི་ལན་བཏབ་ཚུལ་ཡོད་པའི་ཕྱིར། འདོད་ན། འདས་པའི་དུས་སུ་གང་ཟག་ཡོད་པར་ཐལ། འདས་པའི་དུས་སུ་སངས་རྒྱས་འཕགས་པ་ཡོད་པའི་ཕྱིར། རྟགས་ཁྱབ་དོན་གྱིས་ཁས། འདོད་ན། འདས་པའི་གང་ཟག་ཡོད་པར་ཐལ། འདས་པའི་དུས་སུ་གང་ཟག་ཡོད་པ་གང་ཞིག འདས་པའི་སངས་རྒྱས་འཕགས་པ་ཡོད་པའི་བློ་རྩེ་དེ་ཡིན་པའི་ཕྱིར། རྟགས་དང་པོ་ཁས། གཉིས་པ་མ་གྲུབ་ན། འདས་པའི་སངས་རྒྱས་འཕགས་པ་ཡོད་པའི་བློ་རྩེ་སྨྲོས་ཤིགཟེར་ན་དཔྱད་པར་བྱའོ། །གཞན་ཡང༌། དུས་གསུམ་གྱི་སངས་རྒྱས་མེད་པར་ཐལ། འདས་པའི་སངས་རྒྱས་མེད་པའི་ཕྱིར། མ་གྲུབ་ན། འདས་པའི་སངས་རྒྱས་མེད་པར་ཐལ། ཡོད་ན་བདག་ཅག་གི་སྟོན་པ་ལྟ་བུ་འཇོག་དགོས་པ་གང་ཞིག བདག་ཅག་སྟོན་པ་འདས་པའི་སངས་རྒྱས་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་སྟེ། བདག་ཅག་སྟོན་པ་འདས་པའི་སངས་རྒྱས་མ་ཡིན་ཀྱང་འདས་པའི་སངས་རྒྱས་མེད་མི་དགོས་ཏེ་སངས་རྒྱས་མར་མེ་མཛད་འདས་པའི་སངས་རྒྱས་ཡིན་པའི་ཕྱིར་ཟེར་ན་དེ་མི་འཐད་པར་ཐལ། སངས་རྒྱས་མར་མེ་མཛད་འདས་པའི་སངས་རྒྱས་ལ་བཞག་ཆོག་ན་བདག་ཅག་གི་སྟོན་པ་བཞག་མི་རིགས་པའི་རྒྱུ་མཚན་མེད་པའི་ཕྱིར། མ་གྲུབ་ན། དེ་མེད་པར་ཐལ། སངས་རྒྱས་མར་མེ་མཛད་འདས་པའི་སངས་རྒྱས་ཡིན་པའི་རྒྱུ་མཚན་དེ་བདག་ཅག་གི་སྟོན་པ་ལ་ཚང་བའི་ཕྱིར། མ་གྲུབ་ན། དེ་ཚང་པར་ཐལ། སངས་རྒྱས་མར་མེ་མཛད་འདས་པའི་སངས་རྒྱས་ཡིན་པའི་རྒྱུ་མཚན་དེ་འགྲོ་བ་རྣམས་རྒྱུན་གནས་ནས་སྡོད་པའི་དུས་ཚོད་གང་གི་མཚམས་སུ་བསླེབས་པའི་དུས་དེར་བྱོན་ཟིན་པའི་སངས་རྒྱས་ཡིན་པའི་རྒྱུ་མཚན་གྱིས་ཡིན་པ་གང་ཞིག དེ་བདག་ཅག་གི་སྟོན་པ་ལ་ཚང་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། དང་པོ་གྲུབ་པ་གང་ཞིག གཉིས་པ་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ན་ཟེར་ན། སངས་རྒྱས་མར་མེ་མཛད་འདས་པའི་སངས་རྒྱས་ཡིན་པའི་རྒྱུ་མཚན་དེ་འགྲོ་བ་རྣམས་རྒྱུན་གནས་ནས་སྡོད་པའི་དུས་ཚོད་གང་གི་མཚམས་སུ་སླེབས་པའི་དུས་དེར་བྱོན་ཟིན་པའི་སངས་རྒྱས་ཡིན་པའི་རྒྱུ་མཚན་གྱིས་འདས་པའི་སངས་རྒྱས་ལ་འཇོག་དགོས་པར་ཐལ། སངས་རྒྱས་དེ་དང་དེ་འདས་པའི་སངས་རྒྱས་ཡིན་མིན་དེའི་སྒོ་ནས་འཇོག་དགོས་པའི་ཕྱིར། མ་གྲུབ་ན། དེ་དགོས་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། འཇིག་རྟེན་ན་ཐ་སྙད་སྦྱར་ལུགས་ཀྱི་འགྲོ་བ་རྣམས་རྒྱུན་གནས་ནས་སྡོད་པའི་དུས་ཚོད་གང་གི་མཚམས་སུ་སླེབས་པའི་དུས་དེར་བྱོན་ཟིན་པའི་སངས་རྒྱས་རྣམས་ལ་འདས་པའི་སངས་རྒྱས་དང༌། ཞེས་གསུངས་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ཟེར་ན། བདག་ཅག་གི་སྟོན་པ་ཆོས་ཅན། འགྲོ་བ་རྣམས་རྒྱུན་གནས་ནས་སྡོད་པའི་དུས་ཚོད་གང་གི་མཚམས་སུ་སླེབས་པའི་དུས་དེར་བྱོན་ཟིན་པའི་སངས་རྒྱས་ཡིན་པར་ཐལ། ད་ལྟའི་དུས་ཀྱི་འགྲོ་བ་རྣམས་ཀྱི་རྒྱུན་གནས་ནས་སྡོད་པའི་དུས་ཚོད་གང་གི་མཚམས་སུ་སླེབས་པའི་དུས་དེར་བྱོན་ཟིན་པའི་སངས་རྒྱས་ཡིན་པའི་ཕྱིར། མ་གྲུབ་ན། བདག་ཅག་གི་སྟོན་པ་ཆོས་ཅན། ད་ལྟའི་དུས་ཀྱི་འགྲོ་བ་རྣམས་ཀྱི་རྒྱུན་གནས་ནས་སྡོད་པའི་དུས་ཚོད་གང་གི་མཚམས་སུ་སླེབས་པའི་དུས་དེར་བྱོན་ཟིན་པའི་སངས་རྒྱས་ཡིན་པར་ཐལ། ད་ལྟའི་དུས་ཀྱི་འགྲོ་བ་རྣམས་ཀྱི་རྒྱུན་གནས་ནས་སྡོད་པའི་དུས་ཚོད་དེ་ད་ལྟའི་དུས་དེ་འཇོག་པ་གང་ཞིག ད་ལྟའི་དུས་སུ་བདག་ཅག་གི་སྟོན་པ་བྱོན་ཟིན་པའི་ཕྱིར། རྟགས་དང་པོ་སླ། གཉིས་པ་མ་གྲུབ་ན། ད་ལྟའི་དུས་སུ་བདག་ཅག་གི་སྟོན་པ་བྱོན་ཟིན་པར་ཐལ། ད་ལྟའི་དུས་དེ་དེ་རིང་གི་དུས་ལྟ་བུ་འཇོག་པ་གང་ཞིག དེ་རིང་གི་དུས་སུ་བདག་ཅག་གི་སྟོན་པ་བྱོན་ཟིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ཟེར་ན་ད་ལྟའི་དུས་ཀྱི་ཡིན་པ་མེད་པར་ཐལ་ལོ། །གཉིས་པ་མ་གྲུབ་ན། དེ་རིང་གི་དུས་སུ་བདག་ཅག་གི་སྟོན་པ་བྱོན་ཟིན་པར་ཐལ། དེ་རིང་གི་དུས་སུ་བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་ཟིན་པའི་ཕྱིར། མ་གྲུབ་ན། དེ་རིང་གི་དུས་སུ་བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་ཟིན་པར་ཐལ། མགོན་པོ་ཀླུ་སྒྲུབ་འཇིག་རྟེན་འདིར་བྱོན་པའི་དུས་སུ་བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་ཟིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། མགོན་པོ་ཀླུ་སྒྲུབ་འཇིག་རྟེན་འདིར་བྱོན་པའི་དུས་སུ་བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། མདོ་ལང་ཀར་གཤེགས་པ་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་བརྒྱ་ལོན་པ་ན། །ཞེས་གསུངས་པའི་ཕྱིར། འདོད་ན། མགོན་པོ་ཀླུ་སྒྲུབ་འཇིག་རྟེན་འདིར་བྱོན་པའི་དུས་སུ་བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་ཟིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་རིང་གི་དུས་སུ་བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་ཟིན་པར་ཐལ། མགོན་པོ་ཀླུ་སྒྲུབ་འཇིག་རྟེན་འདིར་བྱོན་པའི་དུས་སུ་བདག་གི་སྟོན་པ་མྱ་ངན་ལས་འདས་ཟིན་པའི་ཕྱིར།རྟགས་ཁས། འདོད་ན། དེ་རིང་གི་དུས་སུ་བདག་ཅག་གི་སྟོན་པ་བྱོན་ཟིན་པར་ཐལ། དེ་རིང་གི་དུས་སུ་བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་ཟིན་པའི་ཕྱིར། འདོད་ན། བདག་ཅག་གི་སྟོན་པ་ད་ལྟའི་དུས་ཀྱི་འགྲོ་བ་རྣམས་ཀྱི་རྒྱུན་གནས་ནས་སྡོད་པའི་དུས་ཚོད་དེར་བྱོན་ཟིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བདག་ཅག་གི་སྟོན་པ་ཆོས་ཅན། འགྲོ་བ་རྣམས་རྒྱུན་གནས་ནས་སྡོད་པའི་དུས་ཚོད་གང་གི་མཚམས་སུ་བསླེབས་པའི་དུས་དེར་བྱོན་ཟིན་པའི་སངས་རྒྱས་ཡིན་པར་ཐལ། ད་ལྟའི་དུས་ཀྱི་འགྲོ་བ་རྣམས་ཀྱི་རྒྱུན་གནས་ནས་སྡོད་པའི་དུས་ཚོད་དེར་བྱོན་ཟིན་པ་ཡིན་པའི་ཕྱིར། འདོད་ན། བདག་ཅག་གི་སྟོན་པ་ཆོས་ཅན། འདས་པའི་སངས་རྒྱས་ཡིན་པར་ཐལ།འདས་པའི་སངས་རྒྱས་ཡིན་པའི་རྒྱུ་མཚན་ཚང་བའི་ཕྱིར། འདོད་ན། ད་ལྟར་གྱི་སངས་རྒྱས་མེད་པར་ཐལ། བདག་ཅག་གི་སྟོན་པ་དེ་མ་ཡིན་པ་གང་ཞིག གཞན་བཞག་ཀྱང་མཚུངས་པའི་ཕྱིར། འདོད་ན། དུས་གསུམ་གྱི་སངས་རྒྱས་མེད་པར་ཐལ། ད་ལྟར་གྱི་སངས་རྒྱས་མེད་པའི་ཕྱིར། འདོད་ན། འཁོར་གསུམ། དེ་ཡོད་པར་ཐལ། དེ་ལྟར་ཡོད་པ་དེའང་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཕུང་བོ་གསུམ་པའི་མདོ་ལས། ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང༌། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང༌། ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །གཞན་ཡང༌། དུས་གསུམ་གྱི་སངས་རྒྱས་མེད་པར་ཐལ། འདས་པའི་སངས་རྒྱས་མེད་པའི་ཕྱིར། མ་གྲུབ་ན། འདས་པའི་སངས་རྒྱས་མེད་པར་ཐལ། ཡོད་ན་སངས་རྒྱས་མར་མེ་མཛད་ལྟ་བུ་འཇོག་དགོས་པ་ལ་དེ་མ་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་མར་མེ་མཛད་ཆོས་ཅན། འདས་པའི་སངས་རྒྱས་མ་ཡིན་པར་ཐལ། ད་ལྟར་གྱི་སངས་རྒྱས་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་མར་མེ་མཛད་ཆོས་ཅན། ད་ལྟར་གྱི་སངས་རྒྱས་ཡིན་པར་ཐལ། ད་ལྟའི་བསྐལ་བ་འདིར་འབྱོན་པའི་སངས་རྒྱས་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་མར་མེ་མཛད་ཆོས་ཅན། ད་ལྟའི་བསྐལ་བ་འདི་ལ་འབྱོན་པའི་སངས་རྒྱས་ཡིན་པར་ཐལ། ད་ལྟའི་བསྐལ་བ་འདི་ལ་གདུལ་བྱའི་དོན་དུ་ཆོས་འཁོར་རིམ་པ་གསུམ་བསྐོར་བའི་སངས་རྒྱས་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་མར་མེ་མཛད་ཆོས་ཅན། ད་ལྟའི་བསྐལ་བ་འདི་ལ་གདུལ་བྱའི་དོན་དུ་ཆོས་འཁོར་རིམ་པ་གསུམ་བསྐོར་བའི་སངས་རྒྱས་ཡིན་པའི་ཕྱིར། མ་གྲུབ་ན། སངས་་རྒྱས་མར་མེ་མཛད་ཆོས་ཅན། ཁྱོད་ད་ལྟའི་བསྐལ་བ་འདི་ལ་གདུལ་བྱའི་དོན་དུ་ཆོས་འཁོར་རིམ་པ་གསུམ་བསྐོར་བའི་སངས་རྒྱས་ཡིན་པར་ཐལ། སངས་རྒྱས་ཤཱཀྱ་ཐུབ་པ་ད་ལྟའི་བསྐལ་བ་འདི་ལ་གདུལ་བྱའི་དོན་དུ་ཆོས་འཁོར་རིམ་པ་གསུམ་བསྐོར་བའི་སངས་རྒྱས་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། སངས་རྒྱས་ཤཱཀྱ་ཐུབ་པས་ད་ལྟའི་བསྐལ་བ་འདི་ལ་ཆོས་འཁོར་རིམ་པ་གསུམ་བསྐོར་ན་སངས་རྒྱས་མར་མེ་མཛད་ཀྱིས་ཀྱང་ད་ལྟའི་བསྐལ་བ་འདི་ལ་ཆོས་འཁོར་རིམ་པ་གསུམ་བསྐོར་དགོས་པའི་ཕྱིར། མ་གྲུབ་ན། དེ་དགོས་པར་ཐལ། སངས་རྒྱས་ཤཱཀྱ་ཐུབ་པས་ཆོས་འཁོར་བསྐོར་ན་སངས་རྒྱས་མར་མེ་མཛད་ཀྱིས་ཆོས་འཁོར་བསྐོར་དགོས་པའི་ཕྱིར། མ་གྲུབ་ན། སངས་རྒྱས་ཤཱཀྱ་ཐུབ་པས་ཆོས་འཁོར་བསྐོར་ན་སངས་རྒྱས་མར་མེ་མཛད་ཀྱིས་ཆོས་འཁོར་བསྐོར་དགོས་པར་ཐལ། སངས་རྒྱས་ཤཱཀྱ་ཐུབ་པ་དང་སངས་རྒྱས་མར་མེ་མཛད་གཉིས་ཀྱི་མཛད་པ་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། དེ་ཡྀན་པར་ཐལ། མདོ་སྡེའི་རྒྱན་ལས། སངས་རྒྱས་ཉིད་དུ་ཞུགས་ན་དེ་དག་ཀུན། །རྟེན་ཀྱང་གཅིག་ཅིང་རྟོགས་པ་ཆེ་ལ་གཅིག །མཛད་པ་གཅིག་ཏུ་འདྲེས་ཤིང་རྟག་པར་ཡང༌། །སེམས་ཅན་ཚོགས་ཆེའི་ཉེ་བར་སྤྱད་པ་ཆེ། །ཞེས་དང༌། ཇོ་ནང་ལོ་ཙཱ་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན་གྱི་མདོ་སྡེའི་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ལས། སངས་རྒྱས་གཅིག་གི་འཕྲིན་ལས་འཇུག་པ་ན་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་འཇུག་པས་མཛད་པ་གཅིག་ཏུ་འདྲེས་ཤིང། ཞེས་གསུངས་པའི་ཕྱིར། འདོད་ན། སངས་རྒྱས་ཤཱཀྱ་ཐུབ་པ་དང་སངས་རྒྱས་མར་མེ་མཛད་གཉིས་ཀྱི་མཛད་པ་གཉིས་ཡིན་ཁྱབ་མཉམ་ཡིན་པར་ཐལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །

བཅོ་བརྒྱད་པ་རང་མཚན་སྤྱི་མཚན་སྐོར་ལ་དོགས་པ་འགོད་པ།

བཅོ་བརྒྱད་པ་རང་མཚན་སྤྱི་མཚན་སྐོར་ལ་དོགས་པ་འགོད་པ་ལ།

རང་མཚན་ཡིན་ན་སྒྲའི་དངོས་ཡུལ་མ་ཡིན་པས་ཁྱབ་པར་ཐལ། རྗོད་བྱེད་སྒྲའི་དངོས་ཡུལ་ཡིན་པ་དང་མ་ཡིན་པ་གཉིས་སུ་ངེས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། སྒྲའི་དངོས་ཡུལ་མ་ཡིན་པར་ཐལ། རང་མཚན་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བུམ་པ་ཆོས་ཅན། རྟོག་པའི་དངོས་ཡུལ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། རྟོག་པའི་དངོས་ཡུལ་ཡིན་པར་ཐལ། རྟོག་པའི་དངོས་གཞལ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། རྟོག་པའི་དངོས་གཞལ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། གཞི་གྲུབ་ན་རྟོག་པའི་དངོས་གཞལ་ཡིན་པས་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། རྟོག་པའི་དངོས་གཞལ་ཡིན་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། རྟོག་པའི་དངོས་ཡུལ་ཡིན་པར་ཐལ། རྟོག་པའི་དངོས་གཞལ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བུམ་པ་ཆོས་ཅན། རྗོད་བྱེད་ཀྱི་སྒྲའི་དངོས་ཡུལ་ཡིན་པར་ཐལ། རྟོག་པའི་དངོས་ཡུལ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། སྒྲ་རྟོག་ཡུལ་ལ་སེལ་བས་འཇུག་ཚུལ་འདྲ་བའི་ཕྱིར། མ་གྲུབ་ན། དེ་འདྲ་བར་ཐལ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལས། སྤྱི་བརྗོད་ངང་ཚུལ་ཅན་སྒྲ་དང༌། །རྟོག་པའང་དེ་དང་དོན་གཅིག་ན། །ཞེས་དང༌། རྣམ་འགྲེལ་འགྲེལ་བཤད་རིན་འཕྲེང་ལས། སྤྱི་བརྗོད་པའི་ངང་ཚུལ་ཅན་གྱི་སྒྲ་དང༌། རྟོག་པའང་སྒྲ་དེ་དང་དོན་གཅིག་འཇུག་པས་ནའོ། །ཞེས་གསུངས་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། སྒྲའི་དངོས་ཡུལ་ཡིན་པར་ཐལ། རྟོག་པའི་དངོས་ཡུལ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། བུམ་པ་ཆོས་ཅན། སྤྱི་མཚན་ཡིན་པར་ཐལ། སྒྲའི་དངོས་ཡུལ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ཚད་མ་རྣམ་འགྲེལ་དང་དེའི་འགྲེལ་བཤད་རིན་ཕྲེང་གཉིས་ལས་རིམ་བཞིན། སྒྲ་ཡི་ཡུལ་དང་ཡུལ་མིན་ཕྱིར། །ཞེས་དང༌། དེའི་ཐད་ཀྱི་འགྲེལ་བཤད་རིན་འཕྲེང་ལས། རྗོད་བྱེད་སྒྲ་ཡི་དངོས་ཡུལ་ཡིན་པ་དང་མིན་པ་གཉིས་སུ་ངེས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། རང་མཚན་ཡིན་ན་སྒྲའི་དངོས་ཡུལ་མ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། སྒྲའི་དངོས་ཡུལ་མ་ཡིན་པར་ཐལ། རང་མཚན་ཡིན་པའི་ཕྱིར། ཞེས་སོགས་གོང་བཞིན་དཔྱད་པར་བྱའོ། །དོན་དམ་དོན་བྱེད་ནུས་པ་གང༌། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་པའི་སྐབས་སུ་མདོ་སྡེ་བའི་ལུགས་ལ་དོན་དམ་པར་དོན་བྱེད་ནུས་པའི་ཆོས་དེ་རང་མཚན་གྱི་མཚན་ཉིད་དང་དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས་དེ་སྤྱི་མཚན་གྱི་མཚན་ཉིད་ཡིན་པར་ཡིན་ཐལ། འདོད་ན། མདོ་སྡེ་བའི་ལུགས་ལ་སྤྱི་ཚན་ཡིན་ན་དངོས་པོ་མ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ལུགས་ལ་སྤྱི་མཚན་ལ་དངོས་པོ་ཡིན་མིན་གཉིས་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ལུགས་ལ་སྤྱི་མཚན་ལ་དབྱེ་ན་དངོས་པོ་ཡིན་པའི་སྤྱི་མཚན་དང་དེ་མ་ཡིན་པའི་སྤྱི་མཚན་གཉིས་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཡོད་པར་ཐལ། དེ་ལྟར་ཡོད་པ་དེ་ཡང་བཀའ་བཞི་བ་བསོད་ནམས་བཟང་པོའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ཉིད་ཀྱིས་མཛད་པའི་གཏན་ཚིགས་རིགས་པའི་དོན་བསྡུས་ལས། དབྱེ་ན་དང་པོ་ལ་བེམ་པོ་དང་ཤེས་པ་རང་མཚན་པ་གཉིས་སོ། །གཉིས་པ་ལ་དངོས་པོ་ཡིན་མིན་གྱི་དབང་གི་གཉིས་སམ། ཞེས་གསུངས་པའི་ཕྱིར། འདོད་ན། དེའི་ལུགས་ལ་སྤྱི་མཚན་ལ་དངོས་མེད་ཀྱིས་མ་ཁྱབ་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། དེའི་ལུགས་ལ་སྤྱི་མཚན་ཡིན་ན་དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས་ཡིན་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས་ཆོས་ཅན། དེའི་ལུགས་ལ་སྤྱི་མཚན་གྱི་མཚན་ཉིད་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཡིན་པར་ཐལ། ཚད་མ་རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང༌། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་བདེན་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་གསུངས་པའི་ཕྱིར། འདོད་ན། གོང་བཞིན་དཔྱད་དོ།། གཞི་གྲུབ་ན་རང་མཚན་ཡིན་པས་མ་ཁྱབ་པར་ཐལ། འདོད་ན། གཞི་གྲུབ་ན་རང་མཚན་ཡིན་པས་ཁྱབ་པར་ཐལ། མ་ཁྱབ་པའི་སྐྱོན་འཇོག་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། རྟགས་ལན་འཐད་པའི་ཕྱིར། འདོད་ན། ཞོགནམ་མཁའ་ཆོས་ཅན་ཟེར་ན། དེ་ཆོས་ཅན། རང་མཚན་ཡིན་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། གཞལ་བྱ་ཡིན་ན་རང་མཚན་ཁོ་ན་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་ཁྱབ་པར་ཐལ། ཚད་མ་རྣམ་འགྲེལ་དང་དེའི་འགྲེལ་བཤད་རིན་ཕྲེང་བ་གཉིས་ལས་རིམ་བཞིན། གཞལ་བྱ་རང་མཚན་ཁོ་ནའོ། །ཞེས་དང༌། དེའི་ཐད་ཀྱི་རྣམ་འགྲེལ་འགྲེལ་བཤད་རིན་ཕྲེང་ལས། སྐྱེས་བུ་ཆོས་ཅན། རང་སྤྱི་གཉིས་ལས། རང་མཚན་གཅིག་པུ་ཚད་མའི་འཇུག་ཡུལ་ཡིན་ཏེ། འབྲས་བུ་དོན་གཉེར་གྱི་རྟོག་ལྡན་རྣམས་ཀྱིས་དོན་དུ་གཉེར་བྱ་ནི། རང་མཚན་ཁོ་ན་ལས་གྲུབ་པས་སོ། །འོ་ན་རང་མཚན་ཁོ་ན་གཞལ་བྱ་ཡིན་ན། གཞལ་བྱ་རང་སྤྱི་གཉིས་སུ་བཤད་པ་འགལ་ཞེ་ན། དེ་ནི་རང་མཚན་ནས་བཞེད་ལ། སློབ་དཔོན་ཕྱོགས་གླང་ཆོས་ཅན། སྤྱི་མཚན་དེ་རང་མཚན་ལས་ལོག་པར་ཚད་མའི་འཇུག་ཡུལ་རང་རྒྱུད་པར་ཡོད་ནས། གཞལ་བྱ་རང་སྤྱི་གཉིས་སུ་བཞེད་པ་མ་ཡིན་ཏེ། མངོན་སུམ་གྱིས་རང་མཚན་གྱི་ངོ་བོ་སྒྲུབ་པའི་སྒོ་ནས་རྟོགས། རྗེས་དཔག་གིས་སྤྱི་ཡི་ཚུལ་གྱིས་རྟོགས་པའི་རྒྱུ་མཚན་གྱིས་ཚད་མའི་སྣང་ཡུལ་ལ་རང་སྤྱི་གཉིས་སུ་བཞེད་པའི་མཁས་མཆོག་ཡིན་པས་སོ། ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་མཚན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྤྱི་མཚན་མ་ཡིན་པར་ཐལ། རང་མཚན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། དངོས་པོ་ཡིན་པར་ཐལ། རང་མཚན་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རང་མཚན་དང་དངོས་པོ་གཉིས་དོན་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རང་མཚན་དང༌། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང༌། དོན་དམ་པར་གྲུབ་པ་དང༌། བདེན་པར་གྲུབ་པ་དང༌། རྫས་སུ་གྲུབ་པ་དང༌། དོན་དམ་པར་དོན་བྱེད་ནུས་པའི་ཆོས་དང༌། དངོས་པོ་དང༌། དོན་དམ་བདེན་པ་དང༌། གཞན་དབང་དང༌། མངོན་སུམ་ཚད་མས་དངོས་གཞལ་རྣམས་དོན་གཅིག ཅེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། དངོས་པོ་ཡིན་པར་ཐལ། རང་མཚན་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། མ་གྲུབ་ན། དེ་ཆོས་ཅན། རང་མཚན་ཡིན་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། གཞལ་བྱ་ཡིན་ན་རང་མཚན་ཡིན་པས་ཁྱབ་པའི་ཕྱིར། ཞེས་སོགས་གོང་ལྟར་དཔྱད་དོ། །གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་སྐབས་སུ་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པས་ན་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པར་བསྟན་པ་ཡིན་པར་ཐལ། འདོད་ན། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཅན། རང་སྤྱི་གཉིས་པོ་གང་རུང་ཡིན་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། རང་སྤྱི་གཉིས་པོ་གང་རུང་མ་ཡིན་པར་ཐལ། རང་མཚན་མ་ཡིན་པ་གང་ཞིགསྤྱི་མཚན་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག གཉིས་པ་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཆོས་ཅན། རང་མཚན་ཡིན་པར་ཐལ། རྟགས་དང་པོ་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དངོས་པོ་ཡིན་པར་ཐལ། རང་མཚན་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རང་མཚན་ཡིན་ན་རྫས་ཡོད་ཀྱི་དངོས་པོ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་ཁྱབ་པར་ཐལ། རང་མཚན་དང་རྫས་ཡོད་ཀྱི་དངོས་པོ་གཉིས་དོན་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རང་མཚན་དང་གཞན་དབང་དང༌། རྫས་ཡོད། རྫས་ཡོད་ཀྱི་དངོས་པོ་རྣམས་དོན་གཅིག ཅེས་དང༌། གཏན་ཚིགས་དོན་བསྡུས་ལས། རང་མཚན་དང་སྤྱི་མཚན་ལ་མཚན་ཉིད་རིམ་པ་ལྟར། དོན་དམ་པར་དོན་བྱེད་ནུས་པ་དང༌། ཞེས་དང༌། བསྡུས་གྲྭ་སྤྱི་དོན་ལས། རང་གི་མཚན་ཉིད་ཀྱིས་གྲུབ་པའི་དངོས་པོ། གསུངས་པའི་ཕྱིར། འདོད་ན། རང་མཚན་ཡིན་ན་རྫས་ཡོད་ཀྱི་དངོས་པོ་ཡིན་པས་ཁྱབ་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཅན། རྫས་ཡོད་ཀྱི་དངོས་པོ་ཡིན་པར་ཐལ། རང་མཚན་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དེ་ཆོས་ཅན། དངོས་པོ་ཡིན་པར་ཐལ། རྫས་ཡོད་ཀྱི་དངོས་པོ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན་ཁྱབ་པ་ཡོད་དེ། རྫས་ཡོད་ཀྱི་དངོས་པོ་ཞེས་པ་རྫས་ཡོད་དང་དངོས་པོ་གཉིས་ཀྱི་ཡིན་པ་ལ་བྱེད་དགོས་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དངོས་པོ་ཡིན་པར་ཐལ། རྫས་ཡོད་ཀྱི་དངོས་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཅན། རྫས་ཡོད་ཀྱི་དངོས་པོ་ཡིན་པར་ཐལ། རང་མཚན་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། མ་གྲུབ་ན། དེ་ཆོས་ཅན། རང་མཚན་ཡིན་པར་ཐལ། རང་སྤྱི་གང་རུང་གང་ཞིག སྤྱི་མཚན་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རྟགས་གྲུབ་སྟེ། རྟགས་དང་པོ་གྲུབ་པ་གང་ཞིག གཉིས་པ་གྲུབ་པའི་ཕྱིར། གཉིས་པ་མ་གྲུབ་ན། དེ་ཆོས་ཅན། སྤྱི་མཚན་ཡིན་པར་ཐལ། རྟགས་གཉིས་པ་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཅན། སྒྲ་རྟོག་གིས་བཏགས་པ་ཙམ་གྱི་ཆོས་ཡིན་པར་ཐལ། སྤྱི་མཚན་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་སྟེ། སྒྲ་རྟོག་གིས་བཏགས་པ་ཙམ་གྱི་ཆོས་དེ། སྤྱི་མཚན་གྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། སྤྱི་མཚན་གྱི་མཚན་ཉིད་ཡོད་དེ། སྒྲ་རྟོག་གིས་བཏགས་པ་ཙམ་གྱི་ཆོས་དེ་ཡིན་པའི་ཕྱིར།ཞེས་དང༌། བསྡུས་གྲྭའི་སྤྱི་དོན་ལས། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་རྟོག་པས་བཏགས་ཙམ་བ་གྲུབ་པའི་ཆོས་དེ། སྤྱི་མཚན་གྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། སྤྱི་མཚན་ཡིན་ན་སྒྲ་རྟོག་གིས་བཏགས་པ་ཙམ་གྱི་ཆོས་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྒྲ་རྟོག་གིས་བཏགས་པ་ཙམ་གྱི་ཆོས་ཡིན་པར་ཐལ། སྤྱི་མཚན་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། རྟོག་བཏགས་ཡིན་པར་ཐལ། སྒྲ་རྟོག་གིས་བཏགས་པ་ཙམ་གྱི་ཆོས་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཅན། དོན་བྱེད་ནུས་སྟོང་དུ་གྱུར་བའི་རྟོག་བཏགས་ཡིན་པར་ཐལ། དོན་བྱེད་ནུས་སྟོང་གང་ཞིག རྟོག་བཏགས་ཡིན་པའི་ཕྱིར། རྟགས་ཕྱི་མ་ཁས། འདོད་ན། དེ་ཆོས་ཅན། དངོས་མེད་ཡིན་པར་ཐལ། དོན་བྱེད་ནུས་སྟོང་དུ་གྱུར་པའི་རྟོག་བཏགས་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། དངོས་མེད་མ་ཡིན་པར་ཐལ། དངོས་དང་དངོས་མེད་ལས་འདས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྒྱུད་ལས། དངོས་དང་དངོས་མེད་ཟད་པའི་གཙོ། ཞེས་དང༌། ཟབ་དོན་ཉེར་གཅིག་ལས། དོན་དམ་དངོས་པོ་ཡང་མིན་དངོས་མེད་ཀྱང་མིན་པས་གཞི་གྲུབ་ལ་དེས་མ་ཁྱབ། ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། དངོས་མེད་མ་ཡིན་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དངོས་མེད་ཡིན་པར་ཐལ། དོན་བྱེད་ནུས་སྟོང་དུ་གྱུར་བའི་རྟོག་བཏགས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དོན་བྱེད་ནུས་སྟོང་དུ་གྱུར་བའི་རྟོག་བཏགས་ཡིན་པར་ཐལ། དོན་བྱེད་ནུས་སྟོང་གང་ཞིག རྟོག་བཏགས་ཡིན་པའི་ཕྱིར། དང་པོ་སླ། རྟགས་གཉིས་པ་ཁས། གཉིས་པ་མ་གྲུབ་ན། དེ་ཆོས་ཅན། རྟོག་བཏགས་ཡིན་པར་ཐལ། སྒྲ་རྟོག་གིས་བཏགས་པ་ཙམ་གྱི་ཆོས་ཡིན་པའི་ཕྱིར། རྟགས་ཁས། མ་གྲུབ་ན། དེ་ཆོས་ཅན། སྒྲ་རྟོག་གི་བཏགས་པ་ཙམ་གྱི་ཆོས་ཡིན་པར་ཐལ། སྤྱི་མཚན་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། མ་གྲུབ་ན། དེ་ཆོས་ཅན། སྤྱི་མཚན་ཡིན་པར་ཐལ། རང་སྤྱི་གང་རུང་གང་ཞིག རང་མཚན་མ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་ཁས། དང་པོ་མ་གྲུབ་ན། དེ་ཆོས་ཅན། རང་སྤྱི་གང་རུང་མ་ཡིན་པར་ཐལ། རྟགས་དང་པོ་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་སྤྱི་གང་རུང་ཡིན་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་དེ། སྔར་བཀོད་པའི་རྣམ་འགྲེལ་གྱི་ལུང་དེ་དང་དེའི་ཐད་ཀྱི་རྣམ་འགྲེལ་འགྲེལ་བཤད་རིན་འཕྲེང་ལས། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །སྤྱི་མཚན་གྱི་མཚན་ཉིད་ལ་སྒྲ་རྟོག་གིས་བཏགས་པ་ཙམ་གྱི་ཆོས་དེ་འཇོག་དགོས་་པར་ཐལ། འདོད་ན། སྒྲ་རྟོག་གིས་བཏགས་པ་ཙམ་གྱི་ཆོས་ཡིན་ན། སྤྱི་མཚན་ཡིན་པས་ཁྱབ་པར་ཐལ། མཚན་ཉིད་འཇོག་ཚུལ་འཐད་པའི་ཕྱིར། འདོད་ན། ལྡན་མིན་འདུ་བྱེད་རྣམས་ཆོས་ཅན། སྤྱི་མཚན་ཡིན་པར་ཐལ། སྒྲ་རྟོག་གིས་བཏགས་པ་ཙམ་གྱི་ཆོས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ལྡན་མིན་འདུ་བྱེད་རྣམས་ཆོས་ཅན། སྤྱི་མཚན་མ་ཡིན་པར་ཐལ། རང་མཚན་ཡིན་པའི་ཕྱིར། མ་གྲུབ་ན། ལྡན་མིན་འདུ་བྱེད་རྣམས་ཆོས་ཅན། རང་མཚན་ཡིན་པར་ཐལ། མདོ་སྡེ་བའི་ལུགས་ལ་རང་མཚན་ཡིན་པའི་ཕྱིར། མ་གྲུབ་ན། ལྡན་མིན་འདུ་བྱེད་རྣམས་ཆོས་ཅན། མདོ་སྡེ་བའི་ལུགས་ལ་རང་མཚན་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་དེ། མདོ་སྡེ་བའི་ལུགས་ལ་རང་མཚན་དང་དངོས་པོ་གཉིས་དོན་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དཔལ་ལྡན་བླ་མ་གང་ཉིད་ཀྱི་ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། འདི་བའི་ལུགས་ལ་དོན་དམ་བདེན་པ་དང༌། དངོས་པོ་དང༌། གཞན་དབང༌། རང་མཚན་རྣམས་དོན་གཅིག ཅེས་གསུངས་པའི་ཕྱིར། འདོད་ན། དངོས་པོ་ཡིན་ན་མདོ་སྡེ་བའི་ལུགས་རང་མཚན་ཡིན་པས་ཁྱབ་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། ལྡན་མིན་འདུ་བྱེད་རྣམས་ཆོས་ཅན། མདོ་སྡེ་བའི་ལུགས་ལ་རང་མཚན་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ལྡན་མིན་འདུ་བྱེད་རྣམས་ཆོས་ཅན། རང་མཚན་ཡིན་པར་ཐལ། མདོ་སྡེ་བའི་ལུགས་ལ་རང་མཚན་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན་ཁྱབ་པ་ཡོད་དེ། མདོ་སྡེ་བའི་ལུགས་ལ་རང་མཚན་ཡིན་ན། རང་མཚན་ཡིན་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། རང་ལུགས་ལ་རང་མཚན་ཡིན་ན་རང་མཚན་ཡིན་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། རང་ལུགས་ལ་རང་མཚན་རང་མཚན་དང་གཅིག་ཡིན་པའི་ཕྱིར། འདོད་ན། མདོ་སྡེ་བའི་ལུགས་ལ་རང་མཚན་ཡིན་ན་རང་མཚན་ཡིན་དགོས་པར་ཐལ། རང་ལུགས་ལ་རང་མཚན་ཡིན་ན་རང་མཚན་ཡིན་དགོས་པ་གང་ཞིག དེ་གཉིས་ཀྱི་ལུགས་ལ་རང་མཚན་རང་མཚན་དང་གཅིག་ཡིན་ན་གཞན་མི་འདྲ་བའི་རྒྱུ་མཚན་མེད་པའི་ཕྱིར། འདོད་ན། ལྡན་མིན་འདུ་བྱེད་རྣམས་ཆོས་ཅན། རང་མཚན་ཡིན་པར་ཐལ། མདོ་སྡེ་བའི་ལུགས་ལ་རང་མཚན་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དེ་ཆོས་ཅན། རང་མཚན་མ་ཡིན་པར་ཐལ། སྤྱི་མཚན་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཆོས་ཅན། སྤྱི་མཚན་ནམ་བཏགས་ཡོད་ཀྱི་ཆོས་ཡིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པའི་སྔོན་མེད་ལེགས་བཤད་ལས། ལྡན་མིན་འདུ་བྱེད་ཞེས་གྲགས་ཏེ། འདུས་བྱས་ཀྱི་ཕུང་པོའི་ཕྱོགས་གཅིག་གམ་ཕྱེད་ཕྱི་མ་སྟེ། བཏགས་པའི་འདུ་བྱེད་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། བཏགས་ཡོད་ཀྱི་ཆོས་དང་སྤྱི་མཚན་དོན་གཅིག་ཡིན་པ་ནི། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། སྤྱི་མཚན་དང་བཏགས་ཡོད་ཀྱི་ཆོས་དོན་གཅིག ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ།། སྒྲ་རྟོག་གིས་བཏགས་པ་ཙམ་མ་ཡིན་པར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་དེ་རང་མཚན་གྱི་མཚན་ཉིད་ཡིན་པར་ཐལ། འདོད་ན། རང་མཚན་ཡིན་ན་དེ་ཡིན་པས་ཁྱབ་པ་དང༌། དེ་ཡིན་ན་རང་མཚན་ཡིན་པས་ཁྱབ་པ་གཉིས་རེ་རེ་ནས་གྲུབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། ཀ་བུམ་གཉིས་ཆོས་ཅན། སྒྲ་རྟོག་གིས་བཏགས་པ་ཙམ་མ་ཡིན་པར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཡིན་པར་ཐལ། རང་མཚན་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། གཞན་དབང་ཡིན་པའི་ཕྱིར། འདོད་ན། ཀ་བུམ་གཉིས་ཆོས་ཅན། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཡིན་པར་ཐལ། རང་མཚན་ཡིན་པའི་ཕྱིར། འདོད་ན། ཀ་བུམ་གཉིས་ཆོས་ཅན། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་མ་ཡིན་པར་ཐལ། རང་གི་མཚན་ཉིད་མེད་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་སྟེ། རང་གི་མཚན་ཉིད་མེད་ན། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་མ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། རང་གི་རྒྱུ་མེད་ན། རང་གི་རྒྱུས་གྲུབ་པའི་ཆོས་མ་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན་ཁྱབ་སྟེ། དེ་གཉིས་རིགས་པ་མཚུངས་པའི་ཕྱིར། འདོད་ན། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཡིན་ན། རང་གི་མཚན་ཉིད་ཡོད་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཀ་བུམ་གཉིས་ཆོས་ཅན། རང་གི་མཚན་ཉིད་ཡོད་པར་ཐལ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། ཀ་བུམ་གཉིས་ཆོས་ཅན། རང་གི་མཚན་ཉིད་མེད་པར་ཐལ། རང་ཉིད་མཚོན་བྱ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རང་གི་མཚན་གཞིའི་སྟེང་དུ་མ་གྲུབ་པའི་ཕྱིར། འདོད་ན། ཀ་བུམ་གཉིས་ཆོས་ཅན། མཚོན་བྱ་ཡིན་པར་ཐལ། རང་གི་མཚན་ཉིད་ཡོད་པའི་ཕྱིར། མ་གྲུབ་ན། ཀ་བུམ་གཉིས་ཆོས་ཅན། རང་གི་མཚན་ཉིད་ཡོད་པར་ཐལ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། མ་གྲུབ་ན། ཀ་བུམ་གཉིས་ཆོས་ཅན། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཡིན་པར་ཐལ། སྒྲ་རྟོག་གིས་བཏགས་པ་ཙམ་མ་ཡིན་པར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རང་མཚན་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་ཁྱབ་ན། ཁྱབ་སྟེ། སྒྲ་རྟོག་གིས་བཏགས་པ་ཙམ་མ་ཡིན་པར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་དེ། རང་མཚན་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། ཞེས་ཚིག་འཁྲི་གཏོང་ན་དཔྱད་པར་བྱའོ། །གཞན་ཡང་གཟུགས་རང་མཚན་ཡིན་པར་ཐལ། འདོད་ན། གཟུགས་ཆོས་ཅན། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཡིན་པར་ཐལ། རང་མཚན་ཡིན་པའི་ཕྱིར། འདོད་ན། གཟུགས་གཟུགས་ཀྱི་མཚན་ཉིད་ཀྱིས་གྲུབ་པར་ཐལ། ཅིའི་ཕྱིར། དེར་ཐལ། གཟུགས་ཆོས་ཅན། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཡིན་པར་ཐལ། ཞེས་པའི་ཐལ་འགྱུར་ལ་འདོད་ལན་རྩི་བའི་ཚེ་རང་སྒྲ་བཤིག་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཤེས་བྱ་ཆོས་ཅན། རང་གི་རྒྱུ་ཡོད་པར་ཐལ། ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་རྩི་བའི་ཚེ་རང་སྒྲ་བཤིག་དགོས་པའི་ཕྱིར། མ་ཁྱབ་ན་ཁྱབ་སྟེ། དེ་གཉིས་རྩི་ཚུལ་མཚུངས་པའི་ཕྱིེར་ཟེར་ན་དཔྱད་པར་བྱའོ།། སྤྱི་མཚན་ཡིན་ན་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པས་ཁྱབ་པར་ཐལ། འདོད་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པར་ཐལ། སྤྱི་མཚན་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། རྟོག་པའི་དངོས་ཡུལ་ཡིན་པར་ཐལ། སྒྲའི་དངོས་ཡུལ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། རྟོག་པའི་སྣང་ཡུལ་ཡིན་པར་ཐལ། རྟོག་པའི་དངོས་ཡུལ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། དོན་སྤྱི་ཡིན་པར་ཐལ། རྟོག་པའི་སྣང་ཡུལ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རྟོག་པའི་སྣང་ཡུལ་དང་རྟོག་པའི་གཟུང་ཡུལ་གཉིས་ཀ་ལ་དོན་སྤྱིས་ཁྱབ་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། དེ་ཁྱབ་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རྟོག་པའི་སྣང་ཡུལ་དང་རྟོག་པའི་གཟུང་ཡུལ་དོན་གཅིག་ཡིན་ཏེ། དེ་གཉིས་ཀ་ལ་དོན་སྤྱིས་ཁྱབ། དོན་སྤྱི་ཡིན་ན་དེ་གཉིས་ཀ་ཡིན་པས་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། དོན་སྤྱི་ཡིན་པར་ཐལ། རྟོག་པའི་སྣང་ཡུལ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། མ་གྲུབ་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། རྟོག་པའི་སྣང་ཡུལ་ཡིན་པར་ཐལ། རྟོག་པའི་དངོས་ཡུལ་ཡིན་པའི་ཕྱིར། རྟགས་ཁས། མ་གྲུབ་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། རྟོག་པའི་དངོས་ཡུལ་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲའི་དངོས་ཡུལ་ཡིན་པའི་ཕྱིར། རྟགས་ཁས། མ་གྲུབ་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།རྗོད་བྱེད་ཀྱི་སྒྲའི་དངོས་ཡུལ་ཡིན་པར་ཐལ། སྤྱི་མཚན་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་ཁྱབ་ན་དེ་ཁྱབ་པར་ཐལ། རྣམ་འགྲེལ་འགྲེལ་བཤད་རིན་ཆེན་འཕྲེང་བ་ལས། རྗོད་བྱེད་སྒྲ་ཡི་དངོས་ཡུལ་ཡིན་པ་དང་མིན་པ་གཉིས་སུ་ངེས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། རྟོག་པའི་དངོས་ཡུལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྟོག་པའི་སྣང་ཡུལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྟོག་པ་དེ་ཁྱོད་ལ་འཁྲུལ་བར་ཐལ། ཁྱོད་རྟོག་པའི་སྣང་ཡུལ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། རྟོག་པ་དེ་ཁྱོད་ལ་མ་འཁྲུལ་བར་ཐལ། ཁྱོད་རྟོག་པའི་འཛིན་སྟངས་ཀྱི་ཡུལ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རྟོག་པའི་འཛིན་སྟངས་ཀྱི་ཡུལ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར་ཟེར་ན་བྱའོ། །

བཅུ་དགུ་བ་སེལ་འཇུག་དང་སྒྲུབ་འཇུག་ལ་དོགས་པ་འགོད་པ།

བཅུ་དགུ་བ་སེལ་འཇུག་དང་སྒྲུབ་འཇུག་ལ་དོགས་པ་འགོད་པ་ལ།

རྟོག་མེད་ཤེས་པ་སྣང་བས་འཇུག། སྒྲ་རྟགས་རྟོགས་པ་སེལ་བས་འཇུག ཅེས་པའི་སྐབས་སུ་རྟོག་པ་དང་རྗོད་བྱེད་ཀྱི་སྒྲ་ཡིན་ན་སེལ་འཇུག་ཡིན་པས་་ཁྱབ་པ་བསྟན་པ་ཡིན་པར་ཐལ། འདོད་ན། སངས་རྒྱས་ཀྱི་གསུང་ཆོས་ཅན། སེལ་འཇུག་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་གསུང་ཆོས་ཅན། རང་ཉིད་རང་ཡུལ་ལ་འཇུག་པ་ན་ཆོས་གཞན་བསལ་བའི་སྒོ་ནས་འཇུག་པར་ཐལ། སེལ་འཇུག་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། སངས་རྒྱས་ཀྱི་གསུང་གཅིག་གིས་ཆོས་ཐམས་ཅད་གསུང་བ་ཡིན་པའི་ཕྱིར།མ་གྲུབ་ན། ཡིན་པར་ཐལ། སངས་རྒྱས་ཀྱི་གསུང་ཡིན་ན་གསུང་རྣམ་པ་ཐམས་ཅད་པ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་ཁྱབ་པར་ཐལ། མདོ་ལས། གསུང་གཅིག་ཉིད་དུ་གསུང་ནའང༌། །དུ་མ་ཉིད་དུ་སོ་སོར་གོ། །ཞེས་གསུངས་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་གསུང་ཡིན་ན་གསུང་རྣམ་པ་ཐམས་ཅད་པ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་གསུང་ཆོས་ཅན། དེ་མ་ཡིན་རྣམ་པར་བསལ་བའི་སྒོ་ནས་འཇུག་པ་མ་ཡིན་པར་ཐལ། གསུང་གཅིག་ཉིད་གསུང་ཐམས་ཅད་པ་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་གསུང་ཆོས་ཅན། སེལ་འཇུག་མ་ཡིན་པར་ཐལ། དེ་མ་ཡིན་རྣམ་པར་བསལ་བའི་སྒོ་ནས་འཇུག་པ་མ་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་གསུང་ཡིན་ན་ཆོས་ཐམས་ཅད་བསྟན་པའི་གསུང་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་གསུང་གཅིག་གི་དོན་རྟོགས་ན་ཆོས་ཐམས་ཅད་རྟོགས་དགོས་པར་ཐལ། སངས་རྒྱས་ཀྱི་གསུང་ཡིན་ན་ཆོས་ཐམས་ཅད་བསྟན་དགོས་པའི་ཕྱིར། འདོད་ན།མི་རྟག་པ་རྟོགས་ན་སངས་རྒྱས་ཀྱི་གསུང་གང་ཡང་རུང་བ་ཞིག་གི་དོན་རྟོགས་པས་མ་ཁྱབ་པར་ཐལ། མི་རྟག་པ་རྟོགས་ན་ཆོས་ཐམས་ཅད་རྟོགས་པས་མ་ཁྱབ་པའི་ཕྱིར། འདོད་ན། མི་རྟག་པ་རྟོག་པའི་གང་ཟག་དེས་མི་རྟག་པ་བསྟན་པའི་མདོའི་དོན་མི་ཤེས་པར་ཐལ། ཆོས་ཐམས་ཅད་མི་ཤེས་པའི་ཕྱིར་ན་དཔྱད། གཞན་ཡང་མི་རྟག་པ་བསྟན་པའི་མདོ་ཆོས་ཅན། སེལ་འཇུག་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ། གཏན་ཚིགས་དོན་བསྡུས་ལས། སྒྲ་རྟགས་རྟོག་པ་སེལ་བས་འཇུག །ཅེས་གསུངས་པའི་ཕྱིར་ན་དཔྱད། ཡང་སེལ་འཇུག་ཡིན་ན་རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་གང་རུང་ཡིན་པས་ཁྱབ་པར་ཐལ། སེལ་འཇུག་གི་དབྱེ་བ་ལ་དེ་གཉིས་ལས་མ་བཞག་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། འོ་ན་རྟགས་ཆོས་ཅན། སེལ་འཇུག་མ་ཡིན་པར་ཐལ།རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་གང་རུང་མ་ཡིན་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། གཏན་ཚིགས་དོན་བསྡུས་ལས། སྒྲ་རྟགས་རྟོག་པ་སེལ་བས་འཇུག །ཅེས་གསུངས་པའི་ཕྱིར། འདོད་ན། འོ་ན་རྟགས་ཆོས་ཅན། སེལ་འཇུག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྟགས་ཆོས་ཅན། སེལ་འཇུག་མ་ཡིན་པར་ཐལ། རང་ཡུལ་ལ་འདོད་པའི་དབང་གིས་འཇུག་པ་མ་ཡིན་པའི་ཕྱིར། མ་གྲུབ་ན།རྟགས་ཆོས་ཅན། རང་ཡུལ་ལ་འདོད་པའི་དབང་གིས་འཇུག་པ་མ་ཡིན་པར་ཐལ། རང་ཡུལ་ལ་འཇུག་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་ཆོས་ཅན། རང་ཡུལ་ལ་འཇུག་པ་མ་ཡིན་པར་ཐལ། རང་ཡུལ་མེད་པའི་ཕྱིར། མ་གྲུབ་ན། རང་ཡུལ་མེད་པར་ཐལ། རང་ཉིད་ཡུལ་ཅན་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་ཆོས་ཅན། ཁྱོད་ཡུལ་ཅན་མ་ཡིན་པར་ཐལ།ཁྱོད་དངོས་པོ་མ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རང་ཡུལ་ཅི་རིགས་དང་ལྡན་པའི་དངོས་པོ་དེ། ཡུལ་ཅན་གྱི་མཚན་ཉིད།ཅེས་གསུངས་པའི་ཕྱིར། འདོད་ན། འོ་ན་རྟགས་ཆོས་ཅན། ཡུལ་ཅན་མ་ཡིན་པར་ཐལ། དངོས་པོ་མ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། རྟགས་ཆོས་ཅན། སེལ་འཇུག་མ་ཡིན་པར་ཐལ། ཡུལ་ཅན་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཡིན་པར་ཐལ། ཚད་མ་རྣམ་འགྲེལ་ལས། དེ་ཕྱིར་དེ་ལྟར་རྟགས་སེལ་བའི། །ཡུལ་ཅན་ཡིན་པར་རབ་ཏུ་བསྒྲགས། །ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན་རྟགས་ཆོས་ཅན། སེལ་འཇུག་ཡིན་པར་ཐལ། འདོད་ལན་འཐད་པའི་ཕྱིར། འདོད་ན། རྟགས་ཆོས་ཅན། ཁྱོད་སེལ་འཇུག་མ་ཡིན་པར་ཐལ།ཁྱོད་སེལ་འཇུག་ཡིན་པའི་རྒྱུ་མཚན་མེད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། ཞོག རང་གི་བསྒྲུབ་བྱའི་ཆོས་ལ་སེལ་བའི་སྒོ་ནས་འཇུག་པའི་རྒྱུ་མཚན་གྱིས་ཡིན་ཟེར་ན། འོ་ན་རང་གི་བསྒྲུབ་བྱའི་ཆོས་ལ་སེལ་བའི་སྒོ་ནས་འཇུག་ན་སེལ་འཇུག་ཡིན་པའི་ཁྱབ་པར་ཐལ། རྒྱུ་མཚན་དེ་ཉིད་འཐད་པའི་ཕྱིར། འདོད་ན། རྟོག་མེད་ཤེས་པ་ཆོས་ཅན། སེལ་འཇུག་ཡིན་པར་ཐལ། རང་གི་བསྒྲུབ་བྱའི་ཆོས་ལ་སེལ་བའི་སྒོ་ནས་འཇུག་པའི་ཕྱིར། འདོད་ན། རྟོག་མེད་ཤེས་པ་ཆོས་ཅན། སེལ་འཇུག་མ་ཡིན་པར་ཐལ། སྒྲུབ་འཇུག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་མཚལ་མིན་པ་བསོད་ནམས་བཟང་བོའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་གཏན་ཚིགས་དོན་བསྡུས་ལས། རྟོག་མེད་ཤེས་པ་སྣང་བས་འཇུག །ཅེས་གསུངས་པའི་ཕྱིར། འདོད་ན། རྟོག་མེད་ཤེས་པ་ཆོས་ཅན། སེལ་འཇུག་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྟོག་མེད་ཤེས་པ་ཆོས་ཅན། སེལ་འཇུག་ཡིན་པར་ཐལ། རྟགས་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། རྟགས་སེལ་འཇུག་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡོད་པར་ཐལ། སྒྲ་རྟགས་རྟོག་པ་གསུམ་པོ་སེལ་འཇུག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། སྒྲ་རྟགས་རྟོག་པ་སེལ་བས་འཇུག །ཞེས་གསུངས་པའི་ཕྱིར། འདོད་ན། རྟགས་ཆོས་ཅན། རང་ཡུལ་ལ་འདོད་པའི་དབང་གིས་འཇུག་པ་ཡིན་པར་ཐལ། སེལ་འཇུག་ཡིན་པའི་ཕྱིར། འདོད་ན། རྟགས་ཆོས་ཅན། རང་གི་ཡུལ་ཡོད་པར་ཐལ། རང་ཡུལ་ལ་འདོད་པའི་དབང་གིས་འཇུག་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། རྟགས་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། རང་གི་ཡུལ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། རྟགས་ཆོས་ཅན། དངོས་པོ་ཡིན་པར་ཐལ། ཡུལ་ཅན་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ཟེར་ན། ཁྱབ་པ་ཡོད་པར་ཐལ། ཡུལ་ཅན་ཡིན་ན་རང་ཡུལ་ཅི་རིགས་དང་ལྡན་པའི་དངོས་པོ་ཡིན་པས་ཁྱབ་པའི་ཕྱིར། རྟགས་མ་གྲུབ་ན། དེར་ཁྱབ་པར་ཐལ། རང་ཡུལ་ཅི་རིགས་དང་ལྡན་པའི་དངོས་པོ་དེ། ཡུལ་ཅན་གྱི་མཚན་ཉིད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རང་ཡུལ་ཅི་རིགས་དང་ལྡན་པའི་དངོས་པོ་དེ། ཡུལ་ཅན་གྱི་མཚན་ཉིད། ཞེས་གསུངས་པའི་ཕྱིར། འདོད་ན། ཡུལ་ཅན་ཡིན་ན་རང་ཡུལ་ཅི་རིགས་དང་ལྡན་པའི་དངོས་པོ་ཡིན་པས་ཁྱབ་པར་ཐལ། དེ་ཡུལ་ཅན་གྱི་མཚན་ཉིད་ཡིན་པའི་ཕྱིར། རྟགས་ཁས། རྟགས་ཆོས་ཅན། རང་ཡུལ་ཅི་རིགས་དང་ལྡན་པའི་དངོས་པོ་ཡིན་པར་ཐལ། ཡུལ་ཅན་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རྟགས་ཁས། རྟགས་ཆོས་ཅན། དངོས་པོ་ཡིན་པར་ཐལ། རང་ཡུལ་ཅི་རིགས་དང་ལྡན་པའི་དངོས་པོ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། རྟགས་ཆོས་ཅན། དངོས་པོ་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་རྟག་པ་ཡིན་པར་ཐལ། སྒྲུབ་བྱས་ཆོས་དང་ཤེས་འདོད་ཆོས་ཅན་རྣམས་རྟག་པ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། ཚད་མ་རྣམ་འགྲེལ་ལས། ཆོས་དང་ཆོས་ཅན་རྣམས་རྟག་པ། །ཞེས་གསུངས་པའི་ཕྱིར། འདོད་ན། ཆོས་དང་ཆོས་ཅན་གཉིས་རྟག་པ་ཡིན་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། རྟགས་རྟག་པ་ཡིན་པར་ཐལ། ཆོས་དང་ཆོས་ཅན་གཉིས་རྟག་པ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། དེ་གཉིས་རིགས་པ་རྣམས་པ་ཀུན་ཏུ་མཚུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་རྟགས་སེལ་འཇུག་ཡིན་ཟེར་ན། རྟགས་ཡིན་ན་སེལ་འཇུག་ཡིན་པའི་ཁྱབ་པར་ཐལ། རྟགས་སེལ་འཇུག་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ཟེར་ན། བུམ་འཛིན་མངོན་སུམ་ཆོས་ཅན། སེལ་འཇུག་ཡིན་པར་ཐལ། རྟགས་ཡིན་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། བུན་འཛིན་མངོན་སུམ་ཆོས་ཅན། རྟགས་ཡིན་པར་ཐལ། ཡོད་མེད་གང་རུང་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། རྟགས་རིགས་ལེགས་བཤད་དྲི་མ་མེད་པའི་འོད་ལས། ཡོད་མེད་གང་རུང་ཡིན་ན་རྟགས་ཡིན་པས་ཁྱབ་སྟེ། དེ་གང་རུང་ཡིན་ན་གཏན་ཚིགས་སུ་བཀོད་པ་ཡིན་པས་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། བུམ་འཛིན་མངོན་སུམ་ཆོས་ཅན། རྟགས་ཡིན་པར་ཐལ། ཡོད་མེད་གང་རུང་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བུམ་འཛིན་མངོན་སུམ་ཆོས་ཅན། སེལ་འཇུག་ཡིན་པར་ཐལ། རྟགས་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། བུམ་འཛིན་མངོན་སུམ་ཆོས་ཅན། སེལ་འཇུག་མ་ཡིན་པར་ཐལ། སྒྲུབ་འཇུག་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། བུམ་འཛིན་མངོན་སུམ་ཆོས་ཅན། སྒྲུབ་འཇུག་ཡིན་པར་ཐལ། རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། རྟོག་མེད་ཤེས་པ་སྣང་བའི་འཇུག །ཅེས་གསུངས་པའི་ཕྱིར། འདོད་ན། བུམ་འཛིན་མངོན་སུམ་ཆོས་ཅན། སྒྲུབ་འཇུག་ཡིན་པར་ཐལ། རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་མ་གྲུབ་ན། བུམ་འཛིན་མངོན་སུམ་ཆོས་ཅན། རྟོག་མེད་ཀྱི་ཤེས་པ་ཡིན་པར་ཐལ། མངོན་སུམ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། མངོན་སུམ་དེ་རྟོག་མེད་ཤེས་པའི་དབྱེ་བ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། བློ་རིག་ལེགས་བཤད་གསེལ་གྱི་ཉི་མ་ལས། དེ་ལ་དབྱེ་ན། མངོན་སུམ་དང་མེད་པ་གསལ་སྣང་ཅན་གྱི་རྟོག་མེད་ལོག་ཤེས་གཉིས་ཡོད་པས་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། མངོན་སུམ་ཡིན་ན་རྟོག་མེད་ཤེས་པ་ཡིན་པས་ཁྱབ་པར་ཐལ། དེ་དེའི་དབྱེ་བ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བུམ་འཛིན་མངོན་སུམ་ཆོས་ཅན། རྟོག་མེད་ཤེས་པ་ཡིན་པར་ཐལ། མངོན་སུམ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བུམ་འཛིན་མངོན་སུམ་ཆོས་ཅན། སྒྲུབ་འཇུག་ཡིན་པར་ཐལ། རྟོག་མེད་ཤེས་པ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས་ཟེར་ན་དཔྱད་པར་བྱའོ། །ཆ་ཤས་སུ་མ་ཕྱེས་པར་ཡུལ་གསལ་བའི་རིག་པ་དེ་སྒྲུབ་འཇུག་གི་མཚན་ཉིད་ཡིན་པར་ཐལ། འདོད་ན། རྟོག་མེད་ཤེས་པ་ཡིན་ན་ཆ་ཤས་སུ་མ་ཕྱེ་བར་ཡུལ་གསལ་བའི་རིག་པ་ཡིན་པས་ཁྱབ་པར་ཐལ། དེ་ཡིན་ན་སྒྲུབ་འཇུག་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། སྒྲ་འཛིན་རྣ་ཤེས་ཆོས་ཅན། ཆ་ཤས་སུ་མ་ཕྱེ་བར་ཡུལ་གསལ་བའི་རིག་པ་ཡིན་པར་ཐལ། རྟོག་མེད་ཡིན་པའི་ཕྱིར། འདོད་ན། སྒྲ་འཛིན་རྣ་ཤེས་ཆོས་ཅན། སྒྲ་ལ་ཆ་ཤས་སུ་མ་ཕྱེ་བར་འཇུག་པར་ཐལ། སྒྲ་ལ་སྒྲུབ་འཇུག་ཡིན་པའི་ཕྱིར། འདོད་ན། སྒྲའི་ཁྱད་པར་ཀྱི་ཆོས་ཐམས་ཅད་ལ་ཆ་ཤས་མ་ཕྱེ་བར་འཇུག་པར་ཐལ། སྒྲ་ལ་སྒྲུབ་འཇུག་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ཟེར་ན། དེ་ཆོས་ཅན། སྒྲ་ཤེས་བྱ་ཡིན་པའི་ཆ་སོགས་ལ་འཇུག་པར་ཐལ། སྒྲའི་ཁྱད་པར་ཐམས་ཅད་ལ་འཇུག་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་སྒྲ་ཤེས་བྱ་ཡིན་པ་དེ་བཟུང་པར་ཐལ། ཁྱོད་སྒྲ་ཤེས་བྱ་ཡིན་པ་ལ་འཇུག་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ།བུམ་འཛིན་དབང་མངོན་གྱིས་བུམ་པའི་ཁྱད་པར་ཐམས་ཅད་མ་བཟུང་བའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྤྱི་དོན་རིན་ཆེན་སྒྲོན་མེ་༣༧༣ལས། བུམ་འཛིན་དབང་མངོན་གྱིས་བུམ་པའི་ཁྱད་པར་ཐམས་ཅད་བཟུང་བ་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན།སྒྲ་འཛིན་རྣ་ཤེས་ཆོས་ཅན། སྒྲ་དང་གྲུབ་བདེ་རྫས་གཅིག་པ་ཐམས་ཅད་ལ་འཇུག་ཀྱང་སྒྲའི་ཁྱད་པར་གྱི་ཆོས་ཐམས་ཅད་ལ་འཇུག་པ་མ་ཡིན་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། སྒྲ་འཛིན་རྣ་ཤེས་ཆོས་ཅན། སྒྲ་མི་རྟག་པ་ལ་འཇུག་པར་ཐལ། ཁྱོད་སྒྲ་དང་གྲུབ་བདེ་རྫས་གཅིག་པ་ཐམས་ཅད་ལ་འཇུག་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྒྲ་མི་རྟག་པ་ལ་སྣང་བའི་སྒོ་ནས་འཇུག་པར་ཐལ། ཁྱོད་སྒྲ་ལ་སྒྲུབ་འཇུག་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་གསུངས་པའི་ཕྱིར། འདོད་ན། སྒྲ་འཛིན་རྣ་ཤེས་ཆོས་ཅན། སྒྲ་མི་རྟག་པ་ཁྱོད་ཀྱི་སྣང་ཡུལ་ཡིན་པར་ཐལ།སྒྲ་མི་རྟག་པ་སྣང་ནས་རིག་པར་བྱ་བ་ཡིན་པའི་ཕྱིར། དེར་ཐལ། དེ་དེ་ལ་སྣང་བ་གང་ཞིག་རིག་པར་བྱ་བ་ཡིན་པའི་ཕྱིར། འདོད་མི་རིགས་ཏེ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་༥༢༢ལས། སྒྲ་འཛིན་མངོན་སུམ་ལ་སྒྲ་སྣང་བ་ན་སྒྲ་མི་རྟག་པ་དང་སྒྲ་བྱས་པ་སོགས་སྒྲ་དང་གྲུབ་བདེ་རྫེས་གཅིག་པ་ཐམས་ཅད་མངོན་སུམ་དུ་སྣང་བ་ཡིན་ཡང༌། དེའི་སྣང་ཡུལ་དུ་མི་འཇོག་པ་ནི་དེ་ལ་སྣང་ནས་བཟུང་བྱ་མ་ཡིན་པའི་རྒྱུ་མཚན་གྱིས་ཡིན་པ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཡང་མི་རིགས་པར་ཐལ། སྒྲ་མི་རྟག་པ་སྒྲ་འཛིན་རྣ་ཤེས་ཀྱིས་འཛིན་པའི་ཕྱིར། དེར་ཐལ། སྒྲ་འཛིན་རྣ་ཤེས་ལ་སྣང་ཚུལ་དང་སྒྲ་འཛིན་རྣ་ཤེས་ཀྱིས་འཛིན་ཚུལ་ལ་ཁྱད་མེད་པའི་ཕྱིར། དེར་ཐལ། སྒྲ་འཛིན་རྣ་ཤེས་ལ་ཡུལ་སྣང་ཚུལ་ཡུལ་འཛིན་ཚུལ་དེ་ཡིན་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་༣༠༩ལས། སྒོ་ལྔའི་ཤེས་པ་ལ་ནི་ཆ་ཕྱེ་ནས་འཛིན་མི་ཤེས་པའི་རྒྱུ་མཚན་གྱིས་རང་ལ་གང་སྣང་བའི་སྣང་ཡུལ་དེ་ལས་གཞན་པའི་འཛིན་སྟངས་ཀྱི་ཡུལ་མེད་ལ། ཞེས་དང༌། དེ་༣༡༠ལས། ཡིད་ཤེས་ལྟ་བུའི་འཛིན་སྟངས་ཤིག་ཀྱང་མེད་པས་ན་ཡུལ་སྣང་ཚུལ་དེ་ཡུལ་འཛིན་ཚུལ་ཡང་ཡིན་པའི་རྒྱུ་མཚན་གྱིས་དེ་ལ་གང་སྣང་བའི་བུམ་པ་བདེན་གྲུབ་དང་བུམ་པ་རྟག་པ་དང་བུམ་པ་བུམ་པ་ཡིན་པ་ལ་སོགས་དེའི་སྣང་ཡུལ་ཐམས་ཅད་དེའི་འཛིན་སྟངས་ཀྱི་ཡུལ་ཡིན་དགོས་སོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། སྒྲ་མི་རྟག་པ་ཆོས་ཅན། སྒྲ་འཛིན་རྣ་ཤེས་ཀྱིས་བཟུང་པར་ཐལ། སྒྲ་འཛིན་རྣ་ཤེས་ལ་སྣང་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། ཡུལ་དེ་སྣང་བའང་མཐོང་ཙམ་གྱིས་བཟུང་བ་ལ་འཇོག་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རང་ཡུལ་དེ་སྣང་བའང་མཐོང་ཙམ་གྱིས་བཟུང་བ་ལ་འཇོག་དགོས་ཀྱི། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་མི་རྟག་པ་ཆོས་ཅན། སྒྲ་འཛིན་རྣ་ཤེས་ཀྱིས་བཟུང་བྱ་ཡིན་པར་ཐལ། སྒྲ་འཛིན་རྣ་ཤེས་ལ་སྣང་པའི་ཕྱིར། འདོད་ན། སྒྲ་མི་རྟག་པ་ཆོས་ཅན། རྣ་ཤེས་ཀྱིས་བཟུང་བྱ་ཡིན་པར་ཐལ། སྒྲ་འཛིན་རྣ་ཤེས་ཀྱིས་བཟུང་བྱ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་བུམ་འཛིན་རྟོག་པ་ཆོས་ཅན། སེལ་འཇུག་ཡིན་པར་ཐལ། རྟོག་པ་ཡིན་པའི་ཕྱིར། འདོད་ན། བུམ་པ་ལ་སེལ་བའི་སྒོ་ནས་འཇུག་པར་ཐལ། འདོད་ན། བུམ་འཛིན་རྟོག་པ་ཆོས་ཅན། བུམ་པ་མི་རྟག་པ་ཡིན་པའི་ཆ་སོགས་བཅད་ནས་བུམ་པ་ལ་འཇུག་པར་ཐལ། བུམ་པ་ལ་སེལ་བའི་སྒོ་ནས་འཇུག་པའི་ཕྱིར། འདོད་ན། བུམ་པ་མི་རྟག་པ་རྟོགས་པར་ཐལ། དེས་བུམ་པ་མི་རྟག་པ་བཅད་པའི་ཕྱིར། ཁྱབ་སྟེ། བུམ་པ་མི་རྟག་པ་མ་རྟོགས་པར་བུམ་པ་མི་རྟག་པ་བཅད་ཚུལ་མེད་པའི་ཕྱིར། དེར་ཐལ། དགག་བྱ་དེ་མ་ཤེས་པར་དགག་བྱ་དེ་བཅད་ཚུལ་མེད་པའི་ཕྱིར། དེར་ཐལ། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་དང༌། དེའི་ས་འགྲེལ་༣༩༨ལས། བརྟགས་པའི་དངོས་པོ་དེ་ལ་མ་རེག་ཅིང་མ་དཔྱད་པར་དེ་བཀག་པའི་དངོས་མེད་འཛིན་པ་ནི་སྲིད་པ་མ་ཡིན་ལ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །སྒྲ་རྟགས་རྟོག་པ་སེལ་བས་འཇུག་ཅེས་པའི་སྐབས་སུ་སྒྲ་རྟགས་རྟོག་གསུམ་སེལ་འཇུག་ཡིན་པ་བསྟན་པར་ཐལ། སྒྲ་རྟགས་རྟོག་པ་གསུམ་པོ་སེལ་འཇུག་ཡིན་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། ཡུལ་ཡུལ་ཅན་འཇུག་པའི་ཚུལ་གང་ཞིག་ཆ་ཤས་སུ་ཕྱེ་ནས་སྒྲ་དོན་ལ་འཇུག་པ་ཡིན་པར་ཐལ། སེལ་འཇུག་ཡིན་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། ཡུལ་ཡུལ་ཅན་འཇུག་པའི་ཚུལ་གང་ཞིག་ཆ་ཤས་སུ་ཕྱེ་ནས་སྒྲ་དོན་ལ་འཇུག་པ་དེ་ཡིན་པའི་ཕྱིར། འདོད་ན། རྗོད་བྱེད་ཀྱི་སྒྲ་ཡིན་པར་ཐལ། ཡུལ་ཅན་དུ་གྱུར་བའི་སྒྲ་ཡིན་པའི་ཕྱིར། འདོད་ན། སྒྲ་ཡིན་ན་རྗོད་བྱེད་ཀྱི་སྒྲ་ཡིན་པས་ཁྱབ་པར་ཐལ། སྒྲ་དེ་རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར། ཁྱབ་སྟེ། ཁྱོད་རྗོད་བྱེད་ཀྱི་སྒྲ་ཡིན་ན་ཁྱོད་ཡིན་ན་རྗོད་བྱེད་སྒྲ་ཡིན་པས་ཁྱབ་དགོས་པའི་ཕྱིར། དེར་ཐལ། ཁྱོད་བུམ་པ་བརྗོད་པའི་སྒྲ་ཡིན་ན་ཁྱོད་ཡིན་ན་བུམ་པ་བརྗོད་པའི་སྒྲ་ཡིན་དགོས་པའི་ཕྱིར། དེར་ཐལ། ཁྱོད་བུམ་འཛིན་རྟོག་པ་ཡིན་ན་ཁྱོད་ཡིན་ན་བུམ་འཛིན་རྟོག་པ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། རྟོག་པ་ཆོས་ཅན། བུམ་འཛིན་རྟོག་པ་ཡིན་པར་ཐལ། ཞེ་འདོད་འཐད་པའི་ཕྱིར། འདོད་ན། རྟོག་པ་ཆོས་ཅན། ཁྱོད་རྒྱུད་ལ་ཡོད་ན་བུམ་འཛིན་རྟོག་པ་རྒྱུད་ལ་ཡོད་པས་ཁྱབ་པར་ཐལ། ཁྱོད་བུམ་འཛིན་རྟོག་པ་ཡིན་པའི་ཕྱིར། འདོད་ན།སོ་སྐྱེས་ཡིན་ན་བུམ་འཛིན་རྟོག་པ་རྒྱུད་ལྡན་ཡིན་པས་ཁྱབ་པར་ཐལ་ལོ། །འོ་ན་སྒྲ་རང་ལྡོག་ནས་སེལ་འཇུག་མ་ཡིན་པར་རྗོད་བྱེད་ཀྱི་སྒྲ་སེལ་འཇུག་ཡིན་ཟེར་ན། རྗོད་བྱེད་ཀྱི་སྒྲ་ལ་སེལ་འཇུག་གིས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཀ་བ་ཞེས་བརྗོད་པའི་སྒྲ་དང་བུམ་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། སེལ་འཇུག་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རང་ཡུལ་ལ་འདོད་པའི་དབང་གིས་འཇུག་པ་ཡིན་པར་ཐལ། སེལ་འཇུག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ཡུལ་ཡོད་པར་ཐལ། རང་ལ་འདོད་པའི་དབང་གིས་འཇུག་པ་ཡིན་པའི་ཕྱིར།འདོད་ན། དེའི་ཡུལ་གང་འཇོག་སོགས་དཔྱད།ཡང་རྗོད་བྱེད་ཀྱི་སྒྲ་ཆོས་ཅན། ཁྱོད་ཡུལ་ལ་ཆ་ཤས་སུ་ཕྱེ་ནས་སྒྲ་དོན་ལ་འཇུག་པར་ཐལ། སེལ་འཇུག་ཡིན་པའི་ཕྱིར། འདོད་ན། རྗོད་བྱེད་ཀྱི་སྒྲ་དེ་ཡུལ་འགའ་ལ་མི་འཇུག་པར་ཐལ། དེ་ཡུལ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པའི་ཕྱིར། ཁྱབ་སྟེ། ཆ་ཤས་སུ་ཕྱེ་ནས་འཇུག་སྟངས་དེ་ཆ་འགའ་ཞིག་ཡུལ་དུ་བྱེད་ལ་འགའ་ཞིག་ཡུལ་དུ་མི་བྱེད་པ་དེ་ཡིན་པའི་ཕྱིར། དེར་ཐལ།སྤྱི་དོན་༣༦༢ལས། རང་ཡུལ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པའི་དོན་ནི་རང་གི་ཡུལ་དེའི་ཁྱད་པར་གྱི་ཆ་ཤས་དུ་མ་་ཡོད་པ་དག་སོ་སོར་ཕྱེས་ནས་ཆ་ཤས་གཅིག་འཛིན་པ་དེ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། གཞི་གྲུབ་ན་རྗོད་བྱེད་ཀྱི་སྒྲའི་འཇུག་གཞི་ཡིན་པས་མ་ཁྱབ་པར་ཐལ། རྗོད་བྱེད་ཀྱི་སྒྲ་དེ་ཆ་འགའ་ཞིག་ཡུལ་དུ་བྱེད་ལ་འགའ་ཞིག་ཡུལ་དུ་མི་བྱེད་པ་དེ་ཡིན་པའི་ཕྱིར།རྟགས་ཁས། འདོད་མི་ནུས་ཏེ། གཞི་གྲུབ་ན་རྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། གཞི་གྲུབ་ན་བརྗོད་བྱ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། བརྗོད་བྱ་དང༌། ཡུལ་དང༌། གཞལ་བྱ་རྣམས་དོན་གཅིག་ཡིན་པའི་ཕྱིར། ཡང་རྣམ་འགྲེལ་རྩ་བར། དེ་ཕྱིར་དེ་ལྟར་རྟགས་སེལ་བའི། །ཡུལ་ཅན་ཡིན་པ་རབ་ཏུ་བསྒྲགས།།ཞེས་དང༌། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་༡༢༢ལས། སྒྲ་རྟོག་རྟགས་རྣམས་ཡུལ་ལ་སེལ་འཇུག་ཏུ་བཞེད་དོ། །ཞེས་པས་རྟགས་སེལ་འཇུག་དང་ཡུལ་ཅན་དུ་གསུངས་པ་ཡིན་པར་ཐལ། འདོད་ན། བུམ་པ་ཆོས་ཅན། སེལ་འཇུག་ཡིན་པར་ཐལ། རྟགས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། སེལ་འཇུག་ཡིན་པའི་ཕྱིར། འདོད་ན། ཡུལ་ཅན་མ་ཡིན་པར་ཐལ། བློ་ཡིན་པའི་ཡུལ་ཅན་མ་ཡིན་པ་གང་ཞིག བློ་མིན་པའི་ཡུལ་ཅན་མ་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། དེ་མ་ཡིན་པར་ཐལ། གང་ཟག་དང་རྗོད་བྱེད་ཀྱི་སྒྲ་དང་དབང་པོ་གཟུགས་ཅན་པ་གསུམ་པོ་གང་ཡང་མ་ཡིན་པའི་ཕྱིར། ཁྱབ་སྟེ། བློ་མིན་པའི་ཡུལ་ཅན་ལ་གང་ཟག་དང་དབང་པོ་གཟུགས་ཅན་པ་དང་བརྗོད་བྱེད་སྒྲ་གང་རུང་གིས་ཁྱབ་པའི་ཕྱིར། དེར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། ཡུན་ཅན་ལ་བློ་མིན་པའི་དང་ཡིན་པའི་ཡུལ་ཅན་གཉིས་སོ། །དང་པོ་ལ་གང་ཟག་དང་རྗོད་བྱེད་གཉིས་སོ། །ཞེས་གསུངས་པའི་ཕྱིར། གོང་དུ་ཁྱབ་པ་མེད་དེ་རྟགས་སེལ་འཇུག་ཡིན་ཀྱང་རྟགས་ཡིན་ན་སེལ་འཇུག་ཡིན་པའི་མ་ཁྱབ་ཟེར་ན། འོ་ན་རྟགས་ཡུལ་ཅན་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། རྟགས་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། འདོད་ན། དེ་ཆོས་ཅན། དངོས་པོ་ཡིན་པར་ཐལ། ཡུལ་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། ཡུལ་ཅན་ཡིན་ན་དངོས་པོ་ཡིན་དགོས་པའི་ཕྱིར། དེར་ཐལ། ཡུལ་ཅན་ཡིན་ན་རང་ཡུལ་ཅི་རིགས་དང་ལྡན་པའི་དངོས་པོ་ཡིན་དགོས་པའི་ཕྱིར། དེར་ཐལ། རང་ཡུལ་ཅི་རིགས་དང་ལྡན་པའི་དངོས་པོ་དེ་ཡུལ་ཅན་གྱི་མཚན་ཉིད་དུ་འཇོག་དགོས་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་ཕྱི་དོན་རིན་ཆེན་སྒྲོན་མེ་༥༢༧ལས། རང་ཡུལ་ཅི་རིགས་དང་ལྡན་པའི་དངོས་པོ་དེ། ཡུལ་ཅན་གྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་རྟོག་པ་ཡིན་ན་སེལ་འཇུག་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། རྟོག་པ་ཡིན་ན་སྒྲ་དོན་ལ་འཇུག་པའི་ཁྱབ་པར་ཐལ། འདོད་ན། དེ་ཡིན་ན་དོན་སྤྱི་ལ་འཇུག་པའི་པས་ཁྱབ་པར་ཐལ། དེ་ཡིན་ན་སྒྲ་དོན་གཉིས་ཀ་ལ་འཇུག་པའི་ཁྱབ་པའི་ཕྱིར།འདོད་ན། བུམ་པའི་སྒྲ་སྤྱི་ཁོན་འཛིན་པའི་རྟོག་པ་ཆོས་ཅན། དོན་སྤྱི་ལ་འཇུག་པར་ཐལ།རྟོག་པ་ཡིན་པའི་ཕྱིར། དེར་ཐལ། དེ་ལྟ་བུའི་རྟོག་པ་ཡོད་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་༣༤༠ལས། བུམ་པའི་སྒྲ་སྤྱི་ཁོ་ན་འཛིན་པའི་རྟོག་ངོར་བུམ་པའི་སྒྲ་སྤྱི་དེ་སྒྲ་གྲགས་པའི་རྣམ་པ་ཅན་ཁོ་ནར་སྣང་བ་ཡིན་གྱི། ཞེས་གསུངས་པའི་ཕྱིར། འདོད་ན། དོན་སྤྱི་ལ་མི་འཇུག་པའི་རྟོག་པ་ཡོད་པར་ཐལ། དེ་ཡང་འདོད་མི་ནུས་ཏེ། རྟོག་པ་ཡིན་ན་སྣང་ཡུལ་དོན་སྤྱི་དེ་འཛིན་སྟངས་ཀྱི་དོན་དུ་མི་སྣང་བའི་རྟོག་པ་མེད་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་༢༤༣ལས། རྟོག་པ་ཡིན་ན་སྣང་ཡུལ་དོན་སྤྱི་དེ་འཛིན་སྟངས་ཀྱི་དོན་དུ་མི་སྣང་བའི་རྟོག་པ་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །རྟོག་མེད་ཤེས་པ་སྣང་བས་འཇུག་པ་ཡིན་པར་ཐལ། འདོད་ན། རྟོག་མེད་ཤེས་པ་ཡིན་ན་སྒྲུབ་འཇུག་ཡིན་པས་ཁྱབ་པར་ཐལ།འདོད་ན། རྟོག་མེད་ཡིན་ན་ཆ་ཤས་སུ་མ་ཕྱེ་བར་ཡུལ་གསལ་བའི་རིག་པ་ཡིན་པས་ཁྱབ་པར་ཐལ། དེ་ཡིན་ན་སྒྲུབ་འཇུག་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། ཆ་ཤས་སུ་མ་ཕྱེས་པར་ཡུལ་གསལ་བའི་རིག་པ་དེ་སྒྲུབ་འཇུག་གི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། སོ་སྐྱེས་མིག་ཤེས་ཆོས་ཅན། ཡུལ་ཐམས་ཅད་ལ་འཇུག་པར་ཐལ། དེ་ཡུལ་ལ་ཆ་ཤས་སུ་མ་ཕྱེ་བར་འཇུག་པའི་ཕྱིར། འདོད་ན། སོ་སྐྱེས་མིག་ཤེས་ཆོས་ཅན། སོ་སྐྱེས་མིག་ཤེས་ལ་འཇུག་པར་ཐལ། ཡུལ་ཐམས་ཅད་འཇུག་པའི་ཕྱིར། རྟགས་ཁས། འདོད་ན། སོ་སྐྱེས་མིག་ཤེས་ཆོས་ཅན། ཁྱོད་ཀྱིས་སོ་སྐྱེས་མིག་ཤེས་མཐོང་བར་ཐལ། ཁྱོད་སོ་སྐྱེས་མིག་ཤེས་ལ་འཇུག་པའི་ཕྱིར། རྟགས་ཁས། འདོད་ན། སོ་སྐྱེས་མིག་ཤེས་ཆོས་ཅན།ཁྱོད་སོ་སྐྱེས་མིག་ཤེས་ལ་མི་འཇུག་པར་ཐལ། ཁྱོད་སོ་སྐྱེས་མིག་ཤེས་དང་གཅིག་ཡིན་པའི་ཕྱིར། ཁྱབ་སྟེ། འཇུག་བྱ་འཇུག་བྱེད་ལ་ཐ་དད་ཡིན་དགོས་པའི་ཕྱིར། དེར་ཐལ། འཇུག་བྱ་འཇུག་བྱེད་གཅིག་ན་བྱ་བྱེད་གཅིག་ཏུ་ཐལ་བའི་ཕྱིར། དེར་ཐལ། ཡིད་ཡིད་ཀྱི་མཐོང་བྱ་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། མདོ་ལས། ཡིད་ཀྱིས་ཡིད་རིག་ཅིང་མཐོང་བའི་གནས་མེད་དོ། །ཞེས་དང༌། སྤྱོད་འཇུག་ལས། རལ་གྲིའི་སོ་ནི་རང་ལ་རང༌། །ཇི་ལྟར་མི་གཅོད་དེ་བཞིན་ཡིད། །ཅེས་གསུངས་པའི་ཕྱིར། གཞན་ཡང༌། རྣམ་མཁྱེན་མི་རྟག་པ་རྟོགས་པའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་ཆོས་ཅན། ཁྱོད་རྣམ་མཁྱེན་ལ་འཇུག་པར་ཐལ། རྣམ་མཁྱེན་མི་རྟག་པ་ལ་འཇུག་པའི་ཕྱིར། ཆོས་ཅན་མ་གྲུབ་ཟེར་ན། དེ་ཡོད་པར་ཐལ། ཉན་རང་དགྲ་བཅོམ་པས་རྣམ་མཁྱེན་མི་རྟག་པ་རྟོགས་པའི་ཕྱིར། དེར་ཐལ། དེས་རྣམ་མཁྱེན་རྟག་འཛིན་གྱི་ཞེན་ཡུལ་སུན་བྱུང་བའི་ཕྱིར། དེར་ཐལ། དེས་རྣམ་མཁྱེན་རྟག་འཛིན་སྤངས་བའི་ཕྱིར། དེར་ཐལ། རྣམ་མཁྱེན་རྟག་འཛིན་ཉོན་མོངས་ཡིན་པའི་ཕྱིར། འདོད་ན། ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་ཆོས་ཅན། ཁྱོད་ལ་རྣམ་མཁྱེན་སྣང་བར་ཐལ། ཁྱོད་རྣམ་མཁྱེན་ལ་འཇུག་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྣལ་མཁྱེན་སྣང་བའི་སྒོ་ནས་རྟོགས་པར་ཐལ། རྣམ་མཁྱེན་སྣང་བ་གང་ཞིག རྟོགས་པའི་ཕྱིར། དེར་ཐལ། ཁྱོད་རྣམ་མཁྱེན་སྣང་བའི་རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར། ཁྱབ་སྟེ། རྣལ་འབྱོར་མངོན་སུམ་ལ་གང་སྣང་ངེས་པའི་ཁྱབ་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་༢༧༦ལས། རྣལ་འབྱོར་མངོན་སུམ་ལ་གང་སྣང་ངེས་པའི་ཁྱབ་པ་གོང་དུ་བཤད་ཟིན་པའི་ཕྱིར། ཞེས་དང༌། རྣམ་འགྲེལ་ལས། བློ་གྲོས་ཆེན་པོ་མཐོང་ཉིད་ནས།།རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་གསུངས་པའི་ཕྱིར། འདོད་ན། ཉན་ཐོས་དགྲ་བཅོམ་པས་རྣམ་མཁྱེན་མངོན་སུམ་དུ་རྟོགས་པར་ཐལ། དེའི་རྒྱུད་ལ་རྣམ་མཁྱེན་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཡོད་པར་ཁས་བླངས་ཚར་བའི་ཕྱིར། འདོད་ན། རྣམ་མཁྱེན་ཆོས་ཅན། ཁྱོད་ཉན་ཐོས་ཀྱི་སྤྱོད་ཡུལ་ཡིན་པར་ཐལ། ཉན་ཐོས་དགྲ་བཅོམ་པས་ཁྱོད་མངོན་སུམ་དུ་རྟོགས་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་མཁྱེན་སངས་རྒྱས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་ཡིན་པའི་ཕྱིར། ཁྱབ་སྟེ། སྔོན་མེད་ལེགས་བཤད་༢༡ལས། ཡང་དག་པར་ན་སངས་རྒྱས་ཀྱི་རྣམ་པར་ཐར་བ་ནི། སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལས་གཞན་མ་ཡིན་མོད།ཅེས་གསུངས་པའི་ཕྱིར། ཉན་ཐོས་ཀྱི་རྒྱུད་ལ་རྣམ་མཁྱེན་མི་རྟག་པ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཡོད་ཀྱང་དེ་ལ་རྣམ་མཁྱེན་སྣང་མི་དགོས་ཏེ་རྣམ་མཁྱེན་དང་རྣམ་མཁྱེན་མི་རྟག་པ་གཉིས་གྲུབ་བདེ་རྫས་གཅིག་པ་མིན་ཟེར་དགོས་སམ། དགོས་ན། ཁྱོད་དང་ཁྱོད་མི་རྟག་པ་གཉིས་རྟོགས་དཀའ་སླ་ཅན་གྱི་ཆོས་ཡིན་ན། ཁྱོད་དང་ཁྱོད་མི་རྟག་པ་གཉིག་གྲུབ་བདེ་རྫས་གཅིག་མ་ཡིན་པའི་ཁྱབ་པར་ཐལ། རྣམ་མཁྱེན་དང་རྣམ་མཁྱེན་མི་རྟག་པ་གཉིས་ལ་དེའི་ཕྱིར། འདོད་ཟེར་ན། སྒྲ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། སྒྲ་དང་སྒྲ་མི་རྟག་པ་གཉིས་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། དེར་ཐལ། སྤྱི་དོན་རིན་ཆེན་སྒྲོན་མེ་༥༢༢ལས།སྒྲ་འཛིན་མངོན་སུམ་ལ་སྒྲ་སྣང་བ་ན་སྒྲ་མི་རྟག་པ་དང་སྒྲ་བྱས་པ་སོགས་སྒྲ་དང་གྲུབ་བདེ་རྫས་གཅིག་པ་ཐམས་ཅད་དེ་ལ་མངོན་སུམ་དུ་སྣང་བ་ཡིན་ཡང༌། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། ། དབྱེ་ན་གཉིས་ལ་རྗོད་བྱེད་དང༌། རྟོག་པ་གཉིས་ཡོད་པར་ཐལ། འདོད་ན། རྗོད་བྱེད་ཀྱི་སྒྲ་ཆོས་ཅན། སེལ་འཇུག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན།བརྗོད་བྱེད་ཀྱི་སྒྲ་ཆོས་ཅན། རང་ཡུལ་ལ་འཇུག་པ་དེའི་ཚེ་ཡུལ་ལ་སེལ་བའི་སྒོ་ནས་འཇུག་པར་ཐལ། སེལ་འཇུག་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ཞེས་པའི་རྗོད་བྱེད་ཀྱི་སྒྲ་ཆོས་ཅན། ཆ་ཤས་སུ་ཕྱེ་ནས་རང་ཡུལ་ལ་འཇུག་པར་ཐལ། སེལ་འཇུག་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། ཡུལ་ཡུལ་ཅན་འཇུག་པའི་ཚུལ་གང་ཞིག ཆ་ཤས་སུ་ཕྱེ་ནས་སྒྲ་དོན་ལ་འཇུག་པ་དེ་སེལ་འཇུག་གི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིག་དོན་བསྡུས་ལས། ཡུལ་ཡུལ་ཅན་འཇུག་པའི་ཚུལ་གང་ཞིག ཆ་ཤས་སུ་ཕྱེ་ནས་སྒྲ་དོན་ལ་འཇུག་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཤེས་བྱ་ཞེས་པའི་རྗོད་བྱེད་ཀྱི་སྒྲ་ཆོས་ཅན། ཆ་ཤས་སུ་ཕྱེ་ནས་སྒྲ་དོན་ལ་འཇུག་པར་ཐལ། སེལ་འཇུག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཤེས་བྱ་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཡུལ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པ་མི་འཐད་པར་ཐལ།ཡུལ་ཐམས་ཅད་ལ་འཇུག་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་ཆོས་ཐམས་ཅད་ལ་འཇུག་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་ཆོས་ཐམས་ཅད་ཀྱི་མིང་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་༡༧༤ལས། ཤེས་བྱ་ཆོས་ཅན། ཁྱོད་བུམ་པའི་དངོས་མིང་མ་ཡིན་ཡང་ཁྱོད་བུམ་པའི་མིང་ཡིན་ཏེ།ཁྱོད་བུམ་པའི་སྤྱི་མིང་ཡིན་པའི་ཕྱིར།ཞེས་དང༌། ཡང་དེ་ལས། དེས་ན་ཤེས་བྱ་ཞེས་བརྗོད་པའི་སྒྲ་དེ་ནི་ཆོས་ཐམས་ཅད་ཀྱི་མིང་ཡིན་ཏེ། ཞེས་གསུངས་པའི་ཕྱིར། མ་ཁྱབ་ཤེས་བྱ་ཞེས་པའི་སྒྲ་དེ་ཤེས་བྱའི་དངོས་མིང་དང་ཤེས་བྱ་དང་ཐ་དད་པའི་ཆོས་རྣམས་ཀྱི་སྤྱི་མིང་ཙམ་ཡིན་ཡང་ཆོས་ཐམས་ཅད་ལ་འཇུག་མི་དགོས་ཟེར་ན། དེ་ཡང་མི་འཐད་དེ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་༡༧༨ལས། སྤྱི་མིང་ཐམས་ཅད་རང་གང་ལ་འདོག་པའི་གཞི་དེ་ལ་དངོས་སུ་འཇུག་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། ཤེས་བྱ་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཡུལ་ལ་ཆ་ཤས་སུ་ཕྱེས་ནས་མི་འཇུག་པར་ཐལ། ཡུལ་ཐམས་ཅད་ལ་ཁྱད་མེད་དུ་དངོས་སུ་འཇུག་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སེལ་འཇུག་མ་ཡིན་པར་ཐལ། ཡུལ་ཡུལ་ཅན་འཇུག་པའི་ཚུལ་གང་ཞིག ཆ་ཤས་སུ་ཕྱེ་ནས་སྒྲ་དོན་ལ་འཇུག་པ་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཏན་ཚིགས་དོན་བསྡུས་ལས། ཡུལ་ཡུལ་ཅན་འཇུག་པའི་ཚུལ་གང་ཞིག ཆ་ཤས་སུ་ཕྱེ་ནས་སྒྲ་དོན་ལ་འཇུག་པའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། སེལ་འཇུག་ཡིན་ན་བརྗོད་ཀྱི་སྒྲ་དང་རྟོག་པ་གང་རུང་ཡིན་པས་ཁྱབ་པར་ཐལ། སེལ་འཇུག་ལ་དེ་གཉིས་ལས་མ་བཞག་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན།སོ་སྐྱེས་ཆོས་ཅན། སྒྲ་དང་རྟོག་པ་གང་རུང་ཡིན་པར་ཐལ། སེལ་འཇུག་ཡིན་པའི་ཕྱིར།མ་གྲུབ་ན། དེར་ཐལ། རང་ཡུལ་ལ་འདོད་པའི་དབང་གིས་འཇུག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རང་ཡུལ་ལ་འཇུག་པ་གང་ཞིག དངོས་དབང་གིས་འཇུག་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། ཡུལ་ཅན་དེ་རང་ཡུལ་ལ་འཇུག་པ་ལ་འདོད་པའི་དབང་གིས་འཇུག་པ་དང་དངོས་དབང་གིས་འཇུག་ཚུལ་གཉིས་ལས་འཇུག་ཚུལ་གཞན་མེད་པའི་ཕྱིར། འདོད་ན། སོ་སྐྱེས་ཆོས་ཅན། རང་ཡུལ་ལ་འདོད་པའི་དབང་་གིས་འཇུག་པ་ཡིན་པར་ཐལ། རང་ཡུལ་ལ་འཇུག་པ་གང་ཞིག རང་ཡུལ་ལ་དངོས་དབང་གིས་འཇུག་པ་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། སོ་སྐྱེས་ཆོས་ཅན། རང་ཡུལ་ལ་འཇུག་པར་ཐལ། རང་གི་འཇུག་ཡུལ་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མ་དང༌། དཔྱད་ཤེས་དང༌། སྐྱེས་བུ་གསུམ་གྱི་འཇུག་ཡུལ་ཡོད་པའི་ཕྱིར། དེ་ཡོད་པར་ཐལ། དེ་ལྟར་ཡོད་པ་དེ་ཡང་མཚལ་མིན་པ་བསོད་ནམས་བཟང་པོའི་དགོངས་པ་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། འཇུག་ཡུལ་ལ་ནི་ཚད་མ་དང༌། །དཔྱད་ཤེས་སྐྱེས་བུ་གསུམ་གྱིས་འཇུག ། ཅེས་གསུངས་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ཟེར་ན། སོ་སྐྱེས་ཆོས་ཅན། སྒྲུབ་འཇུག་ཡིན་པར་ཐལ། རང་ཡུལ་ལ་དངོས་དབང་གིས་འཇུག་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། བློ་ཡིན་ཡིན་པར་ཐལ། རིག་པ་ཡིན་པའི་ཕྱིར། དེར་ཐལ། སྒྲུབ་འཇུག་ཡིན་པའི་ཕྱིར། ཁྱབ་སྟེ། སྒྲུབ་འཇུག་ལ་བློས་ཁྱབ་པའི་ཕྱིར། དེར་ཐལ། ཆ་ཤས་སུ་མ་ཕྱེ་བར་ཡུལ་གསལ་བའི་རིག་པ་དེ་སྒྲུབ་འཇུག་གི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། སྣང་འཇུག་དང་སེལ་འཇུག་ཏུ་དབྱེ་བ་ལ་མཚན་ཉིད་ནི་རིམ་པ་ལྟར། ཆ་ཤས་སུ་མ་ཕྱེ་བར་ཡུལ་གསལ་བའི་རིག་པ་དང༌། ཡུལ་ཡུལ་ཅན་འཇུག་པའི་ཚུལ་གང་ཞིག ཆ་ཤས་སུ་ཕྱེ་ནས་སྒྲ་དོན་ལ་འཇུག་པའོ། །ཞེས་གསུངས་པའི་ཕྱིར། བསེ་བསྡུས་སོགས་སུ་གང་ཟག་ལ་སེལ་འཇུག་དང་སྒྲུབ་འཇུག་མེད་པར་གསུངས་པ་དང་ཡོངས་འཛིན་རིགས་ལམ་འཕྲུལ་གྱི་ལྡེ་མིག་སོགས་སུ་ཡོད་པར་གསུངས་སོགས་མང་ཡང་རང་ལུགས་ལ་གཏན་ཚིགས་དོན་བསྡུས་ཀྱིས་སྒྲུབ་འཇུག་གི་མཚན་ཉིད་ཀྱི་ཚིག་ཟུར་དུ་རིག་པ་ཞེས་སྦྱར་འདུག་པས་གང་ཟག་བཏགས་ཡོད་ལ་སྒྲུབ་འཇུག་མེད་ཟེར་དགོས་སམ་དཔྱད་དགོས་སོ།།

ཉི་ཤུ་པ་བརྗོད་བྱ་རྗོད་བྱེད་ལ་དོགས་པ་འགོད་པ།

ཉི་ཤུ་པ་བརྗོད་བྱ་རྗོད་བྱེད་ལ་དོགས་པ་འགོད་པ་ལ།

མིང་ཡིན་ན་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ཡིན་པས་ཁྱབ་པར་ཐལ། འདོད་ན། སྒྲ་མི་རྟག་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ཡིན་པར་ཐལ། ཡི་གེ་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་རྗོད་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་མི་རྟག་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཡི་གེ་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་རྗོད་བྱེད་ཡིན་པར་ཐལ། མིང་གི་ཚོགས་ཡིན་པའི་ཕྱིར། མ་ཁྱབ་ན། མིང་གི་ཚོགས་ཡིན་ན་ཡི་གེ་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་རྗོད་བྱེད་ཡིན་པས་ཁྱབ་པར་ཐལ། དེ་མིང་གི་ཚོགས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། ཕྱི་མ་གསུམ་གྱི་མཚན་ཉིད་རིམ་པ་ལྟར། ཡི་གེ་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་རྗོད་བྱེད་དང༌། ཞེས་གསུངས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ཟེར་ན། སྒྲ་མི་རྟག་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། མིང་གི་ཚོགས་ཡིན་པར་ཐལ། མིང་ཚིག་ཡི་གེ་གསུམ་དུ་ཕྱེས་པའི་མིང་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བུམ་པ་མི་རྟག་པ་ཞེས་བརྗོད་པའི་སྒྲ་མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་མིང་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་དེ་མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་མིང་གི་མཚན་ཉིད། མཚན་གཞི་བུམ་པ་ཞེས་བརྗོད་པའི་སྒྲ་དང༌། བུམ་པ་མི་རྟག་པ་ཞེས་དང༌། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །གཞན་ཡང༌། མིང་ཡིན་ན་དོན་གྱི་ངོ་བོ་སྟོན་པའི་སྒྲ་ཡིན་པའི་ཁྱབ་པར་ཐལ། འདོད་ན། དོན་གྱི་ཁྱད་པར་ཙམ་ཞེས་བརྗོད་པའི་སྒྲ་ཆོས་ཅན། དོན་ངོ་བོ་སྟོན་པའི་སྒྲ་ཡིན་པར་ཐལ།མིང་ཡིན་པའི་ཕྱིར། མ་གྲུབ་ན། དོན་གྱི་ཁྱད་པར་ཙམ་ཞེས་བརྗོད་པའི་སྒྲ་ཆོས་ཅན། མིང་ཡིན་པར་ཐལ། དོན་གྱི་ཁྱད་པར་ཙམ་གྱི་མིང་ཡིན་པའི་ཕྱིར། མ་གྲུབ་ན། དོན་གྱི་ཁྱད་པར་་ཙམ་ཆོས་ཅན། ཁྱོད་ཅེས་བརྗོད་པའི་སྒྲ་ཁྱོད་ཀྱི་མིང་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་ན་ཁྱོད་ཅེས་བརྗོད་པའི་སྒྲ་ཁྱོད་ཀྱི་མིང་ཡིན་པའི་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་ཁྱབ་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། སྒྲ་མི་རྟག་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཁྱོད་ཅེས་བརྗོད་པའི་སྒྲ་ཁྱོད་ཀྱི་མིང་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཞེས་དང༌། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། དེར་ཐལ། བདག་མེད་ཡིན་པའི་ཕྱིར། ཁྱབ་སྟེ།རི་བོང་རྭ་ཞེས་བརྗོད་པའི་སྒྲ་དེ་རི་བོང་རྭའི་མིང་དང༌། བུམ་པ་ཞེས་བརྗོད་པའི་སྒྲ་དེ་བུམ་པའི་མིང་དང༌། བུམ་པའི་དབྱིབབས་ཡོད་ཅེས་བརྗོད་པའི་སྒྲ་དེ་བུམ་པའི་དབྱིབས་ཡོད་པའི་མིང་ཡིན་པ་སོགས་ཡོད་མེད་གང་ཡིན་ཡང་དེ་བརྗོད་པའི་སྒྲ་དེའི་མིང་ཡིན་དགོས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། ཁྱོད་གང་ཟག་གི་བདག་མེད་ཡིན་ན་ཁྱོད་ཅེས་བརྗོད་པའི་སྒྲ་ཁྱོད་ཀྱི་མིང་ཡིན་པའི་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དོན་གྱི་ཁྱད་པར་ཙམ་ཆོས་ཅན། ཁྱོད་ཅེས་བརྗོད་པའི་སྒྲ་ཁྱོད་ཀྱི་མིང་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དོན་གྱི་ཁྱད་པར་ཙམ་ཞེས་བརྗོད་པའི་སྒྲ་ཆོས་ཅན། མིང་ཡིན་པར་ཐལ། དོན་གྱི་ཁྱད་པར་ཙམ་གྱི་མིང་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དོན་གྱི་ཁྱད་པར་ཙམ་ཞེས་བརྗོད་པའི་སྒྲ་ཆོས་ཅན། དོན་གྱི་ངོ་བོ་སྟོན་པའི་སྒྲ་ཡིན་པར་ཐལ། མིང་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དོན་གྱི་ཁྱད་པར་ཙམ་ཞེས་བརྗོད་པའི་སྒྲ་ཆོས་ཅན། དོན་གྱི་ངོ་བོ་སྟོན་པའི་སྒྲ་མ་ཡིན་པར་ཐལ། དོན་གྱི་ཁྱད་པར་ཙམ་སྟོན་པའི་སྒྲ་ཡིན་པའི་ཕྱིར། མ་གྲུབ་ན། དོན་གྱི་ཁྱད་པར་ཙམ་ཆོས་ཅན། ཁྱོད་ཅེས་བརྗོད་པའི་སྒྲ་ཁྱོད་སྟོན་པའི་སྒྲ་ཡིན་པར་ཐལ། ཁྱོད་ཅེས་བརྗོད་པའི་སྒྲ་ཁྱོད་བརྗོད་པའི་སྒྲ་ཡིན་པའི་ཕྱིར། མ་གྲུབ་ན། དོན་གྱི་ཁྱད་པར་ཙམ་ཆོས་ཅན། ཁྱོད་ཅེས་བརྗོད་པའི་སྒྲ་ཁྱོད་བརྗོད་པའི་སྒྲ་ཡིན་པར་ཐལ། ཁྱོད་ཁྱོད་ཅེས་བརྗོད་པའི་སྒྲའི་བརྗོད་བྱ་ཡིན་པའི་ཕྱིར། མ་གྲུབ་ན། དོན་གྱི་ཁྱད་པར་ཙམ་ཆོས་ཅན། ཁྱོད་ཁྱོད་ཅེས་བརྗོད་པའི་སྒྲའི་བརྗོད་བྱ་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། འཆི་ཚེ་ཆོས་མ་གཏོགས་གང་གིས་ཕན་པ་མེད་པ་ཆོས་ཅན། ཁྱོད་ཁྱོད་ཅེས་བརྗོད་པའི་སྒྲའི་བརྗོད་བྱ་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཞེས་གསུངས་བའི་ཕྱིར། འདོད་ན། ཁྱོད་གང་ཟག་གི་བདག་མེད་ཡིན་ན་ཁྱོད་ཁྱོད་ཅེས་བརྗོད་པའི་སྒྲའི་བརྗོད་བྱ་ཡིན་པའི་ཁྱབ་པར་ཐལ། འདཽད་པའི་ཕྱིར།འདོད་ན། དོན་གྱི་ཁྱད་པར་ཙམ་ཆོས་ཅན། ཁྱོད་ཁྱོད་ཅེས་བརྗོད་པའི་སྒྲའི་བརྗོད་བྱ་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དོན་གྱི་ཁྱད་པར་ཙམ་ཆོས་ཅན། ཁྱོད་ཅེས་བརྗོད་པའི་སྒྲ་ཁྱོད་བརྗོད་པའི་སྒྲ་ཡིན་པར་ཐལ། ཁྱོད་ཁྱོད་ཅེས་བརྗོད་པའི་སྒྲའི་བརྗོད་བྱ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དོན་གྱི་ཁྱད་པར་ཙམ་ཆོས་ཅན། ཁྱོད་ཅེས་བརྗོད་པའི་སྒྲ་ཁྱོད་སྟོན་པའི་སྒྲ་ཡིན་པར་ཐལ། ཁྱོད་ཅེས་བརྗོད་པའི་སྒྲ་ཁྱོད་བརྗོད་པའི་སྒྲ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ།རྗོད་བྱེད་ཀྱི་སྒྲ་དེ་དང་དེའི་རང་གི་བརྗོད་བྱ་བརྗོད་ཚུལ་ལས་གཞན་རང་གི་བརྗོད་བྱ་སྟོན་ཚུལ་མེད་པའི་ཕྱིར། འདོད་ན། དོན་གྱི་ཁྱད་པར་ཙམ་ཆོས་ཅན། ཁྱོད་ཅེས་བརྗོད་པའི་སྒྲ་ཁྱོད་སྟོན་པའི་སྒྲ་ཡིན་པར་ཐལ། ཁྱོད་ཅེས་བརྗོད་པའི་སྒྲ་ཁྱོད་བརྗོད་པའི་སྒྲ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དོན་གྱི་ཁྱད་པར་ཙམ་ཞེས་བརྗོད་པའི་སྒྲ་ཆོས་ཅན། དོན་གྱི་ངོ་བོ་སྟོན་པའི་སྒྲ་མ་ཡིན་པར་ཐལ། དོན་གྱི་ཁྱད་པར་ཙམ་སྟོན་པའི་སྒྲ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། དོན་གྱི་ཁྱད་པར་ཙམ་སྟོན་པའི་སྒྲ་ཡིན་ན་དོན་ངོ་བོ་སྟོན་པའི་སྒྲ་མ་ཡིན་པས་ཁྱབ་པའི་ཕྱིར་ཏེ། ཙམ་སྒྲའི་གཅད་བྱ་ཡོད་པའི་ཕྱིར་ཟེར་ན། འདོད་ན། དོན་གྱི་ཁྱད་པར་ཙམ་ཞེས་བརྗོད་པའི་སྒྲ་ཆོས་ཅན། དོན་གྱི་ངོ་བོ་སྟོན་པའི་སྒྲ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མིང་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། དོན་གྱི་ངོ་བོ་སྟོན་པའི་སྒྲ་དེ་མིང་གི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། དོན་གྱི་ངོ་བོ་སྟོན་པའི་སྒྲ་དེ། མིང་གི་མཚན་ཉིད། ཅེས་དང༌། ཡང་དོན་གྱི་ངོ་བོ་སྟོན་པའི་སྒྲ་ཡིན་ན་མིང་ཡིན་པས་ཁྱབ་པར་ཐལ། དེ་མིང་གི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། མིང་ཚིག་ཡི་གེ་གསུམ་དུ་ཕྱཻ་བའི་ཡི་གེ་ཆོས་ཅན། མིང་ཡིན་པར་ཐལ། དོན་གྱི་ངོ་བོ་སྟོན་པའི་སྒྲ་ཡིན་པའི་ཕྱིར། མ་གྲུབ་ན། མིང་ཚིག་ཡི་གེ་གསུམ་དུ་ཕྱཻ་བའི་ཡི་གེ་ཆོས་ཅན། དོན་གྱི་ངོ་བོ་སྟོན་པའི་སྒྲ་ཡིན་པར་ཐལ། སེམས་ཅན་དུ་སྟོན་པའི་སྒྲ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སེམས་ཅན་དུ་སྟོན་པའི་སྒྲ་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རྗོད་བྱེད་ཀྱི་སྒྲ་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲའི་ངོ་བོའི་སྒོ་ནས་དབྱེ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། དང་པོ་ལ་མིང་དང༌། ཚིག་དང༌། ཡི་གེ་དང་གསུམ། ཞེས་གསུངས་པའི་ཕྱིར། འདོད་ན། མིང་ཚིག་ཡི་གེ་གསུམ་དུ་ཕྱཻ་བའི་ཡི་གེ་ཆོས་ཅན། རྗོད་བྱེད་ཀྱི་སྒྲའི་ངོ་བོའི་སྒོ་ནས་དབྱེ་བ་ཡིན་པར་ཐལ། ལུང་དོན་འཐད་པའི་པའི་ཕྱིར། འདོད་ན། མིང་ཚིག་ཡི་གེ་གསུམ་དུ་ཕྱཻ་བའི་ཡི་གེ་ཆོས་ཅན། རྗོད་བྱེད་ཀྱི་སྒྲ་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲའི་ངོ་བོའི་སྒོ་ནས་དབྱེ་བ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། སེམས་ཅན་དུ་སྟོན་པའི་སྒྲ་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། དོན་གྱི་ངོ་བོ་སྟོན་པའི་སྒྲ་ཡིན་པར་ཐལ། སེམས་ཅན་དུ་སྟོན་པའི་སྒྲ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། མིང་ཡིན་པར་ཐལ། དོན་གྱི་ངོ་བོ་སྟོན་པའི་སྒྲ་ཡིན་པའི་ཕྱིར། འདོད་མི་ནུས་ཏཻ། དོན་མི་སྟོན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྣམ་འགྲེལ་ལས། ཡི་གེ་དོན་མེད་ཅན་འགྱུར་ཞིང༌། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང༌། མིང་ཆོས་ཅན། སྒྲ་ཡིན་པར་ཐལ། དོན་གྱི་ངོ་བོ་སྟོན་པའི་སྒྲ་ཡིན་པའི་ཕྱིར། མ་གྲུབ་ན། མིང་ཆོས་ཅན། དོན་གྱི་ངོ་བོ་སྟོན་པའི་སྒྲ་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར། མ་གྲུབ་ན། མིང་ཆོས་ཅན། རྗོད་བྱེད་ཀྱི་སྒྲ་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲའི་ངོ་བོའི་སྒོ་ནས་དབྱེ་བ་ཡིན་པའི་ཕྱིར། མ་གྲུབ་ན། རྗོད་བྱེད་ཀྱི་སྒྲའི་ངོ་བོའི་སྒོ་ནས་དབྱེ་བ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་༡༧༠ལས། གཉིས་པ་རྗོད་བྱེད་ཀྱི་སྒྲའི་དབྱེ་བ་ལ་ངོ་བོའི་སྒོ་ནས་དབྱེ་བ་དང༌། བརྗོད་བྱའི་སྒོ་ནས་དབྱེ་བ་དང༌། རྗོད་ཚུལ་གྱི་སྒོ་ནས་ནས་དབྱེ་བ་དང་གསུམ། དང་པོ་ལ་མིང་དང༌། ཚིག་དང༌། ཡི་གེ་དང་གསུམ། ཞེས་གསུངས་པའི་ཕྱིར། འདོད་ན། མིང་ཆོས་ཅན། རྗོད་བྱེད་ཀྱི་སྒྲའི་ངོ་བོའི་སྒོ་ནས་དབྱེ་བ་ཡིན་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། མིང་ཆོས་ཅན། རྗོད་བྱེད་ཀྱི་སྒྲ་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲའི་ངོ་བོའི་སྒོ་ནས་དབྱེ་བ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། མིང་ཆོས་ཅན། དོན་གྱི་ངོ་བོ་སྟོན་པའི་སྒྲ་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། མིང་ཆོས་ཅན། སྒྲ་ཡིན་པར་ཐལ། དོན་གྱི་ངོ་བོ་སྟོན་པའི་སྒྲ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། མིང་ཆོས་ཅན། གཟུགས་ཡིན་པར་ཐལ། སྒྲ་ཡིན་པའི་ཕྱིར། འདོད་ན། མིང་ཆོས་ཅན། གཟུགས་མ་ཡིན་པར་ཐལ། གཟུགས་དང་སེམས་དང་སེམས་ལས་བྱུང་བ་གང་རུང་གི་གནས་སྐབས་ལ་བཏགས་པའི་དེ་ཉིད་ལས་གཞན་བརྗོད་མེད་པའི་དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། མིང་ཆོས་ཅན། གཟུགས་དང་སེམས་དང་སེམས་ལས་བྱུང་བ་གང་རུང་གི་གནས་སྐབས་ལ་བཏགས་པའི་དེ་ཉིད་གཞན་བརྗོད་མེད་པའི་དངོས་པོ་ཡིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། མིང་ཆོས་ཅན། ལྡན་མིན་འདུ་བྱེད་ཡིན་པར་ཐལ། མངོན་པ་གོང་འོག་གཉིས་ཀར་ལྡན་མིན་འདུ་བྱེད་ཡིན་པར་བཤད་པའི་ཕྱིར། དེར་ཐལ། མངོན་པ་ཀུན་བཏུས་ལས། སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་གང་ཞེ་ན། འཐོབ་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་ཞེས་པ་ནས། མི་རྟག་པ་ཉིད་དང༌། མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་དང༌། ཞེས་དང༌། མཛོད་ལས། མིང་གི་ཚོགས་ལ་སོགས་པ་ནི། །མིང་དང་ངག་དང་ཡི་གེའི་ཚོགས། །ཞེས་དང༌། ཟླ་ཟེར་༦༨ལས། མིང་གི་ཚོགས་དང༌། ལ་སོགས་པའི་སྒྲས་བཟུང་བ་ངག་གི་ཚོགས་དང༌། ཡི་གེའི་ཚོགས་དང༌། ཞེས་གསུངས་པའི་ཕྱིར་དང༌། མཆིམས་མཛོད་༡༨༡ལས། མིང་གི་ཚོགས་ལ་སོགས་པ་ཡང་ཞེས་བྱ་བའི་སོགས་པའི་སྒྲས་ནི་ངག་དང་ཡི་གེ་བཟུང་བས་དེ་དག་ནི་མིང་དང་ངག་དང་ཡི་གེའི་ཚོགས་གསུམ་མོ། །ཞེས་གསུངས་པའི་ཕྱིར། གོང་དུ་གཟུགས་ཡིན་པར་འདོད་ན། རྫས་ཡོད་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། གཟུགས་དང་ཀུན་རྫོབ་ཀྱི་ཤེས་པ་གང་རུང་ཡིན་ན་རྫས་ཡོད་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་ཁྱབ་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭའི་རྣམ་བཞག་གཞུང་བརྒྱ་གསལ་བའི་རིགས་ལམ་བློ་གསལ་ཡིད་ཀྱི་མུན་སེལ་༨༩ལས། དེ་ལྔ་བོ་གང་རུང་དང་འདུས་བྱས་ཀྱི་ཤེས་པ་དང༌། དབང་པོ་གཟུགས་ཅན་གང་ཡིན་ན་རང་ཉིད་ཚད་མའི་ངེས་པ་ལ་ཐ་སྙད་དང་དོན་གཞན་ལ་ལྟོས་མི་དགོས་པའི་རང་མཚན་དུ་གྲུབ་པ་ཡིན་པས་ཁྱབ་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། །འདོད་ན། འོ་ན། མིང་ཆོས་ཅན། རྫས་ཡོད་ཡིན་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། མིང་ཆོས་ཅན། རྫས་ཡོད་མ་ཡིན་པར་ཐལ། བཏགས་ཡོད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། མིང་ཆོས་ཅན། ལྡན་མིན་འདུ་བྱེད་ཡིན་པར་ཐལ། དངོས་པོ་གང་ཞིག ཀུན་བཏགས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོའི་རྩ་བ་༣༤ལས། རྒྱུ་མཚན་ཕལ་དང་མིང་ནི་ཀུན་བརྟགས་ཡིན། །ཞེས་གསུངས་པའི་ཕྱིར་དང༌། དེའི་ཐད་ཀྱི་ཟིན་བྲིས་༡༦༠ལས། རྒྱུ་མཚན་ཕལ་ཆེར་བ་རྣམས་དང༌། མིང་ནི་ཀུན་བཏགས་ཡིན། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཆོས་དེ་ཞེས་པའི་སྒྲ་དངོས་མིང་དུ་འཇུག་པའི་གཞི་ཡིན་ན་ཆོས་དེ་ཡིན་པས་མ་ཁྱབ་པར་ཐལ། འདོད་ན། ཆོས་དེ་ཞེས་པའི་སྒྲ་དངོས་མིང་དུ་འཇུག་པའི་གཞི་ཡིན་ན་ཆོས་དེ་ཡིན་པས་ཁྱབ་པར་ཐལ། ཆོས་དེ་ཞེས་པའི་སྒྲ་དངོས་མིང་དུ་འཇུག་པའི་གཞི་ཡིན་ན་ཆོས་དེ་ཐུན་མོང་མ་ཡིན་པར་གོ་ནུས་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ཆོས་དེ་ཞེས་པའི་སྒྲ་དངོས་མིང་དུ་འཇུག་པའི་གཞི་ཡིན་ན་ཆོས་དེ་ཐུན་མོང་མ་ཡིན་པར་གོ་ནུས་ན་ཆོས་དེ་ཞེས་པའི་སྒྲ་དངོས་མིང་དུ་འཇུག་པའི་གཞི་དེ་ཆོས་དེ་ཡིན་པར་གོ་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། མིང་དེས་ཆོས་དེ་ཐུན་མོང་མ་ཡིན་པར་གོ་ནུས་པ་ནི་མིང་དེའི་དོན་དེ་ཆོས་དེ་ཡིན་པའི་དོན་གྱི་གོ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། མིང་དེས་ཆོས་དེ་ཐུན་མོང་མ་ཡིན་པར་གོ་ནུས་པ་ནི་མིང་དེའི་དོན་དེ་ཆོས་དེ་ཡིན་པའི་དོན་གྱིས་གོ་བ་གང་ཞིག ཅེས་གསུངས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་མ་གྲུབ་ཟེར་ན། ཆོས་དེ་ཞེས་པའི་སྒྲ་དངོས་མིང་དུ་འཇུག་པའི་གཞི་ཡྀན་ན་ཆོས་དེ་ཐུན་མོང་མ་ཡིན་པར་གོ་བར་བྱེད་ནུས་པར་ཐལ། ཆོས་དེའི་དངོས་མིང་ཡིན་ན་ཆོས་དེ་ཐུན་མོང་མ་ཡིན་པར་གོ་ནུས་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་ཁྱབ་པར་ཐལ། རང་ཉིད་ཆོས་དེ་ལ་ཐོག་མར་བརྡ་སྦྱར་བའི་མིང་གང་ཞིག རང་ཉིད་ལ་བརྟེན་ནས་ཆོས་དེ་ཐུན་མོང་མ་ཡིན་པར་གོ་ནུས་པ་དེ་དངོས་མིང་གི་དོན་ལ་འཇོག་དགོས་པའི་ཕྱིར། མ་གྲུབ་ན། དེ་དགོས་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རང་ཉིད་ཆོས་དེ་ལ་ཐོག་མར་བརྡ་སྦྱར་མིང་བའི་གང་ཞིག རང་ཉིད་ལ་བརྟེན་ནས་ཆོས་དེ་ཐུན་མོང་མ་ཡིན་པར་གོ་ནུས་པ་དེ་ཆོས་དེའི་དངོས་མིང་གི་མཚན་ཉིད། ཅེས་གསུངས་པའི་ཕྱིར། གོང་དུ་འདོད་ན། ཀ་བའི་ལྡོག་པ་ཆོས་ཅན། ཀ་བའི་ལྡོག་པ་ཡིན་པར་ཐལ། ཀ་བའི་ལྡོག་པ་ཞེས་བརྗོད་པའི་སྒྲ་དངོས་མིང་དུ་འཇུག་པའི་གཞི་ཡིན་པའི་ཕྱིར། མ་གྲུབ་ན། ཀ་བའི་ལྡོག་པ་ཆོས་ཅན། ཁྱོད་ཁྱོད་ཅེས་པའི་སྒྲ་དངོས་མིང་དུ་འཇུག་པའི་གཞི་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་ཆོས་དེའི་མིང་ཡིན་ན་ཆོས་དེའི་དངོས་མིང་དང་བཏགས་མིང་གང་རུང་ཡིན་པས་ཁྱབ་པ་ཡོད་མེད་དང༌། མེད་ན་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། གཉིས་པ་མིང་ལ་དབྱེ་ན་དངོས་མིང་བཏགས་མིང་གཉིས་ལས་མ་བཞག་པ་གང་གི་དབང་དུ་བྱས་པ་དང༌། གོང་དུ་ཁྱབ་པ་ཡོད་ན། བུམ་པ་ལ་ཤེས་བྱ་ཞེས་བརྗོད་པའི་སྒྲ་ཆོས་ཅན། བུམ་པའི་དངོས་མིང་དང་བཏགས་མིང་གང་རུང་ཡིན་མིན་སོགས་ཚད་མའི་བསྟན་བཅོས་བསྡུས་གྲྭ་ལས་དཔྱད་ཡོད་པས་དཔྱད་པར་བྱའོ། །ཁྱོད་སེངྒེ་མ་ཡིན་ན་ཁྱོད་ལ་སེངྒེ་ཞེས་པའི་མིང་ཁྱོད་ལ་མི་འཇུག་པས་ཁྱབ་པར་ཐལ། འདོད་ན། ཁྱོད་མཚན་ཉིད་མ་ཡིན་ན་ཁྱོད་ལ་མཚན་ཉིད་ཅེས་བརྗོད་པའི་མིང་ཁྱོད་ལ་མི་འཇུག་པས་ཁྱབ་པར་ཐལ། ཁྱོད་སེངྒེ་མ་ཡིན་ན་ཁྱོད་ལ་སེངྒེ་ཞེས་པའི་མིང་ཁྱོད་ལ་མི་འཇུག་པས་ཁྱབ་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། མིང་དེ་ཆོས་དེ་ལ་འཇུག་པ་ལ་མིང་དེའི་དོན་དེ་ཆོས་དེ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། དེ་དགོས་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། མིང་དེའི་དོན་དེ་ཆོས་དེ་ཡིན་པ་ནི་ཆོས་དེ་ལ་མིང་དེ་འཇུག་པའི་དོན་ཡྀན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། མཚན་ཉིད་ཆོས་ཅན། ཁྱོད་ལ་མཚན་ཉིད་ཅེས་བརྗོད་པའི་སྒྲ་ཁྱོད་ལ་མི་འཇུག་པར་ཐལ། ཁྱོད་མཚན་ཉིད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། མཚན་ཉིད་ཆོས་ཅན། ཁྱོད་མཚན་ཉིད་མ་ཡིན་པར་ཐལ། ཁྱོད་མཚོན་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། མཚོན་བྱ་ཡིན་ན་མཚན་ཉིད་མ་ཡིན་པས་ཁྱབ་སྟེ། རྟགས་སྔར་ལྟར། ཞེས་སོ། །གོང་གི་འདོད་མི་ནུས་ཏེ། མཚན་ཉིད་ཅེས་བརྗོད་པའི་སྒྲ་དེ་མཚན་ཉིད་ཀྱི་དངོས་མིང་ཡིན་པའི་ཕྱིར། དེ་བཞིན་དུ་ཀ་བུམ་གཉིས་དང་ཀ་བའི་ལྡོག་པ་སོགས་ལ་དཔྱད་པར་བྱའོ། །རི་བོ་ཞེས་བརྗོད་པའི་སྒྲ་དེ་ཚོགས་བརྗོད་ཀྱི་སྒྲ་དང་རིགས་བརྗོད་ཀྱི་སྒྲ་གཉིས་ཀ་ཡིན་པར་ཐལ། འདོད་ན། འོ་ན། རི་བོ་ཞེས་བརྗོད་པའི་སྒྲ་ཆོས་ཅན། རིགས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། ཚོགས་བརྗོད་ཀྱི་སྒྲ་དང་རིགས་བརྗོད་ཀྱི་སྒྲ་གཉིས་ཀ་ཡིན་པའི་ཕྱིར། འདོད་ན། རི་བོ་ཆོས་ཅན། ཁྱོད་རིགས་སྤྱི་ཡིན་པར་ཐལ། ཁྱོད་ཅེས་བརྗོད་པའི་སྒྲ་དེ་རིགས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། འདོད་ན། རི་བོ་འབིགས་བྱེད་ཆོས་ཅན། ཁྱོད་ཞེས་བརྗོད་པའི་སྒྲ་དེ་རིགས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། རི་བོ་ཞེས་བརྗོད་པའི་སྒྲ་དེ་རིགས་བརྗོད་ཀྱི་སྒྲ་ཡིན་པ་གང་ཞིག དེ་གཉིས་མཚུངས་པའི་ཕྱིར། འདོད་ན། འོ་ན། རི་བོ་འབིགས་བྱེད་ཅེས་བརྗོད་པའི་སྒྲ་ཆོས་ཅན། རིགས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། རི་བོ་འབིགས་བྱེད་ཞེས་བརྗོད་པའི་སྒྲ་དེ་རིགས་བརྗོད་ཀྱི་སྒྲ་མ་ཡིན་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཚོགས་བརྗོད་ཀྱི་སྒྲ་ཡིན་ལ་རིགས་བརྗོད་ཀྱི་སྒྲ་མ་ཡིན་པའི་མུ་དེ་འཇོག་དགོས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་ཟུར་དཔྱད་༡༨༠ལས། སྤྱི་ལ་དེ་ཁས་མི་ལེན་པ་ལེགས་སྙམ་སྟེ་ཐར་ལམ་གསལ་བྱེད་ལས་ཀྱང་ཚོགས་བརྗོད་ཀྱི་སྒྲ་ཡིན་ལ་རིགས་བརྗོད་ཀྱི་སྒྲ་མ་ཡིན་པའི་མུ་ལ་འབིགས་བྱེད་ཅེས་བརྗོད་པའི་སྒྲ་བཞག་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། འབིགས་བྱེད་ཅེས་བརྗོད་པའི་སྒྲ་ཆོས་ཅན། རིགས་བརྗོད་ཀྱི་སྒྲ་མ་ཡིན་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། འབིགས་བྱེད་ཆོས་ཅན། ཁྱོད་ཅེས་བརྗོད་པའི་སྒྲ་དེ་རིགས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། ཁྱོད་རིགས་སྤྱི་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། རིགས་སྤྱི་ཡིན་ན་ཁྱོད་ཞེས་བརྗོད་པའི་སྒྲ་དེ་རིགས་བརྗོད་ཀྱི་སྒྲ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། དེ་དགོས་པ་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རིགས་བརྗོད་ཀྱི་སྒྲ་ཡིན་ཏེ། ཁྱོད་རྗོད་བྱེད་ཀྱི་སྒྲ་ཡིན་པ་གང་ཞིག ཁྱོད་རང་གི་དངོས་ཀྱི་བརྗོད་བྱར་གྱུར་བའི་རིགས་སྤྱི་ཡོད་པ་ཅན་གྱི་སྒྲ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །གཞན་ཡང་རིགས་བརྗོད་ཀྱི་སྒྲ་དང་ཚོགས་བརྗོད་ཀྱི་སྒྲ་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་པར་ཐལ། གཏན་ཚིགས་དོན་བསྡུས་རིན་པོ་ཆེའི་ཕྲེང་བ་ལས། དེ་གཉིས་ལ་མུ་བཞི་ཡོད་དོ། །ཞཻས་དང༌། གཞན་ཡང་འཇམ་པའི་དབྱངས་དངོས་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་མཛད་པའི་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། དེས་ན་རིགས་བརྗོད་ཀྱི་སྒྲ་དང་ཚོགས་བརྗོད་ཀྱི་སྒྲ་ལ་ཡིན་མིན་གྱི་མུ་བཞི་ཡོད་དེ། ཞེས་གསུངས་པའི་ཕྱིར། འདོད་ན། རིགས་བརྗོད་ཀྱི་སྒྲ་དང་ཚོགས་བརྗོད་ཀྱི་སྒྲ་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཞོག རིགས་བརྗོད་ཀྱི་སྒྲ་ཡིན་ལ་ཚོགས་བརྗོད་ཀྱི་སྒྲ་མིན་པ་ཤེས་བྱ་ཞེས་བརྗོད་པའི་སྒྲ་དང༌། ཚོགས་བརྗོད་ཀྱི་སྒྲ་ཡིན་ལ་རིགས་བརྗོད་ཀྱི་སྒྲ་མིན་པ་ནི་ཀ་བུམ་གཉིས་ཞེས་བརྗོད་པའི་སྒྲ་དང༌། རིགས་བརྗོད་ཀྱི་སྒྲ་དང་ཚོགས་བརྗོད་ཀྱི་སྒྲ་གཉིས་ཀ་ཡིན་པ་བུམ་པ་ཞེས་བརྗོད་པའི་སྒྲ་དང༌། རིགས་བརྗོད་ཀྱི་སྒྲ་དང་ཚོགས་བརྗོད་ཀྱི་སྒྲ་གཉིས་ཀ་མིན་པ་ནི་བུམ་པ་དང་གཅིག་ཅེས་བརྗོད་པའི་སྒྲ་དང་བཞི་བཞག་པ་ཡིན་པར་ཐལ། འདོད་ན། ཀ་བུམ་གཉིས་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཚོགས་བརྗོད་ཀྱི་སྒྲ་ཡིན་ལ་རིགས་བརྗོད་ཀྱི་སྒྲ་མིན་པ་དེ་ཡིན་པར་ཐལ། འཇོག་ཚུལ་འཐད་པའི་ཕྱིར། འདོད་ན། ཀ་བུམ་གཉིས་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཚོགས་བརྗོད་ཀྱི་སྒྲ་ཡིན་ལ་རིགས་བརྗོད་ཀྱི་སྒྲ་མིན་པ་དེ་མ་ཡིན་པར་ཐལ། ཚོགས་བརྗོད་ཀྱི་སྒྲ་དང་རིགས་བརྗོད་ཀྱི་སྒྲ་གཉིས་ཀ་ཡིན་པའི་ཕྱིར།མ་གྲུབ་ན། ཀ་བུམ་གཉིས་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཚོགས་བརྗོད་ཀྱི་སྒྲ་དང་རིགས་བརྗོད་ཀྱི་སྒྲ་གཉིས་ཀ་ཡིན་པར་ཐལ། ཚོགས་བརྗོད་ཀྱི་སྒྲ་ཡིན་པ་གང་ཞིག རིགས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། རྟགས་དང་པོ་ཁས། རྟགས་གཉིས་པ་མ་གྲུབ་ན། ཀ་བུམ་གཉིས་ཞེས་བརྗོད་པའི་སྒྲ་ཆོས་ཅན། རིགས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲ་གང་ཞིག རང་གི་དངོས་ཀྱི་བརྗོད་བྱར་གྱུར་པའི་རིགས་སྤྱི་ཡོད་པ་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག གཉིས་པ་གྲུབ་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། ཀ་བུམ་གཉིས་ཞེས་བརྗོད་པའི་སྒྲ་ཆོས་ཅན། རང་གི་དངོས་ཀྱི་བརྗོད་བྱར་གྱུར་པའི་རིགས་སྤྱི་ཡོད་པ་ཡིན་པར་ཐལ། ཀ་བུམ་གཉིས་ཀྱི་དོན་སྤྱི་དེ་ཡིན་པའི་ཕྱིར། མ་གྲུབ་ན། ཀ་བུམ་གཉིས་ཀྱི་དོན་སྤྱི་ཆོས་ཅན། ཀ་བུམ་གཉིས་ཞེས་བརྗོད་པའི་སྒྲའི་དངོས་ཀྱི་བརྗོད་བྱར་གྱུར་པའི་རིགས་སྤྱི་ཡིན་པར་ཐལ། ཀ་བུམ་གཉིས་ཞེས་བརྗོད་པའི་སྒྲའི་དངོས་ཀྱི་བརྗོད་བྱར་གྱུར་པ་ཡིན་པ་གང་ཞིག རིགས་སྤྱི་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག གཉིས་པ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ཀ་བུམ་གཉིས་ཆོས་ཅན། ཁྱོད་ཀྱི་དོན་སྤྱི་ཁྱོད་ཞེས་པའི་སྒྲའི་དངོས་ཀྱི་བརྗོད་བྱར་གྱུར་པ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང་རིགས་པའི་དབང་ཕྱུག་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྣམ་འགྲེལ་ལས། སྒྲ་ཡི་ཡུལ་དང་ཡུལ་མིན་ཕྱིར། །ཞེས་དང༌། རྣམ་འགྲེལ་འགྲེལ་བཤད་རིན་ཆེན་ཕྲེང་བ་ལས། རྗོད་བྱེད་སྒྲ་ཡི་དངོས་ཡུལ་ཡིན་པ་དང་མིན་པ་གཉིས་སུ་ངེས་པའི་ཕྱིར་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། ཀ་བུམ་གཉིས་ཀྱི་དོན་སྤྱི་ཆོས་ཅན། ཀ་བུམ་གཉིས་ཞེས་བརྗོད་པའི་སྒྲའི་དངོས་ཀྱི་བརྗོད་བྱར་གྱུར་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཀ་བུམ་གཉིས་ཀྱི་དོན་སྤྱི་ཆོས་ཅན། ཀ་བུམ་གཉིས་ཞེས་བརྗོད་པའི་སྒྲའི་དངོས་ཀྱི་བརྗོད་བྱར་གྱུར་པའི་རིགས་སྤྱི་ཡིན་པར་ཐལ། ཀ་བུམ་གཉིས་ཞེས་བརྗོད་པའི་སྒྲའི་དངོས་ཀྱི་བརྗོད་བྱར་གྱུར་པ་ཡིན་པ་གང་ཞིག རིགས་སྤྱི་ཡིན་པའི་ཕྱིར། རྟགས་དང་པོ་ཁས། རྟགས་གཉིས་པ་མ་གྲུབ་ན། ཀ་བུམ་གཉིས་ཀྱི་དོན་སྤྱི་ཆོས་ཅན། རིགས་སྤྱི་ཡིན་པར་ཐལ། ཁྱོད་ཀྱི་བྱེ་བྲག་ཡོད་པའི་ཕྱིར། མ་གྲུབ་ན། ཀ་བུམ་གཉིས་ཀྱི་དོན་སྤྱི་ཆོས་ཅན། ཁྱོད་ཀྱི་བྱེ་བྲག་ཡོད་པར་ཐལ། དམ་བཅའ་བའི་རྒྱུད་ཀྱི་ཀ་བུམ་གཉིས་འཛིན་པའི་རྟོག་པ་ལ་ཀ་བུམ་གཉིས་དང་གཅིག་མ་ཡིན་བཞིན་དུ་གཅིག་ལྟ་བུར་སྣང་བའི་སྒྲོ་བཏགས་ཀྱི་ཆ་དེ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དམ་བཅའ་བའི་རྒྱུད་ཀྱི་ཀ་བུམ་གཉིས་འཛིན་པའི་རྟག་པ་ལ་ཀ་བུམ་གཉིས་དང་གཅིག་མ་ཡིན་བཞིན་དུ་གཅིག་ལྟ་བུར་སྣང་བའི་སྒྲོ་བཏགས་ཀྱི་ཆ་དེ་ཆོས་ཅན། ཀ་བུམ་གཉིས་ཀྱི་དོན་སྤྱིའི་བྱེ་བྲག་ཡིན་པར་ཐལ། ཁྱོད་ཀ་བུམ་གཉིས་ཀྱི་དོན་སྤྱི་ཡིན། ཁྱོད་ཀ་བུམ་གཉིས་ཀྱི་དོན་སྤྱི་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་ཀ་བུམ་གཉིས་ཀྱི་དོན་སྤྱི་ཡིན་པའི་གཞི་མཐུན་པ་དུ་མ་ཡོད་པའི་ཕྱིར། དང་པོ་མ་གྲུབ་ཟེར་ན། དེར་ཐལ། ཁྱོད་ཀ་བུམ་གཉིས་ཀྱི་དོན་སྤྱིའི་མཚན་གཞི་ཡིན་པའི་ཕྱིར། དེར་ཐལ། ཀ་བུམ་གཉིས་ཀྱི་དོན་སྤྱིའི་མཚན་གཞི་འཇོག་རྒྱུ་ཡོད་པའི་ཕྱིར། དེར་ཐལ། ཀ་བུམ་གཉིས་ཀྱི་དོན་སྤྱི་དེ་མཚོན་བྱ་ཡིན་པའི་ཕྱིར། དེར་ཐལ། མི་རྟག་པ་འཛིན་པའི་རྟོག་པ་ལ་མི་རྟག་པ་དང་གཅིག་མ་ཡིན་བཞིན་དུ་གཅིག་ལྟར་བུ་སྣང་བའི་སྒོ་བཏགས་ཀྱི་ཆ་དེ་མི་རྟག་པའི་དོན་སྤྱིའི་མཚན་ཉིད་ཡིནཔ་དེ་བཞིན་དུ་་ཡོད་མེད་ཐམས་ཅད་ཀྱི་དོན་སྤྱིའི་མཚན་རིགས་འདྲ་སྦྱར་དགོས་པའི་ཕྱིར། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། མི་རྟག་པའི་དོན་སྤྱིའི་མཚན་ཉིད་ཡོད་དེ། མི་རྟག་པ་འཛིན་པའི་རྟོག་པ་ལ་མི་རྟག་པ་དང་གཅིག་མ་ཡིན་བཞིན་དུ་གཅིག་ལྟར་བུ་སྣང་བའི་སྒོ་བཏགས་ཀྱི་ཆ་དེ་དེ་ཡིན་པའི་ཕྱིར། དེས་ཡོད་མེད་ཐམས་ཅད་ཀྱི་དོན་སྤྱིའི་མཚན་ཉིད་རིགས་འདྲ། ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། ཀ་བུམ་གཉིས་ཀྱི་དོན་སྤྱི་ཆོས་ཅན། ཀ་བུམ་གཉིས་ཞེས་བརྗོད་པའི་སྒྲའི་དངོས་ཀྱི་བརྗོད་བྱར་གྱུར་པའི་རིགས་སྤྱི་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཀ་བུམ་གཉིས་ཞེས་བརྗོད་པའི་སྒྲ་ཆོས་ཅན། རང་གི་དངོས་ཀྱི་བརྗོད་བྱར་གྱུར་པའི་རིགས་སྤྱི་ཡོད་པ་ཡིན་པར་ཐལ། ཀ་བུམ་གཉིས་ཀྱི་དོན་སྤྱི་དེ་ཡིན་པའི་ཕྱིར། འདོད་ན། ཀ་བུམ་གཉིས་ཞེས་བརྗོད་པའི་སྒྲ་ཆོས་ཅན། རིགས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲ་གང་ཞིག རང་གི་དངོས་ཀྱི་བརྗོད་བྱར་གྱུར་པའི་རིགས་སྤྱི་ཡོད་པ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རྗོད་བྱེད་ཀྱི་སྒྲ་གང་ཞིག རང་གི་དངོས་ཀྱི་བརྗོད་བྱར་གྱུར་པའི་རིགས་སྤྱི་ཡོད་པ་དེ་རིགས་བརྗོད་ཀྱི་སྒྲའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། རྗོད་བྱེད་ཀྱི་སྒྲ་གང་ཞིག རང་གི་དངོས་ཀྱི་བརྗོད་བྱར་གྱུར་པའི་རིགས་སྤྱི་ཡོད་པ་ཡིན་ན་རིགས་བརྗོད་ཀྱི་སྒྲ་ཡིན་པས་ཁྱབ་པར་ཐལ།དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། ཀ་བུམ་གཉིས་ཞེས་བརྗོད་པའི་སྒྲ་ཆོས་ཅན། རིགས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲ་གང་ཞིག རང་གི་དངོས་ཀྱི་བརྗོད་བྱར་གྱུར་པའི་རིགས་སྤྱི་ཡོད་པ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། ཀ་བུམ་གཉིས་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཚོགས་བརྗོད་ཀྱི་སྒྲ་དང་རིགས་བརྗོད་ཀྱི་སྒྲ་གཉིས་ཀ་ཡིན་པར་ཐལ། ཚོགས་བརྗོད་ཀྱི་སྒྲ་ཡིན་པ་གང་ཞིག རིགས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་ཁས། འདོད་ན། ཀ་བུམ་གཉིས་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཚོགས་བརྗོད་ཀྱི་སྒྲ་ཡིན་ལ་རིགས་བརྗོད་ཀྱི་སྒྲ་མིན་པ་དེ་མ་ཡིན་པར་ཐལ། ཚོགས་བརྗོད་ཀྱི་སྒྲ་དང་རིགས་བརྗོད་ཀྱི་སྒྲ་གཉིས་ཀ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཀ་བུམ་གཉིས་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཚོགས་བརྗོད་ཀྱི་སྒྲ་ཡིན་ལ་རིགས་བརྗོད་ཀྱི་སྒྲ་མིན་པ་དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། ཀ་བུམ་གཉིས་ཞེས་བརྗོད་པའི་སྒྲ་དེ་ཚོགས་བརྗོད་ཀྱི་སྒྲ་ཡིན་ལ་རིགས་བརྗོད་ཀྱི་སྒྲ་མ་ཡིན་པའི་མུ་ཡིན་ཏེ། དེ་ཚོགས་བརྗོད་ཀྱི་སྒྲ་ཡིན་པ་གང་ཞིག རིགས་བརྗོད་ཀྱི་སྒྲ་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། ། ཡང་སངས་འཕགས་ཞེས་པའི་སྒྲ་ཆོས་ཅན། ཚོགས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། རིགས་བརྗོད་ཀྱི་སྒྲ་དང་ཚོགས་བརྗོད་ཀྱི་སྒྲ་གཉི་ག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། བུམ་པ་དང་འདྲ་བའི་ཆོས་རྣམས་རྗོད་བྱེད་ཀྱི་སྒྲ་རྣམས་དེ་གཉིས་ཀ་ཡིན་ཏེ། ཀ་བ་ཞེས་བརྗོད་པའི་སྒྲ་དང༌། སངས་འཕགས། ཞེས་དང༌། དགེ་སློང་ཞེས་དང༌། ལྷས་བྱིན་ཞེས་དང༌། གཟུགས་ཀྱི་སྐྱེ་མཆེད་ཅེས་དང༌། སྒྲ། ཞེས་དང༌། དྲི་ཞེས་བརྗོད་པའི་སྒྲ་ལ་སོགས་པ་མཐའ་ཡས་པ་ཡོད་དོ། །ཅེས་གསུངས་པའི་ཕྱིར། འདོད་ན། སངས་འཕགས་ཆོས་ཅན། ཚོགས་སྤྱི་ཡིན་པར་ཐལ། ཁྱོད་ཅེས་པའི་སྒྲ་ཚོགས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། གཟུགས་རགས་པ་ཡིན་པར་ཐལ། ཚོགས་སྤྱི་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ཚོགས་སྤྱི་ཡིན་ན་རང་གི་ཆ་ཤས་དུ་མ་འདུས་པའི་གཟུགས་རགས་པ་ཡིན་པའི་ཁྱབ་པའི་ཕྱིར། མགྲུབ་ན། དེར་ཐལ། དེ་ཚོགས་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རིགས་སྤྱིའི་མཚན་ཉིད་ཡོད་དེ། རང་གི་ཆ་ཤས་དུ་མ་འདུས་པའི་གཟུགས་རགས་པ་དེ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་ཁོ་ན་རེ། ཚོགས་བརྗོད་ཀྱི་སྒྲ་དང་རིགས་བརྗོད་ཀྱི་སྒྲ་གཉིས་ཀ་ཡིན་མིན་གྱི་མུ་བཞི་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཚོགས་བརྗོད་ཀྱི་སྒྲ་དང་རིགས་བརྗོད་ཀྱི་སྒྲ་གཉིས་ཀ་ཡིན་པ་ཡོད་པར་ཐལ། ཚོགས་བརྗོད་ཀྱི་སྒྲ་དང་རིགས་བརྗོད་ཀྱི་སྒྲ་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་པའི་ཕྱིར། འདོད་ན། དེ་མེད་པར་ཐལ། ཚོགས་བརྗོད་ཀྱི་སྒྲ་དང་རིགས་བརྗོད་ཀྱི་སྒྲ་གཉིས་ཀ་འགལ་བ་ཡིན་པའི་ཕྱིར། མ་གྲུབ་ན། ཚོགས་བརྗོད་ཀྱི་སྒྲ་དང་རིགས་བརྗོད་ཀྱི་སྒྲ་གཉིས་ཀ་འགལ་བ་ཡིན་པར་ཐལ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལས། དེས་ན་འདི་ནི་རིགས་དང་ནི། །ཚོགས་པ་རྗོད་པའི་ཁྱད་པར་ཡིན། །ཞེས་གསུངས་པའི་ཕྱིར། འདོད་ན། ཚོགས་བརྗོད་ཀྱི་སྒྲ་དང་རིགས་བརྗོད་ཀྱི་སྒྲ་གཉིས་འགལ་བ་ཡིན་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། ཚོགས་བརྗོད་ཀྱི་སྒྲ་དང་རིགས་བརྗོད་ཀྱི་སྒྲ་གཉིས་ཀ་འགལ་བ་མ་ཡིན་པར་ཐལ། ཚོགས་བརྗོད་ཀྱི་སྒྲ་དང་རིགས་བརྗོད་ཀྱི་སྒྲ་གཉིས་འགལ་བར་གསུངས་པ་ནི། སྤྱིར་དེ་གཉིས་འགལ་བ་ཡིན་པར་གསུངས་པ་མ་ཡིན་པར་བུམ་པ་ཞེས་བརྗོད་པའི་སྒྲ་དེ་བུམ་གཟུགས་ལ་ལྟོས་ཏེ་རིགས་བརྗོད་དང་ཚོགས་བརྗོད་ཀྱི་སྒྲ་གཉིས་ཀ་མ་ཡིན་པས་བུམ་པ་ཞེས་བརྗོད་པའི་སྒྲ་དེ་བུམ་གཟུགས་ལ་ལྟོས་ཏེ་རིགས་བརྗོད་དང་ཚོགས་བརྗོད་ཀྱི་སྒྲ་གཉིས་འགལ་བ་ལྟ་བུ་གསུངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་༡༨༤ལས། ཚོགས་བརྗོད་ཀྱི་སྒྲ་དང་རིགས་བརྗོད་ཀྱི་སྒྲ་གཉིས་འགལ་བར་གསུངས་པ་ནི། སྤྱིར་དེ་གཉིས་འགལ་བ་ཡིན་པར་གསུངས་པ་མ་ཡིན་པར་བུམ་པ་ཞེས་རྗོད་པའི་སྒྲ་དེ་བུམ་གཟུགས་ལ་ལྟོས་ཏེ་རིགས་བརྗོད་དང་ཚོགས་བརྗོད་ཀྱི་སྒྲ་གཉིས་ཀ་མ་ཡིན་པས་བུམ་པ་ཞེས་བརྗོད་པའི་སྒྲ་དེ་བུམ་གཟུགས་ལ་ལྟོས་ཏེ་རིགས་བརྗོད་དང་ཚོགས་བརྗོད་ཀྱི་སྒྲ་གཉིས་ཀ་མ་ཡིན་པ་འགལ་བ་ལྟ་བུ་འགའ་ཞིག་ལ་དགོངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང༌། དངོས་པོ་ཡིན་པར་ཐལ། གཞི་གྲུབ་ན་བརྗོད་བྱ་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། གཞི་གྲུབ་ན་བརྗོད་བྱ་ཡིན་པས་ཁྱབ་ཐལ། ཁྱབ་མེད་ཀྱི་ལན་འཐད་པ་ཡིན་པའི་ཕྱིར། འདོད་ན། ཆོས་ཉིད་ཆོས་ཅན། བརྗོད་བྱ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། བརྗོད་བྱ་མ་ཡིན་པར་ཐལ། སྒྲའི་བརྗོད་བྱ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སྒྲའི་བརྗོད་བྱ་མ་ཡིན་པར་ཐལ། སྒྲའི་ཡུལ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྒྲའི་ཡུལ་ལས་འདས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སྒྲའི་ཡུལ་ལས་འདས་པ་ཡིན་པར་ཐལ། ཐེག་མཆོག་དབུ་མ་༤༩ལས། འདི་ནི་སྒྲ་རྟོག་དགག་སྒྲུབ་ཡུལ་ལས་འདས། །ཞེས་གསུངས་བའི་ཕྱིར། འདོད་ན། དེ་ཆོས་ཅན། སྒྲའི་ཡུལ་ལས་འདས་པ་ཡིན་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྒྲའི་ཡུལ་ལས་འདས་པ་མ་ཡིན་པར་ཐལ། སྒྲའི་ཡུལ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། སྒྲའི་བརྗོད་བྱ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སྒྲའི་བརྗོད་བྱ་ཡིན་པར་ཐལ། བརྗོད་བྱ་ཡིན་པའི་ཕྱིར། མ་ཁྱབ་ན།ཁྱབ་པར་ཐལ། བརྗོད་བྱ་ཡིན་ན་སྒྲའི་བརྗོད་བྱ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཞི་གྲུབ་ན་སྒྲའི་བརྗོད་བྱ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་ཁྱབ་པར་ཐལ། བསྡུས་གྲྭའི་སྤྱི་དོན་༡༧༠ལས། གཞི་གྲུབ་ན་སྒྲའི་བརྗོད་བྱ་ཡིན་པས་ཁྱབ་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་དང༌། ཡང་དེ་ཉིད་ལས། གཞི་གྲུབ་ན་སྒྲའི་དངོས་ཡུལ་ཡིན་པས་ཁྱབ་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡི་གེ་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་རྗོད་བྱེད་དེ་མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་མིང་གི་མཚན་ཉིད་ཡིན་པར་ཐལ། འདོད་ན། མིང་ཡིན་ན་དེ་ཡིན་པས་ཁྱབ་པ་ཡོད་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། ཀ་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཡི་གེ་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་བརྗོད་བྱེད་ཡིན་པར་ཐལ། མིང་ཡིན་པའི་ཕྱིར། མ་གྲུབ་ན། ཀ་ཞེས་བརྗོད་པའི་སྒྲ་ཆོས་ཅན། མིང་ཡིན་པར་ཐལ། ཀའི་མིང་ཡིན་པའི་ཕྱིར། མ་གྲུབ་ན། ཀ་ཆོས་ཅན། ཁྱོད་ཅེས་བརྗོད་པའི་སྒྲ་ཁྱོད་ཀྱི་མིང་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། ཁྱབ་སྟེ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། དེར་ཐལ། བདག་མེད་ཡིན་པའི་ཕྱིར། ཞེས་གསུངས་བའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །རང་ཉིད་ལ་བརྟེན་ནས་ཆོས་དེ་ཐུན་མོང་མ་ཡིན་པར་གོ་བར་བྱེད་ནུས་ཞིང་ཆོས་དེ་ལ་ཐོག་མར་བརྡ་སྦྱར་བའི་མིང་དེ་དངོས་མིང་གི་མཚན་ཉིད་ཡིན་པར་ཐལ། འདོད་ན། རང་ཉིད་ལ་བརྟེན་ནས་ཆོས་དེ་ཐུན་མོང་མ་ཡིན་པར་གོ་བར་བྱེད་ནུས་ཞིང༌། ཆོས་དེ་ལ་ཐོག་མར་བརྡ་སྦྱར་བའི་མིང་དངོས་མིང་གི་མཚན་ཉིད་ཡིན་པར་ཐལ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། གང་ཟག་ཅིག་ལ་བཀྲ་ཤིས་ཞེས་བརྗོད་པའི་སྒྲ་ཆོས་ཅན། གང་ཟག་ཅིག་གི་དངོས་མིང་ཡིན་པར་ཐལ། ཁྱོད་ལ་བརྟེན་ནས་གང་ཟག་ཅིག་ཐུན་མོང་མ་ཡིན་པར་གོ་བར་བྱེད་ནུས་ཞིང༌། གང་ཟག་ཅིག་ལ་ཐོག་མར་བརྡ་སྦྱར་བའི་མིང་ཡིན་པའི་ཕྱིར། ཟུར་དང་པོ་གྲུབ་པར་ཐལ། ཁྱོད་ལ་བརྟེན་ནས་གང་ཟག་དུ་མ་ཡོད་པ་ལས་ཐུན་མོང་མ་ཡིན་པར་གང་ཟག་ཅིག་གོ་བར་བྱེད་ནུས་པའི་ཕྱིར། གོང་དུ་འདོད་མི་ནུས་པར་ཐལ། དེ་བཏགས་མིང་ཡིན་པའི་ཕྱིར། དེར་ཐལ། འགྲོ་བའི་སྐྱེས་བུ་ལ་སངས་རྒྱས་ཞེས་བརྗོད་པའི་སྒྲ་དེ་བཏགས་མིང་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། འགྲོ་བའི་སྐྱེས་བུ་ལ་སངས་རྒྱས་ཞེས་བརྗོད་པའི་སྒྲ་ཆོས་ཅན། བཏགས་མིང་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །སྒྲ་ཁོ་ན་མཉན་བྱ་ཡིན་ཞེས་བརྗོད་པའི་སྒྲ་གཞན་ལྡན་རྣམ་གཅོད་ཀྱི་སྒྲ་ཡིན་པར་ཐལ།འདོད་ན། སྒྲ་ཆོས་ཅན། ཁྱོད་ཁོ་ན་མཉན་བྱ་ཡིན་ཞེས་བརྗོད་པའི་སྒྲ་འདིས་སྒྲ་ལས་གཞན་ལ་མཉན་བྱ་ཡོད་པ་བཅད་ནས་སྒྲ་མཉན་བྱ་ཁོ་ནར་སྟོན་པ་ཡིན་པར་ཐལ། ཁྱོད་ཁོ་ན་མཉན་བྱ་ཡིན་ཞེས་བརྗོད་པའི་སྒྲ་དེ་གཞན་ལྡན་རྣམ་གཅོད་ཀྱི་སྒྲ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། སྒྲ་དེས་ཁྱོད་ལས་གཞན་ལ་མཉན་བྱ་ཡོད་པར་གཅོད་པར་ཐལ། ཁྱོད་ཁོ་ན་མཉན་བྱ་ཡིན་ཞེས་བརྗོད་པའི་སྒྲ་འདིས་སྒྲ་ལས་གཞན་ལ་ཉན་བྱ་ཡོད་པ་བཅད་ནས་སྒྲ་ཉན་བྱ་ཁོ་ནར་སྟོན་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ལས་གཞན་ལ་མཉན་བྱ་མེད་པར་ཐལ། ཁྱོད་ལས་གཞན་ལ་ཉན་བྱ་ཡོད་པ་གཅོད་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། ཁྱོད་ལས་གཞན་ལ་མཉན་བྱ་ཡོད་པར་ཐལ། དུང་ལ་མཉན་བྱ་ཡོད་པའི་ཕྱིར་ཟེར་ན་དཔྱད་དོ། །གཞན་ལྡན་རྣམ་གཅོད་ཀྱི་སྒྲའི་མཚན་ཉིད་ལ་གཞི་དེ་མ་ཡིན་པའི་གཞན་ལ་ཆོས་དེ་ལྡན་པ་རྣམ་པར་བཅད་ནས་གཞི་དེ་ཁོ་ན་ལ་ལྡན་པར་སྟོན་པའི་སྒྲ་དེ་འཇོག་དགོས་པར་ཐལ། འདོད་ན། སྲིད་སྒྲུབ་འཕོང་སྐྱེན་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། གཞི་དེ་མ་ཡིན་པའི་གཞན་ལ་ཆོས་དེ་ལྡན་པ་རྣམ་པར་བཅད་ནས་གཞི་དེ་ཁོ་ན་ལ་ལྡན་པར་སྟོན་པའི་སྒྲ་ཡིན་པར་ཐལ། གཞན་ལྡན་རྣམ་གཅོད་ཀྱི་སྒྲ་ཡིན་པའི་ཕྱིར། འདོད་ན། སྲིད་སྒྲུབ་འཕོང་སྐྱེན་པ་ཞེས་བརྗོད་པའི་སྒྲ་འདིས་སྲིད་སྒྲུབ་པ་ལས་གཞན་པའི་འཕོང་སྐྱེན་པ་ཡོད་པ་བཅད་ནས་སྲིད་སྒྲུབ་འཕོང་སྐྱེན་པ་ཡིན་པར་སྟོན་པའི་སྒྲ་ཡིན་པར་ཐལ།སྲིད་སྒྲུབ་འཕོང་སྐྱེན་པ་ཞེས་བརྗོད་པའི་སྒྲ་དེ་གཞི་དེ་མ་ཡིན་པའི་གཞན་ལ་ཆོས་དེ་ལྡན་པ་རྣམ་པར་བཅད་ནས་གཞི་དེ་ཁོ་ན་ལ་ལྡན་པར་སྟོན་པའི་སྒྲ་ཡིན་པའི་ཕྱིར། མ་ཁྱབ་ན། སྲིད་སྒྲུབ་འཕོང་སྐྱེན་པ་ཞེས་བརྗོད་པའི་སྒྲ་དེ་གཞི་དེ་མ་ཡིན་པའི་གཞན་ལ་ཆོས་དེ་ལྡན་པ་རྣམ་པར་བཅད་ནས་གཞི་དེ་ཁོ་ན་ལ་ལྡན་པར་སྟོན་པའི་སྒྲ་ཡིན་ན་སྲིད་སྒྲུབ་འཕོང་སྐྱེན་པ་ཞེས་བརྗོད་པའི་སྒྲ་འདིས་སྲིད་སྒྲུབ་པ་ལས་གཞན་པའི་འཕུང་སྐྱེན་པ་ཡོད་པ་བཅད་ནས་སྲིད་སྒྲུབ་འཕུང་སྐྱེན་པ་ཡིན་པར་སྟོན་པའི་སྒྲ་ཡིན་པས་ཁྱབ་པར་ཐལ། སྲིད་སྒྲུབ་འཕོང་སྐྱེན་པ་ཞེས་བརྗོད་པའི་སྒྲ་འདིས་སྲིད་སྒྲུབ་པ་ལས་གཞན་པའི་འཕོང་སྐྱེན་པ་ཡོད་པ་བཅད་ནས་སྲིད་སྒྲུབ་འཕོང་སྐྱེན་པ་ཡིན་པར་སྟོན་པ་ཡིན་པའི་ཕྱིར། མ་གྲུབ་ན། སྲིད་སྒྲུབ་འཕོང་སྐྱེན་པ་ཞེས་བརྗོད་པའི་སྒྲ་འདིས་སྲིད་སྒྲུབ་ལས་གཞན་པའི་འཕོང་སྐྱེན་པ་ཡོད་པ་བཅད་ནས་སྲིད་སྒྲུབ་འཕོང་སྐྱེན་པ་ཡིན་པར་སྟོན་པ་ཡིན་པར་ཐལ། སྒྲ་ཁོ་ན་མཉན་བྱ་ཡིན་ནོ་ཞེས་རྗོད་པའི་སྒྲ་འདིས་སྒྲ་ལས་གཞན་པའི་མཉན་བྱ་ཡོད་པ་བཅད་ནས་སྒྲ་མཉན་བྱ་ཡིན་པར་སྟོན་པའི་ཕྱིར། མ་གྲུབ་ན། སྒྲ་ཁོ་ན་མཉན་བྱ་ཡིན་ནོ་ཞེས་བརྗོད་པའི་སྒྲ་འདིས་སྒྲ་ལས་གཞན་པའི་མཉན་བྱ་ཡོད་པ་བཅད་ནས་སྒྲ་མཉན་བྱ་ཡིན་པར་སྟོན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། སྒྲ་ཁོ་ན་མཉན་བྱ་ཡིན་ནོ་ཞེས་རྗོད་པའི་སྒྲ་འདིས་སྒྲ་ལས་གཞན་པའི་མཉན་བྱ་ཡོད་པ་བཅད་ནས་སྒྲ་མཉན་བྱ་ཡིན་པར་སྟོན་པའི་ཕྱིར་རོ།། ཞེས་གསུངས་པའི་ཕྱིར། སྒྲ་ཁོ་ན་མཉན་བྱ་ཡིན་ནོ་ཞེས་རྗོད་པའི་སྒྲ་འདིས་སྒྲ་ལས་གཞན་པའི་མཉན་བྱ་ཡོད་པ་བཅད་ནས་སྒྲ་མཉན་བྱ་ཡིན་པར་སྟོན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྲིད་སྒྲུབ་འཕོང་སྐྱེན་པ་ཞེས་རྗོད་པའི་སྒྲ་འདིས་སྲིད་སྒྲུབ་པ་ལས་གཞན་པའི་འཕོང་སྐྱེན་པ་ཡོད་པ་བཅད་ནས་སྲིད་སྒྲུབ་འཕོང་སྐྱེན་པ་ཡིན་པར་སྟོན་པ་ཡིན་པར་ཐལ། སྒྲ་ཁོ་ན་མཉན་བྱ་ཡིན་ནོ་ཞེས་བརྗོད་པའི་སྒྲ་འདིས་སྒྲ་ལས་གཞན་པའི་མཉན་བྱ་ཡོད་པ་བཅད་ནས་སྒྲ་མཉན་བྱ་ཡིན་པར་སྟོན་པའི་ཕྱིར།མ་ཁྱབ་ན། ཁྱབ་བ་ཡོད་པར་ཐལ། དེ་གཉིས་མཚུངས་པའི་ཕྱིར། གོང་དུ་འདོད་ན། འོ་ན་སྲིད་སྒྲུབ་ལས་གཞན་པའི་འཕོང་སྐྱེན་མེད་པར་ཐལ། སྲིད་སྒྲུབ་འཕོང་སྐྱེན་པ་ཞེས་བརྗོད་པའི་སྒྲ་འདིས་སྲིད་སྒྲུབ་པ་ལས་གཞན་པའི་འཕུང་སྐྱེན་པ་ཡོད་པ་བཅད་ནས་སྲིད་སྒྲུབ་འཕོང་སྐྱེན་པ་ཡིན་པར་སྟོན་པ་གང་ཞིག གཞན་ལྡན་རྣམ་གཅོད་ཀྱི་སྒྲ་དོན་མཐུན་ཡིན་པའི་ཕྱིར། འདོད་ན། ནག་པ་འཕུང་སྐྱེན་པ་ཆོས་ཅན། འཕོང་སྐྱེན་པ་མ་ཡིན་པར་ཐལ། སྲིད་སྒྲུབ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། ཡང་གོང་དུ་སྲིད་སྒྲུབ་འཕོང་སྐྱེན་པ་ཞེས་བརྗོད་པའི་སྒྲ་འདིས་སྲིད་སྒྲུབ་ལས་གཞན་པའི་འཕོང་སྐྱེན་པ་ཡོད་པ་བཅད་ནས་སྲིད་སྒྲུབ་འཕོང་སྐྱེན་པ་ཡིན་པར་སྟོན་པ་འདོད་མི་ནུས་ཏེ། སྲིད་སྒྲུབ་འཕོང་སྐྱེན་པ་ཞེས་བརྗོད་པའི་སྒྲ་འདིས་སྲིད་སྒྲུབ་པ་ལས་གཞན་པའི་འཕོང་སྐྱེན་པ་ཡོད་པ་མི་བཅད་པར་སྲིད་སྒྲུབ་འཕོང་སྐྱེན་པ་ཞེས་བརྗོད་པའི་སྒྲ་འདིས་སྲིད་སྒྲུབ་ལས་གཞན་པའི་སྲིད་སྒྲུབ་ལྟ་བུའི་འཕོང་སྐྱེན་པ་ཡོད་པ་བཅད་ནས་སྲིད་སྒྲུབ་འཕོང་སྐྱེན་པ་ཡིན་པར་སྟོན་པ་ཡིན་པའི་ཕྱིར། དེ་སྟོན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། ཡང་སྨྲ་བ་པོས་སྲིད་སྒྲུབ་ལས་གཞན་པའི་སྲིད་སྒྲུབ་ལྟ་བུའི་འཕོང་སྐྱེན་པ་ཡོད་པ་བཅད་ནས་བརྗོད་པར་འདོད་ན། སྲིད་སྒྲུབ་ཁོ་ན་འཕོང་སྐྱེན་ཞེས་མ་བརྗོད་པར་སྲིད་སྒྲུབ་འཕོང་སྐྱེན་ཞེས་བརྗོད་པས། ཉན་པ་པོས་ཀྱང་སྨྲ་བ་པོའི་བརྗོད་འདོད་ཀྱི་དབང་གིས་སྲིད་སྒྲུབ་ལྟ་བུའི་འཕོང་སྐྱེན་པ་གཞན་མེད་པ་དང་སྲིད་སྒྲུབ་འཕོང་སྐྱེན་པ་ཡིན་པར་རྟོགས་ནུས་ན། སྲིད་སྒྲུབ་ཁོ་ན་འཕོང་སྐྱེན་པ་མཆོག་ཅེས་མ་བརྗོད་པར་སྲིད་སྒྲུབ་འཕོང་སྐྱེན་ཞེས་བརྗོད་པའི་སྒྲ་ཡང་གཞན་ལྡན་རྣམ་གཅོད་ཀྱི་སྒྲ་ཡང་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །གཞང་ཡང༌། སྲིད་སྒྲུབ་འཕོང་སྐྱེན་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཚིག་ཕྲད་ཡིན་པར་ཐལ། གཞན་ལྡན་རྣམ་གཅོད་ཀྱི་སྒྲ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། གཞན་ལྡན་རྣམ་གཅོད་ཀྱི་སྒྲ་ཡིན་ན་ཚིག་ཕྲད་ཡིན་དགོས་པའི་ཕྱིར། མ་གྲུབ་ན། དེ་དགོས་པར་ཐལ། རྣམ་འགྲེལ་ལས། ཆོས་ཀྱི་ཚིག་ཕྲད་ཐ་དད་པར། །བྱེད་པས་མི་ལྡན་གཞན་ལྡན་པ། །ཤིན་ཏུ་མི་སྲིད་རྣམ་གཅོད་བྱེད།།ཁྱད་པར་ཁྱད་པར་ཅན་དག་དང༌། །བྱ་བ་དག་ནི་ལྷན་ཅིག་སྦྱོར། །དེ་སྦྱར་མེད་ཀྱང་བརྗོད་འདོད་ལས། །དེ་དོན་ཉིད་ནི་རྟོགས་པར་འགྱུར། །ཞེས་དང༌། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཡང་བརྗོད་བྱེད་ཀྱི་སྒྲ་ལ་ཚིག་ཕྲད་སྒོ་ནས་དབྱེ་བ་ན། མི་ལྡན་རྣམ་གཅོད་ཀྱི་སྒྲ་དང༌། གཞན་ལྡན་རྣམ་གཅོད་ཀྱི་སྒྲ་དང༌། མི་སྲིད་རྣམ་གཅོད་ཀྱི་སྒྲ་གསུམ་མོ། ། ཞེས་གསུངས་པའི་ཕྱིར། འདོད་ན། སྲིད་སྒྲུབ་འཕོང་སྐྱེན་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཚིག་ཕྲད་ཡིན་པར་ཐལ། གཞན་ལྡན་རྣམ་གཅོད་ཀྱི་སྒྲ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དེ་ཆོས་ཅན། རང་ངོས་ནས་དོན་ཅི་ཡང་སྟོན་མི་ནུས་པར་ཐལ། ཚིག་ཕྲད་ཡིན་པའི་ཕྱིར།ཁྱབ་སྟེ། མིང་དང་ཚིག་གི་ཐོག་མཐའ་བར་མཚམས་གང་རུང་དུ་སྦྱར་བས་དོན་གསལ་བར་བྱེད་པའི་ནུས་འདོན་ཞིང༌། དེར་ལྟར་མ་སྦྱར་ན་ཕྲད་རང་ངོས་ནས་ཅི་ཡང་སྟོན་མི་ནུས་པའི་སྒྲའི་ཆ་ཤས་དེ་ཚིག་ཕྲད་ཀྱི་དོན་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། ། གཞན་ལྡན་རྣམ་གཅོད་ཀྱི་སྒྲ་ལ་ཚིག་ཕྲད་སྦྱར་དགོས་ཞེས་པའི་དོན་ཡིན་ཟེར་ན། དེ་ཡང་མི་དགོས་པར་ཐལ། ཉན་པ་པོ་དང་སྨྲ་བ ་པོའི་བརྗོད་འདོད་ཀྱི་དབང་གིས་ཚིག་ཕྲད་གོ་ནུས་ན་ཚིག་ཕྲད་སྦྱར་མི་དགོས་པའི་ཕྱིར།མ་གྲུབ་ན། དེ་མི་དགོས་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། སྨྲ་བ་པོས་ཀྱང་ནག་པ་ལ་འཕོང་སྐྱེན་པ་མི་ལྡན་པ་བཅད་ནས་ནག་པ་འཕོང་སྐྱེན་པ་ཁོ་ན་ཡིན་པར་བརྗོད་འདོད་པའི་དབང་གིས་ཁོ་ན་སོགས་མ་སྦྱར་བར་ནག་པ་འཕོང་སྐྱེན་ཞེས་བརྗོད་པས་ཉན་པ་པོས་ཀྱང་སྨྲ་བ་པོའི་བརྗོད་འདོད་ཀྱི་དབང་གིས་ནག་པ་འཕུང་སྐྱེན་པ་ཁོ་ན་ཡིན་པར་རྟོགས་ནས་ཁོ་ནས་ཚིག་འཕྲད་གོ་ནུས་ན་ཁོ་ན་དང་ཉིད་སྒྲ་མ་སྨྲོས་ཀྱང་མི་ལྡན་རྣམ་གཅོད་ཀྱི་སྒྲ་ཡིན་ལ། ཞེས་གསུངས་པའི་ཕྱིར་ན་ཟེར་ན་དཔྱད་དོ། །གཞན་ཡང་སྲིད་སྒྲུབ་ལས་གཞན་ལ་འཕོང་སྐྱེན་པ་མེད་པར་ཐལ། སྲིད་སྒྲུབ་འཕོང་སྐྱེན་ནོ་ཞེས་བརྗོད་པའི་སྒྲ་འདིས་སྲིད་སྒྲུབ་ལས་གཞན་པའི་སྲིད་སྒྲུབ་ལྟ་བུའི་འཕོང་སྐྱེན་པ་ཡོད་པ་བཅད་ནས་སྲིད་སྒྲུབ་འཕོང་སྐྱེན་པ་ཁོ་ནར་སྟོན་པ་ཡིན་པའི་ཕྱིར། འདོད་ན། རྒྱལ་བུ་དོན་འགྲུབ་དེ་སྲིད་སྒྲུབ་ལྟ་བུའི་འཕོང་སྐྱེན་པ་མ་ཡིན་པའི་རྒྱུ་མཚན་ལ་དཔྱད་པར་བྱའོ། །

ཉེར་གཅིག་པ་དགག་སྒྲུབ་ཀྱི་རྣམ་བཞག་དོགས་པ་འགོད་པ།

ཉེར་གཅིག་པ་དགག་སྒྲུབ་ཀྱི་རྣམ་བཞག་དོགས་པ་འགོད་པ་ལ།

འཇིག་པ་སྒྲུབ་པ་ཡིན་པར་ཐལ། འདོད་ན། འཇིག་པ་ཆོས་ཅན། སྒྲུབ་པ་མ་ཡིན་པར་ཐལ། དགག་པ་ཡིན་པའི་ཕྱིར། མ་གྲུབ་ན། འཇིག་པ་ཆོས་ཅན། དགག་པ་ཡིན་པར་ཐལ། དགག་པར་གྱུར་པའི་དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། འཇིག་པ་དགག་པར་གྱུར་པའི་དངོས་པོ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། དགག་པར་གྱུར་པའི་དངོས་པོ་ནི། མི་རྟག་པ་དང༌། འཇིག་པ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། འཇིག་པ་ཆོས་ཅན། དགག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། འཇིག་པ་ཆོས་ཅན། དགག་པ་མ་ཡིན་པར་ཐལ། སྒྲུབ་པ་ཡིན་པའི་ཕྱིར། མ་གྲུབ་ན། འཇིག་པ་ཆོས་ཅན། སྒྲུབ་པ་ཡིན་པར་ཐལ། རང་གི་དངོས་མིང་ལ་དགག་སྒྲ་མེད་པའི་དངོས་པོ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རང་གི་དངོས་མིང་ལ་དགག་སྒྲ་མེད་པའི་དངོས་པོ་ཡིན་ན་སྒྲུབ་པ་ཡིན་པས་ཁྱབ། ཅེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། རང་གི་དངོས་མིང་གི་ཟུར་ལ་དགག་སྒྲ་མེད་པ་གང་ཞིག དངོས་པོ་ཡིན་པའི་ཕྱིར། རྟགས་ཕྱི་མ་སླ། དང་པོ་གྲུབ་སྟེ། དེའི་ཚིག་ཟུར་ལ་དགག་ཚིག་མེད་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར། འདོད་ན། འཇིག་པ་ཆོས་ཅན། སྒྲུབ་པ་ཡིན་པར་ཐལ། རང་གི་དངོས་མིང་ལ་དགག་སྒྲ་མེད་པའི་དངོས་པོ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། འཇིག་པ་ཆོས་ཅན། སྒྲུབ་པ་མ་ཡིན་པར་ཐལ། དགག་པ་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །རང་ལུགས་ལ་གཞི་གྲུབ་ན་དགག་པ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། གཞི་གྲུབ་ན་དགག་པ་ཡིན་པས་་ཁྱབ་པར་ཐལ། གཞི་གྲུབ་ན་གཞན་སེལ་ཡིན་པས་ཁྱབ་པ་གང་ཞིག དེ་དང་དགག་པ་དོན་གཅིག་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། གཞི་གྲུབ་ན་གཞན་སེལ་ཡིན་པས་ཁྱབ་པར་ཐལ། གཞི་གྲུབ་དང་གཞན་སེལ་གཉིས་དོན་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། དེ་དང་ཁྱབ་མཉམ་དོན་གཅིག་པ་ནི། །ཡུལ་དང་གཞལ་བྱ་བདག་མེད་དང༌། །གཞི་གྲུབ་གཞན་སེལ་ཡོད་པ་སོགས་སོ། །ཞེས་གསུངས་པའི་ཕྱིར། །འདོད་ན། གཞི་གྲུབ་ན་དགག་པ་ཡིན་པས་ཁྱབ་པར་ཐལ། གཞི་གྲུབ་ན་གཞན་སེལ་ཡིན་པས་ཁྱབ་པ་གང་ཞིག གཞན་སེལ་དང་དགག་པ་གཉིས་དོན་གཅིག་ཡིན་པའི་ཕྱིར། རྟགས་དང་པོ་ཁས། གཉིས་པ་མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། དགག་པ་དང༌། སེལ་བ་དང༌། གཞན་སེལ་དང༌། ལྡོག་པ་བཞི་དོན་གཅིག ཅེས་གསུངས་པའི་ཕྱིར། འདོད་ན། གཞན་སེལ་ཡིན་ན་དགག་པ་ཡིན་པས་ཁྱབ་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། གཞི་གྲུབ་ན་དགག་པ་ཡིན་པས་ཁྱབ་པར་ཐལ། གཞི་གྲུབ་ན་གཞན་སེལ་ཡིན་པས་ཁྱབ་པ་གང་ཞིག དེ་དང་དགག་པ་དོན་གཅིག་ཡིན་པའི་ཕྱིར། རྟགས་རེ་རེ་ནས་ཁས། འདོད་ན། དངོས་པོ་ཆོས་ཅན། དགག་པ་ཡིན་པར་ཐལ། གཞི་གྲུབ་བའི་ཕྱིར། ཁྱབ་པ་ཁས། རྟགས་སླ། འདོད་ན། དངོས་པོ་ཆོས་ཅན། དགག་པ་མ་ཡིན་པར་ཐལ། སྒྲུབ་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། འཁོར་གསུམ། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། མཚན་གཞི་ནི། བུམ་པ་དང༌། དངོས་པོ་དང༌། མིག་ཤེས་ལྟ་བུའོ། །ཞེས་དང༌། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། དངོས་པོ་སྒྲུབ་པ་ཡིན་པ་གང་ཞིག ཅེས་གསུངས་པའི་ཕྱིར། འདོད་ན། དངོས་པོ་ཆོས་ཅན། དགག་པ་མ་ཡིན་པར་ཐལ། སྒྲུབ་པ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་པ་སླ། འདོད་ན། དངོས་པོ་ཆོས་ཅན། དགག་པ་ཡིན་པར་ཐལ། གཞི་གྲུབ་བའི་ཕྱིར། ཁྱབ་པ་ཁས། ཟེར་ན་དཔྱད་པར་བྱའོ། །གཞན་ཡང༌། དངོས་པོ་ཡིན་པར་ཐལ། རྟག་པ་ཡིན་ན་ཁྱོད་ཀྱི་གཞན་སེལ་མེད་པས་ཁྱབ་པའི་ཕྱིར། མ་གྲུབ་ཟེར་ན། དེ་ཁྱབ་པར་ཐལ། སྤྱི་དོན་ལས། རྟག་པ་ཡིན་ན་ཁྱོད་ཀྱི་གཞན་སེལ་མེད་པས་ཁྱབ་སྟེ། ཞེས་གསུངས་ པའི་ཕྱིར། འདོད་ན། རྟག་པ་ཡིན་ན་ཁྱོད་ཀྱི་གཞན་སེལ་མེད་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། མེད་དགག་ཆོས་ཅན། ཁྱོད་ཀྱི་གཞན་སེལ་མེད་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། མེད་དགག་ཆོས་ཅན། ཁྱོད་ཀྱི་གཞན་སེལ་ཡོད་པར་ཐལ། ཁྱོད་ཀྱི་གཞན་སེལ་གཞན་སེལ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་ གཞན་སེལ་གཞན་སེལ་ཡིན་པར་ཐལ། ཁྱོད་ཀྱི་གཞན་སེལ་གཞན་སེལ་གྱི་དབྱེ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། སྤྱི་དོན་ལས།གཞན་སེལ་ལ་དབྱེ་ ན་མ་ཡིན་དགག་གི་གཞན་སེལ་དང༌། མེད་དགག་གི་གཞན་སེལ་གཉིས། ཞེས་གསུངས་ པའི་ཕྱིར། འདོད་ན། མེད་དགག་ཆོས་ཅན། ཁྱོད་ཀྱི་གཞན་སེལ་གཞན་སེལ་ཡིན་པར་ཐལ། ཁྱོད་ཀྱི་གཞན་སེལ་གཞན་སེལ་གྱི་དབྱེ་བ་ཡིན་པའི་ཕྱིར། རྟགས་ཁས།ཁྱབ་པ་སླ།འདོད་ན། མེད་དགག་ཆོས་ཅན། ཁྱོད་ཀྱི་གཞན་སེལ་གཞན་སེལ་མ་ཡིན་པར་ཐལ། ཁྱོད་ཀྱི་གཞན་སེལ་མེད་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་གཞན་སེལ་མེད་པ་ཡིན་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་མ་གྲུབ་ཟེར་ན། མེད་དགག་ཆོས་ཅན།རྟག་པ་ཡིན་པར་ཐལ། སྤྱི་དོན་ལས། མེད་དགག་རྟག་པ་ཡིན་པ་གང་ཞིག ཅེས་གསུངས་པའི་ཕྱིར། འདོད་ན། མེད་དགག་ཆོས་ཅན། ཁྱོད་ཀྱི་གཞན་སེལ་གཞན་སེལ་མ་ཡིན་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ཟེར་ན་གོང་བཞིན་དཔྱད་དོ། །ཡང་ཡོན་ཏན་ཅན་གྱི་བླ་མ་མེད་པ་ལ་བླ་མ་མེད་ཅེས་བརྗོད་པའི་སྒྲ་ལྟ་བུ་སྨད་པར་སྟོན་པའི་དགག་སྒྲ་ཡིན་ཟེར་ན། ཡོན་ཏན་ཅན་གྱི་བླ་མ་མེད་པ་ལ་བླ་མ་མེད་ཅེས་བརྗོད་པའི་སྒྲ་ཆོས་ཅན། ཁྱོད་ཀྱིས་བསྟན་པའི་དགག་པ་དེ་མ་ཡིན་དགག་ཡིན་པར་ཐལ། ཁྱོད་སྨད་པར་སྟོན་པའི་དགག་སྒྲ་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། སྤྱི་དོན་ལས། དང་པོ་དང་ཐ་མ་གཉིས་མེད་དགག་དང་ལྷག་མའི་དགག་སྒྲ་བཅུ་གསུམ་པོས་བསྟན་པའི་དགག་པ་རྣམས་ནི་མ་ཡིན་དགག་ཡིན་ལ། ཞེས་སོ། །མ་ཁྱབ་མཚམས་ལ་རྟགས་མ་གྲུབ་ན། ཡོན་ཏན་ཅན་གྱི་བླ་མ་མེད་པ་ལ་བླ་མ་མེད་ཅེས་བརྗོད་པའི་སྒྲ་ཆོས་ཅན། སྨད་པར་སྟོན་པའི་དགག་སྒྲ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། བཞི་བ་སྨད་པར་སྟོན་པའི་དགག་སྒྲ་ནི། ཡོན་ཏན་ཅན་གྱི་བླ་མ་མེད་པ་ལ་བླ་མ་མེད་ཅེས་བརྗོད་པའི་སྒྲ་ལྟ་བུའོ། ། ཞེས་དང༌། བསྡུས་གྲྭའི་སྤྱི་དོན་ལས། བཞི་པ་དམན་པར་སྟོན་པའི་དགག་སྒྲ་ནི་བླ་མ་ཡོན་ཏན་མེད་པ་ལ་བླ་མ་མེད་ཅེས་བརྗོད་པའི་སྒྲ་ལྟ་བུའོ། །ཞེས་སོ། །འདོད་ན། ཡོན་ཏན་ཅན་གྱི་བླ་མ་མེད་པ་ལ་བླ་མ་མེད་ཅེས་བརྗོད་པའི་སྒྲ་ཆོས་ཅན། ཁྱོད་ཀྱིས་བསྟན་པའི་དགག་པ་དེ་མ་ཡིན་དགག་ཡིན་པར་ཐལ། ཁྱོད་སྨད་པར་སྟོན་པའི་དགག་སྒྲ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། ཡོན་ཏན་ཅན་གྱི་བླ་མ་མེད་པ་ལ་བླ་མ་མེད་ཅེས་བརྗོད་པའི་སྒྲ་ཆོས་ཅན། ཁྱོད་ཀྱིས་བསྟན་པའི་དགག་པ་དེ་མ་ཡིན་དགག་མ་ཡིན་པར་ཐལ། ཁྱོད་ཀྱིས་བསྟན་པའི་དགག་པ་དེ་མེད་དགག་ཡིན་པའི་ཕྱིར། མ་གྲུབ་ན། ཡོན་ཏན་ཅན་གྱི་བླ་མ་མེད་པ་ལ་བླ་མ་མེད་ཅེས་བརྗོད་པའི་སྒྲ་ཆོས་ཅན། དེར་ཐལ། ཁྱོད་ཀྱིས་བསྟན་པའི་དགག་པ་དེ་ཡོན་ཏན་ཅན་གྱི་བླ་མ་མེད་པ་ལ་བླ་མ་མེད་པ་དེ་འཇོག་དགོས་པ་གང་ཞིག དེ་མེད་དགག་ཡིན་པའི་ཕྱིར། རྟགས་དང་པོ་སླ། གཉིས་པ་མ་གྲུབ་ན། ཡོན་ཏན་ཅན་གྱི་བླ་མ་མེད་པ་ལ་བླ་མ་ཆོས་ཅན། ཁྱོད་མེད་པ་མེད་དགག་ཡིན་པར་ཐལ། ཁྱོད་མེད་པ་ཡོད་པའི་ཕྱིར་ཟེར་ན་དཔྱད་དོ། །བ་ལང་ཐམས་ཅད་ཁྲ་བོ་མིན་ཞེས་བརྗོད་པའི་སྒྲ་དེ་འགའ་ལས་མཐའ་དག་མ་ཡིན་པར་སྟོན་པའི་དགག་སྒྲ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། འགའ་ལས་མཐའ་དག་མ་ཡིན་པར་སྟོན་པའི་དགག་སྒྲ་ནི་བ་ལང་ཐམས་ཅད་ཁྲ་བོ་མིན་ཞེས་རྗོད་པའི་སྒྲ་ལྟ་བུ་སྟེ། ཞེས་གསུངས་པའི་ཕྱིར། འདོད་ན། བ་ལང་ཐམས་ཅད་ཁྲ་བོ་མིན་ཞེས་བརྗོད་པའི་སྒྲ་ཆོས་ཅན། འགའ་ལས་མཐའ་དག་མ་ཡིན་པར་སྟོན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བ་ལང་ཐམས་ཅད་ཁྲ་བོ་ཞེས་བརྗོད་པའི་སྒྲ་ཆོས་ཅན། བ་ལང་འགའ་ཞིག་ཁྲ་བོ་ཡིན་ཡང་བ་ལང་ཐམས་ཅད་ཁྲ་བོ་མིན་པར་སྟོན་པ་ཡིན་པར་ཐལ། འགའ་ལས་མཐའ་དག་མ་ཡིན་པར་སྟོན་པ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། བ་ལང་ཐམས་ཅད་ཁྲ་བོ་མིན་ཞེས་བརྗོད་པའི་སྒྲ་ཆོས་ཅན། བ་ལང་འགའ་ཞིག་ཁྲ་བོ་ཡིན་པར་སྟོན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བ་ལང་འགའ་ཞིག་ཁྲ་བོ་ཡིན་པར་ཐལ། བ་ལང་འགའ་ཞིག་ཁྲ་བོ་མིན་ཞེས་བརྗོད་པའི་སྒྲ་དེས་བ་ལང་འགའ་ཞིག་ཁྲ་བོ་ཡིན་པར་སྟོན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། བ་ལང་འགའ་ཞིག་ཁ་དོག་ཡིན་པར་ཐལ། བ་ལང་འགའ་ཞིག་ཁྲ་བོ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བ་ལང་འགའ་ཞིག་ཁ་དོག་མ་ཡིན་པར་ཐལ། བ་ལང་འགའ་ཞིག་གང་ཟག་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བ་ལང་ཡིན་ན་གང་ཟག་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། བ་ལང་འགའ་ཞིག་གང་ཟག་མ་ཡིན་པར་ཐལ། བ་ལང་འགའ་ཞིག་ཁྲ་བོ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། བ་ལང་འགའ་ཞིག་ཁྲ་བོ་ཡིན་ཡང༌། ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ། བ་ལང་འགའ་ཞིག་གི་ཁ་དོག་ལ་དགོངས་ཟེར་ན། བ་ལང་འགའ་ཞིག་གི་ཁ་དོག་ཁྲ་བོ་ཡིན་པར་ཐལ། ཁྱོད་ཀྱིས་ལུང་དོན་འཇོག་ཚུལ་འཐད་པའི་ཕྱིར། འདོད་ན། བ་ལང་འགའ་ཞིག་གི་ཁ་དོག་ཁྲ་བོ་ཡིན་པའི་རྒྱུ་མཚན་དེ་ཁ་དོག་ཁྲ་བོ་ཅན་གྱི་བ་ལང་གི་ཁ་དོག་དེ་ཁྲ་བོ་ཡིན་པའི་རྒྱུ་མཚན་གྱི་མ་ཡིན་དེ་ལས་གཞན་མ་ཡིན་པའི་ཕྱིར། དེ་ཡིན་ཟེར་ན། བ་ལང་འགའ་ཞིག་གི་ཁ་དོག་ནག་པོ་ཡིན་པར་ཐལ། ཁ་དོག་ནག་པོ་ཅན་གྱི་བ་ལང་གི་ཁ་དོག་དེ་ནག་པོ་ཡིན་པ་གང་ཞིག མཚུངས་པའི་ཕྱིར། འདོད་ན། བ་ལང་འགའ་ཞིག་གི་ཁ་དོག་དེ་ཁྲ་བོ་མ་ཡིན་པར་ཐལ། ནག་པོ་ཡིན་པའི་ཕྱིར། འདོད་ན། སྔར་བཞིན་སྤྱི་དོན་གྱི་ལུང་གི་སྒོ་ནས་དཔྱད་པར་འཚལ་ལོ། །ཡང་རྟག་པ་ཡིན་ན་མ་ཡིན་དགག་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། རྟག་པ་ཡིན་ན་མ་ཡིན་དགག་ཡིན་པས་ཁྱབ་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། རྟག་པ་ཐམས་ཅད་མ་ཡིན་དགག་ལ་འཇོག་པའི་རྒྱུ་མཚན་ནི། ཞེས་གསུངས་པའི་ཕྱིར། འདོད་ན། གང་ཟག་གི་བདག་མེད་ཆོས་ཅན། མ་ཡིན་དགག་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། གང་ཟག་གི་བདག་མེད་ཆོས་ཅན། མ་ཡིན་དགག་མ་ཡིན་པར་ཐལ། མེད་དགག་ཡིན་པའི་ཕྱིར། མ་གྲུབ་ན། གང་ ཟག་གི་བདག་མེད་ཆོས་ཅན། མེད་དགག་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། མཚན་གཞི་གང་ཟག་གི་བདག་མེད་དང༌། ཞེས་དང༌། སློབ་དཔོན་དབྱིག་གཉེན་གྱིས། ཡོད་པ་དང་ནི་འགོག་པ་དང༌། ཞེས་སོ། །འདོད་ན། གང་ཟག་གི་བདག་མེད་ཆོས་ཅན། མེད་དགག་མ་ཡིན་པར་ཐལ། མ་ཡིན་དགག་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་ཞུའོ། །ཡང་མེད་དགག་དངོས་རྟོགས་ཀྱི་བློ་ཡིན་ན། དེའི་ཤུགས་རྟོགས་མེད་པས་ཁྱབ་པར་ཐལ། འདོད་ན། བུམ་པ་གང་ཟག་གི་བདག་མེད་དངོས་སུ་རྟོགས་པའི་རྟོག་པ་ཆོས་ཅན། ཁྱོད་ཀྱི་ཤུགས་རྟོགས་མེད་པར་ཐལ། ཁྱོད་མེད་དགག་དངོས་སུ་རྟོགས་པའི་བློ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་གང་ཟག་གི་བདག་མེད་དངོས་སུ་རྟོགས་པའི་རྟོག་པ་ཆོས་ཅན། ཁྱོད་མེད་དགག་དངོས་རྟོགས་ཀྱི་བློ་ཡིན་པར་ཐལ། ཁྱོད་ཀྱི་ཡུལ་དེ་མེད་དགག་ཡིན་པ་གང་ཞིག དེ་དངོས་སུ་རྟོགས་པའི་བློ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། རྟག་པར་གྱུར་པའི་མེད་དགག་ནི། བུམ་པ་གང་ཟག་གི་བདག་མེད་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། བུམ་པ་གང་ཟག་གི་བདག་མེད་དངོས་སུ་རྟོགས་པའི་རྟོག་པ་ཆོས་ཅན། ཁྱོད་ཀྱི་ཤུགས་ལ་རྟོགས་བྱའི་ཆོས་མེད་པར་ཐལ། ཁྱོད་མེད་དགག་དངོས་སུ་རྟོགས་པའི་བློ་ཡིན་པའི་ཕྱིར། མ་ཁྱབ་ན། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། མེད་དགག་དངོས་རྟོགས་ཀྱི་བློ་ལ་ཤུགས་རྟོགས་མི་མངའ་བའི་ཕྱིར། ཞེས་སོ། །འདོད་ན། མེད་དགག་དངོས་རྟོགས་ཀྱི་བློ་ཡིན་ན་ཤུགས་རྟོགས་མེད་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་གང་ཟག་གི་བདག་མེད་ཆོས་ཅན། ཁྱོད་དངོས་སུ་རྟོགས་པའི་རྟོགས་པ་དེས་ཤུགས་རྟོགས་མེད་པར་ཐལ། ཁྱོད་དངོས་སུ་རྟོགས་པའི་རྟོག་པ་དེ་མེད་དགག་དངོས་རྟོགས་ཀྱི་བློ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། བུམ་པ་གང་ཟག་གི་བདག་མེད་ཆོས་ཅན། ཁྱོད་དངོས་སུ་རྟོགས་པའི་བློ་དེས་ཤུགས་རྟོགས་ཀྱི་ཆོས་ཡོད་པར་ཐལ། ཀ་བ་གང་ཟག་གི་བདག་མེད་དེ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བུམ་པ་གང་ཟག་གི་བདག་མེད་པར་རྟོགས་པའི་བློ་དེས་བུམ་པ་གང་ཟག་གི་བདག་མེད་པའི་དགག་བྱ་བུམ་པ་གང་ཟག་གི་བདག་ཏུ་གྲུབ་པ་བཀག་ནས་བུམ་པ་གང་ཟག་གི་བདག་མེད་པར་དངོས་སུ་རྟོགས་པའི་ཤུགས་ལ་ཀ་བ་གང་ཟག་གི་བདག་མེད་རྟོགས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། བུམ་པ་གང་ཟག་གི་བདག་མེད་པ་དངོས་སུ་རྟོགས་པའི་ཤུགས་ལ་ཀ་བ་གང་ཟག་གི་བདག་མེད་པ་འཕེན་པ་སྟེ། རྟོགས་པ་ཡོད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་སྒྲ་མི་རྟག་པ་མེད་པའི་མེད་དགག་མེད་ཟེར་ན། སྒྲ་མི་རྟག་པ་ཆོས་ཅན། ཁྱོད་མེད་པའི་མེད་དགག་ཡོད་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། མ་ཁྱབ་ན། དངོས་པོ་ཡིན་ན་ཁྱོད་མེད་པའི་མེད་དགག་ཡོད་པས་ཁྱབ་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། དངོས་པོ་ཡིན་ན་ཁྱོད་མེད་པའི་མེད་དགག་ཡོད་པས་ཁྱབ་སྟེ། ཞེས་སོ། །འདོད་ན། སྒྲ་མི་རྟག་པ་ཆོས་ཅན། ཁྱོད་མེད་པའི་མེད་དགག་ཡོད་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། འདོད་ན། སྒྲ་མི་རྟག་པ་ཆོས་ཅན། ཁྱོད་མེད་པའི་མེད་དགག་མེད་པར་ཐལ། ཁྱོད་མེད་པ་མེད་པའི་ཕྱིར། ཟེར་ ནས་བསྡུས་གྲྭའི་སྤྱི་དོན་གྱི་ཚིག་ཟིན་ལ་དཔྱད་པར་བྱའོ། །གཞན་ཡང་ལྷས་སྦྱིན་ཚོན་པོ་ལ་ཉིན་མོར་ཟས་ཟ་བ་ཞིག་ཡོད་མེད། ཡོད་ན་དེས་ཉིན་མོ་ཟས་ཟ་བའི་རྒྱུ་མཚན་འཛམ་བུ་གླིང་གི་ཉིན་མོའི་ཟས་ཟ་བས་རྒྱུ་མཚན་གྱིས་ཡིན་མིན། ཡིན་ན་འཛམ་བུ་གླིང་གི་ཉིན་མོ་ཡིན་ན་ཉིན་མོ་ཡིན་དགོས་མིན་དང་གླིང་གཞན་གྱི་མཚན་མོ་ཡིན་ན་མཚན་མོ་ཡིན་དགོས་མིན་སོགས་ལ་དཔྱད་དོ། །ཁ་ཅིག རྟག་པ་ཡིན་ན་དགག་པ་ཡིན་པས་ཁྱབ་ཟེར་ན། ཤེས་བྱ་ཆོས་ཅན། དགག་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར༌། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། དགག་པ་མ་ཡིན་པར་ཐལ། སྒྲུབ་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སྒྲུབ་པ་ཡིན་པར་ཐལ། དངོས་མེད་དུ་གྱུར་པའི་སྒྲུབ་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། དངོས་མེད་དུ་གྱུར་པའི་སྒྲུབ་པ་ཡོད་བ་གང་ཞིག ཤེས་བྱ་ལྟ་བུ་མི་འཇོག་ན་དེ་ལས་གཞན་མེད་པའི་ཕྱིར། དང་པོ་མ་གྲུབ་ཟེར་ན། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། སྒྲུབ་པ་ལ་དངོས་པོར་ཡོད་པའི་སྒྲུབ་པ་དང༌། དངོས་པོར་མེད་པའི་སྒྲུབ་པ་གཉིས་སོ། ། ཞེས་དང༌། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། དངོས་པོར་གྱུར་པའི་སྒྲུབ་པ་དང༌། དངོས་མེད་དུ་གྱུར་བའི་སྒྲུབ་པ་གཉིས་སོ། །ཞེས་སོ། །འདོད་ན། ཤེས་བྱ་ཆོས་ཅན། སྒྲུབ་པ་ཡིན་པར་ཐལ། དངོས་མེད་དུ་གྱུར་བའི་སྒྲུབ་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྒྲུབ་པ་མ་ཡིན་པར་ཐལ། དགག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དགག་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། མ་ཁྱབ་ན། རྟག་པ་ཡིན་ན་དགག་པ་ཡིན་པས་ཁྱབ་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། རྟག་པ་ཡིན་ན་དགག་པ་ཡིན་པས་ཁྱབ་པའི་ཕྱིར་དང༌། ཞེས་སོ། །འདོད་ན། ཤེས་བྱ་ཆོས་ཅན། དགག་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དགག་པ་མ་ཡིན་པར་ཐལ། སྒྲུབ་པ་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །གང་ཟག་ཞིག་གིས་རྒྱལ་རིགས་དང་བྲམ་ཟེ་རིགས་གང་རུང་དུ་ངེས་ནས་ཁྱད་པར་མ་ངེས་པའི་ཚེ། འདི་ནི་བྲམ་ཟེ་མ་ཡིན་ཞེས་པའི་སྒྲ་འདིས་བྲམ་ཟེ་ཡིན་པ་ཚིག་ཟིན་ལ་བཀག་ནས་རྒྱལ་རིགས་ཡིན་པ་སྐབས་ཐོབ་ཀྱིས་འཕེན་པ་ཡིན་པར་ཐལ། དེ་རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་སྐབས་ཐོབ་ཀྱི་འཕེན་པའི་དགག་པའི་མཚན་གཞི་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་གང་ཟག་དེས་རྒྱལ་རིགས་དང་བྲམ་ཟེ་རིགས་གཉིས་ཀ་ངེས་པར་ཐལ། དེ་འདྲའི་གང་ཟག་གི་ངོར་ལ་འདི་ནི་བྲམ་ཟེ་མ་ཡིན་ཞེས་པའི་སྒྲ་འདིས་བྲམ་ཟེ་ཡིན་པ་ཚིག་ཟིན་ལ་བཀག་ནས་རྒྱལ་རིགས་ཡིན་པ་སྐབས་ཐོབ་ཀྱིས་འཕེན་པ་ཡིན་པའི་ཕྱིར། ཁྱབ་སྟེ། གང་ཟག་དེས་རྒྱལ་རིགས་མ་ངེས་པར་འདི་ནི་བྲམ་ཟེ་མ་ཡིན་ཞེས་པའི་སྒྲ་དེས་གང་ཟག་དེའི་ངོར་ལ་རྒྱལ་རིགས་སུ་འཕེན་མི་ཐུབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྒྲས་ཆོས་དེ་གང་ཟག་ངོར་ལ་འཕེན་པ་ལ་གང་ཟག་དེ་དང་དེ་ལ་ཆོས་དེ་དང་དེ་སྟོན་དགོས་པ་ཡིན་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། སྒྲས་འཕེན་པ་ནི་སྒྲ་དེས་དངོས་སམ་ཤུགས་ཀྱིས་དོན་དེ་སྟོན་ནུས་པའམ་གོ་བར་བྱེད་ནུས་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གོང་དུ་ཁྱབ་སྟེ། དོན་གྱི་གསེར་བུམ་ཡིན་ཞིང་དེ་གང་ཟག་དེས་ཀ་བ་ཡིན་པར་མ་ངེས་བུམ་པ་ཡིན་པར་ཡང་མ་ངེས་ན་ཀ་བུམ་གང་རུང་དུ་ངེས་ཚུལ་མེད་པའི་ཕྱིར། དེར་ཐལ། གཞི་དེ་ཀ་བུམ་གང་རུང་དུ་རྟོགས་པ་ལ་ཀ་བའམ་ཡང་ན་བུམ་པ་ཡིན་པར་རྟོགས་དགོས་པའི་ཕྱིར། དེར་ཐལ། གཞི་གསེར་བུམ་ལྟ་བུ་དེ་ཀ་བུམ་གང་རུང་དུ་ངེས་པ་ལ་བུམ་པ་ངེས་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། གང་ཟག་དེ་དང་དེས་གཞི་དེ་ཀ་བའམ་ཡང་ན་བུམ་པ་ཡིན་པ་གང་རུང་དུ་མ་ངེས་པར་བུམ་པ་མ་ཡིན་ཞེས་པའི་སྒྲ་དེས་གང་ཟག་དེ་དང་དེའི་ངོར་ལ་ཀ་བ་སྐབས་ཐོབ་ཀྱི་འཕེན་མི་ཐུབ་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་པ་ཡོད་པར་ཐལ། གཞི་དེ་དོན་གྱི་ཀ་བ་དང་བུམ་པ་གང་རུང་ཡིན་ཀྱང་གང་ཟག་དེས་ཀ་བ་ཡིན་པར་མ་ངེས་བུམ་པ་ཡིན་པར་མ་ངེས་ན་ཀ་བུམ་གང་རུང་དུ་ངེས་པར་མི་འཇོག་པའི་ཕྱིར། མ་གྲུབ་ན། དེར་ཐལ། གང་ཟག་དེས་ཆོས་དེ་ངེས་པ་ལ་གང་ཟག་དེའི་རྒྱུད་ཀྱི་བློ་དེས་ངེས་དགོས་པའི་ཕྱིར། ཞེས་སོགས་རིགས་པ་སྤྲོ་ནས་དཔྱད་པར་བྱའོ། །ཤིང་མིན་ལས་ལོག་པ་ཆོས་ཅན། མེད་དགག་གི་གཞན་སེལ་ཡིན་པར་ཐལ། དེ་མེད་དགག་གི་གཞན་སེལ་གྱི་མཚན་གཞི་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། ཤིང་མིན་ལས་ལོག་པ་ལྟ་བུ་ལྡོག་པ་མེད་དགག་གི་གཞན་སེལ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། ཤིང་མིན་ལས་ལོག་པ་ཆོས་ཅན། མེད་དགག་གི་གཞན་སེལ་མ་ཡིན་པར་ཐལ། མེད་དགག་མ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་སྟེ། མེད་དགག་གི་གཞན་སེལ་དང་མེད་དགག་གཉིས་དོན་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། གཞན་སེལ་ལ་དབྱེ་ན་མ་ཡིན་དགག་གི་གཞན་སེལ་དང༌། མེད་དགག་གི་གཞན་སེལ་གཉིས། དང་པོ་དང་མ་ཡིན་དགག་དོན་གཅིག གཉིས་པ་དང་མེད་དགག་དོན་གཅིག ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན་ཤིང་མིན་ལས་ལོག་པ་ཆོས་ཅན། མེད་དགག་ཡིན་པར་ཐལ། མེད་དགག་གི་གཞན་སེལ་ཡིན་པའི་ཕྱིར། རྟགས་ ཁྱབ་ཁས། འདོད་ན། དེ་ཆོས་ཅན། མེད་དགག་མ་ཡིན་པར་ཐལ། མ་ཡིན་དགག་ཡིན་པའི་ཕྱིར། དེར་ཐལ། བུམ་པ་མ་ཡིན་པ་ལས་ལོག་པ་དེ་མ་ཡིན་དགག་ཡིན་པ་གང་ཞིག མཚུངས་པའི་ཕྱིར། རྟགས་དང་པོ་མ་གྲུབ་ཟེར་ན། བུམ་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན། མ་ཡིན་དགག་ཡིན་པར་ཐལ། མ་ཡིན་དགག་གི་མཚན་གཞི་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། མཚན་གཞི་ནི་བུམ་པ་མ་ཡིན་པ་ལས་ལོག་པ་དང༌། ཞེས་གསུངས་པའི་ཕྱིར། ཡང་ཤིང་མ་ཡིན་པ་ལས་ལོག་པ་ཆོས་ཅན། དོན་རང་མཚན་གྱི་གཞན་སེལ་དང་བློའི་གཞན་སེལ་གང་རུང་ཡིན་པར་ཐལ། མ་ཡིན་དགག་གི་གཞན་སེལ་ཡིན་པའི་ཕྱིར། ཁྱབ་སྟེ། མ་ཡིན་དགག་གི་གཞན་སེལ་ཡིན་པ་ལ་དོན་རང་མཚན་དང་བློའི་གཞན་སེལ་གང་རུང་ཡིན་དགོས་པའི་ཕྱིར། དེར་ཐལ། མ་ཡིན་དགག་གི་གཞན་སེལ་གྱི་དབྱེ་བ་ལ་དོན་རང་མཚན་གྱི་གཞན་སེལ་དང་བློའི་གཞན་སེལ་གཉིས་ལས་མ་བཞག་པའི་ཕྱིར། དེར་ཐལ། ཚད་ཆེན་ལས། མ་ཡིན་པ་ལའང་རྣམ་གཉིས་ཏེ། །བློ་དང་དོན་གྱི་དབྱེ་བས་སོ། །ཞེས་དང༌། བསྡུས་གྲྭའི་སྤྱི་དོན་ལས། དང་པོ་མ་ཡིན་དགག་གི་སེལ་བ་ལ་དབྱེ་ན། དོན་རང་མཚན་གྱི་གཞན་སེལ་དང༌། བློའི་གཞན་སེལ་གཉིས། ཞེས་གསུངས་པའི་ཕྱིར། འདོད་ན། ཤིང་མ་ཡིན་པ་ལས་ལོག་པ་ཆོས་ཅན། དོན་རང་མཚན་གྱི་གཞན་སེལ་དང༌། བློའི་གཞན་སེལ་གཉིས་པོ་གང་རུང་མ་ཡིན་པར་ཐལ། དོན་རང་མཚན་གྱི་གཞན་སེལ་མ་ཡིན་པ་གང་ཞིག བློའི་གཞན་སེལ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དངོས་པོ་མ་ཡིན་པའི་ཕྱིར། ཁྱབ་སྟེ། དོན་རང་མཚན་གྱི་གཞན་སེལ་དང་དངོས་པོར་གྱུར་བའི་དགག་པ་གཉིས་དོན་གཅིག་ཡིན་པའི་ཕྱིར།དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། འདི་དང་དངོས་པོར་གྱུར་བའི་དགག་པ་གཉིས་དོན་གཅིག ཞེས་གསུངས་པའི་ཕྱིར། གོང་གི་རྟགས་ཕྱི་མ་མ་གྲུབ་ཟེར་ན། ཤིང་མ་ཡིན་པར་ལས་ལོག་པ་ཆོས་ཅན། བློའི་གཞན་སེལ་ཡིན་པར་ཐལ། རྟགས་ཕྱི་མ་མ་གྲུབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དོན་སྤྱི་ཡིན་པར་ཐལ། བློའི་གཞན་སེལ་ཡིན་པའི་ཕྱིར། ཁྱབ་སྟེ། བློའི་གཞན་སེལ་དང་དོན་སྤྱི་གཉིས་དོན་གཅིག་ཡིན་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། བློའི་གཞན་སེལ་དང་དོན་སྤྱི་དང་སྒྲ་དོན་གསུམ་དོན་གཅིག ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །དགག་པ་ཡིན་ན་རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་དགོས་པར་ཐལ། རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་དགོས་པའི་ཆོས་དེ་དགག་པའི་མཚན་ཉིད་ཡིན་པའི་ཕྱིར་དང༌། སྤྱོད་འཇུག་ལས། བརྟགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་དང༌། དེའི་ཐད་ཀྱི་སྤྱོད་འཇུག་ས་འགྲེལ་ལས། དགག་བྱ་བུམ་པ་ལ་སོགས་པ་བརྟགས་པའི་དངོས་པོ་ལ་མ་རེག་ཅིང་མ་དཔྱད་པར། དེ་བཀག་པ་ཡིད་དངོས་མེད་འཛིན་པ་ནི་སྲིད་པ་མ་ཡིན་ལ། ཞེས་གསུངས་པའི་ཕྱིར། འདོད་ན། བུམ་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན། ཁྱོད་དངོས་སུ་རྟོགས་པའི་བློ་དེས་ཁྱོད་ཀྱི་དགག་བྱ་དངོས་སུ་བཅད་ནས་ཁྱོད་རྟོགས་དགོས་པ་ཡིན་པར་ཐལ། ཁྱོད་དགག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བུམ་པ་མ་ཡིན་པ་ལས་ལོག་པ་རྟོགས་པའི་བློ་དེས་བུམ་པ་མ་ཡིན་པ་རྟོགས་པར་ཐལ། བློ་དེས་བུམ་པ་མ་ཡིན་པ་ལས་ལོག་པའི་དགག་བྱ་རྟོགས་པ་གང་ཞིག བུམ་པ་མ་ཡིན་པ་དེ་བུམ་པ་མ་ཡིན་པ་ལས་ལོག་པའི་དགག་བྱ་ཡིན་པའི་ཕྱིར། རྟགས་དང་པོ་ཁས། ཕྱི་མ་དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། དང་པོ་ནི་རང་དངོས་སུ་རྟོགས་པའི་བློ་དེས་བུམ་པ་མ་ཡིན་པ་ལས་ལོག་པ་རང་གི་དགག་བྱ་བུམ་པ་མ་ཡིན་པ་བློ་ངོར་དངོས་སུ་བཅད་ནས་བུམ་པ་མ་ཡིན་པ་ལས་ལོག་པ་དེ་རྟོགས་དགོས་པ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། འོ་ན་རང་ལུགས་ལ་རྟོགས་པ་ཕན་ཚུན་བརྟེན་པ་ཐལ་བའི་སྐྱོན་ཡོད་པར་ཐལ། བུམ་པ་མ་ཡིན་པ་ལས་ལོག་པ་རྟོགས་པ་ལ་བུམ་པ་མ་ཡིན་པ་རྟོགས་དགོས་པ་གང་ཞིག བུམ་པ་མ་ཡིན་པ་རྟོགས་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པ་རྟོགས་དགོས་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་པ་ཡོད་པར་ཐལ། ཤིང་མ་ཡིན་པ་རྟོགས་པ་ལ་ཤིང་རྟོགས་པ་ལ་ལྟོས་པ་དང༌། ཤིང་རྟོགས་པ་ལ་ཤིང་མ་ཡིན་པ་རྟོགས་པ་ལ་ལྟོས་པ་ཡིན་ན་རྟོགས་པ་ཕན་ཚུན་བརྟེན་པའི་ཐལ་བའི་སྐྱོན་ཡོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་དེར་ཐལ། རྣམ་འགྲེལ་ལས། ཤིང་མ་ཡིན་ལས་ལྡོག་པ་ཡིས། །ཤིང་དོན་འཛིན་ན་གཉིས་པོ་དག །ཕན་ཚུན་བརྟེན་པས་གཅིག་འཛིན་པ། །མེད་ན་གཉིས་ཀ་མི་འཛིན་འགྱུར། །ཞེས་དང༌། དེའི་ཐད་ཀྱི་རྣམ་འགྲེལ་འགྲེལ་བཤད་རིན་ཆེན་ཕྲེང་བ་ལས། ཤིང་དང་ཤིང་མིན་གཉིས་རྟོགས་པ་ཕན་ཚུན་རྟེན་པར་ཐལ། གྲུབ་པའི་སྒོ་ནས་ཤིང་དང་ཤིང་མིན་གང་ཡང་མི་ཤེས་ཀྱི་ཤིང་མ་ཡིན་བཅད་པའི་སྒོ་ནས་ཤིང་འཛིན་ཤིང་བཅད་ནས་འཛིན་པས་སོ། །ཞེས་གསུངས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ཟེར་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། དང་པོ་ཁས། ཕྱི་མ་མ་གྲུབ་ཟེར་ན། རྟགས་ཕྱི་མ་གྲུབ་པར་ཐལ། བུམ་པ་མ་ཡིན་པ་རྟོགས་པ་ལ་བུམ་པ་རྟོགས་དགོས་པ་གང་ཞིག བུམ་པ་རྟོགས་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པ་རྟོགས་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། བུམ་པ་མ་ཡིན་པ་དང་བུམ་པ་གཉིས་རེ་རེ་ནས་གཞན་སེལ་ཡིན་པའི་ཕྱིར། ཁྱབ་སྟེ། གཞན་སེལ་ཡིན་པ་ལ་རང་ཉིད་རྟོགས་པ་ལ་རང་མ་ཡིན་པ་རྣམ་པར་བཅད་ནས་རྟོགས་དགོས་པའི་ཕྱིར་ཏེ། གཏན་ཚིགས་བསྡུས་དོན་ལས། དགུ་པ་རྫས་དང་ལྡོག་པའི་མཚན་ཉིད་ནི་རིམ་པ་ལྟར། ངོ་བོ་སྐྱེས་པ་དང༌། རང་མ་ཡིན་པ་ལས་ལོག་པར་གནས་པའོ། །དེ་དང་གཞན་སེལ་དོན་གཅིག་གོ། །ཞེས་དང༌། བསྡུས་གྲྭའི་སྤྱི་དོན་ལས། ཆོས་ཐམས་ཅད་རྟོགས་བཅས་ཀྱི་བློ་ཐམས་ཅད་ཀྱིས་རང་མ་ཡིན་པ་རྣམ་པར་བཅད་ནས་དངོས་སུ་རྟོགས་དགོས་པ་ཡིན། ཞེས་གསུངས་པའི་ཕྱིར་ན་དཔྱད་པར་བྱའོ། །

ཉེར་གཉིས་པ་འགལ་འབྲེལ་ཆེ་བ་ལ་དོགས་པ་འགོད་པ།

ཉེར་གཉིས་པ་འགལ་འབྲེལ་ཆེ་བ་ལ་དོགས་པ་འགོད་པ་ལ།

སྣང་མུན་གཉིས་ཆོས་ཅན། ལྷན་ཅིག་མི་གནས་འགལ་ཡིན་པར་ཐལ། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་གྱི་མཚན་གཞི་ཡིན་པའི་ཕྱིར། འདོད་ན། སྣང་མུན་གཉིས་ཆོས་ཅན། གཞི་གང་གི་སྟེང་དུ་ལྷན་ཅིག་ཏུ་གནས་པ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། སྣང་མུན་གཉིས་ཆོས་ཅན།གླིང་འདིར་ལྷན་ཅིག་ཏུ་གནས་པ་མེད་པར་ཐལ། གཞི་གང་དུ་ཡང་ལྷན་ཅིག་ཏུ་གནས་པ་མེད་པའི་ཕྱིར། རྟགས་ཁས། འདོད་ན།གླིང་འདིར་སྣང་བ་སྐྱེས་པ་དང་གླིང་འདིར་མུན་པ་འགག་པ་དུས་མཉམ་པ་ཡིན་པར་ཐལ།གླིང་འདིར་སྣང་མུན་གཉིས་ལྷན་ཅིག་གནས་མི་སྲིད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན།གླིང་འདིར་སྣང་བ་སྐྱེས་པའི་ཚེ་གླིང་འདིར་མུན་པ་ཅུང་ཟད་ཀྱང་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན།གླིང་འདིར་ཟླ་འོད་ཤར་བའི་ཚེ་གླིང་འདིར་མུན་པ་ཅུང་ཟད་ཀྱང་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། གླིང་འདིའི་ཟླ་འོད་དང་གླིང་འདིའི་མུན་པ་གཉིས་ལྷན་ཅིག་མི་གནས་འགལ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། འཛམ་བུ་གླིང་གི་མཚན་མོའི་ཟླ་འོད་དང་འཛམ་བུ་གླིང་གི་མུན་པ་གཉིས་སོགས་ལྷན་ཅིག་མི་གནས་འགལ་མ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། འདོད་ན།གླིང་འདིའི་ཉི་འོད་དང་གླིང་འདིའི་མུན་པ་ཡང་ལྷན་ཅིག་མི་གནས་འགལ་མ་ཡིན་པར་ཐལ།གླིང་འདིའི་ཟླ་འོད་དང་གླིང་འདིའི་མུན་པ་གཉིས་ལྷན་ཅིག་མི་གནས་འགལ་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། མདོ་ལས། ཉི་མའི་དཀྱིལ་འཁོར་མངོན་པར་ཤར་བའི་ཚེ་མུན་པའི་གནས་མེད་ཅིང་མ་དམིགས་སོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཉི་འོད་དང་རང་གི་བསལ་བྱའི་མུན་པ་གཉིས་ལྷན་ཅིག་མི་གནས་འགལ་ཡིན་ཞེས་པའི་དོན་ཡིན་ཟེར་ན། འོ་ན་སྣང་བ་དང་རང་གི་བསལ་བྱའི་མུན་པ་གཉིས་ལྷན་ཅིག་མི་གནས་འགལ་ཡིན་ཡང་སྣང་མུན་གཉིས་ལྷན་ཅིག་མི་གནས་འགལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བདག་མེད་རྟོགས་པའི་ཤེས་རབ་རང་གི་སྤང་བྱའི་བདག་འཛིན་གྱི་གཉེན་པོ་ཡིན་ཡང་བདག་འཛིན་གྱི་གཉེན་པོ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བདག་འཛིན་སྤོང་བྱེད་ཀྱི་གཉེན་པོ་ཡོད་མེད་དང་སངས་རྒྱས་འཕགས་པས་སྒྲིབ་གཉིས་སྤངས་མ་སྤངས་སོགས་ལ་དཔྱད་པར་བྱའོ། །གཞན་ཡང་བྱ་རོག་དང་འུག་པ་གཉིས་ཆོས་ཅན། དངོས་སུ་གནད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བའི་དངོས་སུ་ཡིན་པར་ཐལ། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དངོས་སུ་གནད་བྱ་གནོད་བྱེད་དུ་ཞུགས་པ་མ་ཡིན་པ་གང་ཞིག རྒྱུན་ནུས་མཚུངས་སུ་མི་རུང་དེ་མ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་གྲུབ་སྟེ། དེ་གཉིས་རྒྱལ་ཕམ་མཐའ་གཅིག་ཏུ་མ་ངེས་པ་ཡིན་པའི་ཕྱིར། དེར་ཐལ། རེས་བྱ་རོག་རྒྱལ་བར་འགྱུར་བ་དང༌། རེས་འུག་པ་རྒྱལ་བར་འགྱུར་བ་ཡིན་པའི་ཕྱིར། དེ་ཡང་མི་འཐད་ཟེར་ན། མཚན་མོར་བྱ་རོག་ཕམ་པ་དང༌། ཉོན་མོར་འུག་པ་ཕམ་པ་ཕལ་བ་རྣམས་ཀྱིས་མངོན་སུམ་དུ་གྲུབ་པའི་ཕྱིར། གོང་དུ་རྟགས་མ་གྲུབ་ཅེས་ལན་འདེབས་ན། བྱ་རོག་དང་འུག་པ་གཉིས་ཆོས་ཅན། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་མ་ཡིན་པར་ཐལ། རྟགས་མ་གྲུབ་ཀྱི་ལན་འཐད་པའི་ཕྱིར། འདོད་ན། དེ་གཉིས་ཆོས་ཅན། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པར་ཐལ། མཚན་མོར་འུག་བ་རྒྱལ་བ་དང༌། ཉིན་མོར་བྱ་རོག་རྒྱལ་དེ་གཉིས་ལ་ལྷན་ཅིག་མི་གནས་འགལ་གྱི་དོན་ཚང་བའི་ཕྱིར། མ་གྲུབ་ན། དེར་ཐལ། ཚ་གྲང་གཉིས་ལྷན་ཅིག་མི་གནས་འགལ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། ཁྱབ་སྟེ། རེས་ཚ་རེག་གིས་གྲང་རེག་བཅོམ་བ་དང༌། གྲང་རེག་གིས་ཚ་རེག་འཇོམས་པ་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །དུ་བ་དྲག་ཕྱུར་བ་དང་གྲང་རེག་གཉིས་ཆོས་ཅན། ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་ཡིན་པར་ཐལ། ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་གྱི་མཚན་གཞི་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། མཚན་གཞི་ནི། དུ་བ་དྲག་ཕྱུར་བ་དང་གྲང་རེག་གཉིས་དང༌། ཞེས་དང༌། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། མཚན་གཞི་ནི་དུ་བ་དྲག་ཕྱུར་བ་དང་གྲང་རེག་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། འདོད་ན། དུ་བ་དྲག་ཕྱུར་བ་དང་གྲང་རེག་གཉིས་ཆོས་ཅན། གནད་བྱ་གནོད་བྱེད་ཡིན་པར་ཐལ། ལྷན་ཅིག་མི་གནས་འགལ་ཡིན་པའི་ཕྱིར། འདོད་ན། དུ་བ་དྲག་ཕྱུར་བ་ཆོས་ཅན། ཁྱོད་གྲང་རེག་གི་གནོད་བྱེད་ཡིན་པར་ཐལ། གྲང་རེག་དང་ཁྱོད་གཉིས་གནད་བྱ་གནོད་བྱེད་ཡིན་པའི་རྒྱུ་མཚན་འཐད་པའི་ཕྱིར། འདོད་ན། དུ་བ་དྲག་ཕྱུར་བ་ཆོས་ཅན། ཁྱོད་ཀྱིས་གྲང་རེག་ལ་གནོད་བྱེད་ཚུལ་དེ་ཁྱོད་ཀྱིས་རྒྱུར་གྱུར་བའི་མེ་དེས་དེ་ལ་གནོད་བྱེད་ཚུལ་དེ་ཡིན་པར་ཐལ། དེ་ལས་གཞན་ཁྱོད་ཀྱིས་གྲང་རེག་ལ་གནོད་བྱེད་ཚུལ་མེད་པའི་ཕྱིར། འདོད་ན། ཁྱོད་ཀྱི་རྒྱུ་དེས་གཞི་དེ་ལ་གནོད་བྱས་པས་ཁྱོད་ཀྱིས་གཞི་དེ་ལ་གནོད་བྱས་པར་འཇོག་ཐུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། མདུན་གྱི་དམ་བཅའ་བ་ཆོས་ཅན། ཁྱོད་ཀྱི་རྒྱུན་སྔ་མས་ཅི་བྱས་པ་ཐམས་ཅད་ཁྱོད་ཀྱིས་བྱས་པར་འཇོག་ཐུབ་པར་ཐལ། ཁྱོད་ཀྱི་རྒྱུན་སྔ་མས་གཞི་དེ་ལ་གནོད་བྱས་པས་ཁྱོད་ཀྱིས་གཞི་དེ་ལ་གནོད་བྱས་པར་འཇོག་ཐུབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། མདུན་གྱི་དམ་བཅའ་བ་ཆོས་ཅན། ཁྱོད་ཀྱིས་མི་བསད་པར་ཐལ། ཁྱོད་ཀྱི་རྒྱུན་སྔ་མས་མི་བསད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། སེམས་ཅན་ཕ་མ་མ་གྱུར་བ་དང་དགྲར་མ་གྱུར་བ་གཅིག་ཀྱང་འཇོག་མི་ཐུབ་པ་གང་ཞིག དགྲར་གྱུར་བ་བསད་པ་གྲངས་མེད་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། དགྲ་གཉེན་དང་ཕ་བུ་དང༌། གནས་ལུས་ལོངས་སྤྱོད་ཐམས་ཅད་མ་ངེས་པ་ཁོ་ནར་འགྲོ་བ་སྟེ། ཞེས་གསུངས་པའི་ཕྱིར། གཉིས་པ་མ་གྲུབ་ན། མྱ་ངན་བསལ་བ་ལས། ཕན་ཚུན་དག་ཏུ་རྩོད་པའི་ཕྱིར། ། མགོ་བོ་བཅད་པ་གང་ཡིན་པ། ། སྤུངས་ན་དེ་ལྟར་མཐོ་བ་ནི། །ཚངས་པའི་འཇིག་རྟེན་ལས་ཀྱང་ཐལ། །ཞེས་གསུངས་པའི་ཕྱིར། འདོད་ན། དམ་བཅའ་བ་ལ་ཕམ་པ་བྱུང་མིན་སོགས་རྩོད་པར་བྱའོ།། འགལ་བ་ཡིན་ན་ཕན་ཚུན་སྤངས་འགལ་ཡིན་པས་ཁྱབ་པར་ཐལ། འགལ་བ་དང་ཕན་ཚུན་སྤངས་འགལ་གཉིས་དོན་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། འགལ་བ་དང་ཕན་ཚུན་སྤངས་འགལ་དོན་གཅིག ཅེས་གསུངས་པའི་ཕྱིར། འདོད་ན། འགལ་བ་ཡིན་ན་ཕན་ཚུན་སྤངས་འགལ་ཡིན་པས་ཁྱབ། ཕན་ཚུན་སྤངས་འགལ་ཡིན་ན་འགལ་བ་ཡིན་པས་ཁྱབ་པར་ཐལ། དེ་གཉིས་དོན་གཅིག་ཡིན་པའི་ཕྱིར། འདོད་ན། ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང་ཡོད་པ་གཉིས་ཆོས་ཅན། ཕན་ཚུན་སྤངས་འགལ་ཡིན་པར་ཐལ། འགལ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང་ཡོད་པ་གཉིས་ཆོས་ཅན། འགལ་བ་ཡིན་པར་ཐལ། ཐ་དད་ཅིང་གཞི་མཐུན་མི་སྲིད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཐ་དད་གང་ཞིག གཞི་མཐུན་མི་སྲིད་པའི་ཕྱིར། རྟགས་དང་པོ་སླ། གཉིས་པ་མ་གྲུབ་ན། ཤེས་བྱ་དེ་དེའི་གཞི་མཐུན་ཡིན་པར་ཐལ། རྟགས་ཕྱི་མ་མ་གྲུབ་ཀྱི་ལན་འདེབས་ཚུལ་འཐད་པའི་ཕྱིར། འདོད་ན། ཡོད་པ་དང་ཡོད་པ་གཉིས་ཀྱི་གཞི་མཐུན་ཡོད་པར་ཐལ། ཤེས་བྱ་ཡོད་པར་རྟོགས་པའི་ཚད་མ་དེ་ཡིན་པའི་ཕྱིར། འདོད་ན། ཡོད་པ་ཆོས་ཅན། ཁྱོད་དང་ཡོད་པ་གཉིས་ཀྱི་ལྡོག་པ་ཐ་དད་དུ་གྲུབ་པར་ཐལ།ཁྱོད་དང་ཡོད་པ་གཉིས་ཀྱི་གཞི་མཐུན་ཡོད་པའི་ཕྱིར། འདོད་ན། ཡོད་པ་ཆོས་ཅན། ཁྱོད་དང་ཡོད་པ་གཉིས་ཀྱི་ལྡོག་པ་ཐ་དད་དུ་མ་གྲུབ་པར་ཐལ། ཁྱོད་ཡོད་པ་དང་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། གཞི་གྲུབ་ན། ཁྱོད་ཁྱོད་དང་གཅིག་ཡིན་པས་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང་ཡོད་པ་གཉིས་ཆོས་ཅན། གཅིག་གི་དོན་ལྡན་ན་ཅིག་ཤོས་ཀྱི་དོན་སྤངས་པའི་སྒོ་ནས་མི་མཐུན་པར་གནས་པ་ཡིན་པར་ཐལ། ཕན་ཚུན་སྤངས་འགལ་ཡིན་པའི་ཕྱིར། འདོད་ན། གཞི་དེ་ཡོད་པར་རྟོགས་པའི་ཚད་མ་ཡོད་པའི་དོན་དང་ལྡན་པ་སྟེ་ཡོད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་ན་ཅིག་ཤོས་ཡོད་པ་ཡིན་པ་སྤངས་ཤིང་བསལ་བ་ཡིན་པས་ཁྱབ་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང་ཡོད་པ་གཉིས་གཅིག་གི་དོན་ལྡན་ན་ཅིག་ཤོས་ཀྱི་དོན་སྤངས་པའི་སྒོ་ནས་མི་མཐུན་པར་གནས་པ་ཡིན་པའི་ཕྱིར། འདོད་ན། ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང་ཡོད་པ་གཉིས་ཡིན་ཁྱབ་མཉམ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང་ཡོད་པ་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། ཞེས་གསུངས་པ་དང་འགལ་ལོ། །གཞན་ཡང་འགལ་བ་ཡིན་ན་ཕན་ཚུན་སྤངས་འགལ་ཡིན་པས་ཁྱབ་པར་ཐལ། འགལ་བ་དང་ཕན་ཚུན་སྤངས་འགལ་གཉིས་དོན་གཅིག་ཡིན་པའི་ཕྱིར། འདོད་ན། སྣང་མུན་གཉིས་ཆོས་ཅན། ཕན་ཚུན་སྤངས་འགལ་ཡིན་པར་ཐལ། འགལ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། རྒྱུན་གཅད་བྱ་གཅོད་བྱེད་མིན་བཞིན་དུ་མཚན་ཉིད་མི་མཐུན་ཙམ་གྱི་འགལ་བར་གྲུབ་པ་ཡིན་པར་ཐལ། ཕན་ཚུན་སྤངས་འགལ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྒྱུན་གཅད་བྱ་གཅོད་བྱེད་མ་ཡིན་པར་ཐལ། རྒྱུན་གཅད་བྱ་གཅོད་བྱེད་མིན་བཞིན་དུ་མཚན་ཉིན་མི་མཐུན་ཙམ་གྱི་འགལ་བར་གྲུབ་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ལྷན་ཅིག་མི་གནས་འགལ་མ་ཡིན་པར་ཐལ། རྒྱུན་གཅད་བྱ་གཅོད་བྱེད་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། མཚན་གཞི་ནི། སྣང་མུན་གཉིས་དང༌། ཚ་གྲང་གཉིས་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྒྱུན་གཅད་བྱ་གཅོད་བྱེད་ཡིན་པར་ཐལ། ལྷན་ཅིག་མི་གནས་འགལ་ཡིན་པའི་ཕྱིར། ཁྱབ་སྟེ། ལྷན་ཅིག་མི་གནས་འགལ་ཡིན་ན་རྒྱུན་གཅད་བྱ་གཅོད་བྱེད་དུ་གྱུར་བའི་སྒོ་ནས་མི་མཐུན་པར་གནས་པ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྒྱུན་བཅད་བྱ་གཅོད་བྱེད་དུ་གྱུར་བའི་སྒོ་ནས་མི་མཐུན་པར་གནས་པ་དེ་ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། རྒྱུན་གཅད་བྱ་གཅོད་བྱེད་དུ་གྱུར་བའི་སྒོ་ནས་མི་མཐུན་པར་གནས་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཕན་ཚུན་སྤངས་འགལ་མ་ཡིན་པར་ཐལ། རྒྱུན་གཅད་བྱ་གཅོད་བྱེད་མིན་བཞིན་དུ་མཚན་ཉིད་མི་མཐུན་ཙམ་གྱི་འགལ་བར་གྲུབ་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུན་གཅད་བྱ་གཅོད་བྱེད་མིན་བཞིན་དུ་མཚན་ཉིད་མི་མཐུན་ཙམ་གྱི་འགལ་བར་གྲུབ་པ་དེ་ཕན་ཚན་སྤངས་འགལ་གྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། རྒྱུན་བཅད་བྱ་གཅོད་བྱེད་མིན་བཞིན་དུ་མཚན་ཉིད་མི་མཐུན་ཙམ་གྱི་འགལ་བར་གྲུབ་པ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཕན་ཚུན་སྤངས་འགལ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཕན་ཚུན་སྤངས་འགལ་ཡིན་པར་ཐལ། གཅིག་ཤོས་ཀྱི་དོན་ལྡན་ཡིན་ན་ཅིག་ཤོས་ཀྱི་དོན་སྤངས་པའི་སྒོ་ནས་མི་མཐུན་པར་གནས་པ་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་ཞུའོ། །ཚ་གྲང་གཉིས་ཆོས་ཅན། རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བ་ཡིན་པར་ཐལ། ལྷན་ཅིག་མི་གནས་འགལ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཚ་གྲང་གཉིས་གཞི་གཅིག་གི་སྟེང་དུ་རྒྱུན་ནུས་པ་མཚུངས་བའི་སྒོ་ནས་ལྷན་ཅིག་ཏུ་གནས་པ་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པའི་གཞིའི་སྟེང་དུ་ཚ་གྲང་གཉིས་ནུས་པ་མཚུངས་པའི་སྒོ་ནས་ལྷན་ཅིག་ཏུ་གནས་པ་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པའི་གཞིའི་སྟེང་དུ་གྲང་རེག་རྒྱུན་ཆགས་སུ་གནས་པའི་ཕྱིར། མ་གྲུབ་ན། དེར་ཐལ། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པའི་གཞིའི་སྟེང་དུ་གྲང་དམྱལ་གྱི་སེམས་ཅན་ལ་གྲང་རེག་རྒྱུན་ཆགས་སུ་གནས་པར་སྣང་ཞིང་སྣང་བ་ལྟར་གཞི་དེའི་སྟེང་དུ་གྲང་རེག་རྒྱུན་ཆགས་སུ་གནས་པར་འཇོག་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཆུ་ཕོར་བ་གང་ལྷ་ལ་བདུད་རྩི་དང་ཡི་དྭགས་ལ་རྣ་ཁྲག་ཏུ་སྣང་ཞིང་སྣང་བ་ལྟར་འཇོག་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཐེག་བསྡུས་ལས། ཡི་དྭགས་དུད་འགྲོ་མི་རྣམས་དང༌། ། ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་གསུངས་པའི་ཕྱིར། འདོད་ན། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པའི་གཞིའི་སྟེང་དུ་ཚ་རེག་སྟོབས་ཆེན་དང་གྲང་རེག་སྟོབས་ཆེན་གཉིས་རྒྱུན་ནུས་པ་མཚུངས་པའི་སྒོ་ནས་ལྷན་ཅིག་ཏུ་གནས་པ་ཡོད་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། ཚ་གྲང་གཉིས་ཆོས་ཅན། ལྷན་ཅིག་མི་གནས་འགལ་མ་ཡིན་པར་ཐལ། རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བ་དེ་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། ཚ་གྲང་ལྟ་བུ་དངོས་འགལ་དང༌། །ཞེས་གསུངས་པའི་ཕྱིར། མ་ཁྱབ་སྟེ། ཚ་རེག་དང་རང་གི་གནོད་བྱའི་གྲང་རེག་གཉིས་ལྷན་ཅིག་མི་གནས་འགལ་ཡིན་ཞེས་པའི་དོན་ཡིན་ཟེར་ན། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པའི་གཞིར་ཆོས་ཅན། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པ་མ་ཡིན་པར་ཐལ། གྲང་རེག་རྒྱུན་ཆགས་སུ་གནས་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་མ་ཡིན་པར་ཐལ། རང་གི་ཆོས་ལོག་དེ་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རང་གི་རྟགས་ལོག་སྒྲུབ་པ་ལ་ཚུལ་གསུམ་འཕེན་པའི་ཐལ་འགྱུར་རྣམ་དག་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ལྡོག་པ་རང་རིགས་འཕེན་པའི་ཐལ་འགྱུར་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ལྡོག་པ་རང་རིགས་འཕེན་པའི་རང་བཞིན་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། དེའི་དབྱེ་བ་བཞི་ལས་དང་པོ་རང་བཞིན་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་ཡོད་དེ། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པའི་གཞིར་ཆོས་ཅན། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པ་མ་ཡིན་པར་ཐལ། གྲང་རེག་རྒྱུན་ཆགས་སུ་གནས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གོང་དུ་མ་གྲུབ་ན། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པའི་གཞིར་ཆོས་ཅན། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པ་མ་ཡིན་པར་ཐལ། གྲང་རེག་རྒྱུན་ཆགས་སུ་གནས་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། རང་གི་ཆོས་ལོག་དེ་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རང་གི་རྟགས་ལོག་སྒྲུབ་པ་ལ་ཚུལ་གསུམ་འཕེན་པའི་ཐལ་འགྱུར་རྣམ་དག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པ་དེ། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པའི་གཞིར་གྲང་རེག་རྒྱུན་ཆགས་སུ་གནས་པ་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་པའི་ཕྱིར་ཟེར་ན་དཔྱད་དོ། ། ཕན་ཚུན་སྤངས་འགལ་དེ་འགལ་བའི་དབྱེ་བ་ཡིན་པར་ཐལ། འགལ་བའི་དབྱེ་བ་ཡོད་པའི་ཕྱིར། འདོད་ན། ཕན་ཚུན་སྤངས་འགལ་ཆོས་ཅན། འགལ་བ་ལས་ཁྱབ་ཆུང་བ་ཡིན་པར་ཐལ། འགལ་བའི་དབྱེ་བ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། འགལ་བ་ལས་ཁྱབ་ཆུང་བ་མ་ཡིན་པར་ཐལ། འགལ་བ་དང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བསྡུས་གྲྭ་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། འགལ་བ་དང་ཕན་ཚུན་སྤངས་འགལ་གཉིས་དོན་གཅིག ཅེས་གསུངས་པའི་ཕྱིར། གོང་དུ་མ་ཁྱབ་ན། འགལ་བ་འགལ་བའི་དབྱེ་བ་ཡིན་པར་ཁས་བླངས་ན་སྐྱོན་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་བྱ་ཡོད་པའི་དབྱེ་བ་དང་བྱས་པ་མི་རྟག་པའི་དབྱེ་བར་ཐལ་བས་ཆོས་དེའི་དབྱེ་བའི་ཚད་སོགས་ལ་རྩོད་པར་བྱའོ། །གཞན་ཡང་གཞི་གྲུབ་ན་ཀ་བུམ་གཉིས་དང་འགལ་བ་ཡིན་པས་ཁྱབ་པར་ཐལ། སྤྱི་དོན་ལས། གཞི་གྲུབ་ན་ཀ་བུམ་གཉིས་དང་འགལ་བ་ཡིན་པ་གང་ཞིག ཅེས་གསུངས་པའི་ཕྱིར། འདོད་ན། ཀ་བུམ་གཉིས་ཆོས་ཅན། ཀ་བུམ་གཉིས་དང་འགལ་བ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། ཀ་བུམ་གཉིས་ཆོས་ཅན། ཀ་བུམ་གཉིས་དང་ཐ་དད་ཡིན་པར་ཐལ། ཀ་བུམ་གཉིས་དང་འགལ་བ་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །གཞན་ཡང་བུམ་པའི་འབྲས་བུ་བུམ་པ་དང་འགལ་བ་ཡིན་པར་ཐལ། བསྡུས་གྲྭ་སྤྱི་དོན་ལས། བུམ་པ་དང་བུམ་པའི་འབྲས་བུ་གཉིས་དེ་བྱུང་འབྲེལ་ཡིན་ཡང་འགལ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། བུམ་པའི་འབྲས་བུ་དང་བུམ་པ་གཉིས་ཀྱི་ཡིན་པ་མེད་པར་ཐལ། དེ་གཉིས་འགལ་བ་ཡིན་པའི་ཕྱིར། འདོད་ན། བུམ་པའི་འབྲས་བུར་གྱུར་བའི་བུམ་པ་ཆོས་ཅན། དེ་གཉིས་ཀ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་གཉིས་ཀ་ཡིན་པར་ཐལ། བུམ་པའི་འབྲས་བུ་ཡིན་པ་གང་ཞིག བུམ་པ་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

ཉེར་གསུམ་པ་ཐལ་འགྱུར་ཆེ་བ་སྐོར་ལ་དོགས་པ་འགོད་པ།

ཉེར་གསུམ་པ་ཐལ་འགྱུར་ཆེ་བ་སྐོར་ལ་དོགས་པ་འགོད་པ་ལ།

ཚད་མས་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་ན་ཐལ་འགྱུར་ཡང་དག་ཡིན་པའི་ཁྱབ་ཟེར་ན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཞེས་གསུངས་པ་ལ། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཐལ་འགྱུར་ཡང་དག་མིན་ལ་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པ་དེ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཐལ་འགྱུར་ཡང་དག་མ་ཡིན་པར་ཐལ། འདོད་ན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཐལ་འགྱུར་ཡང་དག་ཡིན་པར་ཐལ། ལན་གྱིས་ལྡོག་པར་མི་ནུས་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། ཐལ་འགྱུར་ཡང་དག་དང་ཐལ་འགྱུར་ལྟར་སྣང་གཉིས་སྟེ། མཚན་ཉིད་ནི་རིམ་པ་ལྟར། ལན་གྱིས་ལྡོག་པར་མི་ནུས་པའི་ཐལ་འགྱུར་དང༌། ལན་གྱིས་བཟློག་པ་ནུས་པའི་ཐལ་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཐལ་འགྱུར་ཡང་དག་ཡོད་ན་ལན་གྱིས་ལྡོག་པར་མི་ནུས་པའི་ཐལ་འགྱུར་ཡོད་པའི་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ལན་གྱིས་ལྡོག་པར་མི་ནུས་པའི་ཐལ་འགྱུར་ཡོད་པར་ཐལ། ཐལ་འགྱུར་ཡང་དག་ཡོད་པའི་ཕྱིར། འདོད་ན། ལན་གྱིས་ལྡོག་པར་མི་ནུས་པའི་ཐལ་འགྱུར་མེད་པར་ཐལ། ཐལ་འགྱུར་ཡིན་ན་ལན་གྱིས་ལྡོག་པར་ནུས་པའི་ཐལ་འགྱུར་ཡིན་པའི་ཁྱབ་པའི་ཕྱིར། དེར་ཐལ། དཔལ་ལྡན་ཆོས་གྲགས་ཀྱི་ལན་གྱིས་བཟློག་པར་ནུས་པའི་ཁྱབ་པའི་ཕྱིར་ཟེར་ན་དཔྱད་དོ། །སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཐལ་འགྱུར་ཡང་དག་ཡིན་པར་ཐལ། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། རང་ལུགས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། མཚན་གཞི་ནི། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཡིན་དགོས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཡིན་ན་ཐལ་འགྱུར་ཡང་དག་ཡིན་པས་ཁྱབ་པར་ཐལ། ཁྱོད་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། འདོད་ན། སྒྲ་མི་རྟག་པ་ཁས་ལེན་པའི་གང་ཟག་གི་ངོར། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཐལ་འགྱུར་ཡང་དག་ཡིན་པར་ཐལ། ཁྱོད་སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར། འདོད་ན། སྒྲ་མི་རྟག་པ་ཁས་ལེན་པའི་གང་ཟག་གི་ངོར། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་དམ་བཅའ་ལ་ཚད་མས་གནོད་པ་ཡོད་པར་ཐལ། ཁྱོད་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་དམ་བཅའ་ལ་ཚད་མས་བསལ་བ་ཡོད་པའི་ཕྱིར། འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་དམ་བཅའ་ལ་ཚད་མས་བསལ་བ་ཡོད་པར་ཐལ། ཁྱོད་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་སྟེ། རང་ལུགས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། དེའི་ངོར་དམ་བཅའ་ལ་ཚད་མས་བསལ་བ་བབས་པའི་རྟགས་སྟོན་པའི་ཐལ་འགྱུར་རྣམ་དག་དེ་ཡིན་པའི་ཕྱིར། ཞེས་སོ། །གོང་དུ་འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་དམ་བཅའ་མ་གྲུབ་པར་ཐལ། ཁྱོད་ཀྱི་དམ་བཅའ་ཚད་མས་མ་གྲུབ་པའི་ཕྱིར། མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་དམ་བཅའ་ཚད་མས་མ་གྲུབ་པར་ཐལ། ཁྱོད་ཀྱི་དམ་བཅའ་ཚད་མས་བསལ་བའི་ཕྱིར་རོ། །ཡང་མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཐལ་འགྱུར་ཡང་དག་མ་ཡིན་པའི་རྒྱུ་མཚན་དེ་རྩོ་གཞི་དང་མི་ལྡན་པའི་རྒྱུ་མཚན་གྱིས་ཡིན་པར་ཐལ། འདོད་ན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། རྩོད་གཞི་དང་མི་ལྡན་པའི་ཐལ་འགྱུར་མ་ཡིན་པར་ཐལ། རྩོད་གཞི་དང་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར། མ་གྲུབ་ན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། རྩོད་གཞི་དང་ལྡན་པའི་ཐལ་འགྱུར་ཡིན་པར་ཐལ། རྩོད་གཞི་ཡོད་པའི་ཐལ་འགྱུར་ཡིན་པའི་ཕྱིར། མ་གྲུབ་ན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་དེ་རྩོད་གཞི་ཡོད་པའི་ཐལ་འགྱུར་ཡིན་པར་ཐལ། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་རྩོད་གཞི་ཡོད་པ་ཡིན་པའི་ཕྱིར། མ་གྲུབ་ན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་རྩོད་གཞི་ཡོད་པ་ཡིན་པར་ཐལ། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་རྩོད་གཞི་རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་རྩོད་གཞི་རྟག་པ་ཡིན་པར་ཐལ། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་རྩོད་གཞི་དང༌། གསལ་བ་དང༌། རྟགས་གསུམ་པོ་རེ་རེ་ནས་རྟག་པ་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཡང་མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་རྩོད་གཞི་དང་མི་ལྡན་པའི་ཐལ་འགྱུར་མ་ཡིན་པར་ཐལ། ཁྱོད་རྩོད་གཞི་དང་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར། མ་གྲུབ་ན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་རྩོད་གཞི་དང་ལྡན་པའི་ཐལ་འགྱུར་ཡིན་པར་ཐལ། ཁྱོད་ཀྱི་རྩོད་གཞི་ཡོད་པའི་ཕྱིར། མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྩོད་གཞི་ཡོད་པ་ཡིན་པར་ཐལ། ནམ་མཁའ་ནམ་མཁའ་དེ་དེ་ཡིན་པའི་ཕྱིར། མ་གྲུབ་ན། ནམ་མཁའ་ནམ་མཁའ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་རྩོད་གཞི་མ་ཡིན་པར་ཐལ། འདོད་ན། དེ་ཡིན་པར་ཐལ། ནམ་མཁའ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་རྩོད་གཞི་དངོས་འཛིན་རྒྱུ་ཡོད་པའི་ཕྱིར་ན་ཟེར་ན་དཔྱད་པར་བྱའོ། །ཡང་ཁྱོད་ཐལ་འགྱུར་དུ་སོང་བ་ཡོད་ན་ཁྱོད་ཐལ་འགྱུར་ཡིན་པས་ཁྱབ་པར་ཐལ། འདོད་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་སྦྱོར་བ་ཆོས་ཅན། ཐལ་འགྱུར་ཡིན་པར་ཐལ། ཁྱོད་ཐལ་འགྱུར་དུ་སོང་བ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། སྒྲ་ཆོས་ཅན། ཡོད་པ་ཡིན་པར་ཐལ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་སྦྱོར་བ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་དེ་ཡིན་པའི་ཕྱིར། ཞེས་བརྗོད་པ་ལ་དཔྱད་པར་བྱའོ། །གཞན་ཡང་སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་དུ་བཀོད་འདོད་ནས། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བརྗོད་པའི་ངག་དེ་ཆོས་ཅན། ཐལ་འགྱུར་ཡིན་པར་ཐལ། ཁྱོད་ཐལ་འགྱུར་དུ་སོང་བའི་ཕྱིར། དེར་ཐལ། {བས་ཀྱི་སྔ་རྒོལ་ལ་ཐལ་འགྱུར་དུ་བཀོད་འདོད་ཡོད་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་འདྲའི་ངག་དེ་ཆོས་ཅན། ཐལ་འགྱུར་དང་སྦྱོར་བ་གཉིས་ཀ་ཡིན་པར་ཐལ། ཐལ་འགྱུར་ཡིན་པ་གང་ཞིག སྦྱོར་བ་ཡིན་པའི་ཕྱིར། དང་པོ་ཁས་ཟེར་ན་དཔྱད་པར་བྱའོ། །ཡང་ཐལ་འགྱུར་ཡིན་ན་རྒོལ་བ་སྐབས་བབ་ལ་མི་འདོད་པའི་ཐལ་བར་འཕེན་པའི་རིགས་གནས་ཡིན་པས་ཁྱབ་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཐལ་འགྱུར་གྱི་མཚན་ཉིད་ཡོད་དེ། རྒོལ་བ་སྐབས་བབ་ལ་མི་འདོད་པའི་ཐལ་བར་འཕེན་པའི་རིགས་གནས་དེ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིེར། འདོད་ན། སྒྲ་མི་རྟག་པར་འདོད་པའི་རྒོལ་བ་ལ་སྒྲ་མི་རྟག་པ་ཡིན་པར་ཐལ། ཞེས་པའི་ཐལ་འགྱུར་ཆོས་ཅན། རྒོལ་བ་སྐབས་བབ་ལ་མི་འདོད་པའི་ཐལ་བར་འཕེན་པའི་རིགས་གནས་དེ་ཡིན་པར་ཐལ། ཐལ་འགྱུར་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། རྒོལ་བ་སྐབས་བབ་ལ་མི་འདོད་པའི་ཐལབར་འཕེན་པའི་རིགས་གནས་དེ་མ་ཡིན་པར་ཐལ། རྒོལ་བ་སྐབས་བབ་ལ་འདོད་པའི་ཐལ་བར་འཕེན་པའི་རིགས་གནས་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རྒོལ་བ་སྐབས་བབ་ལ་འདོད་པའི་ཐལ་བར་འཕེན་པའི་རིགས་གནས་དེ་ཡིན་པར་ཐལ། རྒོལ་བ་གང་ཡང་རུང་བ་ལ་འདོད་པའི་ཐལ་བར་འཕེན་པའི་རིགས་གནས་ཡིན་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་ཁས་ལེན་པའི་རྒོལ་བ་ལ་འདོད་པའི་ཐལ་བར་འཕེན་པའི་རིགས་སུ་གནས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྒྲ་མི་རྟག་པར་ཁས་ལེན་པའི་རྒོལ་བ་ལ་འཕངས་པས་གང་ཞིག སྒྲ་མི་རྟག་པར་ཁས་ལེན་པའི་རྒོལ་བ་དེ་སྒྲ་མི་རྟག་པར་འདོད་པའི་གང་ཟག་ཡིན་པའི་ཕྱིར་ན་ཁྱབ་པ་ཡོད་མེད་སོགས་དཔྱད་པར་བྱའོ། །ཡང་ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད་ཡོད་དེ། རང་གི་ཆོས་ལོག་དེ་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རང་གི་རྟགས་ལོག་བསྒྲུབ་པ་ལ་ཚུལ་གསུམ་འཕེན་པའི་ཐལ་འགྱུར་རྣམ་དག་དེ་ཡིན་པའི་ཕྱིར། ཞེས་གསུངས་པ་ལ། སྒྲ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པར་ཐལ། རང་གི་ཆོས་ལོག་དེ་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རང་གི་རྟགས་ལོག་བསྒྲུབ་པ་ལ་ཚུལ་གསུམ་འཕེན་པའི་ཐལ་འགྱུར་རྣམ་དག་དེ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་སོང་ཚོད་ཀྱི་རྟགས་མ་གྲུབ་པར་ཐལ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་རྟགས་མ་གྲུབ་པར་ཐལ། ཁྱོད་ཀྱི་སོང་ཚོད་ཀྱི་རྟགས་མ་གྲུབ་པའི་ཕྱིར། མ་ཁྱབ། དེ་ཁྱབ་པར་ཐལ། ཁྱོད་ཀྱི་རྟགས་གྲུབ་མ་གྲུབ་དེ་ཁྱོད་ཀྱི་སོང་ཚོད་ཀྱི་རྟགས་གྲུབ་མ་གྲུབ་ལ་ལྟ་དགོས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །གཞན་ཡང་ཐལ་འགྱུར་དེས་སོང་ཚོད་ཀྱི་རྟགས་མ་གྲུབ་ན་རྟགས་མ་གྲུབ་པར་འཇོག་ན། ཐལ་འགྱུར་དེས་སོང་ཚོད་ཀྱི་རྟགས་མེད་ན་རྟགས་མེད་པས་ཁྱབ་པར་ཐལ། མཚུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཐལ་འགྱུར་ཡང་དག་གི་མཚན་ཉིད་ཡོད་དེ། ནས། དེ་ལ་རང་ཉིད་འགོད་ཡུལ་གྱི་ཕྱི་རྒོལ་ཡང་དག་གི་བློ་ངོར་རྟགས་དང་ཁྱབ་པ་གྲུབ་ཅིང་དེའི་ངོར་དམ་བཅའ་ལ་ཚད་མས་བསལ་བ་འབབ་པའི་རྟགས་སྟོན་པའི་ཐལ་ངག་རྣམ་དག་དེ། ཞེས་གསུངས་པ་ལ། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། རང་ཉིད་འགོད་ཡུལ་གྱི་ཕྱི་རྒོལ་ཡང་དག་གི་བློ་ངོར་རྟགས་དང་ཁྱབ་པ་གྲུབ་ཅིང་དེའི་ངོར་དམ་བཅའ་ལ་ཚད་མས་བསལ་བ་འབབ་པའི་རྟགས་སྟོན་པའི་ཐལ་ངག་རྣམ་དག་ཡིན་པར་ཐལ། ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་ཐལ་འགྱུར་འགོད་ཡུལ་གྱི་ཕྱི་རྒོལ་ཡང་དག་ཡིན་པར་གྱུར་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་ལྟ་བ་བཀར་བརྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་གང་ཟག་དེ་ཆོས་ཅན། ཁྱོད་ཀྱིས་སྒྲ་བྱས་པ་དང་བྱས་ན་མི་རྟག་པ་ཡིན་པའི་ཁྱབ་པ་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་བྱས་ན་མི་རྟག་པ་ཡིན་པའི་ཁྱབ་བ་ཁས་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་བྱས་པ་ཐམས་ཅད་མི་རྟག་པ་ཡིན་པར་ཁས་ལེན་པར་ཐལ། འདོད་པའི་ཕྱིར། འདོད། དེ་ཆོས་ཅན། ཁྱོད་ནང་བའི་གྲུབ་མཐའ་སྨྲ་བ་ཡིན་པར་ཐལ། གྲུབ་མཐའ་སྨྲ་བ་གང་ཞིག འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པར་ཁས་ལེན་པའི་ཕྱིར། ཕྱི་མ་ཁས། དང་པོ་གྲུབ་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ནང་བའི་གྲུབ་མཐའ་སྨྲ་བའི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ།གྲུབ་མཐའ་བློ་གྲོས་མིག་འབྱེད་ལས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་གང་ཟག་དེ་ནང་བའི་གྲུབ་སྨྲ་བའི་མཚན་ཉིད། ཅེས་དང༌། གྲུབ་མཐའི་རྣམ་བཞག་ལུང་རིགས་གཏེར་མཛོད་ལས། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་ནང་བ་སངས་རྒྱས་པ་དེ། ནང་བའི་གྲུབ་མཐའ་སྨྲ་བའི་མཚན་ཉིད།ཅེས་གསུངས་པའི་ཕྱིར། འདོད་ན། དེ་འདྲའི་གང་ཟག་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པ་ཡིན་པར་ཁས་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་འདོད་ལན་ཐེབས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་དེ་ལ་འདོད་ལན་མི་ཐེབས་པར་ཐལ། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་དེ་ཁྱོད་ལ་ལན་གྱིས་བཟློག་པར་མི་ནུས་པའི་ཐལ་འགྱུར་ཡིན་པའི་ཕྱིར། དེར་ཐལ། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱར་དེ་ཁྱོད་ལ་ཐལ་འགྱུར་ཡང་དག་དུ་སོང་བའི་ཕྱིར། ཁྱབ་སྟེ། ཐལ་འགྱུར་ཡང་དག་དང་ཐལ་འགྱུར་ལྟར་སྣང་གཉིས་ཀྱི་ཁྱད་པར་དེ་ཐལ་འགྱུར་གང་ཞིག་ལ་ལན་གྱི་བཟློག་པར་ནུས་མི་ནུས་ཀྱི་སྒོ་ནས་འཇོག་དགོས་པའི་ཕྱིར་ཏེ། གོང་དུ་གཏན་ཚིགས་དོན་བསྡུས་ལས་དེ་གཉིས་ཀྱི་མཚན་ཉིད་གསུངས་པ་ལྟར་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ།། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། དབྱེ་ན་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་དང༌། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གཉིས། ཞེས་གསུངས་པ་ལ། གྲང་རེག་སྟོབས་ཆེན་གྱི་ཁྱབ་པར་གནོན་པའི་ཤར་ཕྱོགས་ཀྱི་གཞིར་ཆོས་ཅན། གྲང་རེག་མེད་པར་ཐལ། མེ་ཡོད་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཐལ་འགྱུར་ཡང་དག་ཡིན་པར་ཐལ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཁྱབ་པ་ཁས།རྟགས་གྲུབ་སྟེ། རང་བཞིན་འགལ་དམིགས་ཀྱི་ཐལ་འགྱུར་ཡིན་པའི་ཕྱིར། དེར་ཐལ། དེའི་མཚན་གཞི་ཡིན་པའི་ཕྱིར་ཏེ། གཏན་ཚིགས་དོན་བསྡུས་ལས། དབྱེ་ན་དང་པོ་ལ། མེ་དང་ཙན་དན་མེ་དང་ནི། །དུ་བ་ལྟོས་བཅས་རྣམ་བཞི་ཡི། །གྲང་རེག་བ་མོ་སྤུ་ལུང་དང༌། །ངེས་པ་འགོག་ན་རིམ་པ་བཞིན། །རང་བཞིན་འགལ་བ་དམིགས་པ་དང༌། །ཞེས་དང༌། རྣམ་འགྲེལ་རང་འགྲེལ་ལས། ཚ་རེག་སྟོབས་ཆེན་རྒྱུན་ཆགས་ཆོས་ཅན། དེས་ཁྱབ་པར་ནོན་པའི་གཞིར་གྲང་རེག་སྟོབས་ཆེན་རྒྱུན་ཆགས་སུ་འབྱུང་བཞིན་པ་མེད་པར་སྒྲུབ་པའི་རང་བཞིན་འགལ་དམིགས་ཀྱི་རྟགས་ཡང་དག་ཡིན་ཏེ། ཞེས་དང༌། རྟགས་རིགས་ལེགས་བཤད་དྲི་མ་མེད་པའི་འོད་ལས། རང་བཞིན་འགལ་དམིགས་ནི། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་གཞིར་གྲང་རེག་རྒྱུན་ཆགས་པ་མེད་པར་སྒྲུབ་པ་ལ་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་དངོས་ཁྱབ་གྲུབ་པར་ཐལ། ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྤྱིར་ཆོས་ཅན། གྲང་རེག་མེད་པར་ཐལ། མེ་ཡོད་པའི་ཕྱིར་ཟེར་ན་དཔྱད་པར་བྱ།གོང་གི་ཐལ་འགྱུར་དེ་ལྟར་མི་འགོད་པར་གྲང་རེག་སྟོབས་ཆེན་གྱིས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་གཞིར་ཆོས་ཅན། གྲང་རེག་རྒྱུན་ཆགས་སུ་གནས་པ་མེད་པར་ཐལ། མེ་སྟོབས་ཆེན་པོའི་ཁྱབ་པར་ནོན་པའི་ཕྱིར། ཞེས་པའི་ཐལ་འགྱུར་དེ་བཀོད་དགོས་པ་ཡིན་ཞེ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཐལ་འགྱུར་ཡང་དག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་དང་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གང་རུང་ཡིན་པར་ཐལ། ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར།རྟགས་ཁས། འདོད་ན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ཟེར་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱིས་འཕང་བའི་རྟགས་སྦྱོར་ཡང་དག་ཡོད་པར་ཐལ། ཁྱོད་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། འདོད་ན། ཞོག གྲང་རེག་སྟོབས་ཆེན་གྱིས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་གཞིར་ཆོས་ཅན། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་མ་ཡིན་ཏེ། གྲང་རེག་རྒྱུན་ཆགས་སུ་གནས་པའི་ཕྱིར། ཞེས་པའི་སྦྱོར་བ་དེ་ཆོས་ཅན་ཟེར་ན། དེ་འདྲའི་སྦྱོར་བ་ཆོས་ཅན། ཁྱོད་ཀྱི་སྒྲུབ་བྱ་གྲུབ་པར་ཐལ། ཁྱོད་རྟགས་སྦྱོར་ཡང་དག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། གྲང་རེག་སྟོབས་ཆེན་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་གཞིར་ཆོས་ཅན། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གྲང་རེག་སྟོབས་ཆེན་གྱིས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་གཞིར་ཆོས་ཅན། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པ་མེད་པར་ཐལ། འདོད་ན། གྲང་རེག་སྟོབས་ཆེན་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་གཞིར་ཆོས་ཅན། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པ་ཡོད་པར་ཐལ། ཁྱབ་བྱ་གང་ལ་ཁྱབ་པས་མེ་སྟོབས་ཆེན་པོ་ཐམས་ཅད་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། མེ་ཐམས་ཅད་ཡོད་པའི་ཕྱིར། དེར་ཐལ། ཆོས་ཐམས་ཅད་ཡོད་པའི་ཕྱིར། དེར་ཐལ། ཆོས་ཐམས་ཅད་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། དེར་ཐལ། ཆོས་ཐམས་ཅད་ཅིག་ཆར་དུ་རྟོགས་པའི་མཐར་ཐུག་གི་མཁྱེན་པ་ཡོད་པའི་ཕྱིར། དེར་ཐལ། རྣམ་མཁྱེན་ཡོད་པའི་ཕྱིར། མ་ཁྱབ་ན་ཁྱབ་བ་ཡོད་པར་ཐལ། དེ་རྣམ་མཁྱེན་གྱི་མཚན་ཉིད་ཡིན་པའི་ཕྱིར་ཏེ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཆོས་ཐམས་ཅད་ཅིག་ཆར་དུ་རྟོགས་པའི་མཐར་ཐུག་གི་མཁྱེན་པ་དེ་རྣམ་མཁྱེན་གྱི་མཚན་ཉིད། ཅེས་དང༌། བདེན་གཉིས་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང༌། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་དང༌། ཕར་ཕྱིན་མཐའ་དཔྱོད་ལས། ཇི་ལྟ་ཇི་སྙེད་མ་ལུས་པ་མཁྱེན་པའི་མཐར་ཐུག་གི་ཡེ་ཤེས་དེ་རྣམ་མཁྱེན་གྱི་མཚན་ཉིད། ཅེས་དང༌། ཉ་ཊཱིཀ་ལས། དང་པོ་ནི། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་མཐར་ཐུག་གམ་ཆོས་ཐམས་ཅད་བདེན་པའི་སྐྱེ་མེད་དུ་རྟོགས་ཤིང་དོན་གཉིས་མཐར་ཐུག་པ་སྟེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །གཞན་ཡང༌། གྲང་རེག་སྟོབས་ཆེན་གྱིས་ཁྱབ་པར་གནོན་པའི་གཞིར་ཆོས་ཅན། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པ་ཡོད་པར་ཐལ། མེ་སྟོབས་ཆེན་པོས་བ་པར་གནོན་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། གྲང་རེག་སྟོབས་ཆེན་གྱིས་ཁྱབ་པར་གནོན་པའི་གཞིར་མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པའི་ཤར་ཕྱོགས་ཀྱི་གཞིར་གྲང་རེག་རྒྱུན་ཆགས་སུ་གནས་པ་ཡོད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པའི་ཤར་ཕྱོགས་ཀྱི་གཞིར་ཆོས་ཅན། གྲང་རེག་རྒྱུན་ཆགས་སུ་གནས་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། དེ་འདྲའི་ཚད་མ་དེ་གྲང་དམྱལ་བའི་རྒྱུད་ལ་ཡོད་པའི་ཕྱིར། དེར་ཐལ། གྲང་རེག་རྒྱུན་ཆགས་སུ་གནས་པ་ཡོད་པར་སྣང་བའི་གྲང་དམྱལ་བའི་བློ་ཡིན་པའི་ཚད་མ་ཡོད་པའི་ཕྱིར། ཕྱི་མ་མ་གྲུབ་ཟེར་ན། འོ་ན། རླན་གཤེར་ཕོར་བ་གང་དེ་ཡིད་དྭགས་ལ་སྣ་ཁྲག་ཏུ་སྣང་བའི་བློ་དེ་ཚད་མ་མ་ཡིན་པར་ཐལ། དེ་གཉིས་མཚུངས་པའི་ཕྱིར། འདོད་ན། རླན་གཤེར་ཕོར་བ་གང་དེ་ལྷ་ལ་བདུད་རྩི་དང་མི་ལ་ཆུ་དང་ཡིད་དྭགས་ལ་སྣ་ཁྲག་ཏུ་སྣང་བའི་རྒྱུ་མཚན་གྱིས་ཕྱི་དོན་དུ་མ་གྲུབ་པར་སྣང་བ་སེམས་ཀྱི་བདག་ཉིད་དུ་གྲུབ་པར་སྒྲུབ་མི་ཐུབ་པར་ཐལ། དེ་དག་སྣང་བའི་བློ་དེ་དང་དེ་ལོག་ཤེས་ཡིན་པ་གང་ཞིག ལོག་ཤེས་ཞིག་གིས་དེ་སྒྲུབ་མི་ཐུབ་པའི་ཕྱིར། འདོད་མི་ནུས་ཏེ། ཐེག་བསྡུས་ལས། ཡི་དྭགས་དུད་འགྲོ་མི་རྣམ་དང༌། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིན་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་དང༌།ཐེག་མཆོག་དབུ་མ་ལས། ཅི་ཙམ་སྣང་བ་གསལ་བའི་སེམས་ཡིན་ཏེ། །ཞེས་དང༌། ཐེག་མཆོག་ཟིན་བྲིས་ལས། སྣང་བ་སེམས་སུ་སྒྲུབ་པ་ལ་བརྟེན་ནས་ཕྱི་དོན་འགོག་པ་དང༌། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ།། ཡང་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན་ཐལ་འགྱུར་ཡང་དག་ཡིན་པའི་ཁྱབ་ན། རྣམ་མཁྱེན་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཐལ་འགྱུར་ཡང་དག་ཡིན་པར་ཐལ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པར་ཐལ། རང་གི་ཆོས་ལོག་དེ་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རང་གི་རྟགས་ལོག་བསྒྲུབ་པ་ལ་ཚུལ་གསུམ་འཕེན་པའི་ཐལ་འགྱུར་རྣམ་དག་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། རང་ཉིད་འགོད་ཡུལ་གྱི་ཕྱི་རྒོལ་ཡང་དག་ལ་རྟགས་དང་ཁྱབ་པ་ཁས་བླང་གིས་གྲུབ་པར་ཐལ། ཁྱོད་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ལ། །ཆོས་ཅན་ལྡོག་ཁྱབ་ཚད་མས་གྲུབ། ། བསལ་བ་ཚད་བསལ་རྟགས་ཁས་བླངས། །དགོས་ཀྱི་གཞན་ལ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ཟེར་ན། དེ་འདྲའི་ཐལ་འགྱུར་འགོད་ཡུལ་ཀྱི་ཕྱི་རྒོལ་ཡང་དག་ཆོས་ཅན། ཁྱོད་ཀྱིས་རྣམ་མཁྱེན་རྟག་པ་ཡིན་པ་ཁས་ལེན་པར་ཐལ། དེ་འདྲའི་ཐལ་འགྱུར་དེ་ཁྱོད་ལ་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་འདྲའི་ཐལ་འགྱུར་འགོད་ཡུལ་གྱི་ཕྱི་རྒོལ་ཡང་དག་ཆོས་ཅན། ཁྱོད་ཀྱིས་རྣམ་མཁྱེན་རྟག་པར་ཁས་མི་ལེན་པར་ཐལ། ཁྱོད་ཀྱི་རྒྱུ་ལ་རྣམ་མཁྱེན་རྟག་པར་འཛིན་པའི་རྟག་འཛིན་ཀུན་བཏགས་མེད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་རྒྱུ་ལ་རྣམ་མཁྱེན་རྟག་པར་འཛིན་པའི་རྟག་འཛིན་ཀུན་བཏགས་མེད་པར་ཐལ། ཁྱོད་ཀྱི་ངོར་ལ་རྟག་འཛིན་ཀུན་བཏགས་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་ཀྱི་རྒྱུད་ལ་བྱས་ན་མི་རྟག་པའི་ཁྱབ་པར་ངེས་པའི་བློ་ཡོད་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། ཕྱི་རྒོལ་དེས་བྱས་ན་མི་རྟག་པས་ཁྱབ་པར་ངེས་པ་ལ་བྱས་པ་མི་རྟག་པར་ངེས་དགོས་པ་གང་ཞིག བྱས་པ་མི་རྟག་པར་ངེས་པ་ལ་ཕྱི་རྒོལ་དེ་དང་དེའི་རྒྱུད་ལ་རྟག་འཛིན་ཀུན་བཏགས་མངོན་གྱུར་པ་མེད་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཕྱི་རྒོལ་དེ་དང་དེས་དུ་བ་རྒྱུ་མེ་ལས་སྐྱེས་པར་ངེས་པ་ལ་ཕྱི་རྒོལ་དེ་དང་དེའི་རྒྱུད་ལ་མི་མཐུན་པ་རྒྱུར་འཛིན་པའི་ལོག་རྟོག་དེ་མེད་དགོས་པ་གང་ཞིག མཚུངས་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་ཕྲུག་གསུམ་བསྟན་པའི་དགོས་པ་དེ་མི་མཐུན་པར་རྒྱུར་འཛིན་པའི་ལོག་རྟོག་དང་རྒྱུ་མེད་ལས་སྐྱེ་བར་འཛིན་པའི་ལོག་རྟོག་ཁེག་པའི་ཆེད་དུ་ཡིན་པའི་ཕྱིར་ཏེ། རྟགས་རིགས་ལེགས་བཤད་དྲི་མ་མེད་པའི་འོད་ལས། དེ་ངེས་བྱེད་ཀྱི་ཚད་མ་གཏན་ལ་ཕབ་པའི་དགོས་པ་ཡོད་དེ། ནས། རྒྱང་འཕེན་གྱིས་རྒྱུ་མེད་ལས་འབྱུང་བར་འདོད་པའི་ལོག་རྟོག་དང༌། ཞེས་པ་ནས། རྒྱ་བྱིན་གྱི་སྤྱི་བོར་ཡང་དུ་བ་ཡོད་པར་འདོད་པའི་མི་མཐུན་པ་རྒྱུར་འཛིན་པའི་ལོག་རྟོག་དུ་མ་བཟློག་པའི་ཆེད་ཡིན་པའི་ཕྱིར། ཞེས་དང༌། ཚད་ཆེན་དཀའ་འགྲེལ་ལས། གཞན་དག་གིས་མི་མཐུན་པའི་རྒྱུ་དང་ཚད་མ་འགལ་བའི་དངོས་པོ་ལ་བརྟེན་པར་འདོད་དེ། དེ་བས་ན་དེ་བསལ་བའི་སྒོ་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟ་བ་བཞིན་དུ་གསུངས་སོ། །ཞེས་དང༌། རྣམ་འགྲེལ་ལས། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའང་མེད་པར་འགྱུར། །དངོས་པོ་རྣམ་ནི་རེས་འགའ་ཞིག །འབྱུང་བ་བལྟོས་པ་ལས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དགོས་སོ། །གོང་དུ་ཚད་མ་ཕྲུགས་གསུམ་བསྟན་པའི་དགོས་པ་དེ་མི་མཐུན་པར་རྒྱུར་འཛིན་པའི་ལོག་རྟོག་ཁེག་པའི་ཆེད་ཡིན་ཟེར་ན། མེ་དུ་གཉིས་རྒྱུ་འབྲས་སུ་ངེས་པའི་མདོ་སྡེ་བ་ཆོས་ཅན། ཁྱོད་ཀྱིས་དུ་བ་མི་མཐུན་པའི་རྒྱུ་ལས་སྐྱེ་བར་འཛིན་པའི་འཛིན་པ་ཁེག་པར་ཐལ། ཁྱོད་ཀྱིས་མེ་དུ་གཉིས་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་ཕྲུགས་གསུམ་བཤད་པའི་དགོས་པ་དེ་གྲུབ་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། ཁྱོད་ཀྱི་རྒྱུད་ལ་དུ་བ་མི་མཐུན་པའི་རྒྱུ་ལས་སྐྱེ་བར་འཛིན་པའི་འཛིན་པ་ཡོད་པའི་ཕྱིར། དེར་ཐལ། དུ་བ་བདེན་གྲུབ་ཀྱི་མེ་ལས་སྐྱེ་བར་འཛིན་པའི་འཛིན་པ་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེས་བདེན་གྱི་མེ་ཁས་ལེན་པའི་ཕྱིར། གོང་དུ་མ་ཁྱབ་ན། བདེན་གྲུབ་ཀྱི་མེ་ཆོསཅན། གང་ཟག་དེའི་རྒྱུད་ལ་དུ་བ་ཁྱོད་ལས་སྐྱེ་བར་འཛིན་པའི་འཛིན་པ་ཡོད་ན་གང་ཟག་དེའི་རྒྱུད་ལ་དུ་བ་མི་མཐུན་པའི་རྒྱུ་ལས་སྐྱེ་བར་འཛིན་པའི་འཛིན་པ་ཡོད་དགོས་པར་ཐལ། ཁྱོད་དུ་བ་དང་མི་མཐུན་པ་ཡིན་ཕྱིར། མ་ཁྱབ་ན། རྒྱ་བྱིན་གྱི་སྤྱི་བོ་སོགས་རྩོད་གཞིར་བཟུང་བའི་སྒོ་ནས་དཔྱད། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། བཞི་པ་རང་བཞིན་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་ཡོད་དེ། བུམ་པ་ཆོས་ཅན། འཇིག་ངེས་མ་ཡིན་པར་ཐལ། རང་འཇིག་པ་རྒྱུ་དོན་གཞན་ལ་ལྟོས་པའི་ཕྱིར། ཞེས་པའི་ཐལ་འགྱུར་དེ་ཡིན་པའི་ཕྱིར། ཞེས་གསུངས་པ་ལ། བུམ་པ་ཆོས་ཅན། འཇིག་ངེས་མ་ཡིན་པར་ཐལ། རང་འཇིག་པ་རྒྱུ་དོན་གཞན་ལ་ལྟོས་པའི་ཕྱིར། ཞེས་པའི་ཐལ་འགྱུར་དེ་ཆོས་ཅན། རང་བཞིན་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་དགག་བྱས་ཆོས་ཀྱི་རང་བཞིན་འཇིག་ངེས་དེ་དང་འགལ་བ་འཇིག་ངེས་མ་ཡིན་པ་དེའི་ཁྱབ་བྱ་རང་འཇིག་པ་རྒྱུ་དོན་གཞན་ལ་ལྟོས་པ་དེ་འཇོག་དགོས་པར་ཐལ། ཁྱོད་རང་བཞིན་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། རང་འཇིག་པ་རྒྱུ་དོན་གཞན་ལ་ལྟོས་པ་ཆོས་ཅན། ཁྱོད་འཇིག་ངེས་མ་ཡིན་པ་དང་ཐ་དད་འཇིག་ངེས་མ་ཡིན་པ་མེད་ན་ཁྱོད་མེད་དགོས་པར་ཐལ། ཁྱོད་འཇིག་ངེས་མ་ཡིན་པའི་ཁྱབ་བྱ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཁྱཽད་ཆོས་དེ་དང་ཕན་ཚུན་ཐ་དད་ཆོས་དེ་མེད་ན་ཁྱོད་མེད་དགོས་པ་དེ་ཁྱོད་ཆོས་དེའི་ཁྱབ་བྱའི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། གྲུབ་མཐའ་བློ་གྲོས་མིག་འབྱེད་ལས། ཁྱོད་ཆོས་དེ་དང་ཕན་ཚུན་ཐ་དད་ཆོས་དེ་མེད་ན་ཁྱོད་མེད་དགོས་པ་དེ་ཁྱོད་ཆོས་དེའི་ཁྱབ་བྱའི་མཚན་ཉིད། ཅེས་གསུངས་པའི་ཕྱིར་རོ། །གོང་གི་མ་ཁྱབ་མཚམས་ལ་འདོད་ཟེར་ན། རང་འཇིག་པ་རྒྱུ་དོན་གཞན་ལ་ལྟོས་པ་ཆོས་ཅན། ཁྱོད་འཇིག་ངེས་མ་ཡིན་པ་དང་སོ་སོ་བའི་ཆོས་ཡིན་པར་ཐལ། ཁྱོད་འཇིག་ངེས་མ་ཡིན་པ་དང་ཐ་དད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། རང་འཇིག་པ་རྒྱུ་དོན་གཞན་ལ་ལྟོས་པ་ཆོས་ཅན། ཁྱོད་ཡོད་པ་ཡིན་པར་ཐལ། ཁྱོད་འཇིག་ངེས་མ་ཡིན་པ་དང་སོ་སོ་བའི་ཆོས་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་མེད་པར་ཐལ། རྟག་པ་ཡིན་ན་ཁྱོད་མ་ཡིན་པའི་ཁྱབ་པ་གང་ཞིག འདུས་བྱས་ཡིན་ན་ཁྱོད་མ་ཡིན་པས་ཁྱབ་གཞན་ཁྱོད་ཡོད་ཚུལ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། འདུས་བྱས་ཡིན་ན་རང་ཉིད་གྲུབ་ཙམ་ནས་འཇིག་པ་རང་ཆས་སུ་འབྲེལ་བ་ཡིན་པའི་ཁྱབ་པའི་ཕྱིར།དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། འདུས་བྱས་རྣམས་ཆོས་ཅན། འཇིག་རྒྱུ་གཞན་ལ་ལྟོས་པ་ཅན་མ་ཡིན་ཏེ། འདུས་བྱས་ཀྱི་ཆོས་གང་ཡིན་ཡང་རང་ཉིད་ཡོད་ཙམ་ནས་འཇིག་པ་རང་ཆས་སུ་འབྲེལ་བའི་ཕྱིར། ཅེས་དང༌། བླང་དོར་རབ་གསལ་ལས། སྤྱིར་ཡང་འདུས་བྱས་ཐམས་ཅད་སྐྱེས་ཙམ་ནས། །རང་གི་ངོ་བོ་སྐད་ཅིག་འཇིག་པ་སྟེ། །འཇིག་རྒྱུ་གཞན་ལ་ལྟོས་པ་མེད་པའི་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་རང་འཇིག་པ་རྒྱུ་དོན་གཞན་ལ་ལྟོས་པ་མེད་པར་ཁས་ལེན་ན། དེ་ཡོད་པར་ཐལ། ལྟོས་བཅས་ཡོད་པའི་ཕྱིར། དེར་ཐལ། ལྟོས་བཅས་དང་འཇིག་ངེས་གཉིས་ཀ་ཡོད་པའི་ཕྱིར། དེར་ཐལ། དེ་གཉིས་འགལ་བ་ཡིན་པའི་ཕྱིར་ཏེ། ཕན་ཚུན་སྤང་འགལ་གྱི་རྒྱུད་འགལ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། མཚན་གཞི་ནི། དངོས་པོ་དང་རྟག་པ་གཉིས་དང༌། འཇིག་ངེས་དང་ལྟོས་བཅས་གཉིས་དང༌། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། ། གཞན་ཡང་མེ་དང་ཙནྡ་མེ་དང་ནི། །དུ་བ་ལྟོས་བཅས་རྣམ་བཞི་ཡིན། །ཞེས་པའི་ལྟོས་བཅས་ཡིན་མིན་དེ་རང་འཇིག་པ་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་ལྟོས་པ་ལ་བྱེད་དགོས་པར་ཐལ། གོང་དུ་བསྡུས་གྲྭའི་ལུང་བཀོད་་པ་དེའི་ཕྱིར། འདོད་ན། དེ་མི་རིགས་པར་ཐལ། ལྟོས་བཅས་ཡིན་མིན་དེ་རང་གི་འབྲས་བུ་བསྐྱེད་པ་ལ་རྒྱུ་དོན་གཞན་ལ་ལྟོས་དགོས་པ་ལ་བྱེད་དགོས་པ་ཡིན་པའི་ཕྱིར། དེར་ཐལ། ལྟོས་པས་ངེས་པ་འགོག་པའི་སྦྱོར་བ་འགོད་པའི་སྐབས་སུ་རང་གི་འབྲས་བུ་བསྐྱེད་པའི་རྒྱུ་དོན་གཞན་ལ་ལྟོས་པ་ལ་སྦྱར་བའི་རྒྱུ་མཚན་ཡོད་པའི་ཕྱིར་ཏེ། གཏན་ཚིགས་དོན་བསྡུས་ལས། མྱུ་གུའི་བརྒྱུད་རྒྱུ་ཚོགས་པ་གྲངས་ཚང་ཆོས་ཅན། མྱུ་གུ་བསྐྱེད་ངེས་མ་ཡིན་ཏེ། མྱུ་གུ་བསྐྱེད་པ་རང་ལས་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་བཅས་ཡིན་པས་སོ། །ཞེས་པ་ལྟ་བུ་ལྟོས་པས་ངེས་པ་འགོག་པ་དང༌། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། སྒྲ་རྩོད་གཞི། མི་རྟག་པ་གསལ་བ། བྱས་པ་རྟགས་སུ་བཀོད་ཀྱང་དེ་ལྟར་བཀོད་པའི་ཐལ་འགྱུར་མ་ཡིན་པའི་ཕྱིར། ཞེས་གསུངས་པ་ལ། ཐལ་འགྱུར་ཆོས་ཅན། སྒྲ་རྩོད་གཞི། མི་རྟག་པ་གསལ་བ། བྱས་པ་རྟགས་སུ་བཀོད་པའི་ཐལ་འགྱུར་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། བྱས་པ་རྟགས་སུ་བཀོད་པའི་ཐལ་འགྱུར་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། བྱས་པ་རྟགས་སུ་སོང་བའི་ཐལ་འགྱུར་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བྱས་པ་རྟགས་སུ་སོང་བའི་ཐལ་འགྱུར་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བྱས་པ་རྟགས་སུ་སོང་བ་གང་ཞིག ཐལ་འགྱུར་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། བྱས་པ་རྟགས་སུ་སོང་པར་ཐལ། བྱས་པ་རྟགས་སུ་བཀོད་པའི་ཕྱིར། མ་གྲུབ་ན། བྱས་པ་རྟགས་སུ་བཀོད་པར་ཐལ། བྱས་པ་རྟགས་ཡིན་པའི་ཕྱིར་རོ། །རྟགས་གཉིས་པ་སླ། གོང་དུ་མ་གྲུབ་མཚམས་ན་ཁྱབ་སྟེ། བྱས་པ་རྟགས་སུ་སོང་བའི་ཐལ་འགྱུར་ཡིན་ཚུལ་དེ། བྱས་པ་རྟགས་སུ་སོང་བ་ཡང་ཡིན་ཐལ་འགྱུར་ཡང་ཡིན་པའི་གཞི་མཐུན་པ་ལ་ཁས་ལེན་འགྲོ་དགོས་པ་ཡིན་པའི་ཕྱིར། དེར་ཐལ། བྱས་པ་རྟགས་སུ་སོང་བའི་ཡོད་པ་ཡིན་ཞེས་པའི་ཁས་ལེན་དེ། བྱས་པ་རྟགས་སུ་སོང་བ་ཡང་ཡིན་ཡོད་པ་ཡང་ཡིན་པའི་གཞི་མཐུན་པ་ལ་ཁས་ལེན་འགྲོ་དགོས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། བྱས་པ་བདག་མེད་པའི་ཡོད་པ་ཡིན་ཞེས་པའི་ཁས་ལེན་དེ། བྱས་པ་བདག་མེད་པ་ཡང་ཡིན་ཡོད་པ་ཡང་ཡིན་པའི་གཞི་མཐུན་པ་ལ་ཁས་ལེན་འགྲོ་དགོས་པ་ཡིན་པའི་ཕྱིར། དེར་ཐལ། བྱས་པ་བདག་མེད་པའི་ཡོད་པ་ཡིན་ཞེས་པའི་ཁས་ལེན་པའི་ཁས་ལེན་དེ་ངོས་འཛིན་གྱི་ཡོད་པའི་ཕྱིར་ཟེར་ན་དཔྱད་དགོས་སོ། །ཡང་བྱས་པ་རྟགས་སུ་སོང་བ་དང་ཐལ་འགྱུར་གཉིས་ཀ་ཡིན་ན་བྱས་པ་རྟགས་སུ་སོང་བའི་ཐལ་འགྱུར་ཡིན་པས་ཁྱབ་པར་ཐལ། ཤ་ཟ་བསྐལ་དོན་དུ་སོང་བ་དང་གང་ཟག་གཉིས་ཀ་ཡིན་ན་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བ་དང་གང་ཟག་གཉིས་ཀ་ཡིན་ན་མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་མ་རྟོགས་པ་དང་གང་ཟག་གཉིས་ཀ་ཡིན་ན་མདུན་གྱི་གཞི་འདིར་ཤ་ཟ་མ་རྟོགས་པའི་གང་ཟག་ཡིན་པའི་ཁྱབ་པའི་ཕྱིར། དེར་ཐལ། མདུན་གྱི་གཞི་འདིར་མིག་མེད་པ་དང་གང་ཟག་གཉིས་ཀ་ཡིན་ན་མདུན་གྱི་གཞི་འདིར་མིག་མེད་པའི་གང་ཟག་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། མདུན་གྱི་གཞི་འདིར་མིག་ལུང་བ་དང་གང་ཟག་གཉིས་ཀ་ཡིན་ན་མདུན་གྱི་གཞི་འདིར་མིག་ལུང་བའི་གང་ཟག་ཡིན་པས་ཁྱབ་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

ཉེར་བཞི་པ་རྒྱུ་འབྲས་ཆེ་བའི་སྐོར་ལ་དོགས་པ་འགོད་པ།

ཉེར་བཞི་པ་རྒྱུ་འབྲས་ཆེ་བའི་སྐོར་ལ་དོགས་པ་འགོད་པ་ལ།

རྒྱུ་ལ་དབྱེ་ན་རྣམ་པ་དྲུག་ཡོད་པར་ཐལ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དེ་ཡང་རྒྱུའི་དབྱེ་བ་རྣམ་པ་དྲུག་དུ་གསུངས་པ་ནི། ཞེས་དང༌། དེའི་རྩ་བར། རྒྱུ་དྲུག ཅེས་གསུངས་པའི་ཕྱིར། འདོད་ན། དེ་དྲུག་པོ་གང་རུང་ཡིན་ན་རྒྱུ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ལྷན་ཅིག་འབྱུང་བའི་རྒྱུ་སྐལ་མཉམ་གྱི་རྒྱུ་མཚུངས་ལྡན་གྱི་རྒྱུ། ཀུན་འགྲོའི་རྒྱུ། རྣམ་སྨིན་གྱི་རྒྱུ་ལྔ་པོ་གང་རུང་ཡིན་ན་རྒྱུ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། རྒྱུ་ལྔ་བོ་མཐའ་དག་ནི་རྒྱུའི་རྐྱེན་དུ་འགྱུར་བ་ནི་མ་ངེས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། ། རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཡིན་པར་ཐལ། འབྲས་བུ་རང་ཉིད་ལས་གཞན་པའི་ཆོས་ཡིན་ན་འབྲས་བུ་དེའི་བྱེད་རྒྱུ་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ཟེར་ན། འདུས་མ་བྱས་ཀྱི་ཆོས་རྣམས་ཆོས་ཅན། བུམ་པའི་བྱེད་རྒྱུ་ཡིན་པར་ཐལ། བུམ་པ་ལས་གཞན་པའི་ཆོས་ཡིན་པའི་ཕྱིར། འདོད་ན། འདུས་མ་བྱས་ཀྱི་ཆོས་རྣམས་ཆོས་ཅན། བུམ་པའི་རྒྱུ་ཡིན་པར་ཐལ། བུམ་པའི་བྱེད་རྒྱུ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། འདིར་ནི་བྱེད་པ་དང་བཅས་པའི་རྒྱུ་སྟེ། འབྲས་བུ་ལ་ཕན་འདོགས་པར་བྱེད་པས་རྒྱུའི་ངོ་བོ་ཉིད་དོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། བྱེད་རྒྱུ་ངོ་བོ་ཉིད་ཀྱི་རྒྱུ་ཡིན་ཏེ། །ཞེས་གསུངས་པའི་ཕྱིར། འདོད་ན། བུམ་པ་ལས་གཞན་པའི་ཆོས་ཡིན་ན་བུམ་པའི་བྱེད་རྒྱུ་ཡིན་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་ལས་གཞན་པའི་ཆོས་ཡིན་ན་བུམ་པའི་བྱེད་རྒྱུ་ཡིན་པས་ཁྱབ་པར་ཐལ། མཛོད་རྩ་བ་ལས། རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །ཞེས་གསུངས་པའི་ཕྱིར་ཟེ་ན། མ་ཁྱབ་སྟེ་ཆོས་མངོན་པ་མཛོད་ཀྱི་ལུགས་ཡིན་ཟེར་ན། འོ་ན་མཛོད་ལུགས་གཞིར་བཞགའདུས་མ་བྱས་ཀྱི་ཆོས་རྣམས་ཆོས་ཅན། བུམ་པའི་བྱེད་རྒྱུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། འདུས་མ་བྱས་ཀྱི་ཆོས་རྣམས་ཆོས་ཅན། འདུས་བྱས་ཡིན་པར་ཐལ། བུམ་པའི་བྱེད་རྒྱུ་ཡིན་པའི་ཕྱིར། ཁྱབ་སྟེ། འདུས་མ་བྱས་ལ་རྒྱུ་འབྲས་གང་ཡང་མི་སྲིད་པའི་ཕྱིར། མཛོད་ལས། འདུས་མ་བྱས་ལ་དེ་དག་མེད། །ཅེས་དང༌། རང་འགྲེལ་ལས། འདུས་བྱས་ཁོ་ན་ལ་རྒྱུ་དང་འབྲས་བུ་དག་ཡོད་ཀྱི། ཞེས་གསུངས་པའི་ཕྱིར། འདོད་ན། འདུས་མ་བྱས་ཡིན་ན་བྱེད་རྒྱུ་མ་ཡིན་པས་ཁྱབ་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་མི་རིགས་ཏེ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། བྱེ་སྨྲས་རྟག་པ་ཐམས་ཅད་རྫས་གྲུབ་ཡིན་པས་འབྲས་བུ་བསྐྱེད་པའི་ནུས་པ་ཡོད་ཕྱིར་ཤེས་བྱ་དང་བྱེད་རྒྱུ་དོན་གཅིག་ཏུ་འདོད་ཀྱང༌། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་ཟག་མེད་སྐད་ཅིག་དང་པོ་ལས་གཞན་པའི་འདུས་བྱས་ཡིན་ན་སྐལ་མཉམ་གྱི་རྒྱུ་ལས་སྐྱེས་པས་ཁྱབ་པར་ཐལ། འདོད་ན། སྒྲ་ཆོས་ཅན། {ལ་མཉམ་གྱི་རྒྱུ་ལས་སྐྱེས་བར་ཐལ། ཟག་མེད་སྐད་ཅིག་དང་པོ་ལས་གཞན་པའི་འདུས་བྱས་ཡིན་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། ཁྱོད་ལ་རིགས་འདྲའི་རྒྱུན་ཡོད་པར་ཐལ། ཁྱོད་ཀྱི་སྐལ་མཉམ་གྱི་རྒྱུ་དེ་ཁྱོད་ཀྱི་རིགས་འདྲའི་རྒྱུན་སྔ་མར་བཞག་དགོས་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། ཁྱོད་ལ་རིགས་འདྲའི་རྒྱུན་མེད་པར་ཐལ། ཁྱོད་ཟད་པར་གྱི་ཏིང་ངེ་འཛིན་གྱི་སྤྲུལ་གཞིར་མ་བཞག་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། མཛོད་འགྲེལ་མངོན་པའི་རྒྱན་ལས། སྒྲ་ལ་རྒྱུན་མེད་པས། ཟད་པར་དུ་མ་བཞག་གོ ། ཞེས་དང༌། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། སྒྲ་ལ་མིན་ཏེ་རྒྱུན་མེད་པས་སོ། །ཞེས་གསུངས་པའི་ཕྱིར། གོང་དུ་མ་ཁྱབ་མཚམས་ལ་རྟགས་མ་གྲུབ་ཟེར་ན། རྟགས་གྲུབ་པར་ཐལ། མཛོད་འགྲེལ་མངོན་པའི་རྒྱན་ལས། དེས་ན་ཟག་མེད་སྐད་ཅིག་དང་པོ་མིན་པ་ཀུན་ལ་འདི་ཡོད་དོ། ། ཞེས་གསུངས་པའི་ཕྱིར་རོ། །ལ་ལ་ན་རེ། སྒྲ་ལ་རང་གི་རིགས་འདྲའི་རྒྱུན་མེད་ཀྱང༌། དེ་སྐལ་མཉམ་གྱི་རྒྱུ་བཞག་ཏུ་ཡོད་དེ། སྒྲ་སྐྱེད་བྱེད་ཀྱི་འབྱུང་བཞི་དེ་ཡིན་ཟེར་ན། སྒྲ་སྐྱེད་བྱེད་ཀྱི་འབྱུང་བཞི་ཆོས་ཅན། ཁྱོད་རང་འབྲས་སྒྲ་དེའི་སྐལ་མཉམ་གྱི་རྒྱུ་མ་ཡིན་པར་ཐལ། ཁྱོད་དང་རང་འབྲས་སྒྲ་གཉིས་སྐལ་བ་མཉམ་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་མ་ཡིན་པར་ཐལ། མཛོད་འགྲེལ་མངོན་པའི་རྒྱན་ལས། འབྱུང་བ་རྣམས་ཀྱིས་ནི་འབྱུང་བ་ལས་གྱུར་པའི་བྱེད་རྒྱུ་བྱེད་ཀྱི་གཞན་ནི་མ་ཡིན་ཏེ་སྐལ་བ་མི་མཉམ་པའི་ཕྱིར་དང༌། ཞེས་གསུངས་པའི་ཕྱིར་རོ། །ཟག་མེད་སྐད་ཅིག་དང་པོ་ལས་གཞན་པའི་འདུས་བྱས་ཡིན་ན་ཁྱོད་ཀྱི་སྐལ་མཉམ་གྱི་རྒྱུ་ཡོད་པས་ཁྱབ་པར་ཐལ།འདོད་ན། དངོས་ཀྱི་སྐྱེ་བ་སྔ་མ་རྟ་ཡིན་པའི་མངལ་དུ་ཉིང་མཚམས་སྦྱར་མ་ཐག་པའི་བ་ལང་ཆོས་ཅན། ཁྱོད་ཀྱི་སྐལ་མཉམ་གྱི་རྒྱུ་ཡོད་པར་ཐལ། ཟག་མེད་སྐད་ཅིག་དང་པོ་ལས་གཞན་པའི་འདུས་བྱས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དངོས་ཀྱི་སྐྱེ་བ་སྔ་མ་རྟ་ཡིན་པའི་མངལ་དུ་ཉིང་མཚམས་སྦྱར་མ་ཐག་པའི་བ་ལང་ཆོས་ཅན།ཁྱོད་ཀྱི་སྐལ་མཉམ་གྱི་རྒྱུ་མེད་པར་ཐལ། ཁྱོད་ཀྱི་དངོས་ཀྱི་སྐྱེ་བ་སྔ་མ་རྟ་དེ་མི་འཇོག་པ་གང་ཞིག དེ་ལས་གཞན་མི་འཇོག་པའི་ཕྱིར། རྟགས་དང་པོ་མ་གྲུབ་ཟེར་ན། དངོས་ཀྱི་སྐྱེ་བ་སྔ་མ་རྟ་ཡིན་པའི་མངལ་དུ་ཉིང་མཚམས་སྦྱར་མ་ཐག་པའི་བ་ལང་ཆོས་ཅན། ཁྱོད་ཀྱི་དངོས་ཀྱི་སྐྱེ་བ་སྔ་མའི་རྟ་དེ། ཁྱོད་དང་འདྲ་བ་ཡིན་པར་ཐལ། དེ་ཁྱོད་ཀྱི་སྐལ་མཉམ་གྱི་རྒྱུ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། {ལ་མཉམ་གྱི་རྒྱུ་ཡིན་ན་འདྲ་བ་ཡིན་དགོས་པའི་ཕྱིར། དེར་ཐལ། མཛོད་ལས། {ལ་མཉམ་རྒྱུ་ནི་འདྲ་བའོ། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ཟེར་ན། དངོས་ཀྱི་སྐྱེ་བ་སྔ་མ་རྟ་ཡིན་པའི་མངལ་དུ་ཉིང་མཚམས་སྦྱར་མ་ཐག་པའི་བ་ལང་ཆོས་ཅན། ཁྱོད་ཀྱི་དངོས་ཀྱི་སྐྱེ་བ་སྔ་མའི་རྟ་དེ་ཁྱོད་དང་འདྲ་བ་མ་ཡིན་པར་ཐལ། དེ་ཁྱོད་དང་རིགས་མི་འདྲ་བ་ཡིན་པའི་ཕྱིར། རྩ་རྟགས་གཉིས་པ་མ་གྲུབ་སྟེ། དངོས་ཀྱི་སྐྱེ་བ་སྔ་མ་རྟ་ཡིན་པའི་མངལ་དུ་ཉིང་མཚམས་སྦྱར་མ་ཐག་པའི་བ་ལང་གི་རྒྱུར་གྱུར་པའི་བ་ལང་དེ་འཇོག་ཟེར་ན། མངལ་དུ་ཉིང་མཚམས་སྦྱར་མ་ཐག་པའི་བ་ལང་ཆོས་ཅན། ཁྱོད་ཀྱི་དངོས་ཀྱི་སྐྱེ་བ་སྔ་མའི་རྟ་དེ། ཁྱོད་ཀྱི་སྐལ་མཉམ་གྱི་རྒྱུ་ལ་མི་འཇོག་པར་ཐལ། འདོད་པའི་ཕྱིར། འདོད་ན། དངོས་ཀྱི་སྐྱེ་བ་སྔ་མ་རྟ་ཡིན་པའི་མངལ་དུ་ཉིང་མཚམས་སྦྱར་མ་ཐག་པའི་བ་ལང་ཆོས་ཅན། ཁྱོད་ཀྱི་དངོས་ཀྱི་སྐྱེ་བ་སྔ་མའི་རྟ་དེ། ཁྱོད་ཀྱི་སྐལ་མཉམ་གྱི་རྒྱུ་ཡིན་པར་ཐལ། ཁྱོད་ཀྱི་དངོས་ཀྱི་སྐྱེ་བ་སྔ་མའི་རྟ་དེ། ཁྱོད་ཀྱི་རྒྱུ་ཡིན་པ་གང་ཞིག དེ་ཁྱོད་དང་ལུང་མ་བསྟན་ཡིན་པ་ལ་རིགས་འདྲ་བ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཡོད་པར་ཐལ། དགེ་བ་ཡིན་པ་ལ་ལྡོག་པ་རིགས་འདྲ་བ་དང༌། ཉོན་མོངས་ཅན་ཡིན་པ་ལ་ལྡོག་པ་རིགས་འདྲ་བ་དང༌། ལུང་མ་བསྟན་ཡིན་པ་ལ་ལྡོག་པ་རིགས་འདྲ་བ་ཅི་རིགས་ཞིག་ཚང་ན། {ལ་མཉམ་རྒྱུ་ནི་འདྲ་བའོ་ཞེས་པའི་འདྲ་ཚུལ་དེ་ཚང་བས་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་ཁྱབ་པར་ཐལ། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། དེ་ནི་སྐལ་མཉམ་གྱི་རྒྱུ་དང་འབྲས་བུ་གཉིས་དགེ་བ་ཡིན་པ་ལ་ལྡོག་པ་རིགས་འདྲ་བ་དང༌། ཉོན་མོངས་ཅན་དང་ལུང་མ་བསྟན་ཡིན་པ་ལ་འདྲ་བ་དགོས། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཡིན་པར་ཐལ། རྣམ་སྨིན་གྱི་རྒྱུ་ཡིན་ན་རང་འབྲས་རྣམ་སྨིན་འབྱིན་བྱེད་དུ་ལུང་དུ་བསྟན་པའི་ཆོས་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ཟེར་ན། འོ་ན་རྣམ་སྨིན་གྱི་རྒྱུ་ཡིན་ན། རང་འབྲས་རྣམ་སྨིན་འབྱིན་བྱེད་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། {ད་ཅིག་གཉིས་པ་ནས་གཉེན་པོས་བཅོམ་འགྱུར་གྱི་མི་དགེ་བ་ཆོས་ཅན། རང་འབྲས་རྣམ་སྨིན་འབྱིན་བྱེད་ཡིན་པར་ཐལ། རྣམ་སྨིན་གྱི་རྒྱུ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་འབྲས་རྣམ་སྨིན་ཡོད་པར་ཐལ། རང་འབྲས་རྣམ་སྨིན་འབྱིན་བྱེད་ཡིན་པའི་ཕྱིར། འདོད་ན། {ད་ཅིག་གཉིས་པ་ནས་གཉེན་པོས་བཅོམ་འགྱུར་གྱི་མི་དགེ་བ་ཆོས་ཅན། རང་འབྲས་རྣམ་སྨིན་མེད་པར་ཐལ། {ད་ཅིག་གཉིས་པ་ནས་གཉེན་པོས་བཅོམ་འགྱུར་ཡིན་པའི་ཕྱིར། གོང་དུ་མ་ཁྱབ་མཚམས་ལ་རྟགས་མ་གྲུབ་ཟེར་ན། རྣམ་སྨིན་གྱི་རྒྱུ་ཡིན་ན་རང་འབྲས་རྣམ་སྨིན་འབྱིན་བྱེད་དུ་ལུང་དུ་བསྟན་པའི་ཆོས་ཡིན་པས་ཁྱབ་པར་ཐལ། རང་འབྲས་རྣམ་སྨིན་འབྱིན་བྱེད་དུ་ལུང་དུ་བསྟན་པའི་ཆོས་དེ། རྣམ་སྨིན་གྱི་རྒྱུའི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རང་འབྲས་རྣམ་སྨིན་འབྱིན་བྱེད་དུ་ལུང་དུ་བསྟན་པའི་ཆོས་དེ། རྣམ་སྨིན་གྱི་རྒྱུའི་མཚན་ཉིད་ཡིན་པའི་ཕྱིར། ཞེས་དང༌། མཛོད་རྩ་ལས། རྣམ་སྨིན་ནི་རྒྱུ་མི་དགེ་དང༌། །དགེ་བ་ཟག་བཅས་རྣམས་ཁོ་ན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ་རྣམ་སྨིན་གྱི་རྒྱུ་ཡིན་ན་རང་འབྲས་རྣམ་སྨིན་འབྱེད་བྱེད་ཀྱི་ཆ་ནས་བཞག་པ་ཞིག་དགོས་ཞེས་པའི་དོན་ཡིན་ཟེར་ན། འོ་ན་སྐད་ཅིག་གཉིས་པ་ནས་གཉེན་པོས་བཅོམ་འགྱུར་གྱི་མི་དགེ་བ་ཆོས་ཅན། རང་འབྲས་རྣམ་སྨིན་འབྱེན་བྱེད་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་འབྲས་རྣམ་སྨིན་འབྱིན་བྱེད་མ་ཡིན་པའི་ཆ་ནས་བཞག་པ་ཡིན་པར་ཐལ། རང་འབྲས་རྣམ་སྨིན་འབྱིན་བྱེད་མ་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་དབང་ཤེས་ཡིན་ན་རྐྱེན་བཞི་ལས་སྐྱེས་པས་ཁྱབ་པར་ཐལ། འདོད་ན། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཆོས་ཅན། རྐྱེན་བཞི་ལས་སྐྱེས་པར་ཐལ། དབང་ཤེས་ཡིན་པའི་ཕྱིར། འདོད་ན། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཆོས་ཅན། དམིགས་རྐྱེན་ལས་སྐྱེས་པར་ཐལ། འདོད་པའི་ཕྱིར། འདོད་ན། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཆོས་ཅན། ཁྱོད་དམིགས་རྐྱེན་ལས་མ་སྐྱེས་པར་ཐལ། ཁྱོད་ཀྱི་དམིགས་རྐྱེན་མེད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་དམིགས་རྐྱེན་མེད་པར་ཐལ། ཁྱོད་རྟོག་མེད་ལོག་ཤེས་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། རིག་པ་གང་ཡིན་རྐྱེན་བཞི་ལས་སྐྱེ་བའི་ངེས་པ་ནི་མེད་དེ། དོན་དུ་ཤེས་པ་འཁྲུལ་པ་ལ་དམིགས་རྐྱེན་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཆོས་ཅན། ཁྱོད་ཀྱི་དམིགས་རྐྱེན་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་དམིགས་རྐྱེན་ཡོད་པར་ཐལ། ཁྱོད་ཡུལ་གྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཡོད་པའི་ཕྱིར། མ་ཁྱབ་ན་ཁྱབ་བར་ཐལ། ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། ཤེས་པ་ཡུལ་གྱི་རྣམ་ལྡན་དུ་བསྐྱེད་པ་དམིགས་པའི་རྐྱེན་དང༌། ཞེས་གསུངས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ལ་རྟགས་མ་གྲུབ་ཟེར་ན། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཆོས་ཅན། ཁྱོད་ཡུལ་གྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཡོད་པར་ཐལ། ཁྱོད་སྐྱེད་བྱེད་ཀྱི་ཤེས་པ་སྔ་མའི་སྟེང་གི་ནུས་པ་དེ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། གངས་རི་སྔོན་པོར་སྣང་བའི་དབང་ཤེས་དེ་ཡུལ་གྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཡིན་པར་ཐལ། ཁྱོད་གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པའི་ཕྱིར། མ་གྲུབ་ ན། དེ་ཡིན་པར་ཐལ། དམིགས་བརྟགས་ལས། ནུས་པ་འཇོག་ཕྱིར་རིམ་གྱིས་ཡིན། །ཞེས་དང༌། ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། སེམས་སེམས་བྱུང་རྐྱེན་བཞི་ལས་སྐྱེ་བ་ཡང་སྲིད་པའི་དབང་དུ་བྱས་ཀྱི་ཁྱབ་པའི་དོན་ནི་མ་ཡིན་ནོ་ཞེས་ཟེར་རོ། ཞེས་པ་ནས། རྐྱེན་བཞི་སྲིད་པའི་དོན་ཙམ་དུ་འདོད་པའང་མི་རིགས་ཏེ། སྡེ་བ་ཐམས་ཅད་ཀྱིས་ཀྱང་སེམས་སེམས་བྱུང་ཐམས་ཅད་རྐྱེན་བཞི་ལས་སྐྱེ་བར་བཤད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །དམིགས་རྐྱེན་ཡིན་ན་དེ་ཡི་རྒྱུ་གང་ཞིག དེ་ཡི་ཡུལ་ཡིན་པས་ཁྱབ་པར་ཐལ། ཁྱབ་པའི་ ཕྱིར། མ་གྲུབ་ན། དམིགས་རྐྱེན་ཡིན་ན་དེ་ཡི་རྒྱུ་གང་ཞིག དེ་ཡི་ཡུལ་ཡིན་པས་ཁྱབ་པར་ཐལ། དེ་ཡི་རྒྱུ་གང་ཞིག་དེ་ཡི་ཡུལ་ཡིན་པ་དེ། དམིགས་རྐྱེན་གྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། ཡང་རྐྱེན་ལ་དབྱེ་ན་བདག་རྐྱེན། དམིགས་རྐྱེན། དེ་མ་ཐག་རྐྱེན། རྒྱུའི་རྐྱེན་བཞིའམ། གསལ་བྱེད་ཀྱི་རྐྱེན་དང་ལྔའོ། །མཚན་ཉིད་རིམ་པ་ལྟར། བྱེད་རྒྱུའི་ཡན་ལག་གང་ཞིག བདག་འབྲས་རང་དབང་དུ་སྐྱེད་བྱེད་དང༌། དེ་ཡི་རྒྱུ་གང་ཞིག དེ་ཡི་ཡུལ་ཡིན་པ། ཞེས་དང༌། ཐེག་མཆོག་དབུ་མ་ལས། དམིགས་རྐྱེན་མཐོང་དང་དམིགས་པའི་ཡུལ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། སྔོན་འཛིན་མིག་ཤེས་སྐྱེད་བྱེད་ཀྱི་བག་ཆགས་ཆོས་ཅན།སྔོན་འཛིན་མིག་ཤེས་ཀྱི་རྒྱུ་གང་ཞིགསྔོན་འཛིན་མིག་ཤེས་ཀྱི་ཡུལ་ཡིན་པར་ཐལ། སྔོན་འཛིན་མིག་ཤེས་ཀྱི་དམིགས་རྐྱེན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན།སྔོན་འཛིན་མིག་ཤེས་ཀྱི་དམིགས་རྐྱེན་ཡིན་པར་ཐལ། སྔོན་འཛིན་མིག་ཤེས་ཡུལ་གྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། ཤེས་པ་ཡུལ་གྱི་རྣམ་ལྡན་དུ་སྐྱེད་པ་དམིགས་པའི་རྐྱེན་དང༌། ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། སྔོན་འཛིན་མིག་ཤེས་སྐྱེད་བྱེད་ཀྱི་བག་ཆགས་ཆོས་ཅན། སྔོན་འཛིན་མིག་ཤེས་ཀྱི་ཡུལ་ཡིན་པར་ཐལ། འདོད་ན། དེ་ཆོས་ཅན།སྔོན་འཛིན་མིག་ཤེས་ཀྱི་ཡུལ་མ་ཡིན་པར་ཐལ།སྔོན་འཛིན་མིག་ཤེས་ཀྱི་དམིགས་ཡུལ་མ་ཡིན་པ་གང་ཞིག འཛིན་སྟངས་ཀྱི་ཡུལ་མ་ཡིན་དེ་ལས་གཞན་མ་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། ། རྐྱེན་ཡིན་ན་བདག་རྐྱེན་དང། དམིགས་རྐྱེན། དེ་མ་ཐག་རྐྱེན། རྒྱུའི་རྐྱེན་བཞི་བོ་གང་རུང་ཡིན་པས་ཁྱབ་བར་ཐལ། ཁྱབ་པའི་ཕྱིར། འདོད་ན། རྐྱེན་ལ་བདག་རྐྱེན་དང༌། དམིགས་རྐྱེན་དང༌། དེ་མ་ཐག་རྐྱེན་དང་རྒྱུ་རྐྱེན་དང་བཞི་གྲངས་ངེས་པར་ཐལ། འདོད་པའི་ཕྱིར། འདོད་ན། རྐྱེན་ལ་གསལ་བྱེད་ཀྱི་རྐྱེན་ཞིག་མེད་པར་ཐལ། རྐྱེན་ལ་རྣམ་པ་བཞི་གྲངས་ངེས་པ་ཡིན་པའི་ཕྱིར། འདོད་ན། དེ་ཡོད་པར་ཐལ། གཏན་ཚིགས་དོན་བསྡུས་ལས། རྐྱེན་ལ་དབྱེ་ན་བདག་རྐྱེན། དམིགས་རྐྱེན། དེ་མ་ཐག་རྐྱེན། རྒྱུའི་རྐྱེན་བཞིའམ། གསལ་བྱེད་ཀྱི་རྐྱེན་དང་ལྔའོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། རྐྱེན་རྣམ་པ་བཞི་ལས་རྐྱེན་ལྔ་བ་ཞིག་མེད་པའི་ཕྱིར། མ་གྲུབ་ན། དེ་མེད་པར་ཐལ། རྩ་ཤེས་རབ་བྱེད་དང་པོ་ལས། རྐྱེན་རྣམ་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཞེས་དང༌། རྣམ་གྲངས་མདོ་སློབ་ལས། རྐྱེན་ལྔ་བ་ནི་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་རང་ལུགས་ལ་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་བྲལ་འབྲས་ཡིནཔར་ཁས་ལེན་པའི་ཕྱིར། མ་གྲུབ་ན། ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཅན། བྲལ་འབྲས་ཡིན་པར་ཐལ། འགོག་བདེན་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། འགོག་བདེན་ཡིན་ན་འདུས་མ་བྱས་གང་ཞིག རང་རྒྱུ་ལམ་བདེན་གྱི་བྲལ་འབྲས་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། འགོག་བདེན་ཡིན་ན་འདུས་མ་བྱས་གང་ཞིག རང་རྒྱུ་ལམ་བདེན་གྱི་བྲལ་འབྲས་ཡིན་པས་ཁྱབ་པར་ཐལ། འདུས་མ་བྱས་གང་ཞིག རང་རྒྱུ་ལམ་བདེན་གྱི་བྲལ་འབྲས་དེ་འགོག་བདེན་གྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། འགོག་བདེན་གྱི་མཚན་ཉིད། འདུས་མ་བྱས་གང་ཞིག རང་རྒྱུ་ལམ་བདེན་གྱི་བྲལ་འབྲས་ཡིན་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཅན། འདུས་མ་བྱས་གང་ཞིག རང་རྒྱུ་ལམ་བདེན་གྱི་བྲལ་འབྲས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཅན། བྲལ་འབྲས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཅན། གཉེན་པོ་ཤེས་རབ་ཀྱི་སྟོབས་ཀྱིས་རང་གི་སྤང་བྱ་ཟད་པའི་བྲལ་བ་ཡིན་པར་ཐལ། བྲལ་འབྲས་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། མཛོད་རྩ་བ་ལས། བྲལ་བ་བློ་ཡིས་ཟད་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཅན། གཉེན་པོ་བློ་ཤེས་རབ་ཀྱི་སྟོབས་ཀྱིས་རང་གི་སྤང་བྱ་ཟད་པའི་བྲལ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཅན། གཉེན་པོ་བློ་ཤེས་རབ་ཀྱི་སྟོབས་ཀྱིས་རང་གི་སྤང་བྱ་ཟད་པའི་བྲལ་བ་མ་ཡིན་པར་ཐལ། ཡེ་གདོད་མ་ནས་དྲི་མ་རྣམས་ཟད་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། གཟུངས་རྒྱལ་གྱིས་ཞུས་པའི་མདོ་ལས། ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། །}ོན་ནས་ཟད་པས་དེའི་ཕྱིར་ཟད་ཅེས་བྱ། །ཞེས་དང༌། རྒྱུད་བླ་མ་ལས། རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། ། ཞེས་གསུངས་པའི་ཕྱིར། འདོད་ན། ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཅན།བྲལ་འབྲས་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཅན། བྲལ་འབྲས་ཡིན་པར་ཐལ། སོ་སོར་བརྟགས་འགོག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། དེ་བཞིན་ཉིད་མ་འདུས་པར་བཤད་པ་ནི་བརྟགས་འགོག་བསྒོམས་པས་བྲལ་བའི་དབང་དུ་བྱས་ཀྱི་དོན་ལ་བརྟགས་འགོག་སྟེ། ཞེས་གསུངས་པའི་ཕྱིར། འདོད་ན། ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཅན། སོ་སོར་བརྟགས་འགོག་ཡིན་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཀུན་རྫོབ་བདེན་པ་ཡིན་པར་ཐལ། སོ་སོར་བརྟགས་འགོག་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཟབ་དོན་ཉེར་གཅིག་ལས། གཞན་བདེན་པ་གསུམ་དང་སོ་སོར་བརྟགས་འགོག་ལ་ཀུན་རྫོབ་ཀྱིས་ཁྱབ་པར་དོན་ལ་གནས་པས། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ།། །། སྨྲས་པ། ཚད་མ་སྡེ་བདུན་མདོ་དང་དབུ་མའི་གཞུང༌། །བྱམས་ཆོས་སྡེ་ལྔ་མངོན་པ་གོང་འོག་སོགས། །གཞུང་ཆེན་ལས་བྱུང་ལུང་རིགས་བྱེ་བའི་གཏེར། །ཕྱོགས་གཅིག་བསྡུས་པ་འདི་ལ་འབད་པར་རིགས། །ནང་བསྟན་རིག་གཞུང་རིགས་ལམ་ལ་བརྟེན་ནས། །གནས་ལུགས་འཚོལ་ཕྱིར་རིགས་ལམ་གལ་ཆེ་བས། །བློ་གསལ་དོན་གཉེར་ལྡན་པས་རྣམ་དཔྱོད་ཀྱི། །རྒྱན་དུ་ལོངས་ཤིག་སྐལ་ལྡན་ཚོགས་རྣམས་ཀྱེ། །མཁས་མང་འདུས་སྡེ་རྒྱ་མཚོའི་རིགས་པའི་ལམ། །ཆོས་གྲྭའི་རྩོད་པ་གོ་སླ་ནག་འགྲོས་སུ། །བཀོད་པའི་དགེ་འདིས་རྒྱལ་བསྟན་རིན་པོ་ཆེ། །མི་ནུབ་རྒྱལ་མཚན་ཡུན་ཏུ་གནས་པར་ཤོག །ཅེས་བློ་གསལ་རིག་པའི་སྒོ་འབྱེད་ཅེས་བྱ་བ་འདི་ཉིད་དགེ་བཤེས་དམ་པ་ངག་དབང་དངོས་གྲུབ་དཔལ་དཔལ་གང་གིས་བསྡུས་གྲྭ་འཆད་ཁྲིད་གནང་བ་གཞིར་བཞག་ནས་དེ་ལ་ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་གྱི་ལུང་ཅི་རིགས་ཀྱིས་ཁ་བསྐངས་ནས་བློ་གསར་བ་རྣམས་ཀྱིས་ཐོག་མའི་སྦྱང་གཞིར་གོ་སླ་བར་གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་ཀྱི་མཁན་པོ་དང་སྐྱོར་དཔོན་རྣམས་ཀྱིས་ཟིན་བྲིས་སུ་བཏབ་ལ། ཇོ་ནང་ཡང་དར་བསྟན་པའི་གསལ་བྱེད་དགེ་བཤེས་དངོས་གྲུབ་དཔལ་དང༌། མཁན་དཔལ་འབྱོར་ཚེ་རིང་དང༌། མཁན་འཕྲིན་ལས་རྒྱ་མཚོ་རྣམས་ཀྱིས་ཞུ་དག་རགས་ཙམ་བྱས་པའོ། །རགས་བཤད་ཀྱི་རྣམ་པ་ལས་ཚིག་དོན་གང་གི་ཆ་ནས་ཞིབ་ཕྲ་ཞིག་མ་ཡིན་ཡང་ལས་དང་པོ་ལ་ཕན་པ་གང་འཚམས་ཡོད་པར་སེམས་ནས་པར་བསྐྲུན་བྱས་པའོ། །འདིས་ཀྱང་རིགས་ལམ་དྲི་མ་མེད་པ་ལ་བརྟེན་ནས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་གསལ་བར་བྱེད་གྱུར་ཅིག སརྦ་མངྒ་ལཾ།


no previousབསྡུས་གྲྭའི་འཆད་ཁྲིད་ཟིན་བྲིས་སུ་བཏབ་པ་བློ་གསལ་རིགས་པའི་སྒོ་འབྱེད། next