Nitartha Digital Library
Tibetan
སྙིང་ཐིག་ཡ་བཞི་རྫོགས་ཆེན་པར་མ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟབ་མོ་ཡང་ཏིག་ལས། ཁྱུང་ཆེན་གཤོག་རྫོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་མོ་ཡང་ཏིག་ལས། ཁྱུང་ཆེན་གཤོག་རྫོགས། next

ཟབ་མོ་ཡང་ཏིག་ལས། ཁྱུང་ཆེན་གཤོག་རྫོགས།


NYDZ003_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་ཡང་ཏིག་ལས། ཁྱུང་ཆེན་གཤོག་རྫོགས་བཞུགས་སོ། །ཁྱུང་ཆེན་གཤོག་རྫོགས་ཞེས་བྱ་བ། །ཆོས་ཉིད་གདལ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །གཞི་མེད་རྩ་བྲལ་འགྱུར་མེད་གཉུག་མའི་སེམས། །མ་བཅོས་རྒྱལ་པོ་ཅོག་བཞག་རང་གྲོལ་བ། །སྤང་བླང་དགག་སྒྲུབ་རེ་དོགས་ཀུན་ལས་འདས། །གཞི་རྫོགས་སེམས་ཉིད་ངང་ལ་ཕྱག་འཚལ་ལོ། །གདོད་ནས་རྣམ་དག་བསམ་


NYDZ003_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་འདས་པའི་ཀློང་། །སེམས་ཉིད་རྒྱལ་པོ་རང་བཞིན་རྫོགས་པ་ཆེ། །གང་ཡང་མ་སྤངས་ཀུན་ལས་འདས་པའི་ངང་། །ཆོས་ཀུན་ཡེ་ནས་གྲོལ་བའི་རང་བཞིན་ཉོན། །བརྗོད་བྲལ་ཡེ་རྫོགས་སེམས་ཉིད་ནམ་མཁའ་ཆེ། །བྱར་མེད་རྩོལ་བྲལ་དྲན་བསམ་ཀུན་ལས་འདས། །གང་ཤར་ཞེན་མེད་ལྷུན་འབྱམས་རིག་པའི་ཀློང་། །ཅོག་བཞག་རང་གྲོལ་ཅེར་མཐོང་བསམ་ཡུལ་མེད། །རང་བཞིན་བབས་ཡིན་བཅོས་བསླད་མ་བྱེད་ཅིག །རྨོངས་པ་གང་གིས་ངོ་བོ་དེ་བོར་ནས། །གཉུག་མའི་སེམས་ལ་སྒྲིན་པོའི་གཟེབ་བསྐུར་ཏེ། །བཅོས་ཤིང་བཅོས་ཤིང་སྙིང་པོའི་དོན་ལ་སྒྲིབ། །གྲོལ་བ་མེད་དེ་དེ་ཡིས་སླར་འཆིང་བྱེད། །གང་ལ་བློ་ཡི་ཁོག་ཡངས་ལྷོད་ཡོད་པ། །རང་བཞིན་ཉིད་དེ་དེ་ལ་བཅོས་མི་དགོས། །འགྱུ་མཐོང་རང་དག་གཉེན་པོས་མ་བསླད་ཅིང་། །སྤང་བྱས་མ་བསྒྱུར་ཤེས་དེ་རྫོགས་པ་ཆེ། །ཡོད་ཉིད་མེད་སྦྱངས་མེད་ལས་ཡོད་པའི་མཐར། །དངོས་ཀུན་བཤིག་པའི་སྟོང་པ་ནམ་མཁའ་ཆེ། །བཅོས་ཤིང་བཅོས་ཤིང་གྲོལ་བ་འདོད་པའི་མི། །རྟག་ཆད་


NYDZ003_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལས་ཐར་པ་ཡོད་དམ་ཅི། །གཞི་མེད་རྩ་བྲལ་ཡེ་ནས་རྫོགས་པ་ཆེ། །སྟོང་དང་སྣང་དང་ཡོད་དང་མེད་མི་བསྒོམ། །གང་ལ་སྒོམ་ཡོད་ལྟ་དང་སྤྱོད་པ་ཡོད། །དེ་ལ་སྲིད་ཡོད་འཁོར་བའི་སྡུག་བསྔལ་ཡོད། །གང་ལ་ཆོས་ཡོད་ཐེག་པའི་ཞི་འདོད་ཡོད། །དེ་ལ་ཉོན་མོངས་གཟེབ་ཡོད་འཆིང་བྱེད་ཡོད། །གཞི་བྲལ་ལམ་འགགས་འབྲས་བུའི་ཞེན་པ་ཟད། །ཐེག་པའི་འདོད་ཞེན་རྡུལ་ཙམ་མི་གནས་པ། །དེ་ལ་ལས་མེད་རྣམས་སྨིན་གོས་པ་མེད། །སྲིད་ཞིར་མི་གནས་ནམ་མཁའི་ངང་དུ་གྲོལ། །རྩ་དང་རླུང་སྦྱངས་ཐིག་ལེའི་འགྲེམས་སྡུད་དང་། །གཉིས་སྦྱོར་དབང་པོའི་བདེ་བ་ལ་གནས་པའི། །དགའ་དང་མཆོག་དགའ་དགའ་བྲལ་ལྷན་སྐྱེས་སོགས། །བདེ་དང་སྟོང་ཞེས་གྲོལ་བའི་རྒྱུར་སྨྲ་བ། །འདོད་པའི་ཁམས་ལས་གང་དུ་འདའ་མི་ནུས། །བཅོས་མའི་སྟོང་པས་གྲོལ་བ་ཉིད་མི་འགྱུར། །སེམས་གསལ་ཉིད་དམ་དབང་པོའི་སྒོར་སྣང་བའི། །རླུང་གི་ཁ་དོག་ཡུལ་རྐྱེན་གསལ་ལ་སོགས། །མི་རྟོག་ཉིད་ཅེས་བཅོས་ཤིང་སུས་བསྒོམས་པ། །གཟུང་


NYDZ003_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡུལ་ལ་འཛིན་པའི་གདེང་བཅས་ཏེ། །ཡུལ་ཅན་ཡུལ་གྱི་འཆིང་བས་རབ་བཅིངས་ནས། །གཟུགས་ཁམས་ཉིད་ལས་གྲོལ་བ་ཡོད་དམ་ཅི། །ལུས་བཅོས་ངག་བསྡམས་སེམས་བསྒྲིམས་རྣམ་རྟོག་བཀག །དམིགས་འབྲས་སྣང་ཡུལ་མེད་པའི་སྒོམ་པ་ཡང་། །གཟུགས་མེད་ཉིད་དེ་མཁའ་སོགས་རྣམ་པ་བཞིར། །འཁོར་ཞིང་འཁོར་ཞིང་གྲོལ་བ་ནམ་ཡང་མེད། །བདེ་གསལ་མི་རྟོག་སྲིད་གསུམ་སོ་སོའི་སེམས། །འདོད་གཟུགས་གཟུགས་མེད་སྲིད་པར་འཁོར་བ་ལས། །གྲོལ་བའི་སྐབས་མེད་མུ་སྟེགས་རྣམས་ལའང་ཡོད། །འགྲོ་གཞན་སེམས་དང་ཁྱད་པར་གང་ཞིག་ཡོད། །འོན་ཏེ་དེ་དག་སྟོང་པར་སྒོམ་ཞེ་ནའང་། །བཅོས་ཤིང་བཅོས་ཤིང་སྟོང་པར་སུས་བསྒོམས་པ། །བཟང་རྟོག་ཉིད་དེ་འཆིང་བྱེད་གཉེན་པོའི་བློ། །རང་བཞིན་བབས་མིན་སྟོང་པས་ཕན་ཅི་ཡོད། །རྟོག་ལས་རྟོག་འཐུད་བཟང་ངན་རྟོགས་ཚོགས་ཅན། །ད་དུང་འཁོར་བའི་གྲོང་ཁྱེར་སྒྲུབ་བྱེད་ཡིན། །བཟང་པོར་རྟོག་གང་མཐོ་རིས་བདེ་འགྲོ་གཉིས། །ངན་པར་རྟོག་གང་ངན་སོང་རྣམ་པ་གསུམ་


NYDZ003_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་འགྲོ་ཞིང་འཁོར་རྒྱུན་འདའ་མི་ནུས། །གང་ལ་བཟང་ངན་ལས་ཀྱི་རྒྱུ་མེད་པ། །དེ་ལ་དེས་བསྐྱེད་འབྲས་བུར་འཁོར་བ་མེད། །ནམ་མཁའ་བཞིན་ཏེ་གང་གིས་གོས་པར་འགྱུར། །ཡུལ་གྱི་ཆུ་བོར་བློ་ཡི་གཟིངས་བཅས་ཏེ། །དམིགས་གཏད་གྲུ་འཛིན་འབད་མེད་རྩོལ་བའི་མི། །སྲིད་པའི་རྒྱ་མཚོར་འཁོར་ཞིང་དུབ་པ་ལས། །རྣམ་གྲོལ་རྒྱ་མཚོའི་ཕ་རོལ་ཕྱིན་མི་ནུས། །གང་ལ་དམིགས་གཏད་སྒོམ་པའི་སེམས་ཡོད་པ། །རྩོལ་ཞིང་འབད་དེ་སྒྲུབ་པ་དེ་སྲིད་བར། །འཁོར་བ་ཉིད་ལས་གྲོལ་བའི་ཐབས་མེད་དོ། །ཡུལ་གྱི་མཁའ་ལ་རིག་པའི་རྩལ་འཕྱོ་བ། །གཏད་མེད་རྒྱལ་པོ་འཛིན་མེད་ཤར་བའི་མི། །ཡུལ་དང་ཡུལ་ཅན་སྲིད་ལས་རང་གྲོལ་ནས། །དུས་གསུམ་འཕོ་འགྱུར་མེད་པའི་ངང་དུ་གནས། །རྩོལ་བའི་དུག་གིས་སུ་ཡི་སྙིང་ཟིན་པ། །དེ་ལ་སྲིད་པའི་སྡུག་བསྔལ་ཆར་བཞིན་འབབ། །རྩོལ་མེད་རྒྱལ་པོ་བྱ་བྲལ་བློ་བདེ་བ། །རང་གྲོལ་རྒྱལ་པོ་མཉམ་པའི་གདིང་རྙེད་ནས། །རྟོག་པའི་འཕྲོ་འདུ་ཡེ་ཤེས་རོལ་པར་འཆར། །དེ་ནི་གདོད་


NYDZ003_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སར་ཕྱིན་འཁྲུལ་པ་མེད། །རང་བྱུང་ལྷུན་གྲུབ་ཆེན་པོའི་དགོངས་པར་ཕྱིན། །གང་གི་ཡིད་ལ་གྲོལ་བ་སུ་འདོད་པ། །གཉུག་མའི་སེམས་ལ་བཅོས་བསླད་མ་བྱེད་ཅིག །བཅོས་ཤིང་བཅོས་ཤིང་དེ་ཡིས་ངེས་པར་འཆིངས། །མ་བཅོས་རྒྱལ་པོ་ལྷུན་རྫོགས་རིག་པའི་གནད། །གང་བབས་ངང་ལ་རང་བབས་རང་དགའི་སེམས་བྱ་རྩོལ་མ་བྱེད་ཟང་ཐལ་སྐད་ཅིག་མ། །གང་ཡིན་ཡིན་གྱི་དགག་སྒྲུབ་རྡུལ་ཙམ་མེད། །འདི་ཡིན་མེད་ཀྱིས་སྤང་བླང་ཐ་སྙད་བྲལ། །གཞི་གྲོལ་ལམ་གྲོལ་འབྲས་བུ་གྲོལ་བའི་ངང་། །རང་གྲོལ་རྒྱལ་པོ་དུས་གསུམ་འཕོ་འགྱུར་མེད། །བརྗོད་མེད་བསམ་འདས་གཞི་རྫོགས་གཉུག་མའི་ཀློང་། །གྲོལ་བ་མེད་དེ་གྲོལ་གཞི་རྡུལ་ཙམ་མེད། །ད་ལྟར་མེད་མཐོང་མེད་བརྡ་ཡིས་མཚོན་དུ་མེད། །བསམ་ཡུལ་འདས་ཏེ་བསམ་བྱའི་དངོས་པོ་མེད། །ཡོད་མེད་མ་ཡིན་གཉིས་དང་གཉིས་མེད་མིན། །མུ་བཞི་ལས་འདས་གདལ་བ་ཆེན་པོའི་ཀློང་། །རང་བཞིན་ལྷུན་རྫོགས་སྐྱེ་མེད་ནམ་མཁའི་ཀློང་། །གཏིང་མཐའ་མུ་མེད་རིན་ཆེན་རྒྱ་མཚོའི་ཀློང་། །རང་བཞིན་


NYDZ003_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་སྣང་སྟོང་ཉི་ཟླའི་ཀློང་། །མ་སྤྲོས་རྒྱལ་པོ་འདུ་འབྲལ་མེད་པའི་ཀློང་། །རྒྱུ་མེད་རྐྱེན་བྲལ་མཐོང་སྣང་རང་སར་དག། སྒྲིབ་བྲལ་ཅོག་བཞག་རང་གྲོལ་རིག་པའི་གནད། །འགྱུས་པས་འགགས་ལ་སྣང་བས་རང་སར་གྲོལ། །གྲོལ་དང་མ་གྲོལ་ཐ་སྙད་རྨི་ལམ་འདྲ། །ཙ་བྲལ་ངང་ལ་གྲོལ་བ་གང་ཞིག་ཡོད། །འདི་ཀུན་བརྗོད་པའི་ཐ་སྙད་ཙམ་དུའོ། །རིག་པའི་རྒྱལ་པོ་སྟོང་གསལ་ཆོས་སྐུའི་གདེང་། །ཡེ་གྲོལ་རང་བབས་ཡེ་གྲུབ་ཆེན་པོའི་གདེང་། །མ་སྤངས་ཡོངས་རྫོགས་གདོད་ནས་དག་པའི་གདིང་། །མི་འགྱུར་ལྷུན་གྲུབ་གཞི་རྩ་བྲལ་བའི་གདིང་། །རང་གྲོལ་ཅོག་བཞག་རང་ཤར་ཆེན་པོའི་གདིང་། །སོ་མ་གཉུག་མ་མ་བཅོས་རང་ག་མ། །ཐ་མལ་ཤེས་པ་རང་གྲོལ་རྒྱལ་བའི་ལམ། །རང་རིག་རང་གྲོལ་གཉེན་པོས་བཅོས་མི་དགོས། །སྐྱེ་མེད་ལྷུན་རྫོགས་ཡེ་གྲོལ་རིག་པའི་ཀློང་། །གང་སྣང་གྲོགས་སུ་འཆར་བའི་རང་བཞིན་ལ། །སྤང་བླང་འཁྲུལ་པའི་བྱུང་ཁུངས་ཟད་པ་ཡིན། །བཟང་ངན་བདེ་སྡུག་གང་ཤར་རིག་པའི་ངང་། །རིག་


NYDZ003_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་བཞིན་ཡེ་ཤེས་རོལ་པའི་ངང་། །འཁོར་འདས་འཁྲུལ་གཞི་ཟད་པ་ངོ་མཚར་ཆེ། །གཅིག་གིས་ཀུན་གྲོལ་ཀུན་གྱིས་གཅིག་མི་གྲོལ། །དེ་ལྟར་ཤེས་ཏེ་རང་གྲོལ་རིག་པའི་གནད། །ཡེ་གྲོལ་བསྐྱར་གཞི་མེད་དེ་གདོད་མའི་ངང་། །ཅེར་གྲོལ་ངོ་བོ་མེད་དེ་བདེན་པས་སྟོང་། །རང་གྲོལ་གཉེན་པོ་མེད་དེ་གཉུག་མའི་སེམས། །འགྱུས་གྲོལ་རང་སར་དག་སྟེ་སྐད་ཅིག་མ། །ཤར་གྲོལ་དུས་མཉམ་ཡིན་ཏེ་སྔ་ཕྱི་མེད། །གང་ལའང་ཆེད་འཛིན་མ་བྱེད་གཟའ་གཏད་བྲལ། །རང་ཤར་རང་བབས་རང་གར་ཡན་དུ་ཆུག །རང་ཡན་རང་ཞིག་ངོས་གཟུང་ཀུན་ལས་འདས། །བློ་ཡིས་མ་གཟོ་འགྱུ་བ་མ་དགག་ཅིག །ཕྱི་ནང་ཡུལ་མེད་ནམ་མཁའ་ལྟ་བུའི་ངང་། །ཡེ་སྟོང་ནང་ན་བློ་སྟོང་ཡངས་པ་ཆེ། །ཆོས་ཟད་དང་ནས་བློ་ཟད་ཉམས་རེ་དགའ། །ཡུལ་གྱི་རང་བཞིན་བློ་ཡི་སྐྱོན་ལས་འདས། །བློ་ཡིས་ངོ་བོ་ཡུལ་གྱིས་གོས་པ་མེད། །སྤང་ལེན་དགག་སྒྲུབ་རེ་དོགས་མ་བྱེད་ཅིག །གང་ལ་མི་གནས་བརྗོད་གཞི་ཀུན་ལས་འདས། །མ་བཅོས་ལྷུག་པ་ཡེ་གྲོལ་ཆོས་ཉིད་ལ། །ཕྱི་ནང་


NYDZ003_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོས་དེ་ལ་བཅོས་མི་དགོས། །རང་གྲོལ་རྒྱལ་པོ་གང་བབས་རིག་པའི་གནད། །རང་བཞག་ལྟོས་བྲལ་བཅོས་བསླད་མེད་པའི་ངང་། །ལྷུན་འབྱམས་རིག་པ་གང་ཤར་ཡུལ་ལ་རོལ། །མ་བཙལ་རང་བཞག་རང་བབས་ཀུན་བཟང་ངང་། །ཚིག་དང་བློ་ཟད་དབང་པོའི་ཡུལ་ལས་འདས། །བལྟར་མེད་བསྒོམ་མེད་འདི་ཞེས་མཚོན་དུ་མེད། །བྱ་བྲལ་གླེན་པའི་ཤུགས་འཆང་བློ་བདེའོ། །ཕྱོགས་མེད་རིས་བྲལ་ཡེ་ཤེས་ཁྱབ་གདལ་བ། །མ་རྙོག་རང་གདངས་དཔེ་ཟླ་མེད་པའི་དོན། །བཙལ་བས་མི་རྙེད་བཞག་པས་རང་རྙེད་པའི། །རང་སྣང་འགྱུ་བ་ཆོས་སྐུའི་རོལ་པར་ཤར། །ཤར་ཙམ་ཉིད་ནས་འཆར་ནུབ་རྙོག་བྲལ་བ། །བླ་མའི་དྲིན་གྱིས་རྟོགས་པའི་དངོས་དེ་རྒྱལ། །སྣ་ཚོགས་གྲུབ་མཐའ་ལམ་གྱིས་མི་རྟོགས་ཤིང་། །ཡིད་དཔྱོད་བློ་ཡིས་སྒྲོ་འདོགས་དང་བྲལ་བ། །རང་གྲོལ་རང་བབས་རིག་པའི་མཚངས་འདི་མཚར། །གཞི་རྫོགས་བསམ་ཡུལ་ཀུན་ལས་འདས་པའི་ངང་། །སེམས་ཀྱི་མཁའ་ལ་ཡིད་ཀྱི་དལ་འཕྱོ་ལ། །རྒྱུ་མེད་རྐྱེན་བྲལ་ཉག་གཅིག་ཐིག་
ལེའི་འགྲོས། །རང་བཞིན་དག་པའི་མཁའ་ལ་རང་སྣང་བ། །མི་འགྱུར་མཉམ་པའི་གཟེར་ཆེན་ཐེབས་པ་འདི། །སྣང་མིན་སྟོང་མིན་མུ་བཞི་གདལ་བའི་ངང་། །རྣམ་ཀུན་སྟོང་པའི་གཟུགས་ཀློང་ཡངས་པ་ཡིན། །རང་བཞིན་རང་གྲོལ་ལྷུན་གྲུབ་ཡངས་པའི་ཀློང་། །ཁྱུང་ཆེན་གཤོག་རྫོགས་མུ་བཞི་གདལ་བའི་དོན། །ཀློང་ཆེན་རབ་འབྱམས་ངང་དུ་བཤད་པ་འདིས། །འགྲོ་ཀུན་མ་སྤངས་ཀློང་དུ་རྫོགས་པར་ཤོག །ཁྱུང་ཆེན་གཤོག་རྫོགས་ཞེས་བྱ་བ། །བྱར་མེད་ཀློང་ཡངས་ཀྱི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས། མཆིམས་ཕུ་དཔལ་གྱི་དབེན་གནས་སུ་སྦྱར་བ་རྫོགས་སོ། །དགེའོ། །དགེའོ། །དགེའོ།།


previousཟབ་མོ་ཡང་ཏིག་ལས། ཁྱུང་ཆེན་གཤོག་རྫོགས། next