Nitartha Digital Library
Tibetan
གསུང་འབུམ་པོད་བཅུ་བདུན་པ། བསྡུས་གྲྭ་དང་བློ་རིག་ཟིན་བྲིས།


  expand section
  collapse section
སློབ་གཉེར་བསླབ་བྱའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསློབ་གཉེར་བསླབ་བྱའི་ཟིན་བྲིས། no next

སློབ་གཉེར་བསླབ་བྱའི་ཟིན་བྲིས།

སློབ་གཉེར་བསླབ་བྱའི་ཟིན་བྲིས།

གུང་ཐང་སློབ་གཉེར་བསླབ་བྱའི་ཟིན་བྲིས་ལུགས་གཉིས་བླང་དོར་རྣམ་འབྱེད། འཆད་ཁྲིད་མཁན། བཤེས་གཉེན་རིན་པོ་ཆེ་ངག་དབང་དངོས་གྲུབ་དཔལ།ཟིན་བྲིས་པ། མཁན་འཕྲིན་ལས་རྒྱ་མཚོ། གུང་ཐང་སློབ་གཉེར་བསླབ་བྱའི་ཟིན་བྲིས་ལུགས་གཉིས་བླང་དོར་རྣམ་འབྱེད། འདུལ་བའི་བཅས་མཚམས་རྒྱལ་བའི་བཀའ་བཞིན་དུ། །ལེགས་པར་བསྲུངས་པའི་ཁྲིམས་གཙང་ཀུན་དཱའི་ཚལ། །ཉེས་ལྟུང་སད་སེར་ཕྲ་མོས་མ་གོས་པའི། །འདུལ་འཛིན་ཤཱ་རིའི་བུ་འདྲའི་བླ་མར་འདུད། །བཅོམ་ལྡན་འདས་དང་རྒྱན་དྲུག་མཆོག་གཉིས་སོགས། །སྔོན་བྱོན་དམ་པའི་ལེགས་བཤད་རྒྱ་མཚོ་ལ། །ཐོས་པའི་བློ་མིག་རབ་ཏུ་གསལ་བ་ཡི། །མང་ཐོས་ཀུན་དགའ་བོ་འདྲའི་བླ་མར་འདུད། །བྱིང་རྨུགས་འཕྲོ་རྒོད་སྐྱོན་གྱིས་མ་གོས་པར། །སྟོང་གཟུགས་ཕྱག་རྒྱ་ཆེན་མོ་རྩེ་གཅིག་ཏུ། །བསྒོམས་པའི་ཞི་ལྷག་དབྱེར་མེད་ཐོབ་པ་ཡི། །སྒོམ་ཆེན་མི་ལ་ལྟ་བུའི་བླ་མར་འདུད། །ཅེས་ཕྱག་འོས་དཔལ་ལྡན་བླ་མར་མཆོད་པར་བརྗོད་པའི་ཚིག་སྔོན་དུ་སྦྱར་ཏེ། གུང་ཐང་སློབ་གཉེར་བསླབ་བྱའི་བཀའ་ཁྲིད་ཟིན་བྲིས་སུ་འགོད་པ་ལ། དང་པོ་བསྟན་བཅོས་འདིའི་མཚན་ནི།མདོ་སྔགས་གཞུང་ལ་སློབ་གཉེར་བྱེད་ཚུལ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་ཅེས་བྱ་བ་བཞུགས་སོ་ཞེས་བསྟན་བཅོས་ལ་མཚན་གསོལ་བ་སྟེ། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་བརྗོད་བྱར་བྱས་པའི་མདོ་དང་འབྲས་བུ་རྡོ་རྗེ་ཐེག་པ་བརྗོད་བྱར་སྟོན་པའི་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་མ་ཚང་བ་མེད་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་ཐར་བ་དང༌། ཐམས་ཅད་མཁྱེན་པའི་གོ་འཕང་ངམ་དེའི་གླིང་དུ་བགྲོད་པའི་ལམ་ཡིག་ཅེས་བྱ་བའི་བསྟན་བཅོས་གང་ན་བཞུགས་ན་འདིར་བཞུགས་ཞེས་བསྟན་བཅོས་ལ་མཚན་གསོལ་བ་རེད། དེ་ནས་མཆོད་པར་བརྗོད་པ་ནི།

རྒྱལ་ཀུན་མཁྱེན་རབ་གཅིག་བསྡུས་འཇམ་པའི་དབྱངས། །ངུར་སྨྲིག་གར་གྱིས་རྣམ་རོལ་ཙོང་ཁ་བ། །དངོས་གྲུབ་ཀུན་སྩོལ་བཅོམ་ལྡན་གཤིན་རྗེའི་གཤེད། །རྣམ་གསུམ་དབྱེར་མེད་ཞབས་ཀྱི་པདྨོ་ལ། །གུས་པས་འདུད་དོ་བརྩེ་བས་རྗེས་སུ་ཟུངས། །ཞེས་གསུངས་ཏེ། བདུད་བཞིའི་དགྲ་ལས་རྣམ་པར་རྒྱལ་བའི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཁྱེན་རབ་གཅིག་ཏུ་བསྡུས་པ་རྗེ་བཙུན་འཇམ་པའི་དབྱངས་དང༌། རྗེ་བཙུན་དེ་ཉིད་ངུར་སྨྲིག་གར་གྱི་རྣམ་པར་རོལ་བ་འཇམ་མགོན་བདག་ཉིད་ཆེན་པོ་ཤར་ཙོང་ཁ་བ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བའི་བཅོམ་ལྡན་གཤིན་རྗེའི་གཤེད་པོ་དཔལ་རྡོ་རྗེ་འཇིག་བྱེད་དེ་རྣམ་པ་གསུམ་གྱི་ངོ་བོ་དབྱེར་མེད་པའི་ཞབས་ཀྱི་པདྨོ་ལ་སྒོ་གསུམ་གུས་པས་འདུད་དེ། ཐུགས་བརྩེ་བས་རྗེས་སུ་གཟུང་དུ་གསོལ་ཞེས་མཆོད་པར་བརྗོད་པ་རེད། དེ་ནས་སྣོད་ལྡན་ཉན་པར་སྐུལ་བ་ནི།

སྐྱེ་བར་བཏགས་པའི་མངོན་རློམ་ཚངས་པ་དང༌། །ཁེངས་དྲེགས་འབྱོར་བས་གཡེང་བའི་འདོད་ལྷའི་རིགས། །མ་ཡིན་བློ་གསལ་ཚུལ་མཐུན་དོན་གཉེར་ཅན། །སློབ་གཉེར་ཚུལ་བཞིན་བྱེད་པར་འདོད་རྣམས་ལ། །གདམས་ངག་ཅུང་ཟད་སྦྱིན་ནོ་ཉོན་ཅིག་ཨང༌། །ཞེས་གསུངས་ཏེ། བླ་མ་སྤྲུལ་སྐུ་སོགས་ཀྱི་སྐྱེ་བར་བཏགས་པའི་མངོན་པའི་ང་རྒྱལ་ལ་གནས་པ་ལྷ་ཚངས་པ་ལྟ་བུ་དང༌། གཟུགས་ལང་ཚོ། རྒྱུ་འབྱོར་བ་སོགས་ཀྱིས་སེམས་ཁེངས་པའི་འདོད་ལྷའི་རིགས་ལྟ་བུ་མ་ཡིན་པའི་བློ་གསལ་བ། བག་ཡོད་ཚུལ་མཐུན་དོན་གཉེར་ཅན་ཏེ། རིག་པའི་གནས་ལ་སློབ་གཉེར་ཚུལ་བཞིན་བྱེད་པར་འདོད་པ་རྣམས་ལ་སློབ་སྦྱོང་བྱེད་ཕྱོགས་ཀྱི་ཐད་ནས་གདམས་ངག་ཉུང་ཙམ་ཞིག་སྦྱིན་རྒྱུ་ཡིན་པས་ལེགས་པར་ཉོན་ཅིག་ཅེས་སྣོད་ལྡན་ཉན་པར་སྐུལ་བ་རེད། དེ་ནས་ཕྱི་བཤོལ་སྤངས་ཏེ་སྙིང་བོ་ལེན་པར་གདམས་པ་ནི།

དལ་བའི་རྟེན་ཐོབ་རྒྱལ་བའི་བསྟན་དང་མཇལ། །མཚན་ལྡན་བཤེས་དང་ཆོས་མཐུན་གྲོགས་ཀྱིས་བསྐྱངས། །མཐུན་རྐྱེན་རྟེན་འབྲེལ་འཛོམས་པ་འདི་འདྲ་བ། །ཡང་ཡང་རྙེད་པར་དཀའ་ལ་དོན་ཆེ་བས། །ཕྱི་བཤོལ་སྤངས་ཏེ་སྙིང་བོ་ལོངས་ཤིག་ཨང༌། །ཞེས་གསུངས་ཏེ། དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་ཐོབ། དེ་ཐོབ་པར་མ་ཟད་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ལའང་མཇལ། དེའི་སྟེང་དུ་མཚན་ཉིད་དང་ལྡན་པའི་བླ་མ་དགེ་བའི་བཤེས་གཉེན་དང་ཆོས་མཐུན་གྱི་གྲོགས་ཀྱིས་བསྐྱངས། དེ་ལྟ་བུའི་མཐུན་རྐྱེན་རྟེན་འབྲེལ་འཛོམས་པ་འདི་འདྲ་བ་ཞིག་ཡང་ནས་ཡང་དང་སྐྱེ་བ་ནས་ཚེ་རབས་མང་བོར་བསམ་བློ་བཏང་ཡང་རྙེད་པར་དཀའ་བ། རྙེད་པའི་དུས་སུའང་དོན་མེད་ཆུད་ཟོས་སུ་མི་གཏོང་བར་དོན་ཆེ་བར་བྱས་ནས་ཕྱི་བཤོལ་སྤངས་ཏེ་སྙིང་བོ་ལོངས་ཤིག་ཨང་ཞེས་དལ་འབྱོར་དོན་ཡོད་པར་གདམས་པ་རེད། ཡིན་ན་ཡང་ང་ཚོ་མང་བོ་ཞིག་གིས་རྗེས་མར་ཆོས་ཤིག་བསྒྲུབ་དགོས་སྙམ་ནས་ཕྱི་བཤོལ་གྱི་དབང་དུ་འགྲོ་བཞིན་ཡོད་པ་སྟེ། དཔེར་ན་དེ་རིང་ཡར་མར་ཀུན་ལ་འཁྱམས་ནས་སང་ཉིན་དཔེ་ཆར་བལྟ་དགོས། གནངས་ཉིན་བལྟ་དགོས་བསམ་པའི་རྐྱེན་གྱིས་དེ་རིང་དཔེ་ཆར་མི་ལྟ་བའི་གོམས་གཤིས་ཆགས། སང་ཉིན་ཡང་དཔེ་ཆར་མི་ལྟ་བའི་གོམས་གཤིས་ཆགས་ཡོང་དུས་ཕྱི་བཤོལ་གྱི་ལེ་ལོའི་དབང་དུ་སོང་བ་ཡིན་པས་དེ་འདྲ་མི་བྱེད་པར་དེ་རིང་འགྲུབ་རྒྱུའི་བྱ་བ་ཞིག་ཡིན་ན་དེ་རིང་མ་བསྒྲུབས་པར་སང་ཉིན་ལ་བཞག་ན་དུས་ཚོད་ཕྲོག་བརླགས་དང་བྱ་བ་འཐུས་ཤོར་དེ་འདྲ་ཞིག་ཏུ་ཆགས་འདུག་པས་རང་རང་སོ་སོས་དེ་རིང་འགྲུབ་རྒྱུའི་བྱ་བ་རྣམས་དེ་རིང་ངེས་པར་སྒྲུབ་དགོས་ནི་རེད། དེ་རིང་དཔེ་ཁྲིད་དུ་འགྲོ་དགོས་པ་རྣམས་དེ་རིང་འགྲོ། བློ་འཛིན་ཤླཽཀ་གཅིག་ཡིན་ན་གཉིས་ཡིན་ན་ལྡེབ་བུ་ཕྱེད་ཅིག་ཡིན་ན་འདྲ། མདོར་ན་རྟགས་གསལ་སོགས་དེ་རིང་གི་བྱ་བ་རྣམས་དེ་རིང་ཉིད་ནས་དཀའ་ལས་བརྒྱབས་ཏེ་ངེས་པར་བསྒྲུབ་དགོས་པ་རེད་མ་གཏོགས། རྗེས་མ་རྗེས་མར་བཞག་ན་ཚེ་ཕྱི་མར་བསྐྱལ་འགྲོ་བ་རེད། དཔེར་ན་ང་ཚོ་གྲྭ་བ་ཞིག་ཡིན་པའམ་ནང་ཆོས་ལ་དད་པ་ཡོད་མཁན་ཞིག་ཡིན་པའི་ངོས་ནས་ཆོས་རེ་བསྒྲུབ་དགོས་སྙམ་པ་ཡོད་ཀྱང༌། དེ་ལས་བརྒྱ་ཆའི་དགུ་བཅུ་ལྷག་གིས་ཆོས་བསྒྲུབ་མི་ཐུབ་པར་སང་ཉིན་དང་གནང་ཉིན་ལ་བཞག་ནས་ཚེ་ཕྱི་མར་བསྐྱལ་འགྲོ་བ་རེད། རྒྱུ་མཚན་དེའི་ཕྱིར་ན་ཕྱི་བཤོལ་སྤངས་ཏེ་སྙིང་བོ་ལོངས་ཤིག་ཨང་ཞེས་དལ་འབྱོར་གྱི་སྙིང་བོ་ལེན་པར་གདམས་པ་རེད། དལ་འབྱོར་གྱི་སྙིང་བོ་ལེན་པ་ལ་བསྟན་འགྲོའི་དོན་དང༌། རང་གི་དོན་འཁྱོངས་པར་བྱས་ཏེ་ཆོས་བསྒྲུབས་ནས་རང་རྒྱུད་ཀྱི་ཉོན་མོངས་པ་འདུལ་ཐབས་ཤིག་ཡོང་ན་དལ་འབྱོར་དོན་ཡོད་དུ་བྱ་ཐུབ་པ་རེད། དེ་མིན་འཇིག་རྟེན་གྱི་རྒྱུ་དཔལ་འབྱོར། ཐོབ་མངའ་ཐང༌། མཚན་སྙན་གྲགས་ཇི་ལྟར་ཡོད་ཀྱང་དྲི་ཟའི་གྲོང་ཁྱེར་དང༌། རྨི་ལམ་གྱི་དགའ་སྟོན་ལྟ་བུ་ལས་མེད་པར་མ་ཟད་སོ་སོའི་མི་ཚེ་འདིའང་སྐད་ཅིག་ཙམ་གྱིས་རྫོགས་འགྲོ་བ་རེད། དེ་ཡང་ཤི་བའི་ཉིན་མོར་མཚན་སྙན་གྲགས་ཡོད་ཀྱང་བྲག་ཆ་ཇི་བཞིན་ཡལ་འགྲོ་བ་དང༌། རྒྱུ་དཔལ་འབྱོར་ཡོད་ཀྱང་ཤུལ་དུ་བཞག་ནས་རྨི་ལམ་ཞིག་རྨིས་པ་བཞིན་རང་ཉིད་གཅིག་པུ་ཚེ་ཕྱི་མར་འགྲོ་དགོས་པ་དེ་མྱོང་གྲུབ་ཀྱིས་རྟོགས་ཐུབ་པ་ཞིག་རེད། ཡིན་ནའང་ང་ཚོས་ཧ་གོ་དོན་རྟོགས་བཞིན་དུ་ཤེས་བཞིན་དུག་འཐུང་བྱེད་འགྲོ་བ་མང་བོ་ཞིག་ཡོད་པ་སྟེ། དཔེར་ན་ང་ཚོ་ཚང་མས་འཆི་དགོས་པ་དང་འཆི་བ་མི་རྟག་པ་ཡིན་པ་རྟོགས་ཀྱིན་ཡོད་ན་ཡང༌། ང་ཚོ་འཆི་བ་མི་རྟག་པ་རྟོགས་པའི་བློ་དེའི་དབང་དུ་མི་འགྲོ་བར་རྟག་འཛིན་གྱི་དབང་དུ་སོང་སྟེ། ཚེ་འདིར་ཞེན་པ་ཁོ་ནའི་དབང་གིས་དལ་འབྱོར་གྱི་སྙིང་བོ་དོན་མེད་པར་བྱེད་ཀྱིན་ཡོད་པ་རེད། སྤྱིར་བཏང་ང་ཚོ་མི་ཟེར་བ་དེ་ཕྱོགས་གཅིག་ནས་བསམ་བློ་བཏང་ན་འཛམ་བུ་གླིང་གི་སྲོག་ཆགས་ཐམས་ཅད་ཀྱི་ནང་ནས་བསམ་བློ་གཏོང་ཤེས་མཁན། རྣམ་དཔྱོད་ཀྱི་རྩལ་ལ་བེད་སྤྱོད་གཏོང་ཤེས་མཁན་ཞིག་རེད། ཡིན་ན་ཡང་ཕྱོགས་གཅིག་ནས་ང་ཚོ་བྱིས་པ་ལྟ་བུ་ཞིག་སྟེ། དཔེར་ན་བྱིས་པ་ཚོས་རྩེ་རྡོ་བསྒྲིགས་ནས་རྩེ་རྡོ་བསྒྲིགས་རྔ་བུད་རྗེས་ཁོ་ཚོ་འགྲོ་རན་འདུག་པ་ནང་བཞིན་དུ་ང་ཚོས་ཁང་བ་རེ་ལས། འཇིག་རྟེན་གྱི་བྱ་བ་མང་བོ་ཞིག་བསྒྲུབས་རྗེས་རང་རང་སོ་སོ་ཚེ་ཕྱི་མར་འགྲོ་རན་འདུག་ཡོད་པ་རེད། དེ་ལས་མི་ཟེར་བ་དེས་རང་གི་རྣམ་དཔྱོད་བེད་སྤྱོད་བཏང་ན་དེ་ཙམ་ལས་ཕུགས་རྒྱང་རིང་བོ་ཞིག་ལ་བསམ་བློ་བཏང་སྟེ། ཚེ་འདི་ལས་ཕྱི་མ། ཕྱི་མ་ལས་ཀྱང་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་འབད་དགོས་པ་རེད། ཡིན་ན་ཡང་རྣམ་པ་ཚོས་བསམ་བློ་ཆེན་པོ་གཏོང་གི་མི་འདུག དེ་ག་འདྲ་རེད་ཟེར་ན་ངས་ཁ་རྩང་དང་ཁས་ཉིན་ལ་ཐེངས་མང་བོར་ཞུས་པ་ཡིན། ཁ་ཅིག་གིས་ཁོས་དཔེ་ཆ་ཤེས་ཀྱིན་མི་འདུག་ད་ནས་དཔེ་ཆར་བལྟ་ནི་མིན་ཟེར་གྱི་འདུག དེ་ནི་རྒྱང་རིང་བོར་བསམ་བློ་མ་བཏང་བར་སྔུན་ཏག་ཏག་ལ་བསམ་བློ་བཏང་བ་རེད་མ་གཏོགས། རང་གིས་དཔེ་ཆ་མི་ཤེས་པ་རྒྱུ་མཚན་དུ་བྱས་ཏེ་དཔེ་ཆར་ལྟ་དགོས་ཟེར་རྒྱུ་ཞིག་ཆགས་འདུག་ཡོད་པ་རེད། དཔེར་ན། དབུལ་ཕོངས་པའི་གང་ཟག་ཅིག་ལ་མཚོན་ན་ཁོ་ལ་ཟ་རྒྱུ་དང་གོན་རྒྱུ་མེད་པས་དེའི་དོན་དུ་འབད་དགོས་ཀི་ཟེར་བ་ལས་ཁོ་བོར་ཟས་གོས་མེད། ད་འཆི་རུ་འཇུག་གི་ཡིན་ཟེར་ན་ནོར་བ་བཞིན་དུ་སོ་སོས་ཕུགས་རྒྱང་རིང་བོར་བསམ་བློ་མི་གཏོང་བར་གནས་སྐབས་མཁས་པ་ཞིག་དང་སྙན་གྲགས་ཅན་ཞིག་ཡོང་མིན་འབད་ཀྱིན་འདུག དེ་རྩ་བ་ནས་ནོར་འཁྲུལ་རེད། རྒྱུ་མཚན་དེས་ན་ང་ཚོས་ཐོས་པ་བྱས་ནས་སེམས་ལ་བག་ཆགས་རེ་བཞག གཞུང་བཀའ་པོད་ལྔ་མདོ་སྔགས་རིག་གནས་དང་བཅས་པར་སྨོན་ལམ་རེ་བཏབ། དེའི་སྟེང་ནས་རང་རང་སོ་སོས་ཆོས་ཀྱི་གནས་ཚུལ་ཐམས་ཅད་མ་ཤེས་ནའང༌། གང་འཚམ་གྱིས་ཤེས་པ་དེ་ལ་བརྟེན་ནས་རྨོངས་པ་རགས་པ་རེ་ད་ལྟ་ཉིད་ནས་ལྡོག་པ་ཞིག་ཡོང་གི་རེད་ལ། ཐོས་བསམ་བྱས་པའི་འབྲས་བུ་དེའང་མ་འོངས་པར་ཡུལ་གྱི་གནས་ལུགས་ཤེས་པའི་ཤེས་རབ་ཀྱི་ངོར་སད་པ་ལས་ཅི་ཡང་མི་ཤེས་པའི་མ་རིག་པའི་ངོར་སད་རྒྱུ་མེད་པ་སྟེ། དེ་ཡང་མདོ་སྡེ་ལས་བརྒྱ་བ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་བཞིན་རེད། དེ་ནས་སློབ་གཉེར་ལ་ནན་ཏན་བྱེད་པར་གདམས་པ་ནི།

ལས་ཀྱིས་བསྡུས་པའི་ཕ་ཡུལ་ཉེ་དུ་ཀུན། །བཞག་སྟེ་རྒྱང་རིང་ཡུལ་དུ་སོང་ན་ཡང༌། །རྒྱུས་མེད་ཡུལ་ནས་དོན་མེད་མཛའ་བཤེས་སོགས། །བསྡུས་ཏེ་རྣམ་གཡེང་བྱེད་པ་སྨྱོན་པ་ཡིན། །འོངས་དོན་ཐོས་བསམ་ལས་ལ་སྒྲིམས་ཤིག་ཨང༌། །ཞེས་གསུངས་ཏེ། ལས་ཀྱིས་བསྡུས་པའི་ཕ་ཡུལ་གྱི་ཉེ་དུ་དང༌། གྲོགས་མཛའ་བཤེས་སོགས་ཤུལ་དུ་བཞག་ནས་རྒྱང་རིང་གི་ཡུལ་དུ་གྲྭ་སར་སོང་ན་ཡང༌། རྒྱུས་མེད་ཀྱི་ཡུལ་ནས་དོན་མེད་པའི་མཛའ་བཤེས་མང་བོ་བསྡུས་ཏེ་བསླབ་པ་སློབ་གཉེར་དང༌། སྒོམ་སྒྲུབ་ཉམས་ལེན་གང་ཡང་མི་བྱེད་པར་རྩེད་མོ་སོགས་ལ་རྣམ་པར་གཡེང་ནས་བསྡད་ན་རང་ཉིད་སྨྱོན་པ་ཞིག་དང་མཚུངས་པ་སྟེ། སྤྱིར་འཇིག་རྟེན་ན་སྨྱོན་པ་ཟེར་ནས་དམན་པ་ཞིག་ཏུ་བརྩི་སྲོལ་ཡོད་ནའང༌། ཁོ་ཚོས་རང་སྲོག་གཅོད་ཀྱིན་མི་འདུག་མོད། ང་ཚོས་དམ་པའི་ཆོས་སྒྲུབ་པའི་སྐལ་བ་ཤར་ནའང་ཆོས་མི་བསྒྲུབས་པར་རྣམ་གཡེང་དང༌། སྡིག་པ་མི་དགེ་བའི་ལས་མང་བོ་བསགས་ནས་རང་གི་སྲོག་ལས་ཀྱང་གལ་ཆེ་བ་ཐར་བའི་སྲོག་རྩ་གཅོད་ཀྱིན་ཡོད་པས་སྨྱོན་པ་དང་གླེན་པ་དངོས་གནས་པ་དེ་ང་ཚོ་ཆགས་འདུག དེ་བཞིན་དུ་བྱིས་པ་ཆུང་ཆུང་ཞིག་གིས་པྲ་འཚག་ཅིག་བྱས་ནའང་ཚང་མས་འདི་བྱིས་པ་རེད། བསམ་བློ་གཏོང་ཤེས་ནི་མ་རེད་ཅེས་བཤད་འདུག་སྟེ། དོན་དངོས་བཤད་ན་ང་ཚོ་ལོ་མཐོན་པོར་སླེབས་ཀྱང་ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་སྟེ་དུག་གསུམ་གྱི་དབང་དུ་སོང་ནས་ལས་དགེ་བ་མ་བསྒྲུབས་པར་རང་ཉིད་ངན་སོང་གི་གཡང་སར་ལྟུང་བྱེད་ཀྱི་ལས་བསགས། རང་གི་རྣམ་ཤེས་སྟེང་དུ་ས་སྤུངས་འདི་འདྲ་བྱས་ན་བསམ་ཤེས་མ་ཡིན་པ་དང༌། བསམ་བློ་གཏོང་མི་ཤེས་མཁན་དེ་རང་རང་སོ་སོ་ཆགས་ཡོད་པས་སོ་སོས་དགེ་སྡིག་སྤང་བླང་གི་རིམ་པ་ལ་བརྩོན་ནས་ཆོས་རྣམ་དག་ཅིག་བསྒྲུབ་རྒྱུ་གལ་ཆེ་བ་རེད། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་གྱུར། །ཅེས་གསུངས་པ་ནང་བཞིན་དུ་རྣམ་པ་ཚོས་བསམ་བློ་ཞིབ་མོར་བཏང་ནས་སོ་སོས་རང་གི་མགོན་བྱེད་ནུས་པའི་སྐབས་སུ་ཆོས་མ་བསྒྲུབས་པར་རྣམ་གཡེང་བྱས་ན་ཐབས་སྐྱོ་བོ་ཡིན་པས་རྣམ་པ་ཚོས་དེ་ལས་སེམས་རྣལ་དུ་ཕབ་ནས་དམ་པའི་ཆོས་བསྒྲུབ་རྒྱུ་གལ་ཆེན་པོ་ཡིན། སྤྱིར་ན་དངོས་པོ་གང་དང་གང་ཡིན་ཡང་ཐོག་མཐའ་མེད་པ་ཡིན་པས་རྒྱུན་ཆད་མི་འགྲོ་བར་རྒྱུན་ཕྱི་མའི་ངོ་བོར་འགྱུར་དགོས་པ་བཞིན་དུ། ང་ཚོ་ཡང་སྐྱེ་བ་ཕྱི་མར་འགྲོ་དགོས་པ་ཡིན་ལ་ཕྱི་མ་འགྲོ་ས་དེའང་ངན་འགྲོ་དང་བདེ་འགྲོ་གཉིས་མ་གཏོགས་མེད་པས་ཆོས་ཡག་པོ་བསྒྲུབ་ན་བདེ་འགྲོ་དང༌། སྡིག་པ་མི་དགེ་བའི་ལས་བསགས་ན་ངན་འགྲོར་སྐྱེ་བ་ཡིན་པས་གང་འགྲོའི་གདམ་ཀ་དེ་རང་གི་ལག་ཏུ་ཡོད་པའི་སྐབས་འདིར་ཆོས་བསྒྲུབ་རྒྱུ་གལ་ཆེན་པོ་རེད་མ་གཏོགས་སློབ་དཔོན་ཨཱརྱ་དེ་ཝའི་དབུ་མ་བཞི་བརྒྱ་བ་ལས། ཕལ་མོ་ཆེར་ན་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །དེས་ན་སོ་སོའི་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ། །ཞེས་གསུངས་པ་ལྟར་རང་ཚོ་ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་གི་དབང་དུ་གྱུར་ནས་སྡིག་པ་མི་དགེ་བ་བསགས་པ་རྒྱ་ཆེ་བ་གཏིང་ཟབ་པ་གྲངས་མང་བ་དང༌། དགེ་བ་རྣམས་གོ་ལོ་དང་ཐོས་ལོ་ཙམ་ལས་སྦྱོར་དངོས་རྗེས་གསུམ་གང་གི་ཕྱོགས་ནས་ཀྱང་ཆ་མ་ཚང་བ་སྟེ། ཕྱོགས་རེ་ཙམ་ལས་ཆོས་རྣམ་པར་དག་པ་ཞིག་འཁྱོངས་མེད་པའི་རྐྱེན་གྱིས་ངན་སོང་དུ་ལྟུང་བ་ཆེས་མང་བོ་རེད། དེས་ན་རང་རང་སོ་སོས་བསམ་བློ་ཡག་པོ་བཏང་ནས་ཁྱེད་རྣམ་པ་གནས་འདི་ལྟ་བུ་ཞིག་ཏུ་འོང་དོན་སྤོ་ལོ་འཕེན་པ་དང༌། ཡར་མར་ཀུན་ལ་འཁྱམ་དུ་འོང་བ་མ་ཡིན་པར་ཐོས་བསམ་སྒོམ་གསུམ་བྱས་ནས་ཆོས་ཀྱི་གནས་ཚུལ་ལ་རྨོངས་པའི་མ་རིག་པ་ལྡོག་སྟེ། ཐར་བ་དང་ཐམས་ཅད་མཁྱེན་པའི་རྒྱུ་བསྒྲུབ་ཏུ་ཕེབས་པ་ཡིན་པས་རྣམ་པ་ཚོས་ཐོས་བསམ་ཡག་པོ་བྱེད་རྒྱུ་གལ་ཆེན་པོ་རེད་མ་གཏོགས། དཔེར་ན་མི་ཞིག་རྒྱ་མཚོའི་གླིང་དུ་ནོར་བུ་ལེན་པར་ཕྱིན་པ་ན་ནོར་བུ་མ་བླངས་པར་རྡོའི་འཆང་བུ་ཞིག་བཟུང་འོངས་ན་མི་དེ་གླེན་པ་གཏི་མུག་ཅན་ཡིན་པ་དེ་བཞིན་དུ་ང་ཚོ་འདིར་ཐོས་བསམ་བྱེད་དུ་འོངས་ཏེ་ཐོས་བསམ་མ་བྱས་པར་རྣམ་གཡེང་རྐྱང་རྐྱང་བྱས་ནས་དོན་མེད་དུ་དུས་ཚོད་འཕྲོ་བརླག་བྱས་ན་ཡིད་སྐྱོ་བའི་གནས་རེད། དེ་ཡང་འཇིག་རྟེན་གྱི་སྐད་ཆ་ཞིག་ལ། ས་གར་སོང་ཟེར་ན་འདིར་སོང༌། དོན་ཅི་བསྒྲུབས་ཟེར་ན་འདི་བསྒྲུབས་ཟེར་རྒྱུ་ཞིག་དགོས་པས་གནས་འདི་ལྟ་བུ་ཞིག་ཏུ་འོངས་དོན་ཐོས་བསམ་སྒོམ་གསུམ་གྱི་ཆེད་ཡིན་པས་འོངས་དོན་ཐོས་བསམ་ལས་ལ་སྒྲིམས་ཤིགཨང༌། །ཞེས་གདམས་པ་རེད། དེ་ནས་བཤེས་གཉེན་བསྟེན་ཚུལ་ནི།

སྒོ་གསུམ་དགེ་ལ་སྦྱར་ཕྱིར་མིང་དང་དོན། །མཐུན་པའི་བཤེས་ཤིག་རང་གི་དགེ་རྒན་དུ། །བསྟེན་ནས་ཆོས་ཀྱི་བྱ་བ་མ་ལུས་པའི། །རྩ་བར་མཐོང་ནས་བཀའ་བཞིན་བསྒྲུབས་པ་ཡིས། །རྟེན་འབྲེལ་མགོ་ནས་འགྲིག་པར་གྱིས་ཤིག་ཨང༌། །ཞེས་གསུངས་ཏེ། རང་གི་ལུས་ངག་ཡིད་གསུམ་དགེ་བར་སྦྱོར་མཁན་གྱི་མིང་དང་དོན་མཐུན་པའི་བཤེས་གཉེན་ཞིག་རང་གི་དགེ་རྒན་དུ་བསྟེན་ན་བཤེས་གཉེན་དེ་ཆོས་ཀྱི་བྱ་བ་མ་ལུས་པའི་རྩ་བ་ལྟ་བུར་གསུངས་པས་དགེ་བའི་བཤེས་གཉེན་རྣམ་པ་གལ་ཆེན་པོ་རེད། དེས་ན་ཐོག་མར་བླ་མ་དེ་ལ་བླ་མའི་མཚན་ཉིད་ཚང་མིན་སོགས་བརྟག་ཅིང་དཔྱད་རྒྱུ་གལ་ཆེ་སྟེ། སྔོན་བྱོན་གྱི་སྐྱེས་བུ་དམ་པ་ཚོས་བླ་མ་ཞིག་ཡིན་ན་སློབ་མ་ལ་ཉིན་མང་བོའི་རིང་དུ་སྣོད་ལྡན་ཡིན་མིན་བརྟགས་དཔྱད་བྱས། སློབ་མ་ཞིག་ཡིན་ནའང་བླ་མ་དེ་མདོ་སྔགས་གཉིས་དང་ཐེག་པ་ཆེ་ཆུང་གི་སྐབས་སུ་བླ་མའི་མཚན་ཉིད་གསུངས་པ་དེ་ཚང་མིན་བརྟགས་དཔྱད་བྱས་པ་རེད། དེས་ན་ང་ཚོས་ཀྱང་རང་གིས་གང་སྦྱང་དགོས་ན་སྦྱང་བྱའི་ཆོས་དེ་ཤེས་མཁན་རེའི་མདུན་ནས་སྦྱང་དགོས་པ་སྟེ། ང་ཚོས་མ་ཤེས་པའི་རྨོངས་པ་སེལ་ཆེད་དུ་དགེ་བའི་བཤེས་གཉེན་བསྟེན་གྱིན་ཡོད་པས་སློབ་གཉེར་བ་རྣམ་པས་མཚན་ཉིད་ཀྱི་གཞུང་ཡིན་ན་བཤད་མི་དགོས་མོད། དེར་མ་ཟད་སྦྱོར་བ་ཡན་ལག་དྲུག་དང༌། ཕྱག་རྫོགས་སོགས་ཆོས་གང་ཞུས་ནའང་དེ་ཕྱིན་ཅི་མ་ལོག་པར་སྟོན་ཤེས་མཁན་རེའི་མདུན་ནས་ཆོས་ཞུ་རྒྱུ་གལ་ཆེ་སྟེ། རྗེ་བཙུན་བྱམས་པ་མགོན་པོས། དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །ཞེས་གསུངས་པས་བཤེས་གཉེན་དེ་སྨྲ་བར་མཁས་པ་ཞིག་གལ་ཆེན་པོ་རེད་མ་གཏོགས། ངག་ལ་བརྟེན་ནས་དོན་གོ་དགོས་པ་ཡིན་པས་འཆད་མ་ཤེས་ན་དོན་དེ་གདུལ་བྱའི་གོ་ཚུལ་ཡོད་པ་མ་ཡིན་པས་ངག་གི་སྒོ་ནས་ལེགས་པར་རང་གི་ཐུགས་ཀྱི་བཞེད་དོན་རྣམས་གཞན་ལ་འཆད་ཤེས་རྒྱུ་གནད་ཆེའོ། །དེ་ནས་བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་བརྩེ་བ་སྙིང་རྗེ་མེད་ན་ཆོས་འཆད་པ་ལ་སྤྲོ་བ་མེད་པ་སྟེ། དེང་སང་ཆོས་བརྒྱུད་མང་བོའི་དགེ་བཤེས་མང་ཆེ་བ་ཞིག་མར་རྒྱ་ནང་དུ་སོང་ནས་རྒྱ་བླར་ཆགས། སྐྱིད་པོ་བྱས་ནས་རླངས་འཁོར་རྫིག་པོ་རེ་བསྐོར། དཔལ་འབྱོར་མང་བོ་བསྒྲུབས། ཚོགས་འདུ་རེ་སོང་ནས་རྫིག་རྫིག་འདྲ་བོ་བྱས། ཉིན་འགའ་རེར་དགེ་རྒན་གྱི་མིང་ཙམ་ལེན་ཆེད་དུ་དཔེ་ཁྲིད་རེ་བྱེད་རྒྱུ་མ་གཏོགས་དཔེ་ཁྲིད་ལ་ཁྱོན་ནས་སྤྲོ་བ་མེད་མཁན་རེ་ཟུང་ཡོང་གི་འདུག་མོད། དེ་ལྟ་བུ་ཞིག་མ་ཡིན་པར་ཆོས་འཆད་པ་ལ་སྐྱོ་བ་མེད་པ་སྟེ། གདུལ་བྱ་ལ་ཐུགས་བརྩེ་བ་སྙིང་རྗེ་ཡོད་པ་དང༌། ཆོས་འཆད་པར་སྤྲོ་བ་ཡོད་པ་དང་དཔེ་མཁྱུད་མེད་པའི་སྒོ་ནས་ཆོས་ལེགས་པར་སྟོན་མཁན་ཞིག་དང༌། སྦྱང་བྱའི་ཆོས་དེ་ཤེས་མཁན་ཞིག་བླ་མར་བསྟེན་དགོས་པ་གལ་ཆེན་པོ་རེད། སྤྱིར་ན་ཐེག་པ་ཆེན་པོའི་གཞུང་ལས་བཤད་པའི་བླ་མའི་མཚན་ཉིད་ཚང་དགོས་པ་ཡིན་མོད། དེ་མ་ཚང་ན་ཡང་ཆོས་འདུལ་བའི་སྐབས་ནས་བསྟན་པའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང༌། །ཆོས་དང་ཟང་ཟིང་ཕན་འདོགས་ལ་བརྩོན་པ། །དུས་སུ་འདོམས་པ་དེ་དག་བླ་མར་བསྔགས། །ཞེས་གསུངས་པ་ལྟར་ཕམ་པ་བཞིས་མ་གོས་པའི་སྟེང་དུ་རབ་ཡིན་ན་ལྷག་མ་བཅུ་གསུམ་གྱིས་མ་གོས་པ་དང༌། དེ་མ་ཡོང་ནའང་ཕམ་པ་བཞི་བོ་གང་གིས་མ་གོས་ཤིང་སྡིག་པ་མི་དགེ་བའི་ལས་ལ་འཛེམ་མཁན་ཡིན་ན་ཚུལ་ཁྲིམས་ལྡན་པ་དང༌། འདུལ་བའི་ལས་ཏེ་ཆོ་ག་སོགས་ཤེས་པ། ནད་པར་སྙིང་བརྩེ་བ། འཁོར་ལའང་སྙིང་བརྩེ་དང་ལྡན་པ། འཁོར་དག་པ་སྟེ། འཁོར་མ་དག་ན་ཆོས་འདུལ་བའི་སྐབས་སུ་འཁོར་ངན་སྦྲུལ་དཀྲིས་ཞེས་ཙན་དན་སྙིང་བོ་སྦྲུལ་གྱིས་དཀྲིས་པ་དང་འདྲ་བས་འཁོར་དག་པ་དང༌། ཆོས་ཀྱི་སྒོ་ནས་ཕན་འདོགས་པ་དང༌། ཟང་ཟིང་གི་ཟས་ནོར་སོགས་ཀྱིས་ཕན་འདོགས་པ་ལ་བརྩོན་པ་དང༌། དུས་དུས་སུ་གདམས་ངག་འདོམས་མཁན་དེ་ནི་བླ་མར་བསྔགས་ཞེས་གསུངས་པ་རེད། དེས་ན་དང་པོར་ཁྱི་དང་གློ་བ་ཕྲད་པ་ནང་བཞིན་མ་ཡིན་པར་དེ་འདྲའི་མཚན་ཉིད་དེ་དག་དགེ་བའི་བཤེས་གཉེན་ལ་ཚང་མིན་བརྟག་རྒྱུ་གལ་ཆེན་པོ་ཡིན་ཏེ། སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞལ་ནས། བླ་མར་མ་བརྟགས་དུག་འཐུང་འདྲ། །སློབ་མར་མ་བརྟགས་གཡང་འཕྱོང་འདྲ། །ཞེས་གསུངས་པ་ཇི་བཞིན་ཡིན་པ་ཤེས་ནས་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་བསྟེན་དགོས་པ་ཡིན་ལ། བསྟེན་པའི་ཚད་དེའང་རང་ཉིད་ཀྱིས་ཆོས་ཞུ་འདོད་ཡོད་པའི་སྟེང་ནས་ཚིགས་སུ་བཅད་པ་གཅིག་ཙམ་ཉན་པ་ནས་འཇོག་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། ཐེག་པ་ཆེ་ཆུང་མདོ་སྔགས་གང་གི་ཆོས་ཞུས་ཀྱང༌། ཞེས་གསུངས་སོ། །སྤྱིར་ན་རང་རང་ལ་ཆོས་ཞུ་འདོད་མེད་ན་རྣ་བར་གོ་བ་ཙམ་གྱིས་ཆོས་ཞུས་ཟེར་བ་མ་རེད། དེའི་རྒྱུ་མཚན་གྱིས་ཆོས་ཞུས་པ་ནས་བླ་མར་འཇོག་པ་ཡིན་ཡང་བླ་མ་དེ་རང་རང་སོ་སོར་བཀའ་དྲིན་ཆེ་ཆུང་ཡོད་པ་སྟེ། དཔེར་ན་ཉིན་གཅིག་ལ་ཆོས་བཤད་པ་དང་ཉིན་གཉིས་ལ་ཆོས་བཤད་པ་གཉིས་ལས་ཉིན་གཉིས་ལ་ཆོས་བཤད་པའི་བཀའ་དྲིན་ཆེ་བ་དང༌། ཉིན་རེ་རེར་ཆོས་བསྟན་པ་དང་ཟླ་བ་རེའི་མཚམས་ནས་ཆོས་རེ་བཤད་པ་གཉིས་ལ་བཀའ་དྲིན་ཆེ་ཆུང་དང༌། རང་རང་སོ་སོར་ཕན་ཐོགས་མིན་གྱི་སྒོ་ནས་ཁྱད་པར་ཡོད་རྒྱུ་རེད་དེ། བླ་མ་དེ་རང་གི་བཤེས་གཉེན་དུ་བསྟེན་པ་ནས་བཟུང་བླ་མའི་སྐྱོན་ལ་མི་རྟོག་པར་ཡོན་ཏན་ལ་དད་པ་དག་སྣང་བྱས་ཏེ། སྐྱོན་རྟོག་གི་བློ་འགོག་པའི་སྒོ་ནས་བླ་མ་དེ་བསམ་སྦྱོར་གཉིས་ཀྱིས་ལེགས་པར་བསྟེན་རྒྱུ་གལ་ཆེན་པོ་རེད། ངས་སྔོན་ཆད་ཁྱེད་རྣམ་པར་ལྷན་ཐབས་འོད་བརྒྱ་འབར་བ་སོགས་ཀྱི་སྐབས་སུ་བསམ་སྦྱོར་གཉིས་ཀྱིས་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་ལེགས་པར་བསྟེན་ཚུལ་གསུངས་ཡོད་པ་དེ་གང་ལ་གང་འཚམ་ཞིག་ཞུས་པ་ཡིན། ཡིན་ཡང་སོ་སོས་བླ་མ་དེ་བསྟེན་ནས་རང་གི་ཡོན་ཏན་གོང་འཕེལ་དུ་མ་སོང་ན་བླ་མ་གཞན་བསྟེན་ན་ཆོག་མོད། བླ་མ་དེ་སྤངས་ནས་གཞན་བསྟེན་པ་མི་རུང་བ་རེད། དཔེར་ན་སྔགས་ཀྱི་སྐབས་སུ་བླ་མ་ཁྱོད་སྤངས་ཏེ། །རྨི་ལམ་དུའང་བསྟེན་མི་བྱ། །ཞེས་གསུངས་པ་བཞིན་དུ་བླ་མ་གཞན་བསྟེན་ཡང་བླ་མ་དེ་སྤངས་དགོས་དོན་ཡོད་ནི་མ་རེད། སྔོན་གྱི་སྐྱེས་བུ་དམ་པ་རྣམས་ལ་བསམ་བློ་བཏང་ན་བླ་མ་མང་བོ་ཞིག་བསྟེན་པ་སྟེ། དཔེར་ན་ཀུན་མཁྱེན་དོལ་བོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་བོར་མཚོན་ན་བླ་མ་སུམ་ཅུ་ལྷག་རེ་བསྟེན་ནས་དགུང་ལོ་བདུན་ནས་བཟུང་ལོ་སུམ་ཅུ་ལྷག་གི་བར་དུ་གཙོ་བོར་མཚན་ཉིད་ཀྱི་གཞུང་ལ་ཐོས་བསམ་བྱས་ཡོད་པ་དེ་ཁོང་གི་རྣམ་ཐར་དུ་གསལ་ལ། དེང་དུས་ཀྱི་ཁོང་གི་སྐྱེས་རབས་ཁག་ཏུའང་གཟན་སྐེད་པར་དཀྲིས་ནས་རྩོད་པ་རྩོད་ཀྱིན་ཡོད་པ་གསལ་འདུག་པས་རྣམ་པ་ཐམས་ཅད་ཀྱིས་རྩོད་པ་རྩོད་མི་དགོས་པ་མ་ཡིན་པར་རྩོད་དགོས་པ་རེད། འོན་ཀྱང་ང་ཚོ་ཇོ་ནང་པ་ཁ་ཅིག་གིས་ཐོས་བསམ་མི་དགོས་པར་སྒྲུབ་པ་ཉམས་ལེན་དགོས་ཟེར་བ་དང༌། ཇོ་ནང་སང་སྒྲུབ་པའི་བཀའ་བབ་ཡིན་ཟེར་གྱིན་འདུག སྤྱིར་ན་ང་ཚོ་སྒྲུབ་པ་ཉམས་ལེན་གྱི་བཀའ་བབས་ཟེར་བ་དེ་གང་ཡིན་ཞེ་ན། ཐོས་བསམ་རྐྱང་བ་མ་ཡིན་པར་ཐོས་དོན་ཉམས་སུ་ལེན་དགོས་ཞེས་གསུངས་པ་མ་གཏོགས། མ་ཤེས་པར་སྒྲུབ་པ་ཉམས་ལེན་བྱ་དགོས་ཟེར་བ་དེ་བླུན་སྒོམ་ཕལ་ཆེར་དུད་འགྲོའི་རྒྱུ་རུ་འགྱུར། །ཞེས་ས་སྐྱ་པཎ་ཆེན་གྱིས་གསུངས་པ་ཇི་བཞིན་མ་གཏོགས་མེད་པ་ཐམས་ཅད་ཀྱིས་མཁྱེན་དགོས་པ་རེད། དེས་ན་དགེ་བའི་བཤེས་གཉེན་དེ་རང་གི་ལས་ཀྱིས་འབྲེལ་བ་ཡོད་པ་ཞིག་བསྟེན་ན་རང་རང་སོ་སོར་གང་འཚམ་གྱིས་ཕན་ཐོགས་སྲིད་པས་རྣམ་པ་ཚོས་མིང་དང་དོན་མཐུན་པའི་དགེ་བའི་བཤེས་གཉེན་ཞིག་བསྟེན་ནས་དེ་ཉིད་ཆོས་ཀྱི་བྱ་བ་མ་ལུས་པའི་རྩ་བར་མཐོང་སྟེ། བཀའ་བཞིན་བསྒྲུབ་ན་རྟེན་འབྲེལ་འགོ་ནས་འགྲིག་པ་དང༌། བླ་མ་དགེ་བའི་བཤེས་གཉེན་གྱི་ཐུགས་དང་འགལ་བར་ཆགས་ན་རྟེན་འབྲེལ་འགོ་ནས་མ་འགྲིག་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། རང་རྒྱུད་ཀྱི་ཡོན་ཏན་ཐམས་ཅད་ཕྱགས་མ་བཏབ་པ་བཞིན་ཉམས་འགྲོ། ཞེས་གསུངས་པ་ནང་བཞིན་ཏེ། རང་གི་ཚེ་དང་སྒྲུབ་པ་སོགས་བྱ་བ་གང་ཡིན་ཡང་ལམ་ལ་མི་འགྲོ་བ་དེ་ཆགས་ཡོང་བས་ཅི་མཛད་ལེགས་པར་མཐོང་བའི་མོས་གུས་སྒོམ་དགོས་པ་གནད་འགག་ཆེན་པོ་ཡིན། གལ་ཏེ་མ་ནུས་ཀྱང་རང་རང་སོ་སོ་བླ་མའི་ཐུགས་དང་མི་འགལ་བ་ཞིག་བྱ་དགོས་པ་གལ་ཆེན་པོ་རེད། བླ་མའི་ངོས་ནས་ཡིན་ནའང་ཁོ་ལ་ཅི་མཛད་ལེགས་པར་མཐོང་བའི་མོས་གུས་གྱིས་གསུངས་ཡོད་ཟེར་ནས་ཁོས་བྱ་བ་ཅི་མཛད་ན་ཆོག་ནི་རེད་མི་བསམ་པར་རང་ངོས་ནས་མཁོ་བ་སྦྱིན་པ། སྙན་པར་སྨྲ་བ། དོན་སྤྱོད་པ། དོན་མཐུན་པ་སྟེ་བསྡུ་བའི་དངོས་པོ་བཞིའི་སྒོ་ནས་གཞན་དོན་སྒྲུབ་དགོས་པ་ཡིན་པས་དང་བོར་དོན་སྤྱོད་པ་དང་དོན་མཐུན་པ་ཟེར་བ་དེ་གཞན་ལ་ཆོས་ཀྱི་གནས་ཚུལ་ཚུལ་བཞིན་དུ་བསྟན་ནས་བསྟན་དོན་ཉམས་སུ་ལོངས་ཤིག་ཅེས་གདམས་དགོས་ཀྱང༌། རང་གིས་ཉམས་སུ་མི་ལེན་པར་གཞན་ལ་ཉམས་སུ་ལོངས་ཞེས་བཤད་ན་གོ་བརྡ་མི་འཕྲོད་པས་དང་བོར་རང་གིས་བཤད་སྒྲུབ་ཀྱི་དོན་ལ་བརྩོན་པ་དང༌། དེ་ནས་གཞན་ལའང་དེ་ལྟར་སྟོན་པ་ཞིག་དགོས་པ་བཞིན་དུ་དགེ་བའི་ཆོས་གང་སྒྲུབ་ཀྱང་དེ་ལྟ་བུ་ཞིག་དགོས་པ་ཡིན། དཔེར་ན་སྲོག་གཅོད་སྤངས་པའི་དགེ་བ་ལྟ་བུར་བསམ་བློ་བཏང་ན་རང་གིས་སྲོག་མི་གཅོད་པའི་དམ་བཅའ་དང༌། དམ་བཅའ་དེའི་སྟེང་ནས་རང་ལ་གཞན་གྱི་སྲོག་གཅོད་པའི་གོ་སྐབས་རེག་ཀྱང་སྲོག་མི་གཅོད་པ་དང་གཞན་ལ་སྲོག་མི་གཅོད་པར་སྐུལ་བ་བྱས་ན་རང་ཉིད་སྲོག་གཅོད་སྤོང་བའི་དགེ་བ་ལ་གནས་པ་ཞིག་ཡོང་གིན་ཡོད་པ་རེད་མ་གཏོགས། དེང་སང་བླ་མ་རྣམ་པ་ཡིན་ན་ཁ་ནས་ཆོག་ཤེས་ཞེས་བཤད་ཀྱིན་ཡོད་པ་རེད། ཡིན་ན་ཡང་ཁོ་རང་ཚོར་རླངས་འཁོར་རྫིག་པོ། ཁང་བ་རྫིག་པོ། འཁོར་མངའ་ཐང་ཆེན་པོ་དགོས་ཀྱིན་ཡོད་པར་མ་ཟད། དེའི་ཆེད་དུ་རྫུན་བཤད་མགོ་གཡོག་མགོ་སྐོར་བྱས། ཐ་ན་མི་ཆོས་བླ་མའི་རྫུན་ཡང་བཤད་དེ་བསྟན་པ་ཚོང་རྫས་བྱས་ནས་ཁ་དང་ལག་ལེན་འགལ་བའི་བྱ་བ་སྒྲུབ་ཀྱིན་ཡོད་པ་སྟེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། ངུར་སྨྲིག་གྱོན་ཡང་ཤེས་རྒྱུད་རྩུབ་ཅིང་གྱོང༌། །དགེ་སྦྱོར་ཀུན་ཡང་ཚེ་འདིའི་ཆེ་ཁར་སོང༌། །ཆོས་སྐད་འགྲིག་འགྲིག་སྨྲ་བ་སེམས་མ་ཐུལ། །ཁ་དང་ལག་ལེན་འགལ་བོ་ཟོག་པོ་ལ། །ཞེས་གསུངས་པ་ནང་བཞིན་ཆགས་འགྲོ་ཡི་འདུག དེའི་རྒྱུ་མཚན་གྱིས་སྔོན་མའི་ཆར་བསམ་བློ་བཏང་ན་བླ་མ་དགེ་བའི་བཤེས་གཉེན་རྣམ་པ་བསམ་གྱིས་མི་ཁྱབ་པ་གྲུབ་བརྙེས་ཀྱི་སྐྱེས་བུ་མང་བོ་བྱོན་པས་མང་ཚོགས་རྣམ་པ་ཡིན་ན་དེ་ཚོར་དད་པ་དང་འདུན་པ་ཟབ་པ་རེད། ཡིན་ཡང་དེང་སང་དེ་ལས་གོ་བཟློག་ཆགས་ཀྱིན་ཡོད་པས་གྲྭ་བ་ཚོས་ཀུན་སྤྱོད་ཀྱི་ཕྱོགས་ལ་བསམ་གཞིག་གནང་རྒྱུ་གལ་ཆེན་པོ་ཡིན། དེ་ཡང་ང་ཚོའི་རྒྱུད་ལ་བསླབ་པ་གསུམ་གྱི་ཡོན་ཏན་ཡོད་པ་གཞན་གྱིས་མི་རྟོགས་ཀྱང༌། སོ་སོའི་ཀུན་སྤྱོད་ཀྱི་རྣམ་པ་ཚང་མས་རྟོགས་ཐུབ་ཀྱིན་ཡོད་པར་མ་ཟད། དེང་སང་བརྡ་འཕྲིན་གྱི་དུས་རབས་འདིར་སྐར་མ་གཅིག་གི་རིང་ལ་འཛམ་གླིང་ཧྲིལ་བོར་ཁྱབ་བསྒྲག་ཏུ་འགྲོ་ཐུབ་པའི་དུས་སྐབས་ཤིག་ཏུ་ཆགས་ཡོད་པས་ཐམས་ཅད་ཀྱིས་ཀུན་སྤྱོད་ཀྱི་ཕྱོགས་ནས་ཇེ་ལེགས་སུ་གཏོང་རྒྱུ་གལ་ཆེན་པོ་རེད། དེས་ན་བླ་མའི་ངོས་ནས་ཡིན་ན་བརྩོན་པ་ལྷོད་མེད་ཀྱིས་སློབ་མ་བདག་སྐྱོང་ཡག་པོ་བྱེད་རྒྱུ་དང༌། ཁོ་རང་གི་ཀུན་སྤྱོད་ལེགས་པོ་དང་སྒྲུབ་སྒོམ་ཉམས་ལེན་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དེ་ཐམས་ཅད་ཀྱིས་ཤེས་དགོས་འདུག དེས་ན་འདིའི་སྐབས་སུ་དང་བོ་སྒོ་གསུམ་དགེ་ལ་སྦྱོར་ཕྱིར་མིང་དང་དོན། །མཐུན་པའི་བཤེས་ཤིག་རང་གིས་དགེ་རྒན་དུ། །བསྟེན་ནས་ཞེས་པའི་སྐབས་སུ་བླ་མ་ཡིན་ན་མཚན་ཉིད་དང་ལྡན་པ། ལུས་ངག་ཡིད་གསུམ་དགེ་བ་ལ་སྦྱོར་མཁན་ཞིག་དགོས་པ་དང༌། སློབ་མས་ཡིན་ན་དང་བོ་བླ་མར་མཚན་ཉིད་ཚང་མིན་བརྟག་ཅིང་དཔྱད་དེ་བླ་མར་བསྟེན། བླ་མ་བསྟེན་པའི་རྗེས་སུ་ཆོས་ཀྱི་བྱ་བ་མ་ལུས་པའི་རྩ་བར་ལྟ་བུར་མཐོང་ནས་བཀའ་བཞིན་བསྒྲུབ་དགོས་པ་རེད། དེའི་རྒྱུ་མཚན་གྱིས་སོ་སོའི་སྐྱེ་བོ་རང་ག་བ་ཞིག་ཡིན་ན་ཆོས་མཐུན་གྱི་བཀའ་ལ་ཉན་དགོས་པ་གསུང་གི་ཡོད་པ་རེད་མ་གཏོགས། བླ་མས་མི་སོད། རྒྱུ་ནོར་འཕྲོག་བཅོམ་གྱིས། ཇག་པ་བྱོས། རྒྱུ་དཔལ་འབྱོར་སྒྲུབས། གཞན་ལ་འཚེ་བ་གྱིས་ཞེས་ཟེར་ན་ཁོས་དེ་ལྟར་མ་བྱས་ན་ཨེ་ཆོག་ཟེར་ནས་བླ་མ་ལ་དགོངས་པ་ཞུ་དགོས་པ་རེད་མ་གཏོགས། ལས་དང་བོ་བ་ཞིག་གིས་བྱ་བ་དེ་ལྟར་བསྒྲུབས་ན་རང་གི་ས་ལམ་གྱི་བར་ཆད་དུ་འགྱུར་ཉེན་ཆེ་བ་རེད། དེང་སང་བླ་མ་ཁ་ཅིག་གིས་ཁྱོད་ཀྱིས་དཔེ་ཆར་མ་ལྟ། གྲོང་ཆོག་རེ་བྱས་ནས་བསྡད་ན་འགྲིག་གི་ཟེར་མཁན་མང་བོ་འདུག་སྟེ་དེ་ནོར་འཁྲུལ་རེད། སྤྱིར་ན་རང་རང་སོ་སོའི་མདུན་ལམ་རང་རང་གིས་འཚོལ་དགོས་པ་ཡིན་ཏེ། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་གྱུར། །ཅེས་གསུངས་པ་ནང་བཞིན་རེད། དེས་ན་བླ་མས་ཆོས་བཞིན་འདུལ་བཞིན་དང་ཐོས་བསམ་སྒོམ་གསུམ་གྱིས་གསུངས་ན་དེ་ལས་དང་བོ་ཞིག་ཡིན་ནས་བཟུང་ངེས་པར་ཉན་དགོས་པ་རེད། ང་ལྟ་བུའི་སོ་སོའི་སྐྱེ་བོ་རང་ག་བའི་དགེ་བའི་བཤེས་གཉེན་རྣམས་ཡིན་ན་མཚམས་རེར་ཉོན་མོངས་པའི་དབང་དུ་འགྲོ་བ་དང༌། མཚམས་རེར་དགེ་བའི་དབང་དུ་འགྲོ་སྲིད་པས་གལ་ཏེ་ཉོན་མོངས་པའི་དབང་དུ་སོང་ནས་འདི་གྱིས་གན་གྱིས་ཟེར་ན་འགྲིག་གི་མི་འདུག དེའི་རིགས་ལ་བླ་མར་དགོངས་པ་ཞུས་ནས་བླ་མའི་ཐུགས་དང་མི་འགལ་བ་བྱེད་རྒྱུ་གལ་ཆེ་བ་ལས་བྱ་བ་དེ་ངེས་པར་བསྒྲུབ་དགོས་ཟེར་གྱི་ཡོད་པ་མ་རེད། མདོར་ན་བླ་མས་ཐོས་བསམ་སྒོམ་གསུམ་གྱིས་ཟེར་ན་དེ་ནི་ངེས་པར་བསྒྲུབ་དགོས་པ་ཡིན་ལ། གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་སུ་བླ་མས་ཆོས་བྱ་བར་གདམས་ནས་རང་གིས་ལྐོག་ཏུ་མ་བསྒྲུབས་ན་བཀའ་ལས་འདས་པ་སྟེ་རྩ་ལྟུང་གཉིས་པ་འབྱུང་བ་དང༌། བླ་མས་དངོས་སུ་ཁྱོད་ཀྱིས་དེ་ལྟར་གྱིས་ཞེས་གསུངས་ནས་མ་བསྒྲུབས་ན་དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་སྟེ་རྩ་ལྟུང་དང་བོ་འབྱུང་བར་གསུངས་ཡོད།

སྡིག་གྲོགས་སྤང་བར་གདམས་པ། དེ་ནས་སྡིག་གྲོགས་སྤང་བར་གདམས་པ།

སྡིག་གྲོགས་སྤང་བར་གདམས་པ། དེ་ནས་སྡིག་གྲོགས་སྤང་བར་གདམས་པ་ནི།

སྡིག་གྲོགས་ཡིན་ཞེས་རྭ་ཅན་མི་འབྱུང་གི། །གཅེས་ཤིང་ཕན་པའི་ཟོལ་གྱིས་འཛུམ་བསྟན་ནས། །རྩེ་རྒོད་གཡེང་བའི་གྲོགས་བྱེད་བག་མེད་ཀྱི། །ལས་ལ་སྦྱོར་དེ་སྡིག་པའི་གྲོགས་ཡིན་པས། །འགོ་བའི་ནད་བཞིན་རིང་དུ་སྤོངས་ཤིག་ཨང༌། །ཞེས་གསུངས་ཏེ། སྡིག་གྲོགས་ཟེར་ནས་རྭ་ཅན་ཞིག་ལོགས་སུ་འབྱུང་དུ་ཡོད་པ་མ་ཡིན་ན་ཡང༌། དོན་ལ་ཕན་སེམས་མེད་ཀྱང་ཕན་པའི་ཟོལ་གྱིས་འཛུམ་བསྟན་ནས་རྩེ་བ་དང་གཡེང་བའི་གྲོགས་བྱས་ནས། བག་མེད་པའི་ལས་སྦྱོར་མཁན་རྣམས་སྡིག་པའི་གྲོགས་པོ་ཡིན་པར་བསྟན་པ་སྟེ། དཔེར་ན་མི་ཞིག་གིས་སོས་དལ་བག་ཕེབས་ངང་དཔེ་ཆར་ལྟ་བཞིན་ཡོད་ན་དེ་ལ་སྡིག་གྲོགས་བྱས་ནས་ཆོས་ལ་བར་ཆད་བྱས་ན་བདུད་ཀྱི་མཚན་ཉིད་དེ་ཚང་འགྲོ་ཡི་འདུག མདོར་ན་གཞན་གྱིས་ཐོས་བསམ་སྒོམ་གསུམ་བྱས་པ་ལ་རང་གིས་འགལ་རྐྱེན་བར་ཆད་བྱེད་མི་རུང་བ་དང༌། གཞན་ལ་སྤྱོད་ལམ་ཡག་པོ་ཡོད་ན་རང་གིས་རྩེ་རྒོད་བྱས་ནས་བག་མེད་ཀྱི་ལས་སུ་འཇུག་པའི་གཡེང་གྲོགས་བྱེད་མི་ཉན་པ་སྟེ། དེ་ལྟར་བྱས་ན་སྡིག་པའི་གྲོགས་པོར་ཆགས་འགྲོ་བ་ཡིན། ལྷག་པར་དུ་དེང་སང་ཟེར་སྡེར་མང་བོ་ཉོས་ནས་རང་གིས་བལྟས་པས་མི་ཆོག་པར་གཞན་ལ་ཁྱབ་བསྒྲགས་བྱེད་ཀྱིན་འདུག སྤྱིར་ན་བརྙན་འཕྲིན་ནང་དུ་འདོད་ཆགས་ཞེ་སྡང་གཏི་མུག་རྣམས་རེས་མོས་བྱས་ཏེ་འཆམ་གྱིན་ཡོད་པས་བསྟན་པའི་ལོག་ཕྱོགས་དུག་གསུམ་གྱི་བསྟན་པ་དར་བར་བྱེད་ཀྱིན་ཡོད་པ་དང༌། དེ་བཞིན་རྩོམ་ཞིག་ཡིན་ན་དེ་འདྲ་སྟེ་བྱང་ཆུབ་སེམས་དཔའི་རྣམ་ཐར་དང༌། ཟབ་པ་དང་རྒྱ་ཆེ་བའི་རྣམ་བཞག་བསྟན་པའི་གཞུང་ཡིན་ན་རྣམ་པ་ཚོས་ཉོ་ཡི་མེད་པ་དང༌། གལ་ཏེ་ཉོས་ནའང་རྡུལ་ཁྲོད་དུ་བཞག་ནས་ལོ་བཅུ་འགོར་ཡང་ད་རུང་ཁ་ཞིག་ཀྱང་མ་ཕྱེས་པར་བཞག་འདུག དེ་ལས་གཞན་ཆགས་སྡང་གི་སྐད་ཆ་དང་དངོས་གཙོ་སྨྲ་བའི་ལྟ་གྲུབ་ཀྱི་སྐོར་འདི་ཚོ་ཉོས་ནས་གཅིག་གིས་གཅིག་ལ་གཡར་ཏེ། ཉིན་ཁ་ཤས་ཀྱི་རིང་ལ་ནག་རིལ་ལུ་ཞིག་ཏུ་བཏང་འདུག་པ་རྣམ་པ་ཚོས་ཧ་གོ་རྒྱུ་རེད། དེ་འདྲ་བྱས་ན་གཅིག་གི་ཀླད་པའི་ནང་དུ་གཅིག་ཞུགས་ནས་བདུད་ཀྱི་བསྟན་པ་དར་སྤེལ་བྱེད་ཀྱིན་ཡོད་པས། རྣམ་པ་ཚོས་རྩོམ་ཉག་ཉོག་གི་རིགས་མང་བོ་ལ་བལྟས་ན་འགྲིག་གི་མི་འདུག དེ་ང་གཅིག་པུའི་བསམ་པ་མིན་པར་གདན་ས་ཁག་ལ་མཚོན་ན་སྐྱབས་མགོན་རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་འོག་ནས་ལོག་རྩོམ་ཡིན་ན་ཁྱོན་ནས་ལྟ་ཆོག་གི་ཡོད་པ་མ་རེད་ལ། གདན་སའི་གྲྭ་བ་རྣམ་པ་ཚོར་མགོ་གྲུང་པོ་ཡོད་པས་དེབ་གསར་བཙོང་རྒྱུ་ཡོང་ནའང་མི་ཉོ་བ་དང༌། གལ་ཏེ་ཉོས་ནའང་སྤྱི་ཚོགས་ཀྱི་གནོན་ཤུགས་ཆེན་པོ་འདུག ཁམས་ཚན་དགེ་རྒན་གྱི་སྦྲགས་སྲིད་སྟེང་དུ་གཞན་ལ་རྩོམ་གསར་བ་བསྐུར་ཡོང་ན་ཁོ་ཚོས་མེར་བསྲེགས་བཏང་འགྲོ་བ་རེད། དེང་སང་གྲྭ་བ་ལྟ་བ་གསར་བ་ཅན་ཚོས་མཚམས་རེར་ཆོས་བཤད་མཚམས་རེར་ལྟ་བ་གསར་བ་བཤད། ཆོས་བཤད་ན་ཡང་དངོས་གཙོ་སྨྲ་བ་ལྟར་དངོས་སུ་རིག་རྒྱུ་མ་གཏོགས་ལྐོག་གྱུར་གྱི་གནས་ཅུང་ཟད་ཙམ་ཡང་ཁས་མི་ལེན་པས་དེ་ཚོའི་རྩོམ་ཁག་དེ་ཉོས་ནས་གཞན་ལ་གཡར་ན་སོ་སོ་སྡིག་གྲོགས་ཟེར་བ་དང་བདུད་ཟེར་བ་དེ་ལ་ཆགས་འགྲོ་ཡི་འདུག སྤྱིར་ན་བདུད་ཟེར་བ་དེར་ང་ཚོའི་མིག་གིས་མི་མཐོང་བའི་བདུད་ཅིག་ཡོད་པ་རེད་དེ། དེས་ང་ཚོར་གནོད་སྐྱོན་ཐེབས་ཀྱི་ཡོད་པ་མ་རེད། གནོད་སྐྱོན་ཐེབས་པ་དེ་རང་རྒྱུད་ཀྱི་བདག་འཛིན་དང་ཉོན་མོངས་པས་ཐོག་མ་མེད་པ་ནས་འཁོར་བར་འཁོར་དུ་བཅུགས་པ་ཡིན་ལ་ད་རུང་ཡང་འཁོར་བའི་གནས་སུ་འཁྱམ་དུ་བཅུག་ཡོད་པ་སྟེ། དཔེར་ན་བློ་སྦྱོང་དོན་བདུན་མ་སོགས་ཀྱི་སྐབས་སུ། ལས་ལན་ཐམས་ཅད་གཅིག་ལ་གདའ། །ཀུན་ལ་བཀའ་དྲིན་ཆེ་བར་སྒོམས། །ཞེས་ལེ་ལན་ཐམས་ཅད་བདག་གཅེས་འཛིན་དང༌། དེ་ལས་གཞན་པའི་རང་ལ་གནོད་བྱེད་ཀྱི་དགྲ་སོགས་ནི་རང་གིས་བཟོད་པ་སྒོམ་ཡུལ་ཡིན་པས་བཀའ་དྲིན་ཆེ་སྙམ་དུ་སྒོམས་ཞེས་གསུངས་འདུག གང་ལྟར་ཡང་རང་ངོས་ནས་གཞན་ལ་སྡིག་གྲོགས་མི་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པས་སོ་སོས་ལུས་ངག་ཡིད་གསུམ་ལ་བརྟགས་ནས་གཞན་ལ་ཕན་མ་ཐོགས་ན་གནོད་མི་སྐྱེལ་སྙམ་པའི་བསམ་བློ་ཡོད་དགོས་པ་གལ་ཆེན་པོ་ཡིན་ལ། རང་གིས་ཀྱང་སྡིག་གྲོགས་མི་བསྟེན་རྒྱུ་གལ་ཆེ་བས་འགོ་བའི་ནད་བཞིན་རིང་དུ་སྤོངས་ཤིག་ཅེས་གདམས་པ་རེད།

བསེ་རུ་ལྟ་བུར་གནས་དགོས་པར་གདམས་པ།

དེ་ནས་བསེ་རུ་ལྟ་བུར་གནས་དགོས་པར་གདམས་པ་ནི།

ཆ་རྐྱེན་ཡོད་ན་མི་བཟོད་མྱུར་དུ་བརླགས། །མེད་ན་མི་བཟོད་བུ་ལོན་སྟོང་འཇལ་བྱེད། །ཅི་བྱས་ཆོས་ཀྱི་གེགས་སུ་འགྲོ་བ་འདི། །གྲོགས་ངན་འདུ་ཚོགས་མང་བས་སྐྱོན་ཡིན་པས། །བསེ་རུ་ལྟ་བུར་གནས་པར་གྱིས་ཤིག་ཨང༌། །ཞེས་གསུངས་ཏེ། ང་ཚོ་གྲྭ་བ་རྣམ་པའི་དཔལ་འབྱོར་གྱི་ཡོང་ཁུངས་ལ་བསམ་བློ་བཏང་ན་ཆོས་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། ཡོན་ཕུལ་བ་པོར་བསམ་བློ་བཏང་ན་ནད་པ་ནད་ལས་གྲོལ་བ་དང༌། ཤི་བོ་རྣམས་ལ་མངོན་མཐོ་ངེས་ལེགས་ཀྱི་ལམ་སྣེ་རེ་ཟིན་པའི་ཆེད་དུ་ང་ཚོར་སྐྱབས་འཇུག་ཞུས་ནི་མ་གཏོགས། ཟས་ལྷག་ཁྱིམ་ལ་མ་ཤོང་བ་དང༌། རྒྱུ་ལྷག་སྒོ་ཁར་མ་ཤོང་བར་འུ་ཚོར་སྦྱིན་མཁན་ཞིག་མེད་པ་མངོན་གསལ་དོད་པོ་ཡིན་ལ། མ་ཟད་སོ་སོའི་མི་ཚེ་འདིར་ཤ་དང་རུས་པས་དཀའ་ལས་མང་བོ་ཞིག་བརྒྱབས་ནས་བསོག་དངུལ་ཅུང་ཡོད་པ་དེ་རང་སྟེང་དུ་མི་འདོད་པ་ཞིག་ཡོང་ན་དེ་སེལ་ཆེད་དུ་ཁྱེད་དགེ་འདུན་འདུས་པ་རྒྱ་མཚོར་སྐྱབས་འཇུག་ཞུས་པ་རྐྱང་རྐྱང་ཡིན་པས་དཔལ་འབྱོར་གྱི་ཡོང་ཁུངས་དེ་ཡག་པོ་ཡོད་ནི་མ་རེད། དེའི་རྐྱེན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས། དཀོར་ཟེར་བ་ཧ་ལའི་དུག་དང་མཚུངས། །ཁོང་དུ་སོང་ན་འཆི་བ་ཡིན། །ཞེས་པ་ལྟར་ཏེ། ཧ་ལའི་དུག་ཟེར་བ་དེ་ཁོང་དུ་སོང་ན་ད་ལྟ་ཉིད་ནས་འཆི་འགྲོ་བའི་དུག་ཅིག་ཡིན་ལ། དེ་ནང་བཞིན་དུ་དཀོར་ཟེར་བ་དེ་ཧ་ཅང་ཉེས་པ་ཆེ་བར་གསུངས་འདུག དེ་ཡང་འདུལ་ལུང་གི་སྐབས་སུ་སངས་རྒྱས་ཀྱིས་དགེ་སློང་རྣམས་ཀྱིས་ཀློག་པ་ཐོས་བསམ་དང༌། སྤོང་བ་བསམ་གཏན་བྱེད་མི་ཐུབ་པ་རྣམས་ལ་དཀོར་གྱི་ཉེས་པ་མང་བོ་གསུངས་པ་ན་དགེ་སློང་རྒན་ཞུགས་མང་པོས་བསླབ་པ་ཕུལ་ཏེ། དེའི་ཕྱིར་ཉིན་དགེ་སློང་ཉུང་འདུག་ཡོད་པ་དེ་རྒྱུ་གང་དང་རྐྱེན་གང་ལགས་ཞེས་མི་མཁྱེན་པའི་ཚུལ་དུ་དྲིས་པ་ན། ཁྱེད་ཀྱིས་དཀོར་གྱི་ཉེས་པ་མང་བོ་གསུངས་པ་ལ་བརྟེན་ནས་དགེ་སློང་རྒན་ཞུགས་མང་བོས་བསླབ་པ་ཕུལ་བ་རེད་ཅེས་ཞུས་པ་ན་ལེགས་སོ་ལེགས་སོ་ཞེས་གསུངས་པ་ལས་མི་ལེགས་སོ་ཞེས་གསུངས་མི་འདུག དེའི་རྒྱུ་མཚན་གྱིས་དཀོར་ཟས་དེ་ལ་ཧ་ཅང་ཉེས་པ་ཆེན་པོ་ཡོད་པ་སྟེ། ཆགས་མེད་རིན་པོ་ཆེའི་བདེ་སྨོན་འགྲེལ་ཆེན་དང་སྟོང་ཟ་སིདྡྷིའི་ཞིང་ཁྲིད་སོགས་སུ་རྣམ་པ་ཚོས་ལྟོས་དང་གཙང་བླ་རྟ་ནག་ཅན་ཟེར་བ་ཞིག་གི་ལོ་རྒྱུས་ཤིག་འདུག གཙང་བླ་རྟ་ནག་ཅན་ཟེར་བ་དེ་ཁོ་ལ་དམིགས་པ་གསལ་བོ་ཡོད་པས་རྟ་ཐོག་ནས་འགྲོ་ཞོར་འཕོ་བ་རེ་བཏབ་ནས་ཐོད་པོར་ལེན་འགྲོ་བ་སོགས་དམིགས་པ་ཡག་པོ་ཐོན་ཡོད་ཀྱང༌། དཀོར་ཟས་མང་བོ་ཟོས་པས་རྗེས་སུ་ཡར་འགྲོ་གཡུ་མཚོའི་ནང་དུ་ཉ་ཆེན་པོ་ཁོག་སྨད་འབུ་སྲིན་མང་བོས་ཟ་བཞིན་ཡོད་པ་ཞིག་གི་སྐྱེབ་བླངས་ཡོད་པར་གསུངས་འདུག སྤྱིར་བཏང་ང་ཚོ་གྲྭ་བ་རྣམ་པར་ཟས་གོས་སོགས་ཀྱི་ཆེད་དུ་འབད་རྩོལ་མི་དགོས་པ་ཐབས་མཁས་ལ་ཐུགས་རྗེ་ཆེ་བའི་བདག་ཅག་གི་སྟོན་པ་མཆོག་གི་བཀའ་དྲིན་གྱིས་རེད་མ་གཏོགས། གཞན་ཁྱིམ་པ་ཚོར་བསམ་བློ་བཏང་ན་ཉིན་གྱི་ཁར་མཚན་བཞག་ནས་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ཏེ་དཔལ་འབྱོར་རྐྱང་རྐྱང་གི་དོན་དུ་འབད་ན་ཡང༌། ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུ་ཙམ་ཞིག་ལས་ཡོང་གི་ཡོད་ནི་མ་རེད། འགའ་ཞིག་གིས་དེའང་ཡོང་གི་མི་འདུག ཡིན་ན་ཡང་ང་ཚོ་གྲྭ་བ་རྣམ་པར་བསམ་བློ་བཏང་ན་གོས་གང་ཡག་དང་ཟས་གང་ཞིམ་རྣམས་འབད་མེད་ལྷུན་འགྲུབ་ཏུ་ཡོང་གི་ཡོད་པ་དེ་བདག་ཅག་གི་སྟོན་པ་མཉམ་མེད་ཐུགས་རྗེ་ཅན་གྱི་ཐུགས་བསྐྱེད་དང༌། ནང་ཆོས་ཀྱི་གཟི་བརྗིད་ལ་བརྟེན་ནས་ཐོབ་ཀྱིན་ཡོད་པ་དེ་ཐམས་ཅད་ཀྱིས་ངོས་ཟིན་ཐོབ་དགོས་པ་དང༌། ངོས་ཟིན་ཡོད་པའི་སྟེང་ནས་དད་ལྡན་མང་ཚོགས་རྣམས་ཀྱིས་ཡོན་རེ་ཕུལ་ན་རང་གིས་མི་བསླུ་རྒྱུ་དེ་གལ་ཆེན་པོ་ཡིན། དེས་ན་མང་ཚོགས་རྣམ་པ་མི་བསླུ་བ་ལ་ག་འདྲ་བྱ་དགོས་ཤེ་ན། རང་གིས་ཆོས་རྣམ་པར་དག་པ་བསྒྲུབ་དགོས་པ་སྟེ། ཀུན་སློང་དང་ཀུན་སྤྱོད་ལེགས་པའི་སྟེང་ནས་ཐོས་བསམ་སྒོམ་གསུམ་བྱས་ནས་ཐམས་ཅད་ཀྱིས་བསམ་གཞིག་ཡག་པོ་གནང་དགོས་པ་གལ་ཆེན་པོ་རེད། དེ་ནས་ཅི་བྱས་ཆོས་ཀྱི་གེགས་སུ་འགྲོ་བ་འདི། །གྲོགས་ངན་འདུ་ཚོགས་མང་བས་སྐྱོན་ཡིན་པས། །ཞེས་རང་གིས་ཅི་བྱས་པ་ཆོས་ཀྱི་གེགས་སུ་འགྲོ་བ་དེ་གྲོགས་ངན་པ་མང་བོ་དང་མཉམ་གཅིག་ཏུ་བསྡད་པའི་སྐྱོན་ཡིན་པར་གསུངས་པས་བསེ་རུ་ལྟ་བུར་གནས་པར་གྱིས་ཤིག་ཨང་ཞེས་གསུངས་པ་རེད། དེས་ན་ལུང་བ་ལ་ལར་ཕུ་ནུ་བསྒྲིགས་ནས་ཇ་བསྐོལ་བ་དང༌། ཆོས་ཚན་ཚོས་རྒྱུན་དུ་ཇ་བསྐོལ་རྒྱུ་དེ་འདྲ་བྱེད་འདུག དེ་ཚོ་དུས་ཚོད་མང་བོ་འཕྲོ་བརླགས་དང་དཔལ་འབྱོར་ཡང་འཕྲོ་བརླགས་རེད། དེ་མ་ཡིན་ན་ཡང་དགོན་པ་གཅིག་གི་ནང་དུ་མཐུན་སྒྲིལ་མི་ཡོང་བའི་རྒྱུའང་བདག་འཛིན་གྱིས་རིས་སུ་བཅད་དེ། ང་ཁྱོད་ཅེས་མིང་ལ་བརྟེན་ནས་ཡོང་གིན་ཡོད་པས་དེ་ལས་ང་ཚོ་མཉམ་གཅིག་ཏུ་འདུས་ནས་ཚང་མ་གཅིག་གྱུར་ཡོང་བའི་ཐབས་ལ་འབད་དགོས་པ་རེད། མདོར་ན་གྲོགས་ངན་པ་ཞིག་དང་འགྲོགས་ན་ངན་པར་ཚེགས་མེད་དུ་ཆགས་འགྲོ་སྟེ། འཇིག་རྟེན་གྱི་ཁ་དཔེར་བཟང་དང་འགྲོགས་ན་བཟང༌། ངན་དང་འགྲོགས་ན་ངན་ཟེར་བ་དང༌། བཟང་མཆོད་རྟེན་དང་འགྲོགས་ན་དཀར་བོ། ངན་རྫ་མ་དང་འགྲོགས་ན་ནག་པོ་ཟེར་བའི་སྐད་ཆ་ཞིག་ཡོད་པས་གྲོགས་པོ་བཟང་བོ་ཞིག་དང་འགྲོགས་དགོས་པ་རེད་མ་གཏོགས། རང་ཉིད་ངན་པར་འགྲོགས་ན་གྲོགས་ངན་འདུ་ཚོགས་མང་བས་སྐྱོན་ཡིན་པས་ཞེས་གསུངས་པ་བཞིན་དུ་སོ་སོས་གྱོང་ཆེན་པོར་རེག་གི་རེད། དེས་ན་ཐམས་ཅད་ཀྱིས་གྲོགས་བཟང་བསྟེན་དགོས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདག་གྲོགས་ངན་པ་ལ་འཇིགས་ཀྱི། གླང་བོ་ཆེ་སྨྱོན་པ་ལ་ནི་མ་ཡིན་ནོ། །ཞེས་གསུངས་ལ། དེའི་རྒྱུ་མཚན་ཡང་གྲོགས་ངན་པ་དང་ཕྲད་ན་སྐྱེ་བ་ནས་ཚེ་རབས་མུ་མེད་པའི་བར་དུ་ཐར་བའི་སྲོག་རྩ་བཅད་དེ་ངན་སོང་དུ་ལྟུང་ནས་སྡུག་བསྔལ་རྒྱུན་རིང་ཞིང་ཤུགས་དྲག་པོ་མི་བཟོད་པ་དེ་འདྲ་མྱོང་དགོས་པས་ཁོང་གྲོགས་ངན་པ་ལ་འཇིགས་ཞེས་གསུངས་པ་རེད། གླང་བོ་ཆེ་སྨྱོན་པས་ཚེ་འདིའི་སྲོག་དང་བྲལ་བར་བྱེད་སྲིད་ན་ཡང་དེ་ལས་ལྷག་པའི་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་དམྱལ་བར་ལྟུང་བ་དང་ཐར་བའི་སྲོག་རྩ་མི་གཅོད་པས་གྲོགས་ངན་པ་ལ་འཇིགས་ཀྱི་གླང་བོ་ཆེ་སྨྱོན་པ་ལ་ནི་མ་ཡིན་ནོ། །ཞེས་གསུངས། དེས་ན་ཐམས་ཅད་གྲོགས་བཟང་བོ་ཞིག་དང་འགྲོགས་དགོས་པས་ཐོག་མར་གྲོགས་བཟང་བོ་དེ་གང་འདྲ་ཞིག་ཡིན་ཞེ་ན། མི་བསླུ་བ་སྟེ། གྲོགས་ཀྱི་མཆོག་ནི་ཡིད་ཆེས་པ། །ཞེས་གསུངས་པ་བཞིན་དུ་གཅིག་གིས་གཅིག་ལ་ཡིད་ཆེས་ཡོད་པ། བྱམས་བརྩེ། གུས་བཀུར། གདེང་འཇོག བཟང་ངན་གང་གི་སྐབས་ཡིན་ནའང་རྒྱབ་སྐྱོར་དང་རོགས་རམ་བྱེད་མཁན་དེ་འདྲ་ཞིག་ལགྲོགས་བཟང་བོ་ཟེར། ང་ཚོ་བྱ་བ་དཀའ་ངལ་ཅན་ཞིག་ལ་འཕྲད་སྐབས་སོ་སོར་རོགས་རམ་དང་རྒྱབ་སྐྱོར་བྱས་ན་གྲོགས་པོ་བཟང་བོ་ཞིག་ཏུ་ཆགས་ཡོད་པ་རེད་མ་གཏོགས། རང་རང་སོ་སོར་དཔལ་འབྱོར་མངའ་ཐང་དར་བའི་དུས་སུ་དགའ་དགའ་བྱེད་མཁན་ཡོད་ན་ཡང༌། རང་སྟེང་དུ་མི་འདོད་པ་བྱུང་ཚེ་སོ་སོ་ལ་བཀྱེད་འགྲོ་བ་ཞིག་ཡིན་ན་གྲོགས་ངན་པ་ཡིན་ནི་རེད། ལྷག་པར་དུ་གྲྭ་བ་ཞིག་ཡིན་ན་གྲོགས་བཟང་བོ་དེ་ཚུལ་ཁྲིམས་རྣམ་པར་དག་པ་སྲུང་མཁན། ཐོས་བསམ་སྒོམ་གསུམ་ཡང་བྱེད་མཁན། ནང་ཆོས་ལ་དད་པ་དག་སྣང་ཡོད་མཁན། མི་གཞི་བརྟན་པོ་ཡོད་མཁན་དེ་འདྲ་ཞིག་ལ་ཟེར་བ་རེད། དེ་ཡང་འཕགས་པ་བཟང་བོ་སྤྱོད་པའི་སྨོན་ལམ་གྱི་སྐབས་སུ་ཡང༌། བདག་གི་སྤྱོད་དང་མཐུན་པར་གང་སྤྱོད་པ། །དེ་དག་དང་ནི་རྟག་ཏུ་འགྲོགས་པར་ཤོག །ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང༌། །སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱོད། །ཅེས་གསུངས་པ་བཞིན་དུ་གྲོགས་ཟེར་བ་དེ་རྩ་ཆེན་པོ་དང༌། ལྷག་པར་རྡོ་རྗེ་སྤུན་གྲོགས་རྣམ་པར་བསམ་བློ་བཏང་ན་ཐར་བ་དང་ཐམས་ཅད་མཁྱེན་པའི་སར་བགྲོད་པའི་གྲོགས་པོར་ཆགས་འདུག་ཡོད་པ་རེད། འཇིག་རྟེན་ལ་བསམ་བློ་བཏང་ན་ཚེ་འདིའི་ཆང་འཐུང་རོགས། དུ་བ་འཐེན་རོགས། ཁྲིམས་ཁང་དུ་འགྲོ་རོགས་སོགས་ལ་རྩ་ཆེན་པོར་བརྩི་བཞིན་ཡོད་པ་རེད་དེ། དེ་ལས་གྲོགས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་རྡོ་རྗེ་སྤུན་གྲོགས་དང་དམ་པའི་ཆོས་ཀྱི་གྲོགས་པོ་ཆགས་འདུག་ཡོད་པས་དེ་ཚོར་རྩ་ཆེན་མཐོང་ཆེན་དང་རིན་ཐང་གི་ལྟ་བ་ཡག་པོ་ཡོད་དགོས་པ་རེད། དེ་ཡང་དམ་ཆོས་འཁྲུལ་དང་མ་འཁྲུལ་བ། །སྐྱེ་བ་གཏན་གྱི་གྲོགས་ཡིན་པས། །ཞེས་གསུངས་པ་ལྟར་རང་གི་ཆོས་གྲོགས་རྣམ་པ་སྐྱེ་བ་གཏན་གྱི་གྲོགས་ཡིན་པ་ཤེས་དགོས་པ་ཡིན། ང་རང་གི་ངོས་ནས་ནམ་རྒྱུན་འདི་ལྟར་དྲན་གྱིན་ཡོད། རང་དང་འཛིན་གྲྭ་གཅིག་པ་དང་འཛིན་གྲྭ་གོང་འོག་གི་ནང་དུ་དཔེ་ཆ་ཡག་ཤོས་ཡོད་ན་རྒྱུན་དུ་རྩོད་པ་རྩོད་དུས་བློ་སྐྱེད་ཆེན་པོ་རེག་གི་ཡོད་པས་དཔལ་འབྱོར་སྒོར་མོ་ཁྲི་སྟོང་མང་བོ་ཞིག་སྦྱིན་པ་ལས་ལྷག་པའི་གཅིག་གིས་གཅིག་ལ་བློ་སྐྱེད་སྤྲད་པ་དེ་བཀའ་དྲིན་ཆེན་པོ་ཡིན་པས་ང་ཚོས་བཀའ་དྲིན་དྲན་དགོས་པ་ཡིན། དེའི་རྐྱེན་གྱིས་རྣམ་པ་ཚོས་རང་གི་ཆོས་གྲོགས་རྣམས་དང་སྐྱོར་དཔོན་དང་དཔེ་ཁྲིད་དགེ་རྒན་གང་ཡིན་ན་འདྲ། དམ་པའི་ཆོས་ཀྱི་གྲོགས་པོ་དེ་གྲོགས་བཟང་བོ་ཡིན་པ། རྩ་ཆེན་པོ་ཡིན་པ། གཅིག་གིས་གཅིག་ལ་གདེང་འཇོག་དང་མཐུན་སྒྲིལ་བྱེད་རྒྱུ་སོགས་ཧ་ཅང་གལ་ཆེན་པོ་རེད་མ་གཏོགས། ཁྲ་དགེ་སློང་གིས། མངོན་ནས་ངོ་བསྟོད་ཀྱི་ཁུ་བྱུག་གྲག་ནི་ཞིག །ལྐོག་ནས་བླ་བཙག་གི་འུག་པ་གྲག་ནི་ཞིག །ཅེས་སོགས་གསུངས་པ་བཞིན་དུ་འཛིན་གྲྭ་དང་ཆོས་ཚན་གཅིག་པ་སོགས་གང་ཡིན་ཡང་གཅིག་གིས་གཅིག་ལ་བླ་བཙག་མེད་ན་མཐུན་སྒྲིལ་ཡག་པོ་ཡོང་རྒྱུ་རེད་མ་གཏོགས། ལྐོག་ཏུ་བླ་བཙག་བྱས་ན་སྐད་ཆ་དེ་བརྒྱུད་ནས་གོ་འགྲོ་བས་གཅིག་གིས་གཅིག་ལ་མི་མཐུན་པ་ཞིག་རང་ཤུགས་ཀྱིས་སླེབས་ཡོང་གི་རེད། དེས་ན་ཚིག་ལ་མདའ་མཚོན་མེད་ཀྱང༌། མི་སེམས་ཚལ་བར་གཏོང་བ་ཞེས་ཡོངས་སུ་གྲགས་འདུག་པ་དང༌། ཁ་གང་གིས་གཏམ་བཤད་ན། གྲལ་གང་གི་ངོ་འཚོ་དགོས་ཞེས་པ་ནང་བཞིན་དུ་ངག་ནི་ཉེས་པ་ཀུན་གྱི་གཞི་ཡིན་པར་བསམ་བློ་གཏོང་དགོས་པ་རེད། ཡིན་ན་ཡང་ང་ཚོ་འགྲིག་ལམ་ལྟ་ནི་ཞིག་གི་ངོས་ནས་རང་གི་སློབ་མ་རྣམ་པ་བདག་སྐྱོང་དང་སློབ་གསོ་མ་བཏང་ན་མི་འོས་པས་རང་གི་ལས་འགན་དེ་ཡག་པོ་བསྒྲུབ་དགོས་པ་རེད། དེ་ལས་གཞན་པ་ཚོས་གུ་ཡངས་བག་ཕེབས་ངང་སེམས་ཅན་གཞན་གྱི་སྐྱོན་རྟོག་གི་བློ་འགོག་པར་བྱས་ནས་གཞན་གྱི་སྐྱོན་རེ་མཐོང་ཚེ་རང་རང་གི་སྣང་ཚུལ་ཡིན་པའམ་ཡང་ན་འཇིག་རྟེན་གྱི་སྐད་ཆ་ཞིག་ལ་མི་སྐྱོན་མེད་དཀོན། ཤིང་མཛེར་མེད་དཀོན་ཞེས་པ་ནང་བཞིན་བསམ་བློ་བཏང་ནས་ཐོས་བསམ་སྒོམ་གསུམ་དང༌། བསླབ་པ་སློབ་གཉེརགྱི་ཕྱོགས་ལ་ཐུགས་བསམ་བཞེས་རྒྱུ་གནད་ཆེ།

འདོད་ཆུང་ཆོག་ཤེས།

འདོད་ཆུང་ཆོག་ཤེས།

དེ་ནས་འདོད་ཆུང་ཆོག་ཤེས་དགོས་པར་གདམས་པ་ནི། མིང་ལ་མཐུན་རྐྱེན་ཟེར་ཡང་ཆོས་ཕྱོགས་ལས། །ཉམས་བྱེད་འདོད་ཡོན་བདུད་ཀྱི་གཡབ་མོ་སྟེ། །འདོད་ཆུང་ཆོག་ཤེས་བྱོན་སྔོན་དམ་པ་རྣམས། །དབུལ་བས་མ་མནར་དོན་གཉིས་རྩེར་སོན་པས། །འཕྲལ་ཕུགས་ཁེ་ཉེན་གང་ཆེ་དཔྱོད་ཅིག་ཨང༌། །ཞེས་གསུངས་ཏེ། མིང་ལ་མཐུན་རྐྱེན་ཟེར་ནས་ང་ཚོས་མིང་ཡག་པོ་ཞིག་བཏགས་ཀྱང་ཆོས་ཕྱོགས་ནས་བསམ་བློ་བཏང་ན་འདོད་ཡོན་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་བདུད་ཀྱི་གཡབ་མོ་སྟེ། ཆོས་ཀྱི་བར་ཆད་ཡིན་པས་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱིས་འདོད་ཡོན་གཟུགས་སོགས་ལ་འདོད་པ་ཆུང་བ་དང༌། རང་ལ་གང་ཡོད་པ་དེས་ཆོག་ཤེས་བསྟེན་ཡང༌། ཁོང་ཚོ་དབུལ་བས་མ་མནར་བར་རང་དོན་དང་གཞན་དོན་གཉིས་མཐར་ཕྱིན་ཏེ་དོན་གཉིས་ཀྱི་རྩེར་སོན་པ་རེད་ཅེས་གསུངས་འདུག དེའི་རྒྱུ་མཚན་གྱིས་རྣམ་པ་ཚོས་གཞན་གྱི་དཔལ་འབྱོར་དེ་རྫུན་དང་གཡོ་སྒྱུ་ཁྲམ་གསུམ་བྱས་ནས་ལེན་ཐབས་དོན་དུ་མི་གཉེར་བར་རང་ལ་རྒྱུ་དཔལ་འབྱོར་གང་ཡོད་པ་དེས་ཆོག་ཤེས་བསྟེན་རྒྱུ་ཧ་ཅང་གལ་པོ་རེད། དེ་ཡང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་འཁོར་རྒྱལ་སྲིད་ལོངས་སྤྱོད་དག་རྣམ་ཐོས་སྲས་ཀྱི་ལོངས་སྤྱོད་དང་མཉམ་པ་ཡོད་ཀྱང་མཆིལ་མའི་ཐལ་བ་བཞིན་དུ་བོར་ཏེ། ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་བ་ནི་ང་ཚོ་ཕྱི་རབས་པའི་གདུལ་བྱ་རྣམས་ཀྱིས་ཉམས་སུ་ལེན་པའི་ཆེད་དུ་མཛད་པ་དེ་ལྟར་མཛད་པ་དང༌། ཀུན་མཁྱེན་ཡབ་སྲས་སོགས་སྔོན་བྱོན་གྱི་སྐྱེས་བུ་དམ་པ་ཚོས་སྐུ་ཚེ་ཧྲིལ་བོར་འདོད་ཆུང་ཆོག་ཤེས་བྱས་ནས་བཞུགས་པ་ཡིན་ལ། འོ་སྐོལ་གྱིས་དཔལ་ལྡན་བླ་མའི་རྣམ་ཐར་དེ་རྗེས་འཇུག་སློབ་མས་ཉམས་ལེན་ཟེར་བ་བཞིན་དུ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་མ་གཏོགས། སོ་སོས་དཔལ་འབྱོར་ཞིག་མེད་ན་མི་གྲལ་མི་ཆོད་པས་དཔལ་འབྱོར་སྒྲུབ་ཐབས་ཕྱོགས་ལ་བསམ་བློ་བཏང་ན་རང་སེམས་ལ་བདུད་ཞུགས་ཀྱི་ཡོད་པ་དེ་ཧ་གོ་དགོས་པ་རེད། འུ་ཚོ་ནང་པའི་རབ་བྱུང་དགེ་འདུན་པ་ཚོའི་དབང་དུ་བྱས་ན་འཚོ་བ་མཐའ་གཉིས་སྤངས་པ་སྟེ། ཟས་ཧ་ཅང་ངན་པ་དང་ཧ་ཅང་བཟང་བ་མ་ཡིན་པ་དེ་འདྲ་དགོས་པ་ཡིན་ནོ། །དེ་ནས་འཕྲལ་ཕུགས་ཁེ་ཉེན་གང་ཆེ་དཔྱོད་ཅིག་ཨང༌། །ཞེས་གསུངས་པ་བཞིན་འཕྲལ་དང་ཕུགས་ཀྱི་བྱ་བ་གང་ལ་འབྲས་བུ་ཆེ་མིན་དཔྱད་དགོས་པ་རེད་མ་གཏོགས། འཕྲལ་གྱི་བྱ་བ་རེ་དཔལ་འབྱོར་ལ་བརྟེན་ནས་དེ་ཙམ་གྱིས་ཕན་ཐོགས་སྣང་སྐྱེ་སྲིད་དེ། སྐྱབས་མགོན་རིན་པོ་ཆེས་འཛམ་གླིང་གི་ཧ་ཅང་འབྱོར་ལྡན་ཚོར་གསུང་བཤད་གནང་སྐབས་ཁྱེད་ཚོ་ལ་དཔལ་འབྱོར་ཆེན་པོ་ཡོད་ན་སེམས་ལ་བདེ་སྐྱིད་འདུག་གམ་ཞེས་དྲིས་པའི་ལན་དུ། སེམས་ལ་བདེ་སྐྱིད་མི་འདུག ཡིན་ན་ཡང་སྤྱི་ཚོགས་ལ་ནུས་པ་ཆེན་པོ་འདུག་ཅེས་བཤད་པ་དེ་དོན་དངོས་རེད། དེང་སང་སྤྱི་ཚོགས་ཀྱི་སྟེང་དུ་དཔལ་འབྱོར་ལ་ནུས་པ་ཆེ་སོང་བའི་དབང་གིས་རྒྱ་བླ་ཚོས་ཚང་མར་དབང་བསྒྱུར་ནས་དགོན་པ་ཚོའི་རྡོ་རྗེ་སློབ་དཔོན་རྣམས་མར་ཕབ་སྟེ་ཁོ་རང་ཚོ་ཡར་འདུག་ནས་ཉོག་དྲ་བཟོས། ཐ་ན་རྒྱལ་ཁབ་ཀྱི་གནང་སྦྱིན་ཞིག་ཡོད་ན་ཡང་ཁོ་ཚོས་བརྒྱུད་ལག་བྱས་ནས་འཁྱེར་འགྲོ་བ་སོགས་བྱ་བ་ཐ་ཤལ་བསྒྲུབས་པ་དེ་དཔལ་འབྱོར་གྱི་ནུས་པ་ལས་འབྱུང་གིན་ཡོད་པ་རེད། ཡིན་ན་ཡང་དཔལ་འབྱོར་ལ་བརྟེན་ནས་བདེ་བ་ཆེན་པོ་ཐོབ་ཐུབ་ནི་མ་རེད། བདེ་བ་ཆེན་པོ་ཟེར་བ་དེ། བདེ་བའི་མཆོག་ནི་སེམས་སྐྱིད་པ། །ཞེས་པ་ལྟར་སོ་སོའི་སེམས་ཀྱི་བདེ་སྐྱིད་དེ་རེད་མ་གཏོགས། དཔལ་འབྱོར་ལ་བརྟེན་ནས་བདེ་བ་ཐོབ་མི་ཐུབ་པར་མ་ཟད། སྡུག་བསྔལ་ལ་སྦྱར་བའང་མང་བོ་ཡོད་དེ། འཛམ་གླིང་གི་དཔལ་འབྱོར་ཅན་མང་བོ་ཞིག་སྨྱོན་པ་ཆགས་སོང་བ་དང༌། ཐ་ན་རང་སྲོག་གཅོད་མཁན་མང་ཡང་བོ་ཞིག་བྱུང་ཡོད་པ་རེད། དེ་ཐམས་ཅད་ཕྱིའི་དཔལ་ཡོན་གྱིས་འཛོམས་པོ་ཡིན་ན་ཡང༌། ནང་སེམས་ཀྱི་དཀའ་ངལ་མང་བོ་ཞིག་དཔལ་འབྱོར་གྱིས་བསྐྲུན་ཏེ་སེམས་གཏིང་དུ་སྡུག་བསྔལ་སྣ་ཚོགས་མྱོང་གིན་ཡོད་པ་ཤེས་ཐུབ་པ་རེད། དེས་ན་སེམས་ལ་བདེ་སྐྱིད་མེད་ན་བདེ་སྐྱིད་མེད་པས་རྣམ་པ་ཚོས་སེམས་གཏིང་གི་ཉོན་མོངས་པ་རྣམས་ཞི་བའི་སེམས་ཀྱི་བདེ་བ་སྟེ་ཐར་བ་ནི། སེམས་ཀྱིས་འཚོལ་དགོས་པ་རེད་མ་གཏོགས། ཐར་བ་ཟེར་བ་དེ་ཕྱིའི་གཟུགས་ཤིག་གི་སྟེང་ནས་བཙལ་དུ་མེད་པ་རེད། དེའི་རྐྱེན་གྱིས་ནང་བ་སངས་རྒྱས་པའི་ལྟ་བ་བཀའ་བརྟགས་ཀྱི་ཕྱག་རྒྱ་བཞི་ལས་མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་གསུངས་པའི་མྱ་ངན་ནི་སྡུག་བསྔལ་ཡིན་པས་དེ་སེམས་གཏིང་ནས་ཞི་ན་ཞི་བ་མྱ་ངན་ལས་འདས་པའི་ཐར་བ་སྟེ། དེ་ནི་བདེ་བའི་མཆོག་རེད་ཅེས་གསུངས་འདུག མདོར་ན་རྣམ་པ་ཐམས་ཅད་ཀྱིས་འདོད་ཆུང་ཆོག་ཤེས་བྱས་ན། ཆོས་པ་རི་ལ་འདུག་ན་ཟན་རིལ་གྱེན་ལ་འདྲིལ་བའི་ལོ་རྒྱུས་ཡོད་པ་བཞིན་དུ་ཆོས་པ་རྣམས་ཀྱིས་ཟ་རྒྱུ་མ་རྙེད་པར་མུ་གེས་འཆི་སོང་བ་ཞིག་ལོ་རྒྱུས་སུ་ཡོད་པ་མ་རེད། མ་ཟད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང༌། ཁྱིམ་པའི་སྐྱེ་བོ་ཐམས་ཅད་ཀྱིས། །སེན་མོའི་སྟེང་དུ་ཞིང་རྨོས་ཀྱང༌། །ང་ཡི་རབ་ཏུ་བྱུང་བ་རྣམས། །འཚོ་བས་ཕོངས་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་ཡིན་པས་རྣམ་པ་ཚང་མས་འདོད་ཆུང་ཆོག་ཤེས་བྱས་ནས་བཞུགས་ན་སེམས་སྐྱིད་པོ་ཡོང་བ་དང༌། དཀོར་སྒྲིབ་ཀྱི་ཉེས་པས་ངན་སོང་དུ་ལྟུང་ཡང་མི་དགོས་པ་སོགས་མཐར་ཐུག་གི་ཁེ་ཕན་ཆེན་པོ་རེག་གི་ཡོད་པ་རེད། ཁ་ཅིག་གིས་སྒོར་མོ་ཁྲི་བརྒྱ་ཉིས་བརྒྱ་ཅན་གྱི་རླངས་འཁོར་རེ་བསྐོར་ན་ཧ་ལས་སྲིད་མོད། དེ་ཧ་ལས་མི་དགོས་པར་ཕྱི་མར་དེ་ལ་རྣམ་སྨིན་ཧ་ལས་པ་ཞིག་ཡོད་པ་རྣམ་པ་ཚོས་མཁྱེན་དགོས་པ་རེད། དེས་ན་ཐག་ཉེ་ཤོས་ལ་བསམ་བློ་མི་གཏོང་བར་ཕུགས་རྒྱང་རིང་བོར་བསམ་བློ་གཏོང་དགོས་པ་གལ་ཆེ་བས་འཕྲལ་ཕུགས་ཁེ་ཉེན་གང་ཆེ་དཔྱོད་ཅིག་ཨང༌། །ཞེས་གདམས་པ་རེད།

ཕྲལ་ཕུག་གི་བདེ་བ་མི་འདྲ་ཚུལ།

ཕྲལ་ཕུག་གི་བདེ་བ་མི་འདྲ་ཚུལ།

དེ་ནས་ཕྲལ་ཕུག་གི་བདེ་བ་མི་འདྲ་ཚུལ་ནི། གདོལ་སྤྱོད་ཁྱིམ་པའི་རྗེས་འཇུག་གཡོ་ཁྲམ་མཁན། །ཆོས་མིན་སྤྱོད་པའི་ཐན་སྙེ་མགོ་འཕང་མཐོ། །ལྟོ་སྐྱ་གོས་ཧྲུལ་ཐོས་དང་ཚུལ་ཁྲིམས་ཀྱི། །བཅུད་ལྡན་སྙེ་མའི་མགོ་བོ་དམའ་ན་ཡང༌། །གཏན་གྱི་སྐྱིད་སྡུག་འདྲ་འདྲ་མིན་ནོ་ཨང༌། །ཞེས་གསུངས་ཏེ། ཤན་པ་སོགས་སྐྱེ་བོ་མི་བསྲུན་པ་གདོལ་སྤྱོད་ཁྱིམ་པའི་རྗེས་སུ་འཇུག་པ་སྟེ། ཁྱིམ་པའི་སྤྱོད་པ་དང་གཉིས་སུ་མེད་པའི་གཡོ་སྒྱུ་ཁྲམ་གསུམ་མཁན་ཆོས་མིན་པའི་བྱ་སྤྱོད་ངན་པ་ཅན་དག་ནི་སྙེ་མ་སྟོང་བ་བཞིན་དུ་མགོ་འཕང་མཐོ་བ་དང༌། དེ་བཞིན་དུ་རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཀྱིས། ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས། །ཞེས་གསུངས་པ་ལྟར་ཆོས་པའི་གཟུགས་འཆང་ནས་ཆོས་མིན་བྱེད་མཁན་དེ་ཧ་ཅང་མང་བོ་སྟེ། དཔེར་ན་ཆོས་པའི་གཟུགས་འཆང་ནས་ཚུལ་ཁྲིམས་མི་བསྲུང་བ། རབ་བྱུང་གི་གཟུགས་འཆང་ནས་ཐོས་བསམ་སྒོམ་གསུམ་མི་བྱེད་པར་ཚོང་ཁེ་སྐྱེད་དགྲ་འདུལ་གཉེན་སྐྱོང་བྱེད་པ་དང༌། དེ་མིན་གཡོ་སྒྱུའི་སྤྱོད་པ་དང་ཆབ་སྲིད་ཀྱི་བྱ་བ་ལ་སོགས་པའི་ཆོས་མིན་གྱི་བྱ་བའི་མགོ་འཕང་མཐོ་བ་སྟེ། སྙེ་མ་སྟོངས་པ་མགོ་འཕང་མཐོ་ཞེས་འཇིག་རྟེན་ན་ཡོངས་སུ་གྲགས་པ་ལྟར་སྙེ་མ་སྟོང་བའི་ནང་དུ་འབྲུའི་སྙིང་བོ་མེད་པའི་རྐྱེན་གྱིས་མགོ་འཕང་མཐོ་བ་རེད། ལྟོ་སྐྱ་གོས་ཧྲུལ་ཐོས་དང་ཚུལ་ཁྲིམས་ཀྱི། །བཅུད་ལྡན་སྙེ་མའི་མགོ་བོ་དམའ་ན་ཡང༌། །གཏན་གྱི་སྐྱིད་སྡུག་འདྲ་འདྲ་མིན་པ་སྟེ་གནས་སྐབས་སུ་ཟས་དམན་པ་དང༌། གོས་ཧྲུལ་བོ་གྱོན་པའི་རྒྱུད་ན་ཐོས་པ་དང་ཚུལ་ཁྲིམས་ཀྱི་བཅུད་དང་ལྡན་པའི་སྙེ་མའི་མགོ་བོ་དམའ་བ་ཡིན་ནའང་གཏན་གྱི་སྐྱིད་སྡུག་འདྲ་འདྲ་མིན་པར་གསུངས་ཏེ། ཆོས་མིན་རྗེས་སུ་སྤྱོད་པའི་གཡོ་ཁྲམ་མཁན་ཚོ་ཆོས་མིན་གྱི་སྤྱོད་པའི་མགོ་འཕང་གནས་སྐབས་མཐོ་ན་ཡང༌། ལས་འབྲས་ལ་བརྩི་འཇོག་མེད་པའི་སྒོ་ནས་ཆོས་མིན་གྱི་བྱ་བ་བསྒྲུབས་ནས་ཚེ་ཕྱི་མར་ངན་སོང་གི་སྡུག་བསྔལ་མྱོང་དགོས་པ་རེད། ཡིན་ན་ཡང་ང་ཚོས་གནས་སྐབས་ཟས་ངན་ངོན་དང་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པར་བྱས་ནས་ཐོས་པ་དང་ཚུལ་ཁྲིམས་ཀྱིས་རྒྱུད་གཏམས་པར་བྱས་ན་གཏན་གྱི་བདེ་བ་དེ་ཐོབ་ཐུབ་པ་ཡིན་པས་གཏན་གྱི་སྐྱིད་སྡུག་མི་འདྲ་བ་ཤེས་དགོས་ལ། ནོར་གྱི་མཆོག་དེ་རྒྱུ་དཔལ་འབྱོར་སོགས་མིན་པར་དད་དང་ཚུལ་ཁྲིམས་གཏོང་ལ་གོམས་པ་དང༌། །ཐོས་པའི་རྒྱུད་གྲོལ་ཁྲེལ་ཡོད་ངོ་ཚ་ཤེས། །ཤེས་རབ་ཕུན་སུམ་ཚོགས་པའི་ནོར་བདུན་པོ། །ཞེས་གསུངས་པ་ལྟར་ཐོས་པ་དང་ཚུལ་ཁྲིམས་དེ་ཡིན་པར་ངོས་ཟིན་རྒྱུ་གལ་ཆེ་བ་རེད་མ་གཏོགས། དཔལ་འབྱོར་ལོངས་སྤྱོད་རྣམས་ནང་བ་སངས་རྒྱས་པའི་ཆོས་ཀྱི་འགལ་རྐྱེན་ཡིན་ལ། ནང་གི་བསམ་བློའི་དཔལ་ཡོན་ཇེ་རྒུད་དུ་འགྲོ་བའི་རྐྱེན་ཞིག་ཀྱང་རེད། དཔེར་ན་ཧ་ཅང་དཔལ་འབྱོར་ཆེན་པོ་ཡོད་མཁན་ཡིན་ན་ནང་སེམས་ཀྱི་བདེ་སྐྱིད་ཆེན་པོ་ཡོད་ས་ཧ་ཅང་དཀོན་པོ་རེད། དེས་ན་ཁ་ཅིག་གིས་ཆོས་དེ་དཔལ་འབྱོར་གྱི་བཀག་རྡོ། ཡར་རྒྱས་ཀྱི་བཀག་རྡོ་རེད་ཅེས་ལབ་ཀྱིན་འདུག་སྟེ། དོན་དངོས་སུ་ཆོས་ཀྱི་བཀག་རྡོ་དེ་དཔལ་འབྱོར་རེད། འཛམ་གླིང་མུ་ནས་མུ་མཐུད་དེ་དཔལ་འབྱོར་ཡར་རྒྱས་སུ་སོང་ན་ང་ཚོའི་ཆོས་དེ་ཕལ་ཆེར་ཉམས་འགྲོ་བའི་ཉེན་ཁ་འདུག སྔོན་རྒྱ་གར་འཕགས་པའི་ཡུལ་ལ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དང་སྟོན་པའི་གཏད་རབས་བདུན། རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་ཅུ། གནས་བརྟན་བཅུ་དྲུག་སོགས་བསམ་གྱིས་མི་ཁྱབ་པའི་སྐྱེས་བུ་ཏག་ཏག་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་དུ་རྒྱས་མོད། ཕྱིས་སུ་རབ་ཏུ་བྱུང་བ་རྣམས་ཀྱིས་ཚོང་བྱས་ནས་དཔལ་འབྱོར་བསགས་ཏེ་ནང་ཆོས་ཉམས་སོང་བ་དེ་ལོ་རྒྱུས་སུ་གསལ་བ་ནང་བཞིན་ཡིན་ལ། ད་སྐབས་ང་ཚོ་བོད་ལ་ཡང་དེའི་ཉེན་ཁ་ཏན་ཏན་སླེབས་ཡོད་པས་དཔལ་འབྱོར་མུ་མཐུད་དུ་ཡར་རྒྱས་སུ་སོང་ན་གྲྭ་བ་བྱེད་ནི་མེད། ཐོས་བསམ་སྒོམ་གསུམ་བྱེད་མཁན་མེད་པར་འདོད་ཡོན་ལ་རྟག་ཏུ་གཡེང་འགྲོ་བ་རེད། དེས་ན་ལྟོ་སྐྱ་གོས་ཧྲུལ་ཐོས་དང་ཚུལ་ཁྲིམས་ཀྱི། །བཅུད་ལྡན་སྙེ་མའི་མགོ་བོ་དམའ་ན་ཡང༌། །གཏན་གྱི་སྐྱིད་སྡུག་འདྲ་འདྲ་མིན་ནོ་ཨང༌། །ཞེས་ཟེར་བ་དེ་ཁ་ནས་བཤད་ཤེས་པ་ཙམ་མིན་པར་རྒྱུན་དུ་རང་གི་སེམས་སུ་ཉལ་ཏེ་མི་ཚེ་གང་བོར་འདོད་ཆུང་ཆོག་ཤེས་བྱས་ནས་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པར་བྱེད་རྒྱུ་གལཆེན་པོ་རེད།

ཕྱི་འཇམ་ཁོང་རྩུབ་སྤང་ཚུལ།

ཕྱི་འཇམ་ཁོང་རྩུབ་སྤང་ཚུལ།

དེ་ནས་ཕྱི་འཇམ་ཁོང་རྩུབ་སྤང་བར་གདམས་པ་ནི། བླ་མ་ལ་གུས་མཐོ་ལ་ཕྲག་དོག་མེད། །དམན་ལ་བརྩེ་སོགས་ནང་ནས་དུལ་གྱུར་ན། །ཕྱི་བལྟས་ཅོལ་ཆུང་སྐྱེ་བོས་མངགས་ཚད་ལ། །མི་ཉན་གྱོང་བོར་སྣང་ཡང་སྐྱོན་མེད་པས། །ཕྱི་འཇམ་ཁོང་རྩུབ་སྤྱོད་པ་སྤོངས་ཤིག་ཨང༌། །ཞེས་གསུངས་ཏེ། རང་གི་བླ་མ་དགེ་བའི་བཤེས་གཉེན་ལ་གུས་བཀུར་ཡོད་པ། མཐོ་བ་ལ་ཕྲག་དོག་མེད་པ། དམན་པ་ལ་བརྙས་བཅོས་དང་ཁྱད་གསོད་དམའ་འབེབ་རྣམས་སྤངས་ནས་ཕན་ཚུན་ལ་ཞེ་སའི་ཚིག་སྦྱར་རྒྱུ་ཚུན་ཆད་ཀྱིས་གཞིར་བཟུང་སྟེ། གུས་བཀུར་བྱེད་རྒྱུའི་གོམས་སྲོལ་ཆགས་པར་བྱས་ནས་རང་ཚུགས་བརྟན་པོ་འཛིན་དགོས་པ་རེད། འོན་ཀྱང་ཅོལ་ཆུང་གི་སྐྱེ་བོ་རེ་ཟུང་ལ་མི་ཉན་གྱོང་བོར་སྣང་ཡང་སྐྱོན་མེད་པས། །ཕྱི་འཇམ་ཁོང་རྩུབ་སྤྱོད་པ་སྤོངས་ཤིག་ཨང༌། །ཞེས་གསུངས་པ་བཞིན་ཕྱི་འཇམ་པོ་ཡིན་པ། ཁོང་རྩུབ་པོ་ཡིན་པ། ཕྱི་ནས་ལེགས་ལེགས་དང་ཉོན་མོངས་མེད་མདོག གཞན་གྱིས་གནོད་བསྐྱལ་ཡང་སྙིང་རྗེ་ཟེར་ཁུལ་བྱས་ནས་གཡོ་སྒྱུ་ལ་བྱང་འདུག་པ་དེ་འདྲ་མ་ཡིན་པར་རང་གི་སེམས་ནས་བྱམས་སྙིང་རྗེ་བསྒོམས་ཏེ་སེམས་ཀྱི་ངང་རྒྱུད་བཏུལ་དགོས་པ་གལ་ཆེན་པོ་ཡིན། མདོར་ན་རྫ་དཔལ་སྤྲུལ་གྱིས་ཆོས་དང་མཐུན་ན་འཇིག་རྟེན་དང་མི་མཐུན་པ། འཇིག་རྟེན་དང་མཐུན་ན་ཆོས་དང་འགལ་འགྲོ་གསུངས་པ་ལྟར་ཆོས་དང་འཇིག་རྟེན་གཉིས་ཀྱི་ནང་ནས་ཆོས་དང་མཐུན་དགོས་པ་རེད་མ་གཏོགས། འཇིག་རྟེན་དང་མཐུན་པ་བྱས་ན་ཀུན་སྤྱོད་ཀུན་སློང་མི་ལེགས་པ་ཡིན་ཡང་དེ་ལ་བསྟོད་པ་དང༌། ཉོན་མོངས་པའི་དབང་དུ་གྱུར་ནས་བྱ་བ་སྒྲུབ་མཁན་ཡིན་ཡང་དེ་ལ་བསྟོད་པ་སོགས་ཀྱི་སྒོ་ནས་གཡོ་སྒྱུའི་བྱ་བ་དང༌། མངོན་ལྐོག་གི་བྱ་བ་མང་བོ་ཞིག་བསྒྲུབ་དགོས་པ་རེད། དེའི་རྒྱུ་མཚན་གྱིས་འཆད་དཀའ་བ་ཡེ་ཤེས་རྡོ་རྗེའི་བློ་སྦྱོང་དོན་བདུན་མའི་སྐབས་སུ། གཞུང་བཟང་མ་བསྟེན་ཞེས་གསུངས་འདུག་པ་དེ་ཡང་ང་ཚོས་མྱི་ཐབས་ཟེར་ནས་མིང་ཡག་པོ་རེ་བཏགས་ཀྱང་དོན་གྱིས་གཡོ་སྒྱུ་ཞིག་ཏུ་ཆགས་འདུག་པས་དེ་དག་དོར་ནས་དྲང་ཐོག་དྲང་བཞག་དང༌། བདེན་པ་བདེན་རྐྱང་གི་ལམ་ཁ་ཞིག་ཏུ་བསྐྱོད་དེ། མཆོག་གསུམ་དང་ལས་འབྲས་དཔང་བོར་བཞག་ནས་རང་གིས་བྱ་བ་བསྒྲུབ་ན་འཇིག་རྟེན་དང་མ་མཐུན་ཡང་དམ་པའི་ཆོས་དང་མཐུན་ན་འགྲིག་ཡོད་པ་རེད། སྔོན་མར་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགེ་བཤེས་ཤིག་གཅིག་པུ་གནས་ནས་མི་གཞན་དང་མི་མཐུན་པར་རང་གིས་ཆོས་བསྒྲུབས་ཏེ་བཞུགས་འདུག་མཁན་ཞིག་ཡོད་ལ། ཁ་ཅིག་གིས་དགེ་བཤེས་དེ་ཁྱོན་ནས་མི་ལ་མཐུན་གྱི་མི་འདུག་ཟེར་ནས་སྨད་པ་བཏང་བ་ན་དགེ་བཤེས་གཞན་ཞིག་གིས་ཁོ་རང་མི་ཆོས་དང་མི་མཐུན་ཡང་དམ་པའི་ལྷ་ཆོས་དང་མཐུན་པས་སྐྱོན་མི་འདུག་ཅེས་གསུངས་པའི་ལོ་རྒྱུས་ཡོད་པ་ནང་བཞིན་ཡིན་པས་ང་ཚོས་བསྒྲུབ་དགོས་རྒྱུ་དེ་ཆོས་ཡིན་པས་ཆོས་བསྒྲུབ་མ་ཐུབ་ན་སེམས་ཁྲལ་བྱ་དགོས་པ་རེད་མ་གཏོགས། གཞན་གྱིས་ཁ་ཟེར་ཞིག་ཡོང་མིན་དང་གཞན་ངོ་བསྲུང་བའི་ཆེད་དང༌། དེ་མིན་གཞན་གྱིས་བསྟོད་བསྔགས་ཤིག་བརྗོད་མིན་སོགས་ལ་ཞེན་པ་དང༌། སེམས་ཁྲལ་བྱས་ན་འཇིག་རྟེན་ཁོ་ནའི་དབང་དུ་གྱུརསོང་བ་རེད། དེ་ཡང་རྒྱལ་སྲས་ཞི་བ་ལྷའི་ཞལ་སྔ་ནས། བདག་ལ་སྨོད་པ་གཞན་ཡོད་ན། །བསྟོད་པས་བདག་དགར་ཅི་ཞིག་ཡོད། །བདག་ལ་བསྟོད་པ་གཞན་ཡོད་ན། །སྨད་པས་མི་དགར་ཅི་ཞིག་ཡོད། །ཅེས་གསུངས་པ་བཞིན་དུ་རྙེད་བཀུར་དང་སྙན་གྲགས་ཀྱི་རྗེས་སུ་མི་འབྲང་བར་ཉོན་མོངས་པ་སྤོང་བའི་ཐབས་དང༌། ཐར་བའི་ལམ་འཚོལ་རྒྱུ་གལ་ཆེན་པོ་རེད་མ་གཏོགས། འཇིག་རྟེན་ཐམས་ཅད་མགུ་ཐུབ་པའི་བྱ་བ་ཞིག་སངས་རྒྱས་ཀྱིས་བསྒྲུབས་མ་ཐུབ་ན་ང་ཚོ་སོ་སོའི་སྐྱེ་བོ་འཆང་བ་ཀུན་ལྡན་ཞིག་གིས་བསྒྲུབ་མི་ནུས་པ་བརྒྱ་ཆའི་བརྒྱ་ཡིན་ཏེ། རྒྱལ་སྲས་ཞི་བ་ལྷས། རྒྱལ་བས་ཀྱང་ནི་མ་མགུ་ན། །བདག་འདྲ་ངན་པས་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར་ཡིན་ལ། དེར་མ་ཟད་སོ་སོས་གནས་ལུགས་ཀྱི་སྐད་ཆ་ཞིག་བཤད་ན་བརྒྱ་ཆའི་ལྔ་བཅུས་ཁས་ལེན་སྲིད་ཀྱང༌། བརྒྱ་ཆའི་ལྔ་བཅུས་ཁས་མི་ལེན་པ་ཡོང་གི་རེད། མདོར་ན་འཇམ་པའི་དབྱངས་དངོས་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེའི་མཇུག་ཏུ། ཀུན་ཀྱང་སོ་སོར་ལས་ཀྱི་རླུང་ཆེན་གྱིས། །འདོད་ཕྱོགས་ཉེ་བར་འཁྱམས་ལ་འཕགས་པས་ཀྱང༌། །བཟློག་མིན་བདག་འདྲའི་ཚིག་ཀྱང་དབྱུང་མི་ནུས། །འོན་ཀྱང་དམ་པའི་གསུངས་པ་སྨྲས་པ་ཡིན། །ཞེས་གསུངས་པ་ནང་བཞིན་ང་ཚོ་གྲྭ་བ་རྣམ་པ་ཆོས་ལ་མཐུན་དགོས་པ་རེད་མ་གཏོགས། གཞན་གྱིས་གཡོ་སྒྱུའི་བྱ་བ་བསྒྲུབས་པ་དེ་ལ་རོགས་བྱས། གཞན་གྱིས་ཆང་འཐུང་ན་ཆང་འཐུང་རོགས་བྱས། གཞན་གྱིས་རྫུན་བཤད་ན་རྫུན་བཤད་རོགས་བྱས་ན་ནི་ཆོས་པ་ཞིག་གིས་གཞན་ལམཐུན་པར་བཟོ་སྟངས་གཞི་ནས་མ་རེད། དེས་ན་ཀུན་དང་མཐུན་པ་མི་ཆོས་ཀྱི་རྩ་བ་ཟེར་བ་དེ་ཡང་གཞན་ལ་གནོད་པའི་ལས་མི་བྱེད་པ་སྟེ། དམ་པའི་ཆོས་ཀྱི་དབང་དུ་བྱས་ན་གཞན་ལ་གནོད་མི་བྱེད་པར་གཞན་གྱིས་ཚུར་གནོད་བྱས་ཀྱང༌། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། །གྱོང་དང་ཕམ་ཁ་རང་གིས་ལོངས། །ཞེས་དང༌། ཀུན་མཁྱེན་དོལ་པོ་ཤེས་རབ་རྒྱལ་མཚན་གྱི་རིམ་གཉིས་སྨོན་ལམ་ལས། བདག་ལ་བརྟེན་ནས་ནམ་དུ་ཡང༌། །གཞན་ལ་གནོད་པར་མ་གྱུར་ཅིག །སྒོ་གསུམ་གང་དང་གང་བརྩམས་པ། །གཞན་ལ་ཕན་པར་འགྱུར་བར་ཤོག །ཅེས་སྨོན་ལམ་གནང་བ་ནང་བཞིན་ཨེ་འགྲུབ་ལྟ་དགོས་པ་རེད་མ་གཏོགས། གཡོ་སྒྱུའི་སྒོ་ནས་མཐུན་སྒྲིལ་དང་གཞན་ལ་བསྟུན་དགོས་ཟེར་བ་དེ་རྩ་བ་ཉིད་ནས་ཡག་པོ་མི་འདུག དེ་ལས་གཅིག་གིས་གཅིག་ལ་གུས་བཀུར་དང་བརྩི་འཇོག་བྱས་ནས་ཡ་རབ་བཟང་སྤྱོད་དང༌། ལས་འབྲས་དཔང་བོར་བཞག་སྟེ་དམ་པའི་ཆོས་ཀྱིདགོངས་དོན་དང་མི་འགལ་བར་གཞན་དང་མཐུན་ན་དེ་ཧ་ཅང་ཡག་པོ་རེད།

བསླབ་ཁྲིམས་ཡང་དག་པར་བསྲུང་དགོས་ཚུལ།

བསླབ་ཁྲིམས་ཡང་དག་པར་བསྲུང་དགོས་ཚུལ།

དེ་ནས་བསླབ་ཁྲིམས་ཡང་དག་པར་བསྲུང་བར་གདམས་པ་ནི། མངོན་མཐོ་ངེས་ལེགས་ཡོན་ཏན་ཀུན་གྱི་རྒྱུ། །བསྟན་པའི་གཞི་མ་ལྷག་པའི་ཚུལ་ཁྲིམས་འདི། །རྣམ་གྲོལ་དོན་གཉེར་རྣམས་ཀྱི་སྲོག་ཡིན་ཀྱང༌། །ཚུལ་འཆོས་སྤྱོད་པ་འདི་ཡིས་ཐར་དཀའ་བས། །བསླབ་ཁྲིམས་མངོན་ལྐོག་མེད་པར་སྲུངས་ཤིག་ཨང༌། །ཞེས་གསུངས་ཏེ། བསྟན་པའི་གཞི་མ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པ་ཆེ་འདི་རྣམ་གྲོལ་ཐར་བ་དོན་དུ་གཉེར་མཁན་ཚོའི་སྲོག་ཤིང་ལྟ་བུའམ། སས་རྒྱུ་བ་སེམས་ཅན་དང་མི་རྒྱུ་བ་རྩི་ཤིང་ནགས་ཚལ་སོགས་ཀྱི་རྟེན་བྱེད་པ་བཞིན་དུ་ཚུལ་ཁྲིམས་དེ་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་པར་གསུངས་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་པ་ལྟར་ལྷག་པའི་ཚུལ་ཁྲིམས་དེ་རྣམ་པར་གྲོལ་བ་ཐར་བ་དོན་གཉེར་རྣམས་ལ་ཧ་ཅང་གལ་ཆེན་ཡིན་པ་བཤད་མ་དགོས་པ་རེད། དེ་མ་ཟད་འཁོར་བའི་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་པ་ལ་ཡང་ངེས་པར་ཚུལ་ཁྲིམས་བསྲུང་དགོས་པ་ཡིན་ཏེ། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་དཔལ་ལྡན་ཟླ་བ་གྲགས་པས་གསུངས་པ་དང༌། རྒྱུ་དཔེ་གྲངས་གསུམ་ལས་རྒྱུའི་སྒོ་ནས་དལ་འབྱོར་རྙེད་དཀའ་བ་འཆད་སྐབས་སུའང་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར། སྦྱིན་སོགས་དགེ་བ་མང་བོས་གྲོགས་བྱས་པ་ཞེས་གསུངས་པས་མངོན་མཐོའི་རྒྱུ་ལ་ཚུལ་ཁྲིམས་ངེས་པར་བསྲུང་དགོས་པ་རེད་མ་གཏོགས། ཚུལ་ཁྲིམས་མ་བསྲུངས་ན་བདེ་འགྲོའམ་མངོན་མཐོ་ལྷ་མིའི་གོ་འཕང་བགྲོད་པའི་ཐབས་མེད་པས་ངན་སོང་དུ་ངེས་པར་འགྲོ་དགོས་པ་རེད། དེའི་རྐྱེན་གྱིས་རྣམ་པ་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ལ་ཡིད་ཆེས་པའི་སྒོ་ནས་བསླབ་ཁྲིམས་མངོན་ལྐོག་མེད་པར་བསྲུང་དགོས་པ་ཡིན། དུས་ངན་སྙིགས་མའི་སྐབས་འདིར་མ་མཐའ་དགེ་སློང་ཞིག་ཡིན་ན་ཕམ་པ་བཞི་དང༌། དགེ་ཚུལ་ཞིག་ཡིན་ན་ཕམ་འདྲ་བཞི་བོ་གང་གིས་ཀྱང་མ་གོས་པ་ཞིག་ཡོང་ན་ཆོས་རྣམ་དག་ཅིག་འགྲུབ་པར་འགྱུར་ཏེ། ཚུལ་ཁྲིམས་ལྡན་པ་ཡུན་རིང་འཚོ་བས་ཀྱང༌། །ཞེས་ཚུལ་ཁྲིམས་དང་ལྡན་པ་ཚེ་ཡུན་རིང་བོར་འཚོ་ན་རང་གིས་ཐོས་བསམ་སྒོམ་གསུམ་ལ་སོགས་པ་དགེ་བའི་ལས་རྣམས་འཕེལ་ཐུབ་པ་དང༌། ཚུལ་ཁྲིམས་དང་མི་ལྡན་པ་ཞིག་ཡིན་ཕྱིན་ཚེ་རིང་ཡང་ཚུལ་ཁྲིམས་འཆལ་བའི་དབང་གིས་ཉེས་སྤྱོད་ཀྱི་གཞི་མང་བོ་ལ་འཇུག་པས་ཚེ་རིང་ཡང་དགོས་པ་ཆེན་པོ་མི་འདུག སྤྱིར་བཏང་ཚུལ་ཁྲིམས་བསྲུངས་པའི་ཕན་ཡོན་ངས་ནམ་རྒྱུན་ཁྱེད་ཚོར་ཞུས་པ་ནང་བཞིན་ཏེ། རྣམ་དག་ཞིང་དུ་བསྐལ་བ་འབུམ་ལ་ཚུལ་ཁྲིམས་བསྲུངས་པ་ལས། སྙིགས་མ་ལྔ་བདོ་བའི་དུས་སུ་ཚུལ་ཁྲིམས་ཉིན་རེ་ཙམ་ལ་བསྲུངས་པའི་ཕན་ཡོན་ཆེ་བར་འཕགས་པ་ཐར་བ་ཆེན་པོའི་མདོ་ལས་གསུངས་ཏེ། རྣམ་དག་ཞིང་དུ་བསྐལ་བ་འབུམ། །ཚུལ་ཁྲིམས་རྣམ་དག་བསྲུངས་པ་ལས། །དེང་ནས་སང་གི་བར་དུ་ནི། །ཚུལ་ཁྲིམས་གནས་པ་ཡང་དག་མཆོག །ཅེས་གསུངས་པ་དང༌། ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན། །ཞེས་ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་གཟི་བརྗིད་དང་ལྡན་པ། ཚུལ་ཁྲིམས་དང་ལྡན་ན་དགེ་བའི་ལས་དང་ལྡན་པ། ཚུལ་ཁྲིམས་དང་ལྡན་པ་མ་དང་མཁའ་འགྲོ་མེ་ཏོག་ལ་བུང་བ་ནང་བཞིན་དུ་འཁོར་བ། ཚུལ་ཁྲིམས་དང་ལྡན་པ་ལ་བླ་མའི་བྱིན་རླབས་ཀྱང་འཇུག་པ། ཚུལ་ཁྲིམས་དང་ལྡན་ན་རང་རང་གི་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་རྣམས་ཡང་དག་པར་འགྲུབ་པས་ཚུལ་ཁྲིམས་མངོན་ལྐོག་མེད་པར་སྲུངས་ཤིག་ཨང་ཞེས་གདམས་པརེད།

སྒོ་གསུམ་བག་ཡོད་པར་གདམས་པ།

སྒོ་གསུམ་བག་ཡོད་པར་གདམས་པ།

དེ་ནས་སྒོ་གསུམ་བག་ཡོད་པར་གདམས་པ་ནི། ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད། །སྨྲ་བ་ཉུང་བས་ཕོག་ཐུག་གཡེང་བ་མེད། །དད་བརྩོན་དྲན་ཤེས་བརྟན་པོས་ཉིན་རེ་བཞིན། །ཡོན་ཏན་ཡར་ངོས་ཟླ་ལྟར་འཕེལ་འགྱུར་བས། །སྒོ་གསུམ་བག་དང་ལྡན་པར་གྱིས་ཤིག་ཨང༌། །ཞེས་གསུངས་ཏེ། ཕྱི་ལུས་ངག་གི་ཀུན་སྤྱོད་རྣམས་གཙང་བ་ཡིན་ན་གཞན་གྱི་ཡིད་དུ་འཐད་པས་ཞི་ཞིང་དུལ་བ་སྟེ། ཆོས་འདུལ་བ་ནས་གསུངས་པ་ནང་བཞིན་དུ་ལུས་ཀྱི་ཀུན་སྤྱོད་གཙང་བ་ཡིན་ན་དེ་ལ་བརྟེན་ནས་ངག་གི་ཀུན་སྤྱོད་ཀྱང་གང་འཚམ་གྱིས་ཡག་པོ་ཞིག་ཡོང་ཐུབ་པ་དང༌། སྔགས་ཀྱི་སྐབས་སུའང༌། ལུས་དབེན་པར་ནི་མ་བསྟེན་པར། །སེམས་དབེན་པ་ནི་རྙེད་མི་འགྱུར། །ཞེས་པ་ལྟར་ཡིན་པས་ཁྱེད་རྣམ་པར་མཚོན་ན་ལུས་ཀྱི་ཀུན་སྤྱོད་ཡག་པོ་མ་བྱས་ན་དེ་ལ་བརྟེན་ནས་ལུས་ཀྱི་རྩ་འཁྲུགས་པ་དང༌། དེའི་དབང་གིས་སེམས་ལ་རྣམ་རྟོག་སྣ་ཚོགས་འཆར་བས་སེམས་དེ་དགེ་བའི་ལམ་ལ་འགྲོ་མི་ཐུབ་པ་ཞིག་ཏུ་ཆགས་ཡོང་བས་རྣམ་པ་ཚོས་ལུས་ངག་གི་ཀུན་སྤྱོད་ཡག་པོ་བྱེད་རྒྱུ་གལ་ཆེན་པོ་རེད། གལ་ཏེ་གྲྭ་བ་ཞིག་གིས་ཀུན་སྤྱོད་ངན་པ་བྱས་པ་ན་དེ་ལ་བརྟེན་ནས་གང་ཟག་སྒེར་བ་ཞིག་གི་སྐྱོན་དེ་དགེ་འདུན་པ་སྤྱི་དང༌། ནང་བ་སངས་རྒྱས་པ་ལ་སྦྱར་ནས་སྐྱོན་བརྗོད་སྣ་ཚོགས་དང་མི་སྙན་པ་སྣ་ཚོགས་པ་ཞིག་ཡོང་གི་ཡོད་པ་རེད། དངོས་པོའི་གནས་ཚུལ་ལ་བསམ་བློ་བཏང་ན་ཆོས་དང་ཆོས་པའི་སྐྱོན་སོ་སོ་སྟེ། ཆོས་སྒྲུབ་པ་བོ་རྣམས་ལ་མཚོན་ན་ཐམས་ཅད་དགྲ་བཅོམ་པ་མ་ཡིན་པས་རང་རྒྱུད་ལ་ཉོན་མོངས་པ་ཆགས་སྡང་རྨོངས་གསུམ་སོགས་ཡོད་སྲིད་ལ། དེ་ཆོས་ཀྱི་སྐྱོན་མ་ཡིན་པར་གང་ཟག་སོ་སོའི་སྐྱོན་ཡིན་པ་ཤེས་རྒྱུ་གལ་ཆེ་སྟེ། ནང་བ་སངས་རྒྱས་པའི་ཆོས་ལ་བསམ་བློ་བཏང་ན་བྱམས་སྙིང་རྗེ། བྱང་ཆུབ་ཀྱི་སེམས། སྟོང་ཉིད་ཀྱི་ལྟ་བ། བདེན་བཞིའི་རྣམ་བཞག་ལ་སོགས་པ་གང་གི་ཆ་ནས་ཀྱང་བསྟན་པ་སྐྱོན་མེད་པ། བླ་ན་མེད་པ། རྣམ་པར་དག་པ་འདི་འདྲ་ཞིག་ཏུ་ཆགས་འདུག མདོར་ན་རྣམ་པ་ཚོས་ལུས་ཀྱི་ཀུན་སྤྱོད་ཡག་པོ་བྱས་ཏེ། ངག་གི་སྒོ་ནས་རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་སོགས་མི་བཤད་པར་ངག་གི་ཀུན་སྤྱོད་གཙང་བར་བྱས་ན་ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད་ཅེས་པ་ནང་བཞིན་ཞིག་ཡོང་བའོ། །དེང་སང་རྒྱལ་ཁབ་ཀྱི་ཁྲིམས་ནང་དུའང་ཀུན་སྤྱོད་ཀྱིས་གཞན་གྱི་ཡིད་སེམས་འགུག ཅེས་བཤད་པ་ནང་བཞིན་དུ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ངོས་ནས་ཀུན་སྤྱོད་ཀྱིས་གཞན་ལ་དད་པ་དང་མོས་པ་སྐྱེ་བར་བྱེད་རྒྱུ་གལ་ཆེན་པོ་རེད། དེ་ནས་སྨྲ་བ་ཉུང་བས་ཕོག་ཐུག་གཡེང་བ་མེད་པ་སྟེ། གང་ཟག་སོ་སོས་དོན་མེད་དུ་གཞན་གྱི་སྐྱོན་ནས་བརྗོད་པ། ལྐོག་ནས་ལྐོག་གཏམ་བཤད་པ། མངོན་ལྐོག་མི་མཉམ་པའི་སྐད་ཆ་རྐྱང་བ་བཤད་ན་གཞན་ལ་ཕོག་ཐུག་བཟོ་འགྲོ་ནི་རེད། དེའི་རྒྱུ་མཚན་གྱིས་ང་ཚོས་རྟག་པར་ངག་གི་སྨྲ་བ་ལ་བརྟག་དགོས་པ་གལ་ཆེ་མོད། འོན་ཀྱང་གང་ཟག་སྒེར་སོ་སོ་ཡར་རྒྱས་སུ་འགྲོ་བ་ལ་མཚམས་རེར་སྐྱོན་གྱི་ཆ་ནས་མ་བརྗོད་ན་མི་ཡོང་བ་ཡིན་ཏེ། དམ་པའི་ཆོས་ཀྱི་དབང་དུ་བྱས་ན་གདམས་ངག་མཚང་ཐོག་ཏུ་རྒོལ་བ་ཟེར་བ་ཞིག་ཡོང་གི་འདུག དེ་ནང་བཞིན་དུ་འཇིག་རྟེན་གྱི་ཁ་དཔེར། ཤ་ཚ་བའི་གཏམ་ལ་སྙན་པོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད། ཅེས་པ་ནང་བཞིན་ཡིན་ན་ཡང༌། ཁོ་རང་ཚོར་ཕར་བཤད་པ་དེ་མི་ཉན་པའི་རིགས་ཤིག་ཡོང་འདུག་པ་དེ་ཚོ་ལ་བཤད་མ་བཤད་མེད་པ་སྟེ། མི་ཉན་པ་ལ་ཁ་ཏ་བྱེད་པ་མཚང༌། །མཚང་དུ་ཤེས་ནས་ད་རུང་མི་འདོར་ན། །རང་ཉིད་སྨྱོན་པ་ཡིན་པ་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་དོན་དངོས་དང་དྲང་བདེན་གནས་ལུགས་ཀྱི་སྐད་ཆ་གང་ཡིན་ནའང་གཞན་ལ་ཕན་ཐོགས་མེད་པ་དང་རང་ངོས་ནས་ལྷག་བསམ་མེད་པ་ཡིན་ན་སྐད་ཆ་དེ་མ་བཤད་ན་ཡག་པོ་འདུག གཙོ་བོ་སྐད་ཆ་ཞིག་བཤད་ན་རང་གི་ཀུན་སློང་དེ་གཞན་ལ་ཕན་འདོད་ཀྱི་ཀུན་ནས་བསླངས་ཏེ་སྐད་ཆ་བཤད་ན་ཡག་པོ་ཡོང་གི་རེད། དེ་མིན་གནོད་ཅིང་འཚེ་བའི་བསམ་པས་ཀུན་སློང་དང་བཅས་ཏེ། དཔེར་ན་གཞན་ལ་སྐྱོན་བརྗོད་བྱས་ན་སྐྱོན་རྗོད་པ་བོའི་ངོས་ནས་མ་འགྲིག་པ་ཞིག་རེད། འོན་ཀྱང་སྐྱོན་བརྗོད་ཡུལ་གྱི་གང་ཟག་དེའི་ངོས་ནས་བསམ་བློ་བཏང་ན་གཞན་གྱིས་རང་ལ་སྐྱོན་བརྗོད་བྱས་ཀྱང་སྐྱོན་དེ་ཡོད་མེད་བརྟགས་ཤིང་དཔྱད་ནས་སྐྱོན་རེ་ཡོད་ན་རང་གིས་དོར་ཏེ་གདམས་ངག་ཏུ་བླངས་ན་སོ་སོའི་ངོས་ནས་ཕན་ཐོགས་ཡོང་ཐག་ཆོད་ཡིན། ཁྱེད་རྣམ་པར་མཚོན་ན་རང་ངོས་ནས་ཆོས་གྲོགས་ཕན་ཚུན་བར་ཕྲག་དོག་དང༌། འགྲནསེམས་ཀྱི་དབང་གིས་སྐྱོན་སྣ་ཚོགས་བརྗོད་ན་མཐུན་སྒྲིལ་ལ་གནོད་པ་དང༌། རང་གི་མི་གཞི་ཡག་པོ་མེད་པར་མཚོན་པ་ལས་གཞན་ཁེ་ཕན་དང་གྲུབ་འབྲས་གང་ཡང་མེད་པས་དད་པ་དང་དག་སྣང་བྱེད་རྒྱུ་གལ་ཆེན་པོ་ཡིན་ལ། དེའི་སྟེང་དུ་དད་བརྩོན་དྲན་ཤེས་བརྟན་པོས་ཉིན་རེ་བཞིན་ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་བསྟན་པ་འཛིན་པ་དེ་ཡང་འདི་ནས་གསུངས་པ་ནང་བཞིན་དད་པ་དང་བརྩོན་འགྲུས་ཤེས་རབ་གསུམ་གྱིས་འཛིན་དགོས་པ་རེད་མ་གཏོགས། ལྷ་ཁང་གསེར་ཁང་སོགས་རྟེན་བཞེངས་པ་ཙམ་གྱིས་སངས་རྒྱས་ཀྱི་བསྟན་པ་འཛིན་མི་ནུས་ལ། དགོན་སྡེ་ཞིག་བསྐྱངས་ནའང་ཐོས་བསམ་སྒོམ་གསུམ་དང་འཆད་ཉན་གྱི་སྒོ་ནས་བསྐྱང་དགོས་པ་གལ་ཆེ་བ་དང༌། ལྷག་ཏུ་ཤེས་རབ་རྐྱང་བ་ཙམ་མིན་པར་དད་པ་དང་ཤེས་རབ་གཉིས་ཟུང་དུ་འབྲེལ་ན་དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །ཅེས་གསུངས་པ་བཞིན་དུ་རང་རྒྱུད་ཀྱི་ཡོན་ཏན་རྣམས་མི་ཉམས་པ་དང་ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་རྣམས་གོང་འཕེལ་དུ་གཏོང་ཐུབ་པ་ཞིག་ཡོང་བ་རེད། དེ་ཡང་སྔོན་མའི་ཆར་བསམ་བློ་བཏང་ན་མོ་ཙེ་ཏུང་སོགས་ཀྱིས་རིག་གནས་གསར་བརྗེའི་སྐབས་སུ་དད་པ་ལ་རྨོངས་དད་ཅེས་བཏགས་པར་བརྟེན་ནས་དེང་སང་ཚང་མས་དད་པ་ཟེར་བ་དེ་རྨོངས་དད་ཡིན་པར་བསམ་གྱིན་འདུག ཡིན་ན་ཡང་དེ་རྩ་བ་ནས་མི་འགྲིག་པ་ཞིག་རེད། དེས་ན་རྨོངས་དད་ཅེས་པ་ནི་ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་དང༌། བླ་མ་མ་ཡིན་པ་ལ་བླ་མར་འདུ་ཤེས་པ། ཡོན་ཏན་ཅན་མ་ཡིན་པ་ལ་ཡོན་ཏན་ཅན་དུ་བཟུང་ན་དེ་ནི་ནོར་འཁྲུལ་དང་རྨོངས་དད་དུ་ཆགས་ཡོད་པ་མ་གཏོགས། གལ་ཏེ་རང་གིས་ཆོས་ཀྱི་གནས་ཚུལ་དེ་ཇི་བཞིན་པར་མ་ངེས་ཀྱང་སངས་རྒྱས་ཐུགས་རྗེ་ཅན་གྱི་ཇི་ལྟར་གསུངས་པ་བཞིན་དུ་ཡིད་ཆེས་ན་ཡིད་ཆེས་པའི་དད་པ་དེ་ཡོང་གི་ཡོད་པ་རེད། དེར་མ་ཟད་དད་པ་ཞེས་པ་དེ་ངེས་པར་བླ་མ་ཞིག་ལ་དད་པ་བྱེད་དགོས་པ་མ་ཡིན་པར་བདེན་བཞིའི་གནས་ལུགས་ལ་ཡིད་ཆེས་པའི་དད་པ་དང༌། ལས་འབྲས་མི་བསླུ་བ་སོགས་ལ་ཡིད་ཆེས་པའི་དད་པ་སོགས་ཡོད་པས་དེ་འདྲའི་དད་པ་དང་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གཉིས་ཡ་མ་བྲལ་བ་ཞིག་ཅིས་ཀྱང་གལ་ཆེ་བ་ཞིག་ཡིན།

ཐོས་པའི་བློ་མིག་གལ་ཆེ་ཚུལ།

ཐོས་པའི་བློ་མིག་གལ་ཆེ་ཚུལ།

དེ་ནས་ཐོས་པའི་བློ་མིག་གལ་ཆེ་བར་གདམས་པ་ནི། དང་པོ་ཐོས་པའི་སྒྲོན་མེ་མ་སྦར་ན། །ཀུན་ནས་ཉོན་མོངས་སྲིད་པའི་སྐྱོན་མཚང་དང༌། །རྣམ་བྱང་ཐར་བའི་ལམ་གྱི་བགྲོད་ཚུལ་སོགས། །བླང་དོར་ཇི་ལྟར་བྱ་བ་མི་ཤེས་པས། །ཐོས་པའི་བློ་མིག་སྦྱང་བར་གྱིས་ཤིག་ཨང༌། །ཞེས་གསུངས་ཏེ། དང་པོ་ཐོས་བསམ་སྒོམ་གསུམ་ལས་ཐོས་པའི་སྒྲོན་མེ་མ་སྦར་ན་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་སྲིད་པ་འཁོར་བའི་སྐྱོན་དེ་མི་ཤེས་པ་དང༌། རྣམ་བྱང་ཐར་བའི་ཡོན་ཏན་ནམ་ཡང་མི་ཤེས་པ་རེད། དེ་མ་ཤེས་ན་བླང་དོར་གྱི་ཚུལ་དེ་ཇི་བཞིན་པ་མི་ཤེས་པས་དང་པོ་རང་གི་ཐོས་པའི་སྒོ་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་མིག་དེ་སྦྱང་བར་གྱིས་ཤིག་ཅེས་གདམས་པ་རེད། དཔེར་ན་མིག་དང་ལྡན་པའི་གང་ཟག་ཅིག་ཡིན་ན་ལམ་དུ་ཞུགས་ནས་གནས་གང་ཞིག་ལ་ཕྱིན་ཀྱང་གཡང་སར་མི་ལྟུང་བར་གང་འདོད་པའི་གནས་དེར་བདེ་བླག་ངང་འབྱོར་ཐུབ་པ་ཞིག་ཡོང་སྲིད་ཀྱང༌། དེ་ལས་ལྡོག་སྟེ་མིག་ལོང་ཞིག་ལྷ་ས་ལྟ་བུའི་གྲོང་ཁྱེར་ཞིག་ཏུ་འགྲོ་དགོས་ཟེར་ན་དཀའ་ལས་ཁེག་པོ་རེད། དེའི་རྒྱུ་མཚན་གྱིས་དང་པོ་ཐོས་པའི་བློ་མིག་སྦྱང་རྒྱུ་གལ་ཆེ་བ་ཡིན། དེ་ཡང་སྐྱེས་རབས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པའི་དོན་མ་ཡིན་པ་སྤོང༌། །ཐོས་པས་མྱ་ངན་འདས་པར་འགྱུར། །ཞེས་གསུངས་པ་ནང་བཞིན་དུ་ཐོས་པ་ལ་བརྟེན་ན་ཆོས་ཐམས་ཅད་ཤེས་པ་དང༌། སྡིག་པ་ལས་ལྡོག་པར་བྱེད་པ་དང༌། ཐོས་པ་ལ་བརྟེན་ནས་དོན་མ་ཡིན་པའི་བྱ་བ་ངན་པ་ཐམས་ཅད་སྤང་ཐུབ་པ་དང༌། མྱང་འདས་ཐར་བའང་ཐོབ་པར་བྱེད་ཅེས་གསུངས་ཡོད་པ་ཐུགས་ལ་བཟུང་རྒྱུ་དང༌། དེར་མ་ཟད་སོ་སོས་ཐོས་བསམ་བྱས་ན་དམ་པའི་ཆོས་ཡང་དག་པ་ཞིག་བསྒྲུབས་ཡོད་སྙམ་པའི་རིན་ཐང་གི་ལྟ་བ་ཡོད་དགོས་པ་རེད་མ་གཏོགས། ཁྱེད་རྣམ་པ་སློབ་གཉེར་བ་དང་ཐོས་བསམ་པ་ཚོར་ཐོས་བསམ་ལ་རིན་ཐང་གི་ལྟ་བ་མེད་ན་ཐོས་བསམ་མི་བྱེད་པའི་གྲྭ་བ་རྣམས་དང༌། མང་ཚོགས་ཚོར་ཐོས་བསམ་ལ་རིན་ཐང་གི་ལྟ་བ་ཡག་པོ་མེད་པ་བཤད་མ་དགོས་པ་ཞིག་རེད། དེས་ན་རང་གིས་ཐོས་བསམ་བྱས་པ་དེ་ཚོ་རྩ་ཆེན་དང་མཐོང་ཆེན་དུ་བརྩིས་ནས་ཐོས་བསམ་གཤའ་མ་ཞིག་བྱེད་རྒྱུ་གལ་ཆེན་པོ་ཡིན་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་གྲངས་མང༌། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་བས་ཆུ་ལས་འོ་མ་ལེན་པར་ལྟར། །རང་གིས་འདོད་པ་དང་དུ་ལེན་པར་གྱིས། །ཞེས་གསུངས་པ་བཞིན་དུ་ཐོག་མར་མི་ཞིག་གིས་རང་གི་མི་ཚེར་ཐམས་ཅད་སྦྱངས་ནས་ཤེས་རྒྱུ་དཀའ་བས་དང་པོ་རང་གིས་ཉམས་སུ་ལེན་བྱའི་ཆོས་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ་ལས་རྒྱུ་འབྲས། བདེན་བཞིའི་འཇུག་ལྡོག་དང་ཕར་ཕྱིན་དྲུག་སོགས་ཉམས་སུ་ལེན་པའི་ཚུལ་རྣམས་ལེགས་པར་ཤེས་པར་བྱས་ནས་ཉམས་སུ་ལེན་དགོས་པ་མ་གཏོགས། མ་ཤེས་ན་ཉམས་སུ་ལེན་ཚུལ་མེད་པ་སྟེ། དཔེར་ན་འཆི་བ་མི་རྟག་པ་མ་ཤེས་པར་འཆི་བ་མི་རྟག་པ་ཉམས་སུ་ལེན་ཤེས་ཟེར་ན་དཀའ་ལས་ཁེག་པོ་འདུག དེའི་ཕྱིར་ན་དང་པོར་ཐོས་པ་བྱས། ཐོས་པ་བྱས་པ་དེ་ཡང་ཐོས་རྐྱང་དུ་སོང་བ་ཙམ་མིན་པར་གང་ཐོས་པ་དེར་བསམ་པས་སྒྲོ་འདོགས་བཅད། བསམ་བྱུང་གིས་ངེས་པ་རྙེད་པ་དོན་དེ་སྒོམ་པ་བྱས་ནས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱེད་རྒྱུ་གལ་ཆེ་སྟེ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས། ང་ཐོས་དུས་ཙ་ན་བསམ་སྒོམ་བདོ། །ང་བསམ་སྒོམ་ཙ་ན་ཐོས་སྒོམ་བདོ། །ང་སྒོམ་དུས་ཙ་ན་ཐོས་བསམ་བདོ། །ང་བཀའ་གདམས་ཕྱོགས་སུ་མ་ལྷུང་བ། །ཞེས་གསུངས་ནང་བཞིན་དུ་ཐོས་བསམ་སྒོམགསུམ་ཡ་མ་བྲལ་བ་བྱེད་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད།

རྟག་སྦྱོར་གྱི་བརྩོན་འགྲུས།

རྟག་སྦྱོར་གྱི་བརྩོན་འགྲུས།

དེ་ནས་རྟག་སྦྱོར་གྱི་བརྩོན་འགྲུས་དགོས་པར་གདམས་པ་ནི། དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། །བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར། །དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས། །ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས། །དཔེ་འཛིན་སྐྱོར་སྦྱང་ཡུན་དུ་གྱིས་ཤིག་ཨང༌། །ཞེས་གསུངས་ཏེ། ཐོག་མར་དོན་གོ་བ་ལ་ཚིག་ལ་བརྟེན་ནས་གོ་དགོས་པ་མ་གཏོགས། ལས་དང་པོ་བ་ཞིག་གིས་ཚིག་ལ་མ་བརྟེན་པར་དོན་རྟོགས་མི་ཐུབ་པས་དཔེ་ཀློག་ཐན་ཐུན་རེ་དང་ངག་སྒྲོས་ཙམ་ལ་བརྟེན་ནས་ཉིན་རེར་ཆོས་རར་འགྲོ་ཐབས་ཙམ་བྱས་ན། དེ་ཙམ་གྱིས་ཕན་པ་མེད་པས་རྒྱུན་དུ་གཞུང་གི་རྩ་བ་སོགས་བློར་འཛིན་རྒྱུ་དང་དེའི་སྟེང་དུ་དཔེ་ཀློག་རྣལ་མ་ཞིག་བྱས་ཏེ་གཞུང་དོན་རྟོགས་ཨེ་ཐུབ་ལྟ་དགོས་པ་གལ་ཆེན་པོ་ཡིན་ཏེ། རྟོགས་དཀའ་བའི་ཆོས་གང་ཡིན་ཡང་སྒོམ་བྱུང་གི་མྱོང་བ་མ་ཐོན་པར་དུ་ལུང་གི་ཆོས་ལ་བརྟེན་དགོས་པ་གསུངས་ཡོད་པ་རེད། དཔེར་ན་ཆུ་བོའི་ཕ་རོལ་ཏུ་བརྒལ་བ་ལ་གྲུ་གཟིངས་ལ་ངེས་པར་བརྟེན་དགོས་པ་དང༌། ཆུ་བོའི་ཕ་རོལ་ཏུ་བརྒལ་རྗེས་གྲུ་གཟིངས་ལ་བརྟེན་མི་དགོས་པ་བཞིན་ཡིན་ཏེ། རྒྱུད་བླ་མར། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །ཞེས་གསུངས་པས་དང་པོར་གཞུང་ཚིག་ལ་བརྟེན་རྒྱུ་གལ་ཆེན་པོ་ཡིན་མོད། ཁ་ཅིག་གིས་དཔེ་ཆར་ལྟ་སྐབས་སུ་གཞུང་ཚིག་མང་བོ་བློར་བཟུང་ནས་རྒྱུན་རྟག་པར་བློ་འདོན་སྐྱོར་ཏེ་དོན་ལ་བསམ་བློ་མི་གཏང་བར་དཔེར་ན་ཨ་མཆོད་རྣམས་ཀྱིས་རིམ་གྲོ་བསྒྲུབས་པ་ལྟ་བུ་དང༌། ནེ་ཙོས་མ་ཎི་འདོན་པ་ལྟ་བུའི་ཁ་ནས་འདོན་པ་མ་གཏོགས་དོན་ལ་མི་སེམས་ན་བརྗོད་བྱའི་དོན་ལ་སྒྲོ་འདོགས་མི་ཆོད་པས་དོན་ལ་བརྟགས་ཤིང་དཔྱད་པ་གལ་ཆེན་པོ་ཡིན་ཞེས་གདམས་པ་རེད། རྒྱུ་མཚན་དེས་ན་ང་ཚོས་རྟག་པར་བློ་འཛིན་དང༌། དཔེ་ཀློག་དང༌། དཔེ་ཁྲིད་སོགས་སྐབས་ཀུན་ཏུ་དོན་དེ་གོ་བའི་ཕྱིར་ཡིན་པ་དང༌། དངོས་པོའི་གནས་ལུགས་ལ་རྨོངས་པའི་མ་རིག་པ་བཟློག་པའི་ཆེད་དུ་ཡིན་པའི་གནས་ལུགས་དེ་རྟོགས་དགོས་པ་རེད་མ་གཏོགས། ཆོས་ར་ནང་ནས་རྟགས་གསལ་ཞིག་འཕེན་ཤེས་པ་ཙམ་དང༌། དམ་བཅའི་ཁས་ལེན་མཁྲེགས་འཛིན་ཤེས་པ་ཙམ་གྱིས་ཡོང་གི་ཡོད་པ་མ་རེད། དེས་ན་རྣམ་པ་ཚོས་དཔེ་ཆར་ལྟ་སྐབས་གཞུང་གི་རྩ་བ་རྣམས་བློར་གཟུང་དགོས་པ་དང༌། དེ་ཡང་བློར་བཟུང་བ་ཙམ་མ་ཡིན་པར་དེའི་དོན་གོ་བ་ཞིག་ཡོང་རྒྱུ་དང༌། དེའི་སྟེང་དུ་གཞུང་དེ་དག་གི་ས་བཅད་དང་མཚན་ཉིད་དབྱེ་བ་རྣམས་ངེས་པར་བྱས་ན་ས་བཅད་ནི་གཞུང་དེ་དག་གི་སྡོམ་ལྟ་བུ་ཞིག་ཡིན་ཞེས་དགེ་བའི་བཤེས་གཉེན་རྣམ་པས་ནམ་རྒྱུན་གསུངས་པས་ངེས་པར་དུ་དེ་འདྲ་ཞིག་ཨེ་ཡོང་ལྟ་རྒྱུ་གལ་ཆེན་པོ་ཡིན། མདོར་ན་དཔེ་ཆར་ལྟ་བའི་སྐབས་སུ་གོ་རིམ་མ་འཆོར་བ་ཞིག་སྟེ། དང་པོར་བླ་མ་བླ་མར་བསྟེན། བར་དུ་དཔེ་ཆ་བླ་མར་བསྟེན། ཐ་མར་རང་སེམས་བླ་མར་བསྟེན་ཞེས་གསུངས་པ་བཞིན་དུ་ཐོག་མར་བླ་མ་དགེ་བའི་བཤེས་གཉེན་རྣམས་བླ་མར་བསྟེན་ནས་གསུང་རབ་ཀྱི་བརྡ་ཆད་དག་ཤེས་པར་བྱས། བར་དུ་རང་གིས་དཔེ་ཆ་མང་བོར་བཀླག་དགོས་པ་དང་ལྷག་པར་དུ་སྔོན་བྱོན་སྐྱེས་བུ་དམ་པ་ཚོས་གསུངས་པའི་གཞུང་རྣམས་བཀླགས་ན་དེ་དག་ནི་ཏིང་ངེ་འཛིན་མང་བོས་བྱིན་གྱིས་བརླབས་ཡོད་པས་འཆང་བ་དང་ནི་སྟོན་ཏམ་ཀློག་ན་ཡང༌། །དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན། །ཞེས་གསུངས་པ་ནང་བཞིན་ཏེ། སྐྱེས་བུ་དམ་པ་ཚོར་དངོས་སུ་མཇལ་ནའང་ཁོང་ཅག་གི་གསུང་རབ་ཏུ་བསྟན་པ་ལས་ལྷག་ཅིག་བསྟན་རྒྱུ་མེད་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་པ་དང་འཕྲིན་ལས་མཆོག་ཏུ་གྱུར་པ་དེའང་གསུང་གི་མཛད་པ་དང་གསུང་གི་འཕྲིན་ལས་ཡིན་པས་སྔོན་བྱོན་སྐྱེས་བུ་དམ་པ་ཚོའི་གསུང་དེ་གལ་ཆེན་དང༌། རྩ་ཆེན་བརྩི་རྒྱུར་གནད་འགག་ཆེན་པོར་ཆགས་འདུག དེ་མིན་དེ་ལས་གཞན་པའི་གསར་རྩོམ་ཁག་བཀླགས་ན་དེ་ནི་ཤེར་ཕྱིན་གྱི་མདོ་ལས། ཤེར་ཕྱིན་མ་ཡིན་པ་ཁ་ཏོན་བྱས་པའི་བདུད་ལས་བཤད་པ་དེར་འགྱུར་ལ། འདུལ་བ་ལས་ཀྱང་བཀག་སྟེ། བརྟན་མཁས་གཉིས་ལྡན་གྱི་ཤཱ་རི་བུ་ལྟ་བུའི་གང་ཟག་ཁྱད་པར་ཅན་ཡིན་ཡང༌། ཕྱི་རོལ་པ་ལ་རྩོད་པའི་དགོས་པ་མེད་ན་དུག་གསུམ་རྒྱས་བྱེད་ཀྱི་བསྟན་བཅོས་རིགས་ལ་ལྟ་བ་གནང་མེད་པ་དང༌། གལ་ཏེ་རྩོད་པའི་དགོས་པ་ཡོད་ནའང་ཉིན་གུང་རིག་པ་མི་གསལ་བའི་སྐབས་མ་གཏོགསབཀླག་རྒྱུ་གནང་མེད་པ་དེ་ཤེས་རྒྱུ་གལ་ཆེན་པོ་རེད།

དཀའ་སྤྱད་དང་སྡུག་རུས།

དཀའ་སྤྱད་དང་སྡུག་རུས།

དེ་ནས་དཀའ་སྤྱད་དང་སྡུག་རུས་དགོས་པར་གདམས་པ་ནི། ཀུན་བྱང་འཇུག་ལྡོག་ཚུལ་ལ་མ་རྨོངས་ཤིང༌། །ཚོགས་ཀྱི་དབུས་སུ་སྨྲ་མཁས་དཔལ་འདོད་ན། །ད་ལྟ་བཟའ་བཏུང་གཉིད་ཀྱི་བདེ་བ་ལ། །ཆགས་པའི་སྐྱིད་ཆོས་འདི་ཡིས་མི་འགྲུབ་པས། །དཀའ་སྤྱད་སྡུག་རུས་བཟོད་པར་གྱིས་ཤིག་ཨང༌། །ཞེས་གསུངས་ཏེ། ཀུན་ནས་ཉོན་མོངས་པའི་ཕྱོགས་དང་རྣམ་བྱང་ཐར་བའི་ཕྱོགས་ཀྱི་འཇུག་ལྡོག་གི་ཚུལ་ནི་བདེན་བཞིའི་འཇུག་ལྡོག་གི་རིམ་པ་སྟེ། འབྲས་བུ་སྡུག་བསྔལ་བདེན་པ་ཤེས་བྱ་དང་དེའི་རྒྱུ་ཀུན་འབྱུང་བདེན་པ་སྤང་བྱ་ཡིན་ཞིང༌། རྒྱུ་ཀུན་འབྱུང་ལྡོག་ན་འབྲས་བུ་སྡུག་བདེན་ཡང་ལྡོག་པ་དང༌། ཀུན་འབྱུང་བདེན་པའི་དབང་གིས་སྡུག་བདེན་འབྱུང་བ་དེ་ནི་ཀུན་ཉོན་ཕྱོགས་ཀྱི་འཇུག་ལྡོག་གི་རིམ་པ་རེད། དེ་ནས་གཉེན་པོ་ལམ་བདེན་སྒོམ་སྟོབས་ཀྱིས་སྤང་བྱ་ཟད་པའི་འགོག་བདེན་ཐོབ་པ་སོགས་མདོར་ན་ཀུན་བྱང་གི་འཇུག་ལྡོག་གི་ཚུལ་ལ་མ་རྨོངས་པ་དང༌། ཆོས་ཚོགས་ཀྱི་དབུས་སུ་སྨྲ་མཁས་པའི་དཔལ་འདོད་ན་ད་ལྟ་ཟ་བཏུང་དང་གཉིད་སོགས་རྣམ་གཡེང་གི་བདེ་བ་ལ་ཆགས་པའི་སྐྱིད་ཆོས་འདི་ཡིས་དམ་པའི་ཆོས་དེ་བསྒྲུབ་མི་ནུས་པར་གསུངས་པས་ན་དཀའ་སྤྱད་སྡུག་རུས་བྱེད་རྒྱུ་གལ་ཆེན་པོ་སྟེ། འཇམ་མགོན་ས་པཎ་གྱིས། མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་སྡོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལ་ཆགས་པ་དེས། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །ཅེས་གསུངས་པ་བཞིན་དུ་མཐར་ཐུག་གི་བདེ་བ་ཆེན་པོ་དང༌། མཁས་པ་ཆེན་པོར་འགྱུར་དགོས་ན་དཀའ་སྤྱད་ལ་བརྟེན་དགོས་པ་ལས་སེམས་རྣམ་པར་གཡེང་ནས་གནས་སྐབས་ཀྱི་བདེ་བ་ཙམ་ལ་ཆགས་ན་མཐར་འཐོབ་བྱ་དེ་ལ་བདེ་བ་ཆེན་པོའམ་འཐོབ་བྱ་ཆེན་པོ་ཡོད་མི་སྲིད་པ་རེད། དེས་ན་ད་ལྟ་སོ་སོར་དམ་པའི་ཆོས་བསྒྲུབ་པའི་སྐལ་བ་ཡོད་པའི་དུས་འདིར་ཐོས་བསམ་སྒོམ་གསུམ་བྱས་ནས་དམ་པའི་ཆོས་རིན་པོ་ཆེ་འདི་བསྒྲུབས་ཏེ་མི་ཚེ་དོན་ལྡན་ཞིག་ཡོང་བ་ལ་འབད་བརྩོན་བྱེད་རྒྱུ་དང༌། གནས་སྐབས་ཀྱི་བདེ་བ་ཙམ་མིན་པར་མཐར་ཐུག་གི་བདེ་བཆེན་པོ་ཐོབ་པ་ལ་བརྩོན་རྒྱུ་ནི་ཅིས་ཀྱང་གལ་ཆེའོ། །

བརྩོན་པ་ཉི་ཚེ་བ་མི་རུང་བར་གདམས་པ།

བརྩོན་པ་ཉི་ཚེ་བ་མི་རུང་བར་གདམས་པ།

དེ་ནས་བརྩོན་པ་ཉི་ཚེ་བ་མི་རུང་བར་གདམས་པ་ནི། ཉིན་རེ་ཟས་ཀྱང་མི་དྲན་བརྩོན་འགྲུས་རྩོམ། །ཞུགས་མ་ཐག་ཏུ་མཁས་པའི་གོ་འཕང་འདོད། །ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་འཁྱེར། །དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས། །བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཤིག་ཨང༌། །ཞེས་གསུངས་ཏེ། ཁ་ཅིག་གིས་ཉིན་འགའ་རེར་ཟས་ཀྱང་མི་དྲན་པར་གཞུང་བརྒྱར་སྨྲ་བའི་མཁས་པའི་གོ་འཕང་ཐོབ་པར་འདོད་ནས་བསླབ་པ་སློབ་གཉེར་བྱས་ཏེ་བརྩོན་འགྲུས་བརྩམས་ནའང༌།ཉིན་ཞག་གཉིས་གསུམ་རེ་ལོན་ཚེ་རྗེས་མེད་གཡེང་བས་འཁྱེར་ནས་ཐ་ན་ཆོས་ཁྲིད་ལའང་འགྲོ་མི་ཐུབ་པ་དང་སོང་ནའང་དཔེ་ཁྲིད་སྐབས་སུའང་ཡག་པོ་ཉན་མ་ཐུབ་ན་ཡར་རྒྱས་དང༌། ཚེ་འདི་ཕྱིའི་འདོད་དོན་ཅི་ཡང་མི་ཡོང་བས་གུས་སྦྱོར་གྱི་བརྩོན་འགྲུས་དང་རྟག་སྦྱོར་གྱི་བརྩོན་འགྲུས་བསྐྱེད་དགོས་པ་རེད། དེ་ཡང་ཟབ་པ་དང་རྒྱ་ཆེ་བའི་རྣམ་གཞག་བརྗོད་བྱར་སྟོན་པའི་བཀའ་བསྟན་ཁག་ཉིན་ཁ་ཤས་དང་ཟླ་ཁ་ཤས་ཀྱི་རིང་དུ་གོ་ཐུབ་པ་ཞིག་ཡིན་ན་སངས་རྒྱས་ཀྱི་གསུང་དེ་དག་ཟབ་པ་དང་རྒྱ་ཆེ་བ་མ་ཡིན་པར་ཆགས་འགྲོ་བས་ཐམས་ཅད་ཀྱིས་སློབ་གཉེར་གྱི་རིམ་པ་དེ་ཡང་རྒྱུན་བསྲིངས་ནས་ཡུན་རིང་བོར་དཔེ་ཆ་བཀླག་དགོས་པ་དང༌། དེའི་སྟེང་དུ་ཚོགས་བསགས་སྒྲིབ་སྦྱོང་གི་རྒྱབ་རྟེན་རེ་དགོས་པ་རེད་མ་གཏོགས། དཔེ་ཆར་བལྟས་ནས་ཉིན་འགའ་དང་ཟླ་བ་ཁ་ཤས་རེ་ལོན་རྗེས་དཔེ་ཆ་མི་ཤེས་ཀི་ཟེར་ནས་མཚམས་བཞག་ན་རང་ངོས་ནས་གྱོང་གུད་ཆེན་པོ་རེག་གིན་ཡོད་པས་རྟག་སྦྱོར་གྱི་བརྩོན་འགྲུས་བསྐྱེད་རྒྱུ་གལ་ཆེན་པོ་ཡིན་ལ། དེ་ཡང་བརྩོན་པ་དེ་དམ་ལྷོད་ཙམ་མིན་པར་ཤུགས་དྲག་པོའི་སྒོ་ནས་བརྩོན་འགྲུས་བརྩམས་ན་དེ་ལ་གུས་སྦྱོར་གྱི་བརྩོན་འགྲུས་དང༌། བརྩོན་འགྲུས་དེ་ཉིན་འགའ་ཙམ་མིན་པར་ཆུ་བོའི་རྒྱུན་བཞིན་དུ་དུས་ཡུན་རིང་བོར་བརྩོན་པའི་བརྩོན་འགྲུས་དེ་ལ་རྟག་སྦྱོར་གྱི་བརྩོན་འགྲུས་ཟེར་བ་ཡིན། དཔེར་ན་གཙུབ་ཤིང་དང་གཙུབ་གདན་གཉིས་བར་མ་ཆད་པར་གཙུབ་པ་ལས་དང་བོ་དྲོད་དང༌། དེ་ནས་མེ་འབྱུང་བ་བཞིན་དུ་གུས་རྟག་གི་བརྩོན་འགྲུས་ཀྱིས་ཡུན་རིང་བོར་བརྩོན་ན་གྲུབ་འབྲས་ཤིགངེས་པར་ལོན་ཐུབ་པ་རེད། དེ་ཡང་དཔལ་ལྡན་ཟླ་བ་གྲགས་པས། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང༌། །ཞེས་གསུངས་པ་ནང་བཞིན་དུ་ཡོན་ཏན་གང་སྐྱེ་བ་ཐམས་ཅད་བརྩོན་འགྲུས་ཀྱི་རྗེས་སུ་འགྲོ་བས་རྣམ་པ་ཐམས་ཅད་ཀྱིས་བརྩོན་འགྲུས་དེ་ཆུ་བོའི་རྒྱུན་བཞིན་བསྐྱང་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད། སྤྱིར་ན་སློབ་སྦྱོང་བྱེད་པའི་གནས་སྐབས་སུ་བློ་ཁ་མཐོ་དམན་གྱི་དབང་གིས་དཔེ་ཆ་ཤེས་མིན་ཁྱད་ཉུང་ཙམ་ཡོད་ནའང་རང་རང་གིས་སྦྱང་བ་བྱས་ན་དབང་བོ་སྦྱང་རྒྱུ་ཡོད་པ་དགེ་བཤེས་ཨ་ལོང་མ་དང་གནས་བརྟན་ལམ་ཕྲན་བརྟན་རྣམས་ལ་བལྟས་ནའང་ཤེས་ནུས། འགའ་ཞིག་གིས་ཁོས་དཔེ་ཆ་མི་ཤེས་པ་རྒྱུ་མཚན་དུ་བྱས་ནས་དཔེ་ཆར་ལྟ་ཡི་མིན་ཞེས་བཤད་ཀྱིན་འདུག་སྟེ། དེ་ནི་ནོར་བ་རེད། གཙོ་བོ་དཔེ་ཆ་མི་ཤེས་པ་རྒྱུ་མཚན་དུ་བྱས་ནས་དཔེ་ཆར་འབད་དགོས་པ་དང་སློབ་སྦྱོང་བྱེད་དགོས་པ་རེད་མ་གཏོགས། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་མ་རིག་པའི་རྨོངས་པ་ལས་གྲོལ་ཐུབ་པ་མ་རེད། དེའི་ཕྱིར་ན་སློབ་སྦྱོང་བྱས་པའི་ཕན་ཡོན་དང༌། མ་བྱས་པའི་ཉེས་དམིགས་རྣམས་ཤེས་ནས་བརྩོན་གང་དགེ་ལ་སྤྲོ་བའོ་ཞེས་གསུངས་པ་ནང་བཞིན་དུ་དཔེ་ཆ་ལྟ་བ་ལ་དཀའ་ངལ་མེད་པར་སྤྲོ་བ་ཡོད་དགོས་པ་གལ་ཆེ་ཞིང༌། དེ་ཡང་སྔོན་བཀའ་གདམས་གོང་མ་དག་གིས་སངས་མ་རྒྱས་བར་དུ་སློབ་གཉེར་ལ་ཚར་བ་མེད། སངས་རྒྱས་ཙ་ན་སློབ་གཉེར་ཚར་བ་ཡིན། ཞེས་དང༌། གོང་ས་ཐམས་ཅད་མཁྱེན་པས་ཀྱང༌། ཁོང་དགུང་ལོ་བརྒྱད་ཅུའི་ནང་དུ་སླེབས་ཡོད་ཀྱང་ད་ལྟ་སློབ་ཕྲུག་ཅིག་ནང་བཞིན་དུ་སློབ་སྦྱོང་བྱེད་ཀྱིན་ཡོད་ཅེས་གསུངས་པ་བཞིནདུ་སློབ་གཉེར་བྱེད་རྒྱུ་གནད་འགག་ཆེན་པོ་རེད།

དགག་བྱ་རྣམས་བསྒྲུབ་བྱར་འཛིན་མི་རུང༌།

དགག་བྱ་རྣམས་བསྒྲུབ་བྱར་འཛིན་མི་རུང༌།

དེ་ནས་དགག་བྱ་རྣམས་བསྒྲུབ་བྱར་འཛིན་མི་རུང་བར་གདམས་པ་ནི། དཀོར་དང་སྒྲིབ་པས་བྱིང་ཞིང་རྨུགས་པའི་སྟེང༌། །ད་དུང་ཟས་དང་གཉིད་ཀྱི་ཚོད་མི་རིག ། ལང་ཤོར་བློ་ངན་འཕྲོ་ཞིང་རྒོད་པའི་ཐོག ། ཕྱི་ཕྱིར་འཆལ་གཏམ་དུ་མས་གཡེང་བ་སོགས། །དགག་བྱའི་རིགས་ལ་བསྒྲུབ་བྱར་མ་འཛིན་ཨང༌། །ཞེས་གསུངས་ཏེ། དཀོར་གྱི་ཉེས་དམིགས་དེ་ནི། དཀོར་ཟེར་བ་ཧ་ལའི་དུག་དང་འདྲ། །ཁོང་དུ་སོང་ན་འཆི་བ་ཡིན། །ཞེས་དང༌། སངས་རྒྱས་ཀྱིས་ཀྱང༌། དཀོར་ཟེར་བ་ལྕགས་གོང་མེ་འབར་བ་ཁར་བཅུགས་པ་ལས་ཀྱང་ཉེས་པ་ཆེ་ཞེས་གསུངས་ཡོད་ནའང༌། དེང་སང་གི་གྲྭ་བ་ཚོས་སྒོར་མོ་འགའ་རེ་རེག་ན་ཁེ་ཕན་ལོན་སྣང་སྐྱེ་བ་ལས་དེའི་རྣམ་སྨིན་དང་ཉེས་དམིགས་ལ་བསམ་བློ་གཏོང་གི་མི་འདུག ལྷག་ཏུ་དགེ་འདུན་པའི་གནས་མལ་ལ་ལོངས་སྤྱོད་ན་ཉེས་པ་ཆེན་པོ་ཡོད་པ་རེད། ཡིན་ན་ཡང་ཐོས་བསམ་སྒོམ་གསུམ་ཡང་དག་པ་བྱེད་མཁན་གྱི་རབ་བྱུང་བ་རྣམས་ལ་དཀོར་ཡང་རྗེས་སུ་གནང་བའི་ཚུལ་གྱིས་གནང་ཡོད་མོད། ཐོས་བསམ་སྒོམ་གསུམ་མི་བྱེད་པར་དཀོར་ཟོས་ན་ཤ་དང་ཁྲག་གིས་འཚབ་དགོས་པ་རེད། མ་ཟད་གྲྭ་བ་ཞིག་ཡིན་ན་ལྟོ་གོས་ཐམས་ཅད་ཆོས་ལ་བརྟེན་ནས་འཚོལ་གྱིན་ཡོད་པས་ཆོས་མ་བསྒྲུབས་ན་ཐབས་སྐྱོ་བོ་ཆགས་འདུག་ལ། དད་ལྡན་མང་ཚོགས་རྣམ་པས་ཡིད་ཆེས་དང་དད་པའི་སྒོ་ནས་གྲྭ་བ་རྣམས་སྐྱབས་གནས་སུ་བསྟེན་ཏེ། ཤི་གསོན་རྣམས་ཀྱི་ཆེད་དུ་སྐྱབས་འཇུག་རེ་ཞུས་ན་མི་བསླུ་རྒྱུ་ཧཅང་གལ་ཆེན་པོ་རེད། སྤྱིར་བཏང་རང་ལ་ཡིད་ཆེས་མི་བྱེད་མཁན་ཞིག་ལ་མགོ་སྐོར་གཏོང་མི་ཐུབ་པས་རང་གིས་མགོ་སྐོར་དང་བསླུ་ནུས་རྒྱུ་ཐམས་ཅད་རང་ལ་ཡིད་ཆེས་མཁན་ཤ་སྟག་ཡིན་པས་དེ་ཚོ་མི་བསླུ་བ་ཞིག་དགོས་པ་དང༌། དེ་ཡོང་བ་ལ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་ནས་སྤོང་ཀློག་ལ་བརྩོན་དགོས་པ་གལ་ཆེ། དེ་ནས་དཀོར་དང་སྒྲིབ་པའི་བྱིང་ཞིང་རྨུགས་པའི་སྟེང་དུ་ད་དུང་ཟས་ཀྱི་ཚོད་མི་རིག་པར་དེང་སང་ཡིན་ན་ནད་རིགས་མང་བོ་སྐྱེད་བྱེད་ཀྱི་ཟས་སྣ་ཚོགས་ཟ་བཞིན་པ་དང༌། དེས་མི་ཚད་རབ་ཏུ་བྱུང་བ་ཞིག་ཡིན་ན་ཕྱི་དྲོའི་ཁ་ཟས་སྤང་དགོས་པར་གསུངས་ཡོད་མོད་དེ་མི་སྤང་བར་མ་ཟད་མཚན་གུང་རེར་ཡང་ཟ་མ་ལས་ཀྱི་འདུག དེ་སོགས་ཐམས་ཅད་ཐོས་བསམ་གྱི་བར་ཆད་དུ་འགྱུར་གི་རེད། དེ་བཞིན་གཉིད་ཀྱིའང་ཚོད་མི་རིག་པར་མང་བོ་གཉིད་ན་རྣམ་རིག་མི་གསལ་བར་ཆགས་འགྲོ་བས་གཉིད་ཚོད་རང་གིས་བཟུང་རྒྱུ་གལ་ཆེ་སྟེ། ཁ་དཔེར་གཉིད་ཚོད་རང་གིས་མ་བཟུང་ན། །གཏི་མུག་གཉིད་ལ་སངས་རྒྱུ་མེད། །ཅེས་པ་ནང་བཞིན་དང༌། ཆོས་འདུལ་བ་དང་མདོ་སྡེ་རྒྱན་སོགས་ཀྱི་སྐབས་སུ་ནམ་གྱིཆ་སྟོད་སྨད་ལ་མི་ཉལ་བར་དགེ་སྦྱོར་ལ་བརྩོན་རྒྱུ་གསུངས་ཡོད་པ་རེད།

བླང་དོར་གྱི་བློ་མིག

བླང་དོར་གྱི་བློ་མིག

དེ་ནས་བླང་དོར་གྱི་བློ་མིག་ཡོད་དགོས་པར་གདམས་པ་ནི། སྐྱོན་ཡོན་བླང་དོར་རང་གིས་མི་བྱེད་པར། །གྲགས་སྐམ་འུད་ཀྱི་རྗེས་སུ་འབྲང་ན་ཡང༌། །ཉེས་སྐྱོན་སུ་ཡིས་ལག་པས་མི་སེལ་ལ། །ཡོན་ཏན་སུས་ཀྱང་ཁ་རུ་མི་ལྡུག་པས། །བླུན་པོ་ཆུ་སྣ་གར་ཁྲིད་མ་བྱེད་ཨང༌། །ཞེས་གསུངས་ཏེ། སྐྱོན་དང་ཡོན་ཏན་ལ་སོགས་པའི་བླང་དོར་དེ་དག་རང་གིས་སོ་སོར་མི་འབྱེད་པར་འཇིག་རྟེན་ན་གཞན་གྱིས་དེ་བཟང་བོ་རེད་ཟེར་ན་བཟང་བོ་དང༌། ངན་པ་རེད་ཟེར་ན་ངན་པ་ཡིན་པའི་ལྟ་ཚུལ་བཟུང་སྟེ། རི་བོང་ཅལ་འདྲོགས་བྱས་ནས་གྲགས་པ་ཙམ་གྱི་རྗེས་སུ་འབྲང་ན་ཉེས་པའི་སྐྱོན་རྣམས་གང་ཟག་གང་གི་ལག་པས་སེལ་བ་མི་བྱེད་ལ། ཡོན་ཏན་རྣམས་ཀྱང་སུ་གང་གིས་ཁྱོད་ཀྱི་ཁ་རུ་ལྡུག་པར་མི་བྱེད་པས། བརྟགས་དཔྱད་དང་ཞིབ་འཇུག་གང་ཡང་མེད་པར་གཞན་གྱིས་ཅི་ཟེར་བའི་རྗེས་སུ་འབྲང་ན་ཆུ་སྣ་གར་ཁྲིད་ཟེར་བའི་དཔེ་ནང་བཞིན་ཆགས་འགྲོ་བས། ང་ཚོ་ལེགས་ཉེས་བླང་དོར་སོ་སོར་འབྱེད་ཤེས་མཁན་གྱི་མི་ཡིན་པས་བླུན་པོ་ཆུ་སྣ་གར་ཁྲིད་མ་བྱེད་ཨང་ཞེས་གསུངས་པ་རེད། དེ་ཡང་འཇིག་རྟེན་གྱི་མི་མང་བོ་ཞིག་གིས་གང་ཞིག་ཆོས་ཡིན་པ་དང་མིན་པའི་ཁྱད་པར་ཤེས་ཀྱི་མེད་ལ། གང་བསྟན་པ་རྣམ་དག་དང་བསྟན་པ་རྫུན་མ་ཡིན་པའི་ཧེ་བག་དེ་ཤེས་ཀྱིན་མི་འདུག དེས་ན་གང་སངས་རྒྱས་ཀྱི་བསྟན་པ་ཡང་དག་པ་ཡིན་མིན་གྱི་ཁྱད་པར་དང༌། བསྟན་འཛིན་གྱི་སྐྱེས་བུ་ཡིན་མིན་གྱི་ཁྱད་དེ་གང་ནས་ཤེས་དགོས་པ་རེད་ཟེར་ན། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲར་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་འོ། །ཞེས་གསུངས་པ་བཞིན་དུ་སངས་རྒྱས་ཀྱི་བསྟན་པ་དེ་ལུང་དང་རྟོགས་པའི་བདག་ཉིད་ཡིན་པ་ལས་གཞན་མ་ཡིན་པ་དང༌། དེ་འཛིན་པ་ཡང་ལུང་ཆོས་སྡེ་སྣོད་གསུམ་ལ་འཆད་ཉན་དང༌། བསླབ་གསུམ་རྟོགས་པའི་བསྟན་པར་ཉམས་ལེན་གྱི་སྒོ་ནས་འཛིན་ཚུལ་ལས་གཞན་མེད་པས་སྒྲུབ་པར་བྱེད་པ་ཁོ་ན་ཡིན་གསུངས་ནས་གཞན་ལྡན་རྣམ་གཅོད་ཀྱི་ཚིག་ཕྲད་སྦྱར་ཡོད་པ་རེད། ཡིན་ན་ཡང༌། དེང་སང་བསྟན་པ་ཟེར་བ་དེ་ཕྱིའི་གཟུགས་བརྙན་ཙམ་ལ་ངོས་འཛིན་བྱས་ནས་ས་རྡོ་རི་བྲག་གིས་བསྟན་པ་འཛིན་མཁན་མང་བ་ལས། དོན་དངོས་ཀྱི་སངས་རྒྱས་ཀྱི་བསྟན་པ་ལུང་རྟོགས་ཀྱིས་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཉུང་ཉུང་ཆགས་ཡོད་པ་དང༌། འགའ་ཞིག་ཡོད་ནའང༌། དེ་དག་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་ཡིན་པའི་ལྟ་བ་མེད་པར་སྒོར་མོས་བསྟན་པ་འཛིན་མཁན་རྣམས་བསྟན་འཛིན་རེ་བསམ་པའི་ལྟ་ཚུལ་དེ་མང་བོ་ཡོང་གི་འདུག དེ་ཐམས་ཅད་ནོར་འཁྲུལ་རེད། དེང་སྐབས་ཆོས་པ་རྫུན་མ། བླ་མ་རྫུན་མ། བསྟན་པ་རྫུན་མ་སོགས་རྫུན་མ་མང་བོ་བྱུང་གི་ཡོད་པས་ཆོས་པའི་གཟུགས་བརྙན་ཙམ་འཛིན་ན་ཆོས་པ་ཡིན་པའི་ངེས་པ་མེད་པ་རེད། དེ་ཡང་རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཀྱིས། ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས། །ཞེས་གསུངས་པ་ནང་བཞིན་ཆགས་འདུག དེའི་ཕྱིར་ན་སོ་སོའི་རྒྱུད་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། བྱང་ཆུབ་ཀྱི་སེམས་མཚན་ཉིད་པ་སྐྱེ་མ་ཐུབ་ནའང༌། ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་ནས་འདོད་ཆུང་ཆོག་ཤེས་དང༌། ཐོས་བསམ་སྒོམ་གསུམ། བསླབ་པ་སློབ་གཉེར་བྱས་ཏེ་བསྡད་ན་སངས་རྒྱས་ཀྱི་བསྟན་པ་འཛིན་པ་དེ་རེད་ལ། སྤྲུལ་བའི་སྐུ་ཞིག་ཡིན་ནའང་དེ་ཡིན་པ་རེད། དེ་ལས་གཞན་པའི་སྤྲུལ་སྐུ་ཟེར་ན་འཆད་ཉན་མི་དགོས་པ་དང༌། སྒོམ་སྒྲུབ་ཉམས་ལེན་མི་དགོས་པར་སྐུ་གོང་མའི་ཞབས་འདྲེན་དང༌། ད་དུང་འཆད་ཉན་གྱི་བཀག་རྡོ་ཞིག་ཡིན་སོང་ན། དེ་ཚོ་བསྟན་འཛིན་གྱི་སྐྱེས་བུ་མ་ཡིན་ལ། སྤྲུལ་བའི་སྐུའང་མིན་པར། སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ། །འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །ཞེས་གསུངས་པ་ལྟ་བུར་ཆགས་འགྲོ་བ་རེད། དེའི་ཕྱིར་ན་སྐྱོན་ཡོན་རང་གིས་འབྱེད་པ་ཧ་ཅང་གལ་ཆེན་པོ་ཆགས་འདུག དེ་ཡང་ཀུན་མཁྱེན་ཆེན་པོས་གཞན་སྟོང་གི་ལྟ་གྲུབ་བཞག་དུས་ཁོང་གིས་ཁ་མང་ཉུང་གི་བདེན་རྫུན་ལ་མི་ལྟ་བར་སངས་རྒྱས་བཅོམ་ལྡན་འདས་དང༌། རྒྱལ་ཚབ་བྱམས་པ་མགོན་པོ་སོགས་དང་མཐུན་མིན་ལ་དཔྱོད་པ་ཡིན་གསུངས་པ་ལྟར་ཡིན་པས་གྲགས་སྐམ་དང་གཞན་ཟློས་ཙམ་གྱི་རྗེས་སུ་མི་འབྲང་བར་སངས་རྒྱས་ཀྱིས་གསུངས་པ་བཞིན་དུ་བླང་དོར་དང་དངོས་ཡོད་ཀྱི་སྐྱོན་ཡོན་སོ་སོར་ཕྱེས་ཏེ། བླང་དོར་གྱི་གནས་ལ་འཇུག་པ་གལ་ཆེན་པོ་རེད། དེའི་རྒྱུ་མཚན་ཡང༌། གང་ཟག་ལ་དག་སྣང་དང་ཆོས་ལ་བརྟགས་དཔྱད་གསུངས་ཡོད་པས་སྤྱིར་བཏང་གི་མི་ཞིག་གིས་བཤད་ན་བསམ་གཞིག་གཏང་དགོས་པར་མ་ཟད། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ལའང་ལེགས་པར་བརྟགས་དགོས་པར་གསུངས་ཏེ། དགེ་སློང་དག་གམ་མཁས་རྣམས་ཀྱིས། །སྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེསགསུངས་པ་ནང་བཞིན་དུ་ཐུགས་བསམ་གཏོང་དགོས་པ་རེད།

ཐ་སྙད་རིག་གནས་ཙམ་ལ་མགོ་འཐོམས་མི་རུང་བ།

ཐ་སྙད་རིག་གནས་ཙམ་ལ་མགོ་འཐོམས་མི་རུང་བ།

དེ་ནས་ཐ་སྙད་རིག་གནས་ཙམ་ལ་མགོ་འཐོམས་མི་རུང་བར་གདམས་པ་ནི། ཟབ་ཟབ་མན་ངག་ཟེར་དགུ་ཚོལ་བ་དང༌། །ཐོབ་ཐོབ་མང་པོའི་རྣམ་གྲངས་གསོག་བྱེད་ཅིང༌། །སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་བ། །གཞུང་ལུགས་ཐོས་བསམ་རྣལ་མའི་གེགས་ཡིན་པས། །རྩ་བ་བོར་ནས་ཡལ་ག་མ་འཛིན་ཨང༌། །ཞེས་གསུངས་ཏེ། ང་ཚོས་འདི་ཟབ་མོ་ཡིན་པ་དང༌། གན་ཟབ་མོ་ཡིན་ཟེར་ནས་དམ་ཚིག་གཅིག་ཀྱང་བསྲུང་མི་ཐུབ་པར་དབང་ལུང་མན་ངག་མང་པོ་ཞུ་ཡི་ཡོད་པ་རེད། ཡིན་ན་ཡང༌། དབང་ཞུ་བ་བོའི་ངོས་ནས་དམ་ཚིག་རྣམས་བསྲུང་མི་ནུས་པ་མ་ཟད། དབང་སྐུར་བ་བོའི་ངོས་ནས་ཀྱང་དབང་ལུང་ཁྲིད་གསུམ་གྱི་བརྒྱུད་པ་ཡང་དག་པ་མེད་པར་ཆུང་ངུའི་དུས་སུ་སྤྲུལ་སྐུ་རེའི་མིང་བཏགས། གཉིད་ཞོར་དང་གཡེང་ཞོར་དུ་དབང་རེ་ཞུས་ནས། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ཡང་མེད་པར་མ་ཟད། བསྙེན་མཚམས་ཙམ་ཡང་མེད་པར་དབང་གྲལ་རེ་སོང་ནི་རེད་ཟེར་བ་ཙམ་གྱིས་དབང་ཞིག་བསྐུར་ན་གར་འཆམ་པའི་རྣམ་པ་ཙམ་ལས་མཐོང་རྒྱུ་མི་འདུག སྔོན་མར་བླ་མ་ཞིག་ཁྱིམ་ཚང་ཞིག་ཏུ་སོང་ནས་དབང་བསྐུར་ཏེ་དབང་ཐོབ་པའི་མོས་པ་མཛོད་ཅིག་ཟེར་ནས་ཙཀ་ལི་སྐོར་བ་ན། དེ་སང་ལ་བུད་མེད་ཅིག་ཡོད་པ་དེས་མར་ཞིག་བཟུང་ནས་བླ་མའི་སྔུན་ནས་མར་ཐོབ་པའི་མོས་པ་མཛོད་ཅིག་ཟེར་ནས་ཕྱིར་ལ་ཁྱེར་སོང་བ་རེད་ཟེར་བའི་གཏམ་རྒྱུད་ཅིག་ཡོད་པ་དེ་བཞིན་ཆགས་པའི་ཉེན་ཁ་ཡོད་པ་རེད། དེའི་ཕྱིར་ན་དབང་ཞུ་བ་པོའི་ངོས་ནས་དད་པ་དག་སྣང་དང༌། དབང་སྐུར་མཁན་གྱི་བླ་མའི་ངོས་ནས་དབང་ལུང་ཁྲིད་ཀྱི་བརྒྱུད་པ་ཡང་དག་པ་ཡོད་རྒྱུ་དང༌། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ཡོད་པ་གལ་ཆེན་པོ་རེད་མ་གཏོགས། དེ་དག་གང་ཡང་མི་ལྡན་ན་དབང་ཐོབ་ཟེར་བ་ཁག་པོ་རེད། དེ་བཞིན་དུ་དཔེ་ཁྲིད་དང་དབང་ལུང་སོགས་མང་བོ་ཞིག་ཐོབ་སོང་ཟེར་ནས་ཐོབ་ཐོབ་རྣམ་གྲངས་མང་བོ་གསོག་པར་བྱེད་པ་དེ་གནད་མི་ཆེ་སྟེ། གནད་ཆེ་བ་ནི་དོན་ཤེས་རྒྱུ་དང་དོན་གོ་རྒྱུ་དེ་རེད། དཔེར་ན་དབང་ཞིག་ཞུས་ན་དབང་དོན་གོ་ནས་རང་རྒྱུད་སྨིན་པར་བྱེད་རྒྱུ་དང༌། དཔེ་ཁྲིད་ཅིག་ཡིན་ན་གཞུང་ཞིག་རྫོགས་སོང་ཟེར་བ་ཙམ་མིན་པར་ཐོས་བསམ་རྣལ་མ་ཞིག་བྱས་ཏེ་དོན་གོ་བ་དེ་གལ་ཆེན་པོ་རེད། དེ་ཡང་སོ་སོས་བསམ་བློ་གཏོང་དགོས་ས་ཞིག་ལ་ཐོས་བསམ་རྣལ་མ་བྱེད་སྐབས་སུ་བར་ཆད་དུ་གསུངས་པ་ནི། གཞུང་ཆེན་ཁག་ལ་ཐོས་བསམ་བྱེད་པའི་གནས་སྐབས་སུ་སྒྲ་དང་སྙན་ངག་རྩིས་སོགས་ལ་མགོ་འཁོར་ན་གཞུང་ཆེན་བཀའ་པོད་ལྔ་སྟེ། ཚད་མ། ཕར་ཕྱིན། དབུ་མ། མཛོད། འདུལ་བ་དང༌། སྔགས་ཕྱོགས་བསྐྱེད་རྫོགས་ཀྱི་རིམ་པ་ལ་སློབ་སྦྱོང་བྱེད་པའི་བར་ཆད་དུ་འགྱུར་བ་རེད། དེ་ཡང་ངས་ཁྱེད་རྣམ་པར་ནམ་རྒྱུན་ཞུ་བཞིན་ཡོད་པ་སྟེ། ཤེར་ཕྱིན་མདོ་ལས་བདུད་ལས་ཞེ་དྲུག་གསུངས་སྐབས་སུ་ཤེར་ཕྱིན་མ་ཡིན་ཁ་ཏོན་བྱེད་པ་ཞེས་གསུངས་འདུག དེ་ཡང་དཔེར་ན་གཞུང་ལུགས་ཤེས་ནི་ཚོས་སྒྲ་སྙན་རྩིས་གསུམ་དང་སྐད་རིགས་ཡིག་རིགས་སོགས་སྦྱངས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་ཡང༌། གཞུང་ལུགས་མི་ཤེས་པ་དག་གིས་གཞུང་ལུགས་མི་སྦྱང་བར་ཐ་སྙད་རིག་གནས་རེ་སྦྱང་ན་ཐོས་བསམ་གྱི་གེགས་སུ་འགྲོ་བ་དང་རྩ་བ་བོར་ནས་ཡལ་ག་འཛིན་པ་རེད། ད་སྐབས་འུ་ཚོའི་སློབ་གླིང་གི་ཁོར་ཡུག་ན་རྒྱ་ཡིག་སྦྱོང་མཁན་མང་བོ་འདུག ཡིན་ན་ཡང་ང་ཚོས་ངོས་ནས་དེ་ལ་དགག་པ་གང་ཡང་མ་བྱས་པའི་རྒྱུ་མཚན་ནི། ཁྱེད་རྣམ་པའི་ཚེ་འདི་ཕྱིའི་མདུན་ལམ་ཡག་པོ་ཞིག་ཡོང་མིན་ལ་བསམ་བློ་གཏོང་གི་ཡོད། དེ་ལྟར་བསམ་བློ་བཏང་དུས་ཁྱེད་རྣམ་པ་ཆོས་པ་རྣལ་མ་ཞིག་ཡོང་བ་ལ་རྒྱ་ཡིག་གིས་ཕན་ཐོགས་གང་ཡང་མི་བྱུང་བ་མ་ཟད། ཆོས་ཀྱི་གེགས་སུ་འགྲོ་ནི་རེད། འོན་ཀྱང༌། གལ་ཏེ་ཆོས་པ་རྣམ་དག་ཅིག་མ་ཆགས་ནའང་འཇིག་རྟེན་གྱི་སྟེང་ནས་བྱ་བ་འཁྱོང་མཁན་རེ་ཨེ་ཡོང་བསམ་ནས་དམིགས་བསལ་གྱིས་བཀག་འགོག་མ་བྱས་པ་ཡིན། འོན་ཀྱང་རྣམ་པ་ཚོས་གཙོ་བོ་གཞུང་ལུགས་ལ་ཐོས་བསམ་ཡང་དག་པ་བྱེད་རྒྱུ་གལ་ཆེན་པོ་ཡིན་ལ། དེ་ཡང་ཐོས་བསམ་བྱ་ཡུལ་གྱི་གཞུང་ལུགས་ནི་རྒྱ་ཆེ་བ་ལམ་གྱི་རིམ་པ་སྟོན་པའི་ཕར་ཕྱིན་དང༌། ཕར་ཕྱིན་གྱི་རིགས་པ་ཚད་མ། ཕར་ཕྱིན་གྱི་གྲངས་འདྲེན་མཛོད། ཕར་ཕྱིན་གྱི་སྤྱོད་པ་འདུལ་བ། ཕར་ཕྱིན་གྱི་ལྟ་བ་དབུ་མ་ཟེར་བ་ནང་བཞིན་དུ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་ཡིན། བཀའ་པོད་ལྔ་ལ་སློབ་སྦྱོང་ཡང་དག་པ་ཞིག་བྱས་ན་ཕ་བླ་མ་དགྱེས་པའི་མཆོད་པ་དང༌། ཕ་མའི་དྲིན་ལན། མི་རིགས་ཀྱི་ལ་རྒྱ། བསྟན་པ་དང་འགྲོ་བའི་དོན། རང་གི་ཚེ་འདི་ཕྱིའི་དོན་ཏེ་གནད་ཐམས་ཅད་འདུས་པ་དོན་དེ་ཡིན་པས་ཐུགས་ལ་ནན་གྱིས་འཛིན་པ་གལ་ཆེ་བརེད།

གོ་རིགས་ཡ་མ་བྲལ་བ།

གོ་རིགས་ཡ་མ་བྲལ་བ།

དེ་ནས་གོ་རིགས་ཡ་མ་བྲལ་བ་དགོས་པར་གདམས་པ་ནི། རང་རང་གཞུང་གི་བརྗོད་བྱ་དགོས་དོན་སོགས། །མ་མཐོང་ཤགས་འགྱེད་ཚིག་འཁྲི་སྐམ་པོ་དང༌། །རིགས་པས་དཔྱད་པ་མི་བཟོད་གོ་ཐོབ་ཀྱི། །བམ་བཤད་འདིས་ཀྱང་བརྡར་ཤ་མི་ཆོད་པས། །གོ་རིགས་ཟུང་དུ་འབྲེལ་བར་སྦྱོངས་ཤིག་ཨང༌། །ཞེས་གསུངས་ཏེ། ང་ཚོས་དབུ་ཚད་མཛོད་ཕར་འདུལ་བ་སྟེ་གཞུང་གང་སྦྱང་ན་ཡང་བརྗོད་བྱ་དགོས་པ་བསྡུས་དོན། མཚམས་སྦྱར་དང་བརྒལ་ལན་སོགས་ངེས་དགོས་པ་ལས། དེ་དག་མ་མཐོང་ཁ་ཤགས་འགྱེད་པའི་རྣམ་པ་ཙམ་དང་དོན་ལ་མི་སེམས་པའི་ཚིག་འཁྲི་སྐམ་པོ་རེས་གཞུང་དོན་ལ་བརྡར་ཤ་དང་སྒྲོ་འདོགས་མི་ཆོད་ལ། དེ་བཞིན་དུ་རིགས་པས་དཔྱད་པ་མི་བཟོད་པའི་གོ་ཐོབ་ཀྱི་བམ་བཤད་དེ། བྱེ་མའི་འཆིང་བུ་ལྟ་བུའི་གྲོང་བའི་གོ་བ་རབ་རིབ་ཀྱིས་གཞུང་དོན་ལ་ངེས་པ་བརྟན་པོ་རྙེད་པ་ཞིག་ཡོང་གི་མ་རེད། དེ་ཡང་གྲོང་བའི་གོ་བ་ནག་རྡུབ་མ། །བརྒལ་ཞིང་བརྟགས་ཚེ་ཕྱེ་མའི་འཆིང་བུ་འདྲ། །ཞེས་པ་ནང་བཞིན་ཡིན་པས་གོ་རིགས་ཟུང་དུ་སྦྲེལ་ཏེ། གཞུང་ལུགས་ལ་ཐོས་བསམ་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་གདམས་པ་རེད་ལ། ང་ཚོས་ཀྱང་སློབ་སྦྱོང་བྱེད་པའི་གནས་སྐབས་སུ་དེ་བཞིན་ཨེ་ཡོང་ལྟ་རྒྱུ་གལ་ཆེན་པོ་ཡིན། དེ་ཡང་རྣམ་བཤད་རིགས་པ་ལས། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱར་དང༌། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་པ་བཞིན་དུ་གཞུང་གང་ལ་བལྟས་ན་གཞུང་དེའི་སྤྱི་དོན་སོགས་ངེས་པར་བྱ་དགོས་པ་སྟེ། དཔེར་ན་སེམས་བསྐྱེད་ཀྱི་སྐབས་ལྟ་བུ་ཞིག་ཡིན་ན་སེམས་བསྐྱེད་ཀྱི་མཚན་ཉིད། དབྱེ་བ་བྱེད་ལས། སེམས་བསྐྱེད་སྒོམ་པའི་ཕན་ཡོན་མ་བསྒོམས་པའི་ཉེས་དམིགས་སོགས་ལེགས་པར་ཤེས་པར་བྱས་ཏེ། དེའི་སྟེང་ནས་དོགས་དཔྱོད་དང་བརྟགས་དཔྱད་བརྒལ་ལན་སོགས་བྱེད་རྒྱུ་གལ་ཆེན་པོ་རེད། དེ་ཡང་བརྒལ་བརྟགས་ནི་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པའི་གཞུང་རྣམས་སུ་གལ་ཏེ་ཟེར་ནས་བརྒལ་བརྟགས་ཀྱི་རིམ་པ་འདི་འོང་གི་ཡོད་ལ། རྗེ་བཙུན་བྱམས་པའི་མདོ་དོན་བཤད་ཐབས་ཀྱི་མན་ངག་གི་དབང་དུ་བྱས་ན་ཡང་བརྒལ་ལན་ཟེར་བ་དེ་ཡོད་མོད། ཡིན་ན་ཡང༌། དགོས་དོན་དང་ཚིག་དོན་སོགས་གཞུང་གི་སྤྱི་དོན་གང་ཡང་མ་རྟོགས་པར་ཆོས་ར་ནང་ནས་དོགས་དཔྱོད་དང་བརྒལ་བརྟགས་བྱས་ན་ཤགས་འགྱེད་ཀྱི་རྣམ་པ་ཙམ་ལས་མི་འདུག་པས་གཞུང་གི་དགོངས་པ་ལྟར་གྱི་གོ་བ་ཞིག་གལ་ཆེ་ལ། གོ་བ་ཡང་རིགས་པ་དང་མཐུན་པ་ཞིག་ཨེ་ཡོང་ལྟ་བ་ལས་རང་གི་རྣམ་རྟོག་གི་ངོར་འདི་ཡིན་འདི་མིན་ཞེས་བཏགས་ནས་ཤར་རྒྱུ་ཞིག་ཡོད་ན་དེ་ལ་གོ་བ་ཡིན་པར་རློམ་པ་ནི་དཔེར་ན་རི་བོང་རྭ་ཡོད་དོ་སྙམ་ནས་བསམ་བློ་བཏང་ནའང་རྣམ་རྟོག་གི་མཐའ་ཟད་མེད་ཡིན་པས་ཤར་རྒྱུ་རེ་ཡོད་པ་དེ་ཚོ་གོ་བ་རེད་ཟེར་བ་དང་མཚུངས་པས་གོ་བའང་རིགས་པ་དང་ཡ་མ་བྲལ་བ་ཞིག་ཡོང་རྒྱུ་གལ་ཆེན་པོ་ཡིན། དེ་ཡང་རིགས་ལམ་དང་རྩོད་པའི་ཕན་ཡོན་གྱི་ཆར་བསམ་བློ་བཏང་ན་རང་གིས་མ་ཤེས་པ་རྣམས་ཤེས་པ་དང༌། ཤེས་ཟིན་པ་རྣམས་མི་བརྗེད་པ་སོགས་ཧ་ཅང་མང་བོ་སྟེ། དཔེར་ན་གྲྭ་སའི་ངག་རྒྱུན་དུ་ཆོས་ར་ནང་ནས་རྣམ་མཁྱེན་རྙེད་པ་རེད་ཟེར་བ་བཞིན་དུ། ཆོས་ར་ནང་ནས་རང་ལས་བློ་ཁ་མཐོ་དམན་གང་ཡིན་ཡང་རང་ལ་བློ་སྐྱེད་གནང་གི་རེད། དེར་མ་ཟད་ཆོས་ར་ནང་དུ་རང་གིས་རྩོད་པ་དང་བརྒལ་བརྟགས་ལེགས་པོ་བྱས་ན་མི་ཚེ་དེའི་སྟེང་དུ་ཧ་ལམ་མི་བརྗེད་པ་ལྟ་བུའི་ཁྱད་ཆོས་ཆེན་པོ་ཡོད་དེ། རང་གི་ཉམས་མྱོང་གི་སྟེང་ནས་བསམ་བློ་བཏང་ན་སྔར་རྩོད་པ་བྱས་ནས་གཞུང་ལ་བལྟས་ཟིན་པ་ཞིག་ཡིན་ན་ད་ལྟའི་གནས་སྐབས་སུ་དཔེ་ཀློག་མ་བྱས་ཀྱང་རྩོད་དགོས་ན་རྩོད་པ་དང༌། ཕར་འཆད་དགོས་ན་འཆད་ཐུབ་པ་ཞིག་ཡོང་བར་མ་ཟད། བློ་ངོར་དམིགས་རྣམ་རེ་སྒོམ་དགོས་ནའང་སྒོམ་ཐུབ་པ་སོགས་འོང་གི་འདུག དེ་བཞིན་དུ་རྩོད་པའི་རིགས་ལམ་དང་མ་འབྲེལ་བར་དཔེ་ཆར་བལྟས་པ་དང༌། རྩོད་པའི་རིགས་ལམ་དང་འབྲེལ་ཏེ་དཔེ་ཆར་བལྟས་པའི་ཁྱད་པར་ནི་རྟ་བ་དང་རྐང་ཐང་བ་གཉིས་ཀྱི་མགྱོགས་བུལ་གྱི་ཁྱད་པར་ལྟ་བུ་སོགས་རྩོད་པ་ལ་དེ་ལྟ་བུའི་ཕན་ཡོན་མང་བོ་འདུག དེས་ན་རྣམ་པ་ཚོས་རྩོད་པའི་རིགས་ལམ་གྱི་སྟེང་ནས་ཕྲ་ཞིང་ཞིབ་པར་གཏན་ལ་ཕབ་དགོས་ཤིང༌། དེ་ཡང་རྩོད་པ་ལྷུར་ལེན་དང་མཚན་ཉིད་ཁ་རྐྱང་བ་ཙམ་མིན་པར་དོན་དང་གནད་ལ་ཁེལ་བ་ཞིག་ཡོང་བ་དང༌། དེ་ཙམ་དུ་མ་ལུས་པར་གང་རྩོད་པ་དང་གང་འཆད་པ་ཐམས་ཅད་ཉམས་ལེན་གྱི་རིམ་པ་ཞིགཡོང་གལ་ཆེན་པོ་རེད།

ངེས་བརྟན་གྱི་རང་ལུགས་ཡོད་དགོས་པ།

ངེས་བརྟན་གྱི་རང་ལུགས་ཡོད་དགོས་པ།

དེ་ནས་ངེས་བརྟན་གྱི་རང་ལུགས་ཡོད་དགོས་པར་གདམས་པ་ནི། འཁྲུལ་བྲལ་གཞུང་རེ་ངེས་བཟུང་གཞིར་བྱས་ནས། །གཞན་རྣམས་དེ་དང་སྦྱར་ཏེ་དཔྱོད་པ་ལས། །གང་བྱུང་དཔེ་ལ་ལྟ་ཞིང་ཐམས་ཅད་ཀྱི། །རྗེས་སུ་འབྲངས་པ་ཤེས་རབ་འཆལ་འགྱུར་བས། །རང་ལུགས་གཏད་སོ་ཡོད་པར་གྱིས་ཤིག་ཨང༌། །ཞེས་གསུངས་ཏེ། སྤྱིར་ན་མཁས་པ་སོ་སོས་གསུངས་པའི་གཞུང་ལུགས་མང་བོ་ཡོད་ལ་གཞུང་ལུགས་དེ་རྣམས་ལའང་འདོད་པ་མི་མཐུན་པ་མང་དུ་ཡོད་པ་རེད། དེ་ཡང་གཞུང་རང་རང་གི་རྟེན་གཞིའི་མདོ་མི་འདྲ་བ་དང༌། སངས་རྒྱས་ཀྱིས་ཆོས་གང་གསུངས་པ་རྣམས་གདུལ་བྱའི་བསམ་པའི་དབང་གིས་ཡིན་པས། མདོ་དེ་དག་ཀྱང་གདུལ་བྱའི་བསམ་ངོར་ལྟོས་ཏེ་གསུངས་པས་ཚིག་ཟིན་ཙམ་རེ་མི་མཐུན་པ་ཡོད་ཀྱང༌། རང་རང་སོ་སོས་འཁྲུལ་བྲལ་གྱི་གཞུང་ཚད་ལྡན་ཏེ། འཕགས་པ་ལ་འཁྲུལ་བ་མི་མངའ་གསུངས་པ་ནང་བཞིན་དུ་ས་ཐོབ་པའི་གང་ཟག་རེའི་གསུང་གཞིར་བྱས་པའམ། ཡང་ན་ཆོས་བརྒྱུད་རང་རང་གི་ཤིང་རྟའི་སྲོལ་འབྱེད་རྣམས་དང༌། དེ་ནས་རྒྱ་གར་གྱི་པཎ་གྲུབ་རྣམས་དང། རྒྱལ་ཚབ་བྱམས་པ་མགོན་པོ་དང་སངས་རྒྱས་བཅོམ་ལྡན་འདས་སོགས་ཀྱིས་གསུངས་པའི་གཞུང་ཚད་མ་རེ་གཞིར་བཟུང་སྟེ། དེ་ལས་གཞན་པའི་གཞུང་རྣམས་དེ་དང་བསྡུར་བའམ་སྦྱར་ནས་དཔྱོད་པ་ལས་རང་གིས་འཐད་ཕྱོགས་སུ་འཛིན་རྒྱུ་ཞིག་མེད་པར་དཔེ་ཆ་མང་བོ་ཞིག་བཀླགས་ནས་དེ་དག་གི་རྗེས་སུ་འབྲངས་ན་ཤེས་རབ་འཆལ་བའི་རྒྱུ་ལས་ཤེས་རབ་འཕེལ་བའི་རྒྱུར་མི་འགྱུར་བ་རེད། དེས་ན་ཐོག་མར་རང་གིས་བལྟ་བྱའི་གཞུང་ངམ་སྐབས་ཐོབ་ཀྱི་ཁྲིད་བྱའི་གཞུང་ལ་ཡག་པོ་ཞིག་གཟིགས་རྗེས། དེ་དང་འབྲེལ་ཡོད་ཀྱི་དཔེ་ཆ་མང་བོ་བཀླགས་ན་ས་བཟང་མ་ཏི་པཎ་ཆེན་གྱིས། བཤད་པའི་རྣམ་གྲངས་མང་བོ་ཤེས་ན་ཤེས་རབ་འཕེལ་བའི་རྒྱུ། གསུངས་པ་བཞིན་ཡིན་པ་ལས། དཔེ་ཆ་མཐོང་ཚད་ལ་བལྟས་ན་གང་བྱུང་དཔེ་ལ་ལྟ་ཞིང་ཐམས་ཅད་ཀྱི། །རྗེས་སུ་འབྲངས་པ་ཤེས་རབ་འཆལ་འགྱུར་བས། །ཞེས་པ་ནང་བཞིན་འོང་བས་གྲྭ་ས་ཁག་གི་ཆོས་ར་རྣམས་སུའང་ཡིག་ཆའི་རིགས་ལ་ཁས་ལེན་པ་དང་མི་ལེན་པ་གཉིས་ཡོང་གི་ཡོད་པ་རེད། དེ་བཞིན་དུ་ང་ཚོའི་ཆོས་ར་ནང་ནས་ཀྱང་སངས་རྒྱས་དང་རྒྱན་དྲུག་མཆོག་གཉིས་སོགས་འཕགས་ཡུལ་གྱི་པཎ་གྲུབ་རྣམས་དང་རང་ལུགས་ཀྱི་སྔོན་བྱོན་སྐྱེས་བུ་དམ་པ་གོང་མ་དག་གི་ཡིག་ཆ་གཞིར་བཟུང་བ་ལས་ཡིག་ཆ་འདྲ་མི་འདྲ་མང་བོ་མ་དྲངས་ན་ཡག་པོ་འདུག་བསམ་སོང༌། དེ་ལས་ཀྱང་ལྷག་པར་ལྷག་ཏུ་དེང་སང་གི་གསར་རྩོམ་ཁག་སྟེ་རང་རང་སོ་སོའི་རྣམ་རྟོག་གི་འཆར་སྒོ་ཙམ་ལས་དངོས་ཡོད་གནས་ཚུལ་དང་མི་མཐུན་པ། སངས་རྒྱས་ཀྱི་བཀའ་དང་མི་མཐུན་པའི་རིགས་མང་བོ་ཞིག་ཡིག་ཐོག་ཏུ་ཕབ་ནས་སྤེལ་གྱིན་ཡོད་པ་དང༌། ཡང་བླ་མ་གྲྭ་བ་ཁ་ཤས་ཀྱི་ཆབ་སྲིད་རྐྱང་བ་དང༌། རྒྱང་འཕེན་པའི་འདོད་པ་ནང་བཞིན་དུ་མངོན་སུམ་ལས་ལྐོག་གྱུར་གྱི་གནས་གང་ཡང་ཁས་མི་ལེན་པའི་སྐོར་ནས་རྩོམ་བྲིས་ཏེ་སྤྱི་ཚོགས་སུ་སྤེལ་གྱིན་ཡོད་ལ། དེ་ནི་དངོས་གཙོ་སྨྲ་བའི་འདོད་པ་ནང་བཞིན་དང༌། སྒྲུབ་བྱེད་ཀྱང་ཕྱི་རྒྱལ་གྱི་མཁས་པ་ཆེ་གེ་མོ་དང་རྒྱ་ནག་གི་མཁས་པ་རེ་ཟུང་གི་སྐད་ཆ་རེ་ཤེས་བྱེད་དུ་འགོད་པ་ལས། སངས་རྒྱས་དང་རྒྱན་དྲུག་མཆོག་གཉིས་སོགས་ནང་པའི་སློབ་དཔོན་དག་གི་ལུང་རྣམས་སྒྲུབ་བྱེད་དུ་གཅིག་ཀྱང་བཀོད་མི་འདུག དེས་ན་དེ་འདྲའི་དཔེ་ཆའི་སྐོར་ལ་མི་ལྟ་བར་རངལུགས་གཏད་སོ་ཡོད་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

དཔྱད་པ་ཐལ་ཆེ་བ་མི་རུང་བར་གདམས་པ།

དཔྱད་པ་ཐལ་ཆེ་བ་མི་རུང་བར་གདམས་པ།

དེ་ནས་དཔྱད་པ་ཐལ་ཆེ་བ་མི་རུང་བར་གདམས་པ་ནི། དཔྱད་པས་ངེས་པ་ལམ་ཙམ་རྙེད་ན་ཡང༌། །ཆོས་ཚུལ་ཟབ་པས་ཐག་གཅོད་མི་སྔ་ཞིང༌། །འགྲིག་འགྲིག་མང་བོས་རྣམ་རྟོག་རྒྱ་སྐྱེད་པས། །དཔྱད་པ་མ་ཐལ་གཞུང་ལ་འཁྲིལ་བཞིན་དུ། །རྒྱས་བསྡུས་འཚམ་པའི་དཔྱད་ཚུལ་གྱིས་ཤིག་ཨང༌། །ཞེས་གསུངས་ཏེ། ང་ཚོས་ཚུལ་གསུམ་ཚང་བའི་རིགས་པ་ཡང་དག་གི་སྒོ་ནས་ཡུལ་དངོས་པོའི་གནས་ཚུལ་ལ་དཔྱད་དེ། ཡུལ་གྱི་གནས་ལུགས་རེ་ངེས་པ་ཙམ་རྙེད་སྲིད་ན་ཡང༌། ཆོས་ཀྱི་གནས་ཚུལ་ཧ་ཅང་ཟབ་མོ་ཡིན་པས་དང་བོ་ཉིད་ནས་ཐག་ཆོད་མི་སྔ་ཞིང༌། འགྲིག་འགྲིག་མང་བོས་རང་རྒྱུད་ཀྱི་རྣམ་པར་རྟོག་པ་རྒྱ་བསྐྱེད་པས་དཔྱད་པ་ཧ་ཅང་ཐལ་ཆེ་བ་མིན་པར་སྐབས་ཀྱི་འཆད་བྱའི་གཞུང་ལ་འཁྲིལ་བའམ་དེ་ལ་བརྟེན་ནས་རྒྱས་བསྡུས་རན་པ་སྟེ། འོས་ཤིང་འཚམ་པའི་དཔྱད་པ་བྱེད་རྒྱུ་གལ་ཆེན་རེད་མ་གཏོགས། ང་ཚོས་གཞུང་གི་སྐབས་སུ་གསུངས་པ་རྣམས་ཡལ་བར་དོར་ནས་རང་གི་རྣམ་རྟོག་ངོར་གང་ཤར་བ་ཐམས་ཅད་ཚད་གྲུབ་བྱས་ན་ཆོས་ཀྱི་གནས་ཚུལ་མི་གོ་བ་སོགས་སྐྱོན་མང་བོ་འོང་གི་ཡོད་པ་རེད། རྒྱུ་མཚན་དེས་ན་གཞུང་ལས་གསུངས་པ་རྣམས་རྩ་བ་བྱེད་རྒྱུགནད་འགག་ཅིག་ཏུ་ཆགས་འདུག

ང་རྒྱལ་སྤང་དགོས་པར་གདམས་པ།

ང་རྒྱལ་སྤང་དགོས་པར་གདམས་པ།

དེ་ནས་ང་རྒྱལ་སྤང་དགོས་པར་གདམས་པ་ནི། མ་རིག་མུན་སེལ་ཐོས་པའི་མེ་སྦར་ཡང༌། །ང་རྒྱལ་དུ་བའི་ངོ་བོར་འཁྱིལ་བ་ཡིས། །ཕྱི་ཕྱིར་སྐྱོན་ཡོན་མཐོང་བ་སྒྲིབ་བྱེད་ལ། །ཆོས་སུ་སོང་ན་ཤེས་རྒྱུད་དུལ་དགོས་པས་པས། །སྙེ་མ་སྟོང་བ་མགོ་འཕང་མ་མཐོ་ཨང༌། །ཞེས་གསུངས་ཏེ། ནང་པའི་གཞུང་ལས་བསྟན་པའི་སྤང་བྱ་རྣམས་ཀྱི་ནང་ནས་སྤང་བྱ་གཙོ་བོ་དེ་མ་རིག་པ་ཆགས་འདུག་ལ། མ་རིག་པའི་མུན་པ་སེལ་བའི་ཐབས་ལམ་མཆོག་ཏུ་གྱུར་པ་ནི། ཐོས་པའི་སྒྲོན་མེ་སྦར་བ་དེ་རེད། འོན་ཀྱང་ཐོས་པའི་སྒྲོན་མེ་སྦར་ན་ཡང༌། ང་རྒྱལ་གྱི་དུ་བ་འཁྱིལ་ན་ཐོས་པ་ཆུང་ཆུང་ང་རྒྱལ་ཆེ། །ཆུ་བོ་ཆུང་ཆུང་འུར་སྒྲ་ཆེ། །ཞེས་པ་ནང་བཞིན་ཡིན་པས་སྐྱོན་དང་ཡོན་ཏན་སོ་སོར་མཐོང་བ་ལ་སྒྲིབ་པར་བྱེད་པ་རེད། དེའི་ཕྱིར་ན་ང་ཚོས་སློབ་སྦྱོང་བྱེད་པའི་སྐབས་སུ་ང་རྒྱལ་ཁེངས་དྲེགས་སོགས་མི་བྱེད་པར་དམན་པའི་ས་བཟུང༌། ཧྲིལ་བོའི་གོས་གྱོན་ཏེ། ཆོས་ཤེས་པའི་བླ་མ་དགེ་བའི་བཤེས་གཉེན་རེའི་མདུན་ནས་ཆོས་ཉན་དགོས་པ་ལས། ང་རྒྱལ་སྐྱེས་ནས་ཆོས་མི་ཉན་པ་སོགས་བྱས་ན་རང་རྒྱུད་ལ་ཡོན་ཏན་གོང་མ་གང་ཡང་མི་སྐྱེ་བ་སྟེ། ང་རྒྱལ་གྱི་སྒང་བུ་ལ། ཡོན་ཏན་གྱི་ཆུ་མི་འདུག་ཅེས་པ་ནང་བཞིན་ཡིན་ལ། སྤྱིར་ང་རྒྱལ་ཞེས་པ་ནི་བླ་མ་ཁྲི་ཐོག་ཏུ་བསྡད་ཡོད་ནི་ཡིན་ནའང་གཞན་གྱིས་གུས་བཀུར་དང་བརྩི་འཇོག་དེ་བཞིན་དུ་འཁོར་ལོངས་སྤྱོད་སོགས་རེ་ཡོད་ན་ང་རྒྱལ་སྐྱེ་སྲིད་ལ། དེ་ལས་གཞན་པའི་གྲྭ་བ་ཚོ་ཡིན་ནའང་དཔེ་ཆ་ཏོག་ཙམ་རེ་ཤེས་པ་སོགས་ཡོན་ཏན་རེ་ཟུང་ལ་དམིགས་ནས་གཞན་ལས་ཁོ་བཟང་ཁོ་མཆོག་སྙམ་སྟེ་ང་རྒྱལ་སྐྱེ་ཡི་ཡོད་པ་རེད། དེས་ན་རང་རྒྱུད་ལ་ང་རྒྱལ་སྐྱེས་པ་ནས་བཟུང་གཞན་གྱི་ཡོན་ཏན་མཐོང་མི་སྲིད་པ་དང༌། རང་གི་བྱ་བ་ནོར་བ་ཐམས་ཅད་ནོར་བ་ཡིན་པར་མི་ཤེས་པར་འགྲིག་བསམ་པའི་རང་ལྟ་མཆོག་འཛིན་སོགས་ལྟ་བ་ངན་པ་རྣམས་རང་རྒྱུད་ལ་སྐྱེས་ནས་གཞན་ལ་ཁྱད་གསོད་དང་དམའ་འབེབས་ཀྱང་བྱེད་སྲིད་པས་རང་ལ་ཡོན་ཚད་དང་རྒྱུ་ནོར་ཡོད་ན་འདྲ། གཞན་གྱིས་རང་ཉིད་ཇི་ལྟར་བཀུར་ཡང་རུང་གཞན་ལ་དམའ་འབེབས་དང་ཁྱད་གསོད་མི་བྱེད་རྒྱུ་གལ་ཆེ་སྟེ། གཞན་གྱིས་རང་ཉིད་ཇི་ལྟར་བཀུར་ན་ཡང༌། །གཞན་ལ་དམའ་འབེབས་ཁྱད་གསོད་ཆུང་བར་མཛོད། །ཅེས་གསུངས་པ་ནང་བཞིན་ཡིན་ལ། དེ་བཞིན་མཐོ་ལ་ཕྲག་དོག མཉམ་པ་ལ་འགྲན་སེམས། དམན་པ་ལ་བརྙས་བཅོས་མེད་པར་ཐམསཅད་ལ་གུས་བཀུར་དང་བརྩི་འཇོག་བྱེད་རྒྱུ་གལ་ཆེན་པོ་རེད།

དམན་ས་འཛིན་དགོས་ཚུལ།

དམན་ས་འཛིན་དགོས་ཚུལ།

དེ་ནས་དམན་ས་འཛིན་དགོས་པར་གདམས་པ་ནི། མཐོན་པོའི་སྒང་ལ་ཆུ་བོ་མི་ཆགས་པས། །དམན་ས་བཟུང་སྟེ་གུས་པའི་བརྟུལ་ཞུགས་ཀྱིས། །ཆོས་མཐུན་བློ་ཁ་མཐོ་བ་ཐམས་ཅད་ལས། །བློ་སྐྱེད་གང་ལོན་བྲེ་གསོག་ཕུལ་གསོག་གིས། །སྒྲོ་འདོགས་འཕྲལ་དང་འཕྲལ་དུ་ཆོད་ཅིག་ཨང༌། །ཞེས་གསུངས་ཏེ། མི་སྒེར་སོ་སོ་ལ་ང་རྒྱལ་དང་ཕྲག་དོག་ཆེ་བ་ནས་བཟུང་ཡོན་ཏན་གང་ཡང་མི་སྐྱེ་བ་སྟེ། དཔེར་ན་མཐོན་པོའི་སྒང་ལ་ཆུ་བོ་མི་ཆགས་པ་བཞིན་ཡིན་པས་རང་རང་སོ་སོས་དམན་ས་བཟུང་ནས་སྔོན་བྱོན་བཀའ་གདམས་གོང་མ་ཚོའི་རྣམ་ཐར་ལས་གསུངས་པ་ལྟར་མི་གྲལ་ནས་བུད། ཁྱི་གྲལ་བསྙེག ལྷ་གྲལ་ཐོབ་པ་སྟེ་འབུད་སྙེག་ཐོབ་གསུམ་ལྟ་བུས་བློ་སྦྱངས་ནས་ལུས་ངག་ཡིད་གསུམ་གུས་པའི་བརྟུལ་ཞུགས་ཀྱིས་ཆོས་མཐུན་གྲོགས་རིགས་པ་སྨྲ་བའི་ཚོགས་ལས་རང་གི་བློ་ཁ་མཐོ་བ་ཐམས་ཅད་ལས་བློ་སྐྱེད་གང་ལོན་པ་རྣམས། བྲེ་གསོག་དང་ཕུལ་གསོག་བྱས་ཏེ། སྒྲོ་འདོགས་འཕྲལ་དང་འཕྲལ་དུཆོད་ཅིག་ཨང་ཞེས་གདམས་པ་རེད།

བཀའ་པོད་ལྔ་ལ་སློབ་གཉེར་བྱེད་ཚུལ།

བཀའ་པོད་ལྔ་ལ་སློབ་གཉེར་བྱེད་ཚུལ།

དེ་ནས་བཀའ་པོད་ལྔ་ལ་སློབ་གཉེར་ཚུལ་བཞིན་བྱེད་དགོས་པར་གདམས་པ་ནི། དབུ་ཚད་ཟུང་དུ་འཇུག་པའི་ལྟ་བ་དང༌། །ཆོས་མངོན་མཛོད་དང་ཕ་རོལ་ཕྱིན་པའི་སྒོམ། །བསྟན་པའི་ནང་མཛོད་འདུལ་བའི་སྤྱོད་པ་རྣམས། །མ་ཚང་བསླབ་གསུམ་ཡ་བྲལ་འགྱུར་བའི་ཕྱིར། །བཀའ་པོད་ལྔ་ལ་ཚང་བར་སྦྱོངས་ཤིག་ཨང༌། །ཞེས་གསུངས་ཏེ། ཟབ་མོ་སྟོང་ཉིད་ཀྱི་རིམ་པ་གཏན་ལ་ཕབ་པའི་དབུ་མའི་གཞུང་དང༌། དེ་གཏན་ལ་འབེབ་བྱེད་ཀྱི་ཚུལ་གསུམ་པའི་རིགས་པ་ཡང་དག་པར་སྟོན་པའི་ཚད་མའི་གཞུང་སྟེ། དེ་གཉིས་ལས་བསྟན་པའི་གོ་རིགས་ཟུང་དུ་འཇུག་པའི་ལྟ་བ་རྣམ་པར་དག་པ་དང༌། ཆོས་མངོན་པ་མཛོད་དང་ཕ་རོལ་ཏུ་ཕྱིན་པའི་གཞུང་དུ་གསུངས་པའི་ལྟ་སྒོམ་སྤྱོད་གསུམ་ལས་སྒོམ་དང༌། རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེའི་ནང་མཛོད་དམ་ཆོས་འདུལ་བའི་གཞུང་དུ་བསྟན་པའི་སྤྱོད་པ་རྣམས་ལས་གཅིག་མ་ཚང་ན་བསླབ་གསུམ་ཆ་མ་ཚང་བའམ་ཡ་བྲལ་དུ་འགྱུར་བས་གཞུང་ཕྱོགས་རེ་བ་དང༌། གཞུང་གཅིག་ཙམ་རེར་སྦྱངས་པ་བྱས་པ་ཙམ་མ་ཡིན་པར་གཞུང་ཆེན་བཀའ་པོད་ལྔ་ལ་ལེགས་པར་སྦྱང་རྒྱུ་གལ་ཆེན་པོ་འདུག སྤྱིར་བཏང་གཞུང་ཆེན་བཀའ་པོད་ལྔ་ལ་མཚོན་ན་ནང་ཕན་ཚུན་འབྲེལ་འདུག་ཡོད་པ་ལྟ་བུ་སྟེ། ཕར་ཕྱིན་གྱི་ལྟ་བ་དབུ་མ། ཕར་ཕྱིན་གྱི་རིགས་པ་ཚད་མ། ཕར་ཕྱིན་གྱི་གྲངས་འདྲེན་མཛོད། ཕར་ཕྱིན་གྱི་སྤྱོད་པ་འདུལ་བ། ཕར་ཕྱིན་གྱི་གཞུང་རང་དུ་རྒྱ་ཆེ་བ་ལམ་གྱི་རིམ་པ་བསྟན་གྱིན་ཡོད་ཅེས་བཤད་སྲོལ་ཡོད་པ་བཞིན་དུ་ཕར་ཕྱིན་གྱི་གཞུང་གཅིག་པུ་ཡང་དག་པར་ཤེས་པ་ལ་གཞུང་གཞན་རྣམས་ཀྱང་མ་ཤེས་ཐབས་མེད་ལྟ་བུར་ཆགས་འདུག དེས་ན་ཁྱེད་ཚོས་ཀྱང་རབ་ཅིག་ཡིན་ན་གཞུང་བཀའ་པོད་ལྔ་ཕྲ་ཞིབ་ནས་ཤེས་དགོས་པ་དང༌། འབྲིང་ཞིག་ཡིན་ན་རགས་རིམ་ལྟ་བུ་ཞིག་ཤེས་དགོས་པ་དང༌། ཐ་མ་ཞིག་ཡིན་ནའང་ནང་ཆོས་ཀྱི་ངོ་སྤྲོད་རགས་རིམ་རེ་ཤེས་དགོས་རྒྱུ་གལ་ཆེན་པོ་ཡིན་པས་དེ་ནང་བཞིན་ཐུགསལ་འཇགས་པར་འཚལ།

དྲན་ཤེས་ཀྱིས་བྱ་ར་བྱེད་དགོས་པ།

དྲན་ཤེས་ཀྱིས་བྱ་ར་བྱེད་དགོས་པ།

དེ་ནས་དྲན་ཤེས་ཀྱིས་བྱ་ར་བྱེད་དགོས་པར་གདམས་པ་ནི། དཀའ་བས་བསགས་པའི་མང་ཐོས་ནོར་བུ་ཡང༌། །བརྗེད་ངེས་རྐུན་པོས་དལ་གྱིས་འཇོམས་བྱས་ཏེ། །རིན་ཆེན་གླིང་ནས་སྟོང་བར་ལྡོག་སྲིད་པས། །རྒྱུན་དུ་གོམས་འདྲིས་དྲན་ཤེས་བརྟན་པ་ཡིས། །གང་ཤེས་བརྗེད་པ་མེད་པར་སོགས་ཤིག་ཨང༌། །ཞེས་གསུངས་ཏེ། ང་ཚོས་དཀའ་བ་ཁྱད་དུ་བསད་ངལ་བ་དང་དུ་བླངས་ཏེ། དཀའ་སྤྱད་དང་སྡུག་རུས་དུ་མའི་སྒོ་ནས་བསགས་པའི་བསླབ་པ་སློབ་གཉེར་དང་ཐོས་བསམ་སྒོམ་གསུམ་བྱས་ཏེ་རྙེད་པའི་མང་ཐོས་ཀྱི་ནོར་བུ་དེ་ཡང༌། རང་རང་སོ་སོས་དྲན་ཤེས་ཀྱིས་ཟིན་པར་བྱས་ཏེ་མི་བརྗེད་བྱེད་རྒྱུ་གལ་ཆེན་པོ་རེད་མ་གཏོགས། བརྗེད་ངེས་ཀྱི་རྐུན་པོས་དལ་གྱིས་འཇོམས་པར་བྱས་ནས་མང་ཐོས་ཀྱི་ནོར་བུ་རིན་པོ་ཆེའི་གླིང་ག་ནས་སྟོངས་པར་ཕྱིར་ལྡོག་སྲིད་པ་སྟེ། དཔེར་ན་རིན་པོ་ཆེ་གསེར་དངུལ་གཡུ་བྱུར་སོགས་ཡོད་པའི་གླིང་ག་ཞིག་ཏུ་སོང་ནས་ཕྱིར་འོང་དུས་ལག་སྟོང་དུ་སླེབས་པ་དང་འདྲ་བར་ཡོང་སྲིད་པས། དུས་རྒྱུན་དུ་གུས་རྟག་གི་བརྩོན་འགྲུས་ཀྱིས་ཡང་དང་བསྐྱར་དུ་གོམས་འདྲིས་དང་དྲན་ཤེས་བཞིན་བརྟན་པོས་སྔར་ཤེས་པ་རྣམས་མི་བརྗེད་པར་བྱེད་རྒྱུ་གལ་ཆེན་རེད། དེ་ཡང་སྤྱིར་དཔེ་ཆ་ཡར་རྒྱས་སུ་འགྲོ་བའི་གེགས་གཙོ་བོ་ཞིག་བརྗེད་ངེས་ཀྱི་རྐུན་པོ་འདི་ཆགས་འདུག་པས་ཡང་དང་ཡང་དུ་དཔེ་ཆར་བལྟ་རྒྱུ་གལ་ཆེ་བ་སྟེ། ལོ་བཅུ་བཅོ་ལྔའི་རིང་དུ་དཔེ་ཆར་བལྟས་ན་ད་གཟོད་ཕལ་ཆེར་མི་ཚེར་མི་བརྗེད་པ་ཞིག་ཡོང་བ་རེད། དེས་ན་ངས་སྔོན་མར་ཁྱེད་རྣམ་པར་ཞུས་ཟིན་ཏེ། དཔེ་ལྟ་དཔེ་ཁྲིད་སོགས་གང་གི་སྐབས་ཡིན་ན་ཡང་ཉན་ཤེས་ཀྱི་བློ་སྐྱེས་ནས་ལེགས་པར་ཉན་ཞིང༌། དྲན་ཤེས་བསྟེན་ཏེ་ཡིད་ལ་འཛིན་རྒྱུ་གལ་ཆེ་བས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང༌། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག ཅེས་དང༌། རྣ་བ་མི་གཏོད་ན་སྣོད་ཁ་སྦུབ་ལྟ་བུའི་སྐྱོན་དང༌། གལ་ཏེ་ཉན་ནའང་ཡིད་ལ་མ་བཟུང་ན་ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན་དེ་ཡོད་པས་ཡིད་ལ་འཛིན་རྒྱུ་གལ་ཆེ་ཞིང༌། ཡིད་ལ་འཛིན་ཚུལ་གྱི་རིམ་པ་ནི། དཔེ་ཆར་བལྟས་ཏེ་ཤེས་པ་ཡིན་ན་འདྲ། གྲོགས་ཚངས་པར་སྤྱོད་པ་རྣམས་ཀྱི་ངག་ལས་ཤེས་ནའང་འདྲ། བླ་མ་དགེ་བའི་བཤེས་གཉེན་གྱི་མདུན་ནས་ཤེས་ན་ཡང་འདྲ། གང་ཤེས་པ་རྣམས་རང་གི་སེམས་ལ་ནན་གྱིས་བཟུང་ནས་འདི་འདི་ཡིན་འདི་འདི་མིན་བསམ་ནས་དྲན་ཤེས་ཀྱིས་ངེས་པར་གཟུང་རྒྱུ་ཧ་ཅང་གལ་ཆེ་བ་རེད། དཔེར་ན་ང་ཚོས་བཅའ་ལག་ཅིག་ཡིན་ན་འདི་འདིར་བཞག་ཡོད་བརྗེད་མི་ཉན་བསམ་ན་སེམས་གཏིང་ནས་མི་བརྗེད་རྒྱུ་ཞིག་ཡོང་ཐུབ་པ་དེ་ང་ཚོས་ཉམས་མྱོང་གིས་གྲུབ་ཐུབ་འདུག དེས་ན་གོ་ལོ་དང་ཐོས་ལོ་ཙམ་ཞིག་མིན་པར་སེམས་གསལ་བོ་ཞིག་གིས་སེམས་དེ་གཏད་པ་དང་བསྒྲིམས་ནས་དཔེ་ཆར་བལྟས་ན་བག་ཆགས་ཁྱད་པར་ཅན་རེ་འཇོག་ཐུབ་པ་ཡིན་ཏེ། རྒྱལ་སྲས་ཞི་བ་ལྷས། སེམས་གསལ་གཅིག་གིས་འབྲས་བུ་ཡང༌། །ཚངས་ལ་སོགས་པ་ཡིན་པར་ལྟར། །ཞེས་གསུངས་པ་བཞིན་ཡིན་ལ། དུས་རབས་ཉེར་གཅིག་པའི་མཁས་པ་མང་བོས། བསྐྱར་སྦྱོང་དང་ཡང་སྦྱོང་བྱེད་རྒྱུ་ནི་དཔེ་ཆ་ཡར་རྒྱས་སུ་འགྲོ་བའི་གནད་དམ་པ་དང༌། ཐབས་ལམ་རྨད་དུ་བྱུང་བ་ཞིག་ཡིན་ཞེས་བཤད་ཀྱིན་ཡོད་པ་རེད། དེས་ན་བསྐྱར་སྦྱོང་བྱེད་ཚུལ་ནི་དཔེ་ཆ་གཅིག་དེ་རིང་གཅིག་པུ་ལ་ཚར་བརྒྱ་ཙམ་བཀླགས་པ་ལས་ཉིན་བརྒྱའི་རིང་དུ་ཉིན་རེ་རེ་ལ་ཚར་རེ་བཀླགས་ན་ཡུན་རིང་བོར་གོམས་འདྲིས་སོང་བས་བག་ཆགས་ཁྱད་པར་ཅན་འཇོག་ཅེས་ཀུན་མཁྱེན་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་ཟིན་བྲིས་ལས་གསུངས་པ་ནང་བཞིན་ཆགས་འདུག རྒྱུ་མཚན་དེ་ལྟ་བུའི་དབང་གིས་སྐབས་འདིར་ཡང་རྒྱུན་དུ་གོམས་འདྲིས་དྲན་ཤེས་བརྟན་པོ་ཡིས། །གང་ཤེས་བརྗེད་པ་མེད་པར་སོགས་ཤིག་ཨང། །ཞེས་གདམསཔ་རེད།

བསོད་ནམས་ཀྱི་ཚོགས་གསག་པར་གདམས་པ།

བསོད་ནམས་ཀྱི་ཚོགས་གསག་པར་གདམས་པ།

དེ་ནས་བསོད་ནམས་ཀྱི་ཚོགས་གསག་པར་གདམས་པ་ནི། སྙིགས་དུས་བློ་དང་བསོད་ནམས་དམན་པའི་ཕྱིར། །ལྷག་པའི་ལྷ་དང་ཡི་དམ་ཆོས་སྲུང་ལ། །རྩེ་གཅིག་གསོལ་འདེབས་ཕྱག་མཆོད་མཎ་ཌལ་སོགས། །ཚོགས་བསགས་སྒྲིབ་སྦྱོང་འབད་པ་དྲག་པོ་ཡིས། །ཞིང་གི་མཐུ་ལ་རྒྱབ་རྟེན་གྱིས་ཤིག་ཨང༌། །ཞེས་གསུངས་ཏེ། སློབ་གཉེར་བ་ཞིག་ཡིན་ན་འདི་ལས་གསུངས་པ་ནང་བཞིན་དུ་ཞིང་གི་མཐུ་ལ་བརྟེན་རྒྱུ་གལ་ཆེན་པོ་སྟེ། སྙིགས་མ་ལྔ་བདོ་བའི་སེམས་ཅན་རྣམས་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་གྲོས་དམན་པ་དང༌། བསོད་ནམས་ཀྱི་ཚོགས་མ་བསགས་པས་བསོད་ནམས་ཀྱང་དམན་པ་ཡིན་པས་རྗེ་བཙུན་འཇམ་པའི་དབྱངས་སོགས་ལྷག་པའི་ལྷ་དང༌། ཡི་དམ་དང༌། ཆོས་སྐྱོང་སྲུང་མ་རྣམས་ལ་རྩེ་གཅིག་གིས་གསོལ་བ་འདེབས་པ། ཕྱག་དང་མཆོད་པ་མཎྡྲལ་འབུལ་བ། ཚོགས་བསགས་སྒྲིབ་སྦྱོང་གི་རིམ་པ་ལ་འབད་པ་དྲག་པོའི་སྒོ་ནས་ཞིང་གི་མཐུ་ལ་བརྟེན་ནས་བསླབ་པ་སློབ་གཉེར་དང་ཐོས་བསམ་སྒོམ་སྒྲུབ་བྱེད་དགོས་པ་རེད། དེ་ཡང་རྗེ་བདག་ཉིད་ཆེན་པོས། བཟུང་ན་ཚིག་མི་ཟིན། བསམ་ན་དོན་མི་གོ། སྒོམ་ན་རྒྱུད་ལ་མི་སྐྱེ་བའི་སྐབས་སུ་ཞིང་གི་མཐུ་ལ་བརྟེན་པ་ནི་གནད་དམ་པའོ། །ཞེས་གསུངས་པ་ནང་བཞིན་ཏེ། ཚོགས་བསགས་སྒྲིབ་སྦྱོང་མེད་ན་ཡོན་ཏན་གང་ཡང་སྐྱེ་མི་ཐུབ་པ་རེད། དེའི་རྒྱུ་མཚན་ཡང་ལས་སྒྲིབ་ཀྱིས་རང་གི་ཡོན་ཏན་གོང་མ་ཐོབ་པ་ལ་གེགས་བྱེད་ཀྱིན་ཡོད་པས་ལས་སྒྲིབ་དེ་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་རྒྱུ་གལ་ཆེན་པོ་ཆགས་འདུག དེས་ན་ང་ཚོས་སྡིག་པའི་ལས་གཏནནས་མི་གསག་རྒྱུ་ཡོང་ན་རབ་དང་ཕུན་སུམ་ཚོགས་པ་རེད། གལ་ཏེ་དེ་ལྟར་མ་ནུས་ནའང་གང་གིས་མི་ཤེས་དབང་གིས་བྱས་པ་དག་གསུངས་པ་ནང་བཞིན་དུ་མ་ཤེས་པ་དང་རྨོངས་པའི་དབང་གིས་སྡིག་པའི་ལས་རེ་བསགས་ཀྱང༌། དེ་ཞག་དང་མི་འགྲོགས་པར་སྔར་བྱས་ཀྱི་སྡིག་པ་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་བཤགས་ཏེ་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམ་པའི་དམ་བཅའ་སྟེ་སླར་ལོག་པའི་སྟོབས། སྐབས་དེར་སྡིག་པ་གང་བྱས་ན་དེའི་གཉེན་པོ་སྟེ་སྡིག་པ་བཤགས་པའི་ཐབས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། རང་རྒྱུད་ཀྱི་སྐྱབས་འགྲོ་དང་སྡོམ་པ་སོགས་སྡིག་སྒྲིབ་སྦྱོང་བར་བྱེད་པའི་ཐབས་རྟེན་གྱི་སྟོབས་ཏེ། གཉེན་པོ་སྟོབས་བཞི་ལ་བརྟེན་ནས་སྒྲིབ་སྦྱོང་དང་ཚོགས་བསགས་ཀྱི་རིམ་པ་ལ་འབད་དེ་རྒྱུ་ཚོགས་ཚང་ན་ཡོན་ཏན་གོང་མ་སྐྱེ་བའི་གེགས་བཅོམ་ནས་རང་རྒྱུད་ལ་ཡོན་ཏན་གོང་མ་སྐྱེ་བ་རེད། དཔེར་ན་ཆུ་ལུད་དང་ནས་ཀྱི་ས་བོན་མེད་ན་འབྲས་བུ་ནས་མྱུག་མི་སྐྱེ་བ་དང༌། རྒྱུ་རྐྱེན་དེ་དག་ཚོགས་ན་འབྲས་བུ་ནས་མྱུག་སྐྱེ་བ་བཞིན་ཡིན་ཏེ། མདོ་རྒྱ་ཆེན་རོལ་པ་ལས། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་གསུངས་པ་ལྟར་སོ་སོས་བསོད་ནམས་ཀྱི་ཚོགས་རེ་བསགས་ན་རང་གི་འདོད་དོན་ཡང་འགྲུབ་པ་སྟེ། དེ་ཡང་མི་རེ་ཟུང་ལ་ལམ་འགྲོ་ཡོད་ལ། ཡང་ཁ་ཤས་རེར་ལམ་འགྲོ་མེད་པ་ནི་བསོད་ནམས་དང་ལས་ཀྱི་དབང་གིས་རེད། ང་ཚོས་སྐྱེ་བ་སྔོན་མར་བསོད་ནམས་ཀྱི་ཚོགས་ཡག་པོ་བསགས་ཡོད་ན་སྐྱེ་བ་འདིར་ཡང་འཆད་རྩོད་རྩོམ་གསུམ་སོགས་བྱ་བ་གང་ལ་འབད་ཀྱང་འབད་པ་ལྟར་ཡོང་ཐུབ་པས་ཚོགས་བསགས་སྒྲིབ་སྦྱོང་རེ་གལ་ཆེ་བ་རེད། དེ་ཡང་སློབ་གླིང་འདི་ལ་བསམ་བློ་བཏང་ན་ཉིན་རེའི་ཐོས་བསམ་སྒོམ་གསུམ་གྱི་ཁར་ཡིག་བརྒྱ་དང་བཟང་སྤྱོད་སོགས་གསུང་གིན་ཡོད་པ་དེ། གཞི་བདེན་གཉིས་ཟུང་འཇུག ལམ་ཚོགས་གཉིས་ཟུང་འཇུག་འབྲས་བུ་སྐུ་གཉིས་ཟུང་འཇུག་གསུངས་པ་ལྟར་དུ་ལམ་ཚོགས་གཉིས་ཡ་མ་བྲལ་བར་ཚོགས་གཉིས་ཟུང་འཇུག་ཏུ་གསག་རྒྱུ་གལ་ཆེན་པོ་ཡིན་ལ། དེ་ཡང་བསོད་ནམས་ཀྱི་ཚོགས་ཞེས་པ་ནི་རང་རྒྱུད་ཀྱི་དད་པ་དང་སྐྱབས་འགྲོ། ངེས་འབྱུང་གི་བསམ་པ་དང་བྱང་ཆུབ་ཀྱི་སེམས་སོགས་ལ་གོ་ཞིང༌། ཡེ་ཤེས་ཀྱི་ཚོགས་ནི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ལ་གོ་བས་དད་པ་བརྟན་པོས་གཞི་བཟུང་སྟེ། ཐོས་བསམ་བྱས་ན་ཐབས་ཤེས་ཟུང་འཇུག་དང༌། ཚོགས་གཉིས་ཟུང་འཇུག་སོགས་ཡོང་གི་ཡོད་པས་ང་ཚོས་ཀྱངདེ་བཞིན་ཨེ་ཡོང་ལྟ་རྒྱུ་གལ་ཆེན་པོ་རེད།

བསྟན་ལ་རིམ་བཞིན་སློབ་ཚུལ།

བསྟན་ལ་རིམ་བཞིན་སློབ་ཚུལ།

དེ་ནས་བསྟན་ལ་རིམ་བཞིན་སློབ་ཚུལ་ནི། ཐུན་མོང་ལམ་སྦྱངས་སྔོན་དུ་མ་སོང་ཞིང༌། །གཞུང་དོན་ལྟ་བའི་བློ་མིག་མ་ཕྱེ་བར། །ཆོ་གའི་ངག་འདོན་བྱང་བ་ཙམ་ཞིག་གིས། །གསང་སྔགས་འཆང་བའི་གྲལ་དུ་མི་ཚུད་པས། །བསྟན་ལ་རིམ་པ་བཞིན་དུ་སློབས་ཤིག་ཨང༌། །ཞེས་གསུངས་ཏེ། ཐུན་མོང་གི་ལམ་སྦྱང་སྐྱབས་འགྲོ། སེམས་བསྐྱེད། དད་པ། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་སོགས་ལ་ལམ་སྦྱང་གང་ཡང་སྔོན་དུ་མ་སོང་ཞིང༌། གཞུང་ཆེན་གྱི་དོན་ལ་ལྟ་བའི་བློ་མིག་སྟེ། བསྡུས་རྟགས་བློ་གསུམ་ནས་བཟུང་གཞུང་བཀའ་པོད་ལྔ་ལ་བསླབས་ནས་དེ་ལ་ལྟ་བའི་བློ་མིག་ཕྱེ་དགོས་པ་ལས། དེ་ལྟའི་བློ་མིག་ཀྱང་མ་ཕྱེས་པར་མི་འཁྲུགས་པའི་ཆོ་ག་དང༌། ཀུན་རིག་ཐོས་གྲོལ་སོགས་ཆོ་གའི་ངག་འདོན་བྱང་བ་ཙམ་ཞིག་གིས་གསང་སྔགས་འཆང་བའི་གྲལ་དུ་མི་ཚུད་པ་རེད། དེང་སང་མང་བོ་ཞིག་གིས་ཐུན་མོང་གི་ལམ་སྦྱང་མེད། བསྐྱེད་རྫོགས་རིམ་གཉིས་ཀྱི་ལམ་བཤད་མི་ཤེས་ལ། སྒོམ་ཡང་མི་ཤེས་བཞིན་དུ་དབང་བསྐུར་ཁུལ་བྱེད་པ་སོགས་རང་གཞན་གཉིས་ལ་མགོ་སྐོར་བ་ཙམ་ལས་མེད་པས་ཐོག་དང་པོ་ནས་རང་རང་སོ་སོས་བསྟན་པ་ལ་རིམ་པ་བཞིན་དུ་སློབ་དགོས་པ་སྟེ། དཔེར་ན་ཁང་ཐོག་ཏུ་འགྲོ་བ་ལ་སྐས་འཛེག་གཅིག་དང་གཉིས་ནས་རིམ་བཞིན་ཡར་འགྲོ་དགོས་པ་ལས་གོམ་པ་གཅིག་གིས་སྐས་ཐམས་ཅད་བརྒལ་མི་ཐུབ་པ་བཞིན་དུ། ཐོས་བསམ་གྱི་ཤེས་རབ་དང་སྒོམ་པའི་ཉམས་ལེན་གང་ཡང་མེད་པ་ཞིག་གིས་བྱ་བ་བྲལ་རྒྱུ་ཟེར་ནས་རི་ཁྲོད་ཅིག་ཏུ་སོང་ན། བྲག་ཁོང་རེའི་ནང་ནས་མ་ཎི་རེ་འདོན་པ་ཙམ་མ་གཏོགས་ཡོང་གི་མ་རེད། དེས་ན་རི་ཁྲོད་ཅིག་ཏུ་བྱ་བ་བྲལ་ཏེ་སོང་ནའང་དེ་ལ་ཆ་རྐྱེན་འདི་འདྲ་ཞིག་དགོས་པར་སངས་རྒྱས་ཀྱི་སོ་སོར་ཐར་བའི་མདོ་ལས་གསུངས་ཏེ། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་དག་གིས་གནས་པ་བདེ། །ཞེས་གསུངས་པ་བཞིན་དུ་མང་དུ་ཐོས་པ་ཞིག་གིས་བྱ་བ་བྲལ་བ་ཡིན་ན་ཉོན་མོངས་ཀྱི་གཉེན་པོ་དང་བླང་དོར་གྱི་གནས། སྟོང་བདག་མེད་སོགས་རང་གི་རྒྱུད་ཚོད་ལ་གང་རན་པ་དེ་སྒོམ་ཤེས་པ་རེད་མ་གཏོགས། གལ་ཏེ་རང་གི་རྒྱུད་ཚོད་དང་བསྟུན་མ་ཤེས་ན་མཚམས་རེར་ཆོས་སྒྲུབ་པའི་གེགས་སུའང་འགྱུར་སྲིད་པ་སྟེ། ང་དང་ང་ལྟ་བུའི་འཆིང་བ་ཀུན་ལྡན་གྱི་སོ་སོ་སྐྱེ་བོ་ཞིག་གིས་དང་པོ་ཉིད་ནས་མགོ་ཡན་ལག་ཉིང་ལག་རྣམས་སྦྱིན་པ་གཏང་དགོས་ཟེར་ན། བྱང་ཆུབ་སྒྲུབ་པའི་ལམ་གྱི་གྲོགས་སུ་མི་འགྱུར་བར་ལུས་སྲོག་དང་ཆོས་སྒྲུབ་པའི་བར་ཆད་དུ་འགྱུར་བས་དང་པོ་སེམས་ཀྱི་གཏིང་ནས་མོས་སྒོམ་ཙམ་རེ་གལ་ཆེ་བ་དང༌། བྱང་སེམས་ས་མཐོན་པོ་ལ་གནས་པ་ཞིག་ཡིན་ན་དེ་འདྲའི་སྦྱིན་པ་ཞིག་བཏང་ཡང་རང་གི་ལུས་སྲོག་དང་ཆོས་ཀྱི་གེགས་སུ་མི་འགྲོ་བར་བྱང་ཆུབ་སྒྲུབ་པའི་ཐབས་དང་སེམས་ཅན་གཞན་གྱི་དོན་དུ་འགྱུར་བ་སོགས་ཡོང་གི་རེད། དེས་ན་རང་གི་རྒྱུད་ཚོད་དང་མཐུན་པའི་ལམ་ཞིག་ཉམས་སུ་ལེན་རྒྱུ་གལ་ཆེན་པོ་ཡིན། དེ་ཡང་སྔོན་མར་ཇོ་བོ་རྗེ་ལ་བླ་མ་སྐྱབས་འགྲོ་བ་དང༌། བླ་མ་ལས་འབྲས་པ་ཞེས་ཐོགས་སོང་བ་དེ་ཁོང་གིས་གསང་སྔགས་འཆད་མ་ཤེས་པ་དང་བཤད་མ་ཤེས་པ་དེ་འདྲ་གང་ཡང་མ་ཡིན་པར་གདུལ་བྱའི་རྒྱུད་ཚོད་དང་བསྟུན་ནས་སྐྱབས་འགྲོ་དང༌། ལས་འབྲས་སོགས་གསུངས་པས་ཁོང་གི་མཚན་ལའང་དེ་ལྟར་ཐོགས་སོང་བ་རེད། དེ་བཞིན་སངས་རྒྱས་ཐུགས་རྗེ་ཅན་གྱིས་ཆོས་འཁོར་བསྐོར་བ་དེ་གང་ཟག་གཅིག་གི་རྒྱུད་སྦྱོང་ཚུལ་གྱི་རིམ་པ་ཡིན་པ་སྟེ། ཐོག་མར་འཁོར་ལོ་དང་པོས་རྒྱུད་སྦྱངས་པའི་གང་ཟག་ལ་ཆོས་འཁོར་གཉིས་པ་བསྟན། དེ་ནས་འཁོར་ལོ་གཉིས་པས་རྒྱུད་སྦྱངས་ཟིན་པའི་གང་ཟག་དེ་ལ་ཆོས་འཁོར་གསུམ་པ་བསྟན། དེ་གསུམ་གྱིས་རྒྱུད་སྦྱངས་ཟིན་པའི་གང་ཟག་ལ་གསང་སྔགས་རྡོ་རྗེ་ཐེག་པ་བསྟན་ནས་མཐར་སངས་རྒྱས་དགོས་པ་རེད་མ་གཏོགས། རྒྱུད་མ་སྦྱངས་པར་གསང་སྔགས་བསྟན་ནས་ཐམས་ཅད་གྲོལ་ནུས་ན་སངས་རྒྱས་ཀྱིས་གསང་སྔགས་ཙམ་གསུངས་ཏེ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་ཐབས་ལམ་དེ་གདུལ་བྱ་ཐམས་ཅད་ལ་བསྟན་ན་ཆོག་མོད། དེ་ལྟར་མ་ཡིན་པའི་རྒྱུ་མཚན་གྱིས་ཆོས་ཕུང་སྣཚོགས་ཤིག་གསུང་དགོས་པའི་གནད་ཀྱང་དེ་ལ་ཐུག་ཡོད་པ་རེད།

རྒྱུད་ཀྱི་དོན་འཚོལ་བའི་རིམ་པ།

རྒྱུད་ཀྱི་དོན་འཚོལ་བའི་རིམ་པ།

དེ་ནས་རྒྱུད་ཀྱི་དོན་འཚོལ་བའི་རིམ་པ་ནི། གསང་ཆེན་རྒྱུད་ཀྱི་རྒྱལ་བོའི་སྨན་ཧྲོབ་རྣམས། །སྦྱོར་བར་བསྡེབས་པ་བསྐྱེད་རྫོགས་རིམ་པ་སོགས། །ཡིན་ཕྱིར་གཞུང་ལུགས་ཆེ་རྣམས་ཡལ་བོར་ནས། །མན་ངག་ཁོ་ནར་དགའ་བ་གནས་མིན་པས། །རྩ་བཤད་སྦྱར་ཏེ་རྒྱུད་དོན་ཚོལ་ཅིག་ཨང༌། །ཞེས་གསུངས་ཏེ། གསང་ཆེན་གྱི་རྒྱུད་ཀྱི་རྒྱལ་བོ་བླ་མེད་ཀྱི་རྒྱུད་སྡེ་རྣམས་སྨན་ཧྲོབ་ལྟ་བུའི་དཔེ་བྱས་ནས་དེའི་སྦྱོར་བ་བསྡེབས་པ་ལྷ་བསྐྱེད་པའི་རིམ་པ་དང༌། ལམ་རྫོགས་པའི་རིམ་པ་སོགས་ཡིན་པའི་ཕྱིར་ན་གཞུང་ལུགས་ཆེ་བ་རྣམས་ཡལ་བར་བོར་ནས། མན་ངག་ཁོ་ནར་དགའ་བ་གནས་དང་འོས་པ་མ་ཡིན་པས་རྒྱུད་ཀྱི་རྩ་བ་དང་རྩ་བའི་བཤད་པ་སྟེ། རྩ་རྒྱུད་བཤད་རྒྱུད་བསྡུས་རྒྱུད་སོགས་སྦྱར་ནས་རྒྱུད་ཀྱི་དོན་རྣམས་ལེགས་པར་འཚོལ་དགོས་པ་ལས། མན་ངག་ཙམ་ལ་དགའ་བ་དང་དོན་དུ་གཉེར་བས་སྔགས་ཀྱི་ས་ལམ་དང༌། བསྐྱེད་རྫོགས་ཀྱི་རིམ་པ་མཐར་ཕྱིན་པ་ཞིག་ཡོང་མི་ཐུབ་པས་རབ་ཡིན་ན་རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་འགྲོ་དགོས་ཤིང༌། བསྐྱེད་རིམ་སྔོན་དུ་འགྲོ་བ་ལའང་རྩ་རླུང་ཐིག་གསུམ་དང༌། སྐྱེ་ཤི་བར་དོ་སོགས་དག་བྱ་དག་བྱེད་ཀྱི་རིམ་པ་ལ་སྦྱར་ནས་སྔགས་བླ་ན་མེད་པའི་དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་རྒྱལ་མཆོག ཐིག་ལེའི་རྣལ་འབྱོར་དང༌། ཕྲ་མོའི་རྣལ་འབྱོར་ཏེ་ལྷ་བསྐྱེད་པའི་རིམ་པ་རྣམས་མཐར་ཕྱིན། དེ་ནས་ལམ་རྫོགས་པའི་རིམ་པ་ལ་སློབ་དགོས་པ་ཡིན་མོད། ང་ཚོར་མཚོན་ན་དེ་ལྟ་བུའི་གོ་རིམ་ཡང་མེད། སྡུག་རུས་ཀྱང་མེད་པ་ཡིན་ན་ལྟ་བ་མཐར་ཐུག་དང༌། ཟབ་མོ་སྟོང་ཉིད་ཀྱི་རིམ་པ་རྟོགས་ཟེར་བ་དང༌། གསང་སྔགས་འཛིན་པའི་གྲལ་དུ་ཚུད་འགྲོ་ཟེར་བ་དེ་དཀའ་ལས་ཁག་པོ་རེད། དེས་ན་རྣམ་པ་ཚོས་ཀྱང་རང་གི་རྒྱུད་ཚོད་མཐུན་པའི་ཆོས་རེ་ཉམས་སུ་བླངས་ན་སོ་སོ་ལ་ཕན་ཐོགས་ཡོང་ངེས་ཡིན་པ་སྟེ། དཔེར་ན་ཁྱི་ཞིག་གི་སྔུན་དུ་གསེར་རྡོག་པོ་གཅིག་འཕངས་ན་ཕན་ཐོགས་གང་ཡང་འབྱུང་གི་མ་རེད་ལ། དེ་ལས་རྩམ་རིལ་གཅིག་འཕངས་ན་ཕན་ཐོགས་ཡོང་བ་དེ་རྣམ་པ་ཐམས་ཅད་ཀྱིས་ཧགོ་བ་བཞིན་ཡིན་པས་དེ་བཞིན་ཐུགས་བསམ་གཏོང་རྒྱུ་གལ་ཆེ།

ཆོས་ཆོས་བཞིན་དུ་བསྒྲུབ་དགོས་ཚུལ།

ཆོས་ཆོས་བཞིན་དུ་བསྒྲུབ་དགོས་ཚུལ།

དེ་ནས་ཆོས་ཆོས་བཞིན་དུ་བསྒྲུབ་དགོས་པར་གདམས་པ་ནི། གསང་སྔགས་དེ་ཡང་འཕྲལ་གྱི་རྐྱེན་སེལ་ལམ། །ཚེ་དང་ནོར་སྒྲུབ་དབང་སྡུད་མངོན་སྤྱོད་སོགས། །ཚེ་འདིའི་ལག་ཆ་ཁོ་ནར་འཁྱེར་བ་ནི། །ས་མཆོག་ཙན་དན་སོལ་བར་བྱས་འདྲ་བས། །ཆོས་ཀྱིས་ངན་སོང་སྒྲུབ་པ་མ་བྱེད་ཨང༌། །ཞེས་གསུངས་ཏེ། གསང་བ་སྔགས་ཀྱི་བསྐྱེད་རྫོགས་རིམ་གཉིས་ཀྱི་ལམ་འདི་ཡང་ནད་གདོན་ལ་སོགས་པའི་འཕྲལ་གྱི་རྐྱེན་ངན་རྣམས་སེལ་བྱེད་ཀྱི་ལམ་ཙམ་དང༌། ཡང་ན་ཚེ་རིང་བ་དང་ནོར་ལོངས་སྤྱོད་སྒྲུབ་པ། གང་ཟག་གཞན་དབང་དུ་སྡུད་པ་དང་མངོན་སྤྱོད་དྲག་པོའི་ལས་སོགས་སྒྲུབ་པའི་ཚེ་འདིའི་ལག་ཆ་ཁོ་ནར་འཁྱེར་བ་ནི། དཔེར་ན་ས་མཆོག་ཙན་དན་རིན་པོ་ཆེ་ཞིག་ཡོད་ན་དེ་མེར་བསྲེགས་ནས་སོལ་བ་བྱས་པ་དང་འདྲ་བ་སྟེ། ཆོས་ཆོས་བཞིན་དུ་མ་བྱས་ན། ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་ཅེས་གསུངས་པ་བཞིན་དུ་དེང་སང་བསྐྱེད་རྫོགས་རིམ་གཉིས་ཀྱི་ལམ་འདིའང་གསང་བ་སྔགས་ཀྱི་ས་ལམ་བགྲོད་པའི་ཐབས་སུ་མི་འཁྱེར་བར་རྐྱེན་སེལ། རིམ་གྲོ། གཞན་ལ་དམོད་བཅོལ་སོགས་བྱས་ནས་ངན་སོང་དུ་འགྲོ་བའི་རྒྱུ་གསོག་གིན་ཡོད་པ་རེད། དེ་ཡང་མངོན་སྤྱོད་དྲག་པོའི་མཐུ་དང་རྫས་སྔགས་སོགས་ལ་བརྟེན་ནས་གང་ཟག་གཞན་གྱི་སྲོག་བཅད་ན་དགེ་སློང་ཞིག་ཡིན་ན་ཕམ་པ་དང༌། དགེ་ཚུལ་ཞིག་ཡིན་ན་སྲོག་གཅོད་པའི་ཕམ་འདྲའི་ཉེས་བྱས་སུ་འགྱུར་བས་ཆོས་ལ་བརྟེན་ནས་ངན་སོང་དུ་འགྲོ་བའི་རྒྱུ་གསག་མི་རུང་བ་རེད། དེས་ན་ང་ཚོས་ཆོས་བསྒྲུབས་ན་ཐོག་མར་མགོན་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནས་བཟུང་ཐམས་ཅད་ལེགས་ལམ་དུ་འགྲོ་དགོས་པ་ལས་དགེ་བའི་བཤེས་གཉེན་བསྟེན་ཚུལ་ལེགས་པོ་མ་ཡོང་ན་ངན་སོང་དུ་ལྟུང་བ་དང༌། དེ་བཞིན་ཆོས་དེ་ལ་བརྟེན་ནས་གཞན་ལ་མགོ་སྐོར་དང༌། སྡིག་པ་མི་དགེ་བའི་ལས་མི་བསག་པར་ཆོས་ལ་བརྟེན་ནས་མངོན་མཐོ་དང་ངེས་ལེགས་རྣམས་བསྒྲུབ་དགོས་པ་གལ་ཆེནཔོ་རེད།

དམ་ཚིག་བསྲུང་དགོས་པར་གདམས་པ།

དམ་ཚིག་བསྲུང་དགོས་པར་གདམས་པ།

དེ་ནས་དམ་ཚིག་ཚུལ་བཞིན་དུ་བསྲུང་དགོས་པར་གདམས་པ་ནི། སྔགས་གཞུང་ཐོས་བསམ་བྱས་པའི་ཉིང་དགོས་སུ། །རྒྱལ་ཀུན་དགོངས་པ་གཅིག་གྱུར་རྟག་པའི་བཀའ། །དངོས་གྲུབ་རྩ་བ་དམ་ཚིག་བསྲུང་བ་འདིར། །འབབ་པའི་ཚུལ་ལ་གོ་བ་གཏིང་ཚུགས་པས། །གཏན་འདུན་འཆུགས་པ་མེད་པར་གྱིས་ཤིག་ཨང༌། །ཞེས་གསུངས་ཏེ། གསང་བ་སྔགས་ཀྱི་གཞུང་རྣམས་ལ་ཐོས་བསམ་སློབ་གཉེར་བྱས་པའི་ཉིང་དགོས་སམ་དགོས་དོན་གཙོ་བོ་དེ། རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་གྱུར་རྟག་པའི་བཀའ་ནི་དངོས་གྲུབ་ཀུན་གྱི་རྩ་བ་སྡོམ་པ་དང་དམ་ཚིག་ཚུལ་བཞིན་དུ་བསྲུང་བ་འདི་ལ་འབབ་པའི་ཚུལ་དེར་གོ་བ་གཏིང་ཚུགས་པས་རང་གི་གཏན་གྱི་འདུན་མ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཐབས་ལམ་དེ་མ་ནོར་བ་གྱིསཞེས་གདམས་པ་རེད།

རང་ཚུགས་ཡོད་དགོས་པ།

རང་ཚུགས་ཡོད་དགོས་པ།

དེ་ནས་རང་ཚུགས་ཡོད་དགོས་པར་གདམས་པ་ནི། ཁྱད་པར་ལྟ་བ་སྙིགས་མའི་གནས་སྐབས་འདིར། །དམ་བཅའ་ཙམ་གྱིས་མཁས་རློམ་སྐྱེ་བོ་ཡི། །སྔོན་མེད་ལེགས་བཤད་སྐད་ཀྱི་འཆལ་གཏམ་ཡང༌། །བསོད་ཆུང་ཤེས་འཆལ་རྣམས་ཀྱི་རྣར་འགྲོ་བས། །རི་བོང་ཅལ་གྱི་རྗེས་སུ་མ་རྒྱུག་ཨང༌། །ཞེས་གསུངས་ཏེ། འདི་དེང་སང་ཧ་ཅང་གལ་ཆེ་བའི་གདམས་ངག་ཅིག་སྟེ། དུས་ཀྱི་སྙིགས་མ། ཚེའི་སྙིགས་མ། ལྟ་བའི་སྙིགས་མ། སེམས་ཅན་གྱི་སྙིགས་མ། ཉོན་མོངས་པའི་སྙིགས་མ་སྟེ་སྙིགས་མ་ལྔ་དར་ལ་བདོ་བའི་སྐབས་དང༌། དེ་ལས་ཁྱད་པར་སྔོན་གྱི་སྐྱེས་བུ་དམ་པ་ཚོས་དེང་དུས་སུ་ལྟ་བ་ངན་པ་དར་བ་ལུང་བསྟན་པ་ལྟར་ལྟ་བ་ངན་པ་དར་ཁྱབ་ཏུ་འགྲོ་བའི་སྐབས་སུ་ཆགས་འདུག་པ་མིག་མཐོང་ལག་ཟིན་ཏེ། གྲྭ་བ་དང་སློབ་གྲྭའི་ཁོར་ཡུག་ཁག་ན་ལྟ་ལོག་པ་མང་བོ་བྱུང་གི་ཡོད་པ་རེད་ལ། དེ་འདྲའི་དུས་སྐབས་འདིར་དམ་བཅའ་ཙམ་གྱིས་རང་ཉིད་མཁས་པར་རློམ་པའི་སྐྱེ་བོ་འགའ་སྟེ་དེང་སང་གི་ལྟ་ལོག་པ་ཚོ་ཡིན་ན་ལས་འབྲས་དང་སྐྱེ་བ་སྔ་ཕྱི་མེད་དེ། ངས་མ་མཐོང་བའི་ཕྱིར་ཟེར་བ་དང༌། མཆོག་གསུམ་མི་བདེན་ཏེ། ངས་མི་ཤེས་མ་རིག་མ་རྟོགས་པའི་ཕྱིར་ཟེར་བའི་རྒྱུ་མཚན་བཀོད་པ་ཙམ་ལས་རྒྱུ་མཚན་གཞན་མེད་པ་དག་གིས་སངས་རྒྱས་པའི་ཆོས་ལས་འདས་པའི་སྐད་ཆ་གསར་བ་ཞིག་དང༌། སྐད་ཆ་དེའང་སྔོན་མེད་པའི་ལེགས་བཤད་ཡིན་མདོག་མདོག་བྱས་ནས་བཤད་ཀྱིན་ཡོད་པ་རེད། དེ་འདྲའི་འཆལ་གཏམ་ལ་བསོད་ནམས་ཆུང་བ་དང༌། ཤེས་རབ་འཆལ་བའི་སྐྱེ་བོ་རྣམས་ཡིན་ན་རི་བོང་ཅལ་གྱི་རྗེས་སུ་འབྲངས་ནས་རྣ་ལམ་དུ་འགྲོ་སྲིད་པ་རེད། དེའི་རྒྱུ་མཚན་གྱིས་རང་རང་སོ་སོས་བརྟག་དཔྱད་ལེགས་པོ་བྱེད་དགོས་པ་རེད་མ་གཏོགས། དེང་སང་གི་ལྟ་ལོག་པ་ཚོས་བརྟེན་ས་གཙོ་བོ་དེ་ཕར་གཏུགས་ན་མོ་ཙེ་ཏུང་སོགས་དངོས་གཙོའི་ལྟ་གྲུབ་སྨྲ་བ་རྣམས་ཆགས་ཡོད་པ་རེད། དཔེར་ན་དངོས་གཙོ་སྨྲ་བ་ཚོས་རྙིང་དོར་གསར་ལེན་ཟེར་བའི་སྐད་ཆ་བཤད་རྣམས་ལ་ཁ་བསྒྱུར་བ་ཙམ་ལས་མི་འདུག དེས་ན་དེང་སྐབས་ཀྱི་ལྟ་ལོག་པ་ཚོས་ལྟ་བ་གསར་བ་ཞེས་བཤད་ཀྱིན་ཡོད་ན་ཡང༌། ཁོ་ཚོས་བཤད་པ་རྣམས་མོ་ཙེ་ཏུང་དང། མ་ཁུ་སུ་དང་ཨེན་ཁུ་སི་སོགས་ཀྱིས་བཤད་ཟིན་པ་དང༌། དེ་དག་གིས་བཤད་པ་དེ་ཡང་སྔོན་གྱི་ལས་འབྲས་མེད་པར་ལྟ་བ་དང༌། སྐྱེ་བ་སྔ་ཕྱི་མེད་པར་ལྟ་བའི་རྒྱང་འཕེན་པའི་ལྟ་གྲུབ་ལས་དམིགས་བསལ་གྱི་ལྟ་བ་གསར་འདྲ་བོ་དེ་འདྲ་གང་ཡང་མ་རེད་ལ། ལས་འབྲས་དང་སྐྱེ་བ་སྔ་ཕྱི་མེད་ཟེར་བའི་སྐད་ཆ་རྣམས་ནི་སྐབས་དེའི་སྤྱི་ཚོགས་ལ་མཚོན་ན་གྲུབ་མཐའ་སྨྲ་བ་མང་བོ་ཞིག་གིས་གད་སྙིགས་ལྟ་བུར་བརྩིས་ཡོད་པ་རེད། སྔོན་མར་རྒྱ་གར་ནས་ང་ཚོའི་དགེ་རྒན་གྱིས་ཐེངས་གཅིག་འདི་འདྲའི་སློབ་གསོ་ཞིག་གནང་སོང༌། ང་ཚོ་གྲྭ་བ་རྣམ་པས་མགོ་གྲུང་པོ་དགོས་པ་རེད་མ་གཏོགས། དེང་སང་ཆོས་ཁས་མི་ལེན་པའི་ལྟ་ལོག་པ་མང་བོས་ཚོགས་འདུ་བསྡུས་ནས་གྲོས་ཆོད་ལ་འུ་ཚོས་ནང་ཆོས་རྩ་མེད་དུ་བཟོ་དགོས་འདུག ནང་ཆོས་རྩ་མེད་དུ་སོང་ན་གྲྭ་བ་རྩ་མེད་དུ་འགྲོ་བ་རེད། གྲྭ་བ་རྣམས་རྩ་མེད་དུ་སོང་ན་འུ་ཚོའི་ལྟ་བ་ཁྱབ་སྤེལ་གཏོང་ཐུབ་པ་རེད། དེའི་ཐབས་ལམ་ཡང་སྔོན་གྱི་རྒྱལ་ཁབ་མང་བོའི་འདས་པའི་ལོ་རྒྱུས་ལ་ཡར་བལྟས་ན་སྲོལ་རྒྱུན་དང་མི་མཐུན་པའི་རྩོམ་གསར་བ་དང་སྲོལ་རྒྱུན་ལ་དགག་པ་བརྒྱབས་ནས་རྒྱལ་ཁབ་མང་པོའི་སྲོལ་རྒྱུན་ཉམས་སོང་བའི་ལོ་རྒྱུས་ཡོད་པ་རེད། དེས་ན་ང་ཚོས་ཀྱང་སྲོལ་རྒྱུན་ལ་དགག་པ་དང༌། རྩོམ་གསར་བ་བྲིས་ཏེ་སྤེལ་ན་སྔོན་གྱི་རིག་གཞུང་རྙིང་བ་དེ་ཚོ་ཉམས་པ་རེད་ཟེར་ནས་གྲོས་ཆོད་བཞག་ཡོད་པ་རེད། ཅེས་གསུངས་སོང༌། དེས་ན་གྲྭ་བ་ཁ་ཤས་ཀྱིས་དེ་ལྟ་བུའི་གནས་ལུགས་དེ་མ་རྟོགས་པར་དེ་ཚོར་རྒྱབ་སྐྱོར་དང་རོགས་རམ་བྱེད་པ་ནི་རང་ཉིད་སུ་ཡིན་པ་དང༌། རང་གི་ཁ་གང་དུ་འཁོར་ཡོད་པ། རང་ཉིད་གང་དུ་གཏོགས་པ་སོགས་ཧ་མ་གོ་བ་ཡིན་པས་རང་ཚུགས་འཛིན་རྒྱུ་དང་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། དེ་ཡང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཁས་པའི་དབང་བོ་ཞང་སྟོན་བསྟན་པ་རྒྱ་མཚོས་འདི་འདྲ་ཞིག་གསུངས་ཡོད་པ་རེད། འུ་ཅག་བོད་པ་ཚོས་རང་ཚུགས་མི་ཐུབ་པས་དེང་སང་མངོན་ཤེས་ལྔ་ཐོབ་པའི་ཕྱི་རོལ་པ་ཞིག་བོད་ཡུལ་དུ་ཡོང་ན་ཆ་ཚང་ཕྱི་རོལ་པར་འགྱུར་ས་རེད་ཅེས་གསུངས་པ་ནང་བཞིན་ཡོང་སྲིད་པས་རྣམ་པ་ཚོས་ཀྱང་འདིའི་སྐོར་ལ་ཐུགསབསམ་ནན་མོ་གཏོང་དགོས་པ་རེད།

གསར་བཤད་ཁག་ལ་ཡིད་རྟོན་མི་རུང་བ།

གསར་བཤད་ཁག་ལ་ཡིད་རྟོན་མི་རུང་བ།

དེ་ནས་གསར་བཤད་ཁག་ལ་ཡིད་རྟོན་མི་རུང་བར་གདམས་པ་ནི། འཇམ་པའི་དབྱངས་ཀྱིས་ཉིན་བཞིན་གདམས་པ་ཡིས། །རྒྱལ་བའི་དགོངས་པ་མཐའ་དག་མངོན་གྱུར་པ། །བློ་བཟང་རྒྱལ་བ་ཡིས་ཀྱང་མ་ཐོན་པའི། །གསར་བཤད་ཕྲ་མེན་མ་ཡི་སོ་ནམ་དེས། །ཕན་ལས་གནོད་པ་ཆེ་བས་སྒྲིམས་ཤིག་ཨང༌། །ཞེས་གསུངས་ཏེ། འདི་ནི་རྗེ་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་རྣམ་ཐར་དང་འབྲེལ་ནས་གསུངས་པ་སྟེ། རྗེ་བླ་མ་ཙོང་ཁ་པ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཉིན་མ་རེ་རེ་བཞིན་གཞུང་གི་དཀའ་གནས་རྣམས་ཚུལ་བཞིན་དུ་གདམས་པ་ཡིན་ཟེར་ནས་རི་བོ་དགེ་ལྡན་པའི་སྲོལ་འབྱེད་ཆེན་མོ་རྗེ་ཙོང་ཁ་པ་རང་གི་རྣམ་ཐར་ལོ་རྒྱུས་ཁག་ཏུ་གསལ་བ་རེད། དེས་ན་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་མཐའ་དག་མངོན་དུ་གྱུར་པ་རྒྱལ་བ་བློ་བཟང་གྲགས་པས་ཀྱང་ངག་ནས་མ་ཐོན་པའི་གསར་བཤད་ཕྲ་མེན་མ་མི་རུ་བརྫུས་པའི་སོ་ནམ་ལྟ་བུས་ཕན་པ་ལས་ཀྱང་གནོད་པ་ཆེ་བའི་རྒྱུ་མཚན་གྱིས་བློསྒྲིམས་པར་གྱིས་ཨང་ཞེས་གདམས་པ་རེད།

རྗེའི་ལུགས་བཟང་ལ་སློབ་དགོས་པར་གདམས་པ།

རྗེའི་ལུགས་བཟང་ལ་སློབ་དགོས་པར་གདམས་པ།

དེ་ནས་རྗེ་རིན་པོ་ཆེའི་ལུགས་བཟང་ལ་བློ་རྩེ་གཅིག་གིས་འཇུ་དགོས་པར་གདམས་པ་ནི། ཐུགས་བཅུད་ཟབ་མོར་བསྔགས་པ་ཙམ་མིན་པར། །རྒྱན་དྲུག་མཆོག་གཉིས་གྲུབ་ཆེན་ཐམས་ཅད་ཀྱི། །རང་གཞུང་དཔང་པོར་བཞུགས་པའི་མདོ་རྒྱུད་ཀུན། །གསལ་བྱེད་རྒྱལ་བ་གཉིས་པའི་ལུགས་བཟང་འདིར། །བློ་རྩེ་གཅིག་ཏུ་དྲིལ་ཏེ་འཇུས་ཤིག་ཨང༌། །ཞེས་གསུངས་ཏེ། རྒྱལ་བའི་དགོངས་པ་མཐའ་དག་ཐུགས་སུ་ཆུད་པའི་རྒྱལ་བ་བློ་བཟང་གྲགས་པའི་ཐུགས་བཅུད་ཟབ་མོ་ལ་བསྟོད་བསྔགས་ཙམ་མ་ཡིན་པར་རྒྱན་དྲུག་མཆོག་གཉིས་དང༌། རྒྱ་གར་གྲུབ་ཆེན་བརྒྱད་ཅུ་ཐམས་ཅད་ཀྱི་གཞུང་ལུགས་རྣམས་དཔང་བོར་བཞུགས་པའི་མདོ་དང་རྒྱུད་ཀྱི་དོན་ཀུན་གསལ་བར་བྱེད་པ་རྒྱལ་བ་གཉིས་པ་མཉམ་མེད་ཙོང་ཁ་པའི་ལུགས་བཟང་འདི་ལ་བློ་རྩེ་གཅིག་ཏུ་དྲིལ་ཏེ་འཇུག་པར་གྱིས་ཤིག་ཨང་ཞེས་གསུངསཔ་རེད།

ཐོས་བསམ་ཆོས་སུ་འགྲོ་བ་གལ་ཆེ་ཚུལ།

ཐོས་བསམ་ཆོས་སུ་འགྲོ་བ་གལ་ཆེ་ཚུལ།

དེ་ནས་ཐོས་བསམ་ཆོས་སུ་འགྲོ་བར་གདམས་པ་ནི། གར་རྒྱུག་ཕྱོགས་སུ་དཀྱུས་སྟོན་བྱེད་པ་བཞིན། །དང་པོ་ཉིད་ནས་གཅིག་ཤེས་གཉིས་ཤེས་ཀུན། །སྲིད་པར་འཁྱེར་བའི་དམུ་རྒོད་སེམས་ཀྱི་རྟ། །འདི་ཉིད་གདུལ་ཐབས་ཁོ་ནར་འཁྱེར་བ་ཡིས། །ཐོས་བསམ་ཆོས་སུ་འགྲོ་བར་གྱིས་ཨང༌། །ཞེས་གསུངས་ཏེ། དཔེར་ན་རྟ་ཞིག་རྒྱུག་ན་དཀྱུས་ས་སྟོན་པ་བཞིན་དུ་དང་པོ་ཉིད་ནས་རང་གིས་ཆོས་ཀྱི་གནས་ཚུལ་དེ་མ་ཤེས་པ་རྣམས་ཤེས་པར་མ་བྱས་ན་ཉམས་སུ་ལེན་པའི་ཐབས་མེད་པ་དང༌། ཤེས་པ་རྣམས་གཅིག་ཤེས་པ་དང་གཉིས་ཤེས་པ་ཐམས་ཅད་ཉམས་སུ་བླངས་དགོས་པ་རེད། དེ་ཡང་ཚོང་ལས་དང་ལག་རྩལ་སོགས་གང་ཡིན་ན་ཐོག་མར་དེ་ལ་སློབ་སྦྱོང་བྱས་ནས་ལག་ལེན་དུ་བསྟར་དགོས་པ་དེ་མཚུངས་སུ་ནང་པ་སངས་རྒྱས་པའི་ཆོས་ཀྱང་དང་པོར་སྦྱངས་ནས་ཤེས་པ་དང༌། ཤེས་པ་དེ་ཡང་ཤེས་པ་ཙམ་དང་ཐོས་པ་ཙམ་དུ་མ་ལུས་པར་སྲིད་པ་འཁོར་བར་འཁྱེར་བའི་དམུ་རྒོད་སེམས་ཀྱི་རྟ་ཕོ་འདི་ཉིད་གདུལ་བའི་ཐབས་ཁོ་ནར་འཁྱེར་བ་དང༌། སེམས་རྒྱུད་ཀྱི་ཉོན་མོངས་པ་རྣམས་ཞི་བའི་ཆེད་དུ་ཉམས་སུ་བླངས་ནས་ཐོས་བསམ་ཆོས་སུ་འགྲོ་བར་བྱེད་དགོས་པ་སྟེ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས། ང་ཐོས་དུས་ཙ་ན་བསམ་སྒོམ་བདོ། །ང་བསམ་ཙ་ན་ཐོས་སྒོམ་བདོ། །ང་སྒོམ་དུས་ན་ཐོས་བསམ་བདོ། །ང་བཀའ་གདམས་ཕྱོགས་སུ་མ་ལྷུང་བ། །ཞེས་གསུངས་པ་ཇི་བཞིན་དུ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ཞིག་གི་སྟེང་ནས་ཉམས་ལེན་བྱེད་རྒྱུ་གལ་ཆེན་པོ་རེད། དེ་ཡང་སྔོན་རྒྱ་གར་འཕགས་པའི་ཡུལ་གྱི་ཆོས་སྡེ་ཆེན་མོ་ན་ལེནྡྲར་བསམ་བློ་བཏང་ན་པཎ་གྲུབ་བཅུ་བདུན་སོགས་འཕགས་ཡུལ་གྱི་པཎ་གྲུབ་མང་ཆེ་བའི་གདན་ས་ཆགས་ཡོད་ལ། སྐབས་དེར་དམིགས་བསལ་གྱིས་སྒྲུབ་གྲྭ་དང་བཤད་གྲྭ་ཟེར་ནས་ལོགས་ཁར་མེད་ཀྱང༌། ན་ལེནྡྲའི་པཎ་གྲུབ་རྣམ་པས་གང་མ་ཤེས་ཐམས་ཅད་ལ་སློབ་སྦྱོང་བྱས། ཤེས་པ་ཐམས་ཅད་ཉམས་སུ་བླངས་ཏེ། གྲུབ་པ་དང་མཁས་པའི་སར་གཤེགས་པ་ཤ་སྟག་བྱུང་བ་རེད། དེས་ན་རྗེ་བཙུན་བླ་མའི་རྣམ་ཐར། རྗེས་འཇུག་སློབ་མས་ཉམས་ལེན་གསུངས་པ་ནང་བཞིན་དུ་ཨེ་ཡོང་ལྟ་དགོས་པ་སྟེ། ངས་ཁྱེད་རྣམ་པར་ཞུས་པ་བཞིན་ཞོགས་པར་ཡར་བཞེངས་ནས་ཁམས་གསུམ་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཅན་དང༌། དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པའི་སྒོ་ནས་དཀོན་མཆོག་གསུམ་པོ་སྲིད་ཞིའི་འཇིགས་པ་ལས་སྐྱོབ་པའི་སྐྱབས་སུ་བསྟེན་པ་ཡིན་བསམ་སྟེ། སྐྱབས་འགྲོ་སྐར་མ་ཁ་ཤས་ལ་སྒོམ། དེ་ནས་ཁམས་གསུམ་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཅན་དུ་མཐོང་ནས་དེ་ལས་ཐར་འདོད་ཀྱི་ངེས་འབྱུང་གི་བསམ་པ་སྒོམ། དེ་འདྲའི་བསམ་པ་དེས་ཟིན་ན་དགེ་བ་གང་བྱས་ཐམས་ཅད་ཐར་བའི་རྒྱུར་འགྲོ་བ་རེད། དེ་ནས་མ་གྱུར་སེམས་ཅན་ཐམས་ཅད་ལ་བླ་མེད་རྫོགས་བྱང་ཐོབ་ན་སྙམ་པའི་སྒོ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་སྒོམ་སྒྲུབ་ཉམས་ལེན་བྱེད་དགོས་པ་རེད་མ་གཏོགས། ང་ཚོས་དོན་ཆེན་པོ་ཞིག་འཆོར་འགྲོ་ཡི་ཡོད་པ་ངོས་ཟིན་དགོས་པ་རེད། དེ་ཡང་དམ་པའི་ཆོས་འཕྲོ་བརླག་ཏུ་བཏང་ན་དཔལ་འབྱོར་སྒོར་མོ་ཁྲི་ཕྲག་ཁ་ཤས་དང་སྟོང་ཕྲག་ཁ་ཤས་འཕྲོ་བརླག་ཏུ་བཏང་བ་དང་གཞི་ནས་འདྲ་བ་མ་རེད། སྤྱིར་བཏང་ནས་ང་ཚོ་མི་ཟེར་བ་དེས་སེམས་ཁུར་བྱེད་དགོས་ས་དེར་སེམས་ཁུར་མི་བྱེད་པར་སེམས་ཁུར་དང་སེམས་ཁྲལ་བྱེད་མི་དགོས་ས་དེ་ལ་སེམས་ཁྲལ་བྱེད་ཀྱིན་ཡོད་པ་སྟེ། ཐོག་མེད་ནས་འཁོར་བར་འཁྱམས་ཏེ་སྡུག་བསྔལ་མྱོང་བའི་ངང་ཚུལ་ལ་སེམས་ཁྲལ་མི་བྱེད་པར་འཇིག་རྟེན་གྱི་ཡག་དགའ་ཉེས་སྡུག་ལ་སེམས་ཁུར་བྱེད་ཀྱིན་ཡོད་པ་དང༌། དེ་བཞིན་ང་ཚོ་མི་ཟེར་བ་དེས་བདེ་བ་འདོད་ཀྱང་རང་ཉིད་སྡུག་བསྔལ་ལ་གཏད་ནས་བདེ་བ་འཚོལ་མི་ཐུབ་པར་ཚེ་ཕྱི་མར་བུད་འགྲོ་བ་རེད། དཔེར་ན་མི་འབྱོར་ལྡན་ཞིག་ཡིན་ན་དཔལ་འབྱོར་གྱི་ཆེད་དུ་འབད་ནས་གཞན་ལ་མགོ་སྐོར་དང༌། གཡོ་སྒྱུ་སོགས་བྱས་ཏེ་ལུས་སེམས་གཉིས་ཅར་གྱིས་དཀའ་ལས་མྱོང་མྱོང་ན་ཡང་རང་གིས་བསགས་པའི་དཔལ་འབྱོར་ལ་ལོངས་སྤྱོད་ཁོམ་མེད་པར་འཆི་བའི་གྲོང་དུ་འགྲོ་རན་ཡོད་པས། དང་པོ་ཉིད་ནས་སོ་སོས་ཆོས་སྒྲུབ་རྒྱུ་གལ་ཆེན་པོ་རེད་མ་གཏོགས། འཆི་བའི་ཉིན་མོར་ལུང་སྟོང་ནང་ལ་ཀྭི་སྟོང་བཏབ་ན་ཕན་ཐོགས་རྒྱུ་ཁག་པོ་ཡིན་ཏེ། གསོན་པའི་དུས་སུ་གོ་བརྡ་མ་འཕྲོད་ན་ཤི་བའི་དུས་སུ་ལས་སྣང་སོ་སོས་ཆོད་འགྲོ་དུས་གོ་བརྡ་འཕྲོད་ཟེར་ན་རང་གཞན་གཉིས་ཀྱི་ངོས་ནས་དཀའ་ལས་ཡོད་པས་དེ་ལས་ད་ལྟ་ཉིད་ནས་ཐམས་ཅད་ཀྱིས་ཆོས་ཡང་དག་པ་ཞིག་བསྒྲུབ་རྒྱུ་གལ་ཆེན་པོ་རེད། དེས་ན་ཆོས་ཡང་དག་པ་ཞིག་བསྒྲུབ་པ་ལ་རྙེད་བཀུར་སྙན་གྲགས་སོགས་ཀུན་སློང་ངན་པའི་དབང་དུ་མ་གྱུར་པར་དེའི་གཉེན་པོ་བརྟེན་ཏེ། གཉེན་པོའི་ཕྱོགས་ཤུགས་ཆེ་བ་དང་སྤང་བྱའི་ཕྱོགས་ཤུགས་ཆུང་ངུར་བཏང་ནས་ཆོས་རྣམ་དག་ཅིག་ལ་བསམ་བློ་གཏང་དགོས་པ་ཡིན་ལ། ལྷག་པར་དུ་ཁྱེད་རྣམ་པ་ལྟ་བུའི་ལོ་ཉུང་ཉུང་ཡིན་པའི་སྐབས་ནས་བཟུང་ཆོས་བསྒྲུབ་དགོས་པ་རེད་མ་གཏོགས། ཚེ་མཇུག་ཏུ་ཆོས་སྒྲུབ་དགོས་ཟེར་ན་དཀའ་ལས་ཆེན་པོ་སྟེ། དཔེར་ན་ཁང་པའི་རྨང་རྡོ་འཇོག་སྐབས་ནས་འཆར་གཞི་ཡང་དག་པ་བཟོ་དགོས་པ་ལས་ཁང་བ་གྲུབ་རྗེས་འཆར་གཞི་བཟོས་ན་ཁ་སྟོང་ནང་གི་ཚིག་སྟོང་ཙམ་ལས་མེད་པས་དེ་ནོར་འཁྲུལ་རེད། དེ་བཞིན་མི་ཚེ་ཞིག་ལ་བསམ་བློ་བཏང་ན་དང་པོ་ཉིད་ནས་འཆར་གཞི་ཡག་པོ་ཞིག་བཟོ་དགོས་པ་སྟེ། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མ་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཞེས་གསུངས་པ་ལྟར་དང་པོར་སོ་སོས་ཐོས་བསམ་བྱས། དེ་ནས་ཐོས་དོན་རྒྱུད་ལ་སྦྱར་བའི་ཉམས་ལེན་བྱས། དེ་ནས་རང་གིས་ནུས་ཚོད་ཀྱིས་བསྟན་པ་དང་འགྲོ་བའི་དོན་རེ་བསྒྲུབས་ན་རང་རང་སོ་སོའི་མི་ཚེ་ལ་དེ་ལས་ལྷག་པའི་བྱ་བ་གལ་ཆེན་པོ་ཞིག་མེད་ལ། ཆོས་པ་ཞིག་གི་ངོས་ནས་བསམ་བློབཏང་ན་དེ་ལས་ལྷག་པའི་རིན་ཐང་ཆེ་བའི་བྱ་བ་ཞིག་གཏན་ནས་མེད་པ་རེད།

འཁོར་གསུམ་དག་པའི་དགེ་སྦྱོར།

འཁོར་གསུམ་དག་པའི་དགེ་སྦྱོར།

དེ་ནས་འཁོར་གསུམ་དག་པའི་དགེ་སྦྱོར་བྱ་བར་གདམས་པ་ནི། འཁོར་ལོ་བཞི་ལྡན་རྟེན་བཟང་ཐོབ་སྐབས་འདི། །འཁོར་བས་འཆིང་བ་གཅོད་པའི་དུས་ཡིན་པས། །འཁོར་གསུམ་སྐོར་བའི་ཐབས་ཙམ་མ་ཡིན་པར། །འཁོར་ལོ་གསུམ་གྱི་དགོངས་དོན་ངེས་རྙེད་ནས། །འཁོར་གསུམ་དག་པའི་དགེ་སྦྱོར་གྱིས་ཤིག་ཨང༌། །ཞེས་གསུངས་ཏེ། སྐྱེ་བ་སྔོན་མར་ཚོགས་བསགས་པའི་མཐུ་ལས་མཐུན་པའི་ཡུལ་ལ་གནས་པ་སྟེ། ཆོས་སྒྲུབ་པའི་མཐུན་རྐྱེན་ཆགས་སྡང་དང་འདུ་འཛི་སོགས་ཀྱིས་དབེན་པའི་དགོན་པ་དང་རི་ཁྲོད་ལྟ་བུར་གནས་འཆའ་ན་ཐོས་བསམ་སྒོམ་གསུམ་སོགས་ཆོས་སྤྱོད་ཀྱི་བྱ་བ་རྣམས་འཕེལ་ཐུབ་པ་རེད། དེས་ན་འཁོར་ལོ་བཞི་ལྡན་གྱི་རྟེན་བཟང་ཁྱད་པར་ཅན་ཐོབ་པའི་སྐབས་འདིར་འཁོར་བས་འཆིང་བ་སྟེ། ལས་དང་ཉོན་མོངས་པ་རྣམས་གཅོད་པའི་དུས་ཡིན་པས་ང་ཚོས་བསླབ་པ་སློབ་གཉེར་དང་ཐོས་བསམ་སྒོམ་གསུམ་གང་བྱས་ཐམས་ཅད་གཞན་ལ་འཁོར་གསུམ་བསྐོར་བའི་ཐབས་ཙམ་མ་ཡིན་ཏེ། ཚ་འཁོར་གསུམ་ནི་རྩོད་པའི་ཡན་ལག་ཙམ་ལས་རྩོད་པའི་དམིགས་ཡུལ་དང་དགོས་པ་གང་ཡང་མ་ཡིན་ལ། གཞན་ལ་ཁྱད་གསོད་དང་མི་གཞི་དམའ་འབེབས་བྱེད་སྤྱད་ལྟ་བུ་ཞིག་གཞི་ནས་མ་རེད། དེས་ན་ནང་པའི་ཆོས་ཀྱི་རྩོད་པ་དེ་གང་འདྲ་ཞིག་ལ་ཟེར་ཞེ་ན། ཆོས་ཀྱི་གནས་ཚུལ་དང་དངོས་པོའི་གནས་ལུགས་གང་ཞིག་ཡིན་མིན་རྩོད་པ་ཞིག་ལ་གོ་དགོས་པ་ལས་ས་རྩོད་ཆུ་རྩོད་ལྟ་བུ་ཞིག་ལ་གོ་རུང་གི་མ་རེད། དེའི་ཕྱིར་ན་ཆོས་གྲོགས་རྣམས་སྐྱེ་བ་གཏན་གྱི་གྲོགས་ཡིན་པས་སོ་སོས་རྩོད་པ་བྱེད་པའི་སྐབས་སུ་ཡང་ཕན་ཚུན་བྱམས་བརྩེ་དང་གུས་བཀུར་བརྩི་འཇོག་ཡོད་པའི་སྟེང་ནས་དཔྱད་གསུམ་དག་པའི་ལུང་དང་ཚུལ་གསུམ་ཚང་པའི་རིགས་པ་རྣམ་དག་ལ་བརྟེན་ནས་ཆོས་ཀྱི་གནས་ཚུལ་གོ་བ་དང་ཕན་ཚུན་བློ་སྐྱེད་ཡོད་པའི་ཕྱོགས་ལ་བསམ་བློ་བཏང་སྟེ་རྩོད་པ་བྱེད་དགོས་པ་མ་གཏོགས། སྒྲུབ་བྱེད་ཀྱི་ལུང་རིགས་གང་ཡང་ཁས་མི་ལེན་པར་ཨུ་ཚུགས་རྐྱང་བས་དམ་བཅའ་བཟུང༌། ལུང་དོན་དེ་ཡང་སེམས་ལ་གང་ཤར་ཤར་བཞག་སྟེ་དམ་བཅའ་བཟུང་ན་དུས་ཚོད་འཕྲོ་བརླག་མ་གཏོགས་མེད་ལ། ལུང་རིགས་ཁས་མི་ལེན་པ་ཞིག་ཡིན་ན་རྒྱལ་བའི་བཀའ་ལས་དབྱུག་པས་བཙན་ཞེས་ཟེར་བ་དེ་ཆགས་ཡོད་པ་རེད། དེས་ན་དེ་ལྟ་བུ་མ་ཡིན་པར་འཇམ་མགོན་ས་པཎ་གྱིས། གང་ལ་རྒྱབ་རྟེན་ཚད་མ་ཡོད། །དེ་ཡི་རྗེས་འབྲང་དམ་པའི་ལུགས། །གསུངས་པ་ལྟར་དུ་སྔོན་བྱོན་གྱི་སྐྱེས་བུ་དམ་པ་ཚོས་ཡིན་ན་ཐོས་བསམ་སྒོམ་གསུམ་བྱས། ཚོགས་བསགས་སྒྲིབ་པ་སྦྱངས་ཏེ། ཆོས་ཀྱི་གནས་ཚུལ་མངོན་སུམ་དུ་རྟོགས་པ་རྣམས་གདུལ་བྱ་ཕྱི་རབས་པ་ཚོའི་ཆེད་དུ་གསུངས་པའི་རྒྱབ་རྟེན་གྱི་ལུང་ཚད་མ་དང༌། རིགས་པ་རྣམ་དག་སྟེ་ལུང་རིགས་གཉིས་དང་ལྡན་པ། གོ་རིགས་ཟུང་དུ་འབྲེལ་བ། ཐབས་ཤེས་ཟུང་དུ་འབྲེལ་བ་ཞིག་གལ་ཆེ་སྟེ། ང་ཚོ་ནང་པ་སངས་རྒྱས་པས་གཞི་བདེན་གཉིས་ཟུང་འཇུག ལམ་ཚོགས་གཉིས་ཟུང་འཇུག འབྲས་བུ་སྐུ་གཉིས་ཟུང་འཇུག་གི་སྟེང་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་འཇོག་གི་ཡོད་པས་ལུང་རིགས་ཟུང་འབྲེལ་དང༌། ཐབས་ཤེས་ཟུང་འཇུག་སོགས་གལ་ཆེན་པོ་ཡིན་ལ། ལུང་རིགས་ཟུང་འབྲེལ་ཞེས་པ་དེ་ཡང་སངས་རྒྱས་བཅོམ་ལྡན་འདས་སོགས་ཀྱིས་ཅིག་གསུངས་ཡོད་པ་རེད་ཟེར་ནས་སོ་སོའི་གོ་ཡུལ་དུ་བཞག་པ་ཙམ་མིན་པར་རིགས་པས་བརྟགས་ཤིང་དཔྱད་ནས་སོ་སོས་ཐོས་བསམ་བྱས་པ་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁོར་ལོ་རིམ་པ་གསུམ་གྱི་དགོངས་དོན་ལ་ངེས་པ་རྙེད་པའི་ཐབས་སུ་འགྲོ་བར་བྱས་ནས་འཁོར་གསུམ་རྣམ་པར་དགཔའི་དགེ་སྦྱོར་ལ་བརྩོན་པ་གྱིས་ཞེས་གདམས་པ་རེད།

ཆོས་བཞིན་སྤྱོད་པར་གདམས་པ།

ཆོས་བཞིན་སྤྱོད་པར་གདམས་པ།

དེ་ནས་ཆོས་བཞིན་སྤྱོད་པར་གདམས་པ་ནི། ཆོས་ཀྱི་རྩ་བ་བསམ་པའི་བཟང་ངན་ཡིན། །ཆོས་ཀྱི་སྒོ་འབྱེད་རྣམ་དག་ཐོས་པ་ཡིན། །ཆོས་སུ་སོང་ཚད་འདི་སྣང་ཞེན་ལོག་ཡིན། །ཆོས་ཀྱི་སྙིང་བོ་ཐབས་ཤེས་ཟུང་འཇུག་ཡིན། །ཆོས་ལ་ཆོས་བཞིན་སྤྱོད་པར་གྱིས་ཤིག་ཨང༌། །ཞེས་གསུངས་ཏེ། ནང་པ་སངས་རྒྱས་པའི་ཆོས་ཟེར་བ་དེ་ཕྱིའི་གཟུགས་བརྙན་གྱིས་འཇོག་པ་མ་ཡིན་པར། ནང་བསམ་པའི་བཟང་ངན་གྱིས་འཇོག་པ་སྟེ། བསམ་པ་དགེ་དང་མི་དགེ་བྱེ་བྲག་ལས། །དགེ་སྡིག་ཆེ་ཆུང་གཟུགས་བརྙན་རྗེས་མི་འབྲང༌། །ཞེས་གསུངས་པ་བཞིན་དུ་བསམ་པ་ངན་པ་ལས་མེད་ན་ཕྱིའི་རྣམ་པ་དང་གཟུགས་བརྙན་ཅི་འདྲ་ཡག་པོ་ཡོད་ཀྱང་ཆོས་རྣམ་དག་མི་ཡོང་ལ། བསམ་པ་བཟང་བོ་ཞིག་ཡོད་ན་སྦྱོར་བ་ལ་མི་ལྟོས་པར་དགེ་བ་རྣམ་དག་ཅིག་ཡོང་སྟེ། སྔོན་མི་ཞིག་གིས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ཞིག་གི་སྟེང་དུ་ཐིགས་ཆུ་ཐིགས་ཀྱིན་ཡོད་པས་དེ་ཞིག་འགྲོ་བསམ་ནས་སྟེང་དུ་ལྷམ་ཞིག་བཞག་པ་དང༌། གཞན་ཞིག་གིས་ཐུབ་པའི་སྐུ་བརྙན་གྱི་སྟེང་དུ་ལྷམ་བཞག་ན་མི་རུང་བསམ་པས་ལྷམ་དེ་བླངས་པ་རེད། ཡིན་ན་ཡང་དེ་གཉིས་ཀ་ལ་བསམ་པ་རྣམ་དག་ཡོད་པས་འཁོར་ལོས་བསྒྱུར་རྒྱལ་གྱི་སྐྱེ་བ་ཐོབ་པར་གསུངས་ཏེ། བསམ་པ་བཟང་བོས་མཆིལ་ལྷམ་ཞིག །ཐུབ་པའི་དབུ་ལ་བཞག་པ་དང༌། །དེ་ཉིད་གཞན་གྱིས་བསལ་བྱས་པ། །གཉིས་ཀས་རྒྱལ་སྲིད་ཐོབ་པར་འགྱུར། །ཞེས་ཆོས་ཀྱི་རྩ་བ་དེ་བསམ་པ་བཟང་ངན་ལ་རག་ལས་ཡོད་པར་གསུངས་པ་དང༌། ཆོས་ཀྱི་སྒོ་འབྱེད་བྱེད་ནི་རྣམ་དག་ཐོས་པ་ཡིན་པར་གསུངས་ཏེ། ཐོས་པ་མེད་ན་ཆོས་ཀྱི་གནས་ཚུལ་མི་ཤེས་པ་དང༌། དེ་མ་ཤེས་ན་སྒོམ་ཚུལ་ཡང་མེད་པས་ཐོས་པ་ནི་ཆོས་ཀྱི་སྒོ་མོ་འབྱེད་བྱེད་ལྟ་བུ་ཡིན་ཡང༌། ཁ་ཤས་ཀྱིས་ཐོས་པ་མི་དགོས་པ་དང༌། བཀའ་མདོརྒྱུད་ཐམས་ཅད་བློར་སོང་ཡང་དགོས་པ་མེད་པར་གཙོ་བོ་སེམས་འདུལ་དགོས་ནི་རེད་ཅེས་ལབ་ཀྱིན་འདུག སེམས་འདུལ་དགོས་པ་བདེན་མོད། དམ་པའི་ཆོས་མ་ཤེས་པར་སེམས་འདུལ་བའི་ཐབས་ཡོད་ནི་མ་རེད། དཔེར་ན་སྡུག་བདེན་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་མ་ཤེས་པར་སྡུག་བདེན་རྟག་པར་འཛིན་པ་དང༌། བདེ་བར་འཛིན་པ་དང༌། བདག་ཏུ་གྲུབ་པར་འཛིན་པ་སོགས་ཞི་བའི་ཐབས་མེདཔ་རེད། དེ་ནས་ཆོས་ཤིག་སྒྲུབ་ན་ཆོས་སུ་སོང་མ་སོང་གི་ཚད་དེ་ཚེ་འདིའི་རྒྱུ་དཔལ་འབྱོར་མངའ་ཐང་ལོངས་སྤྱོད་སོགས་ལ་ཞེན་པ་ལོག་མ་ལོག་གིས་འཇོག་པ་སྟེ། དེ་ཡང་ཆོས་ཅི་ཙམ་བསྒྲུབས་ཀྱང་ཚེ་འདི་ལ་ཞེན་པ་ཇེ་ཆེ་དང་བདག་འཛིན་ཇེ་ཆེར་སོང་ན་ཆོས་མ་འགྲུབ་པའི་རྟགས་ཏེ། བློ་སྦྱོང་དོན་བདུན་མའི་སྐབས་སུ་ཆོས་པ་རྣམ་དག་ཡིན་མིན་འཇལ་བྱེད་ཀྱི་སྲང་ལྟ་བུ་ནི་བདག་འཛིན་ཆུང་ངུ་དང་ཉུང་ངུར་སོང་མ་སོང་ཡིན་གསུངས་པ་དང༌། མཁན་ཆེན་བློ་བཟང་འཕྲིན་ལས་ཀྱིས་སྔོན་མར་འདི་འདྲ་གསུངས་དཔེ། དེང་སང་མང་བོ་ཞིག་གིས་རྟོགས་འབུལ་བཀྱགས་ཟེར་གྱིན་འདུག རང་རང་སོ་སོའི་རྟོགས་པ་ག་འདྲ་ཡིན་མིན་དེ་རང་རྒྱུད་ཀྱི་ཉོན་མོངས་པ་དང་བདག་འཛིན་ཆུང་ངུར་འགྲོ་ཡི་ཡོད་མེད་ལ་དཔྱོད་དང་གོ་བ་རེད་ཅེས་གསུངས་སོང་ལ་དེ་ནང་བཞིན་ཡིན་ཏེ། ཆོས་སུ་སོང་ཚད་འདི་སྣང་ཞེན་ལྡོག་དང༌། ཆོས་ཀྱི་སྙིང་བོ་ནི་ཐབས་ཤེས་ཟུང་འཇུག་སྟེ། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་ཉིད་ཡེ་ཤེས་ཏེ་དེ་གཉིས་ཟུང་འཇུག་དང༌། དམ་པའི་ཆོས་དེ་ཡང་ཆོས་ནང་བཞིན་སྤྱོད་པར་གྱིས་ཤིགཅེས་གསུངས་པ་རེད།

མཇུག་གི་བསྔོ་བ་དམ་པ།

མཇུག་གི་བསྔོ་བ་དམ་པ།

དེ་ནས་མཇུག་གི་བསྔོ་བ་དམ་པ་ནི། རྣམ་མང་གཞུང་ལུགས་ཟབ་ཡངས་ཆུ་གཏེར་ལས། །རྣམ་དག་ཐོས་པའི་ནོར་བུ་ལེན་པའི་ཚུལ། །རྣམ་པར་བཤད་པའི་མིག་སྨན་ཐུར་མ་ཡིས། །རྣམ་གྲོལ་དོན་གཉེར་ཡོངས་ཀྱི་མིག་ཕྱེ་སྟེ། །རྣམ་ཀུན་མཁྱེན་པའི་དཔལ་ལ་སྤྱོད་གྱུར་ཅིག ། ཅེས་གསུངས་ཏེ། སྐབས་འདིར་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་བསླབ་བྱ་ནོར་བའི་གླིང་དུ་བགྲོད་པའི་ལམ་ཡིག་གི་མཇུག་གི་བསྔོ་བ་མཛད་པ་ནི། རྣམ་པ་མང་པོའི་མདོ་དང་སྔགས་ཀྱི་གཞུང་ལུགས་ཟབ་པ་དང་ཡངས་པ་རྒྱ་ཆེ་བ་རྣམས་ནི་ཆུ་གཏེར་ཏེ་རྒྱ་མཚོ་ཆེན་པོའི་གཟུགས་སུ་བཀོད་ནས་རྣམ་པར་དག་པའི་ཐོས་པའི་ནོར་བུ་ལེན་པའི་ཚུལ་འདི། རྣམ་པར་བཤད་པའི་མིག་སྨན་ཐུར་མ་ཡིས་རྣམ་པར་གྲོལ་བ་ཐར་བ་དོན་དུ་གཉེར་བ་ཡོངས་ཀྱི་ཐོས་པའི་བློ་མིག་ཕྱེས་ཏེ། ཆོས་ཐམས་ཅད་ཀྱི་རྣམ་པ་ཀུན་མཁྱེན་པའི་འབྲས་བུ་རྣམ་མཁྱེན་གྱི་དཔལ་ལ་སྤྱོད་པར་གྱུར་ཅིག་ཅེས་བསྔོ་བ་མཛད་པ་རེད། དེས་ན་ད་ལན་གུང་ཐང་སློབ་གཉེར་བསླབ་བྱ་འདི་མདོར་བསྡུས་པ་ཞིག་ཞུས་པ་ཡིན་ལ། སྤྱིར་བཏང་མདོ་སྔགས་ཀྱི་གཞུང་གང་ལ་ཐོས་བསམ་བྱས་ནའང་དེ་རང་རྒྱུད་ཀྱི་ཉོན་མོངས་པ་འདུལ་བའི་ཐབས་ལམ་དང༌། དད་པ་སྙིང་རྗེ་ཤེས་རབ་སོགས་གོང་འཕེལ་དུ་འགྲོ་བའི་ཐབས་ལམ་ཤ་སྟག་ཡིན་པས་རྣམ་པ་ཐམས་ཅད་ཀྱིས་ཆོས་གང་ཐོས་པ་ཡིན་ན་རྣ་ལམ་དུ་གྲག་པ་ཙམ་མ་ཡིན་པར། དང་པོ་གང་ཐོས་པ་བྱས་པ་ཐམས་ཅད་ལ་ཚད་མས་སྒྲོ་འདོགས་བཅད་དེ་ངེས་པ་རྙེད་དགོས་པ་དང༌། ཚད་མས་ངེས་པ་རྙེད་པའི་དོན་ལ་ཡང་ནས་ཡང་དུ་གོམས་པ་བྱས་ཏེ་ཐོས་དོན་རྒྱུད་ལ་སྦྱོར་བའི་ཉམས་ལེན་དང༌། དེ་ཡང་མཐར་ཐུག་རྣམ་མཁྱེན་གྱི་ངོ་བོར་འགྱུར་བའི་ཆེད་དུ་འབད་པ་དགོས་པ་སྟེ། ཐོས་བསམ་སྒོམ་གསུམ་སོགས་ཆོས་གང་བསྒྲུབ་ན་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པར་བྱས་ནས་ཉམས་ལེན་ཡག་པོ་ཡོང་བ་གལ་ཆེ་ལ། ཉམས་ལེན་ཡག་པོ་ཡོང་མིན་ནི་རྒྱུན་དུ་དྲན་ཤེས་བཞིན་གྱིས་བྱ་ར་བྱས་ཏེ། ཆོས་ཡག་པོ་ཞིག་ཡོང་གི་ཡོད་མེད་བརྟག་དཔྱད་བྱེད་རྒྱུ་དེ་རེད། གལ་ཏེ་དྲན་ཤེས་ཀྱིས་མ་ཟིན་ན་རང་རྒྱུད་རྣམ་པར་གཡེང་བ་འོག་འགྱུ་རྒྱ་འབྱམས་སུ་སོང་ནས་ཆོས་སྒྲུབ་ཀྱིན་ཡོད་མེད་ཙམ་ཡང་ཧ་མི་གོ་བས་དྲན་ཤེས་བསྟེན་ཏེ། ཐོས་བསམ་སྒོམ་གསུམ་རྣལ་མ་ཞིག་བྱེད་རྒྱུ་གལ་ཆེ་བ་ཡིན་ལ། ཐོས་བསམ་སྒོམ་སྒྲུབ་རྣམ་དག་ཅིག་བྱེད་ཚུལ་ནི་ཡར་མར་ཀུན་ཏུ་འཁྱམས་པ་དང་གཡེང་ནས་བྱེད་པ་མ་ཡིན་པར་དགོན་པ་དང་དབེན་པའི་རི་ཁྲོད་ཅིག་ཏུ་བསྡད་དེ་མདོ་སྔགས་གཞུང་ལུགས་རྒྱ་མཚོ་ཐོས་བསམ་མཐར་ཕྱིན་པ་ཞིག་དང༌། ལྷག་པའི་ལྷ་སྒྲུབ་པ། ཆོས་ཀྱི་གནས་ལུགས་སྒོམ་པ་སོགས་བྱེད་དགོས་པ་རེད། ང་རང་ལ་མཚོན་ན་འདི་འདྲའི་སློབ་གླིང་ཞིག་བསྐྱང་ཡོང་དུས་མི་གྲལ་རེ་འགྲོ་རྒྱུ་དང༌། མཚམས་རེར་གཞན་གྱི་ངོ་ལྕོགས་མི་ཐུབ་པ་འགྲོ་དགོས་པ་དང༌། གཅིག་ཕྱོགས་ནས་ཇོ་ནང་སང་ཉམ་ཆུང་ཉག་ཕྲ་བ་ཆགས་འདུག་ཡོད་པས་ཐམས་ཅད་ཀྱིས་གྲལ་རེ་བཞག་དུས་མ་སོང་ན་མི་ཡོང་བ་འདྲ་བོ་ཆགས་ཡོད་པའི་དབང་གིས་ཚོགས་འདུ་རེ་འགྲོ་དགོས་འདུག་མ་གཏོགས། སྤྱིར་ན་ཚོགས་འདུ་སོགས་ལ་ཡར་མར་དུ་རྒྱུག་འདུག་ན་དོན་གྱི་སྙིང་བོ་དེ་འཆོར་ཉེན་ཆེ་བ་སྟེ། སྔོན་བྱོན་སྐྱེས་བུ་དམ་པ་ཚོས་བཞུགས་སའི་སྟན་ཐེད་རྒྱུ་ཞིག་བསྡད་ནས་རྗེ་བཙུན་འཇམ་པའི་དབྱངས་བསྒྲུབ་དགོས་པ་རེད་མ་གཏོགས། རྒྱུག་འདུར་བྱས་ནས་ལྷག་པའི་ལྷ་མཐོང་བ་མ་རེད་ཟེར་བའི་གསུང་རྒྱུན་ཡོད་པ་རེད། དེ་བཞིན་དུ་རྣམ་པ་ཚོས་བྱ་ཉུང་དོན་ཉུང་འདོད་ཆུང་ཆོག་ཤེས་བྱས་ཏེ། དལ་འབྱོར་རྙེད་དཀའ་དང༌། ནམ་འཆི་ཆ་མེད། འཆི་བ་མི་རྟག་པ་རེ་སྒོམ་རྒྱུ་དང༌། འཆི་བའི་གནས་སྐབས་སུ་ཆོས་མ་གཏོགས་གཉེན་ཉེ་དུ་གྲོགས་མཛའ་བཤེས་རྒྱུ་འབྱོར་བ་གཟུགས་ལང་ཚོ་སོགས་གང་གིས་ཀྱང་ཕན་པ་མེད་དེ། རྒྱལ་སྲས་ཞི་བ་ལྷས། བསྐལ་བ་དུ་མར་རབ་དགོངས་མཛད་པ་ཡིས། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །ཞེས་གསུངས་པ་བཞིན་དུ་འཆི་བའི་དུས་སུ་ཕྱིའི་རྣམ་པ་གཞན་གང་གིས་ཀྱང་ཕན་གནོད་མི་ནུས་པར་ནང་སེམས་ཀྱི་དགེ་སྡིག་གིས་འབྲས་བུ་ཡིད་འོང་མི་འོང་མྱང་བར་འགྱུར་བས་ད་ལྟ་ཡར་འགྲོ་མར་འགྲོའི་ས་མཚམས། གདམ་ག་རང་ལ་ཡོད་པའི་སྐབས་འདིར་བསྟན་པའི་འཇུག་སྒོ་མ་ནོར་བ་ཞིག་སྟེ། སློབ་དཔོན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར་དང་པོ་དགེ་ཚུལ་སློང་ཞིག་ཡིན་པ་ནས་བཟུང་ཕམ་པའམ་ཕམ་འདྲ་བཞི་གང་གིས་མ་གོས་པའི་སྟེང་དུ། རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམ་ན་ཚུལ་ཁྲིམས་རྣམ་དག་ཏུ་འགྱུར་བས་དེ་ལྟའི་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་སྟེ། བསོད་ནམས་ཀྱི་ཚོགས་དང་མ་བྲལ་བར་ཐོས་བསམ་སྒོམ་གསུམ་བྱས་ནས་རང་རྒྱུད་ཀྱི་ཉོན་མོངས་པའི་གཉེན་པོ་འགྲོབའི་ཐབས་ལ་འབད་རྒྱུ་གལ་ཆེའོ། །སྨྲས་པ། ལེགས་ཚོགས་དཔག་མེད་རིན་ཆེན་འབྱུང་བའི་གཞི། །ཚབ་ཟླ་མེད་མཚུངས་བྲལ་བཤེས་གཉེན་གྱིས། །ཕངས་མེད་བསྩལ་བའི་དམ་ཆོས་བདུད་རྩི་མཆོག ། བཏུང་འདོད་སྐྱེ་བོའི་ཚོགས་ལ་སྐྱེས་སུ་བཏེགས། །འདིར་འབད་དགེ་བའི་ལེགས་བཤད་ནོར་བུའི་ཚོགས། །ཟུར་གནས་བློ་གྲོས་བང་མཛོད་ཡོངས་བཀང་ནས། །བློ་དམན་བློ་ཡི་དབུལ་བ་རབ་བསལ་ཞིང༌། །དེ་ཉིད་དཔྱོད་པའི་བློ་གྲོས་མིག་ཐོབ་ཤོག ། ཅེས་བསླབ་གསུམ་གྱི་ཡོན་ཏན་མངོན་པར་མཐོ་ཞིང༌། འཆད་རྩོད་རྩོམ་གསུམ་གྱི་ལེགས་བཤད་ཉིན་བྱེད་དབང་པོའི་སྣང་བ་རིས་སུ་མ་ཆད་པར་རྟག་ཏུ་འཕྲོ་བའི་༧དགེ་བའི་བཤེས་གཉེན་ཆེན་མོ་ངག་དབང་དངོས་གྲུབ་དཔལ་བཟང་བོའི་སྡེ་གང་གི་སྐུ་གསུང་ཐུགས་གསུམ་གྱི་མཛད་པ་སྤྱི་དང༌། བྱེ་བྲག་གསུང་གི་ལེགས་བཤད་རྒྱ་མཚོ་ལྟ་བུ་ལས་ཐིགས་པ་ཙམ་རེ་སྐལ་ལྡན་སྐྱེ་བོའི་ཚོགས་ཀྱི་མ་རིག་པའི་གདུང་བ་སེལ་བའི་གསོས་སུ་ཕུལ་ནུས་ན་ཇི་མི་སྙམ་པའི་ཀུན་སློང་དང་བཅས། སྔར་ཁོང་རིན་པོ་ཆེས་བཀའ་ཁྲིད་གནང་བའི་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་སློབ་གཉེར་བསླབ་བྱ་འདི་བཤེས་གཉེན་ལྗོན་པའི་དབང་པོ་གང་གི་ཐུགས་བརྩེ་བའི་གྲིབ་བསིལ་འོག་ཉེ་བར་འཚོ་བའི་འདུ་གསུམ་པ་ཉིན་ཡུལ་འཕྲིན་ལས་རྒྱ་མཚོར་འབོད་པས་སྐྱེ་འགྲོའི་བསོད་ནམས་ཀྱི་དཔལ་དུ་བཞུགས་པའི་ཆོས་སྡེ་ཆེན་མོ་རིས་མེད་ལྔ་རིག་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་གི་རང་སྤྱིལ་ནས་ཟིན་བྲིས་སུ་བཏབ་ཅིང༌། འདིས་ཀྱང་གཟུར་གནས་བློ་གསལ་བྱེ་བའི་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱི་མྱུ་གུ་བཟང་པོ་སྐྱེ་བའི་རྒྱུ་བྱེད་གྱུར་ཅིག སརྦ་མངྒལཾ།

མཇུག་གཏམ།

མཇུག་གཏམ།

འདས་ཟིན་པའི་བགྲང་བྱ་འདི་དག་གི་རིང་དུ་ཁོ་བོས་ནང་བསྟན་མཚན་ཉིད་རིག་པའི་སློབ་གཉེར་བ་ཞིག་གི་མིང་བྱང་ཙམ་ཁུར་ཏེ། ལོ་ངོ་བཅུ་ཕྲག་ལྷག་ཅིག་འདས་ན་ཡང༌། ཐོས་པའི་བློ་མིག བསམ་པའི་སྟོབས། སྒོམ་པའི་ཉམས་ལེན་གྱི་གནད་གང་ནས་ཀྱང་ནར་མ་སོན་པའི་བྱིས་བློའི་ཚད་དུ་ཡོད་པས། ཁོ་བོར་འབྱོར་བའི་ཡོན་ཏན་ནི་འདི་དང༌། གྲུབ་འབྲས་ནི་འདིའོ་ཞེས་དམིགས་ཀྱིས་ཅི་ཡང་བསྟན་དུ་མེད་ཀྱང༌། མཆོག་གསུམ་ལ་དད་མོས་དང༌། རིག་གཞུང་ལ་སློབ་གཉེར་གྱི་འདུན་པ་ནི་རྟག་བརྟན་འགྱུར་མེད་ཀྱི་གཤིས་སུ་གྲུབ་ཕྱིར། ད་ལན། དགེ་རྒན་བཀའ་དྲིན་ཅན་གྱིས་སྔོན་མར་འཆད་ཁྲིད་གནང་བའི་སློབ་གཉེར་བསླབ་བྱ་འདི་ཁ་གསལ་གོ་བདེའི་ལམ་ནས་ཟིན་བྲིས་སུ་ཕབ་སྟེ། ནང་བསམ་བློའི་དཔལ་ཡོན་གྱི་འཚོལ་སྙེག་ལ་འབད་འབུངས་བྱེད་ཀྱིན་པའི་སློབ་གཉེར་བའི་སྡེ་ལ་སྐྱེས་སུ་ཕུལ་བ་ལགས་ན། འཆད་ཁྲིད་མཁན་ཁོང་རིན་པོ་ཆེར་སློབ་སྦྱོང་གི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པར་བརྟེན། ཟིན་བྲིས་འདིའང་སློབ་གཉེར་བ་མང་རབ་ཅིག་གི་བསམ་བློ་རྒྱགས་ཕྱེ་གྱ་ནོམ་པ་ཞིག་ཏུ་འགྱུར་བའི་རེ་བ་དང་ཡིད་ཆེས་ཡོད། འོན་ཀྱང་ཚིག་གི་སྡེབ་སྦྱོར་མི་ལེགས་པ་དང༌། གོང་འོག་འབྲེལ་མེད་སོགས་ནོངས་པ་གང་མཆིས་པ་ཁོ་བོའི་སྐྱོན་འབའ་ཞིག་ཡིན་ཕྱིན། བཤེས་གཉེན་དམ་པ་གང་གིས་གཙོས་པའི་རྒྱ་ཆེ་བའི་ཀློག་པ་པོ་ཡོངས་ཀྱི་སྤྱན་སྔར་འཆག་ཅིང༌། འདིར་བརྟེན་པའི་བསོད་ནམས་གང་ཡོད་བཤེས་གཉེན་བཀའ་དྲིན་ཅན་གང་གི་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་མཁའ་དང་མཉམ་པའི་རྒྱུར་བསྔོ་བ་ལགས། ཞེས་རིས་མེད་མཐོ་སློབ་ཀྱི་རིགས་པ་སྨྲ་བའི་གྲལ་དུ་འཚང་བ་ཉིན་ཡུལ་འཕྲིན་ལས་རྒྱ་མཚོས།


previousསློབ་གཉེར་བསླབ་བྱའི་ཟིན་བྲིས། no next